cover

རྙིང་མ་རྒྱུད་འབུམ་པོད་ལྔ་པ། ཅ༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

རྩོམ་མཁན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ཞེས་བྱ་བ།


DNG005_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དེ་བ་ཏནྟྲ་རཏྣ་ཀུ་ཊ་ནཱ་མ། བོད་སྐད་དུ།ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། །ཡེ་གྲོལ་ཡེ་ཤེས་རང་ལ་ཤར། །ཕྱི་ནང་མེད་པའི་ཟང་ཐལ་གནས། །ཆེན་པོ་ལྔ་ཡི་བསྟན་པ་ལ། །རང་སྣང་ཆེན་པོ་རྣམ་དག་ཡིན། །དེ་ཡང་ཐོག་མ་མེད་པའི་དུས། །གཞི་གསུམ་དབྱེར་མེད་ལྷུན་གྱིས་གྲུབ། །ཡང་དག་ཡེ་ཤེས་སྣང་བ་དང་། །དག་པ་འཇིག་རྟེན་སྣང་བ་དང་། །མ་དག་འཁྲུལ་པའི་སྣང་བ་གསུམ། །དབྱེར་མེད་ལྷུན་གྱིས་གྲུབ་པ་ཡིན། །ཡང་དག་ཡེ་ཤེས་སྣང་བ་ནི། །སྐུ་གསུམ་རང་སྣང་ལྷུན་གྱིས་གྲུབ། །དེ་ཡང་ཕྱོགས་སུ་མ་ལྷུང་རྒྱ་མ་ཆད། །དག་པ་འཇིག་རྟེན་སྣང་བ་ཡིན། །འོད་ལྔ་ལ་སོགས་ལྷུན་གྱིས་གྲུབ། །


DNG005_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཕྱོགས་སུ་མ་ལྷུང་རྒྱ་མ་ཆད། །མ་དག་འཁྲུལ་པའི་སྣང་བ་ཡང་། །འགྲོ་དྲུག་ལ་སོགས་ལྷུན་གྱིས་གྲུབ། །དེ་ཡང་ཕྱོགས་ལྷུང་མེད་པ་ཡིན། །ཆོས་ཉིད་གདལ་བའི་ཕོ་བྲང་ན། །ཀུན་གཞི་སྤྱི་ས་མི་ཟད་གཏེར། །གཏེར་གྱི་འབྱུང་གནས་རིན་ཆེན་གླིང་། །ག་བུར་ལྟ་བུའི་གཞི་མ་ཡིན། །ཕྱོགས་མེད་ཆེན་པོའི་སྣང་བ་ཡིན། །ཞེས་གསུངས་སོ། །དེ་ནས་གསང་བའི་བདག་པོ་དེས། །བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། །སྤྱི་ས་དེ་ལྟར་ཡིན་པ་ལ། །དེ་ལས་འཁྲུལ་པ་ཇི་ལྟར་ལགས། །ཀུན་བཟང་སངས་རྒྱས་ཇི་ལྟར་ལགས། །བྱིན་རླབས་འབྱུང་བ་ཇི་ལྟར་ལགས། །འཁྲུལ་པར་སྣང་བ་ཇི་ལྟ་བུ། །ལྡོག་བཅས་ཆོས་དེ་གང་ལ་གསུངས། །ཞེས་ཞུས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་ཀུན་བཟང་གིས། །དེ་ལས་འཁྲུལ་པ་བསྟན་པ་ནི། །ཀུན་གཞི་གཏེར་གྱི་འབྱུང་གནས་ལ། །ལྷུན་གྲུབ་ཡོན་ཏན་ཕྱོགས་མེད་ཀློང་། །དཔེར་ན་རྒྱ་མཚོར་ཆོས་མཐུན་པ། །རང་བྱུང་རླུང་གི་རྟ་ཕོས་བསྐྱོད། །མ་ནིང་རྣམ་གསུམ་ཡིད་འགྱུས་པས། །འགྱུ་བ་རླུང་གི་མིག་ཅན་དེ། །རང་སྣང་འོད་ལྔའི་ལམ་དུ་ཞུགས། །ང་ཉིད་མཁྱེན་


DNG005_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་རབ་ཡིན། །རྣམ་གསུམ་ཤེས་པས་ཤེས་རབ་མཆོག །མཆོག་གི་སྐུ་གསུམ་རང་ལ་ཤར། །འདས་པ་ལྔ་ཡི་ཀློང་དུ་གྲོལ། །གསུམ་སེལ་སྒྲིབ་པ་ཀུན་ལས་གྲོལ། །སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཡེ་ཤེས་འབའ་ཞིག་ལས་བྱུང་བ། །མགོན་པོ་ཀུན་གྱི་ཡབ་མེས་ཡིན། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ཐོག་མའི་སངས་རྒྱས་འོད་དཔག་མེད། །སངས་རྒྱས་ཀུན་གྱི་གཙོ་བོ་ཡིན། །ང་མེད་པ་ཡི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཡེ་ཤེས་བྱ་བའི་མིང་ཡང་མེད། །ཆོས་སྐུ་བྱ་བའི་མིང་ཡང་མེད། །ཆོས་ལས་གྲོལ་བའི་སངས་རྒྱས་ཡིན། །ཐིག་ལེ་ཆོས་མིན་ཡེ་ཤེས་ཀློང་། །བྱ་བཙལ་མེད་པས་རང་གྲོལ་ཡིན། །རང་བྱུང་རང་གི་འོད་སྣང་སངས། །འདས་པ་ལྔ་རུ་རྒྱས་པས་མཆོག །དོན་གྱི་ཡེ་ཤེས་ཁོང་ནས་ཤར། །ཡེ་ཤེས་ཁོང་ཤར་མིག་ཕྱེད་པས། །ཡེ་ཤེས་མིག་ཅན་དྲི་མ་མེད། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །རང་བྱུང་ཡིད་ཀྱི་ཤེས་རབ་ཀྱི། །འགྱུ་བའི་ལིང་ཏོག་གསེར་གྱི་ཐུར་མས་ཕྱེད། །མིག་གི་དབང་བོ་སོ་སོར་མ་འགགས་པ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །རང་བཞིན་མེད་པའི་ཟང་ཐལ་དེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །དེ་ཉིད་རང་གསལ་ཆེན་པོར་ཤར། །མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །ཕྱི་ནང་མེད་པར་མཉམ་པས་ན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །ཐམས་ཅད་མ་ལུས་ལྷུན་གྲུབ་པས། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ཡེ་ཤེས་ཡིན་པས་རྩོལ་བསྒྲུབ་མེད། །ཡོན་ཏན་ཡེ་ཤེས་ལྔ་དང་ལྡན། །འབྲས་བུ་སྐུ་གསུམ་ཁོང་ནས་ཤར། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སྐུ་གསུམ་རང་གྲོལ་ལམ་གྱི་མཆོག །ཡེ་ཤེས་རང་ཤར་རིག་པའི་མཆོག །འདས་པ་ལྔ་པོ་འབྲས་བུའི་མཆོག །ཡེ་ཤེས་ཟང་ཐལ་གདམས་པའི་མཆོག །སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ཀུན་ཏུ་བཟང་པོ་རང་སྣང་གི་ལེའུ་སྟེ་གཉིས་པའོ།། །དེ་ནས་གསང་བའི་བདག་པོ་ཡིས། །འགྲོ་དྲུག་མ་དག་འཁྲུལ་པ་ཇི་ལྟར་ལགས། །ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །


DNG005_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་མེད་པའི་གཞི་མ་དེ། །དེ་ཡོད་པས་ན་འགྲོ་དྲུག་ཀྱང་། །མི་འཁྲུལ་པ་ཡི་རང་དབང་མེད། །དེ་ཡང་ཇི་ལྟར་འཁྲུལ་ཞེ་ན། །ཀུན་གཞིའི་རླུང་ཆེན་མ་འགགས་པས། །མ་ནི་རླུང་གི་འཁྲུལ་པ་ཡིན། །དེ་ཡང་ཀུན་གཞི་སྤྱན་ཡིན་ཏེ། །གཞི་གསུམ་དབྱེར་མེད་སྤྱན་ཆེན་པོ། །གྱེན་དང་ཐད་ཀ་མཐུར་དུ་གཟིགས། །གཟིགས་པའི་སྤྱན་གསུམ་ཁོང་ནས་ཤར། །ཐུར་དུ་གཟིགས་པ་འགྲོ་དྲུག་སྤྱན། །འགྱུ་བའི་སྤྱན་གྱིས་ཀུན་ཏུ་བལྟ། །འོད་ལྔ་ལམ་གྱི་རྟ་ཕོ་ལ། །ཆགས་སྡང་ལྔ་ཡིས་འཁྲུལ་པ་ཡིན། །ལས་ནི་ལུང་མ་བསྟན་གྱི་ལས། །རྒྱུ་རྐྱེན་དུས་མཚུངས་རྒྱུ་ལྟར་འཁོར། །མ་རིག་འདམ་དུ་བྱིང་བ་ཡིན། །དམྱལ་བ་ལ་སོགས་འགྲོ་དྲུག་འཁྲུལ། །ལས་ཀྱི་འབྲས་བུ་ལུང་མ་བསྟན། །ཚེ་ཚད་ལ་སོགས་དུས་ལ་ངེས་པ་མེད། །དེ་ནི་ཐུར་དུ་གཟིགས་པའི་སྤྱན། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། འགྲོ་དྲུག་རང་སྣང་གི་ལེའུ་སྟེ་གསུམ་པའོ།། །དེ་ནས་གསང་བའི་བདག་པོ་ཡིས། །འགྲོ་དྲུག་འཁྲུལ་པ་ཇི་ལྟར་བཟློག །ཅེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །འགྲོ་དྲུག་འཁྲུལ་པ་བཟློག་པ་ནི། །ངོ་བོ་ཉིད་ཀྱི་བྱིན་རླབས་ནི། །ཆོས་ཀྱི་སྐུ་ཡི་བྱིན་རླབས་སོ། །དེ་ཡི་བྱིན་རླབས་རྡོ་རྗེ་སེམས་དཔའ་ཁྱོད། །དེ་ཡི་བྱིན་རླབས་སྣང་བ་ཐུབ་པ་དྲུག །ཐུན་མོང་ལྡོག་པའི་སྟོན་པ་ཡིན། །ཁྱད་པར་བཀའ་བརྒྱུན་བྱིན་བརྒྱུད་དང་། །ཐུགས་སུ་བརྒྱུད་པའི་སྟོན་པ་གསུམ། །ཐུགས་རྗེ་ཆོས་ཀྱི་འཁོར་ལོ་ནི། །བྱིན་གྱི་བརླབས་ཀྱིས་བསྐོར་བ་ཡིན། །མཆོག་གི་སྐུ་གསུམ་རང་སྣང་བས། །ཡེ་ཤེས་རང་སྣང་འཁོར་ལོ་བསྐོར། །རྟོག་པ་ཡེ་ཤེས་འཁོར་ལོ་ཡིན། །ཆོས་ཀྱི་འཁོར་ལོ་ཕྱི་ནང་གསང་བ་གསུམ། །དེ་དོན་རྟོགས་པའི་བྱིན་རླབས་བརྒྱུད་པ་ཡིན། །ཉི་མའི་སྙིང་པོ་ཟེར་དང་འོད། །ཟླ་བ་ལྟེང་ཀའི་གཟུགས་སྣང་བ། །ཐ་དད་དུ་མར་མཐོང་བ་ལྟར། །སྐུ་གཅིག་ཡོངས་ལ་སྣང་བས་སྤྲུལ་སྐུ་ཡིན། །ཡེ་ཤེས་ཕྱོགས་མེད་ཤར་བས་ཐུགས་རྗེ་འོད་པོ་ཆེ། །ཀུན་ལ་སྙོམས་པས་ཐུགས་རྗེ་ཕྱོགས་མེད་ཤར། །ཞེས་གསུངས་སོ། །ལྷ་


DNG005_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རིན་པོ་ཆེ་སྤུངས་པ་ལས། བྱིན་རླབས་འབྱུང་བ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གསང་བའི་བདག་པོ་ཡིས། །རྒྱུད་ལུང་འབྱུང་བ་ཇི་ལྟར་ལགས། །དེ་ཡི་ངོ་སྤྲོད་ཇི་ལྟར་བགྱི། །ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རང་བཞིན་བྱིན་རླབས་ངོ་བོའི་རྒྱུད། །རང་བཞིན་རྒྱུད་ལ་རྣམ་པ་གཉིས། །ངེས་པའི་རྒྱུད་དང་དོན་གྱི་རྒྱུད། །ངེས་རྒྱུད་སངས་རྒྱས་དགོངས་པ་ཡིན། །རྒྱུན་དུ་མི་འགྱུར་རྒྱུད་ཀྱི་མཆོག །དེ་དོན་ཐུགས་ལ་གང་གནས་པ། །དོན་རྒྱུད་ཆེན་པོ་ཡིན་པར་བཤད། །བྱིན་རླབས་རྒྱུད་ལ་རྣམ་པ་གསུམ། །ངོ་བོ་ཉིད་ཀྱི་བྱིན་རླབས་དང་། །རྩོལ་དང་བཅས་དང་རྩོལ་མེད་དང་། །རང་བཞིན་བྱིན་རླབས་རྣམ་པ་གསུམ། །ངོ་བོའི་བྱིན་རླབས་རང་སྣང་ཡིན། །རྩོལ་མེད་བྱིན་རླབས་ཐུགས་རྗེའོ། །རྩོལ་བཅས་བྱིན་རླབས་གདམས་པའོ། །རང་བཞིན་བྱིན་རླབས་ཀུན་ལ་འཇུག །དེ་དོན་གཏན་ལ་གང་འབེབས་པ། །མན་ངག་ཀུན་གྱི་མཆོག་ཏུ་བཤད། །དེ་དོན་ཐུགས་ལ་གང་གནས་པ། །ལུང་རྣམས་མ་ལུས་ཐུགས་ལ་གནས། །རྒྱུད་ལུང་མན་ངག་དབྱེར་མེད་པས། །ཐིག་ལེ་ཡེ་ཤེས་བརྩེགས་པ་ཡིན། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། བྱིན་རླབས་ཀྱི་རྒྱུད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །དེ་ནས་གསང་བའི་བདག་པོ་ཡིས། །བཅོམ་ལྡན་ཀུན་ཏུ་བཟང་པོ་ལ། །རྩོལ་མེད་བྱིན་རླབས་ཇི་ལྟར་ལགས། །ཞེས་ཞུས་པས། བཀའ་སྩལ་པ། བྱིན་རླབས་དབང་ལས་འཇུག་པས་ན། །དབང་གི་གདམས་པ་བཤད་པར་བྱ། །དབང་ལ་ཕྱི་ནང་གསང་བ་གསུམ། །ལྷ་དབང་ཡེ་ཤེས་སྐུ་ཡི་དབང་། །ཆོས་དབང་རིག་པ་སེམས་ཀྱི་དབང་། །རྩོལ་མེད་ཡེ་ཤེས་ཐིག་ལེའི་དབང་། །དེ་འདོད་པ་ཡི་གང་ཟག་གིས། །ལུས་སྲོག་བུ་སྨད་འཁོར་རྫས་ཀུན། །བྱིན་རླབས་ཞུ་བའི་ཡོན་དུ་དབུལ། །སྦྱིན་པ་བསམ་གྱིས་མི་ཁྱབ་པས། །དབང་བསྐུར་ནུས་པའི་བླ་མ་ལ། །ཡོན་ཕུལ་ཡོན་ཏན་བསམ་མི་ཁྱབ། །སློབ་དཔོན་གདམས་པས་མ་བརྒྱན་པ། །དེ་འདྲའི་སློབ་དཔོན་བསྟེན་མིན་ཏེ། །དེ་བསྟེན་བྱིན་


DNG005_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་འབྱུང་མི་འགྱུར། །སློབ་མ་ཤེས་རབ་མང་རྒྱན་ཅིང་། །གདམས་པ་གཟུང་མི་ཐུབ་པ་ནི། །དེ་ནི་སློབ་མ་སྣོད་མིན་ཏེ། །དེ་ལ་བྱིན་རླབས་འཇུག་མི་འགྱུར། །ཇ་ལོག་པས་ནི་དོན་ཀུན་འགྲུབ། །ལྷ་དབང་ཡེ་ཤེས་དབང་བསྐུར་བས། །མིག་གི་གཟུགས་སྣང་མ་འགགས་པས། །རྣམ་པར་སྣང་མཛད་གཟུགས་ཀྱི་དབང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །དེ་ཡིས་དོན་ལ་བསྐྱོད་མེད་པས། །རྡོ་རྗེ་སེམས་དཔའ་མི་བསྐྱོད་པ། །མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །དེ་ཡི་ཡོན་ཏན་རྩལ་སྣང་བ། །སྣང་བ་མཐའ་ཡས་འོད་དཔག་མེད། །སོ་སོར་ཀུན་དུ་རྟོགས་པ་ཡིན། །ཡོན་ཏན་ཕྱོགས་རིས་མི་མངའ་བས། །རིན་ཆེན་འབྱུང་ལྡན་འོད་འཕྲོ་བས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །ཐམས་ཅད་རང་བྱུང་གྲུབ་པས་ན། །དོན་ཡོད་གྲུབ་པ་རྡོ་རྗེའི་སྙིང་པོ་ཡིན། །བྱ་བ་གྲུབ་པའི་ཡེ་ཤེས་ཞེས་ཀྱང་བརྗོད། །རྣ་བ་མི་བསྐྱོད་ལྕེ་ནི་འོད་དཔག་མེད། །སྣ་ནི་རིན་འབྱུང་འོག་སྒོ་དོན་གྲུབ་སྐུ། །ལྔ་ལྡན་ཡེ་ཤེས་རང་ལ་སྣང་བས་ན། །ལྷ་དབང་ཡེ་ཤེས་སྐུ་ཡི་དབང་བསྐུར་ཡིན། །འབྱུང་བ་ལྔ་ཡི་གཟུགས་སྟོང་པས། །ནམ་མཁའ་དབྱིངས་ཕྱུག་ཆོས་ཀྱི་དབྱིངས། །དེ་ཡི་ངོ་བོ་སངས་རྒྱས་སྤྱན། །འོད་གསལ་ཡེ་ཤེས་མེ་ལོང་ལྔ། །ཡོན་ཏན་རྩལ་སྨིན་གོས་དཀར་མོ། །སོ་སོར་རྟོགས་པའི་ཡེ་ཤེས་རྫོགས། །ཡོན་ཏན་ཐམས་ཅད་འདུས་པ་མཱ་མ་ཀི། །ཀུན་ལ་ཡངས་དོག་མེད་པས་མཉམ་པ་ཉིད། །དེ་ཡི་དོན་ལ་འདའ་མེད་པས། །དམ་ཚིག་སྒྲོལ་མ་ཞེས་བྱའོ། །ཐམས་ཅད་གཅིག་ཏུ་གྲུབ་པས་བྱ་བ་གྲུབ། །ཡེ་ཤེས་ཐམས་ཅད་རྫོགས་པས་འཁོར་ལོ་ཡིན། །འགྱུར་བ་མེད་པས་རྡོ་རྗེ་ཡིན། །སྐྱོན་གྱིས་མ་གོས་པདྨ་ཡིན། །ཐམས་ཅད་འབྱུང་བས་རིན་པོ་ཆེ། །ཀུན་ལ་ཁྱབ་པས་རྒྱ་གྲམ་མེ། །ཐམས་ཅད་རྫོགས་པས་སེང་གེ་ཡིན། །མ་ལུས་ཐེག་པས་གླང་པོ་ཆེ། །དུག་ལྔ་སྐུ་རུ་ཤར་བས་རྨ་བྱ་ཡིན། །ཐམས་ཅད་ཤུགས་ལས་གྲོལ་བས་རྟ་མཆོག་ཡིན། །ཐོགས་མེད་སྤྱན་ཆེན་མངའ་བས་མཁའ་ལྡིང་ཡིན། །དེ་ཡི་དོན་རྟོགས་རྩོལ་མེད་དབང་བསྐུར་ཡིན། །མི་འདའ་


DNG005_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡི་རྒྱ་ཞིག་ཐོབ་ལ་ཞོག །ཆོས་སྐུ་དྲི་མ་མེད་ཅིང་གཟུགས་སྐུ་མེད། །འགྱུར་མེད་གསེར་མདོག་འཇམ་དཔལ་སྐུ། །དེ་དོན་ལག་ཏུ་གཏད་པས་འགྱུར་མེད་རྟོགས། །ཕྲིན་ལས་ཐམས་ཅད་རྫོགས་ཤིང་དབང་ཐོབ་པས། །མི་ཤིགས་བཅོམ་ལྡན་རྡོ་རྗེའི་སྐུ། །ཡེ་ཤེས་སྤྱན་ཆེན་རང་ལ་ཤར་བས་ན། །སྤྱན་རས་གཟིགས་དབང་སེང་གེ་རྣམ་པར་བརྩེགས། །འཁོར་བ་མ་བཅོས་རང་གྲོལ་འོད་གསལ་བ། །རྡོ་རྗེ་མི་གཡོའི་སྐུ་སྟེ་རང་བྱུང་ཡིན། །ཐུགས་རྗེ་ཀུན་ལ་འཕྲོ་བས་འོད་ཟེར་ཅན། །སངས་རྒྱས་བྱིན་རླབས་ཕོག་པས་སྒྲོལ་མ་ཡིན། །སྣང་བ་ལྷུག་པར་སྣང་བས་ཕག་གདོང་མ། །ཤེས་རབ་ཁོང་ཤར་རལ་གྲི་ཡིན། །ཡེ་ཤེས་ཟང་ཐལ་རྡོ་རྗེ་དང་། །སྐུ་གསུམ་བྱིན་རླབས་སྣང་བ་ཕྲེང་བ་དང་། །ཡོན་ཏན་སྣ་ཚོགས་གཅོད་པའི་རལ་གྲི་དང་། །ཆོས་སྐུ་ཡོན་ཏན་རྒྱས་པས་ཨུཏྤལ། །ཡོན་ཏན་གཏེར་འཆང་བུམ་པ་དང་། །སྐུ་གསུམ་རང་ལ་གནས་པས་ཁ་ནཱཾཊྭཱཾ་ག །ཐམས་ཅད་རང་ལ་རྫོགས་པས་དབང་ཆེན་ཐོབ། །ཅེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ལྷ་དབང་ལུས་ལ་བསྐུར་བ་དང་། རྩོལ་མེད་རང་སྣང་དུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་བཀའ་སྩལ་པ། རྩོལ་བཅས་ལྷ་དབང་བསྟན་པ་ནི། །དང་པོ་བུམ་པའི་དབང་ཡིན་ཏེ། །བུམ་པ་ལྷ་ཡི་གྲངས་དང་མཐུན། །དེ་ལ་དབང་ལྔ་རྫོགས་པ་ནི། །བུམ་པ་གཞལ་ཡས་ཁང་ཡིན་པས། །བྷྲཱུཾ་ལས་གཞལ་ཡས་ཁང་དུ་བསྐྱེད། །དེ་ཡི་ནང་དུ་བུམ་རྫས་བླུགས། །གདན་དང་བསྐྱེད་དང་སྤྱན་འདྲེན་བསྡིམ། །འཛབ་དང་བསྙེན་བསྒྲུབ་བྱས་ནས་ནི། །དེ་ནས་འོད་དུ་ཞུ་ནས་ནི། །སྤྱི་བོ་དག་ནས་དབང་བསྐུར་བ། །བུམ་པའི་དབང་ཞེས་བརྗོད་པ་ཡིན། །ལུས་ཀྱི་སྒྲིབ་པ་དག་པར་བྱེད། །བུམ་པ་བུམ་རྫས་བསྐྱེད་བྱ་ཐབས་ཀྱི་དབང་། །ལྷ་རྣམས་བཀུག་བསྡིམ་སྦྱོར་བ་མཛད། །ཤེས་རབ་དབང་དུ་བསྟན་པ་ནི། །སྦྱོར་བ་བྱང་ཆུབ་སེམས་ཀྱི་ཆུ། །ཡེ་ཤེས་དབང་དུ་བསྟན་པ་ཡིན། །རྡོ་རྗེ་ལྕེ་སྟེང་བཞག་པ་ཡིས། །ངག་གི་སྒྲིབ་པ་དག་པར་བྱེད། །ལྷ་ལ་ཡེ་ཤེས་རྒྱས་བཏབ་ནས། །སྐྱེ་བ་མེད་པར་བསྟན་པ་ནི། །ཚིག་གི་དབང་དུ་བརྗོད་པ་ཡིན། །


DNG005_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སྒྲིབ་པ་དག་པར་བྱེད། །ཅེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། བུམ་པའི་དབང་གི་ལེའུ་སྟེ་བདུན་པའོ།། །དེ་ནས་ཡང་བཀའ་སྩལ་པ། ཐབས་དང་ཤེས་རབ་དབང་ལ་རྣམ་ལྔ་སྟེ། །ཕ་ནི་ཐབས་ཀྱི་རང་བཞིན་ཏེ། །ལུས་ཀྱི་བུམ་པ་སྣང་བ་ཡིན། །སྐྲ་དང་ལུས་རྒྱན་ལུས་པོ་ནི། །སྐུ་གསུམ་དག་པའི་སྣང་བའོ། །སྒོ་ལྔ་འབྲུ་ལྔ་ཡེ་ཤེས་ལྔ། །ཕུང་པོ་ལྔ་ནི་རིན་ཆེན་སྣ་ལྔ་ཡིན། །རང་བྱུང་བདུད་རྩི་སྨན་ལྔའི་ངོ་བོ་ལ། །རྣམ་ཤེས་ལྔ་ནི་དྲི་ལྔ་ཡིན་པར་བཤད། །བྱང་ཆུབ་སེམས་ནི་བདུད་རྩི་འོ་མ་ཆུ། །དབུགས་ནི་གཟུངས་ཐག་ཐུགས་རྗེས་འདྲེལ། །དེ་ནི་བུམ་པའི་དབང་ཡིན་ནོ། །རང་ལ་སྣང་བ་ཐབས་ཀྱི་དབང་། །དེ་ལྟར་ཤེས་པས་ཤེས་རབ་དབང་། །ཡེ་ནས་གྲུབ་པ་ཡེ་ཤེས་དབང་། །དེ་མཚོན་པ་ནི་ཚིག་དབང་ངོ་། །ཤེས་རབ་དབང་ལ་རྣམ་པ་ལྔ། །བྷ་ག་བུམ་པའི་རང་བཞིན་ནོ། །རཀྟ་བུམ་རྫས་རང་བཞིན་ནོ། །རྩ་གསུམ་ཉིད་པ་ཐབས་ཀྱི་དབང་། །ཟུང་འཇུག་སྟོང་པ་ཤེས་རབ་དབང་། །བདེ་བའི་ཡེ་ཤེས་གསང་བའི་དབང་། །ངག་གིས་བརྒྱན་པ་ཚིག་དབང་ངོ་། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱུད་ལས།) ཐབས་དང་ཤེས་རབ་ཀྱི་དབང་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་བཀའ་སྩལ་པ། གསང་བའི་དབང་ལ་རྣམ་ལྔ་སྟེ། །རྡོ་རྗེ་བུམ་པ་ཆོས་ཀྱི་སྐུ། །རྩ་གསུམ་བརྒྱན་པ་ལོངས་སྐུ་ཡིན། །ཐིག་ལེ་སྤྲུལ་པའི་སྐུ་རུ་བཤད། །བདེ་བ་ཆེན་པོ་བུམ་རྫས་ཡིན། །དེ་ནི་བུམ་པའི་དབང་ཡིན་ནོ། །ཡིག་འབྲུ་བཀོད་པ་ཐབས་ཀྱི་དབང་། །ལྷ་རྣམས་སྦྱོར་བ་མཛད་པ་ནི། །བྷ་ག་སྟོང་པ་ཤེས་རབ་དབང་། །བྱང་ཆུབ་སེམས་འཕྲོས་གསང་བའི་དབང་། །རྒྱས་གདབ་པ་ནི་ཚིག་དབང་ཡིན། །ཡེ་ཤེས་ས་བོན་དགུག་པ་དང་། །དམ་ཚིག་ས་བོན་བསྐྱེད་པ་དང་། །སྦྱོར་བ་གཉིས་མེད་བསྡིམ་པ་དང་། །བདེ་བའི་མཆོད་པ་འབུལ་བ་དང་། །མཆོད་པ་ཕྱོགས་བཅུར་སྤྲོ་བ་དང་། །དེ་རྣམས་རྒྱས་སུ་གདབ་པ་ནི། །རྩོལ་བ་དང་བཅས་དབང་ཞེས་བརྗོད། །ཅེས་གསུངས་སོ། །


DNG005_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། གསང་བའི་དབང་གི་ལེའུ་སྟེ་དགུ་པའོ།། །དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་གསང་བའི་བདག་པོ་ཁྱོད། །ཚིག་གི་དབང་ལ་རྣམ་ལྔ་སྟེ། །སྣང་སྲིད་ཚིག་ཏུ་སྟོན་པ་ནི། །དངོས་པོ་སྣ་ཚོགས་གཟུགས་སྣང་བ། །འབྱུང་བ་ལྔ་ནི་བུམ་པར་བཤད། །ཁ་དོག་སྣ་ཚོགས་བུམ་པའི་རྒྱན། །དབྱིངས་སུ་སྣང་བ་མགུལ་ཆིངས་ཡིན། །འདུ་འབྲལ་མེད་པ་གཟུངས་ཐག་ཡིན། །འགྲོ་དྲུག་ལོངས་སྐུར་ཅིར་སྣང་བ། །བུམ་པའི་རྫས་སུ་བསྟན་པ་ནི། །དེ་ནི་བུམ་པའི་དབང་ཡིན་ནོ། །སྣང་སྲིད་བསྡུས་ནས་ལམ་དུ་བསླང་། །སྣང་བ་རང་བྱུང་ཡེ་ཤེས་ཤར། །བླ་མའི་གདམས་པས་ཕྱོགས་མེད་གྲོལ། །རང་སྣང་ཡེ་ཤེས་འཕེལ་འགྲིབ་མེད། །ཕྱི་ནང་མེད་པ་ཡེ་ཤེས་སྐུ། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །དེ་ནི་ཐབས་ཀྱི་དབང་མཆོག་ཡིན། །དེ་ནི་ཤེས་རབ་དབང་བསྟན་པ། །ཐུགས་རྗེ་འགག་པ་མེད་པ་དེ། །ཡིད་འགྱུས་སྣང་སྲིད་སེམས་སུ་ཤར། །གཟུང་འཛིན་རྩ་བ་མ་རིག་ཅན། །གཉིས་མེད་རིག་པ་ཕྱི་ནང་མེད། །ཡེ་ཤེས་ཤེས་རབ་ཟང་ཐལ་བས། །ཡེ་ཤེས་ཤེས་རབ་ཟང་ཐལ་དེ། །ཚད་མ་ཁོང་ནས་ཤར་བས་ན། །མི་བསླུ་བ་ཡི་གཏན་ཚིགས་ཡིན། །ཡིད་ཆེས་ངེས་པའི་དབང་དུ་བཤད། །ད་ནི་ཡེ་ཤེས་དབང་བཤད་དེ། །ཡེ་ནི་ཀུན་གཞི་སྤྱི་ས་ཡིན། །ཤེས་པ་གཞི་ལས་གྲོལ་བའོ། །གྲོལ་བ་གཞན་རྐྱེན་མ་ཡིན་ཏེ། །རང་རྐྱེན་ཤེས་པས་གྲོལ་བར་བསྟན། །མེ་ལོང་བྱད་ཀྱི་དཔེ་བཞིན་ནོ། །ཐིག་ལེ་ཡེ་ཤེས་ཁོང་ནས་ཤར། །ཕར་བལྟས་པས་ནི་ཚུར་ལ་གསལ། །ཡེ་ཤེས་ཟང་ཐལ་ཁོ་ན་ཡིན། །མ་བཅོས་པ་ཡི་ཟང་ཐལ་ལ། །མ་བྱས་པ་ཡི་རང་བྱུང་ཤར། །རང་གྲོལ་སྦྲུལ་གྱི་མདུད་པ་ལྟར། །རང་གྲོལ་དུག་ལྔ་ཁོང་དུ་གྲོལ། །རྩེ་གཅིག་ཟང་ཐལ་ཆེན་པོར་སླེབས། །ད་ནི་ཚིག་དབང་དོན་བཤད་དེ། །ནོར་བུ་རིན་ཆེན་གླིང་དག་ན། །ས་རྡོ་ལ་སོགས་མིང་ཡང་མེད། །གདམས་པའི་ཚིག་དབང་ཐོབ་པས་ན། །འཁོར་བ་བྱ་བའི་མིང་ཡང་མེད། །འཁོར་བ་ཐིག་ལེར་དབང་བསྐུར་བས། །རྨ་བྱ་ཧ་ལ་བཟའ་བ་འདྲ། །


DNG005_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་ཁ་སྣ་ཚོགས་མདངས་དང་ལྡན། །དེ་བཞིན་དུག་གི་དབང་བསྐུར་ན། །འདྲེ་དང་ནད་ཀྱིས་མི་ཚུགས་སོ། །དེ་བཞིན་དུག་ལྔའི་དབང་བསྐུར་ན། །འཁོར་བའི་དགྲ་ཡིས་མི་ཚུགས་སོ། །ཐིག་ལེ་ཡེ་ཤེས་ངོ་བོ་རྩལ། །ལས་དང་དེ་བཞིན་གནས་པ་ནི། །ལམ་དང་སྒོ་དང་ཡོན་ཏན་དང་། །འབྲས་བུ་རྣམ་བརྒྱད་དབྱེར་མེད་པས། །དཔེ་ཡི་ངོ་སྤྲོད་ཤེལ་གྱིས་མཚོན། །རྟགས་ཀྱི་ངོ་སྤྲོད་ཙིཏྟ་ཡིན། །རིན་ཆེན་ཟུར་བརྒྱད་འབར་བ་ཡིན། །དོན་ནི་ཐིག་ལེ་ཡེ་ཤེས་ཏེ། །རྩ་ཆེན་བརྒྱད་ལ་གནས་པ་ཡིན། །རྟགས་ཀྱི་རྩ་དང་ཡོན་ཏན་རྩ། །རྣམ་པ་བརྒྱད་དུ་ཤེས་པར་བྱ། །དེ་ནི་རྟེན་གྱི་གསང་ལམ་ཡིན། །མ་རིག་པ་ཡི་གདར་བཅད་པས། །རིག་པའི་ཡེ་ཤེས་ཁོང་ནས་རྡོལ། །ཐིག་ལེ་བརྩེགས་པའི་དབང་མཆོག་ཐོབ། །ཚིག་དབང་ཞེས་ནི་དེ་ལ་བྱ། །འཁོར་བ་རྩད་གཅོད་ཅེས་ཀྱང་བྱ། །མ་རིག་མིག་འབྱེད་ཅེས་ཀྱང་བྱ། །རིག་པའི་ཡེ་ཤེས་ཞེས་ཀྱང་བྱ། །ཡེ་ཤེས་རང་ཤར་ཞེས་ཀྱང་བྱ། །ཤེས་རབ་རང་བྱུང་ཞེས་ཀྱང་བྱ། །ཡེ་ཤེས་ཐིག་ལེ་ཁོང་ནས་ཤར། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ཚིག་དབང་རིན་པོ་ཆེའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་གསང་བའི་བདག་པོ་ཁྱོད། །དབང་བསྐུར་ཡོན་ཏན་བསྟན་པ་ནི། །བུམ་པའི་དབང་བསྐུར་ཉོན་མོངས་སྒྲིབ་པ་དག །ཐབས་ཀྱི་དབང་བསྐུར་ལས་ཀྱི་སྒྲིབ་པ་དག །ཤེས་རབ་དབང་བསྐུར་ཤེས་བྱའི་སྒྲིབ་པ་དག །གསང་བའི་དབང་བསྐུར་ངོ་བོའི་སྒྲིབ་པ་དག །ཚིག་གི་དབང་བསྐུར་རྣམ་སྨིན་སྒྲིབ་པ་དག །བུམ་དབང་བསྐུར་བས་སྤྲུལ་སྐུ་འཐོབ། །ཐབས་ཀྱི་དབང་བསྐུར་ལོངས་སྐུ་འཐོབ། །ཤེས་རབ་དབང་བསྐུར་ཆོས་སྐུ་འཐོབ། །གསང་བའི་དབང་བསྐུར་ཡེ་ཤེས་སྐུ། །ཚིག་གི་དབང་བསྐུར་རང་གྲོལ་འཐོབ། །དབང་མ་བསྐུར་བར་ཆོས་འཆད་པ། །ལོང་བས་ལོང་བ་ཁྲིད་པ་འདྲ། །སློབ་དཔོན་ཚད་མར་མ་གྱུར་པས། །གདམས་པ་མེད་པར་དབང་བསྐུར་བྱེད། །སྔགས་མེད་དུག་ལ་རྔུབ་པ་འདྲ། །སློབ་མ་ཚད་དང་མི་ལྡན་པས། །དབང་བསྐུར་ནོད་པ་བྱེད་པ་དེ། །སྦྲང་མ་མེ་ལ་མཆོངས་པ་འདྲ། །སློབ་


DNG005_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཚད་ལྡན་དབང་བསྐུར་ན། །བདུད་རྩིའི་ལོངས་སྤྱོད་སྤེལ་བ་འདྲ། །སློབ་མ་ཚད་ལྡན་དབང་ནོད་པ། །བྱ་རྒོད་གནམ་འཕང་གཅོད་པ་འདྲ། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། དབང་བསྐུར་བའི་ཡོན་ཏན་དང་སྐྱོན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་བཀའ་སྩལ་ལ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །ལྟ་བ་རིག་པ་རང་རྩལ་བསྟན་པ་ནི། །ལྟ་བ་སྐྱེ་མེད་རྣམ་པར་དག །རང་བཞིན་ཆོས་སྐུ་བརྗོད་ལས་འདས། །གཉིས་མེད་རང་སྣང་མ་བཅོས་པ། །ཆོས་ཉིད་སྐྱེ་མེད་ཤེས་བྱའི་གཤིས། །སེམས་ཉིད་མ་བཅོས་བློ་ལས་འདས། །སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལས། །ཉི་ཟླ་སྐར་ཚོགས་མ་འདྲེས་རྫོགས། །ཚོགས་རྫོགས་རང་བྱུང་ལྟ་བའི་མཆོག །དངོས་པོ་མེད་པ་རང་སར་གྲོལ། །རང་གྲོལ་འུབ་ཆུབ་ལྟ་བའི་ཀློང་། །ལྟ་བ་ཀློང་ཆེན་མཐའ་གྲོལ་ཡིན། །ལྟ་བ་རིག་པའི་དབང་ཐོབ་ན། །སྐྱེ་བ་མེད་པའི་དགོངས་པ་ཐོབ། །བསྒོམ་པ་རིག་པ་རང་རྩལ་དབང་། །མཚན་བཅས་བསྒོམ་དང་མཚན་མེད་བསྒོམ། །དང་པོ་མ་ཤར་ཤར་བར་བྱེད་པ་ལ། །ནམ་མཁའ་སྟོང་པའི་མཁའ་དཀྱིལ་བསྒོམ། །དེ་ལས་ཧཱུཾ་ཞུ་རྡོ་རྗེར་བསྒོམ། །རྡོ་རྗེ་འོད་ཞུ་རྡོ་རྗེ་སེམས་དཔར་བསྒོམ། །སྐུ་མདོག་དཀར་པོ་གངས་རིར་ཉི་ཤར་འདྲ། །གཡས་ན་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་པས་དྲིལ་བུ་དཀུ་རུ་བརྟེན། །རྒྱན་རྣམས་ཀུན་གྱིས་བརྒྱན་པར་བསྒོམ། །ཨོཾ་བཛྲ་སཏྭ་ཧཱུཾ། དབང་པོ་འབྲུ་ལྔ་ཐུགས་ཀྱི་ཡང་སྙིང་བཟླ། །བཛྲ་ཨཱ་ཧ་ར་ཧཱུཾ། དྷཱུ་པེ་ཧཱུཾ། པུཥ྇་ཧཱུཾ། ཨཱ་ལོ་ཀེ་ཧཱུཾ། གནྡྷེ་ཧཱུཾ། ནེ་བི་ཏེ་ཧཱུཾ། ཤཔྟ་རཏྣ་ཧཱུཾ། ཞེས་མཆོད་པས། འགྲོ་དྲུག་ཞུ་ནས་བདག་ཞུ་སྟེ། །སྤྱི་གཙུག་རྡོ་རྗེ་སེམས་དཔར་ཐིམ། །རྡོ་རྗེ་སེམས་དཔའ་འོད་དུ་ཞུ། །རྡོ་རྗེ་དཀར་པོ་རྩེ་ལྔར་གྱུར། །རྡོ་རྗེ་འོད་ཞུ་ཧཱུཾ་ལ་ཐིམ། །ཧཱུཾ་གི་ཞབས་བསྐྱེད་ཞུ་ནས་ནི། །འ་ཡང་འོད་དུ་ལྟེམས་ཀྱིས་ཞུ། །དེ་ནས་ཧ་ཡང་འོད་དུ་ཞུ་བ་ཡིས། །དེ་ཡང་ཟླ་བ་དག་ལ་ཐིམ། །ཟླ་བ་འོད་ཞུ་ཐིག་ལེ་ལ། །ཐིག་ལེ་འོད་ཞུ་ཡེ་ཤེས་ཟང་ཐལ་བསྒོམ། །དེ་ནི་ཐིག་ལེ་ཁོང་ཤར་ཡིན། །མཚན་བཅས་སྐུ་ཡི་བསྒོམ་


DNG005_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཐུགས་ཀྱི་ཕྱག་མཚན་བསྒོམ་པ་ནི། །དང་པོ་རང་གི་སེམས་ཉིད་སྟོང་པར་བསྒོམ། །དེ་ཡི་ངང་ལས་རྡོ་རྗེར་བསྒོམ། །རྡོ་རྗེའི་ནང་དུ་རང་ཉིད་ནི། །རང་གསལ་འཕྲོ་བ་མེད་པར་བསྒོམ། །དེ་ཡིས་ཐུགས་ཀྱི་བསྒོམ་པ་རྫོགས། །ད་ནི་གསུང་གི་བསྒོམ་པ་བསྟན། །དང་པོ་རང་བྱུང་སེམས་ཉིད་སྟོང་། །མཚོན་པའི་ཧཱུཾ་ཡང་སྔོན་དུ་བྲི། །དེ་ལ་ཤེས་པ་གཏད་ལ་བསྒོམ། །དེ་ནས་ཤེས་པ་ཧཱུཾ་དུ་བསྒོམ། །ཧཱུཾ་ལ་ཤེས་པ་ཚུད་པ་ནི། །སེམས་ཟིན་པ་ཡི་ཚད་ཡིན་ནོ། །དེ་ནས་སྣང་བ་སྣ་ཚོགས་ཀུན། །ཧཱུཾ་དུ་མི་འགྱུར་རང་དབང་མེད། །ཧཱུཾ་དེ་ཞུ་ནས་རང་གསལ་ཟང་ཐལ་བསྒོམ། །དེས་ནི་གསུང་གི་དགོངས་པ་རྫོགས། །ཨཱོཾ་དང་ཨཱཿདང་ཧཱུཾ་དང་ནི། །འཁོར་ལོ་རྡོ་རྗེ་པདྨ་དང་། །ཡིག་འབྲུ་གང་ཡང་རུང་བ་ལ། །སྤྲོ་དང་བསྡུ་བ་བྱས་གྱུར་ན། །མཚན་བཅས་བསྒོམ་པ་རྫོགས་པ་ཡིན། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ལྟ་བསྒོམ་རིག་པ་རང་རྩལ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་མཚན་མེད་སྒོམ་པ་བསྟན་པ་ནི། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཁྱོད། །རང་གི་བྱང་ཆུབ་སེམས་ཉིད་ནི། །སྟོང་གསལ་ཁྱབ་པའི་དོན་དེ་ནི། །རང་གི་སྙིང་གི་དཀྱིལ་དུ་བསྒོམ། །གཟུང་འཛིན་རྣམ་པ་སྐྱེས་པའི་ཚེ། །དེ་ཉིད་སྟོང་པ་ཉིད་དུ་བསྒོམ། །དེ་ནས་ཤེས་པ་གསལ་གདབ་ལ། །མར་མེ་ལྟ་བུར་བསྒོམ་པར་བྱ། །གཟིངས་ཐོག་བྱ་འཕུར་སླར་ལ་ལྡོག །འཕྲོ་བ་སྟོང་པར་བསྒོམས་པས་གཟུང་འཛིན་ལྡོག །དཔེར་ན་ཆུ་ལ་འཁྱགས་ཞུ་བཞིན། །དུག་ལྔ་བསྒོམས་པས་གཟུང་འཛིན་འཇིག །དཔེར་ན་ནམ་མཁའ་སྤྲིན་དྭངས་བཞིན། །རྟོག་པ་སྐྱེ་མེད་བསྒོམས་པས་གྲོལ་བར་འགྱུར། །བྱ་བ་བཏང་བའི་སྐྱེས་བུ་བཞིན། །ལྷང་ངེ་མ་བཅོས་ངང་ལ་བཞག །སྟོང་ཉིད་འོད་གསལ་བསྒོམ་པར་བྱ། །དང་པོ་སྔ་དྲོ་ནས་བརྩམས་ནས། །ཚོགས་དྲུག་འོད་གསལ་བསྒོམ་པར་བྱ། །ཤེས་པ་འཁྱོག་པ་བསྲངས་ནས་ནི། །ལུས་ཀྱིས་ངལ་དུབ་ཤ་ཆང་སྤང་། །དཀར་གསུམ་དག་ལ་བརྟེན་པ་ནི། །ཐུན་


DNG005_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དགུར་བཅད་ལ་བསྒོམ་པར་བྱ། །ཁམས་དང་སྦྱར་ཞིང་བསྒོམ་པ་ནི། །སྲོད་ནས་བརྩམས་ཏེ་བསྒོམ་པ་ལ། །འགྱུ་བ་འོད་གསལ་བསྒོམ་པར་བྱ། །ཐུན་དང་ཁམས་རྣམས་གོང་དང་མཐུན། །སྤྱོད་པ་འོད་གསལ་ཁོ་ནར་བྱ། །གུང་ལ་འགྱུ་བ་རྗེས་མེད་བསྒོམ། །འོད་གསལ་ཐུན་ཚད་ཁམས་དང་སྦྱར། །རྨི་ལམ་འབྱོངས་ན་ལམ་ཆེན་ཡིན། །འོད་གསལ་སྒྱུ་ལུས་མཁས་པས་བསྒོམ། །སྒྱུ་ལུས་བསྒོམས་པས་ཤེས་གྱུར་ན། །དེ་ནས་རིག་པ་འོད་གསལ་བསྒོམ། །རིག་པ་འོད་གསལ་ཤེས་ནས་ནི། །དེ་ནས་ཡེ་ཤེས་འོད་གསལ་བསྒོམ། །ཡེ་ཤེས་འོད་གསལ་ཤེས་ནས་ནི། །ཐིག་ལེ་འོད་གསལ་མཐར་ཐུག་བསྒོམ། །མ་ཤར་བ་ལ་ཤར་བ་བྱ། །ཤར་བ་བོགས་དབྱུང་བརྟན་པའི་འབྲས་བུ་བསྟན། །ཐོ་རངས་རང་སྣང་འོད་གསལ་བསྒོམ་པར་བྱ། །རྨིས་པའི་ཆོ་འཕྲུལ་རང་སྣང་འོད་གསལ་ཡིན། །བཙུན་མོ་བདེ་སྐྱོང་རྨིས་ནས་ནི། །བུ་བཙས་ལོ་གསུམ་ལོན་པ་རྨི། །བུ་ཡང་ཤི་སྟེ་བསྲེགས་པ་རྨི། །མྱ་ངན་ཆེན་པོ་སྐྱེས་ཀྱང་རྨི། །དེ་རྨིས་སད་པར་གྱུར་པ་ན། །སྡུག་བསྔལ་ཤེས་པ་ཙམ་གྱིས་གྲོལ། །དེ་བཞིན་རྨིས་པ་ཅི་བྱུང་ཡང་། །འཁྲུལ་པའི་སྣང་བར་རྟོགས་གྱུར་ན། །དེ་ཉིད་གཉིད་པས་བསྒོམ་པ་ཡིན། །དུས་བཞི་མཉམ་སྦྱོར་དགོངས་པའི་མཆོག །བསམ་གཏན་རང་གྲོལ་གདམས་པའི་མཆོག །ཟང་ཟིང་ཤེས་པ་གནད་ཀྱི་མཆོག །ཅེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། སྒོམ་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །སྤྱོད་པའི་ཁྱད་པར་བསྟན་པ་ནི། །དང་པོ་ལྟ་སྒོམ་དང་བཅས་ནས། །ནགས་ཁྲོད་དགོན་པར་གཅིག་པུར་གནས། །དུར་ཁྲོད་ཝ་སྐྱེ་གྲོགས་སུ་བཙལ། །ལྟ་བ་གདེང་ཆུད་བག་ཚ་མེད། །དཀོན་པའི་སྨྲ་བཅད་ཤིན་ཏུ་གཅེས། །བསྒོམ་པ་གདེང་ཆུད་ཉམ་ང་མེད། །གང་ཡང་སྤྱོད་པའི་གྲོགས་སུ་འགྱུར། །སེམས་ཀྱི་སྨྲ་བཅད་ཅེས་བྱའོ། །འཁུ་འཕྲིག་མེད་པའི་རང་སྒྲ་སྒྲོགས། །ཐམས་ཅད་གསུང་གི་འཁོར་ལོར་ཤེས། །གསུང་གི་


DNG005_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བཅད་ཅེས་བྱའོ། །གཅེར་བུའི་སྤྱོད་པས་ཅི་དགར་གནས། །ཚོགས་དྲུག་ལྷུག་པའི་སྤྱོད་པ་ཡིན། །ལུས་ཀྱི་སྨྲ་བཅད་ཅེས་བྱའོ། །འཁོར་བའི་རིག་མ་མཚན་ལྡན་ལ། །བག་ཚ་ཉམ་ང་མེད་པར་ནི། །ཅི་སྤྱོད་བདེ་བའི་རླན་གྱིས་འཚོ། །འཁོར་བའི་སྨྲ་བཅད་ཅེས་བྱའོ། །གདམས་པ་གསང་གནས་རང་དོན་བསྒྲུབ། །བྱིན་རླབས་ཕྱོགས་མེད་འཆར་བ་ནི། །རིག་པའི་སྤྱོད་པ་ཞེས་བྱ་སྟེ། །གདམས་པའི་སྨྲ་བཅད་ཅེས་བྱའོ། །ཡུལ་ཁྱིམ་སྤངས་ནས་ཕྱོགས་མེད་འགྲོ། །སྒྲོ་དང་སྐུར་པས་ཉམ་ང་མེད། །དམན་པའི་སྤྱོད་པས་འཁྱམས་པ་ནི། །གསང་བའི་སྤྱོད་པ་ཞེས་བྱ་སྟེ། །ཡུལ་གྱི་སྨྲ་བཅད་རྗེས་སུ་བརྗོད། །ཕྱོགས་བཅུར་འཁྱམས་ཤིང་བདུད་རྩི་བསྟེན། །རྟོག་པ་ཐམས་ཅད་རང་སར་དག །རྣམ་པར་རྒྱལ་བའི་སྤྱོད་པ་ཡིན། །བརྟུལ་ཤུགས་སྤྱོད་པ་ཞེས་ཀྱང་བྱ། །ཟས་ཀྱི་སྨྲ་བཅད་ཅེས་བྱའོ། །ཐམས་ཅད་རང་སྣང་རང་བྱུང་བས། །རྟོགས་པས་རྩི་ལ་མ་རྟོགས་བདུད། །བདུད་ནི་འདྲེ་རུ་ཤར་བ་ཡིན། །རྩི་ནི་ལྷ་རུ་ཤར་བ་ཡིན། །བདུད་རྩི་འབྱུང་བའི་རྒྱུ་ནི་རང་བྱུང་ཡིན། །བསྒྲུབ་པའི་བདུད་རྩི་མ་ཡིན་རང་བྱུང་བདུད་རྩི་ཡིན། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། སྤྱོད་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །དེ་ལྟར་བྱས་པའི་འབྲས་བུ་བསྟན་པ་ནི། །ཐིག་ལེ་མི་འདའ་ཡེ་ཤེས་ཀློང་སླེབས་ནས། །མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ་ཐོབ་འགྱུར། །ལུས་ཀུན་ལས་ནི་རབ་གྲོལ་ཏེ། །ལུས་ཀྱི་མཐའ་རྟོགས་ཡེ་ཤེས་ལུས། །གནས་ཀྱི་མཐའ་གྲོལ་ཐིག་ལེར་བརྡལ། །སྐད་ཅིག་གཅིག་གིས་དོན་དང་མཇལ། །འཁོར་བ་མ་སྤངས་གནས་སུ་དག །མྱ་ངན་འདས་པ་རང་ལ་ཤར། །ཡེ་ཤེས་ཐིག་ལེའི་རྩེ་མོར་སླེབ། །ཕྱི་ནང་མེད་པར་དབྱིངས་དང་མཇལ། །བགྲོད་པ་མེད་པར་རང་སར་སླེབ། །སྦྱང་བ་མེད་པར་གནས་སུ་དག །བསྒྲུབ་པ་མེད་པར་འབྲས་བུ་ཐོབ། །མ་བྱས་པ་རུ་ལས་རྣམས་ཟིན། །མ་བཀྲུས་པ་རུ་དྲི་


DNG005_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག །སྒྲོན་མ་མ་བཏེག་མུན་པ་སངས། །ཁམས་གསུམ་རྩ་བ་དེ་རུ་ཆོད། །སྲིད་གསུམ་ལོ་མ་དེ་རུ་ཆོད། །སྔ་མ་ཕྱི་མའི་བར་མཚམས་ཆོད། །སྲིད་པ་རྒྱས་ཐེབས་ཆོས་སྐུར་ཤར། །འཇིག་རྟེན་གསུམ་གྱི་ཟམ་པ་བརྒལ། །དབང་ཕྱུག་ཆེན་པོའི་མ་མར་ཐོབ། །ཚངས་པ་ཆེན་པོའི་མེ་ལོང་རྙེད། །དགའ་བོ་འཇོག་པོའི་རིན་ཆེན་ཐོབ། །དཀར་པོ་སྤྱན་གཅིག་ཤེལ་མཁར་ཐོབ། །ཧ་ནུ་བག་ཤུའི་རལ་གྲི་ཐོབ། །ནག་པོ་བཀྲག་མེད་ཁྲམ་བམ་ཐོབ། །གནོད་སྦྱིན་ཀུན་ལ་སྒྲིབ་ཀྱི་ཤེལ་སྒོང་ཐོབ། །གཤིན་རྗེའི་རྒྱལ་པོའི་ལྕགས་མཁར་ཐོབ། །སྲིད་པའི་རྒྱལ་མོའི་གཏེར་མཛོད་ཐོབ། །གསུང་མཆོག་དམར་པོའི་ཞགས་པ་ཐོབ། །ལྷ་སྲིན་སྡེ་བརྒྱད་སྲོག་རྩ་ཆོད། །ཆོས་འཁོར་སྐྱོང་བའི་རྒྱལ་བློན་འབངས་དང་གསུམ། །མ་ལུས་ལུས་པ་མེད་པའི་སྲོག་རྩ་ཆོད། །ལྷ་ཁང་ཞིག་པས་སྒོ་ལྕགས་སྟོར། །ལྡེ་མིག་ཚིག་པས་དབྱེ་རུ་མེད། །ཕ་སྤུན་གཉིས་ཀྱིས་དམེ་བྱས་པས། །ཁམས་གསུམ་འཁོར་བའི་སྐྱེ་རྒྱུན་བཅད། །རྣམ་པར་སྣང་མཛད་ཞིང་ཁམས་མཐོང་། །རྡོ་རྗེ་སེམས་དཔའི་མེ་ལོང་མཐོང་། །སྣང་བ་མཐའ་ཡས་ཞིང་ཁམས་མཐོང་། །རིན་ཆེན་འབྱུང་ལྡན་ཡོན་ཏན་མཐོང་། །དོན་ཡོད་གྲུབ་པའི་ཞིང་ཁམས་མཐོང་། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། འབྲས་བུ་རང་སའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །དེ་རྣམས་ཡོན་ཏན་བསྟན་པ་ནི། །ལྟ་བ་བསྟན་པས་ཆོས་སྐུ་ཐོབ། །སྒོམ་པ་བསྟན་པས་ལོངས་སྐུ་ཐོབ། །སྤྱོད་པ་བསྟན་པས་སྤྲུལ་སྐུ་ཐོབ། །འབྲས་བུ་བསྟན་པས་རང་གྲོལ་ཐོབ། །ལྟ་བས་དུག་ལྔ་ཞི་བར་བྱེད། །སྒོམ་པས་ཉོན་མོངས་ཞི་བར་བྱེད། །སྤྱོད་པས་འདྲེ་གདོན་ཞི་བར་བྱེད། །འབྲས་བུས་འདོད་ཁམས་ཞི་བར་བྱེད། །ལྟ་བ་རྟོགས་པས་ཡེ་ཤེས་ཤར། །སྒོམ་པ་རྟོགས་པས་ཉམས་མྱོང་ཤར། །སྤྱོད་པ་རྟོགས་པས་ཐུག་ཕྲད་ཤར། །འབྲས་བུ་རྟོགས་པས་ཐིག་ལེ་ཤར། །ལྟ་བ་རང་གྲོལ་རིག་པའི་གནད། །ཡེ་ཤེས་ཟང་ཐལ་དབང་པོ་ཡིན། །བསྒོམ་


DNG005_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་གྲོལ་གདམས་པའི་གནད། །ཉམས་མྱོང་འོད་གསལ་དབང་པོ་ཡིན། །སྤྱོད་པ་རང་གྲོལ་ཐབས་ཀྱི་གནད། །གཉིས་མེད་རང་ཤར་དབང་པོ་ཡིན། །འབྲས་བུ་རང་གྲོལ་ཡེ་ཤེས་གནད། །རིག་པ་ཡུལ་མེད་དབང་པོ་ཡིན། །ཉམས་མྱོང་ཡེ་ཤེས་འཆར་བ་ལ། །གཟུང་འཛིན་གཉིས་ཀྱི་ལམ་སྣ་ལ། །གཉིས་མེད་ངོ་སྤྲོད་དབང་པོ་གཅེས། །མ་རིག་འཁོར་བར་འཁྱམས་པ་ལ། །རིག་པའི་ཡེ་ཤེས་ངོ་སྤྲོད་དགོས། །འགྱུ་བ་སྣ་ཚོགས་འཁྲུལ་པ་ལ། །ཡེ་ཤེས་ངོ་སྤྲོད་ཕྱོགས་མེད་དགོས། །འཁོར་བའི་རྩ་བ་ཉོན་མོངས་ཡིད། །རང་གྲོལ་ཤེས་རབ་ངོ་སྤྲོད་དགོས། །དེ་ནི་ངོ་སྤྲོད་རྣམ་པ་བཞི། །འགྱུ་བ་དང་སངས་ཤར་གྲོལ་བའི། །ཁ་མིག་འཁྱར་དང་གཟེར་ཐེབས་པས། །སྒོ་དང་དབང་དང་གཟེར་ལྟ་བུ། །དེ་ནི་དབང་བསྐུར་འདུས་པ་ཡིན། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ཡོན་ཏན་དང་འབྲས་བུ་དམར་ཁྲིད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །ད་ནི་རིག་པ་ཡེ་ཤེས་རྩོལ་མེད་དབང་བསྟན་གྱིས། ཉོན་ཅིག་གསང་བའི་བདག་པོ་ཁྱོད། །ཐིག་ལེ་རང་བྱུང་དབང་བསྐུར་བས། །བརྡའ་དང་རྟགས་དང་དོན་དུ་བསྟན། །སྤྱི་ནི་བརྡ་ཡི་དབང་བསྟན་པ། །རིན་ཆེན་མན་ཤེལ་ཟང་ཐལ་དེ། །བྱས་པས་མ་བྱས་རང་བྱུང་ཡིན། །མན་ཤེལ་ཟང་ཐལ་ཡིན་པ་ནི། །ཐིག་ལེ་ཟང་ཐལ་ཡིན་པའི་བརྡའ། །ཤེལ་གྱི་ངོ་བོ་འོད་གསལ་བ། །ཐིག་ལེ་འོད་གསལ་ཡིན་པའི་བརྡའ། །ཤེལ་ལ་ཟུར་དྲུག་ཤར་བ་ནི། །འགྲོ་དྲུག་རང་སར་གྲོལ་བའི་བརྡའ། །ཤེལ་ལ་ཐེལ་དྲུག་བྱུང་བ་ནི། །ཐིག་ལེ་ཟུར་གྲྭ་མེད་པའི་བརྡའ། །མན་ཤེལ་མཐིང་གར་ཤར་བ་ནི། །ཐིག་ལེ་འགྱུར་བ་མེད་པའི་བརྡའ། །མན་ཤེལ་གཞི་ལ་འོད་གནས་པས། །ཐིག་ལེའི་ཡོན་ཏན་མ་འགགས་བརྡའ། །ཤེལ་ནི་དྲི་མེད་རང་བྱུང་བས། །ཆོས་སྐུ་དྲི་མ་མེད་པའི་བརྡའ། །ཤེལ་གྱི་སྣང་བ་མ་འགགས་པས། །ལོངས་སྐུ་གཞི་ལ་གནས་པའི་བརྡའ། །མན་ཤེལ་དེ་ལ་འོད་ཤར་བས། །སྤྲུལ་སྐུས་འགྲོ་དོན་བྱེད་པའི་བརྡའ། །སྤྱན་གསུམ་ཡེ་ཤེས་རྣམ་པ་


DNG005_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །སྟོན་པ་གསུམ་གྱི་བརྡའ་ཡིན་ནོ། །ད་ནི་རྟགས་ཀྱི་བརྡའ་བསྟན་ཏེ། །ཙིཏྟ་ཁོང་སྟོང་ཟང་ཐལ་དེ། །ཐིག་ལེ་ཡེ་ཤེས་རང་བྱུང་རྟགས། །སྙིང་ལ་རྩ་བཞི་ཟང་ཐལ་བ། །ཐིག་ལེ་ཟང་ཐལ་ཡོད་པའི་རྟགས། །སྙིང་སྟོད་དཀར་པོར་འདུག་པ་སྟེ། །ཐིག་ལེ་འོད་གསལ་ཡོད་པའི་རྟགས། །ཙིཏྟ་ཟུར་དྲུག་འབར་བ་ནི། །འགྲོ་དྲུག་གཡང་ས་གཅོད་པའི་རྟགས། །སྙིང་ལ་ཐིལ་དྲུག་བྱུང་བ་ནི། །ཐིག་ལེ་ཆོས་མིན་ཡོད་པའི་རྟགས། །སྙིང་མཚམས་ཆོས་ཉིད་རྩས་མཚོན་པ། །ཐིག་ལེ་འགྱུར་མེད་ཡོད་པའི་རྟགས། །ཙིཏྟ་ཟུར་བརྒྱད་འབར་བ་ནི། །ཐིག་ལེའི་ཡོན་ཏན་མ་འགགས་རྟགས། །སྙིང་ནི་ཟུར་གསུམ་དབྱིབས་སུ་ཤར། །སྐུ་གསུམ་རང་ལ་གྲུབ་པའི་རྟགས། །སྙིང་ལ་སྟོད་སྨད་དབུས་དང་གསུམ། །སྤྱན་གསུམ་རང་ལ་ཡོད་པའི་རྟགས། །ཐིག་ལེ་ཡེ་གནས་རང་ལ་གྲུབ། །དེ་ལྟར་ཤེས་ན་དབང་གི་རྒྱལ་པོ་ཡིན། །དེ་ལྟར་ཤེས་ན་དབང་བསྐུར་བླ་མ་ཡིན། །བཙལ་མི་དགོས་པ་མཆོག་གི་དབང་། །ཐིག་ལེ་ཡེ་ནས་ཡོད་པ་དབང་གི་རྒྱལ་པོ་ཡིན། །རིག་པ་རང་གནས་དབང་གི་རྫས་སུ་བཤད། །རིག་པ་རང་གནས་དབང་གི་བསྐུར་ཐབས་ཡིན། །ཐིག་ལེ་རང་ཤར་དབང་གི་འབྲས་བུ་ཡིན། །ཙིཏྟ་བུམ་པའི་དབང་ཞེས་བརྗོད། །མིག་ལ་སྤྱན་གྱི་ངོ་སྤྲོད་པས། །དེ་ནི་ཐབས་ཀྱི་དབང་ཞེས་བརྗོད། །ཡིད་ལ་ཤེས་རབ་ངོ་སྤྲད་པས། །དེ་ནི་ཤེས་རབ་དབང་ཞེས་བརྗོད། །འགྱུ་བ་ཡེ་ཤེས་ངོ་སྤྲད་པས། །གསང་བའི་དབང་ཞེས་དེ་ལ་བྱ། །མ་རིག་ཡེ་ཤེས་ཟང་ཐལ་ལ། །གཟུང་འཛིན་ཐིག་ལེ་ཁོང་ནས་ཤར། །ཚིག་དབང་རིན་པོ་ཆེ་ཞེས་བརྗོད། །ཅེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ཐིག་ལེ་དང་ཡེ་ཤེས་ཀྱི་དབང་གི་ལེའུ་སྟེ་བཅུ་བདུན་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །སྤྱན་གྱི་དབང་བསྐུར་བསྟན་པ་ནི། །ཐོག་མ་གཏེར་གྱི་འབྱུང་གནས་ན། །ལྷུན་གྱིས་གྲུབ་པའི་སྤྱན་གནས་ཏེ། །གསལ་བ་གཞན་དབང་མ་གྱུར་རང་གསལ་སྤྱན། །དེ་ནི་ཐབས་ཀྱི་སྤྱན་ཡིན་ནོ། །འགག་མེད་


DNG005_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དབང་མ་གྱུར་པ། །དེ་ནི་ཤེས་རབ་སྤྱན་ཡིན་ནོ། །ཟང་ཐལ་གཞན་དབང་མ་གྱུར་པ། །དེ་ནི་ཡེ་ཤེས་སྤྱན་གྱི་གཞི། །དེ་གསུམ་དབྱེར་མེད་དབང་ཡིན་པས། །ལྷུན་གྲུབ་ཡོངས་སུ་རྫོགས་པའི་སྤྱན། །དེ་ནི་གཞི་ཡི་སྤྱན་གྱི་དབང་། །དེ་ནས་ལམ་གྱི་དབང་བསྟན་པ། །དཔེ་དོན་རྟགས་ཀྱི་དབང་བསྟན་ནོ། །དཔེར་ན་རིན་ཆེན་མན་ཤེལ་ཏེ། །སྤྱན་གསུམ་དབང་གི་དཔེ་ཡིན་ནོ། །རྟགས་ནི་མིག་ལ་ཤར་བའོ། །སྤྱི་ཡི་རྟགས་དང་དོན་དུ་འདྲེལ། །ནང་གི་དབང་རྟགས་སྙིང་ཡིན་ནོ། །དོན་གྱི་རྟགས་དང་སྦྱར་བ་གཅེས། །ཕྱི་ཡི་དབང་རྟགས་མིག་ཡིན་ནོ། །ངོ་སྤྲོད་བྱས་ཏེ་རྟགས་སུ་བསྟན། །མིག་གཡས་ཆོས་ཀྱི་སྤྱན་གྱི་རྟགས། །གཡོན་པ་ཤེས་རབ་སྤྱན་གྱི་རྟགས། །)མཛོད་སྤུ་ཡེ་ཤེས་སྤྱན་གྱི་རྟགས། །དོན་གྱི་སྤྱན་གསུམ་འགྱུ་བའི་མིག །འགྱུ་བའི་སྤྱན་ལ་ངོ་སྤྲོད་ན། །སྤྱན་གྱི་དངོས་གྲུབ་ཐོབ་པར་འགྱུར། །རྣ་བ་གཡས་པ་ཆོས་ཀྱི་སྤྱན། །གཡོན་པ་ཤེས་རབ་ཆེན་པོའི་སྤྱན། །མིག་ནི་ཡེ་ཤེས་སྤྱན་ཡིན་ནོ། །རྣ་བ་ཆོས་ཉིད་རྩ་གནས་པ། །སྒྲོ་འདོགས་གཅོད་པའི་ངོ་སྤྲོད་བྱ། །མིག་ལ་ཡེ་ཤེས་རྩ་གནས་པས། །ཟང་ཐལ་རྟོགས་པའི་ངོ་སྤྲོད་བྱ། །སྙིང་ལ་ཤེས་རབ་རྩ་གནས་པས། །ཡེ་ཤེས་ངོ་སྤྲོད་ཤིན་ཏུ་གཅེས། །གློ་སྒང་གཉིས་ལ་རྩ་གཉིས་གནས། །གཟུང་འཛིན་གཉིས་སྣང་བློ་ཡི་རྩ། །མིད་པར་དབུགས་ཀྱི་རྩ་གནས་པ། །སེམས་ཀྱི་རྟ་ཕོ་བྱེད་པའི་རྩ། །སྙིང་མཚམས་ཐུགས་ཀར་འདྲེལ་པའི་རྩ། །དབུགས་ཆེན་དབུགས་མེད་སོ་མཚམས་ཡིན། །སྙིང་ལ་རྩ་ཆེན་བརྒྱད་གནས་པ། །ཐིག་ལེ་ཡེ་ཤེས་བརྒྱད་ཀྱི་རྩ། །མགྲིན་པ་རྩ་ལྔ་འོད་གསལ་བ། །བར་དོ་འོད་དུ་འཆར་བའི་རྩ། །ཐིག་ལེ་བཙན་ཐབས་རྟགས་སུ་བཤད། །མཛོད་སྤུ་ཐིག་ལེ་ཟང་ཐལ་རྩ། །འདས་པ་ལྔ་ཡི་རྩ་ཡིན་ནོ། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། སྤྱན་དང་རྩའི་ལེའུ་སྟེ་བཅོ་བརྒྱད་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །སྐུ་གསུམ་དབང་བསྐུར་བསྟན་པ་ནི། །སྙིང་ག་འོད་དཔག་མེད་པའི་


DNG005_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །དཔག་མེད་ཡེ་ཤེས་ཡོན་ཏན་དབང་། །ཡེ་ནས་ཡོད་པའི་དབང་ཡིན་ནོ། །མ་བསྐུར་སྤྱད་པར་མི་ནུས་ཏེ། །བསྐུར་བས་ཐོབ་པའི་དབང་ཡིན་ནོ། །ཆོས་གསུམ་འདུས་པ་འོད་དཔག་མེད། །ཀུན་ཏུ་བཟང་པོའི་དགོངས་པ་ཡིན། །དེ་ལ་གློ་མཚམས་འོད་སྲུངས་ནི། །རྡོ་རྗེ་སེམས་དཔའ་ཁོང་ཤར་ཡིན། །གློ་བའི་མཐིལ་དུ་མར་མེ་མཛད། །དགའ་རབ་རྡོ་རྗེ་རིག་པ་རང་གྲོལ་ཡིན། །སྟོན་པ་སྐུ་གསུམ་རང་ལ་གནས། །ཡེ་ནས་གཞི་ལ་གྲུབ་པས་ན། །སྐུ་གསུམ་དབང་བསྐུར་ཞེས་ཀྱང་བྱ། །མགྲིན་པ་འོད་སྲུངས་དབང་བསྐུར་ཐོབ། །མིག་ལ་མར་མེ་མཛད་ཀྱི་དབང་། །མ་བསྐུར་མུན་པ་འཐིབས་པ་ཡིན། །བསྐུར་བས་མུན་པ་ཡུལ་ན་མེད། །མར་མེ་མཛད་ཀྱི་དབང་བསྐུར་རྫོགས། །བསྐལ་པ་སྟོང་གི་མུན་པ་ལ། །མར་མེ་མཐེབ་མོ་ཙམ་གྱིས་སེལ། །མ་རིག་མུན་པ་འཐིབས་པ་ལ། །མར་མེ་མཛད་ཀྱི་དབང་བསྐུར་བས། །མ་རིག་མུན་པ་སྐད་ཅིག་གཅིག་ལ་སངས། །དེ་ལྟར་བསྐུར་བའི་དབང་མཆོག་ནི། །བསྒྲུབས་པས་འགྲུབ་པར་མི་འགྱུར་ལ། །དཔྱད་པས་གཏན་ལ་མི་ཕེབས་སོ། །བརྗོད་པས་བློ་ཐོག་མི་ཕེབས་སོ། །ཐོས་མང་ཚིག་ཚོགས་མང་པོས་ཀྱང་། །དེ་ནི་གཏན་ལ་མི་ཕེབས་སོ། །མ་བསྟན་ཤེས་པར་མི་འགྱུར་རོ། །བསྟན་ན་མི་འཆར་མི་སྲིད་དོ། །རེ་བས་འདོད་པ་འབྱུང་མི་འགྱུར། །དབང་གི་རྒྱལ་པོ་སྐུ་གསུམ་དག །རྟགས་ཀྱི་རྒྱལ་པོ་བསྟན་དུ་ཡོད། །དཔེ་ཡི་རྒྱལ་པོ་མཚོན་དུ་ཡོད། །ཐིག་ལེའི་རྒྱལ་པོ་སྤྲད་དུ་ཡོད། །ངོ་སྤྲོད་རྒྱལ་པོ་ཐིག་ལེ་རང་སྣང་ཡིན། །ཉམས་ཀྱི་རྒྱལ་པོ་ཡེ་ཤེས་རང་སྣང་ཡིན། །གཞི་ཡི་རྒྱལ་པོ་ལྷུན་གྲུབ་ཡོངས་རྫོགས་ཡིན། །འབྲས་བུའི་རྒྱལ་པོ་ཆོས་ལ་གྲོལ་བ་ཡིན། །ཐུགས་རྗེའི་རྒྱལ་པོ་སྐུ་གསུམ་རང་འཁྲུངས་ཡིན། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། སྐུ་གསུམ་དབང་བསྐུར་གྱི་ལེའུ་སྟེ་བཅུ་དགུ་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །གཞི་ཡི་སྐོར་ལུགས་མ་ཤེས་ན། །ནོར་བུ་རིན་ཆེན་སྟོར་བ་འདྲ། །ཀུན་གཞི་ཞིང་ས་ལྟ་བུ་ལ། །


DNG005_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྒོ་མོ་ཟུག་པ་རྩ་བ་འདྲ། །ཐེག་གསུམ་གཅིག་ཏུ་འདྲིལ་བས་སྡོང་བོ་འདྲ། །ཐེག་དགུ་རང་ལ་ཤར་བས་གྱེས་པའི་ཡལ་ག་འདྲ། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲིར་ཤར་བས་རྒྱས་པ་ལོ་འདབ་འདྲ། །མེ་ཏོག་སྣ་ཚོགས་གསལ་བས་ལོངས་སྐུ་འདྲ། །དྲི་མཆོག་སྣ་ཚོགས་འབྱུང་བས་སྤྲུལ་སྐུ་འདྲ། །འབྲས་བུ་རང་སར་སྨིན་པས་ཆོས་སྐུ་འདྲ། །དེ་ནི་ཡར་གྱི་འདྲིལ་ལུགས་ཡིན། །མར་གྱི་འདྲིལ་ལུགས་བཤད་པ་ནི། །ཀུན་གཞི་མ་འགགས་ཡངས་པ་ལ། །ཉོན་མོངས་སྒོ་མོ་ཟུག་པས་རྩ་བ་འདྲ། །དུག་གསུམ་གཅིག་ཏུ་འདྲིལ་བས་སྡོང་བོ་འདྲ། །ཉོན་མོངས་ལྔ་རུ་གྱེས་པས་ཡལ་ག་འདྲ། །ཉོན་མོངས་བརྒྱད་ཁྲིར་ཤར་བས་རྒྱས་པ་ལོ་འདབ་འདྲ། །མེ་ཏོག་གསལ་ལ་མཛེས་པས་འབྱུང་ལྔ་འདྲ། །འབྲས་བུ་རང་སར་སྨིན་པས་འགྲོ་དྲུག་གོ། །ཕྱོགས་མེད་རྟོགས་ན་རྫོགས་ཆེན་ཡིན། །ཕྱོགས་ཆར་འཛིན་པ་འཁྲུལ་པ་ཡིན། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །མ་རྟོགས་པ་དང་ལོག་པར་རྟོག །དེ་ཡིས་འབྲས་བུ་འཐོབ་མི་འགྱུར། །འབྲས་བུའི་རྫོགས་ལུགས་མ་ཤེས་ན། །ལོ་ཏོག་སད་ཀྱིས་ཁྱེར་བ་འདྲ། །མཐོང་སྟོང་ཐ་དད་མ་ཤེས་ན། །གོལ་སྒྲིབ་གདར་ཤ་མི་ཆོད་པས། །ལ་མི་ཟློས་པའི་སྐྱོན་དུ་འགྱུར། །ནོར་བུ་རིན་ཆེན་བཞག་ནས་མཆིང་བུ་འཚོལ་བ་འདྲ། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ཐེག་པ་དང་འགྲོ་དྲུག་བསྡུ་བའི་ལེའུ་སྟེ་ཉི་ཤུ་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །སྣང་བ་ལྔ་ལ་ངོ་སྤྲད་པ། །མེ་ལོང་ནང་གི་བྱད་ལྟར་ཤར། །སྣང་བས་གནོད་པ་མི་ནུས་པས། །སྣང་བ་དབང་དུ་འདུས་པ་ཡིན། །རྒྱུད་དྲུག་དག་ལ་ངོ་སྤྲད་པས། །རིག་པའི་འོད་གསལ་ལྷག་མཐོང་ཤར། །ཞི་གནས་དགོངས་པ་རང་སར་གྲོལ། །འགྲོ་དྲུག་དབང་དུ་འདུས་པ་ནི། །དུག་སྦྲུལ་འགྲོ་བའི་མདུད་པ་འདྲ། །ཡེ་ཤེས་འོད་གསལ་ངོ་སྤྲད་པས། །ཐིག་ལེ་ཡེ་ཤེས་རང་ལ་ཤར། །


DNG005_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དྲུག་གཡང་ས་དབང་དུ་འདུས། །རི་རབ་རྩེ་མོར་ཕྱིན་པ་འདྲ། །ལྔ་གསུམ་བཅོ་ལྔས་མིག་འབྱེད་པ། །དབང་པོའི་རིམ་པས་ཤེས་པར་བྱ། །ཕྱི་འགྱུ་འགྲོ་དྲུག་རང་སྣང་ཡིན། །ནང་འགྱུ་ལྷ་ཡི་རྣལ་འབྱོར་ཡིན། །གསང་འགྱུ་ཐིག་ལེ་སྣང་ཐོག་ཤར། །དངོས་གཞི་གཉིས་པོ་མ་ཤེས་ན། །ལོང་བས་ལོང་བ་ཁྲིད་པ་འདྲ། །འཁྲུལ་གཞི་འཁྲུལ་པ་དངོས་པོ་གསུམ། །དེ་ཡི་ས་མཚམས་མ་ཤེས་ན། །རྒྱལ་བུ་རྐང་ནས་འཁྱམས་པ་འདྲ། །འཁོར་བ་འཁྲུལ་པ་ལྡོག་པ་གསུམ། །དེ་ཡི་གདམས་པ་མ་ཤེས་ན། །དམུས་ལོང་བྱང་ཐང་ལུས་པ་འདྲ། །གཞི་དང་ཚིག་དང་དཔེ་ཐོག་ཤོར། །དེ་གསུམ་ངོ་ཡིས་མ་ཟིན་ན། །ཇོ་བོས་མ་འཆུན་ཁོལ་པོ་འདྲ། །སྣང་རྒྱ་རིག་རྒྱ་གདམས་པའི་རྒྱ། །རྒྱ་གསུམ་རང་ཤར་མ་ཤེས་ན། །ཁྱི་མོ་ནད་ཟན་བྱེད་པ་འདྲ། །ད་ལྟ་འཆི་ཀ་བར་དོ་གསུམ། །གདམས་པའི་རྩི་ཡིས་མ་ཐེབས་ན། །ཤིང་གི་རང་ཐག་བསྐོར་བ་འདྲ། །གོ་བ་རྟོགས་པ་ཆོད་པ་གསུམ། །དེ་གསུམ་ཚད་དུ་མ་སྐྱོལ་ན། །མ་འཛད་མེད་པར་གསེར་ཉོ་འདྲ། །བརྒྱུད་པ་གདམས་པ་ཉམས་དང་གསུམ། །དེ་གསུམ་མེད་པར་སློབ་མ་བསྟན། །ཆུ་ཤིང་སྙིང་པོ་བཏོན་པ་འདྲ། །དབང་དང་ལག་ལེན་ཉམས་མྱོང་གསུམ། །དེ་གསུམ་མེད་པར་དབང་བསྐུར་བ། །ནོར་བུས་རྒྱལ་ས་བཟུང་བ་འདྲ། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ངོ་སྤྲོད་གནད་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །ངོ་སྤྲོད་བཞི་དང་དུས་བཞི་མཉམ་སྦྱོར་དང་། །སེམས་དང་ཡེ་ཤེས་དབྱེ་བ་དང་། །རིག་པའི་ཡེ་ཤེས་ངོ་སྤྲད་པ། །འབྲིང་གི་གདམས་པ་ཡིན་པར་བཤད། །གསང་ལམ་བཞི་ཡི་ངོ་སྤྲོད་དང་། །འོད་གསལ་འཁོར་ལོའི་གཟེར་གདབ་པ། །སྣང་བ་འོད་གསལ་འཁོར་ལོ་བསྐོར། །གནད་དང་ལོག་གནོན་ཤེས་པར་བྱ། །ཚོགས་དྲུག་འོད་གསལ་འཁོར་ལོ་བསྐོར། །ཚོགས་དྲུག་རང་གྲོལ་དབང་པོ་ཡིན། །འགྱུ་བ་འོད་གསལ་འཁོར་ལོ་བསྐོར། །གཟུང་འཛིན་དྭངས་པ་


DNG005_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ཡིན། །ཤེས་རབ་རིག་པའི་ངོ་སྤྲོད་བསྟན། །འཁོར་འདས་རུ་གཅོད་དབང་པོ་ཡིན། །ཡེ་ཤེས་དངོས་འཛིན་དབང་པོ་ནི། །ཡེ་ཤེས་སྤྱན་གྱིས་བྱེད་པ་ཡིན། །སྤྱན་གསུམ་དབང་བསྐུར་བྱེད་པ་ལ། །གནས་ཚུལ་བཞུགས་ཚུལ་རྟོགས་ཚུལ་དང་། །བསྐུར་ཚུལ་འཆར་ཚུལ་གྲོལ་ཚུལ་གྱིས། །སྤྱན་གྱི་དབང་བསྐུར་ཐོབ་པ་ཡིན། །དྲུག་གསུམ་བཅོ་བརྒྱད་དག་གིས་མིག་ཕྱེ་ནས། །ཆོས་དང་ཤེས་རབ་སྤྱན་གྱི་དབང་། །རང་དབང་རང་གིས་ཐོབ་པས་རྒྱལ་པོ་ཡིན། །ཡེ་ཤེས་གསལ་འགྲིབ་མེད་པ་དེ། །ཟབ་དང་འགགས་མེད་འགག་པ་མེད། །ཡེ་ཤེས་དབང་གི་བསྐུར་ཐབས་ཡིན། །ཤེས་རབ་ཐོགས་པ་མེད་པ་དེ། །མྱུར་དང་དྲག་དང་སྐད་ཅིག་ལ། །བཟུང་སྟེ་དབབ་དང་ཕྱིར་ལྡོག་པ། །ཤེས་རབ་དབང་གི་བསྐུར་ཐབས་ཡིན། །ཆོས་ཉིད་རང་གྲོལ་མྱུར་བ་དེ། །མྱུར་དང་གསལ་དེ་སྐད་ཅིག་ལ། །ཆོས་ཀྱི་དབང་གི་བསྐུར་ཐབས་ཡིན། །ཡེ་ཤེས་སྤྱན་གྱི་གནས་ཚུལ་དམིགས། །བཞུགས་ཚུལ་ཟང་ཐལ། །རབ་དང་འབྲིང་དང་ཐ་མ་གསུམ། །སྣང་བ་རྒྱ་ཡན་རིག་པ་རང་གྲོལ་དང་། །ཆོས་ཉིད་འོད་གསལ་ཆེན་པོ་གསུམ། །དབྱེ་དུས་ཕྱེད་དུས་བྱེད་པའི་ཚད། །མ་ཕྱེད་སྐྱོན་ཡོན་འབྲས་བུ་རྣམས། །གདེང་ལྡན་བླ་མ་སློབ་མ་ཡིན། །འདི་འདྲ་རྒྱ་མཚོའི་ཕ་བོང་བཞིན། །བསྐལ་པ་འཁྲུགས་ཀྱང་ཁར་འབྱུང་མིན། །རུས་སྦལ་གྲེ་བར་ནོར་བུ་ཆུང་བ་བཞིན་དུ་སྡོམས། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། དམར་ཁྲིད་དམར་བྱང་དང་། དོན་སྐོར་སངས་རྒྱས་ངོ་སྤྲོད་ཀྱི་ལེའུ་སྟེ་ཉེར་གཉིས་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །འཆི་བ་འཆི་ལྟས་འཆི་རྩིས་སུ། །རླུང་དང་ཐིག་ལེ་རྩ་དང་གསུམ། །ནད་དང་གདོན་དང་རྣམ་སྨིན་གསུམ། །འབྱུང་བ་འཁྲུགས་པའི་ནད་ཡིན་ཏེ། །དཀར་ན་གྲང་བ་ཆུ་ཡི་དུག །དམར་ན་ཚ་བ་མེ་ཡི་དུག །མཐིང་ན་བད་ཀན་ནམ་མཁའི་དུག །སེར་ན་མཁྲིས་པ་ས་ཡི་དུག །ལྗང་ནག་འདུ་བ་རླུང་གི་དུག །དཀར་ན་ཆུ་ཡི་


DNG005_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལ་རྒྱལ་པོའི་གདོན། །མཐིང་ནག་ནམ་མཁའི་རླུང་ལ་བདུད་ཀྱི་གདོན། །དམར་ནག་མེ་ཡི་རླུང་ལ་བཙན་ཁམས་གདོན། །སེར་ནག་ས་ཡི་རླུང་ལ་དམུ་ཚོགས་གདོན། །ལྗང་ནག་རླུང་གི་རླུང་ལ་སྣ་ཚོགས་འདྲེ་ཀུན་གདོན། །རྐང་མཐིལ་དུ་ནག་ཡིན་ནམ་དཀར་དྲོད་སྟོར་ན། །དམྱལ་བར་འགྲོ་བའི་སྔ་ལྟས་ཡིན། །གསང་བར་པྲེ་དམར་དྲོད་སྟོར་ན། །ཡི་དྭགས་འགྲོ་བའི་ལྔ་ལྟས་ཡིན། །ལྟེ་བར་སུ་མཐིང་དྲོད་སྟོར་ན། །བྱོལ་སོང་འགྲོ་བའི་སྔ་ལྟས་ཡིན། །སྙིང་གར་ནྲྀ་སེར་དྲོད་སྟོར་ན། །མི་རུ་འགྲོ་བའི་སྔ་ལྟས་ཡིན། །མགྲིན་པར་ཨ་ལྗང་དྲོད་སྟོར་ན། །ལྷ་མ་ཡིན་དུ་སྐྱེ་བའི་སྔ་ལྟས་ཡིན། །སྤྱི་བོར་ཨ་ལྗང་དཀར་ཡིན་ནམ་དྲོད་སྟོར་ན། །ལྷ་རུ་སྐྱེ་བའི་སྔ་ལྟས་ཡིན། །དེ་ཡང་དམྱལ་བ་ལ་སོགས་སྣང་བ་བསྒྱུར། །མི་ལུས་ཐོབ་པའི་སྣང་བ་ཐམས་ཅད་བཤད། །དབང་པོ་རྒྱུ་ལྟར་འཁོར་བར་བྱེད། །རླུང་ནི་ལྔ་གསུམ་བཅོ་ལྔ་བརྟགས། །ཐིག་ལེ་མིག་གི་བ་ཐག་ཡལ། །བླ་རྩ་སྟོར་ན་འཆི་བར་བཤད། །གནམ་གྱི་རེ་ཐག་ཆད་པ་དང་། །ཆོས་ཀྱི་དབྱིངས་ཀྱི་རྔ་སྒྲ་ཆད། །ཤེས་རབ་སྤྱན་གྱིས་ཤེས་པར་འགྱུར། །ཡེ་ཤེས་སྤྱན་གྱི་ཐིག་ལེ་ནུབ། །རྟ་མཆོག་སྔོན་པོའི་ག་བུར་སྟོར། །ཏི་ཚེ་གངས་ཀྱི་རླངས་པ་ཡལ། །གློག་ལྕམ་དམར་མོའི་སྦྲང་རྩི་ཡལ། །རྒྱ་མཚོར་ཆུ་བྲན་ཐམས་ཅད་འདུས། །དབུས་ཀྱི་ཀ་བ་བཙན་ཆེན་འཆུས། །ཁོལ་པོ་བཞི་བོ་ཀ་བཞིན་རེངས། །དཔག་བསམ་ཤིང་གི་མེ་ཏོག་ཡལ། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། འཆི་བ་འཆི་ལྟས་འཆི་རྩིས་དང་རྟགས་ཀྱི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །འཆི་གའི་གདམས་པ་བསྟན་པ་ནི། །མཐུན་པའི་དཔེ་དང་འགལ་བའི་རྐྱེན། །རྐྱེན་གཉིས་དག་གིས་འཆི་བ་ཡིན། །མཐུན་རྐྱེན་འདུ་དུས་འཆར་བའི་དུས། །གྲོལ་བའི་དུས་དང་རྣམ་པ་བཞི། །དབང་པོ་རབ་འབྲིང་ཐ་མ་གསུམ། །བར་དོ་ཡོད་དང་བར་དོ་མེད། །རྒྱལ་ཐབས་སྤྱི་བླུག་ཚུལ་དུ་བསྟན། །བར་དོ་ཡོད་དང་འབྲིང་དང་ཐ་མ་གསུམ། །ཆོས་ཉིད་བར་དོ་འཁྲུལ་


DNG005_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔ། །རང་རྐྱེན་མཐུན་པའི་གྲོགས་སུ་འཆར། །ཆོས་ཉིད་རང་སྣང་དོན་གྱི་མེ་ལོང་ཡིན། །མཐུན་རྐྱེན་རང་སྣང་ངོ་སྤྲོད་བླ་མའི་གདམས་པར་འཆར། །དེ་ནི་རང་སྣང་རྐྱེན་དུ་འཆར་ཞེས་བྱ། །འགལ་རྐྱེན་འོད་ལ་ཆགས་སྡང་སྐྱེ། །དེ་ཡི་འབྲས་བུ་གཞན་རྐྱེན་འགྲོ་དྲུག་འཁྲུལ། །འཁོར་བ་རྣམ་བཞིར་འཁྱམས་པ་འགལ་རྐྱེན་ཡིན། །རྒྱུ་ལྟར་འཁོར་བ་མ་རིག་དུག་ལྔ་ཡིན། །ནག་པོ་ལྟར་འཁོར་ལས་ཀྱི་རྣམ་སྨིན་ཡིན། །དཀར་པོ་ལྟར་འཁོར་ལས་ཀྱི་འབྲས་བུ་ཡིན། །འབྲས་བུ་ལྟར་འཁོར་གྲགས་ཆེན་སངས་རྒྱས་ཡིན། །འཁོར་བ་རྣམ་བཞི་སྲོག་གཅོད་སྣང་ཆེན་སངས་རྒྱས་ཡིན། །སྣང་བ་གཞན་དབང་མ་གྱུར་དབང་བསྐུར་རྒྱལ་པོ་ཡིན། །ཞེས་གསུངས་སོ། །དེ་ནས་ཡང་བཀའ་སྩལ་པ། འཁོར་བ་རྣམ་བཞིའི་འབྲས་བུ་བསྟན་པ་ནི། །རྒྱུ་ལྟར་འཁོར་བ་དང་པོའི་ལས་དང་ནི། །རྒྱུ་དང་རྐྱེན་གྱིས་འགྲོ་བ་དྲུག་སྐྱེས་སོ། །ལས་དང་འཕྲོ་དང་མཐུན་པའི་འབྲས་བུ་ནི། །ལས་ནི་དགེ་དང་མི་དགེ་ལུང་མ་བསྟན་གྱི་ལས། །དགེ་བའི་ལས་ལ་མཚན་བཅས་མཚན་མེད་དོ། །མཚན་བཅས་རྣམ་པ་གཉིས་ཡིན་ཏེ། །འོག་མའི་དགེ་བ་བཅུ་བོ་དང་། །སྔགས་དང་ཡི་དམ་བསྒོམ་བཟླས་བྱ། །དེ་ནི་ལས་ཀྱི་རྣམ་གྲངས་ཡིན། །བསྡུ་བ་དགེ་དང་མི་དགེ་གཉིས་སུ་འདུས། །དེ་ཡང་ཆོས་དང་སྤྱོད་པ་ཡིན་པར་བཤད། །ལས་མེད་ལུས་མི་ལེན་པས་འཕྲོ་མེད་པ། །དེ་ནི་ཐིག་ལེ་ཆོས་མིན་ཡིན། །འོད་ལུས་ཡིད་ལུས་ཤ་ཁྲག་ལུས་དང་གསུམ། །འཁོར་བའི་ལུས་ལ་བསམ་མི་ཁྱབ། །བསྡུས་པས་ལུས་གསུམ་དག་པར་འདུས་པ་ཡིན། །ལས་ནི་ད་ལྟ་འཕྲོ་ནི་བར་དོར་མཐུད། །མཐུད་པའི་འབྲས་བུ་གནས་སྐབས་རང་སོར་སྦྱར། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། བར་དོ་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག །མི་ལུས་ཆགས་ལུགས་བསྟན་པ་ནི། །སྐྱེ་བ་རྒས་པ་ན་བ་དང་། །འཆི་བ་དང་ནི་རྣམ་པ་བཞི། །སྐྱེ་བ་རྣམ་པ་ལྔ་ཡིན་ཏེ། །མངལ་དང་


DNG005_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ང་ལས་སྐྱེ་དང་། །དྲོད་ལས་སྐྱེས་དང་གཤེར་ལས་སྐྱེས། །རྫུས་ཏེ་སྐྱེ་བ་རྣམ་པ་ལྔ། །མངལ་ནས་སྐྱེ་བ་ཤ་ཁྲག་ལུས། །ཡིད་ལུས་འོད་ལུས་རྫུས་ནས་སྐྱེ། །དྲོད་གཤེར་སྐྱེ་བ་ཤ་ཁྲག་ལུས། །སྐྱེ་བ་འབྱུང་བས་འཆི་བ་འབྱུང་། །དེ་ཡང་ལུས་ཀྱི་ཆགས་ལུགས་ལ། །ཕོ་དང་མོ་དང་མ་ནིང་དང་། །ཕོ་མོ་རྒོད་དང་མ་ནིང་ཚན་པོ་ཆེ། །དེ་ཡང་ཇི་ལྟར་ཆགས་ཞེ་ན། །རྟེན་གྱི་གནད་ནི་རྩ་ཡིན་ཏེ། །དེ་ལྟར་རླུང་ན་རླུང་ཡིན་ནོ། །དེ་ལ་རྟེན་གྱི་རྩ་བསྟན་པ། །དང་པོ་གཞི་ལ་ལྷུན་གྱིས་གྲུབ། །ཕྲ་བའི་རྩ་དང་རླུང་དང་ནི། །རགས་པའི་རྩ་དང་རླུང་དང་གསུམ། །དེ་ནས་དངོས་པོའི་རྩར་འཁྲུལ་ཏེ། །དངོས་པོ་ཕ་མའི་ཐིག་ལེ་དཀར་དམར་ཏེ། །རགས་པའི་རྩ་རུ་མཐོང་བ་ལས། །རགས་པ་རྩར་གྱུར་དངོས་པོར་སྨིན། །ཐིག་ལེ་རྩ་ཡི་རྒྱལ་པོ་དེ། །དེ་ལས་སྤུ་ཙམ་ཙར་གྱིས་བྱུང་། །རྐྱང་མ་ཞེས་བྱའི་རྩ་རུ་གྲགས། །དེ་ནས་ཡང་ཅིག་ཟླ་རུ་བྱུང་། །རོ་མ་ཞེས་བྱ་གཉིས་སུ་བྱུང་། །དེ་ཡི་དབུས་སུ་གསུམ་དུ་བྱུང་། །དེ་གསུམ་འདུས་པས་སྙིང་དུ་བྱུང་། །ཨ་ཝ་དྷཱུ་ཏི་ཞེས་ཀྱང་བྱ། །དེ་ནས་སྤྲུལ་གནས་ལྟེ་བར་བྱུང་། །མི་ཡི་སྲོག་རྩ་ཡལ་ག་བུ་ཡི་ལྟེ་བར་འདྲེལ་ནས་གནས། །ལྟེ་བའི་རྩ་ནས་ཐམས་ཅད་སྐྱེད། །མས་ཟོས་བུ་ཡི་ལྟེ་བར་འཁོར། །དེ་ནས་ལུས་ལ་འཁོར་བས་ན། །ལྟེ་བ་སྤྲུལ་པའི་འཁོར་ལོ་ཡིན། །དེ་ནས་ཐུར་དུ་བྱུང་བ་ལ། །མ་ཡིས་ཟོས་པ་བུ་ལ་ཐིམ། །བུ་ཡིས་ཟོས་པ་གསང་སྒོར་འཁོར། །གསང་བའི་འཁོར་ལོ་ཞེས་ཀྱང་བརྗོད། །སྙིང་གར་ཕ་ཡི་ཐིག་ལེའི་རྩལ། །དམར་མོ་མ་ཡི་ཤེས་རབ་རྩལ། །མཐིང་ག་རིག་པ་སེམས་ཀྱི་རྩལ། །དེ་ཡིས་ཐམས་ཅད་ཚང་བས་ན། །ཆོས་ཀྱི་འཁོར་ལོ་ཞེས་ཀྱང་བྱ། །སྙིང་ལ་ཆོས་ཉིད་རྩ་ཡིས་བསྐོར། །ཞི་བ་ལ་སོགས་ཆོས་སྐུའི་རྟེན། །ཆོས་ཀྱི་འཁོར་ལོ་ཞེས་ཀྱང་བརྗོད། །འགྱུ་བ་མཛོད་སྤུར་འཁྱིལ་བའི་ལམ། །མགྲིན་པའི་རྩ་ལ་ལོངས་སྤྱོད་བྱེད། །ལོངས་སྤྱོད་འཁོར་ལོ་ཞེས་ཀྱང་བྱ། །གསང་བའི་རྩ་ལ་ཐམས་ཅད་འདུས། །བདེ་བ་གསལ་བ་མི་རྟོག་པས། །ཆོས་ཀྱི་འཁོར་ལོ་ཞེས་ཀྱང་བྱ། །མཛོད་སྤུར་ཡེ་ཤེས་


DNG005_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གནས་པ། །རྟེན་གྱི་འབྱུང་གནས་ཞེས་བྱའོ། །རོ་མ་རྐྱང་མ་གཉིས་པོའི་ཁ། །སྣ་ལ་ཟུག་པས་ཕོ་ཡི་རྟེན། །གསང་བར་ཟུག་པས་མོ་ཡི་རྟེན། །ཡར་མར་བསྣོལ་མར་འབྱུང་བ་ནི། །མ་ནིང་ཞེས་སུ་བཤད་པ་ཡིན། །ཁ་ལ་གང་འགྲིབ་འཕེལ་བ་ནི། །ཕོ་མོ་རྒོད་ཅེས་འགྱུར་བ་ཡིན། །ཁ་གཉིས་ཟུམ་ནས་མ་ཕྱེད་པས། །མ་ནིང་ཚན་པོ་ཆེ་ཞེས་བརྗོད། །དེ་ལྟར་སྤྱོད་པ་རླུང་ཡིན་ནོ། །ཕོ་རླུང་དྲག་ལ་མོ་རླུང་དལ། །དལ་བར་རྒྱུ་བས་ཐུར་དུ་བྱུང་། །དྲག་པར་རྒྱུ་བས་གྱེན་དུ་བྱུང་། །ལུང་དུ་མ་བསྟན་རླུང་དག་ལས། །ཕོ་མོ་རྒོད་དང་མ་ནིང་ཚན་པོ་ཆེ། །དེ་ལྟར་གྲུབ་པར་ཤེས་པར་བྱའོ། །དེ་ནས་རུས་པའི་གནད་བསྟན་པ། །མཛོད་སྤུའི་རྟེན་དུ་སྨིན་རུས་ཆགས། །དེ་ལས་གྱེས་པས་དཔྲལ་རུས་བྱུང་། །དེ་ལས་མུར་གོང་རུས་པ་བྱུང་། །དེ་ལས་ཟ་བའི་ཟ་འགྲམ་བྱུང་། །དེ་ནས་ཡ་ཐོད་མ་ཐོད་བྱུང་། །དེ་གཉིས་འདྲེལ་བས་རུས་སྲུབ་བྱུང་། །སྙིང་དང་འདྲེལ་པས་སྲོག་རུས་ཆགས། །དེ་རྣམས་འཚོགས་པས་སོག་པ་ཆགས། །དེ་རྣམས་ཚིགས་སུ་བཅད་པས་ཚིགས་པ་ཆགས། །རུས་པ་ཐམས་ཅད་ཁྱབ་པས་རྩིབ་མ་ཆགས། །རུས་པས་ལུས་ཀྱི་སྟོབས་སྐྱེད་བརླ་རུས་ཆགས། །དེ་རྣམས་མ་འགགས་བསྐྱོད་པས་རྐང་ལག་ཡིན། །དེ་ནས་མཇུག་རུས་འཕོང་རུས་ཆགས། །དེ་ནས་གཞུག་གུ་ཆུད་དུ་ཆགས། །དེ་ནི་རུས་པའི་ཆགས་ལུགས་རྫོགས། །ད་ནི་ཤ་ཡི་ཆགས་ལུགས་སྟོན། །སྨིན་མ་པགས་པའི་ཤ་ཡང་སྨིན། །དང་པོ་དེ་ལ་སྨིན་པས་སྨིན་མ་ཡིན། །དེ་བཞིན་རིམ་གྱིས་ཆ་མཉམ་མོ། །དེ་ལ་རྩ་ཡི་མཚན་ཉིད་ཀྱང་། །རྩ་བ་གཅིག་ཏུ་འདུས་པ་ཡིན། །གཅིག་པོ་རང་འབྱུང་གནས་པའི་རྩ། །དེ་ལས་གྱེས་པའི་ཕོ་རྩ་དང་། །མོ་རྩ་དང་ནི་ཡེ་ཤེས་རྩ། །མ་ནིང་ཕོ་མོ་རྒོད་དང་ནི། །མ་ནིང་ཚན་པོ་ཆེ་ཡི་རྩ་དང་གསུམ། །དེ་ལས་གྱེས་པས་འཁོར་ལོ་ལྔ། །དེ་ལ་བརྒྱ་དང་རྩ་བཞི་ཡོད། །དེ་ལས་གྱེས་པའི་རྩ་རྣམས་ནི། །སྟོད་ན་བརྒྱད་ཁྲི་བཞི་སྟོང་ཡོད། །སྨད་ནས་


DNG005_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཁྲི་བཞི་སྟོང་ཡོད། །དེ་ལས་གྱེས་པས་བསམ་མི་ཁྱབ། །དཔེར་ན་ཁ་ཤོ་བ་ཡི་ལོ་མ་འདྲ། །དཔེར་ན་ཤ་མོའི་སུལ་བཞིན་ནོ། །རླུང་དང་ཐིག་ལེ་ཡང་ནི་དེ་དང་འདྲ། །རྩ་དང་ཁྲག་དང་དྲོད་དང་རླུང་། །ཤ་དང་ས་རྣམས་བརྟེན་པས་ན། །བརྟེན་པ་རྩ་ཞེས་བརྗོད་པ་ཡིན། །དེ་ལ་འབྱུང་བ་བརྟེན་པས་ན། །འབྱུང་བའི་ནད་རྣམས་འཁྲུགས་ནས་ནི། །དེ་ལས་བགེགས་རྟེན་གདོན་དུ་ཆེ། །དེ་ལ་དབུགས་རྟེན་ཆད་པས་འཆི། །འབྱུང་བ་ཆ་མ་སྙོམས་པས་འཕེལ་འགྲིབ་འབྱུང་། །དེ་ལས་རྒས་ཤིང་འཁོགས་པ་འབྱུང་བར་འགྱུར། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ལུས་ཀྱི་མན་ངག་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །ཕྱི་རྩ་ལུས་ལ་གནས་པ་ནི། །ཁ་ཤོའི་ལོ་མ་འདྲ་སྟེ་སྤེལ་བར་གནས། །དེ་ལ་བཤད་ན་བསམ་མི་ཁྱབ། །ནང་རྩ་རུས་པ་དག་ལ་གནས། །དེ་ནི་གསེར་གྱི་མེ་ཏོག་འདྲ་སྟེ་ཡོན་ཏན་རྒྱས། །གསང་རྩ་སྙིང་ལ་གནས་ཏེ་འཁོར་ལོ་འདྲ། །དེ་འདྲ་སྐྱོན་ཡོན་འབྱེད་པའི་རྩ། །གདམས་པའི་རྩ་ནི་རྣ་བ་མིག་ལ་གནས། །གནད་ཀྱི་མན་ངག་རབ་ཏུ་གཅེས། །ཚད་མས་འཇལ་བའི་སྲང་དང་གྲུབ་མཐའ་སྐྱོང་བའི་སྲང་། །ལག་ཕྲད་བྱེད་པའི་སྲང་དང་གསུམ་དུ་འདུས། །ཚད་མས་འཇལ་བའི་སྲང་ནི་བརྒྱུད་པ་ཡིན། །གྲུབ་མཐའ་སྐྱོང་བའི་སྲང་ནི་འབྲས་བུ་ཡིན། །ལག་ཕྲད་བྱེད་པའི་སྲང་ནི་གདམས་པ་ཡིན། །སྣང་བ་དབང་དུ་འདུས་པས་རིག་པ་གཅེར་བུར་ཐོན། །རིག་པ་དབང་དུ་འདུས་པས་སངས་རྒྱས་ཡུལ་མེད་མཐོང་། །རང་གྲོལ་དབང་དུ་འདུས་པས་ཆོས་མིན་ཚད་ལས་གྲོལ། །བརྒྱུད་པ་ཚད་དང་མི་ལྡན་ན། །གནད་མེད་ཕྱི་བ་རྐོ་བ་འདྲ། །གདམས་པ་ཚད་དང་མི་ལྡན་ན། །རྒྱུན་མེད་ཚོན་སྐྱོང་མེད་པ་འདྲ། །བཀའ་རྒྱུད་ཚད་དང་མི་ལྡན་ན། །བེའུ་ཐག་སྦྲེལ་ནས་ལྷུང་བ་འདྲ། །བྱིན་རྒྱུད་ཚད་དང་མི་ལྡན་ན། །གྲོགས་པོ་སྐམ་པོར་ཉ་བསྒུག་འདྲ། །སྙན་བརྒྱུད་ཚད་དང་མི་ལྡན་ན། །སྒོ་ང་རུལ་པ་གནོད་པ་འདྲ། །ཐུགས་རྒྱུད་ཚད་དང་མི་


DNG005_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ན། །རྨིག་པའི་ཚང་ནས་ཆུ་འཚོལ་འདྲ། །ཉམས་མྱོང་ཚད་དང་མི་ལྡན་ན། །སྨྱོན་པའི་ལག་ཏུ་མདུང་བསྐུར་འདྲ། །དེ་རྣམས་ཚད་དང་ལྡན་པ་ནི། །ནོར་བུ་རིན་ཆེན་འཆང་བ་འདྲ། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། རྩ་དང་ཚད་མའི་ལེའུ་སྟེ་ཉེར་དྲུག་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །བྱིན་རྒྱུད་ཚད་དང་ལྡན་པ་ནི། །མཁའ་འགྲོ་མ་ནི་རབ་གནས་ཏེ། །རང་བཞིན་ངོ་བོ་སྤྲུལ་པ་གསུམ། །རང་བཞིན་མཁའ་འགྲོ་རྣམ་པ་ལྔ། །རྡོ་རྗེ་མཁའ་འགྲོ་རིན་ཆེན་དང་། །པདྨའི་མཁའ་འགྲོ་ལས་འགྲོ་དང་། །དེ་བཞིན་རིགས་ཀྱི་མཁའ་འགྲོ་དང་། །རྣམ་པ་ལྔ་རུ་ཤེས་པར་བྱ། །ངོ་བོའི་མཁའ་འགྲོ་རྣམ་པ་གསུམ། །འབྱུང་བ་རྣམ་ལྔའི་མཁའ་འགྲོ་ལྔ། །དབྱིངས་ཀྱི་མཁའ་འགྲོ་རྣམ་ལྔ་ཡིན། །འབྱུང་བ་ལུས་ཀྱི་མཁའ་འགྲོ་ལྔ། །དམ་ཚིག་དྲི་སྣོམ་མཁའ་འགྲོ་ཡིན། །རྣམ་ཤེས་སྒོ་ལྔ་མཁའ་འགྲོ་ལྔ། །ལུས་ཀྱི་མཁའ་འགྲོ་རྣམ་ལྔ་ཡིན། །སྤྲུལ་པའི་མཁའ་འགྲོ་རྣམ་པ་གསུམ། །ཀུན་གཞི་ཡེ་ཤེས་མཁའ་འགྲོ་ཡིན། །ཡིད་ནི་རྡོ་རྗེའི་མཁའ་འགྲོ་ཡིན། །རྣམ་ཤེས་ཤ་ཟ་མཁའ་འགྲོ་ཡིན། །རྣ་བ་མཁའ་འགྲོ་གློག་ཕྲེང་མ། །མིག་གཡོན་ཉི་མའི་འོད་ཟེར་ཅན། །མིག་གཡས་ཟླ་བའི་འོད་ཟེར་ཅན། །ལྕེ་ནི་མཁའ་འགྲོ་མཚོ་སྐྱེས་མ། །སྣ་ནི་མཁའ་འགྲོ་དྲི་མ་མེད། །ལུས་ནི་མཁའ་འགྲོ་དུང་སྐྱོང་མ། །དེ་ནི་མཁའ་འགྲོའི་བརྒྱུད་པ་ཡིན། །མཁའ་འགྲོའི་བྱིན་རྒྱུད་བསྟན་པ་ནི། །མཁའ་ནི་རིག་པའི་སྣང་བའོ། །འགྲོ་བ་འགྱུ་བ་ཐོགས་མེད་དོ། །དེ་གཉིས་འདུས་པའི་དབང་བསྐུར་བས། །བྱིན་རླབས་ཕྱོགས་རིས་མེད་པར་འཆར། །བྱིན་རླབས་ནང་ནས་ཤར་ཙམ་ན། །ཉམས་མྱོང་ཚད་ལྡན་སྐྱེ་བ་ཡིན། །ཉམས་མྱོང་ཡེ་ཤེས་རང་ཤར་བས། །ཡེ་ཤེས་ཚད་དང་ལྡན་པས་ན། །སངས་ལ་མི་རྒྱའི་རང་དབང་མེད། །སངས་རྒྱས་ས་ལ་གྲོལ་ཙམ་ན། །ཐུགས་རྗེ་མི་འབྱུང་རང་དབང་མེད། །ཐུགས་


DNG005_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཕྱོགས་མེད་ཤར་ཙམ་ན། །བྱིན་རླབས་མི་འཇུག་རང་དབང་མེད། །ཅེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། མཁའ་འགྲོ་མ་དབང་བསྐུར་བའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །ཐེག་པའི་ཁྱད་པར་བསྟན་པ་ནི། །ཉན་ཐོས་འབྲས་བུ་དགྲ་བཅོམ་པ། །བསྐལ་པ་གྲངས་མེད་བདུན་ན་འདོད། །དུག་ལྔ་དགྲ་བཞིན་སྤང་བ་ཡིན། །ཐེག་ཆེན་དབུ་མ་སྟོང་པར་འདོད། །གཅིག་དང་དུ་བྲལ་ལ་སོགས་པ། །གཏན་ཚིགས་གཞིག་ནས་སྟོང་པར་འདོད། །དེ་ཡང་དུག་དང་སྦྱོར་བ་ཡིན། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །མདོ་རྒྱུད་སྔགས་ཀྱི་ཁྱད་པར་གང་། །མདོ་རྒྱུད་དབང་གི་གདམས་པ་མེད། །སྔགས་ལ་རྣམ་པ་གཉིས་ཡིན་ཏེ། །ཕྱི་པ་དང་ནི་ནང་པའོ། །ཕྱི་པའི་དབང་ལས་ནང་པའི་དབང་། །ཕན་པའི་དབང་བཅུ་ཁྱད་པར་འཕགས། །ནང་གི་རྒྱུད་ནི་དབང་ལྔ་དང་། །བདུད་རྩི་ལྔ་ཡིས་ཁྱད་པར་འཕགས། །དེ་བས་རྫོགས་ཆེན་ཁྱད་པར་ཆེ། །སྔགས་ནི་བསྒྲུབ་བསྒྱུར་འབྲས་བུར་འདོད། །རྫོགས་ཆེན་རྟོགས་པས་སངས་རྒྱས་པ། །ཚིག་དབང་གཅིག་གིས་རྟོགས་པར་འདོད། །དབང་བསྐུར་རྫོགས་པ་དབང་ལྔ་ཡིན། །དེ་ནི་འོག་མ་རྣམས་ལ་མེད། །མཆོད་པ་རྣམ་ལྔ་ལྷ་སྒོམ་པ། །དེ་ནི་ཀྲི་ཡ་ཡིན་པར་འདོད། །མཆོད་པ་རྣམ་ལྔ་སྐུ་ལྔ་བསྒོམ། །དེ་ནི་ཡོ་ག་ཡིན་པར་འདོད། །བདུད་རྩི་ལྔ་མཆོད་རིགས་ལྔ་བསྒྲུབ། །དེ་ནི་མ་ཧཱ་ཨ་ནུར་འདོད། །གསང་སྔགས་དབང་གིས་ཁྱད་པར་འཕགས། །རྫོགས་ཆེན་ཐམས་ཅད་ཆོས་སྐུར་རྟོགས། །རིག་པ་རྩལ་གྱི་དབང་ཆེན་ཐོབ། །དེས་ན་ཁྱད་པར་རབ་ཏུ་ཆེ། །སྙན་བརྒྱུད་རིན་ཆེན་སྤུངས་པ་འདི། །ཐམས་ཅད་ངོ་སྤྲོད་པ་ལ་འགོད། །དུས་བཞི་མཉམ་སྦྱོར་ཁྱད་པར་ཆེ། །གཞི་ལས་གྲོལ་བས་ཁྱད་པར་འཕགས། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ཐེག་པའི་ཁྱད་པར་མཚོན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་


DNG005_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་ཁྱོད་ཉོན་ཅིག །རྫོགས་པའི་རྫོགས་ལུགས་བསྟན་པ་ནི། །ཉོན་མོངས་དུག་ལྔའི་དགྲ་བཅོམ་ནས། །འདས་པ་ལྔ་རུ་གྲོལ་བས་ན། །ཉན་ཐོས་གྲུབ་མཐའི་འབྲས་བུ་རྫོགས། །ངོ་བོ་གསལ་བས་སེམས་ཙམ་རྫོགས། །རང་བཞིན་སྟོང་པས་དབུ་མ་རྫོགས། །འདས་པ་གསུམ་གྱིས་ཀྲི་ཡ་རྫོགས། །སྐུ་ལྔ་རིགས་ལྔ་དབྱིངས་དང་ཡེ་ཤེས་ཀྱིས། །ཡོ་ག་མ་ཧཱ་ཨ་ནུའི་ཐེག་པ་རྫོགས། །འདས་པ་ལྔ་ཡིས་ཐམས་ཅད་ཁྱབ། །རྫོགས་པ་ཆེན་པོའི་ལྟ་བ་རྫོགས། །ཕྱོགས་སུ་མ་ལྷུང་རྒྱ་མ་ཆད། །མཚན་མ་རང་སར་གྲོལ་བ་ནི། །སྙན་བརྒྱུད་བྱིན་རྒྱུད་གྲུབ་མཐའ་རྫོགས། །ལྟ་སྒོམ་སྤྱོད་པ་འབྲས་བུ་རྫོགས། །ཡེ་ཤེས་ལྔ་དང་སྐུ་ལྔ་རྫོགས། །འགྲོ་བ་རིགས་དྲུག་མུ་སྟེགས་རྟག་ཆད་རྫོགས། །འགག་པ་མེད་པའི་ཤེས་རབ་རང་བྱུང་བས། །མཚན་མ་སྣ་ཚོགས་དག་པའི་ཞིང་དུ་སངས། །ཆོས་མིན་འབྱེད་པ་མེད་པའི་ཀློང་དུ་རྒྱས། །མ་བསྒྲིབས་ཡོངས་ལ་གསལ་བས་ན། །ཅིར་ཡང་མི་འགག་ཕྱོགས་རིས་མི་མངའ་བས། །ཐམས་ཅད་མ་ལུས་ལུས་མེད་རང་སྣང་ཡིན། །ཤེས་རབ་ཡོངས་གཅོད་མ་འགགས་པས། །ངེས་པའི་ཚིག་ནི་མཁྱེན་པའི་ཡེ་ཤེས་ཡིན། །དབྱེ་བ་ཕྱི་ནང་གསང་བ་ཡང་གསང་ཡིན། །ཤེས་རབ་ལྡང་ཚད་ཆོས་ཀུན་རང་གྲོལ་ཡིན། །འུབ་ཆུབ་ཡེ་ཤེས་ཤེས་པས་ཤེས་རབ་ཡིན། །རང་སྣང་རང་འབྱུང་ཤེས་པས་སྦྱིན་པ་རྫོགས། །རིག་པ་རང་གྲོལ་ཤེས་པས་ཚུལ་ཁྲིམས་རྫོགས། །གཉིས་མེད་ཟང་ཐལ་ཤར་བས་བཟོད་པ་རྫོགས། །ཆོས་མིན་ཟང་ཐལ་ཤར་བས་བརྩོན་འགྲུས་རྫོགས། །ཐམས་ཅད་ཐིག་ལེར་ཤར་བས་


DNG005_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་རྫོགས། །སྣང་སྲིད་ལྷག་མཐོང་ཤར་བས་ཤེས་རབ་རྫོགས། །ཆོས་སྐུ་རང་ལ་ཤར་བས་ཐབས་ཆེན་རྫོགས། །མཚན་མ་རང་གྲོལ་སྟོབས་ཀྱང་རྫོགས། །སྣང་བ་རྒྱ་ཡན་སྨོན་ལམ་རྫོགས། །འདུ་འབྲལ་མེད་པས་ཡེ་ཤེས་རྫོགས། །འོད་ལྔ་འབྱུང་བས་རིན་ཆེན་སྣ་ལྔ་རྫོགས། །རྫོགས་པའི་གདམས་ངག་མ་ཤེས་ན། །བོང་བུས་སེང་ལྤགས་གོན་པ་འདྲ། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། རྫོགས་ལུགས་ཀྱི་ངོ་སྤྲོད་དབང་བསྐུར་ཆེན་པོའི་ལེའུ་སྟེ་ཉེར་དགུ་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །དེ་ནི་སྤྱི་ཡི་མཚན་ཉིད་ཡིན། །རང་གི་མཚན་ཉིད་འདི་ལྟ་སྟེ། །མིག་ནི་ཡུལ་ལས་འདས་པར་རྫོགས། །རྣ་བ་སྐུ་ལས་འདས་པར་རྫོགས། །ལྕེ་ནི་གཉིས་མེད་འདས་པར་རྫོགས། །སྣ་ནི་ཡེ་ཤེས་ཟང་ཐལ་རྫོགས། །འོག་སྒོ་གཞི་ལས་འདས་པར་རྫོགས། །ཚོགས་བརྒྱད་ཐིག་ལེ་ཡེ་ཤེས་བརྒྱད་དུ་རྫོགས། །ཕུང་པོ་ལྔ་ནི་འདས་པ་ལྔ་རུ་རྫོགས། །དུག་ལྔ་ཁོང་ཁྲོ་འདས་པ་ལྔ་རུ་རྫོགས། །འབྱུང་ལྔ་ཤ་ཁྲག་དྲོད་སེམས་དབུགས། །འདས་པ་ལྔ་རུ་རྫོགས་པས་དབང་ཆེན་ཐོབ། །སྙིང་སྟོད་སྐུ་ལས་འདས་པར་རྫོགས། །དབུས་ནི་ཡུལ་ལས་འདས་པར་རྫོགས། །སྨད་ནི་གཉིས་མེད་འདས་པར་རྫོགས། །བུབ་རིལ་ཆོས་ལས་འདས་པར་རྫོགས། །རྩ་རྣམས་ཐམས་ཅད་མཁྱེན་པར་རྫོགས། །ཟུར་བརྒྱད་ཡེ་ཤེས་བརྒྱད་དུ་རྫོགས། །ཐེལ་བརྒྱད་ཐིག་ལེ་བརྒྱད་དུ་རྫོགས། །ཤེལ་གྱི་སྦུ་གུ་ཐུགས་རྗེའི་རོལ་པར་རྫོགས། །ངོ་བོ་སྐུ་ལས་འདས་པར་རྫོགས། །རང་བཞིན་ཡུལ་ལས་འདས་པར་རྫོགས། །ཐུགས་རྗེ་གཉིས་མེད་འདས་པར་རྫོགས། །ཡོན་ཏན་ཡེ་ཤེས་ཟང་ཐལ་


DNG005_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས། །ཕྲིན་ལས་ཐམས་ཅད་མཁྱེན་པར་རྫོགས། །ས་རྣམས་མ་ལུས་བགྲོད་མེད་རྫོགས། །སྣང་བ་འོད་གསལ་ཕྱི་ཡི་ཚོགས་ལམ་རྫོགས། །ཚོགས་དྲུག་རང་གྲོལ་ནང་གི་ཚོགས་ལམ་རྫོགས། །འགྱུ་བ་ལམ་ཁྱེར་གསང་བའི་ཚོགས་ལམ་རྫོགས། །སྣང་རིག་དབྱེར་མེད་ཤར་བས་སྦྱོར་ལམ་རྫོགས། །ཡེ་ཤེས་ཟང་ཐལ་ཤར་བས་མཐོང་ལམ་རྫོགས། །གཉིས་མེད་ཟང་ཐལ་ཤར་བས་བསྒོམ་ལམ་རྫོགས། །ཐམས་ཅད་མཚན་མ་རང་སར་གྲོལ། །མཐར་ཕྱིན་ལམ་ནི་རྫོགས་པའོ། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། དབང་རྫོགས་རང་ཆས་སུ་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །གཞི་དང་ལམ་དང་འབྲས་བུ་རྣམས། །དེ་ཡི་ངོ་སྤྲོད་བསྟན་པར་བྱ། །ཉན་ཐོས་དུག་ལྔ་སྤངས་ལམ་ཡིན། །བྱང་ཆུབ་སེམས་དཔའ་སྤྱོད་ལམ་ཡིན། །སྔགས་ཀྱི་ཐེག་པ་བསྒྱུར་ལམ་ཡིན། །རྫོགས་ཆེན་གཞི་ལམ་དབྱེར་མེད་ཡིན། །བཀའ་རྒྱུད་གཞི་ལམ་རང་གྲོལ་ཡིན། །ཐུགས་རྗེ་བཀྲག་མདངས་ཉི་མ་འབུམ་གྱི་གཟི། །བདག་བློ་འཁྲུལ་པའི་བློ་ཡི་མུན་པ་བསལ། །ཐུགས་རྗེ་སྤྱན་ཅན་ཡེ་ཤེས་ཁོང་ནས་ཤར། །འཁོར་བ་རྣམ་བཞིའི་སྲོག་བཅད་པས། །ཐིག་ལེ་ཡེ་ཤེས་ཟང་ཐལ་ཐོབ། །གཞི་དང་རྒྱུད་དང་ལམ་དང་འབྲས་བུ་ཆོད། །སད་པ་བཞི་དང་བདུད་བཞི་ཆོམས་པ་ཡིན། །ཡེ་ཤེས་ཉི་མ་ཐུགས་ཀྱི་ཀློང་ལས་ཤར། །སྐུ་བཞི་རང་སར་གྲོལ་བས་བདུད་བཞིའི་སྒྲིབ་པ་དག །འོད་ལྔ་ལམ་དུ་ཤར་བས་འཁོར་བའི་རྩ་བ་སྨིན། །ཁམས་གསུམ་རྩ་བ་ཆོད་པས་སྲིད་གསུམ་རྩེ་ནས་འགྱེལ། །གཞི་དང་འོད་སྣང་བར་ན་གཉིས་མེད་ཤར་བས་ཡོན་ཏན་ཡེ་ཤེས་


DNG005_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། །ཡིད་དང་འགྱུ་བ་འོད་དང་གསུམ། །རང་བྱུང་རང་ལ་ཤར་བས་སྐུ་གསུམ་ལམ་དུ་བསླང་། །འབྱུང་ལྔ་རང་བྱུང་འོད་ལས་གྲོལ་བ་ན། །ལྔ་ལྡན་ཡེ་ཤེས་མིག་གཅིག་དྲི་མ་མེད། །ཐུགས་རྗེ་བྱིན་རླབས་མཁའ་ལ་ཉི་ཤར་འདྲ། །བསྐལ་པ་བར་པའི་སངས་རྒྱས་འོད་སྲུངས་དང་། །ཐོག་མའི་སངས་རྒྱས་འོད་དཔག་མེད་པ་དང་། །ཐ་མའི་སངས་རྒྱས་མར་མེ་མཛད་དང་གསུམ། །བཀའ་བགྲོས་རྒྱུད་དུ་བྱིན་བརླབས་ནས། །སངས་རྒྱས་བཀའ་བགྲོས་རྒྱུད་ཅེས་བྱ། །གཞི་ཡི་ཆོས་ལྔ་ལྷུན་གྲུབ་ཡིན། །དེ་མ་ཤེས་པས་འཁྲུལ་པ་ཡིན། །ལམ་གྱི་འོད་ལྔ་རང་སྣང་ཡིན། །དེ་མ་ཤེས་པས་འཁོར་བ་ཡིན། །འབྲས་བུ་འཁོར་བ་རྣམ་བཞི་ཡིན། །དེ་མ་ཤེས་པས་དངོས་པོ་ཡིན། །གཞི་ཤེས་པས་ནི་གྲོལ་བ་དེ། །ཐམས་ཅད་མཁྱེན་པ་ཐོབ་པ་ཡིན། །ལམ་ཤེས་པས་ནི་རང་བྱུང་བ། །འཁོར་བའི་གཡང་ས་ཆོད་པ་ཡིན། །འབྲས་བུ་འདས་པ་སྔར་གྲོལ་བས། །འཁོར་བའི་འབྲས་བུ་ཆོད་པ་ཡིན། །ཡེ་ཤེས་སྤྱན་གསུམ་གཅིག་ཏུ་དྲིལ། །སངས་རྒྱས་སྤྱན་ཞེས་རབ་ཏུ་བརྗོད། །སངས་རྒྱས་ཀུན་གྱི་དགོངས་པ་ནི། །གོས་དཀར་མོ་ཞེས་བརྗོད་པ་ཡིན། །དགོངས་པ་ཕྱོགས་མེད་ཁྱབ་པ་ཡིས། །ནམ་མཁའི་དབྱིངས་ཕྱུག་མ་ཞེས་བརྗོད། །ཐུགས་རྗེའི་རླན་དང་མི་འབྲལ་བས། །མཱ་མ་ཀི་ཞེས་རབ་ཏུ་བརྗོད། །ཐུགས་རྗེ་ཀུན་ལ་སྙོམས་པར་འཆར། །དམ་ཚིག་སྒྲོལ་མ་ཞེས་བྱའོ། །ཐེག་པའི་རང་བཞིན་ཤེས་རབ་སྙིང་རྗེ་སྟེ། །ཕྱི་ཡི་ཁྱད་པར་ཐེག་པ་ཆེ་ཆུང་བསྟན། །འོག་མ་རྣམས་ནི་རང་དོན་སྤྱོད་པ་ཡིན། །སྔགས་ཀྱི་ཐེག་པ་གཉིས་ཀ་སྤྱོད་པ་ཡིན། །རྫོགས་པ་ཆེན་པོ་དབྱེ་བ་མེད་པ་ཡིན། །བཀའ་


DNG005_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འདི་ནི་བདག་དོན་གཞན་དོན་གཉིས། །རང་གྲོལ་དབང་པོའི་ཁྱད་པར་སྟོན་པ་ཡིན། །ཐབས་དང་ཤེས་རབ་ཉན་ཐོས་ཉིད་དུ་ལྟུང་། །སྙིང་རྗེ་དང་ནི་ཤེས་རབ་ཀྱིས། །འགྲོ་དོན་མ་ལུས་བྱེད་པ་པོ། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ཀྱིས་འགྲོ་དོན་བྱེད། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ལམ་རྣམས་ཀུན་གྱི་མཆོག་ཏུ་བཤད། །ཐུན་མོང་ཁྱད་པར་མཆོག་དང་གསུམ། །ལོག་ལྟ་མ་དད་ལེ་ལོ་དང་། །མ་རིག་པ་དེ་ལམ་དུ་སློང་། །ངོ་སྤྲོད་སངས་རྒྱས་ས་ལ་འགོད། །ལམ་གྱི་མཆོག་ཅེས་བྱ་བའོ། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། ངོ་སྤྲོད་ཀྱི་ལྟ་བསྒོམ་ལས་གྲོལ་བའི་ལེའུ་སྟེ་སོ་གཅིག་པའོ།། །། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །རྩ་དང་རླུང་དང་ཐིག་ལེ་དང་། །ཡེ་ཤེས་རྣམ་པ་བཞི་རུ་འདུས། །ཐུན་མོང་ཁྱད་པར་མཆོག་དང་གསུམ། །ཐུན་མོང་འཁོར་ལོ་ལྔ་ལ་གནས། །བརྒྱ་དང་ཉི་ཤུ་རྩ་བཞི་ཡོད། །དེ་ཡང་བསྡུས་པས་གསུམ་དུ་འདུས། །དེ་ཡང་ཨ་བ་དྷཱུ་ཏིར་འདུས། །ཨ་ནི་ཚིག་དབང་རིན་པོ་ཆེ། །ཝ་ནི་གསང་བའི་ཡེ་ཤེས་དབང་། །འ་ནི་ཤེས་རབ་དབང་ཡིན་ནོ། །དྷཱུ་ནི་ཐབས་ཀྱི་དབང་ཡིན་ནོ། །ཏི་ནི་བུམ་པའི་དབང་ཞེས་བྱ། །ཐམས་ཅད་འདུས་པས་བུམ་པའི་དབང་། །ཚིག་ཏུ་མཚོན་པས་མིང་གི་དབང་། །བརྒྱུད་པ་མ་ཆད་ཆུ་ཡི་དབང་། །རང་ཆོས་སྟོན་པས་དབུ་རྒྱན་དབང་། །ཟུང་དུ་འདྲེལ་པས་རྡོ་རྗེ་དྲིལ་བུའི་དབང་། །རིག་པའི་དབང་ལྔ་ཞེས་ཀྱང་དེ་ལ་བྱ། །དེ་ནི་ཁྱད་པར་དབང་ཞེས་བྱ། །ད་ནི་མཆོག་གི་རྩ་བསྟན་པ། །ཟག་པ་མེད་པའི་དབང་བསྐུར་ཏེ། །གཞི་ལ་རྩ་རླུང་ལྷུན་གྱིས་གྲུབ། །ཕྲ་བའི་རྩ་དང་རིག་པའི་རྩ། །དངོས་པོ་འཁྲུལ་པའི་རྩ་དང་གསུམ། །དང་པོའི་རྩ་ནི་ཟག་བཅས་ཡིན། །དེ་ལ་སྦྱངས་ན་བདེ་བ་སྐྱེ། །བདེ་བ་སྐྱེས་ནས་ལམ་དུ་འཇུག །ཟག་མེད་རྩ་ནི་བཀའ་བརྒྱུད་ཡིན། །གཞི་ཡི་རྩ་དང་རླུང་དང་ནི། །ཐིག་ལེ་ལྷན་སྐྱེས་ཡེ་ཤེས་དང་། །ལམ་དུ་ད་ལྟ་བར་དོ་ལ། །ཟག་པ་མེད་པའི་ངོ་སྤྲོད་ཡིན། །འབྲས་བུ་རང་སར་གྲོལ་བའོ། །ངོ་སྤྲོད་ཤིན་ཏུ་གཅེས་པ་ཡིན། །


DNG005_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བཀའ་བརྒྱུད་བྱིན་བརྒྱུད་དང་། །ཐུགས་སུ་བརྒྱུད་པའི་རྩ་ཡིན་པས། །བསྐལ་པ་འཁྲུགས་ཀྱང་ཁར་མ་འབྱིན། །སེམས་ཅན་ལས་འཕྲོ་མེད་པ་དང་། །འོག་མའི་གྲུབ་མཐའི་སྒོར་ཞུགས་པས། །དངངས་ཤིང་སྐྲག་ནས་སྐུར་པ་འདེབས། །དེ་ཡི་རྣམ་སྨིན་འབྲས་བུ་ནི། །རྡོ་རྗེའི་དམྱལ་བར་ལྟུང་བར་འགྱུར། །དེས་ན་བསྐལ་པ་ཁར་མ་འབྱིན། །དུས་ངན་ཐ་མ་བྱུང་བའི་ཚེ། །མར་མེ་འཆི་ཀར་གསལ་བ་ཡིན། །བསྟན་པ་ནུབ་ཀར་དམ་ཆོས་དར། །གསལ་བ་རང་གིས་འཆི་བ་ཡིན། །དར་བ་རང་གིས་ནུབ་པ་ཡིན། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། རྩ་རླུང་ཐིག་ལེ་ཡེ་ཤེས་རླུང་གི་ལེའུ་སྟེ་སོ་གཉིས་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་འདི། །ངོ་སྤྲོད་དབང་བསྐུར་རྒྱུད་ཡིན་ཏེ། །བྱིན་གྱིས་བརླབས་ཀྱིས་བཤད་པ་ཡིན། །འཁོར་བ་དོང་སྤྲུག་རྒྱུད་དུ་ཟུང་། །ཡེ་ཤེས་སྤྱན་གསུམ་རྒྱུད་དུ་ཟུང་། །དབང་བསྐུར་རྒྱལ་པོའི་རྒྱུད་དུ་ཟུང་། །ཡེ་ཤེས་རྟེན་རྫོགས་རྒྱུད་དུ་ཟུང་། །ཡེ་ཤེས་འཁོར་ལོའི་རྒྱུད་དུ་ཟུང་། །ངོ་སྤྲོད་ཆེན་པོའི་རྒྱུད་དུ་ཟུང་། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔས་གསོལ་པ། ལེགས་སོ་རྫོགས་སངས་རྒྱས་པའི་མཆོག །དེ་ལྟར་གསུངས་པར་རྗེས་ཡི་རང་། །འཁོར་རྣམས་རབ་ཏུ་དགྱེས་པའོ། །བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེ། །ཞེས་གསུངས་སོ། །ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་སོ་གསུམ་པའོ།། །།ལྷ་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ་རྫོགས་སོ། །བི་མ་ལའི་གདམས་པ། བོད་རྒྱལ་ཁམས་ཡོངས་ལ་བཙད་པོ་ཆེ་ན་ཁྲིམས་ཀྱིས་ཆེ། །བོད་འབངས་ཡོངས་ལ་དཀོན་མཆོག་མཉན་ན་བདེ། །སྔགས་པ་ཀུན་གྱིས་ངན་སྔགས་ཐུབ་ན་བཙུན། །རྣལ་འབྱོར་རྣམས་ཀྱིས་ཚུལ་འཆོས་སྤངས་ན་བཟང་། །བླ་མའི་གདམས་པ་བསྒྲུབས་ན་གྲུབ། །གཙོ་བོ་རྣམས་ཀྱིས་ཆད་ལས་མི་འགལ་བཟང་། །མོ་བཙུན་རྣམས་ཀྱིས་ལུས་ཁྲིམས་དམ་ན་བཙུན། །ཆོས་སྐྱོང་སྲུང་མས་བསྟན་པ་བསྲུངས་ན་བཙུན། །གདམས་ངག་སྲོག་པས་གཅེས་པ་བྱས་ན་ཕྱི་ཕྱིར་བཙུན། །སློབ་དཔོན་བི་མ་ལས་དེ་སྐད་གསུངས་སོ།། །།

འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ།


DNG005_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་དྷཱ་ཥ་ཏནྟྲ་རཏྣ་མཱ་ལཱ་ནཱ་མ།བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །མ་རིག་པས་ནི་རྒྱུ་བྱས་ནས། །ལས་དང་ཉོན་མོངས་རྐྱེན་དབང་གིས། །སྡུག་བསྔལ་རྒྱ་མཚོར་ཆུད་པ་རྣམས། །སྡུག་བསྔལ་མཚོ་ལས་བཏོན་པ་ནི། །བྱང་ཆུབ་བདེ་ལ་བཀོད་པའི་ཕྱིར། །གསང་དབང་ལག་ན་རྡོ་རྗེ་ཡིས། །འཇམ་དཔལ་དོན་གྱི་མཚན་བརྗོད་པའི། །རྒྱུད་ཀྱི་སྙིང་པོ་ལྷུན་རྫོགས་འདི། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཐུབ་པའི་དབང་པོ་ཉིད་ལ་ཞུས། །དེ་དོན་ཕྱིན་ཅི་མ་ལོག་པར། །རྗེས་འཇུག་རྣམས་ཀྱིས་རྟོགས་བྱའི་ཕྱིར། །གསལ་བྱེད་སྒྲོན་མ་ལྟ་བུ་ཞུས། །ཨེ་མ་ཆོས་རྣམས་ཀུན་སྟོན་ཅིང་། །ཟབ་ཅིང་རྒྱ་ཆེའི་དོན་སྟོན་པ། །འཇམ་དཔལ་དོན་གྱི་མཚན་བརྗོད་པའི། །རྒྱུད་ཀྱི་སྙིང་པོ་ལྷུན་རྫོགས་འདི། །མར་མེ་འཆི་ཀའི་འོད་བཞིན་དུ། །བསྟན་པ་འཇིག་ཀའི་དུས་དག་ཏུ། །རྒྱལ་བའི་ཐུགས་རྗེའི་བྱིན་རླབས་ཀྱིས། །འཛམ་བུ་གླིང་གི་དབུས་སུ་དར། །སྐལ་ལྡན་རྣམས་ཀྱི་སྒྲོན་མེ་བྱེད། །ལས་དང་ཉོན་མོངས་གཉེན་པོ་བྱེད། །དང་པོའི་འོག་མིན་ཆོས་དབྱིངས་སུ། །གསང་སྔགས་གླུ་འདི་རང་སྒྲར་བཤད། །སངས་རྒྱས་རྡོ་རྗེ་འཆང་ཆེན་གྱིས། །སངས་རྒྱས་དཔག་མེད་རྣམས་ལ་གསུངས། །དེ་ནས་ལྷ་གནས་གསུམ་དུ་གྲགས། །སྤྲུལ་སྐུ་འཁོར་ལོ་བསྒྱུར་རྒྱལ་གྱིས། །ལྷ་རྣམས་དང་ནི་དྲང་སྲོང་དང་། །རིག་འཛིན་ཚོགས་ལ་བཤད་པ་ཡིན། །ཐ་མ་འཛམ་གླིང་དབུས་སུ་གྲགས། །བྱ་རྒོད་ཕུང་པོའི་རི་ཡི་འགྲམ། །བྱ་རྐང་རི་ཡི་རྩེ་དག་ལ། །སངས་རྒྱས་བཅོམ་ལྡན་ཤཱཀྱ་ཐུབ་ཀྱིས། །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །ཁྲོ་ཚོགས་ལྔ་བརྒྱ་དང་བཅས་ལ། །ཟབ་ཅིང་རྒྱ་ཆེའི་མཚན་དོན་བཤད། །གསང་བའི་བདག་པོ་ཉིད་ཀྱིས་བསྡུས། །འཕགས་པ་འཇམ་དཔལ་གྱི་


DNG005_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། བྱུང་ཚུལ་བསྟན་པའི་ལེའུ་སྟེ་དང་པོའོ།། །དེ་ནས་གསང་དབང་ལག་ན་རྡོ་རྗེ་ཡིས། །སྟོན་པ་ལ་ནི་དྲི་བ་དྲིས། །འཇམ་དཔལ་དོན་གྱི་མཚན་བརྗོད་པའི། །རྒྱུད་ཀྱི་སྙིང་པོ་ལྷུན་རྫོགས་འདི། །བཤད་པའི་ཚུལ་ནི་ཇི་ལྟར་བཤད། །རྒྱུད་ཀྱི་དོན་ནི་ཇི་ལྟ་བུ། །རྒྱུད་ཀྱི་མཚན་ཉིད་ཇི་ལྟར་ལགས། །ལེའུའི་སྐབས་རྣམས་དུ་ཞིག་མཆིས། །ལེའུ་དྲུག་ཡེ་ཤེས་འཆང་བ་ཅི། །རིམ་གྱིས་གོ་རིམ་མ་མཐུན་གང་། །རྒྱས་བསྡུས་རིམ་པ་དུ་ཞིག་གསུངས། །སྒྲུབ་ཐབས་ལྷ་ནི་དུ་ཞིག་མཆིས། །ཟབ་མོ་རྫོགས་པའི་རིམ་པ་ཡི། །གདམས་ངག་གནད་ནི་ཇི་ལྟར་ལགས། །ཚིག་གི་བཀའ་ཚོམས་ཇི་ལྟར་བཤད། །དྲི་བ་རྣམ་པ་བཅུ་ཡི་དོན། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་སྐད་ཞུས་པའི་ཚིག་དོན་རྣམས། །འཁོར་གྱི་རྟོག་པ་བསལ་བའི་ཕྱིར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་མཛོད། །འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། འཁོར་གྱིས་ཞུས་པའི་ལེའུ་སྟེ་གཉིས་པའོ།། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །འཁོར་ལ་ཞལ་གཟིགས་འཛུམ་པ་མཛད། །ལྗགས་བརྐྱངས་ནས་ནི་ཚིག་གསུངས་པ། །འཇམ་དཔལ་དོན་མཚན་བརྗོད་པ་ཡི། །རྒྱུད་ཀྱི་སྙིང་པོ་ལྷུན་རྫོགས་འདི། །བཤད་ཚུལ་རྣམ་པ་བཞི་ཡིན་ཏེ། །ཆོས་རྣམས་ཟབ་ཅིང་རྒྱ་ཆེ་བའི། །བདག་ཉིད་དུ་ནི་སངས་རྒྱས་དང་། །འགྲོ་བས་དེ་མ་རྟོགས་ཚུལ་དང་། །ཐུགས་རྗེ་བསྐྱེད་ཚུལ་ཉིད་དང་ནི། །དེ་ལས་དམ་ཆོས་གསུང་ཚུལ་ལོ། །དམ་ཆོས་གསུང་ཚུལ་རྣམ་བཞི་སྟེ། །རྒྱས་པར་གསུང་དང་འབྲིང་བསྡུས་འཇུག །དེ་ལས་རྒྱས་པར་གསུངས་པ་ནི། །དུག་གསུམ་ཉོན་མོངས་ཆ་མཉམ་པའི། །གཉེན་པོ་བརྒྱད་ཁྲི་བཞི་སྟོང་ངོ་། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་སྟོན་པའོ། །འབྲིང་ནི་རྣམ་པ་


DNG005_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཏེ། །མདོ་དང་དབྱངས་དང་ལུང་དུ་བསྟན། །ཚིག་བཅད་ཆེད་བརྗོད་གླེང་གཞིའི་སྡེ། །རྟོགས་བརྗོད་དེ་བྱུང་སྐྱེས་པའི་རབས། །རྒྱས་དང་རྨད་བྱུང་གཏན་ལ་ཕབ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །བསྡུས་པ་སྡེ་སྣོད་གསུམ་དག་སྟེ། །མདོ་སྡེ་འདུལ་བ་ཆོས་མངོན་ནོ། །དེ་ཡང་རྣམ་པ་བཞི་ཡིན་ཏེ། །གང་གསུང་གང་དུ་གང་གི་ཕྱིར། །ཚུལ་ནི་ཇི་ལྟར་བསྡུས་པའོ། །གང་ནི་བཅུ་དང་གཉིས་བཤད་པའོ། །གང་དུ་སྡེ་སྣོད་གསུམ་དུའོ། །གང་ཕྱིར་རྣམ་པ་གསུམ་ཡིན་ཏེ། །གཉེན་པོའི་དོན་ཕྱིར་གསུམ་ཉིད་དང་། །བསླབ་གསུམ་རྒྱུད་ལ་སྐྱེ་ཕྱིར་གསུམ། །ཆོས་དང་ཆོས་ཕྱིར་བསྡུ་བ་གསུམ། །བསྡུ་ཚུལ་ལ་ནི་རྣམ་གཉིས་ཏེ། །དོན་དང་ཚིག་གི་སྒོ་ནས་སོ། །དོན་ལ་རྣམ་པ་གསུམ་བཤད་དེ། །བསྒོམ་པ་གཙོར་སྟོན་མདོ་ཡི་སྡེ། །བསྲུང་སྡོམ་གཙོར་སྟོན་འདུལ་བ་ཡིན། །ལྟ་བ་གཙོར་སྟོན་མངོན་པ་ཡིན། །ཚིག་བསྡུ་རྣམ་པ་གསུམ་ཡིན་ཏེ། །ཐེག་པ་ཆེ་ཆུང་ཐུན་མོང་གསུམ། །མདོ་སོགས་རིམ་ལྔ་མདོ་ཡི་སྟེ། །དེ་རྗེས་རྣམ་བཞི་འདུལ་བ་སྟེ། །ཐ་མ་གསུམ་ནི་མངོན་པའོ། །དེ་ནི་ཐེག་པ་ཆུང་ངུ་ཡིན། །རྒྱས་དང་རྨད་བྱུང་མདོ་ཡི་སྡེ། །མདོ་སོགས་རྒྱུ་ནི་འདུལ་བ་ལ། །གཏན་ལ་ཕབ་པ་མངོན་པ་སྟེ། །དེ་ནི་ཐེག་པ་ཆེན་པོའི་གཞུང་། །དང་པོ་ལྔ་ནི་མདོ་ཡི་སྟེ། །དེ་རྗེས་དྲུག་ནི་འདུལ་བ་ཡིན། །ཐ་མ་མངོན་པ་ཐུན་མོང་གཞུང་། །ཐེག་པ་མཆོག་གསུམ་སྟོན་པ་པོ། །གང་ཟག་བློ་ཡི་རིམ་པ་གཉིས། །ཐེག་ཆེན་ཐུན་མོང་མ་ཡིན་པའི། །དབང་དུ་བྱས་ཏེ་བཤད་པ་ལ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །དེ་ལ་ཡང་ནི་ལྔ་ཡིན་ཏེ། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །འདི་ནི་འཇམ་དཔལ་སྐུ་ཡི་རྒྱུད། །ཟབ་དང་རྒྱ་ཆེའི་ལམ་དང་འབྲས། །ཁྱད་པར་བཤད་ལུགས་བཞི་ཡིས་བཤད། །ཐུན་མོང་བཅུ་


DNG005_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལུགས་ཀྱིས་བཤད། །སྟོན་པ་གནས་འཁོར་དུས་ལ་སོགས། །ཕུན་ཚོགས་ལྔ་ཡིས་གཞི་བཟུང་ལ། །བཤད་ཚུལ་བདུན་གྱིས་གནས་སྐབས་སྦྱར། །ཁྱུང་ཆེན་ནམ་མཁར་ལྡིང་བ་ལྟར། །རྒྱུད་ཀྱི་སྤྱི་ཁོག་ཕུབ་ཏེ་བཤད། །སྟག་གི་མཆོངས་སྟབས་ལྟ་བུ་ཡིས། །རྒྱུད་ཀྱི་གཞུང་ཚོགས་ས་རྣམས་བཅད། །ངང་མོ་གཞིབ་པའི་འགྲོས་ལྟ་བུས། །གོང་འོག་ཚིག་གི་འདྲེལ་པར་སྦྱར། །ཆེ་འགྲན་རྩོད་པ་ལྟ་བུ་ཡིས། །བརྒལ་བ་ལན་གྱིས་བསྙད་པར་བྱ། །དྲང་དཀའ་དཔང་པོ་ལྟ་བུ་ཡི། །ལུང་གིས་གང་ཟག་ཡིད་ཆེས་བྱ། །བྱ་གླག་གཟན་འཇུམ་ལྟ་བུ་ཡིས། །གདམས་ངག་གནད་ཕྱུང་སྐལ་ལྡན་དྲང་། །རུ་སྦལ་ནུར་འགྲོས་ལྟ་བུ་ཡིས། །ཡི་གེའི་འབྲུ་འཇོམས་ཚིག་མཐའ་བསྐྱལ། །འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། བཤད་ཐབས་ཀྱི་ཡན་ལག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག །གསང་བའི་རྒྱུད་ཀྱི་དོན་བསྟན་པ། །ངོ་བོ་ངེས་ཚིག་དབྱེ་བའོ། །ལྡང་ཚད་མཐུན་དཔེ་དགོས་འདྲེལ་ལོ། །དབྱེ་བ་རྣམ་བཞིར་ཤེས་བྱ་སྟེ། །ཚིག་དོན་སྒོ་ནས་དབྱེ་བ་དང་། །གཞི་ལམ་འབྲས་བུར་དབྱེ་བ་དང་། །རྩ་བ་དང་ནི་ཡན་ལག་དང་། །ལྟ་སྤྱོད་སྒོ་ནས་དབྱེ་བའོ། །ངོ་བོ་དབྱེ་ལས་ཤེས་པར་བྱ། །ངེས་པའི་ཚིག་ནི་དྲུག་ཡིན་ཏེ། །ཕུན་སུམ་ཚོགས་ལྔས་འཆད་ཕྱིར་དང་། །འདྲེལ་དང་མ་ཚང་མེད་ཕྱིར་དང་། །འཁྲུགས་པའི་ཕྱིར་དང་རག་ལུས་ཕྱིར། །གསང་སྔགས་བསླབ་པ་སྟོན་ཕྱིར་རོ། །ལྡང་ཚད་དག་ནི་བཞི་ཡིན་ཏེ། །གླེང་གཞི་དང་ནི་གླེང་བསླང་དང་། །ཡོངས་སུ་ཤེས་བྱ་དངོས་པོ་བཅུ། །མཇུག་ཏུ་ཡོངས་སུ་གཏད་དང་བཞི། །དེ་ལ་དངོས་པོ་རྣམ་བཅུ་ནི། །ལྟ་བ་དཀྱིལ་འཁོར་དབང་དམ་དང་། །བསྒྲུབ་པ་ཕྲིན་ལས་སྔགས་ཕྱག་རྒྱ། །ཏིང་འཛིན་མཆོད་དང་རྣམ་བཅུ་ཡིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བསྟན། །ལྟ་བའི་དོན་ལ་རྣམ་བཅུ་སྟེ། །ངོ་བོ་མཚན་ཉིད་ངེས་ཚིག་དབྱེ། །མཐུན་


DNG005_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་རྟོགས་ཐབས་ཕན་ཡོན་དང་། །རྟོགས་པའི་རྟགས་དང་རྟོགས་པའི་ཚད། །མ་རྟོགས་ཉེས་དམིགས་སྒྲུབ་བྱེད་དོ། །སྐྱེ་འགག་མེད་དང་མཚན་ཉིད་གཞི། །ཆོས་ཀྱི་དབྱིངས་ལ་ལྟ་ཕྱིར་དང་། །མིང་ཙམ་སྣང་ཕྱིར་གཞིར་བཞེངས་དབྱེ། །མཐུན་དཔེ་རྣམ་ལ་བདུན་དུ་སྦྱར། །ཉི་མ་རྡོ་རྗེ་རིན་པོ་ཆེ། །ནམ་མཁའ་རྒྱ་མཚོ་པདྨ་གསེར། །ལུང་དང་གདམས་ངག་རྟོགས་པའི་ཐབས། །རྫོགས་སངས་རྒྱས་དང་སྒྲིབ་ལས་གྲོལ། །ཆགས་སྡང་ཀུན་བྲལ་ཕྱོགས་ཞེན་མེད། །འཁོར་བ་མི་སྤང་ལུང་དང་རིགས། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་པོ། །དཀྱིལ་འཁོར་དོན་ལ་རྣམ་གཉིས་ཏེ། །ཟབ་པ་ཆོས་ཉིད་དཀྱིལ་འཁོར་དང་། །རྒྱ་ཆེ་རྟགས་ཀྱི་དཀྱིལ་འཁོར་རོ། །ཆོས་ཉིད་དོན་གྱི་དཀྱིལ་འཁོར་ནི། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །སྐྱེ་མེད་ཆོས་དེ་སྣ་ཚོགས་དོན། །ཅི་ཡང་མིན་ལས་ཅིར་ཡང་འཆར། །དཀྱིལ་འཁོར་ཆེན་པོ་མཆོག་ཆེན་པོ། །རྒྱ་ཆེན་རྟགས་ལ་དགུ་ཡིན་ཏེ། །གཞི་དང་ངོ་བོ་ངེས་ཚིག་དང་། །དབྱེ་བ་སྣང་ལུགས་སྒོམ་ཐབས་དང་། །ཚད་དང་ཕན་ཡོན་ཉེས་དམིགས་སོ། །གཞི་ནི་ས་གཞི་ཕུང་པོ་སེམས། །ཕྱི་ནང་གསང་བར་ཤེས་པར་བྱ། །རྒྱལ་བའི་ཕོ་བྲང་འཁོར་དང་བཅས། །རིག་པ་ཆོས་ཉིད་སྙིང་པོ་ལ། །རིགས་བཞི་ལྷ་དང་ལྷ་མོའི་འཁོར། །དཀྱིལ་འཁོར་ཞེས་ནི་དེ་ཕྱིར་བརྗོད། །དབྱེ་བ་གཟུགས་བརྙན་དཀྱིལ་འཁོར་དང་། །ཏིང་འཛིན་རང་བཞིན་དཀྱིལ་འཁོར་གསུམ། །གོམས་དང་མ་གོམས་བྱེ་བྲག་གིས། །དངོས་དང་ཏིང་འཛིན་ཡུལ་དུ་སྣང་། །ཡང་ན་དབང་པོ་རབ་འབྲིང་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའོ། །བསྒོམ་པ་རིམ་མམ་ཅིག་ཅར་རོ། །རྡུལ་ཚོན་འདོམ་གང་གྲུ་བཞི་ལ། །ཏིང་འཛིན་ལྕོགས་ཚད་ཚད་ཡིན་ནོ། །བྲིས་པས་རྟོགས་པ་བསྐྱེད་བྱེད་ཅིང་། །བསྒོམ་པས་ཐ་མལ་ཞེན་པ་བཟློག །འཁོར་བ་མི་གྲོལ་ཉེས་པའི་སྐྱོན། །དབང་ལ་རྣམ་གཉིས་དེར་ཤེས་བྱ། །ཟབ་དོན་གྱི་


DNG005_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དབང་མཆོག་དང་། །རྒྱ་ཆེ་རྟགས་ཀྱི་དབང་ཉིད་དོ། །ཟབ་པ་དོན་གྱི་དབང་ཉིད་དོ། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པའི་དབང་ཅེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྒྱ་ཆེར་རྟགས་ཀྱི་དབང་བསྐུར་ལ། །རྣམ་པ་བཅུ་བཞིར་ཤེས་བྱ་སྟེ། །རྒྱུ་དང་ངོ་བོ་ངེས་ཚིག་དང་། །དབྱེ་བ་རྣམ་གྲངས་བསྐུར་ཚིག་དང་། །ཐོབ་རྐྱེན་ལས་དང་དབང་བསྐུར་ཐབས། །དུས་དག་དང་ནི་འཛིན་བྱེད་རྟེན། །དཔེ་དང་ཕན་ཡོན་ཉེས་དམིགས་སོ། །རྒྱུ་ནི་ས་བོན་ས་བོན་བཅས། །གོ་འཕང་གཞན་གྱི་རྒྱུད་ལ་དགོད། །གསང་སྔགས་ཀྱི་ནི་བསླབ་པ་དང་། །ཡོན་ཏན་དག་ལ་དབང་ཕྱིར་དབང་། །དབྱེ་བ་རྣམ་པ་བཞི་ཡིན་ཏེ། །བུམ་པའི་དབང་དང་གསང་བའི་དབང་། །ཤེས་རབ་ཡེ་ཤེས་དབང་ཉིད་དང་། །དབང་བཞི་པར་ནི་བསྟན་པ་ཡིན། །བུམ་པའི་དབང་ལ་བཅུ་གསུམ་སྟེ། །དང་པོར་བཞག་པའི་འཐད་པ་དང་། །དབང་བསྐུར་སྣོད་དུ་རུང་མི་རུང་། །སྐྱེ་རྒྱུ་ས་བོན་དེ་རྣམས་རྟགས། །མ་ཐོབ་རྟགས་དང་བསྐུར་བའི་དུས། །སྣོད་ངན་སྦྱང་དང་ངེས་ཚིག་དབྱེ། །དབང་སྐུར་སློབ་དཔོན་མཚན་ཉིད་དང་། །དཀྱིལ་འཁོར་དབང་གི་བྱེ་བྲག་གོ། །བུམ་པ་དང་པོར་བཞག་པ་ཡང་། །བུམ་པ་བཟང་པོ་ཆེ་བའི་མཆོག །བུམ་པས་དྲི་མ་འཁྲུད་བྱེད་ཅིང་། །སྣོད་དུ་རུང་བར་བྱེད་ཕྱིར་རོ། །དབང་བསྐུར་སྣོད་དུ་རུང་བ་ནི། །གསང་སྔགས་ལ་མོས་ངང་རྒྱུད་བཟང་། །བླ་མ་ལ་གུས་དམ་ཚིག་ལྡན། །དེ་ལ་དབང་རྣམས་རིམ་བཞིན་སྦྱིན། །སྣོད་དུ་མི་རུང་གང་ཟག་ནི། །དད་ཆུང་དམ་མེད་རྒྱལ་པོ་དང་། །རང་གི་བུ་དང་ཆུང་མ་ལ། །དབང་ནི་བསྐུར་བར་མི་བྱའོ། །བུམ་དབང་སྐྱེ་བའི་རྒྱུ་གསུམ་སྟེ། །རྒྱུ་ཡི་ཆོས་ཀྱིས་མི་ངོམས་ཤིང་། །འབྲས་བུའི་ཆོས་ལ་མོས་པ་སྐྱེ། །བླ་མ་ལ་གུས་དམ་ལ་གནས། །ཐར་པ་ཐོབ་འདོད་སྐྱེས་མཆོག་དེས། །བུམ་པའི་དབང་ཐོབ་དང་པོ་ཡིན། །ས་དེ་ཐོབ་པའི་རྟགས་དག་ཀྱང་། །རང་སེམས་ལྷར་གསལ་དམ་ཚིག་ལྡན། །བྱམས་དང་སྙིང་རྗེ་རབ་ཏུ་འཕེལ། །སློབ་དཔོན་སྤྱིར་ལེན་


DNG005_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་ཆུང་། །དབང་ཉིད་མ་ཐོབ་རྟགས་དག་ཀྱང་། །གསང་བའི་མན་ངག་འཆལ་བར་སྒྲོག །རྙེད་པ་འདོད་ཕྱིར་ཅི་ཡང་བྱེད། །རྡོ་རྗེ་སློབ་དཔོན་ལ་སྨོད་བྱེད། །སློབ་མ་དད་ལྡན་དབང་ལ་མོས། །དགོས་པའི་རྫས་ཚོགས་བསྐུར་བའི་དུས། །སྣོད་ངན་བྱུང་ན་སྦྱང་བའི་ཐབས། །སློབ་དཔོན་གྱིས་ནི་སྦྱིན་བསྲེག་དང་། །ཚ་ཚ་ལ་སོགས་མདོ་ཡང་གདོན། །སློབ་མས་སྒྲིབ་པ་རྒྱུན་གཅོད་གདོན། །ཕྱི་བཤགས་ནང་བཤགས་ཅི་ནུས་བྱ། །བུམ་པའི་དབང་གི་ངེས་ཚིག་ཀྱང་། །དབུ་རྒྱན་ལ་སོགས་རྫས་རྣམས་ཀུན། །གཅིག་པའི་ཕྱིར་དང་འདུས་ཕྱིར་དང་། །སྤྲོས་མེད་མཚོན་ཕྱིར་བུམ་པ་སྨོས། །དབྱེ་བ་ཕྱི་ནང་གསང་བ་གསུམ། །རང་ཤར་བརྡ་ཡི་བུམ་པ་ཕྱི། །རང་ལུས་རྟགས་ཀྱི་བུམ་པ་ནང་། །གསང་བ་ཆོས་ཀྱི་བུམ་པའོ། །དབང་བསྐུར་སློབ་དཔོན་མཚན་ཉིད་ནི། །ལྟ་བ་མ་ནོར་གདེང་ལྡན་ཞིང་། །ཏིང་འཛིན་ལྷ་གསལ་རྒྱུད་ལ་མཁས། །ལས་དང་བྱ་བའི་ཐབས་ལ་མཁས། །གྲུབ་པ་བརྙེས་པས་དབང་བསྐུར་བྱ། །འདི་ལ་དཀྱིལ་འཁོར་དུ་ཞེ་ན། །བསྡུས་དང་འབྲིང་དང་ཤིན་ཏུ་རྒྱས། །བསྡུས་པ་ཡེ་ཤེས་སེམས་དཔའོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །འབྲིང་ནི་རིགས་ལྔ་འཁོར་དང་བཅས། །ཕྱག་རྒྱ་བཞི་བཅུ་ཐམ་པའོ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །རྒྱལ་བ་རིགས་ལྔ་ཡབ་ཡུམ་དང་། །སེམས་དཔའ་སེམས་མ་སྒོ་བ་དང་། །ཉན་ཐོས་འཇིག་རྟེན་གཙོ་བོ་དང་། །དཀྱིལ་འཁོར་རྒྱལ་པོ་འདི་རུ་འདུས། །དེ་ལ་དབང་གི་བྱེ་བྲག་ནི། །དཀྱིལ་འཁོར་གང་བླང་བསྐུར་ཐབས་གང་། །སྒྲིབ་པ་གང་དག་གདམས་ངག་གང་། །ལྟ་བ་སྤྱོད་པ་དམ་ཚིག་དང་། །འབྲས་བུ་དག་དང་བརྒྱད་ཡིན་ནོ། །དཀྱིལ་འཁོར་རྡུལ་ཚོན་ཉིད་ལས་བླངས། །བསྐུར་གནས་སློབ་མའི་སྤྱི་བོར་བསྐུར། །སྒྲིབ་པ་ལས་ཀྱི་སྒྲིབ་པ་དག །གདམས་ངག་བསྐྱེད་རིམ་གདམས་ངག་སྟོན། །ལྟ་བ་སྔགས་


DNG005_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཉན་ཐོས་རྟོགས། །སྤྱོད་པ་དམ་རྫས་ལྔ་ལ་སྤྱོད། །དམ་ཚིག་རྩ་བ་གཅིག་ཉིད་དང་། །ཡན་ལག་དང་ནི་བཅས་པའོ། །འབྲས་བུ་མི་དང་ལྷ་གནས་སུ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ། །གསང་བའི་དབང་ལ་བརྒྱད་ཡིན་ཏེ། །རྒྱུ་དང་གང་ཟག་དགོས་ཆེད་དང་། །ཐོབ་པའི་རྟགས་དང་མ་ཐོབ་རྟགས། །སྲིད་པའི་འདོད་ཆགས་སྤངས་མ་སྤངས། །ངེས་པའི་ཚིག་དང་བྱེ་བྲག་གོ། །དཀའ་ཐུབ་སྡོམ་པས་མི་གདུང་ཞིང་། །གསང་བའི་དོན་མོས་སྐྱེ་བའི་རྒྱུ། །གང་ཟག་སྣོད་དུ་མི་རུང་བ། །དགེ་སློང་བྲམ་ཟེ་རྒད་པོ་དང་། །དད་མེད་དམ་མེད་འདིར་མ་ཡིན། །དགོས་ཆེད་མོས་དང་གསང་ཐུབ་དང་། །གསང་བ་སྔགས་ཀྱི་བྱིན་རླབས་འབྱུང་། །གསང་མཆོག་རྒྱལ་པོ་འདི་ཐོབ་ན། །གང་ཟག་རྣམས་ལ་མི་བརྟེན་ཅིང་། །རྒྱུད་རྣམས་གཙོར་ལེན་བསྒྲུབ་ལ་གུས། །དགོན་པ་ལ་དགའ་བཟླས་བརྗོད་གྲིམས། །ཐེག་པ་དམན་ཡང་གཏོང་བར་བྱེད། །འདི་ནི་གསང་མཆོག་ཐོབ་པའི་རྟགས། །དམན་པའི་སྦྱོར་བ་དང་དུ་ལེན། །གསང་བའི་དོན་ལ་སྐུར་པ་འདེབས། །གསང་བའི་གསང་མཚན་སྒྲོགས་ཤིང་གཤེ། །འདི་ནི་གསང་དབང་མ་ཐོབ་རྟགས། །གསང་བའི་དབང་མཆོག་འདི་ཐོབ་པས། །པད་ལྟར་སྲིད་པའི་འདོད་ཆགས་སྤང་། །དངོས་གྲུབ་འབྱུང་བའི་གསང་དབང་དེ། །ཀུན་ལ་གསང་ཕྱིར་གསང་ཞེས་བྱ། །གསང་དབང་བྱེ་བྲག་དགུ་ཡིན་ཏེ། །དཀྱིལ་འཁོར་བསྐུར་གནས་དག་པའི་ཚུལ། །གདམས་དང་ས་དང་བལྟ་བ་དང་། །སྤྱོད་པ་དམ་ཚིག་འབྲས་བུའོ། །དཀྱིལ་འཁོར་ཡབ་ཡུམ་མཁའ་ལས་བླང་། །བསྐུར་གནས་སློབ་མའི་ལྕེ་ལ་བླང་། །སྒྲིབ་པ་ངག་གི་སྒྲིབ་པ་དག །གདམས་ངག་རང་བྱུང་ཡེ་ཤེས་སྟོན། །སྐལ་བ་ས་བརྒྱད་ནོན་དང་མཚུངས། །བལྟ་བ་ཐེག་པ་སེམས་ཙམ་རྟོགས། །སྤྱོད་པ་སྦྱོར་སྒྲོལ་ལ་སོགས་པ། །གསང་བའི་མཛད་སྤྱོད་རྣམས་ལ་སྤྱོད། །དམ་ཚིག་ཉི་ཤུ་རྩ་བརྒྱད་བསྲུང་། །འབྲས་བུ་ཚེ་དབང་རིག་འཛིན་འཐོབ། །གསང་སྔགས་དོན་ཀུན་བསྐྱེད་པའོ། །ཤེས་རབ་ཡེ་ཤེས་དབང་མཆོག་ལ། །རྣམ་པ་བཅུ་གཅིག་ཤེས་


DNG005_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། །རྒྱུ་དང་སྣོད་དུ་མི་རུང་ཚད། །སྣོད་དུ་རུང་བའི་ཚད་དང་རྟེན། །དེ་ལ་ཆོས་ནི་དུ་ལྡན་དང་། །ཟུང་དུ་འདྲེལ་དང་ཐོབ་རྟགས་དང་། །མ་ཐོབ་རྟགས་དང་བསྐྱར་ཆོག་དང་། །ངེས་པའི་ཚིག་དང་བྱེ་བྲག་གོ། །ཐེག་ཆེན་མཆོག་ལ་རབ་མོས་ཤིང་། །བུམ་དང་གསང་བ་རྣམ་གཉིས་ཐོབ། །ཐབས་དང་ཤེས་རབ་ཟུང་དུ་འདྲེལ། །དེ་ནི་ཐོབ་པར་བྱེད་པའི་རྒྱུ། །ཤེས་རབ་ཡེ་ཤེས་ངོ་བོ་ནི། །ཀུན་གྱི་ཐུན་མོང་མ་ཡིན་པས། །སྨོད་དང་འཕྱ་དང་ཡལ་བར་དོར། །སྣོད་དུ་མི་རུང་བསྟན་མི་བྱ། །བཅུད་མཆོག་སེང་གེའི་འོ་མ་ནི། །སྣོད་མཆོག་རིན་ཆེན་གསེར་སྣོད་བླུག །མཆོག་ལ་མོས་ཤིང་དབང་གཉིས་བགྲོད། །ཤེས་རབ་ལྡན་ཞིང་དམ་ཚིག་ལྡན། །འདི་ནི་སྣོད་དུ་རུང་བའི་ཚད། །རྟེན་ནི་རང་བྱུང་ཡེ་ཤེས་ལ། །སྒྲོན་མུན་བསལ་བ་ཇི་བཞིན་ནོ། །ལུས་དང་ངག་ལ་བརྟེན་པའི་དབང་། །བགྲོད་པས་རྣམ་གཉིས་མི་རྟག་འགྱུར། །ཤེས་རབ་ལ་ནི་ཆོས་བཞི་སྟེ། །ངོ་བོ་ཉིད་དང་གསང་དོན་རྟོགས། །མ་བསྒྲིབས་པ་དང་རྣམ་བཞི་ཡིན། །ཡེ་ཤེས་ལ་ཡང་རྣམ་བཞི་སྟེ། །བྱེད་པ་མེད་པར་རང་བྱུང་དང་། །ཡེ་དོན་ངེས་པར་ཤེས་པ་དང་། །རྐྱེན་གྱིས་མི་འགྱུར་ཤེས་བྱ་གསལ། །གང་གིས་རང་བྱུང་རྟོགས་གྱུར་ན། །ཐབས་དང་ཤེས་རབ་ཟུང་དུ་འདྲེལ། །སྣང་བ་མི་འགོག་ཐབས་ཡིན་ནོ། །ཞེན་ཆགས་མེད་པ་ཤེས་རབ་ཡིན། །གང་གིས་གསང་ཆེན་རྟོགས་པའི་རྟགས། །འཁོར་བའི་ཆོས་ལ་ཞེན་པ་ལོག །མཉམ་པའི་རྗེས་སུ་གཞོལ་བའོ། །སྙིང་རྗེ་བྱང་སེམས་རབ་ཏུ་འཕེལ། །དབང་མཆོག་མ་ཐོབ་རྟགས་དག་ཀྱང་། །དབུལ་པོ་ཕྱུག་པོར་ཁས་འཆེ་འདྲ། །ནོར་འདོད་ཕྱིར་ན་ངན་ལས་བྱེད། །ཐེག་པ་ཆེན་པོར་ཁས་འཆེས་ཀྱང་། །ཐ་སྙད་འདོད་ཕྱིར་མི་ཕྱིར་འབྲང་། །དབང་མ་ཐོབ་སྟེ་བསྐུར་འདོད་ན། །དད་ལྡན་ཚུལ་ཤེས་ངན་སོང་སྦྱོང་། །ཚུལ་དང་ལྡན་པར་བྱིན་བརླབས་ཏེ། །ཡང་དང་ཡང་དུ་སྙོམས་འཇུག་གསལ། །བླ་མ་དཔེ་རུ་ནམ་མཁའ་གསལ། །ལུང་དང་མན་ངག་རིག་པས་སྐྱོར། །ཤེས་པ་རབ་ཡིན་ཡེ་ཤེས་ཡིན། །དེ་ཕྱིར་ཤེས་རབ་ཡེ་ཤེས་སོ། །བྱེ་བྲག་


DNG005_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་རྣམ་པ་བརྒྱད། །དཀྱིལ་འཁོར་བསྐུར་གནས་འདག་ཚུལ་དང་། །གདམས་ངག་བལྟ་སྤྱོད་དམ་ཚིག་དང་། །འབྲས་བུ་བསྟན་པ་ཉིད་དང་བརྒྱད། །དཀྱིལ་འཁོར་བླ་མའི་ཞལ་ལས་བླང་། །གནས་ནི་སློབ་མའི་སེམས་ལ་བསྐུར། །སྒྲིབ་པ་སེམས་ཀྱི་སྒྲིབ་པ་དག །གདམས་ངག་ཡེ་ཤེས་ངོས་བཟུང་སྟོན། །བལྟ་བ་གཉིས་མེད་ཡེ་ཤེས་རྟོགས། །སྤྱོད་པ་རང་ཤུགས་དགག་བསྒྲུབ་མེད། །དམ་ཚིག་མཉམ་པ་ཆེན་པོ་བསྲུང་། །འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །དབང་བཞི་ལ་ནི་དེ་དག་ལ། །རྒྱས་འདེབས་པ་ཡི་མན་ངག་སྟེ། །གཉིས་མེད་གཉིས་སུ་མེད་པར་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །རང་རིག་འགག་མེད་འདུས་མ་བྱས། །བདེ་ཆེན་རང་བཞིན་དངོས་མེད་སྟོན། །མ་སྐྱེས་གསལ་བ་ཡེ་ཤེས་སྐུ། །དེ་ཡི་གནས་ལ་གོམས་པར་བྱ། །དབང་བསྐུར་བ་དང་རབ་ཏུ་གནས། །གོ་འཕང་བསྒོམ་དང་རིང་དུ་སྦྱིན། །བྱིན་བརླབ་ཅེས་བྱ་རྣམ་གྲངས་སོ། །དེ་ལ་དབང་འདི་བསྐུར་ཚུལ་དང་། །སློབ་མའི་སྣོད་དང་མོས་སྦྱར་ལ། །ཏིང་ངེ་འཛིན་ནི་རྡུལ་ཚོན་ལ། །བརྟེན་ཏེ་རིམ་མམ་ཅིག་ཅར་བསྐུར། །དབང་ཐོབ་རྐྱེན་ལ་རྣམ་བཞི་སྟེ། །བླ་མས་དབང་ཐོབ་ནུས་ལྡན་དང་། །སློབ་མ་དད་ལྡན་ཡོད་པ་ལ། །བླ་མ་མཉེས་པར་བྱས་པ་དང་། །དབང་གི་ཆོ་ག་ལེགས་པའོ། །དབང་གི་ལས་ནི་སློབ་མ་ཡི། །དྲི་མ་དག་པར་བྱེད་པའོ། །བསྐུར་ཐབས་རྣམ་པ་བཞི་ཡིན་ཏེ། །ཕྱི་ལྟར་རྫས་ལ་བརྟེན་ནས་བསྐུར། །ནང་གི་རྫས་གཟུངས་བརྟེན་ཏེ་བསྐུར། །གསང་བ་ཏིང་ངེ་འཛིན་ལ་བསྐུར། །མཐར་ཐུག་གདམས་ངག་བརྟེན་ཏེ་བསྐུར། །དུས་ནི་སྡིག་པ་ལས་ལོག་པ། །གསང་སྔགས་ཆོས་ལ་མོས་དུས་སོ། །དབང་རྣམས་འཛིན་པའི་རྟེན་དག་ནི། །དམ་ཚིག་ཡིན་ཏེ་ཉམས་ན་ཡལ། །དཔེ་ནི་གྱང་དང་རི་མོ་ལྟར། །དབང་རྣམས་བསྐུར་བའི་ཕན་ཡོན་ནོ། །གསང་སྔགས་སྣོད་དུ་རུང་བ་དང་། །དུས་འདི་ཚུན་ཚད་རྒྱལ་བའི་སྲས། །དབང་མ་བསྐུར་བའི་ཉེས་དམིགས་


DNG005_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཉན་པ་ལ་སོགས་བརྩམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །དམ་ཚིག་དོན་ལ་རྣམ་གཉིས་ཏེ། །ཟབ་མོ་དོན་གྱི་མཚན་ཉིད་དང་། །རྒྱ་ཆེ་བསྲུང་བའི་དམ་ཚིག་གོ། །ཟབ་པ་དོན་གྱི་དམ་ཚིག་ནི། །རང་སེམས་མཉམ་པ་ཆེན་པོ་རྟོགས། །དམ་ཚིག་ཀུན་གྱི་མཆོག་ཏུ་གསུངས། །དེ་ཡི་ངང་ལས་མི་འདའ་བར། །བློ་དང་ལྡན་པས་གནས་པར་བྱ། །རྒྱ་ཆེ་བསྲུང་བའི་དམ་ཚིག་ལ། །དོན་ནི་བཅོ་ལྔར་ཤེས་པར་བྱ། །རྒྱུ་དང་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་དང་རྣམ་གྲངས་དང་། །ལས་དང་ཆེ་བ་བསྲུང་ཐབས་དང་། །ཉམས་རྒྱུ་ཉམས་རྟགས་སྤྱོད་པ་དང་། །བསྐང་ཐབས་ཕན་ཡོན་ཉེས་དམིགས་སོ། །རྒྱུ་ནི་རྩ་བ་བྱང་ཆུབ་སེམས། །ངོ་བོ་བསྲུང་བར་བྱ་བ་རྣམས། །སེམས་པ་རྒྱུན་མ་ཆད་པའོ། །ངེས་ཚིག་དམ་པས་གསུང་རྣམས་ལ། །འདའ་བར་བྱ་བ་མ་ཡིན་ལ། །འདས་ན་ཚིག་ཕྱིར་དམ་ཚིག་གོ། །དབྱེ་བ་གསུམ་སྟེ་སྤྱི་དང་ནི། །ཁྱད་པར་ལྷག་པའི་དམ་ཚིག་གོ། །ཁྱད་པར་ལ་ནི་རྩ་བ་དང་། །ཡན་ལག་དག་ཏུ་ཤེས་པར་བྱ། །དཔེ་ནི་བསོ་མཁར་ལྟ་བུའོ། །དམ་ཚིག་སྡོམ་པ་ཐ་ཚིག་སྟེ། །ཡལ་གམ་ཞེས་བྱ་རྣམ་གྲངས་སོ། །ལས་ནི་སྡིག་པ་སྤོང་བྱེད་ཅིང་། །ལེགས་པའི་ཡོན་ཏན་འཛིན་པར་བྱེད། །དམ་ཚིག་དག་གི་ཆེ་བ་ནི། །བླ་མེད་དམ་ཚིག་འདི་ཉིད་དུ། །བསྲུང་བྱ་ཀུན་འདུས་རྣམ་པར་དག །བསྲུང་ཐབས་གཡོ་སྒྱུ་མེད་པ་ཡིས། །དྲན་དང་ཤེས་བཞིན་བྱ་རས་བསྲུང་། །འཁོར་བའི་ཆོས་ལ་ཆགས་སྡང་ཆེ། །ཆོས་ལ་སྒྲོ་སྐུར་ཕྱོགས་འཛིན་རགས། །དད་བརྩོན་ཤེས་རབ་སྙིང་རྗེ་ཆུང་། །གཉིད་དགའ་ཆང་དང་རང་འདོད་ཆེ། །གསང་མི་ཐུབ་པ་ཉམས་པའི་རྒྱུ། །འཁོར་དང་ལོངས་སྤྱོད་མི་རྟག་དང་། །མཛེ་སོགས་ནད་མང་ཚེ་ཚད་ཐུང་། །མ་ཉེས་དགྲ་ལྷ་མཁའ་འགྲོའི་ཆད། །བརྩམ་པའི་ལས་ལ་འབྲས་བུ་མེད། །ཡིད་དུ་མི་འོང་སྣ་ཚོགས་འབྱུང་། །འདི་རྣམས་དམ་ཚིག་ཉམས་པའི་རྟགས། །དམ་ཚིག་ཉམས་པའི་སྤྱོད་པ་ནི། །རྒྱུ་ལ་མ་འབད་འབྲས་བུ་ལ། །རེ་བ་ཉམས་པའི་སྤྱོད་པ་ཡིན། །མ་སྦྱངས་


DNG005_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པར་འདོད་པ་དང་། །ལྟ་བ་ཕྱོགས་རིས་ཉོན་མོངས་རགས། །སློབ་དཔོན་ཁྱད་གསོད་སྒྲོ་སྐུར་ཆེ། །དམ་ཚིག་ཉམས་པའི་བསྐང་ཐབས་ནི། །ཡན་ལག་དམ་ཚིག་ཉམས་གྱུར་ན། །ཕྱི་བཤགས་ནང་བཤགས་འབད་དེ་བྱ། །རྩ་བའི་དམ་ཚིག་ཉམས་གྱུར་ན། །བླ་མ་ལ་ནི་འབུལ་བ་བསྐྱར། །སྐུ་ལ་རྒྱལ་བའི་གཟུགས་སྐུ་བྱ། །གསུང་ལ་མདོ་འདོན་བཟླས་བརྗོད་བྱ། །ཐུགས་ལ་མཚན་བཅས་མཚན་མེད་བསྒོམ། །མཆོག་ཏུ་ལྷ་བསྒོམ་དོན་ལ་འབད། །དམ་ཚིག་བསྲུངས་པའི་ཕན་ཡོན་ནི། །མཆོག་དང་ཐུན་མོང་དངོས་གྲུབ་བོ། །ཉམས་པའི་ཉེས་དམིགས་རྣམ་གཉིས་ཏེ། །འདི་དང་ཕྱི་མར་སྡུག་བསྔལ་འགྲུབ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །ཁྱབ་བདག་ཚིག་ཆེན་དེ་ཉིད་མཁྱེན། །གལ་ཏེ་གསང་སྔགས་བསྒྲུབ་འདོད་ན། །དམ་ཚིག་ལ་ནི་གནས་པར་བྱ། །དམ་ཚིག་དག་དང་མི་ལྡན་ན། །ཕྱི་ནང་སྡེ་སྣོད་ཀུན་མཁས་ཀྱང་། །འདབ་གཤོག་མེད་པའི་བྱ་བཞིན་ཏེ། །དམྱལ་བའི་གནས་སུ་ཐེ་ཚོམ་མེད། །བསྒྲུབ་པའི་དོན་ལ་གཉིས་ཡིན་ཏེ། །ཟབ་པ་དོན་གྱི་བསྒྲུབ་པ་དང་། །རྒྱ་ཆེ་བ་ཡི་བསྒྲུབ་པའོ། །གཉིས་མེད་དོན་ལ་བསྒྲུབ་པ་ནི། །ཟབ་པ་དོན་གྱི་བསྒྲུབ་པ་ཡིན། །རྒྱ་ཆེན་བསྟན་པ་བཅུ་གཅིག་སྟེ། །རྒྱུ་དང་ངོ་བོ་ངེས་ཚིག་དང་། །དབྱེ་དང་བསྒྲུབ་ཚུལ་རྣམ་གྲངས་དང་། །ཆ་རྐྱེན་གང་ཟག་དམིགས་པ་དང་། །ཕན་ཡོན་དང་ནི་ཉེས་དམིགས་སོ། །རྒྱུ་ནི་རང་ལ་གནས་པ་ཡི། །བྱང་ཆུབ་སེམས་ཀྱི་ཡོན་ཏན་བསྒྲུབ། །ངོ་བོ་དངོས་གྲུབ་གཉིས་འགྲུབ་པར། །བྱེད་པའི་ཐབས་ཀྱི་རིམ་པའོ། །ངེས་པའི་ཚིག་ནི་ཐབས་འདི་ཡིས། །དགོས་དོན་བསྒྲུབ་ཕྱིར་བསྒྲུབ་པའོ། །དབྱེ་བ་ལ་ནི་རྣམ་བཞི་སྟེ། །བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །སྒྲུབ་པའི་ཚུལ་ལ་རྣམ་གཉིས་ཏེ། །ཤེས་རབ་སྒོ་ནས་ཅིག་ཅར་དུ། །འཇུག་པའི་ཚུལ་གྱིས་བསྒྲུབ་པ་དང་། །ཐབས་ཀྱི་སྒོ་ནས་རིམ་པ་ཡིས། །འཇུག་པའི་ཚུལ་དུ་བསྒྲུབ་པའོ། །སྒྲུབ་པའི་ཚུལ་གྱིས་བསྒྲུབ་པ་དང་། །བསྒྲུབ་པ་ཉམས་སུ་ལེན་པ་དང་། །ཚུལ་བཞིན་སྤྱོད་དང་ལམ་ལ་གནས། །རྣལ་འབྱོར་བརྩོན་ཞེས་རྣམ་


DNG005_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་སོ། །དེ་ལ་སྒྲུབ་པའི་ཆ་རྐྱེན་ནི། །གནས་དང་གྲོགས་དང་འཁོར་ཡོ་བྱད། །ཕུན་སུམ་ཚོགས་པས་བརྟེན་པའོ། །སྒྲུབ་པ་རྟེན་གྱི་གང་ཟག་ནི། །དད་བརྩོན་དམ་ཚིག་ལྡན་པ་དང་། །ཤེས་རབ་སྙིང་རྗེ་ཆེ་བ་དང་། །དབང་ཐོབ་མན་ངག་ཅན་གྱིས་བསྒྲུབ། །དམིགས་པ་མཆོག་དང་ཐུན་མོང་ངོ་། །ཕན་ཡོན་འདོད་པའི་དོན་རྣམས་ཀུན། །ཇི་ལྟ་བར་ནི་འགྲུབ་པའོ། །མ་བསྒྲུབས་ཉེས་དམིགས་བསྟན་པ་ནི། །འཁོར་བའི་འཁོར་ལོར་འཁྱམས་པའོ། །ཕྲིན་ལས་ལ་ནི་རྣམ་གཉིས་ཏེ། །ཟབ་པ་དོན་གྱི་ཕྲིན་ལས་དང་། །རྒྱ་ཆེ་དོན་གྱི་ཕྲིན་ལས་སོ། །ཟབ་པ་དོན་གྱི་ཕྲིན་ལས་ནི། །མཉམ་ཉིད་རྟོགས་པའི་ངང་ནས་ནི། །ལས་བཞི་ཕྲིན་ལས་ཀུན་ཀྱང་འགྲུབ། །རྒྱ་ཆེ་རྟགས་ཀྱི་ཕྲིན་ལས་ལ། །དོན་ནི་བཅུ་གཅིག་ཤེས་བྱ་སྟེ། །རྒྱུ་དང་ངོ་བོ་ངེས་ཚིག་དང་། །དབྱེ་བ་མིང་གི་རྣམ་གྲངས་དུས། །ཡུལ་དང་རྩོམ་པའི་གང་ཟག་ཚུལ། །ཕན་ཡོན་མ་བརྩམས་ཉེས་དམིགས་སོ། །རྒྱུ་ནི་ཚད་མེད་རྣམ་བཞི་པོ། །ཤེས་རབ་དང་ནི་བཅས་པའོ། །ངོ་བོ་བདག་ཉིད་ཆེན་པོ་ཡི། །ཐུགས་རྗེས་འགྲོ་བ་ཕན་འདོགས་པའོ། །ངེས་ཚིག་བྱ་བར་འོས་པའོ། །མཛད་སྤྱོད་བྱ་ཕྱིར་ཕྲིན་ལས་སོ། །དབྱེ་བ་བཞི་ལ་སོགས་པ་ཡིས། །ཕྲིན་ལས་དང་ནི་མཛད་སྤྱོད་དང་། །བྱ་བ་ཞེས་བྱ་རྣམ་གྲངས་སོ། །དུས་ནི་འདུལ་བ་ལ་སོགས་པ། །སྐབས་ལ་བབ་པའི་དུས་ཉིད་དོ། །ཕྲིན་ལས་བརྩམ་ཡུལ་བསྟན་པ་ནི། །སྤྱིར་ནི་སེམས་ཅན་ཐམས་ཅད་ལ། །ཁྱད་པར་གནོད་སྡིག་དབུལ་ཕོངས་དང་། །ལོག་ལྟ་ཅན་དང་དྲེགས་པ་ཅན། །ནད་དང་གདོན་གྱིས་ཉེན་པའོ། །བསྙེན་པ་རྫོགས་ཤིང་ནུས་པར་ལྡན། །མོས་པའི་གང་ཟག་ཡིན་པར་གསུངས། །ཕྲིན་ལས་བརྩམ་ཚུལ་རྣམ་གཉིས་ཏེ། །ནང་དང་ཕྱི་རུ་ཤེས་པར་བྱའོ། །ནང་ནི་ཤེས་རབ་ཏིང་འཛིན་དང་། །བཟླས་པ་དག་ལ་བརྟེན་པའོ། །ཕྱི་ནི་སྦྱིན་བསྲེག་ཕུར་བུ་དང་། །ཐུན་དང་གཏོར་མ་དཀྱིལ་འཁོར་དང་། །མནན་གཏད་སྤྱོད་ལ་སོགས་པ་བསྟན། །ཕྲིན་ལས་བརྩམ་པའི་ཕན་ཡོན་ནི། །བདག་གཞན་དོན་ནི་འགྲུབ་པའོ། །ལས་མ་


DNG005_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པའི་ཉེས་དམིགས་ནི། །བདག་གཞན་བར་ཆོད་དོན་མི་འགྲུབ། །བྱེད་པ་སེམས་ཅན་ཀུན་དོན་བྱེད། །སྔགས་ལ་རྣམ་པ་གཉིས་ཡིན་ཏེ། །ཟབ་པའི་སྔགས་དང་རྒྱ་ཆེའི་སྔགས། །ཟབ་པའི་སྔགས་ནི་གཉིས་མེད་དོན། །གསལ་བ་སྔགས་ཞེས་བཤད་པ་ཡིན། །རྒྱ་ཆེའི་སྔགས་ལ་དོན་བཅུ་སྟེ། །སྔགས་ཀྱི་དོན་ལ་བཅུ་ཡིས་བསྟན། །རྒྱུ་དང་དབྱེ་བ་ངོ་བོ་དང་། །ངེས་ཚིག་བཟླ་ཐབས་བྱེད་པའི་ལས། །རྟགས་དང་མཚན་ཉིད་ཕན་ཡོན་དང་། །སྔགས་དང་མི་ལྡན་ཉེས་དམིགས་སོ། །རྒྱུ་ནི་བྱང་ཆུབ་སེམས་ཉིད་དེ། །སྐྱེ་འགག་མེད་པའི་བདག་ཉིད་དོ། །དབྱེ་བ་ལ་ནི་རྣམ་གཉིས་ཏེ། །དོན་ཉིད་ཡེ་ཤེས་སྒོ་ནས་དང་། །རྟགས་ཉིད་བཟླས་པའི་སྒོ་ནས་སོ། །དོན་གྱི་སྒོ་ནས་དབྱེ་བ་གསུམ། །གསང་སྔགས་རིག་སྔགས་གཟུངས་སྔགས་སོ། །བཟླའ་ཐབས་དབྱེ་ན་བཞི་ཡིན་ཏེ། །རྒྱུ་ནི་མ་ནོར་རྩ་བའི་སྔགས། །བསྐྱེད་པ་རྐྱེན་དང་བཟླས་པ་ལས། །སྐུལ་བའི་ཕྲིན་ལས་སྔགས་དང་བཞི། །དེ་ལ་སྔགས་ཀྱི་ངོ་བོ་ནི། །ཆོས་ཉིད་མ་ནོར་ཇི་བཞིན་གནས། །ཐབས་དང་ཤེས་རབ་བདག་ཉིད་ཅན། །དེ་ནི་གསང་སྔགས་ངོ་བོ་ཡིན། །དེ་དོན་ཕྱིན་ཅི་མ་ལོག་རྟོགས། །དེ་ནི་རིག་སྔགས་ངོ་བོའོ། །རྟོགས་པའི་དོན་ལ་མ་ཡེངས་གནས། །དེ་ནི་གཟུངས་སྔགས་ངོ་བོ་ཡིན། །བཟླའ་བ་སྔགས་ཀྱི་ངོ་བོ་ནི། །གསང་སྟེ་ངག་ཏུ་བརྗོད་པའོ། །ངེས་ཚིག་མན་ཏྲ་ཞེས་པའི་སྒྲ། །ཤེས་པ་སྐྱོབ་ཕྱིར་སྔགས་ཞེས་བྱའོ། །བཟླའ་བའི་ཐབས་ལ་རྣམ་གཉིས་ཏེ། །དོན་གྱི་སྔགས་ཀྱི་བཟླའ་ཐབས་ནི། །རྟོགས་ཤིང་ལྷ་བསྒོམ་ཡིད་ལ་གསལ། །རྟགས་ཀྱི་སྔགས་ལ་ཡང་ནི་གཉིས། །རྡོ་རྗེ་ཞི་བའི་བཟླས་པ་དང་། །རྡོ་རྗེ་ཁྲོ་བོའི་བཟླའ་ཐབས་སོ། །ཞི་བ་ཤིན་ཏུ་མེར་ཆགས་བཟླས། །ཁྲོ་བོ་དྲག་ཅིང་ངར་ཆགས་བཟླས། །དེ་ལ་ཡང་ནི་རྣམ་གསུམ་སྟེ། །བསྙེན་པ་ཆུ་བོའི་གཞུང་ལྟར་འདྲེན། །བསྒྲུབ་པ་ཕུ་ཆུ་འཁྲུབ་པ་ལྟར། །ལས་སྦྱོར་ནམ་མཁའི་ཐོག་འབབ་ལྟར། །སྔགས་ཀྱི་བྱེད་པའི་ལས་བཤད་པ། །གསང་སྔགས་བཟླས་པས་འཁྲུལ་རྟོག་སེལ། །རིག་སྔགས་ཀྱིས་ནི་མ་རིག་སེལ། །


DNG005_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་སྔགས་ཀྱིས་ནི་དྲན་ཉམས་སེལ། །བཟླས་པའི་སྔགས་ཀྱིས་འཇིག་རྟེན་དང་། །འཇིག་རྟེན་འདས་པའི་སྲོག་བསྐུལ་ཏེ། །དངོས་གྲུབ་མྱུར་དུ་འབྱུང་བར་བྱེད། །སྔགས་ཀྱི་རྟགས་ནི་རྣམ་གསུམ་སྟེ། །གསང་སྔགས་རྟགས་ནི་ལྷ་ཕོ་དང་། །རིག་སྔགས་རྟགས་ནི་ལྷ་མོ་དང་། །གཟུངས་སྔགས་ཡབ་ཡུམ་ཟུང་དུ་འདྲེལ། །མཚན་ཉིད་བསྟན་པ་རྣམ་བཞི་སྟེ། །ཤེས་རབ་དང་ནི་སྙིང་རྗེ་ཉིད། །གསང་སྔགས་དག་གི་མཚན་ཉིད་ཡིན། །ཤེས་རབ་དང་ནི་ཡེ་ཤེས་ཉིད། །རིག་སྔགས་ཀྱི་ནི་མཚན་ཉིད་དེ། །ཤེས་རབ་དང་ནི་དྲན་པ་ཉིད། །གཟུངས་སྔགས་ཀྱི་ནི་མཚན་ཉིད་ཡིན། །བཟླས་པ་སྔགས་ཀྱི་མཚན་ཉིད་ནི། །བརྗོད་པ་སྒྲ་ཡི་བདག་ཉིད་དོ། །དངོས་གྲུབ་གཉིས་པོ་འགྲུབ་པ་ནི། །དེ་ནི་སྔགས་ཀྱི་ཕན་ཡོན་ནོ། །སྔགས་དང་མི་ལྡན་ཉེས་དམིགས་ནི། །འདོད་པའི་དོན་རྣམས་མི་འགྲུབ་བོ། །སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཕྱག་རྒྱའི་དོན་ལ་རྣམ་གཉིས་ཏེ། །ཟབ་མོའི་དོན་དང་རྒྱ་ཆེར་བཤད། །སྣ་ཚོགས་སྣང་བའི་ཆོས་རྣམས་ལ། །སྐྱེ་བ་མེད་པའི་རྒྱ་ཡིས་བཏབ། །དེ་ནི་དོན་ཟབ་ཕྱག་རྒྱའོ། །རྒྱ་ཆེར་བཤད་པ་དོན་བརྒྱད་དེ། །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཚན་ཉིད་དཔེ་དང་ཕྱག་རྒྱའི་རྒྱུ། །ཕན་ཡོན་མ་ལྡན་ཉེས་དམིགས་སོ། །ངོ་བོ་བདག་ཉིད་ཆེན་པོའོ། །མཚན་མའི་གཟུགས་སུ་གྱུར་པའོ། །སེམས་ཀྱིས་སྤྲུལ་པའི་མཆོད་རྫས་སོ། །མཚན་མེད་པ་ཡི་བདག་ཉིད་དོ། །ངེས་ཚིག་མུ་དྲ་ཞེས་པའི་སྒྲ། །མཚོན་པར་བྱེད་དང་མཛད་པ་སྒྲུབ། །བཅིངས་གྲོལ་བྱེད་དང་རྒྱས་འདེབས་ཕྱིར། །ཕྱག་རྒྱ་ཞེས་ནི་བཤད་པ་ཡིན། །དབྱེ་ན་བསྡུས་དང་རྒྱས་པ་དང་། །བསྡུས་པ་ལ་ནི་གཉིས་ཡིན་ཏེ། །མཚན་མར་བཅས་པའི་ཕྱག་རྒྱ་དང་། །མཚན་མ་མེད་པའི་ཕྱག་རྒྱའོ། །རྒྱས་པར་དབྱེ་བ་རྣམ་བཞི་སྟེ། །ཕྱག་རྒྱ་ཆེ་དང་དམ་ཚིག་རྒྱ། །ཆོས་དང་ལས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱའི་མཚན་ཉིད་བཤད་བྱ་བ། །མཚན་བཅས་ཕྱག་རྒྱའི་


DNG005_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ནི། །རང་རང་དོན་ལས་མི་འདའ་དང་། །བདག་ཉིད་ཆེན་པོའི་རྟགས་སུ་སྟོན། །མཚན་མེད་ཕྱག་རྒྱའི་མཚན་ཉིད་ནི། །ཅིར་ཡང་མ་གྲུབ་ངོ་བོ་ཉིད། །ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། །ཡོངས་སུ་རྫོགས་པ་སྟོང་བདག་མེད། །དམ་ཚིག་ཐུགས་མཚན་མཚན་མའོ། །ཆོས་ནི་ཆོས་ཀྱི་མཚན་མའོ། །ལས་ནི་འགྲོ་དོན་མཚན་ཉིད་དོ། །དཔེ་ནི་རྣམ་པ་བཞིར་བཤད་དེ། །མཚོན་དཔེ་མེ་དང་དུ་བའོ། །མཛད་པ་བློན་པོའི་ཕོ་ཉའོ། །བཅིང་གྲོལ་གར་མཁན་ཕུ་དུང་ངོ་། །རྒྱས་འདེབས་རྒྱལ་པོའི་བཀའ་རྟགས་སོ། །རྒྱུ་ནི་བྱང་ཆུབ་སེམས་ཉིད་དང་། །རྡོ་རྗེ་ཐལ་མོ་ཉིད་ཡིན་ནོ། །ཕན་ཡོན་བདག་དང་གཞན་དོན་འགྲུབ། །ཕྱག་རྒྱ་མི་ལྡན་ཉེས་དམིགས་ནི། །བདག་གཞན་དོན་མིན་ངན་སོང་འཁྱམས། །ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །ཕྱག་རྒྱ་འདི་ནི་བླ་ན་མེད། །ཏིང་འཛིན་བསྟན་པ་བཅུ་གཉིས་ཏེ། །རྒྱུ་དང་ངོ་བོ་ངེས་ཚིག་དང་། །དབྱེ་བ་བསྒོམ་ཐབས་བསྒོམ་པའི་དཔེ། །མི་མཐུན་ཕྱོགས་དང་སྐྱོན་བཅོས་ཐབས། །དྲོད་ཚད་རྟགས་དང་ཕན་ཡོན་དང་། །ཉེས་དམིགས་བསྟན་པར་ཤེས་པར་བྱ། །རྒྱུ་ནི་རིག་པ་བྱང་ཆུབ་སེམས། །ངོ་བོ་གང་དམིགས་དོན་དག་ལ། །བསམ་པ་རྩེ་གཅིག་གནས་བྱའོ། །ངེས་ཚིག་དྲན་པས་ཟིན་ཕྱིར་རོ། །དབྱེ་བ་གཉིས་སུ་ཤེས་བྱ་སྟེ། །ཟབ་མོ་མཚན་མེད་ཏིང་འཛིན་དང་། །རྒྱ་ཆེན་མཚན་བཅས་ཏིང་འཛིན་ནོ། །སྒོམ་ཐབས་རིམ་དང་ཅིག་ཅར་རོ། །དཔེ་ན་རྒྱ་མཚོ་རི་དབང་དང་། །འཇའ་ཚོན་རི་མོ་ལྟ་བུའོ། །མི་མཐུན་ཕྱོགས་ནི་བྱིང་རྒོད་གཉིས། །བཅོས་ཐབས་གསེང་དང་རྒོད་ཞི་ལ། །དྲོད་ཚད་ཕྱི་ནང་གསང་བའོ། །རྟགས་ཀྱང་རྨི་ལམ་འབྱུང་བ་དང་། །དངོས་སུ་འབྱུང་བ་གཉིས་ཡིན་ཏེ། །ཆགས་སྡང་ཆུང་ཞིང་མངོན་ཤེས་འཆར། །དེ་སོགས་རྟགས་ནི་རིམ་གྱིས་འབྱུང་། །ཏིང་འཛིན་བསྒོམས་པའི་ཕན་ཡོན་ནི། །མཚན་མ་ཅན་གྱིས་མཐོ་རིས་དང་། །ཚེ་ལ་དབང་བའི་རིག་འཛིན་དང་། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། །ཟབ་མོ་མཚན་མེད་དགོངས་པ་ཡིས། །ཀུན་བཟང་དབྱེར་མེད་ས་ཆེན་ནོན། །ཏིང་འཛིན་


DNG005_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཉེས་དམིགས་ནི། །འཁོར་བ་ངན་སོང་ལས་མི་གྲོལ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ཏིང་འཛིན་འདི་ནི་མཆོག་ཏུ་བསྔགས། །མཆོད་པའི་བྱེ་བྲག་རྣམ་གཉིས་ཏེ། །ཟབ་པ་དོན་གྱི་མཆོད་པ་དང་། །ཐུན་མོང་སྤྱི་བཤད་མཚན་ཉིད་ཆེ། །ཟབ་མོ་གཉིས་མེད་ངང་གནས་པ། །རྒྱལ་བ་ངང་གིས་མཉེས་པའི་ཕྱིར། །མཆོད་པ་ཞེས་ནི་བཤད་པ་ཡིན། །རྒྱ་ཆེན་དབྱེ་བ་དོན་བཅུ་སྟེ། །ངོ་བོ་ངེས་ཚིག་དབྱེ་བ་དང་། །དབུལ་བའི་ཐབས་དང་གང་ཟག་ལས། །རྫས་དང་ཡུལ་དང་དགོས་ཆེད་དང་། །མ་ཕུལ་ཉེས་དམིགས་བསྟན་པའོ། །དེ་ལ་མཆོད་པའི་ངོ་བོ་ནི། །འཕགས་པ་མཉེས་པར་བྱེད་པ་ཡི། །ལུས་ངག་ཡིད་གསུམ་རྫས་དང་བཅས། །དམིགས་པ་ལས་ཀྱི་བདག་ཉིད་དོ། །ངེས་ཚིག་འཕགས་པ་མཉེས་བྱེད་ཕྱིར། །མཆོད་པ་ཞེས་སུ་བཤད་པ་ཡིན། །དབྱེ་བ་རྣམ་པ་གསུམ་ཡིན་ནོ། །རྣམ་ལྔ་ཕྱི་ལ་དམ་རྫས་ནང་། །སྦྱོར་སྒྲོལ་གསང་བར་ཤེས་པར་བྱ། །རྒྱས་པར་དབྱེ་བ་བརྒྱ་ཤེས་བྱ། །དབུལ་ཐབས་མོས་པའི་ཚུལ་དང་ནི། །སྒྱུ་མ་ལྟ་བུའི་བློ་ཡིས་དབུལ། །དབུལ་བའི་རྟེན་གྱི་གང་ཟག་ནི། །དད་པ་གསུམ་ལྡན་ལྷག་སེམས་ཅན། །ལས་ཀྱི་ཚོགས་གསོག་སྒྲིབ་པ་སྦྱོང་། །དགེ་བ་ལས་ཀྱི་མངོན་འགྲོ་བའོ། །རྫས་ནི་ཡོན་ཆབ་སོགས་བདུན་དང་། །བདུད་རྩི་ལྔ་ལ་སོགས་པ་དག །དྲང་སྲོང་ཆེ་དགུ་མཆོད་ཅིང་བརྗོད། །མཆོད་པའི་ཡུལ་ནི་འཇིག་རྟེན་དང་། །འཇིག་རྟེན་འདས་པའི་དཀོན་མཆོག་གསུམ། །མཆོད་པ་ཕུལ་བའི་དགོས་པ་དང་། །དངོས་གྲུབ་རྣམ་གཉིས་འབྱུང་བའོ། །མཆོད་པ་ལྔ་ནི་མ་ཕུལ་བའི། །ཉེས་དམིགས་འདོད་དོན་འགྲུབ་མི་འགྱུར། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །དྲང་སྲོང་ཆེ་དགུས་མཆོད་ཅིང་བརྗོད། །འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། གསང་བཅུ་རྒྱུད་ཀྱི་ལུས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལག་ན་རྡོ་རྗེ་ཁྱོད་


DNG005_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཅིག །སླད་དུ་རྒྱུད་ཀྱི་མཚན་སྨོས་པ། །དབང་པོ་རབ་ཀྱི་དོན་འགྱུར་ཕྱིར། །འཕགས་པའི་དོན་དང་འཇམ་དཔལ་དོན། །མཚན་གྱི་དོན་དང་བརྗོད་ཐབས་དོན། །རྣམ་པ་བཞི་ཡིས་བཤད་པ་ཡིན། །འཕགས་པའི་དོན་ལ་རྣམ་གསུམ་སྟེ། །བྱེད་པའི་ཚིག་བཞི་དབྱེ་སྒོ་བཞི། །ཐབས་ཀྱི་ཁྱད་པར་རྣམ་བཞི་འཕགས། །དེ་ལ་བྱེད་པའི་ཚིག་བཞི་ནི། །གང་འཕགས་གང་ལས་གང་གིས་འཕགས། །གང་དང་འདྲ་བར་འཕགས་པའོ། །དབྱེ་སྒོ་རྣམ་པ་བཞི་དག་ནི། །བརྗོད་བྱ་རྗོད་བྱེད་སྒྲུབ་པ་ལམ། །མཐར་ཐུག་འབྲས་བུས་འཕགས་པའོ། །ཐབས་ཀྱི་ཁྱད་པར་བཞི་དག་ནི། །འཇམ་དཔལ་དོན་གྱི་མཚན་བརྗོད་པའི། །རྒྱུད་ཀྱི་རྒྱལ་པོ་ལྷུན་རྫོགས་ནི། །ཐབས་མང་པ་དང་མཁས་པ་དང་། །དེ་བཞིན་སླ་དང་མྱུར་བ་ཡིས། །སྔགས་ཀྱི་བསྟན་པ་ཁྱད་པར་འཕགས། །དེ་ཡང་རྒྱུད་རྒྱལ་ལྷུན་རྫོགས་འདི། །ཐབས་མང་བ་ཡི་རྒྱུད་ཡིན་པས། །ཇི་ལྟར་བསྒྲུབས་ཀྱང་འབྲས་བུ་འབྱུང་། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐབས་མཁས་པ་ཡི་རྒྱུད་ཡིན་པས། །མ་ཡེང་ཡེ་ཤེས་རྒྱུན་དུ་འཆར། །མཁས་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཐབས་སླ་བ་ཡི་རྒྱུད་ཡིན་པས། །དཀའ་ཐུབ་སྡོམ་པས་གཟིར་མི་དགོས། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པའོ། །ཐབས་མྱུར་བ་ཡི་རྒྱུད་ཡིན་པས། །བསྐལ་པ་དུ་མར་བགྲོད་མི་དགོས། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །འཇམ་དཔལ་དོན་ལ་རྣམ་དྲུག་སྟེ། །རང་བཞིན་རྒྱུ་དང་བསྒོམ་པ་ལམ། །མཐར་ཐུག་འབྲས་བུ་རྣམ་པ་དང་། །གདུལ་བྱ་ལས་དག་སྣང་བ་ཡང་། །གྲུབ་མཐའ་སོ་སོ་ལ་གྲགས་དཔལ། །དེ་ལ་མཚན་གྱི་དོན་བཤད་པ། །ཟག་བཅས་ཟག་མེད་ལ་སོགས་པ། །འཁོར་འདས་ཐམས་ཅད་འཇམ་དཔལ་མཚན། །ཅིའི་ཕྱིར་འཐད་པ་དྲུག་ཡིན་ཏེ། །ཁྱབ་པའི་ཕྱིར་དང་སྤྲུལ་པའི་ཕྱིར། །རང་བཞིན་ཕྱིར་དང་མཁྱེན་པའི་ཕྱིར། །གསང་བའི་ཕྱིར་དང་


DNG005_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བརྙེས་ཕྱིར། །ཆོས་ཀུན་འཇམ་དཔལ་མཚན་དུ་འདོད། །མཚན་གྱི་བརྗོད་ཐབས་རྣམ་གཉིས་ཏེ། །ཟབ་པའི་དོན་དང་རྒྱ་ཆེའི་ཚིག །ཟབ་པའི་དོན་གྱི་བརྗོད་ལུགས་ནི། །གཉིས་མེད་ངང་ལ་འཇོག་པའོ། །ཚིག་ལ་ཡང་ནི་རྣམ་གསུམ་སྟེ། །གཉིས་མེད་ཚུལ་དང་གཉིས་སྔགས་ཚུལ། །ཡོན་ཏན་གསུམ་དང་རྣམ་པ་གསུམ། །འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། རྒྱུད་ཀྱི་མཚན་བསྟན་པའི་ལེའུ་སྟེ་ལྔ་པའོ།། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག །འཇམ་དཔལ་དོན་གྱི་མཚན་བརྗོད་པའི། །གསང་བ་རྒྱུད་ཀྱི་སྙིང་པོ་འདི། །ལེའུའི་གྲངས་ནི་བཅུ་གཅིག་སྟེ། །ཞུས་དང་སླར་གསུང་རིགས་ལ་གཟིགས། །སྒྱུ་འཕྲུལ་དྲ་བའི་མན་ངག་རིམ་པ་དང་། །ཡེ་ཤེས་དྲུག་དང་རྣམ་པ་བཅུ། །འདུད་རྣམས་ཀྱིས་ནི་བསྟོད་པ་དང་། །ཕན་ཡོན་སྔགས་དང་རྗེས་ཡི་རང་། །རྣམ་པ་བཅུ་བཞིར་བཤད་པ་ཡིན། །དེ་ནས་དཔལ་ལྡན་ཞེས་པ་ནས། །སྤྱན་སྔར་ཡན་ཆད་ཞུས་པའི་ལེའུ། །དེ་ནས་བཅོམ་ལྡན་ཞེས་པ་ནས། །ལེགས་ཞེས་གསོལ་བ་ལན་གྱི་ལེའུ། །དེ་ནས་བཅོམ་ལྡན་ཞེས་པ་ནས། །གཙུག་ཏོར་ཆེར་གཟིགས་གཟིགས་པའི་ལེའུ། །ཚིག་གི་བདག་པོ་ཞེས་པ་ནས། །ཡང་དག་སྒྱུ་འཕྲུལ་མངོན་བྱང་ལེའུ། །འདི་ལྟར་སངས་རྒྱས་ཞེས་པ་ནས། །ཐེག་པ་ཆེན་པོའི་ཚུལ་གྱིས་མཆོག །རྩ་བ་བྱང་ཆུབ་སེམས་ཀྱི་ལེའུ། །སངས་རྒྱས་རྣམ་པར་སྣང་ཞེས་ནས། །ཞགས་པ་ཡན་ཆད་ཆོས་དབྱིངས་ལེའུ། །རྡོ་རྗེ་འཇིགས་བྱེད་ཅེས་པ་ནས། །སྒྲ་དང་ལྡན་པ་མེ་ལོང་ལྟ་བུ། །ཡང་དག་བདག་མེད་ཅེས་པ་ནས། །ཡེ་ཤེས་མེ་ལྕེ་ཀུན་རྟོགས་ལེའུ། །འདོད་པའི་དོན་གྲུབ་ཅེས་པ་ནས། །རིན་ཆེན་གཙུག་ཏོར་མཉམ་ཉིད་ལེའུ། །སངས་རྒྱས་རྟོགས་བྱ་ཅེས་པ་ནས། །དཔལ་དང་ལྡན་མཆོག་བྱ་གྲུབ་ལེའུ། །མཆོག་སྦྱིན་རྡོ་རྗེ་ཞེས་པ་ནས། །ཡེ་ཤེས་སྐུ་ཉིད་བསྟོད་པའི་ལེའུ། །


DNG005_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེ་ཞེས་པ་ནས། །ཆོས་ཀྱི་རྒྱལ་པོ་ཕན་ཡོན་ལེའུ། །ཨཱོཾ་སརྦ་དྷཱརྨ་ཞེས་པ་ནས། །ཛྙཱ་ན་གརྦྷ་སྔགས་ཀྱི་ལེའུ། །དེ་ནས་དཔལ་ལྡན་ཞེས་པ་ནས། །ཀུན་བཤད་ཡན་ཆད་རྗེས་སུ་ཡི་རང་ལེའུ། །དེ་ཡང་བསྡུ་ན་རྣམ་པ་གསུམ་སྟེ། །དམིགས་པར་བྱ་བའི་ཡུལ་དང་ནི། །ཉམས་སུ་བླངས་པའི་ཐབས་དག་དང་། །ཉམས་སུ་བླངས་པའི་འབྲས་བུའོ། །དམིགས་པའི་ཡུལ་ལ་རྣམ་གསུམ་སྟེ། །སྡུད་པའི་འཁོར་ལ་དམིགས་པ་དང་། །སྟོན་པ་ཉིད་ལ་དམིགས་པ་དང་། །རིགས་དྲུག་འབྲས་བུ་ལ་དམིགས་པའོ། །ཉམས་སུ་བླངས་ཐབས་ལེའུ་དགུ། །ཉམས་སུ་བླངས་པའི་འབྲས་བུ་ལ། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བསྒྲུབ་དང་བཤད་པའི་འབྲས་བུའོ། །བསྒྲུབ་པའི་འབྲས་བུ་ཕན་ཡོན་ལེའུ། །བཤད་པའི་འབྲས་བུ་རྗེས་ཡི་རང་བའི་ལེའུའོ། །འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། ལེའུའི་སྐབས་ཕྱེ་བའི་ལེའུ་སྟེ་དྲུག་པའོ།། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་བའི་བདག་པོ་ཡང་ཉོན་ཅིག །ཡེ་ཤེས་དྲུག་གི་ལེའུ་བསྟན་པ་ནི། །དེ་ཡི་འཐད་པ་བཤད་བྱ་བ། །འཁོར་འདས་ལམ་དང་འབྲས་བུའི་ཆོས། །ཀུན་གྱི་རྩ་བར་གྱུར་པའི་ཕྱིར། །རྩ་བ་བྱང་ཆུབ་སེམས་ཀྱི་ལེའུ་བཤད། །གཏི་མུག་ཆོས་དབྱིངས་ཡེ་ཤེས་ཏེ། །རབ་ཏུ་ཕྱེ་བའི་རྣམ་གྲངས་ཀུན། །གཏི་མུག་གཉེན་པོ་ཡིན་པའི་ཕྱིར། །ཆོས་དབྱིངས་ཡེ་ཤེས་ལེའུ་བཤད། །ཞེ་སྡང་མེ་ལོང་ཡེ་ཤེས་ཏེ། །རྟོགས་པས་ཉོན་མོངས་མ་ལུས་འཇོམས། །འཇོམས་ཕྱིར་དྲག་པོའི་སྒྲ་ཡིས་བཤད། །འདོད་ཆགས་ཀུན་རྟོགས་ཡེ་ཤེས་ཏེ། །སྤྱི་དང་རང་གི་མཚན་ཉིད་རྣམས། །མཁྱེན་ཚད་གཙོ་ཆེར་བཤད་པའི་ཕྱིར། །སོ་སོར་རྟོགས་པའི་ལེའུ་བཤད། །ང་རྒྱལ་མཉམ་ཉིད་ཡེ་ཤེས་ཏེ། །རིན་ཆེན་ཡོན་ཏན་རིགས་ཡིན་པས། །ཡོན་ཏན་ཆེ་བ་གཙོར་སྟོན་ཕྱིར། །མཉམ་ཉིད་ཡེ་ཤེས་ལེའུ་བཤད། །ཕྲག་དོག་བྱ་གྲུབ་ཡེ་ཤེས་ཏེ། །སེམས་ཅན་ཀུན་གྱི་དོན་བྱེད་པས། །མཛད་པ་རྒྱ་


DNG005_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་སྟོན་པའི་ཕྱིར། །བྱ་གྲུབ་ཡེ་ཤེས་ལེའུ་བཤད། །འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། ལེའུ་དྲུག་གི་ཡེ་ཤེས་ཀྱི་འཐད་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ད་ཉོན་ཅིག །རིགས་དང་ཡེ་ཤེས་གོ་རིམ་ནི། །རིགས་དྲུག་ལ་ནི་གཟིགས་སྐབས་སུ། །ཐོག་མར་ལས་ཀྱི་རིགས་བསྟན་པ། །ཐེག་ཆེན་གཞན་དོན་གཙོ་ཆེར་བྱེད། །སྔགས་དྲུག་བསྟན་པའི་སྐབས་དག་ཏུ། །ཐོག་མར་པདྨའི་རིགས་སྨོས་ལ། །ཆོས་ཀྱི་སྦྱིན་པ་མཆོག་ཡིན་ནོ། །གསུང་གིས་འགྲོ་བ་འདྲེན་ཕྱིར་རོ། །ཡེ་ཤེས་དྲུག་གི་ལེའུའི་སྐབས། །རིགས་ལྔ་ཡེ་ཤེས་ལྔ་རྣམས་ཀྱི། །བཞི་པའི་རྩ་བར་གྱུར་པའི་ཕྱིར། །ཐོག་མ་ཉིད་དུ་བསྟན་པ་ཡིན། །འདུད་ཀྱིས་བསྟོད་པའི་སྐབས་དག་ཏུ། །དེ་བཞིན་གཤེགས་པའི་རིགས་བདག་ཉིད། །ཆོས་དབྱིངས་ཡེ་ཤེས་བསྟན་པ་ཡིན། །རྟོག་པར་བྱ་བའི་ཡུལ་དང་ཕྱིར། །ཐོག་མར་ཆོས་དབྱིངས་ཡེ་ཤེས་བཤད། །རྡོ་རྗེ་རྣམས་ནི་རྟེན་འདྲེལ་སྦྱར། །དེ་ལས་གཞན་པའི་ཡེ་ཤེས་ལྔ། །རྟོགས་བྱ་རྟོགས་བྱེད་དག་ཏུ་སྦྱར། །བསྡུས་དང་རྒྱས་པའི་རིམ་པ་དག །རྣམ་པ་བཞི་རུ་ཤེས་བྱ་སྟེ། །དབུ་ཞབས་རྫོགས་པ་རྒྱས་པ་ཡིན། །འདུད་ཀྱིས་བསྟོད་པ་འབྲིང་ཡིན་ཏེ། །སྔགས་རིགས་དག་ནི་བསྡུས་པའི་དོན། །ཨ་ཞེས་པ་ནི་ཤིན་ཏུ་བསྡུས། །བསྒོམ་མམ་སྟོན་ཡང་མཆོག་ཡིན་ནོ། །འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། རིགས་དང་ཡེ་ཤེས་ཀྱི་གོ་རིམ་གྱི་ལེའུ་སྟེ་བརྒྱད་པའོ།། །། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་བདག་རྡོ་རྗེ་འཆང་བ་ཉོན། །འདི་ལ་དཀྱིལ་འཁོར་རྣམ་གྲངས་ནི། །བསྡུས་དང་འབྲིང་དང་ཤིན་ཏུ་རྒྱས། །རྣམ་པ་གསུམ་དུ་ཤེས་པར་བྱ། །བསྡུས་པ་ཡེ་ཤེས་སེམས་དཔའ་འོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །འབྲིང་ནི་རིགས་ལྔ་འཁོར་དང་བཅས། །ཕྱག་རྒྱ་བཞི་བཅུ་ཐམ་པའོ། །སངས་རྒྱས་སྐུ་ལྔའི་བདག་


DNG005_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅན། །རྒྱལ་བ་རིགས་ལྔ་ཡབ་ཡུམ་དང་། །སེམས་དཔའ་སེམས་མ་སྒོ་བ་དང་། །ཉན་ཐོས་འཇིག་རྟེན་གཙོ་བོ་ཀུན། །དཀྱིལ་འཁོར་རྒྱལ་པོ་འདི་རུ་འདུས། །འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། དཀྱིལ་འཁོར་ལྷའི་བྱེ་བྲག་བསྟན་པའི་ལེའུ་སྟེ་དགུ་པའོ།། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་བདག་རྡོ་རྗེ་འཆང་བ་ཉོན། །ཟབ་མོའི་གདམས་ངག་བཤད་བྱ་བ། །རྣམ་པ་དགུ་རུ་ཤེས་བྱ་སྟེ། །རྟེན་གྱི་གང་ཟག་རྟོགས་པའི་རྐྱེན། །རྟོགས་ཐབས་རྟོགས་པའི་ལྟ་བ་དང་། །བསྒོམ་དང་ས་མཚམས་རྒྱུ་མཚན་དང་། །འབྲས་བུ་ཐུགས་རྗེའི་མཛད་པའོ། །འདི་ལ་འཇུག་པར་བྱེད་པ་ཡི། །གང་ཟག་མཚན་ཉིད་བཅུ་གཅིག་སྟེ། །དད་བརྩོན་ཤེས་རབ་སྙིང་རྗེ་དང་། །ཐེ་ཚོམ་མེད་དགུས་འཆི་བ་དྲན། །གཏོང་ཕོད་སྒྱུ་མེད་ངང་ཚུལ་བཟང་། །བྱང་ཆུབ་མཆོག་གི་རིགས་ཡིན་པས། །དད་ཅིང་གུས་ལ་མན་ངག་སྦྱིན། །ལུང་རིགས་མན་ངག་རྟོགས་པའི་རྐྱེན། །ཐབས་ནི་ཐོས་བསམ་རྣམ་པ་གཉིས། །ལྟ་བ་བཤད་སྒོམ་སྔར་བཤད་མཚུངས། །དེ་ཡང་ཆོས་སྐུའི་རང་བཞིན་ཏེ། །སྐྱེ་འགག་མེད་པའི་མཚན་ཉིད་ཅན། །ཀུན་ཏུ་བཟང་པོའི་ངོ་བོ་ཉིད། །དགེ་མི་དགེ་ལས་གྲུབ་པ་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པའོ། །མཚན་ཉིད་ཡོངས་སུ་དག་པའི་རྒྱུ། །གསལ་བར་སྣང་སྟེ་བརྟགས་ན་སྟོང་། །རང་ག་རང་རིག་འདུས་མ་བྱས། །སྐྱོན་བྲལ་བདེ་བ་ཆེན་པོའི་ངང་། །རང་བཞིན་དངོས་མེད་སྟོང་པའི་དབྱིངས། །ཡོན་ཏན་མ་འགགས་ཅིར་ཡང་ཡིན། །ཆོས་ཉིད་ནམ་མཁའ་ཆེན་པོ་སྟེ། །ཐོགས་པའི་རེག་བྱ་ཀུན་དང་བྲལ། །ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་སྣང་། །ཐབས་ཀྱི་ཐུགས་རྗེ་འགག་པ་མེད། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །སྣང་ཚད་ཐམས་ཅད་འཇམ་དཔལ་སྐུ། །གྲག་ཚད་ཐམས་ཅད་འཇམ་དཔལ་གསུང་། །དྲན་རྟོག་ཐམས་ཅད་འཇམ་དཔལ་ཐུགས། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །


DNG005_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །བསྒོམ་པའི་ཐབས་ལ་རྣམ་ལྔ་སྟེ། །གནས་ལུགས་ཤེས་བྱ་ལ་བརྟེན་ནས། །སྐྱེ་མེད་དོན་ལ་བསྒོམ་པ་དང་། །སྣང་བ་ཡུལ་ལ་བརྟེན་ནས་ནི། །རང་གྲོལ་ཉམས་སུ་བླང་བ་དང་། །བརྟོལ་སྐྱེས་ཡིད་ལ་བརྟེན་ནས་ནི། །ཐུག་ཕྲད་ལམ་དུ་བྱ་བ་དང་། །དཀྱིལ་འཁོར་དག་ལ་བརྟེན་ནས་ནི། །ལྷ་སྣང་ལམ་དུ་ཁྱེར་བ་དང་། །རྩ་རླུང་དག་ལ་བརྟེན་ནས་ནི། །བདེ་བ་ལམ་དུ་བྱ་བའོ། །མངོན་སངས་རྒྱས་པའི་ས་མཆིས་ཀྱང་། །ཕལ་ཆེར་སྲིད་པ་བར་མ་དོར། །དབང་པོ་རབ་ལ་བར་དོ་མེད། །འབྲིང་ནི་སྲིད་པའི་བར་དོར་གྲོལ། །ཐ་མ་ལ་ནི་ལས་འཕྲོ་འཐུད། །དེ་ཡང་རྒྱུ་མཚན་དྲུག་ཡིན་ཏེ། །སྙིང་པོ་ཀུན་ལ་ཁྱབ་ཕྱིར་དང་། །མ་ནོར་རྟོགས་ཉིད་བྱ་ཕྱིར་དང་། །རྣལ་འབྱོར་གོམས་པར་བྱ་ཕྱིར་དང་། །འདའ་ཀར་ཉོན་མོངས་མ་དཀྲུགས་ཕྱིར། །ལུས་གཉིས་སྒྲིབ་གཡོགས་བྲལ་ཕྱིར་དང་། །ཁྱད་པར་དྲན་པས་གསལ་ཕྱིར་རོ། །མཐར་ཐུག་འབྲས་བུ་བཤད་བྱ་བ། །སྐུ་གསུམ་དང་ནི་ཡེ་ཤེས་ལྔ། །ཐུགས་རྗེ་མཛད་པའི་ཁྱད་པར་ནི། །རྒྱུན་ཆད་མེད་པར་ཆུ་བོ་ལྟར། །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ངག་དོན་བཀོད་པའི་ཚོགས་དག་ཀྱང་། །དང་པོ་གཞལ་བྱ་དགོད་པ་དང་། །བར་དུ་ཞིབ་ཚོགས་རྣམ་པར་བཤད་པ་དང་། །ཐ་མ་རྗེས་བཟླས་བདག་དོན་རིག །འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། ཟབ་མོ་གདམས་ངག་གི་གནད་བསྟན་པ་དང་བཀའ་ཚོམས་བཤད་པའི་ཐབས་ཀྱིས་མཇུག་བསྡུ་བར་བསྟན་པའི་ལེའུ་སྟེ་དགུ་པའོ།། །། ལེའུ་དགུ་ཡིས་བསྟན་པའོ། །མཚན་ཡང་དག་པའི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་རྫོགས་སོ།། །།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ཞེས་ཁོག་དོན་བཀའ་ཚོམས་རྣམ་པར་བཤད་པ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོཙྪ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་ནས་བོད་ཀྱི་ཡོན་བདག་རྗེ་རྒྱལ་པོ་ལ་གཏད་པའོ། །དེས་མྱང་ཏིང་འཛིན་ལ་གཏད་པ་ལགས་སོ།།

འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད་ཅེས་བྱ་བ།


DNG005_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཨཱ་ཤ་ཡ་ས་མུ་ད་ཡ་མ་ཧཱ་མནྟྲ་ཏནྟྲ་ནཱ་མ། བོད་སྐད་དུ། འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། མེ་རི་འབར་བའི་རྩེ་མོ་སྲ་ལ་མུ་ཁ་ལ་སོགས་པས་རྣམ་པར་སྤྲས་པའི་གནས་ན། པདྨ་ཁ་དོག་ཀུན་ཏུ་འབར་བའི་གདན་ལ། སྐུ་གསུང་ཐུགས་འཇམ་དཔལ་བདག་ཉིད་ཅན་དུ་གྱུར་པའི་རྡོ་རྗེ་སེམས་དཔའ་བཞུགས་ཏེ། ལག་ན་རྡོ་རྗེ་མཁའ་འགྲོ་ལ་སོགས་པ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་རིགས་ཀྱིས་བསྐོར་ཏེ། ཐབས་གཅིག་ཏུ་འཁོད་པ་ནི། ངེས་པའི་དོན་གྱིས་ཚོགས་པ་དང་། ངེས་པའི་དོན་སྒྲོགས་པའི་ཕྱིར། འཁོར་གཉིས་སུ་འདུས་སོ། །དེ་ནས་ལག་ན་རྡོ་རྗེས་འཁོད་པ་རྣམས་ཀྱི་བསམ་པ་མཁྱེན་ཏེ། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བར་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །འདས་དང་མ་བྱོན་ད་ལྟར་གྱིས། །གླུར་བླངས་པ་ནི་གང་ལགས་པ། །དགོངས་པ་འདུས་དོན་གསུང་དུ་གསོལ། །གསང་འཛིན་ཅི་ནས་བདག་གྱུར་ཕྱིར། །ངེས་པར་འབྱུང་བའི་བར་དུ་འདི། །བདག་གིས་བསམ་པ་བརྟན་པོས་གཟུང་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤངས་པའི་ཕྱིར། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་ཞུས་པས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཉིད་ཀྱི་གསང་མཛོད་སྒོ་ཕྱེ་སྟེ། ཡེ་ཤེས་རླུང་གི་བུམ་པ་དྲིལ། །ལྗགས་ཀྱི་རྩེ་ནས་གསུང་གི་འོད་འཕྲོ་བ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ། །འཇིག་རྟེན་


DNG005_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་སྣང་བྱེད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །རྡོ་རྗེ་འཛིན་ལ་འདི་སྐད་གསུངས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དག་པར་བྱེད་ཅིང་སྡིག་སེལ་བ། །དེ་ཡི་དགོངས་པ་འདུས་པའི་དོན། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །འཇམ་དཔལ་དགོངས་པ་ངས་བཤད་དོ། །ཞེས་གསུངས་སོ། །འཇམ་དཔལ་དགོངས་པ་འདུས་པ་ལས། གླེང་གཞི་དང་མཚན་གྱི་ལེའུ་སྟེ་དང་པོའོ།། །དེ་ནས་སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །གསང་སྔགས་ཕྱི་ནང་བསྐྱེད་རྫོགས་གཉིས། །མཚན་བརྗོད་ཉིད་དུ་འཕྲོ་ཞིང་འདུ། །འདི་རུ་དེ་ཡི་དགོངས་པ་འདུས། །གསང་སྔགས་འབྲས་བུ་ལམ་ཁྱེར་ལྔ། །སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག །ཡེ་ནས་ལྷུན་གྲུབ་མ་ཤེས་པར། །སོ་སོའི་ཡན་ལག་ཡིག་འབྲུ་བསྐྱེད། །མཚན་མའི་ཆོས་ལ་བློ་ཞེན་པས། །ཡང་དག་ལམ་མཆོག་དེ་མ་བསྐྱེད། །དེ་ཡང་ཟག་བཅས་འཇིག་རྟེན་ལ། །ལྷུན་གྲུབ་སྐུ་ཡི་དོན་བསྟན་པ། །ཆོས་སྐུ་དངོས་མེད་ཟང་ཐལ་ལ། །དྲི་མ་མི་གནས་རྣམ་པར་དག །དེ་ཡི་མཚན་ཉིད་རྣམ་པ་ལྔ། །སྟོང་དང་མི་འགྱུར་ཡོན་ཏན་འབྱུང་། །རྩལ་འབྱིན་ཐོགས་པ་མེད་པ་ལས། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ཤེས་རབ་རིག་པའི་སྐུ་ལྔ་གསལ། །དེ་ལ་གདུལ་བྱ་རྣམ་གཉིས་ལ། །གཅིག་ལས་མི་གཡོ་སྐུ་གཉིས་སྣང་། །སོ་སོར་མི་གནས་གཅིག་གི་ངང་། །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཞི་བའི་ཐབས་ཀྱི་གདུལ་བ་ལ། །ཡེ་ཤེས་བུམ་པའི་ཀློང་ཡངས་སུ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །གདོང་ལྔ་གཙུག་ཕུད་ལྔ་


DNG005_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན། །ཡེ་ཤེས་སྣང་བ་ལམ་མེ་བ། །འོད་ཆེན་རྣམ་པར་སྣང་བར་བྱེད། །གཟི་བརྗིད་ཆེན་པོ་བལྟ་ན་སྡུག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཡེ་ཤེས་གདངས་ཀྱི་ཕུང་པོ་ལྔ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །སངས་རྒྱས་སྐུ་ལྔའི་བདག་འཛིན་པ། །དྲི་མེད་དག་པའི་མཁའ་ལ་གསལ། །བྱད་དང་མེ་ལོང་དུས་མཚུངས་ཀྱང་། །གཡའ་དང་དྲི་མ་མ་དག་པས། །བྱད་བཞིན་རྣམ་པ་གསལ་མི་ནུས། །མེ་ལོང་གཡའ་དང་བྲལ་བ་ལ། །བྱད་ཀྱི་དྲི་མ་དག་པ་གསལ། །ཆོས་ཉིད་རིག་པ་མ་བྲལ་ཡང་། །འབྱུང་བ་ཕྲ་རགས་རྣམ་པ་དང་། །སེམས་རྟོག་ཕྲ་རགས་རྣམ་པ་གསུམ། །ཆོད་པས་སྐུ་དང་དྭངས་མ་གསལ། །གཉིས་པོ་ཕྲ་རགས་ལྔ་དག་ནས། །བཙལ་དང་འོང་བ་མེད་བཞིན་དུ། །རྟོག་མེད་ཡེ་ཤེས་སྣང་བ་གསལ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །རྣམ་པར་དག་པ་བདག་མེད་ཆོས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤང་བ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་མ་ལུས་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་འཇོམས་པ་པོ། །མེད་པ་ལས་བྱུང་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །ཅེས་གསུངས་སོ། །འཇམ་དཔལ་དགོངས་པ་འདུས་པ་ལས། སྐུ་ཡི་ཆ་ལུགས་བསྟན་པའོ། །དེ་ནས་ཡང་གསང་བའི་བདག་པོས་བཀའ་སྩལ་པ། གདུལ་བྱ་ཁྲོ་བོར་སྣང་བ་ལ། །ཐུགས་རྗེ་རང་བྱུང་དཀྱིལ་འཁོར་ཤར། །དོན་ལ་ཐ་དད་ཡོད་པ་མིན། །གཉིས་མེད་གཉིས་སུ་མེད་པར་སྟོན། །


DNG005_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་མཐུན་པར་སྣང་བའོ། །རིག་པ་ཆོས་ཉིད་དབྱེར་མེད་པས། །དྲི་མ་དྲུག་བྲལ་ཆོས་ཀྱི་སྐུ། །དེ་ཉིད་ཕྲ་རགས་དྲི་མ་དག །ཕྲ་ཞིང་ཟག་མེད་ས་བོན་བྲལ། །དེ་ཡི་མཚན་ཉིད་རྣམ་པ་ལྔ། །རིག་པ་ཤར་བ་རིགས་ལྔའི་སྐུ། །གདུལ་བྱ་ལ་སྣང་འབྱུང་བ་བཞི། །འབྱེད་མེད་ཤེས་རབ་སྐུ་གསལ་བས། །མཚན་མའི་ཕྱག་རྒྱ་མི་གནས་པ། །མཁྱེན་པའི་ཡེ་ཤེས་ཕྱག་རྒྱ་གསལ། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གདུལ་བྱ་ལ་སྣང་ཡེ་ཤེས་སྐུ། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཡེ་ཤེས་ཀྱི་ནི་དྭངས་མ་ལ། །ཡོན་ཏན་སྐུ་ལྔས་རབ་ཏུ་བརྒྱན། །འདི་ནི་རྟགས་དང་ཆ་འཛིན་སྐུ། །ཆོས་སྐུ་ཡེ་ནས་གཞི་ཉིད་ལ། །ལོངས་སྐུ་མཁྱེན་པའི་ཤེས་རབ་སྟེ། །སྤྲུལ་སྐུས་ཕྱིར་གསལ་དོན་བྱེད་ནུས། །མཐིང་གའི་བུམ་པ་མེ་ལོང་ཡེ་ཤེས་སྣང་། །སྣང་མཛད་བུཌྜྷ་ཧེ་རུ་ཀ །སྨུག་ནག་དབུ་གསུམ་འཇིགས་པའི་གཟུགས། །ཕྱག་དྲུག་ཞབས་བཞི་གདངས་ཤིང་བསྒྲད། །མཐིང་ག་བུམ་པ་མེ་རི་མཐིང་ནག་སྣང་། །མི་བསྐྱོད་བཛྲ་ཧེ་རུ་ཀ །མཐིང་ནག་དབུ་གསུམ་འཇིགས་པའི་གཟུགས། །ཕྱག་དྲུག་ཞབས་བཞི་གདངས་ཤིང་བསྒྲད། །སེར་པོ་བུམ་པ་མེ་རི་སེར་ནག་སྣང་། །རིན་ཆེན་འབྱུང་ལྡན་ཧེ་རུ་ཀ །སེར་ནག་དབུ་གསུམ་འཇིགས་པའི་སྐུ། །ཕྱག་དྲུག་ཞབས་བཞི་སྔ་མ་བཞིན། །དམར་པོ་བུམ་པ་མེ་རི་དམར་ནག་སྣང་། །སྣང་བ་མཐའ་ཡས་པདྨ་ཧེ་རུ་ཀ །དམར་ནག་དབུ་གསུམ་འཇིགས་པའི་སྐུ། །ཕྱག་དྲུག་ཞབས་བཞི་སྔ་མ་བཞིན། །ལྗང་གུ་བུམ་པ་མེ་རི་དམར་ནག་གསལ། །དོན་ཡོད་གྲུབ་པ་ཀརྨ་ཧེ་རུ་ཀ །ལྗང་ནག་བུམ་པ་དབུ་གསུམ་འཇིགས་པའི་སྐུ། །ཕྱག་དྲུག་ཞབས་བཞི་གདངས་ཤིང་བགྲད། །ཀུན་གྱི་ཕྱག་མཚན་རྣམ་པ་གསུམ། །ཡེ་ཤེས་རང་རྟགས་ཕྱག་མཚན་དང་། །གདུལ་བྱེད་དཔའ་རྟགས་ཕྱག་མཚན་དང་། །ཕྲ་མེན་རྦོད་གཏོང་ཕྱག་མཚན་རྣམས། །སོ་སོའི་རྟགས་དང་ཆ་འཛིན་པ། །ཡེ་ཤེས་རང་རྟགས་སོ་སོར་སྣང་། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །གཟུགས་ཆེ་ལུས་ཀྱང་ཆེ་


DNG005_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །རལ་པ་མུན་ཛ་ཅོད་པན་ཐོགས། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཡེ་ཤེས་མེ་ལྕེ་འོད་འབར་བ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །བརྟན་པོ་མི་སྡུག་གཟུགས་འཆང་བ། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་བ། །ནམ་མཁའ་ཁྱབ་པའི་གར་བྱེད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོ་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །རྡོ་རྗེ་གྲགས་པ་རྡོ་རྗེ་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །གླང་ཆེན་ཀོ་རློན་གོས་སུ་གོན། །དྲག་ཆེན་ཧ་ཧ་ཞེས་སྒྲོགས་པ། །ཧི་ཧི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ཆེན་མོ་གད་རྒྱངས་ཆེ། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་འབར་བ་མིག་མི་བཟང་། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེའི་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧ་ཧ་ངེས་པར་སྒྲོགས། །འདི་ནི་ཐུགས་རྗེ་རང་བྱུང་སྟེ། །ཞི་བའི་སྐུ་ལས་མ་གཡོས་པར། །གདུག་པ་ཅན་ལ་དེ་ལྟར་སྣང་། །ལྷུན་གྲུབ་སྐུ་ནི་དུང་ཁང་དུ། །མ་བསྐྱེད་རྫོགས་པའི་ཀློང་ན་གསལ། །གཅིག་ནི་རིན་ཆེན་ཀློང་ན་གསལ། །གཉིས་ཀ་ཡེ་ཤེས་སྒོ་བཞིར་རྒྱུ། །སེམས་ཅན་དོན་ལ་སྒོ་གསུམ་རྒྱུ། །ཡེ་ཤེས་དབང་


DNG005_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ཞེས་གསུངས་སོ། །འཇམ་དཔལ་དགོངས་པ་འདུས་པ་ལས། སྐུ་ཞི་ཁྲོ་གཉིས་སུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། སྐྱེ་མེད་དོན་རྟོགས་རབ་ཏུ་དགའ། །བློ་ཡི་ཐེ་ཚོམ་ཀུན་དང་བྲལ། །དེས་ན་གཉིས་པ་དྲི་མ་མེད། །ཐུན་མོང་ཐུགས་རྗེས་དོན་མཛད་པ། །ཇི་བཞིན་རྣམ་བཞི་མ་ནོར་སྟོན། །འདི་ནི་གསུམ་པ་འོད་འཕྲོའི་ས། །གདུལ་བྱ་ལ་སྣང་མངོན་སུམ་པས། །རང་ཤར་ཐུགས་རྗེས་དོན་མཛད་པ། །དེ་ནི་བཞི་པ་འོད་བྱེད་ས། །ཡེ་ཤེས་གདངས་དང་ཡོན་ཏན་སྐུ། །གཉིས་པོ་དག་ཏུ་སྣང་བ་ཡིན། །དེ་ལྟར་དོན་མཆོག་ངེས་ཐོབ་པས། །སྣོད་བཅུད་མི་གནས་རང་གྲོལ་ཏེ། །རྣམ་རྟོག་དྲི་མེད་ས་ལ་གནས། །ལྔ་པ་སྦྱང་དཀའི་ས་ནོན་པའོ། །དྲི་མེད་སྐུ་དང་ཡེ་ཤེས་རྣམས། །རླུང་དང་བྲལ་བའི་མར་མེ་ལྟར། །ཇི་བཞིན་གསལ་བ་མངོན་གྱུར་པས། །ཟག་བཅས་འབྲས་བུ་ལས་འཕགས་ནས། །ལྷུན་གྲུབ་མངོན་དུ་གྱུར་པའི་ཚེ། །བདུན་པ་རིང་དུ་སོང་བའི་ས། །དོན་ཆེན་དེ་ལ་འགྱུར་མེད་པ། །ཇ་ལོག་རྣམ་གསུམ་དོན་གནས་པས། །འགྱུར་མེད་ཟང་ཐལ་བརྒྱད་པའི་ས། །ཆོས་ཉིད་དྲི་མ་གསུམ་དག་པའོ། །ལྔ་དང་དྲུག་གི་མཚན་ཉིད་ལ། །རིག་པ་དྲི་མེད་སྙིང་པོར་ཤར། །འབྲས་བུ་དྲི་མེད་སྐུ་གསུམ་གསལ། །ཤེས་རབ་སྐུ་ཡིས་མཚམས་སྦྱར་ནས། །དྲི་མེད་སྐུ་གསུམ་འདུ་འབྲལ་མེད། །གདུལ་བྱ་འོད་ཀྱི་སྐུ་མི་འགག །སྐུ་གཉིས་བདག་དང་གཞན་དོན་མཛད། །འདི་ནི་དགུ་པ་ལེགས་པའི་བློ་གྲོས་ས། །འཁོར་རྣམས་ཆོས་ལ་རིག་དབང་བསྐུར། །འདི་ནི་ས་བཅུ་ནོན་པ་སྟེ། །དེ་དག་འགྱུར་མེད་ཟང་ཐལ་ལ། །ཆོས་ཀྱི་སྐུ་སྟེ་བཅུ་གཅིག་པའོ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་རྣམ་དག་བདག་ཉིད་ཅན། །ཞེས་གསུངས་སོ། །འཇམ་དཔལ་དགོངས་པ་འདུས་པ་ལས། སྦྱང་དུ་མེད་པའི་ས་བཅུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །དེ་ནས་སྟོན་པས་བཀའ་


DNG005_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། །ལག་ན་རྡོ་རྗེ་ངེས་ཟུང་ཞིག །གསང་སྔགས་མཐར་ཕྱིན་ཕ་རོལ་ཕྱིན་པ་བཅུ། །མི་གནས་ཕྱོགས་ལྷུང་མེད་པའི་ཤེས་རབ་ལས། །ཕྱོགས་མེད་ཡོན་ཏན་འཁོར་འདས་གཉིས་སུ་ཤར། །ཉི་མའི་སྙིང་པོ་རིན་ཆེན་བཞིན། །ཆོས་ཉིད་ཕྱིན་པར་ཆོས་ཅན་སྣ་ཚོགས་སྣང་། །རྒྱན་དང་རོལ་བར་སྣང་བའོ། །བཞི་གསུམ་མཚན་ཉིད་དང་ལྡན་པས། །འབྱུང་བཞི་མ་འགགས་ས་གཞི་བཞིན། །དེ་ལས་ལྷན་ཅིག་སྐྱེས་པ་དང་། །ཀུན་ཏུ་བརྟགས་གཉིས་སྔ་ཕྱིའི་ཚུལ། །འཁྲུལ་པའི་རྒྱུ་སྟེ་ས་བོན་བཞིན། །རྐྱེན་བཞིས་མཐུན་པའི་ཕན་རྐྱེན་བྱས། །དཔེར་ན་ཆུ་དང་ལུད་བཞིན་ནོ། །འཁྲུལ་གསུམ་འབྲས་བུའི་རྩི་ཐོག་བཞིན། །སྤྲུལ་པའི་སྐུ་ཡི་ཞིང་ཁམས་སོ། །དེ་ནི་འཁོར་བ་སྤྱི་སར་ཤར། །གཞི་གསུམ་དག་པས་འབྲས་བུ་རྣམ་པ་གསུམ། །རྒྱུ་དང་རྐྱེན་གྱི་ཕ་རོལ་ཕྱིན་པ་ཡིན། །ཆོས་སྐུ་གཉིས་མེད་འགྱུར་མེད་པས། །ལོངས་སྐུ་ཤེས་རབ་སྐུ་ལྔར་ཤར། །གདུལ་བྱ་དག་ལ་ཡེ་ཤེས་སྒྱུ་མའི་སྐུ། །རང་ལ་མེད་པར་གཞན་ལྟར་སྣང་བ་གདུལ་བྱར་སྐུ། །བྱད་དང་མེ་ལོང་ཇི་བཞིན་དུ། །སྐུ་གསུམ་འདུ་འབྲལ་མེད་པར་ཤར། །དེ་ནི་མྱང་འདས་སྤྱི་སར་ཤར། །ཆོས་ཅན་སྤྱི་སར་བཏང་བ་ཆོས་ཅན་ཉིད་དུ་གྲོལ། །རྒྱུ་རྐྱེན་གཉིས་ཀྱི་ཕ་རོལ་ཕྱིན། །མི་གནས་དམིགས་མེད་ཤེས་རབ་ཀློང་དུ་བཏང་། །སྦྱིན་བདག་ཆེན་པོ་གཙོ་བོ་ཡིན། །ཆོས་ཉིད་འབྱུང་བའི་དྲི་མ་དག །རིག་པ་སེམས་ཀྱི་དྲི་མ་དག །ཆོས་སྐུ་མཐའ་ཡི་དྲི་མ་དག །ཤེས་རབ་མཐའ་ཡི་དྲི་མ་དག །ཡེ་ཤེས་སྐུ་ལ་ཡིད་དང་མཚན་མ་དག །སྤྲུལ་པའི་སྐུ་ལ་རེག་བྱ་ཉོན་མོངས་དག །ཞི་བའི་སྐུ་ལ་ཕྱོགས་རིས་དག །ཉག་གཅིག་དོན་ལ་ཕྱོགས་རིས་དག །ཟང་ཐལ་དོན་ལ་སྐྱེ་འགག་མེད། །རང་བྱུང་དོན་ལ་འདུས་བྱས་དག །ལྷུན་གྲུབ་དོན་ལ་རེ་དོགས་དག །དག་པའི་དེ་དག་ཀྱང་ནི་ལོགས་ན་མེད། །དེ་ནས་ཡང་སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །མཆོག་ཏུ་གྱུར་པ་སེམས་དཔའ་ཉིད། །དེ་ཡི་འདོད་པ་ཤེས་རབ་ཕ་རོལ་ཕྱིན་པའི་ཆོས། །དུས་གསུམ་བདེ་གཤེགས་ཀུན་གྱི་ཡུམ། །


DNG005_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་མ་ཚོགས་ཀྱི་མེས། །རང་རྫོགས་ལྷུན་གྲུབ་དུས་གསུམ་འགྱུར་བ་མེད། །འདུ་འབྲལ་མེད་པའི་ལམ་ཆེན་མ་རྟོགས་པར། །མཐོ་རིས་བགྲོད་པའི་ལམ་དེས་ཉོན་མོངས་སྡུག་བསྔལ་འགྱུར། །འགྱུར་མེད་ས་བཅུར་རང་རིག་མ་རྟོགས་པར། །རྩོལ་སྦྱངས་ས་བཅུས་རྩོལ་བསྒྲུབ་མཐར་ལྷུང་སྟེ། །ཨ་ཏི་བྱ་བྲལ་དོན་དང་འགལ་བས་གོལ། །ཕ་རོལ་ཕྱིན་བཅུ་རང་ཤར་མ་རྟོགས་པར། །བྱང་ཆུབ་འདོད་པ་དེ་ལ་བྱང་ཆུབ་ག་ལ་ཡོད། །བདེ་བ་འདོད་པ་དེ་ལ་རྒྱབ་ཀྱིས་ཕྱོགས། །གནས་སྐབས་བདེ་བས་མི་བསླུ་མཐར་ཐུག་འབྲས་བུ་མེད། །དེ་ཕྱིར་མཐར་ཐུག་གསང་སྔགས་ཕ་རོལ་ཕྱིན་པའི་དོན། །ཡེ་ནས་ལྷུན་གྲུབ་རང་རྫོགས་ཆེན་པོ་ཡི། །ཚོགས་གཉིས་ཚོགས་ནི་མ་བཙལ་བསགས་པ་པོ། །འཕྲལ་ལ་མ་བསགས་ཡེ་བསགས་ཆེན་པོ་ལ། །སྐུ་གཉིས་ཕྱིར་དང་བར་དུ་སྣང་། །བསོད་ནམས་ཚོགས་ཞེས་དེ་ལ་བྱ། །ཆོས་སྐུ་ཟང་ཐལ་འགྱུར་མེད་ལ། །ཡེ་ཤེས་ཚོགས་ཞེས་དེ་ལ་བྱ། །དེ་ནི་ཚོགས་ལམ་ངེས་པའི་དོན། །སྦྱོར་བའི་ལམ་ནི་འདི་ལྟ་སྟེ། །སྐུ་དང་ཡེ་ཤེས་རང་རིག་ཉིད། །གཉིས་སུ་མེད་པའི་དེ་ཉིད་ཡོད། །ཇི་བཞིན་རྟོག་པ་ཕྲ་བ་ཡིས། །རང་ལས་ཤར་ཅིང་རང་ལས་གྲོལ། །སྣང་བ་སུམ་སྦྱོར་དབྱེར་མེད་པས། །མཐོང་ལམ་ཡེ་ཤེས་རྟོགས་པ་ཤར། །རང་བཞིན་དག་པའི་ནམ་མཁའ་ལ། །ཕྲ་རགས་གཉིས་པོས་མ་བསྒྲིབས་པས། །ཆོས་ཉིད་དག་གསལ་སྣང་བ་མཐོང་། །སེམས་ཉིད་རང་སྣང་ནམ་མཁའ་ལ། །ཕྲ་རགས་གསུམ་པོས་མི་བསྒྲིབས་པས། །དྲི་མེད་རིག་པའི་སྙིང་པོ་མཐོང་། །དེ་ཉིད་དབྱེར་མེད་ཟང་ཐལ་ལ། །མཐའ་བཞི་ཕྲ་རགས་དྲི་མ་གསུམ། །མ་བསྒྲིབས་ཆོས་སྐུ་ཇི་བཞིན་མཐོང་། །དེ་ནི་ཆོས་སྐུ་མཐོང་བའི་ལམ། །དེ་ཡི་མཚན་ཉིད་སྔར་གྲགས་པ། །དངོས་མཚན་ཡིད་ཀྱིས་མ་བསྒྲིབས་པས། །རིག་པ་དག་ལ་མ་འགགས་པར། །ཤེས་རབ་ངོ་བོ་སྐུར་གསལ་མཐོང་། །དེས་ནི་ལོངས་སྐུ་ངེས་མཐོང་ལམ། །སྟོང་པ་རེག་བྱ་མ་བསྒྲིབས་པར། །གདུལ་བྱ་ལ་སྣང་སྐུ་ལྔ་


DNG005_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །སྤྲུལ་སྐུ་ངེས་པར་མཐོང་བའི་ལམ། །གློ་བུར་མ་རིག་མ་བསྒྲིབས་པར། །དེ་ལྟར་གསུམ་ཉིད་ཡེ་ཤེས་ལྔ། །ལྔ་ཉིད་དྲི་མེད་སྐུ་གསུམ་འདུས། །ཡེ་ནས་ཇི་བཞིན་གནས་ལུགས་མཐོང་། །དེ་ནི་ཡེ་ཤེས་ངེས་མཐོང་ལམ། །དེ་ལྟར་དོན་མཐོང་འདུ་འབྲལ་མེད། །དབང་པོ་རབ་ལ་དགོངས་པ་གསལ། །འབྲིང་ལ་བསྒོམ་པའི་ཐབས་མཆོག་གསལ། །ལྟ་བསྒོམ་སྟོབས་ཀྱི་ཁྱད་པར་གྱིས། །ལྟ་བའི་གདེངས་གནས་བསྒོམ་ལམ་གནས། །བསྒོམས་པས་དངོས་པོ་དེ་བཞིན་ཉིད། །དེ་ནི་བསྒོམ་པ་ཞེས་བཤད་ན། །དྲི་མེད་སྐུ་དང་ཡེ་ཤེས་མངོན་འགྱུར་བས། །དེ་ནི་འབྲས་བུ་རང་རྫོགས་ཏེ། །མཐར་ཕྱིན་ལམ་ཏེ་ཇ་ལོག་གསུམ། །དེས་ནི་བགྲོད་མེད་ལམ་ཆེན་ལྔ། །ནམ་མཁའི་ལམ་ལ་རབ་ཏུ་གནས། །ཞེས་གསུངས་སོ། །འཇམ་དཔལ་དགོངས་པ་འདུས་པ་ལས། གསང་སྔགས་ཀྱི་དོན་ལམ་བསྟན་པའི་ལེའུ་སྟེ་བཞི་པའོ།། །དེ་ནས་སྟོན་པས་འགྱུར་བ་མེད་པའི་ས་བཅུ་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །རང་བཞིན་དག་པའི་ནམ་མཁའ་ལ། །དྲི་མེད་དག་པའི་ཆོས་སྐུ་མཐོང་། །ཡེ་ཤེས་སྒྲིབ་པའི་དྲི་མ་ལ། །གདུལ་བྱ་ལས་སྣང་སྐུ་གཉིས་སྣང་། །བར་དུ་ཤེས་རབ་སྐུ་ལྔ་མཐོང་། །མཚན་ཉིད་ལྔ་ལྡན་ཡེ་ཤེས་མཐོང་། །ཁྱད་པར་འཕགས་པའི་དོན་ཆེན་པོ། །རང་ལ་མཐོང་བས་རབ་ཏུ་དགའ། །ཆོས་ཉིད་མཐོང་བས་འབྱུང་བའི་དྲི་མ་མེད། །རིག་པའི་དོན་མཐོང་མཐའ་བཞི་དྲི་མ་དག །ཤེས་བྱའི་སྐུ་མཐོང་ཡིད་དང་མཚན་མ་དག །སྤྲུལ་པའི་སྐུ་མཐོང་སྟོང་པ་རེག་བྱའི་དྲི་མ་དག །ཡེ་ཤེས་དོན་མཐོང་གློ་བུར་མ་རིག་དག །དོན་རྣམས་ངེས་མཐོང་བློ་ཡི་ཐེ་ཚོམ་བྲལ། །དོན་ཕྱིར་རང་གི་རིག་པ་རང་གིས་རིག །ལུས་ཀྱིས་མ་བསྒྲིབས་ཡེ་ཤེས་སྒོ་ནས་མཁའ་ལ་འཆར། །ཤར་ཀྱང་དངོས་པོ་མེད་དེ་སྤྲོས་མེད་ཐིག་ལེའི་དོན། །ཉམས་ཤར་བ་དང་གོམས་པ་ཀ་ནས་དག །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །གོང་ལྟར་སྦྱིན་པ་རྣམ་གཉིས་ཅིར་རྩལ་ཡང་། །དྲི་མེད་སྙིང་པོ་རང་སྣང་མཚན་མ་མེད། །དྲི་མ་མེད་པས་ཚུལ་ཁྲིམས་མཆོག །ཞེས་


DNG005_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཚུལ་ཁྲིམས་ཀྱི་ལེའུ་སྟེ་ལྔ་པའོ།། །རང་རིག་དྲི་མེད་ཆོས་སྐུ་ལ། །རིག་པའི་སྐུ་དང་འོད་ཀྱི་སྐུ། །མ་བཙལ་ཡེ་ནས་ལྷུན་གྲུབ་པས། །བྱ་བྱེད་འབད་རྩོལ་མི་གནས་པར། །འབྲས་བུ་སྐུ་དང་ཡེ་ཤེས་སྨིན། །རྒྱུ་ཉིད་མ་བཅོས་འབྲས་བུ་རྫོགས། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བྱར་མེད་རང་བྱུང་ཡེ་སངས་རྒྱས། །བརྩོན་འགྲུས་ཀྱི་ལེའུ། འགྱུར་མེད་རྡོ་རྗེའི་གདན་ལ་འབྱུང་ཞིང་ཟད། །ཕྲ་རགས་དྲི་མ་དག་པས་སངས་རྒྱས་ཡུལ་མེད་དེ། །རིག་པ་དྲི་མེད་ཟང་ཐལ་ཤེས་རབ་གསལ། །རང་སྣང་ཡེ་ཤེས་གཞན་སྣང་རྟོག་པ་མེད། །གཟུང་འཛིན་རྟོགས་པ་བདེ་ཆེན་ཆོས་ཀྱི་སྐུ། །བཟོད་ཆེན་མ་ལུས་འཆང་བ་བརྟན་པ་པོ། །བཟོད་པའི་ལེའུ། དགོངས་པ་བསྒོམ་དུ་མེད་པར་རང་ལུགས་ཆེན་པོར་གནས། །བསྒོམ་བྱ་སྐུ་དང་ཡེ་ཤེས་རིག་པའི་ཡེ་ཤེས་ཉིད། །དུས་གསུམ་དུས་མེད་རང་བཞིན་མཉམ་པ་ཉིད། །སྒོ་ལྔའི་རྟོག་པ་སྐྱེ་འགག་འཆར་ཞིང་ནུབ། །སྙིང་པོ་ཟང་ཐལ་ཉིད་དེ་སྐྱེ་འགག་མེད། །དུས་གསུམ་འདས་དང་མ་བྱོན་ད་ལྟར་གྱི། །ཐ་སྙད་མིང་ཡང་མི་གནས་འགྱུར་མེད་དེ། །ནམ་མཁའ་གུད་བཅད་མ་ཕུབ་ཟང་ཐལ་ལྟར། །སྤྲོས་མེད་ཐིག་ལེ་ཤེས་རབ་སྒོ་ནས་ཤར། །འོ་མའི་སྙིང་པོ་རྩི་མར་ཁྱབ་པ་ལྟར། །ནམ་མཁའི་ངང་ལ་ཆོས་སྐུས་ཁྱབ་པ་དང་། །གདུལ་བྱ་ལ་སྣང་ཡེ་ཤེས་སྐུ་དང་ཆས། །དྲི་མེད་ཆུ་ལ་སྣང་བ་རང་བཞིན་མེད། །སྣང་སྟོང་དབྱེར་མེད་བདག་ཉིད་ཆེན་པོ་ཡིན། །བསྒོམ་ཞིང་བསྒྲུབ་པའི་ཆོས་མིན་ཡེ་གནས་པ། །ལྷུན་གྲུབ་ཉམ་ང་མེད་པའི་བསྒོམ་པ་དེངས། །ཐབས་ཀྱིས་བྱིང་རྒོད་བསལ་དུ་མེད་པ་སྟེ། །རང་གིས་མཚན་ཉིད་ཞི་བས་བགྲོད་པ་མེད། །རང་བཞིན་དོན་ལ་བྱིང་རྨུགས་མེད་པར་གསལ། །བྱིང་རྒོད་བློ་ལ་སྣང་བ་ཆོས་ཀྱི་དབྱིངས། །སེམས་ལས་འདས་པའི་སངས་རྒྱས་ཀྱང་། །གསལ་འགྲིབ་སྐྱེ་འགག་མེད་པའི་དོན། །གཡེང་བ་འཕྲོ་འདུ་མི་གནས་པར། །རྒོད་པ་རགས་པ་བྱིང་བ་ཕྲ་བ་གཉིས། །གདོད་ནས་རྣམ་དག་སངས་རྒྱས་དགོངས་པ་ཡིན། །དེ་བཞིན་པས་ནི་བཅོས་ཤིང་བསྒྲིམ་པ་དང་། །རིག་པའི་རྩལ་སྦྱང་ཆེད་དུ་འཕྲོ་བ་མེད། །


DNG005_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་སྣང་བ་ཁོ་ཡི་རྩལ་ཡིན་མོད། །ལུས་ལ་འཆར་བའི་སྒོ་ནི་རྣམ་པ་གཉིས། །འདོད་པའི་སྒོ་ནས་ཤེས་རབ་འཆར་དུ་མེད། །ཡེ་ཤེས་སྒོ་ནས་སྐུ་དང་ཡེ་ཤེས་འཆར། །འདོད་པ་མི་འབྱུང་རང་བཞིན་ཤུགས་ཀྱིས་སྣང་། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །དེ་ལྟར་མ་རྟོགས་བློ་ཞན་བསྒོམ་པའི་ཚེ། །ཐུན་མོང་ཁྱད་པར་ལུས་ངག་བྱ་བ་བཏང་། །རྐྱེན་གྱིས་བྱིང་བ་དེ་ཡིས་སེལ་བར་འགྱུར། །ཡིད་ཀྱི་བྱ་བ་བཏང་བའང་དེ་བཞིན་ཏེ། །རྐྱེན་གྱིས་རྒོད་པ་ཞི་བའི་ཐབས། །ནད་ཁམས་ཤེས་པའི་ཁྱད་པར་རང་བཞིན་གྱིས། །བྱིང་དང་རྒོད་པ་བྱུང་ན་གང་ན་གྱི་ན་བྱ། །དེ་ཡིས་མི་སེལ་བྱིང་རྒོད་སྐྱོན་མ་བསྟན། །ཡོན་ཏན་ལུས་པས་དེ་ཉིད་རང་ལ་རླབས། །རླུང་གི་རྟ་ལ་ཡིད་ཀྱི་སྒྲ་གསུམ་བསྐྱོན། །སྐར་མདའ་བཞིན་དུ་ཆོས་ཉིད་མཁའ་ལ་འཕང་། །ཐོག་དང་འདྲ་སྟེ་སེང་གེ་འབྲུ་ཚུགས་ལྟ། །འགུལ་དགུས་གཅོད་དང་བྲལ་ནས་དུས་མཚུངས་གནད། །ནམ་མཁའ་དག་ལ་ཁྱུང་ལྡིང་དང་འདྲ་སྟེ། །རྩོལ་བྲལ་མཁའ་ལ་ཀློད་ལ་བཞག །གཟེར་བཏབ་འདྲ་སྟེ་ཡང་ཡང་གོམས་པར་བྱ། །ཚད་ཕྱིན་དགོངས་པ་གངས་ལ་ཉི་མ་ཤར་བ་བཞིན། །བློན་པོ་བཙོན་དུ་བཟུང་བ་འདྲ་སྟེ་བློ་ཡི་རྟོག་པ་ཞི། །སྒོ་ལྔ་ཡུལ་ལ་མི་འཕྲོ་དགོངས་པ་མཐའ་བཞིར་གནས། །དངོས་པོ་བློ་ལྟར་སྣང་བ་སློབ་པའི་ཐབས། །དོན་དང་མཐུན་པར་གྱུར་པས་དངོས་པོ་བློ་ཡི་ཐོག་ཏུ་གྲོལ། །བློན་པོས་དམངས་གྲོལ་དམངས་ཀྱི་བྱ་བ་བྲལ། །ངང་དྭངས་རང་བཞིན་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ། །སྐུ་དང་ཡེ་ཤེས་བསྒོམ་པར་གསལ་བའི་དོན། །ཏིང་འཛིན་བློ་ལྟར་སྣང་བ་རང་གསལ་རིག་དང་རྒྱུད་རིག་པ། །མ་བཅོས་ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །རང་བྱུང་བསམ་གཏན་བསམ་བྱ་བློ་ལྡན་པ། །ཡེ་ནས་བསམ་གཏན་བཞི་ཡི་རྩེ་མོ་ཅན། །དེ་ནི་བསམ་གཏན་ཕ་རོལ་ཕྱིན་པའོ། །རང་བྱུང་ཤེས་རབ་ཡེ་ཤེས་འགག་མེད་རང་ཤར་བས། །དབྱེར་མེད་ཤེས་རབ་གཞི་ལ་གནས་པས་འབྱུང་། །ཐོས་པའི་དོན་རིག་རྣམ་པར་འབྱེད་པ་དང་། །བསམ་པའི་དོན་རིག་སོ་སོར་ཕྱེ་བ་དང་། །འདུས་པ་ལས་བྱས་མ་བྱུང་དོན་ཆེན་རིག །བསྒོམ་པ་ཤེས་རབ་མི་རྟོག་ཤེས་རབ་


DNG005_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །བསྒོམ་པའི་དོན་ལ་མི་གནས་སོ་སོར་འབྱེད་པ་དང་། །དགོངས་པའི་དོན་ལ་མི་གནས་ཤེས་རབ་ཐོག་ཏུ་བབ། །ཐོས་པས་ཤེས་རབ་རྒྱུད་ལ་སྐྱེ་བའི་ཐབས། །ངོ་སྤྲོད་རྟོགས་པ་ཐོབ་འགྱུར་བས། །མི་བསླུ་ངེས་པའི་བདེན་པ་བཞི། །སྐུ་གསུམ་འདུ་འབྲལ་མེད་པར་གནས། །སྤྲད་པའི་ཡུལ་དེ་རང་ལ་གནས། །བདེན་པ་མཐོང་བའི་ཐབས་ཆེན་བཞིས། །དོན་གྱི་སྐུ་གསུམ་ངོ་སྤྲད་པས། །ལྷུན་གྲུབ་སངས་རྒྱས་ཉིད་དུ་ཤར། །རྟགས་ཀྱི་སྐུ་གསུམ་ངོ་སྤྲད་པས། །འབྲས་བུ་ཚེ་འདིར་བདེན་པ་མཐོང་། །སྐུ་གསུམ་ཇ་ལོག་ངོ་སྤྲད་པས། །འབྲས་བུ་གྲུབ་པ་ཚད་དུ་ཕྱིན། །དཔེ་ཡི་སྐུ་གསུམ་ངོ་སྤྲད་པས། །དོན་གྱི་སྐུ་གསུམ་ངེས་པ་རྙེད། །ཤེས་པ་བརྒྱད་པོ་རྟོག་པ་འཆང་། །ཇི་བཞིན་གཞི་ལ་མཚོན་པའི་ཐབས། །ཇི་བཞིན་རྣམ་གཉིས་བརྡ་དང་ངག །གཉིས་པོ་གཟུང་འཛིན་ཡ་བརྒྱད་དེ། །རྟོགས་པའི་ཡེ་ཤེས་ཤར་བ་ནི། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྟོག་པའི་ཡེ་ཤེས་རྣམ་བཞིར་ཤར། །དགོས་ཆེད་འབྲས་བུ་ཇི་བཞིན་ནོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག །རྒྱས་དང་བསྡུས་པའི་བྱེ་བྲག་གིས། །དཔེ་དོན་རྟགས་དང་རྣམ་པ་གསུམ། །དོན་གསུམ་ཐེ་ཚོམ་མེད་པ་ཡིན། །ཤིན་ཏུ་བསྡུས་ན་གདམས་ངག་ཉིད། །དེ་རྣམས་ཤེས་རབ་ལྡན་མིག་ཡིན། །བསམ་པའི་དོན་འབྱུང་དེ་དག་ལས། །སྤྱི་དང་རང་གི་མཚན་ཉིད་རྟོགས། །དེ་མཐུན་ཤེས་རབ་ངེས་པ་རྙེད། །གོམས་པའི་ཤེས་རབ་གོང་དུ་བསྟན། །ཤེས་རབ་ཆེན་པོའི་དོན་རིག་ན། །ཆོས་ཀུན་འགྱུར་བ་མེད་པའི་དོན། །ལོངས་སྐུ་ཤེས་རབ་རིག་པའི་སྐུ། །མཁྱེན་པའི་ཡེ་ཤེས་ལ་དབང་བསྒྱུར། །སྤྲུལ་སྐུ་གདུལ་བྱ་ལ་སྣང་དོན་བྱེད་ནུས། །དེ་གསུམ་ཕྱོགས་ལྷུང་མེད་པའི་ཤེས་རབ་ལ། །དབྱེར་མེད་ཤེས་རབ་རང་གསལ་ན། །ཤེས་རབ་ཕ་རོལ་ཕྱིན་པའི་དོན། །དང་པོའི་ཆོས་སྐུ་རིག་པར་ཤར། །རིག་པའི་ཡེ་ཤེས་འོད་དུ་གསལ། །དེ་ལས་སྐུ་དང་ལུས་འབྱུང་བཞི། །སྲིད་པའི་གཞི་ནི་མི་གནས་གཟུང་། །ཆོས་སྐུ་


DNG005_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་གདངས་དང་བཅས། །ཕྱི་ནང་མེད་པའི་ཡེ་ཤེས་གསལ། །དེ་ལ་རྩ་གཉིས་ལས་ཤར་བས། །གཅིག་ཏུ་མཁྲེགས་ཏེ་ལྟེ་བར་འགྱུར། །དེ་ལས་ལུས་བྱིངས་རྣམ་པ་བསྐྱེད། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །མི་འགྱུར་འབྱུང་བ་རྣམ་པ་ལྔ། །རང་གསལ་ཡེ་ཤེས་འབྱུང་བ་ཤར། །དང་པོའི་འབྱུང་བ་དེ་ལས་འབྱུང་། །སྙིགས་མ་རགས་ཕྲའི་དྭངས་མས་སྐྱེད། །མ་རིག་སྦུབས་འཐུམ་བག་ཆགས་སྨིན། །སྐུ་གསུམ་ཐུགས་རྗེ་སྦུབས་ཀྱི་ཐོག་ཏུ་ཤར། །ཤེས་རབ་བཞི་ནི་སོ་སོར་རྟོགས་པའི་དོན། །ཤེས་རབ་དྲི་མེད་ངོས་བཟུང་བ། །གཟུང་ལ་སྒྲིབ་པ་ཉོན་མོངས་ཡོད། །ཡིད་ཀྱི་རྣམ་ཤེས་ཤེས་རབ་གཅོད་ལ་སྒྲིབ། །དེ་ནི་ཤེས་རབ་དྲི་མ་ཅན་ཡིན་ཏེ། །དྲི་མེད་ཤེས་རབ་ཟག་འཁྲུལ་རྣམ་པར་དག །ཟག་པ་ཟག་བྱེད་མ་འཁྲུལ་ཟག་མེད་རྟོགས། །མ་རིག་སྒོ་ང་ལྟ་བུའི་སྦུབས་འབྱེད་པ། །མ་བཅོས་ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས་ནས་འཇོམས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །རྡུལ་མེད་རྡུལ་བྲལ་དྲི་མ་བྲལ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །སྲིད་པའི་རི་བོ་ཆེན་པོ་འཇོམས། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཤེས་རབ་ཆེན་པོ་ལུས་འཆང་བ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་གསུངས་སོ། །གསང་སྔགས་ཐབས་ཀྱི་རྒྱལ་པོ་ནི། །བྱ་བཙལ་མི་མངའ་རྟོགས་ཐོབ་ཐབས། །སྤངས་པ་མེད་དང་ཉུང་ཟབ་སྟེ། །མཁས་པ་ཆེན་པོ་ཐབས་ཆེ་བའི་ལེའུའོ། །སྟོབས་ཀྱི་འཁོར་རྣམས་སྣ་ཚོགས་སྣང་། །སྣ་ཚོགས་གཉིས་མེད་ངང་དུ་སྦྱོར། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྐུ་དང་


DNG005_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རང་ལ་འབར། །རང་ཤར་རང་ལ་རྣམ་པར་བརྒྱན། །དེ་ནི་འབྲས་བུ་རང་རྫོགས་ཡིན། །ཡིད་བཞིན་འབྲས་བུ་ཆེན་པོ་འཆང་། །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་སྟོན་པ་པོ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །མི་གནས་ཡེ་ཤེས་གསལ་ལ་རྟོག་པ་མེད། །རྣམ་དག་ཡེ་ཤེས་ཟང་ཐལ་གདངས་དང་བཅས། །ཆོས་སྐུ་ཟང་ཐལ་ཆོས་དབྱིངས་ཡེ་ཤེས་ཉིད། །རིག་པ་མ་འགགས་མེ་ལོང་ཡེ་ཤེས་ཉིད། །ཤེས་རབ་གསལ་བས་ཡེ་ཤེས་ཀུན་རྟོགས་ལྔ། །ཆོས་སྐུ་ལོངས་སྐུ་ཡེ་ཤེས་གཉིས་སུ་སྣང་། །གདུལ་བྱ་ལ་སྣང་སྐུ་དང་ཡེ་ཤེས་ཆོས། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །སྐུ་གསུམ་དབྱེར་མེད་མཉམ་པ་ཉིད། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་སོ། །ཡེ་ཤེས་ཀྱི་ལེའུའོ། །འཇམ་དཔལ་དགོངས་པ་འདུས་པ་ལས། སྤྱད་དུ་མེད་པ་ཕ་རོལ་ཏུ་ཕྱིན་པ་བཅུ་བསྟན་པའི་ལེའུའོ། །འཇམ་དཔལ་དགོངས་པ་འདུས་པའི་རྒྱུད་ལས། གསང་སྔགས་ཀྱི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །དེ་ནས་ཡང་སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །སྐུ་ཡི་དོན་དང་ཤེས་རབ་ཀྱིས། །སྔགས་དང་མཚན་ཉིད་དགོངས་པ་ལ་བཟླའོ། །དེ་ཡི་བསྐྱེད་པའི་རིམ་པ་ནི། །རིམ་པས་རྩོལ་བ་སྤྱོད་འདོད་པ། །མ་སྐྱེས་ལྷུན་གྱིས་གྲུབ་པ་དེས། །རྩོལ་བྲལ་འདུ་འབྲལ་མེད་པར་བསྟན། །འདི་རུ་རྫོགས་རིམ་མཐར་ཐུག་དོན། །ལ་བཟླ་ཐུགས་ཀྱི་དགོངས་པ་བཤད། །ཆོས་སྐུ་ཟང་ཐལ་དངོས་པོ་མེད་ཤེས་པས། །རྫོགས་རིམ་སྐྱེ་བ་མེད་པ་ཁས་བླངས་ཀྱང་། །ཝ་སྤྲེལ་སེང་གེར་བརྫུས་པ་བཞིན། །དངོས་མེད་ཟང་ཐལ་ཆོས་སྐུ་མ་རྟོགས་པར། །བློ་ཡི་ཞེ་འདོད་ཚུལ་འཆོས་ལྷ་ལ་བལྟ། །འདི་ནི་གསང་སྔགས་ཕྱི་ནང་གཉིས་དང་ཉེ། །མཐར་ཐུག་ཨ་ཏིའི་དོན་མཆོག་མ་རྟོགས་པར། །མུ་སྟེགས་རྟག་


DNG005_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་མཐུན་གོལ་སར་ལྷུང་། །འཇིག་རྟེན་བཞིན་བཟང་གཟུགས་ཁམས་ལྷ་རུ་སྐྱེ། །གཟུགས་སྐུ་རྣམ་གཉིས་འདུ་འབྲལ་མེད་པར་མ་ཤེས་པར། །སངས་རྒྱས་སྐུ་གསུམ་ཡེ་ཤེས་ཁས་འཆེས་པས། །སྤྲེའུ་བཞིན་ངན་རྒྱལ་པོར་བརྫུས་པ་བཞིན། །སྐུ་གསུམ་འདུ་འབྲལ་མེད་པའི་དོན་ཤེས་པས། །བློ་ཡི་ཡེ་ཤེས་རྒྱུན་སྦུབས་ཕྱོགས་སུ་གཞོལ། །ཆོས་ཉིད་ཡེ་ཤེས་གདངས་ཆེན་མ་ཤེས་པས། །ཆ་མཐུན་གོལ་ས་མུ་སྟེགས་ཆད་ལྟར་ལྷུང་། །ལམ་མཆོག་འབྲས་བུ་གཟུགས་མེད་ལྷ་རུ་སྐྱེ། །ཕྱོགས་རེ་གང་འཛིན་སེམས་ཉིད་དགོངས་པ་ཡིན། །མ་བསྒོམས་ཡེ་ནས་ལྷུན་གྲུབ་མ་ཤེས་པར། །བསྒོམ་པའི་བག་ཆགས་བརྟས་པ་འབྲས་བུར་འདོད། །ཉོན་མོངས་དྲི་མ་དག་པས་ངན་སོང་རྣམ་གསུམ་མེད། །ཤེས་བྱའི་དྲི་མ་དག་ལས་འབྲས་བུ་སངས་རྒྱས་ཡིན། །ཀུན་གྱིས་རང་སྣང་ས་དང་ལམ་ལ་འཇུག །སངས་རྒྱས་ཉག་གཅིག་གནས་ལུགས་མ་ཤེས་པས། །ཐར་པའི་དུས་མེད་འཇིག་རྟེན་གསུམ་ལས་ཡོངས་མི་འདའ། །ཉག་གཅིག་རང་སྣང་སྐུ་གསུམ་འདུ་འབྲལ་མེད། །ཤེས་རབ་སྐུ་ཡི་དོན་ཆེན་མ་རྟོགས་པར། །མཚན་བཅས་ལྷ་ལ་ལྟོས་པས་འཆིང་བར་གྱུར། །གདུལ་བྱ་ལ་སྣང་སྐུ་མདོག་མ་རིག་པར། །ཤེས་རབ་སྐུ་ཡིས་གཞན་དོན་ནུས་པ་མིན། །ཀྱེ་ཀྱེ་རྡོ་རྗེ་འཛིན་པ་མ་ནོར་ཟུང་། །དུས་གསུམ་བདེ་གཤེགས་ཐུགས་དགོངས་མ་ནོར་བར། །ཆོས་ཀྱི་སྐུ་སྟེ་འབྲས་བུའི་སྐུ་མི་འགག །ཆོས་ཉིད་རང་གསལ་དྲི་མ་གསུམ་དང་བྲལ། །དྲི་མ་རྣམ་གསུམ་འབྱུང་བ་མ་ཡིན་ཏེ། །རིག་པ་སངས་རྒྱས་ཞིང་ཁམས་གཞན་མི་བསྒྲིབ། །ཕྲ་བས་འདུལ་ཏེ་ཡེ་ཤེས་རང་གདངས་འོད་མི་འཆར། །ཕྲ་བའི་ཕྲ་བ་བག་སྟེ་གདུལ་བྱ་ལ་སྣང་སྐུ་མི་འཆར། །ཆོས་ཉིད་མི་མཐོང་ཡོན་ཏན་འཆར་མི་ནུས། །ཆུ་དང་མེ་ལོང་གཡའ་དང་རྙོག་མས་བསླད་ཅིང་བསྒྲིབས་པ་བཞིན། །སྦྱང་ཞིང་དགག་དང་སྦྱང་བསྒྱུར་མི་དགོས་པར། །རྟོགས་པས་མི་གནས་རང་དབང་ཆེན་པོར་འགྱུར། །ཉི་མ་ཤར་ནས་མུན་པ་མི་གནས་བཞིན། །རིག་པའི་ཡེ་ཤེས་གསལ་ལ་མི་རྟོག་སེམས་ཀྱི་དྲི་མ་མེད། །རིག་པ་སྒོ་ལྔ་ཡིན་ཏེ་དུ་མ་མང་པས་རང་རིག་གཅིག་


DNG005_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསླད། །མཚན་མ་དང་བཅས་སྐྱེ་འགག་བཅས་པས་དངོས་མེད་སྐྱེ་འགག་མེད་པ་བསྒྲིབ། །ཕྲ་བ་ཡིན་ཏེ་ཕྱི་ནང་མེད་པས་ཡིད་ཀྱི་རྣམ་ཤེས་དག་གིས་བསླད། །གཟུང་འཛིན་བྲལ་བས་རིག་པའི་དོན་མ་མཐོང་། །འཛིན་མེད་རང་གསལ་ཉོན་མོངས་ཡིད་ཀྱིས་བསླད། །ཡེ་ཤེས་རང་སྣང་དགོངས་པ་དེས་མ་མཐོང་། །དེ་ཡང་རྟོག་པས་མི་རྣམས་མུན་ཁང་མར་མེ་བཞིན། །དྲི་མ་དྲུག་ལ་དྲུག་བྲལ་ཁྱབ་གདལ་འུབ་ཆུབ་པས། །ཕྱི་ནང་མཐའ་དབུས་མེད་པའི་གཉིས་མེད་བདེ་ཆེན་ཆོས་སྐུ་ཟང་ཐལ་ཡིན། །མཐའ་བཞི་དྲི་མ་ཕྲ་དང་རགས་པ་གཉིས་པོ་ཡིན། །རགས་པ་ཡོད་ན་རྟག་མཐའ་དངོས་མེད་སྤྲོས་བྲལ་བསྒྲིབ། །ཕྲ་བ་མེད་མཐའ་ཆད་མཐའ་གཉིས། །སྙིང་པོ་རིག་པའི་ཡེ་ཤེས་དོན་མ་མཐོང་། །ཕྲ་བའི་ཕྲ་བ་དངོས་མེག་བག་ཆགས་ཡིན། །དེ་གསུམ་དྲི་མས་ཆོས་སྐུ་བསྒྲིབས། །དེ་གསུམ་བྲལ་ན་དྲི་མེད་རྣམ་དག་ཆོས་སྐུ་ཡིན། །ད་ལྟ་ངོ་སྤྲད་ནམ་མཁའི་སྙིང་པོ་དང་། །ཡེ་ཤེས་སྙིང་པོ་དབྱེར་མེད་ཆོས་སྐུ་སྟེ། །ཅེར་གྱིས་བལྟས་མཐོང་བར་ན་ཆོས་སྐུ་གནས། །ཡེ་ཤེས་གོ་ན་ཆོས་ཀྱི་སྐུ། །དེ་ཉིད་སྟོང་པ་དོན་གྱི་སྣང་བ་ལ། །གདུལ་བྱ་ལ་སྣང་འབྱུང་ཞིང་འགྱུར་བས་རིག་པ་ཡིན། །ངོ་བོ་དངོས་པོ་མི་གནས་ཇི་བཞིན་མཁྱེན་གསལ་ཡེ་ཤེས་སྐུ། །དེ་ཉིད་འགྱུར་མེད་དོན་གྱིས་མི་བསྐྱེད་པ། །གདུལ་བྱའི་ངོ་ལ་སྣང་བཞིན་གྱུར་པ་རིག་པ་ཡིན། །ཤེས་རབ་ངོ་ལ་ཁ་མིག་རྣ་བ་ཅན་དུ་མ་གྲུབ་ཀྱང་། །ཤེས་རབ་གསལ་ཆས་ངོས་མེད་དངོས་ལྟར་མཁྱེན། །ཤེས་རབ་མ་བཅོས་ཏིང་འཛིན་ལུས་ཀྱི་མཆོག་ཏུ་གསུངས། །དེ་ཉིད་ཡོན་ཏན་འབྱུང་བའི་རིན་ཆེན་འབྱུང་ལྡན་ཡིན། །རྟགས་དང་ཆུ་འཛིན་འབྱུང་བ་བཞིར་གྲུབ་མ་འགགས་རིག་པ་ཡིན། །དེ་ལྟར་གསལ་བས་ཤེས་རབ་སྐུ། །དྲི་མས་མ་གོས་དོན་གྱི་སྣང་མཐའ་ཡས། །དེ་ལྟར་མ་འགགས་རིག་པ་ཡིན། །སྣང་བ་མཐའ་ཡས་དངོས་སུ་མ་གྲུབ་པར། །དངོས་ལྟར་སྣང་ཞིང་གསལ་བ་ཤེས་རབ་སྐུ། །དེ་ཉིད་ཐོགས་པ་མེད་པས་དོན་གྲུབ་ཡིན། །སྒྱུ་མའི་སྐུ་རུ་མ་འགགས་རིག་


DNG005_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །དངོས་མེད་དངོས་ལྟར་མཁྱེན་པས་ཤེས་རབ་སྐུ། །ད་ལྟ་ངོ་སྤྲོད་སྙིང་གི་དཀྱིལ་ན་གནས། །ཤེས་རབ་རིག་པས་བློ་ཡི་ངང་ནས་གཅོད། །ཡིད་དང་འགྲོགས་པས་སྣོད་བཅུད་ཟག་བཅས་ཡིན། །ཆོས་སྐུའི་མཚན་མ་མ་འགགས་རིག་པ་ལ། །སྐུ་ལྔ་ཝ་ལེ་གསལ་བ་ཤེས་རབ་སྐུ། །ཤེས་རབ་ངོ་ལ་དེ་ལས་མེད་བཞིན་དུ། །གདུལ་བྱ་རང་སྣང་རྣམ་དག་སྐུ་སྣང་སྟེ། །ཡེ་ཤེས་གདངས་ལས་ཡོན་ཏན་སྐུ་ལྔར་བརྒྱན། །མེ་ལོང་ཆུ་ཟླ་འཇའ་ཚོན་ཇི་བཞིན་ཏེ། །ཡེ་ཤེས་ལུས་ཅན་སྒྱུ་མ་ཙམ་དུ་ནི། །ད་ལྟ་ངོ་སྤྲད་ཡེ་ཤེས་སྒྲོན་མ་སྟེ། །སྐུ་ཡི་རྣམ་པ་ཐུགས་ཀྱི་ཀློང་ན་གསལ། །རྟེན་དང་བྲལ་བས་བསྒྲིབ་མེད་ཟང་ཐལ་དང་། །དེ་ཉིད་ཡེ་ཤེས་ལྔ་སྟེ་གོང་བསྟན་བཞིན། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །རྡོ་རྗེའི་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །རྣམ་དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །འོད་བཟང་འབར་བ་དཔལ་གྱི་བེའུ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཅན། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ཏེ་འཇིགས་པ་མེད། །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ནོར་བ་ཐམས་ཅད་རྣམ་པར་སྤངས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་གསུངས་སོ། །འཇམ་དཔལ་དགོངས་པ་འདུས་པ་ལས། འཇམ་དཔལ་ཐུགས་ཀྱི་ལེའུ་ཟབ་མོ་བསྟན་པ་སྟེ་དྲུག་པའོ།། །དེ་ནས་སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་


DNG005_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་། །སྐུ་དང་གསུང་དང་ཐུགས་དང་གསུམ། །དགོངས་པ་མ་ནོར་དེ་བཞིན་ནོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡང་། །ཡུལ་མེད་འབྱུང་བར་མི་འགྱུར་ཏེ། །སྤྱིར་ན་ཞིང་ཁམས་གསུམ་ན་ཡང་། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཡིན། །ཆོས་སྐུའི་ཞིང་ཁམས་རྣམ་དག་སྟུག་པོ་བཀོད་པའི་ས། །ལོངས་སྐུའི་ཞིང་ཁམས་མཚན་རྫོགས་རྡོ་རྗེ་འཆང་གི་ས། །སྤྲུལ་སྐུའི་ཞིང་ཁམས་ཁམས་གསུམ་འཁོར་བའི་རྒྱུ། །གདུལ་བྱ་གསུམ་ཡང་དེ་བཞིན་ཏེ། །ཉིད་ལས་མི་གཞན་སྐུ་ལྔ་དང་། །སེམས་དཔའ་སེམས་མའི་ས་པ་དང་། །རིགས་དྲུག་དུ་མ་སྣང་བའོ། །དེ་དག་ལ་ཡང་གཉིས་ཡིན་ཏེ། །སྤྲུལ་པའི་སྐུ་དང་རང་རྒྱུད་དང་། །རང་རྒྱུད་འཁྲུལ་ཞིང་འཁོར་བ་སྟེ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །བརྟེན་ནས་འཁོར་ལོ་བཅུ་གཉིས་འཆང་། །སྣང་བ་ཆེན་པོ་གསལ་བ་སྟེ། །ནོར་བུ་ཆེན་པོ་རིན་ཆེན་ཏོག །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །དེ་ལྟར་འཁྲུལ་སྣང་ཤར་བའོ། །དེ་ནི་སྤྲུལ་སྐུའི་ཞིང་ཡིན་ཏེ། །ཆོས་སྐུའི་ཞིང་ཁམས་ཐུགས་ཀྱི་ལེའུ་བཞིན། །ལོངས་སྐུའི་ཞིང་ཁམས་སྐུ་ཡི་ལེའུ་བཞིན། །ཐུགས་རྗེ་དག་པའི་བྱུང་ཚུལ་ཡང་། །སྐུ་ཡི་འོད་དང་གསུང་ཟེར་ལས། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །སྐུ་གསུམ་དྲི་མེད་ཐུགས་རྗེ་འབྱུང་། །ཆོས་སྐུའི་གནས་ལུགས་གོང་བསྟན་བཞིན། །ཐུགས་རྗེ་རྒྱལ་བ་རིག་པ་སྟེ། །གོང་བཤད་བཞིན་དུ་ཤེས་པར་གྱིས། །ལོངས་སྐུ་ཐུགས་རྗེ་སྤྲུལ་པ་སྟེ། །ལོངས་སྤྱོད་རྫོགས་སྐུ་སྐུ་ཡི་རྒྱལ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བགྱིད་པ། །ལྷ་ཡི་དབང་པོ་ལྷ་ཡི་ལྷ། །ལྷ་ཡི་དབང་པོ་ལྷ་མིན་བདག །འཆི་མེད་དབང་པོ་ལྷ་ཡི་བླ་མ། །འཇོམས་བྱེད་


DNG005_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་བྱེད་དབང་ཕྱུག་པོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །རྡོ་རྗེ་བློ་གྲོས་དོན་ཆེན་བྱེད། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །འགྲོ་ཀུན་དགའ་བའི་མིག་དང་ལྡན། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །ནད་དོ་ཅོག་གི་དགྲ་ཆེ་བ། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བ་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ལུས་ཅན་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་སོ། །དེ་ནས་ལག་ན་རྡོ་རྗེས་སྣ་དྲངས་ནས། བསྐོར་བ་ལན་གསུམ་བྱས་པ་དེ། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །རྫོགས་སངས་རྒྱས་ལ་ཕྱག་འཚལ་།།
ནས། །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུང་། །དེ་ཡི་ངེས་དོན་ཟབ་མོའི་དོན། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །འགྲོ་བའི་མགོན་པོ་རྗེས་ཡི་རང་། །ཞེས་གསོལ་ཏོ། །ཐེག་པ་ཀུན་གྱི་ཡང་རྩེ། གསུང་རབ་མ་ལུས་པའི་ཉིང་ཁུ། འཇམ་དཔལ་དགོངས་པ་འདུས་པ་ཞེས་བྱ་བ། གཏེར་གྱི་སྙིང་པོ་རྫོགས་སོ།། །། གཏེར་ཆེན་གསུམ་གྱི་སྲུང་མས་མེལ་ཚེ་གྱིས་ཤིག །དམ་མེད་ལག་ཏུ་ཤོར་ན་ཆད་པ་ཆོད། སྐུ་གསུམ་གྱི་སྣང་བ་ངོ་སྤྲོད་བཞིའི་རྒྱུད་འདིར་འཇུག། །།

དུར་ཁྲོད་ཕུང་པོ་འབར་བ་མན་ངག་གི་རྒྱུད་ཅེས་བྱ་བ།དུར་ཁྲོད་ཕུང་པོ་འབར་བ་མན་ངག་གི་རྒྱུད་ཅེས་བྱ་བ།


DNG005_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྨ་ཤ་ན་སྐནྡྷ་ཛྭ་ལོ་པ་དེ་ཤ་ཏནྟྲ་ནཱ་མ། བོད་སྐད་དུ། དུར་ཁྲོད་ཕུང་པོ་འབར་བ་མན་ངག་གི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དུར་ཁྲོད་ཆེན་པོའི་རྫོང་། ཀེང་རུས་ཀྱི་རི་རབ། ལྕང་ལོ་ཅན་གྱི་ཕོ་བྲང་།གསང་བའི་སྒོ་བཞི་བཏོད་པ་ན། ཉི་ཟླ་ཟུང་ཅིག་གསལ་བ་ན། བཅོམ་ལྡན་འདས་བརྗིད་པའི་ཁྲོ་གཉེར་ཅན། རང་རིག་པའི་རྒྱལ་པོ་ཡེ་ཤེས་ཆེན་པོ་བཞུགས་ཏེ། ནང་གི་འཁོར་ཆེན་མཁའ་འགྲོ་ལྔ། ཕྱིའི་འཁོར་དག་ཁྱེའུ་ལྔ། གསང་བའི་འཁོར་ནི་ལྷ་མོ་ལྔ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་གཏུམ་ཁྲོ་འབར། །ཉི་ཟླ་འབར་བའི་གདན་སྟེང་ནས། །རྒྱ་མཚོའི་ནང་ནས་སྐུ་བཞེངས་ནས། །ཆོས་ཉིད་ཀློང་ནས་གདངས་བསྐྱོད་ལ། །བདག་ཅག་འདུས་པའི་འཁོར་ཚོགས་ལ། །ཕུང་པོ་འབར་བའི་གསང་རྒྱུད་འདི། །ཐུགས་ཀྱི་ཀློང་ནས་རབ་བཀྲོལ་ལ། །མགུར་གྱི་བུམ་པར་ཆོས་ཉིད་དྲིལ། །ལྗགས་ཀྱི་པདྨོ་དག་ལ་བཀྲམ། །ཤངས་ཀྱི་རླུང་སྒྲོམ་དུང་གི་ཚེམས་པར་དག་ནས་སྟོན་མཛོད་ལ། །ཡོན་ཏན་སྒོ་ལྔ་ཁྱེའུ་ལ་བརྡ་སྤྲད་ནས། །མོས་པའི་འཁོར་ལ་གསུང་དུ་གསོལ། །


DNG005_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞུས་སོ། །དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །དེ་ནས་བཅོམ་ལྡན་འདས་བརྗིད་པའི་ཁྲོ་གཉེར་ཅན་གྱིས་ཞུ་བའི་འཁོར་གསང་བའི་བདག་པོ་དང་། སྡུད་པའི་འཁོར་དགའ་རབ་རྡོ་རྗེ། མོས་པའི་འཁོར་མཁའ་འགྲོ་ལྔ་ལ་སོགས་ཏེ་བསམ་གྱིས་མི་ཁྱབ་པ་རྣམས་ལ། དུར་ཁྲོད་ཕུང་པོ་འབར་བའི་གསང་རྒྱུད་འདི། །ང་ཡིས་བཤད་ཀྱིས་ཡིད་ལ་ཟུང་། །ཞེས་བཀའ་སྩལ་ཏོ། །སྔོན་དུར་ཁྲོད་ཕུང་པོ་འབར་བའི་རི་རབ་ན། དཔག་བསམ་གྱི་ལྗོན་ཤིང་ལྕང་ལོ་ཅན་གྱི་ཕོ་བྲང་ན། རླུང་ནག་མུན་ལྟར་གཏིབས་པའི་ནང་ཤེད་ན། །འདོད་ཆགས་ཆུ་ལྟར་འཁྲུགས་པའི་དཀྱིལ་ཤེད་ན། །ཁྱེའུ་ཤེལ་གྱི་སྒྲོན་མེ་ཐོགས། །རེས་འགའ་རི་རབ་རྩེ་ལ་གནས། །རེས་འགའ་དུར་ཁྲོད་འདམ་དུ་རྒྱུ། །རེས་འགའ་འཁོར་བའི་ཆུ་བོས་ཁྱེར། །རེས་འགའ་རླུང་ནག་འཚུབས་མས་ཁྱེར། །ཁྱེར་ཡང་ཁོ་ལ་ཤི་བ་མེད། །ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ཅན། །བདག་ཅག་འདུས་པའི་འཁོར་ཚོགས་ལ། །དེ་ཡི་དོན་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་གསུངས་པ། བརྡ་ཡི་དོན་རྣམས་མ་གོ་ན། །ངས་བཤད་ཡིད་ལ་ངེས་པར་ཟུང་། །དུར་ཁྲོད་ཕུང་པོ་འབར་བ་ནི། །ད་ལྟའི་དུས་ན་མེ་རི་འབར་བ་སྟེ། །ཕྱིས་ཀྱི་དུས་ན་གཟུགས་ཀྱི་ཕུང་པོའོ། །དཔག་བསམ་ལྗོན་ཤིང་བསྟན་པ་ནི། །སྲོག་ཏུ་གྱུར་པའི་རླུང་བཞིན་ཏེ། །ལྕང་ལོའི་ཕོ་བྲང་བསྟན་པ་ནི། །ཕྱི་ལྟར་བསྟན་ན་འོག་མིན་གནས། །ནང་ལྟར་བསྟན་ན་ཐོད་པ་སྟེ། །འདོད་ཆགས་ཆུ་ལྟར་བྲུབ་པ་ནི། །ཉོན་མོངས་འདོད་ཆགས་ཆེན་པོ་སྟེ། །རླུང་ནག་མུན་ལྟར་གཏིབས་པ་ནི། །ཕྲག་དོག་གཏི་མུག་བདུད་ཀྱིས་ཁྱེར། །ཁྱེའུ་སྒྲོན་མེ་ཐོགས་པ་ནི། །རིག་པའི་རྒྱལ་པོ་རང་སྣང་སྟེ། །རི་རབ་རྩེ་ལ་གནས་པ་ནི། །རྒྱ་མཚོའི་མདངས་ལ་གནས་པ་ཡིན། །དུར་ཁྲོད་འདམ་དུ་རྒྱུ་ཞེས་པ་ནི། །ཙིཏྟའི་ནང་དུ་རྒྱུ་བ་ཡིན། །འཁོར་བའི་ཆུ་བོས་ཁྱེར་བ་ནི། །རྣམ་རྟོག་ཆུ་བོས་ཁྱེར་བ་ཡིན། །རླུང་ནག་འཚུབས་མས་ཁྱེར་བ་ནི། །དུག་ལྔའི་དབང་དུ་གྱུར་པ་ཡིན། །ཁོ་ལ་ཤི་བ་མེད་ཅེས་པ་ནི། །རིག་པ་རྡོ་རྗེ་ལྟ་བུའི་སྐུ། །ཅིར་


DNG005_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཤར་ཡང་ཁོ་ཡི་སྐུ། །ཞེས་གསུངས་སོ། །དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། འདུས་པ་བརྡའི་ལེའུ་སྟེ་གཉིས་པའོ།། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཕུང་པོ་འབར་བའི་དོན་རྣམས་གསུང་དུ་གསོལ། །སྟོན་པས་བཀའ་སྩལ་པ།ངས་བསྟན་འཁོར་རྣམས་ཡིད་ལ་ཟུང་། །ཕུང་པོ་ཞེས་སུ་བསྟན་པ་ནི། །དུ་མ་འདུས་པས་ཕུང་པོའོ། །འཇིག་པའི་ཕྱིར་ན་ཕུང་པོའོ། །རྟེན་པའི་ཕྱིར་ན་ཕུང་པོའོ། །འདུས་པའི་ཕྱིར་ན་ཕུང་པོའོ། །ཕུང་པོ་དག་ལ་བརྟེན་པ་ནི། །ཀླད་པ་དུང་ཁང་གཞལ་ཡས་ནི། །ཧེ་རུ་ཀ་ཡི་བཞུགས་གནས་ཡིན། །ཐུགས་རྗེ་འབྱུང་བའི་སྒོ་བཞི་ནི། །རིག་པ་འགྱུ་བའི་གསང་བཞི་ཡིན། །བྷྲྀ་གུ་ཙཀྵུའི་སྒོ་ཡིས་ནི། །རིག་པའི་ངོ་བོ་གདངས་གསལ་བསྟན། །མངོན་དུ་འགྱུར་བའི་ཡེ་ཤེས་ཡིན། །འབྱེད་པ་མེད་དེ་ཟང་ཐལ་ལོ། །དེ་ཡི་ངང་ལས་མ་གཡོས་ན། །དགོངས་པ་ཟིན་པའི་ཚད་ཡིན་ནོ། །སལ་ལེ་སང་ངེ་རྟོག་མེད་གསལ། །དུག་ལྔ་སྐྱ་ཡང་འཕེལ་འགྲིབ་མེད། །དཔེར་ན་ཉི་མའི་སྙིང་པོ་བཞིན། །དུས་གསུམ་རྒྱུན་གྱི་མུན་པ་སེལ། །ཐུགས་རྗེ་འབྱུང་བའི་སྒོ་ཡིས་ནི། །སྒྲོན་མ་རིག་པའི་རྩ་རུ་འགྱུས། །ལུས་ཀྱི་བཅུད་དང་ཐིག་ལེར་བཅས། །སྒལ་ཚིགས་གསང་བའི་རྟ་བརྒྱུད་ནས། །རྡོ་རྗེའི་ལམ་དུ་བདེ་བར་ཐོན། །ཡུམ་གྱི་པདྨའི་རྫིང་བུར་འཁྱིལ། །ཟླ་དགུ་ངོ་དང་བཅུ་རུ་གནས། །ངོ་བོ་ཉིད་ཀྱི་དགེ་སློང་དེ། །ཆོས་ཉིད་རང་སྒྲ་ཨ་ཧཾ་ཟློས། །སྤྲུལ་པའི་སྐུ་རུ་རབ་ཏུ་སྨིན། །ཐུགས་རྗེས་གཟིགས་སྣང་དོན་དམ་བཅད། །ཆོས་ཉིད་ཤེས་རབ་སྒོ་ཡིས་ནི། །ཤེས་རབ་དཔྱོད་པའི་རིག་པ་སྟེ། །སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཤེས་རབ་སྐྱེས་པའི་རླུང་ཞེས་བྱ། །ཆོས་རྣམས་ཀུན་གྱི་ཐོག་མཐའ་བཅད། །སྐྱེ་མེད་ངང་དུ་བསྒོམ་པར་ཤེས། །སྒོ་བཞི་མཐའ་ཡི་སློབ་དཔོན་ནི། །སྐྱེ་མེད་ནམ་མཁའ་སྒོ་ཡིན་ཏེ། །ཐོས་བྱ་མ་འགགས་སྣ་ཚོགས་ལྡན། །སྒོ་གསུམ་འདན་ལ་སྒོ་གཉིས་ཕྱེ། །སྒོ་གསུམ་ཆོད་ལ་སྒོ་གཅིག་སྡོམ། །སྤྱིར་ན་སྒོ་རྣམས་མ་བཅད་


DNG005_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཆོས་ཉིད་སྒོ་ལ་ཡེངས་པ་མེད། །ཆུ་བོ་གཞུང་ཆེན་དགོངས་པ་ཡིན། །དུས་གསུམ་རྒྱུན་གྱིས་རྟོག་པས་ཏེ། །རྒྱལ་པོས་ས་འཛིན་བློན་པོས་བྱས། །རིག་པ་འབྱེད་མེད་རང་གསལ་ནི། །རྒྱལ་པོ་བློན་པོ་དམངས་ཀྱི་ཚུལ། །རྒྱལ་པོ་རིག་པའི་ངོ་བོ་ཉིད། །མི་འགྱུར་མ་བཅོས་རང་བཞིན་གནས། །མ་བཅོས་ཇི་བཞིན་ལྷུན་གྲུབ་གནས། །སྟོང་པ་ཆེན་པོ་རྡོ་རྗེའི་སྐུ། །སྙིང་པོ་རང་གསལ་འཛིན་མེད་དེ། །ཆོས་ཉིད་རང་གི་གདངས་ལ་བཞུགས། །འདུ་འཛིས་གཡེངས་ཀྱང་གཡོས་པ་མེད། །རཱ་ཛ་ཞེས་ནི་དེ་ལ་བྱ། །བློན་པོ་སེམས་ཀྱི་ངོ་བོ་སྟེ། །ཕྱི་བློན་ནང་བློན་གཟུང་འཛིན་གཅོད། །རྣམ་རྟོག་སྣ་ཚོགས་ཡུལ་ལས་སྐྱེ། །དྲན་པ་ཕྱོགས་མེད་ཞེན་པར་གཅོད། །གཟུང་འཛིན་རྒྱུད་ལ་རབ་ཏུ་བསགས། །རྣམ་རྟོག་ཕྱིན་ཅི་ལོག་ལ་སྤྱོད། །དུག་ལྔ་ངར་འཛིན་ཁོང་དུ་བཅས། །བྱན་མོ་མཛངས་མའི་མཛོད་བཞིན་དུ། །དགེ་སྡིག་རྟོག་པ་སྣ་ཚོགས་བསགས། །མ་རྟོགས་བློན་པོས་དབང་བསྒྱུར་ཏེ། །ངན་སོང་གསུམ་དུ་ཐེ་ཚོམ་མེད། །རྟོགས་ན་ཆོས་ཉིད་རང་རྩལ་ཏེ། །ཤར་ཡང་རིག་པའི་ངང་ལས་ཤར། །སྐྱེ་ཡང་རིག་པའི་ངང་ལས་སྐྱེ། །གྲོལ་ཡང་རིག་པའི་ངང་དུ་གྲོལ། །སྣ་ཚོགས་ཤར་ཡང་རིག་པའི་རྩལ། །དཔེར་ན་ནམ་མཁའི་ཀློང་ཉིད་ནས། །སྤྲིན་དང་ན་བུན་ཁུ་རླངས་ཤར། །ཤར་ཡང་ནམ་མཁའི་ཀློང་དུ་ཐིམ། །དེ་བཞིན་རིག་པའི་རྒྱལ་པོ་ལ། །བློན་པོས་ལས་རྣམས་རྩལ་དུ་འགྱུར། །རིག་པའི་རྩལ་དུ་ཤེས་ཙམ་ན། །རྒྱན་དང་རོལ་པ་ཐུགས་རྗེའོ། །རིག་པའི་ངང་ནས་མ་གཡོས་ན། །སྟོང་གསུམ་འཇིག་རྟེན་བསྒྲལ་གྱུར་ཀྱང་། །སྟོན་པའི་ཐུགས་རྗེས་བསྒྲལ་བ་ལས། །སྡིག་ཅེས་བྱ་བའི་མིང་ཡང་མེད། །རྟོག་པ་གདེང་དུ་མ་གྱུར་ན། །སྐད་ཅིག་སེམས་ཀྱི་འཁུ་འཕྲིགས་ཀྱང་། །ངན་སོང་གསུམ་པོ་དག་དང་འདྲ། །དེས་ན་རཱ་ཛས་ས་ཟིན་ན། །བློན་པོས་ལས་རྣམས་ཅི་སྤྱད་ཀྱང་། །རཱ་ཛའི་ངང་ལས་གཡོས་པ་མེད། །རྟོགས་པ་རབ་ཀྱི་མཚན་ཉིད་དོ། །དབང་པོ་འབྲིང་གི་མཚན་ཉིད་ནི། །རཱ་ཛས་གདན་ས་མ་ཟིན་ན། །བློན་པོའི་དབང་དུ་རཱ་ཛ་བྱས། །བློན་པོ་བཙོན་དུ་བཟུང་བ་དང་། །རཱ་ཛ་གདན་ས་ཟིན་ཏེ་མི་


DNG005_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་དོ། །རཱ་ཛ་གདན་ས་ཟིན་པའི་མཚན་ཉིད་ནི། །རྒྱ་མཚོ་ཨར་ལ་གཏད་ཏེ་མི་བསྒུལ་ཧར་པོར་བཞག །ཤེས་རབ་གསེར་གྱི་ཐུར་མས་རིག་པ་རང་དབང་བསྐུར། །དེས་ནི་མཉམ་བཞག་མ་ཡིན་རྗེས་ཐོབ་བོ། །ཉམས་སུ་བླང་བའི་ཚད་ཡིན་ནོ། །ཞེས་གསུངས་སོ། །དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། ཕུང་པོ་བཤིགས་ནས་རིག་པ་ངོས་བཟུང་བའི་ལེའུ་སྟེ་གསུམ་པའོ།། །ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ཅན། །ཕུང་པོའི་ནང་དུ་རྒྱལ་བློན་དངོས་བསྟན་ཏེ། །དམངས་དང་གྲོལ་ལུགས་ཇི་ལྟར་ལགས། །མཉམ་པའི་ངང་ནས་གསུང་དུ་གསོལ། །ཡང་གསུངས་པ། ངས་བསྟན་འཁོར་རྣམས་ངེས་ཟུང་ཞིག །རིག་པ་མི་འགྱུར་རྒྱལ་པོ་བཞིན། །བློན་པོས་སྣ་ཚོགས་གཟུང་འཛིན་བྱེད། །དམངས་ཀྱིས་གཞན་སྣང་ཡུལ་ལ་སྤྱོད། །གསོག་པའི་དམངས་དང་མཆོད་པའི་དམངས། །མ་རྟོགས་པ་ཡི་དུས་ཉིད་ན། །སྒོ་ལྔའི་རྣམ་ཤེས་རྣམ་པ་ལྔ། །སྣ་ཚོགས་རྐྱེན་གྱིས་ཡུལ་ལ་སྤྱོད། །སྡུག་མི་སྡུག་གི་ཡུལ་གསུམ་སྐྱེ། །སྣ་ཚོགས་སྤྱད་ཀྱིན་ཡུལ་ལ་འཕྱོ། །གཟུང་འཛིན་རྣམ་རྟོག་རྒྱུན་དུ་བསགས། །སྒྲིབ་པ་གཉིས་ཀྱིས་ཡུན་དུ་བསྒྲིབས། །མ་རིག་བདག་ཏུ་ངེས་པར་གཟུང་། །རྒྱུད་དྲུག་དག་ཏུ་རྟག་ཏུ་འཁོར། །མ་རྟོགས་དུས་ན་དེ་ལྟར་སྣང་། །གསོག་པའི་དམངས་ཏེ་ཡུལ་ལ་སྤྱད། །ཡིད་ཀྱི་རྣམ་ཤེས་བདག་ཏུ་བཟུང་། །རྒྱལ་པོ་མུན་པའི་ནང་ན་འཁྱམས། །ཡང་གསུངས་པ། མཆོད་པའི་དམངས་ནི་འདི་ལྟ་སྟེ། །སྒོ་ལྔའི་རྣམ་པར་ཤེས་པ་སྟེ། །བྱང་ཆུབ་སེམས་ཀྱི་ཁྱེའུ་ལྔ། །མིག་ནི་ས་ཡི་སྙིང་པོ་སྟེ། །སྣང་བའི་ཡུལ་ལ་ཤེས་པ་ཤར། །མཐོང་བའི་གཟུགས་ནི་སྣ་ཚོགས་སྤྱད། །རིག་པའི་ངོ་བོ་འཛིན་མེད་དེ། །འཛིན་མེད་ངང་ལས་རྩལ་དུ་ཤར། །སྣང་བ་རྣམས་ལ་རྒྱ་ཡིས་བཏབ། །མི་འགྱུར་ངང་དུ་རང་སར་གྲོལ། །ཤར་བའི་དུས་ན་ཐུགས་རྗེའི་རྒྱན། །གྲོལ་བའི་དུས་ན་རྒྱལ་པོ་མཉེས། །ས་ཡི་སྙིང་པོ་འགྲོ་བ་འཛིན། །རྣ་བ་ཕྱག་ན་རྡོ་རྗེ་སྟེ། །ཐོས་བྱ་མ་འགགས་ཡུལ་ལ་སྤྱད། །སྒྲ་ཡིས་རོལ་མོའི་མཆོད་པ་སྟེ། །རིག་པ་སྐྱེ་མེད་ངང་དུ་ཐིམ། །རིག་པ་རང་གསལ་བརྡ་ཡིན་ཏེ། །གདངས་ནི་


DNG005_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རང་གསལ་དག་ཏུ་ཐིམ། །སྐྱེ་མེད་ཆེན་པོའི་མཆོད་པའོ། །སྣ་ནི་ནམ་མཁའི་སྙིང་པོ་སྟེ། །བསྒོམ་བྱའི་རིག་པའི་རྩལ་ཡིན་ཏེ། །སྣང་བའི་དྲི་མ་རང་བཞིན་གསལ། །དྲི་ཉིད་རིག་པའི་གདངས་ཡིན་ཏེ། །དྲི་ཡི་རང་བཞིན་དངོས་པོ་མེད། །ཤར་ཡང་རིག་པའི་ངང་ལས་ཤར། །ཐིམ་ཡང་རིག་པའི་ངང་དུ་ཐིམ། །མཉམ་ཉིད་ཐུགས་ཀྱི་ཀློང་དུ་ཐིམ། །ལྕེ་ནི་ཁྱེའུ་སྤྱན་རས་གཟིགས། །རོ་མཆོག་རིག་པའི་ངང་ནས་གསལ། །སྣ་ཚོགས་རོ་ཡི་མཆོད་པ་སྟེ། །རོ་ནི་གཉིས་མེད་རིག་པར་ཐིམ། །རིག་པ་ཆོས་ཀྱི་སྐུ་ཉིད་ལ། །གཟུགས་ནི་སྐུ་ཡི་མཆོད་པ་ཡིན། །བདེ་ཆེན་ཐུགས་ཀྱི་མཆོད་པ་ཡིན། །དྲི་ནི་གསུང་གི་མཆོད་པ་ཡིན། །རོ་ནི་ཡོན་ཏན་མཆོད་པའོ། །ལུས་ནི་སྒྲིབ་པ་རྣམ་སེལ་ཏེ། །རེག་བྱ་སྣ་ཚོགས་ཡུལ་ལ་སྤྱད། །བདེ་བ་ཆེན་པོར་ཉམས་མྱོང་སྟེ། །བདེ་ཆེན་གཉིས་མེད་ངང་དུ་ཐིམ། །རེག་ནི་ཕྲིན་ལས་མཆོད་པའོ། །རིག་པ་རང་གྲོལ་ཤེས་ཙམ་ན། །རིག་པའི་རྒྱལ་པོ་རང་དབང་ཐོབ། །རིག་པ་གཉིས་མེད་ཆོས་སྐུ་ལ། །མཆོད་དང་མི་མཆོད་མི་མངའ་སྟེ། །རྟོགས་པ་བདེ་ཆེན་རྙེད་ཙམ་ན། །དོན་གྱི་ངོ་ལ་མཆོད་མི་མངའ། །མཚོན་པའི་ངོ་ནས་བཏགས་པ་ཙམ། །ཅིར་སྣང་ཅི་སྲིད་རིག་པའི་རྩལ། །རྒྱལ་པོའི་ངང་ལས་མ་རྟོགས་པ། །བློན་པོ་དམངས་ནི་ཡོད་མི་སྲིད། །མིང་དུ་བཏགས་ཀྱང་རིག་པའི་རྩལ། །རོལ་པ་མཛད་སྤྱོད་ཐུགས་རྗེ་འཆར། །དེ་ལྟར་རྟོགས་ན་དགོངས་པའི་མཆོག །ཅེས་གསུངས་སོ། །དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། དམངས་ཀྱི་བཤད་པའི་ལེའུ་སྟེ་བཞི་པའོ།། །ཡང་ཞུས་པ། ཀྱེ་ཀྱེ་བརྗིད་པའི་ཁྲོ་གཉེར་ཅན། །ཕུང་པོའི་ནང་ནས་ཇི་ལྟར་འབྱེད། །རྩ་ཡི་ལམ་ནི་ཇི་ལྟ་བུ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངས་བསྟན་འཁོར་རྣམས་ངེས་ཟུང་ཞིག །ཕུང་པོའི་ནང་དུ་དབྱེ་བ་ནི། །རྒྱ་མཚོ་ཉི་མ་ཅན་ན་རིག་པ་ཉིད། །རིག་པའི་སྙིང་པོ་ཏིལ་འབྲུའི་ཆ་དང་མཚུངས། །དེ་ཡི་རང་ལུས་མཚོན་པ་སྤུ་རིས་ཙམ། །དེ་ཡི་རང་གདངས་ནམ་མཁའི་མཐའ་དང་མཉམ། །རིག་པ་དངོས་མེད་ནམ་མཁའ་ཉིད་ལ་གསལ། །སྣང་མེད་མཁའ་ལ་འཇའ་ཚོན་ཏེ། །དུས་གསུམ་


DNG005_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་ཡེ་ནས་གནས། །གཏང་བཞག་མེད་པར་ཀློད་ལ་བཞག །ཆོས་ཀྱི་སྐུ་ཞེས་བྱའོ། །རིག་པ་ཆོས་སྐུའི་དབྱེ་བ་ནི། །ཆོས་ཉིད་སྣང་བའི་སྒོ་ནས་ནི། །ཤེས་རབ་འགག་མེད་གསལ་དུས་སུ། །ཤེས་རབ་ལོངས་སྤྱོད་སྐུ་ཡིན་ཏེ། །ཐོགས་མེད་ཅིར་ཡང་མཁྱེན་པར་སྤྱོད། །དེས་མཚོན་ཤེས་རབ་སྐུ་ལྔ་སྟེ། །མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ། །དེ་ཉིད་ཡོན་ཏན་འགག་མེད་ལས། །རིན་འབྱུང་ཆེན་པོའི་སྐུ་རུ་ཤར། །དེ་ཉིད་སྐྱོན་གྱིས་མ་གོས་ཏེ། །མ་ཆགས་སྣང་བ་མི་འགག་ཏེ། །པདྨའི་རིགས་ཆེན་སྐུ་རུ་གསལ། །དེ་ཉིད་ཐོགས་མེད་མཐའ་བཞི་གྲོལ། །སྣ་ཚོགས་རིག་པའི་ངང་དུ་གྲུབ། །དོན་གྲུབ་ཆེན་པོར་རང་སྣང་ངོ་། །དེ་ཉིད་ཐོགས་མེད་ཀུན་ཏུ་སྣང་། །ཀུན་གྱི་གཞི་མོར་རྣམ་སྣང་གསལ། །རྣམ་སྣང་ཆེན་པོ་དེ་ཉིད་དོ། །དངོས་སུ་མི་སྣང་མཁྱེན་པ་མི་འགག་སྟེ། །དོན་གྱི་ངོ་ལ་དབྱེར་མེད་ཀྱང་། །མཚོན་པའི་སྒོ་ནས་སྣ་ཚོགས་སྣང་། །ཐུགས་མཆོག་རིག་པའི་ངང་ནས་དབྱེ། །རིག་པ་གཉིས་མེད་ཆོས་སྐུ་ལ། །སྤྲུལ་སྐུ་ཙམ་དུ་ཤར་བ་ནི། །ལམ་གྱི་སྒྲོན་མེའི་ཐིག་ལེ་སྟེ། །དངོས་མེད་དངོས་གསལ་འཛིན་མེད་དེ། །དྲུག་ནི་ཐུབ་པ་ཞེས་སུ་བསྟན། །དེ་ནི་རིག་པའི་རང་ལུགས་སོ། །དེ་ཤེས་ནས་ནི་རང་ས་ཟིན། །སྤྲུལ་སྐུ་དག་གི་དབྱེ་བའོ། །ཆོས་སྐུའི་ངོ་བོ་འགག་མེད་ལ། །ལོངས་སྐུ་ཤེས་རབ་འགག་མེད་སྤྱོད། །སྤྲུལ་སྐུ་གདུལ་བྱའི་ཡུལ་སྣང་བ། །མཚོན་པའི་དཔེ་ནི་ཉི་མའི་སྙིང་པོ་བཞིན། །ཉི་མའི་སྙིང་པོ་ཆོས་སྐུའི་དཔེ། །དེ་ལས་འོད་ཟེར་སྣ་ཚོགས་ཤར། །དེས་ནི་འགྲོ་དྲུག་མུན་པ་སེལ། །དེ་བཞིན་ཆོས་སྐུ་རྟོག་མེད་གསལ། །ལོངས་སྐུ་ཤེས་རབ་འགག་མེད་སྤྱོད། །སྤྲུལ་སྐུ་གདུལ་བྱའི་ཡུལ་སྣང་བ། །མཚོན་པའི་དཔེ་ནི་ཉི་མའི་སྙིང་པོ་བཞིན། །ཉི་མའི་སྙིང་པོ་ཆོས་སྐུའི་དཔེ། །དེ་ལས་འོད་ཟེར་སྣ་ཚོགས་ཤར། །དེས་ནི་འགྲོ་དྲུག་མུན་པ་སེལ། །དེ་བཞིན་ཆོས་སྐུ་རྟོག་མེད་གསལ། །ལོངས་སྐུ་ཤེས་རབ་འགག་མེད་སྤྱོད། །སྤྲུལ་སྐུ་ཐུགས་རྗེས་ཉོན་མོངས་སྒྲོལ། །དེ་གསུམ་མཐའ་དག་གཅིག་གི་ངང་། །ཆོས་སྐུའི་བཞུགས་གནས་རྒྱང་ཞགས་ཏེ། །ལོངས་སྐུའི་བཞུགས་གནས་ཙིཏྟ་ཡིན། །སྤྲུལ་སྐུའི་བཞུགས་གནས་སྒོ་ལྔའོ། །ཕུང་པོའི་ནང་དུ་དེ་ལྟར་དབྱེ། །ཞེས་གསུངས་སོ། །ཡང་གསུངས་པ། རྩ་ཡི་ལམ་ཞེས་བསྟན་པ་ནི། །རྒྱང་ཞགས་དག་ནས་རྩ་ཤར་བ། །ཆོས་ཉིད་རང་བྱུང་རྩ་ཞེས་བྱ། །ནམ་མཁའི་མཐོང་ཁུང་སྒོ་ནས་རྩ་


DNG005_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བ། །གསང་བ་འགག་མེད་རྩ་ཞེས་བྱ། །རྩ་གཉིས་ཆད་པ་ཡིན་ནམ། དེ་བཞི་ཙིཏྟ་དག་ལ་ཟུག །ཚད་མེད་སྒོ་བཞིའི་རྩ་ཞེས་སོ། །ཙིཏྟ་རིན་ཆེན་གུར་ཕུབ་ནས། །གཟུང་འཛིན་རྟོག་པའི་རྩ་ཞེས་ཏེ། །རྩོད་པའི་སྒོ་གསུམ་དག་ཏུ་ཟུག །དེ་ལ་མིང་དུ་མཚོན་པ་ན། །ཤེས་རབ་མྱུར་བྱེད་མི་བོ་ཆེ། །རྣམ་ཤེས་རླུང་གི་རྟ་ལ་ཞོན། །གཟུང་འཛིན་ལྕགས་ཀྱུ་ལག་ན་ཐོགས། །རྩོད་པའི་སྒོ་གསུམ་དག་ཏུ་ཕྱིན། །སྣང་བའི་ཡུལ་ལ་གཟུང་འཛིན་སྤྱད། །རྣམ་ཤེས་ཚིམ་བྱེད་ཅེས་སུ་བྱ། །རིག་པའི་རྩལ་ནི་གཞི་རུ་འཛིན། །སྙིང་རྗེ་མེད་པ་བསྐལ་པའི་རླུང་ཞེས་བྱ། །དེ་དང་བདུད་ལངས་རྩ་རུ་འདྲེལ། །རྩ་དེ་འདུས་ན་འཆི་རྟགས་སོ། །སྲོག་ཏུ་འཛིན་པའི་རྩ་དག་གནས། །མདུད་པ་དར་ཤོག་རྩ་ཞེས་བྱ། །དེ་དང་བདུད་ལངས་རྩ་རུ་འདྲེལ། །སྡུད་བྱེད་རླུང་ཆེན་བརྟགས་པའོ། །ནག་པོ་སྡིག་མེད་རྩ་དེ་ནས། །དཔག་བསམ་ལྗོན་ཤིང་རྩ་ཞེས་ཏེ། །དེ་ནི་བཤད་པ་རང་བྱུང་རྩ་རུ་བརྟག །དེས་ན་ལུས་ཀྱི་དབང་པོ་བཟུང་། །ཐུགས་རྗེ་འབྱུང་བའི་དུས་ཉིད་ན། །རྩ་ནི་མདུད་པའི་ལྟག་སྒོ་ཞེས། །རྩ་ཆེན་དེ་རྣམས་དག་ཏུ་ནི། །ཁྲག་དང་ཆུ་སེར་མི་རྒྱུ་སྟེ། །རིག་པའི་རྩལ་ནི་རླུང་དུ་རྒྱུ། །ངོ་བོ་འགག་མེད་གསལ་བ་ལ། །རྩ་ནི་དེ་རྣམས་དག་ཏུ་རྒྱུ། །རྩ་ལས་ཐུགས་རྗེ་སྤྲུལ་སྐུ་འབྱིན། །ལ་ལས་ཤེས་རབ་ཆེན་པོར་འཆར། །ལ་ལས་མི་བསྐྱོད་གཞི་རུ་འཛིན། །ལ་ལས་དུས་ཟད་འཆི་རྟགས་སྟོན། །ཕུང་པོའི་ནང་དུ་དེ་ལྟར་དབྱེ། །ཞེས་གསུངས་སོ། །དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། རིག་པའི་གནས་ལུགས་དང་། རྩའི་དབྱེ་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །དེ་ནས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ཅན། །སེམས་སུ་དབྱེ་བ་ཇི་ལྟར་དབྱེ། །ཡེ་ཤེས་ཞེས་ནི་གང་ལ་བགྱི། །ཞེས་ཞུས་སོ། །བཀའ་སྩལ་པ། ངས་བསྟན་ཡིད་ལ་ངེས་ཟུང་ཞིག །ངོ་བོ་དཔེ་དང་རྣམ་གྲངས་དང་། །གནས་དང་ལམ་དང་སྒོ་དང་ནི། །སྐྱོན་དང་ཡོན་ཏན་འབྲས་བུའོ། །ཕྱེད་ཚད་དབྱེ་བའི་དུས་བསྟན་པའོ། །སེམས་ཀྱི་མཚན་ཉིད་བསྟན་པ་ནི། །རླུང་ཅན་དག་ཏུ་རྩལ་འགྱུས་ཏེ། །དབུགས་ནི་


DNG005_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་མ་དག་དང་འདྲེས། །རིག་པ་རྐྱེན་དང་ཕྲད་པ་ཡིས། །གཟུང་འཛིན་རྟོག་པ་ཆེར་སོང་ངོ་། །དེ་ལ་སེམས་ཞེས་བྱ་བ་ནི། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །དོན་ལ་སེམས་པ་སྣ་ཚོགས་པ། །གསོག་པའི་ཕྱིར་ཡང་སེམས་ཞེས་བྱ། །ངོ་བོ་དབུགས་ནི་བརྙན་མས་ཏེ། །ཡེ་ནས་མེད་དེ་འཕྲལ་ལ་བྱུང་། །དཔེར་ན་ཚོང་དུས་འོ་མ་བཞིན། །ཇེ་ལད་ཇེ་ལད་སོང་བའོ། །གྲངས་ནི་རྣམ་པ་བརྒྱད་དུ་བསྟན། །གནས་ནི་རླུང་ཅན་གྲོང་ན་གནས། །ལམ་ནི་མགྲིན་པ་དག་ཏུ་རྒྱུ། །སྒོ་ནི་འདོད་པའི་སྒོ་གསུམ་ཤར། །སྐྱོན་ནི་རྟོག་པ་སྣ་ཚོགས་བྱེད། །འབྲས་བུ་བག་ཆགས་ཕུང་པོ་ལེན། །ཕྱེད་པའི་ཚད་ནི་རྒྱུ་སྲང་ཚད། །དབྱེ་བའི་དུས་ནི་ཕུང་པོ་བོར། །ཞེས་གསུངས་སོ། །ཡང་གསུངས་པ། ཡེ་ཤེས་ཞེས་བྱ་བསྟན་པ་ནི། །དབྱེ་བ་རྣམ་གྲངས་ངེས་ཚིག་དང་། །ངོ་བོ་གནས་དང་ལམ་དང་སྒོ། །ལས་དང་ཡོན་ཏན་འབྲས་བུ་དང་། །ཕྱེད་ཚད་དབྱེ་བའི་དུས་བསྟན་ནོ། །དབྱེ་བ་རྣམ་པ་ལྔ་ཡིན་ནོ། །རྣམ་གྲངས་དག་ནི་བརྒྱད་དུ་བསྟན། །ངེས་ཚིག་ཡེ་ནས་ཤེས་པས་ཡེ་ཤེས་སོ། །གློ་བུར་མིན་པས་ཡེ་ཤེས་སོ། །ཡེ་ནས་ཡོད་པའི་རིག་པ་དེ། །བླ་མ་དམ་པས་མཚོན་ནས་ནི། །རང་རིག་རྟོགས་པས་ཤེས་ཙམ་ན། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །ངོ་བོ་ལམ་གྱི་སྒྲོན་མ་དེ། །མ་བུ་རྣམས་ལ་རང་ཆས་གནས། །ལམ་ནི་ཆོས་ཉིད་རྩ་རུ་བརྒྱུད། །སྒོ་ནི་བྷྲྀ་གུ་ཏ་རུ་ཤར། །ལས་ནི་ཤེས་རབ་ཐོགས་མེད་སྤྱོད། །ཡོན་ཏན་གཟུང་འཛིན་རྟོག་པ་མེད། །འབྲས་བུ་སྐུ་གསུམ་རང་ལ་རྫོགས། །ཕྱེད་པའི་མཚན་ཉིད་བསྟན་པ་ནི། །རྒྱུ་སྲང་གཅད་ལ་ཁ་ལ་གདོན། །རང་གསལ་འཛིན་མེད་ངང་ལ་བཞག །དབྱེ་དུས་ཕུང་པོ་བོར་བའོ། །གཟུང་འཛིན་ནམ་མཁའི་མཐའ་ལ་དྭངས། །ཕུང་པོ་ས་དང་རྡོ་དང་འདྲ། །ཡེ་ཤེས་ཞིང་ཁམས་རྣམ་པར་དག །སྒྲོག་ནི་གསུམ་སྦྲེལ་གྱེས་པ་བཞིན། །ཞེས་གསུངས་སོ། །དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། སེམས་དང་ཡེ་ཤེས་དབྱེ་བའི་ལེའུ་སྟེ་དྲུག་པའོ།། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ཅན། །སྦུབས་གསུམ་


DNG005_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་ཅི་འདྲ་མཆི། །སྐུ་གསུམ་འདུ་འབྲལ་ཡོད་དམ་མེད། །ཅེས་ཞུས་སོ། །ཡང་གསུངས་པ། ངས་བསྟན་ཡིད་ལ་ངེས་པར་ཟུང་། །རཏྣ་འགྱུར་མེད་སྦུབས་བསྟན་པ། །ཆོས་ཉིད་རང་སྒོར་གསལ་བ་ལ། །རིག་པ་རང་གདངས་འགྱུར་མེད་ཤར། །ཆོས་སྐུ་ངོ་བོ་འགག་མེད་ལ། །རང་བཞིན་འོད་ཀྱི་སྣང་བ་ཤར། །དང་པོ་སྲིད་པ་ཞི་ནས་ནི། །ཐ་མ་ཕུང་པོ་མ་བོར་བར་དག་ཏུ། །ཆོས་ཉིད་རང་སྒོའི་ངང་ན་གནས། །ཐོག་མའི་ལྷུན་གྲུབ་སངས་རྒྱས་ཏེ། །ད་ལྟ་གསལ་བའི་སྒྲོན་མར་གནས། །ཡོན་ཏན་འབྱུང་བའི་རིན་པོ་ཆེ། །སྐུ་གསུམ་ཡེ་ཤེས་ལྔ་རུ་ཤར། །འགྱུར་བ་མེད་པས་རྡོ་རྗེ་སྟེ། །རིག་པ་གནས་པས་སྦུབས་ཞེས་བྱ། །ཕུང་པོ་དག་ལ་མཚོན་གྱུར་ན། །ཆོས་ཉིད་རང་བྱུང་སྒོ་ཡིན་ནོ། །ཡེ་ཤེས་སྒྱུ་མའི་སྦུབས་ཞེས་ནི། །བྱང་ཆུབ་ལམ་གྱི་སྒྲོན་མ་སྟེ། །རྟགས་ཀྱི་ཡེ་ཤེས་ཉིད་ལ་བཟུང་། །ཆོས་ཉིད་བར་དོ་ཞེས་ཀྱང་བྱ། །རིག་པ་རང་ལུས་འོད་དུ་གནས། །སངས་རྒྱས་རྣམས་ཀྱི་རང་ལུས་ཏེ། །བརྟགས་ན་མེད་ལ་བཞག་ན་འབྱུང་བས་ལེགས་པ་ཆེ། །ཚོན་གང་འོད་ཀྱིས་ཀུན་ཏུ་ཁྱབ། །ཡེ་ཤེས་སྣང་བ་ཞེས་བྱ་སྟེ། །སྒྱུ་མ་སྦུབས་ཀྱི་ངོས་བཟུང་ངོ་། །རྣམ་རྟོག་བག་ཆགས་སྦུབས་ཞེས་ནི། །གཟུགས་ཀྱི་ཕུང་པོ་ཉིད་ཡིན་ཏེ། །དེ་མ་རྫོགས་ན་རྩལ་མི་རྫོགས། །རྩལ་མ་རྫོགས་ན་སྒོ་མི་རྒྱས། །སྒོ་མ་རྒྱས་ན་མཐའ་མི་ཆོད། །མཐའ་མ་ཆོད་ན་དོན་མི་རྟོགས། །ལུས་ངག་རྫོགས་ན་དགོངས་སངས་རྒྱས། །རྩལ་རྫོགས་ཆོས་རྣམས་ཀུན་གྱི་རྟོགས་མཐའ་ཆོད། །ཡང་དག་མཐའ་ལས་རྣམ་པར་གྲོལ། །དུས་གསུམ་འགྱུར་མེད་དགོངས་པ་ཆོད། །རྟོགས་པ་རྒྱུད་ལ་རབ་ཏུ་སྨིན། །ལྟ་བའི་ཐག་ནི་ཡོངས་སུ་བཅད། །བསྒྲུབ་པའི་དགོངས་པ་ཕུལ་དུ་དབྱུང་། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཏེ། །དུས་གསུམ་འཕོ་འགྱུར་མེད་པར་གནས། །ཁྱུང་ཆེན་གནམ་འཕང་གཅོད་པ་ལ། །ཉམ་ང་བག་ཚ་ཀ་ནས་དག །ཅེས་གསུངས་སོ། །ཡང་གསུངས་པ། སྐུ་གསུམ་འདུ་འབྲལ་མེད་པས་ཏེ། །གང་ཟག་རྒྱུད་ལ་མཚོན་པས་ཏེ། །དབང་པོས་


DNG005_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་མ་འགགས་པ། །ཤེས་བྱ་ཡེ་ཤེས་མེད་པས་ཏེ། །རིག་པ་ཆོས་ཀྱི་སྐུ་ཞེས་བྱ། །མཐོང་བ་ངེས་པར་མཁྱེན་པས་ཏེ། །ཤེས་རབ་རང་གྲོལ་ཐོགས་མེད་འཆར། །གསལ་ལ་རྟོག་མེད་ངང་དུ་ཤེས། །མཁྱེན་པ་ལོངས་སྐུ་ཞེས་སུ་བྱ། །མིག་གི་དེ་ཉིད་ཁོ་ན་སྟེ། །རྣམ་ཤེས་མ་ཡིན་འོད་ལྔར་གསལ། །སྣང་ལ་རང་བཞིན་མེད་པས་ཏེ། །དྲུག་ནི་ཐུབ་པ་ཁོ་ནས་ཏེ། །སྤྲུལ་པའི་སྐུ་ཞེས་དེ་ལ་བྱ། །ངོ་བོ་རང་བཞིན་ཐུགས་རྗེ་སྟེ། །དཔེར་ན་རྨ་བྱའི་སྒོ་ང་བཞིན། །དབྱིབས་སུ་གྲུབ་པ་ཆོས་སྐུ་སྟེ། །ཆོས་ཉིད་འོད་ལྔར་ཤར་བ་ན། །ལོངས་སྐུ་མཚོན་པའི་དཔེ་རུ་བསྟན། །རྨ་བྱའི་ཕྲུ་གུར་བྱུང་བའི་ཚེ། །སྤྲུལ་པ་སྐུ་ཡི་དཔེ་རུ་བསྟན། །དེ་གསུམ་འདུ་བྲལ་ཡོད་དམ་མེད། །འདུ་འབྲལ་མེད་དེ་གཅིག་གི་ངང་། །དེ་གསུམ་སྐུ་གསུམ་ཡེ་ཤེས་ལྔ། །སྣ་ཚོགས་བགྲངས་ཀྱང་ཐ་དད་མེད། །མཚོན་བྱའི་ཡུལ་དུ་བགྲངས་པ་ཙམ། །དོན་ནི་དངོས་མེད་གཅིག་ལས་མེད། །ཅེས་གསུངས་སོ། །དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། སྐུ་གསུམ་སྦུབས་གསུམ་རྒྱུད་ལ་བརྩེ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ཅན། །གང་ཟག་གཟུགས་ཀྱི་ཕུང་པོ་ལ། །གྲོང་ཁྱེར་གསུམ་པོ་ཇི་ལྟར་བརྩི། །བདག་ཅག་འདུས་པའི་འཁོར་ཚོགས་ལ། །བརྗིད་པའི་ཁྲོ་གཉེར་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་སྟོན་པས་བཀའ་སྩལ་པ། འཁོར་བའི་གྲོང་ཁྱེར་སྡུག་བསྔལ་མཚོ། །ཕུང་པོར་རོ་སྨད་དག་ཡིན་ཏེ། །འདོད་པའི་འདོད་ཆགས་སྡུག་བསྔལ་རྒྱུ། །མི་གཙང་བ་ལ་ལོངས་སྤྱོད་ནས། །ཉོན་མོངས་དུག་ལྔ་སྣ་ཚོགས་བསྐྱེད། །དོན་ནི་དངོས་མེད་མ་རྟོགས་པར། །ལོག་སྲིད་འདོད་པ་སྣ་ཚོགས་སྤྱད། །ཆོས་སྐུ་གཉིས་མེད་དོན་རྟོགས་ན། །ཐུགས་རྗེ་བདེ་བའི་རང་བཞིན་བསྐྱེད། །རྒྱུ་ཉིད་རྡོ་རྗེ་དབྱིངས་ཉིད་དེ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་རྫོགས། །ཞེས་གསུངས་སོ། །མྱ་ངན་འདས་པའི་གྲོང་ཁྱེར་ནི། །མངོན་པར་དགའ་བའི་ཞིང་ཁམས་ཏེ། །མཁྱེན་


DNG005_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལོངས་སྐུའི་གནས་ཡིན་ནོ། །ཤེས་རབ་འབྱེད་མེད་རང་སར་ཤར། །ཐུགས་རྗེ་མ་འདྲེས་སོ་སོར་མཁྱེན། །ཤེས་རབ་སྲོག་ཏུ་གྱུར་པ་སྟེ། །རླུང་ལྔ་ལས་ནི་ཐ་དད་མེད། །རླུང་ཆེན་མི་བསྐྱོད་བཞི་རུ་གནས། །ཞེས་གསུངས་སོ། །སྲིད་པའི་གྲོང་ཁྱེར་རྗེ་བློན་བྱ་རའི་ས། །རྗེ་ནི་རིག་པ་ཆོས་སྐུ་ལ། །བློན་པོ་འགྱུར་མེད་སེམས་ཞེས་བྱ། །རྒྱལ་པོ་མི་འགྱུར་ཆོས་སྐུ་སྟེ། །ས་འཛིན་བློན་པོ་ཞེས་སུ་གྲགས། །གྲོང་ཁྱེར་གསུམ་བརྩེགས་མན་ངག་ནི། །གཟུགས་ཀྱི་ཕུང་པོ་ཉིད་ལའོ། །དེ་གསུམ་རིག་པའི་བཞུགས་གནས་ཡིན། །ཞེས་གསུངས་སོ། །དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། །གང་ཟག་གི་རྒྱུད་ལ་གྲོང་ཁྱེར་གསུམ་བརྩེགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ལྡན། །བདག་ཅག་འདུས་པའི་འཁོར་ཚོགས་ལ། །ཉམས་སུ་བླངས་ལུགས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། འདུས་པའི་འཁོར་རྣམས་ངེས་ཟུང་ཞིག །ཉམས་སུ་བླང་ལུགས་བསྟན་པ་ནི། །ཡང་རབ་ཉམས་སུ་བླང་ལུགས་ནི། །སྤྱོད་ལམ་རྣམ་བཞི་གར་སྤྱོད་ཀྱང་། །ལྟ་བའི་ངང་ལས་གཡོས་པ་མེད། །རྒྱུན་ཆད་མེད་པའི་དགོངས་པའོ། །རྐང་མེད་མཁའ་ལ་འགྲོ་བ་ནི། །ལྟ་བ་འགྱུར་མེད་རྒྱབ་ཤར་བཤད། །གྲོགས་མེད་གཅིག་པུར་གནས་པ་ནི། །དགོངས་པ་ཉག་གཅིག་རྒྱབ་ཤར་བཤད། །འགྲོ་ཉལ་སྤྱི་ཚུགས་ཅི་བྱེད་ཀྱང་། །སྙིང་པོའི་དོན་ལས་གཡོས་པ་མེད། །དེ་ལྟར་སྙིང་པོའི་དོན་རྟོགས་ན། །མ་རིག་པ་ཉིད་རྩད་ནས་བཅད། །རང་རིག་དང་པོའི་སོ་ལ་བཞག །ཤེས་བྱའི་སྒྲིབ་པ་ཀ་ནས་དག །འཁྲུལ་པའི་སྣང་བ་རྒྱ་ཡིས་བཏབ། །སྐུ་གསུམ་འདུ་འབྲལ་མེད་པའི་ངང་ན་གནས། །ཞེས་གསུངས་སོ། །ཡང་གསུངས་པ། དབང་པོ་འབྲིང་གི་ཉམས་བླངས་ནི། །བློན་པོ་བཙོན་དུ་ཟིན་པས་རྒྱལ་པོས་གདན་ས་ཟིན། །མ་ཡེངས་མཉམ་པར་བཞག་པས་བྱང་ཆུབ་སྐྱེ། །ཤེས་པ་ཆུ་ཡི་རྒྱུན་དང་འདྲ། །བརྟགས་ཀྱིན་བརྟགས་ཀྱིན་རང་དབང་ཐོབ། །ཤེས་རབ་ཆེན་པོའི་རང་དབང་ཐོབ། །སྤྲོས་མེད་དབྱིངས་ནས་


DNG005_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་གསལ། །ལྷུན་གྲུབ་ཡོངས་སུ་རྫོགས་ཞེས་བྱ། །དེ་ལྟར་དགོངས་པའི་དོན་ཤེས་ན། །ཉིན་མཚན་མེད་པའི་ཡེ་ཤེས་ཏེ། །རིག་པ་རྒྱུན་གྱི་རྟོགས་པའོ། །གླང་ཆེན་ཆུར་ཞུགས་དགོངས་པ་སྟེ། །ཉམ་ང་བག་ཚའི་ཤེས་པ་མེད། །ཅེས་གསུངས་སོ། །དབང་པོ་ཐ་མའི་ཉམས་བླང་ནི། །སེམས་གཟུང་རིག་པ་ཨར་ལ་གཏད། །བྱིང་བ་མི་གསེང་རང་སར་བསྒོམ། །དེ་ལྟར་བསྒོམས་ན་རིག་པ་ཟིན། །བར་དོར་རྟོགས་པ་གདོད་སྐྱེའོ། །ཞེས་གསུངས་སོ། །དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། དབང་པོ་རབ་འབྲིང་ཐ་མ་གསུམ་གྱིས་ཉམས་སུ་བླང་ལུགས་བསྟན་པའི་ལེའུ་སྟེ་དགུ་པའོ།། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ཅན། །ཕུང་པོའི་དོན་ལ་ཇི་ལྟར་སྦྱང་། །དུར་ཁྲོད་ཅེས་ནི་གང་ལ་བགྱི། །མཐོང་སྣང་རིམ་གྱིས་ཇི་ལྟར་འཆར། །རིག་པའི་རྒྱལ་པོས་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་གསུངས་པ། ཕུང་པོའི་དོན་ནི་འདི་བཞིན་ཏེ། །ད་ལྟའི་བག་ཆགས་རྣམ་རྟོག་ལ། །རྟོགས་པའི་ཡེ་ཤེས་མ་སྐྱེས་པས། །མ་རིག་རང་གར་གཟུང་འཛིན་སྤྱད། །ཉོན་མོངས་དུག་ལྔའི་དབང་དུ་གྱུར། །རིག་པའི་ཡེ་ཤེས་ཕུང་ཞེས་བྱ། །པོ་ནི་རང་ས་མ་ཟིན་འཇིག་པའོ། །འབར་ནི་ཉོན་མོངས་དུག་ལྔ་འབར། །བརྒྱུད་ནི་འཁོར་བ་རང་གར་བརྒྱུད། །དུར་ཁྲོད་མི་གཙང་ནང་ན་གནས། །མ་རིག་མ་རྟོགས་དུས་ནའོ། །སྐྱོན་གྱི་མཐའ་གསུམ་སེལ་གྱུར་ན། །མ་རིག་སེམས་ཀྱི་གདར་ཤ་བཅད། །དུག་ལྔ་རང་གྲོལ་ཡེ་ཤེས་ཏེ། །དེ་ལྟར་རིག་པའི་དོན་ཤེས་ན། །རིག་པ་མ་ཡིན་གཞན་སྣང་མེད། །སྐྱེ་མེད་ཆེན་པོའི་ངང་དུ་གོལ། །ཐམས་ཅད་མངོན་སངས་ཉིད་དུ་རྒྱས། །དེ་ལྟར་ཐམས་ཅད་རྒྱས་ཐེབས་ན། །ཕུང་ནི་མ་རིག་དུག་ལྔ་ཕུང་། །པོ་ནི་རིག་པ་འགྱུར་བ་མེད། །འབར་ནི་བདེ་ཆེན་རྟོགས་པ་འབར། །དུར་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །ཁྲོད་ནི་རིག་པའི་ཡེ་ཤེས་ཉིད། །རང་གིས་རང་སྣང་ཟིན་པའོ། །ཆོས་ཉིད་ཞིང་ཁམས་དག་གསལ་ལ། །རིག་པའི་ཡེ་ཤེས་རང་གསལ་ཐིམ། །དབྱིངས་དང་
ཡེ་ཤེས་རིག་པ་གཉིས་མེད་དེ། །རང་ས་ཟིན་ཏེ་མི་འགྱུར་བའོ། །ཞེས་གསུངས་སོ། །དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། ཕུང་པོ་རྒྱུད་ལ་སྦྱང་ཞིང་སྣང་བ་གོ་བཟློག་པའི་ལེའུ་སྟེ་བཅུ་པའོ།། །དེ་ནས་ཡང་གསང་བའི་བདག་པོ་དང་། སྡུད་པའི་འཁོར་དགའ་རབ་རྡོ་རྗེ་དང་། འཁོར་མཁའ་འགྲོ་མ་ལྔ་སྟེ། ཡེ་ཤེས་མཁའ་འགྲོ་མ། ལས་ཀྱི་མཁའ་འགྲོ་མ། གཙུག་གི་རྒྱན་གཅིག་མ། རྡོ་རྗེ་ཁྲོ་གདོང་མ་ལ་སོགས་ཏེ་མཁའ་འགྲོ་མའི་ཚོགས་དང་། བྱང་ཆུབ་སེམས་དཔའ་ཁྱེའུ་ལྔ་དང་། གསང་བའི་འཁོར་དུག་ལྔ་དབང་དུ་སྡུད་པའི་ཡེ་ཤེས་ལྔ་དང་། ཉེ་བའི་འཁོར་སྤྲུལ་པའི་སྲས་བདུན་ལ་སོགས་ཏེ། གསང་བའི་བདག་པོས་སྣ་དྲངས་ཏེ། སྐོར་བ་ལན་གསུམ་བྱས་ནས། ཨེ་མ་ཧོ། བདག་ཅག་འདུས་པའི་ཚོགས་རྣམས་ལ། །དུར་ཁྲོད་ཕུང་པོ་འབར་བའི་གསང་རྒྱུད་དེ། །ཐུགས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ནས། །ཤེས་རབ་རླུང་གི་ལྷ་མོས་བསྐྱོད། །འགྱུར་མེད་གསུང་གི་བུམ་པར་དྲིལ། །ལྗགས་ཀྱི་པདྨ་དག་ལ་བཀྲམ། །ཚེམས་དཀར་བཞི་བཅུའི་ནང་ནས་བཏོན། །ཕུང་པོ་འབར་བའི་གསང་རྒྱུད་འདི། །བདག་ཅག་འདུས་པའི་འཁོར་ལ་གནང་། །མ་རིག་མུན་པའི་བློ་གསལ་ནས། །རང་རིག་འབྱེད་མེད་ངང་དུ་བསྐྱལ། །རྟོགས་པའི་སངས་རྒྱས་མངོན་དུ་འགྱུར། །རང་བཞིན་སྤྲོས་པའི་མཐའ་བཅད་ནས། །འགྱུར་མེད་དགོངས་པའི་ངང་དུ་བསྐྱལ། །ཞེས་བསྟོད་དོ། །དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། མཇུག་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། དུར་ཁྲོད་ཕུང་པོ་འབར་བའི་མན་ངག་གི་རྒྱུད་རྫོགས་སོ།། །།སློབ་དཔོན་བི་མ་ལས་མངའ་བདག་ལ་གདམས་པ། གཞན་ལ་བསྟན་པར་གྱུར་ན། སྒྲོལ་བྱེད་ཆེན་པོས་སྙིང་ཁྲག་འཇིབས་སོ།། །།

རྡོ་རྗེ་ཡང་རྩེའི་རྒྱུད་ཅེས་བྱ་བ།


DNG005_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་བྲཱ་གྲ་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཡང་རྩེའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །སྙིང་


DNG005_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྡོ་རྗེ་འཆང་ཆེན་པོ། །ཆོས་སྐུ་ཀུན་ཏུ་བཟང་པོ་དེ། །རང་བྱུང་འཕྲུལ་གྱི་རྡོ་རྗེའི་སྐུ། །གཉིས་མེད་མཉམ་པ་རང་བྱུང་གནས། །གཉིས་མེད་སྣང་བ་རང་བྱུང་འཁོར། །བརྗོད་གསུང་མེད་པ་རང་བྱུང་ཆོས། །སྔ་ཕྱི་མེད་པ་སྙིང་པོའི་དུས། །མི་ནུབ་རྒྱལ་མཚན་རྡོ་རྗེའི་སྐུ་རུ་གསལ། །ཕྱི་མེད་ནང་མེད་འོག་མིན་ཀུན་ཏུ་ནང་། །སྔ་ཕྱི་དུས་མཉམ་སྙིང་པོ་སྤྲུལ་པའི་འཁོར། །ཞིང་ཁམས་རང་གསལ་རིག་ཆ་ཁ་དོག་གསལ། །གདུལ་བྱ་མེད་པའི་ཆོས་རྣམས་རང་བྱུང་ཆོས་སྐུར་བཞུགས། །དེ་ནས་ཀུན་བྱེད་རྡོ་རྗེ་འཆང་། །རྡོ་རྗེ་སེམས་དཔས་རང་བྱུང་འཕྲུལ་གྱི་མེ་ཏོག་ཕུལ། །སྤྲུལ་པའི་སྤྲུལ་པས་རང་བྱུང་དུ་བསྐོར་ཏེ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །འཁོར་བར་འཁྲུལ་འཁོར་སེམས་ཅན་ལ། །ཐུགས་རྗེ་ཆེན་པོས་མི་གཟིགས་སམ། །ཉིད་ཀྱི་སྔོན་གྱི་ཐུགས་དམ་བཙན། །སེམས་ཅན་སངས་རྒྱས་ཐོབ་བྱའི་ཕྱིར། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །སྙིང་པོ་ངོས་བཟུང་ཆ་རྐྱེན་ལས། །ཉིད་ཀྱིས་རྫོགས་པར་བསྟན་དུ་གསོལ། །དེ་ནས་ཀུན་བཟང་རྡོ་རྗེ་འཆང་། །རང་བྱུང་འཕྲུལ་གྱི་སྐུར་བཞེངས་ནས། །སྤྲུལ་པའི་འཁོར་དང་ཡང་སྤྲུལ་འཁོར། །འདུས་པའི་ཚོགས་ལ་བཀའ་སྩལ་པ། །རང་བྱུང་སྙིང་པོ་བྱང་ཆུབ་སེམས། །རྒྱལ་བར་གྱུར་པའི་སྙིང་པོ་ཡིན། །སྟོང་པའི་ཆོས་ཉིད་དམ་པ་ཡིན། །སྣང་བ་མ་འགགས་ལྷུན་གྱིས་གྲུབ། །གཉིས་སུ་མེད་པའི་དམ་པ་ཡིན། །འཁོར་བའི་བཅུད་ཕྱུང་བདེ་གཤེགས་རྒྱུད། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་དང་ནི་ཕྲིན་ལས་ཀྱི། །སྙིང་པོ་གསུམ་དུ་བསྡུ་བ་དང་། །དེ་ཡི་ཆ་རྐྱེན་བསྟན་པར་བྱ། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། ཞུས་པ་དང་ལན་གྱི་ལེའུ་སྟེ་དང་པོའོ།། །རྡོ་རྗེ་འཆང་བས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་སེམས་དཔའ་ཁྱོད། །རང་བྱུང་འཕྲུལ་གྱི་སྙིང་པོའི་སྐུ། །རང་བྱུང་སྙིང་པོ་གསུམ་ལས་བྱུང་། །ཕ་དང་མ་དང་རང་དང་གསུམ། །ཕ་ནི་ཐབས་ཆེན་ཀུན་ཏུ་བཟང་། །མ་ནི་ཤེས་རབ་ཀུན་བཟང་ཡུམ། །བུ་ནི་གཉིས་མེད་རང་བྱུང་ཧཱུཾ། །རྡོ་རྗེ་འཆང་བ་ཉིད་ཀྱི་སྐུ། །ཞེས་གསུངས་


DNG005_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཡང་བཀའ་སྩལ་པ། ཉོན་ཅིག་སེམས་དཔའ་རྡོ་རྗེ་འཆང་། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །བུམ་པ་བཟང་པོ་ཆེ་བའི་མཆོག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །སྙིང་པོ་སྐུ་བཞིར་རང་བྱུང་བསྒྲགས། །སྐྱེ་མེད་འཕྲུལ་གྱི་རང་བྱུང་སྐུ། །རིན་ཆེན་འཕྲུལ་གྱི་རང་བྱུང་སྐུ། །རྡོ་རྗེ་འཕྲུལ་གྱི་སྙིང་པོའི་སྐུ། །རང་བྱུང་འཕྲུལ་གྱི་སྙིང་པོའི་སྐུ། །རང་བྱུང་ཧཱུཾ་དུ་ལྷུན་གྲུབ་ཡིན། །སྒོམ་སྤྱོད་རྟོགས་པ་བསྐྱེད་རྫོགས་ལས། །དེ་ནས་ཀུན་གྲོལ་དགོངས་པའི་མཆོག །འགྱུ་དྲན་འཛིན་ཆགས་གདེང་དུ་གྱིས། །འགྱུ་དྲན་འཛིན་ཆགས་གོམས་བྱེད་ན། །རྩ་རླུང་ཐིག་ལེ་གསལ་བར་བྱ། །ཕ་རྩ་མ་རྩ་རང་རྩ་གསུམ། །ཐབས་དང་ཤེས་རབ་ཡེ་ཤེས་གསུམ། །རོ་མ་རྐྱང་མ་ཀུན་འདར་གསུམ། །ལ་ལ་ར་ས་དྷཱུ་ཏི་གསུམ། །རྩ་དང་རླུང་དང་ཐིག་ལེ་གསུམ། །དཀར་དང་དམར་དང་མཐིང་དང་གསུམ། །ཧཱུཾ་དང་སྙིང་པོ་རང་བྱུང་རྩལ། །ཐམས་ཅད་འདུས་པ་གཅིག་མེད་སྟོན། །ཨ་ཏི་ཡོ་ག་ཡུལ་མེད་ཁྲོལ། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། རང་བྱུང་སྐུའི་མཚོན་པའི་ལེའུ་སྟེ་གཉིས་པའོ།། །རྡོ་རྗེ་འཆང་བས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་སེམས་དཔའ་ཁྱོད། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཧཱུཾ་ཞེས་མ་བསླབས་རང་བྱུང་སྐད། །སངས་རྒྱས་གསུང་ལ་སེམས་ཅན་སྐུ། །ཡེ་ནས་རང་བྱུང་འཕྲུལ་གྱི་སྒྲ། །གཞི་ནས་འབྲས་བུ་ལམ་གྱི་རྒྱུ། །མིང་གི་སྙིང་པོ་འཕྲུལ་གྱི་ཚིག །ངོ་མཚར་ཆེན་པོ་རྨད་དུ་བྱུང་། །ཞེས་བཀའ་སྩལ་པས། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །སྙིང་པོ་གང་ལགས་ཉེ་སྙིང་གང་། །ཡང་སྙིང་གང་ལགས་བསྟན་ཏུ་གསོལ། །ཀུན་བྱེད་རྡོ་རྗེས་བཀའ་སྩལ་པ། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །འབྲུ་ལྔ་མ་ཧཱ་སྐུ་ལྔའི་སྔགས། །རིགས་ལྔ་ཕྱོགས་དང་དུག་ལྔ་བྱུང་། །ལྔ་ལྡན་དོན་གྱི་སྙིང་པོ་ཡིན། །འབྲུ་གསུམ་ཉེ་བའི་སྙིང་པོ་ཡིན། །གསུམ་སྒྲོལ་ཨ་ནུའི་དགོངས་པ་བསྟན། །སྐུ་གསུམ་དུག་གསུམ་ཕ་མ་རང་། །གསུམ་སྒྲོལ་རིག་སྔགས་གཟུངས་སྔགས་ཡིན། །འབྲུ་གཅིག་ཨ་ཏི་ཡུལ་མེད་སྒྲ། །གཅིག་མེད་ཡུལ་དང་འདྲེལ་པའི་སྔགས། །བླ་ན་མེད་པའི་རང་བྱུང་སྙིང་། །ཡང་སྙིང་འཕྲུལ་གྱི་སྙིང་པོ་ཡིན། །


DNG005_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལྔ་སྐུ་ལྔ་ཕྱོགས་ལྔ་ཡེ་ཤེས་ལྔ། །འབྲུ་བརྒྱད་སྙིང་པོ་དག་ཏུ་བཟླ། །ཧཱུཾ་དང་རུ་ལུ་སྦྲེལ་བའི་གླུ། །སྲོད་དང་ཐོ་རང་དུས་དྲུག་བླངས། །འབྲུ་གསུམ་སྲོག་རྩལ་གནས་པས་བཟླས། །ཨུ་ནན་དབང་བསྐུར་སྤྲོ་བསྡུ་ཨ། །གསང་སྔགས་གཟུངས་སྔགས་རིག་སྔགས་བསྡེབས། །སྔགས་རྣམས་གང་ཡང་མགོ་བོ་གནོན། །འབྲུ་གཅིག་ཡིད་ལ་རང་བྱུང་སྔགས། །འགྱུ་དྲན་འཛིན་ཆགས་ཀུན་དང་འགྲོགས། །རྒྱུ་རྩ་གཞི་ཉིད་འཛིན་པའི་སྔགས། །མ་བཏགས་ཀུན་གྱི་རང་སྒྲ་ཡིན། །ཕྱི་ལྟར་བརྡ་རུ་མིག་ལ་སྟོན། །ནང་ལྟར་རྟག་ཏུ་ལུས་ལ་སྦྱོར། །གསང་བ་ཡིད་ཚོགས་སྒྲ་རུ་སྒྲོགས། །དོན་དུ་ཆོས་ཉིད་སྙིང་པོ་ཧཱུཾ། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། གསུང་མཚོན་པའི་ལེའུ་སྟེ་གསུམ་པའོ།། །། ཀུན་བྱེད་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་སེམས་དཔའ་ཁྱོད། །གཉིས་མེད་གཉིས་སུ་མེད་པར་སྟོན། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། །ངོ་བོ་སྟོང་པ་བལྟ་བ་ཡིན། །ཡུལ་མེད་ཕྱོགས་ལྷུང་མེད་པ་ཡིན། །ཧཱུཾ་དུ་འཛིན་པ་ཏིང་འཛིན་ཡིན། །འགྱུ་དྲན་འཛིན་ཆགས་ཡེངས་པ་མེད། །ལོག་ལྟ་གཅོད་པས་འཁོར་ལོ་ཡིན། །རང་བྱུང་ངོས་འཛིན་འཁོར་ལོ་གཉིས། །རང་སེམས་བསྒྲུབ་པས་དམ་རྫས་ཡིན། །དེ་དང་མི་ལྡན་དམ་རྫས་ཡིན། །ཡིད་ལ་སྐྱོབ་པས་སྔགས་ཀྱང་ཡིན། །གསང་སྔགས་རིག་སྔགས་གཟུངས་སྔགས་སོ། །དབུགས་ཀྱི་འཕྲོ་འདུ་བཟླ་ལུགས་ཡིན། །འགྲོ་འོང་གནས་པ་ཧཱུཾ་གི་སྟོབས། །ན་རུ་སོན་ན་ཕྲིན་ལས་ཡིན། །གྲུབ་རྟགས་མངོན་དུ་འདི་ཀ་རང་། །སེམས་ལ་དབང་ཐོབ་མངག་པ་ཡིན། །འགྱུས་དྲན་དབང་ཐོབ་དབང་གི་མཆོག །ཧཱུཾ་དུ་དངོས་ཐོན་མངོན་རྟགས་ཡིན། །སྐུ་དང་གསུང་དང་ཐུགས་སོགས་ཧཱུཾ། །མ་གྲུབ་ཏིང་འཛིན་སྤོག་པ་ཡིན། །བརྩོན་འགྲུས་བརྩོན་མེད་ཡེངས་པ་མེད། །ཨ་ལ་ཐིམ་པས་གཟིར་བ་ཡིན། །རང་བྱུང་སྐྱེ་བ་མེད་པར་ཤེས། །དགོངས་པར་སྐྱོལ་ན་ཤི་ས་ཡིན། །གཅིག་མེད་གང་ཡང་ཡིན་པའི་ཧཱུཾ། །ཅི་ཡང་ཡིན་ནོ་གང་ཡང་


DNG005_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རུང་། །སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ། །རྟེན་དང་ལྡན་ནོ་ཁྱད་པར་ཆེ། །རང་བྱུང་སྐྱེ་མེད་སྙིང་པོ་ཡིན། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། ཐུགས་མཚོན་པའི་ལེའུ་སྟེ་བཞི་པའོ།། །རྡོ་རྗེ་འཆང་བས་བཀའ་སྩལ་པ། །ཉོན་ཅིག་བཛྲ་སཏྭ་ཁྱོད། །ནོར་བུ་རིན་ཆེན་འོད་འབར་བཤད། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །དཔེར་ན་ནོར་བུ་རིན་ཆེན་གླིང་། །ས་རྡོ་མེ་གནས་རིན་པོ་ཆེ། །རང་བྱུང་སྙིང་པོ་སུས་རྟོགས་པ། །འཁྲུལ་སྣང་དགེ་སྡིག་གང་ཡང་མེད། །ཆོས་ཉིད་ཆོས་དབྱིངས་སྙིང་པོའི་ཀློང་། །གང་ལྟར་བྱས་ཀྱང་སྙིང་པོའི་གྲོགས། །དཔེར་ན་མེ་ལ་ཤིང་བསྣན་འདྲ། །གང་ཞིག་རང་བྱུང་ངོ་ཤེས་པ། །ཞི་རྒྱས་དབང་དྲག་ཕྲིན་ལས་འགྲུབ། །ནད་འཇིལ་ལུས་བདེ་འབྱུང་བ་ལྔ། །འདུ་བས་མི་ཚུགས་རྡོ་རྗེ་འདྲ། །སྲོག་སྙིང་རང་བྱུང་ངོ་ཤེས་ན། །ལྷ་དང་ཀླུ་དང་གཟའ་དང་བདུད། །གནོད་སྦྱིན་སྲིན་པོ་རྨུ་དང་བཙན། །རྒྱལ་པོ་མ་མོ་ལྷ་སྲིན་ཀུན། །ཁྲིམས་ལ་གནས་ཀྱི་རྒྱལ་པོ་འདྲ། །རང་བྱུང་སྙིང་པོ་སུས་འཆང་བ། །བསོད་ནམས་ལོངས་སྤྱོད་འཁོར་རྫས་འཕེལ། །དགྲ་མེད་སུས་མཐོང་ཕ་དང་མ། །ནོར་བུ་རིན་ཆེན་འཆང་བ་འདྲ། །ལོ་ཟླ་གཟའ་སྐར་དུས་ཚོད་མེད། །སྤྲིན་མེད་མཁའ་དཀྱིལ་ཉི་མ་འདྲ། །གང་ལ་སྣང་སྔགས་རང་བྱུང་སྔགས། །འབྱུང་བ་འཁྲུགས་པའི་གློག་དང་འདྲ། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས།) ཐམས་ཅད་ཡོན་ཏན་དུ་མཚོན་པའི་ལེའུ་སྟེ་ལྔ་པའོ།། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་བཛྲ་སཏྭ་ཁྱོད། །ལས་རྣམས་ལྡན་པར་ཚོགས་པ་ནི། །སྙིང་པོ་སྒྱུ་མའི་རྫས་དང་འདྲ། །གཅིག་ལ་མཐོང་སྣང་འཆར་ལུགས་ཡང་། །དཔེར་ན་ནོར་བུ་རིན་པོ་ཆེ། །འཆང་བས་ཡོན་ཏན་འབྱུང་བ་འདྲ། །དཔའ་བོ་གཅིག་པ་རིན་པོ་ཆེ། །ཞི་དང་རྒྱས་པ་དྲག་པོའི་ལས། །གང་ལ་བྱ་བ་དེ་ཉིད་སྣང་། །ཐོགས་པ་མེད་པར་འགྲུབ་པར་འགྱུར། །རྣམ་སྨིན་འབྱུང་བ་འཁྲུགས་པའི་གདོན། །དེ་ཡི་ཡོན་ཏན་མངོན་དུ་སྣང་། །དཔེར་ན་ཉི་


DNG005_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཁྱབ་པ་འདྲ། །རྣམ་སྨིན་སྒྲིབ་པའི་ནད་དང་གདོན། །སྙིང་པོ་རྟོགས་པའི་གང་ཟག་ལ། །དེ་ཡི་དོན་རྟགས་བསྟན་པ་ནི། །དཔེར་ན་རྨི་ལམ་སད་པ་འདྲ། །གོམས་རྟགས་བརྟན་པར་འབྱུང་བ་ཡིན། །སྒྲིབ་པ་སྦྱོང་བ་དྲག་ཞན་ཡིན། །དགེ་སྡིག་གཉིས་པོ་མཉམ་ཉིད་ན། །རྣམ་པར་སྨིན་པའི་འབུན་པ་དེངས། །ནམ་མཁར་ཁུ་རླངས་དེངས་པ་འདྲ། །ནད་ནི་འབྱུང་བའི་རང་བཞིན་འགྱུར། །ལུས་ཀུན་ཐིག་ལེ་རྒྱས་པ་འདྲ། །གདོན་ཀུན་རྒྱལ་པོ་ཟིན་པ་ཡི། །དམངས་དང་མེ་ལམ་རྩི་སྦུར་འདྲ། །སྙིང་པོ་རང་བྱུང་སུས་རྟོགས་པ། །རིན་ཆེན་གསེར་གླིང་ཕྱིན་པ་འདྲ། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། ཕྲིན་ལས་མདོར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། རྡོ་རྗེ་འཆང་བས་བཀའ་སྩལ་པ། །ཉོན་ཅིག་བཛྲ་སཏྭ་ཁྱོད། །མ་བུ་གཉིས་ཀྱི་སྦྱོར་སྒྲོལ་གྱིས། །སྙིང་པོ་ཆོས་ཀྱི་སྐུ་རུ་སྒྲོལ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པའི་ཐུགས་རྗེ་རྒྱུན་མི་ཆད། །འགྱུ་དྲན་ཆོས་ཀྱི་དབྱིངས་སུ་སྦྱོར། །ཆགས་པ་རང་བྱུང་ཀློང་དུ་གྲོལ། །གཉིས་སུ་མེད་པའི་མཆོད་པ་ཡིན། །འགྱུ་དྲན་འཛིན་ཆགས་དབང་དུ་གྱིས། །རིག་པ་རྩལ་གྱི་དབང་བསྐུར་ཡིན། །ལྷ་དང་བུམ་པ་རིག་མ་དང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །རང་བྱུང་ངོས་ཟིན་འཁྲུལ་པ་མེད། །འགྱུ་དྲན་རང་སྦྱང་རང་གྲོལ་དབང་། །འཛིན་ཆགས་དོ་ཆད་སྙིང་པོའི་ཡུལ། །འཛིན་མེད་འགྱུ་བ་རང་བྱུང་དབང་། །བདག་མེད་ཡུལ་གྲོལ་ཡེ་ཤེས་དབང་། །དབང་གི་རྒྱལ་པོ་རང་བྱུང་དབང་། །སངས་རྒྱས་རེ་མེད་དབང་མཆོག་ཡིན། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། དབང་སྦྱོར་སྒྲོལ་རྩ་བ་མཚོན་པའི་ལེའུ་སྟེ་བདུན་པའོ།། །རྡོ་རྗེ་འཆང་བས་བཀའ་སྩལ་པ། །ཉོན་ཅིག་བཛྲ་སཏྭ་ཁྱོད། །ཅི་ཡང་ཡིན་ནོ་གང་ཡང་རུང་། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་ལྟར་སྣང་ཡང་སྙིང་པོ་ཉིད། །སྙིང་པོ་སྣང་བ་རང་བྱུང་ཡིན། །ཅི་ཡང་མེད་དོ་གང་ཡང་སྣང་། །མེད་བཏགས་འཁྲུལ་པ་རྫུན་པའི་ཆོས། །མིང་ཙམ་འདི་ཞེས་མཚོན་ན་ནི། །རྡོ་རྗེ་སེམས་


DNG005_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མཚོན་དུ་མེད། །གཅིག་ནི་ཀུན་གྱི་རང་བཞིན་ཡིན། །གཅིག་པོ་རང་ཡང་གང་དུ་འདུག །མིང་མེད་ཡུལ་དང་བྲལ་བར་གྱིས། །ཡུལ་སྣང་གཟུགས་ནི་སྲོག་གི་གཞི། །ཡུལ་དུ་བདེན་པ་གང་ན་འདུག །རྡུལ་ཙམ་འདུག་ན་སྲོག་ལ་ཤོར། །སྲོག་གི་ལ་ཤན་ཕྱེད་པར་གྱིས། །མིང་བཏགས་ཆོས་ཀུན་སྙིང་པོའི་གཞི། །མིང་ཡིག་སྒྲ་བསྒྲགས་གང་ལ་བདེན། །གཅིག་ཙམ་བདེན་ན་མིང་ལ་འཁོར། །ཚིག་གི་སྒྲོ་འདོགས་ཆོད་པར་གྱིས། །གཉིས་མེད་གཉིས་སུ་མེད་པར་སྟོན། །བསྟན་པས་ཡུལ་མེད་མཚོན་ཚིག་གང་། །བདེན་པར་སུས་སྨྲ་འཁྲུལ་པས་ཆོག །དངོས་པོ་དངོས་མེད་གཉིས་ཀ་གཅིག །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཡིན། །རང་བྱུང་འཕྲུལ་གྱི་སྙིང་པོའི་སྐུ། །གང་ལྟར་སྣང་བ་སྙིང་པོའི་བརྡའ། །འདྲེན་པའི་ཐུགས་རྗེ་འགག་པ་མེད། །ཡེ་ཤེས་སྐུ་སྟེ་རང་བྱུང་ཡིན། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། ལྟ་བ་ལ་བཟླ་བའི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་རྡོ་རྗེ་འཆང་ཀུན་ཏུ་བཟང་པོ་ཉིད། མཚོན་པའི་ལམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། གཅིག་ནི་ཀུན་གྱི་རང་བཞིན་ཏེ། །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །རང་བྱུང་འཕྲུལ་གྱི་སྙིང་པོའི་སྐུ། །ཏིང་འཛིན་གསུམ་གྱི་སྒོ་ནས་བསྐྱེད། །སྐུ་གསལ་གདུལ་བྱ་ལ་དམིགས་ལ། །མཆོད་སྦྱིན་ཚོགས་སོགས་རྒྱུན་དུ་བྱ། །ཚོགས་གཉིས་ཚོགས་ནི་བསག་པར་བྱ། །མཆོད་རྟེན་སྐུ་གདུང་གདབ་པར་བྱ། །རང་བྱུང་སྙིང་པོའི་ཚ་ཚྭ་དང་། །རྒྱུ་རྐྱེན་འབྱུང་ལྔའི་ཚ་ཚྭ་གདབ། །གཏོར་མ་ཕྱི་ནང་གཉིས་ཀ་བྱ། །ཆུ་གཏོར་ཀླུ་གཏོར་དམར་གཏོར་དང་། །རྡོ་རྗེ་ཚོགས་ཀྱི་འཁོར་ལོ་བསྐོར། །འབྱོར་བཤམས་དངོས་པོ་བསམ་པ་ཚོགས། །འགྱུ་དྲན་འཛིན་ཆགས་ཟ་ཚོགས་བྱ། །གཙང་མ་ཁྲུས་ཀྱི་ལས་བྱེད་ན། །རིན་ཆེན་གང་ལྡན་བུམ་པ་དེར། །སྲོད་དང་ཐོ་རང་ཆུ་བླངས་ལ། །སྙིང་པོས་བྱིན་བརླབ་དག་པར་བཀྲུ། །མེ་དང་རླུང་དང་ས་དང་བདུད་རྩི་ཀུན། །ཁྲུས་སུ་རྣལ་འབྱོར་གང་བདེ་བྱ། །བསྲུང་བ་གསང་བའི་རྫས་དང་སྔགས། །དཔའ་བོ་གཅིག་པའི་ལས་རིམ་


DNG005_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །མཛེ་ནད་གདུག་པའི་ལས་གསོ་ན། །ཞི་དྲག་གཉིས་ཀྱི་ལས་ལ་འཇུག །ཀླུ་རིགས་ནད་རིགས་མཆོད་གསད་དགྲོལ། །ནད་ཀྱི་གནོད་ལུགས་བཅོས་ཀ་བྱ། །བསྒྲུབ་ལ་བར་ཆོད་དགྲ་བྱུང་ན། །ལན་གསུམ་འཕམ་བླང་འགྱོད་མེད་བྱ། །དེ་ནས་དཀོན་མཆོག་དཔང་བཙུགས་ལ། །རླུང་ལྡོག་པ་ཡི་དུས་སུ་བསྒྲལ། །རང་གིས་མ་ངེས་རྦོད་གཏོང་ན། །སྙིང་པོ་འཕྲུལ་གྱི་སྐུ་བསྒོམ་ལ། །ཧཱུཾ་ལ་བྷྱོ་བཟློག་རྦད་བཏགས་ན། །སྐྱེ་ཀ་སྡོམ་སྡིག་ཇི་བཞིན་འགྱུར། །འབྱུང་བ་འཁྲུགས་པའི་ནད་འདོན་ན། །ཡི་གེ་དྲུག་པའི་གནད་ཀྱིས་གདོན། །སྟོད་སྨད་བར་གྱི་གདོན་ལུགས་ཡིན། །ཚ་གྲང་སྤྱོད་པ་བསམས་པས་སྦྱངས། །འཁོར་ལོ་ལྔ་ཡི་རྩ་སྒོ་ལ། །དྲོད་གདོན་གྲང་བ་ཕོ་མོའི་ནད། །བཅུད་ལེན་ཟས་ནི་གྲོགས་ཡིན་ནོ། །རྣམ་སྨིན་ལས་ཀྱང་སྦྱངས་པར་ངེས། །འབྱུང་འཁྲུགས་གདོན་ལ་ཐེ་མི་ཚོམ། །བར་ཆོད་གདོན་གྱི་ནད་བྱུང་སེམས་འཁྲུགས་ན། །གདོན་ངོས་བཟུང་བ་ཤིན་ཏུ་གཅེས། །སྲོག་སྙིང་གསལ་བ་རབ་ཏུ་གཅེས། །གང་ཡིན་དེ་ལ་གཏད་པ་གཅེས། །ལུས་ཉམས་མཚན་མ་འབྱུང་བར་འགྱུར། །འཁོར་ལོ་སྲོག་གནད་སྙིང་པོས་གཏེམས། །རྗེས་མེད་མཆོད་པའི་བྱེ་བྲག་བྱ། །བྱང་ཆུབ་ཆེན་པོའི་གྲོགས་སུ་འགྱུར། །ཁོ་ཡི་ཆོ་འཕྲུལ་ང་རུ་ཁྲོལ། །ང་ནི་ཅིར་སྣང་ཅིར་འདུག་ལྟོས། །འགྱུ་དྲན་འཛིན་ཆགས་ཡུལ་དང་བྲལ། །མིང་མེད་ཚིག་གི་རྟོག་པ་ཟད། །རྟོགས་ཤིག་རྟོགས་ཤིག་སྐལ་ལྡན་བུ། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། ལས་ཐམས་ཅད་པའི་སྐབས་ཀྱི་ལེའུ་སྟེ་དགུ་པའོ།། །རྡོ་རྗེ་འཆང་བས་བཀའ་སྩལ་པ། །ཉོན་ཅིག་བཛྲ་སཏྭ་ཁྱོད། །དུས་གསུམ་བདེ་གཤེགས་གསང་ཆེན་ནི། །འབུམ་ལས་འགའ་ཡིས་རྟོགས་པར་དཀའ། །འགྱུར་མེད་རང་བྱུང་སྙིང་པོ་འདི། །གང་དུ་གྱུར་ཀྱང་རང་བྱུང་ཉིད། །གཅིག་ནི་ཀུན་གྱི་རང་བཞིན་ཏེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །མི་འགྱུར་བ་ཡི་སྙིང་པོ་དང་། །སྐུ་གསུང་ཐུགས་དང་རྒྱས་པ་ལྔ། །རེ་རེ་ལ་ཡང་གསུམ་གསུམ་སྟེ། །ཏིང་འཛིན་འཕྲོ་འདུ་རྫས་དང་གསུམ། །སྤྲུལ་པ་ཡིན་པས་ཅིར་ཡང་འགྱུར། །རང་


DNG005_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གདེང་དང་ལྡན་པར་གྱིས། །རང་བྱུང་སྙིང་པོ་སྲོག་དང་མིང་། །ཟུང་དུ་གཞུག་པས་རང་གཤེད་བྱའོ། །ཐབས་དང་ཤེས་རབ་གཉིས་མེད་དོ། །དཔའ་བོ་གཅིག་པའི་འཁོར་ལོ་ནི། །ཡུལ་མེད་མིང་དང་བྲལ་བ་ལས། །རང་བྱུང་སྙིང་པོ་གཅིག་པུར་རྟོགས། །གཅིག་པུ་རང་ཡང་ཕྱོགས་དང་བྲལ། །གང་ཡང་ཡིན་ནོ་ཅི་ཡང་རུང་། །རང་བྱུང་སྙིང་པོའི་འཁོར་བ་ལོ། །གདེང་ཆེན་རྟོགས་པའི་འཁོར་ལོ་ཡིན། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ནི། །སྐུ་སྲོག་འཁོར་ལོ་ཡུལ་ལ་བསྐོར། །གསུང་མིང་འཁོར་ལོ་ཚིག་ལ་བསྐོར། །ཐུགས་ཀྱི་འཁོར་ལོ་རྟོགས་པས་བསྐོར། །གསུམ་ཚན་སྐུ་གསུང་ཐུགས་ཤེས་བྱ། །ཐབས་དང་ཤེས་རབ་ཡེ་ཤེས་གསུམ། །དེ་ལ་ཡོན་ཏན་ནོར་བུ་འདྲ། །སྣ་ཚོགས་ཐུགས་རྗེ་ལས་སུ་མཛད། །ཡོན་ཏན་ཕྲིན་ལས་འཁོར་ལོ་ཡིན། །རེ་རེ་ལ་ཡང་གསུམ་གསུམ་དུ། །ཆ་ལྡན་ཕྲིན་ལས་སྒོ་ནས་བསྟན། །འཇིག་རྟེན་དྲེགས་པ་གཞོམ་པ་དང་། །འབྱུང་བ་འཁྲུགས་པ་གཞོམ་པའོ། །འདི་ནི་ཕྱག་ན་རྡོ་རྗེ་དང་། །ཁྲོ་བོ་ལ་སོགས་གཤིན་རྗེ་ལས། །དཔའ་བོ་གཅིག་པ་རང་བྱུང་ཐུགས། །རྒྱུ་དང་སྣག་ཚ་རྨྱུ་གུར་ལྡན། །ཐིག་བསྐོར་རིམ་པ་ལྔ་རུ་བསྐོར། །འཁོར་ལོ་རྩིབས་བཞི་བརྒྱད་ཅུ་དྲུག །སུམ་ཅུ་རྩ་གཉིས་དྲུག་ཅུ་བཞི། །དཔའ་བོ་གཅིག་པ་སུམ་བསྒྲིལ་བྲི། །གཡས་དང་གཡོན་དང་རང་བྱུང་གཟེར། །ལྷ་དང་ཡིག་འབྲུ་མཚོན་ཆ་མེ། །དུག་ལྔ་འབྱུང་བ་སྐབས་དང་སྦྱར། །བསམ་པ་སྤྲོ་འབར་རྫས་གསུམ་བྱ། །དཔའ་བོ་གཅིག་པའི་འཁོར་ལོ་ཡིན། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། ཐུགས་ཀྱི་འཁོར་ལོའི་ལེའུ་སྟེ་བཅུ་པའོ།། །དེ་ནས་ཡང་ནི་བཤད་བྱ་བ། །ཉོན་ཅིག་བཛྲ་སཏྭ་ཁྱོད། །རྫས་ནི་རྒྱ་ཤོག་རོ་རས་དང་། །གྲོ་ག་ས་ལྔ་ལས་དང་སྦྱར། །བསམ་པ་ཏིང་ངེ་འཛིན་གྱི་ལས། །རིན་ཆེན་འཕྲུལ་གྱི་སྙིང་པོ་བསྒོམ། །སེམས་དཔའ་གསུམ་ནི་གསལ་བར་བྱ། །ཏིང་འཛིན་རྣམ་གསུམ་སེམས་དཔའི་མཁར། །ཡི་དམ་ཞི་ཁྲོ་དུས་དང་སྦྱར། །དེ་ནས་སྤྲོ་བསྡུ་དབུགས་ལ་བསྐྱོན། །བ་སྤུ་ལ་སོགས་ཀུན་ནས་སྤྲོ། །རེ་རེའི་སྒོ་ནས་


DNG005_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་སྤྲོ། །སྤྲོ་བསྡུ་དབུགས་ཀྱི་འཁོར་ལོར་འདོད། །འཁོར་ལོའི་རྣམ་པ་གྲངས་མང་ཡང་། །གཡས་བསྐོར་གཡོན་བསྐོར་ཆོ་ལུ་གསུམ། །སྟེང་གཅོད་འོག་གཅོད་ཕྱོགས་གཅོད་གསུམ། །དཀྲུག་དང་བཟློག་དང་རྣ་ལམ་དགུ། །རྐྱང་པ་དང་ནི་བཅུ་རུ་བཤད། །འཁོར་ལོ་བསྐོར་བའི་མན་ངག་ཡིན། །ཕ་བསྐོར་མ་བསྐོར་རང་བསྐོར་གསུམ། །འཁོར་ལོ་མདོ་ཡིས་བསྡུ་བར་བྱ། །རང་བྱུང་དམིགས་པ་སྙིང་པོའི་ཀློང་། །ཡུལ་མེད་མིང་དང་བྲལ་ཙ་ན། །འགྱུ་དྲན་འཛིན་ཆགས་འཁོར་བ་ལོ། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། འཁོར་ལོའི་གདམས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་བཛྲ་སཏྭ་ཁྱོད། །སྐུ་གསུམ་འཁོར་ལོ་བསྟན་པ་ནི། །མི་སྐྱེ་ཆོས་ཅན་ཨ་ཡི་བསྐོར། །རྫས་ཚོགས་རྒྱུ་ནི་ལྡན་པ་ལ། །ཐིག་སྐོར་རིམ་པ་ལྔ་འམ་དྲུག །ལྟེ་བ་རྩིབས་བཞི་བརྒྱད་ཅུ་དྲུག །སུམ་ཅུ་རྩ་གཉིས་དྲུག་ཅུ་བཞི། །ཨ་ནི་སྐྱེ་མེད་ཨ་སྦྱོར་བཀོད། །ཤི་ས་བསྟན་པའི་འཁོར་ལོར་བཤད། །དབྱངས་ཡིག་དྲུག་ཅུ་བརྒྱད་པ་ལ། །བཅུ་དྲུག་འཇམ་དཔལ་ཡི་དམ་སྔགས། །བཅུ་གཉིས་ཤི་ས་བསྟན་པ་དངོས། །དྲུག་པ་འཁོར་ལོ་ལྔ་རྫོགས་ཉིད། །སྐྱེ་མེད་འགག་པ་མེད་པའི་ཆོས། །ཨ་ནི་ཆོས་ཀྱི་དབྱིངས་སུ་གནས། །ས་ནི་ཆོས་ཉིད་འགྱུར་བ་མེད། །ཧ་ནི་འགག་མེད་ཨ་ཧ་ཆས། །ཨ་ནི་སྐྱེ་མེད་གནས་སུ་ལྡོག །སྐྱེ་འབྱུང་མེད་པ་ཨ་ཧ་མ། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། གསུང་གི་འཁོར་ལོའི་ལེའུ་སྟེ་བཅུ་གཉིས་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །སྐུ་ཡི་འཁོར་ལོ་བསྟན་པ་ནི། །རྫས་དང་སྣག་ཚ་ཚོགས་པ་ལ། །ཐིག་ལེ་སྐོར་རིམ་གོང་དང་འདྲ། །ལྟེ་བ་རྩིབས་བཞི་དཔའ་བོ་ལྔ། །བརྒྱད་པ་ཚོགས་བརྒྱད་སེམས་དཔའ་བརྒྱད། །གང་བསྒྲུབ་འཁོར་གྱི་ལྷ་ཚོགས་སོ། །བཅུ་དྲུག་ཁྲོ་བཅུ་ཐུབ་པ་དྲུག །སུམ་ཅུ་གཉིས་ལ་དབང་མོ་མཁའ་འགྲོ་བཞི། །སྐུ་ཡི་འཁོར་ལོ་ཡིན་པར་འདོད། །འབྲུ་ལྔ་གཙོ་བྱས་འཁོར་ལོ་ལྔ། །


DNG005_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཕྲིན་ལས་དེ་བཞིན་ཤེས། །རིན་ཆེན་ལྟ་བུར་ཡོན་ཏན་འབྱུང་། །ས་ཚོན་གང་བསྒྲུབ་ཡི་དམ་སྔགས། །འཁོར་ལོ་གང་འདྲ་དེ་ལ་དགོད། །ཡོན་ཏན་འཁོར་ལོ་ཡིན་པར་འཆད། །ཐུགས་རྗེའི་བྱིན་རླབས་ཅིར་ཡང་སྟོན། །གང་བརྩམ་ལས་དེ་འགྲུབ་པར་འགྱུར། །ཧས་མཚོན་གང་བསྒྲུབ་གསང་བའི་གནས། །ཕྲིན་ལས་འཁོར་ལོ་ཡིན་པར་འདོད། །ཐིག་བསྐོར་ལྔ་རུ་རྫོགས་པར་བྲིས། །ལྟེ་བ་ཧཱུཾ་ལ་བཞི་བརྒྱད་ཧཱུཾ། །བཅུ་དྲུག་ཧ་ལ་སོ་གཉིས་ཧི། །ནད་གདོན་ཐུགས་ཀྱི་འཁོར་ལོ་ཡིན། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། འཁོར་ལོ་རྫོགས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །དེ་ནས་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་སེམས་དཔའ་ཁྱོད། །ཐུགས་རྗེས་འགྲོ་བ་འཛིན་པ་ན། །དམ་ཚིག་ཅན་གྱི་སློབ་བུ་ལ། །ཐུགས་རྗེ་ཅན་གྱི་སློབ་དཔོན་གྱིས། །དམ་བསྲེ་གནང་བ་སེམས་བསྐྱེད་བྱ། །དད་ལྡན་བུས་ཀྱང་ཡིད་འཐད་ནོར་གྱིས་བསླུ། །བླ་མ་མཆོད་དང་ཆོས་སྐྱོང་བསྐང་། །སྦྱིན་པ་དགེ་བ་ཚོགས་གསོག་བྱ། །སྡིག་སྦྱངས་ཆོས་ནི་ཆགས་པའི་རྟེན། །དེ་ལྟར་ཚུལ་དང་ལྡན་པར་བྱ། །བླ་མ་ཐུགས་རྗེ་བྱམས་ལྡན་དེས། །བརྡ་དང་ངག་གིས་སློབ་བུ་བསྲལ། །བརྡ་བསྟན་ཡུལ་དུ་དམིགས་པ་བསྟན། །ངག་བརྗོད་ལྕེ་རྩེས་རྣ་བར་དཀྲུགས། །ཤེས་རབ་ཅན་གྱིས་བུ་ལ་བསྡིམ། །ཕྱི་ལྟར་སྙིང་པོ་བརྡ་རུ་སྟོན། །ནང་ལྟར་ལུས་དང་རྩ་རླུང་སྤྱོད། །གསང་བར་ཡི་གེ་སྙིང་པོ་ཁྲོལ། །དོན་དུ་ཆོས་ཉིད་སྙིང་པོར་འདུས། །ལྔ་བསྐོར་གསུམ་སྒྲོམ་འཕྲད་དུ་ཆུག །རང་ཐོག་ཟངས་ཀྱི་ཝ་ནས་དྲོངས། །འཐོར་བ་ཐམས་ཅད་དེ་ལ་སྡུས། །སྐུ་དང་བུམ་པ་དཀྱིལ་འཁོར་དང་། །དབྱིབས་དང་ཕྱག་མཚན་སྣ་ཚོགས་གཟུགས། །པདྨ་དང་ནི་རྡོ་རྗེ་དང་། །རིན་ཆེན་རྒྱ་གྲམ་རལ་གྲི་མདའ། །ཁ་ཊྭཱཾ་ཕུར་པ་ཞིང་དབྱུག་དང་། །གཞུ་དང་དྲིལ་བུ་ཞགས་པ་དང་། །ལྕགས་ཀྱུ་ཞགས་པ་དགྲ་སྟྭ་དང་། །ཟླུམ་པོ་གྲུ་བཞི་ཟླ་གམ་དང་། །གྲུ་གསུམ་ལ་སོགས་སྣ་ཚོགས་པ། །ཁ་དོག་ལ་སོགས་དེ་དང་མཚུངས། །སྣང་བ་སྣ་ཚོགས་སྙིང་པོ་ཉིད། །སྣང་བ་ཡོད་མེད་དེ་ལ་


DNG005_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས། །གཅིག་པོ་ཀུན་ཏུ་སྣང་བས་ཆོག །ཅེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། སྣང་བ་སྙིང་པོར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །ཀུན་བྱེད་རྒྱལ་པོ་ཀུན་བཟང་གིས། །སེམས་དཔའི་འཁོར་ལ་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་སེམས་དཔའ་ཁྱོད། །སྲིད་པ་ལུས་ཀྱི་གྲུབ་ཚུལ་ནི། །རང་བྱུང་རྒྱུ་རྐྱེན་སྙིང་པོ་འདི། །རང་བྱུང་རྒྱུ་བ་སྣ་ཚོལ་ཚེ། །འཁྲུལ་པའི་ལུས་རྟེན་འོད་ལས་ལེན། །འགྱུ་བ་རྒྱུ་ལ་དཀར་དམར་རྐྱེན། །རྒྱུ་བ་བར་དོར་རྐྱེན་དང་འཛོམ། །ཕོ་མོའི་འདུ་འཕྲོད་གཞལ་ཡས་འོད། །བར་དོ་དེ་ལ་སྣང་ལོག་འཛིན། །བདུན་ཕྲག་ཟླ་དགུ་ངོ་བཅུ་ནི། །ལུས་སུ་རྫོགས་ཏེ་མ་ལས་བྲུལ། །ནང་ནས་ཤེས་པ་ཕྱིར་མི་གསལ། །ཞག་དང་ཟླ་བ་ལོ་ཡིས་འགྲིབ། །གཟུང་འཛིན་ཤེས་པ་རྡེ་རགས་སོང་། །དུག་ལྔ་ཆགས་སྡང་གཟུང་འཛིན་སྤྱོད། །ཤེས་རབ་རྟོག་དཔྱོད་དགེ་སྡིག་གོ། །དེ་ལྟར་སྙིང་པོ་ལུས་ཀྱི་རྒྱུ། །ཧ་གཉིས་ཁ་སྤྲད་ལུས་ཀྱི་རྒྱུ། །བྱང་ཁོག་སྟོད་དུ་བརྡ་སྤྲད་གསལ། །འ་དང་ཞབས་སྐྱེད་རོ་སྨད་རྐང་། །གུ་གུ་ཐིག་ལེ་ཟླ་ཚེས་མགོ། །འགྲེང་བུ་ན་རོ་རྩ་དང་སྐྲ། །དེ་ལྟར་སྙིང་པོ་ཉིད་ལས་གྲུབ། །བརྡ་རུ་སྙིང་གི་བུ་ལ་སྟོན། །ཕ་རྩ་མ་རྩ་རང་རྩ་གསུམ། །ལུས་དང་སེམས་ཀྱི་གཞི་མ་ཡིན། །རྒྱུ་བ་རླུང་གི་རྩལ་རྫོགས་ཚད། །ཐ་མ་ཐིག་ལེ་རང་གི་སེམས། །དང་པོ་རྒྱུ་ལས་འབྲས་བུ་སྨིན། །ཕ་རྩ་ཤེལ་གྱི་ཆུ་འབབ་འདྲ། །ཚད་དུ་སྨིན་པས་སྨིན་དུས་ཡིན། །ཐོད་པ་དབང་མོ་སྒལ་ཚིགས་སྦུབས། །རུས་པའི་རྩལ་རྫོགས་སེན་མོ་ཡིན། །རྐང་དང་རྐང་མར་ཀླད་གཞུང་ནས། །ཐིག་ལེ་ཉ་མིག་བཅུད་ཀྱི་མཆོག །ལ་ལ་རྩ་སྟེ་སྒལ་ཚིགས་སྦུབས། །རོ་མ་དཀར་མོ་ཐབས་རྩ་བ། །བདེ་བ་གསལ་བ་རགས་པ་གཡས། །མ་རྩ་བཙོད་ཀྱི་ཐག་པ་འདྲ། །ཚད་དུ་སྨིན་པ་མཛོད་སྤུ་ཡིན། །དོན་སྙིང་ནང་རོལ་ཤ་ཡི་སྦུབས། །དྭངས་སྙིགས་རླུང་རྒྱུ་རྒྱུས་མང་དགྲགས། །རྩལ་རྫོགས་པགས་པ་བ་སྤུ་སྐྲ། །ཤ་དང་དོན་སྙིང་རྩ་ལས་ཁྲག །ཐིག་ལེ་དམར་པོ་ཟླ་ཚིགས་འཛིན། །ར་ས་རྐྱང་མ་དམར་སེར་སྲོག་པ་རྩ། །དོན་སྙིང་འཁོར་ལོ་ལྔ་དང་འདྲེལ། །


DNG005_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འགག་མེད་རླུང་བཟུང་ཤེས་རབ་མཆོག །སྟོང་པ་མ་རྩ་རགས་པ་གཡོན། །དེ་ཉིད་ཟུང་འདྲེལ་སྒྲོག་རུས་ལྤགས། །དེ་ལྟར་ལུས་པོ་འབྱུང་བ་ལྔ་ལས་གྲུབ། །སྙིང་པོ་ཧཱུཾ་གི་སྒྲ་འདི་རྟགས། །སེམས་ཅན་ཀུན་གྱི་སྒྲ་རུ་ཧཱུཾ། །སངས་རྒྱས་ཀུན་གྱི་ཐུགས་སུ་ཧཱུཾ། །སྟོང་བ་གསལ་བ་འགག་མེད་ཧཱུཾ། །ཆོས་མིན་སྙིང་པོ་རང་འབྱུང་ཧཱུཾ། །རང་བྱུང་རྟོགས་ན་གྲོལ་བར་འགྱུར། །མི་འགྱུར་མཐིང་ག་རང་གི་རྩ། །ཨ་ཝ་དྷཱུ་ཏཱི་ཀུན་འདར་མ། །ཡེ་ཤེས་ལྔ་རྒྱུ་ཚོན་གྱི་སྐུ། །འོད་ལྔ་འཇའ་ཚོན་ཉི་ཟེར་འདྲ། །ཕ་མ་གཉིས་ཀྱི་བར་ན་རྒྱུ། །རྡོ་རྗེ་པདྨ་ཚངས་བུག་སྒོ། །འཁོར་ལོ་ལྔ་དང་འདྲེལ་བའི་རྩ། །བཞི་བརྒྱད་བཅུ་དྲུག་སུམ་ཅུ་གཉིས། །དྲུག་ཅུ་རྩ་བཞི་ལྟེ་བའོ། །ཉི་ཁྲི་ཆིག་སྟོང་རྒྱས་པའི་རྩ། །བྱང་སེམས་ཐིག་ལེ་རྒྱུ་བ་རླུང་། །རྡོ་རྗེ་ཧཱུཾ་གི་རྩལ་དུ་བཤད། །ཅེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། སྙིང་པོ་ལུས་ཀྱི་གྲུབ་ཚུལ་གྱི་ལེའུ་སྟེ་བཅོ་ལྔ་པའོ།། །ཀུན་བྱེད་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཁྱོད། །སངས་རྒྱས་གསུང་ལ་སེམས་ཅན་སྒྲ། །སྙིང་པོ་སྒྲ་ཡི་གདམས་པ་འདི། །སྙིང་པོ་ཡིན་པར་གཞི་རུ་བཅས། །གང་སྣང་མིང་དུ་བཏགས་པ་ཀུན། །སྙིང་པོའི་ཆོས་སུ་བསྒྲུབ་པར་བྱ། །ཚིག་ཏུ་ཡི་གེ་མིང་དུ་བཏགས། །བཏགས་སྒྲ་གང་བརྗོད་སྙིང་པོའི་སྒྲ། །གཞི་དང་སྒྲུབ་བྱེད་གཞན་འཕྲང་བསྡམ། །ཡི་གེའི་ཚོགས་སོགས་གྲོགས་སུ་འགྱུར། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཱཻ། ཨོ་། རི་རཱྀ། ལི་ལཱྀ། ཨཾ་ཨཱཿ། དེ་དག་སྙིང་པོ་ཧཱུཾ་གི་གྲོགས། །སྐུ་གསུམ་ཁྱབ་བྱེད་རྒྱ་མ་ཆད། །ང་ནི་རང་བྱུང་སྙིང་པོའི་ཆོས། །གཅོད་བྱེད་ཆ་ལྡན་འཇོམས་པར་བྱེད། །འཁོར་བ་མྱ་ངན་འདས་པ་ཉ། །གཏན་འབེབས་ཐིག་ལེ་དུས་ལ་བབས། །ཡོད་མེད་གཉིས་ལ་འཇུག་པ་ན། །རིག་པ་གནས་ལུགས་འཁོར་བའི་རྒྱུ། །སྐྱེད་པར་བྱེད་པ་ཆོས་ཉིད་མ། །རྩ་བ་ཉམས་མྱོང་འཛིན་པ་ཡིན། །གནས་ལུགས་སྙིང་པོ་ཝ་ནས་དྲོངས། །ཞ་ལ་ཟ་བྱེད་


DNG005_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་དབྱིངས། །སྐུ་གསུམ་མྱ་ངན་འདས་པ་ཉ། །ཐུགས་རྗེ་གནས་ལུགས་ཤེས་རབ་ཤུགས། །ས་ནི་འགྱུར་བ་མེད་པར་བརྟན། །ཏ་ནི་འགག་མེད་སྙིང་པོའི་དབྱིངས། །སྐྱེ་བ་མེད་པས་སྙིང་པོ་ཨཿ། །མགོ་འདྲེན་བོད་བདེ་སྐབས་སུ་འབྱེད། །འཛིན་པ་མཁྱེན་བྱེད་གཅོད་པ་དང་། །འདྲེལ་ཁྱབ་སྡུད་པ་སྙིང་པོའི་གྲོགས། །སྙིང་པོ་མེད་པ་གང་ཞིག་བརྗོད། །ཡི་གེ་མེད་པ་སྲོག་སྙིང་གང་། །ཡིག་འབྲུ་མེད་པ་གཟུགས་སྣང་ཅི། །སྲོག་དང་སྙིང་པོའི་གདམས་པ་ཡིན། །སྲོག་ནི་གཟུགས་ལ་སྙིང་པོ་མིང་། །གཟུགས་ནས་བཟུང་ན་སྙིང་པོས་བོད། །ཅེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། གསང་བ་སྒྲ་དང་སྲོག་གི་ལེའུ་སྟེ་བཅུ་དྲུག་པའོ།། །དེ་ནས་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་སེམས་དཔའ་རྡོ་རྗེ་ཆེ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། །ཐིག་ལེ་ཉག་གཅིག་མན་ངག་ནི། །བསྒོམ་དུ་ཅི་ཡང་མེད་པ་ལ། །ཡེངས་པ་མེད་པའི་མན་ངག་བསྟན། །རྡོ་རྗེ་འཕྲུལ་གྱི་སྙིང་པོའི་སྐུ། །རྡོ་རྗེ་སྐྱེ་མེད་འགག་མེད་ཐུགས། །རྡོ་རྗེ་བཞི་བསྐོར་མ་ཡེངས་བཟླས། །རྡོ་རྗེ་རྡོ་རྗེ་ཤུབ་བུ་དང་། །གནོད་པ་འགོག་བྱེད་ཨ་ཏིར་བཟླས། །སེམས་དཔའི་སྐུ་གསལ་བླ་མ་དྲན། །རྡོ་རྗེའི་བཟླས་པ་རང་སོར་བཟླས། །རྡོ་རྗེ་ཤུབ་བུའི་བཟླས་པ་ནི། །སོ་དང་མཆུ་ནི་མཉམ་སྦྱར་ལ། །ལྕེ་ཡི་རྩེ་མོས་ཅུང་ཟད་བསྐུལ། །ཚིག་གི་སྒྲ་ནི་བསྐྱུང་བའི་གླུ། །རྡོ་རྗེ་ཤུབ་བུའི་བཟླས་པའོ། །འགོག་པ་དག་གི་བཟླས་པ་ནི། །ནད་དང་གདོན་ངོས་བཟུང་བ་ལས། །སྟོད་འབང་སྨད་བསྐྱུར་བར་ནས་གདོན། །བསྲེག་གསད་ཆར་དབབ་མཆོད་པར་དབུལ། །འགྱུ་དྲན་འཛིན་ཆགས་རྣམ་རྟོག་འགོག །འགྱུ་དྲན་འཛིན་ཆགས་གང་སྣང་ལ། །ཡོད་མེད་གང་འདུག་ཅི་འདུག་བརྟགས། །ང་དང་སྙིང་པོ་རང་བྱུང་ཆོས། །གཟུགས་མེད་སྲོག་ཆོད་སྣང་བ་མེད། །ཚིག་མེད་མིང་བྲལ་སྙིང་པོ་རིག །ཨ་ནི་སྐྱེ་མེད་བཟླས་པའོ། །གསང་སྔགས་རིག་སྔགས་གཟུངས་སྔགས་ཀུན། །གང་བཟླས་སྙིང་པོ་ཧཱུཾ་གི་རྟ། །ཡི་གེ་འབྲུ་ཡི་སྒྲ་ལྟར་རོ། །ཆེན་པོ་འཐུག་པོ་རིང་པོ་ཐུང་། །དྲང་པོ་བཟློག་པ་རྣལ་མ་རྣམས། །ཀུན་ཀྱང་


DNG005_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཧཱུཾ་གི་སྒྲ། །གསང་བར་བཟླས་དང་འབྲུག་ལྟར་སྒྲོགས། །རང་སོར་ཚིག་གསལ་ཆོད་པ་བཟླའ། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། བཟླའ་ལུགས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །དེ་ནས་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་བཛྲ་སཏྭ་ཁྱོད། །ངོ་བོའི་རྒྱུད་དང་ཚིག་གི་རྒྱུད། །རྒྱུད་ཀུན་གྱི་ནི་བདག་པོ་དང་། །ལྟ་བ་ཕྱོགས་དང་བྲལ་བའི་ཆོས། །མ་བྲིས་དཀྱིལ་འཁོར་སྣང་བའི་མཆོག །དབང་མཆོག་སྙིང་པོ་རང་བྱུང་དབང་། །འགྱུ་དྲན་འཛིན་ཆགས་ཡེངས་མེད་སྒྲོགས། །དམ་ཚིག་འཁུ་འཕྲིགས་སྤངས་པའི་གདེང་། །སྤྱོད་པ་ཤུགས་འབྱུང་ཚུལ་འཆོས་མེད། །ཕྲིན་ལས་འགྲོ་དོན་རྫོགས་པ་ཡི། །གསང་སྔགས་སྙིང་པོ་ཧཱུཾ་གི་རྒྱུད། །འདྲེལ་དང་མ་ཚང་མེད་པ་ཡིན། །ཡོངས་སུ་རྫོགས་པས་མ་ཚང་མེད། །བསྙེན་པ་ཉེ་བསྙེན་བསྒྲུབ་པ་ལས། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། །འདི་ནི་ཨ་ཏི་སྙིང་པོའི་རྒྱུད། །གསང་སྔགས་བསྟན་པ་དར་བའི་དུས། །དུས་ཀྱི་སྙིགས་མ་ལས་ངན་བྱེད། །རྒྱལ་པོ་མངའ་བྲི་དམངས་ཀུན་རང་དགར་སྤྱོད། །དེ་དུས་ང་ཡི་རྒྱུད་འདི་དར་བར་འགྱུར། །མ་ཉམས་གསང་ཐུབ་རེ་དོགས་བྲལ། །གྲོལ་བར་འགྱུར་ཏེ་ཐེ་ཚོམ་མེད། །ཆོས་ཀྱི་ཟོང་བྱེད་སློབ་དཔོན་འཕྲག་ཚོང་བྱེད། །སྡིག་ལ་མི་འཛེམ་ཚུལ་འཆོས་དགེ་བ་བྱེད། །མཆེད་ཀྱི་ཁྲེལ་མེད་སློབ་དཔོན་མཉེས་མི་བྱེད། །དངོས་གསུམ་རྗེས་འདྲེལ་ངན་སོང་དམྱལ་བའི་གནས། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། རྒྱུད་ཀྱི་དོན་བསྡུས་པ་དང་དར་དུས་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །ཀུན་བྱེད་སྟོན་པས་བཀའ་སྩལ་པ། །འཁོར་ཚོགས་བཛྲ་སཏྭ་ཁྱོད་ཉོན་ཅིག །སྙིང་པོ་གང་དུ་གྱུར་པས་སངས་རྒྱས་ཐུགས། །རྩ་བ་འདུས་པས་སེམས་ཅན་གཞི། །མྱང་འདས་ཐུགས་ལ་འཁོར་བའི་དབུགས། །གོང་དུ་གྱུར་དང་གོང་ན་མེད། །རྩེ་མོ་ཟང་ཐལ་རིན་ཆེན་ཏོག །སངས་རྒྱས་ཐམས་ཅད་དགོངས་པ་གཅིག །སེམས་ཅན་ཀུན་གྱི་ཡིད་དུ་གནས། །འཁོར་བའི་གཤམ་དུ་འདུས་པ་ཡིན། །འགྲོ་དྲུག་ཁམས་གསུམ་ཧཱུཾ་གི་སྐད། །མི་མཐུན་པ་དང་ག་ལ་སྲིད། །སྟོང་པ་སེམས་


DNG005_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་རྩལ་ཡིན། །རྩེ་མོ་གར་འགྱུར་རྩ་བ་གཤམ་དུ་འདུས། །དུས་ཀྱི་ཐ་མར་སྙིང་པོ་དར་བར་ངེས། །གཅེས་པའི་མན་ངག་བླ་མེད་སྙིང་པོའི་རྒྱུད། །སྙིགས་མའི་དུས་སུ་ཆོས་འདི་འབྱུང་བར་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔས་འདི་སྐད་ཞུས། །དེ་ལྟར་ཆོས་འདི་འབྱུང་བ་ནི། །བྱིན་གྱིས་རླབས་ཀྱིས་འབྱུང་མི་འབྱུང་། །གང་གི་ས་ཕྱོགས་དར་བར་འགྱུར། །གང་ཟག་གང་གིས་འཛིན་པ་ལགས། །ཞེས་ཞུས་པས། རྡོ་རྗེ་འཆང་བས་འདི་སྐད་གསུངས། །བྱིན་གྱིས་རླབས་ཀྱིས་འབྱུང་བར་འགྱུར། །ང་ཉིད་སྤྲུལ་པ་རྡོ་རྗེ་སེམས། །རྡོ་རྗེ་འཆང་བ་བར་མ་ཁྱོད། །ཁྱོད་ཉིད་སྤྲུལ་པ་རྡོ་རྗེའི་རིགས། །པདྨའི་མིང་ལ་རྡོ་རྗེའི་སྐུ། །རྒྱལ་རིགས་ཨོ་རྒྱན་རྡོ་རྗེ་འཆང་། །རྡོ་རྗེ་འཆང་བ་ཐ་མ་དེས། །ས་འདུལ་བོད་ཡུལ་རྒྱལ་པོ་དང་། །བློན་པོ་སྤྲུལ་སྐུ་གཅིག་ལ་གཏོད། །དེ་ནས་སྐལ་ལྡན་རིམ་བརྒྱུད་ནས། །གསང་སྔགས་བཀའ་འཚོལ་དུས་སུ་དར། །ཞེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། ཆོས་ཀྱི་དར་ས་འབྱུང་དུས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་སེམས་དཔའི་ཚོགས། །སྙིང་པོ་ཆོས་མིན་རང་བྱུང་འདི། །དཔེར་ན་ནོར་བུ་རིན་ཆེན་འདྲ། །ཐམས་ཅད་མི་འབྱུང་གང་ཡང་མེད། །འགྱུར་བ་མེད་པས་གསེར་དང་འདྲ། །གང་ལྟར་དཔྱད་ཀྱང་སྙིང་པོ་ཉིད། །རང་བྱུང་རང་བཞིན་ནམ་མཁའ་འདྲ། །སྟོང་པ་དངོས་པོར་སྣང་བར་བྱེད། །སྒྱུ་མ་མཁན་གྱི་དཔེ་དང་འདྲ། །གཅིག་ལས་ཐམས་ཅད་སྤྲུལ་པར་སྣང་། །རྒྱ་མཚོར་གཟའ་སྐར་ཤར་བ་འདྲ། །ཟབ་ལ་མ་འདྲེས་ཀུན་གསལ་ཆོས། །ནམ་མཁར་སྤྲིན་འདུས་ཐོག་དང་འདྲ། །དངོས་པོའི་རྫས་ཀུན་རླག་པར་བྱེད། །སྨན་གྱི་རྒྱལ་པོ་ཛེ་ཏ་འདྲ། །གང་ལ་རེག་པ་སྨན་དུ་འགྱུར། །འཁོར་ལོས་སྒྱུར་བའི་རྒྱལ་པོ་འདྲ། །ལོག་ལྟ་དགྲ་བགེགས་འདུལ་བར་བྱེད། །ནམ་མཁར་ཉི་མ་ཤར་བ་འདྲ། །མ་རིག་སྡིག་སྒྲིབ་སྦྱོང་བའོ། །སྨན་གྱི་རྒྱལ་པོ་ག་བུར་འདྲ། །རྟོགས་དང་མ་རྟོགས་ཁྱད་པར་ཆེ། །ཐང་ཁད་མཉམ་པོའི་ཆུ་དང་འདྲ། །


DNG005_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་གང་ཡང་གདུལ་བྱའི་ཆོས། །སྙིང་པོ་འདི་ནི་ཀུན་གྱི་ལས། །ཞི་རྒྱས་དབང་དང་མངོན་སྤྱོད་སྟོན། །འདི་ནི་སྲུང་བ་བླ་ན་མེད། །ཧཱུཾ་བརྗོད་དཔའ་བོ་གཞན་གྱིས་མིན། །ཧཱུཾ་བསྒོམ་རྡོ་རྗེ་འཇིག་འདྲལ་མེད། །ཧཱུཾ་རྟོགས་ནམ་མཁའ་གཅད་དུ་མེད། །དྲི་ཆེན་དྲི་ཆུ་བྱང་སེམས་བཟང་། །གླ་བ་ཚིལ་ཆེན་གུ་གུལ་དང་། །རྟ་བོན་མུ་ཟི་བསྐུ་ཞིང་བརྟག །སྨན་དྲུག་བུར་མ་ཀ་ར་ནི། །ཚ་གྲང་གཉིས་ལ་སྦྱར་ཞིང་བཏང་། །རྩ་ཆུ་གཉིས་ཀྱིས་ནད་ངོས་བཟུང་། །སྲིན་བྱ་འུག་པ་ཕོ་རོག་མིག །མིག་མཐོང་གདོན་ངོས་བཟུང་བའི་རྫས། །གུ་གུལ་རྟ་བོན་ཚིལ་ཆེན་ནི། །གདོན་བསྲེག་ཡི་དྭགས་ཁ་ཆིངས་རྫས། །འོ་མ་ཅན་དང་ཚེར་མ་ཅན། །སྦྱིན་བསྲེག་ཞི་དྲག་གཉིས་ཀྱི་རྫས། །རོག་ཡམ་ཐོད་པ་མིང་དང་གཟུགས། །རྒྱ་གྲམ་དཔའ་བོ་བཅོ་ལྔས་བྲིས། །མནན་པ་རྡོ་རྗེ་ཁ་གནོན་རྫས། །ཁྲག་དང་དུག་ལྔ་སྔོ་དང་ཆུ། །ལོ་ཐོག་རླུང་ལ་བསྐུར་བའི་རྫས། །ཉུང་དཀར་ཉུང་ནག་མདའ་ཕུབ་ཁྲག །སྲོག་ལ་ཟོར་ཐུན་གསད་པའི་རྫས། །ཧཱུཾ་བསྒོམ་ཧཱུཾ་བརྗོད་མེ་དཔུང་མཚོན། །ཐོག་རིས་སྡིགས་མཛུབ་སེར་བ་བཟློག །ཅེས་གསུངས་སོ། །རྡོ་རྗེ་སེམས་དཔས་འདི་སྐད་ཞུས། །སྟོན་པས་གསུངས་པའི་རྒྱུད་འདི་ལ། །མཚན་དུ་ཇི་སྐད་གཟུང་བར་བགྱི། །འཁོར་ཚོགས་འདི་ལ་ངེས་པར་གསུང་། །ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ངས་བཤད་སྙིང་པོ་དོན་གྱི་རྒྱུད། །སངས་རྒྱས་དགོངས་པ་འདུས་པའི་ཆོས། །དགོངས་པ་འདུས་པའི་རྒྱུད་དུ་ཟུང་། །གསང་བའི་སྙིང་བོ་ཆོས་མིན་སྟོན། །གསང་བ་སྙིང་པོའི་རྒྱུད་དུ་ཟུང་། །རང་བྱུང་སྙིང་པོ་རྡོ་རྗེ་སྟོན། །རང་བྱུང་སྙིང་པོའི་རྒྱུད་དུ་ཟུང་། །འོག་མིན་གནས་ཀྱི་དང་པོར་གསུངས། །རྡོ་རྗེ་ཡང་རྩེའི་རྒྱུད་དུ་ཟུང་། །ཞེས་གསུངས་ནས་བཀའ་སྩལ་པ། གསང་སྔགས་འདི་བབ་ཆོལ་ལ་སྤྱོད། །དམ་ཚིག་ཉམས་པའི་ཆོས་བྱེད་ཀུན། །ན་རག་ཡི་དྭགས་དཀྲུག་པར་ཤོག །མི་བཟད་སྲིན་པོ་བདུད་མོ་ཡིས། །གྲོགས་དང་བུ་ཚ་འཁོར་དུ་ཤོག །ཡིད་འོང་གྲོགས་དང་བྲལ་བར་ཤོག །མིང་བཏགས་ལྷ་སྲིན་སྡེ་བརྒྱད་ཀྱིས། །རྟག་ཏུ་འཚེ་ཞིང་


DNG005_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་འབྱིན་ཤོག །བྱམས་པའི་གཉེན་མེད་མི་རྣམས་ཀུན། །རྟག་ཏུ་དགྲ་ཡི་ལས་བྱེད་ཤོག །བུ་དང་སློབ་བུ་བསླབས་འགྱིང་སྟེ། །སྲིན་བྱའི་སྐད་བཞིན་སྙན་མེད་ཤོག །འབྱུང་བ་འཁྲུགས་ལས་འདུ་བའི་ནད། །རྟག་ཏུ་ལུས་ལ་འབྱུང་བར་ཤོག །གདུག་པ་ཀླུ་དང་དགྲས་ཡར་དང་། །རྟག་ཏུ་ལུས་སེམས་བདེ་མེད་ཤོག །བླ་མ་མཉེས་བྱེད་ལུས་སྲོག་ནོར། །རིག་པ་དམ་ཚིག་གཙང་མར་བསྲུང་། །འཁོར་དྲུག་ཡང་ཕྱིར་མི་ལྡོག་པར། །དགེ་སྤྱོད་གྲོགས་རྙེད་འཁོར་རྙེད་ཤོག །ལྷ་སྲིན་འཁོར་བྱེད་བར་ཆད་སེལ་བར་ཤོག །མགོ་ནག་བྱམས་ནས་རྒྱལ་པོའི་བཀའ་བཞིན་ཤོག །ནད་མེད་ལུས་བདེ་ཉམས་མྱོང་རང་འབར་ཤོག །ཀླུ་འགོ་བསོད་ནམས་དགེ་རྒྱས་ཤོག །ཅེས་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། དཔེ་དང་སྲུང་རྫས་རྒྱུད་མཚན་སྨོན་ལམ་གྱི་ལེའུ་སྟེ་ཉི་ཤུ་པའོ།། །དེ་ནས་སྟོན་པ་ཀུན་བྱེད་རྡོ་རྗེ་འཆང་། །འོད་གསལ་ཁ་དོག་སྙིང་པོའི་འོད། །ཧཱུཾ་ལས་ཁ་དོག་ལྔར་བསྟན་ནས། །རྡོ་རྗེ་འཆང་བ་དང་པོའི་སྐུ་རུ་བཞུགས། །ཧཱུཾ་ལས་ཧ་འབྱུང་ཨ་རུ་རྟོགས། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའི་འཁོར་དང་། མཁའ་འགྲོ་མ་རྡོ་རྗེ་དྲག་མོ་ལ་སོགས་པ་རིགས་ལྔའི་མཁའ་འགྲོ་མ་དང་།རྡོ་རྗེ་རིགས་ཀྱི་ལྷ་བརྒྱ་སྟོང་གིས། མེ་ཏོག་དང་མཆོད་པའི་ཚོགས་ཀྱིས་མཆོད་ཅིང་མངོན་པར་བསྟོད་པ། སྟོན་པའི་སྟོན་པ་རྡོ་རྗེ་འཆང་། །ཀུན་ཏུ་བཟང་པོ་ཀུན་བྱེད་སྐུ། །སྙིང་པོའི་ཆོས་འཆང་རྡོ་རྗེའི་ཐུགས། །སྙིང་པོ་སྐྱེ་མེད་སྐུ་ལ་བསྟོད། །འདུས་པའི་འཁོར་ལ་རྒྱུད་བཤད་ངོ་མཚར་ཆེ། །རང་བྱུང་སྙིང་པོ་ཧཱུཾ་དེ་རྡོ་རྗེའི་རྒྱུད། །གསང་བ་མངོན་དུ་སྟོན་པ་མན་ངག་ཆོས། །འཁོར་ཚོགས་འདི་ལ་གནང་བ་ཡི་རང་ངོ་། །ཞེས་གསུངས་སོ། །སྟོན་པ་ཉིད་མྱ་ངན་ལས་འདས་སོ། །དེ་ནས་རྡོ་རྗེ་སེམས་དཔས། ཀྱེ་མ་ཀྱི་ཧུད་ཀྱི་ཧུད་ཅེས་གསུངས་ཤིང་། མི་སྣང་མི་འཁོར་རྡོ་རྗེ་འཆང་། །ཕྱིར་མི་ལྡོག་པ་ཀུན་ཏུ་བཟང་། །སྙིང་པོ་ཆོས་དབྱིངས་རྡོ་རྗེའི་སྐུ། །བྱིན་གྱིས་རླབས་ཀྱིས་གཟུང་བར་ཞུ། །ཞེས་གསུངས་ནས་རྒྱུད་འདི་བསྡུས་
ནས་སྤྲུལ་པའི་སྐུ་པདྨ་འབྱུང་གནས་ལ་གསུངས་སོ། །རྡོ་རྗེ་ཡང་རྩེའི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་ཉེར་གཅིག་པའོ།། །། རྡོ་རྗེ་ཡང་རྩེའི་རྒྱུད་རྫོགས་སོ།། །།

རྡོ་རྗེ་ཡང་ཏོག་གི་རྒྱུད་ཅེས་བྱ་བ།


DNG005_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་པྲ་ཀེ་ཏུ་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཡང་ཏོག་གི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་འཆང་ཆེན་པོ་རང་རིག་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྟོན་པ་རྡོ་རྗེ་འཆང་ཆེན་སྐུ། །ཆོས་དབྱིངས་སྙིང་པོ་རང་བྱུང་གནས། །སྔ་ཕྱི་མེད་པ་སྙིང་པོའི་དུས། །རང་བྱུང་སྤྲུལ་པ་ཉིད་ཀྱི་འཁོར། །རང་བྱུང་སྙིང་པོ་རྟོགས་པའི་ཆོས། །གཅིག་ལས་ཐམས་ཅད་འབྱུང་བར་རྟོགས། །ཡང་དང་བྲལ་བའི་ཐིག་ལེ་ནི། །ཅིར་ཡང་ཡིན་པ་ཐམས་ཅད་གྲོལ། །དེ་ནས་རྡོ་རྗེ་སེམས་དཔའ་དང་། །རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ། །རྡོ་རྗེ་དྲག་མོ་ཉི་ཟླའི་གདོང་། །སེམས་དཔའ་རྣལ་འབྱོར་ལ་སོགས་ཀྱིས། །སྟོན་པ་ཉིད་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །སྙིང་པོའི་ཉི་ཟླ་གསལ་བ་དེ། །འཁྲུལ་པ་ལོག་ལྟས་འགྲོ་དྲུག་བསྒྲིབས། །ཐུགས་རྗེས་སྙིང་པོ་མི་སེལ་བ། །སྔོན་གྱི་ཐུགས་དམ་ཆེན་པོ་ཅི། །ཞེས་ཞུས་པས། དེ་ནས་ཀུན་བཟང་རྡོ་རྗེ་འཆང་། །བྱིན་གྱིས་རླབས་ཀྱིས་འཁོར་རྣམས་ལ། །ཆོས་སྐུའི་སྙིང་པོ་སྐུར་བཞེངས་ནས། །རང་བྱུང་སྙིང་པོ་ཀུན་གྱི་གཞི། །འཁོར་ཚོགས་ཁྱེད་ལ་ལེགས་པར་བསྟན། །དེ་བཞིན་ཉིད་ལ་མིང་མེད་དེ། །འཁོར་བའི་སེམས་ཅན་དྲངས་པའི་ཕྱིར། །ཚིག་ལམ་རྐྱེན་གྱིས་མཚོན་ཏེ་བསྟན། །ཞེས་གསུངས་སོ། །རྡོ་རྗེ་ཡང་ཏོག་གི་རྒྱུད་ལས། ཕུན་སུམ་ཚོགས་པ་ཞུས་ལན་གྱི་ལེའུ་སྟེ་དང་པོའོ།། །དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །རྡོ་རྗེ་འཆང་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །སྙིང་པོའི་དོན་འདི་ཇི་ལྟ་བུ། །ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་རྣལ་འབྱོར་མ། །སྙིང་པོ་ལྷུན་གྲུབ་ཀུན་གྱི་གཞི། །རང་བྱུང་དུ་མ་སྙིང་པོའི་རྩལ། །ང་ནི་རང་བྱུང་སྙིང་པོ་ཡིན། །ཐམས་ཅད་ང་ལས་བྱུང་བ་ཡིན། །ནོར་བུ་རིན་ཆེན་ཡོན་ཏན་འདྲ། །


DNG005_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ང་ནི་སྙིང་པོ་ཀུན་གྱི་གཞི། །ང་རྟོགས་པས་ནི་གྲོལ་བ་དེ། །ཆོས་སྐུ་ཡུལ་མེད་ཕྱོགས་དང་བྲལ། །ཡུལ་སྣང་སངས་ལས་རྟོགས་པ་རྒྱས། །མིང་ཚོགས་གྲོལ་བས་ཡེ་ཤེས་རྒྱས། །སྐྱེས་འགྱུར་མིང་མེད་ང་ཡི་སྐུ། །ཉི་མའི་སྙིང་པོ་འོད་ཟེར་འབྱུང་། །ཆོས་སྐུའི་སྙིང་པོ་ཐུགས་རྗེ་འབྱུང་། །བྱིན་གྱིས་བརླབ་ཕྱིར་སྣང་བ་ཡིན། །ང་ཉིད་སྤྲུལ་པ་རྡོ་རྗེ་སེམས། །ས་བཅུའི་བྱང་ཆུབ་སེམས་དཔའ་དང་། །དེ་ཉིད་སྤྲུལ་པ་ཐུབ་པ་དྲུག །འགྲོ་དྲུག་སེམས་ཅན་རྣམས་ལ་སྣང་། །མ་རིག་འཁྲུལ་པ་རིགས་དྲུག་པ། །བདེ་གཤེགས་སྙིང་པོ་འཁོར་བའི་རྒྱུ། །འགྲོ་དྲུག་སེམས་ཅན་སྙིང་པོས་ཁྱབ། །ང་ལས་འབྱུང་བ་མ་ཤེས་འཁྲུལ། །ས་ཆུ་མེ་རླུང་སྣོད་རྟེན་དང་། །ནམ་མཁས་ཁྱབ་པའི་རང་བྱུང་བ། །གླིང་བཞི་གླིང་ཕྲན་རི་རབ་དང་། །སྣོད་བཅུད་སྣང་བ་གཟུང་འཛིན་ང་། །ང་ནི་སྙིང་པོ་ཧཱུཾ་གི་རྩལ། །འཁོར་འདས་གཉིས་ཀ་ང་ཡི་རྩལ། །འགག་པ་མེད་པས་གཉིས་ཀ་ང་། །རིགས་ལྔ་སངས་རྒྱས་ང་ཡི་སྐུ། །དེ་ཡི་ཡུལ་ལྔ་ང་ཡི་གདངས། །ཡེ་ཤེས་རྣམ་ལྔ་ང་ཡི་རྟོགས། །སྤྱན་ལྔ་ང་རང་མཐོང་བས་སྤྱན། །རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །ཧཱུཾ་ལས་འོག་མིན་སེམས་དཔར་སྣང་། །རིགས་དྲུག་ཐུབ་དྲུག་གདུལ་བྱ་ང་། །དུག་ལྔ་ཕུང་པོ་འབྱུང་ལྔ་ང་། །ཕྱོགས་ལྔ་འདྲེ་ལྔ་སྡེ་བརྒྱད་ང་། །ཕྱོགས་སྐྱོང་རྒྱུ་སྐར་གཟའ་བརྒྱད་ང་། །ལྷ་ཀླུ་ནོར་བུ་རིན་ཆེན་ང་། །ནད་ལྔ་ལོ་ཟླ་ཞག་གྲངས་ང་། །ཕྱོགས་ལྔ་ཁ་དོག་དབང་པོ་ང་། །དོན་སྙིང་ཤ་རུས་ཡན་ལག་ང་། །ང་ནི་དོན་གྱི་སྙིང་པོ་ཧཱུཾ། །གཞི་རྟགས་ཀུན་གྱི་དབུགས་དང་སྐད། །གཞི་ནི་སྙིང་པོ་ཆོས་ཀྱི་དབྱིངས། །ཞེས་གསུངས་སོ། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། ཆོས་ཉིད་འབྱུང་ས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །དེ་ནས་རྡོ་རྗེ་སེམས་དཔས་ཡང་། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །དེ་ལྟར་ཆོས་ཉིད་སྙིང་པོ་འདི། །འཁོར་འདས་གྱེས་པ་ཇི་ལྟ་བུ། །དེ་ཡི་དུས་འདི་གང་ལས་བྱུང་། །ཞེས་གསོལ་བས། རྡོ་རྗེ་འཆང་བས་བཀའ་སྩལ་པ། །ཉོན་ཅིག་


DNG005_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་མཁའ་འགྲོ་ཁྱོད། །སྙིང་པོ་གཉིས་མེད་གཞི་མ་ལས། །རང་བྱུང་རང་རླུང་འགག་པ་མེད། །སྙིང་པོ་འགག་མེད་ཧ་རླུང་རྩལ། །དེ་ཉིད་རང་གདངས་འོད་དུ་འབྱུང་། །སྙིང་པོ་ཧཱུཾ་གི་རང་བྱུང་ཡིན། །ཁ་དོག་སྣ་ཚོགས་གཞལ་ལྟར་གསལ། །འགྱུ་དྲན་འཛིན་ཆགས་རྣམ་ཤེས་དེངས། །འོད་མཐོང་དེ་རང་རང་འབྱུང་རྟོགས། །ཕར་བལྟས་པས་ནི་ཚུལ་ལ་གསལ། །ཡེ་ཤེས་སྙིང་པོ་འཁྲུལ་རྩ་ཆོད། །སྲོག་ལ་མི་འཁོར་ཚིག་མི་དགོས། །རང་བྱུང་ཡེ་ཤེས་སྙིང་པོ་གྲོལ། །འགྱུ་དྲན་འཛིན་ཆགས་བག་ཆགས་མེད། །དགེ་བ་མ་བསགས་སངས་རྒྱས་ངས། །ཆོས་མིན་སྙིང་པོ་ཆོས་ཀྱི་སྐུ། །སྲོག་སྙིང་ལ་ཤན་དེ་དུས་ཕྱེ། །དང་པོའི་སངས་རྒྱས་རྒྱུ་མེད་པ། །རང་བྱུང་སྙིང་པོ་ཁ་དོག་ལས། །འགྱུ་དྲན་འཛིན་ཆགས་སྒྱུ་མར་སྣང་། །རང་བྱུང་མ་རྟོགས་བག་མ་ཆགས། །སྒྱུ་མ་མ་ཆགས་ཆགས་སྡང་མེད། །དུག་ལྔ་མ་རྒྱས་ཡེ་མ་ཤེས། །སྒྱུ་མ་སྟོང་པ་རྒྱ་ཡིས་ཐེབས། །ཁྱོད་ཉིད་ས་བཅུའི་བྱང་ཆུབ་སེམས་དཔར་སྣང་། །རིགས་ལྔ་སྐུ་ལྔ་བར་མ་དོར། །ཡར་གཟིགས་མར་མཐོང་སོ་མཚམས་ལས། །སྒྱུ་མ་རང་གྲོལ་སྙིང་པོ་རྟོགས། །རྡོ་རྗེ་སེམས་དཔར་ཆོས་སྐུ་ཡིན། །སྒྱུ་མ་སྒྱུ་མར་སྤྱོད་པས་ལོངས་སྐུ་ཡིན། །སྒྱུ་མ་འགག་མེད་ཅིར་ཡང་སྟོན། །སྤྲུལ་སྐུ་ཐུང་དྲུག་ཅིར་ཡང་སྟོན། །རྡོ་རྗེ་འཆང་བ་ཐ་མ་དེས། །ཐུགས་རྗེས་དབང་པོ་ཐེག་པ་རིམ། །བློ་དང་སྦྱར་ཏེ་སྙིང་པོ་སྟོན། །ཞེས་གསུངས་སོ། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། འཁོར་འདས་འཁྲུལ་པ་གྱེས་པ་ལས་སྐུ་གསུམ་སངས་རྒྱས་ལུགས་ཀྱི་ལེའུ་སྟེ་གསུམ་པའོ།། །དེ་ནས་རྡོ་རྗེ་སེམས་དཔའ་ཡང་། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །སྐུ་གསུམ་དེ་ལྟར་སངས་རྒྱས་ན། །འགྲོ་དྲུག་ཁམས་གསུམ་སེམས་ཅན་འདི། །ཅི་ལས་འཁོར་བ་ཇི་ལྟར་ལགས། །ཞེས་གསོལ་བས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་སེམས་དཔའ་མཁའ་འགྲོ་མ། །སྙིང་པོ་རང་བྱུང་འོད་དུ་ཤར། །སྙིང་པོའི་རང་རྩལ་རང་བྱུང་ཡིན། །འགྱུ་


DNG005_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་འཛིན་ཆགས་བག་ཏུ་ཆགས། །གཟུང་འཛིན་དུག་ལྔ་ཆགས་སྡང་གིས། །སྲོག་དང་སྙིང་པོ་གཉིས་སུ་འཁོར། །སངས་རྒྱས་ཡེ་ཤེས་འཁོར་བའི་སྐྱོན། །ཉོན་མོངས་རང་གིས་རང་བཅིངས་བྱུང་། །དཔེར་ན་སྲིན་གྱི་བལ་རླངས་དེས། །སྲིན་རང་ཡན་ལག་དབང་པོ་བཅིངས། །བདེ་བ་འདོད་པས་སྡུག་བསྔལ་བྱུང་། །སྡིག་པ་མ་བསགས་འཁོར་བར་འཁོར། །ལས་དང་ལས་ཀྱི་འབྲས་བུ་བྱུང་། །འགྱུ་དྲན་འཛིན་ཆགས་བཞི་ཡི་སྒྲོགས། །ཕུང་པོ་ཁམས་དང་སྐྱེ་མཆེད་བརྟས། །མཐོ་རིས་ངན་སོང་དགེ་སྡིག་ལས། །བདེ་གཤེགས་སྙིང་པོ་འཁོར་བའི་རྒྱུ། །ལུས་དང་སེམས་གཉིས་རྟག་ཏུ་སྦྱོང་། །དགྲ་གཉེན་གཉིས་ཀྱི་ལས་ལ་སྤྱོད། །སྙིང་པོ་རང་བྱུང་མ་རྟོགས་པས། །སྣོད་བཅུད་གཉིས་སུ་འཛིན་པ་བརྟས། །ཧཱུཾ་ཉིད་སྙིང་པོ་རང་བྱུང་འདི། །གོམས་རྟོགས་ངོ་ཤེས་འདྲིས་གནད་གཅུན། །ཞེས་གསུངས་སོ། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། སེམས་ཅན་འཁྲུལ་ཚུལ་གྱི་ལེའུ་སྟེ་བཞི་པའོ།། །དེ་ནས་རྡོ་རྗེ་སེམས་དཔས་ཡང་། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །སྲོག་སྙིང་གཉིས་ལ་འཁོར་བ་ཡི། །མ་རིག་འགྲོ་བ་ཉོན་རེ་མོངས། །སྙིང་པོའི་དོན་ལ་ཇི་ལྟར་སྦྱར། །འགྲོ་བའི་གནས་ནས་གང་དུ་བསྒྲལ། །ཞེས་གསོལ་བས། རྡོ་རྗེ་འཆང་བས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ། །མ་རིག་མིག་འབྱེད་གདམས་པའི་ས། །རྫ་བཅག་ནང་གི་མར་མེ་བཞིན། །སྙིང་པོ་རང་བྱུང་རང་རིག་འདི། །ཡུལ་མེད་ཡུལ་དུ་འདོད་པས་རྫ་ལྟ་བུ། །སྙིང་པོ་རང་ཆས་མར་མེ་འདྲ། །རང་ལ་ཡོད་དེ་རང་གིས་བསྒྲིབ། །གཟུགས་ཕུང་ཤིག་དང་རང་བྱུང་མཐོང་། །ཡུལ་སྣང་གཟིར་དང་རང་བྱུང་འཆར། །འགྱུ་དྲན་གཏེམས་དང་རང་བྱུང་མཐོང་། །འཛིན་ཆགས་སྤོངས་དང་རང་བྱུང་ཤེས། །འགྱུ་དྲན་མ་བུའི་གདམས་ངག་ནི། །འགྱུ་བ་ཧ་རྩལ་རང་བྱུང་རླུང་། །ཀྱུས་ཀྱི་འགྱུས་པས་ཧ་རྩལ་ཟིན། །འགྱུ་བའི་རྟ་ལ་དྲན་པའི་སྲབ། །གླང་ཆེན་ལྕགས་ཀྱུས་བསྒྱུར་བ་འདྲ། །རྟ་རྒོད་སྲབ་ཀྱིས་བཏུལ་


DNG005_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། །འགྱུ་བ་དྲན་པས་བཏུལ་བ་ཡིན། །དྲན་པ་སངས་པའི་ཡེ་ཤེས་ནི། །འགྱུ་བའི་རྩལ་གྱིས་དྲན་པ་གྲོལ། །ཡུལ་སྣང་སངས་པའི་རང་བྱུང་ཉམས། །དྲན་པས་ཟིན་པའི་ཏིང་འཛིན་ཉམས། །ཆུ་ཡིས་ཆུ་དེད་རྒྱ་མཚོའི་ཀློང་། །ཉམས་ལས་འདས་པའི་ཡེ་ཤེས་ཡིན། །འགྱུ་དྲན་སངས་ན་ཉམས་ལས་འདས། །འཛིན་པ་གང་ན་གང་ལ་གཏད། །གཅིག་ལ་ལས་སུ་རུང་བར་གྱིས། །ཆགས་པ་སངས་པའི་རང་ཉམས་ཡིན། །ཡུལ་རྟེན་བྲལ་བའི་རང་བྱུང་ཉམས། །དྲན་པས་འགྱུ་བ་གྲོལ་ཏེ་རྩེ་ཆོད་ཉམས། །འཛིན་པ་ཆགས་པས་བལྟས་ཏེ་རྩེ་ཆོད་ཉམས། །བུ་གནད་དྲན་པ་ཆེ་སྟེ་མ་ཡི་ཉམས། །མ་གནད་འཛིན་པའི་གནད་དེ་རང་བྱུང་ཉམས། །རླུང་གནད་འགྱུ་བ་དྲན་པས་སོ། །)དྲན་གནད་འཛིན་པ་ཆགས་པ་གང་ཡང་མེད། །རི་དྭགས་ཁྱིས་དེད་ཐར་ས་མེད། །ཏ་ལ་མགོ་བཅད་སྐྱེ་བ་མེད། །ཅེས་གསུངས་སོ། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། འཁྲུལ་པ་རྩད་བཅད་ཀྱི་ལེའུ་སྟེ་ལྔ་པའོ།། །དེ་ནས་རྡོ་རྗེ་སེམས་དཔས་ཡང་། །སྟོན་པ་ཉིད་ལ་འདི་སྐད་ཞུས། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །སྙིང་པོ་བསྒྲུབ་པའི་རྣལ་འབྱོར་པས། །བསྙེན་བསྒྲུབ་ཕྲིན་ལས་དམ་ཚིག་དང་། །མཆོད་པ་བྱིན་རླབས་གསང་སྔགས་གང་། །ལྟ་སྤྱོད་དབང་དང་ཏིང་ངེ་འཛིན། །བསྒྲུབ་པ་ཁྱད་པར་གྲུབ་མཐའ་རྣམས། །འཁོར་ཚོགས་ཉིད་ལ་གསུང་བར་ཞུ། །ཞེས་གསོལ་པས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་སེམས་དཔའ་དང་། །རྡོ་རྗེ་དྲག་མོ་མཁའ་འགྲོའི་ཚོགས། །དེ་ལ་གདུང་བཞི་ཕྲིན་ལས་བཞི། །སྔགས་ཀྱི་ཡན་ལག་དམ་ཚིག་གསུམ། །མཆོད་པའི་བྱེ་བྲག་བསྒྲུབ་པ་ཡི། །ཁྱད་པར་གྲུབ་མཐའི་སྙིང་པོ་བསྟན། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། རྗེས་འཇུག་ཕྲིན་ལས་གཞུང་བསྲངས་ཏེ། །དཔའ་བོ་གཅིག་པའི་གཞུང་འཇུག་ན། །དུར་ཁྲོད་བྲག་གི་རི་ཁྲོད་དམ། །གྲོག་པོ་ལུང་སྟོང་ནགས་ཀྱི་གསེབ། །དབེན་གནས་ཡིད་དང་འཐད་པ་རུ། །ལྷ་འདྲེ་གདུག་པ་མི་མེད་དེར། །བླ་མ་ཡི་དམ་


DNG005_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་དང་། །ཆོས་སྐྱོང་མཎྜལ་ལེགས་བཤམས་ལ། །ཆུ་གཏོར་གསེར་སྐྱེམས་དཀར་གཏོར་བཏང་། །བདེན་པ་བདར་ཞིང་དམ་ཚིག་དབོག །སྤང་སྐོང་བཀླགས་ཤིང་ཅི་རིགས་བརྗོད། །ཐོ་གཟུག་མཚམས་བཅད་ཕྱི་ནང་བར། །བླ་མ་ཡི་དམ་སྐྱབས་གསོལ་བས། །ཅི་འབྱོར་ཡོ་བྱད་བྱིན་གྱིས་བརླབ། །གཏོར་ཚོགས་ཛ་གད་རཀྟ་དགོད། །ཚེ་བུམ་མཆོད་རྫས་ཅི་འབྱོར་དགྲམ། །དེ་ནས་རྣལ་འབྱོར་ཅན་དེ་ཡིས། །སྐུ་གསུང་ཐུགས་ཀྱི་མཚམས་གཅད་བྱ། །ལྷ་དང་བླ་མར་མཇལ་ཕྱག་འཚལ། །བྱིན་དབབ་རྟགས་གདབ་དམ་བཅའ་བྱ། །ཕྱི་བཤགས་ནང་བཤགས་གསང་བཤགས་བྱ། །དཔའ་བོས་མཆོད་རྫས་བྱིན་གྱིས་བརླབས། །དེ་ནས་ཏིང་འཛིན་རྣམ་གསུམ་བསྒོམ། །སྤྱན་དྲངས་ཕྱག་འཚལ་བཞུགས་སུ་གསོལ། །མཆོད་འབུལ་སྨན་གཏོར་རཀྟ་དང་། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། །ཚུལ་དང་མཐུན་ཕྱིར་དངོས་གྲུབ་བླང་། །མཆོད་བཤམ་སྦྱོར་སྒྲོལ་ཕྲིན་ལས་བྱ། །འཇིག་རྟེན་མཆོད་ཅིང་གཏོར་མ་གཏོང་། །དཀྱིལ་འཁོར་བསྡུ་ཞིང་རྣལ་འབྱོར་བྱ། །ཞེས་གསུངས་སོ། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། ཕྲིན་ལས་གཞུང་གི་ལེའུ་སྟེ་དྲུག་པའོ།། །དེ་ནས་རྡོ་རྗེ་སེམས་དཔས་ཡང་། །རྡོ་རྗེ་འཆང་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །རྨོངས་པ་གསར་བུ་གྲོལ་ཕྱིར་དུ། །གཞུང་ལྟར་བསྒྲུབ་པའི་ཁྱད་པར་གསུང་། །ཞེས་གསོལ་པས། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཁྱོད། །དཔའ་བོ་གཅིག་པའི་རྣལ་འབྱོར་དེས། །སྙིང་པོ་རང་བྱུང་གསལ་བྱས་ཏེ། །སེམས་དཔའ་རྣམ་གསུམ་སྐུ་ཡི་མཚམས། །རང་བྱུང་སྙིང་པོ་ཐུགས་ཀྱི་མཚམས། །ཧཱུཾ་ཞེས་བརྗོད་པ་གསུང་གི་མཚམས། །གཞི་ཡི་ཧཱུཾ་ལས་སྤྲོ་ཞིང་བསྡུ། །འདི་སྐད་ཚིག་གིས་གསལ་དེ་གདབ། །ཧཱུཾ་སྟེང་ཡང་ཧཱུཾ་གི་རང་བཞིན་ལ། །འོག་ཀྱང་ཧཱུཾ་གི་རང་བཞིན་འོག །ཕྱོགས་མཚམས་ཧཱུཾ་གིས་རབ་ཏུ་གང་། །རྡོ་རྗེ་ཁྲོ་བོ་འཇིགས་པས་གཏམས། །མཚོན་ཆ་སྣ་ཚོགས་གཤོག་པ་ཅན། །སྐུ་


DNG005_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་མཚམས་ལས་མ་འདའ་ཞིག །ཧཱུཾ་སྟེང་ཡང་ཧཱུཾ་གི་རང་བཞིན་ལ། །འོག་ཀྱང་ཧཱུཾ་གི་རང་བཞིན་འོག །ཕྱོགས་མཚམས་ཧཱུཾ་གིས་གཏམས་པ་ལ། །ཐམས་ཅད་ཡིག་འབྲུ་སྔགས་ཀྱི་སྒྲ། །གསུང་གི་མཚམས་ལས་མ་འདའ་ཞིག །ཧཱུཾ་སྐུ་གསུམ་སྙིང་པོ་རང་བྱུང་ཧཱུཾ། །རྣམ་པར་རྟོག་པ་ང་རང་ཧཱུཾ། །ང་རང་ཧཱུཾ་དུ་ཐམས་ཅད་གཅིག །མི་རྟོག་སྙིང་པོའི་མཚམས་ལས་མ་འདའ་ཞིག །ཧཱུཾ་སྙིང་པོ་རང་འབྱུང་བླ་མ་ལྷ། །རང་བྱུང་སྙིང་པོའི་སྒོ་ཕྱེས་ཤིག །ཧཱུཾ་མོས་ཤིང་དྭངས་པའི་དམ་ཚིག་གིས། །གཉིས་སུ་མེད་པར་ཕྱག་འཚལ་ལོ། །ཧཱུཾ་ལྟ་བ་ཧཱུཾ་དུ་མ་རྟོགས་ཤིང་། །ཡེངས་པས་སྙིང་པོ་སྒོམ་ཡུན་ཐུང་། །བརྩོན་འགྲུས་བསྒྲུབ་པའི་གཞུང་མ་ཚུགས། །མ་རིག་རང་མ་རྟོགས་པ་བཤགས། །དེ་ནས་གཏོར་མ་ཛ་གད་ཁྲག །འབྱོར་པའི་ཚོགས་དང་མཆོད་རྫས་རྣམས། །ཧཱུཾ་བརྗོད་འོད་ཞུ་སྤྲོ་བསྡུ་ཡིས། །ཕྱི་ནང་གསུམ་དུ་བྱིན་གྱིས་བརླབས། །རིག་འཛིན་ལ་སོགས་བྱིན་དབབ་དང་། །ཡི་དམ་མཁའ་འགྲོ་བྱིན་དབབ་བྱ། །རྣལ་འབྱོར་བརྟག་ཚེ་ཁྲག་ཚིལ་བྱུག །དམ་བཅས་བླ་མ་ལྷ་དང་བདག །འགྲོ་དོན་བྱེད་པར་སེམས་པ་བསྐྱེད། །དམ་བསྲེ་སེམས་བསྐྱེད་སྡོམ་པ་གཟུང་། །ཞེས་གསུངས་སོ། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས།) སྔོན་འགྲོ་མཚམས་ཀྱི་ལེའུ་སྟེ་བདུན་པའོ།། །དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ། །གཞུང་སྤྱོད་དམ་གཙང་སྐྱེས་བུ་དེས། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་ཡི་ཏིང་འཛིན་བསྒོམ་པར་བྱ། །ངོ་བོ་ངེས་ཚིག་དབྱེ་བ་དེས། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་ཡི་ཏིང་འཛིན་རྣམ་གསུམ་སྦྱར། །སེམས་དཔའ་རྣམ་གསུམ་གསལ་ཕྱིར་རོ། །ཟད་སར་བསྐྱལ་བ་གདམས་ངག་ཡིན། །དེ་དོན་གསལ་གདབ་འདི་སྐད་བརྗོད། །ཧཱུཾ་མ་ནོར་མ་བཅོས་སྙིང་པོ་ཉིད། །རྒྱུ་རྐྱེན་སྐྱེ་མེད་སྟོང་པ་ཧཱུཾ། །ཧཱུཾ་ཡོངས་ལ་ཁྱབ་པས་དབྲི་བཀོལ་མེད། །འདོད་པའི་ལོངས་སྤྱོད་ནམ་མཁའ་ཧཱུཾ། །ཧཱུཾ་རང་བྱུང་སྙིང་པོའི་ཀློང་ཡངས་


DNG005_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཐམས་ཅད་བསྐྱེད་པར་རང་བྱུང་ཧཱུཾ། །ཧཱུཾ་ལས་བྷྲཱུཾ་འཕྲོས་འོག་མིན་གནས། །ཕྱི་མེད་ནང་མེད་གཞལ་ཡས་ཁང་། །ཧཱུཾ་ཐབས་དང་ཤེས་རབ་སྐྱོན་མེད་སྟེང་། །མི་འཇིགས་འདུལ་བ་དྲེགས་པའི་གདན། །ཧཱུཾ་རང་བྱུང་སྙིང་པོ་འཕྲུལ་གྱི་སྐུ། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །གང་སྣང་ཕྲིན་ལས་ཡི་དམ་ལྷ། །ཧཱུཾ་འོག་མིན་ཆོས་དབྱིངས་སྙིང་པོའི་མཁའ། །རྡོ་རྗེ་འཆང་ཆེན་རྡོ་རྗེའི་རིགས། །རྡོ་རྗེ་མཁའ་འགྲོ་སྤྲུལ་པའི་འཁོར། །འགྲོ་བའི་དོན་ལ་གཤེགས་སུ་གསོལ། །ཧཱུཾ་སྙིང་པོ་ཆོས་སྐུ་རང་བྱུང་ལྷ། །རྡོ་རྗེ་འཆང་དང་རིན་ཆེན་པད། །རྡོ་རྗེ་མཁའ་འགྲོ་ཀརྨ་མཁའ་འགྲོ་དང་། །ཕྱག་འཚལ་ལྷ་ལ་སྐྱབས་སུ་མཆི། །ཧཱུཾ་སེམས་ཅན་ཉི་ཟླ་པདྨའི་སྟེང་། །རྡོ་རྗེ་དེ་བཞིན་རིན་ཆེན་པད། །ཀརྨ་རིགས་ཀྱི་ཡུམ་དང་བཅས། །གཉིས་སུ་མེད་པར་བཞུགས་སུ་གསོལ། །ཧཱུཾ་རང་བྱུང་གདོད་ནས་དག་པ་སྟེ། །རྩ་བརྒྱད་སྙིང་པོ་ཉིད་ཀྱི་སྨན། །བླ་མ་རྡོ་རྗེ་འཆང་བ་དང་། །མཁའ་འགྲོ་སྤྲུལ་པའི་ཚོགས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཧཱུཾ་གུ་རུ་བཛྲ་ཨ་མྲྀ་ཏ་ཁཱ་ཧི།ཧཱུཾ་ཧཱུཾ་ཧཱུཾ་ཨོཾ། ཧཱུཾ་ཧཱུཾ་ཧཱུཾ་ཨཱཿ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕྱི་ནང་གསང་གསུམ་ཚོགས་ཀྱི་ལས། །ཕྱི་ཡི་མཆོད་པ་རིན་པོ་ཆེ། །འདོད་ཡོན་དབང་པོ་ལྔ་པོར་འབུལ། །གཟུགས་སྒྲ་རོ་སོགས་མཆོད་པར་བཞེས། །ཧཱུཾ་ནང་གི་མཆོད་པ་རིན་པོ་ཆེ། །དབང་པོ་རྣམ་ཤེས་རྣམ་ཤེས་ཡུལ། །ཐུགས་དམ་སྐོང་གྱུར་རིན་པོ་ཆེ། །མཐོང་སྣང་དག་པར་བཞེས་སུ་གསོལ། །ཧཱུཾ་གསང་བའི་མཆོད་པ་རིན་པོ་ཆེ། །འགྱུས་དང་དྲན་དང་འཛིན་དང་ཆགས། །སྲོག་དང་སྙིང་པོ་སྦྱོར་སྒྲོལ་འདི། །སྙིང་པོ་སྐྱེ་འགག་མེད་པར་བཞེས། །ཧཱུཾ་སྣོད་ཀྱི་འཇིག་རྟེན་གཏོར་མའི་སྣོད། །བཅུད་ཀྱི་སེམས་ཅན་བཅུད་དང་ཁྲག །འདོད་ཡོན་གཏོར་མ་ཚོགས་སུ་འབུལ། །བདུད་རྩི་འདོད་ཡོན་མཆོད་པ་བཞེས། །ཧཱུཾ་ལུས་ཀྱི་འཇིག་རྟེན་གཏོར་མའི་སྣོད། །ཤ་ཁྲག་རུས་པ་ཚིལ་བུ་རྐང་། །དབུགས་ཆེན་གཏོར་


DNG005_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྨན་རག་ཚོགས། །ཕུང་པོ་ཡན་ལག་མཆོད་པ་བཞེས། །ཧཱུཾ་གསང་བ་དབང་པོ་ཡུལ་དྲུག་སྣོད། །རྣམ་ཤེས་དབང་པོ་འགྱུ་དྲན་འཛིན། །ཆགས་པ་གཏོར་མ་རཀྟ་ཁྲག །བདུད་རྩི་ཚོགས་ཆེན་མཆོད་པ་བཞེས། །ཧཱུཾ་གུ་རུ་བ་ལིང་ཏ་ཁཱ་ཧི། ཧཱུཾ་བཛྲ་བ་ལིང་ཏ་ཁཱ་ཧི། ཧཱུཾ་རཀྟ་ཁཱ་ཧི།ཧཱུཾ་ཨ་མྲྀ་ཏ་ཁཱ་ཧི། ཧཱུཾ་ཙིཏྟ་ཁཱ་ཧི། ཧཱུཾ་གོ་རོ་ཙ་ན་ཁཱ་ཧི། ཧཱུཾ་མ་ཧཱ་མཱཾ་ས་ཁཱ་ཧི། ཧཱུཾ་བ་སུ་ཏ་ཁཱ་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། ཧི་ཧི་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཡེ་ནས་སྙིང་པོ་ཆོས་ཀྱི་སྐུ། །གདོད་ནས་སྐྱེ་འགག་རང་བྱུང་ཧཱུཾ། །ཐམས་ཅད་རྡོ་རྗེ་འཆང་བའི་སྐུ། །འགྱུར་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ་རང་བྱུང་སྐྱེ་མེད་དྲང་པོའི་གསུང་། །ཐམས་ཅད་གསུང་དུ་སྒྲོགས་མཛད་ཧཱུཾ། །སྙིང་པོ་རྩ་སྔགས་མདོ་རྒྱུད་མཆོག །ཀུན་ཀྱང་གདམས་པར་སྒྲོགས་ལ་བསྟོད། །ཧཱུཾ་ཉག་གཅིག་ཟང་ཐལ་ཆོས་ལས་འདས། །གཅིག་ཏུ་མི་རྟོག་དུ་མ་མེད། །འགྱུ་དྲན་མེད་པར་འཛིན་ཆགས་མེད། །གཉིས་མེད་རྡོ་རྗེའི་ཐུགས་ལ་བསྟོད། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། གཞུང་མཆོད་པའི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ། །དེ་ནས་རྗེས་འཇུག་སློབ་མ་ལ། །གསང་སྔགས་ཧཱུཾ་གི་དབང་བསྐུར་བྱ། །སྐུ་གསུང་ཐུགས་ཀྱི་དབང་དང་ནི། །གཏོར་མ་ཞལ་ཟས་ཚོགས་དང་ཕུད། །རཀྟ་མར་མེ་ཚེ་ཡི་དབང་། །རྫས་དང་དྷ་མ་ཆགས་ཤིང་དབང་། །ལྟ་སྒོམ་སྤྱོད་པའི་དབང་བསྐུར་བྱ། །རྡོ་རྗེ་རྒྱལ་པོ་རྗེས་འཇུག་ཀྱིས། །ཞུས་གནང་དབང་ཡོན་གདམས་པ་བསྟན། །དང་པོ་དབང་ལ་འཇུག་ཙ་ན། །དཀྱིལ་འཁོར་དབང་རྫས་ལྟ་བ་ཞུ། །ཡོན་འབུལ་དབང་བསྐུར་གདམས་པ་ཞུ། །དེ་དོན་ཞུ་བ་འདི་སྐད་གསོལ། །ཧཱུཾ་བདེ་ཆེན་སྙིང་པོའི་ཕོ་བྲང་དུ། །ཐུགས་རྗེས་གནང་འཚལ་བསྟན་པར་ཞུ། །བདག་ལྟ་ཉོན་མོངས་སྙིང་རྗེ་ལ། །མ་རིག་མིག་འབྱེད་གསལ་བར་ཞུ། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །མ་རིག་ལིང་ཏོག་བསལ་བར་ཞུ། །འཇུག་ཁྲིད་


DNG005_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་ཆོས་བསྟན་ཧཱུཾ། །སྦས་པའི་མན་ངག་བསྟན་པར་ཞུ། །ཧཱུཾ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས། །བླ་མ་རྡོ་རྗེའི་བཀའ་དྲིན་གྱིས། །གསང་བའི་སྙིང་པོའི་དཀྱིལ་འཁོར་ལྟོས། །ཧཱུཾ་རང་བྱུང་སྙིང་པོའི་དཀྱིལ་འཁོར་འདི། །གཅིག་བལྟས་པས་ནི་ཐམས་ཅད་མཐོང་། །རིག་པའི་མེ་ཏོག་འདི་དོར་ལ། །མིག་འདི་དབྱེ་ཡིས་ལེགས་པར་ལྟོས། །ཧཱུཾ་བཛྲ་པྲ་ཝེ་ཤཱ་ཡ་ཕཊ། ཐུགས་ཀྱི་མཎྜལ་ཕོ་བྲང་ངོ་། །དེ་ནས་རིགས་ཀྱི་བུ་དེ་ལ། །རྡོ་རྗེ་རྒྱལ་པོའི་དབང་བསྐུར་བྱ། །ཧཱུཾ་གཏོར་མ་ཡེ་ཤེས་ཕྱག་རྒྱ་ཆེ། །གང་མོས་ལྷ་རུ་བྱིན་བརླབས་ནས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །སྙིང་པོ་ཧཱུཾ་དོན་རྟོགས་པར་ཤོག །ཧཱུཾ་ཧཱུཾ་ཧཱུཾ་བ་ལིཾ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི་ཧཱུཾ། ཧཱུཾ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཛ་གད་ཨ་མྲྀ་ཏ་ཡི་དབང་བསྐུར་བས། །འགྲོ་བའི་ནད་སེལ་ཡེ་ཤེས་ལྔ། །འགྲོ་བ་འབངས་སུ་འདུ་བར་ཤོག །ཧཱུཾ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་མི་ཧཱུཾ། ཧཱུཾ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །དམར་ཆེན་རཀྟས་དབང་བསྐུར་བས། །ཐུགས་རྗེ་ཆགས་པ་རང་གྲོལ་ནས། །ཤེས་རབ་རང་བྱུང་མེ་འབར་ཏེ། །མཁའ་འགྲོ་དབང་དུ་འདུ་བར་ཤོག །ཧཱུཾ་རཀྟ་ཨ་བྷི་ཥིཉྩ་མི་ཧཱུཾ། ཧཱུཾ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཞལ་ཟས་ཚོགས་ཀྱི་དབང་བསྐུར་བས། །ཐམས་ཅད་ཡོངས་སུ་རྫོགས་པ་ཡི། །བཟའ་བཏུང་ལོངས་སྤྱོད་ཚོགས་རྫོགས་ཤོག །ཧཱུཾ་བྷུན་ཛ་ཨ་བྷི་ཥིཉྩཱ་མི། ཧཱུཾ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཞུན་མར་སྣང་བས་དབང་བསྐུར་བས། །རང་གསལ་སྙིང་པོ་རང་རིག་སྒྲོན། །ཡེ་ཤེས་རང་འབྱུང་རང་སྣང་ཤོག །ཧཱུཾ་ཨཱ་ལོ་ཀེ་ཨ་བྷི་ཥིཤྩ་མི། ཧཱུཾ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྙིང་པོ་མི་འགྱུར་ཚེ་ཡི་དབང་བསྐུར་བས། །བར་ཆོད་རྐྱེན་མེད་ཚེ་དང་དབང་ཐང་རྒྱས། །རྡོ་རྗེ་ཧཱུཾ་གི་ཚེ་དབང་ཐོབ་པར་ཤོག །ཧཱུཾ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་མི། ཧཱུཾ་བཛྲ་ཨ་བྷི་ཥིཉྩ་མི། ཧཱུཾ་བུཌྜྷ་ཨ་བྷི་ཥིཉྩ་མི། ཧཱུཾ་རཏྣ་ཏྲཱཾ་ཨ་བྷི་ཥིཉྩཱ་མི། ཧཱུཾ་པདྨ་དྷྲྀ་ཀྲ་ཨ་བྷི་ཥིཉྩཱ་མི། ཧཱུཾ་ཀརྨ་ཧཱ་ཨ་བྷི་ཥིཉྩཱ་མི། དེ་ནི་སྐུ་གསུང་ཐུགས་ཀྱི་དབང་། །རིག་པ་འཛིན་ལ་དབང་བསྐུར་གྱིས། །ཧཱུཾ་ཕྱག་རྒྱ་རང་བྱུང་འཕྲུལ་གྱི་སྐུ། །བདེན་པ་རང་བྱུང་ཧཱུཾ་གི་སྔགས། །ཏིང་འཛིན་སྙིང་པོ་རང་བྱུང་ཧཱུཾ། །སྐྱེ་མེད་སྐུ་གསུང་ཐུགས་སུ་ཤོག །ཨོཾ་ཨཱཿཧཱུཾ་ཛྙཱ་ན་ཨ་བྷི་ཥིཉྩ་


DNG005_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མི། ཧཱུཾ་མཐའ་བྲལ་མ་ཡེངས་རྒྱུན་དུ་སྤྱོད། །མི་འཕྲིགས་མི་རྩོལ་རེ་དོགས་མེད། །རྡོ་རྗེ་འཆང་བའི་ཆོས་ཉིད་ནི། །སྐལ་ལྡན་ཁྱོད་ཀྱིས་རྟོགས་པར་ཤོག །ཧཱུཾ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་མི། ཧཱུཾ་རིག་པ་རྟོགས་པ་རང་གི་དབང་། །རང་ཆས་སྙིང་པོ་སྡིག་སྒྲིབ་གྲོལ། །སྲོག་སྙིང་ཡུལ་མིང་གཉིས་ལས་གྲོལ། །ཆོས་མིན་སྙིང་པོ་རྟོགས་པར་ཤོག །ཧཱུཾ་ཛྙཱ་ན་ངྷྲྀཀྲ་ཨ་བྷི་ཥིཉྩཱ་མི། ཧཱུཾ་ཆོས་རྣམས་ཐམས་ཅད་གཞི་ཕོའི་ཧཱུཾ། །བརྡ་རྟགས་བསྟན་པས་དེ་ཉིད་རིག །རང་བྱུང་འགྱུ་དྲན་ལམ་དུ་སློངས། །)འཛིན་ཆགས་རང་གྲོལ་འབྲས་བུ་ཧཱུཾ། །དེས་ན་འཆད་པའི་དབང་བསྐུར་བྱ། །ཧཱུཾ་རྡོ་རྗེ་འཆང་བ་རིགས་ཀྱི་བུ། །སྙིང་པོ་འགྲོ་བ་ཡོངས་ལ་ཁྱབ། །དེ་ཉིད་རང་བྱུང་ཧཱུཾ་དུ་གནས། །དེ་ཉིད་ཁྱོད་ཀྱིས་ཚིག་རྒྱུད་སྟོན། །ཞེས་གསུངས་སོ། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། དབང་བསྐུར་གྱི་ལེའུ་སྟེ་དགུ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་སེམས་དཔའ་མཁའ་འགྲོ་མ། །ཕྲིན་ལས་བཅོལ་བའི་རིམ་པ་ནི། །དཔའ་བོ་གཅིག་པའི་ཆ་ལག་སྟེ། །ཧཱུཾ་རྡོ་རྗེ་འཆང་བ་ང་ཡི་སྐུ། །རྡོ་རྗེ་ཞི་ཁྲོ་ང་ལས་བྱུང་། །ལྷ་མོ་མཛེས་མ་སྣ་ཚོགས་དང་། །གཏུམ་ཆེན་མཚོན་ཐོགས་ང་ཉིད་ཧཱུཾ། །ཧཱུཾ་ལས་གྱུར་པ་བདེ་ཆེན་ཧཱུཾ། །རྦད་ཕཊཿཧཱུཾ་ཡ་ཡང་བྱུང་དང་དང་བྷྱོ་ཡི་ཛཿ། རུ་ལུ་ཀཱི་ལ་ཡ་ཡང་ང་། །སྙིང་པོ་ཐམས་ཅད་ང་ཡི་སྔགས། །ཧཱུཾ་ཞི་འགྱུར་ཚེ་དང་དབང་ཐང་རྒྱས། །དབང་སྡུད་ཐམས་ཅད་རླག་པར་བྱེད། །སྲོག་སྙིང་གཟིར་བ་དགྲ་དང་བགེགས། །མིང་མེད་སྲོག་དང་བྲལ་བར་མཛོད། །ཧཱུཾ་རཾ་ལས་མེ་བྱུང་མེ་ཆེན་ལྔ། །དུག་ལྔ་འདྲེ་ལྔའི་ཕུང་པོ་སྲེག །སྣ་ཚོགས་དམིགས་ཏེ་འོད་ཀྱིས་བསྲེག །རང་བྱུང་མེ་ནི་ང་རང་ཧཱུཾ། །ཧཱུཾ་ཁཾ་ལས་ཆུ་བྱུང་རྒྱ་མཚོའི་ཀློང་། །ཀླུང་ཆེན་ཀླུང་ཕྲན་ས་བདག་གཉན། །ཉོན་མོངས་སྣང་མིན་སྒྲིབ་པ་འཁྲུ། །རང་བྱུང་ཆུ་རྡུལ་ང་རང་ཧཱུཾ། །ཧཱུཾ་ཡཾ་ལས་རླུང་བྱུང་དང་པོའི་རླུང་། །རྒྱུ་བ་རླུང་ཆེན་སྤྲོ་བསྡུ་རླུང་། །སྣང་མེད་རང་བྱུང་དངོས་མེད་ཧཱུཾ། །ཧཱུཾ་རི་རབ་ཆེན་པོ་དཔའ་བོ་ཧཱུཾ། །རབ་བརྟན་རྡོ་རྗེ་རྒྱ་གྲམ་གསེར། །ལྕགས་རི་ཕོ་བྲང་ལྷ་ཡི་འོག །ཁྲོ་བོ་ཆེན་པོ་འཁོར་བཅས་ཧཱུཾ། །ཧཱུཾ་རྡོ་རྗེ་ཕུར་པ་


DNG005_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆ་ཧཱུཾ། །ཉུང་དཀར་ཉུང་ནག་སྐེ་ཚེ་རྡོ། །ཁྲག་དང་དུག་ཀུན་ཐུན་ཟོར་དབལ། །མཱ་ར་ཡ་དང་སྙིང་པོ་ཧཱུཾ། །དེ་ནས་གཏོར་མ་འཁོར་ལ་མཆོད། །ཕུད་དང་རཀྟ་སྤོ་བཞིན་དུ། །ཧཱུཾ་མཁའ་འགྲོའི་རིགས་སོགས་རྣལ་འབྱོར་མ། །སྐྱེས་བུ་གིང་དང་གིང་ཕྲན་ཚོགས། །དབང་ཕྱུག་ཉི་ཤུ་བྲན་མོ་བརྒྱད། །མ་བདུན་སྲིང་བཞི་ཕོ་ཉ་རྣམས། །འབར་མ་བརྟན་མ་མཐའ་སྐྱོང་ཧཱུཾ། །ཧཱུཾ་བཀའ་ཡི་གཏོར་མ་འདི་བཞེས་ལ། །གལ་ཏེ་གཏོར་མ་མ་བླངས་ན། །སྔོན་གྱི་དམ་བཅའ་འགལ་ལ་རེ། །ཉམས་པའི་ཆད་པ་བྱུང་ང་རེ། །དེ་བས་གཏོར་མ་འདི་ལོངས་ལ། །དམ་ཚིག་སྐྱོངས་ཤིག་འགལ་བྱེད་སྒྲོལ། །དེ་ནས་དངོས་གྲུབ་བླང་དང་གཏོར་བའོ། །རྦད་དང་གཏོར་མ་གཏའ་རུ་བཟུང་བའོ། །ཞེས་གསུངས་སོ། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། ཕྲིན་ལས་ཡོངས་སུ་མཛད་པའི་ལེའུ་སྟེ་བཅུ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་བཛྲ་མཁའ་འགྲོ་མ། །འཛབ་འདི་མ་ཡེངས་སྙིང་པོ་བཟླ། །ཧཱུཾ་ཧཱུཾ་བྷཱུཾ་བཛྲ་ཧཱུཾ། ཨོཾ་བུཌྜྷ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་པདྨ་ཧཱུཾ་ཧཱུཾ་ཧཱུཾ། སྭཱ་རཏྣ་ཧཱུཾ་ཧཱུཾ་ཧཱུཾ། ཧཱ་ཀརྨ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཏ་ཀི་ནི་ཧཱུཾ་ཏེ་ཏེ་ཏེ་ན་ཧཱུཾ།ཧཱུཾ་ཧཱུཾ་ཧཱུཾ་རཏྣ་ཏ་ཀི་ནི་ཧཱུཾ་ཏེ་ཏེ་ཏེ་ན་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་པདྨ་ཏ་ཀི་ནི་ཧཱུཾ་ཏེ་ཏེ་ཏེ་ན་ཧཱུཾ།ཧཱུཾ་ཧཱུཾ་ཧཱུཾ་ཀརྨ་ཏ་ཀི་ནི་ཧཱུཾ་ཏེ་ཏེ་ཏེ་ན་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་བུཌྜྷ་ཏ་ཀི་ནི་ཧཱུཾ་ཏེ་ཏེ་ཏེ་ན་ཧཱུཾ།སྐབས་སུ་ཕོ་མོའི་སྙིང་པོ་བཟླས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་ཧཱུཾ། གཅིག་དང་གསུམ་དང་ལྔ་ཡི་སྔགས། །དུས་མེད་རྒྱུན་དུ་བཟླས་པ་ཡིན། །གཅེས་པའི་གསང་སྔགས་སྙིང་པོའོ། །སྔགས་ཀྱི་གྲོང་ཁྱེར་སྦྲེལ་བ་ནི། །དཔའ་བོ་རང་བྱུང་འདི་ལྟར་གདགས། །ཧཱུཾ་དང་རི་རབ་ཅན་དུ་སྦྲེལ། །ཕཊཿདང་རླུང་སྤུད་ཅན་དུ་སྦྲེལ། །རྦད་དང་གྲི་གུག་ཅན་དུ་སྦྲེལ། །ཡཾ་དང་མཚོན་ཆ་ཅན་དུ་སྦྲེལ། །བྷྱོ་དང་གཡབ་དང་ཅན་དུ་སྦྲེལ། །ཛཿདང་ལྕགས་ཀྱུ་ཅན་དུ་སྦྲེལ། །རི་བོ་ཆེན་པོའི་མགུལ་ལམ་རྩེར། །མནན་དང་སྦྲེལ་ཏེ་རྒྱ་གྲམ་མོ། །གདུག་པ་ཚེར་མ་འོ་མ་ཅན། །རྣོ་དབལ་རཾ་དང་སྦྲེལ་བའོ། །ཉུང་དཀར་རྡོ་ལྕགས་ཁྲག་ཐུན་དང་། །མཱ་ར་ཡ་བྷྱོ་ཐུན་སྦྲེལ་བ་ནི། ལས་ཁ་རྫོགས་པའི་ཧཱུཾ་སྐོར་རོ། །ཀཱ་ཡ་ཝཱཀྲ་དང་ཙིཏྟ་ཧཱུཾ། །དངོས་གྲུབ་དབང་དང་ཨཱ་ལི་སྦྲེལ། །


DNG005_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། སྔགས་དང་སྦྲེལ་སོའི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་སེམས་དཔའ་མཁའ་འགྲོ་མ། །དབབ་བཅད་སྦྱོར་བ་རྫོགས་པར་གྱིས། །རང་བྱུང་སྙིང་པོ་ཧཱུཾ་ལ་བྱ། །འདི་ནི་ཕྲིན་ལས་ཡོངས་ཀྱི་རྒྱུད། །རྩ་བ་ནོར་བུ་རིན་ཆེན་ནོ། །འགྱུ་དྲན་འཛིན་ཆགས་ལས་ཀྱི་མཐའ། །རྡོ་རྗེ་ཡང་ཏོག་ལས་ཀྱི་ཁྲིགས། །ལག་ལེན་དམར་བྱང་ཡང་ཏོག་རྒྱུད། །ཀུན་དང་འདྲེལ་པ་སྙིང་པོའི་རྒྱུད། །རྩ་བ་ཐབས་ཀྱི་རྒྱུད་དུ་ཟུང་། །འདི་ནི་མཇུག་ཏུ་ལག་ཏུ་གཏད། །དེས་ཀྱང་སྙིང་དང་མིག་ཏུ་རྩིས། །སྦས་པའི་སྙིང་པོ་གསང་དབང་འདི། །དམ་ཚིག་གཞུང་བསྲང་ཡུལ་ཁམས་དགྲ། །བདག་གིས་མ་ཉེས་ཕམ་གསུམ་བླངས། །བསྟན་པ་འཇིག་ན་ལས་འདི་བྱ། །སྙིང་པོ་འཕྲུལ་གྱི་སྐུ་བསྒོམ་ལ། །ངག་ཀྱང་མི་བསྡད་ཧཱུཾ་དྲག་བགྲང་། །ཡིད་ཀྱང་མི་བསྡད་ཕོ་ཉ་བསྒོམ། །ཡུལ་ཁམས་གསལ་བར་བྱས་ལ་དབང་། །མཛེ་ཐོད་ཤ་ཁྲག་སྔོ་སྣ་ཚོགས། །བོང་ང་ཉུང་དཀར་མུ་ཟི་ནག །གུ་གུལ་རབས་ཆད་གྲི་བོའི་ཁྲག །ཧཱུཾ་ནཱ་ག་ཙ་པ་ནི་རཱ་ཧུ་ལ་ས་ཧ། ཧཱུཾ་ནཱ་ག་ཙ་པ་ནི་རཱ་ཧུ་ལ་ཕྲོམ་ཕྲོམ།ཧཱུཾ་ནཱ་ག་ཙ་པ་ནི་རཱ་ཧུ་ལ་ཆུ་དྲིལ་ཕྲོམ་ཕོབ་ཕོབ། ཡུལ་ཁམས་ཕུང་བར་ཐེ་ཚོམ་མེད། །ཞག་བརྒྱད་བསྙེན་ལ་བཞི་རུ་བསྒྲུབ། །ཞག་གསུམ་ལས་སྦྱོར་དབབ་པའི་ལས། །གཏོར་མ་འོང་སའི་དཀྱིལ་དུ་བསྐྱལ། །ཁྲག་དང་ཉུང་དཀར་འོད་མཐའ་བསྐོར། །བོང་ང་མུ་ཟི་གུ་གུལ་གྱིས། །ཡུལ་ལྷ་སེར་སྲུང་སྲུང་མ་མནོལ། །ཐོད་པ་བརྡབ་ལ་ཁྲག་ཀྱང་གཏོར། །རི་རྩེར་ཕྱིན་ལ་གོས་བརྡབ་ཐོད་པ་བསྒྲིལ། །རྒྱུ་འཇུག་ལྡོག་པར་ཤེས་པར་གྱིས། །ལྷ་སྲིན་ཀུན་ལ་གཏོར་མ་ཐོང་། །འདིས་ནི་ཐམས་ཅད་ཆམ་ལ་ཕེབས། །ཞེས་གསུངས་སོ། །དེ་ནས་བསྲུང་བའི་ལས་བྱ་ན། །དཔའ་བོ་གཅིག་པའི་སྐུར་གསལ་ཏེ། །རྡོ་རྗེ་འཆང་བ་ཁྲོ་ཆེན་དེས། །སེང་ལྡེང་ཞིང་རྩིབ་ཧཱུཾ་བྲིས་ལ། །གང་དམིགས་ཡུལ་ཕྱོགས་བསྐོར་བར་བྱ། །རྡོ་རྗེ་ཁྲོ་བོས་གཏམས་བསམ་ལ། །ཡུལ་སྡེ་ལ་སོགས་ཕྱོགས་བཅུ་ལ། །མེ་འབར་འོད་


DNG005_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་གཞན་འབྱོལ་བསམ། །ཧཱུཾ་ཧཱུཾ་ཧཱུཾ། པ་ཤང་ལིང་ལིང་བཟློག་བཟློག་ས་མ་ཡ།འདིས་ནི་གང་འདོད་མེ་ཏོག་འོང་། །འབྲས་བུ་སྨིན་པར་ཐེ་ཚོམ་མེད། །བྱོལ་ཏེ་འགྲོ་བར་རྒྱལ་བས་གསུངས། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། དབབ་བཅད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་སེམས་དཔའ་མཁའ་འགྲོ་མ། །རྗེས་སུ་འཇུག་པ་དམ་བསྲེ་ན། །བདུད་རྩི་བྱིན་གྱིས་བརླབས་བྱས་ལ། །དེ་ནས་ཕྱག་འཚལ་འདི་སྐད་ཞུ། །བླ་མ་རྡོ་རྗེ་འཆང་བ་ཉིད། །རྡོ་རྗེ་སྐུ་ཡི་དཀྱིལ་འཁོར་དུ། །བདག་ཀྱང་རབ་ཏུ་འཇུག་ལགས་ན། །ཐུགས་རྗེ་ཆེན་པོས་དགོངས་ནས་ནི། །བདག་ལ་གནང་བར་མཛད་དུ་གསོལ། །རྡོ་རྗེ་གསུང་གི་དཀྱིལ་འཁོར་དུ། །བདག་ཀྱང་རབ་ཏུ་འཇུག་ལ་གསན། །ཐུགས་རྗེ་ཆེན་པོས་དགོངས་ནས་ནི། །བདག་ལ་གནང་བར་མཛད་དུ་གསོལ། །རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་དུ། །བདག་ཀྱང་དད་པས་འཇུག་ལགས་ན། །ཐུགས་རྗེ་ཆེན་པོས་དགོངས་ནས་ནི། །བདག་ལ་གནང་བར་མཛད་དུ་གསོལ། །དེ་ནས་རྡོ་རྗེ་རྒྱལ་པོ་ཡིས། །གནང་བ་སྦྱིན་ཅིང་སྨན་ཐོགས་ལ། །ཡི་དམ་རྡོ་རྗེ་བླ་མ་དང་། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ལུས་དང་སྲོག་ལ་བབས་གྱུར་ཀྱང་། །ཞེ་སྡང་མནར་སེམས་མི་བསྐྱེད་དོ། །འདི་ནི་སྐུ་ཡི་དམ་ཚིག་སྟེ། །དམ་ཚིག་འདི་ལས་མ་འདའ་ཞིག །ཨོཾ་ཨི་དན་ན་ར་ཀན། ཞེས་ལྕེ་སྟེངས་སུ་བཞག་གོ། །ལུང་དང་ལྡན་པའི་བླ་མ་ཡིས། །སྣོད་དང་ལྡན་པའི་རྗེས་འཇུག་ལ། །ཡི་དམ་སྙིང་པོ་གསལ་ཕོག་ལ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །འདི་ནི་གསུང་གི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་མ་འདའ་ཞིག །ཨཱོཾ་ཨི་དན་ན་ར་ཀན། ཧཱུཾ་ཐུན་མོང་མ་ཡིན་གསང་ཆེན་ནི། །གཞན་ལ་ནམ་ཡང་བསྟན་མི་བྱ། །འདི་ནི་ཐུགས་ཀྱི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་མ་འདའ་ཞིག །ཧཱུཾ་ཨི་དན་ན་ར་ཀན། །བདུད་རྩི་ལྕེ་ལ་བཞག་སྟེ། ལྕེ་ཡི་དམ་ཚིག་འབོག་གོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་འདི། །མ་ཉམས་བསྲུངས་ན་ཡོན་ཏན་ནི། །བདུད་


DNG005_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ལྕེ་ལ་བཞག་པ་ཡིས། །སྙིང་གི་དཀྱིལ་དུ་བབས་ནས་ཀྱང་། །རྡོ་རྗེ་སེམས་དཔའི་དངོས་གྲུབ་འཐོབ། །དུས་ལ་མི་ལྟོས་ད་ལྟར་ཐོབ། །རྩ་བའི་དམ་ཚིག་གསུམ་ཉམས་ན། །སྨན་མཆོག་བདུད་རྩི་ཨ་མྲྀ་ཏ། །ལྕེ་ལ་བཞག་ཀྱང་སྙིང་ལ་བབས། །ལྕགས་ཀྱི་སྡིག་པ་མགོ་དགུ་ཡིས། །རྭ་རྩེ་བཅོ་བརྒྱད་གཅིག་འགྱུར་ནས། །སྲོག་རྩ་བཅད་དེ་ན་རག་གནས། །དེ་བས་དམ་ཚིག་མ་ཉམས་སྲུངས། །དེ་ནས་ཡོན་ཕུལ་བླ་མ་མཉེས། །སྡོམ་པ་བཟུང་སྟེ་སྨོན་ལམ་གདབ། །ལུས་སྲོག་གཅེས་པས་མཆོད་བྱས་ལ། །དམ་བཅའ་སྨོན་ལམ་འདི་སྐད་དོ། །སྔ་རབས་འདས་པའི་སངས་རྒྱས་ཀྱང་། །སྙིང་པོ་རྟོགས་ནས་སངས་རྒྱས་པས། །འབྲས་བུ་གྲོལ་བ་ཇི་བཞིན་དུ། །བདག་ཀྱང་སྙིང་པོའི་གཡར་དམ་ལེན། །རྗེས་འཇུག་བརླབས་ནས་རྗེས་སུ་སྒྲུབ། །འདས་པའི་རྒྱལ་བས་བྱིན་གྱིས་རློབས། །མ་བྱོན་པ་ཡི་སངས་རྒྱས་ཀྱང་། །སྙིང་པོ་བརྒྱུད་ནས་གྲོལ་ཐར་ནས། །ཏིང་འཛིན་སྙིང་པོ་གཡར་དམ་ལེན། །རྗེས་འཇུག་བརླབས་ནས་རྗེས་སུ་སྒྲུབ། །མ་བྱོན་རྒྱལ་བས་བྱིན་གྱིས་རློབས། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །སྙིང་པོ་ངོ་ཤེས་རྟོགས་ནས་གྲོལ། །ཏིང་འཛིན་སྙིང་པོ་གཡར་དམ་ལེན། །རྗེས་སུ་བརླབས་ནས་རྗེས་སུ་སྒྲུབ། །ད་ལྟར་རྒྱལ་བས་བྱིན་གྱིས་རློབས། །དེ་ནས་གཞུང་བསྲང་དབང་བསྐུར་བྱ། །གཏོར་མ་གཏང་ཞིང་དཀྱིལ་འཁོར་བསྡུ། །ཞེས་གསུངས་སོ། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། སེམས་བསྐྱེད་སྡོམ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །དེ་ནས་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་སེམས་དཔའ་དང་། །རྡོ་རྗེ་དྲག་མོ་ཁྲོ་གཉེར་མ། །གཞི་ཆ་ངོས་འཛིན་ཐབས་རེ་ཆེ། །འགྱུ་དྲན་འཛིན་ཆགས་བ་དེད་ཀྱིས། །སྐད་ཅིག་མ་འདི་ཐབས་མྱུར་བས། །དྲན་པ་ཏིང་ངེ་འཛིན་གྱི་གནད། །གཅུན་ཐབས་ལུས་ངག་ཡིད་གསུམ་གཅེས། །སྲོག་རྩོལ་བསྡམ་པ་ཐབས་ཆེ་ན། །རང་བྱུང་འཁྲུལ་པ་བཤིག་པའི་ཆོས། །ཡུལ་མིང་གཉིས་དང་བྲལ་བ་གཅེས། །སྐད་ཅིག་མ་ལ་བལྟ་


DNG005_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། །མཐོང་བས་ཀུན་གྱི་རྩ་བ་ཆོད། །ཚེགས་ཆུང་མན་ངག་བསྟན་པ་གཅེས། །འཕྲད་དུ་ཆུག་ལ་གཅིག་ལ་བསྡུས། །གཞི་ཉིད་སྙིང་པོ་རྟོགས་འདྲིས་ཀྱིས། །གདེང་དང་ལྡན་པར་མ་གྱུར་ན། །གོལ་བའི་ས་དང་ལྡན་པའི་རོ། །ལྡོག་པའི་དུས་དང་སླེབ་བའི་ཚད། །སྲོག་སྙིང་མན་ངག་མེད་པ་ནི། །དམག་དཔོན་མེད་པའི་དམག་མི་འདྲ། །གྲོགས་ཀྱི་ཡི་གེ་མེད་པ་ནི། །དམག་མི་མེད་པའི་དམག་དཔོན་འདྲ། །རྒྱན་གྱི་ཡི་གེ་མེད་པ་ནི། །གོ་མཚོན་མེད་པའི་དམག་མི་འདྲ། །སྙིང་པོའི་གནད་དང་སྲོག་གི་གནད། །གཅིག་ནི་སྲོག་ལ་གཉིས་ནི་མིང་། །གསུམ་ནི་གྲོགས་ལ་བཞི་ནི་རྒྱན། །མགོ་ནི་ཆོད་ལ་གཞུག་ལ་ཐོགས། །རྐེད་པ་ཆོད་ལ་སྟོད་སྨད་ཁྱེར། །ཁོག་ཏུ་ཚང་ལ་ཁོང་དུ་དཀྲུགས། །ཞེས་གསུངས་སོ། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། ཉམས་བླང་སྲོག་སྙིང་གི་ལེའུ་སྟེ་བཅུ་བཞི་པའོ།། །དེ་ནས་རྡོ་རྗེ་སེམས་དཔའ་དང་། །རྡོ་རྗེ་མཁའ་འགྲོ་དྲག་མོ་ཡིས། །རྡོ་རྗེ་འཆང་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །འབྲས་བུ་སངས་རྒྱས་གྲུབ་མཐའ་གང་། །རྒྱུད་ཀྱི་དཔེ་མཚོན་ཇི་ལྟར་ལགས། །ཐ་མ་སུ་ཡི་ལག་ཏུ་གཏད། །ཅེས་གསོལ་བས། རྡོ་རྗེ་འཆང་གིས་བཀའ་སྩལ་པ། ཉོན་ཅིག་སེམས་དཔའ་མཁའ་འགྲོ་མ། །འབྲས་བུ་གསེར་དང་དེ་ཉིད་སྐུ། །སྙིང་པོ་རང་གྲོལ་ཆོས་ཀྱི་སྐུ། །ཡུལ་སྣང་སངས་པའི་མིང་བྲལ་ཡིན། །སངས་རྒྱས་ས་ནས་འདི་ལྟར་མཐུན། །ཆུ་དང་ཆུ་ཉིད་འདྲེས་པའམ། །མ་འདྲེས་མཚོ་ཡི་གཟའ་སྐར་འདྲ། །ནམ་མཁའི་མཐའ་བཞིན་ཚད་ལས་འདས། །ཐུགས་རྗེ་འབྱུང་བ་ཉི་མ་འདྲ། །རང་རང་ཡུལ་མཐུན་ཐབས་ཀྱིས་འདྲེན། །སྙིང་བོ་རང་ཆས་ཀུན་ལ་ཡོད། །ཡེ་ཤེས་གདམས་པ་ཟུར་གྱིས་གཏོད། །ངོ་བོའི་རྒྱུད་དང་བཀའ་རྒྱུད་དང་། །དོན་གྱི་རྒྱུད་དང་གསུམ་དུ་ཡོད། །ངོ་བོ་ངེས་ཚིག་དབྱེ་བ་དཔེ། །འདི་ནི་གདམས་པ་ལག་ལེན་རྒྱུད། །དཔེར་ན་ནོར་བུ་རིན་ཆེན་འདྲ། །སྙིང་པོ་ཐམས་ཅད་འབྱུང་བ་ཡིན། །དཔེར་ན་ཟ་འོག་བེར་


DNG005_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་འདྲ། །སྙིང་པོ་མ་འདྲེས་ཡོངས་སུ་གསལ། །མུ་ཏིག་རྩར་ལ་བརྒྱུས་པ་འདྲ། །གོ་རིམ་འདྲེལ་པ་རྒྱུད་ན་གསལ། །དཔེར་ན་ཉི་མ་མུན་པ་འདྲ། །ཐམས་ཅད་འགལ་བྱེད་མ་རིག་སེལ། །སྙིང་པོ་གསང་བ་མངོན་དུ་སྟོན། །སྦས་པ་མིག་འབྱེད་རྒྱུད་དུ་ཟུང་། །ཆོས་ཉིད་སྙིང་པོ་བླ་མེད་རྫོང་། །འགྱུ་དྲན་འཛིན་ཆགས་ཧཱུཾ་གི་འཕྲང་། །བླ་མེད་རྫོང་འཕྲང་རྒྱུད་དུ་ཟུང་། །ཀུན་གྱི་ལག་ལེན་གསལ་བར་སྟོན། །སྙིང་པོ་གསལ་བྱེད་རྒྱུད་དུ་ཟུང་། །གཅེས་པའི་མན་ངག་མཛུབ་ཁྲིད་སྟོན། །གཅེས་པ་དམར་ཁྲིད་རྒྱུད་དུ་ཟུང་། །རྩེ་མོ་རྩེ་མོ་འོག་མིན་གསུངས། །རྡོ་རྗེ་ཡང་ཏོག་རྒྱུད་དུ་ཟུང་། །འབྲས་བུ་རྡོ་རྗེ་སེམས་དཔའ་དང་། །རྡོ་རྗེ་མཁའ་འགྲོ་འཁོར་བཅས་ཀྱིས། །སྤྲུལ་སྐུ་རིམ་པར་བརྒྱུད་ཚུལ་ལ། །རྒྱལ་བློན་རིག་པ་ཅན་དང་སྤྲོད། །དེ་ནས་བྲག་དང་ཆུ་གཞུང་གི། །ཚིག་གཅིག་ཆད་སོང་ངམ། དུས་ཀྱི་ཐ་མ་སྔགས་འཆལ་ཚེ། །བསྟན་པ་འཛིན་པར་ཐེ་ཚོམ་མེད། །ཞེས་གསུངས་སོ། །སྟོན་པ་ཉིད་མྱ་ངན་ལས་འདས་སོ། །དེ་ནས་རྡོ་རྗེ་སེམས་དཔའ་དང་། མཁའ་འགྲོ་མ་ཀུན་གྱིས་མངོན་པར་བསྡུས་ནས། སྤྲུལ་པའི་སྐུ་པདྨ་འབྱུང་གནས་ཉིད་ལ་གཏད་དེ། །སྤྲུལ་པའི་ལྷ་མ་སྲིན་སྡེ་བརྒྱད་རྣམས། རྗེས་སུ་ཡི་རང་སྟེ་མངོན་པར་བསྟོད་དོ། །རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། རྫོགས་སོ།། །གསེར་ལ་མཐོ་སེམས་མི་བདོག་སྟེ། །ཟོང་མེད་ལག་ཏུ་གསེར་མི་འཁོར། །ཆོས་ལ་མཐོ་སེམས་མི་བདོག་སྟེ། །སྣོད་མེད་ལག་ཏུ་ཆོས་མི་འཁོར། །དོན་གྱི་སྙིང་པོ་གསུང་རྒྱུད་འདི། །སྙིང་གི་བུར་གཏད་གཅིག་རྒྱུད་རེ། །ཁོག་གི་སྙིང་བཏོན་སྙིང་པོ་རྡོ་རྗེའི་རྒྱུད། །ཡང་རྩེ་ཡང་ཏོག་གདམས་པའི་མ་བུ་རྣམས། །སྙིང་གི་སྙིང་བཏོན་སྙིང་པོ་ཧཱུཾ་གི་བསྐོར། །སྐལ་ལྡན་སྐྱོང་ལ་མེད་པའི་བུ་ལ་གཏོད། །ཀུན་གྱི་གཞི་མ་བྱེད་དེ་ནམ་མཁའ་ཁབ་མིག་འདྲ། །ས་ནི་གསེར་གྱི་གཞི་མ་བྱེད་སྟེ་རྡོ་དང་གསེག་མས་བསྒྲིབ། །མིག་གིས་ཐམས་
ཅད་བལྟ་སྟེ་རང་མ་མཐོང་པས་ལོང་། །སྙིང་པོ་ཉིད་དང་རྟག་ཏུ་འགྲོགས་ཏེ་གྲུབ་མཐས་བསྒྲིབས། །ཨེ་མ་རང་གིས་རང་བསླུས་རང་ཀ་སྙིང་རེ་རྗེ། །ཤིན་ཏུ་དཀོན་པའི་རིན་ཆེན་གསེར་ཀྱང་བྱིན་པའི་རྡོ། །ནོར་བུ་རིན་ཆེན་སྙིང་པོ་མ་བུ་གདམས་པ་རྣམས། །སྦྱིན་པའི་སྣོད་མེད་སྒྲོ་སྐུར་སྒྲིབ་པའི་རྟེན་ལ་གསང་། །ཞེས་པདྨ་འབྱུང་གནས་ཀྱིས། ནམ་མཁའི་སྙིང་པོ་ལ་གདམས་ནས། ལྷོ་ནུབ་གླིང་ཕྲན་དུ་གཤེགས་སོ།། །། འདིར་སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པ་ལེའུ་སོ་ལྔ་པ་མ་བྱུང་།

སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ཅེས་བྱ་བ།


DNG005_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧྲྀ་ད་ཡ་བཛྲ་རཏྣ་སརྦ་ཨེ་ཀ་ཀ་ཏནྟྲ་ནཱ་མ།བོད་སྐད་དུ། སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ཅེས་བྱ་བ།དཔལ་རྡོ་རྗེ་འཆང་ཆེན་པོ་ཆོས་སྐུ་ཡེ་ཤེས་ཉག་གཅིག་ལ་ཕྱག་འཚལ་ལོ། །ཆོས་སྐུ་རྡོ་རྗེ་འཆང་བ་དེ། །སྙིང་པོ་རང་བྱུང་ཉག་གཅིག་གནས། །སྔ་ཕྱི་མེད་པ་སྙིང་པོའི་དུས། །རང་བྱུང་རང་ཤར་རང་སྣང་འཁོར། །གཅིག་པོ་ཀུན་སྣང་གཉིས་མེད་ཆོས། །ཡེ་མེད་ཉག་གཅིག་རྡོ་རྗེའི་སྐུ། །ནམ་མཁའི་དབྱིངས་ཀྱི་ཉི་མ་བཞིན། །འོག་མིན་རིགས་བརྒྱད་ཉག་གཅིག་སྣང་། །དེ་ནས་རྡོ་རྗེ་སེམས་དཔའ་སོགས། །མཁའ་འགྲོ་རྡོ་རྗེ་དྲག་མོ་ཡིས། །རྡོ་རྗེ་འཆང་ལ་བསྐོར་ཕྱག་འཚལ། །སྤྱན་སྔར་འདུག་སྟེ་ཐལ་མོ་སྦྱར། །རྡོ་རྗེ་འཆང་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །སྙིང་པོ་ཐེག་པ་ཉག་གཅིག་ཀྱང་། །རིགས་རིས་ཀྱང་། དྲུག་གཟུང་འཛིན་དུ་མར་འཁྲུལ། །ཐུགས་རྗེ་ཆེན་པོས་གཟིགས་སུ་གསོལ། །འོག་མིན་རྡོ་རྗེ་འཁོར་འདུས་ལ། །ཐམས་ཅད་གཅིག་པའི་རྡོ་རྗེ་རྒྱུད། །གཅིག་ལས་དུ་མ་མེད་པར་གསུངས། །ཞེས་གསོལ་པ་དང་། རྡོ་རྗེ་འཆང་གིས་བཀའ་སྩལ་པ། འོག་མིན་དབྱིངས་སུ་འདུས་པ་ཡི། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཁྱོད། །རྗེས་འཇུག་དོན་དུ་ཞུས་པ་ལེགས། །སྙིང་པོ་ཉག་གཅིག་རིན་པོ་ཆེ། །ཐམས་ཅད་གཅིག་པ་ང་ཡིས་བསྟན། །ཆོས་ཅན་ཐམས་ཅད་ཆོས་ཉིད་གཅིག །དབང་དང་དམ་ཚིག་དཀྱིལ་འཁོར་གཅིག །ཕྲིན་ལས་མཆོད་པ་རྣལ་འབྱོར་གཅིག །སྔགས་དང་ཕྱག་རྒྱ་བསྙེན་བསྒྲུབ་


DNG005_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །རྒྱུད་དང་ལུང་དང་མན་ངག་གཅིག །ལྟ་བ་སྒོམ་པ་སྤྱོད་པ་གཅིག །འབྲས་བུ་སྐུ་གསུང་ཐུགས་ཀྱང་གཅིག །དགེ་བཅུ་རྣམ་གྲངས་དུ་མ་གཅིག །ཅེས་གསུངས་སོ། །སྙིང་པོ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། ཕུན་སུམ་ཚོགས་པ་ཞུས་པ་ལན་སྡོམ་གྱི་ལེའུ་སྟེ་དང་པོའོ།། །དེ་ནས་རྡོ་རྗེ་དྲག་མོ་ཡིས། །རྡོ་རྗེ་འཆང་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །དེ་ལྟར་སྙིང་པོའི་ཆོས་གཅིག་ཀྱང་། །བདག་ཅག་འོག་མིན་དཀྱིལ་འཁོར་དང་། །མཁའ་འགྲོའི་ཚོགས་ལ་གསལ་བར་ཞུ། །ཞེས་གསོལ་པས། རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་དཀྱིལ་འཁོར་རང་བྱུང་དང་། །མཁའ་འགྲོ་འདུས་པའི་འཁོར་ཚོགས་ཁྱེད། །ཆོས་ཅན་ཆོས་ཉིད་རོ་གཅིག་ཕྱིར། །དོན་གྱི་སྙིང་པོ་ཆོས་ཉིད་གཅིག །གཅིག་པོ་ཀུན་གྱི་རང་བཞིན་ཡིན། །ནོར་བུ་རིན་ཆེན་ཡོན་ཏན་འདྲ། །དུ་མ་གང་སྣང་གཅིག་ཡིན་ནོ། །རྣམ་གྲངས་བརྒྱ་སྟོང་སངས་རྒྱས་ཀྱང་ཕྲག་བརྒྱས་ཀྱང་། །ཆོས་ཉིད་སྙིང་པོའི་དབང་པོ་ནི། །གཅིག་པོ་རང་སྣང་རང་བྱུང་བས། །གཅིག་པོ་ཉིད་ཀྱང་གང་ན་འདུག །ཡུལ་མེད་པས་ནི་མིང་བྲལ་ཡིན། །འབྱུང་བ་མེ་ཆུ་ས་རླུང་ཡང་། །ནམ་མཁའི་ངང་དུ་ཡེ་ནས་གཅིག །སངས་རྒྱས་སེམས་ཅན་ཆོས་ཉིད་གཅིག །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཁྱབ། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་གསུངས་སོ། །སྙིང་པོ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། ཆོས་ཅན་དང་ཆོས་ཉིད་གཅིག་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཡེ་ནས་སྙིང་པོ་རང་བྱུང་བས། །རང་ཆས་ཡོད་པས་གཞི་མ་གཅིག །རྟོགས་པས་རྡོ་རྗེ་འཆང་བའི་དབང་། །སྐུ་གསུམ་རིམ་པར་ཁྱད་པར་མེད། །དབང་གི་ཆུ་བོ་ལྷུན་གྲུབ་གཅིག །འགྲོ་དྲུག་ཁམས་གསུམ་ཐམས་ཅད་ལ། །ཏིལ་ལ་མར་གྱིས་ཁྱབ་པ་བཞིན། །བདེ་གཤེགས་སྙིང་པོ་དབྲི་བཀོལ་མེད། །རང་བྱུང་རང་ལ་བསྟན་ཐོབ་པས། །ཡེ་ནས་ཡེ་ཤེས་རང་དབང་གཅིག །དབུལ་མོ་ཡེ་ནས་གསེར་


DNG005_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་ཅན། །རིག་པ་ཅན་གྱིས་བསྟན་པས་གསེར། །ཡེ་ནས་རང་དབང་རང་གིས་ཐོབ། །སྐད་ཅིག་མ་ལ་ལོངས་སྤྱོད་བདག །འགྲོ་དྲུག་ཡེ་ནས་སྙིང་པོ་གཞི། །བླ་མའི་གདམས་པས་རང་ཆས་བསྟན། །རང་བྱུང་རང་དབང་ཡེ་ནས་ཐོབ། །དབང་གི་རྒྱལ་པོ་ཡེ་ཤེས་གཅིག །སྙིང་པོ་རང་བྱུང་ཆོས་བཞི་ལྡན། །འགྱུས་དྲན་འཛིན་ཆགས་དབང་གི་ཆུ། །སྙིང་པོ་ཡེ་ཤེས་རང་བྱུང་རྩལ། །ཕྱི་ནང་དྲང་བཅད་གང་འགྱུ་བ། །དྲན་པའི་ཏིང་ངེ་འཛིན་པ་ཆད། །འཛིན་པ་རྩོལ་བའི་རྒྱ་ཐག་གྲོལ། །ཆགས་པ་རང་སྣང་ཡེ་ཤེས་ཤར། །རིག་པ་རྩལ་གྱི་དབང་གཅིག་པོ། །དབང་གི་ངོ་བོ་ལྷུན་གྱིས་གྲུབ། །ངེས་ཚིག་འཁོར་འདས་གཉིས་ཀར་དབང་། །དབྱེ་བ་རང་རང་འདོད་གཞུང་ལ། །དཔེ་ནི་རྒྱལ་བུ་འཁྱམས་པ་འདྲ། །སྣང་བ་སྣ་ཚོགས་གཅིག་གི་དབང་། །བརྗོད་སྒྲ་སྣ་ཚོགས་ཆོས་གཅིག་དབང་། །དྲན་རྟོག་ཐམས་ཅད་སྙིང་པོ་གཅིག །བུམ་པ་ཐམས་ཅད་ཤེས་རབ་དབང་། །གསང་དབང་ཚིག་དབང་རྣམ་གྲངས་རྣམས། །རིག་པ་རྩལ་གྱི་དབང་དུ་གཅིག །ཅེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། དབང་གི་ལེའུ་སྟེ་གསུམ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །དམ་ཚིག་སྙིང་པོ་བསྟན་པ་ནི། །ཡེ་ཤེས་རང་བཞིན་སྙིང་པོ་བཞི། །གང་སྣང་མིང་དུ་བཏགས་པས་ཀྱང་། །སྙིང་པོ་དབྱིངས་ལས་འདས་མི་སྲིད། །སྙིང་པོ་ཧཱུཾ་གི་རང་བཞིན་གཅིག །རྡོ་རྗེའི་དོན་ལ་གཡང་ས་མེད། །དགོངས་ལ་ཁུ་འཕྲིགས་དོགས་པ་མེད། །སྤྱོད་པ་ཆགས་སྡང་གཟིགས་སྣང་མེད། །རེ་དོགས་བྲལ་བའི་སྙིང་པོ་ལ། །དམ་ཚིག་འདུ་བསྲུང་ཡེ་ནས་མེད། །ཉམས་པ་མེད་པས་དམ་ཚིག་གཅིག །སྙིང་པོ་ཆོས་སྐུ་ཡུལ་མེད་ལ། །འགྱུར་བས་གཟིགས་སྣང་འདས་པ་མེད། །སྙིང་པོ་འགག་མེད་རང་སྒྲ་ལ། །འགྱུ་བའི་མིང་བཏགས་སྨྲས་པ་མེད། །སྙིང་པོ་འགྱུར་མེད་ཆོས་ཉིད་ལ། །གཉེན་པོས་བཅོས་ཤིང་བསྒྱུར་དུ་མེད། །སྐུ་གསུང་ཐུགས་དམ་བཅས་པ་ལ། །ཉོན་མོངས་དུག་གསུམ་


DNG005_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འཚིག་པར་ངེས། །ཡེ་ཤེས་མེ་ལྔ་རང་འབར་ལྔ། །ཉོན་མོངས་དུག་ལྔ་འཚིག་པར་ངེས། །དམ་ཚིག་ཉི་ཤུ་རྩ་བརྒྱད་ལ། །དུག་གསུམ་དམ་ན་སྐུ་གསུམ་འཚིག །དུག་ལྔ་དམ་ན་ཡེ་ཤེས་འཚིག །དེ་ལྟར་གཅིག་གིས་གཅིག་འཚིག་ཀྱང་། །སྙིང་པོ་འགྱུར་དང་འཚིག་པ་མེད། །ཅེས་གསུངས་སོ། །རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་རྣལ་འབྱོར་མ། །སྙིང་པོ་རང་བྱུང་དཀྱིལ་འཁོར་ནི། །དཀྱིལ་འཁོར་བུམ་པ་གཅིག་ཡིན་ནོ། །སྙིང་པོ་བརྡ་ཡི་དཀྱིལ་འཁོར་དང་། །སེམས་དཔའི་ཏིང་འཛིན་དཀྱིལ་འཁོར་དང་། །རང་བཞིན་སྙིང་པོའི་དཀྱིལ་འཁོར་གསུམ། །རང་བྱུང་ཧཱུཾ་གི་དཀྱིལ་འཁོར་གཅིག །ཕྱི་ལྟར་མཚོན་པའི་དཀྱིལ་འཁོར་ནི། །ཕྱི་ནང་དཀྱིལ་འཁོར་གང་བྲིས་ཀྱང་། །སེམས་དཔའི་དཀྱིལ་འཁོར་གསལ་འདེབས་ཡིན། །སེམས་དང་ཏིང་འཛིན་གང་བསྒོམས་ཀྱང་། །སྙིང་པོ་འོད་ཀྱི་གསལ་འདེབས་ཡིན། །སྙིང་པོ་ཆོས་ཉིད་རང་བྱུང་ཧཱུཾ། །དཀར་དང་དམར་དང་མཐིང་དང་ལྗང་། །སེར་དང་འོད་གསལ་ཀུན་གྱི་གཞི། །སྐུ་གསུམ་སྐུ་ལྔ་ཡེ་ཤེས་ཧཱུཾ། །དཀྱིལ་འཁོར་རྣམ་གསུམ་སྙིང་པོ་གཅིག །བུམ་པ་དཀྱིལ་འཁོར་རྩ་བ་སྟེ། །བརྡ་དང་བུམ་པ་མཚོན་པའི་ཆོས། །རྟགས་ཀྱི་བུམ་པ་སྙིང་པོ་རྟེན། །དོན་གྱི་བུམ་པ་སྙིང་པོ་ཧཱུཾ། །དཀྱིལ་འཁོར་བུམ་པའི་སྙིང་པོ་ཧཱུཾ། །ཆོས་མེད་བསྐྱེད་དང་རྫོགས་པ་མེད། །ཡེ་ནས་དཀྱིལ་འཁོར་རང་བཞིན་ཡིན། །སྙིང་པོ་དཀྱིལ་ལ་འགྱུར་འདོད་ཧཱུཾ། །ཆོས་ལས་མ་བྱུང་རང་བྱུང་ཧཱུཾ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། དཀྱིལ་འཁོར་གྱི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་རྣལ་འབྱོར་མ། །བསྙེན་པའི་དཀྱིལ་འཁོར་སྦྲེལ་བ་ནི། །སྙིང་པོ་རིག་པ་ཆོས་མིན་ལ། །བརྡ་རྟགས་སྒྲ་དོན་བཤད་པ་ནི། །སྙིང་པོ་རང་བྱུང་ཉེ་བར་བསྙེན། །དད་ལྡན་ལུས་སྲོག་གཏོང་ཕོད་ཅན། །སྙིང་པོ་ཉིད་ལ་བསྙེན་པ་ཡིན། །ལྟ་སྒོམ་སྤྱོད་པ་དགེ་བ་བཅུ། །སྙིང་པོའི་དོན་ལ་བསྙེན་པ་ཡིན། །རྩ་རླུང་ཐིག་ལེ་སྟོང་པ་བདེ། །སྙིང་པོ་བསྙེན་པའི་བསྙེན་པ་ཡིན། །འགྱུ་བ་དྲན་པས་རང་བྱུང་ཤེས། །


DNG005_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་འཛིན་པས་ཡེངས་པ་མེད། །ཆགས་པ་ཉམས་ལ་འཕེལ་འགྲིབ་མེད། །ཉེ་བར་བསྙེན་པ་སྙིང་པོ་གཅིག །རང་བྱུང་སྙིང་པོ་ཆོས་ཉིད་ཧཱུཾ། །བརྡའ་བསྟན་སྣང་བའི་ཞེན་པ་ལོག །ཡུལ་ལ་སྣང་མེད་སྤྲོས་དང་བྲལ། །རྟགས་བསྟན་ཚོགས་དྲུག་རང་སར་གྲོལ། །ལས་རླུང་ངོ་སྤྲད་ཡེ་ཤེས་ཤེས། །སྒྲ་རུ་བསྟན་པས་མིང་མེད་སྒྲ། །གང་སྣང་མིང་བཏགས་སྙིང་པོའི་དཔེ། །ཆོས་ཉིད་དོན་དང་རྟག་ཏུ་འགྲོགས། །བསྙེན་པའི་བསྙེན་པ་ཉེ་བར་བསྙེན། །རང་བྱུང་རང་ཤར་བསྙེན་པ་གཅིག །རང་སྣང་རང་འབར་བསྙེན་པ་གཅིག །ངོ་བོ་ངེས་ཚིག་དབྱེ་བ་དེས། །བསྙེན་པ་དག་གི་བསྙེན་གཅིག་པོ། །ཞེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། བསྙེན་པའི་ལེའུ་སྟེ་དྲུག་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་རྣལ་འབྱོར་མ། །སྒྲུབ་པ་སྒྲུབ་ཆེན་སྙིང་པོ་གཅིག །སྙིང་པོ་དོན་གྱི་གཞི་མ་ལ། །གཏན་ལ་ཕེབས་པ་བསྒྲུབ་པ་ཡིན་ནོ། །བརྡའ་བསྟན་སྣང་བ་ཕེབས་པ་ཡིན། །རྟགས་བསྟན་རང་ལུས་གཏན་ལ་ཕེབས། །སྒྲ་བསྟན་ཐོས་པ་གཏན་ལ་ཕེབས། །དེ་ལྟར་སྙིང་པོ་དོན་དུ་གཅིག །རང་བྱུང་ཡེ་ཤེས་བསྒྲུབ་པ་ཡིན། །ཆོས་ཉིད་རང་བྱུང་སྙིང་པོ་ཧཱུཾ། །བརྡ་རྣམས་བསྟན་པས་སྣང་བ་རྟོགས། །རང་བྱུང་རང་སྣང་ཡུལ་མེད་སྟོང་། །རྟགས་སུ་བསྟན་པས་གང་ཟག་རྟོགས། །རྣམ་ཤེས་ཆོས་ཀྱི་བདག་ལས་གྲོལ། །སྒྲ་རུ་བསྟན་པས་ཚིག་ཚོགས་གྲོལ། །ཐོས་པའི་གྲུབ་མཐའ་མིང་མེད་རྟོགས། །སྒྲུབ་པ་ཆེན་པོ་ཞེས་བྱ་ཡིན། །རྩོལ་བའི་རེ་དོགས་ཧཱུཾ་གིས་ཆོད། །སྙིང་པོ་ཆོས་མིན་རང་བྱུང་འགྲུབ། །བསྒྲུབ་པའི་བསྒྲུབ་པ་ཆེན་པོ་གཅིག །ཅེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས།) བསྙེན་པ་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ། །དཔའ་བོ་གཅིག་པའི་ཕྲིན་ལས་ནི། །དཔའ་བོ་གཅིག་པས་ལས་ཀུན་བྱེད། །བྱ་བ་ཐམས་ཅད་འགྲུབ་པའི་ཧཱུཾ། །སྙིང་པོ་ལས་བཞི་གཅིག་གིས་བྱེད། །ཞི་རྒྱས་དབང་དང་དྲག་


DNG005_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས། །སྙིང་པོ་མ་འགགས་འགྱུ་བས་བྱེད། །འགྱུ་བ་རྩལ་གསུམ་རང་ཆས་གཅིག །འགྱུ་བ་ཡིད་རྩ་སྙིང་པོར་ཆོད། །ཉོན་མོངས་ཆགས་སྡང་ཞི་བར་བྱེད། །ཉོན་མོངས་དུག་ལྔ་རང་ཞི་བར། །རིག་པ་ཡེ་ཤེས་རྒྱས་པར་བྱེད། །རང་བྱུང་འགྱུ་བ་དྲན་པས་ཐུལ། །རང་བྱུང་རིག་པ་རང་རྩལ་དབང་། །རང་དབང་ཐོབ་པས་ཐོགས་ཆགས་མེད། །དྲག་པོ་མངོན་སྤྱོད་བྱ་བ་གྲུབ། །ཕྲིན་ལས་བཞི་པོ་སྙིང་པོར་གཅིག །ལས་ཀུན་སྙིང་པོ་ཧཱུཾ་གིས་བྱེད། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཆོས་སྐུ་དངོས་མེད་རྩོལ་བྲལ་ཧཱུཾ། །རྟོགས་པས་འཁོར་བ་ཐམས་ཅད་ཞི། །ཞི་བའི་ཕྲིན་ལས་སྙིང་པོ་གཅིག །སྙིང་པོ་འོད་གསལ་ལོངས་སྤྱོད་སྐུ། །ཡོན་ཏན་ཡེ་ཤེས་སྐུ་ལྔ་རྒྱས། །རྒྱས་པའི་ཕྲིན་ལས་སྙིང་པོ་གཅིག །རིག་པ་རང་རྩལ་སྤྲུལ་སྐུ་ཧཱུཾ། །མཛད་པའི་ལས་ཀུན་སྙིང་པོའི་དབང་། །དབང་གི་ཕྲིན་ལས་སྙིང་པོ་གཅིག །སྙིང་པོ་འགག་མེད་ཐོགས་མེད་ཧཱུཾ། །འབྱུང་བ་རླུང་ཆེན་ཐོགས་ཆགས་མེད། །ཡིད་སྣང་ཚིག་ཀུན་སྦྱོར་སྒྲོལ་བྱེད། །དྲག་པོའི་ཕྲིན་ལས་དཔའ་བོ་གཅིག །འགྱུས་དྲན་འཛིན་ཆགས་ཞི་རྒྱས་དབང་། །དྲག་པོ་ཟང་ཐལ་དཔའ་བོ་གཅིག །བྱ་བའི་ལས་གྲུབ་ཡེ་ཤེས་གཅིག །ཅེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། ཕྲིན་ལས་ཀྱི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་རྣལ་འབྱོར་མ། །མཆོད་པ་སྙིང་པོ་གཅིག་པོ་ནི། །འདྲེས་ཤིང་དབྱེར་མེད་གཉིས་སུ་མེད། །སྙིང་པོ་འགྲོ་ཀུན་སངས་རྒྱས་ལ། །ཏིལ་ལ་མར་བཞིན་དབྱེ་རུ་མེད། །གཞི་གཅིག་སྙིང་པོའི་མཆོད་པ་གཅིག །གཞི་དང་རང་གདངས་གཉིས་སུ་མེད། །འཁྲུལ་པ་ལས་ཀྱི་མཆོད་པ་གཅིག །སྙིང་པོ་འགྱུས་དྲན་འཛིན་ཆགས་དང་། །འཁྲུལ་པ་རང་ལྡོག་མཆོད་པ་གཅིག །རྩ་རླུང་ཐིག་ལེ་རང་བྱུང་ཧཱུཾ། །གསལ་སྟོང་འགག་མེད་མཆོད་པ་གཅིག །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །སྙིང་པོ་ཡེ་ཤེས་མཆོད་པ་གཅིག །བླ་མ་ཡི་དམ་མཁའ་འགྲོ་ཧཱུཾ། །སྙིང་པོ་ཆོས་མིན་བླ་ན་མེད། །


DNG005_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གུ་རུ་མཆོད་པ་གཅིག །སྙིང་པོ་ཡི་དམ་སྐུ་ལྔ་གསལ། །ཡི་དམ་རང་བྱུང་མཆོད་པ་གཅིག །སྙིང་པོ་རང་བྱུང་འགྱུ་བ་གྲོལ། །སྙིང་པོ་མཁའ་ལ་འགྱུ་བ་གྲོལ། །གཉིས་སུ་མེད་པས་མཆོད་པ་གཅིག །ཆོས་མིན་སྙིང་པོའི་ཀློང་དུ་གཅིག །ཆོས་ཅན་ཆོས་ཉིད་སྙིང་པོར་གཅིག །འཁོར་འདས་ཀུན་རྫོབ་དོན་དམ་གཅིག །འདི་ནི་མཆོད་པ་ཆེན་པོ་གཅིག །ཅེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། མཆོད་པའི་ལེའུ་སྟེ་དགུ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་རྣལ་འབྱོར་མ། །རྣལ་འབྱོར་སྙིང་པོའི་དཔའ་བོ་གཅིག །བླ་མེད་སྙིང་པོ་ཆོས་མིན་ལ། །བློ་དངོས་རྣལ་མ་སྙིང་པོར་འབྱོར། །བླ་མེད་རྣལ་འབྱོར་ཆོས་སྐུ་གཅིག །སྙིང་པོ་ཡེ་ཤེས་རྣལ་མ་ལ། །རང་བྱུང་ལོངས་སྐུ་རྣལ་འབྱོར་གཅིག །འགྱུ་བ་ཡེ་མེད་རྣལ་མར་འབྱོར། །འགག་མེད་སྤྲུལ་སྐུ་རྣལ་འབྱོར་གཅིག །སྣང་བ་ཚིག་ཚོགས་རྣལ་མར་འབྱོར། །སྲོག་དང་སྙིང་པོའི་རྣལ་འབྱོར་གཅིག །རྒྱུ་ལས་གཉིས་མེད་འབྲས་བུ་གཅིག །སྙིང་པོའི་དོན་ལ་འབྱོར་ན་འབྱུང་། །ཆོས་མིན་ཆོས་ཀུན་རྣལ་མར་འབྱོར། །སྙིང་པོ་ཧཱུཾ་གི་རྣལ་འབྱོར་ཡིན། །གཅིག་ནི་ཀུན་གྱི་རང་བཞིན་ཏེ། །དུ་མ་རང་བྱུང་གདམས་ངག་ཡིན། །དུ་མ་རོ་གཅིག་མ་རྟོགས་ན། །རྣལ་མའི་དོན་ལ་འབྱོར་མི་སྲིད། །མིང་གི་རྣལ་འབྱོར་གྲངས་མེད་དོ། །དོན་གྱི་རྣལ་འབྱོར་ཤིན་ཏུ་དཀའ། །ཆོས་མིན་ཀློང་དུ་ཆོས་ཅན་སྦྱོར། །དོན་དམ་ཀློང་དུ་ཀུན་རྫོབ་སྦྱོར། །གཅིག་མེད་ཀློང་དུ་དུ་མ་སྦྱོར། །མིང་མེད་ཀློང་དུ་ཚིག་ཚོགས་སྦྱར། །སྐུ་མེད་ཀློང་དུ་སྣང་གཟུགས་སྦྱོར། །རྒྱུ་མེད་རྐྱེན་མེད་སྙིང་པོ་རྣལ། །འཁོར་འདས་གཉིས་མེད་ཡེ་ཤེས་འབྱོར། །སྙིང་པོ་རང་བྱུང་རྣལ་འབྱོར་གཅིག །ཅེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། རྣལ་འབྱོར་གྱི་ལེའུ་སྟེ་བཅུ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་རྣལ་འབྱོར་མ། །སྙིང་པོ་ཆོས་མིན་སྔགས་གཅིག་ནི། །མངོན་དུ་གྱུར་པས་སྔགས་དོན་ནོ། །


DNG005_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་རང་ཆས་རང་འབྱུང་གསང་། །སྔགས་པའི་དོན་དེ་གསང་བས་ན། །གསང་སྔགས་ཞེས་སུ་ང་འཆད་དོ། །སྙིང་པོ་ཀུན་ཁྱབ་རྒྱ་ཆད་ཀྱང་རྒྱུན་ཆད་མེད། །འདས་དང་མ་བྱོན་ད་ལྟར་དང་། །འགྲོ་དྲུག་འཁྲུལ་པ་རིགས་གཅིག་སྟེ། །རིག་སྔགས་ཞེས་སུ་ང་འཆད་དོ། །སྙིང་པོ་འཁོར་འདས་མ་ཆད་པ། །དཔེར་ན་གསེར་དང་གཟུགས་བརྙན་འདྲ། །བདེར་གཤེགས་སྙིང་པོས་འགྲོ་ཀུན་ཁྱབ། །གཟུངས་སྔགས་ཞེས་སུ་ང་ཡི་བཤད། །སྙིང་པོ་དོན་གྱི་སྔགས་གཅིག་ཡིན། །གསང་སྔགས་དག་གི་ངོ་བོ་ནི། །ཤེས་རབ་སྙིང་རྗེ་གཉིས་སུ་མེད། །རིག་སྔགས་དག་གི་ངོ་བོ་ནི། །ཤེས་རབ་ཡེ་ཤེས་གཉིས་སུ་མེད། །གཟུངས་སྔགས་དག་གི་ངོ་བོ་ནི། །ཤེས་རབ་ཏིང་འཛིན་གཉིས་སུ་མེད། །སྙིང་པོ་དོན་དུ་སྔགས་གསུམ་གཅིག །ཤེས་སྐྱོབ་ཕྱིར་ན་སྔགས་ཞེས་བྱ། །སྙིང་པོ་རང་བྱུང་སྔགས་ལས་ནི། །གཞི་ནས་བག་ཆགས་སེལ་བ་དང་། །མ་རིག་རྟོག་པ་སེལ་བ་དང་། །འཕྲལ་བྱུང་ཉོན་མོངས་སེལ་བར་གཅིག །རང་བྱུང་ཆེན་པོ་སྔགས་གཅིག་ཡིན། །ཞེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། སྙིང་པོ་དོན་གྱི་སྔགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད། །སྙིང་པོ་རིན་ཆེན་ཕྱག་རྒྱ་ནི། །སྙིང་པོ་དུས་གསུམ་འགྱུར་བ་མེད། །ཕྱག་རྒྱ་ཆེན་པོའི་ངོ་བོ་གཅིག །སྙིང་པོ་འཆོས་པས་འདས་པ་མེད། །ཕྱག་རྒྱ་ཆེན་པོའི་ངེས་ཚིག་གཅིག །ཕྱག་རྒྱ་བཞི་དང་རྩ་ལྔ་ཧཱུཾ། །ཆོས་དང་བྲལ་བའི་སྙིང་པོ་སྐུ། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་གཅིག །རང་བྱུང་རང་གདངས་ཡེ་ཤེས་ལྔ། །དམ་ཚིག་ལོངས་སྐུའི་ཕྱག་རྒྱ་གཅིག །རང་བྱུང་རང་སྤྲུལ་འགགས་པ་མེད། །སྤྲུལ་སྐུ་ཆོས་ཀྱི་ཕྱག་རྒྱ་གཅིག །སྙིང་པོ་རང་བྱུང་རང་འགྱུ་སྣང་། །སྣ་ཚོགས་ལས་ཀུན་དེ་ཡིས་བྱེད། །མ་རིག་ཡེ་ཤེས་འཁོར་འདས་ལས། །སྙིང་པོ་ལས་ཀྱི་ཕྱག་རྒྱ་གཅིག །སྙིང་པོ་ཕྱག་རྒྱ་ཀུན་གྱི་གཞི། །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སྙིང་པོའི་ངང་ནི་ནམ་


DNG005_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་བཞིན། །ཕྱག་རྒྱའི་དཔེ་ནི་རྒྱལ་པོའི་བཀའ། །རྒྱས་བཏབ་དེ་ལས་འདའ་མི་སྲིད། །གསང་སྔགས་སྙིང་པོ་ཡེ་ཤེས་ཡིན། །དེས་ན་འགག་མེད་ཤེས་བ་ཤེས་རབ་ཡིན། །སྙིང་པོ་ཆོས་མིན་འགྱུར་མེད་ཀྱང་། །ཐུགས་རྗེ་ཕྱག་རྒྱ་འགག་མེད་གཅིག །འགྱུ་བ་རླུང་གི་ཡེ་ཤེས་ན། །མ་རིག་ཉོན་མོངས་ཆགས་སྡང་ཕྱག །ཆོས་མིན་རྒྱ་ལས་མ་འདས་སོ། །འགྱུ་བ་རླུང་གི་གཏི་མུག་ན། །རང་རིག་ཡེ་ཤེས་རང་གྲོལ་ཕྱག །སྙིང་པོའི་ཆོས་ཅན་རྒྱ་ཡིས་འཐུམས། །དེ་བས་ཆོས་ཅན་ཆོས་ཉིད་གཅིག །གཅིག་ལ་ལས་སུ་རུང་བར་གྱིས། །ཞེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། ཕྱག་རྒྱའི་ལེའུ་སྟེ་བཅུ་གཉིས་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད། །སྙིང་པོ་དོན་གྱི་གསང་རྒྱུད་ནི། །དོན་གྱི་རྒྱུད་དང་ཚིག་གི་རྒྱུད། །སྙིང་པོ་རང་བྱུང་ཀློང་ན་གཅིག །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །བདེ་བར་གཤེགས་པའི་ཐུགས་རྒྱུད་དེས། །ཁམས་གསུམ་སྙིང་པོ་འགྲོ་དྲུག་ཁྱབ། །དོན་གྱི་རྒྱུད་ཆེན་ཁྱད་པར་མེད། །སྙིང་པོ་རང་བྱུང་གསུང་ཚིག་བཞི། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །སེམས་ཅན་ཀུན་གྱི་སྐད་དུ་ཧཱུཾ། །ཚིག་རྒྱུད་སྙིང་པོ་ཁྱད་པར་མེད། །སངས་རྒྱས་སེམས་ཅན་འདྲེལ་པ་ཧཱུཾ། །ཧཱུཾ་གི་ཀློང་དུ་ཆོས་ཀུན་རྫོགས། །རྫོགས་པའི་ཀློང་དུ་ཀུན་ཀ་ཚང་། །སྙིང་པོའི་ཀློང་དུ་ཆོས་ཀུན་འཁྲུངས། །རང་བྱུང་ཧཱུཾ་ལ་ཕུན་སུམ་ཚོགས། །ལྟ་སྒོམ་སྤྱོད་པ་དབང་ལ་སོགས། །སྙིང་པོ་རྒྱུད་ཀྱི་ལྡང་ཚད་གཅིག །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུར་བརྒྱུད། །རྡོ་རྗེ་འཆང་གསུམ་བརྒྱུད་མ་ཆད། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །གཉིས་མེད་གཉིས་སུ་མེད་པར་སྟོན། །འཁོར་འདས་གཉིས་པོ་རྒྱུད་མ་ཆད། །རྒྱུད་ཆེན་སྙིང་པོ་ཀུན་གཞིར་གཅིག །ཅེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་


DNG005_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་རྒྱད་ལས། རྒྱུད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད། །སྤྱི་ལུང་སྙིང་པོ་རང་བྱུང་བསྟན། །བླ་མེད་སྙིང་པོ་སྤྱི་གཞི་འདི། །ལུང་ཆེན་ཀུན་གྱི་ལུང་དུ་གཅིག །ལུང་ནི་ཟིན་སླ་བཀྱེར་བར་བདེ། །རང་བྱུང་སྙིང་པོ་སྤྱི་ཆོས་ཧཱུཾ། །གང་གི་སྒོ་ནས་འཇུག་སྤྱོད་ཀྱང་། །སྤྱི་ཆོས་འདི་ལ་བརྟེན་ཏེ་སྤྱོད། །ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཚིག་སྒོ་ཐམས་ཅད་ཧཱུཾ་ལས་བྱུང་། །ངེས་པར་སྨྲ་བ་རྫུན་གྱི་ཚིག །གཅིག་ལས་ཐམས་ཅད་སྨྲ་བ་ཧཱུཾ། །སྨྲ་བར་མི་བྱེད་རྒྱུ་མེད་ཕྱིར། །གང་སྣང་འཁྲུལ་པ་ཡིན་པས་ཆོག །མིང་མེད་ཡུལ་དང་བྲལ་བ་ན། །ཉེས་ཟད་ལུང་དུ་དེ་ཟད་དོ། །དོན་གྱི་ལུང་དང་ཚིག་གི་ལུང་། །དོན་གྱི་ལུང་ནི་སྙིང་པོ་བཞི། །མི་འགྱུར་ཆོས་མིན་གཉིས་མེད་ཧཱུཾ། །ཚིག་གི་ལུང་ལ་བསམ་མི་ཁྱབ། །དྲང་དོན་ངེས་དོན་མདོ་རྒྱུད་སོགས། །ཐེག་པ་ཕྱི་ནང་སྟོན་པའི་བཀའ། །ཞལ་ནས་གསུངས་པ་དམ་པའི་ཆོས། །རང་བྱུང་སྙིང་པོ་བཀྱེ་བ་བདེ། །རང་བྱུང་དཔའ་བོ་ཀུན་ནས་འདྲེལ། །ཟིན་པར་སླ་ལ་བཀྱེར་བར་བདེ། །རྒྱལ་པོའི་བཀའ་དང་སྣོད་སྤྱད་ལུང་། །མཚོན་པའི་དཔེ་རུ་ཤེས་པར་གྱིས། །དོན་མཚོན་ཡིད་ཆེས་ལུང་ཞེས་བྱ། །བདེ་གཤེགས་དགོངས་པ་ཐུགས་རྗེ་ནས། །འགྲོ་དྲུག་སྡུག་བསྔལ་ཉོན་མོངས་ཀུན། །ལས་དང་རྣམ་སྨིན་ཅིར་སྣང་ཡང་། །སྙིང་པོ་དོན་གཅིག་འགྱུར་བ་མེད། །བརྒྱལ་དང་ར་རོ་བག་མེད་ཀྱང་། །སྙིང་པོའི་རང་བཞིན་འགྱུར་བ་མེད། །དཔེར་ན་གསེར་དང་གཟུགས་བརྙན་འདྲ། །སྙིང་པོ་ལུང་གཅིག་གང་ཡང་ཡིན། །ཞེས་གསུངས་སོ། །སྙིང་པོ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། ལུང་གི་ལེའུ་སྟེ་བཅུ་བཞི་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད། །སྙིང་པོ་དོན་གྱི་མན་ངག་འདི། །ལོ་རྒྱུས་རྩ་བ་ཚིག་དོན་དང་། །ཡོ་ག་དགོས་ཆེད་ལྔ་པོ་གཅིག །རྡོ་རྗེ་འཆང་བ་དང་པོ་བར། །རིག་འཛིན་བླ་མས་མཛུབ་ཚུག་བསྟན། །ལོ་རྒྱུས་ཡིད་ཆེས་སྙིང་པོ་གཅིག །རྩ་བ་སྙིང་པོ་རང་


DNG005_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ། །ཆོས་ཅན་ཆོས་ཉིད་འཁོར་འདས་དང་། །ཕྱི་པ་ནང་པ་ཐེག་པའི་སྒོ། །སྙིང་པོ་གཞི་ལས་གྱེས་མདོ་གཅིག །ཚིག་དོན་སྙིང་པོའི་བྱིན་རླབས་དེ། །རྡོ་རྗེ་འཆང་གསུམ་བཤད་ལུགས་ལ། །མཚོན་བྱེད་ཚིག་གི་སྙིང་པོ་བསྟན། །རང་བྱུང་སྙིང་པོ་གདམས་ངག་གཅིག །ཡི་གེ་དོན་གྱི་སྙིང་པོ་བསྟན། །རང་རང་ཐེག་པ་ལ་ཤན་དབྱེ། །སྙིང་པོ་འདི་རུ་ཆོས་ཉིད་གཅིག །རྩ་བ་སྙིང་པོ་རང་བྱུང་གཅིག །དགོས་ཆེད་སྙིང་པོ་སྤྱི་གཞི་འདི། །འགྲོ་དྲུག་ཐེག་པ་ཁ་འཐོར་ནས། །འབྱུང་བའི་དོན་དུ་རང་བྱུང་ཧཱུཾ། །འཁྲུལ་པ་བཟློག་པ་སྙིང་པོ་གཅིག །དོན་གྱི་ཆོས་ཉིད་སྤྱི་གཞི་འདི། །ཁོང་ནས་གབ་སྦས་དོན་འབྱིན་པ། །ཉག་གཅིག་སྙིང་པོ་བསྟན་པ་ཡིན། །རྡོ་རྗེ་འཆང་བའི་གསུང་གི་མཛོད། །ཚིག་གི་དོན་གྱིས་དོན་ལ་སྦྱར། །ཞལ་ནས་གསུངས་པའི་རྒྱུད་ལུང་ཀུན། །མ་ནོར་ཁྲིགས་སུ་དོན་ལ་བཏབ། །གསལ་འདེབས་ཡི་གེའི་རིས་སུ་བཀོད། །ཚིག་དོན་གསལ་བར་བྱེད་པ་ཡིན། །ཚེགས་ཆུང་དོན་ཆེ་སྙིང་པོ་འདི། །གང་དང་ཅི་ཡང་ལས་རུང་བས། །ངེས་ཚིག་གཏན་ཚིགས་སྙིང་པོ་ཧཱུཾ། །བླ་མ་སློབ་བུ་མ་བུ་འདྲ། །སྤྱིར་ན་རྒྱུད་ལུང་མན་ངག་གསུམ། །རྗེ་དང་བློན་པོ་འབངས་གསུམ་འདྲ། །བླ་མའི་བརྒྱུད་པ་བར་མ་ཆད། །དེ་ཡི་ལུང་ཐོབ་བཀའ་བཞིན་བསྒྲུབ། །བུམ་པའི་ཆུ་བཞིན་མན་ངག་ཐོབ། །དེ་ལ་དེ་བསྟན་དེ་ཡང་ཐོབ། །སྙིང་པོ་དོན་གྱི་མན་ངག་གཅིག །ཅེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། མན་ངག་གི་ལེའུ་སྟེ་བཅོ་ལྔ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད། །སྙིང་པོ་དོན་གྱི་ལྟ་བ་ནི། །ཅི་ཡང་ཡིན་ནོ་གང་རུང་ཡང་། །ཕྱོགས་དང་བྲལ་བས་ནམ་མཁའ་འདྲ། །སྙིང་པོ་རང་བྱུང་ཀློང་ཡངས་པས། །དགག་སྒྲུབ་མེད་པའི་ཆོས་མིན་ཡིན། །ཡུལ་མེད་མིང་མེད་གཅིག་ཀྱང་མེད། །རང་བྱུང་རང་སྣང་རྩོལ་བསྒྲུབ་མེད། །གསལ་མེད་སྟོང་མེད་ཆོས་ལས་འདས། །


DNG005_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཧཱུཾ་གི་ལྟ་བ་ཡིན། །ཐིག་ལེ་ཉག་གཅིག་སྙིང་པོ་དང་། །གང་སྣང་གྲོགས་སུ་ལྷོངས་པར་བྱ། །རིན་ཆེན་འཕྲུལ་གྱི་སྙིང་པོ་བསྒོམ། །མ་ཡེངས་གནད་དུ་ཧཱུཾ་དང་འགྲོགས། །ཕྱི་རླུང་སྡོམ་ལ་ནང་རླུང་ཟུང་། །ལུས་སྲོག་ཡན་ལག་སྙིང་ག་འཁལ། །དཀར་དམར་རླུང་བསྡམ་ཚངས་བུག་གཏོད། །མཁའ་ལ་འབྲུ་ཚུགས་བཙན་ཐབས་གནད། །རྡོ་རྗེ་པདྨ་རྩ་ཁ་ནས། །དཀར་དམར་རྩ་རབ་དྷཱུ་ཏི་རྩི། །འདུད་པ་ལྔ་ནི་སྒོ་ཐབས་ལྔ། །ཕྱེད་པར་ཕྱེ་ལ་འདྲིས་པར་གྱིས། །གྱེན་དང་ཐུར་དང་ཐད་ཀ་གསུམ། །ལྟ་སྟངས་ཞི་ཁྲོ་སེམས་དཔའི་གནད། །མ་ཚུད་གཞུང་དང་ཐག་པ་སྟེ། །ཡ་ང་གཡང་དང་བཅས་པས་ཚུད། །འགྱུས་དྲན་འཛིན་ཆགས་ཡེངས་པ་མེད། །གང་སྣང་གར་འགྱུས་ལམ་སློངས་ཤིང་། །གཉིད་དང་ར་རོ་གཡེང་བ་ཀུན། །ཁྱད་པར་མེད་ན་བསྒོམ་པ་གཅིག །རང་རང་ཉམས་མྱོང་ང་རྒྱལ་གནོད། །དགེ་སྡིག་འཁྲུལ་ཆོས་ལམ་དུ་སློངས། །བར་མེད་འཕྲོ་མེད་འབྲལ་བ་མེད། །ལོག་རྡུག་འདོད་པའི་རོ་མི་ལྡན། །དགྲ་སྡང་ཆགས་གཉེན་ངོས་མི་འཛིན། །སྐྱེས་བུ་ནད་ཀྱིས་གཟིར་བ་འདྲ། །བུ་ཤི་མ་ཡི་སེམས་ལས་བཞིན། །ཡེངས་པ་མེད་ན་སྤྱོད་པ་གཅིག །སྙིང་པོ་རྒྱུན་ཆགས་སྤྱོད་པ་གཅིག །ཅེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། ལྟ་སྒོམ་སྤྱོད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད། །སྙིང་པོ་ཆོས་མིན་གྲུབ་མཐའ་གཅིག །སྐུ་གསུམ་ཆོས་སྐུའི་ངང་དུ་གཅིག །འབྱུང་ལྔ་ནམ་མཁའི་ངང་དུ་གཅིག །སངས་རྒྱས་ཐམས་ཅད་དགོངས་པ་གཅིག །དཔེར་ན་རྒྱ་མཚོར་ཆུ་བྲན་འདུས་པ་འདྲ། །གདུལ་བྱའི་དོན་དུ་སྐུར་བསྟན་པ། །རྒྱ་མཚོར་གཟའ་སྐར་ཤར་བ་འདྲ། །རྡོ་རྗེ་འཆང་གསུམ་ཆོས་མིན་སྐུ། །སྙིང་པོ་ཆོས་མིན་ཆོས་ཀྱི་སྐུ། །ཐམས་ཅད་འདུས་པའི་འབྲས་བུ་གཅིག །ཡུལ་སྣང་ཡངས་པ་ཡེ་ཤེས་རྒྱས། །རང་རིག་ཡེ་ཤེས་ཆོས་ཀྱི་སྐུ། །དང་པོའི་རྡོ་རྗེ་འཆང་དུ་གྲགས། །


DNG005_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཆོས་མིན་ཆོས་ཀྱི་སྐུ། །མཛད་པ་མེད་པའི་བྱིན་རླབས་ནི། །རྩོལ་བ་མེད་པ་སྐུ་ཉིད་འབྱུང་། །ཐིག་ལེ་ཆོས་མིན་ལོངས་སྤྱོད་སྐུ། །སོ་སོའི་རིགས་ཀྱི་འབྲས་བུར་སྣང་། །སྐུ་ལྔ་ཡེ་ཤེས་སྒྱུ་མ་ལྔ། །འོད་གསལ་རིགས་ལྔ་མཚན་རྫོགས་སྐུ། །རྡོ་རྗེ་འཆང་བ་མཚན་མ་ཡིན། །དོན་ཉིད་གཟིགས་ཀྱང་ཤེས་བྱ་འཕྲང་། །འོད་ཟེར་དཔག་མེད་ཡུམ་དང་སྲས། །མ་བསྐྱེད་དཀྱིལ་འཁོར་ཡོངས་རྫོགས་གཅིག །སྣ་ཚོགས་ཆོས་མིན་སྤྲུལ་པའི་སྐུ། །སྐུ་གསུང་ཐུགས་ཀྱི་འབྲས་བུར་སྣང་། །རང་བྱུང་རང་སྣང་ཡེ་ཤེས་སྐུ། །སྣ་ཚོགས་སྤྲུལ་པས་སྣ་ཚོགས་འདུལ། །རྡོ་རྗེ་འཆང་བ་ཐ་མ་སྟེ། །མཛད་པའི་ལས་རྣམས་འགྲོ་དོན་བྱེད། །གང་ལ་ཅིས་འདུལ་སྤྲུལ་པ་འགྱེད། །སྣ་ཚོགས་ཐེག་པའི་བློ་དང་སྦྱོར། །སྙིང་པོ་རང་བྱུང་དཔའ་བོ་ཧཱུཾ། །སྙིང་པོ་ཏིལ་དང་མར་བཞིན་དུ། །ཡོངས་སུ་ཁྱབ་པའི་སྒྲ་སྒྲོགས་ཏེ། །རྩ་རླུང་ཡེ་ཤེས་རང་བྱུང་སྟོན། །སྙིང་པོ་གྲུབ་པའི་མཐའ་གཅིག་ཡིན། །ཞེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། གྲུབ་མཐའི་ལེའུ་སྟེ་བཅུ་བདུན་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད། །སྙིང་པོ་ཆོས་མིན་སྐུ་གསུམ་ལས། །ཐུགས་རྗེ་ཡེ་ཤེས་རང་བྱུང་བསྟན་པ་ནི། །དཔེར་ན་སྟོན་ཀའི་ཉི་མ་སྤྲིན་དང་ཆར། །བྱིན་གྱི་རླབས་ཀྱིས་འབྱུང་བ་ཡིན། །ལུས་དང་ཡན་ལག་ཉིང་ལག་བཞིན། །ལུས་དང་དབང་པོ་རྣམ་ཤེས་འདྲ། །ཆོས་སྐུ་ནམ་མཁའ་ལུས་དང་ཉིད། །ཆོས་སྐུ་ཆོས་མིན་རྡོ་རྗེ་འཆང་། །གཡོས་པ་མེད་པའི་མྱ་ངན་འདས། །མཛད་པ་མེད་པའི་བྱིན་རླབས་འབྱུང་། །ལོངས་སྐུ་འོད་དང་སྤྲིན་དང་ཡིན། །སྤྲིན་འདུས་འོད་གསལ་ཡན་ལག་ལྔ། །ཐིག་ལེ་ཆོས་མིན་རྡོ་རྗེ་འཆང་། །སྤྲུལ་སྐུ་ཆར་དང་ཟེར་དང་ཉིང་ལག་འདྲ། །གང་ལ་གང་མོས་ཅི་ལ་ཅིས་འདུལ་བཞིན། །མཛད་པའི་ཕྲིན་ལས་འགྲོ་དོན་སྣ་ཚོགས་མཛད། །ཐེག་པ་སྣ་ཚོགས་རྡོ་རྗེ་འཆང་། །ལུས་ངག་ཡིད་གསུམ་དགེ་བཅུར་འཛུད། །ཡི་གེ་འབྲི་ཀློག་ལ་སོགས་ཏེ། །རྒྱུ་དང་ཡེ་ཤེས་ཚོགས་ལ་བསྐུལ། །དབང་པོ་རབ་འབྲིང་ཐ་མ་ལ། །རང་རང་བློ་དང་སྦྱར་ཏེ་འཁྲིད། །བླ་མེད་སྙིང་པོ་


DNG005_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསང་འདི། །དེ་ལ་གདུང་བཞིན་བསྙེན་བསྒྲུབ་བཞི། །དམ་ཚིག་རྣམ་གསུམ་སྐུ་གསུང་སྐུ། །ཡན་ལག་བཅུ་གཉིས་གསང་སྔགས་དོན། །ཕྲིན་ལས་རྣམ་བཞི་འགྲོ་བའི་དོན། །མཆོད་པའི་བྱེ་བྲག་ཕྱི་ནང་གསུམ། །སྒྲུབ་པའི་ཁྱད་པར་ཐེག་པའི་ཁྱད། །སྙིང་པོ་རྣམ་གསུམ་བསྡུས་རྒྱས་དང་། །སྐུ་གསུམ་གྲུབ་མཐའ་འབྲས་བུ་དང་། །ལྔ་ལྡན་གསུམ་ཚན་གཅིག་ངོ་སྤྲད། །སྲོག་དང་སྙིང་པོའི་མཐར་ཐུག་ཡིན། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །སྐུ་གསུམ་འགྲོ་དོན་མཐའ་ལ་སྐྱེལ། །ཞེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས།) ཐུགས་རྗེ་དགེ་བཅུ་རང་གཞུང་གི་ལེའུ་སྟེ་བཅོ་བརྒྱད་པའོ།། །དེ་ནས་རྡོ་རྗེ་དྲག་མོ་དང་། །མཁའ་འགྲོའི་ཚོགས་དང་སེམས་དཔའ་བཞིས། །རྡོ་རྗེ་འཆང་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །འོག་མིན་འདུས་པའི་འཁོར་རྣམས་ལ། །སྙིང་པོ་དཔའ་བོ་གཅིག་བསྒྲུབ་དང་། །མཁའ་འགྲོ་མ་མོར་རྒྱུད་མཚན་དང་། །བསྟན་པ་འཆར་དུས་གཏད་པ་གསུངས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་ཁྱེད། །དཔའ་བོ་གཅིག་བསྒྲུབ་ང་ཡིས་བསྟན། །མཎྜལ་གཅིག་དང་བུམ་པ་གཅིག །གཏོར་མ་གཅིག་དང་རཀྟ་གཅིག །བདུད་རྩི་གཅིག་དང་མེ་མར་གཅིག །ཤེས་རབ་ཅན་གྱིས་སྒྲུབ་པར་གྱིས། །བཀྲ་ཤིས་དབེན་པའི་ས་ཕྱོགས་སུ། །དང་པོ་བླ་མ་མཉེས་བྱས་ལ། །མཎྜལ་ཁྲག་གིས་ཆག་ཆག་གདབ། །ཟླུམ་པོ་སྒོ་བཞི་ཕོ་བྲང་གཅིག །རང་བྱུང་ཧཱུཾ་བྲིས་ཚོན་ལྔས་བསྐོར། །རྡོ་རྗེ་འཆང་གི་དཀྱིལ་འཁོར་ཆགས། །བུམ་པ་མཐིང་ག་འོ་མ་དང་། །སྨན་དང་དྲི་དང་རིན་ཆེན་དང་། །སྙིང་པོ་འབྲུ་དང་བཅས་པ་གཅིག །ཁ་རྒྱན་རྩ་གཅིག་ལོ་མ་ཡག །ལྔ་སྒྲིལ་གཟུངས་ཐག་གཅིག་བཏགས་ཏེ། །གཙང་མའི་རས་ཀྱིས་མགུལ་བཅིངས་ལ། །མཎྜལ་ཕོ་བྲང་དབུས་སུ་བཞག །མཚན་ལྡན་ཡ་རབས་ཐོད་པ་རུ། །འབྲུ་བཤོས་ཤ་ཆེན་གཏོར་མ་གཅིག །ཁྲག་ཆེན་མེ་ཏོག་མཐིང་གས་བརྒྱན། །དཀྱིལ་འཁོར་དེ་ཡི་གཡས་སུ་བཞག །བུད་མེད་མཚན་ལྡན་ཐོད་པ་རུ། །


DNG005_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཆུང་རྡོལ་བའི་མངལ་ཁྲག་དང་། །སྐྱེས་པ་དར་མའི་ཁྲག་དང་ནི། །ཅེ་སྤྱང་ཁྲག་ནི་རབ་ཡིན་ཏེ། །ཁྲག་སྣ་རྙེད་ཚད་ཐ་མའོ། །མཎྜལ་དེ་ཡི་གཡོན་དུ་བཞག །ཐོད་པ་རིན་ཆེན་བུམ་པ་རུ། །གསུམ་བསིལ་འབྲུ་ཡི་ཁུ་བ་ཡི། །བདུད་རྩི་སྨན་མཆོག་སྩལ་བ་ནི། །སྒྲུབ་པོ་དག་གི་མདུན་སྟེགས་བཞག །དྲག་པོ་ལྕགས་ཀྱི་ཀོང་བུ་རུ། །ཕོ་མོ་དར་མའི་ཞུན་བླུགས་ལ། །རོ་རས་དྲི་མེད་སྡོང་བུ་གཟུག །སྟེགས་མཐོར་བུམ་པའི་རྒྱབ་ཏུ་བཞག །ཚོགས་དང་མཆོད་རྫས་ལྡན་པ་བསྒྲུབ། །ཐམས་ཅད་འདུས་པ་ཀུན་གྱི་ལས། །ཆོས་མིན་སྙིང་པོ་རང་བྱུང་འདི། །ཆོས་སྐུའི་ཞལ་གཟིགས་ལོངས་སྐུར་གསལ། །སྤྲུལ་སྐུའི་ལུང་སྟོན་འབྱུང་བར་ངེས། །དཔའ་བོ་གཅིག་སྒྲུབ་དེ་ལྟར་བསྒྲུབ། །ཅེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། རང་བྱུང་གཅིག་བསྒྲུབ་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད། །ཕོ་བསྒྲུབ་མོ་བསྒྲུབ་སྔགས་ཀྱིས་དབྱེ། །སྔགས་ནི་ཕོ་མོ་རང་རང་འཛབ། །དཔའ་བོ་གཅིག་འཛབ་ཕོ་ལྟར་བསྒྲུབ། །མཁའ་འགྲོའི་གླུ་ལྔ་མོ་ལྟར་བསྒྲུབ། །ཕྱི་ལྟར་དཀྱིལ་འཁོར་བརྡའ་རུ་བརྟག །ནང་ལྟར་རྩ་རླུང་ཐིག་ལེའི་ཆོས། །གསང་བ་འགྱུ་བ་ཚིག་དེས་བྱེད། །རང་བྱུང་ལུས་ཀྱི་དཀྱིལ་འཁོར་ལ། །ཕོ་མོ་ཡབ་ཡུམ་མཐའ་དག་རྫོགས། །སྙིང་པོའི་འགྱུ་བ་རང་བྱུང་ལ། །འཁོར་འདས་ཡེ་ཤེས་ཉོན་མོངས་འབྱུང་། །ཉོན་ཅིག་མཁའ་འགྲོ་མ་མོ་ཁྱེད། །ནམ་མཁའ་སྟོང་པའི་ཀློང་ཡངས་ལ། །འབྱུང་བ་བཞི་པོ་འགྲོ་བར་བྱེད། །ཀུན་གྱི་གཞི་མ་ནམ་མཁའ་ཡིན། །དོན་གྱི་སྙིང་པོ་འདི་ལ་སྦྱོར། །སྤྱི་གཞི་ལུས་ཀྱི་ཁོག་པ་ལས། །ཡན་ལག་དབང་པོ་རྣམ་ཤེས་འགྲོ། །ཀུན་


DNG005_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཞི་མ་རྩ་དང་རླུང་། །སྙིང་པོ་འགག་མེད་རང་ལ་སྦྱོར། །སྤྱི་ཏི་སྙིང་པོའི་མཁའ་ཀློང་ལ། །གཞི་རླུང་འགྱུ་བ་འགག་མེད་གྲོགས། །གར་ཡང་ཐོགས་མེད་མ་ཐོགས་གྲོགས། །ཡང་དག་ལ་བཟླ་མཁའ་འགྲོ་ཡིན། །འབྱུང་བ་མ་མོ་མཁའ་འགྲོ་ཡིན། །ས་ཆུ་མེ་རླུང་མ་བྲན་འདྲ། །སྤྱི་གཞི་མཁའ་ལ་ཀུན་གཞི་མོ། །འབྱུང་བ་ལྔ་ནི་མ་མོ་ཡིན། །ལུས་ནི་མ་ལ་ཡན་ལག་མོ། །དབང་པོ་ཉིང་ལག་མ་བྲན་འདྲ། །རི་རབ་ལུས་དང་ཕྱི་ནང་རྩི། །སྲིད་པའི་རྒྱལ་མོ་མ་མོ་ཆེ། །མ་མོ་འབུམ་སྡེ་གྲངས་མེད་ཀྱང་། །དམན་མོ་ལྔ་བཅུ་རྩ་བརྒྱད་འདུས། །དེ་ཡང་མཁའ་འགྲོ་སུམ་ཅུ་གཉིས། །དེ་ཡང་དབང་ཕྱུག་ཉི་ཤུ་བརྒྱད། །རྗེ་མོ་བཅུ་བཞི་ཡུམ་ཆེན་དྲུག །མཁའ་འགྲོ་སྡེ་བཞི་སྲིད་རྒྱལ་མོ། །སྲིད་པའི་རྒྱལ་མོ་ཞལ་མཐོང་ན། །སྣང་སྲིད་མ་མོ་ཐམས་ཅད་གཟིགས། །ཕྱི་ལྟར་རི་རབ་གླིང་བཞི་མཚོན། །ནང་དུ་རྩ་རླུང་ཐིག་ལེའོ། །དམན་མོ་ལྔ་བཅུ་རྩ་བརྒྱད་ཀྱང་། །འཁོར་ལོ་རྩ་མདུད་རྣམ་ལྔ་ལ། །རྩ་འདབ་བརྒྱད་བརྒྱད་སྟེང་འོག་གཉིས། །མཐའ་གཉིས་མེད་པས་ལྔ་བཅུ་བརྒྱད། །ལུས་ཀྱི་འཁོར་ལོ་སྤྱི་བོ་མཁའ། །གྱེས་པའི་རྩ་འདབ་སུམ་ཅུ་གཉིས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་རླུང་། །མཁའ་འགྲོ་མ་ཡི་ཆ་འཛིན་ནོ། །སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ནི། །ཕ་རྩ་ཐིག་ལེ་ཞུགས་པ་དབང་། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཚོགས་འཁོར་ཏེ། །མ་དང་བྷྱོ་ཡི་ཚུལ་དུ་གནས། །མགྲིན་པ་ལོངས་སྤྱོད་ཐབས་ཤེས་བཞག །བཞི་བཅུ་རྩ་དང་རྩ་བྲན་ཧཱུཾ། །ཡེ་ནས་སྙིང་པོ་ཀུན་སྐྱེད་བྱེད། །རྗེ་མོ་བཅུ་བཞིའི་ཚུལ་དུ་གནས། །རྣམ་ཤེས་ཚོགས་དྲུག་རྩ་བའི་ཚུལ། །མཚན་ཉིད་འཛིན་པ་ཧཱུཾ་ལས་མ། །ཡབ་ལས་ཡུམ་ནི་དགྱེས་བྱེད་འདྲ། །དབྱིངས་ཀྱི་ཡུམ་དྲུག་ཚུལ་དུ་གནས། །སྙིང་ནས་རྩ་བཞི་ཡིག་འབྲུ་བཞི། །དྭངས་མ་འོད་


DNG005_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གདངས་སུ་གནས། །ཐིག་ལེ་ཧཱུཾ་དང་སྙིང་པོ་མ། །རླུང་བཞི་འོད་དང་ཆས་ནས་འགྲོ། །སྙིང་པོ་རང་བྱུང་ཧཱུཾ་ལས་སྲིད། །སྲིད་པའི་རྒྱལ་མོ་ཀུན་འདུལ་མ། །སྤྱི་གཞི་སྙིང་པོ་ཧཱུཾ་གི་གཞི། །སྣ་ཚོགས་ཆོས་རྣམས་སྲིད་པ་ཡིན། །ཞེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། མཁའ་འགྲོ་མའི་ལེའུ་སྟེ་ཉི་ཤུ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད། །སྡེ་བརྒྱད་ལྷ་སྲིན་སྙིང་པོའི་རྩལ། །འབྱུང་བ་འབྱུང་ཕྲན་ནམ་མཁའི་ཀློང་། །ཆོས་སྐུ་སྙིང་པོ་ཀུན་གཞི་ལ། །ལོངས་སྐུ་རང་བྱུང་འགག་མེད་གདངས། །སྤྲུལ་སྐུ་རང་སྣང་ཚོགས་གཉིས་སྟོན། །ཐུབ་དྲུག་སྲིད་པའི་བོན་ཆོས་སྨན། །མོ་བཟོ་ལྷ་སྲིན་དྲུག་ཏུ་སྤྲུལ། །གདུལ་བྱ་རེ་རེས་མངོན་རྟགས་བསྟན། །སྐུལ་འདེབས་ལྷ་སྲིན་སྡེ་བརྒྱད་ནི། །གླིང་བཞི་རི་རབ་རྒྱ་མཚོ་ཀུན། །ཕྱི་རྟེན་རང་རང་ཆོས་མཐུན་རྟེན། །བརྡའ་རུ་ཕྱི་རབས་རྗེས་འཇུག་ལ། །ཡང་དག་སྙིང་པོ་ཡིན་ཕྱིར་བསྟན། །གདུལ་བྱ་ཕྱི་ལྟར་དགྱེ་བ་ཡིན། །ལུས་དང་རྣམ་ཤེས་དོན་སྙིང་དང་། །ཡན་ལག་རྩ་རླུང་ཉིང་ལག་ལ། །ནང་རྟེན་རང་རང་ཆོས་མཐུན་ཡོད། །རིགས་དྲུག་ཐུབ་དྲུག་ལུས་ལ་གནས། །སྤྱི་བོའི་རྩ་གྱེས་ཉེ་དབང་ལྷ། །སུམ་ཅུ་རྩ་གཉིས་བརྒྱ་བྱིན་གཙུག །ལྷ་དང་ཐུབ་པ་བསམ་པ་སྟེ། །ལུས་ཀྱི་རི་རབ་སྟེང་དང་མཐུན། །མགྲིན་པ་རྩོད་པའི་སྒོ་ལྡན་ནས། །ལྷ་མིན་ཐགས་བཟང་བཅས་པ་ཡིན། །སྙིང་ནི་རི་རབ་རྩ་བཞི་གླིང་། །ང་རྒྱལ་དགེ་སྡིག་ཤཱཀྱའི་མིང་། །ལྟེ་བ་སྲིད་པའི་རྒྱ་མཚོ་ན། །སྣ་ཚོགས་བྱོལ་སོང་སེང་གེ་བརྟན། །གསང་བ་འདོད་ཆགས་སྒྲིབ་པའི་ཡུལ། །ཡི་དྭགས་ཁ་འབར་ཆོས་མཐུན་ཡོད། །ཡན་ལག་དབང་པོ་རྣམ་ཤེས་ལ། །ཞེ་སྡང་


DNG005_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྦྱོར་རང་སྲེག་ཡུལ། །འདོད་ཡོན་ཆགས་སྡང་ཚ་གྲང་དང་། །རང་ལ་རང་གསོད་གླང་མགོ་སྲིད། །ལྷ་དང་ཀླུ་དང་གཤིན་རྗེ་ཀླུ། །གཟའ་དང་རྒྱལ་པོ་བདུད་དང་བཙན། །སྲིན་པོ་གནོད་སྦྱིན་མ་མོ་རྣམས། །མིང་དུ་ཐ་སྙད་དོན་དུ་ཧཱུཾ། །སྤྱི་གཞི་སྙིང་པོ་རང་བྱུང་ངོ་། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་དང་རྣམ་ཤེས་དང་། །ཀུན་གཞི་རྣམ་ཤེས་ཚོགས་བརྒྱད་ནི། །མཚན་འཛིན་རང་གནས་སྡེ་བརྒྱད་དོ། །བརྟེན་པ་ལུས་ནི་སྤྱི་གཞི་ལ། །དོན་སྙིང་དང་ནི་རྩ་རླུང་ཁྲག །སྡེ་བརྒྱད་དངོས་པོར་ཡོད་པ་སྟེ། །མཁལ་མ་གླུ་ཡི་མཁར་ཡིན་ཏེ། །ཆུ་རྩ་རྒྱ་མཚོ་ཆེན་པོ་གནས། །མཚེར་པ་བདུད་ཀྱི་གནས་ཡིན་ཏེ། །ལྟག་པའི་བདུད་རྩ་ནག་པོར་འདྲེལ། །མཆིན་པ་བཙན་དང་གཤིན་རྗེའི་མཁར། །ཁྲག་མཚོ་སྲོག་པ་རྩ་དང་འདྲེལ། །གློ་བ་གནོད་སྦྱིན་མ་མོའི་མཁར། །ལས་རླུང་དབུགས་དང་འདྲེལ་པའི་རྩ། །སྙིང་ནི་གཟའ་དང་རྒྱལ་པོའི་མཁར། །ཀུན་ཁྱབ་རྒྱལ་པོ་འགྱུ་བའི་རྩ། །རྒྱལ་པོ་དཀར་ནག་གཉིས་ཡིན་ཏེ། །སྙིང་སྟོད་དཀར་མཐིང་གཉིས་ལ་གནས། །སྙིང་རྩ་གཟའ་ཡི་རླུང་རྩར་འདྲེལ། །ལྷ་དང་ཁྱབ་འཇུག་ཀླུ་དང་མ། །དབང་དུ་བསྡུ་བ་ཤིན་ཏུ་གཅེས། །ལྷ་ནི་དབང་ཕྱུག་ཆེན་པོ་སྟེ། །འགྱུ་བ་དབང་ཕྱུག་དབང་དུ་གྱིས། །དྲན་པས་དབང་དུ་འདུས་པ་ཡིན། །གཟའ་ནི་ཚངས་པ་ཁྱབ་འཇུག་སྟེ། །ཡིད་དང་འགྱུ་བས་ཁྱབ་ཅིང་འཇུག །རང་བྱུང་སྙིང་པོ་ངོ་ཤེས་ཚངས། །ཚངས་པའི་བུ་ག་འབྱོངས་ན་འཆར། །ཀླུ་རྒྱལ་ནོར་བུ་རིན་ཆེན་ནི། །འདོད་པའི་ཡོན་ཏན་ཐམས་ཅད་འབྱུང་། །སྙིང་པོ་ནོར་བུ་རིན་ཆེན་འདྲ། །རང་བྱུང་འོད་ཀྱི་ངོ་ཤེས་ན། །འདོད་པའི་དོན་འགྲུབ་རིན་པོ་ཆེ། །རྡོ་རྗེ་པདྨ་འབྱོངས་ན་ཕན། །གཞི་མ་སྙིང་པོ་ཧཱུཾ་ཡིན་པས། །སྲིད་པའི་རྒྱལ་མོ་མ་མོའི་གཙོ། །མཁའ་འགྲོ་བཞི་ནི་རྟག་


DNG005_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འཁོར། །འཁོར་བཞི་དབང་དུ་བསྡུ་བ་གཅེས། །ཆོས་ཉིད་གཞི་མ་སྙིང་པོ་མཁའ། །ནམ་མཁའི་ཀློང་བཞིན་འགྱུ་བ་འགྲོ། །ནམ་མཁའ་ཤུགས་འགྲོ་དྲན་པ་སོགས། །འཛིན་པ་གཟུང་འཛིན་ཏིང་འཛིན་གནད། །ཆགས་པ་རང་འདོད་ཉམས་མྱོང་གནད། །དྲན་པ་ཡེངས་མེད་སྤྱོད་པའི་གནད། །འགྱུ་བ་རང་བྱུང་ལྟ་སྟངས་གནད། །གནད་བཞི་ཤེས་པ་ལྟ་སྒོམ་གཟེར། །གཟེར་བཞི་ཐེབས་པས་མཁའ་འགྲོ་དབང་། །དབང་བཞི་ཐོབ་པས་འཕྲང་བཞི་སོལ། །འཕྲང་བཞི་སོལ་བས་འཁོར་བཞི་གྲོལ། །འཁོར་བཞི་གྲོལ་བས་བདུད་བཞི་བཏུལ། །བདུད་བཞི་ཐུལ་བས་ཡེ་ཤེས་བཞི། །ཡེ་ཤེས་རང་བྱུང་ཆོས་ཀྱི་དབྱིངས། །སྲིད་པའི་རྒྱལ་མོའི་ཞལ་དངོས་གཟིགས། །དབང་ཕྱུག་ཆེན་པོ་དབང་དུ་འདུས། །ཚངས་པ་ཆེན་པོས་ལུང་སྟོན་གནང་། །དགའ་བོ་འཇོག་པོའི་ནོར་བུ་ཐོབ། །རིགས་དྲུག་གཡང་ས་དེ་རུ་ཆོད། །འདའ་ཀའི་གཅན་འཕྲང་དེ་རུ་བསྒྲལ། །འཇིགས་པའི་བདུད་བཞི་དེ་རུ་ཆོམས། །སྡེ་བརྒྱད་ཆོ་འཕྲུལ་དེ་རུ་ཟད། །སྲིད་པའི་བོན་ལ་གྱེར་ས་མེད། །དམ་པའི་ཆོས་ལ་བཤད་ས་མེད། །འཚོ་བྱེད་སྨན་ལ་བཅོས་ས་མེད། །མཐོང་བྱེད་མོ་ལ་བལྟ་ས་མེད། །སོ་ནམ་བཟོ་ལ་བྱ་ས་མེད། །སྡེ་བརྒྱད་འདྲེ་ཡི་གནོད་ས་མེད། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདག་རིག་གཞན་རིག་ཐམས་ཅད་རིག །འབྱུང་བ་སྙིང་པོ་ཆོས་ལས་གྲོལ། །ཞེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། སྡེ་བརྒྱད་རང་གྲོལ་གྱི་ལེའུ་སྟེ་ཉེར་གཅིག་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད། །ང་ཡི་གདམས་པའི་ཆོས་རྒྱུད་འདི། །འབྱུང་བའི་རྒྱལ་པོ་ནམ་མཁའ་འདྲ། །རྒྱ་ཆད་ཕྱོགས་སུ་ལྷུང་བ་མེད། །རྒྱ་མཚོ་ཆེན་པོའི་


DNG005_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དང་འདྲ། །ཟབ་པས་གཏིང་མཐའ་ཆོད་པ་མེད། །ཟ་འོག་བེར་ཁྱིམ་རྒྱ་མཚོ་འདྲ། །གཅིག་ལ་མ་འདྲེས་ཀུན་ཀ་གསལ། །སྒྱུ་མ་མཁན་གྱི་རྩེད་མོ་འདྲ། །མེད་པར་སྣ་ཚོགས་སྟོན་པར་བྱེད། །ནོར་བུ་རིན་ཆེན་འཆང་བ་འདྲ། །ཐམས་ཅད་མི་འབྱུང་གང་ཡང་མེད། །རིན་ཆེན་གསེར་གྱི་གཟུགས་དང་འདྲ། །གཞི་ལ་འགྱུར་མེད་སྣ་ཚོགས་གཟུགས། །རིན་ཆེན་གསེར་གླིང་ཕྱིན་པ་འདྲ། །བོར་དུ་རུང་བ་གང་ཡང་མེད། །འཕྲུལ་གྱི་མེ་ལོང་གཡའ་དག་འདྲ། །ཡོད་དང་མེད་པ་སྔ་ཕྱིར་གསལ། །ག་པུར་ཙནྡན་དུག་ཉིད་འདྲ། །མཁས་ན་སྨན་དེ་མ་རིག་དུག །བརྡའ་རྟགས་སྒྲ་དང་དོན་བཞི་ཡིས། །ཆོས་ཉིད་ཤིག་ཐོག་མཛུ་གུ་འདྲ། །གཅིག་པར་བསྟན་པའི་གདམས་ངག་ནི། །ཟངས་ཀྱི་སྦུགས་སུ་ཆུ་བཅུག་འདྲ། །གཤོར་གྱི་ནང་དུ་རླུང་བཙུད་འདྲ། །ཐིགས་པ་བཞིན་དུ་གཅིག་སྟེང་གཅིག །བྱ་བརྒྱ་ཐལ་མོ་གཅིག་གིས་འཕུར། །རོལ་བརྒྱ་བཤལ་བ་གཅིག་གིས་བསུབ། །བརྒྱད་ཁྲི་བཞི་སྟོང་ཆོས་ཉིད་གཅིག །གཅིག་ཏུ་བསྟན་གྱིས་ལེགས་པར་རྟོགས། །གཅིག་པར་བསྟན་པའི་གསང་རྒྱུད་འདི། །ཆོས་ཅན་ཐམས་ཅད་ཆོས་ཉིད་གཅིག །གཅིག་པོ་འཁོར་འདས་སྙིང་པོ་གཅིག །སྙིང་པོ་ཁྱབ་ཆེན་རྒྱུད་དུ་ཟུང་། །དཔའ་བོ་གཅིག་པ་རྡོ་རྗེ་ཧཱུཾ། །གཅིག་པུ་འགྱུར་མེད་ཐམས་ཅད་འཇོམས། །རྡོ་རྗེ་གཅིག་པའི་རྒྱུད་དུ་ཟུང་། །གཅིག་ནི་སྣ་ཚོགས་ཀུན་གྱི་གཞི། །སྙིང་པོ་ཐམས་ཅད་འབྱུང་བ་རིན་པོ་ཆེ། །རིན་ཆེན་རང་བྱུང་རྒྱུད་དུ་ཟུང་། །འཇུག་སྒོ་ཐེག་པ་བསམ་འདས་ཀྱང་། །སྙིང་པོ་ཆོས་མིན་ཆོས་ཉིད་གཅིག །ཐམས་ཅད་ཧཱུཾ་ལ་འདུས་པས་ན། །འཐོར་བ་སྡུད་པའི་རྒྱུད་དུ་ཟུང་། །སངས་རྒྱས་ཐམས་ཅད་འདུས་པ་གཅིག །དགོངས་པ་གཅིག་པའི་རྒྱུད་དུ་ཟུང་། །


DNG005_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་དགོངས་པ་དེ་ལ་བསྟན། །དགོངས་པ་བརྒྱུད་པའི་རྒྱུད་དུ་ཟུང་། །དེ་ཡི་ལུང་བླངས་དེ་དང་ལྡན། །ལུང་བླངས་ཟབ་མོའི་རྒྱུད་དུ་ཟུང་། །ཚེགས་ཆུང་བར་ནི་དོན་གཅིག་བསྟན། །མན་ངག་ཟབ་མོའི་རྒྱུད་དུ་ཟུང་། །དེ་ལ་དེ་བསྟན་དེ་ཡང་ཐོབ། །ཐོབ་པ་གཅིག་པའི་རྒྱུད་དུ་ཟུང་། །གནས་ཀྱི་དང་པོའི་འོག་མིན་དུ། །མཁའ་འགྲོ་དྲག་མོ་ཁྱོད་ཀྱི་ཞུས། །མ་རྒྱུད་མ་མོའི་རྒྱུད་དུ་ཟུང་། །ཐམས་ཅད་སྙིང་པོའི་མ་ལས་གཅིག །ཐམས་ཅད་གཅིག་པའི་རྒྱུད་དུ་ཟུང་། །ཞེས་གསུངས་སོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། དཔེ་དང་རྒྱུད་ཀྱི་མཚན་དོན་དུ་བཀྲོལ་བའི་ལེའུ་སྟེ་ཉེར་གཉིས་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་མཁའ་འགྲོའི་མ་ཚོགས་ཁྱེད། །བྱིན་གྱིས་བརླབས་ཀྱི་རྒྱུད་འདི་ཟུང་། །ཕྱི་རབས་རྣལ་འབྱོར་ལས་ཅན་ལ། །སྙིང་པོ་དོན་གྱི་ཚིག་རྒྱུད་འདི། །ཕ་རོལ་ཕྱིན་དྲུག་སྙིང་པོར་བསྟན། །སྙིང་པོའི་དོན་ཤེས་ཤེས་རབ་མཆོག །ཤེས་རབ་ཕ་རོལ་ཕྱིན་པར་སྨྲོས། །དེ་ཡི་དོན་ལ་གཡེངས་པ་མེད། །བསམ་གཏན་ཕ་རོལ་ཕྱིན་པར་སྨྲོས། །རྣལ་འབྱོར་སྙིང་པོའི་ཚུལ་དང་ལྡན། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་སྨྲོས། །དེ་རྟོགས་བདེ་སྡུག་གང་ཡང་བཟོད། །བཟོད་པའི་ཕ་རོལ་ཕྱིན་པར་སྨྲོས། །སྙིང་པོ་ཟབ་མོ་དེ་སྦྱིན་པ། །སྦྱིན་པའི་ཕ་རོལ་ཕྱིན་པར་སྨྲོས། །དོན་ལ་གཞན་དོན་དེ་ལོངས་བརྩོན། །བརྩོན་འགྲུས་ཕ་རོལ་ཕྱིན་པར་སྨྲོས། །ཕ་རོལ་ཕྱིན་པའི་དོན་བསྡུས་པ། །ཡི་གེ་གཅིག་པའི་མདོ་གསུམ་བསྟན། །དེ་ལྟར་འདི་ནི་གཅིག་པའི་སྐོར། །ཐམས་ཅད་གཅིག་པའི་དོན་རྒྱུད་འདི། །རྡོ་རྗེ་དྲག་མོ་ཁྱོད་ལ་གཏད། །ཁྱོད་ཀྱིས་མཁའ་ཡི་རིགས་ལ་གཏོད། །རྒྱལ་པོའི་སྲས་མོ་ལ་རུང་གི། །དེ་ལ་གཏད་པས་ང་ཡི་ཚད་དང་འཕྲད། །རྡོ་རྗེ་
འཆང་བ་ཐ་མ་དེས། །ལས་འཕྲོ་གཅིག་པའི་མཁའ་འགྲོ་གཅིག །བོད་ཡུལ་མུན་པའི་རྒྱལ་ཁམས་སུ། །གཏོད་དུ་འགྲོ་བར་ཐེ་ཚོམ་མེད། །དེ་ནས་རིམ་པར་བརྒྱུད་བྱས་ནས། །ལྔ་བརྒྱ་དུས་ཀྱི་ཉེ་བ་ན། །ཐོས་ཆུང་ཤེས་རབ་ཅན་དག་ནི། །ཐོས་པ་རྫོགས་པར་སྤྱོད་པར་ངེས། །གཞན་དག་སྒྲོ་སྐུར་སྒྲིབ་པ་སོགས། །འདི་ཤེས་དུས་ཀྱིས་གསང་ལ་སྤྱད་པར་བྱ། །ཞེས་གསུངས་སོ། །སྟོན་པ་ཉིད་མྱ་ངན་ལས་འདས་སོ། །རྡོ་རྗེ་དྲག་མོ་དང་། རིན་ཆེན་དྲག་མོ་དང་། པདྨ་དྲག་མོ་དང་། ལས་ཀྱི་དྲག་མོ་དང་། བྷུཌྜྷ་དྲག་མོ་ལ་སོགས་པ། མཁའ་འགྲོ་མ་རྣམས་རྗེས་སུ་ཡི་རང་ནས་མངོན་པར་བསྡུས་ཏེ། མངོན་པར་བསྟོད་པ། སྟོན་པའི་སྟོན་པ་རྡོ་རྗེ་འཆང་། །སྙིང་པོ་ཆོས་མིན་ཆོས་ཀྱི་སྐུ། །བྱིན་རླབས་འགག་མེད་སྐུ་གཉིས་འབྱུང་། །རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ཏེ། མཁའ་འགྲོ་མའི་རང་སྐད་ལ་ཕྱག་མཚན་ལྔ་ཡིས་བརྒྱན། དོན་དྲིལ་ཏེ་དྲིལ་བུའི་སྒྲ་ཡི་མཆོད་པ་ཕུལ་ལོ། །ཀུན་ཏུ་མི་སྤེལ་བར་མཁའ་འགྲོ་མའི་རང་གླུས་མནའ་བསྐྱལ་ལོ། །རྡོ་རྗེ་དྲག་མོ་ཞུ་སྡུད་ཀྱི་བདག་མོའི་མནའ་ཡོད་དོ། །ཡིན་ནམ་མེད་དོ། །སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། ཡོངས་སུ་རྫོགས་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།རྫོགས་སོ།། །། ཨི་ཏི། རྡོ་རྗེ་དྲག་མོས་སྲས་མོ་གོ་མ་དེ་བྱི་ལ་གནང་ངོ་། །དེས་པདྨ་ལའོ། །དེས་རྗེ་འབངས་གྲོགས་གསུམ་ལའོ།། །།

དམ་ཚིག་བཀོད་པ་ས་གཞིའི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ།


DNG005_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་མ་ཡ་བྱཱུ་ཧ་བྷཱུ་མི་ཏནྟྲ་རཏྣ་ཀུ་ཊཱ་ལི་ཀཱ་ར་ནཱ་མ། བོད་སྐད་དུ། དམ་ཚིག་བཀོད་པ་ས་གཞིའི་རྒྱུད། རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་


DNG005_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་འོག་མིན་གྱི་གནས་མཆོག་ཆེན་པོ་ན་བཞུགས་པའི་ཚེ། དཔལ་རྡོ་རྗེ་སེམས་དཔས་ཡང་ཏིའི་ཆོས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ།སྙན་རྒྱུད་ཀྱི་གདམས་ངག་རྣམ་པ་གསུམ་སྟེ། སངས་རྒྱས་ཉག་གཅིག་དང་། དམ་ཚིག་ཐུན་གཅིག་དང་། དཔེ་བརྡའ་གཅིག་གོ། །སངས་རྒྱས་བརྡའི་ལེའུ་སྟེ་དང་པོའོ།། །རྡོ་རྗེ་སེམས་དཔས་ཞུས་པའི་སངས་རྒྱས་ཉག་གཅིག་ནི། རིག་པ་དངོས་མེད་ཡེ་ཤེས་ལ། །སྐུ་གསུམ་ཀ་ནས་མ་གྲུབ་བོ། །ཅི་སྟེ་ལོགས་སྣང་མེད་པའི་ཕྱིར། །བརྡ་ནི་མིག་གི་རྣམ་པར་ཤེས་པའོ། །དོན་ནི་ཡེ་ཤེས་རང་ལ་ལྷུན་གྱིས་གྲུབ་པའོ། །སྒྲ་ནི་ཛྙཱ་ན་ཀཱ་ཡ་ཨའོ། །སངས་རྒྱས་ཉག་གཅིག་ནི། དགོངས་པ་ལ་ཐུན་མེད་པ་དང་། ཆོས་ཉིད་ལ་བར་དོ་མེད་པ་དང་། ཡེ་ཤེས་ལ་སྐྱེལ་བསུ་མེད་པ་དང་།ཆོས་སྐུ་ལ་སྐད་ཅིག་མ་མེད་པ་དང་། སྐུ་གསུམ་ལ་འདུ་འབྲལ་མེད་པ་དང་།སྙིང་པོ་ལ་འཕོ་འགྱུར་མེད་པ་དང་། ཤེས་རབ་ལ་དགག་སྒྲུབ་མེད་པ་དང་།ཐིག་ལེ་ཉག་གཅིག་ལ་གཉིས་སྣང་མེད་པའོ། །ལུང་ལས་ཀྱང་། གཉིས་མེད་གཉིས་སུ་མེད་པར་སྟོན། ཞེས་བྱ་བ་དང་། སངས་རྒྱས་སེམས་ཅན་གཉིས་མེད་དེ། །ཞེས་པས་གསལ་ལོ། །བརྡ་དོན་གྱི་ལེའུ་སྟེ་གཉིས་པའོ།། །། ཀུན་ཏུ་བཟང་པོས་བཀའ་སྩལ་པ། དམ་ཚིག་ཐུན་གཅིག་ནི། ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ། །དཔེར་ན་རིན་ཆེན་གསེར་གྱི་རྡོ་བ་ལ། །བྱ་དང་ཁྱི་དང་སྐུ་གཟུགས་རྣམས། །བྱས་ཀྱང་གསེར་ལས་འགྱུར་བ་མེད། །བཟང་དུ་མ་སོང་ངན་དུ་མ་འགྲོ་སྟེ། །གཟུགས་ཀྱི་རྣམ་པ་ཐ་དད་ཀྱང་། །ངོ་བོ་གསེར་ལས་འགྱུར་བ་མེད། །དེ་བཞིན་དམ་ཚིག་ཐུན་གཅིག་ནི། །ཐིག་ལེ་ཉག་གཅིག་དོན་རྟོགས་ན། །


DNG005_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་དུ་གཉིས་སྣང་མེད་པའི་ཕྱིར། །བསྲུང་བྱ་བྱུང་ན་ཡང་ཏི་མིན། །བསྲུང་རྒྱུ་བྱུང་ན་ཉག་གཅིག་མིན། །གཉིས་སྣང་བྱུང་ན་གཟུང་འཛིན་ཡིན། །སོ་སོ་སྐྱེ་བོའི་ཁྱུ་རུ་གོལ། །གོལ་ཕྱིར་ཡང་ཏིའི་དམ་ཚིག་ཡིན། །དེ་ཡང་ལུང་ལས། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །བརྡའ་ནི་དུག་ལྔ་རང་གྲོལ་རང་ཤར་བའོ། །སྒྲ་ནི་ས་མ་ཡ་ཏྲིཀཱ་ཡ་ཨེ་ཀའོ། །ཞེས་གསུངས་སོ། །བརྡའ་སྒྲ་དོན་གྱི་ལེའུ་སྟེ་གསུམ་པའོ།། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། དཔེ་བརྡ་གཅིག་ནི། རྒྱ་མཚོ་ཆེན་པོ་སྐུ་གསུམ་བརྡའ། །ནམ་མཁའ་ཆེན་པོ་ཐུགས་རྗེའི་བརྡའ། །སྨན་གྱི་རྒྱལ་པོ་ག་བུར་ནི། །སྨན་དང་དུག་དང་ཁ་ཟས་བརྡའ། །དེ་ནི་ཕྱི་ཡི་བརྡའ་གསུམ་ཡིན། །ངོ་བོ་རང་བཞིན་ཐུགས་རྗེའི་བརྡའ། །དེ་ནི་འཁྲུལ་པ་གཞི་ཡི་བརྡ། །མ་ནི་རྣམ་གསུམ་སེམས་ཅན་བརྡའ། །སྣང་བ་རྣམ་གསུམ་འཁྲུལ་པའི་བརྡའ། །དེ་ནི་ནང་གི་བརྡའ་བཞི་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་ནི། །དེ་ནི་ཐིག་ལེ་ཉག་གཅིག་བརྡའ། །དུག་ལྔ་ཡེ་ཤེས་ལྔ་ཡི་བརྡའ། །འགྲོ་དྲུག་རང་བྱུང་ཡེ་ཤེས་བརྡའ། །གཟུང་འཛིན་རིག་པ་ཡེ་ཤེས་བརྡའ། །དེ་ནི་གསང་བའི་བརྡའ་བཞི་ཡིན། །སྒྲ་ཡི་དོན་ནི་འདི་ལྟ་སྟེ། །ཡེ་ཤེས་སྒྲ་ལས་ཡི་གེ་ཧ། །དབྱིངས་ཀྱི་སྒྲ་ལས་ཡི་གེ་མ། །རོལ་པའི་སྒྲ་ལས་ཡི་གེ་འ། །དེ་ནི་སྒྲ་ཡི་ཆོས་ཉིད་དོ། །དོན་འདི་རྟོགས་པའི་རྣལ་འབྱོར་མ། །རབ་དང་འབྲིང་དང་ཐ་མ་བསྟན། །དབང་པོ་ཡང་རབ་རོལ་པ་ལ། །སངས་རྒྱས་ཆོས་དང་མྱ་ངན་འདས། །དངོས་པོའི་ཆོས་དང་གནས་ལུགས་ཏེ། །བར་དོ་མེད་པར་རང་གྲོལ་ལོ། །འབྲིང་དང་ཐ་མའི་ཆོས་ཉིད་ནི། །ད་ལྟ་ངོ་སྤྲོད་བར་དོར་སངས་རྒྱས་ཏེ། །རྫོགས་ཆེན་ལམ་པའི་ཆོས་ཉིད་དོ། །སེམས་ཅན་འཁོར་བ་བློ་ཡི་སྣང་ལུགས་ཏེ། །འབྲིང་དང་ཐ་མ་བར་དོར་གྲོལ། །ཞེས་འབྱུང་ངོ་། །ཡང་ཏི་རང་གྲོལ་དུ་བཤད་པའོ། །བརྡའ་འགྱུར་སྒྲ་འགྱུར་དོན་འགྱུར་དུ་བསྟན་པའོ། །ཚིག་གསུམ་བརྒྱུད་པས་སངས་རྒྱས་ཀྱི་ཆོས་བརྒྱུད་པ་བར་མ་ཆད་པ་རྫོགས་སོ།། །།

འབྱུང་པོ་ཀུན་འདུལ་ཞེས་བྱ་བའི་རྒྱུད།


DNG005_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷཱུ་ཏ་སརྦ་ཌ་མ་ར་ནཱ་མ་ཏནྟྲ། བོད་སྐད་དུ། འབྱུང་པོ་ཀུན་འདུལ་ཞེས་བྱ་བའི་རྒྱུད། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་ཀུན་ཏུ་རྟག་པ་མི་འགྱུར་བའི་སྐུ། བདེ་བ་ཆེན་པོའི་གནས་བརྡལ་བ་ན་བཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཀྱིས། ཀུན་ཏུ་བཟང་པོ་ལ་བྱིན་རླབས་ཞུས་སོ། །དེའི་ཚེ་དེའི་དུས་ན་ཀུན་ཏུ་བཟང་པོས་ལུང་བསྟན་པ། རྒྱུད་ཉི་ཤུ་རྩ་ལྔ་ལ། མན་ངག་སུམ་བརྒྱ་དྲུག་ཅུ་དང་། ཕྱི་ནང་གསང་བའི་ངོ་སྤྲད་དང་། མན་ངག་གསེར་གྱི་ཡང་ཞུན་དང་། དགོངས་པ་ཟམ་མ་ཆད་པའི་བྱིན་རླབས་སྐོར་དུ་བསྟན་པའི། བྱིན་རླབས་ཐུགས་རྗེའི་ཆོས་རྣམས་ལ། །བསྟན་པའི་ཡང་རྩེ་མན་ངག་ཀུན་གྱི་བཅུད། །ཐེག་པའི་ཡང་རྩེ་སྤྱི་དོན་དགོངས་པའི་རྒྱུད། །མན་ངག་ལྡེ་མིག་འཕྲུལ་གྱི་སྒྲོམ་བུ་འབྱེད། །རིག་པའི་ཚད་ལ་འཇལ་བྱེད་སྤུ་གྲི་འདི། །རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོས་ཀྱི་བློ་གྲོས་ལ། །བྱིན་རླབས་རྒྱལ་པོ་བསྟན་པའི་རྟེན་དུ་བཞག །ཚེགས་ཆུང་དོན་ཆེ་མན་ངག་ཟབ། །རྒྱ་ཆེ་རབ་ཟབ་དགོངས་པ་བརྒྱུད་པ་ལ། །ཆོས་ཀྱི་བློ་གྲོས་ཐུགས་ལ་བྱིན་རླབས་ཤར། །སྣང་སྲིད་འཁོར་འདས་ཕྱི་ནང་མེད་པར་གསལ། །མེ་ལོང་བལྟས་པས་རང་སྣང་གསལ་བ་ལྟར། །འགྲོ་དྲུག་རང་སྣང་སྐུ་དང་ཡེ་ཤེས་དང་། །ཐིག་ལེ་ཉག་གཅིག་མེ་ལོང་ནང་ལྟར་གསལ། །དེ་ལྟར་ངོ་སྤྲོད་དགོངས་པ་བསྟན་པ་ནི། །ཆོས་ཅན་ཆོས་མེད་རང་གྲོལ་དགོངས་པ་ཤར། །དེ་ཕྱིར་དགོངས་པ་བརྒྱུད་པ་ཡིན། །རང་བྱུང་མེ་ལོང་ནང་ན་ཅི་སྣང་ལྟར། །རང་སྣང་རང་མདངས་འདི་ནི་ཅིར་ཡང་སྣང་། །རྒྱལ་བའི་ཐུགས་ཀྱི་གཏེར་སྒོ་ཕྱེ། །ཉག་གཅིག་དགོངས་པ་རང་གྲོལ་བསྟན་པ་ནི། །མུ་སྟེགས་འགྲོ་དྲུག་ཐེག་པ་དགུ། །རང་སྣང་རང་མོས་འདོད་གཞུང་ཐ་དད་ཀྱང་། །དོན་དུ་རྣམ་པ་མང་ཡང་ངེས་པར་གཅིག །གཅིག་པོ་མཐའ་གྲོལ་འུབ་ཆུབ་རྩེ་མོ་སྟེ། །བྱིས་པ་རྣམས་ཀྱིས་དེ་ལྟར་མི་ཤེས་སོ། །ཀྱེ་མ་ཧོ། དེ་ལྟར་སྣང་ཡང་དེ་ལྟར་མི་སྲིད་ཀྱིས། །ཡང་དག་རང་གྲོལ་དགོངས་པ་འདི་ཡིན་ནོ། །ཐོག་མ་རང་བཞིན་ལྷུན་གྱིས་གྲུབ་པ་ལ། །སྣང་བ་རྒྱ་ཆད་ཕྱོགས་རིས་ཀྱི། །རིས་སུ་ཆད་པ་རྡུལ་ཙམ་མི་སྲིད་དོ། །


DNG005_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་བྱིན་རླབས་འགྲིབ་པ་མེད་པ་ལ། །བསྒོམ་པར་བྱ་བ་རྡུལ་ཡང་མི་མཚོན་ནོ། །སྣང་བ་རེ་ལ་ཤེས་པས་ཕྱོགས་སུ་བཟུང་། །ཕྱོགས་རིས་དགོངས་པ་རང་གྲོལ་མ་ཤར་ན། །རང་སྣང་བསྒོམ་པ་མཐའ་ཡིས་བཅིངས་པ་ཡིན། །ལམ་དང་འབྲས་བུ་རང་གཞུང་གྲུབ་པའི་མཐའ། །མཐའ་གྲོལ་རང་བྱུང་ཤར་བ་ཤིན་ཏུ་དཀའ། །ཞེས་གསུངས་པ་དང་། རྡོ་རྗེ་ཆོས་ཀྱི་བློ་གྲོས་ལ། ཐུགས་ཅང་ཤེས་ཀྱི་ཀློང་ནས་སྤྲུལ་པའི་སྐུ་བྱུང་སྟེ།ཆུ་དང་རླབས་དང་ཉི་མ་འོད་དང་ཟེར། །དེ་བཞིན་ཝུ་བའི་རྣམ་པ་ལྟར། །བྱིན་རླབས་སྐད་ཅིག་མ་ལ་ཤར། །རང་ཤར་འབྲས་བུའི་དགོངས་པ་ལས། །སྟོན་པ་དགའ་རབ་རྡོ་རྗེ་འཐོན། །དེ་ནས་ཐུགས་རྗེའི་བྱིན་རླབས་ཤར་བ་ལས། །རིག་པའི་ཀློང་ནས་བྱིན་གྱི་རླབས་ཀྱིས་སུ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་དང་། །སྟོན་པ་ཀུན་ཏུ་བཟང་པོ་ལ། །སྣང་བ་བསམ་གྱིས་མི་ཁྱབ་པ། །འདི་ཡི་བརྟག་པ་ཇི་ལྟར་ལགས། །ཞེས་ཞུས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །དེ་ནས་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཀྱིས་ཡང་ཞུས་པ། སྟོན་པ་ཀུན་ཏུ་བཟང་པོ་ལགས། བདག་འདྲ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང་། དེ་ཡི་འཁོར་དུ་འདུས་པ་ཡི། ཡ་མ། བཛྲ་ཤ །བྷཱུ་ཏ། པཱ་ཤཱི། བཱ་ཡུ། ཙནྡྲ་དེ་བཱ། སཱུརྱ་དེ་བཱ། མ་དི་དེ་བཱ། བྷ་བ་ཡ། ཏ་ལ་དེ་བཱ། བ་ཏ་ལི་དེ་བཱ། ཛ་ལ། ནཱ་ག་དེ་བཱ། དེ་རྣམས་ཐམས་ཅད་འདུས་ནས་ནི། །མཆོད་པའི་རྣམ་པ་འདི་རྣམས་འབུལ། །མ་ཧཱ་བཱུ་ཛ་དྷ་ཐིམ་དྷ་ཐིམ། ཞེས་བརྗོད་པས། བྱིན་རླབས་འགག་པ་མེད་པ་ནི། །དང་པོ་ཐུགས་རྗེ་འགག་མེད་དེ། །བྱིན་གྱིས་རླབས་ཀྱི་གཞི་མ་ཡིན། །རྒྱ་མཚོའི་རྦ་དང་རླབས་ལྟ་བུ། །ཉི་མའི་འོད་དང་ཟེར་ལྟ་བུ། །བར་དུ་བྱིན་གྱིས་རླབས་ཀྱི་རྒྱུ། །འགྱུ་བ་འགག་པ་མེད་པ་ཡིན། །འགྱུ་བའི་བྱིན་རླབས་ཤར་བ་ཡིས། །ཐུགས་རྗེ་མི་འབྱུང་རང་དབང་མེད། །དེ་ཡང་ལམ་དུ་འགྱུ་བའི་བྱིན་རླབས་ཤར། །འགྱུ་བ་བྱིན་ཆེན་གཏན་ལ་ཕེབས། །ཟང་ཐལ་རླབས་ཆེན་དགོངས་པ་ཤར། །རང་གྲོལ་འབྲས་བུ་ཆོས་ལས་འདས། །དེ་ཡི་བྱིན་རླབས་གནད་ཆེན་ཤར། །


DNG005_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་ཉམས་ཆེན་འཕེལ་འགྲིབ་མེད། །དོན་གྱི་ཁོང་གཟེར་གནད་དུ་ཐེབས། །འཇིག་རྟེན་སྣང་བ་སངས་རྒྱས་ཡིན། །ཉོན་མོངས་རང་སྣང་དགྲ་བཅོམ་ཡིན། །འཇིག་རྟེན་རྣམ་རྟོག་ཤེས་རབ་རྩ། །ཤེས་རབ་རྩ་བ་རྟོགས་པ་ཡིན། །རྟོག་མེད་ཤེས་རབ་ཚད་མ་གང་། །ཤེས་རབ་རྟགས་ཀྱིས་རབ་བརྒྱན་ན། །སངས་ལ་རྒྱས་པ་མེད་ཅིང་ཆོས་ལ་སྤྱོད་པ་མེད། །དགྲ་བཅོམ་རང་རྒྱལ་བྱང་ཆུབ་སེམས་དཔའ་མེད། །གང་ཟག་རྣམ་བརྒྱད་མེད་ཅིང་བར་དོའི་ལས་དབང་མེད། །འཁོར་བ་མྱང་འདས་མེད་ཅིང་ཐར་པ་ཐོབ་མཁན་མེད། །དག་དང་མ་དག་ཡང་དག་སྣང་བ་ཐ་དད་མེད། །ལས་མེད་འཕྲོ་མེད་མཐུད་པའི་འབྲས་བུ་མེད། །རྣམ་པར་སྨིན་པ་མེད་ཅིང་ཡང་དག་ཐར་པ་མེད། །དེ་ཕྱིར་འབྱུང་པོ་ཀུན་འདུལ་ཡིན། །ཐམས་ཅད་འདྲེལ་ཤིང་འདུས་པའི་རྒྱུད། །ངོ་སྤྲོད་འདི་དང་མི་ལྡན་ན། །ཚིག་གི་བདག་པོས་མཚོན་ནས་ལས། །སྟོང་པའི་བདག་པོས་སྟོང་པར་བལྟས། །མཚན་མའི་བདག་པོས་མཚན་མར་ཁྱེར། །ཀུན་རྫོབ་བདག་པོས་རྫོབ་ཏུ་བཅུག །མྱ་ངན་འདས་ཟེར་མྱ་ངན་ནོན། །འཁོར་བ་བཤད་ཅིང་འཁོར་བར་འཁྱམས། །འཁྲུལ་འཁོར་བདག་པོ་ཉོན་རེ་མོངས། །ཐར་པ་འདོད་པ་སྒྲིབ་པ་ཆེ། །བྱང་ཆུབ་འདོད་པས་གོལ་སར་ཆུད། །ཆོས་སྤྱོད་བྱེད་པ་ངལ་དུབ་ཆེ། །དམིགས་པའི་བདུད་ཞུགས་མ་ཚོར་རོ། །བྱས་པ་ཐམས་ཅད་མི་རྟག་འདུས་བྱས་ཡིན། །འདུས་བྱས་མྱ་ངན་མཐའ་ལས་འདས། །ཨེ་མ་ཧོ། བགྲོད་པར་འདོད་པ་ཉོན་རེ་མོངས། །དེ་ལྟར་བགྲོད་པས་དེ་ལྟར་མི་རྟོགས་སོ། །བགྲོད་ནས་བྱང་ཆུབ་འདོད་པ་སྨིག་རྒྱུར་བསྙེག་པ་འདྲ། །གསེར་སྦྲམ་ཁྱིམ་དུ་སྦས་ནས་གསེར་ས་འཚོལ། །ཆོས་ཉིད་རང་སྣང་མ་ཤེས་གཞན་ལ་འཚོལ། །བརྩོན་འགྲུས་བྱས་པས་འབྲས་བུ་རྙེད་པར་དཀའ། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ཀུན་ཏུ་བཟང་པོ་ལ་བྱིན་རླབས་རང་ལ་ཤར་ནས། ཆོས་ལས་འདས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བྱིན་གྱིས་རླབས་ཀྱིས་ལུང་བསྟན་པ། རྡོ་


DNG005_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆོས་ཀྱི་བློ་གྲོས་ཉོན། །ཐེག་པ་སྣ་ཚོགས་བསྒྲུབ་བྱ་དང་། །དེ་ཡི་འབྲས་བུ་སྒྲུབ་བྱེད་དང་། །སྣང་བ་ལམ་གྱི་མདོར་བསྡུས་པ། །དེ་ནི་བདག་གིས་བཤད་པར་བྱ། །ཉན་ཐོས་སྣང་བ་རྡུལ་ཕྲན་དང་། །ནང་གི་ཤེས་པ་བརྗོད་མེད་ཡིན། །དེ་ཡང་ཤེས་རབ་ཁྱད་པར་ལས། །སྣང་བ་རྡུལ་དུ་ཤེས་པ་དང་། །ནང་ལ་བརྗོད་དུ་མེད་པའོ། །དེ་ཡང་རྡུལ་ཕྲན་དོན་དམ་མོ། །རང་རྒྱལ་བ་ཡི་སྣང་བ་འདི། །རྡུལ་ཕྲན་སྒྱུ་མ་ལྟ་བུ་ལ། །རྟེན་འདྲེལ་བཅུ་གཉིས་ཤེས་རབ་ཡིན། །ཞི་གནས་ལྷག་མཐོང་ཤེས་པས་འཕགས། །སེམས་ཙམ་རྣམ་པར་སྣང་བ་འདི། །སེམས་ལས་མ་རྟོགས་ལོགས་སྣང་མེད། །རྣམ་པར་སྣང་ཡང་མི་རྟོག་པས། །དེ་ནི་རྣམ་བཅས་ཤེས་རབ་བོ། །རྣམ་པ་མེད་པའི་སྣང་བ་འདི། །སེམས་ཀྱི་རྣམ་པ་རྫུན་པ་ལས། །རྣམ་མེད་རང་རིག་དོན་དམ་མོ། །སྒྱུ་མ་ལྟ་བུའི་སྤྱོད་པ་ནི། །ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ། །སེམས་ཀྱང་རྫུན་པར་ཤེས་པའོ། །ཀུན་རྫོབ་སྒྱུ་མ་ཙམ་དུ་བདེན་པ་དང་། །དོན་དམ་སྤྲོས་པ་བྲལ་བར་བདེན་པ་ཤེས་རབ་བོ། །རབ་ཏུ་མི་གནས་སྣང་བ་ནི། །རྣམ་པར་དཔྱད་པ་ཙམ་ཞིག་ལས། །ཁས་ལེན་ཐམས་ཅད་དང་བྲལ་བའི། །གཉིས་སུ་མེད་པས་དབུ་མ་ཡིན། །དེ་ལྟར་ཤེས་པས་ཤེས་རབ་ཡིན། །དེ་ལ་ཀྲི་ཡའི་སྣང་བ་ཡང་། །རིགས་གསུམ་སྒྱུ་མ་ལྟ་བུ་ལས། །དོན་དམ་སྐྱེ་བ་མེད་པའོ། །དེ་ལྟར་ཤེས་པས་ཤེས་རབ་བོ། །ཡོ་ག་སྐུ་ལྔ་མ་ཧཱ་རིགས་ལྔར་སྣང་། །ཨ་ནུ་ཧེ་རུ་ཀ་ལྔར་སྣང་བ་དང་། །རྫོགས་ཆེན་རང་སྣང་མ་བཅོས་པ། །དབུ་མ་སྒྱུ་མར་བདེན་པ་དེ། །བདེན་པ་གཉིས་ཀྱི་མུ་ལ་སྣང་། །གསང་སྔགས་སྒྱུ་མའང་རྫུན་པས་ན། །གསང་སྔགས་རང་སྣང་ཁྱད་པར་འཕགས། །ཨ་ཏི་རྫུན་དང་བདེན་པ་གཉིས། །རང་སྣང་མ་བཅོས་ཆོས་ཀྱི་སྐུ། །ཀུན་འདུལ་དགོངས་པ་ཡེ་ཤེས་རང་སྣང་སྟེ། །འགྲོ་དྲུག་རང་སྣང་རྣམ་པར་དག །མུ་སྟེགས་རྟག་ཆད་རྒྱུ་དང་འབྲས་བུ་སྣང་། །སྐུ་གསུམ་རང་སྣང་ཡོན་ཏན་སྣང་། །ལྟ་བ་སྒོམ་སྤྱོད་འབྲས་རང་རེ་སྣང་། །རང་སྣང་འདི་ལ་འཇུག་པའི་ལམ། །དེ་ཕྱིར་ལམ་གྱི་དགོངས་པ་བཤད་པ་ཡིན། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས།


DNG005_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་རྟགས་ཤན་འབྱེད་པའི་ལེའུ་སྟེ་གསུམ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །སྣང་རྟགས་ལམ་གྱི་རིམ་པ་ལ། །དབང་པོ་བསམ་པ་མཁྱེན་གྱུར་པ། །སྔགས་ཀྱི་ཐེག་པའི་ཁྱད་པར་ལས། །གྲོལ་ལམ་ཆགས་ལམ་མ་ཤེས་ན། །སྔགས་ཀྱི་བཀའ་སྒོ་ཉམས་པས་ན། །དབང་གི་དམར་ཁྲིད་བཤད་པར་བྱ། །འབྲས་བུ་བླ་མེད་བྱང་ཆུབ་ཐོབ་འདོད་པས། །མཚན་ཉིད་པ་དང་ཕ་རོལ་ཕྱིན་པ་དང་། །གསང་སྔགས་འབྲས་བུ་བླ་ན་མེད་པ་དང་། །ཆོས་ལས་འདས་པའི་ངོ་སྤྲོད་འདིར་བསྟན་པ། །མཚན་ཉིད་ས་དང་ཕ་རོལ་ཕྱིན་པ་ནི། །ཐབས་དང་ཤེས་རབ་ཁྱད་པར་ནི། །ཤེས་རབ་གཙོ་བོར་བཟུང་ནས་འབྲས་བུ་འཚོལ། །ཐོས་དང་བསམ་པའི་ཤེས་རབ་རྒྱུད་ལ་བརྟེན། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་པ་དཀའ། །ཐབས་ཀྱི་སྦྱོར་བ་སེམས་བསྐྱེད་པ་དང་སྦྱོར་བའོ། །གསང་སྔགས་འབྲས་བུའི་ཐེག་པ་ནི། །སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པ་སྟེ། །བསྐྱེད་པ་སྐུ་ལ་རྫོགས་པས་ཡེ་ཤེས་ནི། །ཟུང་དུ་འདྲེལ་པ་འབྲས་བུའི་ཐེག་པའོ། །དེ་ཡང་རྟེན་དང་ཁྱད་པར་ལས། །ཁམས་གསུམ་སེམས་ཅན་གྲོལ་བར་བྱེད་པ་ལ། །དབང་གི་རྟེན་དང་མི་ལྡན་པར། །དབང་བཞི་བསྐུར་བའི་གནད་བསྟན་པ། །དཔེར་ན་བ་ལ་ཞོ་ཡོད་ཀྱང་། །བེའུ་ཁ་མེད་བླུག་སྣོད་མེད། །དེ་བཞིན་བླ་མས་དབང་བསྐུར་ཏེ། །རྟེན་དང་མི་ལྡན་བསྐུར་ཐབས་མེད། །གཟུགས་མེད་པ་ཡི་ཁམས་རྣམས་ལ། །དབང་རྣམས་བསྐུར་བའི་རྟེན་མེད་དེ། །རྩ་རླུང་རྟོག་པ་མི་དམིགས་པས། །ཡེ་ཤེས་དབང་བསྐུར་ག་ལ་ནུས། །གཟུགས་ཁམས་རྩ་དང་རླུང་ཡོད་ཀྱང་། །ཁམས་ཀྱི་ཟས་དང་བྲལ་བས་རྟེན་མ་ཡིན། །དེས་ན་འདོད་ཁམས་གནས་རིས་ཁོ་ན་ལ། །དབང་རྣམས་བསྐུར་བའི་རྟེན་དུ་རུང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཁོང་ཁྲོ་ཕྲག་དོག་གིས། །གདུངས་ནས་འདུས་པའི་འདོད་ཁམས་འདི། །དབང་གི་སྣོད་དུ་རུང་བ་ཡིན། །དབང་དང་མན་ངག་ལག་ལེན་གསུམ། །སྣོད་དང་བཅུད་དང་བསྐུར་ཐབས་གསུམ། །ཕྱི་དང་ནང་དང་གསང་བའོ། །བུམ་པ་ཐབས་དང་ཤེས་རབ་དང་། །


DNG005_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དང་ངོ་བོ་དབྱེ་བའོ། །བསྐུར་ཐབས་གནས་དང་རྫས་དང་ནི། །གླེང་གཞི་དཀྱིལ་འཁོར་བསྐུར་བའི་དུས། །འབྲས་བུ་དང་ནི་ངེས་པའི་ཚིག །རྒྱུ་ནི་ས་ཆོག་ལ་སོགས་ས་བསླང་དང་། །བརྟག་དང་སྦྱང་དང་བྲི་བ་དང་། །མཆོད་པའི་རྫས་དང་རྒྱན་དགྲམ་པ། །དཀྱིལ་འཁོར་ཆོ་ག་ལ་སོགས་ཡིན། །ངོ་བོ་དབང་ཐོབ་དོན་དང་ལྡན། །ངེས་ཚིག་དོན་ལྡན་རྣལ་འབྱོར་བས། །དབྱེ་བ་ཕྱི་ནང་གསང་བའོ། །གླེང་གཞི་སྔོན་བྱུང་རྗེས་འཇུག་གོ། །དཀྱིལ་འཁོར་ཕྱི་ནང་ཀུན་ལ་སྣང་། །བསྐུར་ཐབས་བསྐྱེད་རིམ་རྫོགས་རིམ་མོ། །གནས་ནི་ལུས་ངག་ཡིད་གསུམ་མོ། །རྫས་ནི་བུམ་པ་ཐབས་དང་གསང་བའོ། །དུས་ནི་བཀྲ་ཤིས་ཉི་མ་ཡིན། །འབྲས་བུ་སྐུ་གསུམ་རང་གྲོལ་ཡིན། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། དབང་གི་སྡོམ་བསྟན་པའི་ལེའུ་སྟེ་བཞི་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །བུམ་པའི་དབང་གི་ངོ་སྤྲོད་པ། །བུམ་པའི་ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་པའི་དཔེ་དང་བསྐུར་བའི་གནས། །བསྐུར་བའི་རྫས་དང་དུས་ཚོད་དང་། །ཡོན་ཏན་འབྲས་བུ་སྐྱོན་བསྟན་པ། །བུམ་པའི་ངོ་བོ་འདུས་པ་ཡིན། །ངེས་པའི་ཚིག་ནི་རྫོགས་པ་ཡིན། །དབྱེ་བ་ཕྱི་ནང་གསང་བའོ། །མཐུན་པའི་དཔེ་ནི་རིན་པོ་ཆེ། །བསྐུར་བའི་གནས་ནི་མགོ་བོ་ལ། །རྫས་ནི་ཕྱི་ནང་གསང་བའོ། །དུས་ནི་གནམ་སྟོང་ཉི་མ་ལ། །ཡོན་ཏན་ལུས་ཀྱི་སྒྲིབ་གསུམ་དག །སྲོག་གཅོད་མ་བྱིན་འདོད་ལོག་དག །འབྲས་བུ་སྤྲུལ་པའི་སྐུ་རུ་རྫོགས། །མ་བསྐུར་ཁམས་གསུམ་འཁོར་བར་འཁྱམས། །ཕྱི་ཡི་བུམ་པ་རིན་ཆེན་དང་། །བུམ་པའི་རྫས་ནི་འདི་དག་གོ། །འབྲུ་ལྔ་སྨན་ལྔ་རིན་ཆེན་ལྔ། །སྤོས་ལྔ་སྙིང་པོ་རྣམ་ལྔ་ཡིན། །བསྐུར་གནས་ལ་སོགས་གོང་དུའོ། །ནང་གི་བུམ་པ་བླ་མའི་སྐུ། །བདུད་རྩི་ལ་སོགས་ལུས་ལ་རྫོགས། །བསྐུར་བའི་གནས་ནི་ལྕེ་ལའོ། །རྫས་ནི་བདུད་རྫི་འོ་མ་ཆུ། །དུས་ནི་བསྐྱེད་རིམ་བསྒོམ་པའི་དུས། །ཡོན་ཏན་ངག་གི་སྒྲིབ་པ་དག །བདུད་རྩི་ལྕེ་ལ་བཞག་པའོ། །དགོས་པ་ཐ་མལ་


DNG005_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་མེད་པ་དང་། །བདུད་རྩི་ལོངས་སྤྱོད་གྲོགས་སུ་ཤེས་པ་དང་། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་གྱི། །ངག་གི་སྒྲིབ་པ་དག་པར་བྱེད། །གསང་བའི་བུམ་པ་རང་ལུས་ཀྱི། །བུམ་རྫས་ལྷག་པ་བྱང་ཆུབ་སེམས། །བསྐུར་ཐབས་ཡུམ་གྱི་བྷ་ག་ལ། །བསྐུར་བའི་རྟེན་ནི་རྩ་གསུམ་སྟེ། །ཡོན་ཏན་གཟུང་འཛིན་བདེ་བར་འབར། །དུས་ནི་སྙོམས་པར་ཞུགས་པ་ཡིན། །འབྲས་བུ་དགའ་བདེ་ལྷན་ཅིག་སྐྱེས་པའོ། །ཡང་གསང་བུམ་པའི་དབང་བསྐུར་བ། །རང་རིག་ཡེ་ཤེས་བུམ་པ་ཡིན། །བུམ་རྫས་འདས་པ་རྣམ་པ་ལྔ། །བསྐུར་ཐབས་ཆོས་ལས་འདས་པ་ཡིན། །རྟེན་ནི་བློ་ལྡན་གང་ཟག་ཡིན། །ཡོན་ཏན་རང་གྲོལ་བྱིན་རླབས་འཆར། །དུས་ནི་གདམས་པ་སྐད་ཅིག་ཡིན། །འབྲས་བུ་རིག་པ་རང་གྲོལ་ཡིན། །དེ་ལ་དཀྱིལ་འཁོར་གང་དང་འདྲེལ་ཅེ་ན། །ཕྱི་ཡི་བུམ་པའི་དཀྱིལ་འཁོར་ནི། །མེ་ཏོག་ཐང་ཀ་རྡུལ་ཚོན་ནོ། །བསྐུར་ཚུལ་གང་དང་འདྲེལ་ཅེ་ན། །སློབ་དཔོན་བླ་མར་གུས་བྱ་ཡི། །ཆུ་ནི་སྤྱི་བོའི་གཙུག་ཏུ་བསྐུར། །རྣ་བ་གཡས་སུ་དབུ་རྒྱན་ནོ། །ལྟག་པར་རྡོ་རྗེ་རྣ་གཡོན་དྲིལ། །མིང་ནི་དཔྲལ་བར་བསྐུར་བ་ཡིན། །མེ་ཏོག་ཕྲེང་བ་མགོ་ལ་བཅིངས། །ཤེས་རབ་རིག་པའི་དབང་ལྔ་ཡིན། །ལུས་ཀྱི་སྒྲིབ་པ་འདག་པར་བྱེད། །ཅེས་གསུངས་སོ། །འབྱུང་བོ་ཀུན་འདུལ་གྱི་རྒྱུད་ལས། བུམ་པའི་དབང་གི་ལེའུ་སྟེ་ལྔ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །ཐབས་དང་ཤེས་རབ་དབང་བསྐུར་བསྟན་པར་བྱ། །ཐབས་དང་ཤེས་རབ་ལྡན་པས་བུམ་པའོ། །ཐབས་ཀྱི་བུམ་པ་བླ་མ་ཡིན། །ཏིང་འཛིན་བྱང་ཆུབ་སེམས་ཀྱི་ཆུ། །བླ་མའི་ཁ་ཡིས་པདྨ་བླངས། །སློབ་མའི་ཚངས་པའི་བུ་གར་བསྐུར། །ག་པུར་ཆུ་ཡི་བདུད་རྩིས་ནི། །ལུས་ཀྱི་སྒྲིབ་པ་འདག་པར་བྱེད། །ཤེས་རབ་བུམ་པ་མི་མོ་ཡི། །ལུས་ཀྱི་པདྨ་རཀྟ་ཡིན། །གསང་བ་པདྨའི་སྦྱོར་བ་ཡིས། །གསང་བའི་བདུད་རྩི་ཕབ་བྱས་ལ། །ཐབས་ཀྱིས་རྡོ་རྗེའི་ངག་དག་བྱེད། །བསྐུར་གནས་པདྨའི་ལྟེ་བ་ལ། །བསྐུར་དུས་ལྷན་ཅིག་སྐྱེས་པའོ། །ཡོན་ཏན་རྣམ་རྟོག་བདེ་བར་འབར། །


DNG005_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ། །ཉམས་ལེན་དགའ་བ་བཞི་དང་འདྲེལ། །ཐིག་ལེ་རྡོ་རྗེའི་མགྲིན་པར་སླེབ། །དེ་ནི་དགའ་བདེ་ཞེས་སུ་བརྗོད། །དེ་ནས་རྡོ་རྗེའི་རྩེ་མོར་འབར། །དེ་ནི་མཆོག་དགའ་ཞེས་བྱའོ། །དེ་ནས་མཉམ་པར་སྦྱོར་བ་ཡིས། །ཕྱེད་ཤོར་ཕྱེད་མ་ཤོར་བ་ནི། །ལྷན་ཅིག་སྐྱེས་པའི་དགའ་བ་ཡིན། །ཐིག་ལེས་རང་ས་ཟིན་ཙ་ན། །དེ་ནི་དགའ་བྲལ་ཞེས་སུ་བརྗོད། །དང་པོ་བདེ་བའི་ཡེ་ཤེས་དེ། །རྒྱུ་ཡི་ཡེ་ཤེས་ཞེས་སུ་བརྗོད། །དེ་ནས་མཆོག་ཏུ་དགའ་བ་ནི། །ལམ་གྱི་ཡེ་ཤེས་ཞེས་སུ་བརྗོད། །དེ་ནས་ལྷན་ཅིག་སྐྱེས་དགའ་ནི། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དགའ་བྲལ་འབྲས་བུའི་ཡེ་ཤེས་ཡིན། །དགའ་བ་ལས་ཀྱི་ཕྱག་རྒྱ་ཡིན། །དགའ་མཆོག་ཆོས་ཀྱི་ཕྱག་རྒྱ་ཡིན། །ལྷན་ཅིག་སྐྱེས་པ་དམ་ཚིག་ཕྱག་རྒྱ་ཡིན། །དགའ་བྲལ་ཕྱག་རྒྱ་ཆེན་པོ་ཡིན། །དལ་ནི་ལུས་ཀྱི་ཕྱག་རྒྱ་ཡིན། །རྟེན་ནི་མ་ནིང་ལ་སོགས་མ་ཡིན་པའོ། །དུས་ནི་བཅུ་དྲུག་ལོན་པའོ། །ཡོན་ཏན་ཡེ་ཤེས་བཞི་དང་ལྡན། །འབྲས་བུ་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ་པའོ། །ནང་གི་ཐབས་དང་ཤེས་རབ་དབང་བསྐུར་རྫོགས། །རིག་པ་ཡབ་ལ་སྣང་བ་ཡུམ། །སྣོད་བཅུད་གཉིས་མེད་སྦྱོར་བ་ཡིས། །ཐབས་དང་ཤེས་རབ་དབང་མཆོག་ཐོབ། །ཐབས་དང་ཤེས་རབ་རྒྱ་མ་ཆད། །ཕྱི་ནང་མེད་པའི་དབང་བསྐུར་རྫོགས། །རྟེན་ནི་བླ་མ་དམ་པའོ། །དུས་ནི་རྟོག་པ་སྐད་ཅིག་ལ། །ཡོན་ཏན་མཚན་མ་རང་སར་གྲོལ། །འབྲས་བུ་སྣང་སྲིད་ཐིག་ལེར་འབར། །ཡང་གསང་ཐབས་དང་ཤེས་རབ་དབང་བསྐུར་བ། །རང་གསང་ཐབས་ཀྱིས་ཆོད་པ་དེ། །རང་ནི་ཤེས་རབ་དབང་བསྐུར་བ། །ཆོད་པ་ཐབས་ཀྱི་དབང་བསྐུར་དང་། །ཐབས་དང་ཤེས་རབ་དབང་བསྐུར་རྫོགས། །རྟེན་ནི་མ་རིག་མ་རྟོགས་པ། །དུས་ནི་ལེ་ལོ་མ་རིག་མ་རྟོགས་ལོག་རྟོགས་དང་། །ཕྱོགས་རྟོགས་གང་ཟག་རྣམས་ལ་བསྐུར། །ཡོན་ཏན་ཀུན་མཁྱེན་ཡེ་ཤེས་ཐོབ། །འབྲས་བུ་རང་བྱུང་ཐིག་ལེར་བརྡལ། །དཀྱིལ་འཁོར་གང་དང་འདྲེལ་ཅེ་ན། །ཀུན་འབྱུང་རང་སྣང་དཀྱིལ་འཁོར་དང་། །སྦྲེལ་བ་མེད་པར་འདྲེལ་པ་ནི། །རིག་པའི་ཡེ་ཤེས་


DNG005_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆེན་ཕོག །དམ་ཚིག་བར་མཚམས་མེད་པར་བསྲུང་། །དེ་ལས་འདས་ན་འཆིང་བར་འགྱུར། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ཐབས་དང་ཤེས་རབ་ཀྱི་དབང་བསྐུར་བའི་ལེའུ་སྟེ་དྲུག་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །གསང་བའི་དབང་བསྐུར་བསྟན་པར་བྱ། །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་པའི་དཔེ་དང་བསྐུར་གནས་དང་། །རྫས་དང་ཡོན་ཏན་འབྲས་བུའོ། །ངོ་བོ་བདེ་བ་ཉམས་མྱོང་བའོ། །ངེས་ཚིག་ཤེས་རབ་སྙིང་རྗེ་ཡིས། །བདེ་བའི་ཡེ་ཤེས་བསྐྱེད་ཕྱིར་ཡིན། །དབྱེ་བ་ཕྱི་ནང་གསང་བའོ། །མཐུན་དཔེ་འབྲས་ཆང་བླུད་པ་འདྲ། །དེ་ཡིས་ཤེས་པ་འགྱུར་བའོ། །གནས་ནི་རི་ཕུག་དགོན་ཕྱིའི་དང་། །ནང་གི་ཤེས་རབ་པདྨ་དང་། །གསང་བའི་ཤེས་རབ་ཡེ་ཤེས་སོ། །རྫས་ནི་བྱང་སེམས་དཀར་དམར་རོ། །ཡོན་ཏན་ཡེ་ཤེས་དགོངས་པ་འཆར། །དུས་ནི་དབང་གཉིས་རྫོགས་ནས་ནི། །དཀྱིལ་འཁོར་ཚོགས་དང་རང་ལུས་ཤེས་རབ་མོའི། །བསྐུར་ཚུལ་ལུས་ཀྱི་ཡན་ལག་གནད་དུའོ། །འབྲས་བུ་མ་རིག་ལོག་རྟོག་སེལ། །ད་ནི་ནང་གི་གསང་དབང་བསྟན། །སྣང་བ་རྩད་ནས་ཆོད་པ་ཤེས་རབ་དབང་། །རང་སྣང་ཡེ་ནས་ཤེས་པ་ཡེ་ཤེས་དབང་། །ཕྱི་ནང་ཟང་ཐལ་ཤར་བ་ངོ་བོ་ཡིན། །རིག་པ་རང་སར་གྲོལ་བ་ངེས་ཚིག་ཡིན། །ཡེ་ཤེས་རང་བྱུང་རང་ཤར་ཤེས་པ་དབྱེ་བ་ཡིན། །ཉི་ཤར་མུན་པ་དྭངས་པ་མཐུན་དཔེ་ཡིན། །རིག་པ་རང་ལ་གནས་པ་དགོས་པ་ཡིན། །རང་རིག་ཡེ་ཤེས་རང་ལ་ཡོད་པ་དབང་རྫས་ཡིན། །ཡེ་ཤེས་ལྔ་ལྡན་ནམ་བསྒྲུབས་ཡོན་ཏན་ཡིན། །དུས་གསུམ་འདུ་འབྲལ་མེད་པར་ཤེས་པ་དུས་ཚོད་ཡིན། །རང་བྱུང་ཐམས་ཅད་འདུས་པ་དཀྱིལ་འཁོར་ཡིན། །རིག་པ་རང་དབང་འདུས་པ་བསྐུར་ཚུལ་ཡིན། །མ་རིག་ལོག་ལྟ་ཆོམས་པ་འབྲས་བུ་ཡིན། །ད་ནི་གསང་བའི་དབང་བསྟན་པ། །ཤེས་རབ་ཡེ་ཤེས་ཡེ་ནས་རང་ལ་གནས། །ངོ་བོ་ཤེས་པས་འཁོར་བའི་སྐྱོན་དང་བྲལ། །རང་གྲོལ་ངེས་པའི་ཚིག་གི་གདེང་ལ་གྲོལ། །དབྱེ་བ་ཡེ་དང་ཤེས་པ་


DNG005_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །ཤེས་རབ་ཀྱིས་ནི་ཡང་དག་ཡེ་ཤེས་ཤར། །མཐུན་དཔེ་མན་ཤེལ་ངོ་སྤྲོད་འདྲ། །ཕྱི་ནང་མེད་པའི་གཏན་ཚིགས་ཁོང་ནས་ཤར། །དབང་རྫས་ཤེས་རབ་རང་ཆས་རང་ལ་རྫོགས། །ཡོན་ཏན་ཉག་གཅིག་དགོངས་པ་སད། །བསྐུར་དུས་སྐད་ཅིག་བྱེ་བྲག་ཕྱེད། །དཀྱིལ་འཁོར་ཡེ་ཤེས་གཏིང་རྫོགས་ཡིན། །བསྐུར་ཚུལ་ངོ་སྤྲོད་སྐད་ཅིག་ལ། །འབྲས་བུ་རང་གྲོལ་དགོངས་པ་སད། །ངོ་སྤྲོད་དབང་བསྐུར་འདི་ལྟ་བུ། །བུམ་པ་ནང་གི་མར་མེ་ལྟར། །སྣོད་མ་ཡིན་གྱི་གང་ཟག་ལ། །དུས་དང་གནས་སྐབས་ཀུན་ཏུ་གསང་། །སྣོད་དང་ལྡན་པ་རྣམས་ལ་ཡང་། །དབང་མ་ཐོབ་པར་བཤད་མ་ཡིན། །ཅི་ཕྱིར་ངོ་སྤྲོད་འདི་ཉིད་ལ། །མ་རྟོགས་པ་རྣམས་སྐུར་པ་འདེབས། །ལོག་པར་རྟོགས་ནས་སྐུར་པར་འགྱུར། །དོན་མ་རྟོགས་པས་ཡིད་མ་ཆེས། །ཚིག་ལ་འཆེལ་ཞིང་དོན་ལ་རྨོངས། །བཤད་ཆོད་མཁན་གྱིས་གོ་བར་དཀའ། །སྐྱེ་བོ་རྣམས་ཀྱི་ཡ་གར་འགྱུར། །དེ་བས་འདི་དོན་གསང་བར་བྱ། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ཤེས་རབ་ཡེ་ཤེས་གསང་བར་དབང་བསྐུར་བའི་ལེའུ་སྟེ་བདུན་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །ཚིག་དབང་རིན་ཆེན་བསྟན་པ་ནི། །ལེགས་པར་རྩེ་གཅིག་ཡིད་ཀྱིས་ཉོན། །བུམ་པའི་ལྷ་དང་དབང་བསྐུར་རྣམས། །སྐྱེ་བ་མེད་པར་རྒྱས་འདེབས་པས། །ཕྱི་ཡི་ཚིག་དབང་ཞེས་སུ་བརྗོད། །དགའ་བ་བཞི་ལ་རྒྱས་འདེབས་པས། །ནང་གི་ཚིག་དབང་ཞེས་སུ་བཤད། །ཤེས་རབ་ཡེ་ཤེས་རྒྱས་འདེབས་པས། །གསང་བའི་ཚིག་དབང་ཞེས་སུ་བརྗོད། །རིག་པའི་ཡེ་ཤེས་ངོ་སྤྲོད་པས། །ཚིག་དབང་བླ་ན་མེད་པ་ཡིན། །བླ་མེད་ཚིག་གཅིག་དབང་དུ་བྱེད། །དབང་བསྐུར་བརྡའ་སྟོན་ལྷ་རྗེ་ཡིན། །ལྷ་ཡི་དབང་པོ་ལྷ་ཡི་ལྷ། །ལྷ་བས་བླ་མ་ལྷག་པས་ལྷ་ཡི་བླ། །ལྷ་ལ་ཟབ་མོའི་ཚོགས་འཁོར་འབུལ། །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །ལྷ་ཡི་རྗེ་བོ་ཀུནྡའི་སྙིང་པོ་བྱ། །དེ་རྣམས་ཤེས་ཤིང་སློབ་པས་སློབ་དཔོན་ཡིན། །མ་རྟོགས་མ་ཤེས་འདྲེན་པས་སློབ་


DNG005_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཡིན། །འདྲེན་པར་རང་རྒྱལ་སློབ་དཔོན་ཡིན། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག །དེ་ནས་ཚིག་དབང་རྒྱས་བཏབ་པས། །རྡོ་རྗེ་ལྟ་བུའི་སྐུ་བརྙེད་པས། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་རང་གྲོལ་བས། །རྡོ་རྗེ་སློབ་དཔོན་ཞེས་སུ་བརྗོད། །དབང་བཞི་རྫོགས་པའི་སློབ་དཔོན་དེ། །རྡོ་རྗེ་སློབ་དཔོན་ཞེས་བརྗོད་དོ། །རྡོ་རྗེའི་གདན་ནི་མ་ལུས་ལྡན། །རྡོ་རྗེ་གཅིག་པུས་གཡུལ་སེལ་བས། །སློབ་དཔོན་དཔའ་བོ་ཆེ་ཞེས་བརྗོད། །ཚིག་དབང་གཅིག་ལ་ཐམས་ཅད་རྫོགས། །རང་རིག་ཡེ་ཤེས་མ་བཅོས་པས། །རྣལ་འབྱོར་ཞེས་ཀྱང་དེ་ལ་བྱ། །དོན་ལྡན་བློ་ལ་འབྱོར་པ་ཡིས། །རྣལ་འབྱོར་ཆེན་པོ་ཞེས་ཀྱང་བྱ། །ཆོས་སྐུ་མི་འགྱུར་རྟག་པའི་སྐུ། །དུས་གསུམ་འཕོ་འགྱུར་མེད་པར་ཤེས། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །གསང་བ་མངོན་དུ་ཕྱུང་ནས་བསྟན། །གསང་བ་སྦས་པའི་ཁུངས་བརྟོལ་བས། །བླ་མས་དབང་བཞི་བསྐུར་བས་ན། །བླ་མ་གསང་སྔགས་ཀུན་བས་མཆོག །ཅེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ཚིག་དབང་བླ་མ་ལ་རག་ལུས་པའི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །གསང་སྔགས་བླ་མའི་ཐུགས་ལ་གནས། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །གསང་སྔགས་བདག་པོ་སྣ་ཚོགས་སྟོན། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སངས་རྒྱས་རབས་བདུན་དོ་ཟླའོ། །དེ་ཡི་དགོངས་པ་བཤད་པར་བྱ། །ལྡེམ་པོར་དགོངས་པ་རྣམ་པ་བཞི། །གཞི་ལ་ལྡེམ་དང་ཚིག་ལ་ལྡེམ། །དོན་ལ་ལྡེམ་དང་གནད་ལ་ལྡེམ། །ལྡེམ་དགོངས་བསྒོམ་རྩ་མ་ཆོད་ན། །འཁྲུལ་འཁོར་རྨོངས་པ་ཉོན་རེ་མོངས། །ཀྱེ་རིགས་ཀྱི་བུ་ཉོན་ཅིག །ཐོག་མ་མེད་པ་དུས་ཀྱི་དབྱིངས། །དངོས་གཞི་ཆེན་པོ་ཀུན་གཞི་ལ། །གཞི་ལ་ཕུན་ཚོགས་གནད་མེད་ན། །སྟོན་པས་བསྟན་པ་འདུས་བྱས་འགྱུར། །བཀའ་ཚོམས་གེགས་ཀྱི་གནད་མེད་ན། །ཀུན་བརྟགས་ཐེག་པ་རང་གཞུང་སྲོལ། །འབྲས་བུ་མི་འདྲ་ངེས་ཤེས་མེད། །འགྲོ་


DNG005_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་མུ་སྟེགས་རང་སར་བདེ། །བར་བར་བདེ་བའི་གེགས་མེད་ན། །རྒྱལ་པོ་དམངས་ཀྱང་ལྕེབས་ཏེ་འཆི། །སྐུ་གསུམ་ལམ་གྱི་གནད་མེད་ན། །རྣལ་འབྱོར་དུས་ལྟོས་ཉོན་རེ་མོངས། །བྱིན་རླབས་རང་ཆས་གནད་མེད་ན། །ཉི་མའི་སྙིང་པོ་སྔོན་དུ་ཟད། །ཐུགས་རྗེ་འགག་མེད་གནད་མེད་ན། །མཁའ་ཡི་ཆར་པ་སྔོན་དུ་ཟད། །གཞི་ལ་མཁས་པའི་གནད་མེད་ན། །འཁོར་བ་དོང་སྤྲུག་སྔོན་དུ་འབྱུང་། །འབྲས་བུ་རང་སའི་གནད་མེད་ན། །ཀུན་ཏུ་བཟང་པོ་འཁོར་བར་ལྟུང་། །ཐུགས་རྗེ་རོལ་པའི་གནད་མེད་ན། །འཁོར་བའི་སྣང་བ་སྔོན་དུ་སངས། །འགྱུ་བ་མེད་པའི་བྱིན་རླབས་གནད་མེད་ན། །ཆགས་སྡང་ལྔ་པོ་སྔོན་དུ་ཟད། །མ་རིག་གཏི་མུག་གཅད་མེད་ན། །གཟུང་འཛིན་འདུས་བྱས་སྔོན་དུ་ཞིག །སྐྱེ་དགུའི་བདག་པོ་གནད་མེད་ན། །སྐྱེ་བ་དགུ་བརྒྱུད་སྔོན་དུ་ཆད། །ཨེ་མ་ཧོ། ཚིག་ལ་ལྡེམ་པོར་དགོངས་པ་དེ་གསུངས་སོ། །དེ་ནས་ཅང་མི་གསུང་བར་ཆོས་ཉིད་ཀྱི་ཀློང་དུ་མནལ་ལོ། །ཞེས་འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། སྐྱེ་དགུ་ལ་ངོ་སྤྲོད་པའི་ལེའུ་སྟེ་དགུ་པའོ།། །དེ་ནས་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཀྱིས། བཅོམ་ལྡན་ཀུན་ཏུ་བཟང་པོ་ལགས། །སྐྱེ་དགུའི་མཚན་ཉིད་ཇི་ལྟར་ལགས། །ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །གནས་དང་བརྟན་དང་སྐྱེ་དགུའི་བདག །གནས་པ་ཀུན་གཞི་སྤྱི་ས་ཡིན། །བརྟན་པ་རང་བཞིན་སྟོང་པ་ལྔ་དང་ལྡན། །རྒན་པོ་ཐོག་མ་མེད་པ་ཡིན། །སྐྱེ་བ་དགུ་ནི་མི་འགག་པ། །ཕྱི་ཡི་སྐྱེ་བ་དགུ་བརྒྱུད་ལ། །དང་པོ་གཞི་ས་ངོ་སྤྲོད་གཅེས། །བར་དུ་རྒྱུ་རྐྱེན་ངོ་སྤྲོད་གཅེས། །ཐ་མར་སྐྱེས་བའི་དངོས་པོ་བརྟན་པར་གཅེས། །འགྲོ་བ་རིགས་དྲུག་མུ་སྟེགས་རྟག་ཆད་གཉིས། །འདྲེ་དང་ལྷ་རུ་སྐྱེ་བ་དགུ་བརྒྱུད་པ། །དང་པོ་བརྒྱུད་པའི་ཁུངས་བཙལ་ན། །འཁོར་བ་ཐོག་མཐའ་བཅད་པ་གཅེས། །ལྷ་ནི་འདྲེ་སྲིན་མི་དང་འགྲོ་དྲུག་གི། །སྐྱེ་བའི་གཞི་མ་མ་ཤེས་ན། །སྔགས་པ་མཐུ་རྩལ་བསམ་ཡས་ཀྱང་། །སྐྱེ་བ་དགུ་བརྒྱུད་ཆོད་མི་སྲིད། །ངན་སྔགས་སྐྱེ་བའི་རྩ་བ་


DNG005_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆོད་ན། །དགུ་བརྒྱུད་གཅོད་པ་ཡ་རེ་ཆ། །ཆོད་པ་མེད་པ་ཉོན་རེ་མོངས། །སྲིད་གསུམ་སྐྱེ་བརྒྱུད་མ་ཆོད་ན། །ཁམས་གསུམ་ཡོངས་གྲོལ་དཀའ་མོར་མཆི། །ཕྱི་ཡི་སྐྱེ་རྒྱུད་གཅོད་པ་ལ། །འབྱུང་པོ་ཀུན་འདུལ་གདམས་པ་དགོས། །སྐྱེ་དགུ་རྩད་ནས་གཅོད་པའི་ངོ་སྤྲོད་དགོས། །ཁམས་གསུམ་ཡོངས་གྲོལ་དགོངས་པ་དགོས། །སྲིད་གསུམ་རྣམ་པར་དག་པའི་ཡིད་ཆེས་དགོས། །གནས་བརྟན་རྒན་པོ་སྒྲོལ་བའི་དབང་པོ་དགོས། །སངས་རྒྱས་མེས་པོ་མཐོང་བའི་སྤྱན་མིག་དགོས། །འགྲོ་དྲུག་སྐྱེ་སྒོ་གཅོད་པའི་གེགས་སེལ་དགོས། །རྟག་ཆད་སྲོག་རྩ་གཅོད་པའི་བཤན་པ་དགོས། །ལྷ་སྲོག་འདྲེ་གཟིར་གཏན་ལ་ཕེབས་པའི་ཕུར་ཐུན་དགོས། །ནམ་མཁའི་ཀློང་དུ་སླེབ་པའི་གཤོག་པ་དགོས། །རྒྱ་མཚོ་ཧུབ་ཀྱིས་འདེབས་པའི་ཁ་མཆུ་དགོས། །མེ་ཆེན་གོས་སུ་གྱོན་པའི་བཟོད་པ་དགོས། །ས་ཆེན་གདན་དུ་བཏིང་བའི་ལུས་སྟོབས་དགོས། །རླུང་པོ་གཤོག་པར་བྱེད་པའི་ཡང་རྩལ་དགོས། །འབྱུང་ལྔ་སྔས་སུ་འཇུག་པའི་མི་ཕོ་དགོས། །དུག་ལྔ་བདུད་རྩིར་སྤྱོད་པའི་རྣལ་འབྱོར་དགོས། །གཉིས་སྣང་རང་སྣང་གཅོད་པའི་འཁྱེར་ཀ་དགོས། །ཁམས་གསུམ་རང་ལ་ཤར་བའི་དགོངས་པ་དགོས། །དེ་ལྟར་ཤེས་ན་ཕྱི་ཡི་འབྱུང་པོ་འདུལ། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ཕྱིའི་འབྱུང་པོ་སྐྱེ་རྒྱུད་བཅད་པའི་ལེའུ་སྟེ་བཅུ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །ནང་གི་སྐྱེ་དགུ་རྩད་བཅད་བསྟན་པར་བྱ། །ཐོག་མའི་གནས་བརྟན་སྐྱེ་དགུ་ལས། །ཐོག་མ་མེད་པའི་དུས་ཉིད་ནས། །ཉོན་མོངས་བརྒྱད་ཁྲིའི་གཞི་མ་ཡིན། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གིས། །དེ་རྣམས་སྐྱེ་བའི་གཞི་མ་དེ། །ཐེག་པ་རིམ་པ་དགུ་ཡི་གཞི། །ཀུན་གཞི་སྐྱེ་བའི་མཛོད་ཆེན་ཡིན། །རྒྱུ་དང་ལམ་དང་གཞི་དངོས་གསུམ། །དེ་གསུམ་གཏན་ལ་ཕེབས་པར་འགྱུར། །གཏན་ལ་འབེབས་པ་སྡེ་ཡི་ལུང་དུ་བཤད། །དེ་ལ་གོལ་གཞི་རིམ་པ་དགུ། །གོལ་བ་ལམ་གྱི་སོ་མཚམས་དགུ། །


DNG005_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གོལ་ས་དངོས་པོ་མཐའ་བཅས་རྣམས། །གོལ་གཞི་གོལ་ས་མ་ཤེས་ན། །ཐེག་པ་སྤྱི་ལས་བོགས་མི་ཐོན། །སུན་འདོན་ལ་བཟླ་མ་ཤེས་ན། །ཐེག་པའི་ལ་ཤན་རིས་མི་ཕྱེད། །ངོ་སྤྲོད་རང་ས་མ་བསྟན་ན། །འབྲས་བུ་སྤྱི་ཡི་གོལ་སར་འཆོར། །གེགས་དང་སེལ་ལུགས་མ་ཤེས་ན། །སྤྲེའུ་རྒན་མ་རུ་འཆོས་པ་འདྲ། །ལྟ་བའི་གོལ་སྒྲིབ་མ་ཆད་ན། །བོང་བུ་སེང་ལྤགས་གྱོན་པ་འདྲ། །བསྒོམ་པའི་གོལ་སྒྲིབ་མ་ཆོད་ན། །སྤྲེའུ་ལ་བསྒོམ་པ་བསླབས་པ་འདྲ། །སྤྱོད་པའི་གོལ་སྒྲིབ་མ་ཆོད་ན། །རྒོད་པོ་གཤོག་པ་ཆག་པ་འདྲ། །འབྲས་བུའི་གོལ་སྒྲིབ་མ་ཆོད་ན། །ཉི་མ་གཟའ་ཡིས་བཟུང་བ་འདྲ། །ཐམས་ཅད་ངོ་སྤྲོད་མ་ཤེས་ན། །ནོར་བུ་མཆིང་བུ་ཐོགས་པ་འདྲ། །དངོས་པོ་རྩད་ནས་མ་ཆོད་ན། །ཉན་ཐོས་ལ་སོགས་རང་གཞུང་རེ། །དེ་ཡི་མཚན་མ་མ་གྲོལ་ན། །གྲང་ནད་ཅན་ལ་ག་པུར་ལྟར། །རང་སྣང་ཡེ་ཤེས་བདུད་དུ་འགྱུར། །ཕྱོགས་རྟོགས་རྟོག་པས་ཟིན་པ་ནི། །ཁ་བྲག་ལམ་མདོར་ཚོགས་པ་འདྲ། །དེས་ན་ངོ་སྤྲོད་ཤིན་ཏུ་གཅེས། །ནང་གི་སྐྱེ་དགུ་རྩད་གཅོད་ན། །ཐེག་པའི་གོལ་ས་ཤེས་པ་ངོ་སྤྲོད་ཡིན། །ཐེག་པའི་གོལ་གཞི་ཤེས་པ་གདམས་ངག་ཡིན། །ཐེག་པ་སུན་འདོན་ཤེས་པ་དབང་པོ་ཡིན། །ཐེག་པའི་ལ་བཟླ་ཤེས་པ་ཡིད་ཆེས་ཡིན། །ཐེག་པའི་ངོ་སྤྲོད་རང་གྲོལ་ཤེས་པ་ངེས་ཤེས་ཡིན། །ཐིག་ལེ་གཅིག་ཏུ་ཤེས་པ་འབྲས་བུ་ཡིན། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ནང་གི་སྐྱེ་དགུ་རྩད་ནས་བཅད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །གསང་བའི་སྐྱེ་དགུ་རྩད་ནས་གཅད་པ་བསྟན་པར་བྱ། །ཀུན་གཞི་སྐྱེ་བ་དགུ་པའི་བདག །རྣམ་པར་ཤེས་པའི་ཚོགས་བརྒྱད་ལ། །སྐྱེ་ལུགས་མི་འདྲ་རྣམ་པ་བརྒྱད། །བརྒྱད་ཀྱི་དཔོན་པོར་གྱུར་པ་ཡིན། །དེ་སྐྱེ་བ་དང་དགུ་ཞེས་བྱ། །དེ་ལ་གཞི་དང་ལམ་དང་ནི། །འབྲས་བུ་དངོས་པོ་དག་ཏུ་སྨིན། །དེ་ལ་ངོ་སྤྲོད་བསྟན་པ་ནི། །ལྷ་ཡི་ངོ་སྤྲོད་སྐྱེ་བ་དགུ། །ནོར་ལྷ་བརྒྱད་ཅེས་


DNG005_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་སྐྱེས། །དེའི་དཔོན་པོ་དབང་ཕྱུག་ཆེན་པོ་ལྷ་ཆེན་པོ་དང་དགུ། ལྷན་ཅིག་སྐྱེས་པས་ལྷ་དགུ་ཡིན། །ལྷ་ཡི་སྐྱེས་རབས་མ་ཤེས་ན། །ལྷ་ལ་མཆོད་པ་འབུལ་མི་ཤེས། །ལྷ་ཡི་མཆོད་ཐབས་མ་ཤེས་ན། །མཆོག་གི་དངོས་གྲུབ་འཐོབ་མི་འགྱུར། །འདྲེ་ནི་འབྱུང་པོ་སྲིན་པོ་དང་། །ཉི་མ་ཟླ་བ་ཁྱབ་འཇུག་ཚངས་པ་དང་། །གཤིན་རྗེ་དང་ནི་མ་མོ་དང་། །ས་ཡི་ལྷ་དང་ཆུ་ལྷ་མེ་ལྷ་རླུང་གི་ལྷ། །ཀུ་བེ་རའི་ལྷ་དང་། འབྲོག་གནས་ལྷ་དང་། གང་བ་བཟང་པོ་ལྷ་དང་། ནོར་གྱི་ལྷ་བརྒྱད། དེ་ནི་ནོར་གྱི་ལྷ་བརྒྱད་དོ། །ལྷན་ཅིག་སྐྱེས་པའི་འདྲེ་དགུ་པོ། །དེ་ཡི་བཅོས་ཐབས་མ་ཤེས་ན། །བར་ཆོད་སེལ་བའི་དུས་མི་མཆི། །དེ་ལ་དང་པོ་བར་དང་ཐ་མ་གསུམ། །དེ་གསུམ་ངོ་སྤྲོད་མ་ཤེས་ན། །རྣམ་རྟོག་རང་གྲོལ་དུས་མི་མཆི། །ཀྱེ་རིགས་ཀྱི་བུ་ཁྱོད་ཉོན་ཅིག །གསང་བའི་སྐྱེ་དགུ་རྩད་གཅོད་ནི། །སྐྱེ་གཞིའི་རྩ་བ་མ་ཆོད་ན། །རྒྱ་མཚོའི་ལྦུ་བ་སུབ་པ་འདྲ། །སྐྱེ་དགུའི་རྩ་བ་མ་ཆོད་ན། །ཆུ་གཏིང་ཟླ་བར་རྡོ་བརྡེག་འདྲ། །དངོས་པོའི་སྐྱེ་རྒྱུད་མ་ཆོད་ན། །སྨྱོན་པའི་ལག་དུ་སྨན་འགྱེད་འདྲ། །གཞི་ལམ་སྐྱེ་རྒྱུད་གཅོད་པ་ལ། །དགའ་བོ་འཇོག་པོའི་ནོར་བུ་ལྟར། །དུག་ལ་མི་འཇིགས་ནོར་བུ་རྙེད་པ་ལྟར། །དངོས་པོ་སྤང་དང་སྤྱད་པ་དང་། །བསྒྱུར་དང་རང་སྣང་ཡིན་ཟེར་བ། །དེ་ཡི་འབྲས་བུ་སྒྲིབ་པ་ཡིན། །ཀྱེ་རིགས་ཀྱི་བུ་ཉོན་ཅིག །འགྱུས་ནི་རང་གྲོལ་ཟུང་འཇུག་མེད། །ལྷ་བརྒྱད་ངོ་སྤྲོད་དེ་ཡིན་ནོ། །འགྱུས་ན་མ་རིག་བདུད་དུ་འབྱུང་། །འགྱུ་བ་གཅིག་གི་རྩད་ཆོད་ན། །ཆིག་ཆོད་ངོ་སྤྲོད་དེ་ཡིན་ནོ། །གཅིག་པོ་རང་གྲོལ་ཤེས་ཙམ་ན། །ལྷ་འདྲེ་དབང་དུ་འདུས་པས་འབྱུང་པོ་ཐུལ། །མཁའ་འགྲོ་ཆོས་སྐྱོང་དབང་དུ་འདུས་པས་འབྱུང་པོ་ཐུལ། །ཉག་གཅིག་ཉམས་ལས་གྲོལ་བ་རྟོག་གེའི་ཡུལ་ལས་འདས། །མཚན་མ་སྣ་ཚོགས་རང་སར་གྲོལ་བས་ཐིག་ལེ་ཉག་གཅིག་རང་ལ་འཆར། །ལྷ་འདྲེ་གཉིས་མེད་ཤར་བས་དངོས་གྲུབ་བར་ཆོད་མེད། །ལྷ་ཡི་སྐྱེ་རྒྱུད་ཆོད་པས་ཟུག་རྔུ་དུས་གཅིག་ཆོམས། །འདྲེ་ཡི་སྐྱེ་རྒྱུད་ཆོད་པས་


DNG005_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཅོད་དུས་གཅིག་ཞི། །བདེ་སྡུག་སྐྱེ་རྒྱུད་ཆོད་པས་འཁོར་བ་རང་སར་གྲོལ། །ཐིག་ལེ་རང་ལ་ཤར་བས་མཐའ་བཞི་དྲས་ཐག་ཆོད། །མེ་ཆུ་གཉིས་ཀྱི་ཚ་གྲང་བསྙམས་པས་བཙོ་བསྲེག་ཁར་མི་ལྟུང་། །ས་དང་རླུང་གཉིས་མཚན་ཉིད་ཤེས་པས་བྱིང་རྒོད་རང་སར་གྲོལ། །མཁའ་དང་འགྱུ་བའི་ཆོས་ཉིད་ཤེས་པས་དགོངས་པ་རྣམ་པར་དག །རྣམ་ཤེས་འོད་གསལ་ཤེས་པས་བར་དོ་ཚད་ལས་གྲོལ། །རིག་པ་ཡེ་ཤེས་ཤེས་པས་མཁྱེན་པའི་ཞིང་ཁམས་འཆར། །ཐིག་ལེ་ཡེ་ཤེས་ཤར་བས་སངས་རྒྱས་དགོངས་པ་ཤར། །འགྱུ་བ་ཟང་ཐལ་ཤར་བས་བྱིན་རླབས་ཕྱོགས་མེད་འཆར། །འགྲོ་དྲུག་རང་སར་གྲོལ་བས་སངས་རྒྱས་ཡུལ་མེད་འཆར། །འཁོར་བ་རང་སར་གྲོལ་བས་འགྲོ་དྲུག་འཁྱམས་ས་མེད། །སྣོད་བཅུད་ཕྱི་ནང་མེད་པས་གཟུང་འཛིན་དྭངས་ས་མེད། །རིག་པ་ཁོང་ནས་ཤར་བས་མ་རིག་དྭངས་ས་མེད། །ཤེས་རབ་ཁོང་ནས་ཤར་བས་སྒྲིབ་པ་བྱང་བ་མེད། །འགྱུ་བ་ཟང་ཐལ་ཤར་བས་ལས་ཀྱི་འཁོལ་ས་མེད། །དུག་ལྔ་རང་སར་གྲོལ་བས་ཉོན་མོངས་སྐྱེས་ས་མེད། །གཟུང་འཛིན་དཀར་ནག་གྲོལ་བས་ཤེས་བྱའི་སྒྲིབ་པ་མེད། །ལུས་ཀྱི་མཐའ་གཞི་ཆོད་པས་རྣམ་སྨིན་གོལ་ས་མེད། །སྒྲིབ་པ་བཅུ་གཉིས་བསྡུས་པས་གཞི་རུ་འདུས། །དེ་ཡང་གསུམ་འདུས་གསུམ་པོ་གཅིག །རྒྱ་མཚོའི་གཏིང་གིས་ལུ་མའི་རྩད་ཆོད་ན། །རྒྱ་མཚོ་ཆེ་ཡང་རང་དྭངས་བསྐམ་པར་འགྱུར། །ཤིང་ཕུང་ལྗོན་པའི་རྩ་བ་ཆོད་ཙ་ན། །ལོ་མ་མེ་ཏོག་འབྲས་ལྡན་བསྐམ་པར་འགྱུར། །དེ་བཞིན་སྒྲིབ་པའི་རྩ་བ་ཡིན་པར་ཤེས་པ་ལ། །འགྱུ་བ་ཤེས་པས་གོང་ལྟར་ཐམས་ཅད་ཆོད། །རྩ་བ་གཅིག་གི་དོན་རྟོགས་ན། །དཔེར་ན་ཛེ་ཏའི་སྨན་བཞིན་དུ། །གང་ལ་རེག་པ་སྨན་དུ་འགྱུར། །དེ་བཞིན་ཅིར་སྣང་ཅིར་འགྱུས་ཡང་། །ཡེ་ཤེས་དག་ལ་འདས་པ་ནི། །སྐད་ཅིག་ཙམ་ཡང་མི་སྲིད་དོ། །དབང་པོ་བསམ་པ་དང་སྦྱར་དུ། །འགྱུ་བ་གཅིག་པོའི་སྤྱི་ཁྱབ་ཡིན། །ཁྱབ་པ་གཅིག་པོའི་དོན་ཤེས་ན། །ཐམས་ཅད་སངས་རྒྱས་དགོངས་


DNG005_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །དབང་པོ་འདི་ལ་རྣོ་བརྟུལ་མེད། །འགྱུ་བ་བྱིན་རླབས་རང་སྣང་ཕྱིར། །ཐོས་པ་འདི་ལ་ཆེ་ཆུང་མེད། །འགྱུ་བ་ཡེ་ནས་དངོས་མེད་ཕྱིར། །དབང་པོ་བློ་ལ་རྣོ་བརྟུལ་མེད། །འགྱུ་བ་རང་གྲོལ་འཆར་བའི་ཕྱིར། །དད་པ་འདི་ལ་ཆེ་ཆུང་མེད། །འགྱུ་བ་རང་ལས་བྱུང་བའི་ཡེ་ཤེས་ལ། །དད་པ་བཟང་པོས་འགྲུབ་པ་མེད། །གནད་ཀྱི་གདམས་པས་ངོ་སྤྲད་ན། །སྨན་གྱི་རྒྱལ་པོ་ཛེ་ཏ་བཞིན། །གང་ལ་རེག་པ་སྨན་དུ་འགྱུར། །དེ་བཞིན་རྣམ་པ་ཅིར་སྣང་ཡང་། །རང་སྣང་ཡེ་ཤེས་འབའ་ཞིག་ཡིན། །དཔེར་ན་རྩི་མཆོག་མ་གི་བཞིན། །གང་ལ་རེག་པ་དྲི་རུ་འགྱུར། །དེ་བཞིན་འགྱུ་ཚད་ཡེ་ཤེས་འབར། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། གསང་བའི་སྐྱེ་རྒྱུད་རྩད་བཅད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །གསང་བའི་སྐྱེ་དགུ་རྩ་དང་ངོ་སྤྲོད་པ། །དང་པོ་རྩ་ཡི་གཞི་མ་བསྟན། །ཐམས་ཅད་ཤེས་རབ་ཡེ་ཤེས་རྩ། །ཡོན་ཏན་རྩ་དང་ཕྲིན་ལས་རྩ། །དང་པོའི་གཞི་རྩ་བསྟན་པ་ནི། །བར་དུ་རླུང་དང་རྩ་དང་ཐིག་ལེ་དང་། །རྒྱུ་རྐྱེན་འདུས་པས་འདུས་བྱས་དངོས་པོའི་རྩ། །དེ་ཡང་ཐིག་ལེ་བྱང་ཆུབ་སེམས། །དཀར་དམར་གཉིས་པོ་འདུས་པ་ལས། །རྩ་ལ་བརྟགས་དང་དཔྱད་པ་ལས། །རྩ་ལ་རྩ་རྒྱུད་བཤད་པར་བྱ། །གདུགས་དང་པདྨ་འཁོར་ལོ་དང་། །རིན་པོ་ཆེ་དང་རྩེ་གསུམ་རྡོ་རྗེའི་རྩ། །གནས་པ་དངོས་པོའི་རྩ་ཞེས་བརྗོད། །དེ་ནི་བཅུད་ལ་གནས་པའི་རྩ། །དེ་ཡང་ཨ་ཝདྷཱུ་ཏི་དང་། །རོ་མ་རྐྱང་མ་གསུམ་དུ་འདུས། །ཐོག་མ་ཆོས་གསུམ་དག་ལ་འདུས། །བར་དུ་མ་ནིང་གསུམ་ལ་འདུས། །རིག་པ་འོད་དང་དཀར་དམར་གསུམ་ལ་འདུས། །རྩ་ཡི་ངོ་བོ་ཟང་ཐལ་བས། །ཤེལ་གྱི་སྦུབས་མ་བྱ་བ་ཡིན། །མཛོད་སྤུར་དངོས་སུ་ཆགས་པ་བག་ཆགས་རྩ། །དངོས་སུ་གྲུབ་པའི་རྩ་ཞེས་བརྗོད། །


DNG005_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རོ་རྐྱང་དྷཱུ་ཏི་གསུམ་དུ་གྲགས། །གདུགས་ལྟ་བུ་ཡི་རྩ་ཞེས་བ། །སྤྱི་བོ་བདེ་ཆེན་གཞལ་ཡས་ཡིན། །རྩ་ནི་སུམ་ཅུ་རྩ་གཉིས་གནས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་། །ཡེ་ཤེས་རྩ་དང་ཐབས་དང་ཤེས་རབ་རྩ། །ཡོན་ཏན་རྩ་དང་རང་རྒྱུད་རྩ། །རྣམ་པ་ལྔ་ལས་གྱེས་པ་ཡིན། །ཡེ་ཤེས་རྩ་ནི་དབུས་ནས་འགྱུ། །རང་རྒྱུད་རྩ་ཡང་དེ་ལ་བརྟེན། །ཐབས་ཀྱི་རྩ་ལ་ཆ་ལྔ་གནས། །གཉིས་འགྱུར་མཁའ་འགྲོ་བཅུ་རུ་བཤད། །ཤེས་རབ་རྩ་ལ་རྣོ་བ་ལྔ་རུ་སྣང་། །གཉིས་འགྱུར་མཁའ་འགྲོ་བཅུ་རུ་གནས། །ཡོན་ཏན་རྩ་ལ་རྣམ་པ་ལྔ། །གཉིས་འགྱུར་མཁའ་འགྲོ་བཅུ་རུ་གནས། །ཡེ་ཤེས་མཁའ་འགྲོ་ལས་འགྲོ་གཉིས། །སུམ་ཅུ་རྩ་གཉིས་གདུགས་ཀྱི་གནས། །རྨ་བྱ་མདོངས་དང་བཅས་པ་ལྟར། །རྩ་དང་མཁའ་འགྲོ་རང་ཆས་ཡིན། །མགྲིན་པ་ཡོངས་སྤྱོད་པདྨ་འདྲ། །པདྨ་ཅན་གྱི་གནས་ཞེས་བྱ། །དེ་ལ་རྩ་ཡང་བཅུ་དྲག་ཡོད། །ཡེ་ཤེས་ཐབས་དང་ཤེས་རབ་རྩ། །ཡོན་ཏན་རང་རྒྱུད་རྣམ་ལྔའི་རྩ། །ཐབས་ཀྱི་རྩ་ལ་མཁའ་འགྲོ་ལྔ། །ཤེས་རབ་ལ་ཡང་དེ་ལྟར་རོ། །ཡོན་ཏན་ལ་ཡང་དེ་ལྟར་ཤེས། །ཡེ་ཤེས་རྩ་དང་རང་རྒྱུད་ལ། །མཁའ་འགྲོ་རྣམ་སྣང་གསལ་བས་ན། །དེ་ཡང་རང་ཆས་སྔགས་ཀྱི་རྩ། །སྙིང་ག་ཆོས་ཀྱི་འཁོར་ལོ་ནི། །བྱང་ཆུབ་མཐའ་ཡས་ཕུག་ཅེས་བྱ། །དེ་ན་རྩ་བཅུས་ཁྱུད་མོ་འདྲ་བ་ཡི། །རྩ་ཡང་རྣམ་པ་བརྒྱད་ཡོད་དེ། །ཡེ་ཤེས་ཐབས་དང་ཤེས་རབ་དང་། །ཡོན་ཏན་རང་རྒྱུད་རྩ་བརྒྱད་གནས། །ཐབས་ཀྱི་རྩ་ལ་མཁའ་འགྲོ་གཉིས། །ལྷོ་ཕྱོགས་ཤར་གྱི་རང་ས་ཟིན། །ཤེས་རབ་རྩ་ལ་མཁའ་འགྲོ་གཉིས། །ནུབ་བྱང་གཉིས་ཀྱི་རང་ས་ཟིན། །ཡོན་ཏན་རྩ་ལ་མཁའ་འགྲོ་གཉིས། །མཚམས་ཀྱི་མཁའ་འགྲོ་ཞེས་སུ་བཤད། །ཡེ་ཤེས་རྩ་དང་རང་རྒྱུད་ལ། །སྟེང་འོག་མཁའ་འགྲོ་གནས་པ་ཡིན། །ཉི་མ་མདངས་དང་ཆོས་པ་བཞིན། །རྩ་དང་མཁའ་འགྲོ་རང་ཆས་ཡིན། །ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། །འཇིགས་སུ་རུང་བའི་གནས་


DNG005_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ། །དེ་ཡང་གོང་དུ་རིམ་པས་ཤེས། །དེ་ལ་དྲུག་ཅུ་རྩ་བཞི་གནས། །འཁོར་ལོ་མཚོན་ཆ་འདྲ་བ་ལ། །འཇིགས་སུ་རུང་བའི་གནས་ཞེས་བྱ། །དེ་ཡང་གོང་དང་འདྲ་བ་ལ། །ཐབས་ཀྱི་རྩ་ལ་མཁའ་འགྲོ་བཅུ། །ཤེས་རབ་རྩ་ལ་དེ་བཞིན་ནོ། །ཡོན་ཏན་རྩ་ཡང་དེ་བཞིན་ནོ། །རང་རྒྱུད་རྩ་ལ་མཁའ་འགྲོ་བཅུ། །ཡེ་ཤེས་རྩ་ལ་གཉིས་གནས་ཏེ། །དྲུག་ཅུ་རྩ་བཞི་འཁོར་བཅས་རྣམས། །མཚོན་ཆ་འཁོར་ལོ་འབར་བ་བསམས། །འགྲོ་དྲུག་གྲོང་ཁྱེར་དམྱལ་ཐག་ཆོད། །འཇིགས་སུ་རུང་བའི་གནས་ཞེས་བྱ། །མན་ཤེལ་འོད་དང་ཆས་པ་བཞིན། །རྩ་དང་མཁའ་འགྲོ་རང་ཆས་ཡིན། །གསང་བ་རྡོ་རྗེ་ལྟ་བུའི་རྩ། །རྡོ་རྗེ་རྩེ་གསུམ་ལྟ་བུ་ཡོད། །ཁ་ཊཱཾ་དུང་ཅན་ཤིན་ཏུ་དཀོན། །དེ་ཡི་མཚན་ཉིད་བསྟན་པ་ནི། །མས་འགེབ་བུས་སེ་མིག་སྨིན་འབྱར། །བྱ་ལག་ཆུ་རྐང་སྐྲ་ལོ་སེར། །ལྟག་རྩ་འཁོར་བར་ཡོད་པ་ལ། །ཕོ་སྐད་ཅན་དང་གདོང་ཚུགས་ལྟ། །བབ་ཅོལ་སྨྲ་ཞིང་ཟུར་འགྲོས་བྱེད། །དེ་ལ་དུང་ཅན་ཡོད་པ་ནི། །མཁའ་འགྲོ་མ་ཡི་རིགས་སུ་བཤད། །དེ་ཡིས་བདེ་བ་ཁྱད་འཕགས་པས། །བདེ་བ་ཅན་གྱི་གནས་ཞེས་བྱ། །གཡས་ན་ཐབས་ཀྱི་མཁའ་འགྲོ་ནི། །གླང་པོ་གདོང་ཞེས་བྱ་བ་ཡོད། །གཡོན་ན་ཤེས་རབ་མཁའ་འགྲོ་མ། །ཁ་ཁ་མུ་ཁ་ཞེས་པ་ཡོད། །དབུས་ན་ཡེ་ཤེས་མཁའ་འགྲོ་མ། །སྲིན་མོ་གདོང་ལྡན་དུང་ཅན་ཡོད། །དེ་ཕྱིར་རྡོ་རྗེ་མཁའ་འགྲོ་ཡིན། །བདེ་བ་བསྐྱེད་པས་ཡེ་ཤེས་མཁའ་འགྲོ་མ། །བདེ་བ་སྤོར་བས་ལས་ཀྱི་མཁའ་འགྲོ་མ། །བདེ་བ་ཟད་མེད་རིན་ཆེན་མཁའ་འགྲོ་མ། །བདེ་ལ་མ་ཆགས་པདྨ་མཁའ་འགྲོ་མ། །རང་དོན་མཐར་ཕྱིན་ཡེ་ཤེས་མཁའ་འགྲོ་མ། །གཞན་དོན་མཐར་ཕྱིན་དམ་ཚིག་མཁའ་འགྲོ་མ། །འཁོར་བའི་སྡུག་བསྔལ་ཟད་བྱེད་འཇིག་རྟེན་མཁའ་འགྲོ་མ། །དུག་ལྔ་རང་ལོག་ལོག་འདྲེན་མཁའ་འགྲོ་མ། །སྤྱི་བོ་བདེ་ཆེན་གནས་པས་ཆོས་དབྱིངས་ཡེ་ཤེས་མཁའ་འགྲོ་མ། །མགྲིན་པར་བྱོན་པས་བདེ་བ་སྐྱེད་བྱེད་ལོངས་


DNG005_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་མཁའ་འགྲོ་མ། །སྙིང་གར་ཉམས་སུ་མྱོང་བས་ཆོས་སྐྱོང་མཁའ་འགྲོ་མ། །ལྟེ་བར་བདེ་བ་འཁྱིལ་བས་ལས་ཀྱི་མཁའ་འགྲོ་མ། །གསང་བར་བདེ་བ་འབར་བས་བདེ་སྐྱོང་མཁའ་འགྲོ་མ། །ནང་གི་རྩ་ཡི་རྒྱུད་ལ་མཁའ་འགྲོ་ངོ་སྤྲོད་ཡིན། །མཁའ་འགྲོའི་ཚོགས་འཁོར་སྨིན་པར་བྱེད་ན་དེ་ལྟར་གྱིས། །མཆོད་རྫས་དམ་རྫས་མཐུན་རྫས་རང་ཆས་ཡིན། །རྔ་དང་གཏོར་མ་རཀྟ་བདུད་རྩི་རྐང་གླིང་དེ་ཅི་དགོས། །མཁའ་འགྲོ་འབོད་པ་ཅི་དགོས་མཆོད་དང་བསྟོད་ཅི་དགོས། །ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱ་ཅི་དགོས། །འདི་ནི་གསང་བ་ངེས་པའི་དོན། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། གསང་བའི་ཚོགས་ཀྱི་འཁོར་ལོའི་ལེའུ་སྟེ་བཅུ་གསུམ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །རྩ་ཡི་གནས་ལུགས་ངོ་སྤྲོད་བསྟན་པར་བྱ། །ཕོ་རྩ་མོ་རྩ་མ་ནིང་རྩ་དང་ཚན་པོ་ཆེ། །དེ་ཡང་གཞི་དང་ལམ་དང་དངོས་པོ་རྣམས། །དེ་རྣམས་གཏན་ལ་ཕབ་པར་བྱ། །དང་པོར་སྐྱེ་བ་འབྱུང་བ་ནི། །དང་པོ་ལྷུན་གྲུབ་མ་འགགས་པར། །ཐུགས་རྗེ་འགག་པ་མེད་པ་ལས། །འགྱུ་བ་རླུང་གིས་བསྐྱོད་ནས་ནི། །ལྷུན་གྲུབ་རླུང་ཆེན་མ་འགགས་པས། །མ་ནིང་རྣམ་པ་གསུམ་དུ་འབྱུང་། །མ་ནིང་རླུང་གི་རྩལ་དྲག་པས། །དྲག་པོར་འགྱུས་ན་འོད་ལ་བཅད། །ཐིག་ལེ་དཀར་དམར་འདུས་པ་ལས། །མཛོད་ཆེན་ཞེས་པའི་རྩ་རུ་འཁྱིལ། །རྐྱང་མ་རོ་མ་ཀུན་འདར་མ། །དེ་ལ་དངོས་པོའི་རྩ་རུ་འབྱུང་། །དངོས་པོའི་རྩ་ཡི་སྣང་བ་ཡང་། །རོ་རྐྱང་ཀུན་འདར་གསུམ་པོ་ལས། །ཕོ་རྩའི་སྣ་ནི་ཁ་ལ་ཟུག་ནས་ཁ་བྱེ་བས། །ཟླ་བ་རེ་ལ་མཚན་མ་རེ། །སྣ་ཡི་ནང་ནས་འབྱུང་བ་ཡིན། །ཐིག་ལེ་དེ་ལ་རྒྱས་པའི་རྩ། །ཨ་ཝ་དྷཱུ་ཏིའི་ནང་ནས་འབྱུང་། །བདེ་བ་འབྱུང་བ་དེ་ལྟར་ཡིན། །རྡོ་རྗེའི་རྩེ་མོར་རྩ་མདུད་གནས། །མོ་ཡི་ཤེས་རབ་རྩལ་གྱིས་སུ། །ཟླ་མཚན་འཛག་ཅེས་བྱ་བ་ཡང་། །ཐིག་ལེ་ཨ་ཝ་དྷཱུ་ཏི་ནས་སུ་འཛག །ཐིག་


DNG005_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་དམར་པོ་རོ་རྐྱང་ནས། །སྣ་ཡི་བུ་ག་གཉིས་ནས་འཛག །ཟླ་མཚན་ཞེས་ཀྱང་དེ་ལ་བྱ། །ཟླ་བ་རེ་ལ་རྒྱུ་བ་ཡང་། །མཛོད་སྤུ་དྲག་ཏུ་གཡོ་བར་བྱེད། །མགྲིན་པར་ཞག་དྲུག་བར་དུ་འབབ། །སྙིང་དང་ལྟེ་བར་དེ་བཞིན་ནོ། །དྭངས་མ་རྒྱས་པ་དྲུག་ཏུ་འདོད། །དེ་བས་མི་འབྱུང་རང་དབང་མེད། །དེ་ནས་སྣ་རུ་འབྱུང་བ་ཡང་། །རོ་རྐྱང་གཉིས་ནས་བྱུང་བ་ཡིན། །དེ་ཉིད་མེད་པར་གྱུར་པ་ན། །ཐབས་དང་ཤེས་རབ་བརྟེན་ས་མེད། །གཞི་ནི་ངོ་བོ་ཐུགས་རྗེའོ། །ལམ་ནི་རིག་དང་མ་རིག་སྣང་། །རགས་པ་འགྱུ་བ་འོད་དུའོ། །དངོས་པོ་ཐབས་དང་ཤེས་རབ་རྩ། །དེ་གསུམ་འདུས་པ་དྷཱུ་ཏི་ཡིན། །དེ་ལ་འཁོར་ལོ་རྣམ་པ་ལྔ། །སྤྱི་བོ་བདེ་བ་ཆེན་པོ་ན། །ཐིག་ལེ་དཀར་དམར་འཛག་པ་ནི། །ཧཾ་ཁ་ཐུར་དུ་བལྟས་པ་ཡིན། །ཧ་ནི་ཕྲིན་ལས་ལྗང་གུའི་མདོག །ད་ནི་རང་བྱུང་ཐིག་ལེ་ཡིན། །ཞག་དྲུག་བར་དུ་རྩ་རྣམས་བསྐོར། །དེས་ན་བདེ་ཆེན་འཁོར་ལོ་ཡིན། །འཁོར་ལོ་ངར་དང་ལྡན་པ་བཞིན། །བདེ་བའི་ངར་གྱིས་རྩ་རྣམས་གསོ། །བདེ་བ་སྐྱེ་བ་དེ་ལྟར་ཡིན། །དེ་བཞིན་འཁོར་ལོ་བཞི་རྣམས་ལ། །རེ་མོས་རེ་མོས་འཁོར་བས་ན། །འཁོར་ལོ་ལྔ་ཞེས་བརྗོད་པ་ཡིན། །གསང་བའི་རྩ་ཡི་གནད་མེད་ན། །བདེ་ཆེན་ཡེ་ཤེས་ངོས་མི་ཟིན། །ཐིག་ལེས་རྩ་རྣམས་མ་བརྒྱན་ཞིང་། །འཁོར་ལོ་བཞིན་དུ་མི་བསྐོར་ན། །རྩ་རྣམས་ཐམས་ཅད་སྔོ་བསྐམ་འགྱུར། །རྩ་རྣམས་བསྐམས་པར་གྱུར་པ་ན། །འཆི་བ་ཞེས་ནི་བརྗོད་པ་ཡིན། །ཐིག་ལེའི་གནད་དང་དུས་མི་མྱོང་། །སྐོར་ཟློག་མི་བཏུབ་གྱུར་པ་ན། །འཆི་བའི་རྟགས་སུ་བཤད་པ་ཡིན། །ཕོ་ནི་གསལ་བ་ཤས་ཆེ་བས། །ཕོ་རྩ་ཞེས་ནི་བརྗོད་པ་ཡིན། །དེ་ལ་ཐབས་ཀྱི་རྩ་ཞེས་བརྗོད། །མཁས་པ་ཆེན་པོ་ཐབས་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་། །མོ་ནི་ཐུགས་རྗེ་ཤས་ཆེ་བས། །མོ་རྩ་ཞེས་ནི་བརྗོད་པ་ཡིན། །ཤེས་རབ་རང་བཞིན་བུད་མེད་ཡིན། །རཀྟ་འབབ་ཅིང་ཟང་ཐལ་ཡོད། །མཚན་ལྡན་བུད་མེད་


DNG005_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ། །བྱང་ཆུབ་སེམས་མ་རྣམས་ལ་སྣང་། །ཡིད་འོང་མཛེས་མའི་མདོག་ལྡན་མ། །ཡིད་འོང་མཛེས་པའི་གཟུགས་འཆང་ཡིན། །ཞེས་གསུངས་སོ། །མ་ནིང་མ་ནིང་ཞེས་བྱ་བ། །རྩ་གཉིས་ཁ་ནི་བསྣོལ་བ་ལས། །མ་ནིང་མཚན་མ་གཉིས་དང་ལྡན། །ཐུགས་རྗེ་མི་འགག་དང་པོའི་གཞི། །བར་དུ་མ་ནིང་རྩ་རུ་བྱུང་། །ཐ་མ་དངོས་སུ་མ་ནིང་ངོ་། །མ་ནིང་ཚན་པོ་ཆེ་ཡང་དེ་ལྟར་ཤེས། །ཕོ་མོ་རྒོད་ལྡན་རྩ་ཡི་རོ་རྐྱང་གནད། །རོ་རྐྱང་ཁ་འཕེལ་འགྲིབ་པ་འབྱུང་། །དེས་ན་ཕོ་མོར་བྱུང་བ་ཡང་། །རྩ་ཡི་སྲིད་མཐའ་མི་ཁེགས་པས། །དེ་ལྟ་བུ་རུ་འབྱུང་བ་ཡིན། །རི་དྭགས་ལྟ་བུའི་སྐད་དང་ནི། །གླང་པོ་ལྟ་བུའི་སྐད་འབྱུང་བས། །ཕོ་རྩ་མོ་རྩའི་མཚན་ཉིད་ཅེས། །གཉིས་འཛོམ་པས་ནི་སྙོམས་པ་ཡིན། །བྱིས་པ་མཚེ་མར་འབྱུང་བ་ཡང་། །ཟླ་མཚན་དུས་མྱུར་གཉིས་འདོམས་པས། །བྱིས་པ་མཚེ་མར་འབྱུང་བ་ཡིན། །སྐྱེ་བ་སྔ་ཕྱིར་འབྱུང་བ་ཡང་། །རླུང་དང་ཐིག་ལེའི་རྩལ་སྟོབས་ཡིན། །མཁས་པ་ཐབས་དང་ལྡན་པ་ཡང་། །ཐབས་ཀྱི་རྩ་ནི་ཤས་ཆེ་ཡིན། །རྟོགས་པ་ཤེས་རབ་ཆེ་བ་ཡང་། །ཤེས་རབ་རྩ་ནི་ཤས་ཆེ་ཡིན། །དབང་པོ་ཐ་མར་གྱུར་པ་ཡང་། །རྩ་གཉིས་ཡོད་ཀྱང་ཆེ་ཆུང་ཡིན། །གཏི་མུག་ཆེ་ཞིང་འདོད་ཆགས་ཆུང་། །ཞེ་སྡང་ཆུང་བའི་མོ་རྣམས་ནི། །མིག་ནག་འདྲིལ་ཀྱང་མི་ཤེས་པར། །གྱེན་ལ་ལྡོག་ཅིང་བལྟ་བ་ནི། །གླེན་པ་བ་གླང་ཞེས་སུ་བརྗོད། །གཉིས་འདོམས་པ་ཡི་རྟགས་བསྟན་པ། །སྤྱན་མིག་དམར་ལ་ཧྲིག་ཆགས་ན། །འདོད་ཆགས་ཆེ་ཞིང་ཞེ་སྡང་འབར། །ཤེས་པ་གསལ་ཞིང་མྱུར་པོར་སྨྲ། །དབང་པོ་རབ་ཀྱི་རྟགས་ཡིན་ཏེ། །ལྟག་རྩ་མིག་ལ་རྒྱས་པ་དང་། །མིག་ནི་དམར་ཞིང་ཕྱེད་པ་དང་། །བཅུད་ན་ཕོ་རོག་ཁུ་འཕྲིག་ལྟར། །ཧྲིག་ཆགས་འཕྲུལ་ཤེས་སྤྱོད་ལམ་དྲག །དབང་པོ་རབ་ཀྱི་གང་ཕྲག་ཡིན་པའི་ཕྱིར། །ཤེས་པ་དལ་ཞིང་འཇམ་པོར་སྨྲ། །སྤྱན་མིག་དཀར་ནག་ཕྱེད་པ་ལ། །ཐད་ཀར་བལྟ་ཞིང་ཞི་སེམས་ཚུལ། །འཁྲུལ་པར་


DNG005_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕྱེད་རང་ལུགས་འདྲིལ། །དབང་པོ་འབྲིང་གི་གང་ཟག་ཡིན་པའི་རྟགས། །རོ་མ་རྐྱང་མའི་རྩ་རྟགས་ནི། །མངོན་པར་དགའ་བའི་ཚལ་ཞེས་བྱ། །མིག་ནི་སྤྲུལ་སྐུ་དངོས་སུ་བཞུགས། །སྤྲུལ་སྐུ་མངོན་དུ་བྱོན་པས་ན། །མངོན་པར་དགའ་བའི་ཚལ་ཞེས་བྱ། །སྤྱི་བོས་ཐམས་ཅད་བསྐྱེད་པ་ན། །རིན་ཆེན་མཐའ་ཡས་ཕུག་ཅེས་བྱ། །མགྲིན་པར་ཐམས་ཅད་ལོངས་སྤྱོད་པས། །པདྨ་ཅན་གྱི་གནས་ཞེས་བྱ། །སྙིང་ག་ཆོས་ཀྱི་འཁོར་ལོ་གནས། །དེ་རུ་ཐམས་ཅད་རྩལ་རྫོགས་པས། །བྱང་ཆུབ་མཐའ་ཡས་ཕུག་ཅེས་བྱ། །ལྟེ་བར་ཐམས་ཅད་སྤྲུལ་པས་ན། །འཇིགས་སུ་རུང་བའི་ཕུག་ཅེས་བྱ། །ངན་འགྲོར་འགྲོ་བས་སྐྱི་བུང་ཞེས་ཀྱང་བྱ། །གསང་བ་མཁའ་འགྲོ་དངོས་སུ་བྱོན། །བྱོན་ནས་བདེ་བ་བསྐྱེད་པས་ན། །བདེ་བ་ཅན་གྱི་གནས་ཞེས་བྱ། །དེ་ནི་ཤར་ཕྱོགས་མངོན་པར་དགའ་བའི་ཚལ་དང་། །ལྷོ་ཕྱོགས་ཡངས་པ་ཅན་གྱི་གནས། །ནུབ་ཕྱོགས་བྱང་ཆུབ་མཐའ་ཡས་ཀྱི་ཕུག་དང་། །བྱང་ཕྱོགས་འཇིགས་སུ་རུང་བའི་སྐྱི་བུང་གནས། །དབུས་ཕྱོགས་བདེ་བ་ཆེན་པོའི་གནས་ཞེས་བྱའོ། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་། །པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་དང་། །དབྱིངས་ཀྱི་མཁའ་འགྲོ་ཐམས་ཅད་འདུ། །རྣལ་འབྱོར་པ་དེས་ཐམས་ཅད་དབང་། །དེས་ན་རྣལ་འབྱོར་དབང་ཕྱུག་ཡིན། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། རྩ་བའི་མཚན་ཉིད་ལ་ངོ་སྤྲད་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །རྩ་རྣམས་དེ་དག་ཐམས་ཅད་ཀྱི། །ངོ་སྤྲོད་མདོར་བསྡུས་བསྟན་པར་བྱ། །གཞི་རྩ་ལྔ་ཡི་ངོ་སྤྲད་པ། །རང་བཞིན་ངོ་བོ་ཐུགས་རྗེ་ཅན། །ཡོན་ཏན་ཕྲིན་ལས་གཉིས་ཀྱི་རྩ། །རྩ་ལྔའི་གཞི་རྩ་མ་ཤེས་ན། །འཁོར་ལོ་ལྔ་ཡི་རྩ་བ་ཆོད་མི་འགྱུར། །དེ་ཡི་རྩ་བ་མ་ཆོད་ན། །བདེ་བ་ངོས་འཛིན་དངོས་པོར་སྤྱད། །ཟག་པ་ཅན་གྱི་རྩ་ཞེས་བྱ། །བདེ་བ་ཟག་པས་ཟག་ཅེས་བྱ། །ཨ་ཝ་དྷཱུ་ཏིའི་མཚན་ཉིད་ནི། །སྲོག་པ་རྩ་ཡི་འོག་ན་ཡོད། །ཡར་ལ་ཚངས་པ་མར་ལ་གསང་བའི་གནས། །ཚད་ནི་སྦ་ལྕག་འབྲིང་པོ་ཙམ། །


DNG005_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པོ་སྟོང་ར་སྟོང་པར་སྦྱང་། །ཀུན་གྱི་བརྟགས་པས་དངོས་པོ་སྦྱང་། །ཀུན་བརྟགས་སྟོང་ར་ཞེས་ཀྱང་བྱ། །དེ་འོག་ཨ་ཝ་དྷཱུ་ཏིའི་ནང་། །ཀུན་ནི་རྩ་རྣམས་ཐམས་ཅད་ཀུན། །བརྟགས་པ་ཨ་ཝ་དྷཱུ་ཏི་སྟོང་། །ཀུན་བརྟགས་སྟོང་ར་སྦྱོང་བ་ཡིན། །ཀུན་ནི་ཨ་ཝ་དྷཱུ་ཏི་ལ། །བརྟགས་པས་དྷཱུ་ཏི་ནང་སྟོང་པ། །ཀུན་བརྟགས་སྟོང་ར་སྦྱོང་བ་དང་། །དབུགས་ནི་ནང་སྒོར་མི་རྒྱུ་སྟེ། །ཤེས་པ་ཨ་ཝ་དྷཱུ་ཏིར་ཚུད། །དྷཱུ་ཏི་སྟོང་པ་ནམ་མཁའ་ཡིན། །ཤེས་པ་སྟོང་པར་བརྟགས་པ་ཡིན། །ནམ་མཁའ་ཤེས་པ་འདྲེས་ཙ་ན། །རྟོག་པ་མེད་ཅིང་སྤྱོད་པ་མེད། །སྐྱེ་བ་མེད་ཅིང་བརྗོད་དུ་མེད། །རབ་ཏུ་མི་གནས་ལྟ་བ་ཡིན། །དེ་ཡང་བརྟན་པར་མ་གྱུར་ན། །སོ་སོར་བསྡུས་ཏེ་བརྟན་པར་བྱ། །ཤེས་པ་ཨ་ཝ་དྷཱུ་ཏི་རུ། །ཡར་ཟང་མར་ཟང་སྦྱངས་བྱས་ལ། །ཚངས་པའི་བུ་གའི་ཐད་ཀ་ལ། །ནམ་མཁའི་རང་བཞིན་སྟོང་པར་ཤེས། །ཤེས་པ་དྷཱུ་ཏིའི་ནང་གནས་སྟོང་། །མཁའ་ལ་འཕངས་པས་འདྲེས་པ་ནི། །དང་པོ་སོ་སོར་ཤེས་པ་ལ། །དེ་ལས་འཕང་བས་བསྡུས་པ་ཡིན། །ནམ་མཁའི་ངང་དུ་རྣམ་རྟོག་འཕང་། །ནམ་མཁའ་ལྟ་བུར་བརྗོད་དུ་མེད། །སོ་སོར་སྡུད་ཅེས་བྱ་བ་ཡིན། །དེ་ལྟར་འཕེན་པས་བསམ་གཏན་ཏེ། །འདུ་ཤེས་ཆད་པས་སྲོག་རྩོལ་ཆོད། །རྩོལ་ཆོད་དབུ་མའི་ལྟ་བ་ཡིན། །གཉིས་མ་གྲུབ་པས་དབུས་མ་ཡིན། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། རྩའི་སྟོང་ར་དང་རྟོག་པའི་ཀུན་བརྟགས་ནམ་མཁའ་དང་བསྲེ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །རྩ་རྒྱུད་བསམ་གྱིས་མི་ཁྱབ་པར། །ཐབས་ལམ་བསམ་གྱིས་མི་ཁྱབ་སྟེ། །ཟག་བཅས་ཆགས་པའི་ལམ་དང་ནི། །དེ་ཉིད་གྲོལ་བའི་ལམ་དུ་འདུས། །གྲོལ་བའི་འབྲས་བུ་ཁྱད་པར་ཆེ། །ཐེག་པ་རང་གཞུང་གྲོལ་བ་དང་། །མཐར་ཐུག་པ་ཡི་གྲོལ་བ་གཉིས། །མིང་ཙམ་འདྲ་སྟེ་དོན་ལས་འཕགས། །འཕགས་པ་ཀུན་དགའ་ཤཱཀ་ཐུབ་ལྟར། །འཁོར་དང་སྟོན་པའི་


DNG005_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཡོད། །དེ་ཕྱིར་ཟག་བཅས་ཟག་མེད་རྩ། །རྒྱུ་དང་འབྲས་བུའི་ཁྱད་པར་ཡོད། །དེ་དོན་མ་རྟོགས་ཨ་རེ་འཁྱམས་ཤིང་ཅི་རེ་ལོང་། །ཐར་པའི་ལམ་ཆེན་བོར་ནས་འཁོར་བའི་ལམ་དུ་ཞུགས། །ལམ་འདིར་ཞུགས་པ་རྣམས་ཀྱིས་ཟག་མེད་འབྲས་བུ་ཐོབ། །གཞི་ཡི་རྩ་ལྔ་ལྷུན་གྱིས་གྲུབ། །ལམ་དུ་དེ་ཉིད་རྟོགས་པ་མཆོག །འབྲས་བུ་རང་གྲོལ་ཟག་མེད་དེ། །རྩ་རྣམས་མ་བཙལ་རྫོགས་པས་ན། །རྫོགས་པ་ཆེན་པོའི་རྩ་རླུང་རྫོགས། །རྫོགས་ནས་ལམ་བྱེད་མི་འགལ་ཏེ། །གཞི་དང་དངོས་པོ་གཉིས་སུ་ཤེས། །དེ་ཡི་ལྡོག་ཆས་སྐྱོན་མི་འབྱུང་། །གྲོལ་བའི་གཞི་དང་གྲོལ་བ་དངོས། །རྫོགས་པའི་གཞི་དང་རྫོགས་པ་དངོས། །ལམ་གྱི་གཞི་དང་ལམ་དངོས་དང་། །འབྲས་བུའི་གཞི་དང་འབྲས་བུའི་དངོས། །འབྲས་བུ་ལ་ཡང་རྣམ་པ་གསུམ། །ངན་འགྲོ་མཐོ་རིས་འདྲེན་པ་གསུམ། །ལོངས་སྐུ་སེམས་དཔའ་ཐུབ་པ་དྲུག །འབྲས་བུའི་སྐུ་གསུམ་གྲུབ་མཐའ་ཐེག་པ་གསུམ། །དེ་ཡི་གཞི་ལམ་འབྲས་བུ་རྣམས། །རྟག་པ་རབ་ཏུ་གཅེས་པས་ངོ་སྤྲོད་གཅེས། །གབ་པ་མངོན་དུ་ཕྱུང་ནས་བཤད་པ་འདི། །འབྲས་བུ་ལམ་དང་གཞི་གསུམ་མོ། །ཁྱད་པར་སྒྲ་མཐུན་དོན་ལས་འཕགས། །དངོས་གཞི་གཉིས་ཀྱི་རལ་མེད་ན། །ལག་རྡུམ་བྲག་ལ་འཛེག་པ་འདྲ། །འབྲས་བུ་རང་གྲོལ་གནད་མེད་ན། །བྱེ་མའི་སྤོ་ལ་མཁར་བརྩིག་འདྲ། །ལམ་གྱི་ས་མཚམས་མ་ཤེས་ན། །ཁས་དྲག་ཁྱོ་བསད་སྔོན་ན་རྒྱུ། །དེ་ཡི་གནད་དང་ལོག་ནོན་མ་ཤེས་ན། །ཁས་སྔས་བྱེ་ཚད་བཅས་པ་འདྲ། །རྩ་དང་རླུང་དང་ཐིག་ལེ་གསུམ། །མཚན་ཉིད་འཛིན་པ་རེ་རེ་ལ། །ཀུན་དང་རྒྱ་མ་ཆད་པ་ཡིན། །དེ་ལྟར་གཞི་ལམ་འབྲས་བུ་ཡང་། །མཚན་ཉིད་འཛིན་པ་རང་ས་ལ། །རྒྱ་མ་ཆད་པས་རྫོགས་པ་ཡིན། །གཞི་རྩ་ལྔ་ཡི་གནད་ཤེས་པས། །རྩ་ལྔའི་ངོ་སྤྲོད་བྱས་ཙ་ན། །ཀུན་བརྟགས་སྟོང་ར་དུས་གཅིག་འབྱོངས། །རླུང་ལྔའི་ངོ་སྤྲོད་གདེང་ལྡན་པས། །ཤེས་པ་ཨ་ཝ་དྷཱ་ཏིར་ཚུད། །ཐིག་ལེ་ངོ་སྤྲོད་བྱས་པ་ཡིས། །


DNG005_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་བདེ་བ་ཆེན་པོར་ཁེལ། །ཡེ་ཤེས་ངོ་སྤྲོད་བྱས་པ་ཡིས། །ནམ་མཁའི་ངང་དུ་རྣམ་རྟོག་འཕང་། །སྐྱེ་བ་རྣམ་བཞི་དབྱེར་མེད་ཤར། །ལྷན་ཅིག་སྐྱེས་དང་འདུས་བྱས་སྐྱེས། །སྐྱེས་པ་སྒྲ་མཐུན་དོན་ལས་འཕགས། །དེ་ལྟར་ཤེས་ནས་བརྟན་པ་དང་། །འདུས་བྱས་པ་ཡི་བསམ་གཏན་གཉིས། །བསམ་གཏན་སྒྲ་མཐུན་ཁྱད་པར་ཆེ། །མཚན་ཉིད་སོ་སོར་རྩལ་སྣང་དང་། །རྩ་བྲལ་སོ་སོར་རྩལ་སྣང་དང་། །སོ་སོར་ངོ་སྤྲོད་ཁྱད་པར་ཆེ། །གཅིག་ཏུ་བརྟན་ནས་རྫོགས་པ་དང་། །ཕྱོགས་འཛིན་ཚིག་རྐྱང་ཤོར་བ་གཉིས། །ཉག་གཅིག་སྒྲ་མཐུན་ཁྱད་པར་ཆེ། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། རྩ་ལྔ་ངོ་སྤྲོད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །ཐེག་པའི་གཞི་དང་ལམ་རྫོགས་པས། །དེ་ཡི་འབྲས་བུ་སྒྲ་མཐུན་རྣམས། །མདོར་བསྡུས་བདག་གིས་བརྗོད་པ་ནི། །འགྱུ་བ་དངོས་མེད་ངོ་ཤེས་པས། །ཉན་ཐོས་བདག་མེད་ལྟ་བ་མཐུན། །དབུགས་ལ་མི་བརྟེན་གོལ་ས་ཆོད། །རིག་པ་ཁོང་གསལ་ངོ་སྤྲད་པས། །སེམས་ཙམ་པ་དང་ལྟ་བ་མཐུན། །སེམས་ལ་གྲོལ་བས་གོལ་ས་མེད། །རང་བཞིན་སྟོང་པར་ངོ་སྤྲད་པས། །དབུ་མ་པ་དང་ལྟ་བ་མཐུན། །སྒྱུ་མར་མི་འདོད་གོལ་ས་མེད། །གཉིས་སུ་མེད་པར་འབྲས་བུ་མཐུན། །གྲངས་མེད་དུས་མི་ལྟོས་པས་གོལ་ས་མེད། །སྒྱུ་མའི་དཔེ་བརྒྱད་མི་བསྒྲུབ་ཁྱད་པར་འཕགས། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཀྲི་ཡ་བ་དང་འཁྱེར་སོ་མཐུན། །རིགས་གསུམ་མི་བསྒོམ་གོལ་ས་མེད། །བྱེད་སྤྱོད་མི་དགོས་ཁྱད་པར་འཕགས། །ངོ་བོ་ལ་སོགས་ལྔ་དང་ལྡན། །ཡོ་ག་བ་དང་ལྟ་བ་མཐུན། །བྱང་ཆུབ་ལྔ་ལ་མི་ལྟོས་གོལ་ས་མེད། །སྐུ་ལྔ་མི་བསྒྲུབ་ཁྱད་པར་འཕགས། །ཆོས་ལྔ་དག་དང་ལྡན་པ་ནི། །མ་ཧཱ་ཡོ་ག་དག་དང་མཐུན། །རིགས་ལྔ་མི་བསྐྱེད་གོལ་ས་མེད། །ཆོ་ག་རྣམ་གསུམ་མི་ལྟོས་ཁྱད་པར་འཕགས། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཨ་ནུ་པ་དང་ལྟ་བ་མཐུན། །ཧེ་རུ་ཀ་


DNG005_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་མི་བསྒྲུབ་གོལ་ས་མེད། །ཏིང་འཛིན་རྣམ་གསུམ་མི་བསྒོམ་ཁྱད་པར་འཕགས། །རྫོགས་ཆེན་རྣམས་དང་ལྟ་བ་མཐུན། །ཡོན་ཏན་འགྱུར་བ་མེད་པ་ཡིན། །དག་པར་འདོད་དང་བལྟ་སོ་མཐུན། །ཐུགས་རྗེ་འགག་པ་མེད་པ་ཁྱད་པར་འཕགས། །རྒྱ་མ་ཆད་པས་གོལ་ས་མེད། །ཐུགས་རྗེ་འགག་པ་མེད་པ་ཡིས། །མ་ངེས་པ་དང་ལྟ་སོ་མཐུན། །རྒྱ་མ་ཆད་པས་གོལ་ས་མེད། །རང་བཞིན་སྟོང་པས་ཁྱད་པར་འཕགས། །རྩ་རླུང་རྒྱུད་ལ་བརྟེན་པ་ཡིས། །ཐབས་ལམ་པ་དང་ལྟ་སོ་མཐུན། །ཟག་པ་མེད་པས་གོལ་ས་མེད། །ལྷན་ཅིག་རྫོགས་པས་ཁྱད་པར་འཕགས། །ཐམས་ཅད་རྒྱ་མ་ཆད་པར་ཤེས། །རྫོགས་རིམ་པ་དང་ལྟ་སོ་མཐུན། །ཕྱོགས་རྫོགས་མི་བསྒྲུབ་གོལ་ས་མེད། །མཚན་མ་རང་གྲོལ་ཁྱད་པར་འཕགས། །ཟུང་འཇུག་པ་དང་ལྟ་སོ་མཐུན། །གཉིས་སུ་མེད་པར་ཁྱད་པར་འཕགས། །ཆོས་ལས་འདས་པ་གོལ་ས་མེད། །ཐམས་ཅད་མཁྱེན་པས་ཁྱད་པར་འཕགས། །ས་ཡི་རྣམ་པ་ལྟ་སོ་མཐུན། །ས་རྣམས་མ་ལུས་རྒྱན་དང་ལྡན། །མི་བགྲོད་པས་ན་གོལ་ས་མེད། །ས་རྣམས་རང་གྲོལ་ཁྱད་པར་འཕགས། །ལམ་ལྔ་པ་དང་ལྟ་སོ་མཐུན། །སྦྱང་མི་དགོས་པས་གོལ་ས་མེད། །རང་གྲོལ་ཆེན་པོས་ཁྱད་པར་འཕགས། །འབྲས་བུ་རྣམས་དང་ལྟ་སོ་མཐུན། །དུས་ལ་མི་ལྟོས་གོལ་ས་མེད། །རང་གྲོལ་འུབ་ཆུབ་ཁྱད་པར་འཕགས། །དེ་ཕྱིར་སྒྲ་མཐུན་ཁྱད་པར་འཕགས། །ཐེག་པ་ཀུན་འདུལ་འབྱུང་བས་ན། །ཀུན་འདུལ་ཀུན་འབྱུང་རྒྱུད་ཅེས་བྱ། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། རྫོགས་ལུགས་བསྡུ་བའི་ལེའུ་སྟེ་བཅུ་བདུན་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །དེ་ལྟ་བུ་ཡི་གནད་བསྟན་པ། །དབང་པོ་རབ་ཀྱི་གྲོལ་བ་ལས། །འབྲིང་དང་མཐའ་མས་རྟོགས་པ་དཀའ། །དེ་ཕྱིར་ངོ་སྤྲོད་བཅུ་གཉིས་ལ། །ཐིག་ལེ་བཅུ་གཉིས་སྦྱར་ལ་བསྟན། །དེ་ཡང་འདི་ལྟར་ཤེས་པར་གྱིས། །ངོ་སྤྲོད་


DNG005_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཞི་དག་གིས། །ཁ་རྐྱང་ཤོར་བའི་གོལ་ས་བསལ། །ཉམས་ཁྲིད་རྣམ་པ་བཞི་དག་གིས། །ཉམས་ཀྱིས་འཆིང་བའི་གོལ་ས་བཅད། །གཟེར་ཆེན་བཞི་ཡི་ངོ་སྤྲོད་ཀྱིས། །སྤང་བླང་འདུ་འབྲལ་གོལ་ས་བཅད། །དམར་ཁྲིད་གསར་ཁྲིད་ལག་ལེན་འདི། །བསྒོམ་པ་དབང་དང་གཟེར་ལྟ་བུ། །འདི་འདྲ་བསྟན་པའི་སྣོད་རེ་ཉུང་། །ཆོས་འབྲིད་བསྲེ་འཚོང་ཆུ་ལ་འོ་མས་བསླད། །ཨེ་མ་ཧོ་ཤིན་ཏུ་བསྟན་པར་དཀའ། །དཀའ་བས་སྣོད་ཉུང་གབ་པ་ཡིན། །གཟུང་འཛིན་གཉིས་མེད་ངོ་སྤྲད་དེ། །དེ་ཡི་དཔེ་ཡི་ངོ་སྤྲད་གཅེས། །འཁྲུལ་པའི་མིག་གིས་བལྟས་པའི་ཚེ། །ཟླ་བ་གཉིས་སུ་སྣང་བ་ལྟར། །བརྟགས་པས་གཉིས་སུ་མེད་པར་མཐོང་། །དེ་བཞིན་འཁྲུལ་པའི་གཟུང་འཛིན་ཡང་། །བལྟས་པས་གཉིས་སུ་མེད་པར་ཤར། །གཟུང་འཛིན་གཉིས་མེད་ངོ་སྤྲད་དོ། །མ་རིག་པ་ཡི་ཡེ་ཤེས་སུ་ངོ་སྤྲད་པ་ནི། །དེ་ཡི་དཔེ་ཡི་ངོ་སྤྲད་ནི། །དཔེར་ན་ལྟེང་ཀའི་ཟླ་བ་རྣམས། །ཡང་དག་དོན་ལ་དངོས་སུ་མེད། །མཁའ་ཟླ་གཅིག་ཏུ་ཤེས་པ་ལྟར། །མ་རིག་བལྟས་པས་དངོས་པོ་མེད། །བལྟ་ཐབས་མཁས་པས་ཤེས་པར་བྱ། །འགྱུ་བ་ཡེ་ཤེས་ངོ་སྤྲད་པ། །དཔེར་ན་སྨིག་རྒྱུ་སྣ་ཚོགས་ཀྱང་། །ཡང་དག་དོན་ལ་རང་བཞིན་མེད། །དེ་བཞིན་འགྱུ་བ་སྣ་ཚོགས་ཀྱང་། །བལྟས་པས་དངོས་པོ་མེད་པར་ཤར། །ཤེས་རབ་ཡིད་ལ་ངོ་སྤྲོད་པ། །དེ་ཡི་དཔེ་ཡི་ངོ་སྤྲད་པས། །བྲག་ཆ་ལྟ་བུར་གང་བྱས་འཆར། །ཡིད་ལ་ངོ་སྤྲད་སྐུ་གསུམ་འཆར། །དེ་དོན་ངོ་སྤྲོད་རྣམ་བཞི་ཡིན། །རྟེན་གྱི་གསང་བ་ངོ་སྤྲོད་པ། །དེ་ཡི་དཔེ་ཡི་ངོ་སྤྲོད་རྒྱ་མཚོ་འདྲ། །རྟགས་ཀྱང་ཝུ་བ་ལྟ་བུའོ། །དོན་གྱི་ངོ་སྤྲོད་རྩ་གཉིས་ལ། །རྟགས་ནི་ཕྱི་འགྱུ་ནང་འགྱུའོ། །དོན་ནི་འགྱུ་བ་རང་དྭངས་སོ། །དེ་ནི་ཉམས་ལེན་ངོ་སྤྲོད་ཡིན། །ཉམས་ལ་ཆགས་པས་འཁོར་བ་ན། །དུས་བཞི་མཉམ་སྦྱོར་གཟེར་གདབ་སྟེ། །འགྱུ་བའི་དུས་ན་རང་ངོ་ཤེས། །བལྟས་པའི་དུས་ན་འགྱུ་བ་དང་། །དཔེར་ན་ཛེ་ཏིའི་སྨན་བཞིན་དུ། །འགྱུ་བ་ཐམས་ཅད་སངས་རྒྱས་ཡིན། །མཐོང་བའི་དུས་ན་དགོངས་པ་ཤར། །


DNG005_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པའི་སྨན་ལྟར་ཤར། །དེ་ཡི་དུས་ན་གཟུང་འཛིན་དང་། །ནམ་མཁའ་དྭངས་པ་ལྟ་བུའོ། །སྔ་རབས་འདས་དང་སླད་ཀྱིས་འབྱོན། །སངས་རྒྱས་རྣམས་ཀྱི་དགོངས་པ་ཡིན། །ཐོག་མ་ཐ་མ་བར་དང་གསུམ། །དེ་ཡི་དགོངས་པ་བསྟན་པ་ཡིན། །སྐལ་ལྡན་རྣམས་ཡིན་གཞན་གྱིས་ཐོས་པར་དཀའ། །འདི་དོན་ཐོས་ཀྱང་དོན་ལ་གནས་པ་དཀའ། །འདི་དོན་བསྟན་ཡང་དམ་ཚིག་བསྲུང་བ་དཀའ། །འདི་དོན་བསྟན་ཡང་གོ་བཞིན་རྟོགས་པ་དཀའ། །དཀའ་བས་བསྟན་ཀྱང་ལེ་ལོར་འཆོར་བས་ན། །ཉམས་སུ་ལེན་པའི་གང་ཟག་མ་གཏོགས་པ། །འདི་དོན་གསང་བས་གསང་སྔགས་རྒྱལ་པོ་ཡིན། །འདི་དོན་ཐུགས་ལ་གང་གནས་པ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །གསང་སྔགས་རྒྱལ་པོ་མཐུ་ཆེན་འཆང་། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ངོ་སྤྲོད་དམར་ཁྲིད་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །ངོ་སྤྲོད་བསྡུས་པ་བསྟན་པར་བྱ། །ལྟ་ཐབས་གཅིག་གིས་ཀུན་མཐོང་བས། །དཔེར་ན་ཟ་འོག་གུར་ཁྱིམ་ལྟར། །མ་འདྲེས་ཡོངས་སུ་རྫོགས་པར་མཐོང་། །ཐེག་པའི་རང་གཞུང་ཐམས་ཅད་རྫོགས། །ཆོས་རྣམས་སྤྱི་དང་རང་གི་མཚན་ཉིད་ཀྱང་། །དུས་གཅིག་སྒྲོ་འདོགས་ཆོད་པ་ཡིན། །ལྟ་ཐབས་གཅིག་གིས་ཐམས་ཅད་མཐོང་། །མཁའ་ལ་སྐར་ཚོགས་མཐོང་བ་ལྟར། །འགྲོ་བ་རིགས་དྲུག་འཁྲུལ་པ་མཐོང་། །མ་རིག་པ་ཡི་སྒྲོ་འདོགས་ཆོད། །ལྟ་ཐབས་གཅིག་གིས་ཐམས་ཅད་མཐོང་། །དཔེར་ན་མེ་ལོང་བཞིན་བསྟན་ལྟར། །སངས་རྒྱས་དགོངས་པའི་མཚན་ཉིད་མཐོང་། །ཕྱི་ནང་སྒྲོ་འདོགས་དུས་གཅིག་ཆོད། །ལྟ་ཐབས་གཅིག་གིས་ཐམས་ཅད་མཐོང་། །རིན་ཆེན་མན་ཤེལ་བསྟན་པ་ལྟར། །ཕྱི་ནང་སྣོད་བཅུད་རང་གྲོལ་ཤར། །འབྲས་བུ་སྒྲོ་འདོགས་དུས་གཅིག་ཆོད། །བརྡ་དང་རྟགས་སུ་ངོ་སྤྲད་གཅེས། །གཅེས་པ་མདོར་བསྡུས་གཉིས་ལས་མེད། །ངོ་སྤྲོད་ཆེན་པོ་


DNG005_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་སྟེ། །གཏེར་གསུམ་འདུས་ལ་ཚང་བ་ཡིན། །དེ་ལ་མ་རིག་ལོག་ལྟ་ཡི། །སྒྲོ་འདོགས་རང་གྲོལ་འབྲས་བུ་ནི། །དུག་ལྔ་ཁོང་ཁྲོའི་གཞི་རྒྱུ་རྐྱེན། །དངོས་པོ་རྣམ་གསུམ་ངོ་སྤྲོད་པས། །གཞི་དང་དངོས་པོའི་འཕྲང་གྲོལ་བས། །འགྲོ་དྲུག་མུ་སྟེགས་རང་སར་གྲོལ། །གྲོལ་བ་རང་བྱུང་རང་ལ་ཤར། །ཡེ་གཞི་གྲོལ་གཞི་རང་གྲོལ་དངོས། །ཐམས་ཅད་རང་གྲོལ་འབྲས་བུའི་མཆོག །ཅེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ངོ་སྤྲོད་བསྡུས་ཏེ་བསྟན་པ་ལས་འབྲས་བུ་རང་གྲོལ་གྱི་ལེའུ་སྟེ་བཅུ་དགུ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །རི་རབ་རི་ཡི་སྐེད་པ་ལ། །ཚངས་པ་ཁྱབ་འཇུག་བསྐོས་རྗེ་དང་། །སྲིད་རྗེ་བྲང་དཀར་ཐམས་ཅད་ཀྱང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་ལྟོ་འཕྱེ་ནམ་མཁའ་ལྡིང་། །མིའམ་ཅི་དང་སྲིན་པོ་དང་། །ས་ཡི་ལྷ་དང་ས་སྟེང་ལྷ། །དེ་རུ་འདུས་པའི་འབྱུང་པོ་ཀུན། །ཐམས་ཅད་ང་ལས་བྱུང་བ་ཡིན། །ཐམས་ཅད་ང་ཡི་འཁོར་བ་ཡིན། །ཐམས་ཅད་བྲན་དང་ཡང་བྲན་ཡིན། །ཡང་འཁོར་ཉིང་འཁོར་ང་ཡི་འཁོར། །དེ་ཕྱིར་འབྱུང་པོ་ཐམས་ཅད་འདུལ། །འབྱུང་པོ་ཀུན་འདུལ་ཏིང་ངེ་འཛིན། །བསྟན་པ་ཀུན་གྱི་སྡེ་དཔོན་ཡིན། །ཕྱི་ཡི་འབྱུང་པོ་ཀུན་འདུལ་བས། །བར་ཆད་ཐམས་ཅད་སེལ་བར་བྱེད། །ནང་གི་འབྱུང་པོ་ཀུན་འདུལ་བས། །ཚོགས་དྲུག་རང་སར་གྲོལ་བར་བྱེད། །གསང་བའི་འབྱུང་པོ་ཀུན་འདུལ་བས། །ཆགས་སྡང་མདུད་པ་གྲོལ་བར་བྱེད། །འབྱུང་པོ་ཀུན་གྱི་གཙོ་བོ་ནི། །ནག་པོ་ཆེན་པོ་མིག་གཅིག་པོ། །འགྱུར་མེད་དྲག་མེད་བྱ་བ་དེས། །ཐམས་ཅད་ཁ་ལོ་བསྒྱུར་བ་ཡིན། །ཚོགས་ཀྱི་བདག་པོ་ཚོགས་ལ་རོལ། །ཕུད་ཀྱི་བདག་པོ་ཕུད་ཉུལ་བས། །འབྱུང་པོའི་བདག་པོ་ཀུན་ཏུ་རྒྱུ། །ལུས་མེད་ལུས་པོ་ཀུན་གྱི་བདག །སྲོག་མེད་སྲོག་ཆགས་ཀུན་གྱི་བདག །དབུགས་མེད་དབུགས་ཆེན་ཀུན་གྱི་བདག །སྐྱེ་འཆི་གཉིས་ཀྱི་བདག་པོ་སྟེ། །ལུས་ཅན་ཐམས་ཅད་ཁོ་ལས་གྲུབ། །དེ་ཕྱིར་འབྱུང་པོའི་རྒྱལ་པོ་ཡིན། །ཐམས་ཅད་ཀུན་ལ་དབང་


DNG005_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བས། །འབྱུང་པོ་ཀུན་གྱི་བློན་པོ་ཡིན། །དེ་ལ་ངོ་སྤྲོད་མ་བྱས་ན། །འབྱུང་པོ་ཀུན་ཆོམས་ཤིན་ཏུ་དཀའ། །འབྱུང་པོ་ཆོམས་པར་མ་གྱུར་ན། །རོ་སྙོམས་འབྱུང་བ་ཤིན་ཏུ་དཀའ། །རོ་མ་སྙོམས་པར་གྱུར་པ་ན། །སང་རྒྱས་དགོངས་པའི་དོན་མི་མཐོང་། །འདྲེ་རྣམས་ཐམས་ཅད་འདུལ་བྱེད་ན། །འདྲེ་གཅིག་རྩ་བ་མཆོད་ན། །ཐམས་ཅད་འདུལ་བས་ག་ལ་ལང་། །གཅིག་ཆོད་པས་ནི་ཐམས་ཅད་ཆོད། །དཔེར་ན་རལ་གྲི་ཁ་མང་གིས། །ལག་པའི་མཁྲིག་མཆོག་ཙམ་ན། །སོར་མོ་ལྔ་པོ་བཅད་མི་དགོས། །འབྱུང་པོའི་རྒྱལ་པོ་སོད་ཙ་ན། །འབྱུང་པོ་ཐམས་ཅད་སོད་པ་ཡིན། །རྩ་ཡི་རྒྱལ་པོ་སྲོག་པ་རྩ། །སྲོག་པ་རྩ་དེ་མཆོད་ན། །རྩ་བྲན་ཆོད་ཀྱང་མི་འཆི་ཞིང་། །རྩ་ཆེན་ཆོད་བས་འཆི་བར་འགྱུར། །རོ་རྣམས་བསྙམ་པས་མི་སྙོམས་ཏེ། །འབྱུང་པོ་གཅིག་ལ་རོ་བསྙམ་ན། །ཐམས་ཅད་མ་ལུས་བསྙམས་པ་ཡིན། །འབྱུང་པོ་རྣམ་རྟོག་ལྷ་དང་འདྲེ། །མ་ཉམས་རོ་སྙོམས་ཚད་དང་ལྡན། །འབྲས་བུ་གདེང་དང་ལྡན་པར་གྱིས། །རྩ་དང་རླུང་དང་ཐིག་ལེ་རྣམས། །གཞི་དང་ལམ་དང་འབྲས་བུ་ལ། །རོ་སྙོམས་རོ་མ་སྙོམས་པ་དང་། །ཚད་དང་དབང་པོ་འབྲས་བུ་རྣམས། །ངེས་ཤེས་གདེང་དང་ལྡན་པར་གྱིས། །ནད་ལ་རྣམ་པ་མང་ཡང་ནི། །རྒས་བྱེད་འདྲེ་དང་འབྱུང་འཁྲུགས་ནད། །རྣམ་སྨིན་རྐྱེན་གྱུར་འཆི་བའི་ནད། །དེ་ཡི་རོ་སྙོམས་ཚད་དང་ལྡན། །འབྲས་བུ་ངེས་ཤེས་གདེང་དང་ལྡན་པར་གྱིས། །འདྲེལ་བསམ་གྱིས་མི་ཁྱབ་སྟེ། །རྟོག་འདྲེ་འབྱུང་འདྲེ་སྟོད་ཀྱི་འདྲེ། །མི་འདྲེ་དང་ནི་རྣམ་པ་བཞི། །དེ་ཡི་རོ་སྙོམས་རོ་སྙོམས་ཚད། །འབྲས་བུ་ངེས་ཤེས་གདེང་དང་དབང་པོ་མེད་གྱུར་ན། །རྣལ་འབྱོར་དོན་དང་ལྡན་ཞེས་བྱ་བ་ཤིན་ཏུ་དཀའ། །ཐམས་ཅད་མན་ངག་ངོ་སྤྲོད་འདི་རུ་འདུས་པ་ཡིན། །སངས་རྒྱས་པ་དང་དེ་ཡི་ཐུགས་རྗེ་ཡང་། །འདི་ནི་མ་རྟོགས་གདེང་དང་མི་ལྡན་གྱིས། །འབྲས་བུ་གདེང་རྙེད་འདི་རུ་ཤེས་པར་གྱིས། །ཤེས་པས་འཁོར་བར་སྐྱེ་བའི་རྒྱུན་རྣམས་བཅད། །དེ་ལྟར་ཤེས་ན་འཁོར་


DNG005_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བ་དོང་ནས་སྤྲུགས། །མངལ་ཁ་རྒྱ་ཡིས་ཐེབས་ཞེས་བརྗོད་པ་ཡིན། །སྲིད་གསུམ་རྣམ་དག་དགོངས་པ་རང་སྣང་ཐོབ། །ཅེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། གདམས་པ་དམར་ཁྲིད་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །འདི་དང་མི་ལྡན་རོ་སྙོམས་བྱེད། །ནོར་བུས་རྒྱལ་ས་བཟུང་བ་འདྲ། །ཐམས་ཅད་རྫོགས་པའི་ས་གཞི་ལ། །ཐམས་ཅད་བསྒྲུབ་པའི་ནོར་བུར་ཤར། །ནོར་བུ་ཀུན་གྱི་ནང་ན་མཆོག །ལྷུན་གྲུབ་སྤྱན་ཆེན་མ་འགགས་པས། །འགྱུ་བའི་མིག་ཏུ་གྲུབ་པ་ཡིན། །རང་སྣང་འོད་དུ་མཐོང་བ་ཡིན། །བག་ཆགས་ཆགས་སྡང་དེ་རུ་མཐོང་། །མཐོང་སྟངས་འགྱུ་བའི་སྤྱན་ལ་བྲིས། །ཀུན་ཏུ་བཟང་པོས་མཐོང་བ་ནི། །དུས་བཞི་མཉམ་སྦྱོར་སངས་རྒྱས་དགོངས་པ་ཤར། །འདས་པ་ལྔ་ཡི་ཐིག་ལེ་ཡེ་ཤེས་ཀྱི། །ཀློང་དུ་ཤར་ནས་གཞི་ལམ་འབྲས་བུ་མཁྱེན། །ལྷག་མཐོང་རིག་པའི་ཡེ་ཤེས་མེ་ལོང་བྱད་ལྟར་གསལ། །གསལ་བཟང་ཐལ་འདི་ལ་བལྟ་ཤེས་ན། །སངས་རྒྱས་དགོངས་པ་རྟོགས་ལས་དགོངས་པ་མངོན་སུམ་འགྱུར། །དེ་ཡི་དུས་ན་གཞི་ལམ་སོ་སོར་བསྟན་པ་ཙམ། །དེ་ལ་མ་བརྟེན་རྟོགས་ཐོབ་འབྱུང་བ་མེད། །དེ་ལས་ཐུགས་རྗེ་བྱིན་རླབས་ཉི་མའི་འོད་བཞིན་འཆར། །དེ་དོན་དགོངས་པ་ཐུགས་ཞེས་ཐུགས་སུ་བརྒྱུད། །ཁ་སྦུབ་ཞབས་རྡོལ་དུག་ཅན་གཞོགས་རལ་ལའང་། །བྱིན་རླབས་འབྱུང་བས་བྱིན་རླབས་རྒྱུད་དུ་བཤད། །ཁམས་གསུམ་འཁྲུལ་པ་མ་ཤེས་མ་རིག་པ། །འགྱུ་བའི་མིག་གིས་སྟོང་གསུམ་བལྟས་པས་ལན། །བལྟ་བ་ཉེས་པས་མིག་སྤྲིན་ཞག་གིས་ཆོད། །དཔེར་ན་ནམ་མཁའ་ཞག་གིས་ཆོད་པ་ལྟར། །འགྱུ་བ་འོད་ཀྱིས་ཆོད་པས་སངས་རྒྱས་སྦྱན་མ་གསལ། །འོད་ལུས་ཡིད་ལུས་ཤ་ཁྲག་ལུས་སུ་ཚུད། །གནས་དང་ཚེ་ཚད་ལུང་དུ་བསྟན་པ་མེད། །དགེ་སྡིག་ལས་ཀྱི་འབྲས་བུ་སོ་སོར་ཤར་བ་མེད། །ལས་དང་འབྲས་བུ་རྣམ་སྨིན་གྲུབ་ནས་སྐལ་བ་མེད། །དེ་དུས་ལས་


DNG005_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་འགྱུ་བའི་རྩལ་ལས་བྱུང་། །ཤ་ཁྲག་མི་ཡི་ལུས་སུ་ཚུད་དེ་ཚུལ་ཁྲིམས་བསྲུང་བ་མེད། །སྟག་དང་སེང་གེ་ཁ་སྤྲོད་བྱུང་བས་ཤེད་རྩལ་གཞན་ལ་རག་མ་ལུས། །གཞི་དང་རྒྱུ་རྐྱེན་དུས་མཚུངས་པས། །ཚུལ་ཁྲིམས་བསྲུང་དང་སྔོམ་ལ་རག་མ་ལུས། །དེ་ལྟར་ཤེས་པས་ལུས་ཀྱི་ཐོག་མཐའ་ཆོད། །ཤ་ཁྲག་ལུས་ལ་རྩ་རླུང་ཐིག་ལེ་འདུས། །འདུས་པ་ནང་དུ་བྱུང་བས་འབྱུང་བ་ལྔ་ཞེས་བྱ། །འབྱུང་འཁྲུག་ནང་དུ་འོང་བའི་གནད་ཀ་དེ་ལྟར་ཡིན། །མིག་གཉིས་ཆུ་བུར་འོང་བ་ནི། །ཕ་མའི་མངལ་དུ་ཁུ་ཆུ་དྭངས་མ་འདུ། །ཕ་དང་མ་ཡི་སྲེད་ལེན་བྱས་པས་ནི། །ཆུ་བུར་མིག་གཉིས་འོང་བ་དེ་ལྟར་ཡིན། །དབང་པོའི་དྭངས་མ་གཉིས་འདུས་པས། །དབང་པོའི་དྭངས་མ་མིག་ཏུ་འོང་བ་དེ་ལྟར་ཡིན། །དེ་ཡིས་ལྷ་མཐོང་འདྲེ་མཐོང་ཟེར་བ་ཆུ་བུར་མིག་ལ་སྣང་། །ལྷ་འདྲེ་གཉིས་སུ་འོང་བ་དེ་ལྟར་ཡིན། །རྟོག་མེད་རྟོག་པའི་བར་ན་འགྱུ་བ་གནས། །འཁོར་བ་མྱང་འདས་གཉིས་སུ་འོང་བ་དེ་ལྟར་ཡིན། །དེ་ཕྱིར་མིག་གི་ཐོག་མཐའ་མ་ཆོད་ན། །འཁོར་བའི་སྣང་བ་བཀག་པས་ཁེངས་པར་དཀའ། །གཉིས་སུ་སྣང་ཡང་ཡོད་པ་གཅིག་ལས་མེད། །གཉིས་མེད་མིག་གཅིག་ཡོད་པའི་ཕྱིར། །སྤྱན་གྱི་གཞི་དང་རྒྱུ་དང་རྐྱེན། །ཐ་མ་དངོས་པོ་མ་ཤེས་ན། །ཡེ་ཤེས་སྤྱན་ཆེན་འཆར་བའི་དུས་མ་མཆིས། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ངོ་སྤྲོད་རང་སྣང་གི་ལེའུ་སྟེ་ཉེར་གཅིག་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །རབ་ཀྱི་ངོ་སྤྲོད་དེ་ལྟར་བསྟན། །འབྲིང་གི་ངོ་སྤྲོད་བསྟན་པ་ནི། །དང་པོ་གཞི་ལ་སྤྱན་གསུམ་གནས། །སྤྱན་གསུམ་རྒྱུ་རྐྱེན་བསྟན་པར་བྱ། །ཐ་མ་སྤྱན་གསུམ་ངོ་སྤྲད་བྱ། །དཔེ་ཡི་སྤྱན་གསུམ་མན་ཤེལ་ཡིན། །ཕྱི་ནང་གསུམ་ལ་སྦྱར་ལ་བཤད། །རྟགས་ཀྱི་སྤྱན་གསུམ་བསྟན་པར་བྱ། །ཆོས་དང་ཤེས་རབ་ཡེ་ཤེས་སྤྱན། །སྒྲོ་འདོགས་གཅོད་དང་འདུག་ཚུལ་རྟོགས། །ཡོན་ཏན་རང་གྲོལ་འབྲས་


DNG005_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྤྱན། །རྟགས་དང་དོན་དང་ངོ་སྤྲོད་བསྟན། །ཕྱི་ནང་གསང་བ་སྤྱན་གྱི་དབང་། །ཐམས་ཅད་དབང་བསྐུར་ཁྱད་པར་འཕགས། །དུག་ལྔ་ལམ་དུ་སློང་བ་ཡིན། །གཅིག་ཏུ་འདྲིལ་བའི་གཟེར་ཆེན་གདབ། །ཁ་མི་འཁྱར་དང་ཉམས་ལས་གྲོལ། །འབྲས་བུ་གདེང་ལྡན་དབང་པོ་ཡིན། །ངོ་བོ་ངེས་ཚིག་དབྱེ་བ་འདི། །ཐ་མའི་ངོ་སྤྲོད་ཡིན་པར་ཤེས། །ཆོས་མཐུན་བསྒྲུབ་བྱ་དཔེ་རུ་བསྟན། །ངོ་བོ་གསལ་གདངས་འགྱུར་བ་མེད། །ཟང་ཐལ་འགག་པ་མེད་པ་ཡིན། །ངེས་ཚིག་མཐོང་སྣང་མ་འགགས་པ། །དབྱེ་བ་གཞི་ལམ་འབྲས་བུའི་སྤྱན། །འབྲས་བུའི་སྤྱན་ལ་རྣམ་པ་གསུམ། །འཁྲུལ་པ་བག་ཆགས་མིག་དང་ནི། །ལོངས་སྐུ་སྒྱུ་མའི་སྤྱན་ལྔ་དང་། །ཐིག་ལེ་ཡེ་ཤེས་མིག་གཅིག་དྲི་མེད་སྤྱན། །སྤྱན་གྱི་རྩ་བ་ལྷུན་གྲུབ་གཞི་ཡི་སྤྱན། །སྤྱན་གྱི་རྒྱུ་ནི་འགྱུ་བ་མི་འགག་པ། །སྤྱན་གྱི་ཡུལ་ནི་ཆོས་ལ་མི་དམིགས་པའོ། །སྤྱན་གྱི་དཔེ་ནི་ཉི་མ་མེ་ཤེལ་ལོ། །ཤེལ་ལྟར་གསལ་ཞིང་ལྷུན་གྱིས་གྲུབ། །སྣོད་ཀྱི་ངོ་སྤྲོད་འོད་ལའོ། །བཅུད་ཀྱི་ངོ་སྤྲོད་དེ་ཉིད་ལ། །གཉིས་མེད་ངོ་སྤྲོད་ཐམས་ཅད་ལ། །འདས་པའི་ངོ་སྤྲོད་ཐབས་ཆེན་ལ། །འཁྲུལ་གཞི་དྭངས་པར་མ་ཤེས་ན། །ཕྱིས་ཀྱང་འཁྲུལ་པའི་སྐྱོན་དུ་འབྱུང་། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ཐ་མ་སྤྱན་གསུམ་ངོ་སྤྲད་ཀྱི་ལེའུ་སྟེ་ཉེར་གཉིས་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །དེས་ཀྱང་གྲོལ་བར་མ་གྱུར་ན། །དབང་པོ་ཡང་མཐའ་ཡིན་པར་ཤེས། །དེ་ལ་འདི་སྐད་ཅེས་བྱ་སྟེ། །ལུས་སུ་རྟོག་པ་དྲན་བྱའི་ཕྱིར། །ཐེག་པ་རྒྱ་མཚོ་ངོ་སྤྲད་དང་། །གཞུང་ལུགས་རྒྱ་མཚོ་སུན་འདོན་པ། །གཞུང་ཆེན་རྒྱ་མཚོ་ལ་བཟླ་དང་། །གཞུང་ཆེན་རྒྱ་མཚོ་ངོ་སྤྲོད་པས། །དེས་ནི་གྲོལ་བར་མ་གྱུར་ན། །ངོ་སྤྲོད་ངེས་པའི་གཟེར་འདི་གདབ། །དྲན་པའི་དུས་ན་ཐམས་ཅད་གསལ། །མ་དྲན་མ་ཤེས་རྨོངས་གྱུར་ན། །དྲན་པའི་ཐུགས་རྗེའི་བྱིན་རླབས་དང་། །མི་འགྱུར་


DNG005_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མི་བརྗེད་གཟུངས་ཀྱི་ཐག་པ་ཡི། །ཡེ་ཤེས་དྲན་པའི་ཐག་པས་བཏགས། །ཕྱི་ཡི་དྲན་པའི་ཐག་པ་ཡི། །སྣང་ལ་སྐྱེ་མེད་ཐག་པས་གདགས། །སྐྱེ་མེད་དགོངས་པའི་རྒྱུན་ཐག་འཁྲིགས། །སྣང་བ་སྐྱེ་མེད་ངོ་སྤྲད་པས། །དབུ་མ་རབ་ཏུ་མི་གནས་པའི། །བལྟ་བ་དག་ལས་ཁྱད་པར་འཕགས། །རིགས་སྣང་རང་གྲོལ་ངོ་སྤྲོད་པས། །སེམས་ཙམ་དག་ལས་ཁྱད་པར་འཕགས། །འགྱུ་བ་དངོས་མེད་ཟང་ཐལ་བས། །ཐིག་ལེ་ཉག་གཅིག་དགོངས་པ་ཁེལ། །ཉན་ཐོས་དག་ལས་ཁྱད་པར་འཕགས། །ཕྱི་ནང་མཚན་མ་རང་གྲོལ་བས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །འདིར་སྣང་ཆོས་སྐུ་རང་སར་གྲོལ། །ཆོས་ཀྱི་སྐུ་བས་མཐོང་གྱུར་པས། །རྫོགས་ཆེན་དག་ལས་ཁྱད་པར་འཕགས། །གཞུང་ལུགས་རྒྱ་མཚོའི་ལ་བཟླ་ཡིན། །དེ་ཡིས་དེ་ལྟར་དེ་མ་རྟོགས། །དེ་མ་རྟོགས་པས་དེ་མ་རིག །དེ་མ་རིག་པས་དེ་ལྟར་འཁོར། །དེ་ལྟར་དེ་འདྲ་དེ་ལས་འབྱུང་། །སྔོན་གྱི་དེ་དང་ད་ལྟར་རྣམས། །དེ་བཞིན་དེ་དང་དེ་འོང་ཐོབ། །དེ་མ་ཐོབ་པས་དེ་ལྟར་སྣང་། །དེ་ཡི་འཁྲུལ་པ་དེ་ལྟར་ཤེས། །དེ་ཤེས་པས་ནི་འཁྲུལ་པ་མེད། །དེ་ཡང་དེ་ལྟར་མ་གྱུར་ན། །དེ་ལ་འོད་གསལ་འཁོར་ལོ་བསྐོར། །དེ་ལ་དམིགས་པ་དེ་ཡི་ཐབས། །དེ་ཡི་ཚད་དང་དེ་ལམ་ཞུགས། །དེ་ལ་མི་འཁོར་རང་དབང་མེད། །དེ་ལ་ཤེས་ན་དེ་ཡི་ལོག་ནོན་དེ། །དེ་ཡང་རྩོལ་བ་དེ་ཡིན་དེ་རང་གྲོལ། །དེ་ལྟར་ཐབས་བསྟན་དེར་ཤེས་པས། །ཐེག་པ་རྒྱ་མཚོའི་ངོ་སྤྲོད་ཡིན། །འཁོར་ལོ་བསྐོར་ལུགས་རྣམ་པ་གསུམ། །སྣང་བ་ཚོགས་དྲུག་འབྱུང་བ་གསུམ། །དེ་ནི་ཕྱི་ཡི་འཁོར་ལོ་ཡིན། །ཤ་དང་རྩ་དང་རུས་པ་ལ། །འཁོར་ལོ་རྣམ་པ་གསུམ་ཡང་བསྐོར། །ཤ་ལ་འཁོར་ལོ་བསྐོར་ཤེས་ན། །སྤྲུལ་སྐུ་དངོས་སུ་འབྱུང་བར་འགྱུར། །དེ་ལའང་བསྐོར་བ་རྣམ་པ་ལྔ། །དེ་ཡི་ལོག་གནོན་ཤེས་པར་བྱ། །


DNG005_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ལ་འཁོར་ལོ་བསྐོར་ཤེས་ན། །ལོངས་སྐུའི་དགོངས་ཚད་འཆར་བར་འགྱུར། །དེ་ལ་དེ་བཞིན་དེ་ལྟར་རོ། །རུས་པའི་འཁོར་ལོ་བསྐོར་ཤེས་ན། །ཆོས་སྐུ་མངོན་དུ་འབྱུང་བར་འགྱུར། །དེ་ལ་དེ་ལྟར་རིམ་བཞིན་ནོ། །དབྱེར་མེད་རང་བྱུང་འཁོར་ལོ་བསྐོར། །སྐུ་གསུམ་རང་གྲོལ་དགོངས་པ་འཆར། །ལྟ་བ་ཆོས་སྐུ་མི་མཐོང་སྟེ། །དེ་དགོངས་འཆར་བའི་གནད་མེད་ན། །ཟླ་བ་མཚོན་ནས་བསྟན་པ་བཞིན། །ཡུལ་ཅན་དག་ལས་མ་ཤར་རོ། །དེ་ལ་གནས་པ་ཨ་རེ་འཁྱམ། །རང་ཤར་ལྟ་བའི་གདེང་མི་རྙེད། །ཅེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ཐེག་པ་རྒྱ་མཚོ་ལ་ཟློ་དང་འོད་གསལ་གཏན་ལ་དབབ་པའི་ལེའུ་སྟེ་ཉེར་གསུམ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །དེ་ཡི་ཡོན་ཏན་བསྟན་པ་ནི། །འོད་གསལ་འཁོར་ལོ་བྱིན་རླབས་ཆེ། །ཐམས་ཅད་དབང་དུ་བསྡུ་བར་བྱེད། །འོད་ནི་བྱིན་དང་ལྡན་པ་ཡིན། །རླབས་ནི་རང་སྣང་འཁོར་ལོ་ཡིན། །སྐུ་གསུམ་ལམ་དུ་སློང་བས་ཆེ། །དམིགས་པ་མྱུར་ཏེ་གློག་དང་འདྲ། །ཟང་ཐལ་འགྲོ་ཏེ་ཐོག་དང་འདྲ། །རིག་པ་དར་དྲགས་འཁོར་ལོ་འདྲ། །དམིགས་པ་སྣ་རྣོ་སྤུ་གྲི་འདྲ། །འགྱུར་བ་ཝ་དྲག་སྐར་མདའ་འདྲ། །འོད་གསལ་བྱིན་ཆེ་ཉི་མ་འདྲ། །དམིགས་པ་རྒྱ་ཆེན་ནམ་མཁའ་འདྲ། །དགོངས་པ་གཏིང་ཟབ་རྒྱ་མཚོ་འདྲ། །ཉམས་ལེན་བརྟན་དྲགས་གངས་རི་འདྲ། །དགོངས་པ་དོན་ཟབ་ཟ་འོག་གུར་ཁྱིམ་འདྲ། །སྐུ་གསུམ་ལམ་བདེ་ཉི་ཤར་འདྲ། །དེ་ལྟར་མ་རྟོགས་སྐྱོན་བསྟན་པ། །མ་རིག་མུན་ནག་འཐིབ་པ་འདྲ། །འགྱུ་བ་ཅེ་སྤྱང་ལག་པ་འདྲ། །གཟུང་འཛིན་གངས་ལ་ཁ་བབས་འདྲ། །བག་ཆགས་རྒྱ་མཚོའི་གཉེར་མ་འདྲ། །དུག་ལྔ་ནགས་ལ་མེ་ཤོར་འདྲ། །དགྲ་གཉེན་གྲམ་པའི་རྡོ་དང་འདྲ། །ཆགས་སྡང་ལམ་ཀའི་མགྲོན་པོ་འདྲ། །འཁྲུལ་པ་གཟི་ལུམ་བརྒྱུས་པ་འདྲ། །འཁོར་བ་ཟོ་ཆུའི་ཁྱུད་མོ་འདྲ། །འགྲོ་འདུག་


DNG005_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་པ་སྐྱེལ་བསུ་འདྲ། །སྡུག་བསྔལ་ཚོང་བ་འཇོམ་པ་འདྲ། །རྣམ་རྟོག་ཚོང་དུས་འོ་མ་འདྲ། །འདོད་པ་བུ་ཤིའི་འོ་མ་འདྲ། །ཆགས་པ་ཕྱེ་ལེབ་མེར་ཤོར་འདྲ། །སྡང་བ་ལམ་གྱི་དགྲ་དང་འདྲ། །རྣམ་རྟོག་སྨིག་རྒྱུ་འགྱུས་པ་འདྲ། །དེ་ཚོ་ངོ་སྤྲོད་ཤེས་གྱུར་ན། །རྫོགས་པ་ཆེན་པོའི་ལམ་ཆེན་ཡིན། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། འོད་གསལ་འཁོར་ལོ་ཕྱིར་ཟློག་ནང་ཟློག་གི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །དྲན་པ་བཞི་ཡིས་མ་བརྒྱན་ན། །འོད་གསལ་འཁོར་ལོ་བསྐོར་བ་དཀའ། །དེ་ཕྱིར་དྲན་པའི་ཐག་པས་གདགས། །མ་དྲན་པས་ནི་བསྐོར་ཐབས་མེད། །དེས་ན་དྲན་པའི་ཐག་པས་གདགས། །དེ་ལ་ངོ་སྤྲོད་བསྟན་པར་བྱ། །ད་ལྟ་བར་དོ་གཉིས་སུ་བསྟན། །མན་ཤེལ་མེ་ལོང་གཉིས་པོ་ལ། །བཞི་ལ་རྒྱུ་རྐྱེན་འབྲས་བུ་གཞི། །ད་ལྟར་བར་དོ་སྦྱར་ལ་བསྟན། །ཐུགས་རྗེའི་འབྱུང་ལུགས་ངོ་སྤྲད་བསྟན། །ད་ལྟ་རང་ལ་ངོ་སྤྲད་ན། །སྙིང་དང་མགྲིན་པ་མིག་དང་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སྐུ་རེ་ལའང་གསུམ་གསུམ་བསྟན། །ཐུགས་རྗེ་ཡས་བབས་སྐུ་གསུམ་དང་། །ཇ་ལོག་སྐུ་གསུམ་ཤེས་པར་བྱ། །རབ་ལ་བར་དོ་མེད་པ་ཡང་། །དུས་བཞི་མཉམ་སྦྱོར་དགོངས་པ་ཡིན། །བར་དོར་སྐུ་གསུམ་དྲན་པར་འགྱུར། །འོད་དང་འགྱུ་བ་ཡིད་དང་གསུམ། །དགུ་ཕྲུག་ཤེས་པ་ངོ་སྤྲོད་དོ། །དེ་ཡིས་གྲོལ་བར་འགྱུར་བ་ཡིན། །དེ་ལས་གྲོལ་ནས་ཤར་བ་ནི། །མཆོག་གི་སྐུ་གསུམ་ཞེས་སུ་བཤད། །དེ་ཡི་ངོ་སྤྲོད་མ་ཤེས་ན། །གདམས་པ་བསྟན་པ་སྐྱོན་དུ་འགྱུར། །ཐུགས་རྗེ་འབྱུང་བར་མ་ཤེས་ན། །ཉི་མ་འོད་དང་བྲལ་བ་ལྟར། །གཟུགས་སྐུ་གཉིས་པོ་འཆར་མི་འགྱུར། །གཟུགས་སྐུ་གཉིས་པོ་མ་ཤར་ན། །འགྲོ་དྲུག་སྟོན་པ་གང་ལས་འབྱུང་། །འདུ་དུས་ཐིམ་དུས་འཆར་དུས་དང་། །དེ་གཉིས་གྲོལ་བའི་དུས་དང་བཞི། །


DNG005_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིའི་སོ་མཚམས་མ་ཤེས་ན། །སངས་རྒྱས་དུས་ཚོད་ཤེས་པ་དཀའ། །མར་གྱི་དུས་བཞི་ཡར་གྱི་བཞི། །བར་དོའི་སོ་མཚམས་མ་ཤེས་ན། །འཁོར་བའི་འཕྲོ་མཐུད་དུས་ཚོད་དཀའ། །འདུ་དུས་ཐིམ་དུས་འཆར་དུས་རང་གྲོལ་དུས། །འདུ་དུས་ཐིམ་དུས་འཆར་དུས་ལུས་འཇུག་དུས། །འདྲ་འདྲ་འདྲ་སྟེ་ནོར་ས་ཆེ། །དེས་ན་བརྟག་པ་རབ་ཏུ་དཀའ། །འཁོར་བ་ཙམ་དུ་སྒྲ་མཐུན་ཡང་། །རྒྱུ་དང་དཀར་ནག་འབྲས་བུ་བཞི། །དེ་ཡི་སོ་མཚམས་ཁྱད་པར་ཆེ། །ལུས་པོ་ཙམ་དུ་སྒྲ་མཐུན་ཏེ། །འཇུག་པའི་ལུས་ལ་ཁྱད་པར་ཆེ། །འབྲས་བུ་ཙམ་དུ་སྒྲ་མཐུན་སྟེ། །ལུང་དུ་བསྟན་དང་ལུང་མ་བསྟན། །དེ་ཡི་འབྲས་བུ་ཁྱད་པར་ཆེ། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ངོ་སྤྲོད་བསྡུས་ཏེ་བསྟན་པ་སྐུ་གསུམ་ངོ་སྤྲོད་ཀྱི་ལེའུ་སྟེ་ཉེར་ལྔ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །ངོ་སྤྲོད་གཏན་ནས་གནས་པ་དང་། །དེ་ཡི་ངོ་སྤྲོད་མ་བྱས་པ། །འཆི་བ་ཞེས་བྱ་ཀུན་ལ་འབྱུང་། །ལུས་དང་འཕོ་བ་ཞེས་བྱ་བ། །དེ་ཡི་མདོར་བསྡུས་བཤད་པར་བྱ། །འཆི་བ་རྣམ་པ་བཞི་དག་ལས། །རྒས་ནས་ཐུག་ནས་འཆི་བ་དང་། །འདུས་པའི་ནད་ཀྱིས་འཆི་བ་དང་། །བར་ཆད་གདོན་གྱིས་འཆི་བ་དང་། །ལས་ཀྱི་རྣམ་པར་སྨིན་པས་འཆི། །རླུང་ཡང་ལྔ་བཅུ་རྩ་ལྔ་ཡིན། །བརྟག་པ་ཡིན་པར་ཤེས་པར་བྱ། །དེ་ལ་རླུང་གི་མཚན་ཉིད་ཀྱང་། །ངོ་བོ་དབྱེ་བ་ངེས་ཚིག་དང་། །ཁ་དོག་དང་ནི་གནས་པ་དང་། །རྒྱུ་བའི་དུས་ཚོད་བསྟན་པའོ། །ངོ་བོ་གཡོ་ཞིང་མི་འགག་པ། །ངེས་པའི་ཚིག་ནི་འདེགས་བསྐྱོད་དོ། །དབྱེ་བ་རྒྱུ་དང་འཇུག་གནས་སོ། །དེ་ནི་དངོས་པོའི་རླུང་དུ་ཤེས། །གཞི་ཡི་རླུང་དང་འབྲས་བུའི་རླུང་། །དེང་འདིར་འཆི་རྩིས་འབྲས་བུར་བཤད། །རྒྱུ་བ་ལ་ཡང་རྣམ་པ་གསུམ། །གྱེན་རྒྱུ་ཐུར་སེལ་ཐད་ཀར་རྒྱུ། །ཁྱབ་པར་གནས་པའི་རླུང་དང་ལྔ། །ཐུགས་རྗེ་བཀྲག་དང་དྲོད་འབེབས་དང་། །ཐུར་དུ་སེལ་བྱེད་གཡོ་བའི་རླུང་། །རྩ་བའི་རླུང་ལྔ་ཞེས་སུ་


DNG005_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །ཁ་དོག་ཆུ་རླུང་དཀར་ལ་ཟླུམ། །མེ་རླུང་དམར་པོ་གྲུ་གསུམ་མོ། །ས་རླུང་སེར་པོ་གྲུ་བཞི་ཡིན། །རླུང་གི་རླུང་ནི་ཟླ་གམ་ལྗང་། །མཁའ་རླུང་སྣ་ཚོགས་མཐིང་གའོ། །གྱེན་དུ་རྒྱུ་བ་སྣ་བུག་དང་། །ཐུར་དུ་སེལ་བ་གསང་བའོ། །ཐུར་སེལ་རྩིག་མ་འབྱིན་པར་བྱེད། །གྱེན་དུ་རྒྱུ་བས་ལུས་སྟོབས་བསྐྱེད། །ཆུ་ཡི་རླུང་ནི་སོར་བརྒྱད་རྒྱུ། །ས་ཡི་རླུང་ནི་སོར་བཞི་སྟེ། །མེ་ཡི་རླུང་ནི་སོར་བཅུ་གཉིས། །ནམ་མཁའི་རླུང་ནི་ཚད་བཟུང་མེད། །དེ་ཡིས་འཆི་བར་འཕེན་པ་ཡིན། །གནས་པའི་ས་དང་འབྱུང་བ་སྦྱར། །རླུང་ལ་དྲོད་ཡོད་གནས་སུ་འདུས། །དེ་དུས་རྩ་རྣམས་ཁྲག་དྲོས་པས། །ཁ་སྣ་སྐམ་ལ་སྒོ་བདུན་དུ། །མེ་བདུན་བསྐལ་པ་འབྱུང་བར་འགྱུར། །ཆུ་དང་རྡུལ་རྣམས་གཅིག་ཏུ་འདུས། །ཆུ་ཡི་བསྐལ་པ་འབྱུང་བར་འགྱུར། །སྣ་བུག་གཉིས་སུ་དབུགས་མེད་པས། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །མཐིལ་བཞིར་དྲོད་དང་འདེགས་བསྐྱོད་མེད། །གླིང་ཆེན་བཞི་པོ་འཇིག་པ་ཡིན། །འཁོར་བ་བརྒྱད་ཀྱི་གཡོག་མ་ནུས། །གླིང་གཡོག་འཇིག་པ་དེ་ལྟར་ཡིན། །ཚོགས་བདུན་རྣམ་ཤེས་མི་རྒྱུ་བས། །རིན་ཆེན་སྣ་བདུན་འཇིག་པ་ཡིན། །ལུས་ཀྱི་ང་རྒྱལ་དང་བྲལ་བས། །རི་རབ་འཇིག་པ་དེ་ལྟར་ཡིན། །སྒྲ་རྣམས་གྱེན་དུ་ལོག་པ་ཡིས། །མཁའ་འགྲོ་འབྲོས་པ་དེ་ལྟར་ཡིན། །མིག་གཉིས་ཁོང་དུ་ནུབ་པ་ཡིས། །ཉི་ཟླ་ནུབ་པ་དེ་ལྟར་ཡིན། །གཞུང་པ་སྲོག་པའི་རྩ་མེད་པ། །དགུ་ཚིགས་ནམ་མཁར་མེད་པ་ཡིན། །ཚོགས་བརྒྱད་མེད་པས་གཟའ་བརྒྱད་མེད། །སྒལ་ཚིགས་རྩ་བརྒྱད་ཡ་བྲལ་བས། །རྒྱུ་སྐར་རྩ་བརྒྱད་ནུབ་པ་ཡིན། །རིག་པ་མེད་པས་རྒྱལ་པོ་མེད། །ཡིད་འཇུག་མེད་པས་བློན་པོ་མེད། །དུག་ལྔ་མེད་པས་འཁོར་དང་དམངས་རྣམས་མེད། །སྣོད་བཅུད་འཇིག་པ་དེ་ལྟར་ཡིན། །དེས་ན་འདུ་དུས་ཐིམ་དུས་དང་། །འཆར་དུས་འཇིག་པའི་


DNG005_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དང་ནི། །གྲོལ་བའི་དུས་དང་ངོ་སྤྲོད་རྣམས། །འདིར་ནི་རྒྱས་པར་བཤད་པ་ཡིན། །ཟར་མའི་མེ་ཏོག་མ་ཡལ་ལམ། །གླང་པོའི་མཐུར་ཐག་མ་ཆད་དམ། །རྟ་སྔོན་མཐུར་མདའ་མ་ཆད་དམ། །སེང་ལྕམ་གངས་དཀར་རྒྱུ་འགྲུལ་མ་ཆད་དམ། །སྒེག་པོ་སྒེག་མོའི་མེ་ལོང་མ་སྟོར་རམ། །རྟ་སྤྲིན་གྱི་ཤུགས་ཅན་མཐའ་གསེབ་མ་ཚུད་དམ། །ཀླུ་རྒྱལ་དགའ་བོའི་རྣ་ཆ་མ་སྟོར་རམ། །རྒྱ་མཚོའི་ཝུ་བ་མ་ཆད་དམ། །ཀྱེ་མ་ཧོ་ཆད་དོ་ཆད་དོ་ཟེར་ཏེ་བརྒྱལ་ལོ། །དེའི་དུས་ན་འཁོར་ཐམས་ཅད་འདུས་ནས། གར་ཆང་འཐུང་ནས་ར་རོའོ། །རྒྱལ་པོ་གཉིད་ལོག་ལྟ་བུར་གྱུར་ཏེ། ཞག་གསུམ་དུ་བརྒྱལ་ཞིང་འདུག་པར་གྱུར་ཏོ། །དེ་ནས་བུད་མེད་འམ་དེ་བརྒྱལ་སངས་ཙམ་ན། །རྨི་ལམ་རྣམ་པ་གསུམ་རྨིས་པར་གྱུར་ཏོ། །དེའི་ཚེ་དེར་སྣང་གི་དུས་ན། །དེ་ནི་མཚམས་སྦྱོར་རྨི་ལམ་དང་། །འཁྲུལ་པ་འཕྲོ་འདུ་རྨི་ལམ་དང་། །ཡེ་ཤེས་རང་སྣང་གཉིད་གྲོལ་བ། །རྣམ་གྲོལ་གསུམ་ལ་མཁས་པའོ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་གཉིས་ཀ་རྣམ་པར་སེལ། །གྲོལ་བ་ཐར་པ་རྣམ་གྲོལ་མཆོག །རྣམ་པར་གྲོལ་བ་མཁས་པའི་མཆོག །མཆོག་གི་འབྲས་བུ་བསྟན་པ་ཡིན། །ཅེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། འཆི་རྩིས་དང་ངོ་སྤྲོད་ད་ལྟ་བར་དོར་རོ་སྙོམས་ངོ་སྤྲོད་ཀྱི་ལེའུ་སྟེ་ཉེར་དྲུག་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །དེ་ལས་ཐུགས་རྗེ་སྤྲུལ་པ་ནི། །ཕྱི་ནང་གསང་བ་གསུམ་དུ་འབྱུང་། །ཐམས་ཅད་མཁྱེན་པའི་སྤྱན་ལྡན་པས། །ལས་དང་འཕྲོ་དང་མཐུད་པ་དང་། །འབྲུ་ཤག་ལས་ཀྱི་འཁོར་ལོ་འདིས། །གོ་སྐབས་མ་ལུས་འདིས་འབྱེད་འགྱུར། །ལས་འཕྲོ་ངེས་པའི་གནད་མེད་ན། །ཐམས་ཅད་རྟག་ཆད་གོལ་བར་ཆུད། །ཀྱེ་རྒྱལ་བའི་སྲས་པོ་ལུས་ཞེས་བྱ། །འོད་ལུས་ཡིད་ལུས་


DNG005_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཁྲག་ལུས། །འོད་ཟེར་ཕུང་པོ་འོད་དཔག་མེད། །མཐར་ཐུག་རྡོ་རྗེ་སེམས་དཔའ་ཡིན། །བདེ་བ་གཉིས་ལ་རྟོག་པའོ། །མཚན་དང་དཔེ་བྱད་རབ་ཏུ་མཛེས། །ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས། །འོད་ཟེར་འདོམ་གང་འོད་དུ་འཕྲོ། །ལྷ་ལུས་འོད་གསལ་མདའ་གང་དང་། །འདྲེ་ནི་རང་གནོད་རང་འོད་ངེས་པ་མེད། །བསམ་གཏན་ཏིང་འཛིན་ཁྱད་པར་ཡིན། །ཡིད་ལུས་རྣམ་སྨིན་འབྲས་བུ་དང་། །ལས་ཀྱི་རིམ་པ་བསམ་གཏན་ལས། །དམྱལ་བ་ཚ་གྲང་གཉིས་གཉིས་དང་། །ཉི་ཚེ་བ་དང་ཉེ་འཁོར་བ། །རྡོ་རྗེ་དམྱལ་བའི་སྣང་བ་རྣམས། །རྣམ་སྨིན་ལས་ཀྱི་འབྲས་བུ་ཡིན། །ཡི་དྭགས་ཡིད་ལུས་རྣམ་པ་བཞི། །ཕྱི་དང་ནང་དང་གཉིས་ཀ་དང་། །སྒོ་ཁྱུད་ཡིད་ལུས་རྣམ་བཞི་ཡིན། །གནས་དང་རྒྱུ་བ་རྣམ་སྨིན་གསུམ། །དེ་ནི་ལས་དང་འབྲས་བུའོ། །ལྷ་ཡང་གཟུགས་མེད་གྲུབ་པ་ནི། །བསམ་གཏན་དག་ལས་གྲུབ་པ་ཡིན། །འདོད་ཁམས་རིས་དྲུག་ལྷ་དང་ནི། །མི་རྣམས་ཤ་ཁྲག་ལུས་གྲུབ་པ། །དགེ་བའི་ལས་ཀྱི་འབྲས་བུ་ཡིན། །ཕ་རོལ་ཕྱིན་དྲུག་ཁྱད་འཕགས་པས། །དེ་ཡི་འབྲས་བུ་སོ་སོར་སྨིན། །བྱོལ་སོང་ཤ་ཁྲག་ལུས་སུ་གྲུབ་པ་ནི། །གཏི་མུག་ལུང་མ་བསྟན་གྱི་འབྲས་བུ་ཡིན། །ཕལ་ཆེར་ལས་ཀྱི་འབྲས་བུར་སྣང་། །རྐྱེན་འགྱུར་གནས་སྐབས་མ་ངེས་པ་ཡང་ཡོད། །གཞི་ནས་རང་དབང་མེད་པར་འབྱུང་བ་ཡོད། །རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ་སྟེ་ར་གཞོབ་ལྟར། །ཡང་དག་དོན་ལ་ལས་ཀྱང་མེད། །རྣམ་པར་སྨིན་པའི་འབྲས་བུ་མེད། །མ་རྟོགས་པ་ལ་ལས་ཡོད་ལས་ཀྱི་འབྲས་བུ་ཡོད། །བདེན་པའི་བྱིན་གྱི་རླབས་ཀྱིས་མེ་ཡི་ཕུང་པོ་ཞི། །རང་གྲོལ་རིག་པ་འདི་ལ་བལྟ་ནུས་ན། །ཡང་དག་དོན་ཉིད་མཐོང་བར་ངེས་པ་ཡིན། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ཐུགས་རྗེའི་འབྱུང་ལུགས་དང་ལུས་གསུམ་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། །དེ་ནས་ཡང་དག་


DNG005_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །ཐེག་པ་སྤྱི་དང་རང་གི་མཚན་ཉིད་ཀྱི། །ལམ་དུ་འཇུག་ཕྱིར་ལམ་ལྔ་བཤད། །ཚོགས་དང་སྦྱོར་དང་མཐོང་བ་དང་། །བསྒོམ་པ་དང་ནི་མཐར་ཕྱིན་ལྔ། །ཉན་ཐོས་ཚོགས་ལམ་འདི་ལྟ་སྟེ། །ཉིས་བརྒྱ་ལྔ་བཅུ་ཚོགས་ཀྱི་ལམ། །བདེན་པ་བཞི་ནི་མཐོང་བའོ། །ཤེས་པ་བཞི་ནི་སྦྱོར་བའི་ལམ། །འཕགས་པའི་ལམ་བརྒྱད་བསྒོམ་པའི་ལམ། །དགྲ་བཅོམ་འབྲས་བུར་གྱུར་པ་མཐར་ཕྱིན་ལམ། །ཚད་མེད་བཞི་དང་ཕ་རོལ་ཕྱིན་པ་དྲུག །སྡོམ་པ་ཉི་ཤུ་རྩ་བ་གསུམ། །དེས་སྡོམ་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ཀྱི་ལམ་དུ་བཤད་པ་ཡིན། །བཟོད་པ་འཇིག་རྟེན་ཆོས་ཀྱི་མཆོག །སྦྱིན་དང་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བཅུ། །སྦྱོར་བའི་ལམ་དུ་བཤད་པ་ཡིན། །ཆོས་རྣམས་ནམ་མཁའ་ལྟ་བུ་ནི། །མཐོང་བའི་ལམ་དུ་བསྟན་པ་ཡིན། །དངོས་པོ་མཚན་མ་མི་དམིགས་པས། །བསྒོམ་པའི་ལམ་དུ་བསྟན་པ་ཡིན། །འབྲས་བུ་རྫོགས་པས་སངས་རྒྱས་པ། །མཐར་ཕྱིན་ལམ་དུ་བསྟན་པ་ཡིན། །གསང་སྔགས་ཕྱི་པའི་ལམ་དུ་བསྟན་པ་ནི། །དག་པ་རྣམ་གསུམ་གཟའ་དང་རྒྱུ་སྐར་བརྩི། །བརྟུལ་ཞུགས་དཀྱིལ་འཁོར་སྦྱོར་བ་ཙམ། །ཚོགས་ཀྱི་ལམ་དུ་བསྟན་པ་ཡིན། །དེ་ཉིད་རྗེ་དང་འབངས་ཀྱི་ཚུལ། །འཕྲོ་འདུ་ཏིང་འཛིན་བྱེད་པ་ནི། །སྦྱོར་བའི་ལམ་དུ་བསྟན་པ་ཡིན། །ཏིང་འཛིན་ལས་སུ་གྱུར་པ་ནི། །མཐོང་བའི་ལམ་དུ་བསྟན་པ་ཡིན། །ཏིང་འཛིན་རྒྱུན་མ་ཆད་པ་ནི། །བསྒོམ་པའི་ལམ་དུ་བསྟན་པ་ཡིན། །འབྲས་བུ་རིགས་གསུམ་འགྲུབ་པ་ནི། །མཐར་ཕྱིན་ལམ་དུ་བསྟན་པ་ཡིན། །བདག་དང་དམ་ཚིག་སེམས་དཔའ་གཉིས། །དེ་ཡི་ལམ་ལས་མི་འདའོ། །སྤུན་དང་གྲོགས་པོའི་སྒོ་ནས་བསྒྲུབ། །ཚོགས་ཀྱི་ལམ་དུ་བསྟན་པ་ཡིན། །སྐུ་མདོག་ཕྱག་མཚན་གསལ་བ་ནི། །སྦྱོར་བའི་ལམ་དུ་བསྟན་པ་ཡིན། །དེ་ཉིད་ལས་སུ་རུང་གྱུར་པ། །མཐོང་བའི་ལམ་དུ་བཤད་པ་ཡིན། །དེ་ཡི་ལམ་ལས་མི་འདའ་བ། །བསྒོམ་པའི་ལམ་ཞེས་བཤད་པ་ཡིན། །སྐུ་ལྔ་མངོན་


DNG005_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པ་ནི། །མཐར་ཕྱིན་ལམ་ཞེས་བཤད་པ་ཡིན། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། མཚན་ཉིད་ཀྱི་ལམ་དང་གསང་སྔགས་ཀྱི་རྒྱུད་ལམ་ལྔ་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །རྒྱུད་ལུང་མན་ངག་སྙན་རྒྱུད་ཀྱི། །དེ་ཡི་ལམ་ལྔ་བཤད་པར་བྱ། །ཏིང་འཛིན་རྣམ་གསུམ་དམ་ཚིག་བརྒྱད། །འཕགས་པ་སྤྱན་དྲངས་ལ་སོགས་པ། །ཚོགས་ཀྱི་ལམ་དུ་བཤད་པ་ཡིན། །གོམས་ཤིང་བརྟན་པར་བྱེད་པ་ནི། །སྦྱོར་བའི་ལམ་དུ་བཤད་པ་ཡིན། །བརྟན་ནས་རིགས་ལྔ་ཡབ་ཡུམ་གསལ། །མཐོང་བའི་ལམ་དུ་བཤད་པ་ཡིན། །ཏིང་འཛིན་རྣམ་གསུམ་མ་ཐོབ་བར་དུ་བསྒོམ། །བསྒོམ་པའི་ལམ་དུ་བསྟན་པ་ཡིན། །ལོངས་སྐུ་ཞེ་གཉིས་སངས་རྒྱས་པ། །མཐར་ཕྱིན་ལམ་དུ་བསྟན་པ་ཡིན། །ཕུང་པོ་ཁམས་རྣམས་ལྷ་རུ་བསྒོམ། །འཛབ་དང་འཕྲོ་འདུ་ཚོགས་ཀྱི་ལམ། །དེ་ཉིད་འདྲིས་བྱེད་སྦྱོར་བའི་ལམ། །ཀུན་བཟང་ཡབ་ཡུམ་ཧེ་རུ་ཀ །དགུ་རུ་གསལ་བ་མཐོང་བའི་ལམ། །ཧེ་རུ་ཡབ་ཡུམ་བརྟན་པ་བསྒོམ་པའི་ལམ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་མཐར་ཕྱིན་ལམ། །ཨ་ཏི་ཡོ་གའི་ལམ་ལྔ་ནི། །སྣང་སྲིད་རྒྱན་དུ་གྱུར་པ་ཚོགས་ཀྱི་ལམ། །ཐིག་ལེ་ཉག་གཅིག་རྟོགས་ཐབས་སྦྱོར་བའི་ལམ། །ཐེ་ཚོམ་མེད་པར་གོ་བ་མཐོང་བའི་ལམ། །དེ་ཡི་དོན་ལ་གནས་པ་བསྒོམ་པའི་ལམ། །ཆོས་སྐུ་ཐིག་ལེར་ཤར་བ་མཐར་ཕྱིན་ལམ། །སྙན་རྒྱུད་ངེས་པའི་ལམ་ལྔ་འདི་ལྟར་བསྟན། །རང་སྣང་ཟང་ཐལ་ཡིན་པས་ཚོགས་ལམ་རྫོགས། །རིག་པ་རང་སར་གྲོལ་བས་སྦྱོར་ལམ་རྫོགས། །ཐིག་ལེ་རང་ལ་ཤར་བས་མཐོང་ལམ་རྫོགས། །འགྱུ་བ་ཟང་ཐལ་ཤར་བས་བསྒོམ་ལམ་རྫོགས། །ཐིག་ལེ་ཆོས་མིན་ཤར་བས་ཐམས་ཅད་མཁྱེན་པ་རྫོགས། །ཚིག་ཏུ་བརྗོད་པས་ལྔར་སྣང་དོན་ལ་གཅིག །གསེར་བཟང་མདོག་བཟང་བྱས་པའི་དོན་ལ་གཅིག །ཐེག་པ་རང་རང་ལམ་ལྔ་དེ་ལྟར་ཡིན། །ཞེས་གསུངས་སོ། །འབྱུང་པོ་


DNG005_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུལ་གྱི་རྒྱུད་ལས། ལམ་ལྔ་ཁྱད་པར་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །ས་དང་ཕ་རོལ་ཕྱིན་པ་ནི། །གསང་སྔགས་མཚན་ཉིད་མན་ངག་གསུམ། །དེ་ཡང་ཁྱད་པར་འདི་ལྟར་བསྟན། །དང་པོ་རབ་ཏུ་དགའ་བ་ནི། །སྦྱིན་པ་ཡི་ནི་ཕ་རོལ་ཕྱིན། །པདྨ་ཅན་གྱི་ས་ཞེས་བྱ་བ་དང་། །བླ་མའི་གདམས་ངག་ཐོབ་པའོ། །གཉིས་པ་དྲི་མ་མེད་པ་ནི། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའོ། །རིག་པ་དྲི་མ་མེད་པ་ངོ་སྤྲོད་ཡིན། །གསུམ་པ་འོད་འཕྲོ་ཞེས་པ་ནི། །བཟོད་པའི་ཕ་རོལ་ཕྱིན་པའོ། །བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་ཡིན། །སྐུ་གསུམ་དགོངས་པ་གཞན་དོན་བྱེད། །བཞི་པ་འོད་བྱེད་ཅེས་པ་ནི། །བརྩོན་འགྲུས་ཕ་རོལ་ཕྱིན་པའོ། །ཡི་གེ་ཚོགས་ཆེན་རྫོགས་པ་ཡིན། །སྐུ་གསུམ་གྱིས་ནི་གཞན་དོན་བྱེད་པ་ཡིན། །ལྔ་པ་སྦྱང་བར་དཀའ་བའི་ས། །བསམ་གཏན་ཕ་རོལ་ཕྱིན་པའོ། །བཅོ་ལྔ་རྡོ་རྗེ་འཆང་གི་ས། །དབང་པོ་དམན་ལ་ངོ་སྤྲོད་བྱ། །དྲུག་པ་མངོན་དུ་གྱུར་པའི་ས། །ཤེས་རབ་ཕ་རོལ་ཕྱིན་པའོ། །ངོ་སྤྲོད་པས་ནི་རྟོགས་པ་མངོན་དུ་གྱུར། །བདུན་པ་རིང་དུ་སོང་བའི་ས། །ཐབས་ཀྱི་ཕ་རོལ་ཕྱིན་པ་ཡིན། །ཉན་ཐོས་སྤོང་བ་ཡིན་ཏེ་རིང་པའོ། །འདི་ཉིད་ལམ་དུ་བྱེད་པའོ། །བརྒྱད་པ་མི་གཡོ་བ་ཡི་ས། །སྨོན་ལམ་ཕ་རོལ་ཕྱིན་པའོ། །ཆོས་སྐུ་འགྱུར་བ་མེད་པར་རྟོགས། །དགུ་པ་ལེགས་པའི་བློ་གྲོས་ས། །སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡིན། །ཀུན་ཏུ་བཟང་པོའི་དགོངས་པའོ། །བཅུ་པ་ཆོས་ཀྱི་སྤྲིན་གྱི་ས། །ཡེ་ཤེས་ཕ་རོལ་ཕྱིན་པའོ། །རྟོགས་པ་མངོན་དུ་གྱུར་པའོ། །བཅུ་གཅིག་ལ་ནི་འོད་དུ་འཆར། །ཡེ་ཤེས་ཕ་རོལ་ཕྱིན་པའོ། །ཞེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ས་གསུམ་ངོ་སྤྲོད་ཀྱི་ལེའུ་སྟེ་སུམ་ཅུ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །འགྲོ་བའི་བསྙེན་


DNG005_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་གནས་ཀྱི་མཆོག །བདེན་པ་བཞི་ནི་སྟོན་པའོ། །དེ་ལ་ཉན་ཐོས་ཕྱག་རྒྱ་བཞི། །ཉིས་བརྒྱ་ལྔ་བཅུ་ལས་ཀྱི་ཕྱག་རྒྱ་ཡིན། །བདེན་བཞི་གཏན་ལ་འབེབས་པ་ཆོས་ཀྱི་ཕྱག་རྒྱ་ཡིན། །གང་ཟག་བདག་མེད་དམ་ཚིག་ཕྱག་རྒྱ་ཡིན། །དགྲ་བཅོམ་འབྲས་བུ་རྣམ་བདུན་ཕྱག་རྒྱ་ཆེན་པོ་ཡིན། །བྱང་ཆུབ་སེམས་དཔའི་ཕྱག་རྒྱ་ནི། །སྡོམ་པ་ཉི་ཤུ་བསྲུང་བ་ལས་རྒྱ་ཡིན། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ཆོས་རྒྱ་ཡིན། །ཆོས་རྣམས་རང་བཞིན་སྟོང་པ་དམ་ཚིག་ཕྱག་རྒྱ་ཡིན། །ཐམས་ཅད་མཁྱེན་པ་ཐོབ་པ་ཕྱག་རྒྱ་ཆེན་པོ་ཡིན། །དག་པ་རྣམ་གསུམ་སྤྱོད་པ་ལས་ཀྱི་ཕྱག་རྒྱ་ཡིན། །རིགས་གསུམ་སྤྱན་འདྲེན་མཆོད་བསྟོད་ཆོས་ཀྱི་ཕྱག་རྒྱ་ཡིན། །ཉ་ཤ་སྒོག་བཙོང་བསྲུང་བ་དམ་ཚིག་ཕྱག་རྒྱ་ཡིན། །འབྲས་བུ་རིགས་གསུམ་བསྒྲུབ་པ་ཕྱག་རྒྱ་ཆེན་པོ་ཡིན། །བྱང་ཆུབ་ལམ་ལ་འདུག་པ་ལས་ཀྱི་ཕྱག་རྒྱ་ཡིན། །སྐུ་ལྔ་བཞུ་བཏུལ་བྱེད་པ་ཆོས་ཀྱི་ཕྱག་རྒྱ་ཡིན། །དཀར་གསུམ་མངར་གསུམ་བསྟེན་པ་དམ་ཚིག་ཕྱག་རྒྱ་ཡིན། །སྐུ་ལྔ་མངོན་དུ་གྱུར་པ་ཕྱག་རྒྱ་ཆེན་པོ་ཡིན། །བདུད་རྩི་ལྔ་ལ་སྤྱོད་ཅིང་སྦྱོར་སྒྲོལ་ལས་ཀྱི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་ཆོས་ཀྱི་ཕྱག་རྒྱ་ཡིན། །དམ་ཚིག་ཉི་ཤུ་རྩ་བརྒྱད་བསྲུང་བ་དམ་ཚིག་ཕྱག་རྒྱ་ཡིན། །བཞི་བཅུ་རྩ་གཉིས་བསྒྲུབ་པ་ཕྱག་རྒྱ་ཆེན་པོ་ཡིན། །ཏིང་འཛིན་རྣམ་གསུམ་དམ་རྫས་ལྔ་སྤྱོད་ལས་ཀྱི་ཕྱག་རྒྱ་ཡིན། །ཀུན་བཟང་ཡབ་ཡུམ་བསྒོམ་པ་ཆོས་ཀྱི་ཕྱག་རྒྱ་ཡིན། །འདུ་འཕྲོ་རྒྱུན་མི་གཅོད་པ་དམ་ཚིག་ཕྱག་རྒྱ་ཡིན། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོ་ཡིན། །རོལ་པ་འགག་པ་མེད་པ་ཆོས་ཀྱི་ཕྱག་རྒྱ་ཡིན། །མཚན་ཉིད་སྐྱེ་བ་མེད་པ་ལས་ཀྱི་ཕྱག་རྒྱ་ཡིན། །ངོ་བོ་ཀློང་གྲོལ་དམ་ཚིག་ཕྱག་རྒྱ་ཡིན། །རང་བཞིན་སྐྱེ་བ་མེད་པ་ཕྱག་རྒྱ་ཆེན་པོ་ཡིན། །འགྱུ་བ་འགག་པ་མེད་པ་ལས་ཀྱི་ཕྱག་རྒྱ་ཡིན། །ཡེ་ཤེས་ཟང་ཐལ་ཤེས་པ་ཆོས་ཀྱི་ཕྱག་རྒྱ་ཡིན། །རིག་གནས་ཕྱི་ནང་མེད་པ་དམ་ཚིག་ཕྱག་རྒྱ་ཡིན། །ཆོས་ལས་འདས་པ་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་གསུངས་སོ། །


DNG005_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ཕྱག་རྒྱས་བཏབ་པའི་ལེའུ་སྟེ་སོ་གཅིག་པའོ།། །དེ་ནས་ཡང་དག་བཀའ་སྩལ་པ། །རིགས་ཀྱི་བུ་ཁྱོད་ཉོན་ཅིག །ཀུན་ཏུ་བཟང་པོའི་དགོངས་པ་ནི། །གཞི་རང་གྲོལ་དུ་ཤེས་པའོ། །གཞི་རང་གྲོལ་གྱི་དགོངས་པ་དེ་ནི། མ་བལྟས་རང་ཤར་གྱི་དགོངས་པ་ཤར་རོ། །མ་བསྒོམས་སོ། །མ་བསྒྲུབས་སོ། །མ་སྤྱད་དོ། །ཚོགས་གཉིས་མ་བསགས་སོ། །གཞི་རང་གྲོལ་དེ་ཡིས་བསྒོམས་སམ་སྒོམ་བཞིན་ནམ། བསྒོམ་པ་བྱས་སམ་བསྒོམ་པར་མ་བྱས་ན། སངས་རྒྱས་སམ། །ལྟ་བས་བལྟས་སམ། བལྟ་བར་བྱས་སམ། ལྟ་བར་བྱེད་བཞིན་ནམ། ལྟ་བ་བལྟས་ནས་སངས་རྒྱས་སམ། དེ་སྤྱད་དམ་སྤྱོད་པར་བྱེད་དམ། སྤྱད་ནས་སོན་ནམ། སྤྱད་ཟིན་ནས་དེས་སངས་རྒྱས་སམ། གཞི་འབྲས་བུ་གཞི་ཡིན་ནམ། གཞི་དེས་འབྲས་བུ་མྱོང་ངམ། གཞིས་འབྲས་བུ་ཐོབ་བམ། གཞི་ན་རེ་འབྲས་བུ་ཡིན་ཟེར་རམ། དེ་བཞིན་དུ་ལམ་ལྔ་ས་བཅུ་ཚོགས་གཉིས་རྣམས་ཀྱང་། དེ་བཞིན་དེ་ཡི་རང་བཞིན་ཡིན། ཞེས་གསུངས་སོ། །དཔེར་ན་ག་པུར་ན་རེ་ང་སྨན་ཡིན་ཟེར་རམ་དུག་ཡིན་ཟས་ཕལ་པ་ཡིན་ཟེར་རམ། ནོར་བུ་རིན་པོ་ཆེ་དེ་སྐད་ཟེར་རམ་སྟེ། གཞི་འཁྲུལ་པས་གཞི་ངོ་ཤེས་ཏེ། །མི་ཤེས་པ་ཡིས་རང་དབང་མེད། །མི་ཡི་བྱད་ཀྱིས་མེ་ལོང་ལྟར། །ཕར་བལྟས་ཚུར་མཐོང་བཞིན་གསལ་བ། །གཞི་ངོ་ཤེས་པས་གཞི་ལས་འདས། །འདས་པ་ལྔ་པོ་ཆོས་ལས་མིན། །ཡེ་ཤེས་ཟང་ཐལ་རང་ཤར་བས། །ཐམས་ཅད་མཁྱེན་པ་མ་འགགས་པས། །མཁྱེན་པ་དེ་ལྟར་ཤར་བ་ཡིན། །དྲུག་གིས་བསྟན་པའི་དགོངས་པ་དང་། །མུ་སྟེགས་སྟོན་པ་དྲུག་པོ་ཡིས། །གྲུབ་མཐའ་གཉིས་སུ་ཕྱེ་བས་ལོག །གཉིས་མེད་དོན་དང་མི་འགལ་ལམ། །མཉམ་ཕྱིར་དོན་ནི་བཟང་ངན་མེད། །བཟང་པོར་འདོད་ན་འདོད་ཆགས་ཡིན། །འདོད་པས་མི་མྱོང་རྟོག་འདྲེ་ཡིན། །འདྲེ་རུ་འདི་བས་ཆེ་བ་མེད། །ཅེས་གསུངས་སོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ཀུན་ཏུ་
བཟང་པོའི་དགོངས་པ་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །འབྱུང་པོ་ཀུན་འདུལ་རྒྱུད་ཆེན་འདིར། །ཐམས་ཅད་མ་ལུས་འདུས་པ་ཡིན། །འདི་ནི་བྱིན་གྱིས་བརླབས་པའི་རྒྱུད་དུ་ཟུང་། །ཞེས་གསུངས་སོ། །སྟོན་པ་ཀུན་ཏུ་བཟང་པོ་ལ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་རྗེས་སུ་ཡི་རང་ངོ་། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།

ལྷ་རྒྱུད་དབང་རིན་པོ་ཆེའི་འཁོར་ལོ་ཞེས་བྱ་བ།


DNG005_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དེ་བ་ཏནྟྲཱ་བྷི་ཥེ་ཀ་ཏ་རཏྣ་ཙཀྲ་ནཱ་མ། བོད་སྐད་དུ། ལྷ་རྒྱུད་དབང་རིན་པོ་ཆེའི་འཁོར་ལོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཀྱི་དབྱིངས་གདལ་བ་ཆེན་པོའི་ཕོ་བྲང་ན། རྒྱ་ཡོངས་སུ་མ་ཆད་པའི་ཞིང་ཁམས། གསེར་གྱི་འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བ། བཻ་ཌཱུརྻ་ཞུན་མས་རང་ནན་དུ་བྱས་པའི་ས་གཞི། མ་འདྲེས་པ་ཡོངས་སུ་རྫོགས་པའི་གནས་ཆེན་པོ། གསེར་ལ་རིན་པོ་ཆེས་སྤྲས་པའི་གནས་དེ་ན་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་བཞུགས་ཏེ། འཁོར་ཉིད་ལས་མི་གཞན་པའི་འཁོར། ཡེ་ཤེས་རྣམ་པ་ལྔ་ལ་སོགས་ཏེ་རྒྱལ་སྲས་སྤྲུལ་པའི་འཁོར། རྡོ་རྗེ་སེམས་དཔའ་དང་།དབང་མེད་དད་པས་འདུས་པའི་འཁོར་མཁའ་འགྲོ་མ་རྡོ་རྗེ་དྲག་མོ་ཁྲོ་གཉེར་གདོང་ཞེས་བྱ་བ་དང་། སྒྲོལ་མ་དང་འོད་ཟེར་ཅན་དང་། ཕག་གདོང་ཅེ་སྤྱང་ལ་སོགས་ཏེ། དུར་ཁྲོད་ཀྱི་བདག་མོ་གློག་གི་ཕྲེང་བ་ལ་སོགས་པས་བསྐོར་ཏེ།དེ་ཡི་ཚེ་དེའི་དུས་སུ་གསང་བའི་བདག་པོས་བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལགས། བདག་ཅག་འཁོར་དང་བཅས་པ་ལ། དབང་བསྐུར་བརྡ་དང་བཅས་པ་བསྟན་དུ་གསོལ། །ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །རྒྱལ་ཐབས་སྤྱི་བླུགས་དབང་དང་ནི། །སྤྲུལ་སྐུ་ཐུག་ཕྲད་དབང་དང་ནི། །རིག་པ་རྩལ་གྱི་དབང་དང་ནི། །མཚན་མ་ཟིལ་གནོན་དབང་དང་ནི། །དབུལ་མོ་གཏེར་གྱི་དབང་དང་ནི། །རྒྱལ་པོའི་བཀའ་རྟགས་དབང་དང་ནི། །བློན་


DNG005_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བཀའ་ཆད་དབང་དང་ནི། །བཙུན་མོ་དཔའ་མོའི་དབང་བསྟན་ཏོ། །ཞེས་གསུངས་སོ། །དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྒྱལ་ཐབས་སྤྱི་བླུགས་དབང་བསྟན་པ། །སྔོན་རྒྱ་གར་ཡུལ་གྲོང་ཁྱེར་སེར་སྐྱ་ཞེས་པ་རུ། རྒྱལ་པོའི་ཕྲུག་གུ་ལྟད་མོ་ལ་ཕྱིན་པས། རྒྱལ་བུ་རྐང་འཁྱམས་སོ། །སྤྲང་པོ་དང་ཁྱད་མེད་དོ། །དེ་ནས་བློན་པོས་ངོ་ཤེས་སོ། །རྒྱལ་བུ་ལ་ཁྲུས་བྱས་ཏེ་དབང་བསྐུར་རོ། །དུས་དེ་ཚུན་ཆོད་དུ་མངའ་འོག་ཏུ་འདུས་སོ། །དཔེ་དེ་བཞིན་དུ། ཐོག་མ་སངས་རྒྱས་ཀྱི་སྤྱི་ས་ནས། འགྱུ་བའི་འོད་ལྔ་མཐོང་བ་ལས། །འཁོར་བའི་འཁྲུལ་པ་ལ་སོགས་སྤྱད། །འགྲོ་དྲུག་གནས་ལས་ཐར་པ་མེད། །དེ་ནས་ངོ་སྤྲད་བསྟན་པ་ཡིས། །སངས་རྒྱས་ས་ཡི་དབང་བསྐུར་བས། །རྒྱལ་ཐབས་ཡེ་ཤེས་དབང་བསྐུར་ཡིན། །ཡེ་ཤེས་དབང་བསྐུར་ཟང་ཐལ་བསྟན། །འཁོར་བའི་མཚན་མ་རང་སར་གྲོལ། །རང་གྲོལ་ཐིག་ལེའི་རྩེ་མོར་ཆིབ། །རྩེ་མོར་ཆིབ་པས་མཚན་མ་དྭངས། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཡེ་ཤེས་ཟང་ཐལ་རང་ལ་ཤར། །འགྱུ་བ་སྤངས་ནས་ཡེ་ཤེས་གང་། །གཟུང་འཛིན་སྤངས་ནས་གཉིས་མེད་གང་། །མ་རིག་སྤངས་ནས་རིག་པ་གང་། །དུག་ལྔ་སྤངས་ནས་ཡེ་ཤེས་གང་། །ཕུང་པོ་ལྔ་སྤངས་སྐུ་ལྔ་གང་། །སྒོ་ལྔ་སྤངས་ནས་ཟང་ཐལ་གང་། །འབྱུང་ལྔ་སྤངས་ནས་ཞིང་ཁམས་གང་། །རྟོག་བཅས་སྤངས་ནས་རྟོག་མེད་གང། །སྤྲང་པོ་སྤངས་ནས་རྒྱལ་པོ་གང་། །སེམས་ཅན་སྤངས་ནས་སངས་རྒྱས་གང་། །དེ་རྣམས་གདམས་པས་ཟིན་པ་ན། །དབྱེར་མེད་རང་གྲོལ་ཆོས་ལས་འདས། །ཞེས་གསུངས་སོ། །དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་གི་ལེའུ་སྟེ་གཉིས་པའོ།། །དེ་ནས་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །སྤྲུལ་སྐུ་ཐུག་ཕྲད་དབང་བསྟན་པ། །དཔེར་ན་རལ་


DNG005_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གྲིའི་རྒྱལ་པོ་ཁ་མང་དེ། །ལྕགས་སྣ་ལྔ་ལས་གྲུབ་པ་ཡིན། །མགར་བ་བི་ཤྭ་ཀརྨ་ལྟར། །བཟོ་སྣ་དགུ་ལས་མ་རྨོངས་པས། །ཆུ་ལ་གྲང་བ་ག་པུར་ཆུ། །མེ་ལ་ཚ་བ་ཙནྡན་མེ། །དེ་རྣམས་ཚོགས་ནས་བརྡུངས་པ་ཡིན། །རལ་གྲི་ཁ་མངས་ཆེན་པོ་དེས། །མ་བརྒྱབ་འོད་ཀྱིས་ཐམས་ཅད་གཅོད། །དེ་བཞིན་འགྱུ་བ་སྣ་ཚོགས་དེ། །དུག་ལྔ་ལམ་དུ་ངོ་སྤྲོད་པའི། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ཚོགས་བརྒྱད་འགྱུ་བ་དག་དང་དགུ། །ཐབས་མ་འགགས་པས་སྣང་བ་ཆེ། །དེ་ལས་གཅོད་པས་ཤེས་རབ་ཡིན། །དེ་གཉིས་ཟུང་དུ་འདྲེལ་པ་ནི། །གཉིས་མེད་རང་སྣང་ཆེན་པོ་དེ། །མ་བསྒོམས་ཡེ་ཤེས་ཟང་ཐལ་འཆར། །མིག་ནི་ཡེ་ཤེས་ཟང་ཐལ་ཡིན། །རྣ་བ་མེ་ལོང་ལྟ་བུ་ཡིན། །སྣ་ནི་མཉམ་ཉིད་ཡེ་ཤེས་ཡིན། །ལྕེ་ནི་ཀུན་རྟོག་ཡེ་ཤེས་ཡིན། །འོག་སྒོ་བྱ་བ་གྲུབ་པ་ཡིན། །ཡིད་ནི་ལྷག་མཐོང་ཡེ་ཤེས་ཡིན། །ཡིད་ནི་རང་བྱུང་ཡེ་ཤེས་ཡིན། །ཀུན་གཞི་ཆོས་དབྱིངས་ཡེ་ཤེས་ཡིན། །འགྱུ་བ་རང་རིག་ཡེ་ཤེས་ཡིན། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས། །འཁོར་བའི་འདམ་ལས་མི་ཐར་བས། །ཐར་པ་ཆེན་པོའི་ས་བོན་ཡིན། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་ཡང་། །ཐུགས་རྗེའི་གཟུངས་ཀྱི་ཐག་པ་ཡིན། །རྩ་བ་གཅིག་ལས་ལོ་མ་སྟོང་། །སངས་རྒྱས་སྟོང་དང་རྩ་གཅིག་གིས། །ཡང་དག་སྙིང་པོ་གཅིག་ལས་མེད། །ཡང་སྙིང་སྲོག་གི་འབྲུ་གཅིག་ཡིན། །ལྷ་སྲིན་སྡེ་བརྒྱད་སྲོག་གི་འབྲུ་གཅིག་པོ། །དེ་ཤེས་པས་ནི་སྲོག་ཀུན་དབང་དུ་འདུས། །ཚོགས་བརྒྱད་ཐེག་པ་བརྒྱད་དུ་བསྟན། །ཐེག་པའི་རྩ་བ་ཨ་ཏི་ཡོ་གར་འདུས། །ཚོགས་བརྒྱད་རྩ་བ་འགྱུ་བ་གཅིག་པུར་འདུས། །མིག་ནི་འགྱུར་མེད་ཁྲག་མེད་པས། །ནག་པོ་ཁྲག་མེད་བྱ་བ་ཡིན། །རྣ་བས་མཉན་ནས་བློ་དང་བགྲོས། །དེས་ནི་ང་རྒྱལ་སྣ་ཚོགས་སྐྱེ། །རྒྱལ་པོ་བློ་གྲོས་སྤྱན་གཅིག་ཡིན། །ལྕེ་ནི་རྣམ་ཤེས་ཐམས་ཅད་སྒྲུབ། །སྒྲ་སྐད་སྣ་ཚོགས་འབྱིན་པ་ཡིས། །གྱད་ཀྱི་གསུང་མཆོག་དམར་པོ་ཡིན། །སྣ་ཡི་རྣམ་


DNG005_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྟག་དང་འདྲ། །ནགས་ཁྲོད་དྲི་ལ་མྱང་བས་ན། །དེས་མ་སྟག་གུ་སྤྱན་གཅིག་ཡིན། །འོག་སྒོར་ཐམས་ཅད་འབྱིན་ཅིང་བརླགས་པ་དང་། །དྲི་མི་ཞིམ་པས་གནོད་སྦྱིན་ཀུན་ལ་སྒྲིབ། །ཡིད་ཀྱི་རྣམ་ཤེས་ཐམས་ཅད་དུ། །སླེབས་ཤིང་དབུགས་ལ་བརྟེན་པས་ན། །ཧ་ནུ་པགས་བཤུ་རྐང་མགྱོགས་ཡིན། །ཡིད་ནི་འཁོར་བར་རྒྱུ་ཞིང་ཀུན་བསླུ་བས། །ཀླུ་རྒྱལ་དགའ་བོ་ཀུན་བསླུ་ཡིན། །ཚོགས་བདུན་ཀུན་གཞི་ངག་ལ་འདུས་པ་ན། །སྲིད་པའི་རྒྱལ་མོ་ཀུན་འདུ་མ་དང་བརྒྱད། །ལྷ་སྲིན་སྡེ་བརྒྱད་རང་ལ་ཤར་བ་ཡིན། །སྡེ་བརྒྱད་དཔོན་པོ་དབང་ཕྱུག་ཆེན་པོ་ཡིན། །དེ་རྣམས་སྲོག་བཅད་དབང་དུ་བསྡུ་བའི་ཕྱིར། །དབང་ཕྱུག་ཆེན་པོ་དབང་དུ་བསྡུས། །སྲིད་པའི་རྒྱལ་མོ་དབྱིངས་སུ་བསྡིམ། །ལྷ་སྲིན་སྡེ་བརྒྱད་སྲོག་སྙིང་བརྒྱད། །ཡང་སྙིང་འབྲུ་གཅིག་པ་ལ་དྲིལ། །ཡང་སྙིང་དཔའ་བོ་འབྲུ་གཅིག་ཧ། །དུ་དང་ཏྲི་དང་ཡ་དང་ཤུ་དང་ནི། །ཙི་དང་མ་དང་ན་དང་ཀྵ་དང་བརྒྱད། །ཡང་སྙིང་དཔའ་བོ་འབྲུ་གཅིག་ཡིན། །འབྲུ་གཅིག་པ་ལ་དབང་བསྐུར་ན། །ལྷ་བརྒྱད་ཚངས་པའི་དབང་ཐོབ་འགྱུར། །ཚངས་པ་དུང་གི་ཐོར་ཚུགས་ཅན། །ལྷ་ནི་ཟུག་རྔུ་མེད་པ་ཡིན། །ཚངས་པ་ཡེ་ཤེས་ཟང་ཐལ་ཡིན། །དུང་ནི་དྲི་མ་མེད་པ་ཡིན། །ཐོར་ཚུགས་གོང་ནས་མེད་པ་ཡིན། །དེ་ནི་ཅིར་ཡང་སྤྲུལ་པས་ན། །སྤྲུལ་སྐུ་ཐུག་ཕྲད་དབང་ཅེས་བཤད། །ཅེས་གསུངས་སོ། །དབང་རིན་པོ་ཆེའི་རྒྱུད་ལས། སྤྲུལ་སྐུ་ཐུག་ཕྲད་ལྷ་སྲིན་སྡེ་བརྒྱད་དབང་ཕྱུག་ཆེན་པོའི་དབང་དུ་བསྡུས་ཏེ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །དེ་ནས་ཡང་དག་བཀའ་སྩལ་པ། །གསང་བའི་བདག་པོ་ཉོན་ཅིག །རིག་པ་རྩལ་གྱི་དབང་བསྐུར་བསྟན་པ་ནི། །དཔེར་ན་རུས་སྦལ་རྩལ་དང་ལྡན་པ་ལ། །འཁར་གཞོང་ནང་དུ་བཅུག་གྱུར་ན། །འཁར་གཞོང་རང་བཞིན་འཇམ་པ་དང་། །རུས་སྦལ་རྐང་ལག་འཇམ་པ་ཡིས། །རུས་སྦལ་དེ་ཡི་ཁུག་མི་ནུས། །དེ་བཞིན་རིག་པ་རང་རྩལ་དབང་། །སྣང་བ་ཟང་ཐལ་སྣང་ཞེན་ལྡོག །


DNG005_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྣང་ཡེ་ཤེས་ཟང་ཐལ་དེ། །ཕྱི་ནང་མེད་པས་སངས་རྒྱས་ཡུལ་མེད་ཤར། །རིག་པ་རང་གྲོལ་ཤར་བས་མངོན་ཞེན་ལྡོག །རིག་པ་ཟང་ཐལ་སྣང་སྲིད་འུབ་ཆུབ་ཀློང་དུ་ཐིམ། །འགྱུར་མེད་རིག་པའི་རྩལ་ཆེན་རྫོགས་ནས་ནི། །གདམས་པས་དབང་དུ་གྱུར་པས་སངས་རྒྱས་ཡུལ་མེད་ཤར། །རིག་པ་རང་དབང་གྱུར་པས་མཁའ་ལ་རལ་བསྐོར་འདྲ། །སེང་གེའི་ཕྲུ་གུ་རུམ་ན་གནས་པ་ལྟར། །སངས་རྒྱས་དགོངས་པ་ཁོང་དུ་རྫོགས་པ་ཡིན། །རུས་སྦལ་རྐང་ལག་ནང་དུ་བསྐུམས་པ་ལྟར། །འགྱུ་བ་སངས་པས་རིག་པ་ཁོང་དུ་གྲོལ། །མཚན་མའི་རྣམ་པར་རྟོག་པ་ཅི་སྐྱེས་ཀྱང་། །ཆོས་ཉིད་འོད་གསལ་གནད་ཀྱི་དམ་པ་ཡིན། །རིག་པའི་རང་སྒོ་མ་ཤེས་མ་རིག་བདུད། །རང་སྒོར་རང་སྣང་ཤེས་པས་རྩི། །དུག་ལྔ་ཁོང་འཁྲོ་བདུད་ལྟར་འབྱུང་། །རང་བྱུང་ཡེ་ཤེས་ཤར་བས་རྩི། །རྣམ་རྟོག་འཁོར་བ་མ་རིག་བདུད། །རང་རིག་ཡེ་ཤེས་རང་ཤར་རྩི། །སྡེ་བརྒྱད་བསྡོངས་པས་ནད་དང་བདུད། །རང་རིག་ཡེ་ཤེས་ལྷ་ཡི་ལྷ། །ལྷག་པའི་ལྷ་ནི་བླ་མའི་རྩི། །ཆགས་སྡང་གཟུགས་ཀྱི་ཕུང་པོ་དང་། །བར་ཆད་བྱེད་པའི་བགེགས་ནི་བདུད། །འགྱུར་མེད་རིག་པ་བཟློག་པས་རྩི། །རླུང་མཁྲིས་བད་ཀན་འདུས་པས་བདུད། །འགྱུ་བ་ཟང་ཐལ་ཤེས་པས་རྩི། །འབྱུང་བ་རྣམ་ལྔ་བདུད་དུ་ཤར། །བླ་མའི་ཐབས་མི་འགག་པས་རྩི། །སྣང་བ་དཀར་དམར་བདུད་དུ་ཤར། །བལྟས་པས་ཟང་ཐལ་རྩི་ཡིན་ནོ། །དེས་ན་རིག་པ་རང་རྩལ་དབང་། །ཞེས་གསུངས་སོ། །དབང་ཡེ་ཤེས་འཁོར་ལོའི་རྒྱུད་ལས། རིག་པ་རྩལ་གྱི་ལེའུ་སྟེ་བཞི་པའོ།། །དེ་ནས་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག །མཚན་མ་ཟིལ་གནོན་དབང་བསྟན་པ། །དཔེར་ན་ཉི་མ་ཤར་བ་ཡིས། །མུན་པའི་སྨག་རུམ་རང་སར་གྲོལ། །ཉི་མའི་སྙིང་པོ་མཁའ་ལ་ཤར། །ཐུགས་རྗེའི་འོད་ཀྱིས་ཀུན་ལ་གདལ། །ཕྱོགས་མེད་རྒྱུ་ཞིང་རིས་མི་མངའ། །ཉི་མའི་འོད་ཟེར་ཁྱབ་གདལ་དེས། །མུན་པ་སྐད་


DNG005_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་མ་ལ་སེལ། །དེ་བཞིན་ཡེ་ཤེས་ཐིག་ལེའི་དབང་། །ཤེས་རབ་སྐད་ཅིག་གཅིག་གིས་ཐོབ། །ཤེས་བྱ་འགག་པ་མེད་པ་དེ། །དེ་ནི་ཤེས་རབ་དབང་ཡིན་ཏེ། །ཤེས་རབ་དབང་ཆེན་བསྐུར་བ་ཡིས། །མ་རིག་མུན་པ་རང་སར་གྲོལ། །ཡེ་ཤེས་ཁྱབ་གདལ་ཆེན་པོ་ཡིན། །ཐུགས་རྗེ་འགག་མེད་ཤེས་རབ་དབང་། །ཕྱོགས་མེད་ཡེ་ཤེས་ཟང་ཐལ་ཤར། །ཆོས་མིན་ཡེ་ཤེས་ཉིད་དུ་ཤར། །མ་རིག་ཡེ་ཤེས་ཉིད་དུ་ཤར། །ཕྱི་ཡི་ཤེས་རབ་གདམས་པའི་དབང་། །མཚན་མ་ཟིལ་གནོན་ཐབས་ཀྱི་དབང་། །ནང་གི་ཤེས་རབ་རྟོག་ཆོད་དབང་། །སྣང་བ་ལམ་དུ་སློང་བའི་དབང་། །གསང་བ་ཤེས་རབ་འགྱུ་བའི་དབང་། །ཡེ་ཤེས་ལམ་དུ་སློང་བའི་དབང་། །ཕྱི་ཡི་དབང་མཆོག་མ་ཐོབ་ན། །སྣང་བའི་རྒྱ་ལ་འཆིང་སྟེ་འཆི། །ནང་གི་དབང་མཆོག་མ་ཐོབ་ན། །ཆགས་སྡང་རྒྱ་ལ་འཆིང་སྟེ་འཆི། །གསང་བའི་དབང་མཆོག་མ་ཐོབ་ན། །ཉམས་མྱོང་རྒྱ་ལ་འཆིང་སྟེ་འཆི། །དབང་མཆོག་རང་གྲོལ་མ་བསྐུར་ན། །གདམས་པའི་རྒྱ་ལ་འཆིང་སྟེ་འཆི། །ཕྱི་ཡི་དབང་མཆོག་ཐོབ་པ་ལ། །རང་དབང་འོད་གསལ་དབང་པོ་དགོས། །མཁའ་འགྲོ་དབང་དུ་འདུས་པ་ཡིད་ཆེས་ཡིན། །སྣང་བ་ཟང་ཐལ་འཆར་བ་ངོ་སྤྲོད་ཡིན། །འགྲོ་དྲུག་གཡང་ས་ཆོད་པ་སྒོམ་ཆེན་ཡིན། །རིག་པའི་ལམ་སྣ་ཟིན་པ་ཡོན་ཏན་ཡིན། །སངས་རྒྱས་རང་སྣང་ཤར་བ་འབྲས་བུ་ཡིན། །ནང་གི་དབང་མཆོག་ཐོབ་པ་ལ། །ཆགས་སྡང་རང་གྲོལ་དབང་པོ་དགོས། །རིག་པ་རང་དབང་ཐོབ་པ་ཡིད་ཆེས་ཡིན། །དུག་ལྔ་ཟང་ཐལ་ཤར་བ་ངོ་སྤྲོད་ཡིན། །རྒྱུད་དྲུག་ཆགས་སྡང་གྲོལ་བ་དགོས་པ་ཡིན། །སངས་རྒྱས་དགོངས་པ་གང་ཤར་འབྲས་བུ་ཡིན། །གསང་བའི་དབང་མཆོག་ཐོབ་པ་ལ། །འགྱུ་བ་དྭངས་སངས་དབང་པོ་དགོས། །ཡེ་ཤེས་ཟང་ཐལ་ཤར་བ་ཡིད་ཆེས་ཡིན། །འགྱུ་བ་རང་སར་གྲོལ་བས་ངོ་སྤྲོད་ཡིན། །མ་རིག་རྩད་ནས་ཆོད་པས་དགོས་པ་ཡིན། །འདས་པ་ལྔ་རུ་ཤར་བས་འབྲས་བུ་ཡིན། །དབང་མཆོག་རང་གྲོལ་ཐོབ་པ་


DNG005_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཐིག་ལེ་ཉག་གཅིག་དཔང་པོ་དགོས། །ཐིག་ལེ་རང་སྣང་ཡིད་ཆེས་ཡིན། །ཆོས་མེད་རང་གྲོལ་ངོ་སྤྲོད་ཡིན། །རྩོལ་མེད་ཉག་གཅིག་ཡོན་ཏན་ཡིན། །ཆོས་ལས་འདས་པས་འབྲས་བུའི་མཆོག །རྒྱ་བཞི་དྲས་ཐག་བཅད་པ་ཡིན། །ཞེས་གསུངས་སོ། །དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། མཚན་མ་ཟིལ་གྱིས་གནོན་པའི་དབང་གི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །དབུལ་མོ་ནོར་གྱི་དབང་བསྐུར་བསྟན་པ་ནི། །དབུལ་མོ་བདེ་བ་སྐྱོང་པ་ཡིས། །གསེར་གྱིས་སྒྱེད་པུ་ཕུག་ཏུ་བཅུག །མོ་རང་ཁ་ཟས་མི་ལ་ཚོལ། །ཤིན་ཏུ་དབུལ་ཞིང་ཉམས་ཐག་ནས། །གྲོང་ཁྱེར་ཀུན་ཏུ་ཡུག་པ་ལས། །ནམ་ག་ཅིག་ལ་སྒྱེད་པུ་དེ། །ངོ་ཤེས་པ་ཡིས་དབུལ་བ་སེལ། །དེ་བཞིན་འགྲོ་དྲུག་འཁྱམས་པ་ཡི། །མ་རིག་རྒན་མོ་ལོང་མ་དེས། །རིག་པའི་ཡེ་ཤེས་ངོ་མ་ཤེས། །ཆོས་སྤྱོད་སྤྱོད་ཅིང་མཐོ་རིས་འཚོལ། །འབྲས་བུ་འཁོར་བར་ཉམ་ཐག་པས། །འགྲོ་དྲུག་འཁྲུལ་པར་སྤྱོད་པ་ལ། །བླ་མའི་གསང་དབང་སྐད་ཅིག་གིས། །འཁོར་བའི་སྡུག་བསྔལ་གྲོལ་བར་བྱེད། །རང་སྣང་ཐིག་ལེ་ཉམས་ཀྱི་གཟེར། །འགྱུར་བ་མེད་པའི་དགོས་པ་ཡོད། །རྟོགས་པ་ཡེ་ཤེས་ཀུན་གྱི་གཟེར། །འཕེལ་འགྲིབ་མེད་པའི་དགོངས་པ་ཡོད། །བྱིང་རྨུགས་མེད་པ་ཡེ་ཤེས་གཟེར། །བསྒོམ་མི་དགོས་པའི་དགོས་པ་ཡོད། །གཉིས་མེད་ཡེ་ཤེས་རང་བྱུང་གཟེར། །སྤྱད་མི་དགོས་པའི་དགོས་པ་ཡོད། །སྣང་སྲིད་གཞིར་བཞེངས་རང་གྲོལ་གཟེར། །འབྲས་བུ་ཐོབ་མེད་དགོས་པ་ཡོད། །ཚོགས་དྲུག་ལྷུག་པ་གདམས་པའི་གཟེར། །དགག་ཏུ་མེད་པའི་དགོས་པ་ཡོད། །འགྱུ་བ་ལྟ་སྟངས་གནད་ཀྱི་གཟེར། །འདྲེ་རྐུན་ངོས་འཛིན་དགོས་པ་ཡོད། །འགྱུ་བ་ཟང་ཐལ་གདམས་པའི་གཟེར། །ཉམས་ཀྱིས་མི་འཆིངས་དགོས་པ་ཡོད། །ལྷན་སྐྱེས་རྩ་རླུང་ཐིག་ལེའི་གཟེར། །བཙལ་མི་དགོས་པའི་དགོས་པ་ཡོད། །ཆོས་ལ་


DNG005_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་ངོ་སྤྲོད་གཟེར། །ཁ་མི་འཕྱར་བའི་དགོས་པ་ཡོད། །ཅེས་གསུངས་སོ། །དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། དབུལ་མོ་གཏེར་གྱི་དབང་གི་ལེའུ་སྟེ་དྲུག་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །གསང་བའི་བདག་པོ་ཁྱོད་ཉོན་ཅིག །རྒྱལ་པོ་བཀའ་རྟགས་དབང་བསྟན་པ། །རྒྱལ་པོས་བཙུན་མོ་བླངས་ནས་ནི། །དབང་བསྐུར་ཁྲུས་སོགས་བྱས་ཙམ་ན། །སྐྱེས་པ་བསམ་གྱིས་མི་ཁྱབ་ཀྱང་། །བཙུན་མོ་དེ་ལ་འཇུག་མི་ནུས། །རྒྱལ་པོའི་བཀའ་རྟགས་ཕྱག་རྒྱའི་དབང་ཞེས་བྱ། །དེ་བཞིན་བླ་མ་དམ་པ་ཡིས། །རིག་པའི་ཡེ་ཤེས་ངོ་སྤྲད་ན། །སྣང་བ་རྣམ་པ་སྣ་ཚོགས་ཀྱིས། །གནོད་པ་འབྱུང་བར་མི་འགྱུར་རོ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཀྱང་། །ཕྱག་རྒྱའི་དབང་ལ་འདའ་མི་ནུས། །མི་འདའ་ཡེ་ཤེས་ཐུགས་ཀྱི་རྒྱ། །གཉིས་མེད་ཡེ་ཤེས་གསུང་གི་རྒྱ། །མི་བསྐྱོད་པ་ནི་སྐུ་ཡི་རྒྱ། །མི་འདའ་བས་ན་ཡུལ་གྱི་རྒྱ། །རྒྱ་བཞི་གནད་ཀྱིས་ཐེབས་ཙ་ན། །རྒྱལ་པོའི་བཀའ་རྟགས་ཕྱག་རྒྱ་བཞིན། །སུས་ཀྱང་འདའ་བར་མི་ནུས་སོ། །གདམས་པ་བཀའ་ཡི་གཟེར་དང་རྒྱ། །རྣལ་འབྱོར་སྣོད་དང་ལྡན་ལ་གདབ། །རིག་པ་ཡེ་ཤེས་ལྷ་ཡི་གཟེར་དང་རྒྱ། །ལྷ་སྲིན་སྡེ་བརྒྱད་སྲོག་ལ་གདབ། །ཕུང་བྱེད་སྡེ་བརྒྱད་སྲོག་རྩ་བཅད། །བྱིན་རྒྱུད་ཉམས་མྱོངས་ཡེ་ཤེས་གཟེར་དང་རྒྱ། །མཁའ་འགྲོ་རྣམས་ཀྱི་སྲོག་ལ་གདབ། །མཁའ་འགྲོའི་སྲོག་རྩ་མ་ཆོད་ན། །ཡ་མ་དམ་སྲི་གདོན་དུ་ཆེ། །ཐུགས་རྒྱུད་གདམས་པ་གནད་ཀྱི་གཟེར་དང་རྒྱ། །འཁོར་བ་རྣམ་བཞིའི་སྲོག་ལ་གདབ། །འཁོར་བའི་སྲོག་རྩ་མ་ཆོད་ན། །འགྲོ་དྲུག་འཁྲུལ་པ་གཡང་ས་ཆེ། །སྙན་རྒྱུད་ངོ་སྤྲོད་གནད་ཀྱི་གཟེར་དང་རྒྱ། །ཚོགས་ཀྱི་འཁོར་ལོ་དབང་བསྐུར་དུས་སུ་གདབ། །བླ་མའི་གདམས་པ་མ་ཆོད་ན། །ཐེག་པའི་སྲོག་ལ་ཐུག་པ་མེད། །དཔེ་རྒྱུད་གདམས་པ་གགས་དང་ཐེམ་གྱི་རྒྱ། །མཚོན་པར་བྱེད་པ་དང་པོའི་དུས་སུ་གདབས། །དཔེ་ཡང་མཐུན་དཔེ་ཁྱད་པར་ཆེ། །ཡིད་མ་ཆེས་པའི་སྲོག་རྩ་


DNG005_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། །གནད་ལ་འབེབས་པའི་གཟེར་དང་རྒྱ། །མི་གཅིག་པོ་ཡི་སྲོག་ལ་གདབ། །ཐམས་ཅད་བཅད་པས་ག་ལ་ལངས། །གཅིག་ཆོད་པ་ཡིས་ཁམས་གསུམ་སྒྲོལ། །སྲོག་གི་ངོ་བོ་འཛིན་པ་ཡིན། །ངེས་པའི་ཚིག་ནི་རྔུབ་པ་ཡིན། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །འཇིག་པ་དང་ནི་འཇིག་རྟེན་འདས། །ཡང་དག་ཤེས་རབ་སྲོག་ཆེན་པོ། །མཐུན་དཔེ་དྲ་བའི་སྙིང་པོ་འདྲ། །དེ་ནི་ཐུན་མོང་སྲོག་ཡིན་ནོ། །ཁྱད་པར་སྲོག་ནི་རྣམ་པ་གསུམ། །འགྱུ་བའི་སྲོག་དང་ལུས་ཀྱི་སྲོག །དབུགས་གང་བ་ཡི་སྲོག་དང་གསུམ། །མཆོག་གི་སྲོག་ནི་འདི་ལྟ་སྟེ། །འགྱུ་བས་བཟུང་བ་འཁྲུལ་པའི་སྲོག །འགྱུ་བ་ཟང་ཐལ་ཉམས་ཀྱི་སྲོག །ཡེ་ཤེས་རང་སྣང་ཐིག་ལེའི་སྲོག །ཐིག་ལེའི་སྲོག་ཅན་འཕོ་འགྱུར་མེད། །རྒྱལ་པོའི་ཕྱག་རྒྱ་དབང་གི་སྲོག །ཅེས་གསུངས་སོ། །དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། བཀའ་རྟགས་ཕྱག་རྒྱའི་ལེའུ་སྟེ་བདུན་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་གསང་བའི་བདག་པོ་ཁྱོད། །བློན་པོ་བཀའ་ཆད་དབང་བསྟན་པ། །དཔེར་ན་བློན་པོས་རྒྱལ་པོའི་ཁྲིམས་བཅས་ན། །དམངས་ཀྱིས་ཁྲིམས་ལས་འདའ་མི་ནུས། །གལ་ཏེ་ཁྲིམས་ལས་འདས་པ་ན། །ཆད་པ་ཐེངས་གཅིག་བཅད་པ་ཡིས། །དེ་ནས་སུས་ཀྱང་འདའ་མི་ནུས། །དེ་བཞིན་ཡེ་ཤེས་ངོ་སྤྲད་ན། །རྟོག་པ་སྐྱེ་བའི་ས་མི་རྙེད། །གལ་ཏེ་སྐྱེས་ན་ངོ་སྤྲད་པས། །ཕྱིས་ནི་སྐྱེ་བར་མི་ནུས་སོ། །ཡང་དག་ངེས་པའི་ངོ་སྤྲོད་འདི། །དཔེར་ན་གསེར་ལ་ནག་ཚུར་བཞིན། །ཕྱིས་ནི་གཡའ་ཡི་སྐྱོན་དང་བྲལ། །དེ་བཞིན་མ་རིག་ཡེ་ཤེས་བསྟན། །ཕྱིས་ནི་འཁོར་བར་མི་ལྟུང་ངོ་། །འཁོར་བའི་བག་ཆགས་རྟོག་པ་ཡིན། །བག་ཆགས་སྲོག་རྩ་མ་ཆོད་ན། །འཁོར་བའི་འདམ་དུ་བྱིང་བར་མཆི། །དེ་ལ་གནད་ཀྱི་གདམས་པ་བསྟན་པ་ནི། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཆགས་སྡང་ལྔ། །ལྔ་པོ་གསུམ་དུ་འདུས་ཏེ་མ་རིག་པ། །


DNG005_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ངོ་བོ་རྩལ་དང་ལས་དང་གནས། །ལམ་དང་སྒོ་དང་སྐྱོན་དང་འབྲས་བུ་བརྒྱད། །མི་དགེ་ལུང་མ་བསྟན་དང་དགེ་བ་དང་། །མཚན་བཅས་མཚན་མེད་རྣལ་འབྱོར་དང་། །དགེ་བཅུ་སྤྱོད་པའི་གང་ཟག་དང་། །སྡིག་བཅུ་ཆགས་སྡང་སྒོ་ནས་སྤྱོད་པ་དང་། །ལུང་དུ་མ་བསྟན་སྡིག་སོགས་བྱེད་པ་རྣམས། །ལས་དང་ལས་ཀྱི་འབྲས་བུར་བསྟན་པར་བྱ། །རིག་པའི་ངོ་བོ་རྩལ་དང་ལས་དང་གནས། །ལམ་དང་སྒོ་དང་ཡོན་ཏན་འབྲས་བུ་བརྒྱད། །རྟོགས་པ་ཡེ་ཤེས་ཁོང་གསལ་ཤེས་རབ་མེ་བོ་ཡིན། །འབྲས་བུ་ཕྱིར་མི་ལྡོག་པས་ཡེ་ཤེས་དབང་པོ་ཡིན། །འགྱུ་བ་དཀར་ནག་གློ་རྩའི་མཚམས་ན་གནས། །ལྷན་ཅིག་སྐྱེས་པའི་ལྷ་དང་ལྷན་སྐྱེས་འདྲེ། །དེ་གཉིས་ལྷན་སྐྱེས་ལྷན་ཅིག་ཁ་སྦྱོར་འཁྱུད་ནས་ཡོད། །འདྲེ་དང་བསྡོངས་པའི་དབང་པོ་རྣམ་ཤེས་བརྒྱད་ཀྱིས་བྱེད། །ལྷ་དང་བསྡོངས་པའི་དབང་པོ་རིག་པའི་ལྷ་ཡིས་བྱེད། །ལྷ་འདྲེ་གཉིས་ཀྱི་དབང་པོ་ཀུན་ཏུ་རྒྱུ་ཡིས་བྱེད། །ཕྱི་ཡི་ལྷ་འདྲེ་སེལ་བ་ལ། །སྣང་བ་ཐུག་ཕྲད་དབང་པོ་དགོས། །འོད་གསལ་འཁོར་ལོ་ཡིད་ཆེས་དགོས། །སྣང་བ་རང་དག་འབྲས་བུའི་མཆོག །ངེས་པའི་ཤེས་པ་ཁོང་ནས་འཆར། །ནང་གི་ན་ཚ་སེལ་བ་ལ། །རིག་པའི་འོད་གསལ་འཁོར་ལོ་དགོས། །གང་ན་སེལ་བ་དཔའ་བོ་ཡིན། །ནད་རྣམས་སེལ་བའི་དགོས་པ་ཡོད། །བར་མི་ཆོད་པ་འབྲས་བུ་ཡིན། །བར་གྱི་རྣམ་རྟོག་སེལ་བ་ལ། །ཚོགས་དྲུག་འོད་གསལ་འཁོར་ལོ་དགོས། །རྟོག་པ་རང་གྲོལ་འཁོར་ལོ་དགོས། །རང་བྱུང་ཐིག་ལེའི་འབྲས་བུ་ཡིན། །རྩོལ་བའི་རྟོག་པ་སེལ་བ་ལ། །འགྱུ་བ་འོད་གསལ་འཁོར་ལོ་དགོས། །རང་བྱུང་རང་སྣང་དགོས་པ་ཡོད། །འགྱུ་བ་དྭངས་སངས་དབང་པོ་ཡིན། །འདས་པ་རྣམ་ལྔ་འབྲས་བུའི་མཆོག །འཁོར་ལོ་ཐམས་ཅད་གཅོད་པ་ལྟར། །འགྱུ་བའི་འཁོར་ལོས་འཁོར་བ་གཅོད། །ཅེས་གསུངས་སོ། །དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། བློན་པོའི་བཀའ་


DNG005_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཀྱི་དབང་གི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་གསང་བའི་བདག་པོ་ཁྱོད། །དཔེར་ན་མོ་བཙུན་དཔའ་བོའི་དབང་བརྟེན་པ། །དཔའ་བོ་རྩལ་དང་ལྡན་པ་ལ། །མོ་བཙུན་མཛེས་མས་གཡོ་བརྩམ་ནས། །མི་ཡི་ཕར་ལ་གླག་བཙལ་ཀྱང་། །སྐྱེས་པ་རྣམས་ཀྱིས་འཇུག་མི་ནུས། །དེ་བཞིན་ཡེ་ཤེས་དབང་ཐོབ་ན། །དུག་ལྔ་སྣ་ཚོགས་རང་དབང་འདུས། །འགྱུ་བ་བཙལ་བས་མི་རྙེད་དེ། །བཙལ་བས་ཡེ་ཤེས་གྲོགས་སུ་ཤར། །དུག་ལྔའི་མཚན་མ་རང་སར་གྲོལ། །འགྱུ་བ་བྱ་བ་མིང་ཡང་མེད། །སྣང་སྲིད་ཐིག་ལེའི་ཀློང་དུ་གྲོལ། །དུག་ལྔ་སྐྱེས་ས་མིང་ཡང་མེད། །ཕྱི་ནང་མེད་པར་རང་སྣང་བས། །ཉམས་སུ་མྱོང་དགུའི་ཡུལ་མི་རྙེད། །ཐམས་ཅད་ཐིག་ལེའི་ངང་དུ་གྲོལ། །ཐ་སྙད་ཚིག་ཚོགས་ཡུལ་ན་མེད། །དཔེ་ལས་འདས་པའི་ཡེ་ཤེས་ཡིན། །རྣམ་རྟོག་ཡེ་ཤེས་འཆར་བ་ལ། །རླུང་གི་གདམས་པའི་དབང་པོ་དགོས། །རླུང་གི་ངོ་བོ་གཡོ་བའོ། །ངེས་པའི་ཚིག་ནི་འདེགས་བསྐྱོད་དོ། །དབྱེ་བ་གཞི་ལམ་འབྲས་བུའོ། །འབྲས་བུ་རྣམ་པ་གཉིས་ཡིན་ཏེ། །མ་རིག་རླུང་དང་ཡེ་ཤེས་རླུང་། །མ་རིག་འགྱུ་བའི་རླུང་ཆེན་དེ། །མི་འགག་བསྐྱོད་པས་འགྱུ་བའི་རླུང་། །དུག་ལྔ་ཁོང་ཁྲོའི་རླུང་རྒྱུ་བས། །གློ་སྒང་གཉིས་ལ་དབུགས་ཅན་རྒྱུ། །དབུགས་རྒྱུ་མ་རིག་ཐུགས་ཀ་ལ། །འགྱུས་པ་རྣམ་རྟོག་མ་རིག་རླུང་། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྒྱུ། །སྲོག་རྩ་དབུགས་མེད་རླུང་རྒྱུ་བ། །ཁུག་པ་འཁོར་བའི་རླུང་རྒྱུའོ། །མཛོད་སྤུ་ཡེ་ཤེས་རླུང་རྒྱུ་བ། །འདས་པ་ལྔ་ཡི་རླུང་རྒྱུའོ། །སྙིང་ནས་ཡེ་ཤེས་རླུང་རྒྱུ་བ། །ཟང་ཐལ་འགག་པ་མེད་པའི་རླུང་། །སྙིང་མཚམས་ཤེས་རབ་རླུང་རྒྱུ་བ། །ཤེས་བྱ་འགག་པ་མེད་པའི་རླུང་། །གློ་མཚམས་ཡེ་ཤེས་རླུང་རྒྱུ་བས། །ཐོགས་པ་མེད་པའི་ཡེ་ཤེས་རླུང་། །མགྲིན་པ་ཡེ་ཤེས་རླུང་རྒྱུ་བས། །རྟོག་པ་འགག་པ་མེད་པའི་རླུང་། །ཁ་སྣ་དབུགས་ཆེན་རླུང་རྒྱུ་


DNG005_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །འགྲོ་བ་འོང་པ་གནས་པ་རྒྱུ། །གློ་སྒང་དབུགས་ཆེན་རླུང་རྒྱུ་བ། །སྐྱེ་བ་གཅོད་པ་གནས་པ་རུ། །སྙིང་ནས་འགྱུ་བ་འགག་མེད་རླུང་། །འཆར་བ་འདུག་པ་གནས་པ་རྒྱུ། །དེ་ནས་གསང་ལམ་འོད་ལྔའི་རླུང་། །རྟོག་མེད་ཤེས་པའི་རླུང་རྒྱུའོ། །མཛོད་སྤུ་འགྱུ་བའི་དཀར་དམར་རླུང་། །ལྐོག་ཏུ་འགྱུ་བའི་རླུང་རྒྱུའོ། །མིག་ལ་ཡེ་ཤེས་ཟང་ཐལ་རླུང་། །འགག་མེད་ཡེ་ཤེས་མངོན་གྱུར་རྒྱུ། །རྣ་བ་ཆོས་ཉིད་རླུང་རྒྱུའོ། །སྙིང་ག་ཤེས་རབ་རླུང་རྒྱུའོ། །སྨད་ན་འཁོར་བའི་རླུང་རྒྱུའོ། །རོ་སྟོད་མྱ་ངན་འདས་པའི་རླུང་། །བར་ན་འཁོར་འདས་རུ་གཅོད་རླུང་། །འགག་པ་མེད་པར་རྒྱུ་བ་ཡིན། །ཞེས་གསུངས་སོ། །དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། རླུང་དང་དཔའ་བོ་དབང་གི་ལེའུ་སྟེ་དགུ་པའོ།། །དེ་ནས་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །རྩ་ཡི་མདོར་བསྡུས་ངོ་སྤྲོད་བསྟན་པར་བྱ། །དེ་ལ་རྩ་ཡི་ངོ་བོ་སྟོང་པ་ཡིན། །ངེས་པའི་ཚིག་ནི་གནས་པའོ། །མཚན་ཉིད་གཉིས་སུ་མེད་པའོ། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །དཔེ་ནི་དྲ་བའི་ཚུལ་བཞིན་ནོ། །ཐུན་མོང་ཁྱད་པར་མཆོག་དང་གསུམ། །ཐུན་མོང་འཁོར་ལོ་བཞི་ལ་གནས། །དེ་ཡང་བསྡུ་ན་གསུམ་དུ་འདུས། །རྐྱང་མ་རོ་མ་ཀུན་འདར་མ། །ཁྱད་པར་རྩ་ལ་བསྡུ་ན་གསུམ། །རྣ་བ་ཆོས་ཀྱི་རྩ་དང་ནི། །སྙིང་ག་ཤེས་རབ་རྩ་དང་ནི། །མིག་ལ་ཡེ་ཤེས་རྩ་དང་གསུམ། །སྙིང་ལ་ཤེས་རབ་རྩ་གནས་པ། །རྩ་ཆེན་བཞི་རུ་གྱེས་པ་ཡིན། །རྣ་བ་ཆོས་ཉིད་རྩ་དང་འདྲེལ། །མིག་ནི་ཡེ་ཤེས་རྩ་དང་འདྲེལ། །མགྲིན་པ་ཆོས་ཉིད་རྩ་དང་འདྲེལ། །གློ་སྒང་སྐྱོན་ཡོན་རྩ་དང་འདྲེལ། །མིག་ལ་ཡེ་ཤེས་རྩ་གནས་པས། །ཁ་དོག་ལྔ་དང་ལྡན་པ་ནི། །རྟགས་ཀྱི་ཡེ་ཤེས་ཕྱི་རུ་ཤར། །མགྲིན་པ་འོད་དུ་ཤར་བ་ནི། །ལོངས་སྐུ་གཞི་ལ་གབ་པའི་རྩ། །སྙིང་ག་ཆོས་གསུམ་འདུས་པ་ནི། །ཆོས་སྐུའི་རྩ་སྟེ་རང་ཆས་ཡིན། །འགྱུ་བ་སྟོང་པའི་ལམ་སྣ་ཏེ། །དེ་ནི་རྩ་བའི་ལམ་ཆེན་ཡིན། །གློ་སྙིང་


DNG005_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་མཚམས་ཤེད་ན། །སྦུ་གུ་ལྟ་བུའི་རྩ་གནས་ཏེ། །དེ་ལ་འགྱུ་བ་བརྟན་པ་ཡིན། །གློ་བར་སོང་བས་སྒྲོག་འདྲའི་རྩ། །སྐྱེ་བ་གཅོད་པ་གནས་པའི་རྩ། །མགྲིན་པ་གཉིས་མཚོན་ལྟ་བུའི་རྩ། །དབུགས་ཀྱི་འགྲོ་འོང་གནས་པའི་རྩ། །མགྲིན་པ་བ་ཐག་སྦྲེལ་འདྲའི་རྩ། །འོད་ལྔ་རང་ཆས་གནས་པའི་རྩ། །བདེ་ཆེན་ཀ་བ་བཙུག་འདྲའི་རྩ། །ཐིག་ལེའི་རང་གདངས་རླངས་པ་རྒྱུ། །མཛོད་སྤུ་ཡེ་ཤེས་ཟར་བུའི་རྩ། །འགྱུ་བ་རང་བྱུང་གནས་པའི་རྩ། །བར་དོར་འོད་གསལ་གནས་པའི་རྩ། །འགྱུ་བ་སྟོང་པ་རྩ་ཡི་རྒྱུ། །རྩ་ཡི་སྲོག་དང་སྲོག་གི་རྟེན། །དེ་གཉིས་འདྲེལ་པས་ཚེ་དང་ཟུངས། །ཚེ་སྲོག་རྩ་དང་ཟུངས་ཆད་རྩ། །སྦྱོར་སྒྲོལ་འགྲོ་ལྡོག་ཤེས་པར་བྱ། །ཆོས་ཉིད་མ་བུ་སྤྲད་པ་ལ། །རྩ་རླུང་གཉིས་ཀྱི་གདམས་པ་དགོས། །ཚེ་ཟུངས་རྩ་གཅོད་ཤེས་པ་དགོས། །ཆོས་ཉིད་བར་དོའི་ངོ་སྤྲོད་གཅེས། །བར་དོ་ཚད་ལ་ཕེབས་ཙ་ན། །ཆོས་ཉིད་མ་བུ་འཕྲད་པ་ཡིན། །ཡེ་ཤེས་ཚད་ལ་ཕེབས་ཙམ་ན། །རྣམ་རྟོག་རང་སར་གྲོལ་བ་ཡིན། །ཐོས་པ་ཚད་ལ་ཕེབས་པ་ན། །སྒྲོ་འདོགས་ཐག་པ་ཆོད་པ་ཡིན། །འོད་གསལ་ཚད་ལ་ཕེབས་ཙམ་ན། །སངས་རྒྱས་ཞིང་ཁམས་ཤར་བ་ཡིན། །གཉིས་མེད་ཚད་ལ་ཕེབས་ཙམ་ན། །སངས་རྒྱས་ཡུལ་མེད་ཤར་བ་ཡིན། །རྣམ་རྟོག་ཚད་ལ་ཕེབས་ཙམ་ན། །སྣང་བའི་ཞེན་པ་ལོག་པ་ཡིན། །གདམས་པ་ཚད་ལ་ཕེབས་ཙམ་ན། །ཉམས་མྱོང་ཁོང་ནས་ཤར་བ་ཡིན། །བྱིན་རླབས་ཚད་ལ་ཕེབས་ཙམ་ན། །འཁོར་བའི་ཞེན་པ་ལོག་པ་ཡིན། །བཀའ་རྒྱུད་ཚད་ལ་ཕེབས་ཙམ་ན། །སངས་རྒྱས་དགོངས་པ་ཤར་བ་ཡིན། །ཐུགས་རྒྱུད་ཚད་ལ་ཕེབས་ཙམ་ན། །སྐྱེ་རྒྱུན་ཐག་པ་ཆོད་པ་ཡིན། །སྙན་རྒྱུད་ཚད་ལ་ཕེབས་ཙམ་ན། །ཡེ་ཤེས་ཁོང་ནས་ཤར་བ་ཡིན། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །རྒྱུན་ཆད་མེད་ན་ཡེ་ཤེས་ཡིན། །སྣང་བ་ཚད་ལ་ཕེབས་ཙམ་ན། །མཁའ་འགྲོ་དབང་དུ་འདུས་པ་ཡིན། །


DNG005_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གོ་བ་ཚད་ལ་ཕེབས་ཙམ་ན། །རིག་འཛིན་དབང་དུ་འདུས་པ་ཡིན། །རྟོགས་པ་ཚད་ལ་ཕེབས་ཙམ་ན། །སངས་རྒྱས་རང་ལ་རྙེད་པ་ཡིན། །ཤར་བ་ཚད་ལ་ཕེབས་ཙམ་ན། །མཚན་མ་རང་སར་གྲོལ་བ་ཡིན། །གྲོལ་བ་ཚད་ལ་ཕེབས་ཙམ་ན། །ཐམས་ཅད་མཁྱེན་པ་ཐོབ་པ་ཡིན། །ཚད་མ་གཏན་ལ་ཕེབས་ཙམ་ན། །ཕྱིར་མི་ལྡོག་པའི་དགོངས་པ་འཆར། །ཞེས་གསུངས་སོ། །དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། རྩ་དང་ཚད་མའི་ལེའུ་སྟེ་བཅུ་པའོ།། །དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་གསང་བའི་བདག་པོ་ཁྱོད། །ཐིག་ལེའི་གདམས་ངག་བསྟན་པ་ནི། །ཕྱི་ནང་གསང་བ་རྣམ་པ་གསུམ། །དེ་ཡང་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་དང་བཞི། །ཐིག་ལེའི་ངོ་བོ་གསལ་བ་ཡིན། །ངེས་ཚིག་འགྱུར་མེད་བདེ་བ་ཡིན། །དབྱེ་བ་ཐུན་མོང་ཁྱད་པར་མཆོག །དཔེ་ནི་ཐིག་དང་འདྲ་བའོ། །ཐུན་མོང་ཐིག་ལེ་དབབ་པ་དང་། །གཟུང་བ་དང་ནི་བཟློག་པ་དང་། །དགྲམ་པ་དང་ནི་གཏོང་བའོ། །དྭངས་མ་གཟུང་དང་སྙིགས་མ་གཏད། །དེ་ལས་ཡེ་ཤེས་ངོས་འཛིན་པ། །ཐུན་མོང་ཐིག་ལེར་ཤེས་པར་བྱ། །ཁྱད་པར་ཐིག་ལེ་རྣམ་པ་གསུམ། །གཞི་ཡི་ཐིག་ལེ་ངོ་བོ་ཡིན། །རྒྱུ་ཡི་ཐིག་ལེ་འགྱུ་བ་གསལ། །ལམ་གྱི་ཐིག་ལེ་འོད་ལྔ་གསལ། །དེ་ནི་ཕྲ་ཐིག་རགས་ཐིག་ཡིན། །དངོས་པོ་གཞི་ལམ་འབྲས་བུ་གསུམ། །རིག་པ་འོད་གསལ་གཞི་ཡི་ཐིག་ལེ་ཡིན། །སྣང་བ་འོད་གསལ་ལམ་གྱི་ཐིག་ལེ་ཡིན། །ཡེ་ཤེས་འོད་གསལ་འབྲས་བུའི་ཐིག་ལེ་ཡིན། །འགྱུ་བའི་རྩལ་གཞི་གསལ་བ་གནད་ཀྱི་ཐིག་ལེ་ཡིན། །འགྱུས་ཚད་རང་གསལ་གདམས་པའི་ཐིག་ལེ་ཡིན། །དབྱེར་མེད་རང་གསལ་བཀའ་རྒྱུད་ཐིག་ལེ་ཡིན། །འགྱུ་བ་ཚད་ལ་ཕེབས་ཙམ་ན། །ཡེ་ཤེས་མཐིལ་དུ་ཕེབས་པ་ཡིན། །ཐིག་ལེ་ཚད་ལ་ཕེབས་ཙམ་ན། །ཆད་པའི་གོལ་ས་ཆོད་པ་ཡིན། །རྩ་རྒྱུད་ཚད་ལ་ཕེབས་ཙམ་ན། །རྟག་པའི་གོལ་


DNG005_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆོད་པ་ཡིན། །རླུང་རྒྱུད་ཚད་ལ་ཕེབས་ཙམ་ན། །མཐའ་བཞིའི་གོལ་ས་ཆོད་པ་ཡིན། །རྩ་ཡི་གདམས་ངག་བསྟན་ཙམ་ན། །ཆོས་སྐུའི་དགོངས་པ་ཤར་བ་ཡིན། །ཐིག་ལེའི་གདམས་པ་བསྟན་ཙམ་ན། །ལོངས་སྐུ་མངོན་དུ་བྱུང་བ་ཡིན། །རླུང་གི་གདམས་ངག་བསྟན་ཙམ་ན། །སྤྲུལ་སྐུ་ཁོང་ནས་ཤར་བ་ཡིན། །མཆོག་ནི་འདུ་འབྲལ་མེད་པ་ཡིན། །ཞེས་གསུངས་སོ། །དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། ཐིག་ལེའི་གདམས་པ་སྐུ་གསུམ་ངོ་སྤྲོད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག །དབང་གི་ཆུ་བོ་བཞི་པོ་བསྟན་པར་བྱ། །དེ་ལ་བརྡའ་ཡི་ཆུ་བོ་ཆེན་པོ་བཞི། །གང་གཱ་པཀྵུ་སི་ཏཱ་སིནྡྷུ་ཏེ། །གང་གཱ་གླང་པོའི་ཁ་ནས་འབབ། །སིནྡྷུ་རྨ་བྱའི་ཁ་ནས་འབབ། །སི་ཏཱ་སེང་གེའི་ཁ་ནས་འབབ། །པཀྵུ་རྟ་ཡི་ཁ་ནས་འབབ། །དེ་བཞི་ཏི་སེའི་གངས་ལ་གནས། །རྒྱུན་ཆད་མེད་པའི་བརྡའ་ཡི་དབང་། །རྟགས་ནི་ཀླད་པ་དུང་ཁང་ལ། །རྣ་བ་གླང་ཆེན་ཉལ་བ་འདྲ། །མིག་ནི་རྨ་བྱ་མེ་ཏོག་བཟའ་བ་འདྲ། །ཁ་ནི་སེང་གེ་གནམ་དུ་མཆོང་བ་འདྲ། །སྣ་ནི་རྟ་སྔོན་ཐུར་དུ་རྒྱུག་པ་འདྲ། །གཏི་མུག་འདོད་ཆགས་ཞེ་སྡང་དང་། །ང་རྒྱལ་ཆུ་བཞི་རྟག་ཏུ་འབབ། །རྟོགས་པ་ཡེ་ཤེས་རྣམ་པ་བཞི། །རྒྱུན་མི་ཆད་པས་དབང་གི་ཆུ། །དེ་བཞིན་སྙིང་ལ་རིག་པའི་ཡེ་ཤེས་གནས། །ཆོས་ཉིད་རྩ་ནི་རྨ་བྱ་འདྲ། །ཐབས་ཀྱི་རྩ་ནི་གླང་ཆེན་འདྲ། །ཡེ་ཤེས་རྩ་ནི་སེང་གེ་འདྲ། །སྐྱོན་ཡོན་རྩ་ནི་རྟ་མཆོག་འདྲ། །ཆོས་ཉིད་རྩ་ལ་འོད་ལྔ་རྒྱུ། །ཡེ་ཤེས་རྩ་ལ་འགྱུ་བ་རྒྱུ། །སྐྱོན་ཡོན་རྩ་ལ་ཉོན་མོངས་རྒྱུ། །གློ་བུར་རྩ་ལ་རྣམ་ཤེས་རྒྱུ། །རྩ་ནི་སྲོག་ཆགས་ཆེན་པོ་བཞི། །འགྱུ་བ་ལ་སོགས་ཆུ་བཞི་འབབ། །དབང་གི་ཆུ་བོ་ཆེན་པོ་བཞི། །རྒྱུན་ཆད་མེད་པའི་དབང་བསྐུར་བཞི། །ད་ནི་དབང་གི་ཡོན་ཏན་བསྟན་ཏེ། །ཨ་ནི་ཏི་སེའི་གངས་དང་འདྲ། །ཝ་དང་འ་དང་དུ་དང་ནི། །ཡི་གེ་བཞི་པོ་དབང་དངོས་ཡིན། །དོན་ནི་ཚིག་དབང་གསང་
དབང་ཐབས། །ཤེས་རབ་བུམ་པའི་དབང་དང་ལྔ། །རྩ་དང་ཡི་གེ་དབང་གསུམ་པོ། །ཕྱི་ནང་གསང་བའི་དབང་བསྐུར་ཡིན། །རྟགས་དང་བརྡའ་དང་དོན་དང་གསུམ། །བསྐུར་ཐབས་དབང་རྫས་ཐིམ་ལུགས་གསུམ། །ལྷ་དང་ལུས་ལ་བསྐུར་བ་ནི། །ལུས་ཀྱི་ཞེན་པ་ལྡོག་པ་ཡིན། །ཡེ་ཤེས་ཆོས་ཀྱི་དབང་བསྐུར་བས། །ལྷ་ཡི་རང་རྒྱུད་ལྡོག་པ་ཡིན། །ཆོས་དབང་སེམས་ལ་བསྐུར་བ་ནི། །དུག་ལྔ་རང་སར་དག་པ་ཡིན། །དབང་གི་ཆུ་བཞི་བསྟན་པ་ནི། །བཙལ་མི་དགོས་པའི་ཡོན་ཏན་ཡོད། །དབང་ལྔ་དངོས་སུ་བསྟན་པ་ནི། །ངོ་སྤྲོད་ཁ་མི་འཁྱར་བའི་གཟེར། །དབང་ལྔ་ལམ་དུ་བླང་བ་ནི། །བྱིན་རླབས་རང་ལ་འབྱུང་བ་ཡིན། །ལྷན་ཅིག་སྐྱེས་པ་རྣམ་བཞི་ནི། །ཐུན་མོང་མ་ཡིན་ཁྱད་པར་མིན། །མཆོག་གི་འབྲས་བུ་ཐོབ་པ་ཡིན། །གཞི་ལམ་འབྲས་བུ་བསྟན་པ་ནི། །རྣལ་འབྱོར་རབ་འབྲིང་དགོངས་སོ་ཡིན། །ཞེས་གསུངས་སོ། །དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། ལྷ་རྒྱུད་ཆུང་ངུའི་ལེའུ་སྟེ་བཅུ་གཉིས་པའོ།། །གསང་བའི་བདག་པོ་ཉོན་ཅིག །ལྷ་རྒྱུད་དབང་རིན་པོ་ཆེའི་འཁོར་ལོ་ཞེས་བྱ་བ་འདི། ཚིག་ཉུང་ལ་དོན་ཆེ། བརྟགས་དཀའ་ལ་གཏིང་ཟབ་པའི་མན་ངག །ཐམས་ཅད་མ་ཚང་བ་མེད་པའི་རྒྱུད། བཀའ་ལས་མི་འདའ་ཞིང་བརྟག་དཀའ་བའི་ལུང་། ཐམས་ཅད་གཏན་ལ་འབེབས་པས་རྒྱུད་ལུང་གི་ཚད་མར་ཟུང་ཞིག །ཅེས་གདམས་སོ། །རྡོ་རྗེ་སེམས་དཔའ་རྗེས་སུ་ཡི་རང་ནས་བསྟོད་པ།སྟོན་པ་ཀུན་རིག་ཆོས་ཀྱི་རྗེ། །སྣ་ཚོགས་ངོ་སྤྲོད་རྒྱུད་ཀྱི་རྒྱལ་པོ་འདི། །བྱིན་གྱིས་རླབས་ཀྱི་བརྒྱུད་པ་ངོ་མཚར་ཆེ། །བྱིན་རླབས་སྤྲུལ་སྐུ་འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། རྗེས་སུ་ཡི་རང་ནས་བསྟོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། རྫོགས་སོ།། །།

རྡོ་རྗེ་གསང་བ་ཆེན་པོའི་སྐུ་རིན་པོ་ཆེ་དབྱིག་གི་སྒྲོན་མ་ཤེས་རབ་ཆེན་པོའི་མདོ།


DNG005_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་གུ་ཧྱ་མ་ཧཱ་ཀཱ་ཡ་རཏྣ་ཧི་ར་ཎྱཱ་ཉྲབྷཱ་མ་ཧཱ་པྲཛྙཱ་སཱུ་ཏྲ། བོད་སྐད་དུ། རྡོ་རྗེ་གསང་བ་ཆེན་པོའི་སྐུ་རིན་པོ་ཆེ་དབྱིག་གི་སྒྲོན་མ་ཤེས་རབ་


DNG005_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་མདོ། རང་བྱུང་རིག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདས་པའི་དུས་མ་བྱོན་པའི་སྔོན་རོལ་དུ། སེམས་ཉིད་ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི་སྣང་བ་ལ་བཞུགས་པའི་དུས་ན། ཀུན་གཞི་གསང་བ་དག་པའི་དབྱིངས་ནས་རང་ཤེས་རིག་གི་རྒྱལ་པོ་རྡོ་རྗེ་ཀུན་ཏུ་བཟང་པོས། ཉིད་ལ་ཉིད་ཀྱིས་བཀའ་སྩལ་པ། བྱམས་པ་ཆེན་པོ་ཐུགས་ཀྱི་གཏེར་ལྔ་སྦས། ལས་ཀྱི་དབང་པོ་ལྔ་ལུང་བསྟན་ཏོ། །མན་ངག་གི་མཇུག་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་བསྡུས་ཏེ་ལག་ན་རྡོ་རྗེ་ལ་གཏད་དོ། །རྡོ་རྗེ་སེམས་དཔས་སངས་རྒྱས་ཀྱི་སྐད་རང་འགྱུར་དུ་བཤད་པ།སེང་གེ་འཁྱིལ་པའི་དགོངས་པ་འདི་ལ། ཐབས་ཁྱད་པར་ཅན་གསུམ་གྱིས་བསྒྲུབ་པར་བསྟན་ཏེ། ཕྱི་མཚན་མ་ལ་བརྟེན་ནས་བསྒྲུབ་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་པ་དང་། གསང་བ་བྱང་ཆུབ་སེམས་དངོས་སུ་བསྒྲུབ་པའོ། །ཕྱི་མཚན་མ་ལ་བརྟེན་པ་ལ་གཉིས་ཏེ། བག་ཆགས་ཀྱི་སྒྱུ་ལུས་ཡེ་ཤེས་ཀྱི་ལུས་ལ་འཇུག་པ་དང་། ལམ་འབྲས་བུ་དང་བཅས་པ་ལ་འཇུག་པ་ལ་བསྒྲུབ་པ་དང་། སྒྱུ་ལུས་ཡེ་ཤེས་ཀྱི་ལུས་ལ་འཇུག་པ་ལ། ངོ་སྤྲོད་གཞི་ནས་ཆོས་ཉིད་བར་དོའི་ལུས་ད་ལྟ་དངོས་སུ་བསྟན་ཡང་། དེ་ཉིད་ལ་གོམས་པར་བྱ་སྟེ།ལམ་དང་འབྲས་བུ་དང་བཅས་པ་བསྒོམ་པར་བྱ་སྟེ། ལམ་དངོས་སུ་བྱེད་པ་ནི།དཔེའི་ཡེ་ཤེས་ལས་ཤེས་པར་བྱའོ། །ལམ་ལ་གནས་པ་ནི། ཡེངས་པ་མེད་པའི་གདེང་གིས་ཟིན་ཏེ་དུས་ཐམས་ཅད་པའོ། །ལམ་མངོན་དུ་གྱུར་པ་ནི། རིག་པ་གཅེར་བུར་ཕྱུང་བའི་མན་ངག་ལས་ཤེས་པར་བྱའོ། །ལམ་གྱི་འབྲས་བུ་མཐར་ཕྱིན་པ་ནི། སྐུ་གསུམ་ཡེ་ཤེས་བཞི་ལྡན་གྱི་དགོངས་པ་མཐར་ཕྱིན་ནས་བག་ཆགས་ཀྱི་ལུས་ལ་ཉམ་ང་བ་མེད་པའོ། །ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་བསྒྲུབ་པ་ནི། གོང་མའི་རྩ་ལ་འབྱོངས་ནས། ཐུགས་རང་བྱུང་གི་དཀྱིལ་འཁོར་ཡེ་ཤེས་ཀྱི་སྒོ་ཕྱེ་སྟེ། འོད་ཀྱི་ལུས་ཀྱི་ནང་མེད་པའི་


DNG005_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ན། རང་སྣང་རྟོགས་པའི་འཁོར་ལོ། རང་རང་གི་ཚོམ་བུ་དང་བཅས་པ་ལ། རིག་པ་མར་མེའི་འོད་གསལ་ཏེ། ས་ལེ་སང་ངེ་ལྷག་གེ་ལྷན་ནེ། ཐོག་མ་ནས་གནས་པ། མ་བྱས་པར་རང་བྱུང་བ། མ་བཅོས་མཛེས་སྡུག་རྒྱན་དང་ལྡན་པ་དེ་སྒྲུབ་པ་ནི་གངས་ལ་ཉི་མ་ཤར་བ་ལྟ་བུ་ཚིག་གསུམ་གྱིས་འགྲུབ་སྟེ། དམ་ཚིག་གི་སྔགས་དང་ཕྱག་རྒྱ་རང་ཡིད་ལ་དྲན་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །དེ་ལ་འབྱོངས་ན་གསང་བ་བྱང་ཆུབ་སེམས་དངོས་སུ་སྒྲུབ་པ་ནི། ཐོག་ལྟ་བུའི་མན་ངག་གིས་ཐོག་མའི་རང་ས་བཟུང་། གཟེར་ལྟ་བུའི་མན་ངག་གིས་ཚིག་དང་ཡི་གེའི་དོན་མཐའ་བསྐྱལ།ཁྱུང་ལྟ་བུའི་མན་ངག་གིས་རྩོལ་བའི་མཐའ་གློད་ལ་བཞག །སྐར་མདའ་ལྟ་བུའི་གདམས་ངག་གིས་སྐད་ཅིག་མ་གསུམ་ལ་གྲོལ་བ་མཐར་ཕྱིན་པར་བྱའོ། །སངས་རྒྱས་རྡོ་རྗེ་འཆང་ཆེན་པོས། མཁའ་འགྲོ་མ་ལྔའི་ལུང་བསྡུས་ནས་ལག་ན་རྡོ་རྗེ་ལ་གཏད་དོ། །མཇུག་དགའ་རབ་རྡོ་རྗེས་བསྡུས་ནས། འཇམ་དཔལ་བཤེས་གཉེན་ལ་གཏད་དེ་མགུལ་ཁུག་མའོ། །བྱང་ཆུབ་སེམས་ཀྱི་སྙིང་པོ་སེང་གེ་འཁྱིལ་པའི་སྒྲུབ་ཐབས་འདི་ལ། ངེས་པའི་བསྒྲུབ་ལུགས་ཀྱི་རྟགས་རྣམ་པ་བཞི་འབྱུང་བའི་དུས་སུ་བདུད་རྣམ་པ་བཞི་འཇུག་སྟེ། ཕྱི་མཚན་མ་ལ་བརྟེན་ཏེ་བསྒྲུབ་པ་ཞེས་འབྱུང་བ་དེ། བག་ཆགས་ཀྱི་སྒྱུ་ལུས་ལ་འཇུག་པའི་དུས་སུ། ཤེས་པ་དཔངས་མཐོན་གྱི་ཉམས་སྐྱེ། འཇའ་ཚོན་གྱི་གདན་བཏིང་། ཉི་ཟླའི་རྟ་ཞོན། ཕྱོགས་སྣང་བ་དག་པའི་ཡུལ་སྣང་སྟེ། ཤེས་བྱ་དེའི་དུས་སུ་ཕུང་པོའི་བདུད་འཇུག་སྟེ།ཡེ་ཤེས་ཀྱི་ལུས་ལ་བར་དུ་གཅོད་པའི་བདུད་ཞེས་བྱ་སྟེ། དེའི་དུས་སུ་བདག་ཏུ་རྟོག་པའི་ང་རྒྱལ། འཕགས་པ་ནམ་མཁའ་མཛོད་ཅེས་བྱ་བ་འབྱུང་ངོ་། །དེ་ཉིད་བདག་ཉིད་ཆེན་པོར་ཤེས་པར་བྱ་སྟེ། རྟགས་ཀྱི་ཡེ་ཤེས་ཚོན་གང་བ་དང་དོན་གྱི་ཡེ་ཤེས་ཚོན་གང་བ་ཞེས་འབྱུང་སྟེ། དེ་ལ་མར་མེ་མཛད་ཆེན་པོའི་རྒྱས་ཐོབ་ཅིག །དེ་མཚོན་


DNG005_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ལམ་རྣམ་པ་བཞི་ལ་གནས་པའི་དུས་སུ།ཤེས་པ་ཁོལ་བུའི་ཉམས་སྐྱེ། སྨུག་ཟིལ་ལྟ་བུ་དང་། ར་རོ་ལྟ་བུ་དང་། ལུས་ཡོད་དུ་མི་ཚོར་བ་དང་། ལུས་ཡང་བ་དང་། ཕྱི་ནང་གི་སྲིན་བུ་མི་འབྱུང་བ་དང་། མ་ཟོས་པར་ཚིམས་པ་དང་། གང་ལ་ཡང་ཉམ་ང་བ་མེད་པ་དང་།གཞན་སྙིང་རྗེའི་གནས་སུ་མཐོང་བ་དང་། རི་དང་ཁང་ཁྱིམ་གྱིས་མི་ཁེགས་པར་ཤེས་པ་ཟང་ཐལ་དང་། སྣང་བ་ཕྱོགས་ཆ་ཙམ་དག་པ་དང་། འགྲོ་དྲུག་གི་གནས་དང་གནས་སྐབས་ཀྱི་མཐོང་བ་དག་འབྱུང་བ་སྟེ། དེའི་དུས་སུ་ཉོན་མོངས་པའི་བདུད་འཇུག་སྟེ། དེ་ནི་བདག་སངས་རྒྱའོ་སྙམ་དུ་ཤེས་པའི་ཤེས་པ་འབྱུང་སྟེ། གཞན་ལ་འདི་འདྲ་བའི་གཏམ་སྨྲ་ཞིང་། དེ་ལ་དགའ་བར་བྱེད་པ་ནི།ཆོས་ཀྱི་མཐའ་ལ་ཞེན་པས་ཉོན་མོངས་པའི་བདུད་ཅེས་བྱའོ། །དེའི་དུས་སུ་མ་ཆགས་པའི་གནས་སྐུ་གསུམ་བཞི་ལྡན་གྱིས་རྒྱས་ཐོབ་ཅིག །ནང་ལྷའི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་པའི་དུས་སུ། ཐུགས་རྣམ་དག་གི་ཀློང་ན་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ལུང་སྟོན་པ་དང་། ཡི་གེའི་ཚོགས་དང་། སྣང་བ་མེད་པའི་གཏམ་ཐོས་པ་དང་། རིན་པོ་ཆེའི་མཆོད་རྟེན་ལ་འཛེགས་པ་དང་། བདུད་རྩིའི་ཟས་ལ་ལོངས་སྤྱོད་པ་དང་། རྟེན་མེད་ཀྱི་ནམ་མཁའ་ལ་སྟེགས་བཅས་ཏེ། བར་སྣང་ལམ་དུ་བདེ་བ་དང་། ལྷ་དང་སློབ་དཔོན་དང་མཁའ་འགྲོ་མས་ནམ་མཁར་བརྒྱུད་མར་མཆོད་པའི་ཕྱག་རྒྱའི་ཚོགས་མང་པོས་བདག་ལ་དབང་བསྐུར་བ་དང་། ལུང་སྟོན་པ་དང་། དེའི་ཚེ་བདག་ལ་ཤེས་རབ་ཁྱད་པར་ཅན་སྐྱེས་ཏེ། ཉམས་དགའ་ཞིང་ཤེས་རབ་ཀྱི་མཐའ་གྲོལ་བ་དང་། ཆོས་ཐམས་ཅད་གང་ཡང་མཐུན་ལ་ཆོས་ཀྱིས་མི་གྲོལ་བར་མཐོང་བ་དང་། གཞན་དེ་ལ་སོགས་པའི་སྣང་བ་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་དུ་ཡོང་བ་དང་། ཡི་དྭགས་དང་བྱོལ་སོང་གི་སྐྱེ་གནས་སྟོན་པ་དང་། བདུད་ཀྱི་ཆ་བྱད་མང་པོས་བདག་ལ་སྐྱི་བུང་བ་བྱེད་པ་འབྱུང་སྟེ།


DNG005_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དུས་སུ་ལྷའི་བུའི་བདུད་འཇུག་སྟེ། དེ་རྣམས་ལ་བླང་དོར་དང་ཉམ་ང་བ་མེད་པར་གངས་ལ་ཉི་མ་ཤར་བ་ལྟ་བུ་གསལ་བ་གསུམ་གྱི་རྒྱས་ཐོབ་ཅིག །གསང་བ་བྱང་ཆུབ་སེམས་དངོས་སུ་གྲུབ་པའི་དུས་སུ། མེ་ལོང་གཡའ་དག་གི་དགོངས་པ་མ་བསྒྲིབས་པ་ཡོངས་སུ་གསལ་བའང་། ནམ་མཁའི་མཐོངས་ནས་སྣང་གསལ་གྱི་ཉི་མ་ཤར་བ་ལྟ་བུ། ཆོས་ཉིད་དག་པའི་ཀློང་ནས་ཡེ་ཤེས་རང་སྣང་གི་དགོངས་པ། གཟིགས་སྣང་གི་མཐའ་ལས་འདས་པའི་ཉམས་སྐྱེ་སྟེ། དེའི་དུས་སུ་འཆི་བདག་གི་བདུད་འཇུག་སྟེ། རྒྱུ་རྐྱེན་མེད་པར་ཡེ་ཤེས་ཀྱི་སྐུ། སྐྱེ་འཆིའི་མཐའ་ལས་གྲོལ་བ།སྐར་མདའ་ལྟ་བུའི་རྒྱས་ཐོབ་ཅིག །གང་ལ་དེ་བྱུང་དེ་ལ་དགོངས་པ་སྟེ། །དེ་ལ་དེ་མེད་དེ་ཡི་སྤྱོད་ཡུལ་མིན། །ཅེས་དེ་ཉིད་གསུངས། བྱང་ཆུབ་སེམས་སེང་གེ་འཁྱིལ་པའི་དགོངས་པས། བདུད་བཞི་ལ་ཡེ་ཤེས་བཞིའི་རྒྱས་གདབ་བོ། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། མ་བྱོན་པར་མཁྱེན་ནས། ཐུགས་རྗེའི་སྤྲུལ་པ། ཡེ་ཤེས་ཀྱི་རྣལ་འབྱོར་མ་བཞི། ལྗགས་ཀྱི་འོད་ཟེར་ལས་སྤྲོས་ཏེ། རྡོ་རྗེ་ཐུགས་ཀྱི་བུ་མོ་ཞེས་ཀྱང་བྱ། ཉིད་ཀྱི་སྐུ་ལས་སྐྱེས་པས། ཉིད་ལས་མི་གཞན་པའི་འཁོར་རྡོ་རྗེ་རྣལ་འབྱོར་མ་བཞི་ཞེས་ཀྱང་བྱ། འཁོར་བ་ཞེ་ནས་གནོན་ཅིང་སྡུག་བསྔལ་རྩད་ནས་གཅོད་པས། སྲིད་པ་སྒྲོལ་བྱེད་ཀྱི་ཁྲོ་མོ་བཞི་ཞེས་བྱའོ། །འདས་པའི་དུས་མ་བྱོན་པའི་སྔོན་རོལ། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། ཡེ་ཤེས་རྣམ་དག་གི་དབྱིངས་ནས། ཉིད་ཀྱི་ཞལ་བཟང་པོ་བསྟན་ནས། དུར་ཁྲོད་ཆེན་པོ་བཞིར་མི་འགྱུར་བའི་གཟེར་ཆེན་པོ་ཞིག་བཏབ་ནས། བཛྲ་ས་ཧཱུ་ལི་ཀ་ར་བཞི་བཞག་ནས་ཡོད་ཀྱིས། ལག་ན་རྡོ་རྗེ་ཁྱོད་དེར་སོང་ཅིག །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན། མཁའ་འགྲོ་མ་རོ་ཟ་ཤཱནྟི་ཐོད་པའི་ཕྲེང་བ་ཅན་བྱ་བས། གཟེར་ལྟ་བུའི་གདམས་ངག་བསྟན་ཏོ། །དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ནས།


DNG005_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་རྡོ་རྗེ་ཁྲོ་གདོང་མ་བྱ་བས། ཐོགས་པ་མེད་པ་ཐོག་ལྟ་བུའི་མན་ངག་བསྟན་ཏེ། དུར་ཁྲོད་ཆེན་པོ་སོ་ཤའི་གླིང་ཞེས་བྱ་བ་ནས། ག་རུ་ཌ་ནམ་མཁའ་ལྡིང་དང་། ཤིང་གི་ལྷ་མོ་འཆང་མ་གཉིས་ཡིད་ཀྱིས་བཤོས་པའི་བུ་མོ་མཁའ་འགྲོ་མ་ནམ་མཁའི་བུ་མོ་རྡོ་རྗེ་རླུང་གི་གཤོག་པ་ཅན་ཞེས་བྱ་བས། གངས་ལ་ཉི་མ་ཤར་བ་ལྟ་བུའི་གདམས་ངག་སྟོན་ཏོ། །དུར་ཁྲོད་ཆེན་པོ་ཤིན་ཏུ་རུ་ལུ་བྷ་ར་ཧ་ཏི་བྱ་བ་ནས། མཁའ་འགྲོ་མ་གཙུག་གི་རྒྱན་གཅིག་བྱ་བས། ཕྱིར་མི་ལྡོག་པ་སྐར་མདའ་ལྟ་བུའི་གདམས་ངག་སྟོན་ཏོ། །བཛྲ་གུ་ཧྱ་ཛྙཱ་ན་མ་ཧཱ་རཏྣ་བྷ་ཡེ་སྭཱ་ཧཱ། རྡོ་རྗེ་གསང་བ་ཆེན་པོའི་སྐུ། །རིན་ཆེན་དབྱིག་གི་སྒྲོན་མའི་མན་ངག །རང་བྱུང་རིག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གིས། ལག་ན་རྡོ་རྗེ་ལ་ལུང་བསྟན་པ། རྒྱ་ནག་པོའི་ཡུལ་ཏིག་ཤིང་ནག་པོའི་ནགས་ཚལ་ན། ཧྭ་ཤང་མ་ཧཱ་ཡན་གྱི་གནས། རང་བྱུང་གི་བྲག་ཕུག་ཁ་བྱང་དུ་བལྟས་པ་ན། འཆི་བདག་གཤིན་རྗེ་རྡོ་ལ་འབུར་དུ་བསྐོས་པ། གཟུགས་གྲུ་བཞི་པའི་ཞབས་གཡོན་བརྐྱང་བའི་འོག་ན། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཡོད་ཀྱིས། ལག་ན་རྡོ་རྗེ་གནས་དེ་ན།མཁའ་འགྲོ་མ་པུརྞ་ཉེ་བར་ཞི་བ་ཞེས་བྱ་བ། གཅེར་བུའི་ལུས་ལ་ཨེ་ལེའི་ཐལ་བས་བྱུགས་ནས། ཅེ་སྤྱང་གི་གཡང་གཞི་ཕྲག་ལ་བཀལ་བ་དེར་སོང་ལ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་མེ་ལོང་འདི་སྟོན་པར་ཞུས་ཤིག །ཅེས་ལུང་བསྟན་པས། དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ་ཕྱིན་པས། དེ་བཞིན་དུ་འདུག་སྟེ་བལྟས་པ་དང་། མཐིང་གི་ཤོག་བུ་སོར་བཞི་པ་ཞིག་ལ། རིན་པོ་ཆེའི་ཡི་གེ་རང་ནན་དུ་བྲིས་ནས། ཡ་མཚན་རྨད་དུ་བྱུང་བའི་འོད་འཕྲོ་ཞིང་འདུག་སྟེ། ཉིད་ཀྱིས་གཟིགས་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བྱ་བཙལ་ལས་འདས་པའོ། །འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་ལྟ་བུའི་གདམས་པ་བསྟན་ཏོ། །


DNG005_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཛྙཱ་ན་ལ་མ་ཧཱ། བཅོམ་ལྡན་འདས་མཉམ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཐུགས་རྗེ་དང་རྫུ་འཕྲུལ་དུ་ལྡན་པ་ལེགས་པར་ཡིད་ལ་ཟུང་ཞིག །ཐོག་མ་མེད་པའི་གནས་སྔོན་བྱུང་བའི་དུས་སུ་ཧྭ་ཤང་འབར་ནེའི་ནགས་ཚལ་དུ། བདག་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱི་ཐུགས་རྗེ་རང་བྱུང་གི་ཉི་མ་ཤར་ནས། ང་ཉིད་ཡེ་ཤེས་སྣང་བའི་དུས་ན། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་རིག་པ་ལས་ཐ་མི་དད་པ། རང་བྱུང་གི་སྐུ་ལྔ་སྣང་བ་རང་བཞིན་མེད་པར་རང་གསལ་བ། མནན་ན་ནེམ་ཞེས་བྱེད་པ། རྡོས་པའི་སྤྱོད་ཡུལ་མིན་པ། བཏེག་ན་འཕར་ཞེས་བྱེད་པ། གསལ་བ་ཟང་ཐལ་ཡིན་པ། ངམ་གྲོག་དང་གཡང་ས་མེད་པ། ཚེར་མ་དང་། རྣོ་ཟུག་མེད་པ། གཅོང་རོང་དང་བྱ་སྐྱིབས་མེད་པ།ཤེས་པ་ཉམས་བདེ་བ་ལ་ཕྱོགས་སུ་མ་ལྷུང་བ། བུལ་བའི་ཡུལ་བདེ་བ་ཉམས་སུ་མྱོང་བའོ། །ནང་རིག་པ་ཆོས་ཀྱི་སྐུ། འགག་པ་མེད་པར་ལྷུག་པའི་ཤེས་རབ་ཁོང་ནས་ཤར་བས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིན་པོ་ཆེའི་འོད་འབར་བའི་ནང་ན་བཀོད་པ་མེད་པ་ཕྱག་རྒྱའི་དཀྱིལ་འཁོར། རང་རེའི་ཡོན་ཏན་གྱི་སྐུ་མ་འདྲེས་པར་སོ་སོར་གསལ་བ་བདག་མེད་པའི་བདག་ཉིད་ཆེན་པོ། ཞི་བ་ཆོས་ཀྱི་སྐུ་མཉམ་ལ་མ་འདྲེས་པར་བཞུགས་སོ། །དེ་ཁོ་ན་ཉིད་མ་བྱས་པའི་ཆོས་ཞེས་བྱ་བའི་བབས་ཀྱིས་གྲུབ་པ་ཡེ་ཤེས་རང་སྣང་དང་བཅས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པ་ལགས་སོ། །ཞེས་རྡོ་རྗེ་ཅན་ལ་སྨྲས་སོ། །ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཁྱོད། ཚིག་ཉུང་ལ་དོན་ཆེ་བ། བསླབ་ན་གོ་དཀའ་བ།འདི་ནི་རང་བྱུང་གི་བཅོམ་ལྡན་འདས། རྩེ་ལ་བསྒྲུབ་ཀྱི་མཐའ་ལས་འདས་པ།འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་ལྟ་བུ་སྟེ། ལས་ཀྱི་མཐའ་གང་ལ་ཡང་མི་གནས་སོ། །དེའི་ཕྱིར་རྟོགས་པའི་དོན་ཐུགས་སུ་མ་ཆུད་པར་རྣམ་པར་དག་པའི་ས་ནོན་ན། མཁའ་འགྲོ་མ་པུརྞ་ཉེ་བར་ཞི་བས་དཔལ་


DNG005_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེའི་མགོ་བོ་ཁོས། ཞེས་དོན་མཐའ་ལ་བསྐྱལ་བའོ། །རང་རིག་པའི་ཡེ་ཤེས་ཀྱི་རྩལ་ལས་རྡོ་རྗེ་འཆང་གི་སྐུ་བསྟན་པ། ཆོས་ཉིད་མ་བཅོས་པའི་ངང་ནས། རྡོ་རྗེ་མཁའ་འགྲོ་མ་ཕྱུང་སྟེ།དེ་གཉིས་སུ་མེད་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞི་བྱུང་སྟེ། རྒྱུ་རྒྱུ་རུ་གནས་པ། རྒྱུ་འབྲས་བུར་སྨིན་པ། འབྲས་བུ་རྒྱུ་ལ་ཤར་བ། རྒྱུ་ཉིད་ཡེ་ཤེས་སུ་གྲོལ་བའོ། །རིན་པོ་ཆེ་དབྱིག་གི་སྒྲོན་མའི་མན་ངག་བྱ་བཙལ་མེད་པ་འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་ལྟ་བུའི་མན་ངག་གི་དགོངས་པ་མཐར་ཕྱིན་པ། ལག་ན་རྡོ་རྗེ་འཆང་གིས་ལུང་བསྟན་པའོ། །བཛྲ་ཙིཏྟ་མ་ཧཱ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ན་མོ། རྡོ་རྗེ་ཅན་ཉོན་ཅིག །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སོང་ལ་ཐོད་པའི་ཕྲེང་བ་ཅན་ལ། སོ་ན་ཕ་ལེ་གྷ་ཚ་སྲ་ཤིག །རྡོ་རྗེ་གདན་གྱི་ཤར་ཕྱོགས་ན་རང་བྱུང་གི་མཆོད་རྟེན་ཁྲུ་བརྒྱད་པའི་འོག་ན། སྲིན་པོ་རཀྴ་ཛྭ་ལའི་ཐོད་པའི་ནང་དུ། རྫོགས་པ་ཆེན་པོ་གཟེར་ལྟ་བུའི་མན་ངག་ཡོད་ཀྱིས།དེ་མཁའ་འགྲོ་མ་ལ། བྱང་ཆུབ་སེམས་དཔའ་འཕགས་པ་གཙུག་ཏོར་དྲི་མ་མེད་པའི་ཕྱག་རྒྱ་སྟོན་ལ་ཞུས་ཅིག །དེ་ནས་རིན་པོ་ཆེ་གསང་བའི་སྦུབས་གསུམ་ན།བཀོད་པ་མེད་པར་ཕྱག་རྒྱའི་དཀྱིལ་འཁོར་ལྔ་རང་བྱུང་དུ་གསལ་བས། མི་བསྒོམ་པའི་བསྒོམ་པ་ཆེན་པོ་རྫོགས་སོ། །གསང་སྔགས་ཆེན་པོ་ཡི་གེ་ལྔ་པའི་འཁོར་ལོ།མི་བསྲུང་བའི་བསྲུང་བ་ཆེན་པོ་དང་ལྡན་པས། དེ་ཁོ་ན་ཉིད་ཀྱི་བསྙེན་པ་རྫོགས་སོ། །སྙིང་པོ་བྱང་ཆུབ་མཆོག་གི་ཐིག་ལེ་ཡན་ལག་མེད་པའི་རྡོ་རྗེ་ལ། བཅའ་རུ་མེད་པའི་དམ་ཚིག་གི་ཕྱག་རྒྱ་རྫོགས་སོ། །དམ་ཚིག་ས་མ་ཡ་བཀོད་པའི་རྒྱལ་པོ། བསྲུང་བ་མེད་པའི་དམ་ཚིག་ལ། མ་བསྲུངས་པ་མེད་པ་རྫོགས་སོ། །རྫོགས་ལྡན་ཆེན་པོ་ཡེ་ནས་ལྷུན་གྱིས་གྲུབ་པ་བསྟན་པའི་ཆོས་མེད་པས། བསྐྱོད་པའི་མཐའ་དང་བྲལ་བར་བསྟན་པ་རྫོགས་སོ། །ལག་ན་རྡོ་རྗེ་ལ་རྫོགས་ལྡན་ཆེན་པོ་གཟེར་


DNG005_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་ལུང་བསྟན་པའོ། །བཛྲ་ཨ་ཏི་ཛྙཱ་ན་མ་ཧཱ། རྡོ་རྗེ་འཛིན་པ་ལ་ན་མོ། །གསང་བའི་མགོན་པོ་བླ་ན་མེད། །ཡེ་ཤེས་དབྱིངས་ནས་རང་བྱུང་བའི། །ཐོག་དང་འདྲ་བའི་མན་ངག་འདི། །བྱ་ཁྲ་གཟན་ལ་བཅུམ་པ་བཞིན། །ཐེ་ཚོམ་མེད་པར་ཡིད་ལ་ཆོངས། །བཛྲ་པཱ་ཎི་མེ་རི་འབར་བའི་དུར་ཁྲོད་ན། མཁའ་འགྲོ་མ་རྡོ་རྗེའི་མཆུ་ཅན་ཞེས་བྱ་བ་ཡོད་ཀྱིས། དེར་སོང་ལ་ཤིང་འཛམ་བུ་བྲྀཀྵའི་དྲུང་ན། གསེར་གྱི་རུས་སྦལ་གྱི་འོག་ན་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་ཐོག་ལྟ་བུའི་མན་ངག་ཡོད་ཀྱིས། དེར་མཁའ་འགྲོ་མ་ལ་རིག་པའི་མེ་ཏོག་ཕུལ་ལ་ཞུས་ཤིག །ལག་ན་རྡོ་རྗེ་ནུབ་ཕྱོགས་ཀྱི་ཞིང་ཁམས་ན་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱིས། དེར་ཁྱོད་སེང་གེའི་འགྲོས་སྟངས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག །དེ་ན་མངོན་པར་དགའ་བའི་ཚལ། བྱང་ཆུབ་མཐའ་ཡས་ཀྱི་བྲག་ཕུག །སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བ་ན། འཕགས་པ་ནམ་མཁའི་མཛོད་ཅེས་བྱ་བ་ཤིན་ཏུ་སྐྱི་བུང་བ་ཞིག་ཡོད་ཀྱིས། དེ་ལ་མ་འཇིགས་ཤིག །དེ་འདས་པའི་ཕ་རོལ་ན། སངས་རྒྱས་མར་མེ་མཛད་རྒྱན་འོད་ཀྱི་ཕུང་པོ་སྣང་བ་ཞེས་བྱ་བ་ཡོད་ཀྱིས། དེའི་ཚེ་དེའི་དུས་ན་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །བཛྲ་པཱ་ཎི་ལ་རྡོ་རྗེ་འཆང་གིས་གདམས་ངག་ཐོག་བབས་སུ་བསྟན་པའི་ལུང་བསྟན་པའོ། །བཛྲ་སཏྭ་ཁ་ཧེ་བཛྲ། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བཛྲ་པཱ་ཎི་དུར་ཁྲོད་ཆེན་པོ་སོ་སོའི་གླིང་ན།མཁའ་འགྲོ་མ་ནམ་མཁའི་བུ་མོ་རྡོ་རྗེ་རླུང་གི་གཤོག་པ་ཅན་བྱ་བ་ཡོད་ཀྱིས། དེ་ལ་ཐུགས་ཀྱི་ཕྱག་རྒྱ་སྟོན་ལ། རང་བྱུང་གི་མེ་ཏོག་ཕུལ་ལ་ཞུས་ཤིག །རྒྱའི་བང་སོ་ནག་པོའི་བྱང་ཕྱོགས་ཕ་བོང་དྲེགས་པ་ཅན་གྱི་འོག་ན། ལྕགས་ཀྱི་སྡིག་པ་མགོ་དགུ་པ་ཞིག་གི་འོག་ན། བྱང་ཆུབ་སྙིང་པོ་ཉི་མ་ཤར་བ་ལྟ་བུའི་གདམས་ངག་ཚིག་གསུམ་ཡོད་ཀྱིས། དེ་ཞུས་ཤིག །བཛྲ་པཱ་ཎི་བྱ་བཙལ་མེད་པར་ཡེ་ཤེས་ཀྱི་འོད་གསལ་བ།


DNG005_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ཉི་མ་ཤར་བ་ལྟ་བུའི་མན་ངག་གིས། འཇིག་རྟེན་པའི་མུན་པ་དག་པར་བྱེད་པས། ཡུལ་དག་ལ་ཆོས་ཀྱི་དབྱིངས་ཕོ་བྲང་མེ་ལོང་གཡའ་དག་པ་ལྟར་གསལ་བ། རང་རིག་པའི་ཆོས་ཀྱི་སྐུ་སངས་རྒྱས་ལྔའི་བདག་ཉིད་དུ་གསལ་བ། ཤེས་རབ་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གསལ་བ། བར་ན་ཡེ་ཤེས་ཀྱི་སྐུ་བདེ་བ་ཆེན་པོ་ནམ་མཁའི་འཇའ་ཚོན་ལྟར་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བའོ། །གསང་བ་གསུམ་དང་ལྡན་གྱུར་ན། །སངས་རྒྱས་ཉིད་ཀྱི་དགོངས་པ་ཡིན། །དགོངས་པ་མཐར་ཕྱིན་པའི་ལུང་བསྟན་པའོ། །བཛྲ་ཙིཏྟ་པྲ་ཏིཥྛ་ཛྙཱ་ན་ཨཱཿཧཱུཾ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བཛྲ་པཱ་ཎི། དུར་ཁྲོད་ཆེན་པོ་ཤིན་ཏུ་རུ་ལུ་བ་ར་ཧསྡི་བྱ་བ་ན། མཁའ་འགྲོ་མ་གཙུག་གི་རྒྱན་གཅིག་བྱ་བ་ཡོད་ཀྱིས། དེར་སོང་ལ་ཕ་ལ་ཕྲ་པ་ར་ད་དུ་པྲ་ཤིག །ཡུལ་མ་ག་ངྷཱའི་ཤར་ཕྱོགས་ན། རིན་པོ་ཆེ་སྣ་ལྔའི་ཕ་བོང་འོག་ན། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་གསང་བ་ནམ་མཁའི་རྒྱན་ཞེས་བྱ་བ་ཡོད་ཀྱིས། མཁའ་འགྲོ་མ་ལ་བསྐོར་བ་ལན་གསུམ་གྱིས་ལ། ལྗགས་ཀྱི་པདྨོ་ཡི་གེ་ལྔ་པའི་འཁོར་ལོ་སྟོན་ལ་ཞུས་ཅིག །དེ་ནས་ཡེ་ཤེས་ཀྱི་རྩལ་སྐར་མདའ་ནམ་མཁའ་ལ་བྱུང་བ་ལྟ་བུའི་མན་ངག་གིས། སྐད་ཅིག་མ་གསུམ་ལ་སྦུབས་གསུམ་གཅོད་པར་བྱེད་པ། བྱེད་པ་པོ་མེད་པར་མཐོང་བ་པོས་མཐོང་ནས་ཤེས་པ་པོས་ཤེས་སོ། །ཁྱོད་ནུབ་ཕྱོགས་སུ་ཕྱིན་པའི་ཚེ། བགྲོད་པ་མེད་པར་སྐྱེ་མེད་ནམ་མཁའི་ཀློང་ནས། བཀོད་པ་མེད་པར་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ། འགྱུར་མེད་རྡོ་རྗེའི་གདན་ལ་རང་སྣང་རྟོགས་པའི་འཁོར་དང་ལྷན་ཅིག་ཏུ་འཁོད་དེ། ཡུལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཁྱབ་གདལ་འུབ་ཆུབ་ཆེན་པོར་འདུས་ཏེ། དོན་གྱི་དགོངས་པ་ཉག་གཅིག་ལ་འདུ་འབྲལ་མེད་པར་བཞུགས་སོ། །དེ་ན་སངས་རྒྱས་ཤིང་སངས་རྒྱས་མྱ་ངན་ལས་འདའ་བར་བསྟན་ཏོ། །ཞེས་ལུང་བསྟན་ནས། བཅོམ་ལྡན་འདས་དང་ཐབས་ཅིག་ཏུ་བཞུགས་སོ། །
སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གསང་བ་ནམ་མཁའི་རྒྱན་ཞེས་བྱ་བ། ལག་ན་རྡོ་རྗེ་ལ་རྡོ་རྗེ་སེམས་དཔས་ལུང་བསྟན་པའོ། །དེ་ལ་ཞུ་བ་པོ་དགའ་རབ་རྡོ་རྗེས་ཞུས་ཏེ། སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་བསྡུས་ནས།རིན་པོ་ཆེའི་ཟ་མ་ཏོག་ཚོན་གང་གི་ནང་དུ་སྦས་ནས། མགུལ་ཁུག་དུ་བཅུག་ནས། ཉིད་ཀྱི་ཐུགས་དམ་རྩེ་གཅིག་པར་མཛད་དོ། །རྒྱུད་ལུང་མན་ངག་གྲངས་མང་ཡང་། །བསྟན་པའི་སྙིང་པོ་ཡི་གེ་ལྔ། །ཐུགས་ཀྱི་གཏེར་དུ་བཅངས་པ་ཡིན། །གཅིག་ལས་གཉིས་སུ་མ་སྤེལ་ཅིག །ཅེས་བཀས་བསྡིགས་སོ་ན་ར་ཀན། །འཇམ་དཔལ་རྡོ་རྗེ་ཡེ་ཤེས་ངས། །ཤྲཱི་སིངྷ་ཁྱོད་ལ་གཏད། །ཕྱག་རྒྱ་བརྡའ་ཡི་དབྱིངས་སུ་སྦས། །རྡོ་རྗེ་འཆང་གིས་རྒྱ་ཡིས་བཏབ། །མཁའ་འགྲོ་ལྔ་ཡིས་མདུད་པ་བཀྲོལ། །འཇམ་དཔལ་རྡོ་རྗེ་ཆོས་ཀྱི་མགུལ་ཁུག་མ། །སྣོད་དུ་མི་སྦ་རང་གི་ལུས་ལ་བཅངས། །ཡིད་ལ་དྲན་པ་ཙམ་གྱིས་འབྲས་བུ་མངོན་སངས་རྒྱས། །ཆུ་སྲིན་པིར་གྱི་གྲེ་བ་བཞིན། །སྲིད་པ་འཁྲུགས་ཀྱང་ཁར་མི་དབྱུང་། །བྱ་བཙལ་མེད་པ་གསང་བ་རིན་པོ་ཆེ་དབྱིག་གི་སྒྲོན་མ། སྐད་འགྱུར་བཞི་པ་རྫོགས་སོ། །གྲུ་གུ་སྨོན་ལམ་སེང་གེ་ནས་བརྒྱུད་པ། ཇོ་སྲས་སྦས་ཀྱི་ཐུགས་དམ་མོ། །ཁོང་ལ་མགོ་བན་ནོར་བུས་ཞུས་སོ། །བར་འདིར་སྤྱི་ཕུད་ལྟ་བ་ཀློང་ཆེན་ཡངས་པ་ལེའུ་ལྔ་བཅུ་རྩ་གསུམ་པ་མ་བྱུང་།

ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ཅེས་བྱ་བ།


DNG005_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཨཱ་བརྟྟ་པྲ་སཱ་ར་ཎི་རཱ་ཛ་ཏནྟྲ་ནཱ་མ།བོད་སྐད་དུ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་ཉིད་ཀྱིས་བདག་ཉིད་ལ་ཐོས་པའི་དུས་གཅིག་ན། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཐམས་ཅད་དབྱེར་མེད་དེ། ཐིག་ལེ་གཅིག་ལས་མ་གཡོས་པའི་བདག་ཉིད་དུ་བཞུགས་པ་ལས། ཐམས་ཅད་མཉམ་པ་ཉིད་ཀྱི་ཀློང་དུ་གཅིག་ཀྱང་དེའི་དོན་མངོན་དུ་གྱུར་པར་གཏན་ལ་དབབ་པར་བྱ་བའི་ཕྱིར། འོག་མིན་གྱི་


DNG005_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཁམས་གསུམ་གྱི་གཞི་རྟེན་དང་དབྱེར་མེད་པའི་ཞིང་དེར། དབྱེར་མེད་རང་ལས་སྣང་བའི་འཁོར་དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་ཐ་མི་དད་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འཁོར་དང་ཐབས་གཅིག་པ་དང་། ཉིད་དང་ཉིད་ཀྱི་རང་བཞིན་དབྱེར་མེད་པ་དང་། ཉིད་ཀྱི་ངོ་བོ་དང་རང་བཞིན་ལས་སྤྲུལ་པ་རྒྱུན་མི་འཆད་པར་འགྲོ་བའི་དོན་མཛད་པ་རྣམས་ལ་སེང་གེའི་ང་རོ་དོན་གྱི་གསུང་དབྱངས་ཀྱིས་བརྗོད་པར་བྱས་ཏེ། སེམས་ཉིད་ཀློང་ཆེན་རབ་འབྱམས་རྒྱལ་པོའི་དོན་འདི་རབ་ཏུ་བཤད་དོ། །ཇི་སྙེད་ཆོས་རྣམས་མིང་གི་རྣམ་གྲངས་ཀུན། །ཡེ་ནས་གདག་གཞི་མེད་པའི་ཀློང་དུ་གཅིག །ཀློང་ཆེན་གཅིག་ལ་འཁོར་དང་མྱ་ངན་འདས། །རྐྱེན་གྱིས་ཅིར་ཡང་འཆར་ཕྱིར་གློ་བུར་ཆོས། །ནམ་མཁའ་སྤྲིན་དང་འཇའ་ཚོན་མཁའ་སྣང་བཞིན། །རིག་པ་རང་ལ་འཆར་བས་དབྱིངས་ཀྱི་ངང་། །རང་རིག་སྒྲིབ་མེད་སྐྱོན་བྲལ་མུ་མཐའ་མེད། །རྟོག་པ་མི་མངའ་ཡེ་ཤེས་རིན་པོ་ཆེ། །རང་བཞིན་མེད་ལས་ཅིར་ཡང་སྣང་། །ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་། །བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་དང་། །མ་རིག་འཁྲུལ་པས་དབང་བསྒྱུར་བའི། །ལོག་རྟོག་ཆེར་རྒྱས་འཁོར་བའི་ཆོས། །ཇི་སྙེད་སྣང་བའི་ཆོས་རྣམས་ཀུན། །སངས་རྒྱས་ཉིད་དུ་གཅིག་པ་ལ། །ཡོད་མེད་གཉིས་སུ་རྟོག་པ་དང་། །བཟང་ངན་གཉིས་སུ་བལྟ་བས་ནོར། །མཉམ་ཉིད་གཅིག་ལ་མཐའ་རུ་འཛིན། །བདག་གཞན་རྐྱེན་གྱིས་སོ་སོར་སྣང་། །མེད་ལ་ཡོད་པའི་བློ་ཞུགས་པས། །ཞེན་པ་བརྟས་ཕྱིར་ལུས་སུ་སྣང་། །བདག་ཏུ་འཛིན་པའི་སྡུག་བསྔལ་གྱིས། །རང་ལ་གནས་པའི་དོན་མ་རིག །ཡང་དག་དོན་ལ་བདེ་དང་སྡུག་བསྔལ་མེད། །སྟོང་པའི་བག་ལ་དངོས་པོར་ཆགས། །བརྟགས་ན་དངོས་པོ་ཉིད་མི་གནས། །མེད་པའི་དོན་ལ་གང་ཡང་སྣང་། །རང་རིག་ཀློང་ན་སྟོང་དང་དངོས་པོར་མེད། །མེད་པར་ཤེས་ན་


DNG005_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་ལམ་ལས་གྲོལ། །རྟོགས་ལྡན་མཆོག་གི་དགོངས་པའོ། །མཚན་ཉིད་གཅིག་པའི་རང་བཞིན་ཀུན་ཏུ་སྣང་། །མཚན་མ་མེད་པར་ཀུན་ཏུ་ཁྱབ་པའི་སྐུ། །དབྱིངས་ལས་རྒྱལ་བའི་སྐུ་རུ་བཞེངས། །མ་ལུས་འདུས་པ་དབྱིངས་གཅིག་ལ། །བྱེད་པ་མེད་པར་ཀུན་ཏུ་འཆར། །དངོས་པོ་མེད་པར་ཅིར་ཡང་སྣང་། །སྣ་ཚོགས་སྣང་བ་ཆོས་ཀྱི་དབྱིངས། །རང་བཞིན་སྙིང་པོ་མེད་པར་ཡིན། །རྒྱུན་ཆད་མེད་པའི་བྱང་ཆུབ་སེམས། །མཚན་ཉིད་མེད་དེ་ཕྱོགས་དང་བྲལ། །ཐམས་ཅད་རང་བཞིན་དཔེར་མེད་ཆོས། །དེ་ལ་གང་ཞིག་དེར་འཛིན་པ། །ཕྱོགས་སུ་བལྟ་བ་འཁྲུལ་པའི་སེམས། །ཡང་དག་དོན་ལ་སྨད་པའི་བློ། །འཛིན་པའི་ཞགས་པ་འཆིང་བའི་སྒྲོག །ཅེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། འཁོར་བའི་རྒྱ་མཚོ་ཆེན་པོ་འདི། །སྐེམ་པར་འདོད་པ་གང་ཞིག་གིས། །ཆོས་ཀྱི་སྙིང་པོ་རང་དུ་བལྟ། །ཕྱི་ནང་མ་ལུས་ཐམས་ཅད་ཀུན། །ཇི་བཞིན་ཉིད་དུ་སོན་པའི་ཕྱིར། །བདག་དང་གཞན་ཡང་གཉིས་སུ་མེད། །སྐུ་གསུང་ཐུགས་ཀྱང་བདག་ཏུ་གཅིག །བདག་ལས་གཞན་པར་བྱ་བའི་ཆོས། །སྤུ་ཡི་ཆ་ཙམ་ཡོད་མ་ཡིན། །མ་ལུས་རྣམ་གྲངས་བསམ་ཡས་ཀྱང་། །ཇི་བཞིན་ཉིད་དེ་དམིགས་སུ་མེད། །སྒྱུ་མ་ལྟ་བུར་རྟོགས་པའི་བློས། །དབང་པོ་ཡུལ་དུ་ཟག་པ་ཡིན། །བདེ་རིགས་གནས་སུ་མ་སྐྱོལ་བས། །མེད་པར་ངེས་པའི་དོན་གཅིག་ལ། །ཡོད་པར་མཐོང་བའི་སྡུག་བསྔལ་འབྱུང་། །ཇི་ལྟར་ཤར་ཡང་ཆོས་ཉིད་ཀློང་། །རང་བྱུང་རང་བཞིན་ནམ་མཁའི་ངང་། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཐབས་དང་ཐུགས་རྗེའི་སྤྲུལ་པ་ཡང་། །ཡེ་ཤེས་དབྱིངས་ཀྱི་ཆོ་འཕྲུལ་ཏེ། །ཆོས་ཀྱི་སྙིང་པོ་རང་གི་མཐུ། །ངན་སོང་གསུམ་དང་སངས་རྒྱས་ཀྱང་། །ཐ་དད་སོ་སོར་ཡོངས་མི་གནས། །བདག་བློས་


DNG005_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་བརྟགས་པ་ཡིན། །དེ་བཞིན་ཤེས་ན་དགོངས་པའི་མཆོག །སངས་རྒྱས་གཞན་ནས་བཙལ་དུ་མེད། །ཡེ་སངས་རྒྱས་པའི་ཆོས་ཉིད་ལ། །རང་རྒྱུད་སྦྱངས་པས་ཅི་ཞིག་ཕན། །སྤང་བླང་བྱས་པས་ག་ལ་འགྲུབ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་། །སངས་རྒྱས་ཞིང་དང་ཡོན་ཏན་ཆོས། །དབྱེར་མེད་ཡེ་ནས་མཉམ་པའི་ཀློང་། །འགྲོ་བ་རིགས་དྲུག་སྐྱེ་གནས་བཞི། །ཡེ་ནས་བྱང་ཆུབ་ལམ་དུ་ཞུགས། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པའི། །སེམས་ཅན་བྱ་བ་གུད་ན་མེད། །གཅིག་ཏུ་མི་གནས་ཀུན་ལ་ཁྱབ། །ཆགས་པའི་ཚུལ་གྱིས་མཉམ་པར་གནས། །ཀུན་ལ་ཉེ་རིང་མེད་པས་ན། །གཉིས་མེད་ཀློང་ན་རྟག་པར་བཞུགས། །འདི་རུ་མ་འདུས་གང་ཡང་མེད། །ཐམས་ཅད་གཅིག་ཏུ་རྫོགས་པས་ན། །ཐེག་པའི་ཡང་ཐོག་སྤྱི་ཡི་རྒྱན། །བདག་ཉིད་ཆེན་པོ་ཀུན་འདུས་དཔལ། །རྒྱལ་བ་རྣམས་ཀྱི་དགོངས་པའི་མཆོག །དེ་ལས་གཞན་པའི་ཆོས་མེད་པས། །གང་ལ་བརྟག་ཅིང་ཅི་ལ་འཇུག །གང་གིས་གང་ལ་ཕན་གདགས་སམ། །སུ་ཡིས་སུ་ལ་གནོད་པ་བསྐྱལ། །འབྱུང་འཇུག་མེད་པའི་ཏིང་འཛིན་ལ། །ཡེ་ནས་སྙོམས་པར་ཞུགས་པའི་ཕྱིར། །དམིགས་སུ་མེད་ཅིང་འདུ་འབྲལ་མེད། །རང་བཞིན་མེད་པའི་བྱང་ཆུབ་སེམས། །རིན་ཆེན་ལྟ་བུར་ཅིར་ཡང་སྣང་། །སུས་ཀྱང་མ་བཅོས་ངང་གིས་དག །མིང་དང་ཐ་སྙད་འཛིན་པའི་ཆོས། །ཐམས་ཅད་རང་བཞིན་དབྱེར་མེད་པས། །རང་བྱུང་ཡེ་ཤེས་རང་གི་ཀློང་། །བདེ་དང་སྡུག་བསྔལ་བཏང་སྙོམས་ཀྱང་། །རང་བྱུང་རང་ཞི་ཉིད་དུ་གསལ། །རང་རིག་ཀློང་དུ་རྣམ་པར་དག །དེ་བཞིན་ཉིད་དེ་བཅོས་སུ་མེད། །སྐྱེ་བ་མེད་ལས་སྣ་ཚོགས་སྐྱེས། །སྐྱེས་པ་ཉིད་ནས་མ་སྐྱེས་ཏེ། །མཚན་མར་གྱུར་པ་རྡུལ་ཙམ་མེད། །གཡོས་པ་ཉིད་ནས་མ་གཡོས་ཏེ། །ཅིས་ཀྱང་མི་འགྱུར་མི་བསྐྱོད་པས། །རྡོ་རྗེ་སྙིང་པོ་རང་གི་མཐུ། །ཅིས་ཀྱང་མ་གོས་མི་ཤིགས་པས། །པདྨའི་སྙིང་པོ་ཉིད་ཀྱི་སྐུ། །ཕྱི་


DNG005_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནང་མེད་དེ་བཞིན་ཉིད། །སངས་རྒྱས་ཞིང་ཁམས་མཐའ་ཡས་ཀྱང་། །བཀོད་པ་ཆེན་པོ་རང་གི་རྒྱན། །ཕྱོགས་བཅུ་དུས་བཞི་དུས་གསུམ་ཀྱང་། །མི་འབྱེད་མཉམ་པ་ཉིད་ཀྱི་ཀློང་། །རྒྱུ་དང་འབྲས་བུ་དབྱེར་མེད་པས། །གཞི་རྩ་མེད་ལས་སྣ་ཚོགས་འབྱུང་། །ཇི་ལྟར་སྣང་བ་བྱང་ཆུབ་སེམས། །ལོག་རྟོག་འཁྲུལ་པས་བསླད་པས་ན། །རྒྱུ་དང་འབྲས་བུར་རྣམ་པར་བརྟགས། །དེ་ཡི་དོན་ལ་མི་གནས་པའི། །འཇུག་ལོག་མེད་པའི་ཆོས་ཉིད་ལ། །འཁྲུལ་འཁོར་མེད་ཅིང་མ་རིག་མེད། །རྟག་པར་ཡང་དག་བྱང་ཆུབ་ལམ། །ཉོན་མོངས་རང་སར་དག་པའི་ཕྱིར། །ཞི་བ་ཆེན་པོ་མཉམ་ཉིད་སྐུ། །སྟོབས་དང་ལྡན་པ་དགོངས་པའི་མཆོག །རྒྱུད་ལྔར་སྣང་བའི་སེམས་ཅན་ཀྱང་། །ཉིད་ལས་སྣང་བའི་སྤྲུལ་པ་སྟེ། །ཁྲི་མུན་གནས་ཀྱང་སངས་རྒྱས་ཞིང་། །སྦྱང་བགྲོད་རྩོལ་བས་ག་ལ་རྙེད། །རྟོག་དང་མི་རྟོག་གཉིས་ཀ་ཡང་། །གཅིག་སྤངས་གཅིག་ལ་གནས་སུ་མེད། །གཉིས་མེད་ཡང་དག་བདེ་ཆེན་ལམ། །མཚན་བཅས་མཚན་མེད་བསྒོམ་པ་དང་། །ཞི་གནས་ལྷག་མཐོང་གཉིས་སྦྱོར་པ། །འདི་མིན་གང་ཡང་མེད་པའི་ཕྱིར། །ཏིང་འཛིན་ཀུན་གྱི་རྒྱལ་པོ་མཆོག །རྡོ་རྗེའི་ཐེག་པ་བླ་ན་མེད། །གང་ལ་སྤྱད་ཅིང་ཅི་ལ་བསྒོམ། །བར་སྣང་ཁམས་སུ་བཟོ་བྱེད་འདྲ། །དེ་ཕྱིར་འདི་ལས་འདའ་བ་མེད། །ཆོས་ལ་ཆོས་ཀྱིས་ཇི་ལྟར་བསྒོམ་པ་དང་། །ཉིད་ལ་ཉིད་ཀྱིས་ཇི་ལྟར་སྤྱོད། །རང་བཞིན་ཇི་ལྟར་གནས་པའི་དོན། །དེ་ལྟར་གནས་པ་དགོངས་པའི་ཀློང་། །མི་དམིགས་བྱང་ཆུབ་སེམས་འདི་ལ། །བཙལ་དུ་མེད་པ་སྤྱོད་པའི་ཀློང་། །དེ་ལས་སེམས་ཅན་སངས་རྒྱས་དང་། །ཆོས་དང་དགེ་འདུན་བྱེ་བྲག་མེད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། །ཁམས་གསུམ་སྲིད་གསུམ་མ་ལུས་པ། །འཛིན་པའི་ཤེས་པས་བརྟགས་གྱུར་པའི། །གཉིས་སྣང་ཐམས་ཅད་བྱེ་བྲག་མེད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། །དེ་བཞིན་


DNG005_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཀློང་དུ་གཅིག །མཚན་ཉིད་མེད་པར་དབྱིངས་སུ་ཐིམ། །འདི་ལ་གང་ཡང་དམིགས་པ་མེད། །སྙིང་པོ་མཆོག་གི་རང་བཞིན་ལ། །མ་བཅོས་ཆོས་ཀྱི་སྐུ་རུ་གྲགས། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས།) འབྱུང་འཇུག་མེད་པའི་ལེའུ་སྟེ་གཉིས་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། འཇིག་རྟེན་འདས་དང་འཇིག་རྟེན་ཐ་དད་པའི། །རྣམ་གྲངས་མིང་དུ་བཏགས་པ་ཀུན། །རང་བཞིན་གཅིག་ཏུ་མ་ཤེས་པས། །གྲངས་སུ་བརྗོད་པས་དོན་ལས་ཉམས། །མིང་དུ་བཏགས་པས་རྣམ་རྟོག་སྐྱེས། །ཡུལ་དུ་བཟུང་བས་ཞེན་བློ་བྱུང་། །ཞེན་པའི་འབྲས་བུ་བརྟས་པ་ལས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཡུལ་དང་དུས་དང་ཕྱོགས་དང་ནི། །ཁ་དོག་དབྱིབས་ལ་སོགས་པར་སྣང་། །མཉམ་པའི་དབྱིངས་ལ་གང་ཡང་མེད། །རྟོག་པ་ཕྲ་རགས་ཁྱད་པར་ལས། །ཐེག་པའི་གྲངས་སུ་བརྗོད་པ་ཡང་། །མཉམ་ཉིད་མི་རྟོག་སྐྱོན་དུ་འགྱུར། །ཆོས་ཀྱི་རང་བཞིན་གཉིས་མེད་ལ། །འདི་ཞེས་བརྗོད་པ་འཁྲུལ་པའི་བློ། །འདུལ་བ་མདོ་སྡེ་མངོན་པ་དང་། །སྡེ་སྣོད་གསུམ་དུ་བཏགས་པ་ཡང་། །མིང་ཙམ་དོན་ལ་མེད་པའི་ཕྱིར། །སྟོན་པས་ཆོས་སུ་བཏགས་པར་ཟད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །འཁྲུལ་པ་རྣམས་ཀྱིས་ཤེས་མི་ནུས། །འདས་དང་མ་འདས་སངས་རྒྱས་དང་། །སླད་ཀྱིས་འབྱོན་པའི་རྒྱལ་བ་རྣམས། །ཀུན་བཟང་རྡོ་རྗེ་ལྷ་ཡི་ལྷ། །དབྱེར་མེད་གཅིག་ཏུ་གནས་པའི་ཕྱིར། །རང་བཞིན་དོན་ལས་གཡོས་པ་མེད། །སྣ་ཚོགས་ཆོས་སུ་སྣང་བ་ཀུན། །གཅིག་ལས་གྲངས་སུ་ཕྱེ་བས་ན། །ཆོས་རྣམས་ཐམས་ཅད་བྱེ་བྲག་མེད། །གཅིག་ཤེས་ཀུན་ཀྱང་ཤེས་པ་ཡིན། །གཅིག་རྟོགས་ཀུན་ཀྱང་དུས་གཅིག་རྟོགས། །ཀུན་ཀྱང་དབྱེར་མེད་ནམ་མཁའི་ངང་། །བདག་འཛིན་ཀུན་དང་བྲལ་བའི་ཕྱིར། །རྟོག་དང་རྟག་པ་ཡོངས་མི་དམིགས། །དངོས་མེད་


DNG005_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཉིད་འདི་ལ། །ཆོས་རྣམས་མ་ལུས་འབྱུང་བའི་ཕྱིར། །འཁོར་འདས་ཀུན་གྱི་གཞི་མ་ཡིན། །དེ་ཡང་དབྱིངས་ཀྱི་རང་བཞིན་ཉིད། །རང་བཞིན་དེ་ལྟར་ཤར་བས་ན། །ནམ་མཁའ་འོད་དུ་འབར་བ་ལྟར། །གཞི་ཤར་རང་གྲོལ་དོན་གྱི་གཏེར། །རང་བཞིན་གནས་པ་དགོངས་པའི་ཀློང་། །དོན་དང་ལྡན་པ་རྟོག་པའི་བློ། །དྲང་པོར་འདུག་པས་མ་ནོར་ལམ། །བཅོས་སུ་མེད་པས་རང་ལུགས་གནས། །ལུས་ཀྱིས་སྤྱོད་པ་ཅི་བྱས་ཀྱང་། །ལུས་ལ་མངོན་པར་ཞེན་པ་མེད། །ངག་དང་ཡིད་ཀྱི་སྤྱོད་ལམ་ཀུན། །གར་བདེ་རྒྱ་ཡན་ཡིན་པས་ན། །མངོན་ཞེན་མེད་དེ་ཅི་བདེར་གནས། །མཁའ་ལ་བཅོས་སུ་མེད་པ་བཞིན། །ལུས་ཀྱང་མེད་ལ་འཆོས་མཁན་མེད། །ལུས་ངག་ཡིད་ཀྱི་སྤྱོད་ཡུལ་ཀུན། །སྒྱུ་མ་བཞིན་དུ་རང་བཞིན་མེད། །ལུས་སེམས་མ་སྐྱེས་གཞི་མེད་པས། །གཟུང་དང་འཛིན་པ་གདོད་ནས་མེད། །ཆེ་ཆུང་མི་འབྱེད་གདོས་པ་མེད། །རྟོད་འཛིན་ཕུར་པ་ཡེ་ནས་མེད། །མཚན་མ་མེད་པའི་ནམ་མཁའ་ལ། །དམིགས་སུ་ཡོད་མེད་རྩོལ་བའི་ནད། །སེམས་ཉིད་ནམ་མཁའ་ལྟ་བུ་ལ། །ནམ་མཁའ་ལྟ་བུའི་བློ་བཞག་ན། །རང་བཞིན་དབྱིངས་སུ་གཅིག་པའི་ཕྱིར། །ལུས་ངག་སེམས་ཀྱི་འཛིན་པ་དག །འདི་ལ་བྱ་བ་མེད་པའི་ཕྱིར། །གང་ལྟར་ཤར་ཀྱང་དམིགས་གཏད་མེད། །དེ་ལ་གནས་སུ་མེད་པའི་ཕྱིར། །ཇི་ལྟར་འདུག་ཀྱང་གཞན་མི་རྟོག །མི་རྟོག་པར་ཡང་བསམ་མི་བྱ། །རང་བཞིན་གནས་པའི་དགོངས་པའི་ཀློང་། །བསམ་དུ་མེད་པའི་དབྱིངས་ཉིད་ལ། །བསམ་གྱིས་མི་ཁྱབ་ཡོན་ཏན་འབྱུང་། །ཆོས་རྣམས་མ་ལུས་བསམ་པའི་ཁྱད། །རང་རིག་སྨྲ་བསམ་ཀུན་ལས་འདས། །མི་རྟོག་པའང་དེ་དོན་མིན། །དེ་ལས་གཞན་ནའང་ཡོད་མ་ཡིན། །བསམ་དུ་མེད་པའི་ཆོས་ཀྱི་དབྱིངས། །གཉེན་པོས་བཅས་སུ་རྡུལ་ཙམ་མེད། །དེ་དག་ཐམས་ཅད་ཅིར་ཤར་ཀྱང་། །རང་བཞིན་གཞི་ཤར་ཡིན་པས་ན། །དེ་ལ་འཆོས་པར་མ་བྱེད་ཅིག །མི་མཐུན་གཉེན་པོ་རྟོག་པའི་བློ། །བདེན་


DNG005_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་བདེན་ཐེ་ཚོམ་པ། །སྐྱོན་དང་ཡོན་ཏན་བླང་དོར་རྒྱུ། །བདེན་རྫུན་མེད་པ་མཉམ་ཉིད་དབྱིངས། །དེ་ཡི་དོན་ལས་གཡོས་པ་མེད། །དེ་ཡི་དོན་ལས་མ་གཡོས་ན། །རྣལ་འབྱོར་རྣལ་འབྱོར་རབ་ཏུ་ཆེ། །རྩེ་གཅིག་གནས་པའི་ཡོན་ཏན་དང་། །དར་ཅིག་བསམ་པའི་རྟོག་པ་ཡང་། །རང་བཞིན་དབྱིངས་སུ་གཅིག་པའི་ཕྱིར། །འདྲའོ་འདྲའོ་མཉམ་ཉིད་ཆེ། །དེ་བཞིན་ཉིད་ལ་འདི་འདྲ་ཞེས། །ཚད་མས་གཞལ་དུ་མེད་པའི་ཕྱིར། །དཔག་དཀའ་གཏིང་རིང་སྒོ་ཡངས་པས། །འཁྲུལ་པ་རྟོག་གེའི་སྐྱེད་ཡུལ་མིན། །སེམས་ཉིད་བྱང་ཆུབ་ཆེན་པོ་ཡང་། །ཡོད་དང་མེད་ཅེས་གདགས་སུ་མེད། །བྱང་ཆུབ་སེམས་དེ་ཡོད་པར་སྣང་། །དངོས་པོ་ཀུན་ཏུ་མ་འགགས་པས། །བྱང་ཆུབ་སེམས་དེ་མེད་པར་སྣང་། །མཚན་མ་ངང་གིས་ཞི་བའི་ཕྱིར། །ཡོད་མེད་མཐའ་ལས་གྲོལ་བར་གནས། །ཆགས་སྡང་ཉོན་མོངས་རྣམ་པ་ལྔ། །འབར་ཞིང་ཀུན་ཏུ་གཡོ་བ་ཡང་། །རང་བྱུང་ཡེ་ཤེས་རྩལ་ཡིན་པས། །དགག་ཏུ་མེད་དེ་བདག་གི་རྒྱུ། །ཆོས་ཉིད་རང་ལས་སྣང་བ་ཡིན། །ཉོན་མོངས་མཚམས་མེད་ལྔ་པོ་ཡང་། །འདོད་སྤྱོད་དབྱིངས་ཀྱི་རྒྱན་ཡིན་པས། །སྤང་དུ་མེད་དེ་རང་གི་རྒྱན། །རོལ་པ་དག་ཏུ་ཤར་བ་ཡིན། །མ་རིག་འཁྲུལ་པས་སྐྱོན་དུ་བལྟས། །གཞན་དུ་འགེགས་དང་སྤོང་བ་དེ། །འདི་རུ་མི་སྤང་བཞག་པས་ཤེས། །སྒྲོལ་བ་དབང་གི་སྙིང་རྗེ་ཡང་། །མི་སྤང་འདི་རུ་སྤྱད་པས་ཤེས། །སྦྱོར་བ་ཐབས་ཀྱི་སྤྱོད་པ་ཡང་། །མི་གནས་ཡེ་ཤེས་བདེ་ཆེན་ལམ། །བདག་ཕྱོགས་གཞན་དུ་མི་འཛིན་པས། །མི་འབྲལ་གཟུངས་ཀྱི་སྲོག་ཏུ་བརྟན། །བྱང་ཆུབ་སེམས་ཀྱི་སྲོག་འདི་ལ། །བདུད་བཞིའི་ཚོགས་ཀྱིས་མི་ཆོམས་ཤིང་། །དགྲ་གསུམ་དག་གིས་གསད་དུ་མེད། །གཡང་ས་དྲུག་ཏུ་མི་ལྟུང་བས། །བྱ་བྲལ་ཀློང་ལས་ཉམས་པ་མེད། །སངས་རྒྱས་འབྲས་བུ་དོན་འདི་ལས། །ལྷག་པར་བལྟས་ཏེ་གཞན་ན་མེད། །བྱ་བྲལ་མུ་མེད་ཆོས་ཀྱི་


DNG005_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས། །སྙིང་རྗེ་ཆེན་པོ་སྟོང་མི་བྱེད། །ཆགས་སྡང་གནས་སུ་དག་པའི་ཕྱིར། །འདུ་བྱེད་སེམས་ཀྱི་བྱུང་ཚོར་མེད། །དབྱིངས་ལས་ཆོ་འཕྲུལ་ཅིར་ཤར་ཀྱང་། །ཡང་ལྡང་ཡང་ཞི་རང་གི་མཐུ། །རྒྱ་མཚོའི་ནོར་བུ་རིན་ཆེན་བཞིན། །ཡོན་ཏན་གཞན་ནས་བཙལ་དུ་མེད། །ངོ་བོ་ཉིད་ཀྱི་ཐུགས་རྗེས་གཟུང་། །མི་གཏོང་ཉོན་མོངས་ལྔར་སྣང་ཡང་། །ཐུགས་རྗེས་གཟུང་བའི་ཡུལ་ཡིན་པས། །བཏང་སྙོམས་མེད་པར་ཀུན་ལ་ཁྱབ། །རང་བྱུང་ཡེ་ཤེས་ཤར་ནུབ་མེད། །དེ་ལ་དཔེ་དང་ཚད་མ་མཆིས། །རང་བྱུང་དཔག་གིས་མི་ལངས་པས། །ཤེས་རབ་ཆེན་པོའི་དབྱིངས་ན་གསལ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཡོན་ཏན་ཐམས་ཅད་འབྱུང་བའི་གཞི། །ཐིག་ལེ་ཆེན་པོར་ཀུན་འདུས་པས། །མི་རྩོལ་རང་ཤུགས་གནས་པ་ཡིན། །བྱང་ཆུབ་སེམས་ནི་ཡེ་སངས་རྒྱས། །གདོད་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །མ་སྤངས་རང་སར་གྲོལ་བ་ཡིན། །བྱང་ཆུབ་སེམས་ནི་ཕྱོགས་མེད་ཡིན། །རང་བཞིན་ངེས་པ་མེད་པའི་ཕྱིར། །གཅིག་ཏུ་མི་གནས་ཀུན་ལ་ཁྱབ། །བྱང་ཆུབ་སེམས་ལ་བཙལ་དུ་མེད། །ཡོན་ཏན་རང་ལ་རྫོགས་པའི་ཕྱིར། །ཕྱོགས་མེད་ཀུན་ཏུ་ཤར་བ་ཡིན། །བྱང་ཆུབ་སེམས་ལ་བསྒྲུབ་ཏུ་མེད། །ཐམས་ཅད་དེ་རུ་འདུས་པའི་ཕྱིར། །མ་བསྒྲུབས་ལྷུན་གྲུབ་འབྲས་བུ་ཡིན། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དོན་ལ་དཔག་ཏུ་མེད་པའི་ལེའུ་སྟེ་གསུམ་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་དགོངས་པ་མ་ནོར་བར་གསུངས་པ། ཐིག་ལེ་གཅིག་གི་ངོ་བོ་ལ། །སངས་རྒྱས་མ་རྒྱས་མེད་པར་གཅིག །སངས་རྒྱས་འབྲས་བུར་བཏགས་པ་ཡང་། །ཐོབ་པའི་ཡོན་ཏན་གཞན་ན་མེད། །སེམས་ཉིད་ཀློང་ཆེན་དེ་ཡི་མཐུ། །སེམས་ཅན་རྒྱུ་རུ་སྣང་བ་ཡང་། །འཁོར་བའི་ཉེས་དམིགས་ལོགས་ན་མེད། །བྱ་བྲལ་ཀློང་ཆེན་དེ་ཡི་རྩལ། །རྒྱུ་འབྲས་མེད་པའི་ཆོས་ཉིད་ལ། །སངས་རྒྱས་སེམས་ཅན་དབྱེར་


DNG005_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ། །དེ་ལ་རང་གིས་བཅོས་སུ་མེད། །རྒྱུ་རྐྱེན་འབྲས་བུར་བཏགས་པ་ཡང་། །བཀྲི་དྲང་དོན་གྱིས་བསྟན་པར་ཟད། །མ་བཅོས་པ་ཡི་ཆོས་ཉིད་ལ། །མ་ནོར་གནས་ཤིང་མ་བྱས་གསལ། །མ་འགགས་པ་ཉིད་ཡེ་ཤེས་ཀློང་། །དེ་བཞིན་ཉིད་ཀྱི་གནས་འདི་ལ། །ཡེངས་དང་མ་ཡེངས་མེད་པ་དང་། །གཡོ་དང་མི་གཡོ་མེད་པའི་ཕྱིར། །རྒྱལ་བའི་དགོངས་པ་འདི་ལས་མེད། །རྣམ་པར་དག་པའི་ཆོས་ཉིད་ལ། །རྒྱུ་འབྲས་རྫས་སུ་རྟོག་པ་ནི། །གྲུབ་མཐའ་ངན་པས་བཅིངས་པ་སྟེ། །འཁྲུལ་པས་དོན་ལས་གོལ་བའི་ཕྱིར། །བསྟན་ཞིང་བརྗོད་པར་རབ་ཏུ་དཀའ། །ཀློང་ཆེན་འཁྱིལ་པའི་མཁའ་དབྱིངས་ནི། །ཀུན་གྱི་གནས་ཆེན་ཡིན་པའི་ཕྱིར། །ཡུལ་ལ་སྤྱོད་ཅིང་རྣམ་པར་ཡན། །འཁྲུལ་པས་དོན་ལ་གོལ་བའི་ཕྱིར། །ཚད་མས་བཤིགས་པས་མི་ཤིགས་ཏེ། །ཀློང་ཆེན་རང་གི་མཐུ་ཡིས་གྲོལ། །རྟོག་མཐའ་བཅད་པས་མི་ཆོད་དེ། །ཀློང་ཆེན་རང་གི་སྟོབས་ཀྱིས་གཅོད། །རང་སེམས་ཚད་མའི་གདེང་ལྡན་པའི། །འགྱུར་མེད་དོན་གྱི་གཡུང་དྲུང་ཡིན། །ལུང་རིག་དོན་གྱི་བྱ་ར་བས། །ལོག་རྟོགས་ལྐུགས་པ་རྡུལ་དུ་བརླག །ཕྱིར་མི་ལྡོག་པ་དོན་གྱི་ལུང་། །མཐའ་རུ་མི་གཏོང་འཛིན་པར་བྱེད། །ཤེས་རབ་མཚུངས་མེད་རིག་པའི་ཚད། །ཡུལ་དུ་མི་གཅོད་མཉམ་པའི་ཀླུང་། །ཀུན་གྱི་ཐུན་མོང་མ་ཡིན་པས། །འདི་ལ་བཙལ་ཞིང་བསྒྲུབ་ཏུ་མེད། །འདི་ལ་ཅི་ཡང་བྱ་མི་དགོས། །དཀའ་ཐུབ་དཀའ་སྤྱོད་མི་དགོས་ཏེ། །འདི་ལ་སྦྱང་ཞིང་བགྲོད་དུ་མེད། །མ་བཅོས་རང་ས་ཉིད་དུ་གསལ། །སྟོབས་ལྡན་ཆགས་པའི་ཡུལ་མེད་པས། །ལམ་སྟེགས་འབྲས་བུ་ཐོབ་ཏུ་མེད། །བྱར་མེད་ཡེ་ཀློང་དོན་འདི་ལ། །ཚིག་ཏུ་མཚོན་དུ་གདགས་གཞི་མེད། །ཡུལ་དུ་བྱ་རུ་དམིགས་གཏད་མེད། །ཏིང་འཛིན་བཟླས་པ་བྱ་མི་དགོས། །ཅི་ཞིག་བསྒྲུབ་ཅིང་གང་ལ་གནས། །བྱར་མེད་དོན་ལ་བསྔགས་སུ་མེད། །ཇི་ལྟར་སྣང་ཞིང་གྲགས་པའི་ཆོས། །རང་ལས་བྱུང་བས་རང་གི་རྒྱན། །གཞན་དུ་འཛིན་པ་རྟོག་པའི་བློ། །དེ་ལ་ཞེན་


DNG005_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཁྲུལ་པའི་སེམས། །གཟུང་འཛིན་མེད་ན་གྲོལ་བའི་ལམ། །རང་སེམས་དེ་རུ་མ་ཤེས་ན། །ཐབས་ཆེན་གཞན་དུ་བཙལ་དུ་མེད། །སྟོན་པ་རང་དུ་མ་ཤེས་ན། །ཀུན་ཏུ་བཟང་པོ་ལོགས་ན་མེད། །བསྟན་པ་རང་དུ་མ་ཤེས་ན། །ཐེག་པའི་རྣམ་གྲངས་གཞན་ན་མེད། །འཁོར་རྣམས་རང་དུ་མ་ཤེས་ན། །ཡུལ་གཞན་འདུ་ཤེས་སྐྱེ་བར་འགྱུར། །དུས་རྣམས་རང་དུ་མ་ཤེས་ན། །རེ་བའི་ཐག་པ་ཆོད་མི་འགྱུར། །དེ་ལྟར་གནས་པའི་དོན་འདི་ལ། །འཆིང་དང་གྲོལ་བ་གཉིས་སུ་མེད། །གཞལ་བྱ་འཇལ་བྱེད་ཚིག་གི་མཐའ། །དམིགས་པའི་ཡུལ་ལ་རྟོག་དཔྱོད་བྱེད། །ཡིད་དཔྱོད་ཤེས་པ་དོན་དུ་འཛིན། །བསྐལ་པ་བྱེ་བ་བརྒྱར་བགྲངས་ཀྱང་། །བྱ་མེད་དོན་དང་ཕྲད་མི་འགྱུར། །རྣམ་དག་ལམ་ཆེན་ཀུན་འབྱུང་ཕྱིར། །སྐྱེ་བའི་སྒོ་ཡང་དགག་ཏུ་མེད། །མ་བཀག་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་སྐྱེ་བ་མེད། །འཆི་བའི་ལམ་ཡང་བཅད་དུ་མེད། །མ་བཅད་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་འཆི་བ་མེད། །སྐྱེ་ཤི་མེད་པའི་བདུད་རྩི་འདི། །རང་ལ་གནས་པས་བཙལ་མི་དགོས། །ཡོད་དང་མེད་པའི་ཁྱད་པར་ལས། །རྟག་དང་ཆད་པའི་གོལ་སར་བྱུང་། །མཐའ་གཉིས་དབྱིངས་ལ་མི་གནས་ཕྱིར། །མི་རྟོག་ཡེ་ཤེས་ཀློང་དུ་ཐིམ། །རང་བྱུང་ཡེ་ཤེས་སྐུ་བརྙེས་པས། །མཐའ་རྣམས་ཀུན་གྱིས་མི་ནུབ་ཕྱིར། །རྒྱལ་མཚན་ནོར་བུ་རིན་པོ་ཆེ། །ཁྱད་པར་འཕགས་པ་མཆོག་གི་ལམ། །བླ་མེད་བདེར་གཤེགས་རྣམས་ཀྱི་ཐུགས། །ས་བཅུའི་བྱང་ཆུབ་སེམས་དཔའི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་ལུས། །གཏེར་ཆེན་འདི་ལས་གཞན་མེད་པས། །ཀུན་གྱི་རང་བཞིན་འདི་རུ་གཅིག །གཅིག་པོ་མ་ངེས་ཕྱོགས་དང་བྲལ། །ནམ་མཁའ་ལྟ་བུར་ཁྱབ་པའི་ཀློང་། །མཚན་མ་མེད་པའི་དབྱིངས་སུ་ཐིམ། །ཆོས་ཀྱི་སྙིང་པོ་དབྱིངས་ཀྱི་ཀློང་། །ཀུན་འབྱུང་ནོར་བུ་རིན་པོ་ཆེ། །བགྲོད་མེད་རྩོལ་བྲལ་རིག་པའི་ཀློང་། །གཞི་རྩ་མེད་པའི་སེམས་ཉིད་ལ། །ཁ་དོག་དབྱིབས་ཀྱང་གཟུང་དུ་མེད། །


DNG005_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་གནས་ཀྱང་བསྟན་དུ་མེད། །ཐམས་ཅད་དེ་ཡིས་བསྐྱེད་པའི་ཕྱིར། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཡུམ། །ཐམས་ཅད་གནས་སུ་མེད་ལ་གནས། །ཀུན་ཀྱང་བརྟེན་དུ་མེད་ལ་བརྟེན། །ཕུ་བགྲོད་མདའ་བགྲོད་གར་ཕྱིན་ཀྱང་། །སེམས་ཀྱི་ཀློང་ལས་མ་གཡོས་པས། །ཀུན་གྱི་དུར་ཁྲོད་ཆེན་པོའི་དབྱིངས། །མཚན་མ་དབྱིངས་སུ་དག་པའི་ཕྱིར། །རྣམ་དག་ཆེན་པོ་ཉམས་དགའི་ཀློང་། །ཡོན་ཏན་ཐམས་ཅད་འདུས་པའི་ཕྱིར། །ནོར་བུ་རིན་ཆེན་སྤུངས་པའི་ཁྲོད། །ཡུལ་དང་ཡུལ་ཅན་མེད་པའི་ཕྱིར། །བསམ་གྱིས་མི་ཁྱབ་སྐུ་གསུང་ཐུགས། །རྒྱལ་བ་ཀུན་གྱིས་རྟོགས་པའི་ཕྱིར། །དགོངས་པ་མ་ལུས་ཕུལ་དུ་ཕྱིན། །འགྲོ་དྲུག་འཁྲུལ་པས་མ་རྟོགས་པས། །ལྷན་ཅིག་སྐྱེས་ཀྱང་ངོ་མ་ཤེས། །བློ་ཆུང་རྣམས་ཀྱིས་མ་གོ་བས། །བརྟགས་དང་དཔྱད་པའི་མཐའ་ལས་གྲོལ། །དེ་ནི་བློ་ལྡན་གང་ཞིག་གིས། །གཞན་དུ་མི་བལྟ་རང་དུ་བལྟ། །བལྟས་པས་མཐོང་བ་མེད་པ་དེ། །མཉམ་པ་ཉིད་ཀྱི་དོན་མཐོང་ཡིན། །སྐུ་གསུམ་མཆོག་ཏུ་གྱུར་པས་ན། །ཆོས་ཀྱི་སྐུ་ཡི་ངང་ལ་གནས། །བླང་དོར་མེད་དང་སྐྱེ་འགག་མེད། །རྣལ་འབྱོར་ཆེན་པོ་ཞི་བའི་ས། །སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །མེད་པའི་སྙིང་པོ་ནམ་མཁའི་རྫོང་། །ཡོད་པའི་སྙིང་པོ་རྡོ་རྗེའི་སྐུ། །གཉིས་མེད་སྙིང་པོ་ཕྱོགས་དང་བྲལ། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཅིར་ཡང་མཚོན་དུ་མེད་པའི་ཕྱིར། །བསམ་ཞིང་བརྟགས་ཏེ་གང་ལ་དམིགས། །དམིགས་མེད་ཆོས་སྐུ་མཐའ་དང་བྲལ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དོན་གྱི་སྙིང་པོ་བསྟན་པའི་ལེའུ་སྟེ་བཞི་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཉིད་ལས་མི་གཞན་འཁོར་རྣམས་ལ། །རྣལ་འབྱོར་དོན་དུ་གང་བསྟན་པ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡང་། །རྟེན་དུ་མི་བཅའ་རང་སར་བཞག །འཁྲུལ་པས་བརྟགས་


DNG005_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐ་སྙད་ཀྱང་། །དོན་དུ་མི་བཟུང་ཡལ་བར་བཏང་། །ལོག་པས་དཔྱད་པའི་གྲུབ་མཐའ་ཡང་། །བརྟག་དཔྱད་མི་བྱ་བློས་མི་བསམ། །རྒྱལ་བའི་དགོངས་པ་མཚོན་དུ་མེད། །ཐ་སྙད་ཚིག་ལ་བློ་མི་བརྟེན། །ཚིག་དང་ཡི་གེས་གདགས་སུ་མེད། །སེམས་དཔའ་མཆོག་གི་གོ་འཕང་ནི། །རིགས་ཆེན་གནོན་པའི་ས་གཅིག་ལ། །གདགས་གཞི་བྲལ་བའི་ངོ་བོར་གནས། །མཚན་མེད་མཚན་མར་བསྒོམ་མི་བྱ། །མི་བསམ་རྟག་ཏུ་ཡེ་ནས་གནས། །དབྱིངས་ལ་བསམ་དུ་མེད་པའི་ཕྱིར། །དོན་ལ་བསམ་པའི་གཞི་དང་བྲལ། །དེ་བཞིན་ཉིད་ལ་གཞི་མེད་ཕྱིར། །རྣམ་ཤེས་རྒྱུན་ལ་མཚན་ཉིད་མེད། །རྒྱུ་མཚན་མེད་པས་ཆོས་ཀྱི་དབྱིངས། །དེས་ན་དམིགས་པའི་མཐའ་ལས་འདས། །ལམ་དུ་བཙལ་བས་ཅི་ཞིག་རྙེད། །ཐ་སྙད་མེད་པས་སངས་རྒྱས་ཡིན། །སངས་རྒྱས་ཉིད་ལ་བཙལ་རྒྱུ་མེད། །སངས་རྒྱས་སངས་རྒྱས་ཞེས་བྱ་བ། །བྱང་ཆུབ་སེམས་ལས་ལོགས་ན་མེད། །བྱང་ཆུབ་སེམས་ནི་སངས་རྒྱས་ཡིན། །སངས་རྒྱས་ཉིད་ཀྱང་བྱང་ཆུབ་སེམས། །སེམས་དང་སངས་རྒྱས་དབྱེར་མེད་པས། །འཁོར་བའི་རིགས་དང་མྱང་འདས་མེད། །ཀུན་གྱི་རང་བཞིན་འདི་ཡིན་པས། །དེ་ལ་བསམ་པའི་ཡུལ་ཡང་མེད། །ཞེན་པར་བྱ་བའི་གནས་མེད་པས། །ཡུལ་མེད་རིག་པ་གཅིག་པུ་ཉིད། །སྐྱེ་བཞི་རྒྱུད་དྲུག་སྣང་བ་ཡང་། །གཟུང་འཛིན་ཞེན་པ་བརྟས་པ་ལས། །འཕགས་པའི་ཆོས་ལ་བདག་ཏུ་བཟུང་། །དབྱིངས་ལ་ཁ་ཚོན་གཅོད་པའི་ཕྱིར། །འཁྲུལ་པའི་དབང་གིས་འཁོར་བར་འཁྱམས། །མ་དག་པ་ཡི་གོལ་སར་བཤད། །ཕྱོགས་མེད་ལྷུན་གྲུབ་མ་རྟོགས་པར། །ཕྱོགས་ལ་ཡུལ་དུ་འཛིན་པ་ཡིས། །དབྱིངས་ལ་ཁ་ཚོན་གཅོད་པའི་ཕྱིར། །དག་པའི་གོལ་ས་ཞེས་སུ་བཤད། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །དག་དང་མ་དག་གཉིས་སུ་མེད། །གཉིས་མེད་མི་འགྱུར་ཆོས་ཀྱི་དབྱིངས། །དབྱིངས་ལ་གོལ་ས་མེད་པའི་ཕྱིར། །ས་སྟེང་འགྲོ་


DNG005_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཇི་བཞིན་ནོ། །གཉིས་མེད་བསམ་འདས་ཆོས་དབྱིངས་ལ། །འཇུག་པར་བྱ་དང་འབྱུང་བར་བྱེད། །གཉིས་སུ་སྣང་བའི་ཡུལ་མེད་པས། །ཆོས་སྐུ་གཅིག་པུ་རབ་ཏུ་དབེན། །ཕྱོགས་བྲལ་མཁའ་ལྟར་ཡངས་པ་ལ། །དགག་པར་བྱ་དང་སྒྲུབ་པར་བྱེད། །བླང་དང་དོར་བའི་ཡུལ་མེད་པས། །བྱ་བྲལ་ཀློང་ཆེན་ཡེ་ནས་ཡངས། །སྒྱུ་མའི་འཁྲུལ་འཁོར་ལྟ་བུ་ཡི། །རིགས་དྲུག་རྒྱུད་ལྔའི་སེམས་ཅན་ལ། །ཆོས་ཉིད་སྤྱི་ཁྱབ་ཡིན་པས་ན། །ཡུལ་མེད་རིག་པ་ཡེ་ནས་ཆེ། །སེམས་ཀྱི་རང་བཞིན་ངེས་མེད་ལ། །ཕྱི་ནང་སྒ་ཕུགས་མེད་པའི་ཕྱིར། །ཁ་གཏིང་མེད་པར་ཡེ་ནས་གསལ། །འཁོར་བ་ཡེ་ནས་མྱ་ངན་འདས། །སྡུག་བསྔལ་བྱང་ཆུབ་སེམས་སུ་ཤར། །གང་ལ་ཐོབ་པར་བྱ་བ་དང་། །འཇུག་པར་བྱ་བ་ཅི་ཡང་མེད། །ཡུལ་དང་སེམས་སུ་དབྱེ་བ་མེད། །མ་བརྟགས་སེམས་ཀྱི་ཆོ་འཕྲུལ་ཡིན། །བརྟགས་ན་སེམས་ཀྱི་ངོ་བོ་དེ། །དམིགས་སུ་རྡུལ་ཙམ་ཡོད་མི་འགྱུར། །དེ་ཕྱིར་གདགས་གཞི་ཀུན་དང་བྲལ། །དེ་མཐོང་སངས་རྒྱས་མངོན་སུམ་སྟེ། །དེ་བསྒོམས་མཚན་མའི་གོལ་ས་ཡིན། །བསྒོམ་དུ་མེད་ལ་སྟེགས་ཚོལ་བ། །མཁའ་ལ་གསེར་གྱི་སྐས་ཚོལ་འདྲ། །སེམས་ལས་མ་གཏོགས་ཆོས་འཚོལ་བ། །རི་དྭགས་སྨིག་རྒྱུ་བསྙེག་པ་བཞིན། །དོན་དང་ཕྲད་པར་མི་འགྱུར་ཏེ། །སེམས་ཀྱི་རང་བཞིན་དེ་ཤེས་ན། །ཆོས་ཀྱི་རང་བཞིན་ཤེས་པ་ཡིན། །གཅིག་ཤེས་ཀུན་ཀྱང་ཤེས་པ་ཡིན། །གཅིག་རིག་ཀུན་ཀྱང་རིག་པ་ཡིན། །རང་རིག་ཀློང་ན་མ་རིག་མེད། །མ་རིག་པ་དང་ཡེ་ཤེས་གཉིས། །གཞི་རྩ་མེད་ལ་སོ་སོར་བརྟགས། །དེ་ཡང་མ་རིག་འཁྲུལ་པའི་སེམས། །བསམ་དུ་མེད་དང་བསམ་གཏན་གཉིས། །ངེས་པ་གཅིག་ལ་བྱེ་བྲག་འབྱེད། །དེ་ཡང་འོག་མ་འཁྲུལ་པའི་བློ། །བསྒོམ་དུ་མེད་དང་བསྒོམ་པ་གཉིས། །ངེས་པ་གཅིག་ལ་བྱེ་བྲག་འབྱེད། །དེ་ཡང་ཡུལ་ཅན་རྟོག་པའི་བློ། །ཡང་དག་དོན་གྱི་ངོ་བོ་ལ། །གང་ཞིག་


DNG005_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་ཞིང་ཅི་ཞིག་བསམ། །བསམ་དུ་དམིགས་པའི་མཐའ་ལས་འདས། །བསྒོམ་དུ་ཡེངས་པའི་ཡུལ་དང་བྲལ། །དོན་དེའི་ཚུལ་གྱིས་མཚོན་དུ་མེད། །ཅེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དགོངས་པ་མཆོག་གི་ལེའུ་སྟེ་ལྔ་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགག་བསྒྲུབ་མེད་པའི་དོན་ལ་མཐའ་དབུས་མེད་པར་གསུངས་པ། །ཕྱོགས་མེད་ལྷུན་གྲུབ་མཐའ་མེད་ཀློང་། །ཡེ་ཤེས་དབྱིངས་ལ་རབ་ཏུ་འབྱམས། །ངེས་མེད་རོལ་པ་ནམ་མཁའ་འདྲ། །ཆོ་འཕྲུལ་ཆེན་པོ་རབ་ཏུ་སྟོན། །འདི་ཡིན་འདི་མིན་མཐའ་ལས་འདས། །མིང་ཚིག་ཐ་སྙད་ཀུན་དང་བྲལ། །མཚོན་བྱ་ལས་མཐའ་མཐའ་བྲལ་བ། །ཡོད་འབྱམས་མེད་འབྱམས་དགག་སྒྲུབ་མེད། །དམིགས་པའི་ཡུལ་ལས་འདས་པའི་ཕྱིར། །ཚད་དང་བྲལ་བས་བྱང་ཆུབ་ཀློང་། །རྒྱ་མཚོའི་དབྱིངས་ཀྱི་ཆུ་ཟླ་བཞིན། །གཟུགས་བརྙན་སྣང་ཡང་རང་བཞིན་མེད། །སྣང་འབྱམས་སྟོང་པའི་དབྱིངས་ལ་འབྱམས། །ཡུལ་དུ་བྱར་མེད་གཞི་རྩ་བྲལ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཆོས་རྣམས་སྙིང་པོ་བྱང་ཆུབ་སེམས། །ཅིར་ཡང་སྣང་ལ་མཚན་ཉིད་མེད། །ཀློང་ཡངས་རྒྱ་ཁྱོན་བྲལ་བས་ན། །མ་བཀག་ཅི་བདེར་ཡངས་པར་སྤྱོད། །མཐའ་དང་བྲལ་བའི་ཆོས་ཉིད་ནི། །གདགས་གཞི་ཡུལ་ལས་འདས་པ་སྟེ། །རིག་པ་ཡུལ་མེད་ཡུལ་དུ་ཤར། །ཀུན་གྱི་དངོས་གཞི་ཡིན་པ་སྟེ། །ཕྱོགས་འཛིན་གང་ཡང་མ་སྤངས་པས། །ཕྱོགས་མེད་ཀློང་ན་འབྱམས་པ་སྟེ། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཕྱིར། །ནམ་མཁའི་དབྱིངས་ལྟར་དངོས་དང་བྲལ། །མཐའ་བཞིར་མ་འགགས་མ་ཞེན་པས། །ཡུལ་ལ་དམིགས་པ་མེད་པ་སྟེ། །མི་འགྱུར་ལྷུན་གྲུབ་གདལ་བ་ཆེ། །ཀློང་ཡངས་རྒྱ་ཁྱོན་མེད་པར་གསལ། །ཀློང་ཆེན་གཅིག་གི་ཀློང་དཀྱིལ་ནས། །ཀློང་ཕྲན་མཐའ་ཡས་ཀུན་ཀྱང་ཤར། །ལྷུན་འབྱམས་མི་འགྱུར་ཀློང་དུ་ཞི། །


DNG005_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱང་འབྱམས་པས་དེ་རུ་གཅིག །ཐམས་ཅད་མཉམ་པའི་ངང་ལ་གནས། །གཡོས་པ་མེད་པའི་ཆོས་ཉིད་དེ། །མཉམ་པའི་དོན་ལས་མ་གཡོས་པས། །མི་མཉམ་ཤར་ཡང་མཉམ་ཉིད་གཅིག །སྤང་བླང་མེད་པ་དབྱིངས་ན་འབྱམས། །ཡོད་འབྱམས་སྣང་བའི་དངོས་པོར་འབྱམས། །ཐམས་ཅད་དེ་ལས་སྐྱེས་པའི་ཕྱིར། །མེད་འབྱམས་སྟོང་པ་དངོས་མེད་འབྱམས། །དེ་ལ་མཚན་ཉིད་མེད་པའི་ཕྱིར། །དངོས་དང་དངོས་མེད་ཕ་རོལ་ན། །འཁོར་འདས་བྱ་བའི་མིང་ཡང་མེད། །འཁོར་འདས་སྤངས་པས་མི་སྤོང་སྟེ། །གཉིས་ཀ་དབྱིངས་སུ་གཅིག་པའི་ཕྱིར། །ལྟོས་ཆོས་གཉིས་ཀྱི་མཐའ་ལས་འདས། །ཡོད་དང་མེད་པར་གདགས་སུ་མེད། །ངེས་མེད་རང་ཤར་རོལ་པ་འདི། །རང་གི་དབྱིངས་ནས་ཤར་བ་སྟེ། །རང་ཤར་ཡིན་པས་ནུབ་པ་མེད། །ཡེ་ཤེས་ཆེན་པོའི་དབྱིངས་ལ་འབྱམས། །རིག་པ་ཕྱི་ནང་མེད་པས་ན། །སྤྱོད་ཡུལ་ཀུན་ཏུ་གདལ་བ་ཆེ། །དབྱེ་བསལ་བླང་དོར་མེད་པས་ན། །མཉམ་པའི་ཀློང་ན་ཕྱོགས་རིས་མེད། །ཀློང་ཆེན་གཅིག་ལས་མ་གཡོས་པར། །ཀློང་ཕྲན་མཐའ་ཡས་ཀུན་འབྱམས་ཀྱང་། །ངེས་མེད་མི་འགྱུར་ཀློང་དུ་འབྱམས། །ཀུན་འབྱམས་འདི་ཡིན་མེད་པས་ན། །འདི་ཞེས་རྩོལ་བ་མེད་པའི་ངང་། །ཇི་བཞིན་པ་ལས་གཡོས་པ་མེད། །དེ་བཞིན་ཉིད་དུ་འབྱམས་པ་ལ། །ཅི་ཡང་མ་ཡིན་དོན་གོ་བས། །ངེས་མེད་ཀློང་འབྱམས་ཕྱི་ནང་མེད། །དབྱེར་མེད་མ་ཆགས་ཆོས་ཉིད་ལ། །བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད། །གཉིས་དང་གཉིས་མེད་མཉམ་པའི་དབྱིངས། །ཐ་དད་མེད་པས་མཉམ་པར་འབྱམས། །མཉམ་ཉིད་གཅིག་པའི་ཀློང་དཀྱིལ་ནས། །མི་མཉམ་ཀློང་ཕྲན་མཐའ་ཡས་ཤར། །འདྲ་དང་མི་འདྲའི་ཁྱད་པར་གྱིས། །ཅི་ཡང་ཡིན་ནོ་གང་ཡང་འདྲ། །དབྱིངས་ལ་བཟང་ངན་བྱེ་བྲག་མེད། །འདྲ་ན་འདྲ་འབྱམས་མི་འདྲ་ཡང་། །ཀུན་འབྱམས་ཡིན་ཏེ་དབྱེ་བསལ་མེད། །ཆོས་ལ་ཆོས་ཀྱིས་མི་མཚོན་ཏེ། །


DNG005_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལ་འདི་འདྲའི་ཡུལ་མི་གནས། །གང་ཡིན་གང་དང་མི་འགལ་བས། །གྲུབ་མཐའ་ཀུན་གྱི་སྙིང་པོ་ཡིན། །འགལ་དང་མི་འགལ་མེད་པར་གཅིག །དབྱིངས་སུ་མ་འབྱམས་གང་ཡང་མེད། །དེས་ན་ཀུན་བཟང་གདལ་བའི་ཀློང་། །ཐམས་ཅད་མཉམ་པར་ཡོངས་ཀྱིས་གནས། །རྟོག་པས་རྩོལ་དང་མི་རྟོག་བསྒོམ། །བཙལ་དུ་མེད་པས་ཀུན་ཀྱང་འདྲ། །གཉིས་མེད་རང་བཞིན་ཀློང་དུ་འབྱམས། །གཉིས་ཀ་སེམས་ཉིད་ཡིན་པས་ན། །དངོས་པོར་སྣང་བ་ཅི་ཡང་མེད། །ཅི་ཡང་མེད་པའི་ཆོས་ཉིད་ལ། །བཟང་ངན་བླང་དོར་ཡོངས་ཀྱིས་མེད། །རང་བཞིན་དབྱིངས་སུ་གཅིག་པ་ལ། །མཚན་མའི་སྤྲོས་དང་ངང་གིས་བྲལ། །མ་སྐྱེས་སེམས་ཀྱི་རང་བཞིན་ལ། །ངོ་བོ་འདྲི་འདྲར་མི་གནས་ཕྱིར། །དགག་དང་སྒྲུབ་པར་བྱ་བ་དང་། །སྤང་དང་ཐོབ་པར་བྱ་བ་མེད། །མི་མཐུན་གཉེན་པོ་དབྱེར་མེད་པས། །གཅིག་གི་ཀློང་དུ་རབ་ཏུ་ཐིམ། །བྱར་མེད་སེམས་ཉིད་ཀློང་ཆེན་ལ། །རྩོལ་བ་མ་ལུས་ཀུན་སྤངས་ཏེ། །མ་བཅོས་ངང་དུ་ལྷུན་གྱིས་གྲུབ། །སྐྱོན་ཡོན་བདེ་སྡུག་འཁོར་འདས་ཆོས། །མཁའ་རླུང་བར་སྣང་སྤྲིན་བཞིན་དུ། །རང་བྱུང་རང་ཞི་ཀློང་དུ་གྲོལ། །གྲོལ་བར་བཏགས་པ་ཐ་སྙད་དེ། །གྲོལ་བའི་ཕྱོགས་སུ་ལྷུང་བའི་ཕྱིར། །འཛིན་པ་རྟོག་པའི་ནད་དུ་ཆེ། །གྲོལ་དང་མ་གྲོལ་གཅིག་གི་ཀློང་། །གཉིས་སུ་འཛིན་པའང་དེ་ན་འབྱམས། །མཉམ་པའི་དོན་ལས་འཁྲུལ་པ་མེད། །ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །གང་ཡང་མ་སྤངས་ཡངས་པ་ཆེ། །གང་དུ་མི་གནས་དག་པས་ན། །མཐའ་དང་བྲལ་བའི་ཀློང་དུ་གྲོལ། །གདལ་བ་ཆེན་པོའི་ངང་ལ་གནས། །གཅིག་པུ་རྟེན་མེད་ཡུལ་མེད་པས། །རིས་མེད་ཕྱོགས་མེད་གནས་མེད་ཕྱིར། །སུས་ཀྱང་མ་བྱས་རང་གི་ཀློང་། །གསལ་བར་ཤར་ཕྱིར་ཕྱི་ནང་མེད། །སྔ་མའི་རྒྱུ་མེད་རྟེན་མེད་ལ། །ཕྱི་མའི་གནས་མེད་ཡུལ་མེད་པས། །བག་ཆགས་བཞག་པའི་གཞི་མེད་ཕྱིར། །


DNG005_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞི་ཡུལ་མེད་ཟང་ཐལ་ཀློང་། །ནམ་མཁའི་ཁམས་ཀྱི་བྱ་ལམ་བཞིན། །རྗེས་མེད་སྐྱོན་དང་ཡོན་ཏན་བྲལ། །འཁོར་བ་མྱ་ངན་འདས་པའི་ཆོས། །རྒྱུ་རྐྱེན་མེད་པར་རང་ལས་བྱུང་། །མཚན་ཉིད་མེད་པས་ཀློང་དུ་འབྱམས། །རེ་དོགས་མེད་པས་དབྱིངས་ལ་གསལ། །དབྱིངས་ལ་དབྱིངས་ཤར་བྱང་ཆུབ་སེམས། །སེམས་ཀློང་གཅིག་ལས་མ་གཏོགས་པའི། །ཡུལ་ཅན་རྫས་སུ་མ་གྲུབ་པས། །གཞན་དུ་སྣང་བ་གུད་ན་མེད། །རྟོག་པའི་དབང་གིས་གཞན་དུ་བཏགས། །བྱང་ཆུབ་སེམས་ལ་ཕྱི་ནང་མེད། །ཡུལ་མེད་ཀློང་ན་ཀུན་འབྱམས་པས། །གཞི་རྩ་མེད་པའི་ཆོས་ཉིད་ཡིན། །རྣམ་པར་དག་པའི་ངང་ཉིད་ལ། །རྟེན་འདྲེལ་སྒྱུ་མའི་རོལ་པར་ཤར། །གཞི་ཤར་རང་གྲོལ་རང་སྣང་ལས། །བྱ་བྲལ་མུ་མེད་ཀློང་དུ་འབྱམས། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། རིག་པ་ཡུལ་མེད་དུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འོག་མ་པ་ལ་ནན་ཏན་དུ་གསུངས་པ། ཉན་ཐོས་དོན་ལས་འཁྲུལ་པ་ཡིས། །ཡུལ་སེམས་གཉིས་སུ་བཟུང་བས་ནོར། །རང་རྒྱལ་དོན་ལས་འཁྲུལ་པ་ཡིས། །རྟེན་འདྲེལ་བཅུ་གཉིས་དོན་ལ་རྟོག །བྱང་ཆུབ་སེམས་དཔའ་བློ་ཆུང་བས། །བདེན་པ་གཉིས་ཀྱི་ཚུལ་དུ་འཛིན། །ཅིར་སྣང་སེམས་ཉིད་རང་སྣང་ལ། །ཕ་རོལ་ནན་གྱིས་རྟོག་པ་དེ། །མཉམ་ཉིད་མི་རྟོག་འཁྲུལ་པའི་བློ། །ཀྲི་ཡ་རིགས་གསུམ་ལྷར་བསྒོམས་ནས། །ལུས་ངག་རྩོལ་བའི་བྱ་བྱེད་ཅན། །གཉིས་ཀ་རྒྱུད་ཀྱི་ཐིག་པ་ནི། །ཁ་བྲག་ལམ་དུ་ཞུགས་པ་བཞིན། །ཡོ་ག་སྔགས་དང་ཕྱག་རྒྱ་ཡང་། །སྨྱོན་པ་གར་ཐབས་བྱེད་དང་མཚུངས། །ཇི་ལྟར་སྣང་ཡང་རང་རིག་ལ། །བྱང་ཆུབ་སེམས་ལས་གཞན་མེད་པས། །གཞན་དུ་བལྟ་བ་འཁྲུལ་པའི་བློ། །མ་ཧཱ་བདེན་པ་དབྱེར་མེད་ལ། །སྤྱོད་ཡུལ་བྲལ་བར་བལྟ་བ་སྟེ། །ཐབས་དང་ཤེས་རབ་དོན་དུ་འཛིན། །ཨ་ནུ་ཡོ་གའི་བལྟ་བ་ནི། །


DNG005_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལས་ཡེ་ཤེས་མཐུ་སྣང་བས། །གཉིས་མེད་བྱང་སེམས་བདེ་བ་ཆེ། །ཡོ་ག་རྣམ་བཞིས་གཞི་བྱས་ནས། །ཇི་ལྟར་བལྟས་ཀྱང་ཆོས་ཀྱི་དབྱིངས། །གཞན་དུ་གཡོས་པ་མེད་པའི་ཕྱིར། །ཐེག་པ་ཀུན་འབྱམས་མཐོ་དམན་མེད། །ཀློང་ཆེན་རྒྱལ་པོ་ལྟ་བུ་ཡིས། །ཐམས་ཅད་ཀུན་ལ་དབང་བསྒྱུར་བས། །རྒྱལ་སྲིད་ཀུན་ཀྱང་གཅིག་ཏུ་འདུས། །མཐའ་གཉིས་མ་གྲུབ་མ་སྤངས་པས། །ཆོས་ཉིད་ཀློང་ལ་ཡངས་དོག་མེད། །བདེ་གདལ་བྱང་ཆུབ་སེམས་ཀྱི་དབྱིངས། །ཐམས་ཅད་འདུས་པས་ཐིག་ལེར་གཅིག །ཡེ་ནས་མ་སྐྱེས་ཆོས་ཀྱི་སྐུ། །སྐྱེ་ན་སྐྱེ་འབྱམས་སྐྱེ་མེད་དང་། །ཤི་ན་ཤི་འབྱམས་འཆི་མེད་ཀློང་། །ཐིག་ལེའི་ངང་ལ་སྐྱེ་ཤི་མེད། །འཁོར་འབྱམས་འདས་འབྱམས་དབྱེར་མེད་འབྱམས། །དགེ་འབྱམས་སྡིག་འབྱམས་མ་སྤངས་འབྱམས། །ཐིག་ལེའི་ངང་ལ་འཁོར་འདས་དང་། །དགེ་སྡིག་རྒྱུ་འབྲས་ཡེ་ནས་མེད། །རྟག་ན་རྟག་འབྱམས་ཆད་འབྱམས་ཏེ། །ཐིག་ལེའི་ངང་ལ་རྟག་ཆད་མེད། །མཉམ་པ་རིས་མེད་ཡེ་གདལ་ལ། །སྣང་འབྱམས་སྟོང་འབྱམས་དབྱེར་མེད་འབྱམས། །ཐིག་ལེ་གཅིག་ལ་སྣང་སྟོང་གཉིས། །ཡེ་ནས་མེད་ཕྱིར་མཉམ་པའི་ངང་། །མཉམ་ཉིད་ཐིག་ལེ་ལྷུན་འབྱམས་ལ། །ཕྱི་ནང་གཉིས་ཀ་གཉིས་མེད་སྣང་། །ཀུན་སྣང་རིས་མེད་ཆོས་ཀྱི་དབྱིངས། །ཇི་ལྟར་སྣང་ཡང་སྣང་འབྱམས་དང་། །མཚན་མེད་ཐིག་ལེ་ལྷུན་འབྱམས་ལ། །ཕྱི་ནང་གཉིས་ཀ་གཉིས་མེད་སྟོང་། །ཀུན་སྣང་ཁྱབ་གདལ་ཆོས་ཀྱི་དབྱིངས། །ཇི་ལྟར་སྟོང་ཡང་དབྱིངས་སུ་འབྱམས། །ཅིར་གསལ་ཐིག་ལེ་ལྷུན་འབྱམས་ལ། །ཕྱི་ནང་གཉིས་ཀ་གཉིས་མེད་རིག །ཀུན་རིག་ཡུལ་མེད་ཆོས་ཀྱི་དབྱིངས། །ཇི་ལྟར་རིག་ཀྱང་རིག་པའི་དབྱིངས། །ཤར་ནུབ་མེད་པའི་ཐིག་ལེ་ལ། །ཕྱི་ནང་གཉིས་ཀ་གཉིས་མེད་ཤར། །ཀུན་ཤར་ཟང་ཐལ་ཆོས་ཀྱི་དབྱིངས། །ཇི་ལྟར་ཤར་ཡང་ཡེ་ཤེས་འབྱམས། །འཕོ་འགྱུར་མེད་པའི་ལྷུན་གྲུབ་ལ། །ཕྱི་ནང་གཉིས་ཀ་གཉིས་མེད་གནས། །ཀུན་གཞི་གནས་འགྱུར་ཆོས་ཀྱི་དབྱིངས། །ཇི་ལྟར་གནས་ཀྱང་


DNG005_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་འབྱམས། །སྐྱེ་འགག་མེད་པའི་ཐིག་ལེ་ལ། །ཕྱི་ནང་གཉིས་ཀ་གཉིས་མེད་གྲོལ། །ཀུན་གྲོལ་ཉག་གཅིག་ཆོས་ཀྱི་དབྱིངས། །ཇི་ལྟར་གྲོལ་ཀྱང་ཆོས་སྐུའི་ཀློང་། །ཀློང་འབྱམས་ཆེན་པོ་དེ་ཉིད་ལ། །དུས་གསུམ་རྣམ་པ་ཐམས་ཅད་དུ། །ཇི་ལྟར་བྱས་ཀྱང་ཆོས་ཉིད་རང་། །ཆོས་ཉིད་ཀློང་ལ་མཚན་མ་མེད། །ཡོད་མེད་ལ་སོགས་རྣམ་པ་ཀུན། །ཡེ་ནས་མ་སྐྱེས་གཞི་མེད་པས། །ཅིར་སྣང་མཚན་མ་མེད་པར་སྣང་། །བཅོས་བསླད་ངང་གིས་བྱ་མི་དགོས། །སུས་ཀྱང་མ་བཅོས་མ་བྱས་པའི། །ནམ་མཁའ་ལྟ་བུའི་རང་བཞིན་ལ། །གཞའ་ཚོན་སྤྲིན་ཚོགས་གློ་བུར་ཆོས། །རྟོག་པའི་བྱུང་ཚོར་ཇི་སྙེད་པ། །ནམ་མཁའ་ཉིད་ཡིན་བསལ་མི་དགོས། །རང་བྱུང་རང་ཞི་ཀློང་དུ་ཞི། །འགྲོ་ས་མེད་དེ་དེ་རུ་འབྱམས། །བྱུང་ས་མེད་དེ་དེ་ལས་བྱུང་། །དེ་བཞིན་འཁོར་འདས་སྣོད་བཅུད་ཀྱང་། །རང་བྱུང་རང་ཞི་ཆོས་ཉིད་ཀློང་། །བྱང་ཆུབ་སེམས་སུ་ཞི་བ་ལས། །གཞན་དུ་བལྟ་བའི་ཆོས་མེད་ཕྱིར། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད། །འཕོ་འགྱུར་མེད་པ་རྒྱལ་བའི་སྐུ། །ཕྱི་ནང་མེད་པར་རང་གསལ་བས། །རང་བྱུང་ཡེ་ཤེས་ཐུགས་ཀྱི་ངང་། །སྐྱེ་བའི་ཆོ་འཕྲུལ་རྒྱལ་བའི་གསུང་། །སྐུ་གསུམ་དབྱེར་མེད་ལྷུན་གྲུབ་ཀློང་། །བྱང་ཆུབ་སེམས་སུ་ཞི་བ་ལས། །གཅིག་གི་དབྱིངས་ལས་མ་གཡོས་པར། །སྐུ་གསུང་ཐུགས་ཤར་རང་གི་རྩལ། །བྱ་བྲལ་ཀློང་དུ་བྱེ་བྲག་མེད། །མཁའ་ལ་སྤྲིན་བཞིན་ཀློང་ན་འབྱམས། །ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །རང་བྱུང་རྒྱལ་བའི་ཐུགས་རྗེ་ཡིས། །གདུལ་བྱ་མ་ལུས་ཀུན་འདུལ་བ། །རོལ་པའི་ཕྱག་རྒྱ་སྐར་ཚོགས་བཞིན། །གཅིག་གི་ཆོ་འཕྲུལ་གྲངས་མེད་པས། །དབྱིངས་སུ་ཐ་དད་ཡོང་གིས་མེད། །རང་བྱུང་ཡེ་ཤེས་མཁའ་ཀློང་ནས། །ཤར་བའི་ཆོས་རྣམས་ཐམས་ཅད་ཀུན། །འཛིན་པས་སོ་སོར་བཏགས་པ་ཀུན། །དབྱིངས་ལ་བྱེ་བྲག་གང་ཡང་མེད། །མ་འདྲེས་ཡོངས་རྫོགས་དབྱིངས་ཀྱི་རྒྱན། །རང་སར་གྲོལ་བ་དབྱིངས་ཀྱི་ཀློང་། །ཀློང་ཆེན་གཅིག་ལས་


DNG005_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཡོས་པས། །ཀློང་ཕྲན་མཐའ་ཡས་ཀུན་ཤར་ཀྱང་། །རང་བཞིན་ལྷུན་གྲུབ་གཞི་ཡི་ཀློང་། །ངོ་བོ་རང་བྱུང་ཡེ་ཤེས་ཀློང་། །དོན་ལ་སྐྱེ་མེད་གཉིས་མེད་ཀློང་། །ཐོག་མཐའ་མེད་པའི་ཆོས་ཉིད་ལ། །བདག་ཉིད་འབྲས་བུ་ཡེ་གྲུབ་ཀློང་། །སྣ་ཚོགས་གཞིར་འདུས་གཅིག་ལས་ཤར། །གཅིག་གི་ཆོ་འཕྲུལ་གྲངས་མེད་པས། །གཅིག་ལས་ཤར་བས་གཞི་རུ་འབྱམས། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། བལྟ་བ་མུ་མཐའ་མེད་པའི་ལེའུ་སྟེ་བདུན་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་དགོངས་པ་མ་ནོར་བར་གསུངས་པ། །རྒྱུ་མཚན་གཅིག་པའི་ཆོས་ཉིད་ལ། །བྱང་ཆུབ་མ་ནུབ་མཚན་ཉིད་མེད། །དོན་དམ་ཀུན་རྫོབ་རང་བཞིན་གཅིག །གཉིས་མེད་བསམ་འདས་སྐྱེ་འགག་མེད། །ཁམས་གསུམ་འཁོར་བའི་སེམས་ཅན་དང་། །སྐུ་གསུམ་བཀོད་པའི་ཞིང་ཁམས་ཀུན། །ཡེ་ནས་སྙིང་པོར་གཅིག་པ་ལ། །གློ་བུར་དྲི་མ་དག་པའི་ཕྱིར། །ཡེ་ནས་དབྱེར་མེད་གཉེན་པོ་མེད། །མཐའ་ཡི་མུན་པ་དུས་གཅིག་གསལ། །མཐའ་མེད་ཀློང་འབྱམས་ལྷུན་གྱིས་གྲུབ། །ཆོས་སྐུའི་ཀློང་དེར་ཅིར་ཡང་གནས། །རང་བཞིན་ངེས་མེད་སྤྲུལ་པའི་སྐུ། །ཅིར་ཡང་འཆར་ཏེ་ཅིར་ཡང་གསལ། །སྐྱེ་བ་མེད་པ་ལོངས་སྤྱོད་རྫོགས། །ལོངས་སྐུའི་ཀློང་ལ་ཅིར་ཡང་ཡིན། །ཐོག་མཐའ་མེད་པ་རྡོ་རྗེའི་སྐུ། །རྡོ་རྗེའི་སྐུ་ལ་འཇིག་འབྲལ་མེད། །དབྱེར་མེད་སྐྱེ་ཤི་བྲལ་བའི་ཕྱིར། །དེ་ཉིད་མངོན་པར་བྱང་ཆུབ་སྐུ། །ཆོས་ཉིད་གཅིག་ལ་སྐུ་ལྔར་སྣང་། །སྣང་བ་སྣ་ཚོགས་ཅིར་ཤར་ཡང་། །སྐུ་ལྔའི་ཀློང་ནས་གཡོས་པ་མེད། །དམྱལ་བ་ཚ་གྲང་སྡུག་བསྔལ་ཀྱང་། །ཆོས་ཉིད་རང་གི་ཀློང་ན་འབྱམས། །རང་ལས་ཐ་དད་མེད་པའི་ཕྱིར། །སྐུ་གསུམ་ཀློང་དུ་ཡེ་སངས་རྒྱས། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ཡང་། །ཆོས་ཉིད་རང་གི་ཀློང་ན་འབྱམས། །རང་ལས་ཐ་དད་མེད་པའི་ཕྱིར། །སྐུ་གསུམ་ཀློང་དུ་ཡེ་སངས་རྒྱས། །བྱོལ་སོང་བཀོལ་སྤྱོད་སྡུག་བསྔལ་ཡང་། །ཆོས་


DNG005_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རང་གི་ཀློང་ན་འབྱམས། །རང་ལས་ཐ་དད་མེད་པའི་ཕྱིར། །སྐུ་གསུམ་ཀློང་དུ་ཡེ་སངས་རྒྱས། །མི་དང་ལྷ་དང་ལྷ་མ་ཡིན། །དེ་ལ་སོགས་པའི་འགྲོ་དྲུག་ཀྱང་། །སྡུག་བསྔལ་རང་རྒྱུད་མེད་པའི་ཕྱིར། །དེ་ཡང་ཆོས་ཀྱི་དབྱིངས་ན་འབྱམས། །རང་ལས་ཐ་དད་མེད་པའི་ཕྱིར། །སྐུ་གསུམ་ཀློང་དུ་ཡེ་སངས་རྒྱས། །ཐེག་པའི་ཁྱད་པར་ཇི་སྙེད་པ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །ཀློང་ཆེན་གཅིག་གི་ཡོན་ཏན་ཏེ། །གདུལ་བྱ་རྣམས་ལ་བསྟན་པར་ཟད། །དེ་ལས་གཞན་དུ་བཏགས་པ་ཡི། །རྒྱུ་འབྲས་རྣམ་པ་ཡོངས་ཀྱིས་མེད། །རྒྱུ་མེད་ཡེ་ནས་ཆོས་ཉིད་ཀློང་། །རྐྱེན་མེད་ཡེ་ནས་རོལ་པའི་ཀློང་། །འབྲས་བུ་རང་བྱུང་ཡེ་ཤེས་ཏེ། །མཚན་མའི་རྒྱུ་འབྲས་ཀུན་ལས་འདས། །ཡེ་ནས་སྐུ་གསུམ་ཀློང་དུ་གྲོལ། །དེ་རུ་མ་འདུས་ཆོས་མེད་པས། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཡུལ་དང་འདོད་ཡོན་ཡེ་སངས་རྒྱས། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས། །སེམས་ཀྱི་ཀློང་ནས་མ་ཤར་བའི། །ལྷག་པའི་ཆོས་ནི་གཞན་ན་མེད་དོ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས།) རིགས་ལ་བྱེ་བྲག་མེད་པའི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་དགོངས་པ་མ་ནོར་བར་གསུངས་པ། དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ། །ཐམས་ཅད་འདུས་ཤིང་རྫོགས་པས་ན། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡིན། །ཕྱི་ནང་སྒོ་ཕུགས་བྲལ་བས་ན། །མཉམ་པ་ཉིད་ཀྱི་དཀྱིལ་འཁོར་ཡིན། །མཐའ་དབུས་གཉིས་སུ་མེད་པའི་ཕྱིར། །མུ་མཐའ་མེད་པའི་དཀྱིལ་འཁོར་ཡིན། །འཁོར་འདས་སྟེང་འོག་མེད་པའི་ཕྱིར། །མཐོ་དམན་མེད་པའི་དཀྱིལ་འཁོར་ཡིན། །སྒྲིབ་པ་གཉིས་དང་བྲལ་བའི་ཕྱིར། །མ་བཀོད་གསལ་བའི་དཀྱིལ་འཁོར་ཡིན། །རིག་པ་ཕྱི་ནང་མེད་པའི་ཕྱིར། །དབྱེར་མེད་ཟང་ཐལ་དཀྱིལ་འཁོར་ཡིན། །དགག་བསྒྲུབ་གཉིས་དང་བྲལ་བའི་ཕྱིར། །རྒྱ་ཆེན་སྣང་བའི་དཀྱིལ་འཁོར་ཡིན། །མ་སྤངས་རང་


DNG005_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སར་གྲོལ་བས་ན། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་མཆོག །ཀློང་ཡངས་འུབ་ཆུབ་གདལ་ཁྱབ་པ། །སྤྱིར་ཆིབས་ས་བཅུ་འདུས་པའི་ཀློང་། །གཅིག་ལས་བྱེ་བྲག་ཕྱེ་བའི་ཕྱིར། །ས་བཅུར་སྣང་བ་ཡོན་ཏན་ཡིན། །གཅིག་ཏུ་འདུས་པས་མཐོ་དམན་མེད། །མཐོ་དམན་མེད་པས་ཡངས་དོག་མེད། །མཐའ་དབུས་བྲལ་བས་ཕྱི་ནང་མེད། །སྐྱེ་འགག་མེད་པས་དུས་གསུམ་མེད། །དུས་གསུམ་མེད་པས་སྐྱེ་ཤི་མེད། །འདུ་འབྲལ་མེད་པ་རྒྱལ་བའི་སྐུ། །དགོངས་པ་མཉམ་པ་ཉིད་དུ་གཅིག །རྒྱལ་བའི་དགོངས་སྤྱོད་བསམ་ཡས་ཀྱང་། །རང་བྱུང་ཡེ་ཤེས་གཅིག་གི་ཀློང་། །གཞན་དུ་གཡོས་པ་རྡུལ་ཙམ་མེད། །མ་བཅོས་དགོངས་པ་མཆོག་གི་དང་། །སངས་རྒྱས་བྱང་ཆུབ་རང་གི་སེམས། །འགྲོ་དྲུག་སེམས་ཅན་རང་གི་ལུས། །རྣམ་པར་དག་པས་བྱང་ཆུབ་སྐུ། །གང་ལས་བཙལ་དུ་མེད་པའི་ཕྱིར། །མ་ནོར་སེམས་ཀྱི་ལུང་ཆེན་ཡིན། །སྤྱོད་ཡུལ་འདི་ལ་གནས་པ་གང་། །ཕྱོགས་མེད་དོན་ལ་གནས་པ་ཡིན། །འཇིག་རྟེན་འདི་ལ་ལྷ་མིར་སྤྱོད། །སངས་རྒྱས་ས་ན་གཙོ་བོའི་མཆོག །ལམ་དང་ས་དང་རྟེན་དག་ལ། །བགྲོད་རྩོལ་སྦྱང་བ་མི་དགོས་ཏེ། །ཡེ་ནས་ཅི་ལའང་མ་ཆགས་ཏེ། །གཞན་ལ་བརྟེན་དུ་ག་ལ་ཡོད། །སེམས་ཉིད་རྫོགས་པ་ཆེན་པོ་ལ། །བསྒོམ་ཞིང་དམིགས་སུ་མེད་པ་སྟེ། །མ་བསྒོམས་སངས་རྒྱས་དག་དང་མཚུངས། །དེ་ཕྱིར་བསྒོམ་མེད་དོན་འདི་ལ། །མ་བསྒོམས་སྟོང་བྲལ་མེད་པའི་ཕྱིར། །བསྒོམ་དང་མ་བསྒོམས་མེད་པར་མཚུངས། །ནམ་མཁའི་དཔེ་ལ་བསྒོམ་མི་གནས། །འཛིན་པའི་སེམས་ལ་བསྒོམ་དུ་མེད། །ཡོད་དང་མེད་པ་དབྱིངས་སུ་གཅིག །དེ་ལ་སོམ་ཉི་བྱ་རུ་མེད། །ཕྱི་ནང་དངོས་པོའི་རང་བཞིན་ཀྱང་། །ཡོད་མཐོང་ལོག་པའི་སྟོབས་ཀྱིས་སྣང་། །མེད་མཐོང་གྲུབ་མཐའ་ངན་པའི་བློ། །ཡོད་མེད་གཉིས་ཀ་ལྟོས་པའི་ཆོས། །ལྟོས་ཆོས་དབྱིངས་སུ་དག་པའི་ཕྱིར། །རྟག་དང་ཆད་པའི་མཐའ་ལས་གྲོལ། །དེ་དོན་མ་


DNG005_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་བསྒོམས་པའི་ཀློང་། །མཉམ་པ་ཉིད་ཀྱི་དོན་ལས་གོལ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དགུ་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་དགོངས་པའི་དོན་མ་ནོར་བར་གསུངས་པ། ཀུན་འདུས་ཀློང་ཆེན་རང་བཞིན་འདི། །བཟང་ངན་མེད་པའི་ཆོས་ཡིན་པས། །འདི་ལ་ཉམས་སུ་ཅི་ཞིག་བླང་། །ཉམས་པར་གྱུར་པ་ཡོད་དམ་ཅི། །འདི་ལས་འདས་པ་གང་ཡང་མེད། །མི་འདའ་མ་གཡེལ་རྒྱ་མཚོའི་ཀླུང་། །དམིགས་པའི་ཡུལ་ནི་ནམ་མཁའ་འདྲ། །ཕྲ་བའི་ཚད་ནི་རྡུལ་དང་མཚུངས། །བརྟན་པའི་ཚད་ནི་རི་རབ་འདྲ། །ཡངས་པས་མཁའ་དང་རྒྱ་མཚོའི་ཀློང་། །ཀུན་ཏུ་བཟང་མོའི་རང་བཞིན་ཏེ། །ཚད་མེད་ནམ་མཁའ་དག་དང་མཚུངས། །རྒྱལ་འགྲོ་ལ་སོགས་གྲངས་བརྗོད་ཀྱང་། །སེམས་ཉིད་ཀློང་ཆེན་དག་པ་དེར། །བཙལ་བས་རྙེད་པར་མི་འགྱུར་ཏེ། །མ་བཙལ་ཆོས་ཀྱི་སྐུ་འདི་ཡང་། །སྐུ་ཡི་སྐུ་སྟེ་ཀུན་ལ་སྣང་། །དེ་ཉིད་གང་ཡིན་སངས་རྒྱས་ཉིད། །ཉིད་ཀྱིས་ཉིད་ཚོལ་གཞན་ན་མེད། །དེ་བཞིན་ཉིད་འབྱམས་ཀུན་འབྱམས་ཀྱང་། །ཡུལ་དུ་བཙལ་བས་མི་རྙེད་དེ། །འཕགས་པའི་བྱང་ཆུབ་གཞན་ན་མེད། །བྱང་ཆུབ་འདོད་ན་མི་དགེའི་ལས། །ཆེད་སྤྱོད་དོན་ལ་བློ་བཞག་ན། །སྙིང་རྗེ་མེད་པར་གསོད་པ་དང་། །འཇིགས་པ་མེད་པར་རྔམ་པ་དང་། །མ་རུངས་ལས་སུ་བྱེད་པ་དང་། །ཅི་སྤྱོད་གཞན་ལ་འཚེ་བ་དང་། །སྲོག་མེད་སྲོག་ལ་ཟ་བ་དང་། །སྙིང་རྗེ་མེད་པར་དོན་གཉེར་དང་། །ལས་སུ་མི་དགེ་བཅུ་སྤྱད་ན། །སེམས་ཅན་ཐར་པའི་གནས་སུ་འདྲེན། །སྲོག་གཅོད་སྡིག་ཏུ་འགྱུར་བ་ན། །ཡེ་ནས་ཆད་པས་སུ་ལ་སྡིག །དེས་ན་འདི་ལས་ཉེ་བ་ཡི། །ཐར་ལམ་གང་ཡང་ཡོད་མ་ཡིན། །ཉེ་བའི་


DNG005_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ལམ་གློར་བཞག་ནས། །སྙིང་རྗེ་དོན་དུ་གཉེར་མི་དགོས། །གང་ལ་འཛིན་པ་ཡོད་པ་ན། །ལྷག་པའི་བསམ་པ་ཤར་ཀྱང་བསྒྲིབས། །སངས་རྒྱས་མི་མཆོད་སློབ་དཔོན་བཀུར། །ཐ་མལ་སྤྱོད་ལམ་ཅི་བྱས་ཀྱང་། །དོན་དུ་འགྱུར་བས་འགལ་མི་འགྱུར། །དོན་འདི་ཚིག་ཏུ་མ་ཁྱེར་བར། །གནད་ཀྱི་གདེང་དུ་ཆུད་པ་གང་། །དམན་པའི་ལུས་ལ་དམ་པའི་སེམས། །དུས་གསུམ་སངས་རྒྱས་སྲས་གཅིག་པོ། །འཇིག་རྟེན་དྲེགས་པས་བཅིངས་པ་ཡི། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་། །ཇོ་བོའི་ཚུལ་དུ་ཁུར་བར་བྱེད། །སངས་རྒྱས་ཀུན་དང་དགོངས་པ་མཉམ། །ནམ་མཁའ་ཉིད་ལ་ནམ་མཁའ་སྤྱོད། །ཅེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། སྤྱོད་པ་ཚད་བཞག་པའི་ལེའུ་སྟེ་བཅུ་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་དགོངས་པ་མ་ནོར་བར་གསུངས་པ། ཀུན་གཞི་ཆོས་ཉིད་ཟང་ཐལ་ལ། །རིག་པ་ཐོད་རྒལ་འབར་ཞིང་འཕྲོ། །མ་རྟོགས་པ་ལ་རྣམ་པར་རྟོག །རྟོགས་པའི་ཀློང་ལ་ཡེ་ཤེས་འབར། །འཁོར་བ་ཉིད་ན་འཁོར་བ་མེད། །འཁྲུལ་འཁོར་ཉིད་ན་མྱ་ངན་འདས། །མཁས་པ་རྣམས་ལ་ཡེ་ཤེས་ཤར། །མི་མཁས་པ་ལ་མུན་པར་སྣང་། །འདི་བོར་བདུད་རྩི་གཞན་ན་མེད། །སྐྱེ་ཤི་མེད་པས་འདུས་མ་བྱས། །ཡེ་ནས་རྡོ་རྗེ་སྙིང་པོའི་སྐུ། །རྒྱུ་འབྲས་མེད་ལས་འབྱུང་བའི་ཕྱིར། །ཡེ་ནས་ནམ་མཁའ་ལྟ་བུའི་ངང་། །མ་ནོར་དོན་གྱི་ལུང་འདི་ལ། །མ་བཙལ་ཐབས་ཀྱི་མཆོག་ཏུ་བསྟན། །གང་ལ་བསྟན་པར་བྱ་བ་དང་། །མི་བསྟན་པའང་རང་ལ་མེད། །ཡོད་དང་མེད་པའི་མཐའ་འཇིག་པས། །ཚད་མས་རྟོགས་པ་མ་ཡིན་ཏེ། །བཤིག་ཏུ་མེད་པས་རྡོ་རྗེའི་སེམས། །འཁྲུལ་པས་ཡོད་མེད་མཐའ་འཚོལ་བ། །ནམ་མཁའ་མཐོ་ཡིས་འཇལ་བ་བཞིན། །


DNG005_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་གཏན་ལ་ཕེབས་མི་འགྱུར། །མཐའ་རྣམས་རང་སར་མ་གྲོལ་ཞིང་། །ཡུལ་རྣམས་རང་དུ་མ་འདུས་པར། །སངས་རྒྱས་འབྱུང་བར་འདོད་པ་ནི། །བལྟ་ཞིང་བལྟས་ཤིང་བརྟགས་པས་འཁྲུལ། །རྒྱུ་དང་འབྲས་བུར་ཞེན་པས་བསླད། །འདི་ལས་གཞན་པའི་སངས་རྒྱས་ཆོས། །རྒྱུ་རྐྱེན་གཉིས་ཀྱིས་མི་འགྲུབ་སྟེ། །རྒྱུ་རྐྱེན་གཉིས་ཀ་གློ་བུར་ཆོས། །དེ་གཉིས་ཡོད་ན་སྐྱེ་འཇིག་ཡོད། །དེ་གཉིས་མེད་ན་སྐྱེ་འཇིག་མེད། །སྐྱེ་འཇིག་མེད་པས་ཡང་དག་ལམ། །རང་ལ་གནས་པས་བཙལ་དུ་མེད། །རང་བཞིན་གནས་པའི་ཆོས་ཉིད་དེ། །ཅིར་ཡང་བརྟག་པར་མི་བྱ་ཞིང་། །སྤྱོད་པའི་མཐའ་དང་རྣམ་པར་བྲལ། །མ་བརྟགས་མ་དཔྱད་ཆོས་ཉིད་དེ། །སྐད་ཅིག་ཙམ་དུ་མི་འབྲལ་ཞིང་། །ཡོངས་ལ་གནས་པས་གདལ་བའི་ཀློང་། །ཀུན་གྱི་རང་བཞིན་འདི་ཡིན་པས། །ཀུན་འབྱུང་སྙིང་པོ་ཐེག་པའི་མཆོག །རྣམ་པར་དག་པའི་ཀློང་ཆེན་ལ། །དཔག་ཅིང་དམིགས་སུ་ཡེ་ནས་མེད། །འོན་ཀྱང་དམ་པར་བལྟ་བ་མེད། །མེད་པར་བལྟ་བ་དམ་པའི་ཀློང་། །ཀུན་གྱི་རང་བཞིན་འདི་ཡིན་པས། །སྤྱོད་ཡུལ་ཕྱོགས་མེད་ཡེ་སངས་རྒྱས། །འདི་ལ་ཕྱོགས་ཆ་ཡོངས་མི་མངའ། །འདི་ལ་སྒྲིབ་པ་བསལ་དུ་མེད། །འདི་ལ་བསྔགས་པ་བརྗོད་མི་དགོས། །ཆོས་ཉིད་སྟོང་པ་གཞི་མེད་འདི། །ལ་ལས་རྒྱལ་པོའི་ཚུལ་དུ་མཐོང་། །ལ་ལས་དམངས་དང་འཁོར་ལྟར་མཐོང་། །ལ་ལས་ཡང་དག་ཉིད་དུ་མཐོང་། །འདི་ལ་མཐོང་བ་བསམ་མི་ཁྱབ། །ཇི་ལྟར་མཐོང་ཡང་རང་ཡིན་ཏེ། །རྟོག་པ་མ་སྐྱེ་ཡང་དག་ལྟོས། །ཐེ་ཚོམ་མ་ཟ་དབྱིངས་སུ་གྲོལ། །གྲོལ་བས་ཡོན་ཏན་ཁྱད་པར་འཕགས། །སངས་རྒྱས་རྣམས་ནི་ཆགས་པ་ཆེ། །དུས་གསུམ་རྒྱུན་དུ་དབྱིངས་ལ་ཞེན། །སེམས་


DNG005_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ནི་རྟོག་པ་ཆེ། །རང་སྣང་གཅིག་ལ་གཞན་དུ་རྟོག །དབྱིངས་ལ་ཆགས་བྲལ་ཆགས་ཆེན་པོ། །མི་གནས་དོན་ལ་སྦྱོར་བའི་ཕྱིར། །ཡངས་ཤིང་རྒྱ་ཆེར་རབ་གསལ་བས། །ཀློང་གསལ་མར་མེ་མྱུར་དུ་མཐོང་། །མཐོང་བ་མེད་པའི་མཐོང་བ་ནི། །སྟོང་པ་ཉིད་ཀྱི་དོན་མཐོང་ཡིན། །བག་ཆགས་སད་ནས་མཐོང་བ་མིན། །རྒྱུན་ཆད་མེད་པའི་དོན་མཐོང་ཡིན། །སྒྲིབ་པ་ཟད་ནས་མཐོང་བ་མིན། །ཡེ་ཤེས་ཤར་ནས་མཐོང་བ་ཡིན། །བྱ་བྲལ་ཆོས་ཀྱི་སྙིང་པོ་ལ། །ཚིག་དང་ལོ་མས་མཚོན་དུ་མེད། །སྒྲ་དང་ཚད་མས་གཞིག་ཏུ་མེད། །དབྱིབས་དང་ཁ་དོག་མཐོང་དུ་མེད། །རྐྱེན་གྱིས་ཅིར་ཡང་འཆར་བའི་ཕྱིར། །སྣང་གྲག་ཆོས་ལ་བློ་མི་གཏོད། །ཞེན་ཡུལ་ལོགས་ན་མེད་པའི་ཕྱིར། །དངོས་པོ་རྫས་ལ་སེམས་མི་ཆགས། །རྐྱེན་གཞན་ལོགས་ན་མེད་པའི་ཕྱིར། །རང་གི་ཆོས་ལ་རང་གིས་སྤྱོད། །སྣང་ཐོས་ཀུན་དང་བྲལ་བའི་ཕྱིར། །སེམས་ཀྱི་གཞི་རྩ་ནང་དུ་བཅད། །རྣལ་འབྱོར་ལམ་ཆེན་ཡིན་པས་ན། །འགྱུ་བ་སྦོམ་ཕྲའི་ཐེ་ཚོམ་བཅད། །ཚད་དང་བྲལ་བ་ཡིན་པས་ན། །ཉམས་མྱོང་ཕྲ་མོའི་ཁར་མི་གཏོང་། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། སྒྲོ་འདོགས་ནང་དུ་བཅད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་ཉིད་ཀྱི་དགོངས་པ་མ་ནོར་བའི་དོན་དུ་གསུངས་པ། དགོངས་པའི་ཞེ་ཕུགས་དོན་གྱི་གཅོད། །འདི་ལས་མ་གཏོགས་གྲོལ་བའི་ལམ། །གང་ནས་སུ་ཡིས་བཙལ་དུ་མེད། །རྨོངས་པས་མ་རྟོགས་དོན་ཚོལ་བ། །དམུས་ལོང་མིག་ལ་འོད་ཚོད་འདྲ། །རང་བློས་བརྟགས་པའི་ལྟ་སྤྱོད་ཀྱིས། །ཡེ་ནས་གནས་པའི་དོན་འཚོལ་བ། །རིན་ཆེན་


DNG005_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ན་རྡོ་འཚོལ་བཞིན། །གསེར་དང་ར་གན་ནོར་བས་བསླད། །གཟུང་དང་འཛིན་པ་འཁོར་བའི་རྒྱུ། །ཆོས་སུ་བརྟགས་པ་སྡུག་བསྔལ་ཡིན། །མཉན་བསམ་མང་པོ་གཡེང་བའི་རྒྱུ། །བསྒོམ་ཞིང་བསྒྲུབ་པ་བྱ་བྱེད་བློ། །དཀོན་མཆོག་གསུམ་པོ་བཏགས་པའི་མིང་། །ལམ་མཆོག་འདི་ལས་གཞན་ན་མེད། །མེད་པ་དེ་ཉིད་ཀུན་གྱི་ལམ། །སེམས་ཉིད་ཀློང་ཆེན་བླང་དོར་མེད། །མཐའ་རྣམས་མེད་ཅིང་དབུས་ཀྱང་མེད། །མཐའ་དབུས་བྲལ་བའི་ཆོས་ཉིད་ལ། །དགག་དང་བསྒྲུབ་པ་མེད་པའི་ཕྱིར། །སྐྱེ་མེད་ཀུན་ཤོད་ཡངས་པའི་ཀློང་། །འཁོར་བ་དག་དང་མྱ་ངན་འདས། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཡེ་ནས་བྱ་བྲལ་ཀློང་དུ་དག །རིག་པའི་ཤར་ལུགས་ནམ་མཁའ་དང་། །ཆོ་འཕྲུལ་བཞིན་དུ་དབྱེར་མི་ཕྱེད། །འཁོར་འདས་བདེ་སྡུག་མ་ལུས་པ། །ཀློང་ཡངས་དཀྱིལ་འཁོར་གཅིག་ཏུ་གནས། །རང་རིག་རང་སྣང་བཙལ་བ་མེད། །དབྱིངས་ལ་རིག་པ་ཅིར་ཤར་ཀྱང་། །དབྱིངས་ཉིད་བལྟས་པས་ད་ལྟར་མཐོང་། །བདེར་གཤེགས་རྒྱལ་བའི་ཞིང་ཁམས་དང་། །ལོག་རྟོག་འཁྲུལ་པ་ལས་བྱུང་བའི། །དམྱལ་བའི་གནས་ཆེན་ཡན་ཆད་དུ། །ཤར་ཡང་རྒྱུ་གཅིག་ཆོས་ཉིད་ཀློང་། །མཉམ་ཉིད་གཅིག་ལ་ཅིར་ཤར་ཀྱང་། །བཀག་པ་མེད་པས་ཡངས་སོ་ཆེ། །བཙལ་དུ་མེད་པས་ཡེ་ནས་ཆེ། །སེམས་ཀྱིས་དབང་བསྒྱུར་འཁོར་འདས་ཆོས། །ཐམས་ཅད་ཀུན་ཀྱང་དམིགས་སུ་མེད། །སྐྱེ་མེད་ཀུན་ཏུ་བཟང་མོའི་དབྱིངས། །ཕྱོགས་མེད་རྐྱེན་གྱིས་ཅིར་ཤར་ཀྱང་། །འདོད་དགུར་འབྱུང་ཞིང་སྣང་བར་ཟད། །ཤེས་རབ་རྣམ་གྲོལ་དག་པ་ལ། །ཡུལ་མེད་རིག་པ་ཀློང་དུ་གསལ། །


DNG005_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྟོག་དངོས་པོ་ནམ་མཁར་ཞི། །དངོས་པོར་བརྟགས་ཀྱང་སྟོང་པའི་ཀློང་། །ཡེ་ནས་འཛིན་པ་མེད་པ་ལ། །སྟོང་པ་ཉིད་དུ་གང་རྟོག་པ། །འཁོར་བའི་ས་བོན་བཏབ་པ་ཡིས། །རྒྱུ་འབྲས་ཟག་བཅས་གནས་སུ་གོལ། །འཁོར་འདས་གཉིས་སུ་སྣང་བ་ཡང་། །མཉམ་པའི་རྒྱལ་པོ་དེ་ལས་མེད། །དེ་བཞིན་ཉིད་ལ་འཁོར་འདས་དག །དག་དང་མ་དག་གཅིག་ལས་སྣང་། །སྣང་ཡུལ་ཞེན་པའི་ངོ་བོ་མེད། །སྟོང་པའི་ཕྱོགས་སུ་གང་འཛིན་པ། །དེ་བས་ཞེན་པའི་བདུད་དུ་སོང་། །རང་གི་མཚན་ཉིད་འཛིན་པ་དང་། །དངོས་པོར་འཛིན་པ་ལྡོག་པ་ལ། །སྟོང་པ་ཞེས་སུ་བཏགས་པར་ཟད། །རང་རིག་གཅིག་གི་ངོ་བོ་ལ། །སྟོང་དང་དངོས་པོའི་སྒྲོ་འདོགས་མེད། །སྡུག་བསྔལ་དྲག་པོས་གཟིར་བའི་དུས། །འཁོར་བའི་བཙོན་རར་གནས་ཙམ་ན། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །སྡུག་བསྔལ་དེ་ཡི་མཚན་ཉིད་དང་། །བདེ་བར་སྣང་བའི་རྒྱུ་མཚན་མེད། །རང་རིག་དབང་དུ་འདུས་པ་དང་། །རང་བྱུང་ཡེ་ཤེས་མངའ་བརྙེས་པས། །ཐམས་ཅད་རྣམ་གྲོལ་ལམ་ཆེན་དེར། །གཅིག་ཏུ་འགྲོ་བར་ཐག་ཆོད་པས། །མཐོ་དམན་མེད་པའི་ལམ་ཀྱང་དེ། །བཟང་ངན་མེད་པའི་གནས་ཀྱང་དེ། །ཐམས་ཅད་དེ་རུ་ཐིམ་པའི་ཕྱིར། །འཁོར་བའི་གཡང་ས་བྱང་ཆུབ་སེམས། །དབྱིངས་ལ་གོལ་ས་མེད་པའི་ཕྱིར། །བདག་རྟོག་མཚན་ཉིད་ཡེ་ནས་མེད། །ནམ་མཁའི་ངང་དུ་ཀུན་གྲོལ་བས། །ནམ་མཁའ་དག་དང་ཆོ་འཕྲུལ་བཞིན། །མཚན་ཉིད་མེད་ལས་རྟོག་པ་འབྱུང་། །རང་བྱུང་རང་ཞི་ཤེས་བྱའི་བབས། །ངང་དུ་གྲོལ་ལོ་བྱ་བྲལ་ཀློང་། །སྣ་ཚོགས་སྣང་ཡང་བྱས་པ་མེད། །སྣ་ཚོགས་གཅིག་ལས་ཤར་བའི་ཕྱིར། །


DNG005_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་རང་ཞལ་རང་གིས་ལྟོས། །གཉིས་མེད་ཐུག་ཕྲད་གདམས་ངག་འདི། །སངས་རྒྱས་དགོངས་པ་མཛུབ་ཚུགས་ཡིན། །སེམས་ཀློང་གཅིག་ལས་མེད་པའི་ཕྱིར། །བྱང་ཆུབ་སེམས་ལས་ལོགས་ན་མེད། །སེམས་ཀྱི་གནས་ལུགས་ཡེ་གྲུབ་ལ། །ཆོས་ཉིད་ད་གདོད་བསྒྲུབ་ཏུ་མེད། །ནམ་མཁའ་འདྲ་སྟེ་ཡེ་ནས་གྲུབ། །ཨ་ཏི་བྱ་བཙལ་བྲལ་བའི་ཕྱིར། །འབྲས་བུ་གཞན་ལ་རག་མ་ལུས། །ཤར་ལུགས་ཉི་ཟླའི་འོད་ལྟར་གསལ། །དགག་ཏུ་མེད་དེ་རང་གི་མཐུ། །ཡེ་ཤེས་མཐོང་གསལ་ཉོན་མོངས་དག །ཐེག་པའི་ཤན་ཕྱེད་གོལ་ས་གཅོད། །གཡང་ས་དབྱིངས་སུ་ཤུགས་ལས་དག །ཡིན་ལུགས་དམིགས་སུ་མེད་པའི་ཕྱིར། །དངོས་པོ་རྣམས་ཀྱི་ཀློང་བརྟོལ་ནས། །སྟོང་དང་དངོས་པོར་གོ་བཟློག་སྟེ། །དངོས་ཡིན་ཆེན་པོར་ལ་ཡང་བཟླ། །ཡེ་ཡིན་བཙལ་བའི་ཡུལ་ལས་འདས། །ཆིག་ཆོད་མཚན་མའི་ཡུལ་མི་གནས། །གྲོལ་ལུགས་རྒྱུན་ཆད་མེད་པ་ལ། །དུས་གསུམ་མཉམ་ཉིད་སྐྱེ་འགག་མེད། །ཐམས་ཅད་ཡེ་ནས་སངས་རྒྱས་ཀློང་། །སྐྱེ་ཤི་འཕོ་འགྱུར་མིང་ཡང་མེད། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན། །བདག་གཞན་གཉིས་སུ་མེད་པའི་ཕྱིར། །མཉམ་པ་རིས་མེད་ཐིག་ལེའི་ཀློང་། །ཐམས་ཅད་བྱང་ཆུབ་སེམས་ཀྱིས་དབྱིངས། །རང་བཞིན་གཅིག་ལས་གཡོས་པ་མེད། །མི་འགྱུར་བདེ་ཆེན་ཇི་བཞིན་ཀློང་། །གཞི་གནས་ཡེ་གྲོལ་བཙལ་མི་དགོས། །ཇི་ལྟར་བསྒོམ་ཞིང་རྩོལ་བ་ཡང་། །འབད་པ་བྱས་པས་མཐར་ལྷུང་སྟེ། །གཡང་ས་མེད་ལས་གོལ་ས་བྱུང་། །དེ་ཡང་འོག་མ་ནོར་བའི་ལམ། །བདག་ལས་གཞན་དུ་བོགས་འདོན་པ། །རང་གི་ཆོས་ཉིད་རང་གིས་བསླད། །རི་དྭགས་སྨིག་རྒྱུ་བསྙེག་པ་དང་། །ལོང་བས་མཁའ་ལ་ཉུལ་བ་བཞིན། །རྙེད་དུ་རེ་སྟེ་མི་རྙེད་དོ། །


DNG005_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡེ་ཤེས་ཚོགས་ནི་སེམས་ཉིད་དེ། །བསོད་ནམས་ཡེ་ཤེས་བྱང་ཆུབ་སེམས་ལ་རྫོགས། །སྤྱད་པས་མི་འཛད་མ་བསགས་བྲི་བ་མེད། །ཀློང་ཡངས་ནམ་མཁའ་རྒྱ་མཚོ་ལྟ་བུ་ཡི། །ཚོགས་ཆེན་རྣམ་གཉིས་རང་ལ་རྫོགས། །རིག་པའི་ཤར་ལུགས་འཇིག་རྟེན་དང་། །འདས་པ་ལྟ་བུར་སྣང་མོད་ཀྱི། །གཉིས་ཀ་མ་སྐྱེས་འཁོར་བ་མེད། །འཁྲུལ་འཁོར་མེད་པས་འཁྱམས་ས་མེད། །བྱང་ཆུབ་སེམས་ཀྱི་གཞི་ནི་ནམ་མཁའ་འདྲ། །མི་འགྱུར་བརྟན་པའི་ཀློང་དུ་ཡེ་ནས་གནས། །སྐྱེ་མེད་ཡུལ་དང་བྲལ་བ་ལ། །སྨྲ་བསམ་རྟོག་པའི་མཐའ་ལས་འདས། །སོ་སོའི་མཚན་ཉིད་མི་གནས་པས། །སྒྱུ་མའི་ཀློང་ལྟར་ངོས་གཟུང་མེད། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། ཚོགས་གཉིས་རང་རྫོགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མ་བཅོས་པའི་དགོངས་པ་འདི་བཀའ་སྩལ་ཏོ། །ཆོས་ཀྱི་དབྱིངས་ལ་མཐའ་དབུས་མེད། །མིང་གིས་མཚོན་པས་མཐའ་དང་དབུས། །ཆོས་ཀྱི་དབྱིངས་ལ་བདག་གཞན་མེད། །ཡུལ་གྱིས་ཕྱེ་བས་བདག་དང་གཞན། །ཆོས་ཀྱི་དབྱིངས་ལ་དམིགས་སུ་མེད། །གཞན་དུ་བཏགས་པས་དམིགས་དང་གནས། །ཆོས་ཀྱི་དབྱིངས་ལ་བཙལ་དུ་མེད། །བཙལ་དུ་མེད་པའི་དོན་དེ་ལས། །རང་བཞིན་གནས་པས་དེ་བཞིན་ཉིད། །དེ་ལ་སུས་ཀྱང་བཅོས་སུ་མེད། །མ་བཅོས་ཀློང་ན་མཉམ་པར་གནས། །བདེར་གཤེགས་ཀུན་གྱི་ཕོ་བྲང་སྟེ། །མྱ་ངན་འདས་པའི་ལམ་པོ་ཆེ། །ཆོས་ཀྱི་དབྱིངས་ལས་སྣ་ཚོགས་སྣང་། །གཞན་དུ་བསྐྱོད་པ་རྡུལ་ཙམ་མེད། །མ་བསྐྱོད་ཐབས་ཀྱི་རོལ་པ་ཡང་། །ཀུན་ཏུ་ཁྱབ་པས་མཉམ་པའི་དབྱིངས། །


DNG005_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ཀློང་ལས་གར་མ་གཡོས། །ཐོག་མར་སྐྱེ་བའི་གཞི་མེད་པས། །བྱང་ཆུབ་སེམས་ལ་རྩ་བ་མེད། །འཁོར་འདས་བྱུང་ས་མེད་པ་ལ། །རང་བྱུང་ཡིན་པས་གཞི་ནས་ཤར། །བར་དུ་གནས་པའི་ཡུལ་མེད་དེ། །རིག་པའི་ཀློང་དུ་ཐམས་ཅད་གནས། །ཐ་མར་འགྲོ་བའི་ཡུལ་མེད་དེ། །དབྱིངས་ཀྱི་ངང་དུ་ཐམས་ཅད་འགྲོ། །དེ་ལ་རང་རྒྱུད་སྦྱང་དུ་མེད། །གཞན་དུ་བཙལ་ཀྱང་ཆོས་མི་རྙེད། །འགྲོ་འོང་མེད་པ་དགོངས་པའི་ཀློང་། །དེ་ལ་གནས་པ་རྟོག་པའི་ངང་། །ཁམས་གསུམ་འཁོར་བའི་ཆོས་རྣམས་ཀུན། །ཡེ་ནས་སངས་རྒྱས་ཡིན་པ་ལ། །འཕྲལ་དུ་རྐྱེན་གྱིས་བསྒྱུར་དུ་མེད། །སངས་རྒྱས་པ་དང་དམྱལ་བའི་གནས། །རིས་སུ་གཅད་དུ་མེད་པ་ལ། །བྱང་ཆུབ་སེམས་སུ་གཅིག་པའི་ཕྱིར། །གཉིས་སུ་དབྱེ་བ་ཡོད་མ་ཡིན། །ཐམས་ཅད་མཉམ་པར་གནས་པ་ལ། །ཕྱོགས་འཛིན་མེད་པས་བདེ་ཀློང་ཡིན། །རྒྱུད་དྲུག་འཁོར་བའི་གཡང་ས་ཡང་། །རང་ལ་གནས་པས་རང་དུ་དཔྱོད། །སེམས་ཅན་གུད་ན་ཡོད་མ་ཡིན། །ཤེས་བྱ་རང་གི་ཆོས་ཉིད་བབ། །དེ་ལ་ཆགས་སྡང་སྐྱེ་རྒྱུ་མེད། །དངོས་པོ་ཡུལ་དུ་ཅིར་མི་གནས། །དངོས་པོ་མེད་པས་ཆེ་ཆུང་དང་། །བརྟགས་པས་ཡུལ་དུ་མཐོང་བ་མེད། །རྒྱལ་བ་རྣམས་ཀྱི་དགོངས་པ་ཡང་། །མཉམ་པ་ཉིད་ཀྱི་དབྱིངས་ལ་སྦྱོར། །མཉམ་པའི་དབྱིངས་ལས་ཅིར་ཡང་འབྱུང་། །ནོར་བུ་རིན་ཆེན་ཡོན་ཏན་གཏེར། །སུས་ཀྱང་མ་བསྐྱེད་དབྲི་བསྣན་མེད། །འཕེལ་འགྲིབ་མེད་ཅིང་འཕོ་འགྱུར་མེད། །ཡོད་མེད་འཛིན་དང་བྲལ་བའི་ཕྱིར། །ཡེ་ནས་དབྱེར་མེད་ཟང་ཐལ་ཀློང་། །ཐམས་ཅད་རང་བྱུང་རང་ཤར་ལ། །ངེས་མེད་ཆེན་པོ་མཐའ་དང་བྲལ། །འདི་ལ་ཏིང་འཛིན་བཙལ་དུ་མེད། །སྤྱོད་པ་བདེ་དང་མི་བདེ་བྲལ། །རང་བཞིན་གཡོས་པ་མེད་པ་ལ། །ལྟ་


DNG005_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀློང་ཆེན་ནམ་མཁར་བཏགས། །སྐྱེ་མེད་དབྱིངས་ལས་ཐམས་ཅད་སྐྱེས། །སྐྱེ་བའི་ཆོ་འཕྲུལ་སྐྱེ་མེད་རྒྱན། །དེ་བཞིན་ཉིད་ལས་མ་གཡོས་པར། །རོལ་པ་སྐྱེ་བ་ལྟར་སྣང་ཡང་། །འཕོ་འགྱུར་མེད་པས་སྐྱེ་མེད་དང་། །འཇིག་འབྲལ་མེད་པས་རྡོ་རྗེའི་ཀློང་། །ཅིས་ཀྱང་མི་ཤིགས་འདུ་འབྲལ་མེད། །དབྱིངས་ལ་འདུ་འབྲལ་མེད་པའི་ཕྱིར། །ཕྱི་ནང་མེད་པས་ཤར་ནུབ་མེད། །དངོས་གཞི་མེད་པས་འཁོར་འདས་མེད། །རྒྱུ་འབྲས་མེད་པས་དགེ་སྡིག་མེད། །དེ་སྟེ་དགེ་སྡིག་མཚན་མའི་ཆོས། །གློ་བུར་ཡིན་ཕྱིར་དོན་དུ་མེད། །རྒྱུ་འབྲས་དབྱེར་མེད་ཐིག་ལེ་ཆེ། །རྩ་བ་མེད་པའི་བྱང་ཆུབ་སེམས། །ཐམས་ཅད་རང་སེམས་རིག་པའི་རྒྱན། །ཡང་དག་ལམ་གཅིག་བདེ་བའི་མཆོག །བདེ་ཆེན་ལམ་ལ་འཇུག་ལྡོག་མེད། །དབྱིངས་ལ་དབྱིངས་ཤར་རིག་པའི་སྟོབས། །མི་རྟོག་བསྒོམ་པ་བཟང་རྟོག་ཡིན། །རྣམ་པར་རྟོག་དང་ཁྱད་མེད་དེ། །གཉིས་ཀ་བཟང་ངན་མེད་པར་མཉམ། །དེ་ཡང་རིག་པ་རང་གི་སྟོབས། །དེ་ལ་བསྒོམ་དང་མ་བསྒོམས་དང་། །གཉིས་སུ་ལྟ་བའི་ཆོས་མེད་དེ། །གཉིས་མེད་རང་གྲོལ་ཡེ་ཀློང་དང་། །ཁམས་གསུམ་སྣང་སྲིད་མ་ལུས་པ། །སེམས་ཀྱི་རང་བཞིན་དངོས་ཡིན་པས། །བྱང་ཆུབ་སེམས་ཀྱི་ཀློང་དུ་གྲོལ། །མཉམ་པའི་ཀླུང་ལ་ངང་གིས་གནས། །འདི་ལྟར་སྣང་བའི་དངོས་པོ་ཀུན། །རྡོས་པ་ཅན་གྱི་ཆོས་མིན་ཏེ། །བྱང་ཆུབ་སེམས་ཀྱི་རོལ་པ་ཡིན། །སེམས་ནི་རང་རིག་སྐྱེ་མེད་དེ། །ཡུལ་དང་ཡུལ་ཅན་མཐའ་ལས་འདས། །སྐྱེ་མེད་དབྱིངས་ལ་ཟད་མཐའ་མེད། །ནམ་མཁའི་དབྱིངས་ལ་ཐུག་པ་མེད། །གཟུང་འཛིན་ཡུལ་ལ་འཕྲོ་ས་མེད། །སྐྱེ་མེད་དབྱིངས་ལས་ཐལ་དྲགས་པས། །བསམ་ལས་འདས་པས་ཡུལ་མེད་གསལ། །ཕྱོགས་དུས་ཡུལ་དང་དབང་པོའི་ཆོས། །ལྷུན་གྲུབ་ཀློང་དུ་ཡེ་ནས་མཉམ། །ཐིག་ལེ་གཅིག་ལ་དབྱེར་མི་ཕྱེད། །ཀློང་ཆེན་གཅིག་གི་རང་བཞིན་ལ། །


DNG005_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཕྲན་མཐའ་ཡས་ཀུན་ཤར་ཀྱང་། །ཀུན་ནས་ཟླུམ་པས་དབྱེ་བསལ་མེད། །དེས་ན་འགྲོ་བ་ཐམས་ཅད་ཀྱི། །ལམ་ཆེན་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ལ། །གདགས་གཞི་ཕྱོགས་སུ་མ་གྲུབ་ཀྱང་། །གདགས་བྱ་ཅིར་ཡང་མ་འགགས་པས། །བཏགས་ལྟར་སྣང་བས་དབྱིངས་ཞེས་བྱ། །གཞི་མེད་ཆོས་ལ་བཏགས་པའི་ཕྱིར། །དེ་ལ་ཟད་མཐའ་ག་ལ་ཡོད། །མཁའ་འདྲ་རིན་ཆེན་གཏེར་བཞིན་དུ། །ངོ་བོ་ཉིད་ཀྱི་ནུས་མཐུ་ཡིས། །ཅིར་ཡང་སྣང་ལ་རང་བཞིན་མེད། །དམིགས་སུ་མེད་ཅིང་ཡུལ་ལས་འདས། །སྤྱོད་ཡུལ་མེད་ཅིང་འདི་འདྲར་མེད། །བསྟན་དུ་མེད་ཅིང་དཔྱད་དུ་མེད། །སྐྱེ་འགག་མེད་ཅིང་བརྗོད་བྱ་མེད། །མཐའ་ལས་འདས་པས་རང་བཞིན་མེད། །མཐའ་མེད་བྱང་ཆུབ་སེམས་ཀྱི་ཀློང་། །རང་བྱུང་ཡེ་ཤེས་ཀློང་དཀྱིལ་ནས། །སྟོན་པ་བསྟན་པ་འཁོར་དུས་གནས། །ཕུན་སུམ་ཚོགས་པར་བཏགས་པ་ཀུན། །སྣ་ཚོགས་ཆོས་ལ་དབང་བསྒྱུར་བ། །རང་གི་མཐུ་ལས་ཡེ་ནས་ཤར། །ཐེག་དགུ་སྐུ་གསུམ་བསྟན་པ་ཡང་། །གདུལ་བྱའི་བློ་ལ་ཐ་དད་ཀྱང་། །བྱང་ཆུབ་སེམས་གཅིག་ཡོན་ཏན་ལས། །ཕྱེ་བས་དགུ་དང་གསུམ་དུ་བྱུང་། །གདུལ་བྱའི་ཞིང་དང་འདུལ་བྱེད་དང་། །གཉེན་པོ་ཡེ་ཤེས་ཕྲ་རགས་དང་། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་གྲངས། །མཉམ་པའི་ཀློང་ལས་མ་གཡོས་ཏེ། །ཐ་དད་མེད་པར་དབྱིངས་སུ་གཅིག །མདོ་སྡེ་འདུལ་བ་མངོན་པ་དང་། །སྡེ་སྣོད་གསུམ་ལ་སོགས་པ་ཡི། །བསྟན་པ་རབ་འབྲིང་ཐ་མ་ཡང་། །ལོགས་སུ་བཏགས་པ་འཁྲུལ་པའི་རྒྱུ། །ཅིར་སྣང་ཆོས་ཀྱི་དབྱིངས་ཉིད་ལས། །གཞན་དུ་འགྱུར་བ་མེད་པའི་ཕྱིར། །དབྱིངས་ཉིད་གཅིག་གིས་ཀུན་བྱས་ཏེ། །བྱེད་མཁན་རང་ལ་དངོས་གཞི་མེད། །ཅིར་ཡང་བྱར་མེད་རིག་པའི་ཀླུང་། །བྱས་དང་མ་བྱས་མཉམ་པའི་ཀློང་། །མཉམ་དང་མ་མཉམ་གཉིས་མི་དམིགས། །དེ་བཞིན་ཉིད་ལ་ཡུལ་མེད་པས། །ཡུལ་ཅན་རྫས་སུ་གྲུབ་པ་མེད། །སྣ་ཚོགས་ཆོས་ལ་སོ་སོར་བཏགས། །ཆོས་ཉིད་གཅིག་པུ་ཡེ་ནས་དབེན། །སྣང་ཞིང་སྲིད་པ་མ་ལུས་དང་། །ཁམས་གསུམ་འདི་དག་ཐམས་ཅད་ཀུན། །


DNG005_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་བྱང་ཆུབ་སེམས་ལས་སྤྲོས། །བྱང་ཆུབ་སེམས་ལས་སྤྲོས་མེད་པས། །ཐམས་ཅད་ཐིག་ལེ་གཅིག་གི་ཀློང་། །ཐིག་ལེ་ཀློང་ཆེན་གདལ་བ་ལ། །ཕྲ་བའི་ཀློང་ཕྲན་བཞི་བྱུང་སྟེ། །བྱང་ཆུབ་སེམས་ཀྱི་གནས་ཡིན་ཏེ། །ཅིར་ཡང་གནས་ཤིང་ཅིར་ཡང་བལྟ། །ལྟ་བ་ཕྱོགས་མེད་ཀློང་ཆེན་ཡིན། །བྱང་ཆུབ་སེམས་ཀྱི་ཤར་ལུགས་དེ། །ཅིར་ཡང་ཤར་ཅིང་ཅིར་ཡང་སྤྱོད། །སྤྱོད་པ་ངེས་མེད་ཀློང་ཆེན་ཡིན། །བྱང་ཆུབ་སེམས་ཀྱི་ཡིན་ལུགས་དེ། །ཅིར་ཡང་ཡིན་ལ་ཅིར་ཡང་བསྒོམ། །བསྒོམ་པ་དམིགས་མེད་ཀློང་ཆེན་ཡིན། །བྱང་ཆུབ་སེམས་ཀྱི་གྲོལ་ལུགས་དེ། །ཅིར་ཡང་གྲོལ་ལ་ཅིར་ཡང་གྲུབ། །འབྲས་བུ་བསྒྲུབ་མེད་ཡེ་གྲུབ་ཀློང་། །གཅིག་ལས་བཞི་རུ་བྱུང་བས་ན། །རང་བྱུང་རང་ཤར་ཡོན་ཏན་ཡིན། །གཅིག་གི་ཀློང་ནས་ཀུན་ཤར་བས། །དབྱེར་མེད་གཅིག་ཏུ་འདུས་པའི་ཕྱིར། །གཉིས་འཛིན་ཐ་དད་ཀློང་དུ་ཟད། །ལུས་སེམས་གྲུབ་དང་མ་གྲུབ་མེད། །སྔ་ཕྱི་མེད་པར་མཉམ་པ་ལས། །མ་སྐྱེས་སྐྱེས་མཉམ་གཞི་རྩ་མེད། །བག་ཆགས་བསགས་དང་མ་བསགས་པའི། །ཆགས་པའི་གནས་ལ་རྟེན་མེད་པས། །ནམ་མཁའི་ཚུལ་དུ་རང་བྱུང་བའོ། །དོན་ལ་འདི་ཞེས་བྱ་བའི་ཆོས། །དམིགས་གཏད་བཅའ་བ་མེད་མོད་ཀྱང་། །སྣང་གྲགས་ཆོས་ཀུན་རང་བྱུང་བས། །སྟོང་ཉིད་དབྱིངས་ཀྱི་རྒྱན་དུ་ཆེ། །བྱུང་ཚོར་བསམ་གྱིས་མི་ཁྱབ་ཀྱང་། །དེ་ཉིད་དབྱིངས་སུ་དབྱེར་མེད་པས། །རང་བྱུང་རང་ཞི་རང་གི་མཐུ། །དེས་ན་དེ་ལས་ཉམས་པ་མེད། །དོན་ལ་གཡོས་པ་མེད་པའི་ཕྱིར། །རྩེ་གཅིག་བཞག་པས་སངས་རྒྱས་སར། །འགྲོ་བ་མེད་དེ་ཨེ་སངས་རྒྱས། །དེས་ན་གཡོ་འགུལ་མེད་པའི་ཕྱིར། །སངས་རྒྱས་ས་ལ་རང་བཞིན་གནས། །གཡོ་དང་མི་གཡོའི་ཐ་སྙད་ཀྱང་། །མཚོན་པ་ཙམ་དུ་བཏགས་པ་ལས། །རང་གི་ངོ་བོ་བརྗོད་ལས་འདས། །ཤིན་ཏུ་གཏིང་རིང་དཔག་དཀའ་བས། །ཡངས་ལ་གཏིང་ཟབ་ནམ་མཁའི་ཀློང་། །ནམ་མཁའི་ཀློང་ལ་ཁ་གཏིང་མེད། །རང་གསལ་རིག་པ་ཕྱི་ནང་མེད། །ཇི་ལྟར་དངོས་གཞི་མེད་པའི་ཕྱིར། །དཔེས་མཚོན་འབྱུང་


DNG005_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ནམ་མཁའ་ལ། །ཡོད་དང་མེད་ཅེས་གདགས་སུ་མེད། །སྒྲོ་སྐུར་བྲལ་བའི་ཆོས་ཉིད་ལ། །བཟང་ངན་གཉིས་ཀྱི་ནད་དང་བྲལ། །གོང་བཞིན་སེམས་ཉིད་ནམ་མཁའ་ལ། །བཅལ་དུ་ཡོད་དང་མེད་པའི་མཐའ། །དམིགས་པའི་ཡུལ་དང་བྲལ་བ་སྟེ། །ཡུལ་མེད་དེ་ལ་དམིགས་པའང་མེད། །མི་བཙལ་རང་བཞིན་ཀློང་དུ་བཞག །བྱ་བྲལ་དབྱིངས་ཀྱི་ངང་དུ་ཐིམ། །གཞག་དང་མ་བཞག་ཐ་སྙད་མེད། །མི་བསམ་མི་བརྟག་རང་ལུགས་ལ། །རྟོག་པ་ཅི་སྐྱེས་མི་འགག་པས། །གཞག་ཏུ་མེད་པའི་གཞག་ཐབས་ཡིན། །མ་བཞག་འགྲོ་འོང་མེད་པས་ན། །རིག་པ་རང་ས་ཟིན་པའི་ཕྱིར། །བསྒོམ་དུ་མེད་པའི་བསྒོམ་ཐབས་ཡིན། །འཁུ་འཕྲིགས་ཡིད་གཉིས་མི་ཟ་བས། །བཅོས་སུ་མེད་པའི་བཅོས་ཐབས་ཡིན། །ཆོས་ཉིད་མ་དང་འཕྲད་པའི་ཕྱིར། །འགྱུར་མེད་གནད་ལ་ཕེབས་པ་ཡིན། །བསམ་ཡས་སྣང་ཡང་དེ་ལ་སྣང་། །དེར་སྣང་གཞན་དུ་མ་མཐོང་བས། །ཡོན་ཏན་རང་ལ་རྫོགས་པ་སྟེ། །དེ་ལས་གཞན་དུ་ཅི་ཡང་མེད། །མེད་པའི་དོན་ལ་མི་བལྟ་སྟེ། །བལྟས་དང་མ་བལྟས་གཉིས་སུ་མེད། །རང་སར་གྲོལ་བས་ཆོས་ཉིད་ཀློང་། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། བྱང་ཆུབ་ཀྱི་སེམས་གཞི་རྩ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པའི་དོན་མ་ནོར་བར་གསུངས་པ། མི་དམིགས་མི་བཙལ་དེ་བཞིན་ཉིད། །དེ་ལས་གཞན་དུ་མི་འགྱུར་ན། །འཛིན་ཆགས་སྐྱོན་གྱིས་དེ་མི་གོས། །རང་གི་ཤེས་རིག་དམ་པ་ལ། །གཟའ་གཏད་བཅའ་བའི་ཡུལ་མེད་པས། །ཆགས་སྡང་གཉིས་ཀྱི་བློ་མི་སྐྱེ། །བསམ་པའི་ཡུལ་དང་བྲལ་བ་ལ། །བསྒོམ་དང་མི་བསྒོམ་མེད་པའི་ཕྱིར། །རྟོགས་པའི་ཀློང་ལས་ཉམས་པ་མེད། །ཆོས་ཅན་ཆོས་ཉིད་གཅིག་པ་ལ། །དབྱེ་བསལ་བླང་དོར་མེད་པའི་ཕྱིར། །


DNG005_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་རྗེས་སུ་མི་འབྲང་སྟེ། །མཚན་བཅས་མཚན་མེད་བསྒོམ་པ་ལ། །དམིགས་པར་བྱ་བའི་ཡུལ་མེད་པས། །རྟོགས་དང་མི་རྟོག་དབྱེ་བསལ་མེད། །དང་དུ་བླང་རྒྱུ་མེད་པ་ལ། །བོར་བར་བྱ་བའི་ཡུལ་མེད་པས། །བཏང་སྙོམས་ལེ་ལོའི་ཁར་མ་ལུས། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བདེ་བ་ཆེན་པོའི་རྒྱན་ཡིན་པས། །ཆགས་སྡང་རྩད་ནས་གཅད་དུ་མེད། །གྲོལ་དང་མ་གྲོལ་བློ་ཡིན་ཏེ། །འཛིན་པའི་རྟོག་པ་ཡིན་པའི་ཕྱིར། །གཟུང་འཛིན་མེད་ན་འཆིང་གྲོལ་མེད། །འཛིན་པའི་དགྲ་རུ་གྲོལ་བ་ཆེ། །གྲོལ་བས་གྲོལ་ན་རང་ཡིན་པས། །མ་གྲོལ་བས་ཀྱང་གྲོལ་བར་རིགས། །གཉིས་འཛིན་རྟོག་པའི་བྱེ་བྲག་དེ། །རང་སྣང་གཅིག་གི་སྟོངས་ལས་གྱུར། །རྟོགས་པས་གྲོལ་བ་ཡིན་པའི་ཕྱིར། །མ་རྟོགས་པས་ཀྱང་གྲོལ་བར་རིགས། །རང་སྣང་གཅིག་ཏུ་འདྲ་བའི་ཕྱིར། །བྱང་ཆུབ་སེམས་ལ་འཆིང་གྲོལ་མེད། །འཆིང་གྲོལ་མཉམ་པའི་ཆོས་ཉིད་ལ། །རྟོགས་དང་མ་རྟོགས་ཡེ་ནས་མེད། །མཉམ་ཉིད་དགྲ་རུ་རྟོག་པ་ཆེ། །མ་རྟོགས་སྐྱོན་དུ་བལྟ་བའི་ཕྱིར། །མཉམ་པ་རིས་མེད་དོན་ལས་ཉམས། །ཉམས་སུ་བླངས་ཀྱང་མཉམ་བྱེད་ལ། །མ་བླངས་བཞག་པ་རྟོགས་པའི་བློ། །ཀློང་ལ་ཅི་དང་ཅིར་ཤར་ཀྱང་། །བཟང་རྟོག་ངན་རྟོག་ཕྱོགས་སུ་འདྲ། །ལུས་འཆོས་སེམས་འཆོས་ཉམས་མྱོང་རྟེན། །མཉམ་པ་ཉིད་ལ་འཆོས་པ་དེ། །ནམ་མཁའ་བཟོ་ཡིས་འཆོས་པ་བཞིན། །གཉིས་སུ་འཛིན་པའི་དགྲ་རུ་ཆེ། །རིམ་པ་བརྒྱད་ཀྱི་ལྟ་སྒོམ་ཡང་། །འབད་རྩོལ་བྱས་ནས་སངས་རྒྱས་འདོད། །སངས་རྒྱས་དགོངས་པ་མཉམ་ཉིད་ལ། །མི་རྟོག་རྟོག་པ་དགྲར་ལངས་པས། །མཉམ་ཉིད་མཐའ་རུ་ལྷུང་བའི་ཕྱིར། །དགྲ་བོ་བསད་པའི་ལས་བྱས་ན། །སྐྱོན་ཡོན་གཉིས་བསྡུས་ཆོས་རྣམས་ཀུན། །མཉམ་པ་ཆེན་པོར་ཀུན་འདུས་ཏེ། །རང་རིག་ཀློང་དུ་གནད་བཅད་ནས། །སྐྱེ་མེད་དོན་ལ་ངོ་སྤྲད་པས། །དགྲ་དང་གཉེན་ལ་ཆགས་སྡང་མེད། །ཐམས་ཅད་བྱང་ཆུབ་སེམས་སུ་གཅིག །


DNG005_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་དང་བུར་མཉམ་གསེར་དང་རྡོ། །གང་ནས་གཞལ་ཀྱང་མཉམ་པའི་ཕྱིར། །མཉམ་པའི་དོན་ལས་གཡོས་པ་མེད། །མཉམ་པའི་དོན་ལས་མ་གཡོས་པས། །དེ་ལ་བཟང་ངན་མེད་པའི་ཕྱིར། །ཐམས་ཅད་སངས་རྒྱས་མ་རྒྱས་མེད། །ཅི་སྟེ་སྐྱེ་འགག་མེད་པར་གཅིག །ཐ་དད་སྣང་ཡང་མ་སྐྱེས་པས། །སྐྱེ་མེད་ཀློང་དུ་དབྱེ་བསལ་མེད། །ཀློང་ཆེན་གཅིག་པོ་ཀུན་ཡིན་པས། །ཐམས་ཅད་ཀུན་གྱི་དངོས་གཞིར་ཤར། །ཕྱོགས་འཛིན་གང་ཡང་མ་སྤངས་པས། །ཕྱོགས་མེད་ཀུན་ཏུ་ཤར་བ་ཡིན། །ཟང་ཐལ་ཡིན་པས་ཀུན་ཏུ་ཤར། །མུ་མཐའ་མེད་པ་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་རྒྱ་ཆད་མེད། །རང་བཞིན་གཅིག་ལ་མཐའ་མེད་པས། །བྱང་ཆུབ་སེམས་ལ་རྒྱ་ཆད་མེད། །མེད་པའི་ཕྱོགས་སུ་མ་འགགས་པས། །སྟོང་པ་ཉིད་དུ་ལྟ་བར་བྱེད། །རང་བཞིན་འཕོ་འགྱུར་མེད་པའི་ཕྱིར། །སྟོང་པར་འཛིན་པ་བླུན་པོའི་ཚིག །དངོས་པོར་འཛིན་ན་ལོག་སྲེད་ཅན། །བལྟ་བྱ་ལྟ་བྱེད་གཉིས་སུ་མེད། །གཉིས་མེད་མཉམ་པའི་ཀློང་དུ་གྲོལ། །མཉམ་པ་ཉིད་ལ་ལྟ་བྱེད་ན། །མི་མཉམ་སྤངས་པས་ལོག་རྟོག་སྟེ། །དེ་ཡང་གཉིས་སྣང་འཁྲུལ་པའི་བློ། །ཅིར་ཡང་མ་འགགས་ཕྱོགས་མེད་པས། །མཉམ་དང་མི་མཉམ་མཐའ་ལས་གྲོལ། །རང་རིག་འཁྲུལ་པའི་གཟུང་འཛིན་གྱིས། །ཕྱོགས་འཛིན་མཐའ་ལ་སྤྱོད་པ་ནི། །རྙེད་པར་མི་འགྱུར་ཚི་ཆད་ནས། །བཙལ་བའི་སྤྱོད་ཡུལ་ཀུན་ལས་འདས། །བསམ་པའི་ཡུལ་དུ་སྣང་བ་མེད། །ཅེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དོན་མཉམ་པ་ཉིད་དུ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པའི་དོན་མ་ནོར་བའི་དོན། འཁོར་རྣམས་ལ་བཀའ་སྩལ་པ། བྱང་ཆུབ་བདེ་བའི་ཀློང་ཆེན་ན། །ལོག་རྟོག་འཁྲུལ་པས་བརྟགས་ནས་ནི། །རྒྱུ་དང་འབྲས་བུའི་དོན་རྟོགས་པ། །ཡང་དག་གནས་སུ་དེ་


DNG005_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྐྱོལ། །དོན་མཐོང་ལམ་ནས་ལོག་པ་བཞིན། །རང་གི་སྣང་ཚུལ་མ་ཤེས་པས། །རྒྱུ་རྐྱེན་མེད་ལ་དེ་ཡང་བསྒྲིབ། །རང་བཞིན་གཡོ་འགུལ་མེད་པ་ལ། །དེ་ལྟར་དེ་བཞིན་གནས་པ་ནི། །ཇི་ལྟར་གནས་ཀྱང་རང་གི་སེམས། །གཞན་དུ་སྣང་བ་རྡུལ་ཙམ་མེད། །རང་ལས་མ་གཏོགས་གཞན་ཞིག་ཏུ། །གུད་དུ་ཅིར་ཡང་བཙལ་དུ་མེད། །སྟོང་པའི་བློ་དང་མཚན་མའི་རྟགས། །དུས་རྣམས་རྟག་ཏུ་དབྱེར་མེད་པས། །དེ་ལྟར་དེ་བཞིན་གནས་པས་ནི། །ཇི་ལྟར་གནས་ཀྱང་བྱང་ཆུབ་སེམས། །སྟོང་པའི་བཞག་ས་ལོགས་ན་མེད། །གཉིས་མེད་རིག་པའི་དོན་དེ་ལ། །ཉམས་སུ་བླངས་དང་མ་བླངས་བློ། །བསྒོམས་པས་མཚན་མའི་ཀླུང་མི་ཟློག །དེ་ཉིད་རང་བཞིན་གཞིར་བཞག་ལ། །སངས་རྒྱས་རྣམས་ཀྱིས་ཅི་ལ་བསྒྲུབས། །གང་ཡང་དམིགས་སུ་མེད་པ་ལ། །སེམས་ཅན་བླང་དོར་ཅི་ལ་བྱེད། །ཏིང་འཛིན་རོ་ལ་མི་ཆགས་ཤིང་། །ཆགས་སྡང་གནས་ནས་མི་སྐྱེ་བ། །དེ་ཡི་རང་བཞིན་རྟོགས་ལས་བྱུང་། །སངས་རྒྱས་སེམས་ཅན་གཉིས་མེད་ལ། །འཁོར་འདས་བཟང་ངན་མི་འབྱེད་པ། །དེ་ཡི་ངང་ངམ་ཤུགས་ལས་འབྱུང་། །ས་དང་ལམ་ལ་མ་བགྲོད་ཀྱང་། །དེ་བཞིན་ཉིད་ལས་མ་གཡོས་པས། །ཅིར་སྤྱད་ཟག་པ་མེད་ལས་འབྱུང་། །ཅིར་ཡང་མི་སྣང་མི་དམིགས་དང་། །གང་ཡང་མ་མཐོང་ཅིར་མི་བསྒོམ། །ངེས་པའི་དོན་ལ་བལྟས་པས་བསལ། །སངས་རྒྱས་རྣམས་ཀྱི་གྲུབ་པའི་མཐའ། །སྐྱེ་འགག་མེད་པའི་དོན་འདི་ཉིད། །རྒྱལ་བ་ཀུན་གྱི་ལམ་པོ་ཆེ། །འདི་ལས་གཞན་པའི་དགོངས་པ་ནི། །སངས་རྒྱས་རྣམས་ལ་ཡོངས་མི་མངའ། །དགོངས་པ་འདི་ལས་ཐམས་ཅད་འབྱུང་། །འཕགས་པའི་ཡུལ་དང་གནས་ཀྱང་གསལ། །སེམས་ཅན་ལུས་དང་བག་ཆགས་ཀྱང་། །འདི་ལ་རྟེན་བཅས་སྣང་བ་ཡིན། །ཐེག་པའི་ཁྱད་པར་ཇི་སྙེད་པ། །དེ་ཡི་མཐུ་ལས་བྱུང་བ་ཡིན། །མཆོག་ཏུ་གསང་བའི་ཆོས་ཉིད་འདི། །ཞིབ་


DNG005_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྲ་སྟེ་བརྟག་དཀའ་བས། །དམིགས་ཤིང་བསམ་པའི་ཡུལ་མ་གྲུབ། །བསྒོམ་ཞིང་བསྒྲུབ་པའི་ཁར་མ་ལུས། །སེམས་ཀྱི་ངང་ལ་བསམ་དུ་མེད། །རང་བྱུང་ཡེ་ཤེས་བསྒྲུབ་མི་དགོས། །ནམ་མཁའི་ཀློང་ལ་བཟོ་བྱར་མེད། །རྒྱལ་སྲས་རང་དུ་སྣང་བའི་ཕྱིར། །འདི་ལ་འབྲས་བུ་ཐོབ་ཏུ་མེད། །དོན་གྱི་ངོ་བོ་གཞན་མིན་པས། །རྣམ་ཐར་ལམ་དུ་འཇུག་མི་དགོས། །ཐུགས་རྗེ་ཤུགས་ཀྱིས་འབྱུང་བས་ན། །དེ་བའི་ལམ་ལ་རྩོལ་མི་དགོས། །ཆགས་སྡང་གནས་ལས་མ་འཕགས་པར། །གཟུང་དང་འཛིན་པའི་སྟེགས་བཅས་ནས། །ཕྱོགས་མེད་འབྲས་བུ་འདོད་པ་ནི། །ཁྱི་རྒན་འདབ་ཆགས་བསྙེག་པ་བཞིན། །ཟབ་མོའི་དགོངས་པ་འཆར་མི་འགྱུར། །རྣམ་པར་མི་རྟོག་དོན་འཚོལ་ནས། །སྣང་བ་རས་སུ་བོར་བས་ནི། །སྟོང་པའི་ཕྱོགས་སུ་ཁ་ལྟ་བ། །རྒྱུས་མེད་ལམ་དུ་ཞུགས་པ་བཞིན། །གཡས་སུ་ཕྱིན་པས་གཡོན་དུ་འཁྱོག །མི་རྟོག་འདོད་པ་རྟོག་པའི་ནད། །འཁོར་བའི་བཙོན་ར་དམ་པོར་འཁྱམས། །བཅོས་པར་དཀའ་ལ་ལྷུང་ཚབས་ཆེ། །དེས་ན་ཅིར་ཡང་བསྒོམ་མི་བྱ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། མི་རྟོག་པ་བསྒོམ་དུ་མེད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་དགོངས་པ་མ་ནོར་བའི་དོན་འདི་གསུངས་སོ། །འདི་ཞེས་དམིགས་སུ་མེད་པ་དང་། །མཚན་མའི་ཡུལ་ལས་འདས་པ་ཡི། །ནམ་མཁའ་ལྟ་བུའི་ཆོས་ཉིད་དེ། །ཀུན་ལ་གསལ་སྙོམས་ཉི་ཟླའི་འོད། །གཏི་མུག་མུན་པ་སེལ་བ་ཡི། །སྒྲོན་མ་ལྟ་བུའི་བྱང་ཆུབ་སེམས། །ཐ་རམ་སྒོ་ལྕགས་དམ་པོ་དེ། །འབྱེད་པར་བྱེད་པའི་ལྡེ་མིག་སྟེ། །འཕྲུལ་ཆེན་གསང་བའི་སྒོ་ཕྱེ་ནས། །སྐུ་གསུམ་ནོར་བུའི་གཏེར་མཛོད་བསྟན། །དེ་མཐོང་རྒྱལ་བ་རྣམས་དང་མཉམ། །རྣམ་ཐར་འབྱུང་བའི་ཀློང་ཆེན་འདི། །མཆོག་གི་དགོངས་པ་


DNG005_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་སྟེ། །དམན་པའི་ཐེག་པས་འདི་མི་མཐོང་། །ཐེག་མཆོག་ཤིན་ཏུ་ཡངས་པའི་ཆོས། །ཟབ་པར་གྱུར་པས་གཟུང་དུ་མེད། །བཟུང་བས་མི་ཟིན་ཆུ་ཟླ་བཞིན། །ཀུན་སྙོམས་ཀུན་འབྱུང་ནམ་མཁའི་ཀློང་། །རྫོགས་ཆེན་བྱ་བྲལ་ཡངས་པའི་ཆོས། །སྙིང་པོའི་ངང་ལ་བྱ་བཙལ་བྲལ། །རང་སེམས་རྣམ་དག་མཁའ་དབྱིངས་ཀློང་། །མཚན་ཉིད་དེ་མཐོང་རྒྱལ་བའི་སྲས། །ཐམས་ཅད་ཀུན་ཏུ་བཟང་པོའི་ཀློང་། །ཅིར་སྣང་ཀུན་ཏུ་བཟང་པོའི་མཁའ། །མཁའ་དབྱིངས་དག་པའི་ཀློང་དཀྱིལ་དེ། །འཁོར་འདས་རྣམས་ཀྱི་འགྲོ་ས་ཡིན། །རྫོགས་སོ་རྫོགས་སོ་འདི་རུ་རྫོགས། །འདི་ལ་ཐམས་ཅད་མ་ལུས་རྫོགས། །འདུས་སོ་འདུས་སོ་འདི་ལ་འདུས། །ཕྱི་ནང་འཁོར་འདས་འདི་རུ་འདུས། །འདི་ལས་ཤིན་ཏུ་ཟབ་པའི་ཆོས། །བཙལ་ཡང་རྒྱལ་བས་མི་རྙེད་དེ། །སེམས་ཅན་རྣམས་ཀྱིས་དེ་མ་རིག །མ་རིག་སེམས་དང་བཅས་ནས་འགྲོ། །འགྲོ་བའི་ལམ་ཆེན་དྲང་སྲོང་ཤུལ། །མཁའ་ཀློང་ཡངས་པ་ཀུན་ཏུ་བཟང་། །ཐམས་ཅད་འདི་ལྟར་ཤེས་པ་ན། །བླ་མེད་ལམ་མཆོག་ཡེ་ནས་ཐོབ། །ལེགས་པར་བརྟགས་ན་སེམས་ཉིད་རང་། །མཉམ་ཉིད་རིག་པའི་འབྱུང་ཁུངས་ཡིན། །དུས་གསུམ་རྒྱལ་བ་མ་ལུས་ཀྱང་། །གང་དུ་མ་བཞུད་དེ་ཁོ་ན། །གང་དུ་མི་གནས་དེ་ཁོ་ན། །གང་ནས་མ་བྱུང་དེ་ཁོ་ན། །དབྱིངས་ལ་གཞི་བཞག་ཡིན་པས་ན། །སངས་རྒྱས་གཞན་ན་རྡུལ་ཙམ་མེད། །མྱ་ངན་འདས་པའི་ཞིང་ཁམས་དེ། །ཁམས་གསུམ་སེམས་ཅན་བཙོན་ར་སྟེ། །གཉིས་མེད་འདུས་པའི་ཀློང་ཆེན་དེ། །ཀུན་ལ་སྙོམས་པའི་འགྲོ་ཁུངས་ཡིན། །དེ་ལ་མེད་པ་བཙལ་དུ་མེད། །དེ་ལ་ཡོད་པ་སྤང་དུ་མེད། །སྟོང་བྲལ་མེད་པའི་ཀློང་ཆེན་དེ། །འདུ་འབྲལ་མེད་པའི་ཕོ་བྲང་ཡིན། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། །ཐམས་ཅད་ཀུན་ལ་མཉམ་པར་གནས། །གཡོས་པ་མེད་པར་རྒྱུན་དུ་གནས། །རང་བཞིན་དག་པར་རྒྱུན་དུ་གནས། །མཚོན་དུ་མེད་པར་རྒྱུན་དུ་གནས། །ཁ་དོག་དབྱིབས་སུ་མི་རྟོག་སྟེ། །རང་གི་མཚན་


DNG005_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དམིགས་སུ་མེད། །དེ་ཤེས་དོན་ལ་འདའ་བ་མེད། །ཡོན་ཏན་ལྷུན་གྱིས་རྫོགས་པས་ན། །རང་གི་སེམས་ལས་མ་གཏོགས་པའི། །ཆོས་གཞན་ལོགས་ན་ཡེ་ནས་མེད། །འདི་ལ་ཕྱི་དང་ནང་མེད་པས། །གཉིས་སུ་མི་འབྱེད་ཕྱི་དང་ནང་། །རང་བཞིན་ཀུན་ཏུ་བཟང་མོར་གཅིག །ཕ་རོལ་ཚུ་རོལ་མ་མཐོང་བས། །མཐའ་གཉིས་ཀློང་དུ་མཉམ་པར་གནས། །མཉམ་ཉིད་གཅིག་ལ་གཉིས་མེད་པས། །མི་འབྱེད་རྒྱལ་བའི་སྐུ་རུ་གཅིག །རྒྱལ་བའི་སྐུ་ལས་མ་གཏོགས་པའི། །ཏིང་འཛིན་ཡུལ་ལ་བསྒོམ་མི་དགོས། །དབང་པོ་རང་ཡན་མ་གཏོགས་པ། །དབེན་པའི་དགོན་གནས་བཟུང་མི་དགོས། །ཡུལ་སེམས་ཀློང་དུ་གཅིག་པས་ན། །ཉམས་དགའ་ཕྱི་རོལ་བལྟ་རུ་མེད། །ལམ་དང་འབྲས་བུའི་ཆོས་རྣམས་ཀུན། །ཡེ་ནས་མཚོན་དུ་མེད་པས་ན། །རྣམ་ཐར་ས་ལ་བགྲོད་མི་དགོས། །བསྟན་པའི་སྙིང་པོ་རང་ཡིན་པས། །ལྷ་སྲིན་སྡེ་བརྒྱད་མཐུ་ཆེ་ཡང་། །སངས་རྒྱས་ཐུགས་ལ་བརྒལ་དུ་མེད། །འདི་ལ་སུས་ཀྱང་བཅོས་སུ་མེད། །འདི་ལ་གང་ཡང་འདའ་བ་མེད། །སུ་ཡིས་དགོངས་ནས་ཅི་ཞིག་བསྒོམ། །མ་བསྒོམས་མཚན་མ་རང་སར་གྲོལ། །བྱ་དང་མི་བྱའི་ལས་རྣམས་ཀྱིས། །ཟིན་པར་ཅུང་ཟད་མི་འགྱུར་ཏེ། །མ་བྱས་ཡེ་ནས་སངས་རྒྱས་ས། །གདོད་ནས་དག་པས་མཆོག་གི་དཀྱིལ། །དཀའ་ཐུབ་བརྟུལ་ཞུགས་མི་དགོས་པས། །བྱང་ཆུབ་ཀློང་དུ་བདེ་བར་གནས། །གང་ལ་ཅི་ཡང་མི་དགོས་ཤིང་། །ཡེ་ནས་རྣམ་དག་སྐྱོན་མེད་པས། །འཕགས་པའི་ས་ལ་མ་བགྲོད་ཕྱིན། །ཆོས་དབྱིངས་འཕགས་པ་ཀུན་གྱི་གནས། །ཀུན་གཞི་རྣམ་དག་བྱང་ཆུབ་སེམས། །སེམས་ལས་མེད་པར་གསུངས་པས་ན། །སེམས་ཉིད་ཇི་ལྟར་གནས་ཀྱང་རུང་། །དེ་ཉིད་གང་དུ་ཤར་ཀྱང་རུང་། །རོལ་པའི་སྙིང་པོར་རང་འབྱུང་བས། །ཕྱི་ནང་ཀུན་གྱི་འབྱུང་ས་ཡིན། །ཡེ་ནས་སྙིང་པོ་གཞི་རྩ་མེད། །ཅི་ཡང་མེད་ལས་ཅིར་ཡང་འབྱུང་། །སྐལ་དང་ལྡན་པས་


DNG005_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་འགྱུར་ཏེ། །སྐལ་མེད་རྣམས་ཀྱིས་རྟོགས་པ་མིན། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དབྱིངས་ལ་འགྲོ་འོང་མེད་པར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པ་མ་ནོར་བ་འདི་གསུངས་སོ། །ཕྱོགས་རིས་ཀུན་དང་བྲལ་བ་ལ། །མཐའ་དང་དབུས་སུ་མི་དམིགས་ཏེ། །སྒྲོ་དང་སྐུར་པ་མེད་པའི་ཕྱིར། །བླང་དང་དོར་བ་ཡོངས་ཀྱིས་མེད། །རྒྱུ་འབྲས་ཀུན་ལས་འདས་པའི་ཕྱིར། །ཡེ་ནས་རྐྱེན་གྱིས་བསྐྱེད་དུ་མེད། །རྒྱུ་རྐྱེན་བྲལ་བའི་ཆོས་ཉིད་ལ། །མུ་སྟེགས་ལྟ་བ་མདུད་པ་ཅན། །རྟག་ཆད་གཉིས་ཀྱི་ངན་དཔྱད་ཀྱིས། །མཐའ་བྲལ་ལྟ་བ་མ་རྟོགས་ཏེ། །གཉིས་སུ་ཞེན་པ་ཕྱོགས་འཛིན་བདུད། །ཨ་ཏི་ཡོ་གའི་ལྟ་བ་ནི། །ཆོས་ཉིད་རྒྱ་ཆད་མེད་པ་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །མུ་སྟེགས་མ་སྤངས་རྫོགས་ཆེན་རྒྱན། །ཉན་ཐོས་ལྟ་བ་མདུད་པ་ཅན། །ཡུལ་སེམས་འདྲེལ་མེད་སྐད་ཅིག་བལྟ། །ཡོད་མེད་མཉམ་པའི་ཆོས་ཉིད་ལ། །མེད་པ་འདོད་པ་ཕྱོགས་འཛིན་བདུད། །ཨ་ཏི་ཡོ་གའི་ཆོས་ཉིད་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །ཉན་ཐོས་མ་སྤངས་རྫོགས་ཆེན་རྒྱན། །རང་རྒྱལ་ལྟ་བ་མདུད་པ་ཅན། །ཡུལ་སྟོང་གཅིག་ལ་ཤེས་པ་གཏད། །རྟེན་འདྲེལ་བཅུ་གཉིས་འཇུག་ལྡོག་བྱེད། །འབྱུང་འཇུག་མཉམ་པའི་ཆོས་ཉིད་ལ། །ཡོད་པར་འདོད་པ་ཕྱོགས་འཛིན་བདུད། །ཨ་ཏི་མཉམ་པའི་ཆོས་ཉིད་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །རང་རྒྱལ་མ་སྤངས་རྫོགས་ཆེན་རྒྱན། །སེམས་ཙམ་ལྟ་བ་མདུད་པ་ཅན། །རང་གསལ་གཟུང་འཛིན་དག་པ་ལ། །རང་སྒོ་བདེན་པར་བལྟ་བ་སྟེ། །ཤེལ་སྒོང་དག་པའི་ཚུལ་ཤེས་པས། །བདག་མེད་གཉིས་འདོད་ཕྱོགས་འཛིན་བདུད། །གང་ཡང་འདྲ་བའི་ཆོས་ཉིད་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །སེམས་ཙམ་མ་སྤངས་རྫོགས་ཆེན་རྒྱན། །དབུ་མའི་ལྟ་བ་མདུད་པ་ཅན། །རིག་


DNG005_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀུན་རྫོབ་སྤྲོས་བཅད་ནས། །དོན་དམ་སྤྲོས་མེད་ངང་ལ་འཇལ། །བདེན་གཉིས་དོན་ལ་ཡིད་ཆེས་བལྟ། །གཉིས་མེད་མཉམ་པའི་ཆོས་ཉིད་ལ། །གཉིས་སུ་བལྟ་བ་ཕྱོགས་འཛིན་བདུད། །གཉིས་སུ་མེད་པའི་ཆོས་ཉིད་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །དབུ་མ་མ་སྤངས་རྫོགས་ཆེན་རྒྱན། །ཀྲི་ཡཱའི་ལྟ་བ་མདུད་པ་ཅན། །ཀུན་རྫོབ་སྣང་བ་རིགས་གསུམ་བལྟ། །དོན་དམ་དག་པའི་མཐའ་དང་བྲལ། །རྗེ་ཁོལ་ཚུལ་དུ་ལྟ་བར་བྱེད། །བཟང་ངན་མཉམ་པའི་ཆོས་ཉིད་ལ། །གཉིས་སུ་འཛིན་པ་ཕྱོགས་འཛིན་བདུད། །ཆོས་ཉིད་མཉམ་པའི་དོན་འདི་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །ཀྲི་ཡཱ་མ་སྤངས་རྫོགས་ཆེན་རྒྱན། །ཨུ་བའི་ལྟ་བ་མདུད་པ་ཅན། །བལྟ་སྤྱོད་གོང་འོག་རྗེས་སུ་འདྲེང་། །གཅིག་ལ་ལྟ་ཞིང་གཅིག་ལ་སྤྱོད། །གཉིས་འཛིན་ཁ་བྲག་ཕྱོགས་འཛིན་བདུད། །གཉིས་ཀའི་ཚུལ་དུ་ལྟ་བྱེད་པ། །གོང་འོག་མཉམ་པའི་ཆོས་ཉིད་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །ཨུ་བ་མ་སྤངས་རྫོགས་ཆེན་རྒྱན། །ཡོ་གའི་ལྟ་བ་མདུད་པ་ཅན། །དོན་དམ་སྣང་ལ་རང་བཞིན་མེད། །ཀུན་རྫོབ་དག་པའི་བྱིན་རླབས་ལྷ། །མཚན་མེད་མཉམ་པའི་ཆོས་ཉིད་ལ། །ལྷར་སྣང་ཕྱོགས་སུ་འཛིན་པའི་བདུད། །གང་ཡང་འདྲ་བའི་ཆོས་ཉིད་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །ཡོ་ག་མ་སྤངས་རྫོགས་ཆེན་རྒྱན། །མ་ཧཱའི་ལྟ་བ་མདུད་པ་ཅན། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །བདེན་པ་དབྱེར་མེད་སྤྱོད་ཡུལ་བྲལ། །ཆོས་ཉིད་མཉམ་པའི་དོན་འདི་ལ། །སྤྱོད་ཡུལ་བྲལ་བ་ཕྱོགས་འཛིན་བདུད། །གཉིས་ཀ་རང་ཤར་རང་གྲོལ་བས། །མ་ཧཱ་མ་སྤངས་རྫོགས་ཆེན་རྒྱན། །ཨ་ནུའི་ལྟ་བ་མདུད་པ་ཅན། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །ཀུན་ཏུ་བཟང་པོ་བཟང་མོ་གཉིས། །གཉིས་སུ་མེད་པ་བདེ་ཆེན་བལྟ། །ཡོད་ཀྱང་མཉམ་པའི་ཆོས་ཉིད་ལ། །གཉིས་མེད་ཕྱོགས་སུ་ལྷུང་བའི་བདུད། །རྒྱ་ཆད་མེད་པའི་ཆོས་ཉིད་ལ། །གཉིས་ཀ་རང་ཤར་


DNG005_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་བས། །ཨ་ནུ་མ་སྤངས་རྫོགས་ཆེན་རྒྱན། །བྱ་བྲལ་ངང་དུ་ཀུན་རྫོགས་པས། །མ་འདྲེས་ཡོངས་སུ་རྫོགས་པའི་རྒྱན། །མ་སྤངས་རང་སར་གྲོལ་བའི་ཀློང་། །སངས་རྒྱས་སྐུ་དང་སེམས་ཅན་ལུས། །ཇི་ལྟར་སྣང་བ་དབྱིངས་ཀྱི་རྒྱན། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། ཐེག་པ་རང་གྲོལ་གྱི་ལེའུ་སྟེ་བཅུ་བདུན་པའོ།། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་མ་ནོར་བའི་དོན་གསུངས་པ། འགྲོ་ཀུན་ཡེ་ནས་སངས་རྒྱས་ཉིད། །ཉོན་མོངས་ཡེ་ཤེས་བདུད་རྩི་སྟེ། །འཁོར་བའི་གཡང་ས་བྱང་ཆུབ་སེམས། །དུག་གསུམ་སྐུ་གསུམ་གཏན་ནས་སྤྲུགས། །སྐྱེ་ཤི་རྩད་ནས་བཅད་པ་དང་། །ཁམས་གསུམ་ཡོངས་སུ་བསྒྲལ་བ་དང་། །གཟུང་འཛིན་རྣམ་གཉིས་བསྲེག་པ་དང་། །བྱ་བྱེད་གཉིས་སྣང་ཐམས་ཅད་ཀུན། །ཉིད་ལ་ཉིད་འཛིན་ཉིད་སྤྱོད་པས། །རྩ་བ་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ནི་ཆོས་ཀྱི་སྐུར། །ཡེ་ནས་གནས་ཕྱིར་གཞན་མ་ཡིན། །རྒྱལ་བ་རྣམས་ཀྱང་དེ་ཡི་སྐུ། །ཕྱི་ནང་གསང་བའི་ཐེག་མཆོག་ཀྱང་། །ཇི་སྙེད་བསྟན་པར་གྲགས་པ་ཀུན། །སེམས་ཉིད་དེ་ཡི་ཡོན་ཏན་དེ། །སེམས་ལས་མ་གཏོགས་ཆོས་མེད་པས། །སངས་རྒྱས་བྱ་བ་ལོགས་ན་མེད། །སེམས་ཉིད་ཀློང་དུ་མ་གྲོལ་ཞིང་། །ཆོས་ཉིད་ངང་དུ་མ་ཤེས་ན། །གཉིས་སུ་འཛིན་པའི་བློ་ཅན་ནི། །ནམ་མཁའི་ཀློང་དུ་མདུད་པ་བོར། །ཕྱོགས་འཛིན་སེམས་ཀྱི་མདུད་པ་སྟེ། །བརྟག་ཏུ་མེད་ལ་རྟོག་གེ་བྱུང་། །བལྟས་པས་མ་མཐོང་བསམ་དུ་མེད། །ཨ་ཏིའི་ལྟ་བ་ཕྱོགས་རིས་མེད། །བལྟས་ཀྱང་སྐྱོན་གྱིས་གོས་པ་མེད། །མ་བལྟས་མཚན་མ་རང་སར་གྲོལ། །གཉིས་མེད་རང་གྲོལ་ལྟ་བ་ཡིས། །ཡོད་མེད་གཉིས་ཀྱི་ལྟ་བ་ལ། །ཕྱོགས་སུ་འཛིན་པའི་མདུད་པ་བཀྲོལ། །སྤྱོད་པ་བླང་དོར་མེད་པ་ལ། །ཨ་ཏིའི་བསྒོམ་པ་དམིགས་གཏད་མེད། །བསྒོམས་ཀྱང་སྐྱོན་གྱིས་མ་གོས་ཏེ། །རང་བྱུང་རོལ་པ་རང་ལ་ཤར། །མ་བསྒོམས་མཚན་མ་རང་སར་གྲོལ། །རང་བྱུང་གཉིས་མེད་བསྒོམ་པ་


DNG005_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །བསྒོམ་དུ་ཡོད་དང་མེད་པའི་ཕྱོགས། །གཉིས་སུ་འཛིན་པའི་མདུད་པ་བཀྲོལ། །སྤྱོད་པ་བླང་དོར་མེད་པ་ལ། །སྤྱད་ཀྱང་སྐྱོན་གྱིས་མི་གོས་ཏེ། །རང་བྱུང་ཡེ་ཤེས་ཤར་ལུགས་ཡིན། །མ་སྤྱད་མཚན་མ་རང་སར་གྲོལ། །རང་གྲོལ་གཉིས་མེད་སྤྱོད་པ་ཡིས། །ཆེད་དུ་རྩོལ་བའི་མདུད་པ་བཀྲོལ། །ཨ་ཏིའི་འབྲས་བུ་སྤང་ཐོབ་མེད། །བསྒྲུབས་ཀྱང་སྐྱོན་གྱིས་མི་གོས་ཏེ། །རང་བྱུང་ཡོན་ཏན་ངང་ལ་ཤར། །མ་བསྒྲུབས་མཚན་མ་རང་སར་གྲོལ། །གཉིས་མེད་རང་གྲོལ་འབྲས་བུ་ཡིས། །རེ་དང་དོགས་པའི་མདུད་པ་བཀྲོལ། །བསྲུང་མཚམས་མེད་པའི་དམ་ཚིག་ལ། །བསྲུངས་ཀྱང་སྐྱོན་གྱིས་མི་གོས་ཏེ། །རང་བྱུང་རོལ་པ་རང་གི་རྒྱན། །མ་བསྲུངས་མཚན་མ་རང་སར་གྲོལ། །གཉིས་མེད་རང་གྲོལ་དམ་ཚིག་གིས། །སྐྱོན་ཡོན་འབྱེད་པའི་མདུད་པ་བཀྲོལ། །བྱ་བཙལ་མེད་པའི་ཕྲིན་ལས་ལ། །རྩོལ་བསྒྲུབ་བྱས་ཀྱང་སྐྱོན་མེད་དེ། །རང་བྱུང་ཡེ་ཤེས་རོལ་པ་ཡིན། །མ་བྱས་མཚན་མ་རང་སར་གྲོལ། །གཉིས་མེད་རང་གྲོལ་ཕྲིན་ལས་ཀྱིས། །ཕྱོགས་སུ་བྱེད་པའི་མདུད་པ་བཀྲོལ། །ས་ལམ་བཅད་བགྲོད་མེད་པ་ལ། །སྦྱང་ཞིང་བགྲོད་ཀྱང་སྐྱོན་མེད་སྟེ། །རང་བྱུང་རོལ་པ་ས་ལམ་ཤར། །མ་སྦྱངས་མ་བགྲོད་རང་སར་གྲོལ། །གཉིས་མེད་རང་གྲོལ་ས་ལམ་གྱིས། །ཆེད་དུ་བགྲོད་པའི་མདུད་པ་བཀྲོལ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། མདུད་འགྲོལ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་གསུངས་པ། ཀློང་ཆེན་རྒྱ་ཡན་ཕྱོགས་མེད་ཀྱིས། །ཕྱོགས་འཛིན་མཐའ་ཡི་མདུད་པ་བཀྲོལ། །འཆིང་བ་གཉིས་ཀྱི་མདུད་པ་དང་། །སྒྲིབ་པ་གཉིས་ཀྱི་མུན་པ་བསལ། །མུན་སེལ་སྒྲོན་མ་རིན་པོ་ཆེ། །འགྲོ་དྲུག་སངས་རྒྱས་ཞིང་དུ་གསལ། །ཕྱོགས་མཚམས་བླ་འོག་མཐོ་དམན་ཀུན། །ཐིག་ལེ་གཅིག་གི་རྒྱར་མཉམ་པས། །སངས་རྒྱས་གོང་ན་མེད་


DNG005_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ། །འཁོར་བ་འོག་ན་མེད་པར་གསལ། །འཁོར་འདས་རྒྱུ་འབྲས་རང་ཉིད་པས། །འགྲོ་དྲུག་སྡུག་བསྔལ་དེར་བཀྲོལ་ཀྱང་། །བྱང་ཆུབ་སེམས་ལ་བདག་གཞན་མེད། །མཉམ་པའི་དོན་ལ་མཐོ་དམན་མེད། །མཐོ་དམན་མེད་པ་མཉམ་པའི་ཁར། །རིག་པ་ཆོས་ཉིད་བརྡལ་བའི་རྫོང་། །ཀུན་ལ་ཁྱབ་པས་བརྡལ་བ་ཆེ། །གཉིས་སུ་མེད་པས་འཕོ་འགྱུར་མེད། །མི་འགྱུར་བརྟན་པས་རྡོ་རྗེའི་བདག །ཡེ་ནས་གནས་པའི་རང་བཞིན་ཏེ། །རྡོ་རྗེའི་མཁར་རྫོང་ཕྱོགས་མེད་དོན། །ཡུལ་མེད་རིག་པའི་མཚོན་ཆ་ཡིན། །ཡེ་ནས་དེ་ལྟར་གྲོལ་བ་ལ། །འདོད་འབྱུང་ཅིར་ཡང་འཆར་བས་ན། །ཡོན་ཏན་ནོར་བུ་རིན་པོ་ཆེ། །ཡེ་ནས་དེ་ཡི་ངོ་བོར་གནས། །དེ་ལ་སྐྱེ་ཤི་མེད་པ་དང་། །འཕོ་འགྱུར་མེད་པས་འབྲས་བུར་གདགས། །འབྲས་བུ་རང་དུ་ཤེས་པ་ལ། །གོལ་ས་གཡང་ས་ག་ལ་ཡོད། །ཡོད་ཀྱང་ཤུགས་ཀྱིས་ཆོད་པའི་ཕྱིར། །གཡང་ས་ཞེས་པ་ག་ལ་ཡོད། །གཡང་ས་ཉིད་ཀྱང་བྱང་ཆུབ་སེམས། །སེམས་ཀྱི་མདུད་པ་མ་ཁྲོལ་བར། །འཕགས་ལམ་ལོགས་ནས་ཚོལ་བ་ནི། །བཙོན་བུ་དོང་ན་འགྲེ་བ་བཞིན། །ཐར་དུ་རེ་སྟེ་མི་ཐར་རོ། །འདོད་ན་གང་འདོད་མཐའ་ཡིན་ཏེ། །ཡོད་པར་འདོད་ན་རྟག་མཐས་བཅིངས། །མེད་པར་འདོད་ན་ཆད་པའི་བློ། །རྟག་ཆད་གཉིས་ཀྱི་མདུད་པ་དེ། །རྣལ་འབྱོར་འཆིང་བར་བྱེད་པའི་སྒྲོག །དེ་ཡི་མདུད་པ་ཇི་ལྟར་འགྲོལ། །འོག་མའི་ལམ་སྩོགས་ལམ་གཞན་གྱིས། །བཀྲོལ་བས་ཁྲོལ་བ་མ་ཡིན་ཏེ། །ཞེན་པའི་ཐག་པས་བཅིངས་པར་མཆི། །གསང་བའི་མདུད་འགྲོལ་འདི་ལྟ་སྟེ། །མཐའ་ལ་སྐྱོན་དུ་མི་བལྟ་བས། །འཆིང་དང་གྲོལ་བར་མི་བྱེད་དེ། །མཐའ་གཉིས་མ་སྤངས་རང་གྲོལ་བས། །གཉིས་མེད་ཙམ་དུ་མི་གནས་ཤིང་། །གཉིས་ཀ་ལྟར་ཡང་རང་ཤར་བས། །མཐའ་བཞི་རྒྱ་ཡན་ནམ་མཁའི་ཀློང་། །འཆིང་གྲོལ་གཉིས་མེད་རང་སར་བདེ། །གཅིག་བདེ་གཉིས་བདེ་ཀུན་ཀྱང་བདེ། །ཁམས་གསུམ་སེམས་ཅན་ཀུན་ཀྱང་བདེ། །དུས་གསུམ་སངས་


DNG005_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱང་བདེ། །རང་སྣང་ཆོས་སྐུའི་ཀློང་ན་བདེ། །ཆོས་སྐུ་འཕོ་འགྱུར་མེད་པ་ལ། །འཁོར་འདས་ཆོས་ཀུན་ཅི་བདེར་བཞུགས། །དེ་ལ་ངེས་པ་མེད་པའི་ཕྱིར། །བྱེད་སྤྱོད་ཅིར་ཡང་མ་འགགས་པས། །དེ་ཡི་ཀློང་དུ་ཅི་བདེར་སྤྱོད། །སྤྱོད་ཡུལ་གང་ཡང་མི་འགོག་པས། །ཅིལ་ཡང་ཉམ་ང་མེད་པ་དང་། །གང་ཡང་ཐོགས་པ་མེད་པའི་ཕྱིར། །སུ་ཞིག་གང་ལ་གང་གིས་འཆིང་། །འཆིང་གྲོལ་ཉིད་དུ་བྱང་ཆུབ་སེམས། །དེ་ལྟར་གོ་བའི་སྐྱེས་བུ་དེ། །གང་དང་གང་གིས་སྤྱོད་ཡུལ་ལ། །མཐའ་དང་བྲལ་བར་སྤྱོད་པ་ནི། །ང་བདག་མེད་པའི་ཆོས་ཉིད་ལ། །མ་བཅོས་མ་བསླད་ངང་གིས་གནས། །ཡིན་པར་ངེས་པའི་ཆོས་ཉིད་ལ། །མ་ནོར་ངེས་པའི་དོན་ཤར་བས། །ཇི་བཞིན་ཀློང་ན་བློ་བདེར་གནས། །སྐྱེ་འགག་མེད་པའི་ཆོས་ཀྱི་སྐུ། །མ་སྐྱེས་པས་ན་མི་འཇིག་ཅིང་། །མ་ཤར་བས་ན་མི་ནུབ་སྟེ། །མ་བྱས་པས་ན་བརླག་པ་མེད། །དངོས་སུ་མི་སྣང་ཕྱོགས་དང་བྲལ། །མ་བྱུང་བས་ན་མི་འགྲོ་ཕྱིར། །འགྲོ་འོང་མེད་པར་ཡེ་ནས་གནས། །ཀུན་ལ་ཁྱབ་ཅིང་སྒྲིབ་མེད་པས། །ནམ་མཁའ་ལྟ་བུའི་བདེ་ཆེན་སྐུ། །ཡོད་མེད་མིང་དང་བྲལ་བས་ན། །མཚོན་དུ་མེད་པ་ཆོས་ཀྱི་སྐུ། །ཆེ་ཆུང་བོངས་ཚོད་གཟུང་མེད་པས། །དངོས་གཞི་མེད་པ་ཆོས་ཀྱི་སྐུ། །མཚན་མའི་ཡུལ་དང་བྲལ་བའི་ཕྱིར། །ཐ་སྙད་མེད་པ་ཆོས་ཀྱི་སྐུ། །ཡུལ་དང་ཡུལ་ཅན་མ་གྲུབ་པས། །བལྟ་རུ་མེད་པ་ཆོས་ཀྱི་སྐུ། །མངོན་ཞེན་གཉིས་དང་བྲལ་བའི་ཕྱིར། །གཟུང་དུ་མེད་པ་ཆོས་ཀྱི་སྐུ། །དཔེ་མེད་དཔེ་ལས་འདས་པ་དང་། །ཚད་མེད་ཚད་ལས་བརྒལ་བའི་ཕྱིར། །སྒྲོ་དང་སྐུར་པའི་མཐའ་ལས་འདས། །མཐའ་མེད་ཀློང་ན་ཕྱོགས་མེད་བདེ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། གསང་བ་བདེ་ཆེན་གྱི་ལེའུ་སྟེ་བཅུ་དགུ་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཆོས་སྐུ་བསམ་དུ་མེད་པ་དང་། །ལོངས་སྐུ་དཔག་ཏུ་མེད་པ་དང་། །སྤྲུལ་སྐུ་བསམ་གྱིས་མི་


DNG005_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པ། །ཀུན་གྱི་འབྱུང་གནས་འདི་ཡིན་པས། །ཐམས་ཅད་ཐམས་ཅད་རང་བྱུང་ཆེ། །སྟོང་ཉིད་ཐོ་ཆེན་འབར་བ་ལས། །རང་བྱུང་ཡེ་ཤེས་དོན་ཤར་བས། །ཕྱི་ནང་མེད་པར་བརྡལ་བའི་ཕྱིར། །ཐམས་ཅད་ཀུན་ཀྱང་བླང་དོར་མེད། །ཨེ་མ་གསང་བ་རྨད་དུ་བྱུང་། །སྐྱེས་བུ་དམ་པས་དེ་རིག་འགྱུར། །སྔོན་ཆད་དེ་ལྟར་མ་རིག་པས། །འཁོར་བའི་ས་བོན་དེ་ལས་བྱུང་། །སངས་རྒྱས་འཁྱམས་པ་ངོ་མཚར་ཆེ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་། །སྤང་བླང་མེད་པའི་དོན་མཐོང་ནས། །ཉོན་མོངས་བྱང་ཆུབ་བླང་དོར་མེད། །ཉོན་མོངས་རང་བཞིན་གང་ཡིན་པ། །གཞི་རྩ་མེད་ལས་བྱུང་བའི་ཕྱིར། །རང་བྱུང་ཡེ་ཤེས་རང་ཤར་བས། །དེ་ཡང་གཉེན་པོ་མེད་པ་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་ཀྱང་། །དེ་དང་སྔ་ཕྱི་མེད་པར་འབྱུང་། །རང་བྱུང་ཡེ་ཤེས་རང་ཤར་བས། །དེ་ཡང་ནུབ་པ་མེད་པ་ཡིན། །ངེས་པར་རྟོགས་ན་དེ་ལས་མེད། །ལེགས་པར་མཐོང་ན་བཅོས་མི་དགོས། །ཐེ་ཚོམ་ཆོད་ན་གདེང་དང་ལྡན། །སེམས་ཀྱི་དམ་པ་དེ་ལས་མེད། །སེམས་ཀྱི་རང་བཞིན་ལྷུན་གྱིས་གྲུབ། །སེམས་ཀྱི་མཚན་ཉིད་མ་སྐྱེས་པས། །ཇི་བཞིན་ཀློང་ན་ཅི་བདེར་གནས། །རྩ་བ་སེམས་ཉིད་ཀློང་ཆེན་དེ། །གཅིག་ཏུ་ངེས་པར་གཞག་ཏུ་མེད། །དགོངས་པ་ཉམས་མྱོང་ཀློང་ཆེན་དེ། །མཉམ་པའི་ངང་ལས་མ་གཡོས་པས། །བཞག་དང་མ་བཞག་མཐའ་ལས་འདས། །ངེས་པ་རྙེད་པ་དོན་གྱི་མཆོག །རབ་ཏུ་རྙེད་དཀའ་རྟོགས་པའི་གདེང་། །སྐལ་མེད་རྣམས་ཀྱིས་རྙེད་མི་འགྱུར། །སྐལ་ལྡན་སྐྱེས་བུའི་སྤྱོད་ཡུལ་ཏེ། །འདི་ཡི་དགོངས་གཞི་མ་མཐོང་བར། །གཞན་དུ་རྩོལ་བ་ཨ་རེ་འཁྲུལ། །བྱ་བྱེད་མང་པོ་འཁོར་བའི་རྒྱུ། །བསླབ་སློབ་མངས་པས་ལམ་གྱི་གེགས། །སྤྲོ་བསྡུ་མང་པོ་སེམས་ཀྱི་གཟེར། །མཚན་མའི་རྗེས་འབྲངས་ཤ་ཐང་ཆད། །དེས་ན་འདི་ཡི་དོན་མ་རྟོགས། །སྐྱེ་བར་བྱེད་པའི་སྒོ་ཡང་འདི། །འཆི་བར་བྱེད་པའི་ལམ་ཀྱང་འདི། །དབུགས་ཆེན་འབྱིན་པའི་ས་ཡང་འདི། །ཡེ་ནས་སངས་རྒྱས་ཉིད་དང་མཉམ། །


DNG005_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆེན་པོ་ཀུན་འདུས་དཔལ། །དཔལ་གྱི་ཐུགས་ཏེ་བྱ་བྲལ་ཀློང་། །རང་བྱུང་ཡེ་ཤེས་ཉི་མ་ཡིས། །མ་རིག་ལིང་ཐོག་བསལ་བས་མཐོང་། །སོ་སོའི་སྟོན་པ་འདི་རུ་མཐོང་། །སོ་སོའི་འཁོར་ཀྱང་འདི་རུ་མཐོང་། །སོ་སོའི་བསྟན་པ་འདིར་མཐོང་སྟེ། །ཀུན་ཏུ་སྣང་བས་བརྡལ་ཁྱབ་ཆེ། །སངས་རྒྱས་ཀུན་གྱི་ས་ཡང་མཐོང་། །རང་གིས་དགེ་བའི་བཤེས་གཉེན་བྱེད། །རང་གིས་ཉན་པའི་འཁོར་ཡང་བྱེད། །རང་གིས་བསྟན་པའི་ལམ་ཡང་བྱེད། །གསང་སྔགས་བླ་ན་མེད་པའི་ལམ། །ངེས་པར་བསྟན་པ་དེ་ལས་མེད། །དྲང་བའི་དོན་ལ་ཟད་མཐའ་མེད། །དྲང་དོན་ཚིག་གི་ལོ་མ་ཁ། །ངེས་པ་ངེས་པའི་ཐེག་པ་འདིས། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་ཅིང་། །བགྲོད་པར་དཀའ་བའི་ལམ་བཙལ་ནས། །མཐོང་བར་དཀའ་བའི་དོན་མཐོང་འགྱུར། །དེ་དོན་མངོན་དུ་གྱུར་པ་ལ། །རྒྱུ་ལ་ལྟོས་དང་མ་ལྟོས་དང་། །འབྲས་བུ་ཐོབ་དང་མ་ཐོབ་དང་། །ཡུལ་ལ་རྟོག་དང་མི་རྟོག་དང་། །སྣོད་ལ་དག་དང་མ་དག་དང་། །དབང་ལ་བསྐུར་དང་མ་བསྐུར་དང་། །ཤེས་བྱ་འབྱོངས་དང་མ་འབྱོངས་དང་། །གང་ལ་རྟེན་མེད་ཀློང་ཆེན་འདི། །ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལུང་། །ལ་ལ་བྱིན་བརླབ་གཙོ་བོར་བཤད། །འདི་ཡི་བྱིན་གྱིས་ཀུན་ལ་བརླབས། །ཐུན་མོང་ཡོན་ཏན་བསམ་མི་ཁྱབ། །ཁྱད་པར་མཆོག་གི་གོ་འཕང་ཆེ། །ལ་ལ་གཞན་ནས་ཐོབ་པར་འདོད། །འདི་ལ་ཤོར་ཐོབ་མེད་པའི་ཕྱིར། །འདི་ཡི་འབྲས་བུ་ཀུན་ལ་སྨིན། །ལས་འབྲས་ཁྱད་དུ་མི་གསོད་པས། །ཐུན་མོང་ཡོན་ཏན་བསམ་མི་ཁྱབ། །ཁྱད་པར་གོ་འཕང་མཆོག་གི་གནས། །ལ་ལ་སློབ་དང་མི་སློབ་པ། །འདི་ལ་འདི་ཞེས་བསླབ་ཏུ་མེད། །མ་བསླབས་ཀུན་གྱིས་ཡེ་ནས་ཤེས། །ཉན་བཤད་ཐོས་པ་མི་དགོས་པས། །མཚན་མ་རང་གྲོལ་ཁྱད་དུ་འཕགས། །ལ་ལ་དམིགས་དང་མི་དམིགས་པ། །འདི་ལ་དམིགས་ཤིང་གོམས་པ་མེད། །མ་དམིགས་ཀུན་ཏུ་


DNG005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་ཕྱིར། །སྒྲིབ་གཡོགས་མེད་པ་ཁྱད་པར་འཕགས། །ཁྱད་པར་འདི་ལ་རྩལ་ཐོན་པས། །ཐུགས་རྗེ་གཞན་ནས་འབྱུང་མི་དགོས། །ལས་འབྲས་ཁྱད་དུ་གསད་མི་དགོས། །མ་གསལ་གསལ་བར་བྱ་མི་དགོས། །མ་མཐོང་བ་ཡི་དོན་མཐོང་བས། །ཀུན་གསལ་འགྱུར་མེད་ཆོས་ཀྱི་དབྱིངས། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། རིག་པ་སྤྱི་བླུགས་སུ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །དེ་ནས་ཡང་གསུངས་པ། རིག་པ་རང་སྒོ་བདེ་བ་ལ། །མཚན་དང་དཔེ་བྱད་མེད་མོད་ཀྱང་། །རང་གི་སྣང་བ་ལོངས་སྐུར་ཤར། །བྱང་ཆུབ་སེམས་དཔའི་ངོ་ལ་སྣང་། །ཐུགས་རྗེས་ཀུན་ཏུ་ཁྱབ་པ་ལ། །ཡུལ་དང་ཡུལ་ཅན་མེད་མོད་ཀྱང་། །རང་གི་སྣང་བ་སྤྲུལ་སྐུར་ཤར། །ཁམས་གསུམ་སེམས་ཅན་ངོ་ལ་སྣང་། །ཆོས་སྐུ་མཚན་ཉིད་མེད་པ་ལ། །རིགས་དང་བརྒྱུད་དུ་མེད་མོད་ཀྱང་། །འཁོར་འདས་ཡོངས་ལ་ཁྱབ་པར་གནས། །ལོངས་སྐུ་མཚན་དང་དཔེ་བྱད་ལྡན། །སྤྲུལ་སྐུ་ཆོས་ཤེས་གནས་པ་ཡིན། །གང་ལ་བྱར་མེད་ཆོས་སྐུ་འདི། །མཚན་དང་ལྡན་དང་མི་ལྡན་མེད། །ཆོས་ལ་ཤེས་དང་མི་ཤེས་མེད། །ཀུན་ལ་ཉེ་རིང་མེད་པས་ན། །ནམ་མཁའི་མཐའ་ལྟར་མཉམ་པར་གནས། །ཀུན་གྱིས་བརྟགས་ཀྱང་འདི་མ་མཐོང་། །སངས་རྒྱས་རྣམས་ཀྱིས་མ་མཐོང་བས། །ལྷ་དང་བཅས་པའི་འཇིག་རྟེན་པ། །ཀུན་གྱིས་བརྟགས་ཀྱང་དེ་མ་མཐོང་། །ཞིང་ཁམས་དག་པ་མཐའ་ཡས་ཀྱང་། །དམིགས་མེད་དེ་ཡི་མཐུ་ལས་བྱུང་། །རྒྱལ་བ་དཔག་ཏུ་མེད་པ་ཡང་། །དམིགས་མེད་རང་གི་སྤྲུལ་པ་ཡིན། །དེས་ན་དབྱིངས་ལས་ཀུན་འབྱུང་བས། །བྱ་བྲལ་ཀློང་ཆེན་ཀུན་གྱི་གཞི། །ཡོངས་སུ་འདུས་པས་སྲོག་གི་མཆོག །དེ་རྟོགས་གང་ལ་གསལ་བྱེད་པ། །ཁྱད་པར་འདིས་ནི་གོ་ཕྱེ་བས། །འཁོར་འདས་ཐམས་ཅད་དུས་གཅིག་གསལ། །རྒྱལ་བ་རྣམས་ཀྱི་ཐུགས་བརྟོལ་བས། །གསལ་བྱེད་ཉི་མ་རང་ལ་ཤར། །སྲིད་པ་གསུམ་གྱི་སེམས་ཅན་ཀྱང་། །ཡེ་ཤེས་ཉི་མའི་ཀློང་ན་


DNG005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཤར། །ཕན་དང་གནོད་པའི་བྱེ་བྲག་ཀྱང་། །སྟོབས་ཆེན་རང་བྱུང་ཡེ་ཤེས་མཐུ། །བདེ་བ་ཅན་གྱི་ཞིང་ཁམས་ཀྱང་། །རང་བྱུང་ཡེ་ཤེས་རང་གི་མཐུ། །དེ་དག་རང་དང་ཡོན་ཏན་ཀྱང་། །སྟོབས་ཆེན་རང་བྱུང་ཡེ་ཤེས་རྩལ། །ས་ལ་གནས་པའི་རིག་འཛིན་དང་། །ལམ་ལ་གནས་པའི་ས་པ་ཡང་། །རང་བྱུང་ཡེ་ཤེས་མཁྱེན་པའི་སྟོབས། །དེ་དག་ཉན་བཤད་སྨྲ་བ་དང་། །ཀུན་ནས་ཀུན་ཏུ་ལོངས་སྤྱོད་པ། །ཆོས་ཀྱི་དབྱིངས་ཀྱི་བྱེད་སྤྱོད་ཡིན། །ཀུན་གྱི་རང་བཞིན་བྱར་མེད་འདི། །ཆོས་ཀྱང་བྱ་བ་མེད་པའི་ཆོས། །སྐྱེ་མེད་ཚུལ་དུ་ཡེ་སངས་རྒྱས། །སྤྱོད་ཀྱང་བྱ་བ་མེད་པར་སྤྱོད། །ཟབ་མོ་དོན་གྱི་ལོངས་སྤྱོད་ཡིན། །ཀུན་ཀྱང་དབྱིངས་སུ་ལོངས་སྤྱོད་དེ། །ཐམས་ཅད་དབྱིངས་ཀྱི་ངང་ལས་བྱུང་། །དབྱིངས་ལས་ཤར་ཞིང་དབྱིངས་ལ་གནས། །དབྱིངས་ལ་གནས་དམིགས་མེད་པའི་ཕྱིར། །འཁོར་འདས་ཀུན་གནས་དམིགས་པ་མེད། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ལ་སོགས་པ། །དུག་ལྔ་དང་ནི་རིགས་ལྔ་ཡང་། །དབྱིངས་ལ་བྱེ་བྲག་མེད་པར་གནས། །དེ་བཞིན་ཉིད་དུ་གཅིག་པའི་ཕྱིར། །གཉིས་མེད་དབྱིངས་ཀྱི་ལོངས་སྤྱོད་ཡིན། །དེ་བཞིན་སངས་རྒྱས་སེམས་ཅན་དང་། །ལས་དང་ཐུགས་རྗེས་བསྐྱེད་པ་ཡང་། །དབྱིངས་ལ་འབྱུང་འཇུག་མེད་པའི་ཕྱིར། །སེམས་ཉིད་ཀློང་ཆེན་དེ་ཡི་སྟོབས། །ཀློང་ཆེན་མཐུ་ལས་མ་གཏོགས་པའི། །གདགས་པའི་ཐ་སྙད་ཡོད་མེད་དང་། །མཐོང་བའི་རྣམ་པ་ཡོད་མེད་དང་། །བལྟས་པའི་ཡུལ་ལ་གསལ་མི་གསལ། །འཁོར་བའི་བཙོན་རར་འཇུག་མི་འཇུག །སངས་རྒྱས་ས་ལ་འགྲོ་མི་འགྲོ། །དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་། །སྔོན་ཆད་གཞན་དུ་བསྟན་པ་མེད། །དེས་ན་ངེས་པར་འདི་ཡི་མཐུ། །བྱང་ཆུབ་ས་ལ་བཀོད་མ་བཀོད། །སྙིང་པོའི་དོན་ལ་གནས་མི་གནས། །ཁོ་ན་ཉིད་དུ་རྟོགས་མི་རྟོག །ཡང་དག་དོན་ལ་རྟོགས་མི་རྟོག །ཡང་དག་དོན་ལ་འཇུག་མི་འཇུག །ངེས་པའི་


DNG005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་ཐོས་མ་ཐོས། །གཞན་ན་ཡོད་པ་མ་ཡིན་ཏེ། །ཐམས་ཅད་ཐམས་ཅད་དབྱིངས་ཀྱི་རྒྱན། །དབྱིངས་ལ་གཞི་རྩ་མེད་པའི་ཕྱིར། །ཐམས་ཅད་སྐྱེ་བ་མེད་པ་ཡང་། །དབྱིངས་ལ་འགག་པ་མེད་པའི་ཕྱིར། །དེ་དག་ཐམས་ཅད་འགག་པ་མེད། །སྐྱེ་འགག་མེད་པའི་རིག་པ་དེ། །དེ་བཞིན་ཉིད་དེ་མ་བཅོས་པ། །མ་ནོར་ལམ་མོ་མ་བསླད་པ། །ཆོས་ཀྱི་དབྱིངས་སོ་བསམ་མི་ཁྱབ། །ཡང་དག་མཐའ་འོ་སྟོང་པ་ཉིད། །འདི་ལྟར་ཟབ་པོ་བརྟག་པར་དཀའ། །འདི་ལྟར་ཡངས་སོ་རྒྱ་ཆེ་བས། །གང་ཞིག་དེ་ལྟར་གནས་པ་དེ། །རྒྱུན་ཆད་མེད་ལ་གནས་པ་ཡིན། །སྐྱེ་འགག་མེད་ལ་གནས་པ་ཡིན། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། སྤྱོད་ཡུལ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀུན་རིག་གིས་གཞན་ཡང་གསུངས་པ། དུས་གསུམ་སྐྱེ་འགག་མེད་པ་ལ། །ལྟ་བའི་ཡུལ་ཡང་སྐྱེ་འགག་མེད། །རྒྱུན་ཆད་མེད་པ་ལྟ་བའི་མཆོག །སྒོམ་པའི་གནས་ཀྱང་སྐྱེ་འགག་མེད། །རྒྱུན་ཆད་མེད་པ་སྒོམ་པའི་མཆོག །སྤྱོད་པའི་སྒོ་ཡང་སྐྱེ་འགག་མེད། །རྒྱུན་ཆད་མེད་པ་སྤྱོད་པའི་མཆོག །གྲུབ་པའི་འབྲས་བུ་སྐྱེ་འགག་མེད། །རྒྱུན་ཆད་མེད་པ་འབྲས་བུའི་མཆོག །ཁྱབ་པའི་སྙིང་རྗེ་རྒྱུན་ཆད་མེད། །རྩོལ་བའི་ཕྲིན་ལས་རྒྱུན་ཆད་མེད། །བསྒྲུབས་པའི་ཡོན་ཏན་རྒྱུན་ཆད་མེད། །བསྔོ་བའི་བྱིན་བརླབས་རྒྱུན་ཆད་མེད། །བསྲུང་བའི་དམ་ཚིག་རྒྱུན་ཆད་མེད། །སྐྱེ་འགག་མེད་དང་བཅས་པ་ཡིས། །གསང་བའི་དབྱིངས་ཀྱི་མཐོང་བརྟོལ་བས། །རྒྱུན་གྱི་རང་བཞིན་འདི་རྟོགས་ཏེ། །རྒྱུན་མི་ཆད་པར་གནས་པས་དབྱིངས། །རྒྱུན་མི་ཆད་པར་གྲོལ་བས་ཀློང་། །འཁོར་བའི་ཆོས་ཀྱང་རྒྱུན་མི་འཆད། །མྱ་ངན་འདས་པ་རྒྱུན་མི་འཆད། །ལམ་ལ་རྩོལ་བ་དེ་དང་མཚུངས། །གསང་བའི་ཆོས་ཀྱང་དེ་ལས་མེད། །ངོ་བོ་དམིགས་སུ་མེད་པའི་ཕྱིར། །བྲི་བའི་ཆོས་


DNG005_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་ལས་མེད། །དུས་གསུམ་རྒྱུན་དུ་མི་འབྲལ་བས། །སྣང་མེད་གཅིག་ལ་ཅིར་ཡང་སྣང་། །མཐོང་མེད་གཅིག་ལ་ཅིར་ཡང་མཐོང་། །ཐོས་མེད་གཅིག་ལ་ཅིར་ཡང་ཐོས། །གང་མཐོང་ཅིར་ཐོས་ཅིར་སྣང་ཀྱང་། །དབྱིངས་ལས་གཞན་དུ་མི་འཆར་ན། །རྟོགས་ལྡན་སྐྱེས་ཆེན་རང་གི་མཐུ། །དུས་རྣམས་ཀུན་ཏུ་བདེ་ལ་གནས། །ཐམས་ཅད་དེ་ཡི་ཀློང་དུ་གྲོལ། །དེ་ལ་མཚན་མ་མི་དམིགས་པས། །རང་རྒྱུད་སྦྱང་ཞེས་དེ་ལ་བྱ། །རང་བཞིན་སྦྱངས་པར་མ་ཤེས་པས། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ། །རང་སེམས་སྦྱངས་པས་མི་འབྱོངས་ཏེ། །རང་བཞིན་དྲི་མ་བཀྲུས་མི་འདག །ནམ་མཁའ་བཀྲུས་ཀྱང་མི་འདག་བཞིན། །རང་བྱུང་དྲི་མ་བཀྲུ་མི་དགོས། །དེ་ལ་དངོས་པོར་མི་རྟོག་པས། །དགག་སྒྲུབ་མེད་ཅེས་དེ་ལ་བྱ། །རང་བཞིན་ཁེགས་པར་མ་ཤེས་ན། །བསྐལ་པ་བྱེ་བ་དུ་མ་རུ། །བཀག་ཀྱང་ཁེགས་པར་མི་འགྱུར་ཏེ། །རང་སེམས་ཡིན་པར་དགག་ཏུ་མེད། །རང་བྱུང་མཚན་མ་དགག་མི་དགོས། །དེ་ལ་སྐྱོན་དུ་མི་བལྟ་བས། །བླང་དོར་མེད་ཅེས་དེ་ཁོ་ན། །རང་བཞིན་དབྱེར་མེད་མ་ཤེས་ན། །བསྐལ་པ་བྱེ་བ་ཕྲག་བརྒྱ་རུ། །བླང་དང་དོར་བ་བྱར་མི་ལངས། །རང་སེམས་ཡིན་པས་ཐུག་པ་མེད། །རང་བྱུང་ཡེ་ཤེས་མཐའ་མེད་ལ། །མི་མཐུན་གཉེན་པོ་བསྟེན་མི་དགོས། །དེས་ན་སྐད་ཅིག་ཡུད་ཙམ་ལ། །དབྱིངས་ཀྱི་མཚན་ཉིད་དེ་རྟོགས་པས། །སངས་རྒྱས་ས་ལ་གདོན་མི་ཟ། །དེ་ཕྱིར་ཐམས་ཅད་སྐྱེ་མེད་དབྱིངས། །བྱང་ཆུབ་ཉིད་དུ་ངེས་པའི་ཕྱིར། །སྐལ་ལྡན་ཐེ་ཚོམ་མེད་པར་བྱོས། །གང་དག་དེ་བཞིན་རྟོགས་པ་དེ། །སྙིང་པོ་བྱང་ཆུབ་ལ་གནས་པས། །ཐམས་ཅད་ཇི་ལྟར་སྣང་ཡང་རུང་། །ཐམས་ཅད་ཇི་ལྟར་ཤེས་ཀྱང་རུང་། །ཐམས་ཅད་ཇི་ལྟར་ཡིན་ཀྱང་རུང་། །འགྲོ་ཉལ་ཟ་འཆག་སྤྱོད་ལམ་བཞི། །གང་དུ་སྣང་ཞིང་ཅི་ཞིག་བྱེད། །དབྱིངས་ལས་འགྱུར་བ་མེད་པའི་ཕྱིར། །མ་བྱུང་མ་སྐྱེས་མ་སྨྲས་རྒྱལ། །མི་སྣང་རྒྱུན་གྱི་ཆོས་སྐུ་དང་། །


DNG005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་གཟུགས་སྐུའི་ཐུགས་རྗེ་ཡང་། །རྒྱུན་ཆད་མེད་པར་འབྱུང་བའི་ཕྱིར། །ནམ་མཁའི་ཀློང་ནས་ཆོ་འཕྲུལ་བཞིན། །རང་བྱུང་རང་ཞི་རྒྱུན་མི་ཆད། །སྙིང་པོ་བྱང་ཆུབ་སེམས་ཀྱི་ཀློང་། །སྐལ་ལྡན་སྐྱེས་བུ་དེ་ཉིད་ལ། །ཡེ་ནས་སྤྱི་བླུགས་ཡིན་པའི་ཕྱིར། །ཕྱོགས་སུ་དམིགས་པར་མི་བྱའོ། །གང་མཐོང་དམ་པའི་དོན་དུ་མཐོང་། །གཅིག་མཐོང་ཐམས་ཅད་མཐོང་བ་ཡིན། །དེ་ལ་ཐེ་ཚོམ་མི་ཟ་བས། །སངས་རྒྱས་ཀུན་གྱི་དགོངས་པ་མཐོང་། །འདི་ལྟར་ཡོངས་སུ་ཤེས་གྱུར་ན། །འགྲོ་བ་ཀུན་གྱི་དོན་ཤེས་འགྱུར། །དེ་ཤེས་རིག་པ་ཕྱོགས་མེད་ལ། །བརྗོད་མེད་རང་རིག་ཉམས་ཤར་བས། །རང་བྱུང་ཡེ་ཤེས་འཆར་ནུབ་མེད། །མཐའ་ཡི་མུན་པ་མི་མངའ་བས། །ཕྱི་ནང་མེད་པར་ཀུན་ལ་གསལ། །གཏིང་གི་མུན་པ་མི་མངའ་བས། །མ་རིག་གཉེན་པོས་གཞོམ་མི་དགོས། །ཁ་གཏིང་མེད་པར་ཀུན་ལ་གསལ། །ཕྱི་ནང་སྒོ་ཕུག་མེད་པའི་ཕྱིར། །མངོན་དུ་འབྱུང་བའི་ལུང་ཞེས་བྱ། །རྣམ་དག་ལམ་ཆེན་དེ་ཡིན་པས། །མི་གཡོ་རྟོགས་པའི་ཀློང་ཞེས་བྱ། །དམིགས་པའི་མཐའ་ལས་འདས་པས་ན། །མི་གནས་ཆོས་སྐུའི་ངོ་བོ་ཉིད། །རྒྱུ་རྐྱེན་མེད་པར་རང་བྱུང་བས། །རང་བྱུང་ཡེ་ཤེས་ནམ་མཁའ་ཆེ། །ཐམས་ཅད་དེ་རུ་འདུས་པས་ན། །མ་འདྲེས་ཡོངས་རྫོགས་ཐེག་པའི་རྒྱན། །སྨྲ་བརྗོད་བསམ་ལས་འདས་པའི་ཕྱིར། །ཚད་དང་བྲལ་བའི་བྱང་ཆུབ་སེམས། །རང་བཞིན་མཚན་ཉིད་གཅིག་ལ་ཡང་། །ཡོན་ཏན་སྟོབས་ཀྱིས་ཅིར་ཡང་སྣང་། །རང་བཞིན་མཚན་ཉིད་མེད་པ་ལ། །སྨོན་ལམ་སྟོབས་ཀྱིས་ཅིར་ཡང་འགྲུབ། །སྐལ་དང་མི་ལྡན་སྐྱེ་བོ་ཡིས། །བསྐལ་པ་དང་ནི་མི་ཚེ་རུ། །དེ་ཡིས་ཕྱོགས་སུ་བཙལ་མོད་ཀྱང་། །རང་གི་མཐུ་ཡིས་རང་བསྒྲིབས་ནས། །ལོག་པར་མཐོང་བར་བརྒྱ་ཕྲག་ཡས། །ཇི་ཙམ་གནས་ཀྱང་ངོ་མ་ཤེས། །ཉེ་འདུག་རིང་དུ་འཚོལ་བ་ཡི། །སྐལ་མེད་རྣམས་ལ་སྣང་མི་རུང་། །སྐལ་ལྡན་དག་པའི་བློ་ཅན་ལ། །གཡོགས་པ་མེད་པར་ཁྱབ་པ་དང་། །ཆེ་ཆུང་མེད་པར་མཐོང་བ་དང་། །


DNG005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་མེད་པར་སྤྱད་པ་དང་། །མཐོ་དམན་མེད་པར་བརྟོལ་བ་དང་། །ཡངས་དོག་མེད་པར་ཤོང་བ་དང་། །རྒྱུ་འབྲས་མེད་པར་ལེན་པ་དང་། །ཕོ་མོ་མེད་པར་སྤྱོད་པ་དང་། །མུན་སྣང་མེད་པར་མཐོང་བ་དང་། །སྔ་ཕྱི་མེད་པར་གྲོལ་བ་དང་། །ལས་ཀྱིས་འགྲུབ་དང་མི་འགྲུབ་དང་། །རྣམ་སྨིན་སོག་དང་མི་སོག་དང་། །སྐྱེ་བ་ཡོད་དང་མེད་པ་དང་། །འགག་པ་ཡོད་དང་མེད་པ་དང་། །དེ་དག་ཐམས་ཅད་དུས་གཅིག་གསལ། །དེ་ཡང་དབྱིངས་ལ་རིག་པའི་སྟོབས། །རང་གི་ཆོ་འཕྲུལ་ཉིད་དུ་སྣང་། །གང་གིས་མི་མཐོང་མི་རྟོག་པའི། །སྐལ་མེད་སྐྱེ་བོས་དེ་མི་ཤེས། །ཐམས་ཅད་དེ་ཡི་རང་བཞིན་ལ། །རང་སྣང་ལོག་པས་དེ་མི་ཤེས། །ཀུན་ལ་ཡོད་དེ་ཉེ་ཡང་རིང་། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། རྟོགས་པ་མངོན་གྱུར་གྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་དགོངས་པའི་དོན་མ་ནོར་བར་གསུངས་པ། ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ། །འབྲས་བུ་མི་ཟད་གཏེར་དང་ལྡན། །འཁོར་འདས་ཐམས་ཅད་དེ་ལས་བྱུང་། །སྣང་གྲགས་ཐམས་ཅད་དེ་ལ་སྤྱོད། །བཙལ་བ་མེད་པས་བྱ་བྲལ་ངང་། །ནམ་མཁའི་ཀློང་ལྟར་ཡོངས་ལ་ཁྱབ། །གསེར་གྱི་རྫས་ལྟར་གཅིག་ལས་སྣང་། །ཐ་དད་ཤར་ཡང་གཅིག་ཏུ་རྫོགས། །རྩ་བ་མི་འགྱུར་འབྲས་བུ་གཅིག །དེ་ལས་བྱུང་བའི་ཆོས་རྣམས་ཀུན། །ཉིད་ཀྱི་ངོ་བོར་མ་གྱུར་པའི། །གཞན་དུ་སྣང་བ་ཅི་ཡང་མེད། །མ་སྤྲོས་ཀུན་ལ་ཁྱབ་པའི་ཕྱིར། །ཕྱི་ནང་མེད་པར་གདལ་བ་ཆེ། །དུས་གསུམ་བཞུགས་པའི་སངས་རྒྱས་དང་། །ཁམས་གསུམ་འཁོར་བའི་སེམས་ཅན་ཀུན། །རྡོ་རྗེ་སྙིང་པོའི་ངོ་བོ་རུ། །ཡེ་སངས་རྒྱས་པའི་ཆོས་ཉིད་ལ། །ཀུན་ཀྱང་གནས་ཕྱིར་ཡེ་ནས་གྲོལ། །ཀུན་གྲོལ་ཆེན་པོ་བལྟ་བའི་ཀློང་། །རང་བྱུང་ཡེ་ཤེས་བཙལ་མེད་པས། །ཆེད་དུ་འབད་པ་མེད་པ་རུ། །ཚེགས་མེད་དོན་ཆེན་ཡེ་ནས་འགྲུབ། །


DNG005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་ཡོན་གང་ཡང་མ་སྤངས་པས། །བླང་དོར་གཉིས་སུ་མི་བལྟ་བས། །རང་སར་གྲོལ་བས་གང་དགར་བཞག །བཞག་དང་མི་བཞག་མེད་པ་རུ། །ཆོས་ཉིད་ཀློང་དུ་གྲོལ་བ་ལ། །དབྱེ་བསལ་སྤང་བླང་ངང་གིས་མེད། །བཙལ་བ་མེད་ཅིང་བསྒྲུབ་ཏུ་མེད། །ངེས་པར་གྲོལ་ལོ་གཟའ་གཏད་མེད། །ལྷུན་གྱིས་གྲུབ་པོ་ཕྱོགས་རིས་མེད། །དེ་ལྟར་གོ་བའི་སྐལ་ལྡན་ལ། །བསྒོམ་དང་མ་བསྒོམས་མེད་པ་དང་། །མཚན་མ་རང་སར་གྲོལ་བའི་ཕྱིར། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །ཆོས་ཉིད་བྱང་ཆུབ་སེམས་འདི་ནི། །བྱང་ཆུབ་ཉིད་ལས་མེད་པའི་ཕྱིར། །དེ་ལ་གྲོལ་དང་མ་གྲོལ་མེད། །ཇི་ལྟར་བྱས་ཀྱང་མི་འདའ་བས། །སྐྱེ་འགག་མེད་པའི་ཀློང་ཆེན་ཡིན། །གཞན་དུ་འཆར་བ་མེད་པའི་ཕྱིར། །ཉིད་ལ་ཉིད་ཀྱི་ཕྱོགས་རིས་མེད། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཕྱིར། །ཐམས་ཅད་གཉིས་མེད་ཀློང་དུ་གནས། །ལྟ་བ་ཕྱོགས་མེད་རང་གྲོལ་ཀློང་། །གསེར་གླིང་ལྟ་བུར་དབྱེ་བསལ་མེད། །བསྒོམ་པ་ཕྱོགས་མེད་ཡེ་ཀློང་དང་། །བྱེ་རླུང་ལྟ་བུར་དབྱིངས་སུ་ཐིམ། །སྤྱོད་པ་ཕྱོགས་མེད་རང་ཤར་ཀློང་། །ཆུ་ཀླུང་ལྟ་བུར་འཇམ་ཞིང་དལ། །འབྲས་བུ་ཕྱོགས་མེད་ཡེ་གྲུབ་ཀློང་། །ཡུལ་ཀླུང་ལྟ་བུར་མ་འདྲེས་གསལ། །འཁོར་འདས་ཐིག་ལེ་ཉག་གཅིག་ལ། །རང་རང་ཞེ་འདོད་རྩོལ་སེམས་ཀྱིས། །ལྟ་བསྒོམ་སྤྱོད་པ་འབྲས་བུ་རྣམས། །གསེར་དངུལ་ཕྲ་མེན་རྫས་ལྟ་བུར། །མ་འདྲེས་ཡོངས་རྫོགས་གཅིག་གི་རྒྱན། །ཁྱད་པར་གྱུར་པ་ཨ་ཏིའི་རྫོང་། །བཤིགས་པས་མི་ཤིགས་རྡོ་རྗེའི་མཁར། །དེ་ལ་སྐྱེ་འགག་མེད་པས་ན། །ནམ་མཁའ་ལྟ་བུའི་ཆོས་ཉིད་ཡིན། །ནམ་མཁའི་ཀློང་ན་གང་བྱས་བདེ། །ལྷུན་གྲུབ་ཀློང་དུ་གང་ཤར་གྲོལ། །འཁོར་འདས་རིག་པ་ཆིག་ཆོད་ལ། །མཉམ་དང་མི་མཉམ་སེམས་ཀྱི་སྟོབས། །དབྱེ་བསལ་མེད་དོ་གཅིག་གི་ཀློང་། །གཉིས་མཐའི་དྲས་ཐག་བཅད་པའི་ཕྱིར། །མཚུངས་མེད་ཕྱོགས་མེད་གཏན་ཚིགས་ཀྱིས། །ཡུལ་སྣང་


DNG005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་ཀུན་བཀྲོལ་ནས། །ཕྱོགས་རིས་མེད་དོ་ཡེ་གདལ་ཆེ། །དེ་དོན་འགྱུར་མེད་གནད་ལ་ཕེབས། །ཕྱོགས་མེད་རིག་པ་ཁ་ཡན་གྱིས། །མཐར་འཛིན་སྤྲོས་པ་ཀུན་བཅད་ནས། །དགག་སྒྲུབ་མེད་པར་ཡེ་ནས་མཉམ། །ཡུལ་སེམས་རིས་སུ་མི་འབྱེད་པས། །ཡུལ་མེད་རིག་པ་རང་ཤར་གྱིས། །གཏན་ཚིགས་ཞེན་པའི་གཏིང་ཕྱུང་ནས། །རྒྱུ་འབྲས་མེད་དོ་ཆོས་ཉིད་ཆེ། །དེ་ལ་ཕྱོགས་སུ་རྩོལ་འདོད་པ། །དག་དང་མ་དག་གོལ་ས་སྟེ། །རིམ་པ་བརྒྱད་པོ་ལམ་གྱི་གནས། །ཡིད་ཆེས་རང་གཞན་གཉིས་ཀྱི་ལུང་། །ཐེ་ཚོམ་གོལ་ས་ཤུགས་ཀྱིས་ཆོད། །ཕྱི་ནང་མེད་པར་འོད་གསལ་བས། །མཐའ་ཡི་མུན་པ་ཀློང་དུ་དག །རྒྱུ་རྐྱེན་གཉེན་པོས་མི་གཡོ་བས། །འཇིག་འདྲལ་མེད་པ་ཆོས་ཀྱི་སྐུ། །མ་རིག་མེད་པ་ཡེ་ཤེས་ཀློང་། །ཐམས་ཅད་གྲོལ་བ་ནམ་མཁའི་ཀློང་། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། མ་འདྲེས་ཡོངས་སུ་རྫོགས་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཡོས་པ་མེད་ལ་མི་རྟོག་ན། །བདག་ཉིད་རྟོག་པ་བློར་མི་སྣང་། །མི་རྟོག་པ་ལ་འཇུག་འདོད་ན། །རྣམ་པར་རྟོག་པའི་ས་བོན་འདེབས། །གལ་ཏེ་མི་རྟོག་དོན་མཐོང་ཀྱང་། །མི་རྟོག་མ་ཡིན་སྙམ་བྱེད་བློ། །འགྱུ་བ་ཕྲ་མོ་ཏིང་འཛིན་གེགས། །རྩ་བ་བྱང་ཆུབ་སེམས་འདི་ལ། །ཡོད་པར་བརྟགས་པས་དངོས་པོའི་མཐའ། །མེད་པར་བརྟགས་པས་སྟོང་པའི་བློ། །སྟོང་པའི་བློ་ལ་འཛིན་པ་ཡོད། །དངོས་པོའི་མཐའ་ལ་བརྟག་ཏུ་མེད། །དངོས་པོ་ཐམས་ཅད་མི་རྟག་པས། །དེ་བས་མཚན་མ་ཉེས་དམིགས་ཆུང་། །སྐལ་དང་ལྡན་པའི་སྐྱེས་བུ་དེ། །མི་རྟོག་དོན་ལ་འཇུག་མི་བྱེད། །སྟོང་པའི་དོན་ལ་བློ་མི་གནས། །ཉམས་མྱོང་བཞག་ས་མི་འཚོལ་བས། །ཞེན་ཅིང་ཆགས་པའི་ཡུལ་མི་གནས། །དྲན་པའི་ཐག་པ་མི་འདོགས་པས། །འཛིན་པའི་རྟོད་ཕུར་དེ་ལ་མེད། །ཐམས་ཅད་


DNG005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཡིན་པའི་ཕྱིར། །སྙིང་རྗེའི་ཡུལ་དང་གནས་མི་དམིགས། །མི་རྟོག་ཀློང་ཡངས་ཆོས་སྐུ་དེ། །བལྟས་པས་མི་མཐོང་བཞག་པས་གསལ། །ཐམས་ཅད་ཀུན་ལ་གསལ་བའི་ཕྱིར། །ཤར་ནུབ་མེད་པར་གདོད་ནས་གནས། །ཐམས་ཅད་ཀུན་ལ་ཁྱབ་པའི་ཕྱིར། །ལྷུན་གྱིས་གྲུབ་པར་ཡེ་ནས་གནས། །གང་ལ་རྟོག་པ་མེད་པའི་ཕྱིར། །མཚན་མའི་ཆོས་ལས་ཡེ་ནས་འདས། །ཐམས་ཅད་སྙིང་པོ་བྱང་ཆུབ་ལ། །སྟོང་ཉིད་ཆོས་སྐུ་གཞན་ན་མེད། །སྤྱོད་ཡུལ་ཀུན་ལ་སྙོམས་པའི་ཕྱིར། །ཞིང་ཁམས་རྣམ་པར་དག་པ་ཉིད། །ཡེ་ནས་དེ་བཞིན་གནས་པ་ལ། །ཅི་ཕྱིར་སུ་ལ་གང་ཞིག་འདྲི། །དཔེ་ཡིས་མཚོན་པར་བྱ་བ་དང་། །ཚིག་ཏུ་བརྗོད་པ་མེད་མོད་ཀྱང་། །རེ་ཞིག་ཉེ་བར་བསྟན་པའི་ཕྱིར། །ཀུན་ལ་ཁྱབ་ཅིང་མཐའ་དབུས་མེད། །ནམ་མཁའ་ལྟ་བུའི་བྱང་ཆུབ་སེམས། །དངོས་པོ་གཉིས་དང་བྲལ་བའི་ཕྱིར། །སྒྲོ་སྐུར་འདས་པའི་བྱང་ཆུབ་སེམས། །འདོད་དགུར་འབྱུང་ཞིང་ཐབས་མི་སྤོང་། །རིན་ཆེན་ལྟ་བུའི་བྱང་ཆུབ་སེམས། །ཕྱི་ནང་མེད་པར་ཡོངས་སུ་གསལ། །སྒྲོན་མ་ལྟ་བུའི་བྱང་ཆུབ་སེམས། །གཡོ་འགུལ་མེད་པར་ཀུན་ཏུ་འབྱུང་། །རྒྱ་མཚོ་ལྟ་བུའི་བྱང་ཆུབ་སེམས། །བཅོས་བསླད་བྲལ་བས་བསྒྱུར་དུ་མེད། །གསེར་ཞུན་ལྟ་བུའི་བྱང་ཆུབ་སེམས། །མཚོན་པའི་བླ་དྭགས་བསམ་ཡས་ཀྱང་། །བསྟན་པའི་དངོས་པོ་གཅིག་ལས་མེད། །མིང་གི་རྣམ་གྲངས་ཅིར་བཏགས་ཀྱང་། །དོན་གྱི་ངོ་བོ་གཅིག་ལས་མེད། །དཔེ་རེ་དོན་རེ་མཚོན་པའི་བརྡའ། །མིང་དང་བླ་དྭགས་བོད་པའི་ཚིག །སྒྲ་དང་ཐ་སྙད་མཚོན་པའི་ཆོས། །དངོས་གཞི་མེད་པའི་ཆོས་ཉིད་ལ། །ཅི་ལ་རྟོག་ཅིང་ཅི་ལ་སྤྱོད། །བཙལ་བར་བྱ་བའི་ཡུལ་མེད་པས། །དཔེས་མཚོན་ཚིག་ཏུ་བརྗོད་དུ་མེད། །དེ་ཉིད་དང་ནི་དེ་མ་ཡིན། །ཇི་བཞིན་པ་དང་དེ་ལས་གཞན། །མ་ནོར་པ་དང་འཁྲུལ་པ་དང་། །མ་བཅོས་པ་དང་བཅོས་པ་དང་། །གཞན་མ་ཡིན་དང་རང་ཡིན་དང་། །ཆོས་ཅན་དང་ནི་ཆོས་ཉིད་དང་། །དབྱིངས་དང་དངོས་པོ་ལ་སོགས་པ། །བཟང་


DNG005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ངན་བྱེ་བྲག་འབྱེད་པ་ནི། །འདི་ཀུན་རང་བཞིན་འཁྲུལ་པའི་བློ། །བྱང་ཆུབ་སེམས་ལ་དབྱེ་བ་མེད། །སྟོང་ཉིད་སྙིང་པོའི་ཀློང་ཆེན་འདི། །སྐད་ཅིག་རྟོགས་པ་ཙམ་གྱིས་ཀྱང་། །བྱང་ཆུབ་ཀློང་དུ་དེར་སོན་པས། །མཚན་མའི་ཆོས་ལ་རག་མི་ལུས། །སྟོང་པའི་ཆོས་ལ་བློ་མི་གནས། །ཅིར་ཡང་མེད་ལས་གར་ཡང་སྣང་། །མཐོང་བ་མེད་པར་ཀུན་ཏུ་གསལ། །བརྟགས་ན་མ་རྙེད་ཅིར་ཡང་འཆར། །དངོས་པོ་མེད་ལས་སྙིང་པོ་འབྱུང་། །རང་བཞིན་མེད་པར་ཀུན་ལ་ཁྱབ། །དངོས་གཞི་མེད་པར་ཐམས་ཅད་འབྱུང་། །བསྒྲུབ་ཏུ་མེད་པར་ཅི་ཡང་འགྲུབ། །གཏང་བཞག་མེད་པར་རང་ལ་གནས། །འདོད་པ་མེད་པར་དོན་ཀུན་འགྲུབ། །འདོད་དགུར་འབྱུང་བས་བཙལ་མི་དགོས། །ཡེ་ཤེས་ཉི་མ་རང་ལ་ཤར། །གསང་སྔགས་དོན་ཀུན་བསྐྱེད་པའི་གཞི། །གདུལ་བྱ་མ་ལུས་འདུལ་བའི་ཞིང་། །ཐམས་ཅད་བདག་ཉིད་བྱང་ཆུབ་ཀློང་། །མི་མཛད་མཛད་པ་མཐར་ཕྱིན་པས། །དུས་གསུམ་རྒྱལ་བ་མ་ལུས་ཀྱིས། །ཕྲིན་ལས་ཅི་མཛད་འདི་ཡིས་མཛད། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །བྱ་བ་ཅི་བྱེད་འདི་ཡིས་བྱས། །ཉིད་ལ་བྱས་པ་གང་ཡང་མེད། །མ་བྱས་དོན་ཀུན་འགྲུབ་པའི་ཕྱིར། །འདོད་འབྱུང་ནོར་བུ་རིན་པོ་ཆེ། །ཆོ་འཕྲུལ་ཆེན་པོ་འབྱུང་བའི་གཞི། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དོན་ལ་གཡོས་པ་མེད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་དགོངས་པ་མ་ནོར་བའི་དོན་འདི་གསུངས་སོ། །ཇི་སྲིད་ཆོས་རྣམས་ཐམས་ཅད་ཀུན། །རྩ་བ་རང་གི་བྱང་ཆུབ་སེམས། །ཡན་ལག་སྣང་གྲགས་ཀུན་ཏུ་ཤར། །སེམས་ཉིད་ཡེ་ནས་མ་སྐྱེས་པས། །འཁོར་འདས་སྐྱེ་མེད་དུས་གཅིག་རྫོགས། །ཉོན་མོངས་བདེ་སྡུག་ལ་སྩོགས་ཀུན། །སྤང་དུ་མེད་དེ་བདག་ཉིད་རང་། །བྱང་ཆུབ་སེམས་ལས་གཞན་མེད་པས། །སྐྱེ་མེད་རང་གི་


DNG005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དུ་རྫོགས། །དགེ་བའི་བསམ་གཏན་དུས་ཚིགས་དང་། །སྤྱོད་ཡུལ་ངོ་ལ་སྣང་བའི་ཆོས། །དངོས་པོ་ཀུན་གྱི་རང་བཞིན་ཀྱང་། །བྱང་ཆུབ་སེམས་ཉིད་དེ་ཡི་རྒྱན། །ཐམས་ཅད་རྒྱན་ལྡན་ཡོངས་རྫོགས་པས། །རྫོགས་པ་ཆེན་པོ་དབྱེར་མེད་ཆོས། །ལ་ལ་ཡིན་ལ་ལ་ལ་མིན། །ཀུན་ཀྱང་འདྲ་བར་ཡོངས་རྫོགས་པས། །འོག་མས་བགྲངས་པའི་བྱེ་བྲག་མེད། །སྐྱེ་བ་མེད་པའི་ཆོས་ཉིད་ལ། །རྒྱུ་རྐྱེན་མེད་དེ་ཅིར་ཡང་འཆར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཀུན་ལ་ཇི་བཞིན་དེ་ཉིད་ལས། །ཀུན་ཀྱང་སངས་རྒྱས་ཡིན་པར་འདྲ། །འགྲོ་འོང་མེད་པར་མཁའ་དང་མཚུངས། །འཇུག་ལྡོག་མེད་པར་དབྱིངས་སུ་གྲོལ། །རྒྱུ་རྐྱེན་ཟད་པས་ཉོན་མོངས་དག །འཆིང་གྲོལ་མེད་པས་དགག་སྒྲུབ་བྲལ། །ཐོག་མཐའ་མེད་པས་རྒྱུན་མི་འཆད། །དེ་ལ་དུས་གསུམ་གང་སེམས་པ། །མཉམ་པའི་དོན་ལ་གོལ་བ་ཡིན། །དུས་གསུམ་མེད་པའི་ཆོས་ཉིད་ལ། །གཞི་རྩ་མེད་ཅེས་བཏགས་པ་ཡིན། །གཏད་མེད་ཕྱོགས་བྲལ་གཞི་ཡི་ཆོས། །འཁྲུལ་པ་ཁོ་ནར་རྣམ་བརྟགས་ཀྱང་། །དབྱིངས་ལ་ཐེར་ཟུག་གང་ཡང་མེད། །བརྟགས་གཞི་མེད་ཅིང་ངེས་པ་མེད། །ཡིན་མིན་མེད་པར་ཀུན་ཤར་བས། །བཟང་ངན་མེད་པར་ཀུན་གྲོལ་ཡིན། །མཐོ་དམན་མེད་པར་ཀུན་གསལ་བས། །བྱེ་བྲག་མེད་པར་གྲོལ་བ་ཡིན། །ཡང་དག་དོན་ལ་དམིགས་བཙལ་བས། །རྒྱུ་རྐྱེན་འདི་ཡིན་མེད་པས་ན། །ཆགས་སྡང་གནས་མེད་བྱང་ཆུབ་ལམ། །སྐྱེ་མེད་འགག་མེད་ལྟ་བའི་རྒྱན། །ཡེ་ཤེས་བདུད་རྩི་འཁོར་བ་འཇོམས། །ཐོག་བབས་ཅར་ཕོག་ཤུགས་འབྱུང་དང་། །ཀློང་རྡོལ་རང་ཤར་ཤར་ལུགས་ཀྱིས། །འགྲོ་དྲུག་གྲོང་ཁྱེར་གཏན་ནས་བཙམ། །སྐྱེ་ཤི་མེད་པར་རུ་མ་བརླག །ཁམས་གསུམ་མ་ལུས་ཡོངས་སུ་བསྒྲལ། །དེ་ལ་གཉིས་ཀྱིས་བསྡུས་པའི་ཆོས། །ཅི་རུ་སྣང་ཡང་ཕན་གནོད་མེད། །སྲིད་གསུམ་མིང་དུ་བཏགས་པ་ཙམ། །ཆོས་ཉིད་ཡེ་སྲིད་སྐྱེ་མི་སྲིད། །རིག་པ་མ་འགགས་ཅིར་སྲིད་ཀྱང་། །སངས་


DNG005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཞིང་སྟེ་སྐྱེ་བ་མེད། །སྐྱེ་མེད་སྣ་ཚོགས་ཀུན་གྱི་བདག །ཡེ་ནས་ཡིན་པས་ཀུན་མ་སྐྱེས། །མ་སྐྱེས་པ་ཡི་ཆོས་ཉིད་ལ། །རྒྱུ་རྐྱེན་གཉིས་སུ་གང་བལྟ་བ། །འདུས་མ་བྱས་ལ་རྒྱབ་ཀྱིས་ཕྱོགས། །ཡང་དག་དོན་ལ་སྒྲོ་སྐུར་བཏབ། །རང་གིས་རང་བསླུས་སྙིང་རེ་རྗེ། །འདི་ནི་སངས་རྒྱས་ཞིང་ཁམས་ཏེ། །བདེ་བ་ཅན་ནི་ལོགས་ན་མེད། །ཅི་སྟེ་སྡུག་བསྔལ་མ་སྤངས་ཀྱང་། །ཅིར་ཡང་མི་སྙམ་གྲུབ་པ་མེད། །བདེ་བ་མི་འདོད་དང་མ་ཆགས། །ཆགས་སྡང་གཏན་ནས་མ་གྲུབ་པས། །གཉེན་པོ་མེད་དེ་དབྱིངས་སུ་དག །དབྱིངས་སུ་མ་དག་གང་ཡང་མེད། །ཀློང་དུ་མ་གྲོལ་ཅི་ཡང་མེད། །བརྟགས་པས་དབྱིངས་ཀྱང་དབྱིངས་སུ་སྟོར། །འཁོར་བའི་ཆོས་ཀྱང་དབྱིངས་སུ་སྟོར། །མྱ་ངན་འདས་པ་ཀློང་དུ་ཐིམ། །འཁོར་བའི་ཆོས་ཀྱང་དབྱིངས་སུ་ཤར། །མྱ་ངན་འདས་པ་ཀློང་ནས་བྱུང་། །ཀློང་ལས་དབྱིངས་ཤར་ངོ་མཚར་ཆེ། །ཐོག་མར་གང་ནས་མ་འོངས་པས། །གཞི་གནས་ཡིན་ཏེ་འཕོ་འགྱུར་མེད། །ད་ལྟར་གང་དུ་མི་གནས་པས། །ངེས་མེད་ཡིན་ཏེ་བྱ་བཙལ་བྲལ། །ཐ་མར་གང་དུ་མི་འགྲོ་བས། །ཐིག་ལེ་གཅིག་ལ་དུས་གསུམ་མེད། །དུས་གསུམ་མེད་པས་སྐྱེ་འགག་མེད། །སྐྱེ་འགག་མེད་པའི་རིག་པ་དེ། །ཅིར་ཡང་འཆར་བས་གདལ་ཁྱབ་ཡིན། །གདལ་ཁྱབ་ཡིན་པས་རྒྱ་མ་ཆད། །ཕྱོགས་སུ་ལྷུང་བ་མེད་པས་ན། །གང་གིས་གང་ལ་ཕན་གདགས་སམ། །གནོད་པ་སུ་ལ་སུ་ཡིས་སྐྱེལ། །རྒྱུ་དང་འབྲས་བུ་གང་གིས་བྱེད། །སྔ་ཕྱི་མེད་པས་རྒྱུ་འབྲས་མེད། །རྒྱུ་འབྲས་མེད་པས་འཁོར་འདས་མེད། །འཁོར་འདས་མེད་པས་བྱང་ཆུབ་མེད། །དེ་ལ་འབྲས་བུ་གང་འདོད་པ། །ཡང་དག་དོན་ལ་རྒྱབ་ཀྱིས་ཕྱོགས། །སྔ་ཕྱི་ཐོག་མཐར་མ་སྐྱེས་པས། །གནས་ཀྱང་སྐྱེ་བ་མེད་པར་གནས། །ཤར་ཀྱང་སྐྱེ་བ་མེད་པར་ཤར། །ཡིན་ཡང་སྐྱེ་བ་མེད་པར་ཡིན། །གྲོལ་ཀྱང་སྐྱེ་བ་མེད་པར་གྲོལ། །དེ་ལ་སྐྱེ་བར་སྒྲོ་འདོགས་པ། །རང་ངོ་མ་ཤེས་སྙིང་རེ་རྗེ། །གལ་ཏེ་སྐྱེ་བ་ཡོད་གྱུར་ན། །


DNG005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་མིང་དུ་བཏགས་པ་ཡི། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ཤ་རུས་བསགས་ཀྱང་མཁར་མི་ཤོངས། །སྐྱེ་མེད་དབྱིངས་སུ་གྲོལ་བས་ན། །འགྲོ་བའི་ལམ་ཆེན་མཁའ་ཡི་དབྱིངས། །ནམ་མཁའི་ངང་ལ་ཀུན་སྤྱོད་པས། །འགག་པ་མེད་པར་ཤར་བ་ཡིན། །རང་བྱུང་རང་ཞི་སྐྱེ་འགག་མེད། །ཆིག་ཆོད་ཡིན་པས་འཇུག་ལྡོག་མེད། །འོ་ན་འདི་ལྟར་སྣང་བ་འདི། །རྒྱུ་རྐྱེན་ཅི་ལས་བྱུང་ཞེ་ན། །རང་བྱུང་ཡིན་པས་རྒྱུ་རྐྱེན་བྲལ། །ནམ་མཁའ་དངོས་པོར་མི་འགྱུར་བཞིན། །སྐྱེ་ཤི་མེད་པའི་རིག་པ་ལ། །མཚན་མས་བཤིག་པའི་གོ་སྐབས་མེད། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཅི་ཡང་མ་ཡིན་ངོ་བོ་ལས། །ཅིར་ཡང་རྣམ་པར་རང་ཤར་བས། །རྟག་དང་ཆད་པའི་སྒྲོ་སྐུར་མེད། །ཅེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། མཐའ་འགྲོལ་གསང་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་སྟོན་པའི་རྒྱལ་པོས་ཡང་དག་པའི་དོན་བཀའ་སྩལ་པ། གང་ལས་གྱུར་དང་མ་གྱུར་པའི། །ཆོས་སུ་བཏགས་པ་ཇི་སྙེད་པ། །གང་ཕྱིར་གང་གིས་བཏགས་པ་ཡིན། །འདོགས་པའི་མཁན་པོ་སུ་ཞིག་ཡིན། །གདགས་པའི་གཞི་ནི་གང་ལ་ཡོད། །ཡུལ་དང་གནས་ནི་སུ་ལ་བརྟེན། །གང་ལས་གྱུར་ན་རང་ལས་གྱུར། །མ་གྱུར་པ་ཡང་རང་ཡིན་ཏེ། །རང་ངོ་ཤེས་པར་བྱ་བའི་ཕྱིར། །རང་གིས་རང་ལ་མིང་དུ་བཏགས། །འདོགས་པའི་མཁན་པོ་རང་ཉིད་ཀྱིས། །གདགས་གཞི་མེད་པའི་དོན་ལ་གདགས། །རང་གིས་ཆགས་པར་གྱུར་པ་ཡིས། །ཤུགས་ཀྱིས་དེ་ལ་བལྟས་གྱུར་ནས། །མཚན་མ་སྣ་ཚོགས་ཆེར་རྒྱས་པས། །བུ་མོ་མིང་མེད་མིང་དུ་སོང་། །ཡུལ་མེད་ཡུལ་ཞེས་མིང་དུ་བཏགས། །གནས་མེད་གནས་ཞེས་མིང་དུ་བཏགས། །ཡུལ་དང་གནས་སུ་གཅིག་པ་ལ། །ལས་དང་བག་ཆགས་ཐ་དད་བྱུང་། །རང་རང་རྒྱུ་དང་འབྲས་བུར་བཏགས། །རྒྱུ་ལ་ཞེན་པ་བརྟས་པ་ལས། །འབྲས་བུ་མཚན་མའི་ཡུལ་དུ་བྱེད། །རྒྱུ་


DNG005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་མེད་པའི་དོན་ལས་ལོག །རྒྱུ་འབྲས་གཅིག་པའི་ཆོས་ཉིད་དེ། །རྒྱུ་ཉིད་འབྲས་བུ་རང་སྣང་བས། །རྒྱུ་ལ་ཞེན་དུ་མེད་པ་སྟེ། །མ་ཞེན་འབྲས་བུ་དེར་རྫོགས་པས། །ཡུལ་ལ་བརྟེན་ཀྱང་མི་དགོས་ཏེ། །གནས་ལ་བཙལ་བའི་ཡུལ་དང་བྲལ། །ཐབས་དང་ཐབས་ལས་བྱུང་བ་ཡི། །རྒྱུ་མཚན་ཐད་ཀའི་འབྲས་བུ་དེ། །ཐབས་ལས་བྱུང་ཕྱིར་རང་བྱུང་མིན། །རང་བྱུང་ཐབས་ལ་མི་ལྟོས་ཏེ། །ཤེས་རབ་རྩལ་ལའང་དེ་མི་ལྟོས། །རང་བཞིན་བཅོས་བསྒྱུར་མེད་པ་ལ། །མ་བཅོས་པ་ཡི་འབྲས་བུ་གནས་པ་ཡིན། །རིག་པས་དཔྱད་དུ་དེ་ལ་མེད། །ཤེས་རིག་ཡུལ་དུ་མ་གྱུར་པས། །མ་རིག་མ་ཤེས་མེད་པའི་ཕྱིར། །མ་རིག་པ་དང་ཆོས་ཀྱི་སྐུ། །མིང་ལ་ཐ་དད་དོན་དུ་གཅིག །ལས་ལས་བྱུང་བའི་སེམས་ཅན་གྱིས། །མ་རིག་པ་རུ་བཏགས་པ་ཡིན། །ཡེ་ཤེས་དག་ལས་གྲུབ་པ་ཡི། །རྒྱལ་བ་རྣམས་ཀྱིས་ཆོས་སྐུར་བཏགས། །ལས་དང་ཐུགས་རྗེ་དབྱེ་བ་མེད། །མ་རིག་ཆོས་སྐུ་རང་བཞིན་གཅིག །སངས་རྒྱས་སེམས་ཅན་དོན་དུ་གཅིག །རྒྱུར་གྱུར་པ་དང་རྐྱེན་དུ་གྱུར། །འབྲས་བུར་གྱུར་དང་གཉེན་པོའི་མཐུ། །ལས་ཀྱིས་བརྟགས་དང་རྟོགས་པས་བརྟགས། །མིང་གིས་བརྟགས་དང་ནུས་པས་བརྟགས། །སེམས་ཅན་ལས་ཀྱིས་བརྟགས་པ་དང་། །ལམ་པ་རྟོག་པས་བརྟགས་པ་དང་། །སངས་རྒྱས་མིང་གིས་བརྟགས་པ་ཡིན། །གང་དུ་བརྟགས་ཀྱང་རྟོག་པ་ལ། །གང་དུ་དཔྱད་ཀྱང་འཛིན་པའི་བློ། །རྟོག་དཔྱོད་བྲལ་བའི་ཆོས་ཉིད་དེ། །ནམ་མཁའི་ཀློང་ལྟར་མཉམ་པར་གནས། །ནམ་མཁའ་དེ་ལ་མཐའ་མེད་བཞིན། །ཆོས་ཉིད་རྟོག་པའི་ཡུལ་ལས་འདས། །ནམ་མཁའ་དེ་ལ་དབུས་མེད་བཞིན། །ཆོས་ཉིད་དཔྱོད་པའི་མཐའ་ལས་གྲོལ། །རྟོག་དཔྱོད་བྲལ་བ་ནུས་པའི་མཐུ། །སེམས་ཀློང་དེ་ཡི་ནུས་པ་ཡིན། །དེ་ལས་མི་འདའ་རོལ་པ་དང་། །དེ་ལས་མི་འགྱུར་སྤྱོད་པ་དང་། །རང་བཞིན་གཅིག་ལ་གནས་པ་དང་། །ངོ་བོ་གཅིག་ལ་གནས་


DNG005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །མཚན་ཉིད་ཐ་དད་ཤར་བ་དང་། །ཡོན་ཏན་ཕྱོགས་མེད་འབྱུང་བ་དང་། །སྤྲུལ་པ་ཅིར་ཡང་འགྱེད་པ་དང་། །མཁྱེན་པའི་གཟིགས་ཚུལ་ཅིར་སྣང་ཡང་། །སྐྱེ་འགག་མེད་པ་དེ་ཡི་མཐུ། །ཀློང་ཆེན་ཆགས་མེད་རང་གི་རྩལ། །སྐྱེ་མེད་ཆོས་སྐུའི་ཀློང་ཆེན་དེས། །འཁོར་འདས་ཀུན་ལ་རྒྱས་བཏབ་པས། །རང་བཞིན་མེད་པར་སྤྱོད་པ་དང་། །ཆགས་པ་མེད་པར་གནས་པ་དང་། །ཆོས་ཉིད་དོན་ལས་མི་འདའི་ཕྱིར། །དགོངས་པ་མཉམ་པར་གནས་པ་ཡིན། །མི་འགག་ལོངས་སྐུའི་ཀློང་ཆེན་དེས། །མཐའ་གཉིས་ཡུལ་དུ་མི་འཛིན་པས། །ཐེག་ཆེན་སྒྲིབ་པ་གཅོད་པ་དང་། །ཕྱི་ནང་མེད་པར་གསལ་བ་དང་། །ཟག་མེད་དགེ་བ་འཕེལ་བ་དང་། །སྐྱེ་བ་རྣམ་བཞིའི་ལམ་སྟོན་དང་། །ལམ་སྒོ་གང་གིས་འགེགས་པ་དང་། །འབྱུང་འཇུག་གནས་སུ་སྐྱེལ་བའི་ཕྱིར། །མཚན་ཉིད་སྒྲིབ་པ་མེད་པ་ཡིན། །མི་གནས་སྤྲུལ་སྐུ་ངེས་མེད་དེས། །འགྲོ་དྲུག་གྱེན་དུ་འདྲེན་པ་དང་། །ཟག་བཅས་དགེ་བ་སྟོན་པ་དང་། །འགྲོ་དོན་ཕྲིན་ལས་མཛད་པ་དང་། །གདུལ་བྱའི་བསམ་པ་མཁྱེན་པ་དང་། །ཐབས་དང་ཐུགས་རྗེའི་སྦྱོར་བ་དང་། །གང་ལ་ཅི་འདུལ་ཤེས་པའི་ཕྱིར། །ཁྱད་པར་སྔགས་ཏེ་ཆེ་བ་ཡིས། །སྐུ་གསུམ་སེམས་ཀློང་དེ་ཡི་རྩལ། །མི་མཐུན་གཉེན་པོ་དེ་ལ་མེད། །གཅིག་པུ་ཆེ་མཆོག་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། སྐུ་གསུམ་རང་ལ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་སྟོན་པའི་རྒྱལ་པོས་འཁོར་རྣམས་ལ་ཟབ་མོའི་དོན་བཀའ་སྩལ་པ། ཆོས་དབྱིངས་རྣམ་པར་དག་པའི་ཀློང་། །ཡངས་པ་ཆེན་པོར་ཀུན་གྲོལ་ཀྱང་། །རང་བཞིན་མ་ཤེས་རོལ་པ་ལ། །ཞེན་བློ་བརྟས་པའི་རྟོག་པ་ཡིས། །འགྲོ་དྲུག་སྡུག་བསྔལ་འཕྲད་དུ་ཚུད། །སྐྱེ་ཤི་མེད་ལ་སྐྱེ་ཤིར་མཐོང་། །གནས་སྐབས་སྡུག་བསྔལ་བསམ་མི་ཁྱབ། །མེད་ལ་ཡོད་མཐོང་འཁྲུལ་པ་སྟེ། །ཚོགས་དྲུག་གནད་ལ་ཕེབས་པ་ཡིས། །སྡུག་བསྔལ་འཕྲང་ཀ་དེ་བསྡམས་ནས། །


DNG005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་གནས་བཞི་ཡི་སྒོ་བཀག་སྟེ། །སྐྱེ་འགག་མེད་པའི་ཀློང་དུ་གྲོལ། །ཡེ་ནས་གྲོལ་བ་རྒྱུན་མི་འཆད། །དེ་ལས་ཆེར་རྒྱས་རྟོག་པ་ཡིས། །མི་རྟོག་བསྒོམ་པའི་གཉེན་པོ་བསྟེན། །ལམ་ལ་ཕྱོགས་འཛིན་འཕྲང་ལ་ཚུད། །མེད་པའི་དོན་ལ་ནན་གྱིས་རྩོལ། །རྒྱུ་འབྲས་དོན་ལ་སྒྲོ་སྐུར་འདོགས། །ལུས་ངག་ཡིད་གསུམ་རྩོལ་བས་བཅིངས། །གཞན་ནས་ཚོལ་བ་ནོར་པའི་ལམ། །གྲུབ་མཐའ་གནད་ལ་ཕེབས་པ་ཡིས། །ཕྱོགས་འཛིན་འཕྲང་ཀ་དེ་བསྡམས་ནས། །འཇུག་སྒོ་ནོར་བའི་ལམ་བཀག་སྟེ། །སྐྱེ་འགག་མེད་པའི་ཀློང་དུ་གྲོལ། །ཡེ་ནས་གྲོལ་བ་རྒྱུན་མི་འཆད། །ཆོས་ཉིད་སྐྱེ་འགག་མེད་པ་ལ། །འགྱུར་ཞིང་འཇིག་པའི་ཆོས་སུ་མཐོང་། །སྐྱེ་ཤི་མེད་པའི་དོན་ཚོལ་བས། །ཨ་ཏི་གདམས་ངག་འཕྲང་དུ་ཚུད། །ཕྲ་བའི་དོན་ལ་ཆགས་ཆགས་ནས། །ཉམས་མྱོང་གོ་རྟོགས་དགྲར་ལངས་ཏེ། །རང་གྲོལ་ཆེན་པོ་མདུད་པས་བཅིངས། །ཆོས་ཉིད་གནད་ལ་ཕེབས་པ་ཡིས། །གདམས་ངག་འཕྲང་ཀ་དེ་བསྡམས་ནས། །བཟང་རྟོག་སྙམ་བྱེད་སྒོ་བཀག་སྟེ། །སྐྱེ་འགག་མེད་པའི་ཀློང་དུ་གྲོལ། །ཡེ་ནས་གྲོལ་བ་རྒྱུན་མི་འཆད། །སྐུ་གསུམ་རྒྱུན་ཆད་མེད་པ་ཡིས། །འགག་མཐའི་ཞེན་པ་རང་སར་གྲོལ། །རང་གྲོལ་མ་བཅོས་ཆོས་ཀྱི་དབྱིངས། །འདས་པའི་སངས་རྒྱས་གྲངས་མེད་ཀྱང་། །སྐྱེ་མེད་དེ་རུ་མངོན་སངས་རྒྱས། །མ་བྱོན་སངས་རྒྱས་གྲངས་མེད་ཀྱང་། །འགག་པ་མེད་པར་ཡེ་སངས་རྒྱས། །ད་ལྟར་སངས་རྒྱས་གྲངས་མེད་ཀྱང་། །སྐྱེ་འགག་མེད་པའི་ཀློང་ན་བཞུགས། །དེ་ཡི་ཡོན་ཏན་བསམ་མི་ཁྱབ། །ཡེ་ཤེས་ཕྱོགས་མེད་རང་ལས་འཆར། །སྤྲུལ་པ་ཕྱོགས་མེད་རང་ལས་འགྱེད། །དབྱིངས་ལས་རང་བྱུང་ངོ་མཚར་ཆེ། །རིན་པོ་ཆེ་ལས་དགོས་འདོད་དམ། །ནམ་མཁའི་ཀློང་དང་ཆོ་འཕྲུལ་བཞིན། །རང་བྱུང་རང་ཞི་ཀློང་དུ་ཐིམ། །དབྱིངས་ལ་སྟོད་བྲལ་མེད་པ་དང་། །ཁམས་གསུམ་གནས་པའི་སེམས་ཅན་དང་། །དུས་གསུམ་བཞུགས་པའི་སངས་རྒྱས་ཀྱང་། །སྟོད་བྲལ་མེད་པ་དེ་ཡི་


DNG005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །འདུ་འབྲལ་མེད་པར་དེ་ན་བཞུགས། །དེ་ལ་འཕེལ་འགྲིབ་མེད་པས་ན། །ཁམས་གསུམ་གནས་པའི་སེམས་ཅན་ཀུན། །སྐད་ཅིག་མ་ཡི་ཆོད་ཙམ་ལ། །དུས་གཅིག་དག་ཏུ་སངས་རྒྱས་ཀྱང་། །དེ་ལ་མང་དུ་གྱུར་པ་མེད། །སེམས་ཅན་ཉུང་དུ་མི་འགྲོ་སྟེ། །རྒྱུ་རྐྱེན་འབྲས་བུར་གཅིག་པས་ན། །དབྲི་བསྣན་འཕེལ་འགྲིབ་མེད་པར་གནས། །རྒྱུ་རྐྱེན་འབྲས་བུར་བཏགས་པ་ཡང་། །གློ་བུར་ཆོས་ཏེ་གཞི་མེད་པས། །ཀུན་གཞི་མེད་ཅིང་སྒྲིབ་པ་མེད། །དབྱིངས་ལ་བག་ཆགས་གནས་མེད་པས། །གཞག་པར་བྱ་བའི་གཞི་མེད་ཕྱིར། །བདེར་གཤེགས་རྒྱལ་བ་མཆོད་པ་དང་། །ཁམས་གསུམ་སེམས་ཅན་བསད་པ་དང་། །དགེ་སྡིག་ལུང་མ་བསྟན་གྱི་ཆོས། །དཀར་ནག་ལས་ལ་རྗེས་མེད་པས། །བྱ་ལམ་བཞིན་དུ་རང་གྲོལ་འགྱུར། །དེ་ཡང་དབྱིངས་ཀྱི་རང་བཞིན་ཆོས། །དབྱིངས་ནི་ཟད་མཐའ་མེད་པ་སྟེ། །འབྱུང་བ་ལྔ་པོ་དབྱིངས་ལས་ཤར། །ཕྱི་ནང་སྣོད་བཅུད་ཐམས་ཅད་དང་། །འདོད་ཡོན་ལྔ་དང་དུག་ལྔ་དང་། །དབྱིངས་ཀྱི་ཆོ་འཕྲུལ་ཡིན་པས་ན། །ཐེར་ཟུག་དག་ཏུ་མི་གནས་ཏེ། །རྒྱ་མཚོ་དག་དང་རླབས་བཞིན་ནམ། །ནམ་མཁའི་དབྱིངས་སུ་སྤྲིན་དེངས་བཞིན། །རྗེས་མེད་ཀློང་དུ་ཐིམ་པས་ན། །འཁོར་འདས་ཀུན་གྱི་དུར་ས་ཡིན། །མྱ་ངན་འདས་པའི་ལམ་པོ་ཆེ། །བྱང་ཆུབ་སེམས་ནི་ཀུན་གྱི་གཞི། །ཀུན་གཞི་རྣམ་དག་ཆོས་ཀྱི་དབྱིངས། །ནམ་མཁའ་བཞིན་ཏེ་མཐའ་མེད་པས། །གོལ་ས་མེད་དེ་གཡང་ས་དག །གོལ་ས་གཡང་ས་བཏགས་པ་ཡང་། །དོན་ལ་ཡོད་པ་མ་ཡིན་ཏེ། །བཀྲི་དྲང་དོན་དུ་བསྟན་པ་ཙམ། །དགེ་དང་མི་དགེའི་ལས་རྣམས་ཀུན། །སྤྱད་པས་འབྲས་བུ་མི་འབྱུང་སྟེ། །རྒྱུ་འབྲས་ཅན་ལ་བསྟན་པར་ཟད། །གལ་ཏེ་རྒྱུ་འབྲས་བདེན་ཟེར་ན། །རྒྱུ་དེས་འབྲས་བུ་བྱས་མ་བྱས། །བྱས་ན་འབྲས་བུར་རྒྱུར་གྱུར་པས། །གོ་ལོག་པ་ཡི་སྐྱོན་དུ་འགྱུར། །གལ་ཏེ་འབྲས་བུ་མ་བྱས་ན། །དེ་ལས་བྱུང་བའི་འབྲས་བུ་དེས། །ཕྱི་མ་བསྐྱེད་


DNG005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་ནུས་པས། །རྒྱུ་འབྲས་ཆད་ཕྱིར་འབྲས་མི་འགྲུབ། །བསྐྱེད་བྱ་སྐྱེད་བྱེད་མེད་པས་ན། །རྒྱུ་འབྲས་བདེན་པར་ཡོད་མི་འགྲུབ། །དེས་ན་རྒྱུ་འབྲས་གློ་བུར་ཆོས། །རང་བྱུང་དོན་ལ་རྒྱུན་ཆད་མེད། །སྐུ་གསུམ་རྒྱུན་ཆད་མེད་པ་ལ། །ཡོན་ཏན་རྒྱུན་ཆད་མེད་པར་འབྱུང་། །ཉོན་མོངས་ཡེ་ཤེས་དབྱེར་མི་ཕྱེད། །མ་ཤེས་པ་ལ་ཁམས་གསུམ་སྟེ། །དེ་ཤེས་པ་ལ་སྐུ་གསུམ་ཀློང་། །ཡེ་ནས་ཡིན་པས་བཙལ་མི་དགོས། །དེ་མ་ཤེས་ལ་དུག་གསུམ་སྟེ། །དེ་ཤེས་ཡེ་ཤེས་བདུད་རྩི་ཡིན། །རང་ལས་བྱུང་བས་སྤངས་མི་དགོས། །མ་སྤངས་རང་གྲོལ་ཆོས་ཀྱི་སྐུ། །ཡེ་ནས་ཡིན་པས་བསྒྲུབ་མི་དགོས། །མ་བསྒྲུབས་ལྷུན་གྲུབ་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། རྒྱུ་འབྲས་སུན་དབྱུང་ཅིང་སྐུ་གསུམ་ངོ་སྤྲད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སླར་གསུངས་པ། ཅིར་ཡང་སྣང་བའི་ཆོས་ཉིད་ལ། །སྣ་ཚོགས་འབྱུང་བ་དབྱིངས་ཀྱི་རྒྱན། །མུ་མཐའ་མེད་པའི་ཆོས་ཉིད་ལ། །མཐའ་ཡས་སྣང་བ་རང་གི་རྒྱན། །བརྗོད་དུ་མེད་པའི་ཆོས་ཉིད་ལ། །རྣམ་གྲངས་འབྱུང་བ་ངོ་མཚར་ཆེ། །སྐྱེ་འགག་མེད་པའི་ཆོས་ཉིད་ལ། །དུས་གསུམ་མེད་པ་ངོ་མཚར་ཆེ། །དམིགས་སུ་མེད་པའི་ཆོས་ཉིད་ལ། །དོན་རྣམས་འགྲུབ་པ་རང་གི་མཐུ། །གཞི་རྩ་མེད་པའི་ཆོས་ཉིད་ལ། །ཟད་མཐའ་མེད་པ་ཡེ་ཤེས་ཀློང་། །འཕོ་འགྱུར་མེད་པའི་ཆོས་ཉིད་ལ། །ཐོགས་པ་མེད་པ་རང་གི་རྩལ། །གང་མཐོང་ཆོས་ཉིད་ཅེར་མཐོང་ལ། །སྒྲིབ་གཡོགས་མེད་པ་ངོ་མཚར་ཆེ། །འབྱུང་བ་ཆོས་ཉིད་ཡེ་སངས་རྒྱས། །ཅིར་ཡང་མ་ངེས་རོལ་པའི་རྩལ། །ཆོ་འཕྲུལ་མེད་ཀྱང་རང་གི་རྒྱན། །བཏང་སྙོམས་ཆེན་པོ་དབྱིངས་ཀྱི་ཀློང་། །ཏིང་འཛིན་བརྒྱ་ཕྲག་བསམ་ཡས་སྒོ། །སྡུད་པར་བྱེད་པ་དབྱིངས་ཡིན་པས། །སྤྲོ་བ་ཀློང་ཆེན་རང་གི་མཐུ། །འཆར་བར་བྱེད་པ་དབྱིངས་


DNG005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། །དག་པར་བྱེད་པ་སེམས་ཀྱི་ཀློང་། །ཀློང་ཡངས་ནམ་མཁའི་ཆོ་འཕྲུལ་ནས། །བྱིན་རླབས་ཆར་བཞིན་བབས་པ་དང་། །ཡོན་ཏན་སྤྲིན་བཞིན་འཐིབས་པ་དང་། །དེ་ཡི་བྱིན་རླབས་དེ་ལ་སྣང་། །མཚན་མ་མེད་ལས་དངོས་པོར་འགྱུར། །མེད་པའི་དོན་ལས་སྣང་བ་ཡིས། །དབྱིངས་དང་སྣང་སྲིད་ཆོ་འཕྲུལ་ཀྱང་། །མ་ངེས་རོལ་པར་ཤར་བའི་ཕྱིར། །སྟོང་ཉིད་གསང་སྒོ་འབྱེད་པའི་རྟགས། །མཐུན་དང་མི་མཐུན་སྣང་བ་ཡི། །ཡང་དག་དོན་ཚོལ་ཐེག་པ་ཡང་། །གཅིག་ལ་རྣམ་གྲངས་ཕྱེ་བ་ཡིན། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ལ་སོགས་འདོད་ཡོན་ལྔ། །སྐྱེ་མེད་དབྱིངས་ཀྱི་རྒྱན་ཡིན་པས། །གཞི་ནས་ཤར་ཏེ་དགག་ཏུ་མེད། །དྲན་པའི་དབང་པོ་མ་བཅང་བ། །མ་དྲན་རྨོངས་པའི་གཏི་མུག་དང་། །ཡུལ་གྱི་རྟོག་པས་བསླང་བ་དང་། །གཉེན་པོ་བསྟེན་པའི་འདུ་བྱེད་དང་། །མི་མཐུན་སྤོང་བའི་རྩོལ་སེམས་དང་། །སེམས་ལས་ལྷག་པའི་བོགས་འདོད་པ། །རྣམ་པར་ཐར་པའི་དོན་ལ་བསྒྲིབས། །དོན་ལ་བསྒྲིབ་པ་མི་མངའ་ཡང་། །རྐྱེན་གྱིས་ལོག་པར་སྣང་བ་ཡིན། །ནམ་མཁའི་ངང་ལ་སྒྲིབ་མེད་ཀྱང་། །གློ་བུར་ཆོ་འཕྲུལ་ནམ་མཁའི་གེགས། །ཆོས་ཉིད་ངང་ལ་སྒྲིབ་མེད་ཀྱང་། །རང་ངོ་མ་ཤེས་སྒྲིབ་དང་གེགས། །རྒྱུ་ལ་སྤྱོད་པ་རྒྱུ་ཡི་གེགས། །རྐྱེན་ལ་སྤྱོད་པ་རྐྱེན་གྱི་གེགས། །འབྲས་བུར་ཞེན་པ་འབྲས་བུའི་གེགས། །རྒྱུ་རྐྱེན་མེད་པའི་ཆོས་ཉིད་ལ། །སྣང་བའི་སྒོ་མོ་མ་འགགས་པས། །རྒྱུར་ཡང་སྣང་སྟེ་རྐྱེན་དུ་སྣང་། །འབྲས་བུ་སྣང་ཞེན་མེད་པས་ན། །སྣང་ཡུལ་ཞེན་པ་ཀུན་དང་བྲལ། །སྟོང་ཉིད་ཡངས་པའི་ཧོཾ་ཁུང་དུ། །བརྗོད་པའི་ཚིག་ཀྱང་རྣམ་པར་དག །སྣང་བའི་ཡུལ་ཀྱང་རྣམ་པར་དག །ཞེན་པའི་མཐུ་ཡང་རྣམ་པར་དག །སྤོང་བའི་ལམ་ཡང་རྣམ་པར་དག །སྤང་བྱའི་ཉོན་མོངས་རྣམ་པར་དག །མཐོང་བའི་འབྲས་བུ་རྣམ་པར་དག །རྩོལ་བའི་རྐྱེན་ཡང་རྣམ་པར་དག །སྐྱེད་པའི་རྒྱུ་ཡང་རྣམ་པར་དག །རྣམ་དག་ཆེན་པོ་ཆོས་ཀྱི་དབྱིངས། །དག་པར་བྱེད་པ་ཆོས་ཀྱི་དབྱིངས། །སྤྲོ་བར་བྱེད་པ་


DNG005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས། །སྡུད་པར་བྱེད་པ་ཆོས་ཀྱི་དབྱིངས། །སྤྲོ་བསྡུ་མེད་པ་ཆོས་ཀྱི་དབྱིངས། །དབྱིངས་ལས་ཐབས་བཞེངས་རྒྱལ་བའི་སྐུ། །མི་བརྗེད་གཟུངས་ལས་གྲུབ་པ་ཡིན། །ཡེངས་དང་དྲན་པ་མེད་པས་ནི། །བཏང་སྙོམས་ཆེན་པོ་ཡུམ་གྱི་མཁའ། །ཀུན་ཏུ་བཟང་མོ་ཉིད་ཀྱི་ཀློང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །མར་བཏགས་ཀུན་ཏུ་བཟང་མོ་སྟེ། །བསྐྱེད་ཀྱང་བསྐྱེད་ལ་གསོ་ཡང་གསོ། །ཕར་བཏགས་ཀུན་ཏུ་བཟང་པོ་སྟེ། །བསྐྱེད་ཀྱང་བསྐྱེད་ལ་རྟེན་ཀྱང་རྟེན། །ཀུན་བཟང་ཀློང་ལ་གཞི་རྟེན་མེད། །སྐྱེ་མེད་དབྱིངས་ལ་སྐྱེ་འབྲི་མེད། །སྐྱེ་འགག་མེད་ལ་གསོ་བསད་བྲལ། །མེད་ལས་ཅིར་ཡང་སྣང་བ་དེ། །སེམས་ཉིད་ཀློང་ཆེན་རང་གི་རྒྱན། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དབྱིངས་སུ་འདུས་ལུགས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཛིན་པ་ལ་སོགས་པ་རྣམས་ལ་ཡང་དག་པའི་དོན་བཀའ་སྩལ་པ། མ་བཅོས་སེམས་ཀྱི་ཀློང་དཀྱིལ་ནས། །མ་བཙལ་རང་བྱུང་ཡེ་ཤེས་ཤར། །སྟེང་འོག་ཕྱོགས་མཚམས་ཡོངས་ལ་གདལ། །ཉག་གཅིག་དབྱིངས་ན་ཀུན་གསལ་བས། །མཐོང་དང་ཐོས་དང་དྲན་པ་དང་། །དབང་པོའི་ངོ་ལ་གང་སྣང་བ། །ཡུལ་མེད་གཅིག་ལས་རང་སྣང་བས། །དོན་གྱི་ངོ་བོ་བྱ་བྲལ་ལ། །སྣང་བ་མེད་ཅིང་འགྲིབ་པ་མེད། །གསལ་བ་སེམས་ཀྱི་མེ་ལོང་ལ། །སྣང་བའི་གཟུགས་དང་འཛིན་པའི་སེམས། །གཟུགས་བརྙན་དག་དང་སྒྱུ་མ་བཞིན། །མེད་ལས་ཡོད་མཐོང་ཐ་དད་ཤར། །ཡུལ་དང་འབྱུང་དུས་སྐྱེ་མཆེད་ཆོས། །ཁམས་གསུམ་སྣང་བ་ཕྲ་རགས་ཀྱང་། །བདག་ལས་བྱུང་སྟེ་རང་གི་ཀློང་། །ཉིད་ལས་ཤར་བས་ཉིད་ཀྱི་རྒྱན། །ཡོད་མཐོང་གྲགས་པའི་ཆོས་རྣམས་དང་། །མེད་སྣང་བརྟགས་པའི་ཆོས་རྣམས་ཀུན། །རང་ལས་ཐ་དད་མེད་པས་ན། །གཉིས་སུ་མེད་པར་ཡེ་ནས་གསལ། །


DNG005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་མེད་དེ་རང་སར་གྲོལ། །གཅིག་ལ་གཅིག་ལྟོས་མེད་པའི་ཕྱིར། །མཐའ་ཡི་གོལ་ས་གཏན་མེད་དེ། །མཐའ་རྣམས་མ་སྤངས་རང་གྲོལ་བས། །གང་ཡང་མ་བཀག་རྫོགས་པ་ཆེ། །ཡངས་སོ་ཆེའོ་སེམས་ཀྱི་ཀློང་། །འདུ་འབྲལ་མེད་དོ་དབྱིངས་ཀྱི་རྒྱན། །འདི་གཞན་ཡུལ་ལ་མ་གཡོས་པས། །གཞན་དུ་གནས་པའི་ས་མེད་སྟེ། །རྟེན་མེད་གཅིག་ལས་ཀུན་འབྱུང་བས། །རྨད་བྱུང་བསམ་ཡས་ངོ་མཚར་ཆེ། །རང་བྱུང་རང་ཤར་ངོ་མཚར་ཆེ། །གཞན་དུ་ལྟོས་པ་གང་ཡང་མེད། །སངས་རྒྱས་ཞེས་སུ་བཏགས་པ་ཡང་། །གདུལ་བྱའི་བློ་ལ་གྲགས་པ་ལས། །ཡང་དག་དོན་ལ་སངས་རྒྱས་མེད། །ཅི་སྟེ་རང་ལས་གཞན་མེད་པས། །རང་གིས་རང་ལ་བཏགས་པ་ཙམ། །གདགས་གཞི་མེད་པས་སངས་རྒྱས་མེད། །གདགས་བྱའི་མིང་ལ་དོན་མི་གནས། །དེས་ན་ཐམས་ཅད་རང་ཡིན་པས། །རང་ལ་རང་གིས་ཆེར་ཏེ་ལྟོས། །བལྟས་པས་མ་མཐོང་ངོ་མཚར་ཆེ། །མཐོང་བ་མེད་པའི་མཐོང་བ་ནི། །ཆོས་སྐུ་སྐྱེ་མེད་དོན་མཐོང་ཡིན། །རིག་པ་མེད་པའི་རིག་པ་ནི། །གཉིས་སུ་མེད་པའི་དོན་རིག་ཡིན། །ཤར་བ་མེད་པའི་ཤར་བ་ནི། །རང་བྱུང་ཡེ་ཤེས་དོན་ཤར་ཡིན། །རང་རིག་ཀློང་ན་མ་རིག་མེད། །མ་རིག་ཡེ་ཤེས་གཉིས་མེད་པས། །ཟང་ཐལ་ཆེན་པོ་ལྟ་བའི་ཀློང་། །ཡེ་ཤེས་མི་ཤེས་གཉིས་མེད་དེ། །མི་ཤེས་པ་དེ་ཡེ་ཤེས་ཆེ། །ཡེ་ནས་ཡིན་པས་གཉིས་མེད་ཀློང་། །མཉམ་པར་ཤར་བས་རྩིས་གདབ་མེད། །གང་ཡང་འདྲ་བའི་ཆོས་ཉིད་ལ། །ཕྱི་ནང་མེད་པར་བདེ་གདལ་བས། །ཅི་སྤང་གང་བསྒྲུབ་སུ་ལ་ཆགས། །གནས་པར་བྱ་བའི་གཞི་མེད་ཕྱིར། །ལྟུང་བའི་གཡང་ས་ག་ལ་ཡོད། །གཡང་ས་མཐོང་བའི་ཆོས་ཉིད་དུ། །ཡེ་ནས་གནས་པས་དམའ་བ་མེད། །གོང་འོག་མེད་པས་མཐོ་དམན་མེད། །མཐོན་དམན་མེད་པས་ཕྱོགས་མཚམས་མེད། །ཉེ་རིང་མེད་པས་གཅིག་ཏུ་འདུས། །ཡོངས་ལ་ཁྱབ་པས་ཀུན་ཏུ་གདལ། །གཞི་དེ་ཡེ་ནས་དེ་ལྟར་


DNG005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །ངོ་བོ་ཡེ་ནས་མ་སྐྱེས་པས། །དོན་ལ་དམིགས་པའི་མཐའ་དང་བྲལ། །ཡུལ་སེམས་གཅིག་ལ་གཅིག་སྣང་ཀྱང་། །རང་ལ་སྣང་ངོ་གཞན་མེད་པས། །གཞན་དུ་གསལ་བ་མ་ཡིན་ཏེ། །ཆོས་སྐུ་རང་སྣང་ཀློང་དུ་གསལ། །མེད་ཅེས་བརྟགས་པའི་ཐ་སྙད་ཀྱང་། །དོན་ལ་མེད་པ་མ་ཡིན་ཏེ། །སྣང་གྲག་ཆོས་ཀུན་རང་ལ་འཆར། །འཁོར་འདས་ལམ་པས་བསྡུས་པའི་ཆོས། །རང་ལས་ཤར་ཞིང་རང་ལ་འདུས། །རང་སར་གྲོལ་བས་དངོས་གཞི་མེད། །ཐ་སྙད་མེད་པས་བདག་གཞན་བྲལ། །ཡུལ་སེམས་མེད་པས་མཉམ་པའི་ཀློང་། །སངས་རྒྱས་བདག་ཡིན་གཞན་མེད་པས། །ཀུན་ཀྱང་བདག་ཉིད་ཆོས་སྐུར་འདུས། །བདག་གཞན་བྲལ་བའི་ཐིག་ལེར་གཅིག །སངས་རྒྱས་སངས་རྒྱས་ཞེས་བྱ་བ། །གློ་བུར་མིང་དུ་བཏགས་པ་ཙམ། །གློ་བུར་ཆོས་ལ་བློ་མེད་པས། །སངས་རྒྱས་ཡིད་ལ་མ་འདོགས་ཤིག །བཏགས་པ་ཐམས་ཅད་རྟོག་པ་སྟེ། །རྣམ་རྟོག་ཆོས་ཉིད་ཡིན་པས་ན། །ཉི་མའི་དཀྱིལ་ན་མུན་མེད་བཞིན། །ཡེ་ཤེས་ཀློང་ན་མ་རིག་མེད། །ཆོས་སྐུའི་ཀློང་ན་རྣམ་རྟོག་མེད། །རྟོག་དང་མི་རྟོག་གཉིས་མེད་དེ། །མཉམ་པའི་ངང་ལས་མ་གཡོས་པས། །མ་རིག་ཡེ་ཤེས་གཉིས་སུ་མེད། །བདག་གིས་བྱས་པའི་ཆོས་རྣམས་ཀྱང་། །བྱེད་མཁན་ལོགས་ན་མེད་པའི་ཕྱིར། །བྱ་བྱེད་མེད་པར་རང་ཤར་བས། །རང་གིས་རང་བྱས་རང་བྱུང་བས། །རྒྱུ་རྐྱེན་མེད་ཅིང་བཏགས་པ་ཡིན། །རྒྱུ་རྐྱེན་མེད་པའི་ཆོས་ཉིད་ལ། །བདག་ཉིད་བྱང་ཆུབ་སེམས་ཞེས་བྱ། །དེ་ཡི་རོལ་པར་ཤར་བ་ལ། །བདག་གིས་བྱས་པའི་ཆོས་ཞེས་བྱ། །ཐམས་ཅད་བདག་ཏུ་འདུས་པ་ལ། །བདག་ཉིད་བྱང་ཆུབ་སེམས་ཞེས་བྱ། །གཉིས་འཛིན་བྱ་དང་བྱེད་པ་མེད། །ཐམས་ཅད་རང་གི་ཆོ་འཕྲུལ་བས། །རང་བྱུང་ཡེ་ཤེས་རྒྱུན་ཆད་མེད། །ཅེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། རྒྱུན་ཆད་མེད་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །དེ་ནས་ཡང་སྟོན་པས་སླར་


DNG005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། ནམ་མཁའ་ལྟ་བུའི་རང་བཞིན་ལས། །འཇའ་ཚོན་སྤྲིན་ཚོགས་གློ་བུར་བ། །རྒྱུ་རྐྱེན་མེད་པས་ནམ་མཁའ་དང་། །ཆོས་ཉིད་བྱ་བྲལ་ནམ་མཁའ་ལ། །རོལ་པ་འཁོར་འདས་གློ་བུར་བ། །རྒྱུ་རྐྱེན་མེད་པས་ཆོས་ཉིད་དང་། །རང་ལས་རང་བཞེངས་ཀོག་ལངས་ཏེ། །རང་ལས་རང་བྱུང་ཐོག་བབས་པས། །ཇི་ལྟར་ཤར་ཀྱང་ཤེས་བྱའི་བབས། །དེ་ལས་གང་ཡང་མེད་པའི་ཕྱིར། །ཡོད་མཐོང་སྣང་གྲག་ཆོས་རྣམས་ཀུན། །ཆོས་ཉིད་ཀློང་གི་ཆོ་འཕྲུལ་ཏེ། །རང་ལ་རང་གིས་རོལ་པ་དང་། །རང་ལ་རང་གིས་སྤྱོད་པ་དང་། །རང་ལ་རང་གིས་བདེ་བ་དང་། །རང་ལ་རང་གིས་སྡུག་བསྔལ་ཏེ། །མཉམ་པར་རོལ་པས་བཟང་ངན་མེད། །ཡོད་མེད་མཉམ་པར་ཤར་བ་ལ། །ཕྱོགས་སུ་འཛིན་པ་དོན་ལས་འཁྲུལ། །མཉམ་པའི་ཀློང་དུ་ཅི་བདེར་གནས། །རྩོལ་བ་མེད་པར་ཀློང་དུ་དབབ། །འཇུག་ལྡོག་མེད་དེ་རང་སར་བཞག །འགྲོ་འོང་མེད་དེ་དབྱིངས་སུ་དག །བྱ་བྱེད་མེད་དེ་རྩོལ་དང་བྲལ། །འགྱུར་བ་མེད་དེ་མཐའ་དང་བྲལ། །འཆིང་གྲོལ་མེད་དེ་ཞེན་དང་བྲལ། །རེ་དོགས་མེད་དེ་མཐའ་དང་མཉམ། །བཏང་སྙོམས་མེད་དེ་མཐར་མ་ལྷུང་། །ཀློང་ཞེས་བྱ་བ་བསམ་གཏན་ཏེ། །མིང་དུ་བཏགས་ན་གྲངས་ཀྱིས་འཆལ། །རྒྱུན་ཆད་མེད་པའི་རིག་པ་དེ། །སྔ་ཕྱི་འགྲོ་འོང་མེད་པས་ན། །དེ་ལ་གྲངས་སུ་བགྲང་དུ་མེད། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཕྱིར། །དེ་ལ་གྲངས་སུ་བགྲང་དུ་མེད། །མཐའ་དབུས་ཕྱོགས་མཚམས་མེད་པའི་ཕྱིར། །དེ་ལ་གྲངས་ཀྱིས་བགྲང་དུ་མེད། །སྟེང་འོག་མཐོ་དམན་མེད་པའི་ཕྱིར། །དེ་ལ་གྲངས་ཀྱིས་བགྲང་དུ་མེད། །ཕྱི་ནང་གཉིས་སུ་མེད་པ་དང་། །ཐམས་ཅད་གཅིག་ཏུ་འདུས་པའི་ཕྱིར། །དེ་ལ་གྲངས་ཀྱིས་བགྲང་དུ་མེད། །རྒྱུན་མི་ཆད་ཀྱི་རིག་པ་དེ། །རང་ལ་བདེ་བླག་གནས་པས་ན། །ཡེངས་དང་མ་ཡེངས་མེད་པ་དང་། །དམིགས་དང་མ་དམིགས་མེད་པ་དང་། །གསལ་དང་མི་གསལ་མེད་པ་དང་། །སྣང་དང་མི་སྣང་མེད་པ་དང་། །བཙལ་དང་མི་བཙལ་མེད་པ་དང་། །མཐོང་དང་མ་མཐོང་མེད་པ་དང་། །བསྒོམས་དང་མ་བསྒོམས་


DNG005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་རུ། །སྐད་ཅིག་འདུ་འབྲལ་མེད་པའི་ཕྱིར། །བསམ་གཏན་ཆེན་པོ་བདེ་ལ་གནས། །བདེ་ཆེན་ཀློང་ན་འབྱམས་པའི་ཕྱིར། །ཀློང་འབྱམས་ཆོས་སྐུའི་བསམ་གཏན་ཡིན། །ཅིར་སྣང་དེ་ལས་མ་གཡོས་པས། །སྣང་བ་རྒྱས་འདེབས་བསམ་གཏན་ཡིན། །ཉམས་མྱོང་བཞག་ས་མི་ཚོལ་བས། །ཡུལ་སེམས་རིས་མེད་བསམ་གཏན་ཡིན། །བཏང་སྙོམས་རེས་འཇོག་མེད་པའི་ཕྱིར། །འཕེལ་འགྲིབ་མེད་པའི་བསམ་གཏན་ཡིན། །ཐུན་མཚམས་ཀུན་ལས་འདས་པའི་ཕྱིར། །རྒྱུན་མི་ཆད་པའི་བསམ་གཏན་ཡིན། །ཉོན་མོངས་ཟད་སར་ཟད་པས་ན། །མཐར་ཐུག་དོན་གྱི་བསམ་གཏན་ཡིན། །བདེ་ཆེན་ཀློང་དུ་ཐིམ་པས་ན། །འཕོ་འགྱུར་མེད་པའི་བསམ་གཏན་ཡིན། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། བསམ་གཏན་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །དེ་ནས་ཡང་སྟོན་པ་ཉིད་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། རང་བཞིན་མེད་པའི་ཆོས་ཆེན་པོ། །རྨད་བྱུང་བསམ་ཡས་འདི་ལྟ་སྟེ། །སྐྱེ་བ་མེད་པའི་སྐྱེ་སྒོ་ནས། །སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ནི། །སྐྱེ་བ་མེད་ལས་སྐྱེས་པ་ཡི། །ཆོ་འཕྲུལ་རང་ལས་བྱུང་བ་དེ། །སྐྱེ་མེད་རང་ཡིན་གཞན་ན་མེད། །སྐྱེ་བ་མེད་པའི་སྐྱེ་སྒོ་ནས། །རྫུ་འཕྲུལ་རང་ལས་སྐྱེས་པ་ཡིན། །སྐྱེ་བའི་ཆོ་འཕྲུལ་བྱུང་བ་སྟེ། །སྐྱེ་མེད་རང་ཡིན་གཞན་ན་མེད། །སྐྱེ་བ་མེད་པའི་གསང་སྒོ་ནས། །སྐྱེ་མེད་སྐྱེ་གནས་བཞིར་སྐྱེས་པས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །རྐྱེན་འགྱུར་ལས་ཀྱི་རྣམ་སྨིན་གྱིས། །ཁམས་གསུམ་འཁོར་བར་སྐྱེས་པ་ཡང་། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེ་བ་མེད་པའི་གསང་སྒོ་ནས། །སྔོན་གྱི་སྨོན་ལམ་དག་པ་ཡིས། །བྱང་ཆུབ་སེམས་དཔར་སྐྱེས་པ་ཡང་། །སྐྱེས་ཙམ་ཉིད་ན་མ་སྐྱེས་ཏེ། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེ་མེད་ངེས་པའི་གསང་སྒོ་ནས། །ཏིང་འཛིན་བརྟན་པའི་


DNG005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་མཐུ་དང་། །བཟླས་བརྗོད་གྲངས་ཀྱི་མཐར་སྐྱོལ་བས། །རིག་འཛིན་ས་རུ་སྐྱེས་པ་ཡང་། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །སྐྱེ་མེད་ངེས་པའི་གསང་སྒོ་ནས། །སྨོན་ལམ་སྟོབས་དང་ཏིང་འཛིན་སྟོབས། །ལྷག་མཐོང་ཟུང་དུ་འདྲེལ་བ་ཡིས། །ཞིང་ཁམས་མཐའ་ཡས་རྒྱ་ཆེ་རུ། །རྒྱལ་བའི་སྲས་སུ་སྐྱེས་པ་ཡང་། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །སྐྱེ་བ་མེད་པའི་གསང་སྒོ་ནས། །སྦྱངས་པའི་འཕྲོ་མཐུད་གྲུབ་པའི་མཐའ། །ལམ་ལ་རྩོལ་བར་སྐྱེས་པ་ཡང་། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །འགྲོ་དྲུག་འཁོར་བས་བསྐྱེད་པ་དང་། །དག་པའི་ཞིང་ལ་སྤྱོད་པ་དང་། །འཁོར་འདས་ལམ་པའི་ཆོས་རྣམས་ཀུན། །སྐྱེ་མེད་རང་གིས་རང་བསྐྱེད་པས། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་སྟོན། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །ཚིག་ཏུ་བརྗོད་པས་དོན་དང་འགལ། །སྐྱེ་མེད་དོན་ལ་འགལ་བ་མེད། །ཐ་སྙད་ཚིག་ལ་འགལ་བ་ཡོད། །བྱང་ཆུབ་སེམས་ལ་འགལ་བ་མེད། །ལོག་པའི་སེམས་ལ་འགལ་བ་ཡོད། །མ་བཅོས་ཚིག་ཏུ་གསུངས་པ་དང་། །མ་ནོར་དོན་དུ་གསུངས་པ་ཡང་། །སྐལ་བ་ཅན་ལ་སྣང་བར་ཟད། །དོན་མི་ལྡན་ལ་འཁྲུལ་པ་ཡི། །ཕྱིན་ཅི་ལོག་དང་བྱང་ཆུབ་ཀྱང་། །ཅི་ནས་མཉམ་པའི་ཆོས་ཉིད་པས། །ཆོས་ཉིད་དོན་ལ་གཉིས་སུ་མེད། །སྐྱེ་བ་མེད་པའི་ཆོས་ཉིད་དེ། །འབྱུང་ལྔ་སྣོད་བཅུད་སྐྱེ་བའི་སྒོ། །འབྱུང་ལྔ་སྣོད་བཅུད་ཤར་ཙམ་ན། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །མ་སྐྱེས་པ་ཡི་ཆོས་ཉིད་དེ། །ཕོ་མོ་མ་ནིང་སྐྱེ་བའི་རྒྱུ། །ཕོ་མོ་མ་ནིང་ལུས་བླངས་ཀྱང་། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །མ་སྐྱེས་པ་ཡི་ཆོས་ཉིད་དེ། །དུག་ལྔ་དུག་གསུམ་སྐྱེ་བའི་རྒྱུ། །ཉོན་མོངས་ལྔ་རུ་ཤར་ཙམ་ན། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །མ་སྐྱེས་པ་ཡི་ཆོས་ཉིད་དེ། །རང་


DNG005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཡེ་ཤེས་སྐྱེ་བའི་རྒྱུ། །ཕྱོགས་མེད་རིག་པར་ཤར་ཙམ་ན། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །མ་སྐྱེས་རང་བྱུང་ཡེ་ཤེས་ཏེ། །རྒྱུ་རྐྱེན་ཀུན་དང་བྲལ་བའི་ཕྱིར། །ཡེ་ནས་གནས་པའི་ཆོས་ཉིད་ཡིན། །ཡོད་མེད་ཀུན་གྱི་དངོས་གཞིར་ཤར། །མཚན་མའི་གོ་ནི་ནམ་མཁས་འབྱེད། །ཆོས་ཅན་གོ་ནི་ཆོས་ཉིད་འབྱེད། །སྣང་བའི་གོ་ནི་སྟོང་པས་འབྱེད། །འཁོར་འདས་གོ་ནི་རིག་པས་འབྱེད། །སྐྱེ་བའི་སྒོ་རུ་གྱུར་པ་ཀུན། །སྐྱེ་མེད་དབྱིངས་ཀྱིས་འབྱེད་པས་ན། །གོ་འབྱེད་ཆོས་དབྱིངས་ནམ་མཁའ་འདིས། །འཁོར་འདས་ཀུན་གྱི་མཐོང་བརྟོལ་བས། །ཐམས་ཅད་ཐམས་ཅད་དུས་གཅིག་ཤར། །ཤར་ཡང་སྐྱེ་བ་མེད་པར་གཅིག །ཅེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། སྐྱེ་མེད་ཆིག་ཆོད་དུ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །དེ་ནས་ཡང་སྟོན་པས་འདུ་འབྲལ་མེད་པའི་འཁོར་ལ་བཀའ་སྩལ་པ། འདི་ལས་གཞན་དུ་མ་བལྟ་ཞིག །བལྟས་ཤིང་བལྟས་ཤིང་རྟོག་པ་སྐྱེ། །འདི་ལས་གཞན་ལ་མ་བལྟས་ན། །མི་རྟོག་གཞན་དུ་བསྒོམ་མི་དགོས། །འདི་ལས་གཞན་དུ་མ་སྤྱད་ཅིག །སྤྱད་ཅིང་སྤྱད་ཅིང་ལོག་ལྟ་སྟེ། །འདི་ལས་གཞན་དུ་མི་སྤྱོད་ན། །རྟོག་དཔྱོད་གཞན་དུ་བྱ་མི་དགོས། །འདི་ལས་གཞན་དུ་མ་རྩོལ་ཅིག །རྩོལ་ཞིང་རྩོལ་ཞིང་གཟུང་འཛིན་མཆེད། །འདི་ལས་གཞན་དུ་མ་རྩོལ་ན། །འཇུག་སྒོ་ཐ་དད་མེད་པའི་ཕྱིར། །ས་དང་ལམ་ལ་སྦྱང་མི་དགོས། །འདི་ལས་གཞན་དུ་མ་བསྒྲུབས་ཤིག །བསྒྲུབས་ཤིང་བསྒྲུབས་ཤིང་མཐར་ཐུག་མེད། །འདི་ལས་གཞན་དུ་མི་བསྒྲུབ་ན། །སངས་རྒྱས་གོ་འཕང་ཐོབ་མི་དགོས། །མི་ཞེས་བྱ་བ་སངས་རྒྱས་ཡིན། །དབྱེར་མེད་དོན་དུ་མ་ཤེས་ན། །བསྐལ་པར་བསྒྲུབས་ཀྱང་འགྲུབ་མི་འགྱུར། །དབྱེར་མེད་དོན་ལ་གནས་པ་ན། །སྲིད་པར་འཁྱམས་ཀྱང་སྟོང་བྲལ་མེད། །སྐྱེ་མེད་འགག་མེད་སྣ་ཚོགས་སྟོན། །


DNG005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་སྤྱོད་དང་མི་སྤྱོད་པ། །སྤྱོད་པ་འགག་པ་མེད་ལས་བྱུང་། །མི་སྤྱོད་སྐྱེ་བ་མེད་ལས་བྱུང་། །གནས་ལ་བརྟེན་དང་མི་བརྟེན་པ། །འགག་པ་མེད་པ་ཉིད་ལས་བྱུང་། །མི་བརྟེན་སྐྱེ་བ་མེད་ལས་བྱུང་། །རང་བཞིན་བཅོས་དང་མ་བཅོས་པ། །བཅོས་པ་འགག་པ་མེད་ལས་ཤར། །མ་བཅོས་སྐྱེ་བ་མེད་ལས་བྱུང་། །ཆོས་ལས་འདས་དང་མི་འདའ་བ། །འདའ་བ་འགག་པ་མེད་ལས་ཤར། །མི་འདའ་སྐྱེ་བ་མེད་ལས་བྱུང་། །ཆོ་འཕྲུལ་སྟོན་དང་མི་སྟོན་པ། །སྟོན་པ་འགག་པ་མེད་ལས་ཤར། །མི་སྟོན་སྐྱེ་བ་མེད་པའི་ངང་། །མཚོན་པས་ཐོག་ཏུ་ཕེབས་མི་ཕེབས། །ཕེབས་པ་འགག་པ་མེད་ལས་ཤར། །མི་ཕེབས་སྐྱེ་བ་མེད་པའི་ངང་། །མཚན་མའི་སྒྲོས་དང་བྲལ་མ་བྲལ། །མ་བྲལ་འགག་པ་མེད་ལས་ཤར། །བྲལ་བ་སྐྱེ་བ་མེད་ལས་བྱུང་། །རང་བཞིན་གཅིག་ལ་འཁོར་མི་འཁོར། །འཁོར་བ་འགག་པ་མེད་ལས་བྱུང་། །མི་འཁོར་སྐྱེ་བ་མེད་པའི་ཀློང་། །ངོ་བོ་གཅིག་ལ་བདེ་སྡུག་གཉིས། །སྡུག་བསྔལ་འགག་པ་མེད་ལས་བྱུང་། །བདེ་ཆེན་སྐྱེ་བ་མེད་པའི་ངང་། །མཚན་ཉིད་གཅིག་ལས་སྣང་སྟོང་གཉིས། །སྣང་བ་འགག་པ་མེད་ལས་ཤར། །སྟོང་པ་སྐྱེ་མེད་ཡུམ་གྱི་དབྱིངས། །རྒྱུན་མི་ཆད་དང་གནས་སྐབས་གཉིས། །གནས་སྐབས་འགག་མེད་ངེས་པ་མེད། །རྒྱུན་མི་ཆད་པ་སྐྱེ་མེད་དབྱིངས། །འདུ་འབྲལ་མེད་ལ་རྟག་ཆད་གཉིས། །ཞེན་དུ་མེད་ལ་སྒྲོ་སྐུར་གཉིས། །བླང་དོར་མེད་ལ་དགག་བསྒྲུབ་གཉིས། །བདག་གཞན་མེད་ལ་བཟང་ངན་གཉིས། །ཕྱི་ནང་མེད་ལ་ཡུལ་སེམས་གཉིས། །འཕོ་འགྱུར་མེད་ལ་སྐྱེ་ཤི་གཉིས། །དེས་ན་གཉིས་འདུས་ཐམས་ཅད་ཀུན། །སྐྱེ་མེད་འགག་མེད་རང་ལས་ཤར། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །འགག་པ་མེད་ལས་ཐམས་ཅད་འགགས། །སྐྱེས་ཙམ་ཉིད་ནས་མ་སྐྱེས་ལ། །འགགས་ཙམ་ཉིད་ན་མི་འགག་ཏེ། །སྐྱེ་ཡང་སྐྱེ་མེད་ཀློང་ལས་སྐྱེས། །སྐྱེ་མེད་དབྱིངས་


DNG005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱེ་རྒྱུ་མེད། །འགགས་ཀྱང་འགག་མེད་ཀློང་དུ་འགགས། །འཆི་མེད་དབྱིངས་ལ་འགག་རྒྱུ་མེད། །སྐྱེ་འགག་མེད་པའི་རིག་པ་དེ། །ཆོ་འཕྲུལ་ཅིར་ཡང་མ་ངེས་པས། །རང་བྱུང་ཡེ་ཤེས་མཐའ་ལས་རྒྱལ། །རྒྱལ་བའི་སྐུ་སྟེ་སྐྱེ་ཤི་མེད། །འཁོར་བའི་གཡུལ་ངོ་ཀུན་ལས་རྒྱལ། །རྒྱལ་བའི་སྐུ་སྟེ་ཡེ་སངས་རྒྱས། །ཐེག་པའི་རྣམ་གྲངས་ཀུན་ལས་རྒྱལ། །རྒྱལ་བའི་སྐུ་སྟེ་མཐོ་དམན་མེད། །འཁོར་འདས་སྐྱོན་ཡོན་ཀུན་ལས་རྒྱལ། །རྒྱལ་བའི་སྐུ་སྟེ་མཉམ་པ་ཉིད། །མཉམ་པ་རིས་མེད་སེམས་ཀྱི་ཀློང་། །སྐྱེ་མེད་འགག་མེད་སྣ་ཚོགས་སྣང་། །སྣང་མེད་བརྗོད་མེད་ཅིར་ཡང་འཆར། །ཤར་བ་རང་ཤར་ཡིན་པ་དང་། །གྲོལ་བ་རང་གྲོལ་ཡིན་པའི་ཕྱིར། །ཡུལ་མེད་རིག་པ་གཅིག་པུ་ཉིད། །ཅེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས།) བྱང་ཆུབ་སེམས་ཀྱི་མཚན་ཉིད་ལ་སྐྱེ་འགག་མེད་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །དེ་ནས་ཡང་སྟོན་པའི་རྒྱལ་པོས་བསྟན་པའི་དོན་མ་ནོར་བར་གསུངས་པ། ཆོས་རྣམས་རང་བཞིན་དབྱིངས་སུ་གཅིག །མཚན་ཉིད་རང་རང་སོ་སོར་འཛིན། །མཚན་ཉིད་འཛིན་པས་ཆོས་ཞེས་བཏགས། །ཡང་དག་དོན་ལ་མེད་མོད་ཀྱང་། །ཕྱིན་ཅི་ལོག་དང་མ་ལོག་པ། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རང་སྣང་གཅིག་གི་སྟོབས། །ཡོན་ཏན་གཅིག་ལས་ཤར་བ་ལ། །སྐུ་དང་གསུང་དང་ཐུགས་ཀྱི་རྟགས། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རང་སྣང་གཅིག་གི་སྟོབས། །ལ་ལ་ཞེ་སྡང་བྱང་ཆུབ་སེམས། །ལ་ལ་གཏི་མུག་བྱང་ཆུབ་སེམས། །ལ་ལ་ང་རྒྱལ་བྱང་ཆུབ་སེམས། །ལ་ལ་འདོད་ཆགས་བྱང་ཆུབ་སེམས། །ལ་ལ་ཕྲག་དོག་བྱང་ཆུབ་སེམས། །རང་བྱུང་གཅིག་ལས་མ་གཡོས་པས། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རང་སྣང་གཅིག་གི་སྟོབས། །མཚན་མའི་ཡུལ་དང་བྲལ་བ་ལ། །གཟུགས་དང་ཚོར་བ་འདུ་ཤེས་དང་། །


DNG005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་རྣམ་ཤེས་ཕུང་པོ་ལྔ། །ལས་ལྔ་བྱེད་པའི་རང་བཞིན་གྱིས། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རིག་པ་རང་གི་སྟོབས། །སྣང་བ་རང་སར་དག་པ་ལ། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་ལ་སོགས་འབྱུང་བ་ལྔ། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རིག་པ་རང་གི་སྟོབས། །ཆོས་ཉིད་འཛིན་པ་ཀུན་བྲལ་ལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་ལ་སོགས་པའི་འདོད་ཡོན་ལྔ། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རང་སྣང་གཅིག་གི་སྟོབས། །རང་རིག་གཅིག་ལས་ཤར་བ་ལ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ལ་སོགས་པའི་དབང་པོ་ལྔ། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རང་སྣང་གཅིག་གི་སྟོབས། །ཅིར་ཡང་འགྱུར་བའི་ཆོས་ཉིད་ལ། །དཀར་དང་སེར་དང་དམར་དང་ལྗང་། །ནག་པོ་ལ་སོགས་ཁ་དོག་ལྔ། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རང་སྣང་གཅིག་གི་སྟོབས། །ཆོས་ཉིད་མུ་དང་མཐའ་མེད་ལ། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རང་སྣང་གཅིག་གི་སྟོབས། །འགྱུར་བ་མེད་པའི་ཆོས་ཉིད་ལ། །དབྱར་དགུན་སྟོན་དཔྱིད་ནམ་ཟླ་བཞི། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རང་སྣང་གཅིག་གི་སྟོབས། །སྐྱེ་འབྲི་མེད་པའི་ཆོས་ཉིད་ལ། །སྐྱེ་རྒ་ན་བའི་སྡུག་བསྔལ་བཞི། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རང་སྣང་གཅིག་གི་སྟོབས། །རང་བཞིན་གཅིག་པའི་ཆོས་ཉིད་ལ། །འཁོར་དང་བདེ་སྡུག་བཟང་ངན་གཉིས། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རིག་པ་རང་གི་སྟོབས། །རྒྱུ་འབྲས་མེད་པའི་ཆོས་ཉིད་ལ། །ངེས་འབྱེད་དགེ་དང་སྡིག་པའི་ལས། །རང་གི་མཚན་ཉིད་རང་གིས་འཛིན། །གཉིས་ཀ་རིག་པ་རང་གི་སྟོབས། །ཉེ་རིང་མེད་པའི་ཆོས་ཉིད་ལ། །མཐོ་དམན་ཐེག་པ་རིམ་པ་དགུ། །རང་གི་མཚན་ཉིད་རང་གིས་འཛིན། །གཉིས་ག་རིག་པ་རང་གི་སྟོབས། །འཆིང་གྲོལ་མེད་པའི་ཆོས་ཉིད་ལ། །མི་མཐུན་པ་དང་


DNG005_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་གཉིས། །རང་གི་མཚན་ཉིད་རང་གིས་འཛིན། །གཉིས་ཀ་རིག་པ་རང་གི་སྟོབས། །ཡིན་མིན་མེད་པའི་ཆོས་ཉིད་ལ། །རྟོགས་པའི་ཀློང་དང་མ་རྟོགས་སེམས། །ངང་གིས་མཚན་ཉིད་སོ་སོར་འཛིན། །གཉིས་ཀ་རིག་པ་རང་གི་སྟོབས། །གཞི་རྩ་གཅིག་པའི་ཆོས་འདི་ལ། །རྣམ་གྲངས་བརྒྱ་སྟོང་ཕྲག་ལས་ཀྱང་། །རང་རང་མཚན་ཉིད་རང་གིས་འཛིན། །སྣང་བ་ཐམས་ཅད་རང་སྣང་ལ། །ཤར་བ་ཐམས་ཅད་རང་ཤར་བས། །ཐམས་ཅད་རིག་པ་རང་གི་སྟོབས། །འཕྲལ་དུ་མི་བདེན་གང་ཡང་མེད། །དབྱིངས་ཀྱི་ཀློང་ན་བདེན་རྫུན་མེད། །གནས་སྐབས་འབྲས་བུ་འབྱིན་པའི་ཕྱིར། །བདེན་པར་མ་གྱུར་ཅི་ཡང་མེད། །བྱ་བྲལ་དབྱིངས་སུ་སྟོར་བའི་ཕྱིར། །རྫུན་པར་མ་གྱུར་གཅིག་ཀྱང་མེད། །བདེན་རྫུན་མེད་པའི་ཀློང་ཆེན་དེ། །འདས་པའི་སངས་རྒྱས་ཀུན་གྱི་གནས། །མ་འོངས་སངས་རྒྱས་ཀུན་གྱི་རྟེན། །ད་ལྟར་བཞུགས་པ་ཀུན་གྱི་གཞི། །ཐོག་མཐའ་མེད་པའི་གཞལ་ཡས་ཁང་། །ཁམས་གསུམ་སེམས་ཅན་ཀུན་གྱི་ལམ། །འགྲོ་དྲུག་འབྱུང་བའི་ལམ་པོ་ཆེ། །དབྱིངས་ལས་འཕོ་ས་མེད་པའི་ཕྱིར། །མཐའ་ཡས་གནས་པའི་ཡུལ་པོ་ཆེ། །ཀློང་ལས་འགྱུར་བ་མེད་པའི་ཕྱིར། །ཐམས་ཅད་སྡུད་པའི་དུར་པོ་ཆེ། །སེམས་ཉིད་དུར་ཁྲོད་ཉམས་དགའི་ཀློང་། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། རིག་པ་རང་སྟོབས་ཀྱི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།། །དེ་ནས་ཡང་ཉིད་ཀྱི་འཁོར་ལ་ཉིད་ཀྱིས་གསུངས་པ། ཇི་ལྟ་བ་དེ་ཐེག་པའི་མཆོག །ཇི་སྙེད་པ་དེ་བལྟ་བའི་ཡུལ། །ཇི་བཞིན་པ་དེ་བསྒོམ་པའི་གནས། །ཇི་ལྟར་སྣང་བ་སྤྱོད་པའི་གྲོགས། །ཇི་སྲིད་པ་དེ་འབྲས་བུའི་གཏེར། །ཇི་ལྟ་བ་ཡི་དོན་རྟོགས་ན། །སངས་རྒྱས་ས་ལ་འདེགས་པའི་ཕྱིར། །ཐེག་མཆོག་རྒྱལ་པོ་བླ་ན་མེད། །ཇི་སྙེད་པ་ཡི་རྣམ་གྲངས་དེ། །མ་འདྲེས་ཡོངས་སུ་རྫོགས་པར་མཐོང་། །ཆོས་ཉིད་ཅེར་མཐོང་བླ་ན་མེད། །ཇི་བཞིན་པ་ཡི་དོན་དེ་ལ། །མ་བཅོས་རྣལ་དུ་འདུག་པ་སྟེ། །


DNG005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་རྒྱལ་པོ་བླ་ན་མེད། །འགྲོ་ཉལ་ཟ་འཆག་སྒོ་གསུམ་གྱི། །ཇི་ལྟར་སྣང་བའི་ཆོས་རྣམས་ལ། །བཟང་ངན་བླང་དོར་མི་བལྟ་བ། །སྤྱོད་པའི་རྒྱལ་པོ་བླ་ན་མེད། །ཇི་ལྟར་སྲིད་པའི་ཆོས་རྣམས་དང་། །མི་སྲིད་པ་ཡི་ཆོས་རྣམས་ཀུན། །རང་གི་རྒྱན་དུ་ཤར་བས་ན། །འབྲས་བུ་གཏེར་ཆེན་བླ་ན་མེད། །མ་བཅོས་སེམས་ཀྱི་གཏེར་ཆེན་ལ། །ལ་ལས་བལྟ་བའི་རྒྱལ་པོར་མཐོང་། །ལ་ལས་ཏིང་འཛིན་དམིགས་པའི་ཡུལ། །ལ་ལས་སྤྱོད་པའི་སྒོ་མོར་མཐོང་། །ལ་ལས་བསྒྲུབ་ཏུ་ཡོད་པར་མཐོང་། །ལ་ལས་བསྒྲུབ་ཏུ་མེད་པར་མཐོང་། །ལ་ལས་ཐེག་པའི་རྒྱལ་པོར་མཐོང་། །ལ་ལས་གཟུང་འཛིན་མདུད་པར་མཐོང་། །ལ་ལས་འཁོར་བའི་གཡང་སར་མཐོང་། །ལ་ལས་སྦྱང་བའི་རྒྱུ་རུ་མཐོང་། །ལ་ལས་སྦྱང་ཞིང་བསྒྱུར་བར་མཐོང་། །ལ་ལས་སངས་རྒྱས་ས་རུ་མཐོང་། །ལ་ལས་འཁོར་བའི་གནས་སུ་མཐོང་། །ལ་ལས་ལམ་གྱི་གེགས་སུ་མཐོང་། །ལ་ལས་ལམ་སྣ་འདྲེན་པར་མཐོང་། །ལ་ལས་ཉོན་མོངས་དུག་ཏུ་མཐོང་། །ལ་ལས་ཡེ་ཤེས་བདུད་རྩིར་མཐོང་། །གང་མཐོང་ཅིར་སྣང་ཅིར་གསལ་ཀྱང་། །གཏེར་ཆེན་ཡིན་པས་འདོད་དགུར་བསྒྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །རྐྱེན་གྱིས་ཅིར་ཡང་འཆར་བའི་ཕྱིར། །འདོད་དགུར་འབྱུང་བའི་རིན་པོ་ཆེ། །སེམས་ནི་རིན་པོ་ཆེ་ལ་གནས། །ཡུལ་ནི་དེ་ཡི་འབྱུང་བའི་རྐྱེན། །གཉིས་སུ་མེད་པ་འབྲས་བུའི་ཀློང་། །ཡུལ་མེད་ཡུལ་ལ་མ་རྟོགས་ཤིག །གཏན་དུ་མེད་པ་མ་ཡིན་ཏེ། །སེམས་ལས་མ་གཏོགས་ཡུལ་གཞན་མེད། །སེམས་མེད་སེམས་སུ་མ་འཛིན་ཅིག །གཏན་དུ་མེད་པ་མ་ཡིན་ཏེ། །རང་རིག་འཛིན་མེད་སྤྲོས་དང་བྲལ། །དེ་ལ་ཡུལ་དུ་གཟུང་དུ་མེད། །དེ་ལ་སེམས་སུ་གཟུང་དུ་མེད། །བརྟགས་པས་ཡུལ་སེམས་གཉིས་ལ་འདུས། །འཛིན་མེད་རང་ཤར་ཀློང་ཆེན་འདིར། །ཡུལ་ཡང་མེད་དེ་ཆོས་ཀྱི་དབྱིངས། །སེམས་ཀྱང་མེད་དེ་ཆོས་ཀྱི་སྐུ། །གཏན་ཡུལ་ཆེན་པོ་ཉམས་དགའི་ཀློང་། །བདེ་ཆེན་ཆོས་སྐུ་ཀློང་བདེའི་མཁར། །རང་བྱུང་ཡེ་ཤེས་དེ་ཡི་བདག །


DNG005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སེམས་ཅན་དེ་ཡི་འཁོར། །ཐམས་ཅད་ཀུན་ལ་དབང་བསྒྱུར་བས། །རང་སེམས་བར་མེད་དབྱིངས་ཀྱི་རྒྱལ། །མ་འདྲེས་ཡོངས་རྫོགས་དེ་ཡི་བྲན། །ཐམས་ཅད་ཐམས་ཅད་དེར་འདུས་པས། །སྡུད་པར་བྱེད་པ་དབྱིངས་ཀྱི་ཀློང་། །ཐམས་ཅད་དེ་ནས་འགྱེད་པའི་ཕྱིར། །སྤྲོ་བར་བྱེད་པ་ཀློང་གི་དབྱིངས། །དབྱིངས་ལས་ཆོ་འཕྲུལ་འབྱུང་བའི་ཕྱིར། །ཐམས་ཅད་དེ་ལས་སྤྲོས་པ་ཡིན། །ཐམས་ཅད་དེ་རུ་འདུས་པ་ཡིན། །ཀུན་འདུས་ཆེན་པོ་གྲོལ་བའི་ཡུལ། །རྣལ་འབྱོར་ཀུན་གྱི་སྤྱོད་པ་ཡིས། །ཆོས་དབྱིངས་ཀུན་ཏུ་བཟང་མོའི་མཁའ། །ཕྱི་ནང་མེད་པར་གསལ་བ་དང་། །སྣོད་བཅུད་གཅིག་ཏུ་མཐོང་བ་དང་། །རིག་པ་སྤྱི་བླུགས་འབབ་པ་དང་། །ས་ཆུ་མེ་རླུང་འབྱུང་བ་བཞིས། །ཐུགས་རྗེ་རྒྱུན་ཆད་མེད་པ་དང་། །འདོད་ཡོན་ལྔ་ལ་ལོངས་སྤྱོད་ཀྱང་། །དེ་ཡི་ཉེས་པས་མི་གོས་དང་། །དངོས་པོ་ཕྲ་རགས་ཅིར་ཤར་ཀྱང་། །ནམ་མཁའི་ཆོ་འཕྲུལ་ཡིན་པ་དང་། །ནམ་མཁའ་སྣང་བ་མེད་པ་དང་། །ཆོ་འཕྲུལ་ཟད་མཐའ་མེད་པ་དང་། །ནམ་མཁའ་ཀུན་ལ་ཁྱབ་པ་དང་། །དངོས་པོར་སྟོང་པ་མེད་པ་དང་། །ཁ་དོག་དབྱིངས་སུ་འབྱུང་བ་དང་། །ནང་ལ་ནང་གིས་བལྟ་བ་དང་། །རང་རང་མཐུ་ཡིས་སྤྱོད་པ་དང་། །འགྲོ་ཉལ་ཟ་འཆག་བྱེད་པ་དང་། །ཕོ་མོ་གཅིག་ལ་གཅིག་ཆགས་དང་། །ལས་དང་བྱ་བ་བྱེད་པ་དང་། །རྐྱེན་གྱིས་བསྒྱུར་དུ་བཏུབ་པ་དང་། །འབྲས་བུ་དུས་སུ་འབྱིན་པ་ཡང་། །ཐུན་མོང་དབྱིངས་ཀྱི་ཡོན་ཏན་ཏེ། །བྱང་སེམས་ཀློང་ཆེན་དེ་ཡི་རྩལ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །དེ་ལ་ཉན་ཅིང་སེམས་པ་དང་། །དགེ་བཅུའི་ལས་ལ་འཇུག་པ་དང་། །དེ་ལ་རྩོལ་ཞིང་བསྒྲུབ་པ་དང་། །མི་རྩོལ་བཏང་སྙོམས་གནས་པ་དང་། །ལུས་ཀྱི་གཡེང་བ་གཅོད་པ་དང་། །ངག་གི་སྤྲོས་པ་གཅོད་པ་དང་། །སེམས་ཀྱི་འདུ་འཛི་སེལ་བ་དང་། །རང་རང་སོ་ལ་གནས་པ་དང་། །ཕྱོགས་མེད་གར་བདེར་འགྲོ་བ་དང་། །གནས་ལ་ངེས་པ་མེད་པ་དང་། །གཅིག་པུར་སྤྱོད་དང་མང་པོར་འདུ། །འདུ་འཛི་


DNG005_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་བ་བསྟེན་པ་དང་། །ཡུལ་ཕྱིར་འདྲེང་དང་རྐྱེན་གྱིས་བསྒྱུར། །འདི་ཀུན་དབྱིངས་ཀྱི་ཡོན་ཏན་ཏེ། །སེམས་ཉིད་ཀློང་ཆེན་དེ་ཡི་མཐུ། །སེམས་ལ་ཡེ་ཤེས་སྐྱེ་བ་དང་། །རྣམ་སྨིན་ཟད་པར་མཐོང་བ་དང་། །ཚུལ་འཛིན་པ་དང་ཚུལ་རྟགས་དང་། །ཉམས་ལ་སྐྱེ་འབྲི་མེད་པ་དང་། །འབྱུང་བའི་གནོད་པས་མི་ཚུགས་དང་། །འབྱུང་པོས་བར་དུ་མི་ཆོད་དང་། །ཚོར་བ་དོན་དུ་མི་གཉེར་དང་། །ལུང་བསྟན་ཆོས་བཤད་འབྱུང་བ་དང་། །མངོན་ཤེས་རྫུ་འཕྲུལ་འགྱེད་པ་དང་། །ས་ལ་གནས་པར་མཐོང་བ་དང་། །བྱིན་རླབས་ཆོ་འཕྲུལ་སྟོན་པ་ཡང་། །གཞན་གྱི་མཐུ་མིན་རང་གི་དབྱིངས། །ཐུན་མོང་ཡོན་ཏན་དཔག་ཏུ་མེད། །ནམ་མཁའི་ཆོ་འཕྲུལ་ཇི་བཞིན་དུ། །དངོས་པོར་མེད་ལས་སྙིང་པོར་འབྱུང་། །རྒྱུ་འབྲས་རང་རྒྱུད་མེད་པའི་ཕྱིར། །རང་སེམས་ཀློང་ཆེན་དེ་ཡི་སྟོབས། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། ཆོ་འཕྲུལ་འབྱུང་བའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། །དེ་ནས་ཡང་ཉིད་ཀྱི་འཁོར་རྣམས་ལ་ཉེ་བར་བརྗོད་པ། སྙིང་པོ་བྱང་ཆུབ་དེ་མཐོང་བས། །སངས་རྒྱས་ཐམས་ཅད་དུས་གཅིག་མཐོང་། །སྨོན་ལམ་དག་པས་མཐོང་བ་ཡིན། །རང་སེམས་དག་པས་མཐོང་བ་ཡིན། །རང་སེམས་རྣམ་དག་དྲི་མེད་དེ། །བཀྲུས་པས་དག་པ་མ་ཡིན་ཏེ། །ཕྱོགས་འཛིན་མེད་པས་དག་པ་ཡིན། །ཕྱོགས་མེད་ལྷུན་གྲུབ་ཆེན་པོ་དེ། །བཙལ་ཞིང་བསྒྲུབས་པས་འགྲུབ་པ་མིན། །ཡེ་ནས་གནས་པས་འགྲུབ་པ་ཡིན། །ཡེ་གྲུབ་ཆོས་ཉིད་འགྱུར་མེད་དེ། །རྒྱུ་རྐྱེན་གཉིས་ལས་བྱུང་བ་མིན། །ཤེས་བྱ་རང་གི་བབས་སུ་གནས། །རང་བྱུང་ཡེ་ཤེས་རྒྱལ་བའི་མེས། །ཁམས་གསུམ་སེམས་ཅན་ཀུན་གྱི་ཡབ། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཡུམ། །རྣལ་འབྱོར་ལམ་མཆོག་འབྱུང་བའི་གཏེར། །ཐེག་ཆེན་ས་ལ་བགྲོད་པའི་གཞི། །འཆིང་བའི་ཞགས་པ་གཅོད་པའི་མཚོན། །ཉོན་མོངས་ཕྲེང་ཐག་གཅོད་པའི་གྲི། །འཇིག་ཚོགས་དགྲ་ལ་འབྲོས་པའི་མཁར། །སོ་མཚམས་བདུད་བཞི་སྲུང་བའི་མི། །འགྲོ་དྲུག་


DNG005_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་འཇོམས་པའི་དམག །གསང་བའི་དགྲ་གསུམ་གསོད་པའི་གྲི། །རང་སེམས་བྱ་བྲལ་ཀུན་བཟང་དེ། །ཀུན་གྱིས་སྤྱི་མེས་འཕོ་འགྱུར་མེད། །ཁམས་གསུམ་སེམས་ཅན་དེ་ལས་བསྐྱེད། །སྐྱེ་མེད་ཀུན་ཏུ་བཟང་མོའི་དབྱིངས། །དུས་གསུམ་རྒྱལ་བ་དེ་ལས་འབྱུང་། །རྣལ་འབྱོར་རྣམ་ལྔའི་དགོངས་པ་ཡང་། །ཉག་གཅིག་དེ་ཡི་ཀློང་ནས་ཤར། །ཐེག་ཆེན་དབྱེ་བ་མེད་པའི་ས། །མ་བགྲོད་ཡེ་ནས་ནོན་པའི་ཕྱིར། །རང་བྱུང་ཡེ་ཤེས་མཚོན་ཆ་ཡིས། །འཆིང་བ་གཉིས་པོ་གཅད་པ་དང་། །ཕྱི་རོལ་སྒྲ་དང་ཚད་མ་ཡིས། །བཤིག་ཏུ་མེད་པ་རྡོ་རྗེའི་མཁར། །སྐྱེ་ཤི་མེད་པ་རང་བྱུང་མིས། །བདུད་བཞི་ཟིལ་གྱིས་གནོན་པ་དང་། །འཕོ་འགྱུར་མེད་པའི་དགོངས་པ་ཡིས། །འགྲོ་དྲུག་གྲོང་ཁྱེར་གཏན་ནས་བཅོམ། །རང་བཞིན་གཅིག་པའི་ཆོས་ཉིད་ཀྱིས། །ཕྱི་ནང་བར་གསུམ་བསྲེ་བ་དང་། །མཐའ་ཡི་མུན་པ་རྩད་ནས་བཅད། །ཐེ་ཚོམ་ཡོད་མེད་གཉིས་སྣང་སེམས། །བྱ་བྲལ་དོན་ལ་གཉིས་སྣང་མེད། །དབྱེར་མེད་ངང་ལ་བློ་བདེར་གནས། །རྩོལ་བསྒྲུབ་ཡོད་མེད་རེ་དོགས་སེམས། །བྱ་བྲལ་དབྱིངས་ལ་རེ་དོགས་མེད། །མཉམ་ཉིད་ངང་ལ་བློ་བདེར་གནས། །འཆིང་གྲོལ་ཡོད་མེད་དགག་སྒྲུབ་སེམས། །བདེ་ཆེན་སེམས་ལ་དགག་བསྒྲུབ་མེད། །མཉམ་ཉིད་དོན་ལ་བློ་བདེར་གནས། །འཁོར་འདས་ཡོད་མེད་གཟུང་འཛིན་སེམས། །ཐིག་ལེ་གཅིག་ལ་དབྱེ་བ་མེད། །མ་བཅོས་དོན་ལ་བློ་བདེར་གནས། །བསྒྲུབ་ཏུ་ཡོད་མེད་རྣམ་རྟོག་སེམས། །བསྒྲུབས་པས་གཞན་ནས་དོན་མི་རྙེད། །བྱ་བྲལ་ངང་ལ་བློ་བདེར་གནས། །མཚོན་དུ་ཡོད་མེད་ཕྱི་ནང་སེམས། །སྨྲ་བརྗོད་ཀུན་ལས་འདས་པའི་ཕྱིར། །ཐ་སྙད་བྲལ་ལ་བློ་བདེར་གནས། །གང་ནས་བཙལ་ཀྱང་ཆོས་ཉིད་དང་། །མིང་གི་སྒོ་ནས་ཅིར་བཏགས་ཀྱང་། །མིང་ལ་ངེས་པ་མེད་པའི་ཕྱིར། །ཆོས་ཉིད་རང་ལ་རང་གིས་བཏགས། །གྲངས་ཀྱི་སྒོ་ནས་ཅིར་བརྗེད་ཀྱང་། །གྲངས་ལ་ཐུག་པ་མེད་པའི་ཕྱིར། །ཆོས་ཉིད་རང་ལ་རང་གིས་བགྲངས། །


DNG005_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྣང་ཞིང་སྲིད་པའི་ཆོས། །རང་སྣང་ཡིན་ཕྱིར་གཞན་མ་བལྟ། །ཐག་ཆོད་ངང་ལ་བློ་བདེར་གནས། །རང་གིས་རང་ལ་ལུས་ལེན་ནམ། །རང་གིས་རང་ལ་སྐྱེ་བ་དང་། །རང་གིས་རང་ལ་འཆི་བ་དང་། །རང་གིས་རང་ལ་ཕན་འདོགས་དང་། །རང་གིས་རང་ལ་གནོད་པ་དང་། །སྐྱེ་ཤི་གཉིས་པོ་སུ་ཡིས་བྱས། །ཕན་གནོད་གཉིས་པོ་གང་ལས་བྱུང་། །རང་སྣང་གཅིག་ཏུ་ཐག་ཆོད་ལ། །བྱ་བྲལ་ངང་ལ་བློ་བདེར་གནས། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དགོངས་པ་ཐག་ཆོད་ཀྱི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ལ་བཀའ་སྩལ་པ། ཇི་བཞིན་རང་སར་བཞག་པ་ཡིས། །རིག་པ་ནམ་མཁའ་ལྟ་བུ་ལ། །འཕོ་འགྱུར་མེད་པའི་དོན་ཤར་བས། །དེ་ལ་ཡེངས་དང་མ་ཡེངས་མེད། །ཇི་ལྟར་བྱས་ཀྱང་དེ་ཡི་ཀློང་། །འདུ་འབྲལ་མེད་པའི་དབྱིངས་མཆོག་འདི། །མཐའ་མེད་རབ་ཏུ་འབྱམས་པའི་ཕྱིར། །ཚིག་གིས་མཚོན་པའི་སྤྱོད་ཡུལ་མིན། །ཤེས་རབ་ཀློང་ནས་རྡོལ་བ་དང་། །རིག་པ་རང་ལ་ཤར་བ་ཡི། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཐུན་མོང་འཇུར་སེམས་མེད་པ་དང་། །སྨྲར་མེད་ཀློང་དུ་བསྡིམས་པ་ཡི། །རྣལ་འབྱོར་རྣམས་ཀྱི་སྤྱོད་ཡུལ་ཏེ། །ཡང་རབ་རྟོགས་པའི་བློ་ཅན་གྱིས། །མཚོན་དང་མ་མཚོན་མེད་པ་རུ། །ཡེ་ནས་གནས་པར་ཐག་བཅད་དེ། །བསྒོམ་དང་བསྒོམ་པར་བྱ་བ་ཡི། །ཡུལ་དང་ཡུལ་ཅན་མ་རྙེད་པས། །བྱིང་རྒོད་རྩོལ་དང་མི་རྩོལ་བའི། །རྣམ་རྟོག་དགྲ་བོ་གསད་མི་དགོས། །ཡེ་ནས་སྤྱི་བླུགས་ཆེན་པོ་རུ། །གནས་པའི་ཆོས་ཉིད་སྤྱི་ཁྱབ་ལ། །བདག་གཞན་རྟོག་པ་མི་མངའ་བས། །ཁམས་གསུམ་བདག་གཞན་མཉམ་པའི་ཕྱིར། །དུས་གསུམ་བདེར་གཤེགས་རང་སྣང་སྟེ། །གཞན་ནས་ཐོབ་པར་བྱ་བའི་ཡུལ། །རང་ལས་མ་གཏོགས་རྡུལ་ཙམ་མེད། །ཆོས་ཉིད་རང་སེམས་ཀློང་ཆེན་ལ། །མཚན་མ་སྣ་ཚོགས་ཀུན་གསལ་ཀྱང་། །མཉམ་པའི་དོན་ལས་གཡོས་པ་མེད། །བདག་ལས་


DNG005_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ལྟ་བྱེད་པ། །གཉིས་སུ་སྣང་བ་འཁྲུལ་པའི་སེམས། །བསྒོམ་པར་འདོད་པ་རྩོལ་བའི་བློ། །འཁྲུལ་པ་གཞན་ན་མེད་པའི་ཕྱིར། །རང་གཞན་ཆེན་པོ་མཉམ་པའི་ཀློང་། །མཉམ་པའི་ཀློང་ཆེན་རིས་མེད་ལ། །བཞག་དང་མ་བཞག་མེད་པར་གནས། །གཞི་བཞག་ཆེན་པོ་བཙལ་དུ་མེད། །ཡང་ལྟོས་ཡང་ལྟོས་སེམས་ལ་ལྟོས། །ལྟར་མེད་སེམས་ཀྱིས་བལྟ་བ་མཐོང་། །དམིགས་པའི་མཐའ་ལས་འདས་པ་དེ། །རིག་པ་སྤྱི་བླུགས་ལྟ་བ་ཡིན། །རང་རིག་ལྟ་བ་རྩལ་གྱི་དབང་། །ཉོན་མོངས་ལས་ཀྱིས་མི་བརྫི་བ། །ཡེ་ནས་ཐོབ་པས་བསྐུར་མི་དགོས། །ལྟ་བ་རང་དབང་གྱུར་པ་ཡིན། །ཡང་སྒོམས་ཡང་སྒོམས་སེམས་ལ་སྒོམས། །བསྒོམ་མེད་སེམས་ཀྱིས་བསྒོམ་པ་མཐོང་། །མཚན་མའི་ཡུལ་དང་བྲལ་བ་དེ། །རིག་པ་སྤྱི་བླུགས་བསྒོམ་པ་ཡིན། །རང་རིག་བསྒོམ་པ་རྩལ་གྱི་དབང་། །ཉོན་མོངས་ལས་ཀྱིས་མི་བརྫི་བ། །ཡེ་ནས་ཐོབ་པས་བསྐུར་མི་དགོས། །བསྒོམ་པ་རང་དབང་གྱུར་པ་ཡིན། །ཡང་སྤྱོད་ཡང་སྤྱོད་སེམས་ལ་སྤྱོད། །སྤྱད་མེད་སེམས་ཀྱི་སྤྱོད་པ་མཐོང་། །བླང་དོར་མཐའ་ལས་གྲོལ་བ་ནི། །རིག་པ་སྤྱི་བླུགས་སྤྱོད་པ་ཡིན། །རང་རིག་སྤྱོད་པ་རྩལ་གྱི་དབང་། །ཉོན་མོངས་ལས་ཀྱིས་མི་བརྫི་བ། །ཡེ་ནས་རྫོགས་པས་བསྐུར་མི་དགོས། །སྤྱོད་པ་རང་དབང་གྱུར་པ་ཡིན། །ཡང་སྒྲུབས་ཡང་སྒྲུབས་སེམས་ལ་སྒྲུབས། །བསྒྲུབ་མེད་སེམས་ཀྱི་འབྲས་བུ་མཐོང་། །རེ་དོགས་མཐའ་ལས་གྲོལ་བ་ནི། །རིག་པ་སྤྱི་བླུགས་འབྲས་བུ་ཡིན། །རང་རིག་འབྲས་བུ་རྩལ་གྱི་དབང་། །ཉོན་མོངས་ལས་ཀྱིས་མི་བརྫི་བ། །ཡེ་ནས་ཐོབ་པས་བསྐུར་མི་དགོས། །འབྲས་བུ་རང་དབང་གྱུར་པའི་ཕྱིར། །དེས་ན་ཆོས་ཉིད་མཉམ་པ་ཉིད། །ཡུལ་དང་ཡུལ་ཅན་མེད་པའི་ཕྱིར། །བདག་དང་གཞན་དུ་མི་འཛིན་པས། །རིག་པ་རང་དབང་གྱུར་པ་ཡིས། །མཉམ་པའི་ཀློང་དུ་ངང་གིས་གནས། །དེ་ལ་རིག་པའི་འཆར་ལུགས་ནི། །ཕྱི་ནང་ཀུན་ཏུ་རང་ཤར་


DNG005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བས། །རང་དབང་རང་གིས་ཐོབ་པའི་ཕྱིར། །མཉམ་པའི་ངང་ལས་གཡོས་པ་མེད། །མཚན་མའི་ཡུལ་ལ་མི་གནས་པས། །ཡུལ་མེད་རིག་པ་སྤྱི་བླུགས་གནས། །ཡེ་ནས་གཉིས་སུ་མེད་པའི་ཕྱིར། །ཐིག་ལེའི་ངང་ལ་དབྱེར་མི་ཕྱེད། །སེམས་ཅན་རྣམ་རྟོག་མཚན་མ་ལ། །སངས་རྒྱས་ཡེ་ཤེས་སྤྱི་བླུགས་གནས། །གཉིས་མེད་རིག་པ་རང་གི་རྩལ། །འཁོར་འདས་དབྱེ་རུ་མེད་པའི་ཕྱིར། །མཉམ་པའི་དོན་ལས་འདའ་བ་མེད། །དམ་ཚིག་རིག་པ་རང་གི་རྩལ། །མཉམ་ཉིད་དགོངས་པ་ཕྱོགས་མེད་ལ། །དངོས་དང་དངོས་མེད་མཉམ་པར་འཆར། །རྟོག་པ་རིག་པ་རང་གི་རྩལ། །སངས་རྒྱས་སེམས་ཅན་དབྱིངས་སུ་མཉམ། །ཀུན་རྫོབ་དོན་དམ་དབྱིངས་སུ་མཉམ། །སྐྱོན་དང་ཡོན་ཏན་དབྱིངས་སུ་མཉམ། །མཐོ་དམན་ཕྱོགས་མཚམས་དབྱིངས་སུ་མཉམ། །མཉམ་པའི་དོན་ལ་གཡོས་པ་མེད། །ཉམས་མྱོང་རིག་པ་རང་གི་རྩལ། །ཡེ་ནས་ཐོབ་པས་བསྐུར་མི་དགོས། །ཤར་བའི་དུས་ན་མཉམ་པར་ཤར། །བཟང་ངན་མེད་པ་རིག་པའི་རྩལ། །གནས་པའི་ཚེ་ན་མཉམ་པར་གནས། །བཟང་ངན་མེད་པ་རིག་པའི་རྩལ། །གྲོལ་བའི་ཚེ་ན་མཉམ་པར་གྲོལ། །བཟང་ངན་མེད་པ་རིག་པའི་རྩལ། །ཉོན་མོངས་ལས་ཀྱིས་མི་བརྫི་བས། །ཕྲིན་ལས་རིག་པ་རང་རྩལ་དབང་། །ཡེ་ནས་ཐོབ་པས་བསྐུར་མི་དགོས། །མི་མཉམ་ཤར་ཀྱང་མཉམ་པའི་དབྱིངས། །མཉམ་དང་མི་མཉམ་མེད་པར་ཤར། །མི་མཉམ་གནས་ཀྱང་མཉམ་པའི་དབྱིངས། །མཉམ་དང་མི་མཉམ་མེད་པར་གནས། །མི་མཉམ་གྲོལ་ཡང་མཉམ་པའི་དབྱིངས། །མཉམ་དང་མི་མཉམ་མེད་པར་གྲོལ། །རང་ཤར་རང་གྲོལ་རིག་པ་རང་གི་རྩལ། །འཕྲིན་ལས་རིག་པ་རང་རྩལ་དག་གི་དབང་། །ཡེ་ནས་ཐོབ་པས་བསྐུར་མི་དགོས། །ཤར་དང་མ་ཤར་དབྱིངས་ལ་མེད། །གྲོལ་དང་མ་གྲོལ་དབྱིངས་ལ་མེད། །ཤར་བའི་དུས་ན་རང་ལ་ཤར། །རང་ཤར་རང་གིས་རང་སར་ཟིན། །གནས་པའི་དུས་ན་རང་ལ་གནས། །རང་གནས་རང་གིས་རང་ས་ཟིན། །


DNG005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བའི་དུས་ན་རང་དུ་གྲོལ། །རང་གྲོལ་རང་གིས་རང་ས་ཟིན། །ཤར་བར་གནས་ཤིང་གནས་པར་གྲོལ། །གྲོལ་བར་ཤར་བས་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་མེད། །རྒྱུ་འབྲས་མེད་པས་བར་མ་ཆད། །བར་ཆད་མེད་པའི་ཆོས་ཉིད་ལ། །འཁོར་བའི་གཡང་ས་གཅད་དུ་མེད། །གཡང་ས་བྲལ་བས་ལུས་མི་ལེན། །ལུས་མེད་གོལ་སར་ག་ལ་ལྟུང་། །དུས་གསུམ་འཕོ་འགྱུར་མེད་པ་དེ། །ཡེ་ནས་ཀུན་ཏུ་བཟང་པོའི་ཀློང་། །ཡེ་ནས་སྐྱེ་ཤི་མེད་པ་དེ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་ངང་། །རིག་པ་རང་དབང་བསྒྱུར་བ་ལ། །དོན་གྱི་དབང་ཞེས་བཏགས་པ་ཡིན། །རང་ཞལ་རང་གིས་མཐོང་བ་ལ། །སངས་རྒྱས་ཞེས་སུ་བཏགས་པར་བཤད། །ཅེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དབང་ཡེ་ནས་ཐོབ་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །དེ་ནས་ཡབ་ཉིད་ཀྱི་རང་བཞིན་ལས་མི་གཞན་པའི་འཁོར་རྣམས་ལ་སྟོན་པས་བཀའ་སྩལ་པ། བྱང་ཆུབ་སེམས་ལ་བཟང་ངན་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས། །མཉམ་པའི་ངང་ལས་མ་གཡོས་ཀྱང་། །ཕྱི་ནང་གསང་བ་གསུམ་གྱི་ཚུལ། །དཀྱིལ་འཁོར་རྫས་ལ་བརྟེན་ནས་ནི། །དབང་རྫས་རྣམས་ཀྱིས་དབང་བསྐུར་ནས། །བདེ་ཆེན་བྱང་ཆུབ་སེམས་སྐྱེ་སྟེ། །གསང་སྔགས་དོན་ལས་ཕྱིར་མི་ལྡོག །ཕྱི་ཡི་དབང་ཞེས་གྲགས་པ་ཡིན། །ནང་གི་དབང་དུ་བསྟན་པ་ཡང་། །ཐ་མལ་ལུས་ལས་ལྷར་བསྒྱུར་ཏེ། །བདག་རང་ལུས་ལ་ལྷ་དབང་ཐོབ། །བསྒོམས་པས་ལྷ་རུ་གསལ་བའི་ཚེ། །བདག་ཏུ་འཛིན་པའི་ལུས་མི་གནས། །ལུས་ལ་ལྷ་རུ་དབང་བསྒྱུར་བས། །དབང་ཡོད་པ་ལ་དོན་འབྱིན་ཏེ། །སློབ་དཔོན་གྱིས་ནི་དབང་བསྐུར་བས། །ཤེས་བཞིན་ཉམས་ལེན་བརྟན་པ་ལ། །ཐོབ་པ་ཞེས་སུ་བཤད་པ་ཡིན། །དབང་ཞེས་བྱ་བའི་དངོས་གཞི་ནི། །གཞན་ན་ཡོད་པ་མ་ཡིན་ཏེ། །རིག་པའི་ཡེ་ཤེས་རང་ལ་གནས། །ཉོན་མོངས་དབང་དུ་མི་འགྱུར་ཏེ། །བདག་


DNG005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོད་པས་དབང་ཞེས་བྱ། །གཞན་མི་དབང་བས་དབང་ཞེས་བྱ། །རང་ཉིད་དབང་བའི་ཕྱིར་ན་དབང་། །གསང་དབང་ཞེས་སུ་གྲགས་པ་ཡང་། །རང་བཞིན་ཤུགས་ཀྱིས་ཐོབ་པ་སྟེ། །བདག་ལུས་ལྷ་རུ་གསལ་ཙམ་ན། །བདག་འཛིན་ངང་གིས་མི་གནས་ཏེ། །ཡེ་ཤེས་རང་དབང་དཀྱིལ་འཁོར་རྫོགས། །རང་རིག་ཡེ་ཤེས་རང་དབང་སྒྱུར། །ཡོན་ཏན་མི་ཟད་ནོར་བུའི་གཏེར། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །དབང་བསྒྱུར་བས་ན་དབང་ཞེས་བྱ། །གསང་བར་བཞག་པའི་རྒྱུ་མཚན་ནི། །དངོས་སུ་མི་སྣང་ནུས་པའི་མཐུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་། །རང་ལས་བྱུང་ཞིང་སྐྱེད་པར་བྱེད། །བློ་ཆུང་ཐེག་པ་དམན་པ་ལ། །དེ་དོན་བསྟན་ན་སྐྲག་པ་དང་། །སྒྱིད་ལུག་པ་ཡི་ཉེན་ཡོད་པས། །གསང་ན་འགྲུབ་པ་ཡིན་པའི་ཕྱིར། །གསང་དབང་ཞེས་སུ་བསྟན་པ་ཡིན། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དབང་གི་བྱེ་བྲག་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །དེ་ནས་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་བཀའ་སྩལ་པ། བྱང་ཆུབ་སེམས་ནི་སྐྱོན་དང་བྲལ། །ཆོས་རྣམས་ཐམས་ཅད་བསླབ་པ་སྟེ། །བསླབ་ཏུ་མེད་པའི་བསླབ་པ་དང་། །བསླབ་ཏུ་ཡོད་པའི་བསླབ་པའོ། །བྱང་ཆུབ་སེམས་ལ་སྐྱོན་མེད་ཀྱང་། །འདུལ་བྱེད་དབང་གིས་ཐབས་སྣ་ཚོགས། །དུས་གསུམ་སངས་རྒྱས་རྣམས་ཀྱིས་གསུངས། །མན་ངག་དོན་གྱི་གཏེར་ཆེན་ཡིན། །དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་དམ་ཚིག་ཡིན། །ཇི་སྲིད་སྣང་གྲག་ཆོས་རྣམས་ཀུན། །རང་གི་སེམས་སུ་འདུས་པའི་ཕྱིར། །དེ་ལས་མི་མདའ་རང་དབང་ཐོབ། །འདས་ཉམས་མེད་པར་ཤེས་པའི་ཚེ། །ཇི་ལྟར་དམིགས་པ་བཞིན་དུ་སྣང་། །ཐམས་ཅད་མ་ལུས་ཀུན་གྱི་ཡང་། །བཞིའམ་རྒྱུ་རུ་གྱུར་པས་ན། །རང་གི་བྱང་ཆུབ་སེམས་དེ་ནི། །འཁོར་འདས་ཀུན་གྱི་དངོས་གཞིའམ། །འབྱུང་གནས་དག་ཏུ་


DNG005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དེ། །རང་དབང་རང་གིས་ཐོབ་པའི་དུས། །ཐམས་ཅད་མ་ལུས་བྱང་ཆུབ་སེམས། །རང་གི་ཆོ་འཕྲུལ་ཡིན་པས་ན། །འཁོར་བ་དག་ལ་ཉམ་ང་མེད། །དེ་ལས་མི་མདའ་དམ་ཚིག་ཡིན། །དེ་ཡི་དོན་ལ་གནས་པའི་ཕྱིར། །ཇི་ལྟར་མཐོང་ཞིང་ཇི་ལྟར་གྲག །ཇི་ལྟར་བཏགས་ཤིང་ཇི་ལྟར་ཆགས། །ཇི་ལྟར་བསྒོམས་ཤིང་ཇི་ལྟར་བསྒྲུབས། །གང་ལྟར་གནས་ཤིང་འདུག་ན་ཡང་། །དེ་ཡི་དོན་ལས་མི་འདའ་བས། །དམ་ཚིག་ཅེས་སུ་བཏགས་པ་ཡིན། །མེད་པ་དང་ནི་ཕྱལ་པ་དང་། །གཅིག་པུ་དང་ནི་ལྷུན་གྱིས་གྲུབ། །མེད་པའི་དམ་ཚིག་ཅེས་བྱ་བ། །ཡུལ་དང་ཡུལ་ཅན་མེད་པ་ལ། །བསྲུང་དང་བསྲུང་མཚམས་མེད་པ་ཡིན། །ཕྱལ་པ་དག་གི་དམ་ཚིག་ནི། །བསྲུང་མཚམས་མེད་པའི་རང་བཞིན་གྱིས། །དགེ་དང་མི་དགེའི་རྟོག་མེད་དེ། །ཉམས་པ་དག་གི་སྐྱོན་དང་ནི། །མ་ཉམས་པ་ཡི་ཡོན་ཏན་མེད། །སྐྱོན་ཡོན་མེད་པས་ཕྱལ་པ་ཡིན། །གཅིག་པུ་དག་གི་དམ་ཚིག་ནི། །ཉམས་དང་མ་ཉམས་མེད་པའི་ཕྱིར། །སྐྱོན་དང་ཡོན་ཏན་གཉིས་སུ་མེད། །ཐམས་ཅད་རང་དུ་གཅིག་པས་ན། །བསྲུང་བྱ་ཡུལ་ཀྱང་གཅིག་པུ་རང་། །བསྲུང་བའི་བདག་ཀྱང་གཅིག་པུ་རང་། །ཉམས་པའི་སྐྱོན་ཀྱང་གཅིག་པུ་རང་། །མ་ཉམས་ཡོན་ཏན་གཅིག་པུ་རང་། །ཐམས་ཅད་རང་ལས་མི་འདའ་བས། །གཅིག་པུའི་དམ་ཚིག་ཅེས་སུ་བཏགས། །ལྷུན་གྱིས་གྲུབ་པའི་དམ་ཚིག་ནི། །ཐམས་ཅད་རང་དུ་འདུག་ཙམ་ན། །ཡུལ་གཞན་མེད་པས་མཐའ་མི་དམིགས། །མཐའ་བྲལ་ཆོས་ཉིད་ཕྱོགས་མེད་དེར། །བསྲུང་དུ་ཡོད་ཀྱང་དེ་རུ་འདུས། །བསྲུང་དུ་མེད་ཀྱང་དེ་རུ་འདུས། །ཉམས་དང་མ་ཉམས་སྐྱོན་ཡོན་ཀྱང་། །དེ་རུ་འདུས་པས་ལྷུན་གྱིས་གྲུབ། །དེ་ལས་མི་འདའ་དམ་ཚིག་མཆོག །དུས་གསུམ་དེ་དང་མི་འབྲལ་བས། །ཐ་ཚིག་མིང་དུ་བཏགས་པ་མེད། །ཆོས་ལ་སྐྱོན་ཡོན་རིས་མེད་ཀྱང་། །གང་ཟག་བློ་ལ་འཛིན་པ་བྱུང་། །དེ་ཕྱིར་བསླབ་པ་སྣ་ཚོགས་ཀྱང་། །གཟུང་འཛིན་


DNG005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོར་གསུངས་པ་ཡིན། །ལུས་ཀྱིས་བསྲུང་བར་བྱ་བ་ནི། །མན་ངག་སྟོན་པའི་བླ་མ་དང་། །རྡོ་རྗེ་སྤུན་ལ་བརྙས་མི་བྱ། །ངག་གིས་བསྲུང་བར་བྱ་བ་ནི། །མི་སྙན་ཟུར་ཡང་མི་བརྗོད་ཅིང་། །དྲེ་མོའི་གཏམ་ཡང་སྤང་བར་གསུངས། །ཡིད་ཀྱིས་བསྲུང་བར་བྱ་བ་ནི། །ཆགས་སྡང་ངན་སེམས་ཕྲག་དོག་རྒྱུ། །སྐད་ཅིག་ཙམ་ཡང་མི་བྱ་ཞིང་། །མཉེས་པ་རྣམ་པ་སྣ་ཚོགས་ཀྱིས། །རབ་ཏུ་དགེས་པའི་མཆོད་པ་དབུལ། །རྩ་བ་ཡན་ལག་དམ་ཚིག་ཀྱང་། །གསང་སྔགས་ཐུན་མོང་གཞུང་དག་ཏུ། །རྒྱལ་བས་གསུངས་པ་བཞིན་དུ་གསལ། །ཨ་ཏི་ཡེ་བསྲུངས་ཆེན་པོ་འདི། །བསྲུང་ཡང་སྐྱོན་མེད་རང་གི་རྒྱན། །མ་བསྲུངས་སྐྱོན་བྲལ་འདའ་བ་མེད། །འདའ་ཉམས་མེད་པས་བསྲུང་མཚམས་བྲལ། །མུ་མཐའ་མེད་པར་ཡེ་ནས་འབྱམས། །བདེ་ཆེན་ཀློང་འབྱམས་དམ་ཚིག་ཡིན། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དམ་ཚིག་གྲངས་བསྲུང་དང་བྲལ་བའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་ཉིད་ཀྱི་དོན་འདི་གསུངས་སོ། །སྐྱེ་ཞིང་འཇིག་པའི་མཐའ་མེད་པས། །བྱ་བྲལ་ཀློང་ཆེན་ནམ་མཁའི་ངང་། །དབྱེ་བསལ་བླང་དོར་མེད་པའི་ཕྱིར། །གསེར་གླིང་ལྟ་བུར་ཡངས་པའི་ཀློང་། །ཕྱི་ནང་མེད་པར་རང་ཤར་བས། །ནུབ་པའི་མཐའ་མེད་བྱང་ཆུབ་སེམས། །མཐའ་ཡི་མུན་པ་སེལ་བའི་ཕྱིར། །ཡེ་ཤེས་སྒྲོན་མ་དབྱིངས་སུ་གསལ། །མཐའ་བཞི་མ་སྤངས་བྱང་ཆུབ་སེམས། །མཐའ་ཡི་སྐྱོན་གྱིས་མ་དག་པས། །གོལ་ས་ཐམས་ཅད་ཤུགས་ལ་ཆོད། །གཡང་ས་མེད་པའི་སེམས་ཉིད་ལ། །རྩོལ་མེད་སྐུ་གསུམ་ལྷུན་རྫོགས་ཀྱང་། །འཁོར་འདས་མེད་དུ་བཏགས་པ་ལ། །རྒྱུ་འབྲས་ཅན་གྱིས་ཐ་དད་འཛིན། །འགྲོ་དྲུག་སྐྱེ་གནས་བཞི་པོ་ཡང་། །ཆོས་དབྱིངས་རབ་འབྱམས་ཆོ་འཕྲུལ་བས། །དབྱིངས་ལས་སྐྱེ་ཞིང་དབྱིངས་སུ་འཛིན། །གཟུང་འཛིན་ཡུལ་སེམས་ཐ་དད་ཀྱང་། །ཆོས་


DNG005_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རབ་འབྱམས་ཆོ་འཕྲུལ་ཏེ། །དབྱིངས་ལས་སྐྱེ་ཞིང་དབྱིངས་ཀྱིས་འཛིན། །དབྱིངས་ཀྱི་ངང་ལ་གཟུང་འཛིན་མེད། །དུས་གསུམ་སངས་རྒྱས་དགོངས་པ་དང་། །བདེར་གཤེགས་རྣམས་ཀྱི་མཁྱེན་ཚད་ཀྱང་། །དབྱིངས་ལས་ཤར་ཞིང་དབྱིངས་སུ་མཁྱེན། །མཁྱེན་པ་མ་འགགས་ཆོས་ཀྱི་དབྱིངས། །ཤེས་བྱ་མ་འགགས་རིག་པའི་རྩལ། །སྐུ་གསུམ་ཐུག་ཕྲད་རང་ཤར་བས། །གཉིས་སུ་མེད་པར་རང་གྲོལ་ཀློང་། །ཐིག་ལེ་བྱང་ཆུབ་སེམས་ཉིད་ནི། །ཐམས་ཅད་ཀུན་གྱི་དངོས་གཞི་སྟེ། །མཚན་ཉིད་མ་འགགས་ཅིར་ཡང་ཤར། །སྣ་ཚོགས་ཆོས་ལ་ངེས་པ་མེད། །དབང་པོ་ཅིར་མཐོང་ཆོས་ཉིད་གསལ། །སྣང་བ་རྒྱ་ཡན་རིག་པའི་ཀླུང་། །རང་སྒོ་བདེ་བའི་ཀློང་དུ་གནས། །སྐུ་དྲུག་ཟང་ཐལ་རང་ལ་ཤར། །ཡེ་ཤེས་རང་ཤར་ཆོས་ཉིད་ཀློང་། །མ་བསྒྲིབས་ཕྱི་ནང་མེད་པར་གསལ། །རང་རིག་སེམས་ཀྱི་མེ་ལོང་ལ། །རང་སྣང་དབྱིངས་ཀྱི་སྣང་བ་ཤར། །རང་ལས་འདའ་བ་མེད་པའི་ཕྱིར། །ཡེངས་དང་མ་ཡེངས་ཡེ་ནས་མེད། །མ་བཅོས་རྣལ་འདུག་རང་ལུགས་ལ། །ལུས་སེམས་ཁོང་གློད་གར་དགར་བཞག །ཤེས་པ་བག་ཡངས་རྩོལ་མེད་ལ། །བྱར་མེད་སྐྱེས་བུ་བཞིན་དུ་གནས། །གྲིམས་ལྷོད་མེད་པའི་ཆོས་ཉིད་ལ། །ལུས་སེམས་གར་དགར་བཞག་པས་བདེ། །ཇི་ལྟར་འདུག་ཀྱང་རང་གི་ངང་། །འགྲོ་འདུག་ཟ་འཆག་སྤྱོད་ལམ་ཀུན། །རང་སྣང་ཀློང་ལས་གཡོས་པ་མེད། །རང་སྣང་བྱང་ཆུབ་སེམས་འདི་ལ། །འགྲོ་དང་འོང་བ་ངང་གིས་མེད། །འགྲོ་འོང་མེད་པ་རྒྱལ་བའི་སྐུ། །ཇི་ལྟར་སྨྲས་ཀྱང་རང་ལ་སྨྲ། །ཇི་ལྟར་བརྗོད་ཀྱང་རང་ལ་བརྗོད། །ཇི་ལྟར་རྫོགས་ཀྱང་རང་ལ་རྫོགས། །རང་གིས་རང་ལ་སྨྲ་ཞིང་བརྗོད། །བྱང་ཆུབ་སེམས་ལ་སྨྲ་བརྗོད་མེད། །བརྗོད་དུ་མེད་པ་རྒྱལ་བའི་གསུངས། །ཇི་ལྟར་བསམས་ཀྱང་རང་གི་ངང་། །ཇི་ལྟར་བརྟགས་ཀྱང་རང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་མེད། །བསམ་རྟོག་བྲལ་བ་


DNG005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཐུགས། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །མེད་ལས་ཅིར་ཡང་འབྱུང་བས་ན། །སྤྲུལ་པའི་སྐུ་ཞེས་གྲགས་པ་ཡིན། །ཉིད་ལ་ཉིད་ཀྱི་ལོངས་སྤྱོད་མཛད། །ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ། །དེ་ལ་དངོས་གཞི་མེད་པའི་ཕྱིར། །ཆོས་ཀྱི་སྐུ་ཞེས་བཏགས་པ་ཡིན། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་པས། །དབྱེར་མེད་གཅིག་གི་ཀློང་དུ་བསྟན། །ལྷུན་གྲུབ་ཀློང་ནས་ཐམས་ཅད་འབྱུང་། །ཕྱི་ནང་སྐྱེ་འགྲོ་གཟུགས་རྣམས་ཀུན། །ཕྱོགས་མེད་སྐུ་སྟེ་སྐུ་ལ་རོལ། །མི་ཟད་རྒྱན་གྱི་འཁོར་ལོ་ཡིན། །སྒྲ་སྐད་རབ་འབྲིང་ཐ་མར་གྲགས། །ཕྱོགས་མེད་གསུང་སྟེ་གསུང་ལ་རོལ། །མི་ཟད་རྒྱན་གྱི་འཁོར་ལོ་ཡིན། །དབྱེར་མེད་དོན་དམ་ངོ་བོར་གཅིག །ཕྱོགས་མེད་ཐུགས་ཏེ་ཐུགས་ལ་རོལ། །མི་ཟད་རྒྱན་གྱི་འཁོར་ལོ་ཡིན། །ཡོན་ཏན་ཕྲིན་ལས་ལ་སོགས་པ། །ཕྱོགས་མེད་ཀུན་ཏུ་རང་བྱུང་བས། །འདོད་པ་ཐམས་ཅད་འགྲུབ་པའི་ཕྱིར། །ནོར་བུ་རིན་ཆེན་ཆོས་ཀྱི་དབྱིངས། །གཞན་ནས་བཙལ་དུ་མེད་པའི་ཕྱིར། །ཐམས་ཅད་རང་བྱུང་རང་ཤར་བས། །འདོད་དགུར་སྒྱུར་པ་ཐུགས་རྗེའི་དཔལ། །ཐམས་ཅད་མ་ལུས་འདུས་པའི་ཕྱིར། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས། །འདུ་འབྲལ་མེད་པས་ཆོས་ཀྱི་སྐུ། །གཉིས་སུ་མེད་པས་བྱང་ཆུབ་སེམས། །བདག་གཞན་མེད་པས་མཉམ་པ་ཉིད། །ཆོས་ཀྱི་དབྱིངས་ལ་ཕྱོགས་རིས་མེད། །ཀུན་ལ་སྙོམས་མཛད་ཐུགས་རྗེའི་དཔལ། །བྱང་ཆུབ་སེམས་ཀྱིས་ཡོངས་ལ་ཁྱབ། །འགྲོ་དོན་མཐར་ཕྱིན་དམིགས་པ་མེད། །ཕྲིན་ལས་བྱང་ཆུབ་སེམས་ལ་རྫོགས། །འཕོ་འགྱུར་མེད་པ་ཆོས་ཀྱི་སྐུ། །སྐྱེ་མེད་ཆོས་ཀྱི་དབྱིངས་ན་གསལ། །ཆོས་ཀྱི་དབྱིངས་ལ་མཐོ་དམན་མེད། །ཅི་རུ་ཤར་ཡང་མཉམ་པའི་ཀློང་། །བྱང་ཆུབ་སེམས་ལ་སྟེང་འོག་མེད། །ཁ་གཏིང་མེད་པ་ཆོས་ཀྱི་དབྱིངས། །དབྱིངས་ལ་ཕྱི་ནང་ཅིར་ཤར་ཀྱང་། །བྱ་བྲལ་ཀློང་ལ་ཕྱི་ནང་མེད། །དབྱེར་མེད་ཟང་ཐལ་གཅིག་གི་ཀློང་། །གཅིག་གི་ཀློང་ན་ཀུན་


DNG005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པས། །རང་ལ་རང་བལྟ་ཐུག་ཕྲད་ཡིན། །རང་ལ་རང་གཅོད་ཐུག་ཕྲད་ཡིན། །རལ་གྲིའི་སོ་དང་གླང་ཆེན་བཞིན། །རང་གི་ཞེན་པ་རང་གིས་གཅོད། །ཅེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། སྐུ་གསུམ་ཐུག་ཕྲད་དུ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སླར་བཀའ་སྩལ་པ། དུས་གསུམ་སྐྱེ་འགག་མེད་པའི་ཕྱིར། །ཆོས་ཀྱི་དབྱིངས་ལ་རྒྱུན་ཆད་མེད། །མི་འགྱུར་འདུས་མ་བྱས་པའི་ཀློང་། །མཐའ་རྣམས་ཐམས་ཅད་འཇོམས་པའི་ཕྱིར། །རྡོ་རྗེའི་ཐོ་ཆེན་འབར་བ་སྟེ། །ཕྱོགས་རྣམས་ཟིལ་གྱིས་གནན་པའི་ཕྱིར། །མན་ངག་ཀུན་གྱི་རྒྱལ་པོ་ཡིན། །དུས་གསུམ་སངས་རྒྱས་འབྱུང་བའི་ཕྱིར། །རིག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས། །གཟུང་འཛིན་ཟིལ་གྱིས་མནན་པའི་ཕྱིར། །རང་རིག་སྟོང་ཉིད་བྱང་ཆུབ་ཀློང་། །ཆེ་བའི་ཡོན་ཏན་མ་ལུས་པའི། །རྣམ་གྲངས་ཇི་སྙེད་ཡོད་པ་ཀུན། །དབྱིངས་ལས་དབྱིངས་འབྱུང་ཐབས་ཀྱི་མཆོག །མ་འགགས་རང་ཤར་རོལ་པའི་རྒྱན། །ཐམས་ཅད་སྐྱེ་བ་མེད་པའི་དབྱིངས། །ལྷུན་རྫོགས་ཆེན་པོ་ཆོས་ཀྱི་སྐུ། །དངོས་པོ་ཟིལ་གྱིས་གནོན་པའི་ཕྱིར། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཀློང་། །སྟོང་ཉིད་དབྱིངས་ལ་འགག་པ་མེད། །དུས་གསུམ་རྒྱལ་བའི་མཁྱེན་ཚད་དེ། །མེད་པར་ཞེན་པ་སྟོང་པའི་མཐའ། །ཟིལ་གནོན་རང་རིག་བྱང་ཆུབ་ཀློང་། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ཡེ་ནས་སྣང་སྟོང་གཉིས་སུ་མེད། །གཉིས་མཐར་མི་གཟིགས་རྟོག་ལས་འདས། །དམིགས་པའི་མཐའ་ལས་གྲོལ་བའི་ཕྱིར། །གཉིས་མེད་མ་ཞེན་བྱང་ཆུབ་སེམས། །ཐུགས་རྗེ་བསམ་ཡས་ཆོ་འཕྲུལ་འབྱུང་། །མཐའ་བཞིར་མ་འགགས་ཟིལ་གྱིས་གནོན། །ཆེ་མཉམ་ཆུང་མཉམ་བྱང་ཆུབ་སེམས། །མཉམ་པས་ཆེ་ལ་ཆེ་བས་མཉམ། །ཆེ་ཆུང་མེད་པ་ཆོས་ཀྱི་སྐུ། །དམིགས་སུ་མེད་པས་ནམ་མཁའ་བཞིན། །དེ་ཡི་མཛད་སྤྱོད་


DNG005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་ཡང་སྟོན། །མ་འགགས་ཐུགས་རྗེའི་སྤྲུལ་པ་ནི། །ངེས་མེད་སྐུ་སྟེ་ཅིར་ཡང་སྣང་། །ཉིད་ཀྱི་རོལ་པར་ཉིད་ལོངས་སྤྱོད། །ལོངས་སྤྱོད་རྫོགས་སྐུར་ཉིད་ཀྱིས་བསྟན། །ཇི་ལྟར་བྱས་ཀྱང་སྐུ་གསུམ་ཀློང་། །འདུས་མ་བྱས་པ་ཆོས་ཀྱི་དབྱིངས། །སྐུ་གསུམ་དབྱིངས་ནས་རང་ཤར་བས། །འཁོར་འདས་གཉིས་ཀྱང་རང་ལ་ཤར། །དེ་ཡི་ངང་ལས་གཡོས་པ་མེད། །རང་ཤར་རང་གྲོལ་ཆོས་ཉིད་ཀྱིས། །མཚན་མ་ཐམས་ཅད་ཟིལ་གྱིས་གནོན། །སེམས་ཉིད་ཀློང་ཆེན་འགྱུར་མེད་དེ། །ནམ་མཁའི་ཀློང་ལྟར་ཡོངས་ལ་ཁྱབ། །རོལ་པ་ངེས་མེད་ཅིར་ཡང་འཆར། །ཐུགས་རྗེའི་ཆོ་འཕྲུལ་མི་ཟད་ཀློང་། །ཐམས་ཅད་དབྱིངས་ཀྱི་རྒྱན་དུ་སྣང་། །དབྱིངས་ལས་མ་གཏོགས་ཆོས་མེད་པས། །གཞན་དུ་འགོག་པའི་ཡུལ་དང་བྲལ། །ཚོགས་དྲུག་རང་སར་གྲོལ་བའི་ཕྱིར། །མཚན་མའི་རྟོག་པ་ཟིལ་གྱིས་གནོན། །སྣང་བ་རྒྱ་ཡན་ཡིན་པའི་ཕྱིར། །འདུ་འཕྲོ་བྱང་ཆུབ་སེམས་ཀྱི་རྩལ། །ཅིར་ཡང་མ་ཡིན་ཆོས་ཉིད་ལ། །སྣ་ཚོགས་ཅིར་ཡང་སྣང་བའི་ཕྱིར། །ངོ་མཚར་རྨད་བྱུང་བྱ་བྲལ་ཆོས། །འཁོར་འདས་ཐེག་པ་ཐམས་ཅད་ལ། །ཀུན་ལ་དབང་བསྒྱུར་བྱ་བྲལ་ཆོས། །བྱར་མེད་གཅིག་གི་རང་སྟོབས་ཀྱིས། །མཐའ་རྣམས་ཐམས་ཅད་ཟིལ་གྱིས་མནན། །དེ་ལ་མཐའ་དང་ཡུལ་གཞན་མེད། །བྱར་མེད་ཀློང་ལས་གར་མ་གཡོས། །མཐའ་རྣམས་ཀུན་བྲལ་ཀུན་ཏུ་བཟང་། །འཁོར་འདས་དབྱེར་མེད་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་འཁོར་འདས་མེད། །སྣང་སྟོང་དབྱེར་མེད་ཀུན་ཏུ་བཟང་། །ཀུན་བཟང་དབྱིངས་ལ་སྣང་སྟོང་མེད། །སྐྱེ་ཤི་དབྱེར་མེད་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་སྐྱེ་ཤི་མེད། །བདེ་སྡུག་དབྱེར་མེད་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་བདེ་སྡུག་མེད། །བདག་གཞན་རྟག་ཆད་ལ་སོགས་ཀུན། །དབྱེ་བ་མེད་དེ་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་བདག་གཞན་མེད། །སྐྱེ་མེད་ཀློང་ན་རྟག་ཆད་མེད། །མེད་ལས་ཡོད་འཛིན་འཁྲུལ་བར་བརྟགས། །


DNG005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀུན་བཟང་ལྷུན་གྱིས་གྲུབ། །གཅིག་ལས་ཤར་བས་བརྡལ་བ་ཆེ། །མཐའ་རྣམས་མ་ལུས་རང་སར་གྲོལ། །གཟུང་འཛིན་མཚན་མ་ཟིལ་གྱིས་མནན། །མཐའ་རྣམས་མ་ལུས་དབྱིངས་སུ་གཅིག །གཅིག་ཏུ་འགྲན་ཟླ་བྲལ་བའི་ཕྱིར། །རབ་ཏུ་ཆེ་མཆོག་ཆོས་ཀྱི་སྐུ། །ཆེ་བའི་ཆེན་པོར་རང་བཞིན་གནས། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྒྱལ་པོ་ལྟ་བུར་མི་གཡོ་ཡང་། །མཚན་མ་ཐམས་ཅད་ཟིལ་གྱིས་གནོན། །འཁོར་འདས་ཀུན་ལ་དབང་བསྒྱུར་ཀྱང་། །མཉམ་པའི་དོན་ལས་གཡོས་པ་མེད། །ཐམས་ཅད་ཀུན་ཏུ་བཟང་པོར་གཅིག །མི་བཟང་པ་ཡང་བཟང་པོར་གཅིག །བཟང་ངན་མེད་པར་ཀུན་ཏུ་བཟང་། །མི་གཅིག་པ་ཡང་གཅིག་པར་གནས། །ཐམས་ཅད་ལྷུན་གྱིས་གྲུབ་པར་འདུས། །མ་གྲུབ་པ་ཡང་གྲུབ་པར་འདུས། །མཉམ་ཉིད་ལྷུན་གྱིས་གྲུབ་པ་ལ། །གྲུབ་དང་མ་གྲུབ་མེད་པར་གཅིག །གཅིག་ལས་ཀུན་ཏུ་ཤར་བས་ན། །ཀུན་ཤར་རིས་མེད་ཆོས་ཀྱི་དབྱིངས། །ཆོས་ཀྱི་དབྱིངས་ལ་བྱ་རུ་མེད། །དབྱིངས་ཉིད་གཅིག་ལ་བཙལ་དུ་མེད། །རྩོལ་བསྒྲུབ་རང་གི་དབྱིངས་ནས་ཤར། །གཞན་ནས་བཙལ་དུ་མེད་པའི་ཕྱིར། །གང་ལ་རྩོལ་ཞིང་གང་དུ་བསྒྲུབ། །བསྒྲུབ་ཅིང་རྩོལ་བ་རང་གི་སེམས། །བཙལ་བའི་ཡུལ་མེད་རང་སྣང་ལ། །བསྒོམས་པས་གཞན་དུ་མཐོང་བ་མེད། །བསྒྲུབ་པའི་གཞི་མེད་གནས་མེད་པས། །གཞན་ནས་འོང་བ་གང་ཡང་མེད། །འགྲོ་འོང་མེད་པ་ཆོས་ཀྱི་སྐུ། །མཉམ་པའི་དོན་ལས་ཉམས་པ་མེད། །མཐའ་དང་བྲལ་བས་བདག་གཞན་མེད། །ཅེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། ཚོགས་དྲུག་འཇུག་པ་མེད་པའི་ལེའུ་སྟེ་བཞི་བཅུ་པའོ།། །དེ་ནས་ཡང་ཉིད་ཀྱི་འཁོར་ལ་སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། ཆོ་འཕྲུལ་ཆོ་འཕྲུལ་ཞེས་བྱ་བ། །བསྒྲུབ་པ་དོན་དུ་གཉེར་ལས་འབྱུང་། །ངེས་པར་བསྒྲུབས་ན་གཅིག་ལས་མེད། །སངས་རྒྱས་


DNG005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལས་བྱུང་བའི་ཕྱིར། །རང་གི་འབྲས་བུ་རང་གིས་བསྒྲུབ། །བསྒྲུབས་པས་གཞན་ནས་མི་འགྲུབ་ཕྱིར། །རང་གི་འབྲས་བུ་རང་གིས་གྲུབ། །བདག་གཞན་གཉིས་སུ་མེད་པའི་ཕྱིར། །རང་གི་འབྲས་བུ་རང་གིས་གྲུབ། །ཡོན་ཏན་རང་ལ་རྫོགས་པའི་ཕྱིར། །རང་གི་འབྲས་བུ་རང་གིས་གྲུབ། །གཉེན་པོ་གཞན་ན་མེད་པའི་ཕྱིར། །རང་གི་འབྲས་བུ་རང་གིས་གྲུབ། །བསྒྲུབ་པར་བྱ་བའི་ཐབས་དེ་ལ། །བསྙེན་དང་ཉེ་བའི་བསྙེན་པ་དང་། །སྒྲུབ་དང་སྒྲུབ་པ་ཆེན་པོར་བཏགས། །བསྙེན་པའི་ལས་ཞེས་བྱ་བ་ནི། །ཨ་ཏི་ཡོ་གའི་བྱང་ཆུབ་སེམས། །འཁོར་འདས་གཉིས་སུ་མེད་པའི་ཕྱིར། །སངས་རྒྱས་ས་ལ་ཡེ་ནས་བསྙེན། །རང་བྱུང་ཡེ་ཤེས་རང་ཤར་བས། །རྟོགས་པའི་ངང་ལ་ཡེ་ནས་བསྙེན། །སྐུ་གསུམ་མངོན་དུ་གྱུར་པས་ན། །གོ་འཕང་མཆོག་ལ་ཡེ་ནས་བསྙེན། །ཆོས་ལ་བླང་དོར་མི་བྱེད་པས། །མཉམ་པ་ཉིད་ལ་ཡེ་ནས་བསྙེན། །སྣང་སྟོང་རིས་སུ་མི་འཛིན་པས། །དབྱེར་མེད་པ་ལ་ཡེ་ནས་བསྙེན། །ངེས་པར་རྟོགས་ན་གཞན་མེད་པས། །དགོངས་པ་མཆོག་ལ་ཡེ་ནས་བསྙེན། །ཨ་ཏི་རང་བྱུང་བསྙེན་པ་ཡིན། །ཉེ་བསྙེན་ཞེས་སུ་བཏགས་པ་ནི། །བརྗོད་དུ་མེད་པའི་བཟླས་པ་ཡིས། །སྨྲར་མེད་ཀློང་དུ་ཉེ་བར་བསྙེན། །དམིགས་སུ་མེད་པའི་ཏིང་འཛིན་གྱིས། །གནས་སུ་མེད་ལ་ཉེ་བར་བསྙེན། །ཅིར་ཡང་འགྱུར་བའི་ཕྱག་རྒྱ་ཡིས། །འཛིན་ཆགས་མེད་ལ་ཉེ་བར་བསྙེན། །རང་ལུགས་ཆེན་པོའི་བྱིན་རླབས་ཀྱིས། །རྒྱུན་ཆད་མེད་ལ་ཉེ་བར་བསྙེན། །རོལ་པ་ཆེན་པོའི་ཆོ་འཕྲུལ་གྱིས། །མངོན་པར་མཐོང་བ་ཉེ་བར་བསྙེན། །མྱོང་བ་མེད་པའི་དྲོད་རྟགས་ཀྱིས། །འདོད་པ་མེད་པར་ཉེ་བར་བསྙེན། །ཨ་ཏི་རང་བྱུང་ཉེ་བསྙེན་ཡིན། །སྒྲུབ་པ་ཞེས་སུ་བཏགས་པ་ནི། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ། །རང་སྣང་རོལ་པའི་ལྷ་བཀོད་དེ། །རྒྱུ་རྐྱེན་མེད་པའི་རྫས་བསོགས་ནས། །གཞི་རྩ་མེད་པར་རྟོགས་པ་ཡིས། །བྱ་བྲལ་ཀློང་ཆེན་བསྒྲུབ་པ་བྱ། །


DNG005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཀློང་ཡངས་དཀྱིལ་འཁོར་དུ། །མ་འགགས་རོལ་པའི་ལྷ་བཀོད་དེ། །འཁོར་འདས་གཉིས་ཀྱི་རྫས་བསོགས་ནས། །དབྱེར་མེད་དོན་གྱི་བསྒྲུབ་པ་བྱ། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དུ། །སྐྱེ་མེད་དབྱིངས་ཀྱི་ལྷ་བཀོད་ནས། །སྣ་ཚོགས་སྣང་བའི་རྫས་བསོགས་ཏེ། །དམིགས་སུ་མེད་པའི་བསྒྲུབ་པ་བྱ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །ཆོས་སྐུ་བདེ་ཆེན་ལྷ་བཀོད་དེ། །འདུས་མ་བྱས་པའི་རྫས་བསོགས་ནས། །སྐྱེ་ཤི་མེད་པའི་བསྒྲུབ་པ་བྱ། །སྣང་སྲིད་འབྱུང་བ་ལྔ་ཡི་ཆོས། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འདོད་དགུར་འབྱུང་བས་རིན་པོ་ཆེ། །འབྱུང་བ་ལྔ་ཡི་ཐུགས་རྗེ་ཡིས། །རྩི་འཁྲུངས་ལོ་ཐོག་སྣ་ཚོགས་སྨིན། །གྲུབ་པའི་འབྲས་བུ་འདོད་ཡོན་ལྔ། །ཐུན་མོང་འགྲུབ་པའི་ཡོན་ཏན་ཡིན། །ཁྱད་པར་བསྒྲུབ་པའི་འབྲས་བུ་ནི། །སྐུ་གསུམ་སྐྱེ་འཆི་མེད་པའི་ཀློང་། །ཡེ་ནས་གནས་པས་བསྒྲུབ་མི་དགོས། །མ་བསྒྲུབས་ལྷུན་གྲུབ་འབྲས་བུ་ལ། །སྒྲུབ་པ་ཆེན་པོ་ཞེས་སུ་བཏགས། །བྱང་ཆུབ་སེམས་དཔའི་སྒོར་ཞུགས་ནས། །བསྐལ་པ་བྱེ་བར་སྦྱངས་པ་ཡི། །ཀུན་ཏུ་འོད་ཀྱང་དེ་ལ་འགྲུབ། །ཕྱི་ནང་སྒྲིབ་གཡོགས་མི་མངའ་བས། །དེ་ཡི་ཡོན་ཏན་ཀུན་ཏུ་འོད། །མ་བསྒྲུབས་ལྷུན་གྲུབ་འབྲས་བུར་གནས། །བྱ་བ་རྒྱུད་ཀྱི་སྒོར་ཞུགས་ནས། །མི་ཚེ་བདུན་དུ་བསྒྲུབས་པ་ཡི། །རྡོ་རྗེ་འཆང་ཡང་དེ་ལ་འགྲུབ། །འདུ་འབྲལ་མེད་ཅིང་མི་ཤིགས་པས། །དེ་ཡི་ཡོན་ཏན་རྡོ་རྗེ་འཆང་། །མ་བསྒྲུབས་ལྷུན་གྲུབ་འབྲས་བུར་གནས། །གཉིས་ཀ་རྒྱུད་ཀྱི་སྒོར་ཞུགས་ནས། །ལྟ་སྤྱོད་གོང་འོག་འདྲེལ་བ་ཡིས། །རྡོ་རྗེ་འཛིན་པ་བསྒྲུབས་པ་ཡང་། །མི་གཏོང་འཛིན་གོམས་འབྲལ་མེད་པས། །དེ་ཡི་ཡོན་ཏན་རྡོ་རྗེ་འཛིན། །མ་བསྒྲུབས་ལྷུན་གྲུབ་འབྲས་བུར་གནས། །རྣལ་འབྱོར་རྒྱུད་ཀྱི་སྒོར་ཞུགས་ནས། །མི་ཚེ་ལྔ་རུ་བསྒྲུབས་པ་ཡི། །སྟུག་པོ་བཀོད་པ་དེ་ལ་འགྲུབ། །མ་འདྲེས་ཡོངས་


DNG005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་པ་ཡིས། །དེ་ཡིས་ཡོན་ཏན་སྟུག་པོ་བཀོད། །མ་བསྒྲུབས་ལྷུན་གྲུབ་འབྲས་བུར་གནས། །རྣལ་འབྱོར་ཆེན་པོའི་སྒོར་ཞུགས་ནས། །མི་ཚེ་གསུམ་མམ་གཉིས་བསྒྲུབས་པ། །པདྨ་ཅན་ཡང་དེ་ལ་འགྲུབ། །སྐྱོན་བྲལ་ཡེ་ཤེས་ཕྱོགས་མེད་གཟིགས། །དེ་ཡི་ཡོན་ཏན་པདྨའི་སྤྱན། །མ་བསྒྲུབས་ལྷུན་གྲུབ་འབྲས་བུར་གནས། །ཡོངས་སུ་རྣལ་འབྱོར་སྒོར་ཞུགས་ནས། །མི་ཚེ་གཅིག་ཏུ་བསྒྲུབས་པ་ཡི། །ཡི་གེ་འཁོར་ལོ་ཚོགས་ཆེན་ཡང་། །རང་བྱུང་ཡེ་ཤེས་དེ་ལ་འགྲུབ། །མ་སྐྱེས་ཆོས་ཀྱི་འཁོར་ལོ་དེ། །རྒྱུན་ཆད་མེད་པར་བསྐོར་བ་དང་། །དེ་ལ་ཡོན་ཏན་ཚོགས་གཉིས་ཀྱང་། །ཡི་གེ་འཁོར་ལོ་ཚོགས་ཆེན་ཡིན། །མ་བསྒྲུབས་ལྷུན་གྲུབ་འབྲས་བུར་གནས། །དེ་དག་ཐམས་ཅད་དབྱེར་མེད་པས། །ཀུན་ཏུ་བཟང་པོར་གཅིག་པའི་ཕྱིར། །དབྱེ་བ་མེད་པའི་ས་ཡང་ཡིན། །ཡེ་ནས་རང་ལ་གནས་པ་དང་། །ད་ལྟ་ཉིད་ལ་ནོན་པའི་ཕྱིར། །བསྒྲུབ་པ་ཆེན་པོ་ཀུན་ཏུ་བཟང་། །རང་བྱུང་དོན་གྱི་བསྒྲུབ་པ་ཡིན། །དེ་ཡི་ཕྲིན་ལས་བྱ་བཙལ་མེད། །ཉོན་མོངས་རང་སར་ཞི་བའི་ཕྱིར། །བྱང་ཆུབ་སེམས་ནི་ཞི་བར་གྲགས། །ཡོན་ཏན་མཆོག་ཏུ་རྒྱས་པའི་ཕྱིར། །བྱང་ཆུབ་སེམས་ནི་རྒྱས་པར་གྲགས། །རིག་པ་རང་དབང་ཐོབ་པ་ཡིས། །བྱང་ཆུབ་སེམས་ནི་དབང་དུ་གྲགས། །འཁྲུལ་པ་རྩད་པས་བཅད་པའི་ཕྱིར། །བྱང་ཆུབ་སེམས་ནི་དྲག་པོ་ཡིན། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། གྲུབ་པ་མཆོག་གི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། མ་སྡོད་སེམས་ཀྱི་ཀློང་ལ་ལྟོས། །སེམས་ཉིད་ཀློང་ཆེན་གཞལ་ཡས་ཁང་། །བལྟས་པས་མི་མཐོང་བཞག་པས་གསལ། །གང་ཡང་བཞག་པ་རང་ན་བདེ། །མ་སྡོད་སེམས་ཀྱི་ཀློང་ན་བསྒོམ། །བསྒོམས་པས་མི་གསལ་བཞག་པས་གསལ། །གང་ཡང་བཞག་པ་རང་ན་བདེ། །མ་སྡོད་སེམས་ཀྱི་


DNG005_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ལ་སྤྱོད། །སྤྱད་པས་མི་ཟིན་བཞག་པས་ཟིན། །གང་ཡང་བཞག་པ་རང་ན་བདེ། །མ་སྡོད་སེམས་ཀྱི་ཀློང་ལ་བསྒྲུབ། །བསྒྲུབས་པས་མ་རྙེད་བཅལ་བ་སྟོར། །དམིགས་སུ་མེད་པའི་ཀློང་ན་བདེ། །ཇི་ལྟར་བལྟས་ཀྱང་བདེ་ཆེན་ཀློང་། །བདེ་ཆེན་ཀློང་ལ་ཡངས་དོག་མེད། །ཇི་ལྟར་བསྒོམས་ཀྱང་བདེ་ཆེན་ངང་། །བདེ་ཆེན་ངང་ལ་རྒྱུན་ཆད་མེད། །ཇི་ལྟར་སྤྱད་ཀྱང་བདེ་ཆེན་དབྱིངས། །བདེ་ཆེན་དབྱིངས་ལ་བྱ་བཙལ་མེད། །ཇི་ལྟར་བསྒྲུབས་ཀྱང་བདེ་ཆེན་ཀློང་། །བདེ་ཆེན་ཀློང་ལ་འཕོ་འགྱུར་མེད། །ལྟ་བ་ཀློང་ཆེན་ཀློང་རེ་ཡངས། །བསྒོམ་པ་ཀློང་ཆེན་གཏིང་རེ་ཟབ། །སྤྱོད་པ་ཀློང་ཆེན་ཤུགས་རེ་དྲག །འབྲས་བུ་ཀློང་ཆེན་འདོད་དགུར་བསྒྱུར། །རྟོགས་པ་ཀློང་ཆེན་བློ་རེ་བདེ། །ཉམས་མྱོང་བཞགས་ས་མེད་པའི་ཕྱིར། །ལྟ་བ་ཕྱོགས་རིས་མ་བྱེད་ཅིག །སེམས་ལ་གཞི་རྟེན་མེད་པའི་ཕྱིར། །ཏིང་འཛིན་དམིགས་གཏད་མ་འཆའ་ཅིག །བདག་གཞན་གཉིས་སུ་མེད་པའི་ཕྱིར། །སྤྱོད་པ་བླང་དོར་མ་བྱེད་ཅིག །འཁོར་འདས་དབྱེ་བསལ་མེད་པའི་ཕྱིར། །འབྲས་བུ་རེ་དོགས་མ་བྱེད་ཅིག །ནམ་མཁའི་གོང་ན་འབྱུང་བ་མེད། །རང་སེམས་གོང་ན་སངས་རྒྱས་མེད། །འབྱུང་བ་ནམ་མཁའི་ཆོ་འཕྲུལ་ཡིན། །སངས་རྒྱས་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ཅན་ཀུན་ཀྱང་རང་གི་སེམས། །ནམ་མཁའི་གོང་ན་འབྱུང་བ་མེད། །རང་སེམས་གོང་ན་ལྟ་བ་མེད། །འབྱུང་བ་ནམ་མཁའི་ཆོ་འཕྲུལ་ཡིན། །ལྟ་བ་སེམས་ཀྱི་ཆོ་འཕྲུལ་ཡིན། །བལྟ་རུ་མེད་པའི་རང་གི་སེམས། །ནམ་མཁའི་གོང་ན་འབྱུང་བ་མེད། །སེམས་ཀྱི་གོང་ན་ཏིང་འཛིན་མེད། །ཏིང་འཛིན་སེམས་ཀྱི་ཆོ་འཕྲུལ་ཡིན། །མི་བསྒོམ་པ་ཡང་རང་གི་སེམས། །ནམ་མཁའི་གོང་ན་འབྱུང་བ་མེད། །རང་སེམས་གོང་ན་སྤྱོད་པ་མེད། །སྤྱོད་པ་སེམས་ཀྱི་ཆོ་འཕྲུལ་ཡིན། །མི་སྤྱོད་པ་ཡང་རང་གི་སེམས། །ནམ་མཁའི་གོང་ན་འབྱུང་བ་མེད། །འབྱུང་བ་ནམ་མཁའི་ཆོ་འཕྲུལ་ཡིན། །རང་སེམས་གོང་ན་


DNG005_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་མེད། །འབྲས་བུ་སེམས་ཀྱི་ཆོ་འཕྲུལ་ཡིན། །མི་བསྒྲུབ་པ་ཡང་རང་གི་སེམས། །འབྱུང་བ་ལྔ་ཡང་ནམ་མཁའི་དབྱིངས། །ཕྱི་ནང་སྣོད་བཅུད་ནམ་མཁའི་དབྱིངས། །འདོད་ཡོན་རྣམ་ལྔ་ནམ་མཁའི་དབྱིངས། །ནམ་མཁའི་དབྱིངས་ཀྱང་སེམས་ཀྱི་ཀློང་། །སངས་རྒྱས་སེམས་ཅན་སེམས་ཀྱི་ཀློང་། །འཁོར་བ་མྱང་འདས་སེམས་ཀྱི་ཀློང་། །ཕྱི་ནང་སྣོད་བཅུད་སེམས་ཀྱི་ཀློང་། །བདེ་དང་སྡུག་བསྔལ་སེམས་ཀྱི་ཀློང་། །སྐྱེ་ཤི་བདག་གཞན་སེམས་ཀྱི་ཀློང་། །ལྟ་སྒོམ་སྤྱོད་འབྲས་སེམས་ཀྱི་ཀློང་། །སེམས་ཀྱི་ཀློང་ལ་སྐྱེ་ཤི་མེད། །སྐྱེ་ཤི་མེད་པས་ནམ་མཁའ་འདྲ། །སེམས་ཀྱི་ཀློང་ལ་འཕོ་འགྱུར་མེད། །འཕོ་འགྱུར་མེད་པས་རྡོ་རྗེ་འདྲ། །རྡོ་རྗེའི་རི་ལ་འཇིག་འདྲལ་མེད། །ཕྱོགས་མེད་ལྷུན་གྲུབ་སྡོང་པོ་ལ། །འཁོར་འདས་གཉིས་ཀྱི་ལོ་འདབ་རྒྱས། །བྱ་བྲལ་འཛིན་མེད་ནམ་མཁའ་ལ། །སྐུ་གསུམ་སྙིང་པོ་ཉི་ཟླ་ཤར། །འགྲོ་དྲུག་འཁྲུལ་པའི་གྲོང་ཁྱེར་འདི། །བདེ་ཆེན་སངས་རྒྱས་ཞིང་ཁམས་ཡིན། །གཟུང་འཛིན་མཚན་མའི་མྱུ་གུ་ལ། །བདེ་ཆེན་ཆོས་སྐུའི་འབྲས་བུ་སྨིན། །འགྲོ་བ་རིགས་དྲུག་སྐྱེ་གནས་བཞི། །སྤྲུལ་པའི་སངས་རྒྱས་ཡིན་པས་ན། །བྱང་ཆུབ་སེམས་ལ་དགག་ཏུ་མེད། །ས་ཆུ་མེ་རླུང་འབྱུང་བ་བཞི། །འགྲོ་དོན་མཛད་ཕྱིར་བཅོམ་ལྡན་འདས། །མངོན་དུ་ཕྱུང་བ་ལོངས་སྤྱོད་རྫོགས། །བྱང་ཆུབ་སེམས་ལ་དགག་ཏུ་མེད། །ནམ་མཁའི་ཀློང་ན་མཚན་མི་གནས། །དམིགས་སུ་མེད་པས་ཆོས་ཀྱི་སྐུ། །མངོན་དུ་ཕྱུང་བ་ཡིན་པས་ན། །བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ལ་སོགས་པའི། །ཉོན་མོངས་དུག་ལྔ་དུག་གསུམ་ཀྱང་། །རང་བྱུང་ཡེ་ཤེས་མངོན་དུ་ཕྱུང་། །བྱང་ཆུབ་ཀློང་ལ་དགག་ཏུ་མེད། །སྣང་སྲིད་འཁོར་འདས་རྒྱུ་འབྲས་ཆོས། །རིག་པ་མངོན་དུ་ཕྱུང་བས་ན། །བྱང་ཆུབ་ཀློང་ལ་དགག་ཏུ་མེད། །དོན་དེ་གཏན་ལ་འབེབས་པ་ལ། །དྲང་བའི་དོན་དང་ངེས་པའི་དོན། །ཨ་


DNG005_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་མན་ཆད་རང་རང་གི། །བདེན་པའི་གཏན་ཚིགས་གང་སྨྲས་ཀྱང་། །གཏན་ལ་ཕེབས་པ་མ་ཡིན་ཏེ། །འཛིན་པ་དམ་པོས་བཅིངས་པའི་ཕྱིར། །ཆོས་ཉིད་འཛིན་པ་ཀུན་བྲལ་ལ། །ཕྱོགས་སུ་ལྟ་བ་འཁྲུལ་པའི་བློ། །རོལ་པ་ཕྱོགས་མེད་འབྱུང་བ་ལ། །མཐའ་རུ་འཛིན་པ་འཆིང་བའི་བདུད། །ཡོད་པར་ཞེན་ན་རྟག་པའི་མཐའ། །མེད་པར་ཞེན་ན་ཆད་པའི་མཐའ། །རྟག་ཆད་གཉིས་སུ་བློ་ཞེན་པ། །བྱང་ཆུབ་སྙིང་པོའི་གོལ་ས་ཡིན། །ངེས་པར་གཏན་ལ་དབབ་པ་ནི། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གཞི་ལ་མ་སྤངས་ལྷུན་གྲུབ་པས། །ཕྱོགས་མེད་དག་ཏུ་གཏན་ལ་འབེབས། །ངོ་བོ་ངེས་པ་མེད་པའི་ཕྱིར། །རང་བྱུང་ཡེ་ཤེས་གཏན་ལ་འབེབས། །བདག་ཉིད་ཐོག་མཐའ་བྲལ་བ་ཡིས། །སྔ་ཕྱི་ཐོག་མཐའ་མེད་པ་དང་། །སྐྱེ་ཤི་འཕོ་འགྱུར་མེད་པ་རུ། །གཏན་ལ་འབེབས་པ་ཡིན་པའི་ཕྱིར། །དམན་པའི་ཐེག་པ་ཀུན་ལས་རྒྱལ། །ཨ་ཏི་ཡེ་གྲོལ་གཏན་ཚིགས་ཡིན། །དེ་དོན་གཏན་ཚིགས་སྟོན་པ་ཡང་། །རྒྱལ་བའི་བཀའ་ལ་རག་ལས་པས། །བྱིན་གྱིས་བརླབས་ནས་བརྒྱུད་པ་ལ། །རྣ་བརྒྱུད་ཟབ་མོ་ངེས་པའི་ལུང་། །ཨ་ཏི་ཡོ་གའི་དོན་འདིར་བཏགས། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། གོང་ན་མེད་པར་ངེས་པར་ལུང་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་བཀའ་སྩལ་པ། ཨེ་མ་ཐེག་ཆེན་ཡངས་པའི་ཆོས། །ཀུན་ཤོང་ཀུན་གྲོལ་ངོ་མཚར་ཆེ། །སྣང་བ་ཤར་བས་ཆོས་ཉིད་མཐོང་། །སྔོན་ཆད་མ་མཐོང་བདག་གིས་མཐོང་། །སྡུག་བསྔལ་ཤར་བས་བདེ་ཆེན་མཐོང་། །བདེ་དང་སྡུག་བསྔལ་གཉིས་མེད་ཅིང་། །མི་འགྱུར་ཆིག་ཆོད་སྣང་བར་ཤར། །སྔོན་ཆད་མ་མཐོང་བདག་ཉིད་མཐོང་། །སེམས་ཅན་ཤར་བས་སངས་རྒྱས་མཐོང་། །སངས་རྒྱས་སེམས་ཅན་གཉིས་མེད་ཅིང་། །མི་འགྱུར་ཆོས་ཉིད་


DNG005_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བར་ཤར། །འཁོར་བར་ཤར་བས་མྱང་འདས་མཐོང་། །འཁོར་བ་མྱང་འདས་གཉིས་མེད་ཅིང་། །མི་འགྱུར་ཆོས་ཉིད་སྣང་བར་ཤར། །སྔོན་ཆད་མ་མཐོང་བདག་ཉིད་མཐོང་། །ཆོས་ཅན་ཤར་བས་ཆོས་ཉིད་མཐོང་། །ཉོན་མོངས་ཤར་བས་ཡེ་ཤེས་མཐོང་། །ཉོན་མོངས་ཡེ་ཤེས་གཉིས་མེད་ཅིང་། །མི་འགྱུར་ཆོས་ཉིད་སྣང་བར་ཤར། །དེ་ལ་སོགས་ཏེ་གཉིས་ཀྱིས་བསྡུས། །ཐམས་ཅད་ཀུན་ཀྱང་མ་བཀག་སྟེ། །ཆོས་ཉིད་སྣང་བར་ཤར་བ་ཡིན། །སེམས་ཅན་ལུས་ཀྱི་གོ་ཕྱེ་བས། །སངས་རྒྱས་སྐུ་ཡི་མཐོངས་བརྟོལ་ཏེ། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །སྣང་བ་དངོས་པོའི་གོ་ཕྱེ་བས། །སྟོང་པ་དབྱིངས་ཀྱི་མཐོངས་བརྟོལ་ཏེ། །སྣང་དང་སྟོང་པ་གཉིས་སུ་མེད། །སྡུག་བསྔལ་མཚན་མའི་གོ་ཕྱེ་བས། །བདེ་ཆེན་མཆོག་གི་མཐོངས་བརྟོལ་ཏེ། །བདེ་དང་སྡུག་བསྔལ་གཉིས་སུ་མེད། །ཆོས་ཅན་མཚན་མའི་གོ་ཕྱེ་བས། །ཆོས་ཉིད་ཕྱོགས་མེད་མཐོངས་བརྟོལ་ཏེ། །ཆོས་ཅན་ཆོས་ཉིད་གཉིས་སུ་མེད། །ཉོན་མོངས་མཚན་མའི་གོ་ཕྱེ་བས། །རང་བྱུང་ཡེ་ཤེས་མཐོངས་བརྟོལ་ཏེ། །ཉོན་མོངས་ཡེ་ཤེས་གཉིས་སུ་མེད། །དེ་ལ་སོགས་པའི་ཆོས་རྣམས་ཀུན། །གཉིས་སུ་མེད་ཅིང་མི་འགྱུར་བ། །ཉིད་ཀྱི་སྣང་བར་ཤར་བ་ཡིན། །ཆོས་ཉིད་གཉིས་སུ་མེད་པ་ཡིན། །དེ་ལ་སོགས་པའི་ཆོས་རྣམས་ཀུན། །དབྱེར་མེད་རང་སར་གྲོལ་བ་ཡིན། །རྒྱུ་འབྲས་གཉིས་པོ་མ་བཀག་ཀྱང་། །རྒྱུ་འབྲས་གཉིས་ལས་འདས་པ་ཡིན། །འཁོར་འདས་གཉིས་པོ་མ་བཀག་ཀྱང་། །འཁོར་འདས་གཉིས་ལས་གྲོལ་བ་ཡིན། །དེ་ཡང་ཇི་ལྟར་གྲོལ་ཞེ་ན། །སེམས་ཅན་དངོས་སུ་སྣང་བ་ཡིན། །དངོས་མེད་སངས་རྒྱས་གཏན་ལ་འབེབས། །སངས་རྒྱས་པས་ཀྱང་སེམས་ཅན་གཙོ། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བས་ཡིད་ཀྱང་ཆེས། །སྟོང་པ་བས་ཀྱང་སྣང་བ་གཙོ། །སྣང་བ་ངེས་མེད་རང་ཤར་གྱིས། །སྟོང་པ་འཛིན་མེད་གཏན་ལ་འབེབས། །གཉིས་མེད་ཀློང་དུ་ཐག་ཆོད་པས། །


DNG005_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རང་སར་གྲོལ་བར་ཡིད་ཀྱང་ཆེས། །བདེ་ཆེན་བས་ཀྱང་སྡུག་བསྔལ་གཙོ། །སྡུག་བསྔལ་ཞེན་ཆགས་མཚན་མ་ཡིས། །བདེ་ཆེན་ཆགས་མེད་གཏན་ལ་འབེབས། །གདམས་ངག་ཐོབ་པས་ཡིད་ཆེས་པས། །གཉིས་སུ་མེད་པར་ཐག་ཆོད་ནས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཆོས་ཉིད་བས་ཀྱང་ཆོས་ཅན་གཙོ། །ཆོས་ཅན་མཚན་མ་རང་རྒྱུད་པས། །ཆོས་ཉིད་སྐྱེ་མེད་གཏན་ལ་འབེབས། །ཆོས་ཅན་ཆོས་ཉིད་དབྱེར་མེད་དེ། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཡེ་ཤེས་པས་ཀྱང་ཉོན་མོངས་གཙོ། །ཉོན་མོངས་འཆིང་བའི་ཞགས་པ་ཡིས། །རང་བྱུང་ཡེ་ཤེས་གཏན་ལ་འབེབས། །ཉོན་མོངས་ཡེ་ཤེས་དབྱེར་མེད་དེ། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །དེ་ལ་སོགས་པའི་ཆོས་རྣམས་ཀུན། །དུས་རྣམས་ཀུན་ཏུ་དབྱེར་མེད་དེ། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །དེ་ལྟར་ཡིད་ཆེས་ཐག་ཆོད་པས། །རྟོགས་པའི་ཉམས་མྱོང་བློ་བདེའོ། །དབྱིངས་ལས་འགྲོ་ས་མེད་པའི་ཕྱིར། །ཕུང་པོ་བོར་བས་དབྱིངས་སུ་གྲོལ། །ཀློང་ལས་འགྱུར་ས་མེད་པའི་ཕྱིར། །མཚན་མའི་ཆོས་ལ་ཡ་མི་ང་། །ཐམས་ཅད་ཐམས་ཅད་དབྱིངས་སུ་གྲོལ། །སེམས་ཅན་སངས་རྒྱས་དབྱིངས་སུ་གྲོལ། །རྒྱུན་ཆད་མེད་པ་སྤྲུལ་པའི་སྐུ། །སྣང་བ་སྟོང་བའི་དབྱིངས་སུ་གྲོལ། །རྒྱུན་ཆད་མེད་པ་ལོངས་སྤྱོད་རྫོགས། །སེམས་ཅན་ཆོས་ཉིད་དབྱིངས་སུ་གྲོལ། །རྒྱུན་ཆད་མེད་པ་ཆོས་ཀྱི་སྐུ། །སྡུག་བསྔལ་བདེ་ཆེན་དབྱིངས་སུ་གྲོལ། །རྒྱུན་ཆད་མེད་པ་རྡོ་རྗེའི་སྐུ། །ཉོན་མོངས་ཡེ་ཤེས་ཀློང་དུ་གྲོལ། །རྒྱུན་ཆད་མེད་པ་མངོན་པ་རུ། །བྱང་ཆུབ་པ་ཡི་སྐུ་རུ་བཤད། །དེ་ཡང་མཚན་ཉིད་ཇི་ལྟ་བུ། །སྤྲུལ་པའི་སྐུ་ལ་ངེས་པ་མེད། །ལོངས་སྐུ་བདེ་ཆེན་ངང་ལ་གནས། །ཆོས་ཀྱི་སྐུ་ལ་མཚན་མ་མེད། །རྡོ་རྗེའི་སྐུ་ནི་འཇིག་འདྲལ་བྲལ། །


DNG005_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་སྐུ་སྐྱེ་ཤི་མེད། །དེ་ཡང་དོན་ལས་བཏགས་པ་ཡིན། །གཟུགས་རྣམས་མེད་པས་བྱང་ཆུབ་ཀློང་། །ཁ་དོག་དབྱིབས་ཀྱང་གཟུང་དུ་མེད། །མཚན་ཉིད་མེད་པས་ནམ་མཁའ་འདྲ། །ཆོས་ཀྱི་དབྱིངས་སུ་ཡེ་སངས་རྒྱས། །ཆོ་འཕྲུལ་འབྱུང་བས་ནམ་མཁའ་འདྲ། །བདག་ཉིད་ཆེན་པོར་ཡེ་སངས་རྒྱས། །གཉིས་སུ་མེད་པས་ནམ་མཁའ་འདྲ། །དེ་ཡིན་པ་རུ་ཡེ་སངས་རྒྱས། །གང་ལ་མི་གནས་ནམ་མཁའ་འདྲ། །མངོན་པ་རུ་ནི་ཡེ་སངས་རྒྱས། །གང་ལའང་ལྟོས་པ་མེད་པ་དང་། །ཅི་ལའང་ཕན་དང་གནོད་པ་མེད། །ཐམས་ཅད་མཉམ་པས་ནམ་མཁའ་འདྲ། །ཐམས་ཅད་ནས་ནི་ཐམས་ཅད་དུ། །སངས་རྒྱས་མེད་པའི་སངས་རྒྱས་ཏེ། །སེམས་ཉིད་ཀློང་ཆེན་ཡངས་པ་རུ། །འཁོར་འདས་མ་ལུས་ཆོས་རྣམས་ཀུན། །ཆེ་བ་ལྔ་རུ་མངོན་སངས་རྒྱས། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། སྐུ་ལྔ་ཆེ་བ་ལྔ་དང་ངོ་སྤྲད་པའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།། །དེ་ནས་ཡང་ཉིད་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། གསང་སྔགས་སྒོ་འདི་ཡངས་པ་རུ། །མ་རྫོགས་ཆོས་ནི་གང་ཡང་མེད། །འཁོར་བའི་ཆོས་དང་མྱ་ངན་འདས། །ཡེ་ནས་གཉིས་སུ་མེད་པར་རྫོགས། །རྒྱུ་ཡི་ཆོས་དང་འབྲས་བུའི་ཆོས། །ཡེ་ནས་དབྱེ་རུ་མེད་པར་རྫོགས། །བསྟན་པའི་ཆོས་དང་བསྒྲུབ་པའི་ཆོས། །ཡེ་ནས་བསྟན་དུ་མེད་པར་རྫོགས། །དོན་དམ་ཆོས་ལ་བསྒྲུབ་ཏུ་མེད། །ཡེ་ནས་བསྒྲུབ་ཏུ་མེད་པར་རྫོགས། །བདེ་དང་སྡུག་བསྔལ་ཡེ་མཐུན་རྫོགས། །འདུས་བྱས་ཆོས་དང་འདུས་མ་བྱས། །ཡེ་ནས་བཟང་ངན་མེད་པར་རྫོགས། །དཀར་པོའི་ཆོས་དང་ནག་པོའི་ཆོས། །ཡེ་ནས་བླང་དོར་མེད་པར་རྫོགས། །ཆོས་ཅན་དང་ནི་ཆོས་ཉིད་དང་། །ཀུན་རྫོབ་དང་ནི་དོན་དམ་ཆོས། །ཡེ་ནས་དགག་བསྒྲུབ་མེད་པར་རྫོགས། །ཉོན་མོངས་དང་ནི་ཡེ་ཤེས་དང་། །སྣང་སྲིད་སྐྱེ་འགུལ་ཡོད་པ་དང་། །མི་


DNG005_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་མེད་པའི་ཆོས་རྣམས་ཀུན། །རང་བྱུང་ཡེ་ཤེས་ཀློང་དཀྱིལ་དུ། །མ་རྫོགས་པ་ནི་མེད་པའི་ཕྱིར། །རྫོགས་ཆེན་ལྷུན་གྲུབ་བླ་ན་མེད། །མཉམ་པ་ཉིད་དུ་ཐག་ཆོད་པས། །ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད། །དུས་ལ་སྔ་ཕྱི་མ་མཆིས་པས། །ཨ་ཏི་དུས་གསུམ་ཆིག་ཆོད་ལ། །ཨ་ནུ་མན་ཆད་འོག་མ་ཡི། །བསྐལ་པའི་གྲངས་དང་མི་ཚེའི་གྲངས། །བརྒྱུད་ནས་འབྲས་བུ་འདོད་པ་དེ། །མ་སྤངས་གཅིག་ཏུ་འདུས་པའི་ཕྱིར། །དུས་གསུམ་ཐ་དད་མེད་པ་རུ། །རང་བཞིན་གཅིག་པས་ཀློང་དུ་གྲོལ། །དེ་ཡི་ངང་ལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པའི་རང་བཞིན་ལ། །འཁོར་འདས་མཉམ་པ་རིས་མེད་ལས། །གཞན་དུ་ལྟ་བ་མེད་པའི་ཕྱིར། །ཡེ་སངས་རྒྱས་པའི་ཆོས་ཉིད་ཡིན། །དེ་ལ་རང་རང་ལོངས་སྤྱོད་པས། །ཕྱོགས་མེད་གཏེར་ཆེན་འབྲས་བུ་ཡིན། །འཁོར་བའི་སྡུག་བསྔལ་སྣ་ཚོགས་ཀྱང་། །ཆོས་ཉིད་ཡོ་ལང་ཡིན་པའི་ཕྱིར། །བདེ་བ་ཆེན་པོའི་འབྲས་བུར་ཤར། །དེ་ལས་མ་གཏོགས་འབྲས་བུ་མེད། །ཡང་དག་ཅེས་སུ་བཏགས་པའི་དོན། །རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ། །མཉམ་ཉིད་ཀློང་ལས་གཞན་མེད་དེ། །སྤྱོད་ཡུལ་དབྱེར་མེད་དེ་ཉིད་རང་། །རྒྱལ་བའི་ཞིང་དུ་ཤར་བའི་ཕྱིར། །འབྲས་བུ་གཞན་ནས་མི་འཚོལ་ཏེ། །རེ་མེད་དོགས་མེད་རྣམ་པར་གྲོལ། །སེམས་ཉིད་རང་བྱུང་ཡེ་ཤེས་འདི། །རང་སྣང་ཕྱོགས་མེད་ཤར་བ་ལ། །རང་བཞིན་གཅིག་ཏུ་མ་རྟོགས་ན། །ལ་ལ་ཡིན་ལ་ལ་ལ་མིན། །བཟང་ངན་འབྱེད་པ་མཉམ་པའི་ལྕུགས་ཀྱང་གཅུགས། །སངས་རྒྱས་སེམས་ཀྱི་བཟང་རྟོག་ལ། །སེམས་ཅན་ངན་རྟོག་ཡིན་པའི་ཕྱིར། །དོན་ལ་བཟང་ངན་མེད་མོད་ཀྱང་། །གང་ཟག་བློ་ལ་བཟང་ངན་བྱུང་། །བཟང་ངན་སེམས་ཀྱི་རྟོག་པ་ཡིན། །རྟོག་པ་ཉོན་མོངས་འཁོར་བའི་ཆོས། །རྟོགས་ན་སྤང་དུ་མེད་པའི་ཕྱིར། །ནམ་མཁའ་དང་ནི་ཆོ་འཕྲུལ་བཞིན། །མཉམ་ཉིད་ཀློང་དུ་དབྱེ་བ་མེད། །


DNG005_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་རོལ་པ་རྒྱུན་མི་འཆད། །རང་བཞིན་དབྱིངས་ཀྱི་རོལ་པ་དང་། །ཐུགས་རྗེ་ཤུགས་ཀྱི་རོལ་པ་དང་། །རང་བྱུང་རང་ཤར་རོལ་པའོ། །རང་བཞིན་དབྱིངས་ཀྱི་རོལ་པ་ནི། །འཁོར་འདས་གཉིས་སུ་ཡེ་ནས་བྱུང་། །ཐུགས་རྗེ་ཤུགས་ཀྱི་རོལ་པ་ནི། །གདུལ་བྱའི་དོན་ལ་མི་འགག་སྟེ། །འགྲོ་དོན་ཕྱོགས་མེད་མཛད་པ་ཡི། །ལས་ལས་གྲུབ་པའི་སེམས་ཅན་ལ། །ཐུགས་རྗེ་ལས་གྲུབ་སངས་རྒྱས་ཏེ། །སྤྲུལ་པ་གསུམ་གྱི་ངོ་བོར་སྣང་། །རང་བྱུང་རང་ཤར་རོལ་པ་ནི། །རྒྱུན་ཆད་མེད་པའི་ཆོས་ཉིད་ལ། །སྟོང་དང་བྲི་བ་མེད་པའི་ཕྱིར། །ནམ་མཁའི་ཀློང་དང་ཆོ་འཕྲུལ་བཞིན། །འདི་ཡིན་འདི་མིན་མེད་པ་རུ། །ཕྱོགས་མེད་དག་ཏུ་འཆར་བ་དེ། །རང་བྱུང་རང་ཞི་ངེས་པ་མེད། །རྒྱུ་རྐྱེན་མེད་པར་འབྱུང་བ་དང་། །རྒྱུ་རྐྱེན་གཉིས་ལྟར་འཆར་བ་དང་། །རྒྱུ་རྐྱེན་གཉིས་ལྟར་གྲོལ་བ་དང་། །རྟག་ཆད་གཉིས་ལྟར་འཆར་བ་དང་། །རྟག་ཆད་གཉིས་ལྟར་གྲོལ་བ་དང་། །འཁོར་འདས་གཉིས་ལྟར་འཆར་བ་དང་། །འཁོར་འདས་གཉིས་ལྟར་གྲོལ་བ་དང་། །ཐམས་ཅད་རང་ལས་ཤར་བ་དང་། །ཐམས་ཅད་རང་དུ་གྲོལ་བ་དང་། །ཐ་དད་འཆར་བ་གཉིས་སུ་མེད། །རང་བྱུང་རང་ཤར་ཐུགས་རྗེ་ཡིན། །དབྱིངས་ལས་གཡོས་པ་མེད་མོད་ཀྱང་། །ཆོས་རྣམས་ཀུན་ལ་དབང་བསྒྱུར་དང་། །ཡུལ་རྣམས་ཀུན་ལ་དབང་བསྒྱུར་དང་། །དུས་རྣམས་ཀུན་ལ་དབང་བསྒྱུར་དང་། །འབྱུང་བ་ཀུན་ལ་དབང་བསྒྱུར་དང་། །སྣོད་བཅུད་ཀུན་ལ་དབང་བསྒྱུར་དང་། །འདུ་བྱེད་ལས་ལ་དབང་བསྒྱུར་བ། །དེ་ཡང་ཐུགས་རྗེའི་རོལ་པ་ཡིན། །སངས་རྒྱས་ཞིང་ལ་དབང་བསྒྱུར་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ཞི་བའི་ཆོས་ལ་གནས་པ་དང་། །ཟག་མེད་མྱ་ངན་འདས་པ་ཡང་། །ཐུགས་རྗེ་དབྱིངས་ཀྱི་རོལ་པ་ཡིན། །ཆོ་འཕྲུལ་ཆེན་པོ་དཀའ་སླ་མེད། །དེ་མ་ཐག་ཏུ་རང་ལས་འབྱུང་། །བལྟས་དང་མ་བལྟས་མེད་པར་འབྱུང་། །བསྒོམས་དང་མ་བསྒོམས་མེད་པར་


DNG005_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །བཙལ་དང་མ་བཙལ་མེད་པར་འབྱུང་། །བསྒྲུབས་དང་མ་བསྒྲུབས་མེད་པར་འབྱུང་། །རང་བྱུང་ཡེ་ཤེས་སྤྱོད་ཡུལ་ནི། །ཕྱོགས་མེད་རིག་པ་ཡིན་པའི་ཕྱིར། །ཅིར་སྣང་སྐྱོན་དུ་མི་བལྟ་བས། །ཕྱི་ནང་མེད་ཅིང་དངོས་པོ་བྲལ། །ཅིར་ཡང་མ་འགགས་གཟུང་དུ་མེད། །རྒྱུ་རྐྱེན་མེད་པར་རང་ཤར་བས། །འདི་འདྲར་མེད་ཅིང་བརྟག་པར་དཀའ། །གང་ལ་དགག་བསྒྲུབ་མི་བྱེད་པས། །མཉམ་པར་ཤར་ཕྱིར་བཟང་ངན་མེད། །ཆོས་རྣམས་སེམས་སུ་འདུས་པས་ན། །སངས་རྒྱས་སེམས་ཅན་གཅིག་གི་ཀློང་། །མཉམ་ཤར་མཉམ་གྲོལ་བཟང་ངན་མེད། །སེམས་ཉིད་ཀུན་གྱི་གཞིར་གྱུར་པས། །འབྱུང་བ་ཀུན་གྱི་རང་བཞིན་སེམས། །སེམས་དང་ནམ་མཁའ་དབྱེར་མེད་པས། །དཔེ་རུ་བཏགས་ཀྱང་དོན་དུ་གཅིག །རྫོགས་སོ་རྫོགས་སོ་མཁའ་ལ་རྫོགས། །འབྱུང་ལྔ་ནམ་མཁའི་ངང་དུ་རྫོགས། །རྫོགས་སོ་རྫོགས་སོ་དབྱིངས་ལ་རྫོགས། །ཆོས་རྣམས་སེམས་ཀྱི་དབྱིངས་ལ་རྫོགས། །གསལ་ལོ་གསལ་ལོ་མཁའ་ལ་གསལ། །དངོས་པོ་ནམ་མཁའི་ངང་ལ་གསལ། །གསལ་ལོ་གསལ་ལོ་དབྱིངས་ན་གསལ། །ཆོས་རྣམས་བྱང་ཆུབ་དབྱིངས་ན་གསལ། །གྲོལ་ལོ་གྲོལ་ལོ་དབྱིངས་སུ་གྲོལ། །མཚན་མ་ཆོས་ཀྱི་དབྱིངས་སུ་གྲོལ། །ཕྱི་ནང་སྣོད་བཅུད་ཆོས་རྣམས་ཀྱང་། །མ་བཅོས་སེམས་ཀྱི་ཀློང་དུ་གྲོལ། །མ་བྱས་རང་བྱུང་ཡེ་ཤེས་གསལ། །མི་འགྱུར་ཐིག་ལེའི་ཀློང་དུ་གྲོལ། །མ་བརྡལ་ཕྱི་ནང་ཡོངས་ལ་ཁྱབ། །ཕྱི་ནང་སྣོད་བཅུད་ཆོས་རྣམས་ཀྱང་། །མ་བསྡུས་དེ་བཞིན་ཉིད་ལ་འདུས། །མ་སྤྲོས་འཁོར་འདས་ཀུན་ཏུ་ཤར། །འཁོར་འདས་ཕྱི་ནང་ཆོས་རྣམས་ཀྱང་། །མ་སྐྱེས་གདོད་ནས་རྣམ་པར་དག །མ་འགགས་རིག་པ་རང་ལ་གསལ། །རང་གསལ་རིག་པ་ཕྱོགས་མེད་ལ། །འཁོར་འདས་གཉིས་སུ་མ་ཞེན་པས། །


DNG005_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སེམས་ཅན་རྟོག་ལས་འདས། །རྒྱུ་འབྲས་གཉིས་སུ་མ་ཞེན་པས། །སྔ་ཕྱི་གཉིས་སུ་རྟོག་ལས་འདས། །སྐྱོན་ཡོན་གཉིས་སུ་མ་ཞེན་པས། །ཕན་གནོད་གཉིས་སུ་རྟོག་ལས་འདས། །དགེ་སྡིག་གཉིས་སུ་མ་ཞེན་པས། །བླང་དོར་གཉིས་སུ་རྟོག་ལས་འདས། །རྟོག་མེད་ཕྱོགས་བྲལ་ཀུན་གྱི་གཞི། །གཞི་ལ་གཞི་ཡི་མཐར་མི་གནས། །མི་གནས་རང་ཤར་ཀུན་གྱི་དངོས། །རང་གི་ངོ་བོ་མཐར་མི་གནས། །གཉིས་མེད་སྐྱེ་འགག་བྲལ་བའི་ཕྱིར། །དོན་ལ་དོན་གྱི་མཐར་མི་གནས། །སྐྱེ་མེད་རིག་པ་ཡུལ་མེད་པ། །སྔ་ཕྱི་ཐོག་མཐའ་མེད་པའི་ཕྱིར། །བདག་ཉིད་མི་གནས་ཐོག་མཐའ་བྲལ། །བྲལ་བའི་མཐའ་ལའང་མི་གནས་པས། །རྒྱུ་རྐྱེན་འབྲས་བུའི་ཆོས་ལས་འདས། །ཆོས་ལས་འདས་པའི་ཆོས་ཉིད་དེ། །རྒྱུ་རྐྱེན་མེད་པའི་ཀློང་དུ་ཤར། །མ་བཅོས་བདེ་ཆེན་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། ཀུན་རྫོགས་མཐའ་མེད་ཀྱི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། དོན་གྱི་དབྱིངས་ལས་མ་གཡོས་པར། །རང་བཞིན་རྣམ་དག་རྫོགས་སངས་རྒྱས། །ལྷུན་གྱིས་གྲུབ་པས་གོ་འཕང་གཅོད། །ངེས་པ་མེད་པར་གཏན་ལ་འབེབས། །རང་བཞིན་རྣམ་པར་དག་པ་ལ། །གང་ཡང་མ་སྤངས་ལྷུན་གྱིས་གྲུབ། །ཅིར་ཡང་མ་འགགས་ངེས་པ་མེད། །གང་ལ་མི་གནས་རྣམ་པར་དག །རྣམ་དག་གཅིག་གིས་ཀུན་བྱས་པས། །ཆོས་ཀུན་རྣམ་པར་དག་པའི་དབྱིངས། །རང་བཞིན་ལྷུན་གྱིས་གྲུབ་པ་ལ། །ཅིར་ཡང་མ་འགགས་ངེས་པ་མེད། །གང་དུ་མི་གནས་རྣམ་པར་དག །གང་ཡང་མ་སངས་ལྷུན་གྱིས་གྲུབ། །ལྷུན་གྲུབ་གཅིག་གིས་ཀུན་བྱས་པས། །ཆོས་རྣམས་ལྷུན་གྱིས་གྲུབ་པའི་དབྱིངས། །རང་བཞིན་ངེས་པ་མེད་པ་ལ། །གང་ཡང་མ་སྤངས་


DNG005_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ། །གང་དུ་མི་གནས་རྣམ་པར་དག །ཅིར་ཡང་འཆར་བས་ངེས་པ་མེད། །ངེས་མེད་གཅིག་གིས་ཀུན་བྱས་པས། །ཐམས་ཅད་ངེས་པ་མེད་པའི་དབྱིངས། །དབྱིངས་ཉིད་གཅིག་ལས་དེར་སྣང་བས། །འདྲའོ་འདྲའོ་མཉམ་ཉིད་ཆེ། །སངས་རྒྱས་བསྟན་པ་མ་ལུས་པ། །མཐར་ཐུག་སྙིང་པོ་འདི་ལས་མེད། །དུས་གསུམ་རྒྱལ་བ་ཐམས་ཅད་ལ། །དགོངས་པ་འདི་ལས་ཡོངས་མི་མངའ། །མཐར་གྱིས་འབྲས་བུ་ཐོབ་འདོད་ནས། །གསང་སྔགས་འཇུག་སྒོ་གྲངས་མང་ཀྱང་། །བཀྲི་དྲང་ཅན་དང་ལོག་སྲེད་ཅན། །ཞེན་ཆགས་ཅན་ལ་བསྟན་པར་ཟད། །དེ་བཞིན་ཉིད་དུ་ཀུན་འདུས་པས། །མ་བཅོས་དེ་བཞིན་ཉིད་འདི་ལ། །ཆོས་སྤྱོད་སྤོང་བ་ཁྲེགས་ཆོད་ཡིན། །ཟློག་མི་ཐུབ་པ་དྲང་ཐད་ཡིན། །ས་མ་ཟིན་པ་སྤུན་པོ་ཡིན། །དགེ་མེད་སྡིག་མེད་ནག་འབྱམས་ཡིན། །ཀུན་གྱི་རང་བཞིན་འགག་མེད་འདི། །ལྷུན་གྲུབ་ཕྱོགས་མེད་མ་རྟོགས་པས། །བལྟ་བའི་འདོད་གཞུང་དུ་མར་བྱུང་། །བློ་དང་ཆོས་སུ་མ་འདྲེས་པས། །མཉམ་ཉིད་མཐའ་ལས་ཕྱོགས་སུ་ཞེན། །ཀུན་རིག་ཤེས་པ་མ་སྐྱེས་པས། །ཡུལ་མེད་གཅིག་ལ་རིས་སུ་གཅོད། །རང་བྱུང་ཕྱོགས་མེད་མ་ཤར་བས། །མུན་པའི་ཀློང་ན་ཚོད་ཀྱིས་འཇལ། །ཐམས་ཅད་དེ་རུ་འདུས་པས་ན། །མ་བསྒྲུབས་ལྷུན་གྲུབ་ཆོས་ཀྱི་དབྱིངས། །དངོས་མེད་ངོ་བོ་གཟུང་དུ་མེད། །ཐིག་ལེ་གཅིག་ཏུ་ཀུན་གྲོལ་བས། །གཉིས་སུ་བྱ་བའི་ཐ་སྙད་བྲལ། །བྱ་བྲལ་གཅིག་ཏུ་ཀུན་རྫོགས་པས། །རེ་དོགས་མཐའ་ལ་རྩོལ་མི་དགོས། །དོར་བར་བྱ་བའི་སྐྱོན་མེད་པས། །བླང་བའི་ཡོན་ཏན་ག་ལ་ཡོད། །ཡེ་བལྟས་ཡེ་བསྒོམ་ཡེ་སྤྱད་པས། །འབྲས་བུའི་དངོས་པོ་གང་གིས་འགྲུབ། །ཡེ་ནས་བལྟས་པས་ཡུལ་དང་བྲལ། །ཡེ་ནས་བསྒོམས་པས་དམིགས་སུ་མེད། །ཡེ་ནས་སྤྱད་པས་བཙལ་


DNG005_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེད། །ཡེ་གྲུབ་ཡིན་ཕྱིར་བསྒྲུབ་ཏུ་མེད། །ཡེ་གྲོལ་ཆེན་པོ་ཆོས་ཀྱི་དབྱིངས། །དངོས་པོ་ཀུན་ལས་རང་བཞིན་དབེན། །དངོས་པོ་ཐམས་ཅད་སྐྱེད་པ་པོ། །ཀུན་གྱི་རང་བཞིན་འདི་ཡིན་པས། །ཐམས་ཅད་ཀུན་དང་མཚུངས་པར་སྣང་། །ངེས་པའི་དོན་ལ་ཐིག་ལེ་གཅིག །མཚན་ཉིད་འཛིན་ལ་ཐ་དད་ཤར། །ཤར་ཡང་འདིར་འདུས་འདི་ལ་སྣང་། །ཀུན་གྱི་རང་བཞིན་ཆོས་ཀྱི་དབྱིངས། །ཆོས་དབྱིངས་རྩ་བ་འདི་ཤེས་ན། །ཀུན་ཀྱང་དེ་ཡི་ཀློང་དུ་གྲོལ། །འཁོར་འདས་ཀུན་གྱི་གྲོལ་ས་ཡིན། །ནམ་མཁའི་སྤྲིན་དང་འཇའ་ཚོན་བཞིན། །སྒྱུ་མའི་ཚུལ་དུ་མ་ངེས་ཤར། །འཛིན་ཆགས་མེད་པས་སྐྱོན་དང་བྲལ། །ནམ་མཁའི་དབྱིངས་ལ་དངོས་གཞི་མེད། །ཆོས་ཉིད་ཀློང་ལ་བརྟག་ཏུ་མེད། །དངོས་བྲལ་དངོས་མེད་དབྱིངས་ཀྱི་ཀློང་། །ཆོས་ཉིད་ཀློང་ལས་གཞན་མེད་པས། །ཕྱོགས་མེད་ཤར་ཡང་བདག་ཉིད་རང་། །ལམ་དང་འབྲས་བུའི་ཆོས་རྣམས་ཀྱང་། །མ་བཙལ་རང་ལས་བྱུང་བས་ན། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །སྐྱེ་འཇིག་མེད་པ་ཆོས་ཀྱི་སྐུ། །ཡོན་ཏན་ཕྱོགས་མེད་འབྱུང་བའི་གཞི། །ཅིར་ཡང་མ་ངེས་སྤྲུལ་པའི་སྐུ། །གདུལ་བྱའི་དོན་ལ་འགག་པ་མེད། །མཉམ་ཉིད་ངང་གནས་ལོངས་སྤྱོད་རྫོགས། །ཐེག་ཆེན་ས་ལ་སྣང་བ་ཡང་། །ཅིར་ཡང་མི་སྣང་དབྱིངས་ལས་འབྱུང་། །བདག་ཉིད་ཆེན་པོའི་རྒྱན་དུ་ཤར། །རྒྱལ་བ་ཀུན་གྱི་དགོངས་པ་ཡང་། །སྐུ་གསུམ་ཀློང་ལས་མ་གཡོས་པས། །གསང་བའི་དོན་ཉིད་རང་ལས་འབྱུང་། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། མཚན་ཉིད་གཅིག་པར་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ།། །དེ་ནས་ཡང་སྟོན་པས་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་བཀའ་སྩལ་པ།ཐེག་པའི་ཡང་རྩེར་གྱུར་པས་ན། །ཨ་ཏི་ཡོ་ག་རྫོགས་པ་ཆེ། །རི་རྒྱལ་ལྟ་བུར་དཔངས་མཐོ་


DNG005_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཐེག་པ་ཀུན་གྱི་རྩེ་མོ་ཡིན། །ཆེ་བའི་ཆེན་པོར་རང་བཞིན་གནས། །ཀུན་ཏུ་བཟང་པོ་ཡངས་པའི་ཐུགས། །རང་གི་སྟོབས་ཀྱིས་གནས་པའི་ཕྱིར། །ཐེག་ཕྲན་ཐམས་ཅད་ཟིལ་གྱིས་གནོན། །དེ་ལྟར་རིག་པ་རང་གི་སྟོབས། །མཉམ་པའི་ཀློང་ལས་གོ་བཟློག་སྟེ། །ཀློང་ཆེན་གཅིག་ལ་རྟོགས་མ་རྟོགས། །གྲོལ་དང་མ་གྲོལ་གཉིས་མེད་མཉམ། །མཉམ་ཉིད་ཅིར་ཡང་འཆར་བས་ཆེ། །དཔེར་ན་འདབ་ཆགས་ཁྱུང་ཆེན་དེ། །མངལ་ན་གནས་པའི་དུས་ཚེ་ནའང་། །ཀླུ་རྣམས་ཐམས་ཅད་ཟིལ་གྱིས་གནོན། །འདབ་གཤོག་སྒོ་ངར་ཚད་ཕྱིན་པས། །སྒོང་རྒྱ་རང་གིས་ཧྲལ་བ་དང་། །སྤྱི་རྒྱ་རླབས་ཀྱིས་གཅོད་པ་མཉམ། །འདབ་ཆགས་གཞན་ལ་མི་རིགས་ཏེ། །ཁྱུང་ཆེན་རང་ལ་རིགས་པའི་ཕྱིར། །བར་སྣང་ཁམས་ཀུན་ལམ་དུ་བདེ། །རྟོགས་དང་མ་རྟོགས་མེད་པར་གྲོལ། །འདི་དང་ཕྱི་མ་མེད་པ་དང་། །གྲོལ་དང་མ་གྲོལ་མཉམ་པའོ། །མཉམ་ཉིད་རྒྱུན་ཆད་མེད་པ་དེ། །ཐེག་དགུ་རིམ་གྱིས་བགྲོད་ནས་སུ། །བརྒྱུད་ནས་གྲོལ་བར་འདོད་པ་དང་། །ཤིན་ཏུ་སྦྱངས་དང་སྤངས་པ་དང་། །བསྒྱུར་ནས་སངས་རྒྱས་འདོད་པ་ལ། །གང་ལ་རིགས་དང་མི་རིགས་ཀྱང་། །རྫོགས་ཆེན་རང་ལ་རིགས་ཏེ་བདེ། །ཅི་སྟེ་ཐམས་ཅད་མ་ལུས་ཀྱང་། །བདེ་ཆེན་ཆོས་སྐུ་ཉིད་ཀྱི་ཀློང་། །རང་བཞིན་ཆོས་སྐུ་ཀློང་ཆེན་དུ། །མ་གྲོལ་བ་ནི་འགའ་ཡང་མེད། །ཆོས་ཉིད་དབྱིངས་ལས་རང་བཞེངས་པས། །རྡོ་རྗེའི་སྙིང་པོ་ཉིད་ཀྱི་སྐུ། །བག་ཆགས་བརྟས་པའི་བདག་ལུས་ལ། །སྙིང་པོ་ཉིད་ཀྱི་རྩལ་རྫོགས་ཏེ། །སྐྱེ་ཤིའི་འཕྲང་ལས་བརྒལ་བའི་ཕྱིར། །བར་དོ་མེད་པར་ལུས་བོར་ནས། །རིག་པ་གཅིག་པུ་རྟེན་མེད་དེ། །འཁོར་འདས་ཀུན་དང་དབྱེར་མེད་ཅིང་། །རྒྱ་ཆད་ཕྱོགས་ལྷུང་མེད་པ་རུ། །སྤྲུལ་པ་ཕྱོགས་མེད་འབྱུང་བ་དང་། །གང་ལའང་


DNG005_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་མེད་པ་རུ། །མ་ལུས་ཀུན་ལ་འཇུག་པ་ནི། །བྱར་མེད་རླུང་ཞོན་དོན་རྟོགས་ཀྱི། །རྣལ་འབྱོར་ཀུན་གྱི་སྤྱོད་ཡུལ་ཏེ། །བློ་ཆུང་ཤེས་རབ་ཐེག་དམན་པའི། །གང་ཟག་ཀུན་ལ་མི་རིགས་པ། །ཨ་ཏིར་རིགས་པར་སྟོན་པ་དེ། །འབྲས་བུ་ཡེ་གྲུབ་ཆེན་པོའི་གནད། །སྐྱེ་མེད་དབྱིངས་ལས་མ་གཡོས་པར། །སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ། །རྒྱུ་འབྲས་མཚན་མར་འཛིན་པ་དེ། །འཁྲུལ་བའི་དབང་གིས་ནོར་བའི་ཕྱིར། །ཨ་ཏིའི་ཆོས་ཉིད་རྒྱུ་རྐྱེན་མེད། །ཀུན་ལ་ཁྱབ་པར་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་ཏེ། །ཨ་ཏི་ཡོ་གར་རིགས་པའི་གནད། །སངས་རྒྱས་སེམས་ཅན་གཅིག་པ་ལ། །དགོངས་སྤྱོད་དབྱེ་རུ་མེད་པ་དེ། །འཁོར་འདས་གཉིས་སུ་བཏགས་པས་འཁྲུལ། །གཟུང་འཛིན་གཉིས་སུ་གཅོད་པའི་བློ། །ཨ་ཏིས་གཉིས་མེད་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་ཏེ། །ཨ་ཏི་ཡོ་གར་རིགས་པའི་གནད། །རྟོགས་དང་མ་རྟོགས་མེད་པ་རུ། །སྐྱེ་མེད་དབྱིངས་སུ་གྲོལ་བ་ལས། །རྟོགས་ནས་གྲོལ་བར་འདོད་པ་ནི། །མཉམ་པ་ཉིད་ཀྱི་དགྲ་ཡིན་པས། །ཨ་ཏིས་མཉམ་པར་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་ཏེ། །ཨ་ཏི་ཡོ་གར་རིགས་པའི་གནད། །མཚོན་པ་ཐབས་ཀྱི་ཁྱད་པར་ལས། །བརྗོད་བྱ་གང་ཡང་མ་སྤངས་པར། །བརྗོད་མེད་ཁྲེགས་ཆོད་བླུན་པོའི་ཚིག །དོན་དང་དབྱེར་མེད་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་ཏེ། །ཨ་ཏི་ཡོ་གར་རིགས་པའི་གནད། །རྫོགས་ཆེན་ལྟ་བ་གཏིང་མཐའ་མེད། །ཡེ་བརྡལ་ཆེན་པོའི་ཆོས་ཉིད་ལ། །ཐུག་པ་མེད་ཅེས་སྐྱོན་འགེལ་བ། །མཐའ་མེད་མ་གོ་མུན་པའི་བློ། །མུ་མེད་ཆིག་ཆོད་བསྟན་པ་དེ། །འོག་མའི་ཀློང་དུ་མི་རིགས་ཏེ། །རྫོགས་པ་ཆེན་པོར་རིགས་པའི་གནད། །ཐིག་ལེ་གཅིག་གི་ངོ་བོ་ལ། །ཤར་ལུགས་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་འདོད་པའི་


DNG005_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རེ་དོགས་ཆོད། །རེ་མེད་དོགས་མེད་མཁའ་དང་མཉམ། །ཡངས་སོ་ཆེའོ་ཆོས་ཉིད་ཆེ། །ནམ་མཁའ་མཉམ་པ་རྒྱལ་བའི་ཐུགས། །སྤང་ཐོབ་མེད་དོ་ཐིག་ལེ་ཆེ། །གཅིག་གི་ཀློང་ནས་རང་ཤར་བས། །རང་སར་གྲོལ་ལོ་དབྱིངས་སུ་གྲོལ། །རྟོགས་དང་མ་རྟོགས་མེད་པར་གྲོལ། །གཉིས་སུ་མེད་པའི་ཆོས་ཉིད་དེར། །བཟང་ངན་མེད་པར་གྲོལ་བ་དེ། །འོག་མ་རྣམས་ལ་མི་སྲིད་དེ། །ཨ་ཏི་ཡོ་གར་སྲིད་པའི་ཆོས། །གནའ་ཕྲུག་བྲག་ལ་འཛེགས་པའི་དུས། །བདེ་བླག་གཞན་དང་མི་འདྲ་བས། །སྲོག་ཆགས་གཞན་ལ་མི་སྲིད་དེ། །ཡང་ཟོར་སྟོབས་ཀྱིས་ཁོ་ལ་སྲིད། །རིག་པ་བྱར་མེད་ཀློང་ཆེན་དུ། །ཐམས་ཅད་མ་ལུས་གྲོལ་བ་དེ། །ཐེག་པ་དམན་པའི་གང་ཟག་དང་། །རྩོལ་བསྒྲུབ་ཅན་ལ་མི་སྲིད་དེ། །ཤིན་ཏུ་རྣལ་འབྱོར་དགོངས་པ་མཁའ་དང་མཉམ། །བྱ་བྲལ་མུ་མེད་ཡངས་པའི་ལམ་དུ་བདེ། །ཆོས་རྣམས་ཐམས་ཅད་སངས་རྒྱས་པས། །རིག་པ་ཡུལ་མེད་རྟེན་མེད་དེ། །འཁོར་བར་འཁྱམས་པར་མི་སྲིད་དེ། །སྲིད་པར་འབྱུང་བ་ཤེས་བྱའི་བབས། །ཡུལ་དང་ཡུལ་ཅན་བལྟ་བ་དང་། །རྫས་སུ་འདོད་པ་དམན་པའི་བློ། །མཁའ་ལ་གྲོལ་ལོ་རང་སར་གྲོལ། །རྟེན་མེད་ཀློང་དུ་རང་སར་གྲོལ། །ཐིག་ལེ་གཅིག་ལ་གྲྭ་ཟུར་མེད། །གདལ་བ་ཆེན་པོའི་ཆོས་ཉིད་ལ། །གཉིས་སུ་སྣང་བར་མི་སྲིད་དེ། །སྲིད་པར་འབྱུང་བ་ཤེས་བྱའི་བབས། །གཅིག་དང་ཐ་དད་འབྱེད་པ་ནི། །འཁྲུལ་པའི་སེམས་ལ་སྤྱོད་པ་ཡིན། །གཅིག་ཏུ་གྲོལ་ལོ་རང་སར་གྲོལ། །ཆོས་ཉིད་ཀློང་དུ་རང་སར་གྲོལ། །ཕྱོགས་སུ་ལྷུང་བ་མི་སྲིད་དེ། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་མེད། །དུག་ལྔར་འཆར་བར་མི་སྲིད་དེ། །སྲིད་པའི་བབས་ཀྱིས་དུག་ལྔར་ཤར། །འོག་མ་འཁོར་བའི་ལམ་དུ་འདོད། །བྱང་ཆུབ་མི་ཐོབ་གེགས་སུ་འགྱུར། །རང་བྱུང་གྲོལ་ལོ་རང་སར་གྲོལ། །རང་བྱུང་ཡེ་ཤེས་ཀློང་དུ་གྲོལ། །ལྷུན་གྲུབ་ཕྱོགས་མེད་མཐའ་


DNG005_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ལ། །ཕྱོགས་སུ་ལྷུང་བ་མི་སྲིད་དེ། །ཕྱོགས་སུ་འཛིན་པ་སྲིད་པའི་བབས། །ཕྱོགས་ལྟའི་མཐའ་ལ་ཞེན་པ་ཡིས། །མཉམ་ཉིད་མི་རྟོག་བདུད་དུ་འགྱུར། །ཕྱོགས་མང་གྲོལ་ལོ་རང་སར་གྲོལ། །ལྷུན་གྲུབ་ཕྱོགས་མེད་ཀློང་དུ་གྲོལ། །དངོས་མཚན་མེད་པའི་ཆོས་ཉིད་དེ། །སྟོང་ཉིད་འགག་པ་མེད་ལ་གནས། །སྣང་བར་འཆར་བར་མི་སྲིད་དེ། །ངེས་མེད་རང་ཤར་སྲིད་པའི་བབས། །སྣང་བ་ངེས་མེད་རང་སར་གྲོལ། །སྟོང་པའི་ཀློང་དུ་རང་སར་གྲོལ། །དབྱེ་བསལ་མེད་དོ་རང་སར་གྲོལ། །ལྷུན་གྲུབ་ཀློང་དུ་རང་སར་གྲོལ། །འདུ་འབྲལ་མེད་དོ་རང་སར་གྲོལ། །ཐིག་ལེའི་ཀློང་དུ་རང་སར་གྲོལ། །ཅིར་ཡང་འཆར་རོ་རང་སར་གྲོལ། །ངེས་མེད་ཀློང་དུ་རང་སར་གྲོལ། །གཟུགས་སུ་སྣང་ངོ་རང་སར་གྲོལ། །སྣང་བ་རང་གྲོལ་ཀློང་དུ་གྲོལ། །སྒྲ་རུ་གྲག་གོ་རང་སར་གྲོལ། །ཐོས་པ་རང་གྲོལ་ཀློང་དུ་གྲོལ། །སྣང་ཞིང་གྲག་པའི་ཆོས་རྣམས་དང་། །མཐོང་ཐོས་སྒོ་ལྔར་ཅིར་ཤར་ཀྱང་། །རང་ཞལ་རང་གིས་མཐོང་བས་ན། །གཉིས་སུ་བལྟ་བའི་ཡུལ་གཞན་མེད། །)གཉིས་སུ་མེད་དོ་མཉམ་པ་ཆེ། །ཡུལ་སེམས་མཉམ་པའི་ཀློང་དུ་གྲོལ། །མཉམ་ཉིད་གཅིག་ལ་ཅིར་ཡང་འབྱུང་། །དབྱིངས་ཉིད་གཅིག་ལ་ཅིར་ཡང་འཆར། །ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད། །དངོས་གྲུབ་ཐམས་ཅད་འབྱུང་བའི་གཞི། །མ་བཙལ་ནོར་བུ་རིན་པོ་ཆེ། །མ་བགོས་མ་ཕྱེ་གཏེར་གྱི་མཆོག །དེ་ཡི་ངང་ལ་ཀུན་གནས་པས། །ཐམས་ཅད་བྱ་བྱེད་མེད་པར་གྲོལ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། རྫོགས་ཆེན་གོ་བཟློག་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་དྲུག་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་རྒྱུད་འདི་གདམས་སོ། །བདག་གིས་ཆོས་རྣམས་ཐམས་ཅད་ནི། །ཐམས་ཅད་ཆོས་ཉིད་ཀློང་དུ་རིག །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་དེར། །


DNG005_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་པོ་ཡངས་དོག་མེད་པའི་ཀློང་། །ཀུན་ཏུ་བཟང་མོ་སྐྱེ་བ་མེད་པའི་དབྱིངས། །སྐྱེ་མེད་འགག་མེད་ཆོ་འཕྲུལ་འབྱུང་བའི་གཏེར། །སྐུ་གསུམ་སངས་རྒྱས་འགྲོ་དོན་མཛད་པའི་གནས། །ཁམས་གསུམ་སེམས་ཅན་སྒྲོལ་བར་བྱེད་པའི་ལམ། །རྣམ་དག་ལམ་ཆེན་ཀུན་གྲོལ་དགོངས་པའི་ཕུགས། །ཉི་ཟླའི་འོད་བཞིན་ཀུན་ཏུ་ཁྱབ་པར་གསལ། །བརྟགས་ན་མི་རྙེད་བཞག་ན་སྣ་ཚོགས་འབྱུང་། །སངས་རྒྱས་སེམས་ཅན་འཁོར་འདས་སྣོད་བཅུད་ཀུན། །ཆོས་སུ་གྲགས་པའི་དོན་རྣམས་འདི་ལ་འདུས། །འདི་མེད་སངས་རྒྱས་འབྱུང་བར་མི་སྲིད་དེ། །དུས་གསུམ་རྒྱལ་བ་རྣམས་ཀྱིས་རྟོགས་དཀའ་བའི། །ཆོས་ཀྱི་སྙིང་པོ་བྱར་མེད་འདི་ཡིན་ཏེ། །མཚན་མའི་ཆོས་ལ་མ་ཡེངས་འདི་དོན་རྟོགས། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། འཁོར་ལ་གདམས་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་རྗེས་སུ་ཡི་རང་བར་གྱུར་ནས། འདི་སྐད་ཅེས་གསོལ་ཏོ། །གཙོ་བོ་ཆེན་པོ་བཅོམ་ལྡན་འདས། །ལོག་པར་བལྟ་བ་ལ་སོགས་པའི། །གདུལ་བྱ་རྣམས་ལ་ཕན་འདོགས་པ། །མགོན་སྐྱབས་མཆོག་ལ་རྗེས་ཡི་རང་། །ནམ་མཁའ་ལྟ་བུའི་ཆོས་ཉིད་ཀྱིས། །ཀུན་ལ་ཁྱབ་པར་དོན་མཛད་ཅིང་། །དགོངས་པ་དབྱིངས་ལས་མི་བསྐྱོད་པ། །གཡོ་འགུལ་མེད་ལ་ཕྱག་འཚལ་བསྟོད། །རང་བྱུང་ཡེ་ཤེས་ཉི་མ་ཡིས། །མ་རིག་མུན་པ་སེལ་མཛད་ཅིང་། །ཡེ་ཤེས་སྐར་ཁུང་འབྱེད་མཛད་པ། །གསལ་བའི་སྒྲོན་ལ་རྗེས་ཡི་རང་། །ཆོས་དང་ཆོས་མིན་དབྱེར་མེད་པར། །མཉམ་པ་ཉིད་དུ་སྟོན་མཛད་ཅིང་། །ཀུན་ལ་ཉེ་རིང་མེད་པ་ཡི། །འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །ལམ་དང་འཇུག་སྒོ་བསམ་ཡས་ཀྱང་། །ངེས་པར་གཅིག་ཏུ་སྟོན་མཛད་པའི། །སྟོན་པ་མཆོག་ལ་རྗེས་ཡི་རང་། །
མཉམ་ཉིད་གཏེར་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། འཁོར་རྣམས་སྟོན་པ་ལ་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡབ་རྣལ་འབྱོར་པ་རྣམས་ཀྱི་ཡུམ། འཁོར་འདས་དབྱེར་མི་ཕྱེད་པའི་སྲོག །མི་ནུབ་པའི་རྒྱལ་མཚན། གསལ་བའི་སྒྲོན་མ། ཀློང་གསལ་ཡེ་ཤེས་ཀྱི་མར་མེ་ལྟ་བུ། རབ་འབྱམས་རྒྱལ་པོའི་རྒྱུད་ཆེན་པོ་རྫོགས་སོ།། །།

ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད།


DNG005_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་མནྟ་བྷ་དྲ་མ་ཧཱ་ག་ག་ན་མཱུ་ལ་སཾ་གྲ་ཧ་ཏནྟྲ། བོད་སྐད་དུ། ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། དམིགས་སུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཀུན་ཏུ་བཟང་པོ་རྩ་བ་བསྡུས་པའི་སངས་རྒྱས་མ་ལུས་པ་མི་ལུས་ལུས་པ་མེད་པའི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད། སྙིང་པོ་ལས་ཀྱང་སྙིང་པོའི་མཆོག་ཏུ་གྱུར་པ་འདི་དག་བཀའ་སྩལ་ཏོ། །དོན་རྟོགས་ལྡན་པའི་སྐྱེས་བུ་དག །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ། །རྩ་བ་བསྡུས་པ་རྟོགས་འདོད་ན། །ངེས་པར་རྒྱུད་འདི་མཉན་པར་གྱིས། །དེ་སྐད་ཅེས་གསུངས་གསན་ནས་ཀྱང་། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་བལྟ་བ་ཇི་ལྟར་ལགས། །སྤྱོད་པ་སྤྱད་པ་ཇི་ལྟར་སྤྱད། །ཉིད་ཀྱི་བསྒོམ་པ་ཇི་ལྟར་བསྒོམ། །བསྒྲུབ་པར་བྱ་ན་ཇི་ལྟར་བསྒྲུབ། །ཉིད་ཀྱི་དམ་ཚིག་གང་དང་གང་། །བསྲུང་བར་བྱ་བ་ཇི་ལྟར་བསྲུང་། །ཉིད་ཀྱི་དབང་རྣམས་གང་དང་གང་། །བསྐུར་བར་བྱ་ན་ཇི་ལྟར་བསྐུར། །ཉིད་ཀྱི་ཕྲིན་ལས་གང་དང་གང་། །རྩོལ་བར་བྱ་ན་ཇི་ལྟར་བྱ། །ཉིད་ཀྱི་སྦྱོར་བ་ཇི་ལྟར་སྦྱོར། །བསྒྲལ་བར་བྱ་ན་ཇི་ལྟར་བྱ། །ཉིད་ཀྱི་གསོ་བ་གང་དང་གང་། །གསད་


DNG005_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་ན་ཇི་ལྟར་བྱ། །ཉིད་ཀྱི་དབབ་པ་ཇི་ལྟར་ལགས། །གཅད་པར་བྱ་ན་ཇི་ལྟར་བྱ། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། རྩ་བ་མདོར་བསྟན་པའི་སྐབས་ཏེ་དང་པོའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོས། །ཉིད་ཀྱི་ལྟ་བ་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །འཛིན་རྟོག་མེད་པར་གང་བལྟ་བ། །འདི་ཡང་ང་ཡི་བལྟ་བ་ཡིན། །སྐྱེ་ཤི་མེད་པར་གང་བལྟ་བ། །འདི་ཡང་ང་ཡི་བལྟ་བ་ཡིན། །འཕོ་འགྱུར་མེད་པར་གང་བལྟ་བ། །འདི་ཡང་ང་ཡི་ལྟ་བ་ཡིན། །བྱ་བཙལ་མེད་པར་གང་བལྟ་བ། །འདི་ཡང་ང་ཡི་ལྟ་བ་ཡིན། །ཡངས་དོག་མེད་པར་གང་བལྟ་བ། །འདི་ཡང་ང་ཡི་ལྟ་བ་ཡིན། །རྒྱུ་འབྲས་མེད་པར་གང་བལྟ་བ། །འདི་ཡང་ང་ཡི་བལྟ་བ་ཡིན། །ཕྱོགས་སུ་གདལ་བས་འགྱུར་བ་མེད། །འདི་ཡང་ང་ཡི་ལྟ་བ་ཡིན། །སྣང་སྲིད་འདི་ལྟར་སྣང་བའི་ཆོས། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །སྙིང་པོ་འདི་ལས་གཞན་མ་ཡིན། །དབྱིངས་དང་ཡེ་ཤེས་དོན་རྟོགས་ན། །དེ་ཡང་ང་ཡི་དོན་རྟོགས་ཡིན། །དེ་ལྟར་རྟོགས་པའི་རྣལ་འབྱོར་ནི། །རྟོགས་པ་མངོན་དུ་གྱུར་པ་ཡིན། །ང་ཉིད་སྙིང་པོ་བྱང་ཆུབ་སེམས། །སྙིང་པོ་འདི་ཡང་གཞན་མ་ཡིན། །སྙིང་པོ་བྱང་ཆུབ་ཡེ་སངས་རྒྱས། །ཐམས་ཅད་དག་པས་སྐྱེ་བ་ཡིན། །རང་ལས་འབྱུང་བས་སྙིང་པོ་ཡིན། །ཡོངས་ལ་ཁྱབ་པས་སྙིང་པོ་ཡིན། །ཅིར་ཡང་བལྟ་བ་སྙིང་པོ་ཡིན། །གང་ཡང་ཤར་བས་སྙིང་པོ་ཡིན། །ཁྱབ་པར་གདལ་བས་སྙིང་པོ་ཡིན། །གཉིས་སུ་མེད་པས་སྙིང་པོ་ཡིན། །བཙལ་དུ་མེད་པས་སྙིང་པོ་ཡིན། །མི་འགྱུར་མི་ཤིགས་སྙིང་པོ་ཡིན། །གཅིག་ལས་མེད་པས་སྙིང་པོ་ཡིན། །ཐ་དད་སྣང་བས་སྙིང་པོ་ཡིན། །ང་ཉིད་སྙིང་པོ་བྱང་ཆུབ་སེམས། །


DNG005_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ནི་ཅིར་ཡང་སྣང་། །ཅིར་ཡང་སྣང་སྟེ་གང་དུ་ཡང་མེད། །དེ་ནི་ང་ཡི་ལྟ་བ་ཡིན། །བལྟ་རུ་མེད་པའི་ལྟ་བའོ། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། །ལྟ་བ་བསྡུས་པའི་སྐབས་ཏེ་གཉིས་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་སྤྱོད་པ་ཇི་ལྟར་སྤྱོད། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཡེངས་པ་མེད་པར་གང་སྤྱོད་པ། །འདི་ཡང་ང་ཡི་སྤྱོད་པ་ཡིན། །ལྟ་བའི་མན་ངག་སྟེང་དུ་འཇོག །འདི་ཡང་ང་ཡི་སྤྱོད་པ་ཡིན། །བསྒྲུབ་པའི་མན་ངག་ཕུལ་དུ་འབྱིན། །འདི་ཡང་ང་ཡི་སྤྱོད་པ་ཡིན། །བདག་དང་གཞན་དུ་སྣང་བ་རྣམས། །གཉིས་སུ་མེད་པར་གང་སྤྱོད་པ། །འདི་ཡང་ང་ཡི་སྤྱོད་པ་ཡིན། །ཕྱོགས་དང་རིས་སུ་གང་སྣང་བ། །གཉིས་སུ་མེད་པར་གང་སྤྱོད་པ། །འདི་ཡང་ང་ཡི་སྤྱོད་པ་ཡིན། །ཕྱི་ནང་སྣོད་བཅུད་ཐམས་ཅད་ལ། །དམིགས་པ་མེད་པར་གང་སྤྱོད་པ། །འདི་ཡང་ང་ཡི་སྤྱོད་པ་ཡིན། །འཁོར་བའི་ལས་རྣམས་ཐམས་ཅད་ལ། །རྟོགས་དང་ལྡན་པས་གང་སྤྱོད་པ། །འདི་ཡང་ང་ཡི་སྤྱོད་པ་ཡིན། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །ང་ཡི་སྐུ་ཡི་བདག་ཉིད་ཡིན། །སྒྲ་རུ་གྲག་པ་ཐམས་ཅད་ཀུན། །ང་ཡི་གསུང་གི་བདག་ཉིད་ཡིན། །སེམས་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ང་ཡི་ཐུགས་ཀྱི་བདག་ཉིད་ཡིན། །ཐམས་ཅད་ང་ལས་བྱུང་བས་ན། །ང་ཡི་རང་བྱུང་ཡེ་ཤེས་ཡིན། །ཕྲིན་ལས་རྣམ་བཞི་ཅི་སྤྱད་ཀྱང་། །ང་ཡི་ཕྲིན་ལས་བདག་ཉིད་ཡིན། །ཁྱབ་པར་གདལ་བས་སྤྱོད་པ་ནི། །འདི་ཡང་ང་ཡི་སྤྱོད་པ་ཡིན། །བཙལ་དུ་མེད་པ་གང་སྤྱོད་པ། །འདི་ཡང་ང་ཡི་སྤྱོད་པ་ཡིན། །ཡེ་ནས་ལྷུན་གྱིས་རྫོགས་པ་ནི། །འདི་ཡང་ང་ཡི་སྤྱོད་པ་ཡིན། །སྤྱོད་པ་གཉིས་སུ་མེད་པར་སྤྱོད། །ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་སུ་སྤྱོད། །སེམས་ཉིད་ཡེ་སངས་རྒྱས་པར་སྤྱོད། །


DNG005_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། སྤྱོད་པ་བསྟན་པའི་སྐབས་ཏེ་གསུམ་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་བསྒོམ་པ་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ང་ཉིད་ཀུན་གཞི་བྱང་ཆུབ་སེམས། །དུས་གསུམ་བདག་ཏུ་མི་འགྱུར་བས། །འགྱུར་བ་མེད་པའི་སྐུ་རུ་བསྒོམ། །ང་ལ་རང་བཞིན་མེད་པས་སུ། །བརྗོད་དུ་མེད་པའི་གསུང་དུ་བསྒོམ། །ང་ལ་དམིགས་པ་མེད་པས་སུ། །ཏིང་འཛིན་རྟོགས་པའི་ཐུགས་སུ་བསྒོམ། །ང་ལས་ཡོན་ཏན་ཀུན་འབྱུང་བས། །ལེགས་པ་ཀུན་འབྱུང་ཡོན་ཏན་བསྒོམ། །ང་ཉིད་རང་བཞིན་ལྷུན་རྫོགས་པས། །སྙོམས་པར་ལྷུན་གྱིས་གྲུབ་པར་བསྒོམ། །ང་ལ་བླང་ཞིང་དོར་དུ་མེད། །དམ་ཚིག་ཡེ་བསྲུངས་ཆེན་པོར་བསྒོམ། །ང་ཉིད་དམིགས་པའི་ཡུལ་ལས་འདས། །མི་དམིགས་ཤེས་རབ་ཆེན་པོར་བསྒོམ། །ང་ཉིད་འཛིན་རྟོག་ལས་འདས་པས། །རྣམ་པ་ཅིར་ཡང་མི་རྟོག་བསྒོམ། །ང་ཉིད་རང་ལས་རང་བྱུང་བས། །རང་བྱུང་ཡེ་ཤེས་ཆེན་པོར་བསྒོམ། །ང་ཉིད་རང་གིས་རང་རིག་པས། །རིག་པའི་ཡེ་ཤེས་ཆེན་པོར་བསྒོམ། །ང་ཉིད་གཉིས་སུ་མེད་པས་སུ། །ཐིག་ལེ་ཉག་གཅིག་མ་རུ་བསྒོམ། །ཐམས་ཅད་ཀུན་ལ་ཁྱབ་གདལ་བས། །ཡོངས་ལ་ཁྱབ་པའི་ཆོས་སུ་བསྒོམ། །རང་གི་རང་བཞིན་རང་གིས་རིག །རང་རིག་བྱང་ཆུབ་སེམས་སུ་བསྒོམ། །མི་བརྗོད་མ་སྤངས་དོན་གྱི་མཆོག །སྙིང་པོ་བྱང་ཆུབ་སེམས་སུ་བསྒོམ། །རང་རིག་སྤྲོས་བྲལ་བདེ་བའི་ཀློང་། །དམིགས་མེད་ཡེ་ཤེས་བདེ་བར་བསྒོམ། །ཡེ་ཤེས་ཐུགས་ཀྱི་ཡོན་ཏན་ནི། །བརྗོད་ཀྱིས་མི་ལངས་སྙིང་པོར་བསྒོམ། །དགོངས་པ་ཡེ་ཤེས་རྒྱ་མཚོ་སྟེ། །བསམ་དུ་མེད་པའང་བསྒོམ་པའི་མཆོག །སྣང་སྲིད་ཐམས་ཅད་


DNG005_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སུ་བསྒོམ། །སེམས་ཉིད་ཡེ་སངས་རྒྱས་པར་བསྒོམ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཆོས་ཉིད་བྱང་ཆུབ་སེམས་སུ་བསྒོམ། །སྣང་དང་སྲིད་པའི་ཆོས་རྣམས་ཀུན། །གཉིས་སུ་མེད་པར་བསྒོམ་པར་བྱ། །འཁོར་བ་མྱ་ངན་འདས་མེད་ན། །དེ་ཡང་ང་ཡི་སྒོམ་པ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་ན། །དེ་ཡང་ང་ཡི་སྒོམ་པ་ཡིན། །རྒྱུ་དང་འབྲས་བུ་གཉིས་མེད་ན། །དེ་ཡང་ང་ཡི་སྒོམ་པ་ཡིན། །བལྟ་བ་སྤྱོད་པ་གཉིས་མེད་ན། །དེ་ཡང་ང་ཡི་སྒོམ་པ་ཡིན། །སངས་རྒྱས་སེམས་ཅན་གཉིས་མེད་ན། །དེ་ཡང་ང་ཡི་བསྒོམ་པ་ཡིན། །བདེ་བ་སྡུག་བསྔལ་གཉིས་མེད་ན། །དེ་ཡང་ང་ཡི་སྒོམ་པ་ཡིན། །ཡུལ་དང་དབང་པོ་གཉིས་མེད་ན། །དེ་ཡང་ང་ཡི་སྒོམ་པ་ཡིན། །ཤེས་རབ་ཏིང་འཛིན་གཉིས་མེད་ན། །དེ་ཡང་ང་ཡི་སྒོམ་པ་ཡིན། །ཐམས་ཅད་སེམས་ཉིད་ཡིན་ཤེས་ན། །བསྒོམ་པ་མེད་པའི་སྒོམ་པ་ཡིན། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། བསྒོམ་པའི་སྐབས་བསྟན་པ་སྟེ་བཞི་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་སྒྲུབ་པ་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྒྲུབ་པའི་རྒྱལ་པོ་ང་ཡི་བཀའ། །ཚུལ་འཆང་གཞུང་ལས་ཕྱེ་སྟེ་བཤད། །རྒྱུད་ཉིད་དག་པར་གང་བསྒྲུབ་པ། །འདི་ཡང་ང་ཡི་སྒྲུབ་པ་ཡིན། །འབྲས་བུ་དག་པར་གང་བསྒྲུབ་པ། །འདི་ཡང་ང་ཡི་སྒྲུབ་པ་ཡིན། །བཅོས་མེད་སྙིང་པོར་གང་བསྒྲུབ་པ། །འདི་ཡང་ང་ཡི་སྒྲུབ་པ་ཡིན། །རྩོལ་བསྒྲུབ་མེད་པར་གང་བསྒྲུབ་པ། །འདི་ཡང་ང་ཡི་སྒྲུབ་པ་ཡིན། །མ་བཙལ་བཞག་པར་གང་བསྒྲུབ་པ། །འདི་ཡང་ང་ཡི་སྒྲུབ་པ་ཡིན། །མཉམ་པ་ཉིད་དུ་གང་བསྒྲུབ་པ། །འདི་ཡང་ང་ཡི་སྒྲུབ་པ་ཡིན། །མ་བཀག་ཀློང་དུ་གང་བསྒྲུབ་པ། །འདི་


DNG005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ང་ཡི་སྒྲུབ་པ་ཡིན། །ཐིག་ལེ་ཆེན་པོར་གང་བསྒྲུབ་པ། །འདི་ཡང་ང་ཡི་སྒྲུབ་པ་ཡིན། །ཀུན་ཏུ་བཟང་པོར་གང་བསྒྲུབ་པ། །འདི་ཡང་ང་ཡི་སྒྲུབ་པ་ཡིན། །སྙིང་པོ་བྱང་ཆུབ་ཆོས་མེད་པ། །འདི་ཡང་ང་ཡི་སྒྲུབ་པ་ཡིན། །ཐམས་ཅད་ཡེ་ནས་ལྷུན་གྲུབ་པ། །འདི་ཡང་ང་ཡི་སྒྲུབ་པ་ཡིན། །བསྒྲུབ་པའི་རྒྱལ་པོར་ཡང་གསོལ་པ། །ཐམས་ཅད་བསྒྲུབས་པས་ཐམས་ཅད་འགྲུབ། །བསྒྲུབ་ཙམ་ཉིད་ན་འགྲུབ་པ་ཡིན། །སྙིང་པོ་བྱང་ཆུབ་བཅོས་མེད་པས། །རྒྱུ་འབྲས་མེད་པའི་དངོས་གྲུབ་འདི། །བསྒྲུབ་ཏུ་མེད་པས་ང་ཉིད་གྲུབ། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ཐམས་ཅད་བྱང་ཆུབ་སེམས་སུ་བསྒྲུབ། །སེམས་ཉིད་མ་ཡེངས་སྒྲུབ་པ་ཆེན་པོ་ཡིན། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། སྒྲུབ་པ་བསྟན་པའི་སྐབས་ཏེ་ལྔ་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་དམ་ཚིག་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །དངོས་པོ་མཚན་མ་ཐམས་ཅད་ལས། །འདའ་བ་མེད་པ་དམ་ཚིག་ཡིན། །རང་བྱུང་ཡེ་ཤེས་བཙལ་མེད་པ། །འདི་ཡང་ང་ཡི་དམ་ཚིག་ཡིན། །རྟག་ཆད་གཉིས་སུ་བལྟ་མེད་པ། །འདི་ཡང་ང་ཡི་དམ་ཚིག་ཡིན། །གཟུང་འཛིན་གཉིས་སུ་མེད་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །རྒྱུ་འབྲས་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །རྩོལ་བསྒྲུབ་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །འཕོ་འགྱུར་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །ཐོག་མཐའ་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །མཐའ་དབུས་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །དངོས་པོ་མཚན་མར་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །


DNG005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །གཙང་དང་སྨེ་བར་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །ཆེ་ཆུང་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །སྐྱེ་ཤི་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །གཟུགས་དང་རྫས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །ཡངས་དོག་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །ཕྱི་ནང་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །མཐོ་དམན་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །སྣོད་བཅུད་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །འཁོར་དང་མྱང་འདས་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །བདེ་སྡུག་གཉིས་སུ་མི་བལྟ་བ། །འདི་ཡང་ང་ཡི་དམ་ཚིག་ཡིན། །དམ་ཚིག་རྒྱལ་པོ་ལྷུན་གྱིས་གྲུབ། །སྙིང་པོ་གསང་ཆེན་འདའ་མེད་མཆོག །དོན་གྱི་སྐྱེས་བུས་གཞུང་སྤྲོས་ནས། །མི་ཡི་སེང་གེ་དག་ལ་བསྟན། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས།) དམ་ཚིག་བསྟན་པའི་སྐབས་ཏེ་དྲུག་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་དམ་ཚིག་བསྲུང་བ་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །མཁའ་དབྱིངས་བདེ་ཆེན་ཀློང་ཡངས་ནི། །བྱང་ཆུབ་སེམས་ཀྱི་དམ་ཚིག་སྟེ། །བསྲུང་དུ་མེད་པས་ཡེ་བསྲུངས་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པ། །འདི་ཡང་ང་ཡི་དམ་ཚིག་སྟེ། །བསྲུང་དུ་མེད་པས་ཡེ་བསྲུངས་ཡིན། །དབྱིངས་དང་ཡེ་ཤེས་གཉིས་མེད་པ། །འདི་ཡང་ང་ཡི་དམ་


DNG005_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྟེ། །བསྲུང་དུ་མེད་པས་ཡེ་བསྲུངས་ཡིན། །རྒྱུ་དང་འབྲས་བུ་གཉིས་མེད་པ། །འདི་ཡང་ང་ཡི་དམ་ཚིག་སྟེ། །བསྲུང་དུ་མེད་པ་ཡེ་བསྲུངས་ཡིན། །གཟུགས་དང་མཚན་མ་གཉིས་མེད་པ། །འདི་ཡང་ང་ཡི་དམ་ཚིག་སྟེ། །བསྲུང་དུ་མེད་པས་ཡེ་བསྲུངས་ཡིན། །ཐམས་ཅད་དག་ནས་ཐམས་ཅད་དུ། །དམ་ཚིག་དག་ལས་མ་འདས་པ། །མཉམ་པ་ཉིད་དུ་ཡེ་བསྲུངས་ཡིན། །འདི་ཡང་ང་ཡི་དམ་ཚིག་ཡིན། །དངོས་པོ་མཚན་མ་ཐམས་ཅད་ལས། །འདའ་བ་མེད་པར་གང་བསྲུང་བ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །ཀུན་དང་མཐུན་ལ་དབང་ཡིན་ནམ། སྤངས་བྱེད་པ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །ཤེས་པ་སྒོ་ཡངས་ཆོས་དང་མཐུན། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །བྱམས་སྡང་མེད་པར་གང་སྒྲོལ་བ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །ཆགས་སྡང་མེད་པར་གང་ཤེས་པ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །བཟང་ངན་མེད་པར་གང་སྦྱོར་བ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །སྤང་ལེན་མེད་པར་གང་བསྒྲུབ་པ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །གཙང་སྨེ་མེད་པར་གང་བལྟ་བ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །ཐོགས་ཆགས་མེད་པར་གང་སྤྱོད་པ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །སྣོད་དང་ལྡན་པར་དོན་འབྱིན་པ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །ནོགས་དང་ལྡན་པས་གསང་ཐུབ་པ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །ཡིད་ལ་སེམས་པ་གང་ཡིན་པ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །སྔགས་པ་བློ་ལྡན་དད་པ་ཅན། །ཟང་ཟིང་ནོར་ལ་ཆགས་མེད་པ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །གཡོ་སྒྱུ་ཡོངས་སྤངས་བདེ་བའི་ལམ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །བསླབ་པའི་ལས་རྣམས་མཐར་ཕྱིན་པ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །རང་བཞིན་མེད་པས་མཉམ་པ་ཉིད། །ཡོངས་ལ་ཕྲག་ཡང་དོག་མེད་པ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །རྒྱུད་འདི་འཛིན་ཏམ་འཆང་བའམ། །ཡིད་ལ་སེམས་པ་གང་ཡིན་པ། །འདི་ཡང་དམ་ཚིག་བསྲུང་བ་ཡིན། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་


DNG005_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། དམ་ཚིག་བསྲུང་བའི་སྐབས་ཏེ་བདུན་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་དབང་རྣམས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །གདོད་ནས་རྣམ་དག་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་སྤྲོས་དང་བྲལ། །འདི་ཡང་ང་ཡི་དབང་མཆོག་ཡིན། །ཡོངས་ཁྱབ་ཐུགས་རྗེ་སྤྲུལ་པའི་སྐུ། །འགྲོ་བ་རྣམས་ཀྱི་དོན་ཆེན་མཛད། །འདི་ཡང་ང་ཡི་དབང་མཆོག་ཡིན། །ཐབས་མཁས་རོལ་པས་ལོངས་སྤྱོད་རྫོགས། །ལོངས་སྐུ་སྣང་བ་ཐམས་ཅད་སྟོན། །འདི་ཡང་ང་ཡི་དབང་མཆོག་ཡིན། །སྐྱེ་ཤི་མེད་པར་རྡོ་རྗེའི་སྐུ། །ཅིས་ཀྱང་སྤྱོད་དུ་མེད་པ་སྟེ། །འདི་ཡང་ང་ཡི་དབང་མཆོག་ཡིན། །རྟོགས་པས་མངོན་པར་བྱང་ཆུབ་སྐུ། །ངོ་བོ་ཉིད་ཀྱིས་རྣམ་པར་དག །འདི་ཡང་ང་ཡི་དབང་མཆོག་ཡིན། །གཉིས་མེད་བདེ་བ་ཆེན་པོའི་སྐུ། །ཀུན་བྲལ་ཉག་གཅིག་ཅི་མ་སྤངས། །འདི་ཡང་ང་ཡི་དབང་མཆོག་ཡིན། །སྐུ་གསུམ་དབྱེར་མེད་རོལ་པ་ཡིན། །དོན་གྱིས་ཡེངས་པ་མེད་པར་མཛད། །འདི་ཡང་ང་ཡི་དབང་མཆོག་ཡིན། །གང་ཞིག་བསྒྲལ་བ་བྱང་ཆུབ་སེམས། །གདོད་ནས་དག་པའི་སྙིང་པོ་མཆོག །འདི་ཡང་ང་ཡི་དབང་མཆོག་ཡིན། །བཀྲེས་དང་སྐོམ་དང་སྡུག་བསྔལ་ན། །ཆོས་ཉིད་དངོས་པོས་མི་བསྒྲིབ་པ། །འདི་ནི་ང་ཡི་དབང་མཆོག་ཡིན། །ན་དང་འཆི་བས་སྡུག་བསྔལ་ན། །དངོས་པོའི་མཚན་མ་ངང་འཇོམས་པ། །འདི་ནི་ང་ཡི་དབང་མཆོག་ཡིན། །རྒས་དང་རྒུད་པས་སྡུག་བསྔལ་ན། །རྟག་ཆད་དོན་གྱི་མཐར་སྦྱོར་བ། །འདི་ནི་ང་ཡི་དབང་མཆོག་ཡིན། །དགྲ་དང་བརྡར་བས་སྡུག་བསྔལ་ན། །མཚན་མ་ཞེན་པ་ནང་སྦྱོར་བས། །འདི་ཡང་ང་ཡི་དབང་མཆོག་ཡིན། །སྐྱེ་དང་འཆི་བས་སྡུག་བསྔལ་ན། །མི་རྟོག་དོན་གྱི་མཐའ་སྦྱོར་བས། །


DNG005_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡང་ང་ཡི་དབང་མཆོག་ཡིན། །རྣམ་པར་མི་རྟོག་སྙིང་པོ་ནི། །སྨྲ་བསམ་བརྗོད་ལས་འདས་པ་སྟེ། །འདི་ཡང་ང་ཡི་དབང་མཆོག་ཡིན། །ཡོད་ཅེས་སྒྲོས་སུ་གདགས་མེད་ལ། །མེད་ཅེས་སྐུར་པ་གདབ་མེད་པ། །འདི་ཡང་ང་ཡི་དབང་མཆོག་ཡིན། །ཡི་དམ་སེམས་ཀྱིས་དྲན་མེད་ན། །རྣམ་པར་མི་རྟོག་ཏིང་ངེ་འཛིན། །འདི་ཡང་ང་ཡི་དབང་མཆོག་ཡིན། །གདོད་ནས་རྣམ་དག་ལྷུན་གྱིས་གྲུབ། །རང་བྱུང་ཡེ་ཤེས་བཙལ་བ་མེད། །འདི་ཡང་ང་ཡི་དབང་མཆོག་ཡིན། །མཚན་མ་མེད་པ་མཚན་མའི་མཆོག །སྐྱེ་བ་མེད་པས་ཐམས་ཅད་སྐྱེས། །འདི་ཡང་ང་ཡི་དབང་མཆོག་ཡིན། །སྣང་བ་རང་བཞིན་མེད་པ་ལ། །ཕྱོགས་དང་རིས་སུ་འབྱེད་མེད་པ། །འདི་ཡང་ང་ཡི་དབང་མཆོག་ཡིན། །བྱུང་ཚོར་གང་ཡང་སྤང་མེད་པ། །ཡིད་ཀྱིས་ཅིར་ཡང་མི་བསམ་པ། །འདི་ཡང་ང་ཡི་དབང་མཆོག་ཡིན། །འཛིན་རྟོག་མེད་པའི་ཤེས་རབ་ཀྱིས། །རང་བཞིན་མེད་པར་གང་འཇིག་པ། །འདི་ཡང་ང་ཡི་དབང་མཆོག་ཡིན། །)ཆོས་ཉིད་རིག་པའི་ཀློང་གདལ་དུ། །རང་རིག་ཡེ་ཤེས་མ་བརྗེད་བསྒོམ། །འདི་ཡང་ང་ཡི་དབང་མཆོག་ཡིན། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། དབང་བསྟན་པའི་སྐབས་ཏེ་བརྒྱད་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་དབང་བསྐུར་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །རང་བཞིན་སྤྲོས་བྲལ་བདེ་གཤེགས་ཐུགས། །འདི་ཡང་ང་ཡི་དབང་བསྐུར་ཡིན། །དངོས་མེད་མ་སྐྱེས་ཆོས་རྣམས་འབྱུང་། །འདི་ཡང་ང་ཡི་དབང་བསྐུར་ཡིན། །བརྗོད་མེད་ཡེ་སྐྱེས་ཡེ་ནས་སྟོང་། །འདི་ཡང་ང་ཡི་དབང་བསྐུར་ཡིན། །ཚིག་གིས་མཚོན་མེད་མཚན་མ་མེད། །འདི་ཡང་ང་ཡི་དབང་བསྐུར་ཡིན། །དམ་ཆོས་ཡོན་ཏན་བརྗོད་མི་


DNG005_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་། །འདི་ཡང་ང་ཡི་དབང་བསྐུར་ཡིན། །མ་རིག་དོན་སྟོང་ཁ་ལོ་བསྒྱུར། །འདི་ཡང་ང་ཡི་དབང་བསྐུར་ཡིན། །ཀུན་བྲལ་ཉག་གཅིག་མི་མ་སྤངས། །འདི་ཡང་ང་ཡི་དབང་བསྐུར་ཡིན། །སྣ་ཚོགས་སྣང་ཡང་འགྱུར་བ་མེད། །འདི་ཡང་ང་ཡི་དབང་བསྐུར་ཡིན། །ཅི་ཡང་མེད་པས་ཅི་ཡང་རིག །འདི་ཡང་ང་ཡི་དབང་བསྐུར་ཡིན། །བརྟགས་ན་མ་མཐོང་ཅིར་ཡང་སྣང་། །འདི་ཡང་ང་ཡི་དབང་བསྐུར་ཡིན། །བསྐལ་པར་འཁྱམས་ཀྱང་སྟོང་བྲལ་མེད། །འདི་ཡང་ང་ཡི་དབང་བསྐུར་ཡིན། །ཕྲ་རབ་རྡུལ་མེད་སྣང་སྲིད་ཁྱབ། །འདི་ཡང་ང་ཡི་དབང་བསྐུར་ཡིན། །དངོས་གཞི་མེད་ལ་ཅིར་བཏགས་འཆར། །འདི་ཡང་ང་ཡི་དབང་བསྐུར་ཡིན། །མཐའ་ལས་བྱུང་ཞིང་ཟད་པ་མེད། །འདི་ཡང་ང་ཡི་དབང་བསྐུར་ཡིན། །མ་བཟུང་མ་བརྟགས་གང་དགར་ཆགས། །འདི་ཡང་ང་ཡི་དབང་བསྐུར་ཡིན། །བསྐྱོད་པ་མེད་པས་ཐོགས་མེད་མྱུར། །འདི་ཡང་ང་ཡི་དབང་བསྐུར་ཡིན། །གང་ཡང་མ་སྤངས་མཐོང་བ་མེད། །འདི་ཡང་ང་ཡི་དབང་བསྐུར་ཡིན། །འདེགས་པ་མེད་པར་མཁའ་ལ་འགྲོ། །འདི་ཡང་ང་ཡི་དབང་བསྐུར་ཡིན། །ཡན་ལག་མེད་པར་ས་རྣམས་བགྲོད། །འདི་ཡང་ང་ཡི་དབང་བསྐུར་ཡིན། །ཁྱབ་གདལ་འུབ་ཆུབ་གཅིག་མཐའ་ཡས། །འདི་ཡང་ང་ཡི་དབང་བསྐུར་ཡིན། །མ་གཡོས་མ་བཅོས་སྣ་ཚོགས་སྣང་། །འདི་ཡང་ང་ཡི་དབང་བསྐུར་ཡིན། །ཐ་དད་སྤྲོས་ཀྱང་གཅིག་ལས་མེད། །འདི་ཡང་ང་ཡི་དབང་བསྐུར་ཡིན། །ཟད་མི་ཤེས་པས་གཏེར་ཆེན་ཏེ། །འདི་ཡང་ང་ཡི་དབང་བསྐུར་ཡིན། །སྣ་ཚོགས་སྣང་བས་སེམས་ཉིད་དེ། །འདི་ཡང་ང་ཡི་དབང་བསྐུར་ཡིན། །ཕྱི་ནང་མེད་པར་ཀུན་ཏུ་སྣང་། །འདི་ཡང་ང་ཡི་དབང་བསྐུར་ཡིན། །བཙལ་བ་མེད་པ་ཅིར་ཡང་འགྲུབ། །འདི་ཡང་ང་ཡི་དབང་བསྐུར་ཡིན། །མཚན་མ་མེད་པར་ཅིར་ཡང་སྣང་། །འདི་ཡང་ང་ཡི་དབང་བསྐུར་ཡིན། །གར་ཡང་མ་


DNG005_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས་ཀུན་ཏུ་ཕྱིན། །འདི་ཡང་ང་ཡི་དབང་བསྐུར་ཡིན། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། དབང་བསྐུར་བའི་སྐབས་ཏེ་དགུ་པའོ།། །། རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་ཕྲིན་ལས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཕྱི་ནང་ཆོས་རྣམས་ཐམས་ཅད་པ། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །བདག་དང་གཞན་དུ་བལྟ་བ་རྣམས། །གཉིས་སུ་མེད་པར་གང་སྤྱོད་པ། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །ཕྱོགས་དང་རིས་སུ་སྣང་བ་རྣམས། །གཉིས་སུ་མེད་པར་གང་སྤྱོད་པ། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །གཉིས་སུ་མེད་པར་བདེ་བ་ཆེ། །བདེ་ཆེན་ཡོངས་ཁྱབ་ཆོས་ཀྱི་སྐུ། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །དངོས་པོ་མཚན་མ་ཐམས་ཅད་འཇོམས། །ཐབས་མཁས་ལོངས་སྤྱོད་རྫོགས་པའི་སྐུ། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །ཡོངས་ལ་ཁྱབ་པས་སྤྲུལ་པའི་སྐུ། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །མི་འགྱུར་མི་ཤིགས་སྙིང་པོའི་མཆོག །སྐྱེ་ཤི་མེད་པས་རྡོ་རྗེའི་སྐུ། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །དོན་དམ་རྟོགས་པའི་བདེ་བ་མཆོག །མངོན་པར་བྱང་ཆུབ་པ་ཡི་སྐུ། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །སྐུ་ལྔ་དབྱེར་མེད་རོལ་པ་འདི། །དོན་གྱི་ཕྲིན་ལས་ཡེངས་པ་མེད། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །སྐུ་ཡི་ཕྲིན་ལས་སྐྱེ་བ་མེད། །གསུང་གི་ཕྲིན་ལས་བསྒྲག་ཏུ་མེད། །ཐུགས་ཀྱི་ཕྲིན་ལས་དགོངས་སུ་མེད། །ཡོན་ཏན་ཕྲིན་ལས་བསྒྲུབ་ཏུ་མེད། །ཕྲིན་ལས་ཕྲིན་ལས་བཙལ་དུ་མེད། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །གཉིས་མེད་དོན་རྟོགས་བདེ་བ་ཆེ། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །དག་དང་མ་དག་གཉིས་མེད་ན། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །སངས་རྒྱས་སེམས་ཅན་


DNG005_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ན། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །འཁོར་དང་མྱང་འདས་གཉིས་མེད་ན། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །དབྱིངས་དང་ཡེ་ཤེས་གཉིས་མེད་ན། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །ཐབས་དང་ཤེས་རབ་གཉིས་མེད་ན། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །རྒྱུ་དང་འབྲས་བུ་གཉིས་མེད་ན། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །ལྟ་བ་སྤྱོད་པ་གཉིས་མེད་ན། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །བསྒོམ་དང་བསྒྲུབ་པ་གཉིས་མིན་ན། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །ཡུལ་དང་དབང་པོ་གཉིས་མེད་ན། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །གཉིས་མེད་དོན་རྟོགས་ཕྲིན་ལས་ནི། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། ཕྲིན་ལས་ཀྱི་སྐབས་ཏེ་བཅུ་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཕྲིན་ལས་བཙལ་བར་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །དང་པོར་གང་ཡིན་ང་ཡིན་པས། །ང་ནི་སངས་རྒྱས་ཀུན་གྱི་ཡབ། །དེ་ལས་ཕྲིན་ལས་ཅི་ཞིག་བཙལ། །ང་ནི་ཐམས་ཅད་ཀུན་གྱི་རྗེ། །དེ་ལས་ཕྲིན་ལས་ཅི་ཞིག་བཙལ། །ཐ་མར་ཐབས་ཀྱིས་ང་འདུལ་བས། །ང་ནི་རྣལ་འབྱོར་ཀུན་གྱི་དཔོན། །དེ་ལས་ཕྲིན་ལས་ཅི་ཞིག་བཙལ། །ཁམས་གསུམ་དག་ན་ང་དབང་ཆེ། །ང་ཡི་གོང་ན་སུ་ཡང་མེད། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །དུས་གསུམ་མུན་པ་ལྟར་འཐིབས་ཀྱང་། །ང་ལ་བསྒྲིབ་པའི་དུས་མཐའ་མེད། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །སྟོང་གསུམ་ཉི་མས་ཁེངས་གྱུར་ཀྱང་། །ང་ལ་ཤར་ཞིང་གསལ་རྒྱུ་མེད། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །མ་རིག་མུན་པ་ལྟར་འཐིབས་ཀྱང་། །ང་ལ་འཐིབས་ཤིང་གནག་རྒྱུ་མེད། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །ཉོན་མོངས་དུག་ཏུ་ལངས་


DNG005_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཀྱང་། །ང་ལ་སྤངས་ཤིང་དོར་དུ་མེད། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །སྲིད་གསུམ་ཆར་ལྟར་བབས་ན་ཡང་། །ང་ལ་གཤེར་ཞིང་བངས་པ་མེད། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །ཁམས་གསུམ་ཆུ་ལྟར་འབྲུབ་ཀྱང་ནི། །ང་ལ་བངས་ཤིང་འཁྱེར་རྒྱུ་མེད། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །སྟོང་གསུམ་རླུང་ལྟར་འཕྱོས་པས་ཀྱང་། །དེ་ཡིས་ང་ལ་བསྐྱོད་མི་ནུས། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །སྐྱེ་ཤི་རིས་སུ་བཅད་པ་ཡང་། །ང་ལ་སྐྱེ་ཞིང་འཆི་བ་མེད། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །དངོས་གྲུབ་རྣམ་གསུམ་བརྙེས་ན་ཡང་། །ང་ལ་བརྙེས་ཤིང་ཆགས་རྒྱུ་མེད། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །ཆོས་སྐུ་འགྱུར་མེད་གྲུབ་ན་ཡང་། །ང་ལ་འཁྲུལ་པའི་རྒྱུ་ཅི་ཡོད། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །རང་བྱུང་ཉིད་དུ་ཡེ་གནས་པ། །གཞན་ལ་རག་ཅིང་ལུས་སུ་མེད། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །སྙིང་པོ་ཉིད་དུ་ལྷུན་གྲུབ་པས། །འབྲས་བུ་ཉིད་དུ་རྟེན་མི་འཆའ། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །ཐབས་དང་ཤེས་རབ་དབྱེར་མེད་པས། །དེ་ལ་བཙལ་དུ་ཅི་ཞིག་ཡོད། །ལྟ་བ་སྤྱོད་པ་གཉིས་མེད་པས། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །བསྒོམ་དང་བསྒྲུབ་པ་གཉིས་མེད་པས། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །སྣང་དང་སྟོང་པ་དབྱེར་མེད་པས། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །ཐིག་ལེ་ཆེན་པོར་དབྱིངས་ན་གསལ། །དེ་ལ་ཕྲིན་ལས་ཅི་ཞིག་བཙལ། །ང་ཡི་ཕྲིན་ལས་བཙལ་མེད་པས། །བཙལ་དུ་མེད་པའི་བཙལ་བ་ཡིན། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། ཕྲིན་ལས་བཙལ་དུ་མེད་པའི་སྐབས་ཏེ་བཅུ་གཅིག་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་སྦྱོར་བ་བཤད་དུ་གསོལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་


DNG005_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། །ཐམས་ཅད་ཆོས་ཀྱི་ཆོས་ཉིད་ལ། །སེམས་ཀྱི་སེམས་ཉིད་གཉིས་མེད་སྦྱོར། །བདེ་གཤེགས་ཐུགས་ཀྱི་ཡེ་ཤེས་ལ། །རང་བཞིན་རིག་པ་གཉིས་མེད་སྦྱོར། །འདི་ཡང་ང་ཡི་སྦྱོར་བ་ཡིན། །སྣང་སྲིད་ཐམས་ཅད་སེམས་ཡིན་པས། །སེམས་ཉིད་ཡེ་སྦྱོར་ཆེན་པོ་སྟེ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །དངོས་པོའི་ཆོས་རྣམས་ཐམས་ཅད་ཀུན། །སྐྱེ་བ་མེད་པར་གང་སྦྱོར་བ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །རང་བཞིན་མེད་པར་གང་སྦྱོར་བ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །མཉམ་པ་ཉིད་ལ་གང་སྦྱོར་བ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །ངེས་པའི་དོན་ལ་གང་སྦྱོར་བ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །དམ་ཚིག་གཞུང་ལྟར་གང་སྤྱོད་པ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །ཡོངས་ལ་ཕྲག་ཡངས་དོག་པ་མེད། །འདི་ཡང་ང་ཡི་སྦྱོར་བ་ཡིན། །བྱམས་སྡང་མེད་པར་གང་གྲོལ་བ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །ཐོགས་ཆགས་མེད་པར་གང་སྦྱོར་བ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །བཟང་ངན་མེད་པར་གང་སྦྱོར་བ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །སྤང་ལེན་མེད་པར་གང་སྦྱོར་བ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །ཆགས་སྡང་མེད་པར་གང་ཤེས་པ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །གཙང་སྨེ་མེད་པར་གང་སྤྱོད་པ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །སངས་རྒྱས་སེམས་ཅན་གཉིས་མེད་པ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །འཁོར་བ་མྱ་ངན་འདས་མེད་པ། །འདི་ཡང་ང་ཡི་སྦྱོར་བ་ཡིན། །ཕྱི་ནང་སྣོད་བཅུད་གཉིས་མེད་ན། །འདི་ཡང་ང་ཡི་སྦྱོར་བ་ཡིན། །ཡུལ་དང་དབང་པོ་གཉིས་མེད་ན། །འདི་ཡང་ང་ཡི་སྦྱོར་བ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་ན། །འདི་ཡང་ང་ཡི་སྦྱོར་བ་ཡིན། །དབྱིངས་དང་ཡེ་ཤེས་གཉིས་མེད་ན། །འདི་ཡང་ང་ཡི་སྦྱོར་བ་ཡིན། །ཤེས་རབ་ཏིང་འཛིན་གཉིས་མེད་ན། །འདི་ཡང་ང་ཡི་སྦྱོར་བ་ཡིན། །བདེ་བ་སྡུག་བསྔལ་གཉིས་མེད་ན། །འདི་ཡང་ང་ཡི་སྦྱོར་བ་ཡིན། །


DNG005_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ཐམས་ཅད་སེམས་སུ་སྦྱོར། །སེམས་ཉིད་ཡེ་སངས་རྒྱས་པར་སྦྱོར། །འདི་ཡང་ང་ཡི་སྦྱོར་བ་ཡིན། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས།) སྦྱོར་བ་བསྟན་པའི་སྐབས་ཏེ་བཅུ་གཉིས་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་བསྒྲལ་བ་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཁམས་གསུམ་རང་གི་སེམས་སུ་བསྒྲལ། །དེ་ཡང་ང་ཡི་བསྒྲལ་བ་ཡིན། །སྲིད་གསུམ་ཐམས་ཅད་སེམས་ཡིན་པས། །སེམས་ཉིད་ཡེ་སངས་རྒྱས་པ་ཡིན། །འདི་ཡང་ང་ཡི་བསྒྲལ་བ་ཡིན། །རྒྱུད་དྲུག་ཕུང་པོར་སྣང་བ་ཡི། །རང་གི་སེམས་ཏེ་ཡེ་སངས་རྒྱས། །འདི་ཡང་ང་ཡི་བསྒྲལ་བ་ཡིན། །དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ། །འདི་ཡང་ང་ཡི་བསྒྲལ་བ་ཡིན། །དུག་གསུམ་སྐུ་གསུང་ཐུགས་སུ་བསྒྲལ། །འདི་ཡང་ང་ཡི་བསྒྲལ་བ་ཡིན། །སྡུག་བསྔལ་བདེ་བ་ཆེན་པོར་བསྒྲལ། །འདི་ཡང་ང་ཡི་བསྒྲལ་བ་ཡིན། །ཐམས་ཅད་སྙིང་པོ་བྱང་ཆུབ་སྟེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ལྟ་བ་སྦྱོར་བ་གཉིས་མེད་པ། །འདི་ཡང་ང་ཡི་བསྒྲལ་བ་ཡིན། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཆོས་ཉིད་བྱང་ཆུབ་སེམས་སུ་བསྒྲལ། །སྲིད་གསུམ་ཐམས་ཅད་གདོད་ནས་དག །སྙིང་པོ་བྱང་ཆུབ་སེམས་སུ་བསྒྲལ། །སངས་རྒྱས་སེམས་ཅན་གཉིས་མེད་པ། །འདི་ཡང་ང་ཡི་བསྒྲལ་བ་ཡིན། །བདག་གཞན་གཉིས་པར་མི་འབྱེད་པ། །འདི་ཡང་ང་ཡི་བསྒྲལ་བ་ཡིན། །འཁོར་བ་མྱ་ངན་འདས་པར་བསྒྲལ། །འདི་ཡང་ང་ཡི་བསྒྲལ་བ་ཡིན། །སྡུག་བསྔལ་བདེ་བ་ཆེན་པོར་བསྒྲལ། །འདི་ཡང་ང་ཡི་བསྒྲལ་བ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པ། །འདི་ཡང་ང་ཡི་བསྒྲལ་བ་ཡིན། །དབྱིངས་དང་ཡེ་ཤེས་གཉིས་མེད་པ། །འདི་ཡང་ང་ཡི་བསྒྲལ་བ་ཡིན། །


DNG005_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །སྣང་སྲིད་ཐམས་ཅད་སེམས་སུ་བསྒྲལ། །སེམས་ཉིད་ཡེ་སངས་རྒྱས་པར་བསྒྲལ། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། བསྒྲལ་བ་བསྟན་པའི་སྐབས་ཏེ་བཅུ་གསུམ་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱིས་གསོ་བ་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །སྙིང་པོ་བྱང་ཆུབ་སེམས་ཀྱིས་གསོ། །ཁམས་གསུམ་སེམས་ཅན་ཉོན་མོངས་པ། །བདེ་ཆེན་བྱང་ཆུབ་སེམས་ཀྱི་གསོ། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀུན། །བདེ་ཆེན་ཆོས་ཀྱི་དབྱིངས་སུ་གསོ། །འདུ་བའི་ནད་ཀྱིས་ཟིན་པ་ལ། །བདུད་རྩི་ཆེན་པོའི་སྨན་གྱིས་གསོ། །ཉོན་མོངས་དྲ་བར་ཆུད་པ་ལ། །ཐུགས་རྗེའི་སྤུ་གྲིས་གཏུབས་ཏེ་གསོ། །སྙིང་རྗེའི་རྒྱུན་ཐག་ཆད་པ་ལ། །ཐུགས་རྗེའི་བྱིན་གྱིས་བརླབས་ཀྱིས་གསོ། །ཉོན་མོངས་རྨུགས་དང་ལེ་ལོ་རྣམས། །ཤེས་རབ་མི་བརྗེད་གཟུངས་ཀྱིས་གསོ། །ཤེས་རབ་མེ་ལྕེ་ཆད་པ་ལ། །ཁྱད་པར་བརྟན་པ་རྟག་པས་གསོ། །སེམས་ཀྱི་དེ་ཉིད་མ་རྟོགས་པ། །སྙིང་པོ་བྱང་ཆུབ་སེམས་ཀྱིས་གསོ། །ཤེས་རབ་མེ་སྟག་ཤི་བ་ལ། །ཏིང་འཛིན་མ་ཡེངས་རྩ་ཡིས་གསོ། །ཉོན་མོངས་རེ་མ་རྟོགས་པ་ལ། །ཤེས་རབ་ཏིང་འཛིན་བརྟན་པོས་གསོ། །དམ་ཚིག་རྒྱུན་ཐག་ཆད་པ་ལ། །མི་བརྗེད་གཟུངས་ཀྱི་ཐུགས་རྗེས་གསོ། །ཐུགས་རྗེའི་རྒྱུན་ཐག་ཆད་པ་རྣམས། །རང་བྱུང་ཡེ་ཤེས་ཐུགས་རྗེས་གསོ། །ཁམས་གསུམ་སེམས་ཅན་ཉོན་མོངས་པ། །ཐུགས་རྗེའི་བྱིན་གྱིས་རླབས་ཀྱིས་གསོ། །མ་རིག་མུན་པ་འཐིབས་པ་ལ། །ཡེ་ཤེས་ཉི་མའི་འོད་ཀྱིས་གསོ། །སེམས་ཀྱི་དེ་ཉིད་མ་རྟོགས་པ། །སྙིང་པོ་བྱང་ཆུབ་སེམས་སུ་གསོ། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་


DNG005_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་རྒྱུད་ལས། གསོ་བ་བསྟན་པའི་སྐབས་ཏེ་བཅུ་བཞི་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་གསད་པ་བཤད་དུ་གསོལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །དུག་ལྔ་ཡེ་ཤེས་ལྔ་རུ་གསད། །དེ་ཡང་ང་ཡི་གསད་པ་ཡིན། །དུག་གསུམ་སྐུ་གསུང་ཐུགས་སུ་གསད། །དེ་ཡང་ང་ཡི་གསད་པ་ཡིན། །སེམས་ཅན་སྡུག་བསྔལ་སྣ་ཚོགས་པ། །བདེ་ཆེན་བྱང་ཆུབ་སེམས་སུ་གསད། །ཉོན་མོངས་སེམས་ཅན་འཁོར་བ་དག །མྱ་ངན་འདས་པའི་དབྱིངས་སུ་གསད། །གཟུང་འཛིན་རླུང་ཚུབ་འཚུབས་པ་ཡང་། །མི་འགྱུར་རི་བོའི་ཐབས་ཀྱིས་གསད། །རྣམ་རྟོག་གྲུ་ཆར་འབབ་པ་ཡང་། །ཤེས་རབ་ཉི་མའི་ཐབས་ཀྱིས་གསད། །རྣམ་རྟོག་རྨོངས་པའི་གཏི་མུག་རྣམས། །རྟོགས་པའི་ཤེས་རབ་སྒྲོན་མས་གསད། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཆོས་ཉིད་བྱང་ཆུབ་སེམས་སུ་གསད། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཁམས་གསུམ་སེམས་ཅན་ཉོན་མོངས་གསད། །ཡེ་ཤེས་ཉི་མའི་འོད་གསལ་བས། །གཏི་མུག་མུན་པར་འཐིབས་པ་གསད། །ཤེས་རབ་མེ་ལྕེ་འབར་བ་ཡིས། །གཟུང་འཛིན་རླུང་ཚུབ་འཚུབས་པ་གསད། །རྣལ་འབྱོར་རྟོགས་པའི་ཁྱད་པར་གྱི། །མ་རྟོགས་རྨོངས་པའི་གཏི་མུག་གསད། །རྟོགས་པ་མངོན་དུ་གྱུར་པས་ན། །སེམས་ཅན་སེམས་སུ་གསད་པ་ཡིན། །སྣང་སྲིད་ཆོས་རྣམས་སེམས་སུ་གསད། །གསད་དུ་མེད་དེ་ཡེ་བསད་ཡིན། །གདོད་ནས་དག་པས་བསད་པ་ཡིན། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། གསད་པ་བསྟན་པའི་སྐབས་ཏེ་བཅོ་ལྔ་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་དབབ་པ་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་


DNG005_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་པོས་བཀའ་སྩལ་པ། །འཁོར་བའི་རོང་སྐམས་ལུང་པ་ལ། །བྱང་ཆུབ་སེམས་ཀྱི་ཆུ་བོ་དབབ། །ང་དང་བདག་ཏུ་བལྟ་བ་ལ། །གཉིས་སུ་མེད་པའི་ཆུ་བོ་དབབ། །ཞེ་སྡང་མེ་ཆེན་འབར་བ་ལ། །བྱང་ཆུབ་སེམས་ཀྱི་ཆུ་བོ་དབབ། །རྣམ་རྟོག་མེ་ལྕེ་འབར་བ་ལ། །ཡེ་ཤེས་ཆེན་པོའི་ཆུ་བོ་དབབ། །དུག་ལྔའི་འབྲས་བུ་སྨིན་པ་ལ། །ཡེ་ཤེས་ལྔ་ཡི་སེར་བ་དབབ། །གཟུང་འཛིན་རླུང་ཚུབ་འཚུབས་པ་ལ། །ཏིང་འཛིན་བརྟན་པོའི་ཐབས་ཀྱིས་མནན། །དུག་གསུམ་ལོ་མ་རྒྱས་པ་ལ། །སྐུ་གསུང་ཐུགས་ཀྱི་ཟོར་གྱིས་དབབ། །དེ་ཡང་ང་ཡི་དབབ་པའོ། །ཡུམ་གྱི་པདྨའི་བྷ་ག་རུ། །བྱང་ཆུབ་སེམས་ཀྱི་ཆུ་བོ་དབབ། །མཁའ་དབྱིངས་བདེ་ཆེན་ཀློང་ཡངས་སུ། །ཤེས་རབ་ཏིང་འཛིན་ཆུ་བོ་དབབ། །ཆོས་ཀྱི་དབྱིངས་ཉིད་གདལ་བ་རུ། །རིག་པའི་ཡེ་ཤེས་ཆུ་བོ་དབབ། །འཁོར་བ་ངན་སོང་གནས་ཆེན་དུ། །ཆོས་དབྱིངས་བདེ་ཆེན་ཆུ་བོ་དབབ། །ཐུགས་རྗེའི་རྒྱུན་ཐག་བཅད་པ་ལ། །རང་བྱུང་ཡེ་ཤེས་ཆུ་བོ་དབབ། །གཟུང་དང་འཛིན་པར་ལྟ་བ་ལ། །གཉིས་མེད་བདེ་བའི་ཆུ་བོ་དབབ། །མ་རྟོགས་རྨོངས་པའི་གཏི་མུག་ལ། །ཤེས་རབ་ཏིང་འཛིན་ཆུ་བོ་དབབ། །བྷ་ག་ཀློང་ཡངས་བདེ་ཆེན་དུ། །སྙིང་པོ་བྱང་སེམས་ཆུ་བོ་དབབ། །མ་རིག་ཉོན་མོངས་འཁྲུལ་པ་ལ། །ཡེ་ཤེས་འགྱུར་མེད་ཉི་མ་དབབ། །ཡིད་གཉིས་ཐེ་ཚོམ་ཟ་བ་ལ། །སྙིང་པོ་འགྱུར་མེད་ཐོག་ཆེན་དབབ། །རྣམ་རྟོག་བདག་ཏུ་བལྟ་བ་ལ། །སྙིང་པོ་བྱང་ཆུབ་ཆུ་བོ་དབབ། །དེ་ལྟར་དབབ་པར་བསྟན་པ་ནི། །བྱང་ཆུབ་སེམས་ཀྱི་དབབ་ལུགས་ཏེ། །དབབ་ཏུ་མེད་པས་དབབ་པ་ཡིན། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། དབབ་པ་བསྟན་པའི་སྐབས་ཏེ་བཅུ་དྲུག་པའོ།། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱིས་གཅད་པ་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་


DNG005_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བཀའ་སྩལ་པ། །ཆོས་དབྱིངས་བདེ་ཆེན་ཀློང་ཡངས་སུ། །ཉོན་མོངས་འཁོར་བའི་རྒྱུན་ཐག་གཅད། །ཡིད་གཉིས་ཐེ་ཚོམ་ཟ་བ་ལ། །ཡིད་ཆེས་དད་པས་རྒྱུན་ཐག་གཅད། །སྣང་སྲིད་ཐམས་ཅད་སེམས་ཡིན་ཏེ། །སེམས་ཉིད་ཡིན་པར་རྒྱུན་ཐག་གཅད། །འཁོར་བ་ཐམས་ཅད་བག་ཆགས་ཏེ། །མྱ་ངན་འདས་པར་རྒྱུན་ཐག་གཅད། །སྡུག་བསྔལ་ཐམས་ཅད་སེམས་ཡིན་ཏེ། །བདེ་བ་ཆེན་པོར་རྒྱུན་ཐག་གཅད། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རང་གི་སེམས་ལས་བྱུང་བས་ན། །སེམས་ཉིད་ཡིན་པར་རྒྱུན་ཐག་གཅད། །ང་དང་བདག་ཏུ་ལྟ་བ་ལ། །གཉིས་མེད་རལ་གྲི་རྣོན་པོ་ཡིས། །བྱང་ཆུབ་སེམས་སུ་རྒྱུན་ཐག་གཅད། །དུག་གསུམ་དྲ་བར་བཅུག་པ་ལ། །ཤེས་རབ་སྤུ་གྲི་ཏ་མ་ལས། །སྐུ་གསུང་ཐུགས་སུ་རྒྱུན་ཐག་གཅད། །ཐེ་ཚོམ་ཡིད་གཉིས་ཟ་བ་ལ། །ཤེས་རབ་ཏིང་འཛིན་བརྟན་པོ་ཡིས། །ཡིད་ཆེས་དད་པས་རྒྱུན་ཐག་གཅད། །ཆགས་སྡང་ལྕགས་སུ་བཅུག་པ་ལ། །ཐབས་དང་ཤེས་རབ་ལྡེ་མིག་གིས། །ཆགས་སྡང་བཀྲོལ་ཏེ་རྒྱུན་ཐག་གཅད། །སྣང་སྲིད་འདི་ལྟར་སྣང་བ་རྣམས། །སེམས་ཀྱི་ཆོ་འཕྲུལ་ཡིན་པས་ན། །དམིགས་པ་མེད་པར་རྒྱུན་ཐག་གཅད། །མཚན་མར་སྣང་བར་རྟོག་པ་རྣམས། །རྟོགས་པ་ལྡན་པའི་བལྟ་བ་ཡིན། །སེམས་ཉིད་ཡིན་པར་རྒྱུན་ཐག་གཅད། །ཞེན་ཆགས་འཁོར་བར་བཅིངས་པ་ལ། །མཚན་ཉིད་སྤུ་གྲི་རྣོན་པོ་ཡིས། །གཉིས་སུ་མེད་པར་རྒྱུན་ཐག་གཅད། །ཉོན་མོངས་འདམ་དུ་ཚུད་པ་ལ། །རང་བྱུང་ཏིང་འཛིན་ཆེན་པོ་ཡིས། །དངོས་པོ་མེད་པར་རྒྱུན་ཐག་གཅད། །འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །མ་བཅོས་བཅོས་པ་མེད་པ་ཡིས། །མྱ་ངན་འདས་པར་རྒྱུན་ཐག་གཅད། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། གཅད་པ་བསྟན་པའི་


DNG005_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཏེ་བཅུ་བདུན་པའོ།། །རྡོ་རྗེ་སེམས་དཔས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འཁོར་བ་ཉིད་ནི་མྱ་ངན་འདས། །སྡུག་བསྔལ་ཉིད་ཀྱང་བདེ་བ་སྟེ། །མ་བསླབས་ཡོན་ཏན་ཁྱད་པར་ཆེ། །མ་བཙལ་མཐུ་ལ་དཔག་ཏུ་མེད། །མ་བསྒྲུབས་དངོས་གྲུབ་བརྗོད་མི་ལངས། །མ་གསུངས་ཆོས་ནི་བསམ་མི་ཁྱབ། །སངས་རྒྱས་ཡོན་ཏན་བརྗོད་མི་ལངས། །རྒྱུད་འདི་གསུང་ཐོས་སྟོང་པ་ཉིད། །སྟོང་པ་ཉིད་ཀྱང་རྒྱུད་འདིའོ། །རྒྱུད་འདི་སུས་འཛིན་ཀུན་བཟང་པོ། །ཀུན་བཟང་ཉིད་ཀྱང་རྒྱུད་འདིའོ། །ཡིད་ལ་དྲན་པ་སངས་རྒྱས་ཐུགས། །སངས་རྒྱས་ཐུགས་ཀྱང་རྒྱུད་འདིའོ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །རྡོ་རྗེ་སེམས་དཔའ་ཁྱོད་ལེགས་སོ། །ཀུན་ཏུ་བཟང་པོའི་རྒྱུད་ཚིག་འཛིན་པར་གང་བྱེད་པ། །སངས་རྒྱས་ཐུགས་ཀྱིས་རྗེས་འཛིན་ཡིན། །རྒྱུད་འདི་འཛིན་པའི་ཤེས་རབ་ཅན། །ཐམས་ཅད་ཀྱི་ནི་བདག་ཉིད་ཡིན། །གཉེན་པོས་མ་བཅུན་ཐུགས་ཀྱིས་རྟོགས། །མན་ངག་འདི་ཉིད་ང་ཡིན་ཞེས། །ཀུན་ཏུ་བཟང་པོས་རབ་བཤད་དོ། །གང་ཞིག་གང་གིས་རྟོགས་འདོད་པས། །མན་ངག་འདི་ལ་བལྟ་བར་གྱིས། །དེ་སྐད་གང་ཡང་མ་གསུངས་པར། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །གཅིག་ཏུ་ཐོབ་པ་མེད་པའི་ཆོས་སྐུ་ཐོབ། །བསྒྲུབ་པ་མེད་པའི་འབྲས་བུ་གྲུབ། །རང་བཞིན་བཙལ་བ་མེད་པར་སངས་རྒྱས་སོ། །ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་རྫོགས་སོ།། །། དགའ་རབ་རྡོ་རྗེ་ལ་ཞུས་པའོ། །མན་ངག་རྩ་བ་བསྡུས་པའི་རྒྱུད། །ཆོས་ཉིད་མི་འགྱུར་རྒྱས་བཏབ་བཞག །བན་ཆུང་འཁྱམས་པོ་བདག་གིས་དྲངས། །བོད་ནས་རྒྱ་གར་ཡུལ་གྱི་བར། །དཀའ་བ་བཅོ་བརྒྱད་སྤྱད་པ་ལས། །དེའུ་ཤི་ལྔ་བཅུ་རྩ་བཞི་བྱུང་། །མན་ངག་རྒྱལ་པོའི་ཕྱག་ཏུ་གདམས། །རྒྱ་གར་གྱི་མཁས་པ་ཤྲཱི་སིངྷ་དང་། བོད་ཀྱི་བནྡི་
བཻ་རོ་ཙ་ནས་བསྒྱུར་བའོ།། །།

བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ཅེས་བྱ་བ།ཤྲཱི་སིང་ཧ།


DNG005_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ས་མནྟ་བྷ་དྲ་བི་བ་རཱ་ཀྲ་མོ་ད་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ཐིག་ལེ་བདེ་བ་ཆེན་པོར་རང་ཤར་བའི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རིག་པ་རྩལ་གྱི་རྒྱལ་པོ་ཆེན་པོ། ཟང་ཐལ་འོག་མིན་གྱི་གནས་གསང་བ་མཆོག་གི་གཞལ་ཡས་ན་བཞུགས་པའི་ངང་ན་ཐིག་ལེ་ཆེན་པོ་རང་ཉིད་ལ་གཟིགས་ཏེ། ཅོག་བཞག་ཆེན་པོའི་ཏིང་ངེ་འཛིན་ཞེས་བྱ་བའི་ངང་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་དུས་དེ་ཉིད་ཁོ་ནར། ངོ་བོ་ཉིད་ཀྱི་ཆོ་འཕྲུལ་ཇི་ལྟར་ཤར་བའི་བདེ་བར་གཤེགས་པ་རྣམས་དང་། །གཞན་ཡང་ཉིད་ལས་མ་འདས་པའི་སྟོང་གསུམ་འཇིག་རྟེན་པའི་འཁོར་ཐམས་ཅད་དང་ཐབས་ཅིག་སྟེ། གཞན་ཡང་གསང་བ་ཆེན་པོ་དེ་རྟོགས་པ་དང་ལྡན་པའི་འཁོར་རང་བཞིན་དོན་ལ་གནས་པ་དང་། རང་བཞིན་བལྟ་བ་ཆེན་པོ་དང་། རིག་པའི་སྣང་ཚུལ་ཇི་ལྟ་བར་རྟོགས་པའི་འཁོར་འབའ་ཞིག་གཉིས་སུ་མེད་པར་འདུས་སོ། །དེ་ནས་བཅོམ་ལྡན་འདས་རིག་པ་རྩལ་གྱི་རྒྱལ་པོ་ཆེན་པོ་དེ་ལྷུན་གྲུབ་ཟག་མེད་བདེ་བ་ཆེན་པོ་འདུ་འབྲལ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་དེའི་དུས་ན། ཉིད་ལས་མི་གཞན་པའི་འཁོར་ཐམས་ཅད་ལྷུན་གྲུབ་འགག་པ་མེད་པར་རང་གསལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ལྷུན་གྲུབ་འགག་མེད་བདེ་ཆེན་ལ། །འཁོར་བ་མྱང་འདས་ཅིར་ཤར་བ། །རིག་པའི་རྩལ་ཡིན་གཞན་ན་མེད། །རྟོགས་པའི་འཁོར་ཚོགས་དང་སེམས་ཀྱིས། །ཅིར་སྣང་ལྷུན་གྲུབ་ཆེན་པོར་གསལ། །ཞེས་གསུངས་པ་དང་། རྟོགས་པ་རང་གསལ་


DNG005_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནང་ནས་རྡོ་རྗེ་སེམས་དཔའ་རང་བཞེངས་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་རིག་པའི་རྩལ་ཤར་བཅོམ་ལྡན་འདས། །གབ་པའི་དབྱིངས་ནས་མངོན་ཕྱུང་སྟེ། །ཕྲིན་ལས་མཛད་པ་ཅིར་ཡང་སྟོན། །ཐུགས་རྗེའི་ཆོ་འཕྲུལ་རིས་དང་བྲལ། །ཐིག་ལེ་ཟག་མེད་ཀུན་ཏུ་བཟང་། །ཟང་ཐལ་ཆེན་པོའི་དབྱིངས་ཉིད་ལས། །རང་བྱུང་ཕྱོགས་མེད་རང་གྲོལ་གྱིས། །གའུ་རིག་པའི་མཐོངས་གསལ་ནས། །གསུང་དུ་མེད་པའི་ཚིག་བརྗོད་ནས། །རྟོགས་པའི་འཁོར་ལ་བསྟན་དུ་གསོལ། །ཨེ་མ་ཧོ། གསུང་དུ་གསོལ་ཞེས་ཞུས་སོ། །དེ་ནས་རིག་པའི་རྒྱལ་པོ་ཆེན་པོ་དེས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་པ། རིག་པ་ལྷུན་གྲུབ་ཟག་མེད་བདེ། །མཁའ་ལ་ཉི་མ་ཤར་བ་བཞིན། །འཁོར་འདས་ཀུན་ལ་ཁྱབ་པར་གསལ། །ཁྱབ་གསལ་གཉིས་མེད་ཐིག་ལེ་ཆེ། །ལྷུན་གྲུབ་ཆེན་པོའི་ངོ་བོར་ཤར། །འབད་པ་མེད་པར་ཡེ་སངས་རྒྱས། །འགྱུར་མེད་ཐ་སྙད་རྒྱུ་འབྲས་མེད། །རྣམ་ཀུན་བྱང་སེམས་བདེ་བར་གཤེགས། །ཤེས་དང་མི་ཤེས་ཐ་སྙད་ཀྱང་། །ལྷུན་གྲུབ་ཉིད་ལས་གཞན་མ་གྲུབ། །འཁོར་བའི་རྐྱེན་འགྱུར་རྣམ་སྨིན་ལས། །འགྲོ་དྲུག་ཉིད་དུ་སྣང་བ་ལས། །ངོ་བོ་མ་ཡིན་རྐྱེན་ལྟར་ཤར། །ཀུན་བརྟགས་རྣམ་རྟོག་མཚན་ཉིད་ཀྱང་། །གང་ལྟར་བརྟགས་པ་དེ་ལྟར་སྣང་། །ཇི་ལྟར་རྟོག་པའི་རྣམ་གྲངས་ཀུན། །གཅིག་ལས་ཡུལ་དུས་ཀུན་ཏུ་རྒྱུ། །དཔེར་ན་ཉི་མའི་ཟེར་བཞིན་དུ། །ཐིག་ལེ་གཅིག་ལས་དུ་མ་མེད། །ལྷུན་གྲུབ་ཟང་ཐལ་རང་བཞིན་ནི། །མཐའ་དང་བྲལ་བའི་རྟོགས་མཐའ་མེད། །རང་གསལ་དགོངས་པར་གནས་པར་བྱའོ། །ལྷུན་གྲུབ་རང་བྱུང་འགག་མེད་ཀྱིས། །འཁོར་འདས་ཆོ་འཕྲུལ་ཉིད་དུ་བསྟན། །ལྷུན་གྲུབ་ཕྱོགས་མེད་འབྲས་བུ་ནི། །རང་བྱུང་ཡེ་ཤེས་ཉིད་ལ་རྫོགས། །རིག་པ་སྤྱི་བླུག་ཆེན་པོར་ཤར། །རྩོལ་མེད་རྩལ་སྤྲུགས་ཀླུང་ཆེན་ལས། །བགྲོད་མེད་ས་ཡི་ཡོན་ཏན་ཤར། །རང་


DNG005_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་དབྱེར་མེད་ཅིག་ཆར་ས། །དེ་ལས་རྩོལ་མེད་འབྲས་བུའི་མཆོག །རིག་པའི་རྩལ་ཤར་རྣལ་འབྱོར་བས། །ཤེས་པ་ཆོས་སྐུ་རང་གསལ་ལ། །མ་ཡེངས་ཅོག་བཞག་ཉིད་དུ་བཞག །ཅེས་གསུངས་སོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །དེ་ནས་རིག་པའི་རྒྱལ་པོ་དེས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསུངས་སོ། །འཁོར་བའི་སྡུག་བསྔལ་ཅི་ཤར་དང་། །མྱ་ངན་འདས་པའི་བདེ་བ་ཉིད། །རིག་པའི་ཡེ་ཤེས་རྩལ་དུ་རྫོགས། །རྣམ་རྟོག་ཅི་སྐྱེ་རིག་པའི་རྩལ། །རང་བྱུང་ཡེ་ཤེས་འགག་མེད་ལ། །རྟོགས་དང་རིག་པ་ཐ་དད་མེད། །ལྷུན་གྲུབ་ཕྱོགས་མེད་རིག་པའི་རྩལ། །ཀུན་སྤངས་ཀུན་གྱི་དངོས་གཞིར་ཤར། །གཟུང་འཛིན་ཕྲ་རགས་རྟོག་པ་རྣམས། །རོལ་པ་ཆེན་པོའི་ཆོ་འཕྲུལ་ཡིན། །ཡང་དག་དོན་ལ་བརྗོད་དུ་མེད། །མ་བཅོས་གོ་རྟོགས་མི་སྐྱེ་བས། །བརྗོད་མེད་བརྗོད་བྱ་ཚིག་གིས་མཚོན། །ཀུན་བཟང་ལྷུན་གྲུབ་གདལ་བ་ལ། །འཁོར་དང་མྱང་འདས་རྣམ་པར་དག །ཚིག་དང་ཚིག་དོན་བརྗོད་བྱ་བྲལ། །བྱ་བཙལ་བྲལ་ཞིང་གཉེན་པོ་མེད། །ཤེས་པ་རང་གསལ་རང་ལ་ཞོག །བྱ་བ་བཏང་བའི་སྐྱེས་བུའམ། །རྒྱ་མཚོར་སྣང་བའི་རྫས་ལྟ་བུ། །བྱེད་སྤྱོད་མེད་པར་རང་བཞིན་གསལ། །གཟུང་འཛིན་རྒྱུ་འབྲས་གང་ཡང་མེད། །དེ་ལྟ་ཉིད་ཀྱིས་འབྲས་བུ་ཐོབ། །དྲང་དོན་རྩོལ་སེམས་ཁར་མ་ལུས། །རྣམ་རྟོག་ཀུན་བརྟགས་མཚན་མ་རྣམས། །རང་བྱུང་རང་གསལ་ཉིད་ཀྱི་ངང་། །ཆོས་ཉིད་ལྷུན་གྲུབ་འགག་མེད་ལས། །ཆོས་རྣམས་རང་བཞིན་ཉིད་དུ་གནས། །དཔེར་ན་རིན་ཆེན་གསེར་གླིང་ན། །ས་རྡོ་མི་གནས་གསེར་དུ་སྣང་། །སེམས་ཉིད་རང་བྱུང་ཡེ་ཤེས་ལ། །ཅིར་སྣང་ཅི་སྲིད་བདེ་ཆེན་འབར། །དཔེར་ན་སྐས་ཀྱི་གདང་བུ་ལྟར། །རིམ་པར་བགྲང་མེད་སེམས་ཉིད་ལ། །བགྲོད་རྩོལ་


DNG005_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ཐོགས་རྒྱུ་མེད། །རང་བྱུང་རང་ཤར་རྣམ་གྲོལ་ལམ། །བགྲོད་མེད་རྩོད་བྲལ་རིག་པའི་ཀླུང་། །སྔ་ཕྱི་མེད་པར་མངོན་མཐར་ཕྱིན། །རིག་པ་རྩལ་གྱི་རང་བཞིན་ནི། །ཡེ་ཤེས་ཉི་མ་མངོན་ཤར་བས། །ཤར་བ་ཉིད་ན་ནུབ་པ་མེད། །ཀུན་བཟང་ཐིག་ལེ་ཆེན་པོ་ཉིད། །མ་བཅོས་ལྷུན་གྲུབ་གཡོ་བ་མེད། །རྒྱུ་འབྲས་རྟོག་འཛིན་ཅི་ཡང་མེད། །ཡུལ་མེད་སྒྱུ་མ་ཡུལ་ལ་རོལ། །སེམས་ཉིད་ནམ་མཁའི་ཉི་མ་འདྲ། །རང་བྱུང་ལྷུན་གྲུབ་གདལ་བ་ཆེ། །བླང་དོར་གཉིས་མེད་འབད་རྩོལ་མེད། །མདོར་ན་རིག་པའི་རྩལ་ཞེས་བྱ། །མཁའ་ལ་ཉི་མ་ཤར་བ་བཞིན། །འདིར་གསལ་འདིར་མི་གསལ་དང་བྲལ། །ཀུན་ལ་ཁྱབ་ཅིང་དབྱེ་བསལ་མེད། །དེ་བཞིན་ལུང་དང་མན་ངག་དང་། །རིག་པ་དག་གི་རྩལ་དག་གིས། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །སེམས་ཉིད་ཡིན་པར་ཐག་ཆོད་ན། །བྱང་སེམས་བདེ་བ་ཀུན་ལ་བརྡལ། །བྱང་ཆུབ་སེམས་ཀྱིས་བལྟ་ཐག་ཆད། །སེམས་ཉིད་ཉི་ཟེར་སྤྲོ་ཞིང་བསྡུ། །རིག་པ་རྩལ་གྱི་རང་བཞིན་ནི། །གང་ཡང་ཡིན་ནོ་ཅིར་ཡང་འཆར། །དེ་ཡང་བྱང་སེམས་བདེ་བའི་ཀློང་། །ཆོས་སྐུ་རང་གསལ་ངང་ལ་བཞག །བསམ་དང་བྲལ་བའི་ཡེ་ཤེས་མཐོང་། །རང་བྱུང་རང་གསལ་རྫོགས་པའི་དོན། །མཐའ་དབུས་བྲལ་བས་ཡེ་སངས་རྒྱས། །གྱི་ན་རྩོལ་བྲལ་དབུ་མའི་ལམ། །ཞེན་ཅིང་བྲལ་བས་གཟའ་གཏད་མེད། །ཕྱོགས་མེད་ལྷུན་འབྱམས་ཀུན་བཟང་འདིས། །འཁོར་འདས་རང་ལུགས་གཞི་བྱས་ནས། །རང་བྱུང་གཉིས་མེད་བདེ་དོན་རྟོགས། །རང་རིག་རང་གསལ་བླང་དོར་བྲལ། །རྣམ་དག་ལམ་ཆེན་དགོངས་པའི་ཕུགས། །ཁྱུང་ཆེན་དར་མ་མཁར་ལྡིང་བཞིན། །སྤྲོར་མེད་བསྡུར་མེད་རང་སར་གྲོལ། །རྩོལ་བསྒྲུབ་མེད་ཅིང་གཡང་ས་བྲལ། །གཡང་ས་ཉིད་ཀྱང་སེམས་སུ་ཤེས། །འཁོར་བ་ཉིད་ཀྱང་ཡེ་ཤེས་ལ། །ཡེ་ནས་འཁོར་འདས་གཉིས་སུ་མེད། །ལྷུན་གྲུབ་ཉིད་ལས་གཞན་དུ་མེད། །རང་རིག་ཅིར་ཡང་མ་གྲུབ་པས། །ཞེན་བློ་བསམ་འདོད་ཀུན་


DNG005_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ། །རིག་པ་མཐའ་བྲལ་སྟོང་པ་ཉིད། །འོད་གསལ་ནམ་མཁའི་རང་བཞིན་འདྲ། །གཟུང་འཛིན་མེད་པས་མཉམ་པའི་ངང་། །རོལ་བའི་ཆོ་འཕྲུལ་ཅིར་ཡང་སྟོན། །ཆོ་འཕྲུལ་བསྟན་ཡང་རང་རྒྱུད་བྲལ། །རིག་པ་སྒྱུ་མ་ཆུ་ཟླ་འདྲ། །ཀུན་ཏུ་འཆར་ཞིང་ལྷུན་གྱིས་གྲུབ། །འདི་ཡིན་འདི་མིན་ཐ་སྙད་བྲལ། །རིག་པ་མ་བསླད་དྲི་མ་བྲལ། །ནམ་མཁའ་ལྟ་བུའི་རིག་པ་ལ། །ནམ་མཁའི་དབྱིངས་ལྟར་བསམ་དང་བྲལ། །བསམ་མེད་བློ་བདེ་ནམ་མཁའ་བཞིན། །རང་བྱུང་ཡེ་ཤེས་བསམ་དང་བྲལ། །མི་སྐྱེ་མི་འགག་ཅིར་མི་གནས། །རིག་པའི་རྒྱལ་པོ་བལྟ་བ་ཡིན། །བལྟར་མེད་ཡེངས་མེད་བལྟ་བ་ཡིན། །སྔ་ཕྱི་དུས་ལས་མ་དམིགས་ཏེ། །འགྱུར་མེད་སེམས་ཀྱི་གཡུང་དྲུང་ཡིན། །ཞེ་འདོད་དག་ལས་འབྱུང་མི་སྲིད། །འདོད་པ་མེད་ཅིང་ལེན་པ་དག །ལྷུན་གྲུབ་བདེ་འབྱམས་ཡངས་དོག་མེད། །རང་གྲོལ་དག་པ་ཆེན་པོ་ལ། །འཕོ་འགྱུར་མེད་པས་རྡོ་རྗེ་འདྲ། །རྣམ་རྟོག་རླུང་གིས་བསྐྱོད་གྱུར་ཀྱང་། །ལྷུན་གྲུབ་ངང་ལས་གཡོས་པ་མེད། །གཞི་འཛིན་རིག་པ་རྒྱ་མཚོ་བཞིན། །ཕྱི་ནང་གསང་བ་ཀུན་གྱི་དངོས། །མཐའ་དབུས་མེད་ཅིང་ཕྱོགས་དང་བྲལ། །རང་བྱུང་འགག་མེད་བལྟ་བ་ལ། །ལམ་དང་ལམ་གྱི་རྩོལ་བ་མེད། །རྡོ་རྗེ་ཉི་ཆེན་འབར་བ་ལྟར། །སྐྱེ་འཇིག་འཕོ་འགྱུར་ནུབ་མཐའ་མེད། །རིན་ཆེན་གླིང་དང་ཉི་མ་ལྟར། །རང་གསལ་འགག་མེད་རྟོག་དང་བྲལ། །འཁོར་བའི་གནས་ཉིད་ཡེ་སངས་རྒྱས། །རང་སེམས་རིག་པ་གང་སྣང་བ། །བསམ་པ་ཅི་འགྱུས་ཡེ་ཤེས་ངང་། །ལྷུན་གྲུབ་གཞི་འཛིན་རིག་པ་ལ། །སེམས་ཅན་ཆོས་ཉིད་གང་ཡང་མེད། །དབུས་དང་མཐའ་བྲལ་དཀྱིལ་དུ་རྫོགས། །རྟག་པ་མ་ཡིན་ཆད་མཐའ་མིན། །མི་རྟག་མ་ཡིན་བདག་མཐའ་མེད། །ཤེས་པ་མི་འགག་འདོད་པ་མིན། །བྱ་བྱེད་མེད་ཅིང་བརྩོལ་སེམས་དག །བགྲོད་མེད་རྩོལ་བྲལ་རིག་པའི་ཀླུང་། །ཕྱོགས་བྲལ་ཕྱོགས་ལ་གནས་པ་མེད། །རང་རིག་ཡུལ་མེད་ཡུལ་དང་བྲལ། །ལེན་མེད་འཛིན་མེད་འདོད་པ་མེད། །རང་བྱུང་འགག་མེད་མི་ལྡན་ན། །ཕྱོགས་འཛིན་མཐའ་ལ་ཞེན་པས་འཁྲུལ། །ཕྱོགས་མེད་རིག་པ་རང་ཤར་འདི། །ཐ་


DNG005_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་མི་ལ་མི་གནས་ཏེ། །སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། །བཀྲི་དྲང་དྲང་འཐོམས་སེམས་ཅན་ལ། །ཐུགས་རྗེས་བཏེགས་ནས་འཁོར་ལོ་བསྐོར། །ཐ་སྙད་ལམ་གྱིས་འགྲོ་བ་འདྲེན། །སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན། །སྐུ་གསུང་ཐུགས་ལས་མ་གཡོས་པའི། །མི་ཟད་འཁོར་ལོ་རྣམ་གསུམ་པོ། །ནམ་མཁའ་ལྟ་བུ་ཡེ་ནས་བསྐོར། །ཟག་མེད་བདེ་བ་ཡེ་ཤེས་སྐུ། །ལྷུན་གྲུབ་ཆེན་པོ་བསམ་མི་ཁྱབ། །གང་ཞིག་འགྲོ་བའི་སྒྲ་སྐད་རྣམས། །ཟག་མེད་བདེ་ཆེན་རིག་པའི་གསུང་། །གང་ཞིག་ཁ་དོག་དབྱིབས་སྣང་བ། །སྐུ་མཆོག་རྒྱན་གྱི་འཁོར་ལོ་ཟབ། །སེམས་ཉིད་དབྱེར་མེད་རྡོ་རྗེའི་ཐུགས། །གཉིས་སུ་མེད་པས་ཀུན་ཏུ་བཟང་། །སྐུ་གསུམ་མི་འབྲལ་བདེ་བ་ཆེ། །སེམས་ཉིད་ཡེ་ནས་སངས་རྒྱས་པས། །རྩོལ་བ་མེད་པར་ལྷུན་གྱིས་གྲུབ། །འདོད་དགུ་བསྒྱུར་བའི་རིན་པོ་ཆེ། །བཀོལ་བ་མེད་ཅིང་དབྱིངས་ན་གསལ། །ཡི་གེ་མེད་ཅིང་ཚིག་ལས་འདས། །རིག་པ་རྩལ་ཞེས་བྱ་བ་ནི། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །སེམས་མ་ཡིན་པའི་ཆོས་ཡོད་མིན། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རིག་པའི་རྩལ་དུ་རང་ཤར་བས། །དེ་ཉིད་ཆོས་སྐུ་རང་གསལ་ལ། །ཡེངས་དང་མ་ཡེངས་མཐའ་ལས་གྲོལ། །རིག་པ་རང་གསལ་ཡེ་ཤེས་ལ། །རྟོགས་པ་ངེས་མེད་དོན་གྱི་མཆོག །རང་ཤར་རིག་པ་དབྱིངས་ན་གསལ། །རིག་པ་བརྡལ་ཁྱབ་རང་བཞིན་ལ། །རང་བྱུང་ཡེ་ཤེས་ངང་གིས་གསལ། །ཆོས་སྐུ་རང་གསལ་ངང་ཉིད་ལ། །ཞེན་འཆིང་མེད་ཅིང་དམིགས་དང་བྲལ། །རིག་པ་རྩལ་གྱི་རང་བཞིན་ནི། །དཔེར་ན་མཁའ་ལ་ཉི་ཤར་བཞིན། །རིག་པ་རང་གསལ་ཕྱོགས་དང་བྲལ། །ཕྱོགས་རྣམས་མེད་ཅིང་ཀུན་ལ་ཁྱབ། །སྣ་ཚོགས་རིག་པའི་ཆོས་སྐུར་གསལ། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། རིག་པ་རྩལ་གྱི་ལེའུ་སྟེ་གཉིས་པའོ།། །དེ་ནས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་དགོངས་པ་རང་ཤར་དབྱིངས་ན་གསལ། །དོན་དམ་མ་རྟོགས་སྣང་མེད་ལ། །གབ་པའི་དོན་ཆེན་མངོན་དུ་


DNG005_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་། །བླ་མས་དགོངས་པའི་དབྱིངས་བརྟོལ་བའི། །ཚད་མ་དག་ལྡན་བླ་མ་ཡིས། །མན་ངག་བདུད་རྩི་བཅུད་དུ་བསྟན། །བསླད་པས་མི་སློད་ཆོས་སྐུ་ལ། །རྣམ་རྟོག་ཀུན་བརྟགས་ག་ལ་ཡོད། །གསེར་ལ་གཡའ་བྱུང་གསེར་ཉིད་བསྒྲིབ། །གཡའ་བྱུང་གསེར་ལས་འདས་པ་མེད། །ཐིག་ལེས་ཆོས་སྐུ་ཁྱབ་པར་གསལ། །དཔེར་ན་འཁོར་ལོས་སྒྱུར་རྒྱལ་ལ། །མཚན་དཔེ་ཞེན་མེད་རང་ལ་ཚང་། །དམིགས་ཕྱེད་རྒྱན་ཆ་རང་ལ་གསལ། །དེ་བཞིན་སེམས་ཅན་སེམས་ཉིད་ལ། །ཐིག་ལེ་ཆེན་པོ་ངོ་སྤྲོད་ན། །མ་བསླད་ཆོས་སྐུ་ངང་གིས་གསལ། །ཐིག་ལེ་ཆོས་སྐུ་རང་གསལ་ལ། །མཚན་དཔེ་ཞེན་མེད་རང་ལ་ཚངས། །ངོ་བོ་ཉིད་ནི་དམིགས་སུ་མེད། །གར་ཡང་མ་གཡོས་འགྱུར་བ་མེད། །ཉམས་སུ་བླང་མེད་གཟའ་གཏད་བྲལ། །སྐྱེ་མེད་འགག་མེད་ཤར་ནུབ་མེད། །གར་མཐོང་ཅིར་གསལ་ཆོས་སྐུར་མཐོང་། །གང་དུའང་མ་བགྲོད་ཀློང་དུ་གནས། །འབྱུང་འཇུག་མེད་ཅིང་གཞག་བྱ་བྲལ། །འདས་དང་མ་འོངས་ད་ལྟ་རུ། །སྣང་ཞེན་མེད་ཅིང་བགྲོད་དུ་མེད། །རང་བྱུང་ཡེ་ཤེས་རང་གསལ་བས། །མི་མཐུན་ཕྱོགས་དང་གཉེན་པོ་མེད། །དཔེར་ན་དམུས་ལོང་མིག་ཕྱེ་བས། །རང་ལུས་གཞན་ནས་བཙལ་མི་དགོས། །དེ་བཞིན་ཐིག་ལེ་ཆེན་པོ་ཡང་། །མཚན་མ་ཆོས་སྐུར་ངོ་ཤེས་ན། །མི་མཐུན་མེད་པས་གཉེན་པོ་མེད། །ཆོས་སྐུ་རང་གསལ་གདེང་རྙེད་ན། །བགྲོད་རྩོལ་འབད་པ་ག་ལ་ཡོད། །དམ་པར་བལྟ་མེད་ཞེན་འཆིང་མེད། །ཕྱོགས་རྣམས་མེད་ཅིང་ཕྱོགས་དང་བྲལ། །དཔེར་ན་ནམ་མཁའི་རང་བཞིན་ལྟར། །རང་གི་ངོ་བོ་རང་གསལ་ལྟར། །རང་གསལ་ཉིད་ལ་གནས་པ་མེད། །དམིགས་མེད་མཚན་མ་ཅིར་མི་གནས། །སྣང་སྟོང་ཀུན་གསལ་ཡེ་ཤེས་སྐུ། །ཐིག་ལེ་རང་གསལ་རང་བཞིན་ལ། །སྣང་དང་སྟོང་པ་གཉིས་སུ་མེད། །དངོས་པོར་སྣང་བའི་ཐ་སྙད་རྣམས། །སྣང་ཞེས་ཐ་སྙད་ཅི་བྱུང་ཡང་། །མཚན་མ་རང་གྲོལ་ཐ་སྙད་བྲལ། །རྣམ་རྟོག་ཡེ་ཤེས་དགོངས་པར་ལྡན། །འཁོར་དང་མྱ་ངན་འདས་རྣམས་ཀུན། །གཉིས་ཀ་ཡེ་ཤེས་རང་གསལ་ལ། །དགག་སྒྲུབ་མེད་ཅིང་སྤང་བླང་མེད། །འབྱུང་འཇུག་མེད་


DNG005_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྣམ་བྲལ་མེད། །ཐ་སྙད་མེད་ཅིང་སྙིང་པོ་མེད། །དག་དང་མ་དག་ཚིག་མཐའ་བྲལ། །གང་ཡང་བདེ་དང་སྡུག་བསྔལ་མེད། །རྩོལ་བ་མེད་ཅིང་སྤྱོད་མཐའ་བྲལ། །བྱ་བྱེད་མེད་ཅིང་ཆོས་སྐུར་གསལ། །བྱེད་པ་མེད་ཅིང་འཆིང་གྲོལ་དག །བདག་གཞན་ཡེ་ནས་གཉིས་སུ་མེད། །འགྲོ་བ་རིགས་དྲུག་བདེར་གཤེགས་ཞིང་། །ཡོད་མེད་མཚན་མ་དབྱེར་མེད་ལ། །བླང་དོར་དབྱིབས་ལ་ངང་གིས་བྲལ། །མ་ལུས་ཆོས་རྣམས་ཐམས་ཅད་ཀུན། །ཤེས་པ་ཆོས་སྐུར་རང་གསལ་བས། །ཀུན་ཏུ་བཟང་པོའི་དགོངས་པ་ལ། །གར་ཡང་མ་གཡོས་ཆོས་ཉིད་ཡིན། །རང་བྱུང་ཉིད་དུ་རང་གྲོལ་བས། །གཞན་དག་རྩོལ་བསྒྲུབ་ག་ལ་ཡོད། །སོ་སོར་རྟོགས་པའི་ཤེས་རབ་ཀྱིས། །ཐེག་པ་ན་བརྩེགས་རང་བྱུང་བྲལ། །རང་བྱུང་ཐིག་ལེ་གཅིག་ཏུ་འདུས། །ཐིག་ལེ་མི་རྟོག་རང་བཞིན་གསལ། །ཆོས་སྐུ་རྡོ་རྗེ་འགྱུར་མེད་ལུང་། །རང་བྱུང་ཡེ་ཤེས་རང་ལགས་པས། །ཐམས་ཅད་ཡེ་ཤེས་ངོ་བོར་གསལ། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། གབ་པ་མངོན་དུ་ཕྱུང་བའི་ལེའུ་སྟེ་གསུམ་པའོ།། །དེ་ནས་ཡང་རང་བྱུང་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །རང་བྱུང་ཡེ་ཤེས་འགག་མེད་ལ། །བཀག་པས་མི་ཁེགས་ཡེ་ཤེས་ཤར། །ཟང་ཐལ་ཆེན་པོའི་རང་བཞིན་ནི། །རང་གསལ་གང་དུ་མི་རྟོག་ཕྱིར། །བཙལ་མེད་རིག་པའི་ཤུགས་ལས་འབྱུང་། །དཔེར་ན་གླང་ཆེན་སྨྱོན་པ་ལྟར། །བཏགས་བྲོས་བཏང་ན་རང་ལྡོག་ལྟར། །རྣལ་འབྱོར་ཤེས་པ་ཡན་བཏང་ན། །མ་བཙལ་གནས་ལུགས་ངང་དུ་ལྡོག །རང་བྱུང་མི་འགག་རྩལ་དུ་ཁྱེར། །གང་ལའང་མ་ཆགས་ཐོགས་པ་མེད། །རང་ཤར་ཆེན་པོའི་ལྟ་བ་ལ། །དོན་འགྱུར་ཉམས་སུ་བླང་བ་མེད། །ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་ཡིན། །རང་བྱུང་རང་གསལ་ཟང་ཐལ་ཡིན། །ཟང་ཐལ་ཉིད་ལ་གཟུང་དུ་མེད། །འཛིན་མེད་རིག་པ་ཡེ་ཤེས་ཤར། །འཁྲུལ་རྟོག་སྡུག་བསྔལ་སྣ་ཚོགས་ཀྱང་། །མྱང་རྒྱུ་མེད་པར་ཤུགས་ལ་སྣང་། །རྩོལ་མེད་རང་བྱུང་རང་ས་ཟིན། །འདི་ལ་ཆེད་དུ་གཟུང་


DNG005_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེད། །འདི་ལ་ཉམས་སུ་བླངས་དང་བྲལ། །འདི་ལ་རྟོག་པས་དགག་ཏུ་མེད། །ཡེ་ཤེས་རང་ཤར་ལྟ་བའི་གདེངས། །རྩོལ་བ་མེད་པ་སྒོམ་པའི་མཆོག །བཙལ་མི་དགོས་པས་འབྲས་བུའི་དོན། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། ཡེ་ཤེས་ཟང་ཐལ་གྱི་ལེའུ་སྟེ་བཞི་པའོ།། །དེ་ནས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་འགྲོ་ལམ་པའི་སེམས་ཅན་རྣམས། །ལྷུན་གྲུབ་ངང་ལ་དབྱེར་མེད་པས། །ཐམས་ཅད་མཁྱེན་པའི་སྤྲུལ་སྐུ་ཡིན། །ཐུག་ཕྲད་ཉིད་དུ་ཡེ་སངས་རྒྱས། །མ་བཅོས་སྐུ་གསུང་འཁོར་ལོ་བསྐོར། །ཆོས་རྣམས་ཀུན་བཟང་རོལ་པར་ཤར། །གང་ཡང་མ་ཡིན་ཆོས་ཀྱི་སྐུ། །གཞན་དུ་མི་རྟོག་བཙལ་དུ་མེད། །གང་ཡང་མ་སྤངས་ཀུན་ཏུ་རོལ། །དཔེར་ན་སྐྱེས་བུ་ངོ་ཤེས་དང་། །ཕྲད་པའི་དུས་ན་ཐེ་ཚོམ་མེད། །རྣལ་འབྱོར་དྲན་རིག་ཅི་འགྱུས་པ། །ཡེ་ཤེས་ཟང་ཐལ་ཆོས་སྐུར་ཤེས། །གང་ཡང་མ་སྤངས་རང་སར་གྲོལ། །གཞན་དུ་སྐད་ཅིག་ཙམ་ཡང་མེད། །ཐིག་ལེ་ཐུག་ཕྲད་ཆོས་ཀྱི་སྐུ། །རང་བཞིན་མི་འགྱུར་ཀ་དག་པའི། །སྤང་བྱ་སྤོང་བྱེད་གཉིས་སུ་མེད། །འབྲས་བུ་ཀུན་བཟང་གཏན་ཚིགས་ཡིན། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། ཆོས་ཉིད་ཐུག་ཕྲད་ཀྱི་ལེའུ་སྟེ་ལྔ་པའོ།། །དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བདེ་ཆེན་ལྷུན་གྲུབ་ཅོག་བཞག་ལ། །རྩོལ་མེད་རིག་པ་བསམ་དང་བྲལ། །གཟུང་འཛིན་གཉེན་པོ་རང་སར་གཞག །མཉམ་ཉིད་ཡེ་ཤེས་འབྲས་བུའི་མཆོག །ཅོག་བཞག་ཆེན་པོའི་ངང་དུ་གསལ། །དཔེར་ན་རྒྱ་མཚོ་དྭངས་པ་ལ། །རྡོས་པ་མེད་པར་སྣང་སྲིད་གསལ། །རྣལ་འབྱོར་རང་རིག་ཅིར་གསལ་བ། །མིང་དང་གདགས་གཞི་གང་ཡང་མེད། །གདགས་


DNG005_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བྲལ་བ་དོན་གྱི་མཆོག །མཉམ་ཉིད་རང་གསལ་རིག་པའི་ཀློང་། །སྣང་བ་ཉིད་ན་གྲུབ་པ་མེད། །རང་རིག་སྟོང་ཉིད་མི་གཡོ་བ། །དེ་ལ་མི་རྩོལ་རྣལ་འབྱོར་མཆོག །དབང་པོའི་ངོ་ལ་གང་སྣང་བ། །མི་རྟོག་ཅིར་གསལ་གདགས་གཞི་བྲལ། །སྣང་མེད་མི་འགག་ཅིར་མི་དགོངས། །གཉེན་པོ་མེད་པས་འབད་རྩོལ་བྲལ། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། མཉམ་ཉིད་ཅོག་བཞག་གི་ལེའུ་སྟེ་དྲུག་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་སེམས་དཔའ་རྡོ་རྗེ་ཁྱོད། །དབང་པོ་ཡང་རབ་དོན་རྫོགས་ནས། །འབྲིང་དང་དམན་པའི་དོན་བཤད་ཉོན། །ཆོས་སྐུ་ཉག་གཅིག་དངོས་མཚན་མེད། །དངོས་མེད་ཆོས་སྐུ་ཚོལ་འདོད་ན། །དཔེར་ན་གྲོང་རྒྱུའི་ཁྱི་རྐུན་གྱིས། །ཅང་མེད་ཁང་སྟོང་བཙལ་གྱུར་ཀྱང་། །འདོད་པ་མ་རྙེད་སུན་ཕྱིན་ནས། །ཞེན་ལོག་སླར་ལ་ཉལ་བ་ལྟར། །རྣལ་འབྱོར་རང་རིག་ཅིར་སྐྱེས་ལ། །དབང་པོ་མི་དགག་ནང་དུ་བལྟ། །ཅིར་སྣང་བརྟགས་ཤིང་བདག་པོར་བལྟ། །གཟུང་འཛིན་གང་སྐྱེས་རྩ་བ་མེད། །ནང་དུ་བལྟ་ཞིང་ལྟ་མཁན་བཙལ། །བཙལ་པས་ཅིར་ཡང་མ་རྙེད་ཅིང་། །གང་དུའང་མ་མཐོང་མིང་མ་ཐོགས། །རྗེས་མེད་ནམ་མཁའི་བྱ་ལམ་འདྲ། །སྣང་མེད་རང་བྱུང་ནམ་མཁའ་འདྲ། །དེ་ལ་གནས་པ་འབྲས་བུའི་མཆོག །ཅེས་གསུངས་སོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། ཚོལ་བ་རྗེས་མེད་ཀྱི་ལེའུ་སྟེ་བདུན་པའོ།། །དེ་ནས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། ཆོས་སྐུ་ཡེ་ནས་དམིགས་གཏད་


DNG005_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དམིགས་གཏད་མེད་པའི་དོན་འདོད་ན། །དཔེར་ན་མིག་ནད་ཅན་དག་གིས། །གང་ཡང་རུང་བའི་དངོས་པོ་ལ། །རྒྱང་མིག་བལྟས་ཤིང་ཡིན་མིན་བརྟགས། །བརྟགས་པའི་རྗེས་ལ་དམིགས་པ་འཚུབས། །གང་མཐོང་མ་ཤེས་མདོངས་པ་ལྟར། །རྣལ་འབྱོར་སྐྱེས་བུ་གང་ཞིག་གིས། །རྫས་ཀྱི་རྣམ་པ་གང་རུང་ལ། །འབྲུ་ཚུགས་བལྟས་ཤིང་མ་བཏང་ན། །དྲན་མེད་འཛིན་མེད་ལོང་གིས་སྐྱེ། །མ་བཏང་ཡུན་བསྲིང་ཡེ་ཤེས་འཆར། །ཡེ་ཤེས་མཁའ་མཉམ་ནམ་མཁའ་འདྲ། །དྲན་པ་མེད་པའི་བློད་བློད་པོ། །མྱོང་མེད་ཉམས་སྐྱེ་དྲན་རིག་འགག །དམིགས་པ་རྗེས་མེད་ཀྱི་ནར་འདུག །བཏང་སྙོམས་ཆེན་པོའི་ཆོས་སྐུ་ཐོབ། །ཅེས་གསུངས་སོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། དམིགས་པ་རྗེས་མེད་ཀྱི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། དཔེར་ན་ཁྱུང་ཆེན་རྩོལ་མེད་ཀྱང་། །རྩོལ་བ་ཡིད་ཙམ་སྟེགས་ལ་བརྟེན། །རྟེན་མེད་ཡེ་ཤེས་ཐོབ་འདོད་ན། །དཔེར་ན་ཁྱི་གསར་རྟོད་བཏགས་ན། །གང་དུ་མི་འགྲོ་དེར་འཁོར་ལྟར། །གང་ཡང་རུང་བའི་མཚན་མའམ། །དམིགས་དང་བཅས་པའི་མཚན་མེད་ལ། །ཡེངས་པ་མེད་པར་བློ་གཏད་ནས། །མ་གོམས་བར་དུ་བརྟག་པར་བྱ། །གོམས་ཤིང་དམིགས་པ་གསལ་གྱུར་ནས། །ནུས་པ་ཕྲ་མོ་འབྱིན་ནུས་ན། །གདེང་གིས་ཟིན་པའི་བླ་མ་ཡིས། །ཀུན་བཟང་ལྷུན་གྲུབ་དགོངས་པའི་དོན། །དུས་དེ་ཁོ་ནར་ལུང་ཕོག་ན། །སྙན་ཁུང་བརྒྱུད་པའི་མན་ངག་གིས། །རང་བྱུང་ཡེ་ཤེས་ཤུགས་ལས་འཆར། །མཚན་བཅས་མཚན་མེད་རང་སར་གྲོལ། །ཁྱུང་ཆེན་ནམ་མཁར་ལྡིང་བ་འདྲ། །དེ་ལྟར་མ་ཤེས་རྟོག་མེད་ན། །གང་ཡང་ཆུང་བའི་མཚན་མ་འམ། །བློ་རྩེ་གང་འཕྲོད་དམིགས་པ་ལས། །བལྟས་པས་ཤེས་དང་བརྟགས་པས་ཤེས། །


DNG005_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་ཤེས་དང་བཤར་བས་ཤེས། །གཤུར་བས་ཤེས་དང་ལོག་གནོན་ཤེས། །ཐུན་མོང་ཐབས་ཀྱི་མན་ངག་དྲུག །མང་པོར་བསྒོམ་དང་རང་ཉིད་བསྒོམ། །མཚན་མ་ཅན་ལ་བསྟེན་ནས་ནི། །མཚན་མེད་ཡེ་ཤེས་ཤུགས་ལས་སྐྱེས། །ཟག་བཅས་དག་ལ་བརྟེན་ནས་ནི། །ཟག་མེད་བདེ་ཆེན་ཤུགས་ལས་འབྱུང་། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། རྟོད་ཕུར་གྱི་ལེའུ་སྟེ་དགུ་པའོ།། །དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། རིག་པའི་རྩལ་ནི་རྣམ་གསུམ་སྟེ། །རང་བྱུང་བརྟགས་སྣང་གཉིས་མེད་གསུམ། །མཁའ་ལ་ཉི་ཤར་བྱ་བྱེད་སྤྲེའུ། །ཆུ་དང་འོ་མ་འདྲེས་ལྟར་སྣང་། །གབ་པ་མངོན་ཕྱུང་རྣམ་གསུམ་སྟེ། །རང་གནས་མ་ཤེས་ཡུལ་གྱིས་བསྒྲིབས། །གཉིས་སུ་མེད་དེ་རྣམ་གསུམ་པོ། །དམུས་ལོང་དམིགས་ཕྱེ་མེ་ལོང་དང་། །རིན་ཆེན་འདམ་ནས་ཐོན་ལྟར་སྣང་། །ཆོས་ཉིད་ཟང་ཐལ་རྣམ་གསུམ་སྟེ། །རང་བཞིན་རྩལ་དང་གཉིས་མེད་གསུམ། །ལྷོ་རྨྱུག་གླང་ཆེན་མན་ཤེལ་འདྲ། །ཆོས་ཉིད་གསུམ་ཕྲད་གསུམ་ཉིད་དེ། །རང་བྱུང་རྐྱེན་དང་གཉིས་མེད་གསུམ། །རིན་ཆེན་གསེར་གླིང་ངོ་ཤེས་མི། །རལ་གྲི་ཁ་མང་ལྟ་བུར་སྣང་། །ཅོག་བཞག་རྣམ་གསུམ་ཉིད་ཡིན་ཏེ། །གནས་ལུགས་འབྲས་བུ་ལམ་དང་གསུམ། །ནམ་མཁའ་དང་ནི་རྒྱ་མཚོ་དང་། །བྱ་བ་བཏང་བའི་སྐྱེས་ལྟར་སྣང་། །ཚོལ་བ་རྗེས་མེད་རྣམ་གསུམ་སྟེ། །ནང་དང་ཕྱི་དང་གཉིས་སུ་མེད། །ཁྱི་རྐུན་ནམ་མཁའི་བྱ་ལམ་དང་། །ཆུ་ལ་རལ་གྲི་བཏབ་ལྟར་སྣང་། །དམིགས་པ་རྗེས་མེད་དག་ཀྱང་གསུམ། །ཕྱི་དང་ནང་དང་གཉིས་སུ་མེད། །མ་འདྲིས་ཁང་སྟོང་མིག་ནད་ཅན། །ཆུ་ལ་ཆུ་ཐིམ་ལྟ་བུར་སྣང་། །རྟོད་ཕུར་དག་ཀྱང་རྣམ་གསུམ་སྟེ། །དོན་ཡོད་གང་གསལ་ཞེན་པ་མེད། །བུམ་པ་བདུད་རྩི་བུ་ཆུང་གཟུགས། །ཁྱུང་ཕྲུག་གཤོག་རྫོགས་ལྟ་བུར་སྣང་། །སྣང་སྲིད་འཁོར་འདས་ལམ་པའི་ཆོས། །ཟབ་མོའི་གདམས་ངག་ཇི་སྙེད་པ། །འདི་རུ་མ་འདུས་གང་ཡང་མེད། །ཅེས་


DNG005_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། དབྱེ་ཐབས་འཁོར་ལོའི་མན་ངག་རྒྱ་ཆེ་གྲུབ་མཐའི་ལེའུ་སྟེ་བཅུ་པའོ།། །དེ་ནས་རང་གྲོལ་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། རིག་པ་རྩལ་འབྱོངས་རྣལ་འབྱོར་ལ། །དྲོད་རྟགས་མཐར་ཕྱིན་འདི་ལྟར་འབྱུང་། །ཕྱི་དང་ནང་དང་གསང་བ་གསུམ། །འོད་དང་ཉི་ཤར་ཤེས་པ་འཕྱོ། །ཕྱོགས་རིས་མེད་དང་འདོད་པ་ཆུང་། །འབྲས་བུ་དག་ལ་མི་རེ་ཞིང་། །གཡེངས་པ་བདུད་ལ་ཉམ་ང་མེད། །རིག་པའི་ཆོ་འཕྲུལ་དག་ཏུ་འཆར། །གབ་པ་མངོན་ཕྱུང་མཐར་ཕྱིན་རྟགས། །ཕྱི་ནང་གསང་བ་གསུམ་དུ་འདུས། །ནམ་མཁའི་མཐོང་ཕྱེ་སྙིང་རྗེ་ཆེ། །ཆགས་མེད་བླ་མ་མཆེད་གྲོགས་གདུང་། །དམ་ཚིག་ལ་གནས་ཉེ་རིང་མེད། །སྤྱོད་ཡུལ་གང་ལ་ཞེ་འདོད་མེད། །ཡེ་ཤེས་ཟང་ཐལ་མཐར་ཕྱིན་རྟགས། །ཕྱི་ནང་གསང་བ་གསུམ་དུ་འབྱུང་། །ནམ་མཁར་འགྲོ་དང་ཐོགས་པ་མེད། །ལུས་ཡོད་མི་ཚོར་སྙམ་བྱེད་བྲལ། །སྤྱོད་ཡུལ་གང་ལ་ཡང་འཛིན་མེད་པའོ། །ཐུག་ཕྲད་གོམས་རྟགས་ངོ་ཤེས་ན། །ཕྱི་ནང་གསང་བའི་རྟགས་གསུམ་འབྱུང་། །གང་ལ་ཞུམ་མེད་སྐྱེངས་མེད་དང་། །གཙང་སྨེ་བླང་དོར་སྤང་ལེན་མེད། །ཅེར་མཐོང་ཐུག་ཕྲད་ཡེ་ཤེས་ཤར། །ཅོག་བཞག་ཀློང་གྱུར་མི་རྩོལ་རྟགས། །ཕྱི་དང་ནང་དང་གསང་བ་གསུམ། །རྩོལ་བ་ཆུང་དང་ཁོང་ཁྲོ་མེད། །ལུས་སེམས་རང་ལུགས་སྤྱོད་ཡུལ་བྲལ། །བཙལ་བ་རྗེས་མེད་རྩད་ཆོད་རྟགས། །ཕྱི་ནང་གསང་བ་གསུམ་དུ་འཆར། །རྩོལ་བ་ཆུང་དང་ཞེན་ཆགས་ལོག །སྒོ་གསུམ་ལས་ལ་རྗེས་མེད་འཆར། །དམིགས་པ་རྗེས་མེད་མཐིལ་ཕེབས་རྟགས། །ཕྱི་ནང་གསང་བ་གསུམ་དུ་འཆར། །གང་ལ་ཐིས་མི་འཛུགས་པ་དང་། །སེམས་ལ་གཏད་སོ་མ་རྙེད་ཅིང་། །དབྱེར་མེད་གཟུང་འཛིན་མེད་པར་འཆར། །རྟོད་ཕུར་དམིགས་པ་བརྟན་ཐོབ་རྟགས། །ཕྱི་ནང་གསང་བ་གསུམ་དུ་འཆར། །མེ་ཆུ་རླུང་དང་ཁ་དོག་ལྔ། །


DNG005_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་དང་འཕུར་བ་ཡང་བ་དང་། །སྟན་ལ་མི་སྣང་སྒྲ་མི་ཚོར། །གཉིད་ཆོམས་ཤིག་ནི་མི་ཚོར་དང་། །ཡར་མར་དབུགས་རྒྱུ་མི་ཚོར་དང་། །སྤྱོད་ཡུལ་སྒྱུ་མ་ལྟ་བུར་གསལ། །མཉམ་གཞག་རྗེས་ཐོབ་མེད་པ་དང་། །ཚིག་ཆོད་དག་ཏུ་ངང་གིས་འཆར། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། དྲོད་རྟགས་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། གདམས་ངག་དོན་རྟོགས་གདེང་ལྡན་ན། །དུས་དེ་ཁོ་ནར་འབྲས་བུ་འཐོབ། །སྤྱོད་ཡུལ་རིག་པ་རང་ཤར་ཡིན། །ཤེས་པ་ལྷུག་པ་རང་བྱུང་ཉིད། །ཆགས་མེད་ཕྱོགས་མེད་རང་གྲོལ་ཉིད། །ཞེན་པ་རང་ལོག་ཕྱོགས་རིས་མེད། །རེ་དོགས་མེད་ཅིང་ཕྱོགས་རིས་མེད། །དུ་མ་རོ་གཅིག་འཕེལ་འགྲིབ་མེད། །ལྷུན་གྲུབ་ཕྱག་རྒྱ་ཆེན་པོ་ཉིད། །ད་ལྟ་ཉིད་དུ་འབྲས་བུ་གྲུབ། །དེ་དུས་ཅིར་སྣང་ཡེ་ཤེས་ལ། །ལྷུན་གྲུབ་འགྱུར་མེད་སྐྱེ་བ་མེད། །རང་ཤར་སྤྲུལ་པ་དཔག་མེད་འགྱེད། །ཐམས་ཅད་འབྲས་བུ་རང་ཤར་ན། །ཐམས་ཅད་མཁྱེན་པའི་འབྲས་བུ་ཡིན། །འདྲེ་ལྡོག་སྤྱིའུ་ཚུགས་གར་སོང་ཡང་། །འབྲས་བུ་ཉིད་དེ་མངོན་སངས་རྒྱས། །འཁོར་འདས་དབྱེར་མེད་འབྲས་བུའི་མཆོག །འཁོར་བ་ཉིད་ལ་མྱང་འདས་གསལ། །སྡུག་བསྔལ་བདེ་བར་རང་ཤར་ན། །དོན་གྱི་འབྲས་བུ་སྐྱེ་བ་མེད། །ཅེས་གསུངས་སོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། འབྲས་བུ་མངོན་དུ་ཕྱུང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེ་ཉིད་སྣང་བ་རང་གྲོལ་ཡེ་ཤེས་རང་གསལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་དུས་དེ་ཉིད་ཁོ་ནར་རྡོ་རྗེ་སེམས་དཔའ་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་འཛུམ་པ་མཛད་དེ། རིག་པའི་རྒྱལ་པོ་ལ་བསྟོད་པ། རིག་པའི་རྒྱལ་པོ་སྐྱེ་མེད་ནམ་མཁའི་ཐུགས། །རྡོ་རྗེའི་སྐུ་ལ་འགྱུར་མེད་སྐྱེ་འཇིག་བྲལ། །བྱིན་རླབས་གསུང་གིས་ཚིག་མེད་དོན་ལ་
མཚོན། །འདུ་འབྲལ་མེད་པར་སྐུ་གསུང་ཐུགས་ཀྱི་ངང་། །ཨེ་མ་ཧོ། ཨེ་མ་ཧོ། ཞེས་བརྗོད་པས་རབ་ཏུ་དགྱེས་པར་གྱུར་ཏོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། བསྟོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས་རྡོ་རྗེ་སེམས་དཔའ་ལ་རྒྱུད་དང་མན་ངག་གི་དོན་གཏད་པ། ཀྱེ་ཀྱེ་རིག་པའི་སྐྱེས་བུ་ཆེན་པོས་རྒྱུད་འདི་ཟུང་། །སྒྲ་དང་ཚིག་ཕྱིར་མ་འདྲེངས་དོན་གྱི་གཏེར། །ཡང་དག་དོན་ཆེན་གསང་བའི་རྒྱུད་མཆོག་འདི། །ང་ཡི་ཐུགས་བརྟོལ་དགོངས་པའི་བཅུད་ཕྱུང་ནས། །རྒྱ་མཚོ་ལྟ་བུར་གཏིང་ཟབ་དཔག་དཀའི་དོན། །ཀུན་དང་ཀུན་གྱི་ཐུན་མོང་མ་ཡིན་པས། །ཉིད་ལས་མི་གཞན་ཁྱད་མེད་འཁོར་རྣམས་ལ། །ཁྱབ་པར་སྟོན་ཅིག་སེམས་དཔའ་རྡོ་རྗེ་ཁྱོད། །སྣོད་ལྡན་ལས་འཕྲོ་ཡོད་པའི་གང་ཟག་གམ། །རིག་པ་སྤྱི་བླུགས་ཤར་བའི་གང་ཟག་ལ། །ཐེ་ཚོམ་ཡིད་གཉིས་མེད་པར་མྱུར་དུ་སྟོན། །ཞེས་གསུངས་པས། ཉིད་ལས་མི་གཞན་པའི་འཁོར་ཐམས་ཅད་རྗེས་སུ་ཡི་རང་བར་གྱུར་ཏོ། །ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། རྒྱུད་གཏད་པ་དང་རྗེས་སུ་ཡི་རང་བ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལེའུ་བཅུ་བཞི་པ་རྫོགས་སོ། །ཤྲཱི་སིངྷ་དང་བཻ་རོས་བསྒྱུར་བའོ། །བར་འདིར་རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོ་འཛུད།

རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ།


DNG005_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རནྟ་བ་དེ་ཤ་བི་ཤྭ་ཙཀྲ་ཏནྟྲ་པཤྩི་མ་ནཱ་མ།བོད་སྐད་དུ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་སེམས་དཔའ་རྡོ་རྗེའི་བརྡའ་ཡོངས་སུ་གོ་བའི་དུས་གཅིག་ན། སྟོན་པ་དགའ་རབ་རྡོ་རྗེ་སྤྲུལ་པའི་སྐྱེས་བུ་ཆེན་པོ་དེ་ཉིད་སྐྱེ་འགག་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་ལྟ་བ་རགས་པར་རྟོགས་པའི་འཁོར་དུ་མ་འཁོད་དོ། །སྤྲུལ་པའི་བདག་ཉིད་འཇམ་དཔལ་བཤེས་གཉེན་དང་། རྒྱལ་པོ་དྷ་ན་ཏ་དང་། ཐུ་བོ་རཱ་ཛ་ཧསྡི་དང་། གཞན་ཡང་མཁས་པ་ཉི་ཤུ་རྩ་


DNG005_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་འཁོར་དང་། གཞན་ཡང་ཡེ་ཤེས་དང་ལས་ལས་གྲུབ་པའི་མཁའ་འགྲོ་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཡང་འཇམ་དཔལ་བཤེས་གཉེན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྤྲུལ་པའི་སྐྱེས་ཆེན་དགའ་རབ་རྡོ་རྗེ་ཉིད། །མོས་གུས་དད་པས་འདུན་ཤིང་རང་སེམས་རྟོགས། །ལས་དང་སྐལ་བར་ལྡན་པའི་འཁོར་རྣམས་ལ། །སྡོང་ཆེན་བརྒྱད་ཀྱི་མན་ངག་དོན་བཀྲོལ་བཤད། །ལྷུན་གྲུབ་ལྟ་བའི་གདེང་ལྡན་གདར་ཤ་བཅད། །རང་སེམས་མ་བཅོས་ཆོས་སྐུར་གཏན་ལ་དབབ། །རིག་པའི་རྩལ་དུ་ཆོས་རྣམས་ཐམས་ཅད་བསྡུས། །རྩོལ་བསྒྲུབ་མེད་པའི་ཡེ་ཤེས་ཟང་ཐལ་ལ། །ཐུག་ཕྲད་ངང་དུ་ཆོས་སྐུ་དངོས་སུ་བསྟན། །མ་བཙལ་མ་བསྒྲུབས་འབྲས་བུ་ཅོག་གེ་བཞག །བཙལ་བས་མི་རྙེད་དམིགས་གཏད་མེད་པའི་དོན། །ཉིད་ཀྱིས་བསྟན་པས་འཁོར་རྣམས་མངོན་པར་དགའ། །དབང་པོ་དམན་ཞིང་ཤེས་རབ་ཞན་པ་ལ། །དབང་པོ་ཐད་སོར་སྦྱར་བའི་གདམས་ངག་རྣམས། །དེ་ཉིད་དགྲོལ་ཕྱིར་གདམས་ངག་རིམ་པ་རྣམས། །ཉིད་ཀྱི་དགོངས་པས་མཁྱེན་ལྟར་བཤད་དུ་གསོལ། །ཞེས་ཞུས་པས། དེ་ནས་དགའ་རབ་རྡོ་རྗེས་བཀའ་སྩལ་པ།འཇམ་དཔལ་བཤེས་གཉེན་ཉོན་ཅིག །དབང་པོ་རབ་དང་འབྲིང་གི་དོན། །མཐར་ཐུག་དོན་དུ་ང་ཡིས་བསྟན། །བློ་ངན་ཤེས་རབ་ཞན་པ་ལ། །ཕན་གདགས་གྲོལ་བའི་མན་ངག་དང་། །རོ་སྙོམས་ཟག་བཅས་གདམས་ངག་དང་། །དེ་ལ་བརྟེན་འབྱུང་ཟག་མེད་ཀྱི། །གདམས་ངག་ཅི་གསུངས་ངས་བཤད་ཀྱིས། །འཇམ་དཔལ་བཤེས་གཉེན་གཟུང་བར་གྱིས། །ཞེས་གསུངས་ནས། རོ་སྙོམས་བདེ་བ་དང་ཐིག་ལེ་འཁྱིལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། གླེང་གཞི་ཞུ་བ་དང་བཅས་པའི་ལེའུ་སྟེ་དང་པོའོ།། །དེ་ནས་དགའ་རབ་རྡོ་རྗེ་ཞེས་བྱ་བ་དེས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་


DNG005_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བརྡའ་འམ་བྱིན་གྱིས་བརླབ་ཀྱི་ཚུལ་གྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་དག་བློ་ངན་ཤེས་ཆུང་གིས། །མཚན་མ་ཅན་ལ་བརྟེན་ནས་ནི། །མཚན་མེད་ཡེ་ཤེས་འཆར་བ་ཡིན། །མཚན་མ་དག་ཀྱང་ལྔ་ཡིན་ཏེ། །རླུང་དང་ཁ་སྦྱོར་བདེ་བ་དང་། །སྐུ་ཚད་ཡིག་འབྲུའི་མཚན་མ་དང་། །གང་འཕྲོད་སྤྱོད་ཡུལ་མཐའ་དག་ཡིན། །དང་པོ་རླུང་བསྒོམ་མན་ངག་ནི། །རྣམ་པ་བདུན་དུ་ཤེས་པར་བྱ། །གཟུང་དང་བཅིང་དང་སྦྱང་དང་སྤང་། །གཡས་གཡོན་སྤོ་དང་དྷཱུ་ཏིར་གཞུག །མཐར་ཕྱིན་དག་དང་རྣམ་པ་བདུན། །འབྱུང་དང་འཇུག་དང་གནས་པ་གསུམ། །ཧཱུྃ་དང་ཨོཾ་དང་ཨཱཿགསུམ་ནི། །བསྒོམ་པ་ཡང་ནི་དེ་ལྟར་བྱ། །རླུང་གི་དེ་ཉིད་བདག་ཉིད་དེ། །སྔགས་ཀྱི་དེ་ཉིད་དག་དང་གསུམ། །རྟོགས་ནས་རང་སེམས་གཟུང་བར་བྱ། །རླུང་ལ་སེམས་འཛིན་བྱེད་པའི་ཚེ། །ཐུན་བཞིར་བཅད་ལ་བསྒོམ་པར་བྱ། །སྣ་སྒོ་དག་གི་བུ་གར་ནི། །རླུང་ནི་ཕར་འགྲོ་ཚུར་འོང་བར། །དེ་ཙམ་གཅིག་ལ་གཏད་ལ་བསྒོམ། །དེ་ལ་སེམས་ནི་ཟིན་གྱུར་ན། །ཁ་དོག་གཅིག་ལ་བསླབ་པ་ནི། །དཀར་པོ་དར་གྱི་སྐུད་པ་ཙམ། །སྙིང་ག་རུ་ནི་བྱུང་ནས་ཀྱང་། །ཕྱི་རོལ་སོར་བརྒྱད་ཙམ་གྱི་བར། །དེ་ལ་སེམས་ནི་ཟིན་གྱུར་ན། །ལྟེ་བ་ཡི་ནི་ཕྱི་རོལ་གྱི། །སོར་ནི་བཅུ་དྲུག་དག་ཏུ་བསྒོམ། །ཁ་དོག་ལྔ་ལ་བསླབ་པ་ཡང་། །ཤིན་ཏུ་ཕྲ་བ་དེ་བཞིན་བསླབ། །ཁོང་པ་ཁེངས་པར་བསྒོམ་པ་ཡང་། །ཁོང་པའི་ནང་དུ་འཇུག་ཙམ་ན། །སྦུད་པ་ཁེངས་པའི་ཚུལ་དུ་བསྒོམ། །རླུང་ནི་ཕར་འགྲོའི་དུས་ཙམ་ན། །སྦུད་པ་སྟོང་པ་བཞིན་དུ་བསྒོམ། །རང་སེམས་གང་ལ་མི་འཕྲོ་བར། །རླུང་ལ་ཆགས་པར་གྱུར་པ་ན། །རླུང་ལ་སེམས་ནི་ཟིན་པའི་རྟགས། །རླུང་ནི་སྦྱང་བའི་རིམ་པ་ཡང་། །ཁ་དོག་ཕྲ་ཚད་སྤངས་ནས་ཀྱང་། །ཕྱི་ནང་འབྱུང་འཇུག་རྣམ་གསུམ་པོ། །ཨོཾ་དང་ཨཱཿདང་ཧཱུཾ་གསུམ་གྱིས། །སྒྲ་སྤྱིའི་རྣམ་པ་དག་ལ་བརྟེན། །འབྱུང་འཇུག་བྱེད་པ་རང་ཤུགས་ལས། །མ་བཅོས་པ་རུ་བསྒོམ་པ་ཡིན། །དང་པོར་ཐུན་བཞིར་བཅད་ལ་བསྒོམ། །


DNG005_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐུན་གྱི་ཁུག་པར་བསྐྱེད། །མཇུག་ཏུ་ཉིན་མཚན་བསྐྱང་ལ་བསྒོམ། །དེ་ཡང་འབྱོངས་པའི་རྟགས་རྣམས་ནི། །ཡང་བཟོར་ཆེ་ཞིང་ལུས་པོ་ཡང་། །ཇི་ཙམ་བཀག་ཀྱང་ན་ཚ་མེད། །སྟེང་རླུང་འོག་རླུང་འདྲོངས་ཙམ་ན། །འོག་རླུང་སྟེང་དུ་འདྲོངས་པ་ཡིན། །ཕྲ་བ་ཡང་ནི་རྩ་བར་འདྲོངས། །རྩ་བའི་རླུང་ཡང་ཕྲ་བར་འདྲོངས། །དེ་ནི་རླུང་གི་འབྱོངས་རྟགས་ཡིན། །རླུང་རྣམས་བཅིངས་པའི་མན་ངག་ཀྱང་། །རྣམ་གསུམ་དག་ཏུ་ཤེས་པར་བྱ། །བུམ་པ་ཆེ་འབྲིང་རྣམ་གསུམ་མོ། །ཐ་མ་རབ་ཀྱི་མན་ངག་ཀྱང་། །སྟན་བདེའི་གཞི་ལ་འདུག་ནས་ཀྱང་། །ལུས་བསྲང་སྐྱིལ་ཀྲུང་བཅས་ནས་ཀྱང་། །མ་ཡེངས་མིག་ནི་སྣ་རྩེར་གཏད། །དབུགས་ནི་ནང་དུ་བསྡམས་བྱས་ནས། །ལག་པའི་མཐིལ་གྱིས་པུས་མོ་བསྐོར། །སེ་གོལ་རེ་རེ་བརྡབ་པ་ནི། །བརྒྱ་རྩ་བརྒྱད་ཀྱི་བར་དུའོ། །བདུན་ཅུ་རྩ་གཉིས་བུམ་པ་འབྲིང་། །སུམ་ཅུ་རྩ་གཉིས་དྲུག་ཀྱང་བུམ་པ་ཐ། །བུམ་པ་ཅན་ནི་དེ་ལྟར་བསླབ། །བཙན་ཐབས་དག་གི་མན་ངག་ནི། །མགྲིན་པ་ཐིག་ལེས་བཀག་བྱས་ཏེ། །ལུས་ནི་སྐྱིལ་མོ་ཀྲུང་བཅས་ཏེ། །ཨོལ་མདུད་ཨོག་མས་བཀག་ནས་ནི། །དབུགས་ནི་ཐུབ་ཚད་བསྡམ་པར་བྱ། །ཡང་ན་གཡས་སུ་གཅུ་བར་བྱ། །ཡང་ན་ཨན་ཏོང་ལྟག་པས་མནན། །ཡང་ན་གཡོན་དུ་གཅུ་བར་བྱ། །སེམས་ཀྱིས་ཐུབ་ཚད་དག་ཏུ་བསྡམ། །སྟོང་ཉིད་བསྒོམས་པས་རླུང་ནད་ནི། །རང་བཞིན་དག་ཏུ་འགྲོ་བ་ཡིན། །དེས་ནི་བདེ་བ་འབད་མེད་འབྱུང་། །རླུང་རྣམས་སྦར་བའི་མན་ངག་ཀྱང་། །ཨ་ལོང་རླུང་གི་ཡང་དག་གི་དཀྱིལ་འཁོར་ཡིན། །དེ་ནི་ཡང་འབྱེད་ཡང་འཛུམ་བྱས། །འདོད་ཆགས་མེ་ནི་འབར་བར་འགྱུར། །སྟེང་རླུང་མནན་ཅིང་འོག་རླུང་སྦར། །རྩ་ཡི་ནང་དུ་སོང་བ་ཡིས། །བྱང་སེམས་ཞུ་ནས་འབྱོངས་པར་འགྱུར། །གཡས་གཡོན་སྤོ་བའི་མན་ངག་ཀྱང་། །ཧ་སྟས་ནུ་མ་གཅུད་ལ་བོར། །གང་གིས་བོར་བ་དེ་རུ་འཕོ། །མོད་དུ་འོང་བས་མན་ངག་ཆེ། །འཕོས་ནས་འཆི་བ་བསླང་བ་སྟེ། །འགགས་ན་ཡང་ནི་རྣམ་པ་ཡིན། །དྷཱུ་ཏིར་གཞུག་པའི་མན་ངག་ཀྱང་། །སྐྱིལ་མོ་ཀྲུང་བཅས་ལག་པ་བསྐོར། །ཁ་


DNG005_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཅུང་ཟད་གདངས་ནས་ཀྱང་། །སྲོག་པ་རྩ་ཡི་ནང་ནས་ཀྱང་། །ཨ་ཝ་དྷཱུ་ཏི་ཞེས་བྱ་བ། །ཤིན་ཏུ་ཕྲ་བ་པད་སྣལ་འདྲ། །སྒལ་ཚིགས་ལ་བརྟེན་དྷཱུ་ཏིའི་དང་། །དཀར་ནི་ལམ་གྱིས་འོང་བར་བསམ། །ནང་དུ་འཇུག་པར་གྱུར་བ་ཡང་། །དབུགས་ནི་དེ་ལ་འོང་བར་བསམ། །ཡུད་ཙམ་ནང་དུ་འཐེན་པར་བསམ། །གལ་ཏེ་ཆུད་པར་གྱུར་པ་ན། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །རྩ་ཡི་གཡས་དང་གཡོན་ཤེས་པ། །རྣམ་པར་རྟོག་པའི་ལམ་ཡིན་ནོ། །ཨ་ཝ་དྷཱུ་ཏི་ཞེས་བྱ་བ། །མི་རྟོག་ཡེ་ཤེས་ལམ་ཡང་ཡིན། །དེ་ནི་དབང་དུ་འདུས་གྱུར་ཚད། །རྣམ་གསུམ་དག་ཏུ་ཤེས་བྱ་སྟེ། །ཐ་མ་འབྲིང་དང་རབ་ཡིན་ནོ། །བརྩོན་དང་ཡང་དང་མགྱོགས་པ་ནི། །ཐ་མ་དག་གི་ཚད་དུ་ཤེས། །ཅི་ཙམ་བཀག་ཀྱང་ནད་མེད་དང་། །སྟེང་འོག་སྤོ་དང་གར་འདོད་འདྲོངས། །དབང་འདུས་འབྲིང་གི་ཚད་དུ་ཤེས། །གཡང་ལྷུང་ཆུས་ཁྱེར་འབྱུང་བའི་དགྲས། །ཚེ་ཡི་འདུ་བྱེད་མི་ནུས་པ། །རབ་ཏུ་གྱུར་པའི་རྟགས་ཡིན་ནོ། །དེ་ལྟར་དེ་གསལ་ཤུགས་དག་ལས། །སྟོང་ཉིད་གོམས་ཤིང་ཡེ་ཤེས་གསལ། །ཇེ་གསལ་ཇེ་རིག་འབྱུང་བ་ལས། །མི་རྟོག་ཡེ་ཤེས་ཤུགས་ལས་འཆར། །ཞེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལས། རིག་པ་རླུང་ལ་གཏང་བའི་ལེའུ་སྟེ་གཉིས་པའོ།། །དེ་ནས་སྤྲུལ་པའི་སྐྱེས་བུ་དགའ་རབ་རྡོ་རྗེ་དེས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དབང་པོ་དམན་པའི་གང་ཟག་གིས། །ཅིག་ཅར་ཐོད་རྒལ་མ་གོ་སྟེ། །རིམ་གྱིས་རེ་བ་བསྒོམ་པ་ན། །མི་མོ་ལ་བརྟེན་འོད་རིག་དང་། །མཚན་དང་ལྡན་པའི་མི་མོ་ལ། །བརྟེན་པའི་གདམས་ངག་ལྔ་ཡིན་ཏེ། །ཚོགས་དང་གཏད་དང་བཟུང་བ་དང་། །རིམ་གྱིས་སེམས་བཟུང་སྤང་ཐབས་སོ། །ཚོགས་པ་གནས་ཞེས་བྱ་བ་ནི། །ཟླ་བ་ཕྱེད་དམ་ཟླ་བ་གཅིག །ལུག་གཞོན་ཤ་དང་ཆང་ཞིམ་པོ། །མི་མང་རན་པར་བཟའ་བཏུང་བྱ། །ནས་ཟན་ཤ་དག་བཙོས་པ་དང་། །


DNG005_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ད་བྱིད་ལྟོ་སྟོང་དག་ལ་གཏང་། །ཤ་ཆེན་ཆུ་སེར་ཕོག་གཅིག་གདོན། །བ་དམར་མོ་ཡི་འོ་མར་བཙོས་པ་ལ། །ཤིང་ཀུན་དག་གི་འོ་མ་ལ། །ཚ་བ་གསུམ་དང་ཡ་བ་ཡི། །ཆང་དང་སྦྱར་ཏེ་ཁ་སྤང་བྱ། །དེ་བཞིན་ཟོས་ན་བྱང་སེམས་རྒྱས། །འ་མོ་ཤག་དང་མུ་ཟི་སོགས། །བཅུད་ལེན་དག་ནི་ཐམས་ཅད་ཀྱང་། །བདེ་བ་འཕེལ་བར་བྱེད་པ་སྟེ། །དཀར་གསུམ་ཞོ་དཀྲུགས་ལ་སོགས་པ། །ཤུ་ཀྲ་རྒྱས་པའི་ཐབས་མཆོག་སྟེ། །བཟུང་བ་དབང་ནི་གསུམ་པ་སྟེ། །བླ་མས་ལག་པར་གཏད་པ་ནི། །གཏད་པ་ཤེས་རབ་མ་དེར་ནི། །ཚིག་ཀྱང་རབ་ཏུ་བརྗོད་པའོ། །བཟུང་བ་དེ་ཡི་ལམ་ཡིན་ནོ། །རིམ་གྱིས་སེམས་བཟུང་མན་ངག་ཀྱང་། །གནས་ནི་དབེན་སར་ཕྱིན་ནས་ཀྱང་། །ཤིན་ཏུ་མཛེས་པའི་གཟུངས་དག་ལ། །ཆགས་ཤིང་ཆགས་པའི་ལྟ་བས་བལྟ། །དེས་ནི་བདེ་བ་སྐྱེ་བར་འགྱུར། །ཚད་དུ་སྐྱོལ་ན་གཞན་མི་བྱ། །སྐྱེད་མེད་བདེ་བ་ཞན་གྱུར་ན། །ནུ་མ་ཡན་ཆད་བལྟ་བར་བྱ། །དེས་ཀྱང་ཞན་ན་པདྨ་སོགས། །ལུས་རྣམས་ཐམས་ཅད་བལྟ་བར་བྱ། །སེམས་ནི་ཟིན་ནས་སྐྱེད་མེད་ན། །རྟ་བོང་ལ་སོགས་འཁྲིགས་པའི་གཏམ། །སྒྲ་ལ་བརྟེན་ཏེ་སེམས་ནི་བཟུང་། །དེ་ལ་བདེ་བ་སྐྱེད་མེད་ན། །ལུས་ལ་དྲི་བཟང་དག་གིས་གདབ། །སེམས་ནི་དྲི་མ་དག་ལ་གཟུང་བར་བྱ། །མཆོག་ཏུ་བདེ་བ་སྐྱེས་གྱུར་ཀྱང་། །ཚད་དུ་སྐྱོལ་བར་མ་གྱུར་ན། །བདེ་བ་རེག་བྱ་ཉིད་ལ་བསླབ། །བུད་མེད་ཤེས་རབ་མ་དེ་ཡི། །སྟོད་སྨད་སྐེད་པར་འཁྱུད་པར་བྱ། །རྐེད་ནས་ལག་པས་དམ་དུ་འཁྱུད། །སེན་མོས་རྐེད་སྐབས་དག་ཏུ་གདབ། །དེ་ལྟར་བྱས་པས་བདེ་བ་སྐྱེ། །དབང་པོའི་སྒོ་ནི་མི་སྤྲད་པར། །སེམས་ནི་དེ་ལ་གཟུང་བར་བྱ། །དེ་ནས་རོ་སྨད་དག་ལ་བསླབ། །རྡོ་རྗེ་པདྨ་རེག་རེག་བྱ། །རིམ་གྱིས་དེ་ལྟར་བྱས་པ་ཡིས། །བདེ་བ་ཇེ་འཕེལ་ཇེ་འཕེལ་འགྱུར། །དེས་ཀྱང་མ་ཟིན་སྐྱེད་མེད་ན། །དེ་ནས་དབང་པོའི་སྒོ་སྤྲད་དེ། །ཤེས་རབ་གསང་བ་རྣོ་བ་དང་། །རྡོ་རྗེའི་ཁ་ནི་ཆེ་བ་དང་། །ནང་དུ་སྙོམས་འཇུག་འོང་བ་སྟེ། །


DNG005_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་པར་གསང་རྩ་ཆུད་པ་ནི། །བདེ་བ་རྒྱས་ན་ཉིན་མཚན་འོང་། །ལག་གསང་རྩར་ནི་མ་ཆུད་ན། །གན་རྐྱལ་ཉལ་ཏེ་ཚང་ར་རུ། །སྤོད་རྐྱང་ཁྲུ་གང་ཙམ་བཅུག་ལ། །མཁལ་མར་དར་གྱི་ཕོ་ལོང་གཞུག །གསང་མཚན་ཚིལ་བུས་དཀྲིས་པ་ནི། །ཕྱི་གཤག་ཨ་ལོང་ཁ་རུ་གཞུག །དེས་ནི་ཕྱི་སྒོར་རྩ་དག་འོང་། །ཁ་སྦོལ་དག་ཏུ་གྱུར་པ་ན། །པདྨའི་རྩ་བ་འགུལ་བར་བྱ། །འཕྲང་འགྱུར་རྡོ་རྗེའི་བུམ་པར་གཞུག །ནང་དུ་དེ་ལྟར་འགྲོགས་ལ་བཏང་། །རྡོ་རྗེ་ནང་དུ་སོང་བ་བཞིན། །ཕྱི་མའི་བཤད་ནི་ཕྱི་རུ་འཐེན། །དེ་ནས་བསྒུལ་ཞིང་བསྐྱོད་པ་ནི། །དལ་བུས་བྱ་ཞིང་སྤྱོད་པ་གཟབ། །བདེ་བ་མི་བཟོད་བསྒུལ་བསྐྱོད་བཤོལ། །བདེ་བ་ཆུང་ན་བསྒུལ་བསྐྱོད་བྱའོ། །དེ་ལྟར་བྱས་པར་གྱུར་པ་ན། །བདེ་བ་ལ་ནི་སེམས་ཟིན་འགྱུར། །ཤིན་ཏུ་རིང་བའི་གསང་རྩ་ནི། །རྐེད་པ་བརྐྱངས་ལ་སྦྱོར་བར་བྱ། །གསང་རྩ་ཞན་ཅིང་ཞ་གྱུར་ན། །ཁྱུང་ལྡིང་དག་གི་སྦྱོར་བ་བྱ། །ཤེས་རབ་མ་ཡི་རྟིང་པ་གཉིས། །སྐྱེས་པའི་ཕྲག་གོང་གཉིས་ལ་བཀལ། །རྡོ་རྗེ་བཅུག་སྟེ་བསྐྱོད་པར་བྱ། །རྩ་ནི་བརྡུངས་པས་བདེ་བ་སྐྱེ། །གཡས་སུ་ཞ་ན་གཡོན་ནས་སྦྱོར་བར་བྱ། །མདུན་དུ་ཞ་ན་རྒྱབ་ནས་སྦྱོར། །རྩ་ཉིད་གལ་ཏེ་མ་རྙེད་ཀྱང་། །སྟེང་རླུང་མནན་ཅིང་འོག་རླུང་བསྐུལ། །སེམས་བཟུང་དལ་བུས་སྐྱོད་པར་བྱེད། །བདེ་བ་སྐྱེས་ནས་བསྐྱོད་པ་བཤོལ། །ཆུང་ན་དུམ་རེ་དུམ་རེ་བསྐྱེད། །བདེ་བ་ཚད་དུ་སྐྱོལ་ནས་ནི། །བསྒུལ་བ་དེ་ནི་སྤང་བར་བྱ། །འོ་ཙམ་གྱིས་ནི་བདེ་བ་སྐྱེ། །འོ་བྱ་ལ་སོགས་སྤང་བར་བྱའོ། །དྲི་ཡིས་ཚངས་སྐྱོལ་འཁྱུད་པ་ཡང་། །བལྟས་པའི་སྐྱོན་སྒྲ་ཡང་ཡང་བྱ། །བལྟ་བ་ཡངས་ཤིང་དྲན་པ་ཙམ། །དྲན་པ་ཉིད་ཀྱིས་ཚད་སྐྱོལ་ན། །སྒྲོག་གི་སྒྲ་ཡང་ཡང་བྱས་ཏེ། །བདེ་བ་སེམས་ལ་ཁེལ་དུས་སུ། །ཅི་མཐོང་ཐམས་ཅད་བདེ་བར་མཐོང་། །བདེ་བའི་ཡེ་ཤེས་ཁེལ་ཙམ་ན། །རང་བྱུང་ཡེ་ཤེས་རང་རྟོགས་འཆར། །ཞེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་


DNG005_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་རྒྱུད་ཕྱི་མ་ལས།) རིག་པ་བདེ་བ་ལ་གཏོད་པའི་ལེའུ་སྟེ་གསུམ་པའོ།། །དེ་ནས་དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། དབང་པོ་དམན་པའི་གང་ཟག་གིས། །སྐུ་ཚད་དག་ལ་བསླབ་བྱ་སྟེ། །བདག་གི་མདུན་གྱི་ནམ་མཁའ་ལ། །ཕར་འཕེན་གང་གིས་ཐད་སོ་རུ། །སེམས་དཔའ་རྡོ་རྗེ་ཆེན་གང་བ། །རྣམ་པར་སྣང་མཛད་དག་ཀྱང་རུང་། །མོས་པའི་གཟུགས་སྐུ་གང་ཡིན་པ། །དཀར་རམ་སེར་རམ་དམར་ཀྱང་རུང་། །ཁ་དོག་གསལ་ཞིང་འཚེར་བ་ལ། །སྐུ་སྟོད་དར་དཀར་བྲོག་ཞུ་ཅན། །སྐུ་སྨད་ཚི་གུའི་ཤམ་ཐབས་ཅན། །རྡོ་རྗེ་དྲིལ་བུའི་ཕྱག་མཚན་ནམ། །རང་གི་ཕྱག་མཚན་གང་ཡིན་པ། །གདན་ལ་བཞུགས་ཤིང་གསལ་བར་བསྒོམ། །ཡང་ན་རང་ཉིད་དེ་ལྟར་བསྒོམ། །དེ་གསལ་མ་བཏང་ཡུན་བསྲིངས་ནས། །ཤེས་པ་གཟིར་ཞིང་གཅུན་ནས་ཀྱང་། །གསལ་བར་དམིགས་ཤིང་ནན་ཏན་བྱ། །མ་གསལ་ཐབས་ཀྱི་མན་ངག་དྲུག །གནས་སྐབས་སྦྱར་ཞིང་གཏང་བར་བྱ། །དེ་ལྟར་སེམས་ནི་ཟིན་གྱུར་ན། །བརྟན་པར་གྱུར་པའི་དྲོད་དག་ནི། །ཇི་ལྟར་བསྒོམས་པས་གསལ་གྱུར་ན། །མཚན་མ་གཞན་གྱིས་རྟོག་མེད་ན། །མི་རྟོག་པ་ལ་གཞག་པར་བྱ། །ཡང་ན་གང་ཡང་རུང་བ་ཡིས། །དཀྱིལ་འཁོར་གཙོ་དང་སྤྲུལ་ཚོགས་དང་། །འཁོར་ལོའི་ཆ་བྱད་གང་མོས་པ། །གཅིག་དང་མང་པོ་གང་མོས་ལ། །དམིགས་ཤིང་བསླབ་པ་གོང་དང་འདྲ། །ཡང་ན་གཞུང་ནས་བྱུང་བ་ཡི། །མཚན་རྟགས་སྐུ་ཚད་ཐམས་ཅད་དང་། །དངོས་སུ་སྣང་དང་མི་སྣང་བའི། །གང་མོས་དག་ལ་བསླབ་པ་ཡིན། །ཞེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། མཚན་རྟགས་སྐུ་ཚད་ལ་རིག་པ་གཏད་པའི་ལེའུ་སྟེ་བཞི་པའོ།། །དེ་ནས་སྟོན་པ་དགའ་རབ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་ངན་


DNG005_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཆུང་བ་ཡིས། །ཡིག་འབྲུ་དག་ལ་བསླབ་བྱ་སྟེ། །ཀ་ཁ་བཞི་བཅུ་རྩ་གཉིས་ལ། །གང་འཕྲོད་སྔོན་དུ་བལྟ་ཞིང་བསྒོམ། །ཡང་ན་རང་གི་སྙིང་ག་རུ། །ཡི་གེ་ཨ་གཅིག་གསལ་བར་བསྒོམ། །དེ་ལ་མ་བཏང་ཡུན་བསྲིངས་པས། །བརྟན་པར་གྱུར་པའི་དྲོད་ཚད་ནི། །ཕྱི་ནང་རྣམ་རྟོག་མ་འགྱུས་པར། །ཡི་གེ་དངོས་པོ་གསལ་གྱུར་ན། །མི་རྟོག་པ་ལ་གཞག་པར་བྱའོ། །ཡང་ན་དོན་གྱི་ཡི་གེ་ལ། །འདི་ལྟར་གསལ་ཞིང་བསྒོམ་པར་བྱའོ། །ཧཱུཾ་ནི་ཁ་དོག་སྔོན་པོ་གཅིག །དབུགས་ཀྱི་སྣ་ལ་ཕྱིར་འབྱུང་བསམ། །དེ་ཡང་བདེ་ཆེན་རྣམ་པར་གསལ། །ཨོཾ་ནི་ཁ་དོག་དཀར་པོ་གཅིག །ནང་དུ་འགྲོ་བའི་སྣ་ལ་བསྒོམ། །དེ་ཡང་བདེ་བའི་རྣམ་པར་གསལ། །ཡང་ན་འདི་ལྟར་གསལ་བར་བྱ། །སྙིང་གར་པདྨ་འདབ་བཞི་ཡི། །ཟེ་འབྲུ་ཨ་དང་བཅས་པ་ལ། །འཕྲོ་འདུ་བྱ་ཞིང་བདེ་བར་གསལ། །སེམས་ནི་མ་ཟིན་བར་དུ་གཏད། །ཟིན་ནས་མི་རྟོག་དོན་ལ་སྦྱར། །ཡང་ན་རང་ཉིད་གང་མོས་པའི། །སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་འམ། །རྒྱ་གར་རྒྱ་ནག་ཡི་གེ་རུ། །བཞི་བཅུ་རྩ་གཉིས་བྱེ་བྲག་ལ། །དངོས་སུ་གསལ་དང་ཡིད་ལ་ཆགས། །མི་གཏང་སེམས་ནི་གཏད་གྱུར་ན། །ཤུགས་ལས་རང་བྱུང་ཡེ་ཤེས་འཆར། །ཞེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། གསུང་ཡིག་འབྲུ་ལ་སེམས་བཟུང་བའི་ལེའུ་སྟེ་ལྔ་པའོ།། །དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཞེས་བྱ་བ་དེས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་ངན་ཤེས་རབ་ཆུང་བ་ཡིས། །ལྷུན་གྲུབ་དོན་ལ་སྦྱོར་འདོད་ན། །སེམས་ཀྱི་སྐྱེ་བ་ངེས་མེད་ཡིན། །བདེ་དང་སྡུག་བསྔལ་བཏང་སྙོམས་དང་། །མི་མཐུན་ཕྱོགས་དང་དགེ་སྡིག་དང་། །ཕྱོགས་མཐུན་ཕྱི་ནང་སྤྱོད་ཡུལ་དང་། །དབང་པོ་ལྔ་དང་ཡུལ་དུས་དང་། །སྐྱེ་མཆེད་ཡུལ་དུ་གང་ཤར་བར། །བརྟེན་ནས་ཡེ་ཤེས་འཆར་དུ་


DNG005_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

རུང་། །མི་དགེ་བཅུ་དང་མཚམས་མེད་ལྔ། །དུག་ལྔ་དུག་གསུམ་རྟོག་པའི་ཚོགས། །དགེ་དང་མི་དགེའི་སྤྱོད་ཡུལ་ལ། །བརྟེན་ནས་ཡེ་ཤེས་འཆར་དུ་རུང་། །འདོད་ཡོན་ལྔ་དང་རྒྱན་ལྔ་དང་། །དགེ་བཅུ་ཕ་རོལ་ཕྱིན་བཅུ་དང་། །ཚད་མེད་བཞི་དང་ཕྲིན་ལས་བཞི། །ཆོས་དང་མཐུན་པའི་སྤྱོད་ཡུལ་ལ། །བརྟེན་ནས་ཡེ་ཤེས་འཆར་དུ་རུང་། །སྐྱེ་བོ་ཕལ་པའི་སྤྱོད་པ་དང་། །མདོར་ན་མུ་སྟེགས་རྟག་ཆད་དང་། །བྱིས་པའི་སྤྱོད་ཡུལ་ངེས་མེད་དང་། །ལུས་ངག་ཡིད་གསུམ་སྒོ་གསུམ་གྱི། །གང་ཡང་རུང་བའི་སྤྱོད་ཡུལ་ལ། །གང་འཕྲོད་གང་མོས་བློ་གཏད་ནས། །མ་བཏང་ཡུན་བསྲིངས་གསལ་བསྒོམས་པས། །བརྟན་པ་ཐོབ་ནས་ཡེ་ཤེས་འཆར། །ཏིང་འཛིན་མ་གསལ་སྐྱེད་མེད་ན། །ཐུན་མོང་ཐབས་ཀྱི་མན་ངག་དྲུག །ཅི་ལྟར་འབྱུང་བཞིན་བསྟན་པར་བྱ། །དེས་ནི་རང་བྱུང་ཡེ་ཤེས་འཆར། །ཞེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། ཚོགས་དྲུག་ཡུལ་དུ་གཏོད་པའི་ལེའུ་སྟེ་དྲུག་པའོ།། །དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཚན་མ་བསྒོམ་པའི་རྣལ་འབྱོར་ལ། །སྤྱི་སྐྱོན་ཁྱད་པར་སྐྱོན་དག་དང་། །བྱིང་རྒོད་རྩོལ་དང་མི་རྩོལ་དང་། །བྱིང་རྨུགས་འཛིན་ཆགས་ཐེར་ཟུག་དང་། །ཕྱལ་པ་དག་གི་སྐྱོན་རྣམས་དང་། །གཡེང་བ་རྣམ་པ་དྲུག་རྣམས་ནི། །རང་བཞིན་ནང་དང་མཚན་མ་དང་། །ཕྱི་རོལ་ཡུལ་ལ་བྱེད་པ་དང་། །གནས་ངན་ལེན་གྱི་གཡེང་བའོ། །བར་དུ་གཅོད་པའི་རྐྱེན་རྣམས་ཀྱང་། །ལེ་ལོ་བྱ་བ་མང་བ་དང་། །རྒོད་དང་གཡེངས་དང་རྨུགས་པ་དང་། །འདོད་ཆེ་གཉིད་དང་རེ་བ་མང་། །དོགས་ཆེ་ཐེ་ཚོམ་ཟ་བ་དང་། །ནང་དུ་སྡུད་དང་ཕྱིར་འཕྲོ་དང་། །སྤྱོད་པར་དགའ་དང་སེམས་བྱུང་རྐྱེན། །ཅ་ཅོར་དགའ་ཞིང་ཡིད་འཁྲུགས་པའོ། །ཆེད་དུ་བྱས་པའི་སྒྲིབ་པ་ནི། །སེམས་མི་གཡོ་དང་གསལ་སྙམ་བྱེད། །བདེ་བ་སྙམ་བྱེད་སྡུག་བསྔལ་སྙམ། །སྐྱེ་དང་གསལ་དང་འབྱིན་པ་དང་། །ངར་འཛིན་གཞན་ལྟ་


DNG005_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་དུ་གསོད། །རང་གི་ལྷ་བསྒོམ་བསྙེམས་པའོ། །དེ་རྣམས་གཉེན་པོའི་རྩོལ་བས་གཞོམ། །མཚན་བཅས་མཚན་མེད་བསྒོམ་པ་ལ། །རབ་རིབ་ཆོད་དང་སྐུ་ཚད་འགྱུར། །ཆ་ལུགས་འགྱུར་དང་དབྱིབས་འགྱུར་དང་། །གྲངས་འགྱུར་བཞུགས་ཚུལ་འགྱུར་བ་དང་། །ཁ་དོག་མི་སྣང་རིམ་པ་ནུབ། །མ་རྫོགས་སྐྱོན་དང་དགུ་རུ་ཤེས། །སྐྱོན་རྣམས་བཅོས་ཏེ་བརྟན་བྱ་བ། །སྤྱི་སྐྱོན་སྤང་བའི་འདུ་བྱེད་བརྒྱད། །སྒོས་སྐྱོན་སོ་སོའི་གཉེན་པོས་གཞོམ། །ཐུན་མོང་མན་ངག་རྣམ་དྲུག་གིས། །སྐྱོན་རྣམས་བཅོས་ཏེ་བརྟན་པར་བྱ། །ཞེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། བསྒོམ་སྐྱོན་ངོས་བཟུང་ཞིང་གཞོམ་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། མཚན་མ་ལ་བརྟེན་རྣལ་འབྱོར་བས། །སྐྱོན་བཅོས་ཡུན་རིང་བསྒོམ་པ་ཡང་། །དེ་ལྟར་གསལ་ཐོབ་ཡུན་རིང་བརྟན། །བཟླས་བརྗོད་ཐུན་ཚོད་དག་ཏུ་དབྱེ། །ནང་དུ་ཐུན་ཚོད་དབུགས་ལ་བརྩི། །ཕྱི་ཡི་དབྱུག་གུས་བརྩི་བ་དང་། །གྲིབ་མ་གྲངས་ཀྱིས་བརྩི་བ་དང་། །དེ་ལ་ཉིན་ཞག་ཕྲུགས་གཅིག་ལ། །ཐུན་ཚོད་དག་ནི་བརྒྱད་དུ་འབྱུང་། །བཞི་བཞི་དག་ཏུ་མཉམ་པ་ནི། །ཉིན་མཚན་རིང་ཐུང་མཉམ་པའི་དུས། །རིང་ཐུང་ཅན་གྱི་ཐུན་ཚོད་ནི། །ཉི་མ་རིང་ན་ཉི་མ་ལ། །ཐུན་ཚད་དག་ཏུ་གཟུང་བར་བྱ། །མཚན་མོ་རིང་ན་མཚན་མོ་ལ། །ཐུན་ཚོད་དག་ནི་མང་བར་བརྩི། །དེ་ལ་ཐུན་གྲངས་དགོས་པ་ནི། །ཁམས་མི་འཁྲུགས་དང་བསྒོམ་ཚོད་ཟིན། །ཡིད་མི་འཁྲུགས་དང་ཏིང་འཛིན་བོགས། །ཞག་བདུན་དང་ནི་ལྔ་དང་གསུམ། །ཇེ་རིང་ཇེ་རིང་ཟླ་བ་ཕྱེད། །ཟླ་བར་གནས་ནི་ནུས་པའོ། །མ་བདེ་བླ་མའི་དྲུང་དུ་བསླབ། །མདོར་ན་ཐུན་ཚོད་ཅིར་བསྟན་ཀྱང་། །མ་སུན་པ་དང་ཚོད་ཟིན་དང་། །རྟོག་པ་ཅི་ཡང་མི་རྒྱུ་དང་། །གསལ་བ་མི་གཡོ་སྐད་ཅིག་མ། །ཡིད་ཙམ་ཇེ་རིང་ཇེ་རིང་བསྲིང་། །ཐུན་བཞི་ཆ་གསུམ་ཆ་ཕྱེད་དང་། །ཐུན་


DNG005_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རིང་དང་ནི་ཉིན་ཞག་དང་། །ཟླ་བ་ལོ་དང་བསྐལ་པ་དང་། །མ་བརྟན་བར་དུ་བསྲིང་བར་བྱའོ། །བརྟན་ནས་རང་བྱུང་ཡེ་ཤེས་འཆར། །ཞེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། བསྒོམ་པའི་ཐུན་ཚོད་བཟུང་བའི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བསྒོམ་པའི་དམ་ཚིག་ཁྱད་པར་ནི། །མན་ངག་སྟོན་པའི་བླ་མ་ལ། །གདུང་བ་བར་མི་ཆད་པ་དང་། །ཏིང་འཛིན་མཐུན་བསྟེན་མི་མཐུན་དོར། །འགྲོ་འཆག་འདུག་ཉལ་སྤྱོད་ལམ་བཞིར། །ཏིང་འཛིན་ཡལ་བར་མི་གཏང་དང་། །ཡིད་མི་གཡོ་དང་མཐར་དབྱུང་དང་། །གང་བསྒོམ་ཏིང་འཛིན་གསལ་བའོ། །དེ་ལྟར་རྟོགས་སམ་ཡེ་ཤེས་འཆར། །ཞེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། བསྒོམ་པའི་དམ་ཚིག་གི་ལེའུ་སྟེ་དགུ་པའོ།། །དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་སྦྱོར་བློ་ནི་ཆེ་བ་ཡིས། །གདོད་ནས་གཉིས་མེད་སྐུ་རུ་བསྒོམ། །ལྟ་བསྒོམ་ཐུན་བསྐྱར་ནུས་ལྡན་དང་། །བདག་གི་ལུས་ཉིད་གང་བསྒོམ་བརྟན། །ཆུ་ཟླའམ་འཇའ་ཚོན་སྒྱུ་མར་གསལ། །དེ་བརྟན་བདག་ཉིད་ལ་དཔྱད་དེ། །འདི་དག་དང་པོར་གང་ནས་བྱུང་། །ད་ལྟ་རང་བཞིན་ཇི་ཞིག་ཡིན། །ཕྱི་མ་ཅིར་འགྱུར་ལོ་རྒྱུས་དཔྱོད། །དང་པོ་གང་ནས་མ་བྱུང་སྟེ། །ཆུ་འཁྱགས་ཆབ་རོམ་འགྱུར་བའམ། །གསེར་དངུལ་བླུགས་སྐུར་བྱུང་བ་ལྟར། །བདག་སེམས་རྣམ་ཤེས་ཚོགས་བརྒྱད་ཀྱང་། །ཡེ་ཤེས་ལྔ་ཡི་ངོ་བོར་སྣང་། །དེ་ལྔ་རང་བྱུང་ཡེ་ཤེས་ཉིད། །རང་སེམས་འབྲས་བུའི་ངོ་བོར་སྣང་། །གཞན་ནས་འོང་མེད་འགྲོ་བ་མེད། །རིག་པའི་ཆོ་འཕྲུལ་ཅིར་ཡང་ཤར། །ཤར་བ་དེ་ཉིད་ཡེ་ཤེས་སྐུ། །སེམས་ཉིད་སྣང་བས་ཐེར་ཟུག་མིན། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །དེ་ལྟར་གནས་པའི་རང་བཞིན་ཀྱང་། །སེམས་


DNG005_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཅི་ལྟར་བསམ་ལྟར་ཤར། །ཅི་ལྟར་སྣང་ཡང་རང་སྣང་བས། །གཞན་ལ་གང་ཡང་མེད་པ་སྟེ། །གཞན་ནས་འོང་དང་གཞག་པ་མེད། །ཅི་བསྒོམ་འཇའ་ཚོན་ཚུལ་ཤེས་པས། །གསལ་ལ་རྟོག་པ་མེད་པར་བསྒོམ། །ཡང་ན་ཆུ་ཟླའི་ཚུལ་ཤེས་ཏེ། །སྣང་ལ་རང་བཞིན་མེད་པ་ཡིན། །དོན་ལ་ཡུལ་མེད་རིག་པར་སྣང་། །ཞེན་ཅིང་སྣང་བའི་རང་བཞིན་མེད། །ཡུལ་དང་བྲལ་བས་ཞེན་མི་རུང་། །སེམས་ལ་ཁ་དོག་དབྱིབས་མེད་དེ། །སེམས་ལ་ཕོ་མོའི་མཚན་མ་མེད། །ཅི་ཡང་མེད་པ་མ་ཡིན་ཏེ། །རིག་རྒྱུད་ངེས་པར་རྟོག་པ་མེད། །མེད་པའི་དམན་ཏེ་ཀུན་ཏུ་སྣང་། །སྣང་ཡང་རང་བཞིན་འདི་འདྲ་མེད། །ཅེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། དོན་སྦྱོར་ཡིད་ཆེས་ཀྱི་ལེའུ་སྟེ་བཅུ་པའོ།། །དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྟག་པར་གཅེར་བུར་ཕྱུང་བ་དང་། །རྒྱ་མཚོར་རྐྱལ་དང་ཁྲུས་བྱེད་ཅིང་། །མེས་བསྲེག་རླུང་གིས་གཡེང་ལ་སོགས། །མཚན་མ་སྦྱང་བའི་སྔ་ལྟས་ཡིན། །སྐས་དང་ལྗོན་ཤིང་འཛེགས་པ་དང་། །མཆོད་རྟེན་འཛེགས་སོགས་རྨི་བ་ནི། །ས་ཐོབ་བརྟན་པའི་སྔ་ལྟས་ཡིན། །ཁྲི་དང་འཁོར་ལོར་འདུག་པ་དང་། །སེང་གེ་གླང་པོ་ལ་ཞོན་དང་། །གཟུགས་བརྙན་ཞལ་འཛུམ་རོལ་མོའི་སྒྲ། །སེང་གེའི་སྒྲ་ཐོས་ལུང་བསྟན་རྟགས། །མཚན་མ་ཅན་ལ་སློབ་དུས་སུ། །རྨི་ལམ་བཟང་པོ་བྱུང་ན་ཡང་། །དགའ་དང་བྲོད་ཁ་མི་བྱའོ། །ཞེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། ཞི་གནས་རྨི་ལྟས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞི་གནས་སེམས་སྣང་འཛིན་དུས་སུ། །གོམས་ཤིང་བརྟན་པའི་དྲོད་ཚད་ནི། །གཡོ་དང་དྲོད་ཐོབ་བརྟན་


DNG005_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །ཕྱི་དང་ནང་དང་གསང་བའི་དྲོད། །རྡུལ་ཕྲན་སྐར་མ་ཟླ་ཚེས་དང་། །ཡི་གེ་ཕྱག་མཚན་སྐུ་ལ་སོགས། །སྤྱོད་ཡུལ་གང་བར་མཐོང་བ་དང་། །མེ་དང་རླུང་དང་ཁ་དོག་ལྔའི། །སྐྱེ་མཆེད་དག་ཏུ་མཐོང་བ་དང་། །དབུགས་ནི་རྒྱུ་བ་མི་ཚོར་དང་། །སྤྱོད་ཡུལ་སྒྱུ་མར་མཐོང་བ་དང་། །རྒྱུད་ལ་སྙིང་རྗེ་ཆེན་པོ་སྐྱེ། །སྤྱོད་ཡུལ་གང་མཐོང་ཡེ་ཤེས་འཆར། །རྟགས་ནི་གཡོ་ཐོབ་བརྟན་པ་རྣམས། །རིམ་པ་དག་གིས་འབྱུང་ན་ཡང་། །འོད་འབྱུང་ལྷ་ཡི་ཞལ་འཛུམ་དང་། །གཡོ་འགུལ་འོད་དང་ཡང་བ་དང་། །ཁམས་ལ་སྐྱེ་འབྲི་མེད་པ་དང་། །ཤིག་དང་ནད་དགྲ་མི་ཚོར་དང་། །གཉིད་ཆོམས་ཁམས་ཀྱི་ཟས་དང་བྲལ། །སྙིང་རྗེ་ཆེ་དང་ཆགས་པ་ཆུང་། །ཕྱོགས་རིས་མེད་དང་དམ་ཚིག་ཆེ། །བླ་མ་མཆེད་ལ་གདུང་བ་ཡང་། །ཀུན་ལ་ཉེ་རིང་མི་བྱེད་ཅིང་། །འབྲས་བུ་དག་ལ་རེ་བ་མེད། །དེ་ལ་སོགས་པ་མང་དུ་འབྱུང་། །དགའ་དང་བྲོད་པ་བསྐྱེད་མི་བྱ། །ཉམས་ཀྱི་ཕྱག་རྒྱས་རང་དོན་སད། །བླ་མའི་སྤྱན་སྔར་ཞུ་བ་བྱ། །ཞེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། གཡོ་ཐོབ་རྟགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །དེ་ནས་སྟོན་པ་དགའ་རབ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཤེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བསྒོམ་པ་བརྟན་པའི་ཡོན་ཏན་གྱིས། །སྒྲིབ་པ་འབྱངས་ཤིང་ཚོགས་འཕེལ་དང་། །བསྒོམས་པས་ཀུན་བརྟགས་ཟད་པ་དང་། །ཉོན་མོངས་ཟད་ནས་སྒྲིབ་པ་འབྱངས། །རིག་པ་ལས་སུ་རུང་ནས་ནི། །མངོན་ཤེས་ལྔ་དང་ཆོ་འཕྲུལ་ཐོབ། །མཐར་ཐུག་རང་བྱུང་ཡེ་ཤེས་འཆར། །ཞེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། སེམས་བཟུང་བས་ཟིན་པའི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་སྟོན་པ་དགའ་རབ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་མ་ཟིན་པ་ཟིན་པར་བྱ་བ་དང་། །ཟིན་པ་བརྟན་ནས་གདེང་དུ་གཞུག་པ་དང་། །


DNG005_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཐོབ་འཕྲོ་རུ་གཏོང་བ་དང་། །རྣམ་ཤེས་ཡུལ་ལ་ལྡོག་པ་དང་། །ཟག་པ་མེད་པའི་རོ་མྱོང་དང་། །ཐོགས་རྡུགས་མེད་པར་གནས་པའི་ཕྱིར། །རྩོལ་བ་མེད་པར་ཀློང་དུ་དབབ། །བདག་འཛིན་མེད་པས་ཉམས་སུ་བླངས། །འགྱུར་བ་མེད་པར་གཡོན་པར་བྱ། །ཞེན་ཆགས་མེད་པར་ཁོང་མི་འཁྲུགས། །ཉམས་བླང་མེད་པར་ཡལ་བར་མི་འདོར་རོ། །རང་གྲོལ་ཆེན་པོའི་མདུད་པ་བཀྲོལ། །ཡེ་ཤེས་ཆེན་པོས་ངོ་ཏི་སྤྲད། །ཅེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། སེམས་ཟིན་པའི་གང་ཟག་རང་བྱུང་ཡེ་ཤེས་ལ་བསླབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །དེ་ནས་སྟོན་པ་དགའ་རབ་རྡོ་རྗེ་དེས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ཀྱི་དགོངས་པ་ཐུགས་སུ་ཆུད་ནས་ལྟ་བས་ཐག་བཅད་ཅིང་འཛིན་པའི་མདུད་པ་གྲོལ་བ་འདི་བཀའ་སྩལ་ཏོ། །རིག་པ་རྩལ་གྱི་རང་བཞིན་གྱིས། །སྣང་སྲིད་རིག་པའི་རྩལ་དུ་ཤར། །གབ་པ་མངོན་ཕྱུང་རང་བཞིན་གྱིས། །དྲན་རྟོགས་རང་ཤར་ཆོས་སྐུར་ཤེས། །ཡེ་ཤེས་ཟང་ཐལ་ཆེན་པོ་ཡི། །རྣམ་འཕྲུལ་ཅིར་ཡང་ཤར་བ་ལ། །སྟོང་པས་རྒྱས་གདབ་ཞེན་ཆགས་མེད། །ཆོས་སྐུ་རང་གསལ་ཐུག་ཕྲད་ཀྱིས། །ཡེ་ནས་གྲུབ་པར་ཐེ་ཚོམ་མེད། །དབྱེར་མེད་རང་བྱུང་རང་གསལ་ཡིན། །ལྷུན་གྲུབ་ཅོག་བཞག་ཆེན་པོ་ཡིས། །རང་སྣང་དབྱེར་མེད་རྣམ་རྟོག་བྲལ། །འདི་ལ་བཟུང་ཞིང་རྟོག་དཔྱོད་བྲལ། །བླང་དོར་དབྱེ་བསལ་ངང་གིས་བྲལ། །རྗེས་མེད་དོན་གྱི་རྗེས་བཙལ་བས། །འདི་ལ་འདི་ཞེས་བཙལ་དུ་མེད། །རང་བྱུང་ཡིན་པས་བཙལ་དུ་མེད། །ཡེ་ནས་འགྱུར་མེད་རྒྱུ་རྐྱེན་བྲལ། །དམིགས་གཏད་མེད་པའི་སེམས་ཉིད་ཀྱིས། །གང་ལ་བཟའ་ཞིང་གཏད་དུ་མེད། །གཟའ་གཏད་མེད་པས་ཕྱོགས་མེད་ཡིན། །རྟོད་ཕུར་དག་གིས་མཚོན་བྱས་ཏེ། །འཆིང་གྲོལ་མེད་པའི་དོན་ལ་སྦྱོར། །སྡོང་ཆེན་བརྒྱད་ཀྱི་འཁོར་ལོ་ཡིས། །སྣང་ཞིང་སྲིད་པའི་ཆོས་རྣམས་དྲལ། །ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་། །རང་བྱུང་ཡེ་ཤེས་རང་ཤར་ལ། །འཁོར་འདས་རང་བཞིན་དབྱེར་མེད་ཡིན། །


DNG005_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཐམས་ཅད་ཆོས་ཀྱི་སྐུ། །ཕྱོགས་ལྷུང་མེད་ཅིང་རྒྱ་ཆད་བྲལ། །ཅིར་སྣང་ཆོས་ཉིད་ལྷུན་གྲུབ་ཡིན། །འདུས་མ་བྱས་པའི་ནམ་མཁའ་འདྲ། །ཅི་ལྟར་སྣང་ཞིང་ཅི་ལྟར་འདུག །རང་སེམས་ཉིད་ལས་གཡོས་པ་མེད། །རང་བྱུང་ཡེ་ཤེས་དོན་ཤར་ན། །གང་ལ་ཆེད་དུ་བསྒོམ་མི་དགོས། །མ་བསྒོམས་ངང་གིས་ངོ་བོར་གསལ། །ཡེངས་དང་མ་ཡེངས་སྤང་ཐོབ་མེད། །བྲལ་དང་མ་བྲལ་ཕྱི་ནང་མེད། །བཀག་པས་མི་ཁེག་སྤྱོད་པ་ལ། །དགེ་སྡིག་ལ་སོགས་ཅི་སྤྱད་ཀྱང་། །བག་ཆགས་རྐྱེན་གྱིས་གོས་རྒྱུ་མེད། །བྱ་ལམ་རྗེས་མེད་རྣལ་འབྱོར་མཆོག །ཆེད་དུ་མ་བྱས་རྩོལ་མེད་པར། །རང་བྱུང་ཡེ་ཤེས་རང་བཞིན་ཤར། །གཏད་སོ་གཟུང་འཛིན་རྩོལ་མེད་པར། །ཐུག་ཕྲད་སྤྱོད་པ་ཅི་སྤྱད་ཀྱང་། །རེ་དོགས་སྤང་བླང་ཞེ་འདོད་བྲལ། །སྤྱོད་པ་བྱར་མེད་ལྷུན་གྲུབ་པ། །རྩོལ་བསྒྲུབ་ཞེན་ཆགས་རང་སར་གྲོལ། །ཅི་བྱས་སྐྱོན་མེད་འགལ་རྒྱུ་བྲལ། །དམིགས་མེད་ཞེན་པ་རང་ལ་ཤར། །དཔེར་ན་ནམ་མཁའ་ཉི་འོད་བཞིན། །འབྲས་བུ་ཉིད་དེ་རང་ལ་ཤར། །ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན། །རྩོལ་བ་མེད་ཅིང་གཡང་ས་བྲལ། །རེ་དང་དོགས་མེད་ལྷུན་གྱིས་གྲུབ། །མདོར་ན་སྤྱོད་ཡུལ་གང་ཤར་བ། །འབྲས་བུ་དེ་ཉིད་མངོན་སངས་རྒྱས། །བྱར་མེད་ལྷུན་གྲུབ་འབྲས་བུའི་མཆོག །རིག་པ་རང་གསལ་ཐམས་ཅད་མཁྱེན། །དབྱེར་མེད་ངང་དུ་ཐམས་ཅད་གསལ། །དུས་གསུམ་བདེ་གཤེགས་ཀུན་ཏུ་བཟང་། །སྐུ་གསུམ་སྣང་བའི་སངས་རྒྱས་ལ། །དགོངས་པ་འདི་ལས་ཡོངས་མི་མངའ། །བསྒོམ་མེད་བསྒོམ་པར་དམིགས་པ་མེད། །བསྒོམ་པར་བྱ་བ་ཡོད་མ་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་ལ། །ལྷུན་གྲུབ་རང་དུ་ཤར་བ་ནི། །རྩོལ་བ་མེད་པའི་དོན་མཆོག་སྟེ། །འདི་ལས་བཟློག་སྟེ་ཅི་ཞིག་བསྒོམ། །བསམ་བྱ་དམིགས་པར་བྱ་བ་མེད། །རང་བྱུང་ཡེ་ཤེས་རང་གསལ་ནི། །དོན་ལ་སེམས་གསལ་དོན་གྱི་མཆོག །སྡོང་ཆེན་བརྒྱད་ཀྱི་འཁོར་ལོ་ཡིས། །སྒྲོ་སྐུར་བྲལ་
བརྟེན་ཞེན་ཡུལ་མེད། །འཁོར་འདས་སེམས་སུ་རོ་གཅིག་ཕྱིར། །རང་སེམས་ཅི་ལྟར་གསལ་རྟོགས་ན། །འབྲས་བུ་སངས་རྒྱས་དེ་ཉིད་ཡིན། །འབྲས་བུ་རང་གྲོལ་ངོས་བཟུང་མེད། །ཉམས་མྱོང་མ་བཀག་ཞེན་པ་མེད། །སྣང་བ་ཆོས་ཉིད་ཆེན་པོར་གསལ། །སྡུག་བསྔལ་བདེ་བའི་རོལ་པར་ཤར། །མི་མཐུན་མི་སྤང་གཉེན་པོ་བྲལ། །བགྲོད་མེད་རྩོལ་བྲལ་འབྲས་བུའི་མཆོག །ཅེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། ལ་ཟློའི་མཐར་ཐུག་རང་བྱུང་ཡེ་ཤེས་སུ་གྲོལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །དེ་སྐད་ཅེས་བཀའ་སྩལ་པས། འཁོར་ཐམས་ཅད་དགའ་མགུ་ཡི་རང་སྟེ། དགའ་རབ་རྡོ་རྗེའི་དགོངས་པ་ལ་མངོན་པར་འདུད་དོ། །དྲི་མ་མེད་ཅིང་རང་གྲོལ་རྒྱུད་ཆེན་པོ། །ཀུན་གྱི་ཐུན་མོང་མ་ཡིན་རྟོགས་དཀའ་ཟབ། །མ་འོངས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ། །རིན་ཆེན་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད། །ལེའུ་བཅུ་དྲུག་དོན་གྱི་བཅུད་ཕྱུང་ནས། །འཇམ་དཔལ་བཤེས་གཉེན་ཉིད་ལ་གཏད་པ་ཡིན། །ཞེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། རྗེས་སུ་ཡི་རང་བ་དང་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། སྤྲུལ་པའི་རྒྱུད་ཕྱི་མ་རྫོགས་སོ། །ཛྙཱ་ན་ཤེས་རབ་རྟོགས་པའི་ཉི་མ་ཤར།། །།

རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ཅེས་བྱ་བ།


DNG005_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣ་ཨཱརྻ་བནྠ་བྱཱུ་ཧ་ཏནྟྲ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་ཀུན་རིག་སྟོན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་རང་ཤེས་རིག་གི་རྒྱལ་པོ་དེ། འོག་མིན་གྱི་གནས་རྒྱ་ཡོངས་སུ་མ་ཆད་པ། རྒྱན་མ་བཀོད་པར་སྣང་བ་ཞེས་བྱ་བ་ན། ཉིད་ལས་མི་གཞན་པའི་འཁོར་རྣམས་དང་། མཁའ་འགྲོ་མ་ཡི་ཚོགས་རྣམས་ལ། །བསྟན་པའི་སྙིང་པོ་འཆད་པའི་དུས། །འཁོར་དེ་རྣམས་ཀྱི་ནང་དུ། རྡོ་རྗེ་སེམས་དཔའ་


DNG005_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་རང་གི་སྟན་ལས་ལངས་ཏེ། ཀུན་རིག་སྟོན་པ་ཆོས་རྗེ་ལ། །རིག་པ་ཉིད་ཀྱིས་འདི་སྐད་ཞུས། །རང་སྣང་རྣམ་དག་རང་བཞིན་ལ། །སྣ་ཚོགས་འབྱུང་བ་ཇི་ལྟར་ལགས། །བསྟན་པའི་སྙིང་པོ་གསུང་དུ་གསོལ། །ཀུན་རིག་སྟོན་པས་བཀའ་སྩལ་པ། །རིགས་ཀྱི་བུ་ལེགས་པར་ཉོན་ཅིག །རང་སྣང་རྣམ་དག་རང་བཞིན་ལ། །སྣ་ཚོགས་སུ་སྣང་སེམས་ཀྱི་ཡུལ། །བསྟན་པའི་སྙིང་པོ་བདག་མེད་བསྟན། །ངོ་བོ་ཉིད་ལ་གཟུང་འཛིན་མེད། །འཛིན་པའི་སྤྱོད་ཡུལ་མ་ཡིན་པས། །བདག་མེད་མྱ་ངན་འདས་པའི་ལམ། །ཞེ་འདོད་གཉིས་ཀྱི་མཐའ་དང་བྲལ། །རྒྱུ་རྐྱེན་མེད་པའི་རང་བྱུང་ནི། །འབྱུང་བ་བཞི་ཡི་མཐའ་ལས་གྲོལ། །ཕྱོགས་འཛིན་མེད་པས་མཉམ་པ་ཉིད། །རྣམ་རྟོག་མེད་པས་ཆོས་ཀྱི་སྐུ། །ས་ལེ་མཁྱེན་པས་ཡེ་ཤེས་ཡིན། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །ཀུན་རིག་སྟོན་པ་ཆོས་རྗེ་ལགས། །ཁྱོད་ནི་སྨྲ་བའི་སེང་གེ་སྟེ། །རྩོལ་མེད་ཐེག་པ་གསུང་དུ་གསོལ། །ཀུན་རིག་སྟོན་པས་བཀའ་སྩལ་པ། །རྡོ་རྗེ་སེམས་དཔའ་ལ་སོགས་ཉོན། །རྩོལ་མེད་ཐེག་པའི་ཡང་སྙིང་འདི། །བློ་དམན་གོ་བ་ཤིན་ཏུ་དཀའ། །འཛིན་པའི་སྤྱོད་ཡུལ་མ་ཡིན་པས། །ཐེག་པའི་ཡང་སྙིང་བླ་མེད་འདི། །རྡོ་རྗེ་སེམས་དཔས་ཐུགས་ལ་ཆོངས། །ཕྱི་རབས་བློ་ལྡན་རིགས་ཀྱི་བུ། །བསྟན་པའི་ཡང་སྙིང་དེ་ལ་སྟོན། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །གསང་བའི་བདག་པོ་མཐུ་སྟོབས་ཅན། །རྩོལ་བྲལ་ཐེག་པའི་ཡང་རབ་དེ། །དེ་ཡི་རྟོགས་ཚུལ་ཇི་ལྟར་ལགས། །ཀུན་བཟང་སྟོན་པས་བཀའ་སྩལ་པ། །རྩོལ་བྲལ་ཐེག་པའི་རྟོགས་ཚུལ་དེ། །རང་བཞིན་དབང་པོ་རྣོན་པོ་ལ། །འཛིན་མེད་རང་བྱུང་དྲི་མ་མེད། །མ་འགགས་གཟུང་བའི་ཡུལ་ལྟར་སྣང་། །སྣ་ཚོགས་སྣང་བའི་རང་སྣང་ལ། །བཟང་ངན་མེད་པའི་ངོ་བོར་རྟོགས། །རྒྱུ་འབྲས་མེད་པའི་ཆོས་ཉིད་ལ། །དངོས་པོའི་རྒྱུ་འབྲས་གང་ཡང་མེད། །དོན་དམ་


DNG005_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་འབྲས་མེད་པར་རྟོགས། །སྣ་ཚོགས་རྒྱུ་འབྲས་དགག་མི་ནུས། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །ངེས་དོན་ཐེག་པའི་ཡང་སྙིང་དེ། །བསླབ་པའི་ཡུལ་ནི་ཇི་ལྟར་ལགས། །བསླབ་པའི་ཡུལ་མིན་ཇི་ལྟར་ལགས། །བསླབ་པའི་ལུགས་ནི་ཇི་ལྟར་ལགས། །ཐམས་ཅད་མཁྱེན་པས་གསུང་དུ་གསོལ། །ཀུན་རིག་སྟོན་པས་བཀའ་སྩལ་པ། །བསླབ་པའི་ཡུལ་ནི་རྣམ་པ་གསུམ། །དད་པས་ཡང་ནས་ཡང་དུ་ཞུ་བ་དང་། །སྐྱབས་མེད་སྐྱབས་སུ་གསོལ་བ་དང་། །སྡུག་བསྔལ་དྲག་པོས་ཉེན་པའོ། །བསླབ་པའི་ཡུལ་མིན་རྣམ་གསུམ་ནི། །ཤེད་མེད་སྟོབས་དང་བྲལ་བ་དང་། །བསླབ་ཉེས་དོན་ལས་དྲེད་པ་དང་། །ལང་ཚོའི་དྲི་མས་ཕོག་པའོ། །བསླབ་པའི་ལུགས་ནི་རྣམ་གསུམ་སྟེ། །གདམས་པ་ཉམས་བསྡུས་བསླབ་ལུགས་དང་། །སྦྱོར་བ་བཙན་ཐབས་བསླབ་ལུགས་དང་། །མངོན་སུམ་གྲ་སློབ་བསླབ་ལུགས་སོ། །སློབ་ལུགས་དེ་ཡིས་མཚོན་བྱས་ནས། །མ་བཅོས་སྙིང་པོའི་གནས་ལུགས་ནི། །ཁྱབ་ཅན་གཟུགས་ཅན་མ་ཡིན་ཀྱང་། །ཐམས་ཅད་དུ་ནི་འགྲོ་འོང་མེད། །སངས་རྒྱས་ཐོག་མ་ཐ་མེད་པས། །བརྡའ་འམ་ཐབས་ཀྱིས་དེ་རྟོགས་པས། །ཉོན་མོངས་ནད་རྣམས་ཞི་བར་བྱེད། །ཞེན་མེད་རང་བྱུང་སྨན་ཆེན་གྱིས། །འཛིན་པ་འཁོར་བའི་ནད་རྣམས་སེལ། །རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །ཀུན་རིག་སྟོན་པ་ཆོས་རྗེ་ལགས། །མཉམ་པའི་རྒྱལ་པོ་ཐམས་ཅད་མཁྱེན། །རང་གི་སེམས་ཉིད་འདྲེར་ལངས་ནས། །བྱང་ཆུབ་སྲོག་རྩ་གཅད་པ་ལ། །དེ་ཡི་གདུལ་ཐབས་གསུང་དུ་གསོལ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་ང་ལ་ཉོན། །ཡིད་ཀྱི་དབང་པོ་རྣ་བར་ཆུག །རྣ་བའི་དབང་པོས་སྒྲ་ལ་ཉོན། །རང་གི་སེམས་ཉིད་འདྲེར་ལངས་པས། །བྱང་ཆུབ་


DNG005_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྩ་བཅད་པས་ན། །དེ་འདྲའི་གནོད་པ་གཞན་མི་བྱེད། །དེ་ཡི་གདུལ་ཐབས་བཤད་པ་ནི། །མ་ཟིན་ཟིན་པར་བྱ་བ་ལ། །ལག་ཏུ་བླང་བའི་རིམ་པ་འདི། །ལུས་ཀྱིས་འཁྲུལ་འཁོར་བཅའ་བ་དང་། །ཕྱི་ནང་དབུགས་རྣམས་སྙོམས་པ་དང་། །དམིགས་པ་མདུན་དུ་གཞག་པ་དང་། །དེ་ལ་དམིགས་སེམས་གཏད་པས་ནི། །འདོད་ཡོན་རྗེས་སུ་འབྲངས་པ་མེད། །འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །དེ་ལ་མི་གནས་གཞན་དུ་འཕྲོ་བ་ན། །གཉིས་བསྒྲིམ་གོང་ལ་དྲག་ཏུ་གཏད། །དེས་ནི་རང་སེམས་ཟིན་པར་འགྱུར། །གནས་སྙམ་འཆོར་སྙམ་བྱེད་པ་ན། །རྣམ་པར་རྟོག་པ་ཤས་ཆེ་བས། །རླུང་ལ་བསླབ་པ་ཤེས་པར་བྱ། །འོག་རླུང་འཇམ་པར་གང་བ་དང་། །སྟེང་རླུང་དྲག་ཏུ་གཟུང་བ་ནི། །རིག་པའི་རང་ནི་རླུང་གིས་གདགས། །ལུས་ཀྱི་འཁྲུལ་འཁོར་གོང་བཞིན་བྱ། །རྔན་དག་བྱིན་ལ་ནང་དུ་བསྡིམ། །རྩོལ་བ་བསྐྱེད་ལ་ཐུན་དུ་གཞུག །ཐུན་ཚད་རབ་འབྲིང་གསུམ་དུ་གཅད། །ཁུག་པ་དྲུག་ཅུ་བཞི་བཅུ་དང་། །ཉི་ཤུ་དག་ནི་ཟིན་གྱུར་ན། །རྩལ་སྦྱང་བྱ་ཞིང་རྩོལ་བ་བསྐྱེད། །དེས་ནི་གནས་སུ་ཟིན་པར་འགྱུར། །ཕོ་དང་མོ་དང་མ་ནིང་ནི། །ཐོད་རྒལ་ལ་སོགས་བྱུང་གྱུར་ན། །ཚད་ནི་བླ་མ་མཁས་པས་ཏེ། །རྩོལ་བ་མི་བྱ་གཤིས་ལ་གཞག །རྗེས་ཤེས་གཉེན་པོ་བསྟེན་མི་དགོས། །རང་སར་བཞག་པས་གནས་སུ་དེངས། །མི་བསྒོམ་ཉམས་ལ་ངོ་སྤྲད་པས། །རིག་པ་རྗེན་པ་མཐའ་དང་བྲལ། །མཐའ་བྲལ་ཆོས་ཀྱི་སྐུ་རུ་ཤར། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །མཉམ་པ་མེད་པའི་རྡོ་རྗེ་འཆང་། །ཁྱེད་ཀྱིས་གསུངས་པའི་ལག་ལེན་ལ། །མོས་པས་རྗེས་སུ་ཡི་རང་ནས། །གུས་པའི་སེམས་ཀྱིས་ཁྱེད་ལ་འདུད། །ཡང་དག་དོན་ལ་ཡང་ཞུས་པ། །མི་མཐུན་གེགས་རྣམས་བསལ་དགོས་པས། །དེ་ཡི་བྱེ་བྲག་བཤད་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཁྱེད་ཀྱིས་ཞུས་པའི་དོན་དེ་ལ། །ལེགས་པར་ལན་ནི་གདབ་པར་བྱ། །གུས་པའི་སེམས་ཀྱིས་


DNG005_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་པར་མཛོད། །བསམ་གཏན་གེགས་ནི་རྣམ་བཞི་སྟེ། །བྱིང་དང་རྒོད་དང་རླུང་ལོག་དང་། །བསྒོམ་སྣང་ཐེ་ཚོམ་ཟ་བ་ནི། །བསམ་གཏན་གེགས་སུ་བཤད་པ་ཡིན། །བྱིང་བའི་སེམས་ལ་རྣམ་པ་བཞི། །ངོ་བོ་རྒྱུ་དང་དབྱེ་བ་དང་། །བཅོས་པའི་ཐབས་སུ་ཤེས་པར་བྱ། །ངོ་བོ་ཤེས་པ་མི་གསལ་ཞིང་། །ཡོན་ཏན་ཕྱོགས་ལ་བློ་འགགས་པའི། །རྒྱུ་ནི་ས་ཤས་ཆེན་པོ་དང་། །བད་ཀན་དག་གིས་བསྐྱེད་པའོ། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །ཆེད་དུ་བྱས་དང་རྐྱེན་གྱིས་བྱིང་། །རང་བཞིན་ཤུགས་ལས་བྱིང་བའོ། །བཅོས་པའི་ཐབས་ནི་བསམ་ཡས་ཀྱང་། །གཞུང་ལུགས་འདི་ལ་གསུམ་ཡིན་ཏེ། །རླུང་གི་གནད་དང་དམིགས་པའི་གནད། །སྤྱོད་ལམ་གནད་དུ་ཤེས་པར་བྱ། །རྒོད་པ་ལ་ཡང་དེ་བཞིན་ཏེ། །ངོ་བོ་རྒྱུ་དང་དབྱེ་བ་དང་། །བཅོས་པའི་ཐབས་དང་བཞི་རུ་བཤད། །ངོ་བོ་ཡུལ་རྐྱེན་རྗེས་སུ་འདྲེལ། །རྒྱུ་ནི་རླུང་ཤས་ཆེ་བ་དང་། །འདོད་པ་དག་གིས་བསྐྱེད་པའོ། །དབྱེ་བའི་ཚུལ་ནི་རྣམ་པ་གསུམ། །ཆེད་དུ་བྱས་དང་རྐྱེན་གྱིས་རྒོད། །རང་བཞིན་ཤུགས་ཀྱིས་རྒོད་པའོ། །བཅོས་པའི་ཐབས་ནི་མང་ཡོད་ཀྱང་། །བསྟན་པའི་སྙིང་པོ་གསུམ་དུ་འདོད། །དང་པོ་འཇུག་པའི་སྒོ་ཡང་དགག །བར་དུ་འགྲོ་བའི་ལམ་ཡང་གཅོད། །ཐ་མ་གནས་པའི་ཕུག་གཏིབ་བོ། །རླུང་ལོག་པ་ཡང་རྣམ་པ་བཞི། །རྒྱུ་རྐྱེན་སྐྱོན་དང་དབྱེ་བ་དང་། །བཅོས་པའི་ཐབས་ནི་ཤེས་པར་བྱ། །རྒྱུ་ནི་བསོད་ནམས་མ་བསགས་པས། །ལུས་དང་ཁམས་ནི་ངན་པའོ། །རྐྱེན་ནི་དཀའ་ཐུབ་དྲག་པོ་ཡིས། །འབྱུང་བ་འཁྲུགས་པར་ཤེས་པར་བྱ། །སྐྱོན་ནི་ལུས་ཀྱི་འོག་བཞུག་ན། །འདས་ན་ཚེ་ཡི་འདུ་བྱེད་བྱེད། །སེམས་སྐྱོན་ཏིང་འཛིན་མི་གསལ་ཞིང་། །སྙིང་རླུང་ལ་སོགས་འབྱུང་བར་འགྱུར། །ལོག་པར་དབྱེ་ན་གསུམ་དུ་འདུས། །ཕྱི་རླུང་ལུས་ལ་ལོག་པ་དང་། །ནང་རླུང་རྩ་ལ་ལོག་པ་དང་། །གསང་རླུང་སེམས་ལ་ལོག་པའོ། །ཕྱི་རླུང་ལུས་ལ་ལོག་པའི་རྟགས། །ལུས་པོ་ཁོལ་བུར་ན་བ་དང་། །


DNG005_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གྲང་ཞིང་ལུས་པོ་ལྕི་བ་དང་། །ཤ་རུས་སྐྲངས་ཤིང་ན་བར་འགྱུར། །ནང་རླུང་རྩ་ལ་ལོག་པའི་རྟགས། །རྩ་ཡི་ནང་དུ་རླུང་རྣམས་རྒྱས། །རྩ་རྣམས་ཐམས་ཅད་ན་ཞིང་འཁྲབ། །འཁྱུགས་ཅིང་ང་རོ་འབྱིན་པར་བྱེད། །གསང་རླུང་སེམས་ལ་ལོག་པའི་རྟགས། །ལུས་རེངས་སྙིང་ཡང་འཆུ་ཞིང་སྤྲུག །མདུན་རྒྱབ་གཟེར་ཞིང་གཉིད་ཀྱང་འཆག །ཤེས་པ་འཕྲོ་ཞིང་སྙིང་མི་དགའ། །སྐབས་སུ་ངག་ཏུ་མར་ཁུ་ལ་ལོན་ཡང་ཤུ་སྒྲ་འདོད། །རེས་འགའ་ངུ་ཞིང་རེས་འགའ་དགོད། །ཁ་ནས་ཅལ་ཅོལ་མང་པོ་སྨྲ། །བཅོས་ཐབས་ཕྱི་ནང་གསང་བ་གསུམ། །ཕྱི་ཡི་རླུང་ལོག་བཅོས་ཐབས་ནི། །རང་གི་དྲི་ཆུ་དྲོན་མོས་བཀྲུ། །གདུགས་ལ་བསྲོ་ཞིང་ཆང་གིས་བཀྲུ། །ཉུང་དཀར་མར་ཁུའི་འོ་སྐོལ་གྱིས། །ལུས་ལ་བྱུགས་ཤིང་གོང་བཞིན་བསྐམ། །དེ་ནས་བ་སྤུའི་སྒོ་ཡང་དབྱེ། །ཞུན་ཆེན་དག་གིས་དེ་ལ་བྱུགས། །ཕྱིས་ཏེ་ཕྱེད་ཀྱི་གདུགས་ལ་བསྲེག །ནད་ཀྱི་རླངས་པ་ཐོན་གྱུར་ནས། །རླུང་ལོག་དུས་སུ་ཞི་བར་འགྱུར། །ནང་གི་རླུང་ལོག་བཅོས་ཐབས་ནི། །དང་པོ་ལུས་ལ་བསྐུ་མཉེ་བྱ། །དེ་ནས་ལུས་ཀྱིས་འཁྲུལ་འཁོར་བཅའ། །སེང་གེ་རྣམ་གྲོལ་ཕྱག་རྒྱ་ཡིས། །དབང་པོའི་སྒོ་རྣམས་དགག་པར་བྱ། །ལུས་ཀྱི་རྒྱ་དང་ངག་གི་སྒྲ། །བསྟུན་ལ་གཏང་བའི་ཡན་ལག་རྣམས། །ཐུན་གསུམ་དག་གིས་ངེས་པར་སེལ། །གསང་བའི་རླུང་ལོག་བཅོས་ཐབས་ནི། །རང་བས་མཐོ་བའི་ས་སྟེངས་སུ། །རྒྱ་ལོང་གཡའ་དག་གཅིག་བཞག་ལ། །བལྟས་པས་རང་གི་གཟུགས་བརྙན་འཆར། །དེ་ཡི་མཛོད་སྤུར་ཤེས་པ་གཏད། །རིན་ཆེན་མཆོད་རྟེན་སྤྱི་བོར་བསམ། །དྲིན་ཆེན་བླ་མ་དེ་ཐོག་ཏུ། །དམིགས་པ་གསལ་བས་ཞི་བར་འགྱུར། །དེས་ཀྱང་ཞི་བ་བག་དཀའ་ན། །བུ་ག་མང་པོའི་སྦྱོར་བ་དང་། །རབ་ཏུ་དམའ་བའི་ཏིང་འཛིན་དང་། །རྟེན་འདྲེལ་གཞན་ཡང་ཤེས་པར་བྱ། །དེ་ཡིས་མི་ཞི་མི་སྲིད་དོ། །སྒོམ་སྣང་ཐེ་ཚོམ་ཟ་བ་ནི། །སྐྱོན་དང་ཡོན་ཏན་ཤེས་པར་བྱ། །ལུས་ལ་རྩ་ཡིག་སྣ་ཚོགས་གནས། །རྩ་ཡིག་གནས་སུ་རླུང་སེམས་འདུས། །རིགས་དྲུག་སྣང་བ་དག་ཀྱང་


DNG005_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །སྲིན་པོ་ཤ་ཟ་ལ་སོགས་པ། །མི་སྡུག་འཇིགས་པའི་སྣང་བ་མཐོང་། །ནང་གི་རྟེན་འདྲེལ་མ་ཤེས་པས། །བར་ཆད་བདུད་ཀྱི་ལས་ཡིན་པས། །བསམ་གཏན་འདོང་བའི་འཕྲང་ཡིན་གསུངས། །གདམས་ངག་ས་རྒ་མ་ལོག་པས། །ནང་གི་རྟེན་འདྲེལ་ཤེས་པར་བྱ། །ཕྱི་རོལ་འཇིགས་པ་ངོ་ཤེས་པས། །བར་གཅོད་དངོས་གྲུབ་དག་ཏུ་ལེན། །རིན་པོ་ཆེ་འཕགས་ལམ་བཀོད་པ་ལས། རིག་པ་རྩལ་གྱི་དབང་བསྐུར་བའི་ལེའུ་སྟེ་གཉིས་པའོ།། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །སྟོན་པ་གསང་བའི་བདག་པོ་ལགས། །དུས་གསུམ་མཁྱེན་པའི་རྡོ་རྗེ་འཆང་། །ཐེ་ཚོམ་གཅོད་ཕྱིར་འདི་སྐད་གསོལ། །ཕྱི་རབས་རྣམས་ལ་ཕན་གདགས་ཕྱིར། །ལྟ་བ་དང་ནི་སྒོམ་པ་གཉིས། །གཅིག་པ་ལགས་སམ་ཐ་དད་ལགས། །འདུས་པའི་འཁོར་ལ་བསྟན་དུ་གསོལ། །ཀུན་རིག་སྟོན་པས་བཀའ་སྩལ་པ། །གཏན་ལ་འབེབས་པའི་དུས་ཉིད་དུ། །མིང་གི་མཚོན་པ་ཐ་དད་ཀྱང་། །གཏན་ལ་ཕབ་པའི་གང་ཟག་ལ། །རྟོགས་པའི་དུས་ན་དབྱེ་བ་མེད། །ཟུང་འཇུག་རབ་ཏུ་མི་གནས་པས། །ཟིན་པ་གཏན་ལ་འབེབས་པ་ལ། །བླ་མ་མཁས་པའི་མན་ངག་ནི། །གཉིད་གསུམ་གཅིག་ཏུ་བསྲེ་བ་དང་། །བེམ་རིག་གཅིག་ཏུ་བསྲེ་བ་དང་། །བདག་གཞན་གཅིག་ཏུ་བསྲེ་བ་དང་། །འཁོར་འདས་གཅིག་ཏུ་བསྲེ་བ་དང་། །བསྲེ་བའི་ཐབས་དང་འདྲེས་པའི་ཚད། །འདྲེས་པའི་དགོས་པ་ཤེས་པར་བྱ། །ཡི་གེ་འབྲུ་གསུམ་རང་བཞིན་ནི། །དབྱིངས་ཀྱི་ཡི་གེ་སྟོང་པ་ཉིད། །གསལ་བ་སྟོབས་ཀྱི་ཡི་གེ་ཡིན། །ཆོས་ཀྱི་སྐུ་ལ་ཡི་གེ་མེད། །རིག་པའི་ཡི་གེ་གསལ་བ་ཡིན། །ཉམས་སུ་མྱོང་བས་ཡི་གེ་ཡིན། །ལོངས་སྤྱོད་རྫོགས་པའི་ཡི་གེ་ཡིན། །རྩལ་གྱི་ཡི་གེ་གཉིས་སུ་མེད། །འགྲོ་དོན་བྱེད་པས་ཡི་གེ་ཡིན། །སྤྲུལ་པའི་སྐུ་ཡི་ཡི་གེ་ཡིན། །སྐུ་གསུམ་དབྱེར་མེད་ཡི་གེ་ནི། །ཡི་གེ་ཨ་ནི་སྐྱེ་བ་མེད། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་


DNG005_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ན་སྐྱེ་བ་མེད། །མ་ཡི་ཡོན་ཏན་འགག་པ་མེད། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ནས་འགག་པ་མེད། །ཧ་ཡིས་བྲི་དང་གང་བ་མེད། །བྲི་གང་མེད་ལས་བྲི་གང་བྱུང་། །བྱུང་ཙམ་ཉིད་ན་བྲི་གང་མེད། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །ཀུན་རིག་སྟོན་པ་ཆོས་རྗེ་ལགས། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །མཐུན་པའི་དཔེ་དང་མི་མཐུན་དཔེ། །ཉམས་སུ་མྱོང་བ་ཇི་ལྟར་ལགས། །ཀུན་རིག་སྟོན་པས་བཀའ་སྩལ་པ། །ལྟ་བ་གདེང་དང་ཆས་པའི་དཔེ། །མཁའ་ལ་ཁྱུང་ཆེན་ལྡིང་ཡང་མེད། །དོགས་པའི་བག་ཚ་ཀུན་དང་བྲལ། །དེ་བཞིན་སྟོང་ཉིད་རྟོགས་པའི་མི། །གོལ་དུ་དོགས་པའི་ཡ་ང་མེད། །ལྟ་བ་གདེང་མེད་མི་མཐུན་དཔེ། །བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན། །དེ་བཞིན་སྟོང་ཉིད་མ་རྟོགས་མི། །རང་དབང་མེད་པར་རྐྱེན་གྱིས་འཕྲོག །འཇུག་སྒོ་ལམ་གྱི་མཐུན་པའི་དཔེ། །སྦྲང་མ་གར་སྦྱིན་ཆགས་པ་བཞིན། །ཤེས་པ་ཆོས་ཉིད་ཡུལ་ལ་ཆགས། །འཇུག་སྒོ་ལམ་མེད་མི་མཐུན་དཔེ། །ལག་རྡུམ་བྲག་ལ་འཛེགས་པ་འདྲ། །སྟེང་དུ་མ་ཐོན་མར་ལ་ལྷུང་། །དེ་བཞིན་ལམ་ཁྱེར་མེད་པའི་མི། །ཁ་སྟོང་བལྟ་བས་གྲོལ་མི་འགྱུར། །སྤྱོད་པ་གྲོགས་ཀྱི་མཐུན་པའི་དཔེ། །བི་ཤྭ་ཀརྨའི་བཟོ་བཞིན་དུ། །ཐབས་མཁས་པ་ཡི་སྐྱེས་བུ་ནི། །མཐུན་བསྡེབས་གཞན་གྱིས་རྒྱན་དུ་འགྱུར། །སྤྱོད་པ་གྲོགས་མེད་མི་མཐུན་དཔེ། །དམུས་ལོང་བྱང་ཐང་བོར་བ་བཞིན། །བློ་ཆུང་ཤེས་པ་རང་དགའ་བྱེད། །བདག་ལ་བརྟེན་ནས་གཞན་སྡིག་པ། །ཤེས་པ་གཉིས་ཀྱི་རྗེས་འབྲངས་ནས། །སྲོག་མེད་པ་ཡི་སེམས་ཅན་དང་། །སྡིག་མེད་པ་ཡི་སྙིང་རྗེ་དང་། །དབུགས་མེད་པ་ཡི་རྒྱུ་བ་དང་། །གནས་མེད་པ་ཡི་འཛམ་གླིང་དང་། །བསྲུང་དུ་མེད་པའི་དམ་ཚིག་དང་། །ཡི་གེ་མེད་པའི་རྒྱུད་ཆེན་པོ། །སྐྱི་བསེར་ལྟ་བུའི་གདམས་ངག་དང་། །ཆུ་བོ་རྒྱུན་གྱི་མན་ངག་དང་། །འདམ་སྐྱེས་ལྟ་བུའི་མན་ངག་དང་། །མྱུ་གུ་ལྟ་བུའི་མན་ངག་དང་། །སྨན་པ་ལྟ་བུའི་མན་ངག་དང་། །


DNG005_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་འགྱུར་ལྟ་བུའི་མན་ངག་གོ། །གླང་ཆེན་ལྟ་བུའི་སྤྱོད་པ་དང་། །སེང་གེ་ལྟ་བུའི་སྤྱོད་པ་དང་། །དགེ་སློང་ལྟ་བུའི་སྤྱོད་པ་དང་། །རི་དྭགས་ལྟ་བུའི་སྤྱོད་པ་དང་། །བུང་བ་ལྟ་བུའི་སྤྱོད་པ་དང་། །སྔགས་པ་ལྟ་བུའི་སྤྱོད་པ་དང་། །བག་མ་ལྟ་བུའི་སྤྱོད་པ་དང་། །ལྟ་བ་བསྒོམ་པ་སྤྱོད་པ་གསུམ། །གཅིག་ལ་གཅིག་བརྟེན་གཅིག་གི་ངང་། །སྟོང་ཉིད་རྟོགས་པ་ལྟ་བ་ཡིན། །རྟོགས་པ་ལམ་ཁྱེར་བསྒོམ་པ་ཡིན། །གྲོགས་སུ་ཤར་བས་སྤྱོད་པའོ། །རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལས། བལྟ་བསྒོམ་ཟུང་དུ་འཇུག་པའི་ལེའུ་སྟེ་གསུམ་པའོ།། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ། །རིག་པའི་ཡིད་ཀྱིས་འདི་སྐད་གསོལ། །འདུས་པའི་འཁོར་གྱི་དོན་ཆེད་དུ། །སངས་རྒྱས་པ་དང་སེམས་ཅན་གཉིས། །གཅིག་པ་ལགས་སམ་ཐ་དད་ལགས། །དེ་སྐད་གསུངས་པའི་དོན་གསན་ནས། །ཀུན་རིག་སྟོན་པས་འདི་སྐད་གསུངས། །ཞུས་པའི་དོན་ལ་ལན་འདེབས་པས། །འདུས་པའི་འཁོར་རྣམས་ལེགས་པར་ཉོན། །གདོད་ནས་དག་པའི་གཞི་ཉིད་ལ། །སངས་རྒྱས་དང་ནི་སེམས་ཅན་གཉིས། །གཉིས་སུ་ཡོད་པ་མ་ཡིན་ནོ། །གཞི་ཉིད་རྟོགས་པའི་སངས་རྒྱས་ནི། །སྐུ་དང་ཡེ་ཤེས་གཉིས་སུ་གནས། །དེ་མ་རྟོགས་པའི་སེམས་ཅན་ནི། །ལུས་དང་བག་ཆགས་ཉིད་དུ་གནས། །དེ་ཕྱིར་སངས་རྒྱས་སེམས་ཅན་གཉིས། །གཞི་གཅིག་རྟོག་པ་ཐ་དད་མེད། །ལམ་པའི་དུས་ན་སོ་སོར་སྣང་། །དཔེར་ན་ག་བུར་སྨན་བཞིན་དུ། །གཏོང་ཤེས་སྨན་གྱི་མཆོག་ཡིན་ཏེ། །མ་ཤེས་པ་ནི་སྲོག་གི་བདུད། །དེ་བཞིན་ཀུན་གཞི་སྟོང་གསལ་ཡང་། །རྟོགས་ན་སངས་རྒྱས་དངོས་ཡིན་ཏེ། །མ་རྟོགས་ན་ནི་འཁོར་བའི་རྒྱུ། །དོན་གྱི་ངོ་བོ་འཁྲུལ་མེད་ཀྱང་། །རྐྱེན་བཞི་འཛོམ་པས་འཁྲུལ་པ་འབྱུང་། །དཔེར་ན་དུང་གི་ངོ་བོ་ལ། །སེར་སྣང་ལ་སོགས་འཁྲུལ་མེད་ཀྱང་། །མིག་སྐྱོན་ཅན་ལ་སེར་པོར་སྣང་། །རྟོགས་པའི་སངས་རྒྱས་ཆོས་རྣམས་ནི། །མ་འདྲེས་བཅོ་བརྒྱད་སྒོ་ནས་འཇུག །དྲུག་ཚན་དང་པོའི་ཆོས་རྣམས་ལ། །གནས་ལུགས་


DNG005_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་འདུས་མ་བྱས། །འབྲས་བུ་སྐུ་གསུམ་མཐའ་རུ་ཐུག །རྒྱུ་འབྲས་གཉིས་ལ་མི་ལྟོས་དང་། །བྱས་པའི་ཆོས་ཀྱིས་སངས་མི་རྒྱ། །ཡེ་ནས་གནས་པའི་དོན་རྟོགས་ན། །མ་བྱས་ཆོས་ཀྱི་སངས་རྒྱས་དང་། །ཅིག་ཆར་འཇུག་པའི་ལམ་ཡིན་པས། །ངེས་དོན་ཕྱིན་ཅི་མ་ལོག་པའོ། །དྲུག་ཚན་གཉིས་པའི་ཆོས་རྣམས་ནི། །རྒྱུ་ལས་མ་བྱུང་འབྲས་བུ་དང་། །ལུང་ལ་མ་བརྟེན་མན་ངག་དང་། །སེམས་ལ་མི་ལྟོས་སངས་རྒྱས་དང་། །འབྱུང་བ་བཞི་ལ་རག་མ་ལུས། །འབྲས་བུ་གཞན་ལ་རེ་བ་མེད། །དུས་གསུམ་སངས་རྒྱས་ངོ་བོ་དང་། །དྲུག་ཚན་ཐ་མའི་ཆོས་རྣམས་ནི། །སྟོང་པ་ཐུན་མོང་མ་ཡིན་དང་། །གསལ་བ་ཐུན་མོང་མ་ཡིན་དང་། །བདེ་བ་ཐུན་མོང་མ་ཡིན་དང་། །སྟོང་པ་ཚད་དུ་ཕྱིན་པ་དང་། །གསལ་བ་ཚད་དུ་ཕྱིན་པ་དང་། །བདེ་བ་ཚད་དུ་ཕྱིན་པའོ། །ཇི་ལྟ་བུ་དང་ཇི་སྙེད་མཁྱེན། །མི་མཐུན་ཕྱོགས་རྣམས་སངས་པ་དང་། །མཐུན་པའི་ཡོན་ཏན་རྒྱས་པས་ན། །ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན། །མ་རྟོགས་སེམས་ཅན་ཆོས་རྣམས་ནི། །རྒྱུ་འབྲས་ཆོས་ལ་ལྟོས་པ་དང་། །བག་ཆགས་གོམས་པས་འབྱུང་བ་དང་། །བྱས་པའི་ཆོས་ཀྱིས་སངས་རྒྱས་དང་། །རིམ་གྱིས་རྟོགས་པའི་འདོད་པ་དྲུག །དྲང་དོན་ཆོས་ལ་ཡིད་ཆེས་སྐྱེ། །དེ་ལྟར་བྱས་པས་འཁོར་བ་སྟོངས། །འཁོར་བ་སྟོངས་པའི་རྒྱུ་མཚན་ནི། །འཇུག་སྒོ་གསུམ་དང་རྩོལ་བ་གཉིས། །བཙལ་ཐབས་གཉིས་དང་གསུམ་གྱིས་བཟློག །ཕྱི་ཡི་སྒོ་དང་ནང་གི་སྒོ། །གསང་བའི་སྒོ་རུ་ཤེས་པར་བྱ། །སོ་རུ་བཙལ་དང་ལྷུག་པར་བཙལ། །སྟོང་པའི་སོ་དང་རིག་པའི་སོ། །ཐ་དད་མ་ཡིན་ངོ་བོ་གཅིག །ལྷུག་པར་བཙལ་བ་རྣམ་གསུམ་ནི། །ཕྱི་རུ་རྣམ་ཤེས་ཡུལ་ལ་བསྡུ། །ནང་དུ་སེམས་ཉིད་སྡུག་བསྔལ་གློད། །གསལ་བ་འཛིན་མེད་ངང་ལ་བཞག །ཤེས་རབ་ཐབས་ཀྱིས་བཙལ་བ་དང་། །ཐབས་ལ་ཤེས་རབ་རྩི་ཡིས་གཟུང་། །ཟུང་དུ་འཇུག་པས་སངས་


DNG005_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པས། །སྟོང་གསལ་རིག་པ་ཆོས་ཀྱི་སྐུ། །ལོགས་ན་ཡོད་པ་མ་ཡིན་པས། །རང་གི་སེམས་ནི་སྟོང་གསལ་ཡིན། །དབང་མེད་གསུམ་གྱིས་འཁོར་བ་སྟོངས། །སྣང་བ་རང་སྣང་ཤེས་ཙམ་ན། །ཤ་ཁྲག་ལུས་ནི་སྟོངས་པར་འགྱུར། །ཤར་བ་རང་ཤར་ཤེས་ཙམ་ན། །ཉོན་མོངས་སེམས་ནི་སྟོངས་པར་འགྱུར། །རླུང་ཡང་རང་གི་རྩལ་དུ་ཤེས། །ལུས་སེམས་གཉིས་སུ་ཚོགས་རྒྱུ་མེད། །དེ་ལྟར་གསུམ་ལ་བརྟེན་ནས་ཀྱང་། །སྟོང་གསལ་རིག་པ་སངས་རྒྱས་སོ། །དེ་ལྟར་མ་ཤེས་བློ་ཆུང་རྣམས། །དབང་མེད་དྲུག་གིས་འཁོར་བར་འཁྱམས། །སྣང་བ་རང་སྣང་མ་ཤེས་ན། །ལུས་སུ་མི་འགྲོ་རང་དབང་མེད། །ཤར་བ་རང་ཤར་མ་ཤེས་ན། །སེམས་སུ་མི་འགྲོ་རང་དབང་མེད། །རླུང་རང་རྩལ་དུ་མ་ཤེས་ན། །ལུས་སེམས་མི་འདུ་རང་དབང་མེད། །འདུས་ནས་མི་སྐྱེ་རང་དབང་མེད། །སྐྱེས་ནས་མི་རྒས་རང་དབང་མེད། །རྒས་ནས་མི་ན་རང་དབང་མེད། །ན་ནས་མི་འཆི་རང་དབང་མེད། །ཤི་ནས་ཁམས་གསུམ་འཁོར་བར་འཁྱམས། །འཁོར་འདས་མཚན་ཉིད་བཞི་རུ་འདུས། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །སྣོད་ཀྱི་འཇིག་རྟེན་རི་དང་གླིང་རྣམས་ཀྱང་། །འཇིག་པའི་དུས་ན་བསྐལ་པའི་མེ་བྱུང་བས། །ཐལ་བའི་ལྷག་མ་ཙམ་ཡང་མི་ལུས་སོ། །ཆུ་དང་རླུང་གིས་འཇིག་པ་དེ་བཞིན་ནོ། །བཅུད་ཀྱི་སེམས་ཅན་ཚེ་འདི་མི་རྟག་པས། །ལུས་དང་ལོངས་སྤྱོད་ལ་སོགས་འདོར་བར་ངེས། །རིགས་དྲུག་སྡུག་བསྔལ་མང་པོ་བསམ་མི་ཁྱབ། །སྲིད་པ་སྟོང་བར་རྟོགས་པ་ཞི་བའི་མཆོག །བདག་མེད་གཉིས་རྟོགས་ཡང་དག་ཐར་པའི་ལམ། །འཁྲུལ་པ་ཉིད་དང་བྱང་ཆུབ་ལམ། །རྟག་ཏུ་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་སངས་རྒྱས། །སངས་རྒྱས་ས་ལ་གེགས་བྱེད་དོ། །རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལས། སངས་རྒྱས་སེམས་ཅན་ཁྱད་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །ཀུན་རིག་སྟོན་པ་ཆོས་རྗེ་ལགས། །ཁྱེད་ནི་འདྲེན་པའི་ལམ་མཁན་ཏེ། །གཞི་ལམ་འབྲས་བུ་བསྟན་དུ་གསོལ། །ཀུན་རིག་སྟོན་པས་བཀའ་སྩལ་པ། །གཞི་ནི་མ་བཅོས་


DNG005_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་དོན། །འཁོར་དང་མྱང་འདས་རོ་གཅིག་པས། །སངས་རྒྱས་སེམས་ཅན་འབྱུང་གནས་ས། །ཀུན་གྱི་སྤྱི་གཞི་ཡིན་པར་བཤད། །གསལ་ལ་འཛིན་མེད་རྟོགས་པས་ལམ། །ཞི་གནས་ལྷག་མཐོང་ཟུང་དུ་འདྲེལ། །ཉམས་མྱོང་སྣ་ཚོགས་འབྱུང་བའི་གནས། །འབྲས་བུ་ལམ་དུ་བྱེད་པར་བཤད། །ཡོངས་སུ་རྫོགས་པས་འབྲས་བུ་ཡིན། །ཁམས་གསུམ་སྐུ་གསུམ་ཐ་མི་དད། །བདག་དོན་གཞན་དོན་འབྱུང་བའི་གནས། །འབྲས་བུ་ཡེ་ནས་སྨིན་པར་བཤད། །ཅེས་གསུངས་སོ། །རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལས། སངས་རྒྱས་དང་སེམས་ཅན་ཁྱད་པར་བསྟན་པ་དང་། གཞི་ལམ་འབྲས་བུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །འདུས་པའི་འཁོར་ལ་ཕན་གདགས་ཕྱིར། །ཀུན་རིག་སྟོན་པ་ཆོས་རྗེ་ལགས། །རྒྱུད་ཀྱི་ལྡང་ཚད་བཤད་དུ་གསོལ། །ཀུན་རིག་སྟོན་པས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་ང་ལ་ཉོན། །རྒྱུད་ཀྱི་དོན་རྣམས་ངས་བཤད་པས། །གུས་པས་ཉོན་ལ་ཡིད་ལ་ཟུང་། །རྒྱུ་ཡི་རྒྱུད་དང་ལམ་གྱི་རྒྱུད། །འབྲས་བུའི་རྒྱུད་དང་གསུམ་དུ་བཤད། །གསང་སྔགས་རྒྱུད་ཀྱི་དབྱེ་བ་ཡིན། །འདྲེལ་དང་མ་ཚད་མེད་པ་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་ཡང་ནི་རྒྱུད་དུ་འདོད། །གསང་སྔགས་རྒྱུད་ཀྱི་དངོས་པོ་ནི། །ཡོངས་སུ་ཤེས་པ་བརྒྱད་ཀྱིས་བསྟན། །བལྟ་བ་སྤྱོད་པ་དཀྱིལ་འཁོར་དབང་། །དམ་ཚིག་དང་ནི་ཕྲིན་ལས་དང་། །བསྒྲུབ་པ་མཆོད་པ་བྱ་བར་བཤད། །ཅེས་གསུངས་སོ། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །ཐམས་ཅད་མཁྱེན་པ་ཁྱེད་ཀྱི་ཐུགས་ཁྲོལ་ལ། །ཕྱི་རབས་རྣམས་ལ་ཕན་གདགས་ཕྱིར། །འདི་དོན་རྒྱས་པར་བཤད་དུ་གསོལ། །ཀུན་རིག་སྟོན་པས་བཀའ་སྩལ་པ། །ལྟ་བ་ལོག་དང་དམན་པ་དང་། །ཤེས་པར་བྱ་བའི་ལྟ་བ་ནི། །མཐའ་བྲལ་ཡེ་ཤེས་ཕྱོགས་ཆ་བྲལ། །གཟུང་འཛིན་རྟོག་པ་ཀ་ནས་དག །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་


DNG005_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ན་རྣམ་པར་གྲོལ། །སྤྱོད་པའི་དོན་ལ་རྣམ་གསུམ་སྟེ། །འཇིག་རྟེན་ཕལ་དང་མི་མཐུན་སྤྱོད། །ལྟ་དམན་བློ་དང་མི་མཐུན་སྤྱོད། །ཡོངས་སུ་ཤེས་པའི་སྤྱོད་པ་ནི། །སྣ་ཚོགས་ཐུག་ཕྲད་ཞེན་པ་མེད། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །དེ་ཉིད་ཉམས་སུ་མྱོང་བས་འཁོར། །རིག་པ་བཀྲ་བས་དཀྱིལ་འཁོར་ཡིན། །རྡུལ་ཚོན་དཀྱིལ་འཁོར་རག་མ་ལུས། །ཆོས་དབང་སེམས་ལ་བསྐུར་བས་ནི། །རིག་པའི་རྩལ་གྱི་དབང་ཐོབ་འགྱུར། །ཏིང་འཛིན་ལས་སུ་རུང་བས་རང་དབང་རང་གིས་ཐོབ། །རང་སེམས་བླ་མར་རྟོགས་པས་བྱིན་རླབས་དབང་མི་དགོས། །རང་བྱུང་ཡེ་ཤེས་རྟོགས་པའི་ལྷ། །འཛབ་དང་ལྷ་ཡི་སྙིང་པོ་དབུལ་མི་དགོས། །སངས་རྒྱས་ཀུན་གྱི་གསང་བའི་ཐུགས། །མི་རྟོག་པ་ཡི་ཡེ་ཤེས་རང་གིས་རྟོགས། །དེ་ཉིད་གཞན་ལ་ཕན་བྱེད་པ། །སྲིད་པ་གསུམ་ན་དེ་དབང་བསྐུར། །ཅིག་ཆར་རིག་པ་དོན་ཡིན་པས། །ཅིག་ཆར་རིག་པའི་སྟོབས་ཀྱིས་འདག །ཐུན་མོང་ཐུན་མོང་མ་ཡིན་པས། །མི་འདའ་བས་ན་དམ་ཚིག་ཡིན། །ཐུན་མོང་དམ་ཚིག་བསྟན་པ་ནི། །ལྟ་བ་སྤྱི་སར་མི་དགོད་དང་། །སྒོམ་ཉམས་མུ་ཅོར་མི་སྨྲ་དང་། །བྱང་ཆུབ་ངོ་དགར་མི་གཏོང་དང་། །གསང་སྒོ་ཡལ་བར་དོར་མི་བྱ། །ཐུན་མོང་མ་ཡིན་དམ་ཚིག་ནི། །ཡེ་ནས་མ་བྱུང་མ་སྐྱེས་པས། །ཡེ་ནས་མི་གནས་ཡེ་ནས་སྟོང་། །མེད་པ་དང་ནི་ཕྱལ་པ་དང་། །གཅིག་པུར་ལྷུན་གྱིས་གནས་པའོ། །དམ་ཚིག་མེད་པའི་སྔགས་པ་ཀུན། །མེ་ཏོག་རྩ་བ་བསྐམས་པ་བཞིན། །འབྲས་བུ་སྨིན་པར་མི་འགྱུར་རོ། །སངས་རྒྱས་རང་ལ་བསྒྲུབ་པའི་སྒྲུབ་ཐབས་འདི། །སངས་རྒྱས་རང་ལ་ཡོད་པས་བསྙེན་པ་ཡིན། །དེ་མཚོན་བླ་མ་བསྟེན་པས་ཉེ་བསྙེན་ནོ། །དེའི་གསུང་དོན་དུ་གཉེར་བས་སྒྲུབ་པ་ཡིན། །བདེ་སྡུག་རྩ་བ་བྲལ་བས་སྒྲུབ་པ་ཆེན་པོའོ། །བདེ་གཤེགས་གོང་མས་གསུངས་པས་ཕྲིན་ཞེས་བྱ། །དེ་ལ་ཐོས་བསམ་བྱས་པས་ལས་ཞེས་བྱ། །སེམས་ཀྱི་ཟུག་རྔུ་ཞི་བས་ཞི་བ་ཉིད། །


DNG005_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལམ་དུ་ཁྱེར་བས་རྒྱས་པ་ཡིན། །རང་སེམས་བཀོལ་དུ་བཏུབ་པས་དབང་ཞེས་བྱ། །འཁོར་བའི་རྩ་བ་ཆོད་པས་དྲག་པོའོ། །མཆོད་པའི་བྱེ་བྲག་མང་པོ་ཇི་སྙེད་པ། །ཕྱི་དང་ནང་གི་མཆོད་པ་དང་། །གསང་མཆོད་བླ་ན་མེད་པའོ། །བླ་མེད་མཆོད་པ་བསྟན་པ་ནི། །མཁས་པས་བྱང་ཆུབ་སེམས་བསྒོམས་པས། །རྒྱལ་དང་དེ་ཡི་སྲས་རྣམས་ལ། །མཆོད་པའི་ནང་ནས་དམ་པ་སྟེ། །འདི་ནི་སྐྱོན་མེད་མེ་ཏོག་ཡིན། །ཐམས་ཅད་རིང་པོར་མི་ཐོགས་པར། །རྒྱལ་མཆོག་སངས་རྒྱས་ཉིད་དུ་འགྱུར། །ཞེས་གསུངས་སོ། །རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལས། ཡོངས་སུ་ཤེས་པར་བྱ་བའི་རྒྱུད་ཀྱི་དངོས་པོ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །ཀུན་རིག་སྟོན་པ་ཆོས་རྗེ་ལགས། །གནད་ལ་དབབ་པ་གསུང་དུ་གསོལ། །ཀུན་རིག་སྟོན་པས་བཀའ་སྩལ་པ། །དད་པས་དམ་ཆོས་གནད་ལ་དབབ། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་ག་ལ་འབྱུང་། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ག་ལ་འབྱུང་། །མོས་པས་བླ་མ་གནད་ལ་དབབ། །བླ་མ་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བླ་མ་སངས་རྒྱས་ཀུན་གྱི་རྗེ། །སྔོན་འགྲོས་རང་ལུས་གཏན་ལ་དབབ། །མི་ཡིས་གྲུ་ལ་རྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །མྱང་འདས་པ་ཡི་སྐམ་སར་འདོན། །གདམས་པས་རང་སེམས་གཏན་ལ་དབབ། །རང་སེམས་སངས་རྒྱས་རྩ་བ་སྟེ། །རང་སེམས་རང་གིས་ཐིམ་པས་ན། །དེ་ལས་ལྷག་པའི་ཆོས་གཞན་མེད། །ཅེས་གསུངས་སོ། །རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལས། ཡོངས་སུ་ཤེས་པར་བྱ་བའི་རྒྱུད་ཀྱི་དངོས་པོ་དང་། གཏན་ལ་དབབ་པའི་ལེའུ་སྟེ་བདུན་པའོ།། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །རིག་པའི་རྒྱལ་པོ་ཐམས་ཅད་མཁྱེན། །འཁྲུལ་པའི་སྣང་བ་འགགས་པ་ལ། །བར་དོའི་སྣང་བ་བསྟན་དུ་གསོལ། །ཀུན་རིག་སྟོན་པས་བཀའ་སྩལ་པ། །འདི་ལྟར་སྣང་བ་འགག་གྱུར་ནས། །ཕ་རོལ་སྣང་བ་ཤེས་པ་ལ། །བར་དོའི་སྣང་བ་


DNG005_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ལགས། །སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་དེ། །ཡར་དང་མར་གྱི་སྤྱི་ས་ནས། །མི་ལྡོག་དེ་ནི་དྲི་ཟའོ། །ཡེ་ཤེས་རང་སྣང་འདམ་གྱི་པདྨ་འདྲ། །སྲིད་པའི་སྐྱེ་གནས་གཞལ་ཡས་ཁང་ཆེན་འདྲ། །དུས་ཀྱི་སྙིགས་མ་ལམ་གྱི་ཁ་བྲག་འདྲ། །སྐྱེ་ཤི་གཉིས་པོ་ཟོ་ཆུའི་ཁྱུད་མོ་འདྲ། །ལམ་གྱིས་བྱུང་ནས་སལ་གྱིས་གསལ། །དེ་ལ་འཛིན་པ་སྐྱེས་པས་ཧྲིལ་གྱིས་བསྒྲིབ། །རྟོགས་པའི་དབང་གིས་ཞག་ལྔ་བདེ་དང་ལྡན། །འགྱུ་མི་འགྱུ་ལས་ཡིད་ཙམ་འགྱུས། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །དེ་ཡི་བྱེ་བྲག་བཤད་པ་ནི། །རྣམ་པ་དྲུག་ཏུ་ཤེས་པར་བྱ། །རང་བཞིན་གནས་པའི་བར་དོ་དང་། །ཏིང་ངེ་འཛིན་གྱི་བར་དོ་དང་། །སྐྱེ་ཤི་གཉིས་ཀྱི་བར་དོ་དང་། །དེ་བཞིན་སྲིད་པའི་བར་དོ་དང་། །རྨི་ལམ་གཉིད་ཀྱི་བར་དོ་དང་། །ཆོས་ཉིད་གསལ་བའི་བར་དོའོ། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །ཀུན་རིག་སྟོན་པ་ཆོས་རྗེ་ལགས། །དེ་དོན་ཤེས་པ་ཤིན་ཏུ་དཀའ། །དཔེ་དོན་བཅས་པ་གསུང་དུ་གསོལ། །དེ་སྐད་ཞུས་པའི་དོན་གསན་ནས། །ཀུན་རིག་སྟོན་པས་བཀའ་སྩལ་པ། །རང་བཞིན་གནས་པའི་བར་དོ་ལ། །མ་ཤེས་པ་ནི་ངོ་ཤེས་བྱེད། །དྭ་ཕྲུག་མ་དང་ཕྲད་པ་བཞིན། །མ་ནི་སྟོང་ལ་བུ་ནི་གསལ། །མ་བུ་ཤེས་པའི་སྐྱེས་བུ་ནི། །སྙམ་བྱེད་དེ་ལས་གྲོལ་བར་འགྱུར། །ཏིང་ངེ་འཛིན་གྱི་བར་དོ་ལ། །མི་གསལ་བ་ནི་གསལ་བྱེད་པས། །སྒེག་མོས་མེ་ལོང་བལྟ་བ་བཞིན། །སེམས་ཀྱིས་སེམས་ལ་བལྟས་པ་ཡིས། །གཉིས་འཛིན་རྟོག་པ་ཟད་པར་འགྱུར། །སྐྱེ་ཤི་གཉིས་ཀྱི་བར་དོ་ལ། །ཡེ་ཤེས་ངོ་ཡིས་འཛིན་པ་ནི། །མུན་ཁུང་སྒྲོན་མེ་བཏེགས་པ་བཞིན། །མཚོན་པ་ཚིག་གིས་དོན་རྟོགས་པས། །རྟེན་འདྲེལ་འཛོམ་པའི་ཡེ་ཤེས་ཀྱིས། །རྨོངས་པའི་མུན་པ་སངས་པར་འགྱུར། །མི་སྲིད་སྲིད་པའི་བར་དོ་ལ། །བཟང་ངན་ལས་ཀྱི་འཕྲོ་མཐུད་ནི། །རྐང་ཆག་ཡུར་བར་ཝ་བཙུགས་བཞིན། །གཉེན་པོ་བརྟེན་པའི་དཀའ་ཐུབ་ཀྱིས། །འདོད་པའི་འབྲས་བུ་འཐོབ་པར་འགྱུར། །གཉིད་ལོག་


DNG005_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་བར་དོ་ལ། །ཅིར་སྣང་སེམས་སུ་ཤེས་པ་ནི། །བྲམ་ཟེའི་གླིང་དུ་གཞན་འཚོལ་བཞིན། །ཐམས་ཅད་སེམས་སུ་རྟོགས་པ་ལ། །བཟང་ངན་ཕན་གནོད་མེད་པར་འགྱུར། །ཆོས་ཉིད་གསལ་བའི་བར་དོ་ལ། །ཡེ་ཤེས་ཟང་ཐལ་འཆར་བ་ནི། །སྐར་མདའ་མཁའ་ལ་རྒྱུག་པ་བཞིན། །ཕྱིར་མི་ལྡོག་པའི་རིག་པ་ནི། །འབྱུང་བ་རང་སར་ཐིམ་བྱས་ནས། །རྣམ་ཤེས་འོད་ལ་ཐིམ་པའི་དུས། །བག་ཆགས་ལུས་ལས་གྲོལ་བར་འགྱུར། །ཞེས་གསུངས་སོ། །རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལས། བར་དོའི་བྱེ་བྲག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །རྡོ་རྗེ་སེམས་དཔས་ཡང་ཞུས་པས། །ཀུན་རིག་སྟོན་པ་ཆོས་རྗེ་ལགས། །དེ་བཞིན་གཤེགས་པའི་སྐུ་གསུང་ལས། །ཕྱི་ནང་སྤྲུལ་པ་ཇི་ལྟར་བཀྱེ། །གདུལ་བྱའི་སྟོན་པ་གང་ལ་བགྱི། །ཀུན་རིག་སྟོན་པས་བཀའ་སྩལ་པ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ནི། །སྤྲུལ་པ་བསམ་གྱིས་མི་ཁྱབ་པས། །ཕྱོགས་བཅུ་དུས་གསུམ་མ་ལུས་པའི། །སངས་རྒྱས་ཇི་སྙེད་བཞུགས་པ་ཀུན། །ཀུན་རིག་ང་ཡི་སྤྲུལ་པ་ལས། །གཞན་ན་སངས་རྒྱས་རྡུལ་ཙམ་མེད། །ཕྱི་དང་ནང་དུ་སྣང་བ་ནི། །ཀུན་རིག་ཡིན་པར་ཤེས་པར་གྱིས། །རྒྱལ་བའི་སྐུ་ཡི་སྤྲུལ་པ་ལས། །མར་མེ་མཛད་ལ་སོགས་པ་ཡི། །སངས་རྒྱས་རབས་བདུན་འབྱུང་བ་ནི། །འདས་པའི་དུས་ཀྱང་ང་ཉིད་དོ། །རྒྱལ་བའི་གསུང་གི་སྤྲུལ་པ་ལས། །བསྐལ་བཟང་བྱང་ཆུབ་སྟོང་ལ་སོགས། །བྱང་ཆུབ་སེམས་དཔའ་འབུམ་སྡེ་ནི། །ཀུན་རིག་སྟོན་པ་ང་ཡིན་ནོ། །བདེ་གཤེགས་ཐུགས་ཀྱི་སྤྲུལ་པ་ལས། །ཞི་ཁྲོ་སངས་རྒྱས་ལ་སོགས་པ། །རིགས་ལྔ་ཡབ་ཡུམ་ང་ཉིད་དོ། །ང་མེད་པ་ཡི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །སེམས་ཅན་བྱ་བའི་སྐྱེ་གནས་མེད། །ཐམས་ཅད་ང་ཡི་སྤྲུལ་པ་ཡིན། །ང་ཉིད་གཞི་ཡི་སངས་རྒྱས་སོ། །ནང་གི་སྤྲུལ་པ་རྣམ་གསུམ་ནི། །བདེ་བར་གཤེགས་པའི་སྐུ་ཡི་སྤྲུལ་པ་ལས། །འོག་མིན་གནས་ཀྱི་གནས་མཆོག་ན། །བཅོམ་ལྡན་རྣམ་པར་སྣང་མཛད་བྱུང་། །ཕྱི་ནང་རིགས་གསུམ་མགོན་པོ་དང་། །ས་བཅུའི་བོ་དྷི་སཏྭ་ལ། །གསུང་གིས་ཆོས་རྣམས་མི་སྟོན་པར། །སྐུ་ཡིས་ཆོས་རྣམས་


DNG005_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འཇལ་བར་སྟོན། །བདེ་གཤེགས་གསུང་གི་སྤྲུལ་པ་ལས། །འཛམ་གླིང་རྡོ་རྗེའི་གདན་སྟེངས་ན། །ཤཱཀ་ཐུབ་ལྷ་མིའི་སྟོན་པ་བྱུང་། །མདོ་སྡེ་འདུལ་བ་མངོན་པའི་ཆོས། །དྲང་དོན་ངེས་དོན་མང་པོ་གསུངས། །ཀུན་རིག་ཐུགས་ཀྱི་སྤྲུལ་པ་ལས། །རྒྱུད་བདག་རྡོ་རྗེ་སེམས་དཔའ་བྱུང་། །སངས་རྒྱས་ལྷ་ཚོགས་རྣམས་དང་ནི། །དགའ་རབ་རྡོ་རྗེ་ལ་སོགས་པས། །གསང་སྔགས་ངེས་དོན་རྒྱུད་སྡེ་གསུངས། །རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལས། སྤྲུལ་པ་བཀྱེ་བའི་ལེའུ་སྟེ་དགུ་པའོ།། །རྡོ་རྗེ་སེམས་དཔས་ཡང་ཞུས་པ། །ཀུན་རིག་སྟོན་པ་ཆོས་རྗེ་ལགས། །ཁྱེད་ནི་མཉམ་པའི་རྒྱལ་པོ་སྟེ། །ཐུགས་རྗེས་འགྲོ་བའི་སྐྱབས་མཛད་པ། །ཆེ་ཆུང་རིམ་པའི་བློ་ཡོད་པས། །རྒྱུད་ཀྱི་གཏད་རྒྱ་གསུང་དུ་གསོལ། །དེ་སྐད་ཞུས་པའི་དོན་མཁྱེན་ནས། །སྟོན་པ་ཤེས་རིག་རྒྱལ་པོ་ཡིས། །ཕྱི་རབས་རྣམས་ལ་ཕན་གདགས་ཕྱིར། །འདུས་པའི་འཁོར་ལ་རྒྱུད་གཏད་པ། །གསང་སྔགས་ངེས་དོན་རྒྱུད་ཆེན་འདི། །བསྟན་པའི་སྙིང་པོ་ཡིན་པར་ངེས། །སྙིགས་མ་ལྔ་ཡི་དུས་སུ་དར། །དཔེར་ན་མར་མེ་འཆི་ཀ་རུ། །འོད་ནི་གསལ་བར་འབྱུང་བ་ལྟར། །དེ་བཞིན་ང་ཡི་རྒྱུད་འདི་ཡང་། །ནུབ་ཀར་ཟབ་མོའི་ཆོས་དར་འགྱུར། །བསྟན་པ་ནུབ་ཁར་འགྱུར་ཙམ་ན། །འདི་ལས་ལྷག་པའི་མགོན་སྐྱབས་མེད། །སྐལ་ལྡན་རྣམས་ཀྱི་ལམ་དུ་གྱིས། །རྒྱུད་ངག་ཁྱེད་ཀྱི་ཐུགས་ལ་ཆོངས། །འདུས་པའི་འཁོར་རྣམས་ང་ལ་ཉོན། །རང་བཟོ་བྱེད་ཅིང་བླ་མ་སྨོད། །དད་པ་ཆུང་ལ་འདོད་པ་ཆེ། །དམ་ཚིག་མེད་ལ་སློབ་དཔོན་གསང་། །བཀའ་བཞིན་མི་བསྒྲུབ་ཟོང་དུ་བྱེད། །དེ་འདྲའི་གང་ཟག་ལོག་སྲེད་ཅན། །རྒྱུད་ཀྱི་མིང་ཡང་བསྟན་མི་བྱ། །མཁའ་འགྲོ་རྣམས་ཀྱིས་སྲོག་ཀྱང་འཕྲོག །ཡ་ང་བ་ཡི་ནད་ཀྱང་འབྱུང་། །ཤི་ནས་རྡོ་རྗེ་དམྱལ་བར་སྐྱེ། །ད་ཡང་འདུས་པའི་འཁོར་རྣམས་ཉོན། །དད་ལྡན་རྒྱུད་ལ་མོས་པ་དང་། །སྒྲུབ་ལ་ཤིན་ཏུ་བརྩོན་པ་ལ། །དངོས་གྲུབ་མྱུར་དུ་འབྱུང་བར་འགྱུར། །སྙིང་པོ་དོན་གྱི་ཡང་སྙིང་
འདི། །བདེར་གཤེགས་རྣམས་ཀྱི་ཐུགས་དམ་ཡིན། །གྲུབ་ཐོབ་རྣམས་ཀྱི་གཤེགས་ཤུལ་ཡིན། །སྐལ་ལྡན་རྣམས་ཀྱི་མགོ་འདྲེན་ཡིན། །འགྲོ་བ་རྣམས་ལ་ཐུགས་བརྩེའི་ཕྱིར། །ཕྱིར་མི་ལྡོག་པའི་ལམ་བསྟན་པ། །རྒྱལ་བ་ཉིད་ཀྱི་ཐུགས་བསྐྱེད་ནས། །བླ་མེད་བྱང་ཆུབ་འཐོབ་པར་ཤོག །རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལས། རྒྱུད་ཀྱི་གཏད་རྒྱ་བསྟན་པའི་ལེའུ་སྟེ་བཅུ་པའོ།། པཎྜི་ཏ་ཤྲཱི་སིངྷ་དང་། ལོཙྪ་བ་བཻ་རོ་ཙ་ནས་གཏན་ལ་ཕབ་པའོ། །རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་རྫོགས་སོ།། །།

རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།


DNG005_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་སཏྭ་ཨཱ་ཀཱ་ཤཱནྟ་ས་མ་མ་ཧཱ་ཏནྟྲ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།དཔལ་རྡོ་རྗེ་སྙིང་པོ་ཡེ་ཤེས་གསང་བ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་ཆེན་པོ་ནམ་མཁའི་མཐའ་ལྟར་རྟག་པར་བཞུགས་ཤིང་། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྟ་བུར་གྱུར་པ། རྡོ་རྗེ་སེམས་དཔའ་ཀུན་དང་དབྱེར་མེད་པ། ལྷུན་གྱིས་གྲུབ་པའི་དབང་ཕྱུག །ཉི་མ་སྟོང་ལྟར་བརྡལ་ཞིང་ལྷག་པའི་ཆེ་བ་དང་ལྡན་པ། ཐམས་ཅད་གཅིག་གི་ངོ་བོར་གྱུར་པ། གང་དང་ཡང་ཐ་མི་དད་པ་ཆེན་པོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་དཔལ་རྡོ་རྗེ་སེམས་དཔའ། འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་སྒྲོ་སྐུར་དང་བྲལ་བ། རིག་པའི་ཡེ་ཤེས་འབར་བའི་གཞལ་ཡས་ཁང་། མཐའ་དང་དབུས་མེད་པར་ནམ་མཁའི་དབྱིངས་དང་མཉམ་པ། ཡེ་ཤེས་གསང་བའི་ཡང་གསང་བ། ཀུན་ཏུ་ཁྱབ་གདལ་ཆེན་པོ། ཚད་དང་རྒྱ་དཔག་ཏུ་མེད་པ། ཟབ་ཅིང་ཕྲ་ལ་རྟོགས་པར་དཀའ་བའི་རང་བཞིན་ཐུག་པ་མེད་ཅིང་། ཟད་འཕེལ་མེད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱན་རབ་འབྱམས་དཔག་ཏུ་མེད་པས་བརྒྱན་པ་ན། རྫོགས་པ་ཆེན་པོ་བཅོམ་ལྡན་འདས་བཞུགས་ཏེ། རང་བཞིན་ངོ་བོའི་འཁོར་དང་། རང་བཞིན་ལ་རྗེས་སུ་ལྟ་བའི་འཁོར་དང་། རང་བཞིན་མངོན་


DNG005_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐོབ་པའི་འཁོར་ལ་འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་སྩོགས་པ་དང་། ཡོངས་སུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་ལ་སྩོགས་པ་ཐམས་ཅད་དང་། ཕྱོགས་བཅུའི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་།སྤྲུལ་པའི་སྐུ་མཐའ་ཡས་པ་དང་། ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་ལྷའི་དབང་པོས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་དུས་གསུམ་གཤེགས་པའི་རྒྱལ་བ་ཡིས། །ཀུན་གྱི་འདོད་པ་བསྐང་ཞེས་པ། །རྩོལ་བྱས་ཐེག་པ་མཐར་སྟོན་ནས། །རྩོལ་མེད་འདུལ་བའི་རྣལ་འབྱོར་ལ། །ཅིག་ཆར་ཐེག་པ་གསུང་དུ་གསོལ། །ཞེས་གསོལ་བས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སེམས་དཔའ་ཆེན་པོ་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ་མ་རྡོ་རྗེ་སེམས་དཔའ་ཆེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཁྱོད་ནི་རྒྱལ་བ་ཀུན་གྱི་རྗེ། །རང་བཞིན་མ་བཅོས་ཐུགས་རྗེ་ཡིས། །བྱ་བྲལ་རྫོགས་ལུང་བཤད་དུ་གསོལ། །ཞེས་གསུངས་པ་དང་། དེ་ནས་དཔལ་རྡོ་རྗེ་སེམས་དཔའི་ཆོས་ཀྱི་དབྱིངས་ལས་ཡེ་ཤེས་སྤྲུལ་པའི་རྡོ་རྗེ་སེམས་དཔའ་གཅིག་བྱུང་སྟེ། རྡོ་རྗེ་རྩེ་ལྔ་པ་ཡིས་དབང་བསྐུར་ཏེ། འདི་སྐད་ཅེས་གསུངས་སོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་འཁོར་ལོའི་གཏེར་འཛིན་ཅིང་། །སྐུ་གསུང་ཐུགས་ཀྱི་གསང་བ་འཆང་། །ཁྱོད་ནི་སྨྲ་བའི་སེང་གེ་སྟེ། །རྩོལ་མེད་འདུལ་བའི་གང་ཟག་ལ། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་གསོལ་བ་དང་། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །གསང་སྔགས་རྡོ་རྗེ་ནམ་མཁའ་ཆེ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །བརྗོད་པས་རྟོགས་པར་མི་ནུས་ཏེ། །འདི་ཞེས་འགྲོ་བར་རབ་ཏུ་དཀའ། །འོན་ཀྱང་དམ་


DNG005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བསྐོང་བ་དང་། །སངས་རྒྱས་ཐུགས་རྗེའི་བྱིན་རླབས་ཀྱིས། །བརྡ་དོན་སྤྲད་ལ་རྟོགས་བྱའི་ཕྱིར། །ཚིག་གི་སྒོ་ནས་དགྲོལ་བར་བྱ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་སེམས་དཔའ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་མི་བསྐྱོད་པ་ཞེས་བྱ་བ་རང་གི་འཁོར་ལ་རྩོལ་མེད་སེམས་ཀྱི་དོན་རྒྱ་ཆེར་གསུངས་པ་ལ་འདི་སྐད་ཅེས་ཞུས་སོ། །སེམས་ཉིད་རང་བྱུང་རྡོ་རྗེ་ལ། །སྐྱེ་ཤི་འདུ་འབྲལ་ཇི་ལྟར་བྱུང་། །ཞེས་གསོལ་བ་དང་། དེ་བཞིན་གཤེགས་པ་མི་བསྐྱོད་པས་འདི་སྐད་ཅེས་གསུངས་སོ། །སེམས་ཉིད་རང་བྱུང་རྡོ་རྗེ་ལ། །མ་སྐྱེས་པས་ན་འཇིག་པ་མེད། །འདུ་འབྲལ་མཁའ་ལྟར་དག་པ་ཡི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་དཔལ་དང་ལྡན་པ་ཞེས་བྱ་བ་ལྷོ་ཕྱོགས་ཀྱི་འཇིག་རྟེན་ན། །དེ་བཞིན་གཤེགས་པ་རིན་པོ་ཆེ་མངོན་པར་མཐོ་བས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་བ་རང་བྱུང་དངོས་མེད་ཀྱིས། །དཔག་མེད་བསམ་པ་ཇི་ལྟར་བསྐང་། །ཞེས་གསོལ་པ་ལས། དེ་བཞིན་གཤེགས་པ་མངོན་པར་མཐོ་བས་འདི་སྐད་ཅེས་གསུངས་སོ། །ཇི་ལྟར་ཉི་ཟེར་ནོར་བུ་ལྟར། །མ་བསགས་གདོད་ནས་ལྷུན་གྱིས་རྫོགས། །འགྲོ་འོང་མེད་པར་ཀུན་ཁྱབ་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་དེས་ནུབ་ཕྱོགས་ཀྱི་འཇིག་རྟེན་པདྨའི་ཕུང་པོ་ཞེས་བྱ་བ་ན། སངས་རྒྱས་པདྨ་ཆགས་པ་མེད་པ་ལ་འདི་སྐད་ཅེས་གསོལ་ཏོ། །རང་བྱུང་དག་པའི་སྙིང་པོ་ལ། །ལས་དང་བག་ཆགས་གོས་མི་གོས། །ཞེས་གསོལ་པ་དང་། དེ་བཞིན་གཤེགས་པས་འདི་སྐད་ཅེས་གསུངས་སོ། །རང་བྱུང་ཡེ་ཤེས་ཀ་དག་པས། །པདྨ་ལ་ནི་འདམ་བཞིན་དུ། །མཚམས་མེད་ལྔ་ཡི་བག་ཆགས་དག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་བྱང་ཕྱོགས་ཐམས་ཅད་གྲུབ་པ་ཞེས་བྱ་བའི་འཇིག་རྟེན་ན། དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པ་ལ་འདི་སྐད་ཅེས་གསོལ་ཏོ། །བྱར་མེད་


DNG005_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་རྫོགས་ཕྲིན་ལས་ལ། །འགྲོ་དོན་ཕྲིན་ལས་ཇི་ལྟར་མཛད། །ཅེས་གསོལ་བས། དེ་བཞིན་གཤེགས་པ་དེས་འདི་སྐད་ཅེས་གསུངས་སོ། །རྩོལ་མེད་ལྷུན་གྲུབ་བྱིན་རླབས་ལས། །མཛད་པའི་བྱིན་རླབས་ཕྱོགས་བཅུར་བརྡལ། །ཕྱོགས་རིས་མི་མངའ་ཡོངས་ཀྱི་གཏེར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཉིད་རིན་ཆེན་འཕྲུལ་གྱི་སྒོ། །རྟོགས་པར་འདོད་ན་ཇི་ལྟར་བལྟ། །ཞེས་གསོལ་བས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་འདི་སྐད་ཅེས་གསུངས་སོ། །འཕྲུལ་གྱི་སྐྱེས་བུའི་ཚུལ་བཞིན་དུ། །གཅིག་རྟོགས་ཀུན་ཀྱང་དེ་འདྲ་བ། །མ་བཅོས་བྱང་ཆུབ་སྙིང་པོ་ལ། །ཕྱོགས་སུ་བལྟས་པས་མཐོང་མི་འགྱུར། །ཞེས་གསུངས་སོ། །དེ་ནས་འདོད་ཁམས་ཐ་མ་རུ། །མིང་གསུམ་ལྡན་པའི་སྐྱེས་བུ་ལ། །ལྟས་གསུམ་ལྡན་ཕྱིར་བསྐུལ་བའི་མཐུས། །ཐུགས་རྗེ་སེམས་དཔའི་བྱིན་བརླབས་ཀྱིས། །འོད་ལྔ་ལྡན་པའི་སྐུ་བསྟན་ཏེ། །ཆོས་ཀྱི་འཁོར་ལོའི་གདན་སྟེངས་སུ། །རིན་ཆེན་འབར་བའི་བསིལ་བཀབ་ནས། །རྡོ་རྗེ་སེམས་དཔས་མ་བརྗོད་གསུངས། །དེ་ནས་སྐྱེས་བུ་རྒྱལ་སྲས་དེས། །རིག་པ་གདེང་གི་དོན་རྟོགས་ནས། །དེ་ཚེ་དེ་ཡི་དུས་ཉིད་དུ། །དུས་མཐའི་སྐད་ཅིག་ཉིད་ལ་ནི། །ཀློང་དགུ་བམ་པོ་ཉི་ཁྲི་ཉིད། །སྐལ་ལྡན་ལྷ་གནས་གྲགས་པར་གྱུར། །དེ་ནས་ཐུགས་རྗེའི་བྱིན་བརླབས་ཀྱིས། །དྷ་ན་ཀོ་ཤ་གླིང་གི་ཕུག །ལྷ་མོ་སེམས་དགའ་རྡོ་རྗེ་ཅན། །སྤྲུལ་པའི་འདབ་ཆགས་ཕྲ་མེན་ལུས། །བྱིན་བརླབས་ཡེ་ཤེས་ཐུགས་མཚན་ལས། །ཡ་མཚན་སྤྲུལ་པའི་ཆ་འཛིན་ཅིང་། །སྟོང་ཉིད་རྩོལ་མེད་སྒྲོགས་གྱུར་པས། །ཡང་སྤྲུལ་སྐལ་ལྡན་སྲས་བདུན་ལ། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས། །ཐོབ་མེད་བྱང་ཆུབ་སེམས་དང་ཕྲད། །གསང་བའི་འཁོར་ལོ་རིག་པའི་གཏེར། །བརྡ་སྤྲད་ཚེགས་མེད་དོན་པོ་ཆེ། །མ་བཙལ་རང་བཞིན་བཞག་པས་འགྲུབ། །དཔག་ཏུ་


DNG005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་རྒྱལ་པོ་ཡིས། །ཕུན་སུམ་ཚོགས་པ་ཀུན་བསྡུས་ནས། །བསྟན་པ་བསམ་ཡས་གསུངས་པ་ཡང་། །ཀློང་དགུའི་ནང་དུ་མ་འདུས་མེད། །སྐལ་ལྡན་ཐུགས་རྗེ་སེམས་དཔའ་ཡིས། །དུས་གཅིག་ཉིད་ལ་རྟོགས་པའི་ལུང་། །རྡོ་རྗེ་ནམ་མཁའ་དཀྱིལ་བོ་ཆེ། །མཐའ་དབུས་སྤྲོས་པ་རྣམ་པར་བཅད། །སྒྲོན་མེ་ཡེ་ཤེས་འཁོར་ལོ་ཅན། །སྐུར་མེད་རང་གསལ་བརྗོད་དང་བྲལ། །དགོངས་པ་ནམ་མཁའི་མཐའ་མཉམ་པ། །མཚན་མའི་སྤྲོས་དང་གདོད་ནས་དག །རིག་པ་རང་སྣང་འཁོར་ལོ་ལ། །བསམ་བརྗོད་དཔྱད་པའི་མཐའ་ལས་འདས། །མཉམ་ཉིད་རིག་པའི་འཁོར་ལོ་ལ། །མཚན་མའི་སྒྲ་ཡིས་གཏན་ལ་ཕབ། །ཡེ་ཤེས་རང་བྱུང་འཁོར་ལོ་ལས། །ཆོ་འཕྲུལ་ཐུགས་རྗེའི་རང་བཞིན་འཆར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །རང་བྱུང་གསང་བའི་འཁོར་ལོ་ལས། །ཀློང་དགུའི་བསྟན་པ་ཆར་བཞིན་འབྱུང་། །རང་བྱུང་རང་གསལ་གཏན་ལ་ཕེབས། །རང་ལ་འཆད་ཅིང་རང་གིས་སྟོན། །རང་གིས་བསྡུས་ནས་རང་དུ་བསྡུ། །མ་བཅོས་ཐིག་ལེ་གཅིག་ཏུ་གནས། །རང་གསལ་བརྗོད་འདས་རིག་པའི་གསུང་། །བྱ་བྲལ་རྫོགས་པའི་རྒྱུད་དུ་གྲགས། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །རྒྱལ་བ་ཀུན་གྱི་གསང་བའི་ཐུགས། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །རིག་པའི་བསྟན་པ་སྒྲོགས་པའི་བདག །རྫོགས་ཆེན་གསུམ་གྱི་ངོ་བོ་ལ། །བརྡ་དོན་སྤྲད་པའི་གཏན་ཚིགས་ཀྱིས། །བཤད་པ་གསུམ་ལ་ངེས་དགོངས་ནས། །གཞི་ལམ་འབྲས་བུ་གསུང་དུ་གསོལ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ལེགས་པར་ཉོན་ཅིག །ནམ་མཁའི་མཐའ་དང་མཉམ་པའི་


DNG005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད། །རྒྱལ་བ་ཀུན་གྱི་དགོངས་དོན་འདི། །དཔག་མེད་རྒྱལ་བ་བསྐྲུན་པ་ཉིད། །སྟོང་ཉིད་སྨྲ་བ་མ་ཡིན་ཀྱང་། །ཚིག་དོན་སྤྲད་པ་རབ་ཏུ་གཅེས། །རང་བཞིན་ཐབས་དང་འབྲས་བུ་ཉིད། །རྫོགས་ཆེན་མ་བཅོས་དགོངས་པ་ལ། །མི་འགལ་བརྗོད་པའི་སྒྲ་ཡིས་མཚོན། །དངོས་པོའི་དོན་ཉིད་གཏན་ལ་ཕབ། །འགྱུར་མེད་སྙིང་པོ་རྩོལ་མེད་ལམ། །མ་བསྒྲུབས་རང་བྱུང་འབྲས་བུ་གསུམ། །མ་འདྲེས་གཅིག་ཏུ་ངེས་པར་མཉམ། །བཤད་ཚུལ་གསུམ་དུ་ཤེས་པར་བྱ། །གཞི་དང་ལམ་དང་འབྲས་བུ་ནི། །ཡེ་ཤེས་རང་གནས་བདེ་མཆོག་དང་། །བསྒྲུབ་པ་བདེ་བ་གསལ་བྱེད་དང་། །རྟོག་པ་རབ་འབྱམས་ཉིད་དུ་འཆར། །ངོ་བོ་རྒྱུ་རྐྱེན་ངེས་པའི་དཔེ། །མཚན་ཉིད་ཁྱབ་ཚད་ལུང་གི་དོན། །ཡེ་ཤེས་རང་གསལ་ཀུན་གསལ་ཏེ། །མ་བཅོས་མ་བསྐྱེད་ཡེ་ནས་བྱུང་། །འདུ་འབྲལ་མེད་པར་རང་ལ་རྫོགས། །གསལ་བ་མི་གཡོ་རང་བྱུང་དབྱིངས། །སྣང་ལ་མི་རྟོག་མཉམ་པའི་ངང་། །རང་གསལ་མ་བསྒྲིབས་རང་རིག་དང་། །མཁྱེན་པའི་ཡེ་ཤེས་ཉིད་དུ་འཆར། །རང་གསལ་མ་དམིགས་ཡུལ་དང་བྲལ། །རྫོགས་ཆེན་ཡེ་ཤེས་གསལ་བའི་ངང་། །ཚིག་བྲལ་མཉམ་ཉིད་དོན་དུ་རྫོགས། །རང་ལ་མི་རྟོག་གཞན་མི་རྟོག །གཉི་གར་མི་རྟོག་མཐའ་དང་བྲལ། །བསྐྱེད་བྱ་སྐྱེད་བྱེད་རྒྱུ་མེད་པས། །མ་སྐྱེས་སྙིང་པོ་བྱང་ཆུབ་པ། །སྐྱེ་འགག་བརྟག་པའི་ཐ་སྙད་བྲལ། །ཡེ་ཤེས་རྫོགས་པར་གསལ་བའི་ངང་། །རྒྱུ་དང་མི་རྒྱུ་དབྱིངས་སུ་གཅིག །མ་སྐྱེས་འབྲས་བུ་ཡེ་ནས་བྱུང་། །རང་བྱུང་འཁོར་ལོ་ཡེ་ནས་གསལ། །རྒྱུ་ཉིད་འབྲས་བུར་ཡེ་ནས་བྱུང་། །ཐམས་ཅད་ཡེ་ཤེས་སྙིང་པོར་རྫོགས། །མ་ལུས་གཅིག་སྟེ་ཐ་དད་མེད། །མ་བཅོས་བྱང་ཆུབ་སྙིང་པོ་ལ། །མ་བཙལ་རང་རིག་གསལ་བར་རྫོགས། །སྒྲོན་མེས་མུན་པའི་རྫས་འཚོལ་ལྟར། །བརྡ་དོན་སྤྲད་པའི་འཕྲུལ་ཚིག་གིས། །འཁོར་བ་ཡེ་ཤེས་སྙིང་པོར་གསལ། །བསྐྱེད་པ་མེད་པས་


DNG005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་འབྲས་བྲལ། །རྐྱེན་ཉིད་མ་སྐྱེས་བྱང་ཆུབ་སྟེ། །རྡོ་རྗེ་སྙིང་པོར་དུས་གཅིག་རྫོགས། །བར་མཚམས་སྦྱར་མེད་གཅིག་ཏུ་གནས། །གསལ་བ་རང་སྣང་དཀྱིལ་འཁོར་ལ། །རྐྱེན་ལ་མི་རག་གདོད་ནས་དག །རྒྱུ་མེད་ཡེ་ཤེས་མཆོག་ཏུ་གསལ། །བདག་མེད་རང་རིག་སྟོང་ཉིད་ལུང་། །མཚུངས་མེད་སྐད་ཅིག་རྒྱུན་དང་བྲལ། །ཡུལ་མེད་དམིགས་བྲལ་ཆོས་ཀྱི་དབྱིངས། །མ་བཅོས་རང་བྱུང་རྐྱེན་དང་བྲལ། །གནས་དང་འབྱུང་སྡུད་དེ་ཕྱིར་དང་། །ཀུན་དངོས་ཕྱོགས་སུ་མ་ལྷུང་དང་། །ཤེས་དང་བསྒྲུབ་དང་ཤེས་བྱའི་ཕྱིར། །མིང་དུ་བཏགས་དང་མཚོན་དང་བྲལ། །དངོས་ཉིད་བཏགས་པའི་མཐའ་བྲལ་ལ། །ངེས་དང་མ་ངེས་ཚུལ་མི་འཇུག །བཏགས་མེད་ངེས་པའི་ཚིག་དང་བྲལ། །ཡི་གེ་བརྡ་བྲལ་མཉམ་ཉིད་ལ། །དེ་ལྟར་རྟོག་པ་ནོར་བའི་ལམ། །དངོས་ལ་ངེས་དང་མ་ངེས་ཀྱང་། །གཅིག་པས་ཐ་དད་མི་གནས་ཀྱང་། །དོན་གྱི་ཕྱོགས་ལ་གཙོར་བཟུང་ནས། །དེ་རྟོགས་བྱ་ཕྱིར་ངེས་པར་བཤད། །ངེས་པ་མི་བསླུའི་སྒྲ་ཡི་ཚིག །རྗེས་སུ་འགྲོ་བ་དོན་བྱེད་ནུས། །ཡེ་ནས་རིག་པའི་འཁོར་ལོར་སྦྱོར། །རིག་པའི་གསུང་གི་དོན་ལ་སྦྱོར། །རང་བཞིན་རིན་ཆེན་ཕུང་པོ་ལ། །གཏེར་ཁྱིམ་ཕུང་པོ་དེ་མཐོང་ནས། །བཙལ་བ་མེད་པ་འབྲས་བུར་གསལ། །མཐའ་གསུམ་གསལ་བའི་དཔེ་ཉིད་ནི། །ཞེན་པའི་སྣང་བ་མི་མཐོང་བས། །སྨག་གི་མུན་རུམ་ལྟ་བུར་བཤད། །རོལ་པས་ཆད་པ་གསལ་བའི་ཕྱིར། །ཆུ་ཡི་གཉེར་མ་ལྟ་བུར་བཤད། །གསལ་སྙོམས་མ་འདྲེས་བཏང་སྙོམས་བྲལ། །ཉི་མ་ཤར་བ་ལྟ་བུར་བཤད། །སྐུ་གསུམ་རོལ་པའི་དཔེ་ཉིད་ནི། །ཁྱབ་གདལ་ངོ་བོ་འཛིན་བྲལ་བས། །ཆོས་སྐུ་ནམ་མཁའ་ཀློང་དུ་བཤད། །རྫོགས་སྐུ་མཛེས་གསལ་ཀུན་ཁྱབ་པས། །ཉི་མ་འབུམ་གདལ་ལྟ་བུར་བཤད། །འབྱུང་འཇུག་མི་མངའ་ཀུན་གནས་པས། །སྤྲུལ་སྐུ་ཉི་མའི་ཟེར་ལྟར་བཤད། །ཡེ་ནས་ལྷུན་གྲུབ་སྙིང་པོ་ལ། །རྣམ་རྟོག་བློ་ཡིས་བཅད་པས་ན། །སྤྲིན་དང་ཁུག་སྣ་ལྟ་བུར་བཤད། །ཀུན་ཀྱང་ཡེ་ཤེས་རོ་གཅིག་པས། །ལན་


DNG005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཚྭ་ལྡན་པའི་རྒྱ་མཚོར་བཤད། །དེ་ལྟར་གཉིས་མེད་རྟོགས་བྱའི་ཕྱིར། །རྫོགས་ཆེན་གཞུང་ལ་ངེས་ཐོས་པས། །ཐོས་པ་ཟླ་བ་ལྟ་བུར་བཤད། །དོན་ལ་སྤྱོད་པས་ངེས་མ་ངེས། །སྤང་ལེན་བསམ་པ་སྐར་མ་ལྟར། །ངེས་པར་གསལ་སྙོམས་འདུ་ཤེས་བྲལ། །བསྒོམ་པ་ཉི་མ་ལྟ་བུར་བཤད། །མཚན་ཉིད་གང་ཡང་མ་སྤངས་པས། །རང་གསལ་ཡེ་ཤེས་སྙིང་པོར་རྫོགས། །གདོད་ནས་སྟོང་པའི་རང་བཞིན་ནི། །འདུ་ཤེས་བྲལ་བའི་དབྱིངས་སུ་རྫོགས། །ཅི་ཡང་ཡིན་ནོ་གང་ཡང་རུང་། །མ་བཀག་སེམས་ཀྱི་ཁྱད་པར་ལས། །བཀག་པ་མེད་དེ་རང་གསལ་དབྱིངས། །གཅིག་ཀྱང་མ་འདྲེས་ཐ་དད་གསལ། །སྣང་ཡང་ཞེན་པ་རྣམ་པར་བཅད། །དམིགས་ཀྱང་བཙལ་བའི་ཡུལ་དང་བྲལ། །ཡེ་ཤེས་སྙིང་པོའི་ཉི་མ་འཆར། །རིན་ཆེན་ནོར་བུའི་ཁང་པ་བཞིན། །ཅི་ཡང་གསལ་ལ་ཅི་ཡང་མིན། །ཕྱོགས་སུ་མི་སྣང་མཉམ་ཉིད་པས། །གང་ལྟར་བལྟས་པ་དེ་ལྟར་སྣང་། །ནམ་མཁའི་མཐའ་ལྟར་མཉམ་སྦྱོར་བས། །ཚད་དང་ཟླ་དང་དཔེ་ལས་འདས། །ཉི་མའི་སྙིང་པོ་འབར་བ་བཞིན། །མཐའ་ཡི་སྒྲིབ་པ་བྲལ་བའི་ཚད། །ཡེ་ཤེས་གསལ་ལ་མི་འགག་པས། །ཕྱོགས་ཀྱི་ངེས་པ་མི་གནས་པར། །ཅིར་ཡང་ངེས་པར་འཆར་བའི་ཕྱིར། །འཕྲུལ་གྱི་མེ་ལོང་གསལ་བའི་ཚད། །སེམས་ཉིད་རིན་ཆེན་ཀ་དག་ལ། །ཞེན་སྣང་བཏགས་པ་ཀུན་བྲལ་བས། །ཉི་མ་འབུམ་གྱི་འོད་ཟེར་བཞིན། །རང་ལས་བྱུང་བ་རོལ་པའི་ཚད། །ནམ་མཁའི་མཐའ་དང་མཉམ་སྦྱོར་བས། །ཆེ་ཆུང་ཚད་ལས་འདས་པ་ལ། །འཛིན་པ་ནམ་མཁའི་མཐའ་ཚོལ་འདྲ། །ཕྲ་བའི་ཕྲ་བ་ཉུང་འབྲུ་ཡི། །འབྲུ་ཡིས་མི་བསྐྲུན་ཕྲ་བའི་ཚད། །མཁྱེན་ལྡན་ཡེ་ཤེས་སྙིང་པོ་ཡིས། །གང་ཡང་མི་མཁྱེན་རང་གསལ་མཁྱེན། །མཐའ་དང་དབུས་སུ་མི་དམིགས་པས། །ནམ་མཁའི་མཐའ་དང་མཉམ་པར་མཁྱེན། །ཡེ་ཤེས་རང་གསལ་རྫོགས་ཚུལ་ལ། །མཐའ་ཡི་


DNG005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་རང་གསལ་བས། །རང་བྱུང་ཉི་མའི་དཀྱིལ་འཁོར་གསལ། །བྱ་བྲལ་རྫོགས་པའི་ལུང་དུ་བཤད། །རང་རིག་ཡེ་ཤེས་མཁྱེན་ལྡན་པས། །གཉིས་མེད་སྙིང་པོར་རྫོགས་པ་རྟོགས། །རང་གསལ་ཡེ་ཤེས་རྫོགས་པར་ལྡན། །རིག་པ་རང་སྣང་ཉམས་སུ་ཤར། །རང་བྱུང་འོད་ཀྱི་དཀྱིལ་འཁོར་ལ། །འཕྲུལ་ཡིག་རིག་པའི་བརྡ་སྤྲད་པས། །སྐྱེ་མེད་དབྱིངས་ཀྱི་བརྡ་དོན་མཇལ། །བཙལ་མེད་ཚེགས་ཆུང་དོན་པོ་ཆེ། །རང་བྱུང་ཡེ་ཤེས་རིན་ཆེན་གཏེར། །སྒོ་མང་འཇུག་ཐབས་བསམ་མི་ཁྱབ། །རྟོགས་ན་གཅིག་ཏུ་གནས་པའི་དོན། །རྟོགས་པ་ཐབས་ཆེན་བརྒྱུད་པའི་ལུང་། །རང་གསལ་ཉི་མའི་འོད་ལྟར་འཆར། །མཁའ་ཁྱབ་རིག་པའི་ཀློང་དུ་སོན། །རང་བྱུང་རིག་པ་རང་གསལ་འདི། །མཁའ་ཁྱབ་བྱང་ཆུབ་སེམས་ཀྱི་ལུང་། །རྡོ་རྗེ་སེམས་དཔའི་ཐུགས་དཀྱིལ་ནས། །རིག་པའི་ཁུ་བྱུག་དགུ་སྒྲོགས་པ། །སེམས་ཉིད་རང་གསལ་མཐོང་བྱའི་ཕྱིར། །ཀློང་དགུ་བམ་པོ་ཉི་ཁྲིར་གསལ། །དེ་ཉིད་དགུ་ལྡན་སེམས་ཀྱི་གཞི། །རིན་ཆེན་ཕུང་པོ་འཕྲུལ་གྱི་སྒོ། །རིན་ཆེན་ཕུང་པོ་གཏེར་ཁྱིམ་ན། །ཉི་མའི་འོད་ལྟར་ཡེ་ནས་གནས། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་རང་འཆར་གྱི་ལེའུ་སྟེ་གཉིས་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །རྒྱལ་བའི་རྒྱལ་བ་ཀུན་གྱི་མེས། །གསང་བའི་ཡང་གསང་བྱང་ཆུབ་སེམས། །རིན་ཆེན་ཁང་ལ་སྒོ་མང་དག །རང་གསལ་སྒོ་ནས་རྟོགས་བྱའི་ཕྱིར། །བདེ་ཆེན་རྩོལ་བྲལ་སྙིང་པོ་ལ། །བཤད་ཐབས་བཤད་བྱ་འབྲས་བུའི་དོན། །རང་གསལ་རིག་པའི་དོན་དུ་རྫོགས། །ཁྱབ་བདག་འཆང་ཆེན་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་སེམས་དཔའ་ཆེན་པོ། ཡི་གེ་མེད་པ་མཆོག་གི་རྒྱུད། །བྲིར་མེད་ཁ་དོག་


DNG005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་དང་བྲལ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །གསང་བ་ཀུན་འདུས་གཏེར་འདི་ཉིད། །བཤད་ཐབས་གསུམ་སྟེ་རྫོགས་ཆེན་གསུམ། །གཞི་ལམ་འབྲས་བུའི་ཚུལ་དུ་གནས། །དགོངས་པ་ཀུན་གྱི་ཞེ་ཕུགས་པས། །དགོངས་པ་ཀློང་བརྡོལ་ཚུལ་དུ་བཤད། །མན་ངག་རྩ་བ་འདིར་འདུས་པས། །མན་ངག་ཞལ་ཆེམས་སྤྲུགས་ལྟར་བཤད། །ཀློང་དགུའི་རྩ་བ་སེམས་ཉིད་ཀློང་། །སེལ་མེད་རྒྱ་མཚོའི་ཀློང་དུ་བཤད། །ཀུན་བཟང་སེམས་ཉིད་སྟོང་གསལ་ལས། །རང་བྱུང་རོལ་པ་མི་འགག་པས། །མཁའ་ལ་གཟའ་སྐར་བཀྲམ་ལྟར་བཤད། །མཁའ་ཁྱབ་སེམས་ལུང་ཀུན་གྱི་མཆོག །ཡིན་ཕྱིར་སྤྱི་དོན་ལྔ་ཡིས་བཤད། །རྒྱུད་ཀུན་འདུས་པའི་མཆོག་ཡིན་པས། །ཕུན་སུམ་ཚོགས་པ་ལྔ་ཡིས་བཤད། །ཐ་མ་ཤེས་བྱའི་ངོ་བོ་ལ། །ཐུན་མོང་ཐུན་མོང་མིན་པ་སྟེ། །ཐུན་མོང་ཁྱད་པར་གྲགས་ཚུལ་ཉིད། །གྲགས་པ་གོལ་ཞིང་བསྒྲིབས་པ་སྟེ། །ལྟ་སྤྱོད་ཏིང་འཛིན་དམ་ཚིག་དང་། །བསྒྲུབ་དང་ཕྲིན་ལས་དབང་མཆོད་དང་། །དཀྱིལ་འཁོར་ས་ལམ་འབྲས་བུ་བཅུ། །མ་ཤེས་བདག་འཛིན་གཟུང་འཛིན་དང་། །ཡང་དག་བདེན་ལ་རིས་འབྱེད་དང་། །ངག་དང་གཉིས་སྤྱོད་གཙང་སྨེ་དང་། །བླང་དོར་སྒྲིབ་པས་བཅིངས་པ་ཀུན། །ལམ་གོལ་ལམ་སྒྲིབ་གོལ་སྒྲིབ་བྱུང་། །ཡེ་ནས་རང་གསལ་གསང་རྫོགས་ལ། །མཐོང་དང་མ་མཐོང་གཉིས་སུ་ཕྱེ། །ཡེ་ནས་དམིགས་མེད་རང་གསལ་ལ། །བདག་དང་གཞན་དུ་བཟུང་བས་བཅིངས། །སྐྱེ་འཇིག་བྲལ་བའི་རྡོ་རྗེ་ལ། །རྒྱུ་འབྲས་འདྲེལ་པར་བཟུང་བས་ནོར། །དངོས་པོ་གཉིས་མེད་རྫོགས་ཆེན་ལ། །ཐ་དད་བརྟགས་པ་ལོག་པའི་ལམ། །གཉིས་མེད་རང་རིག་གཏེར་འདི་ལ། །བདེན་གཉིས་ཕྱེ་བས་གཅིག་དང་འགལ། །རང་གསལ་དམིགས་མེད་སྟོང་ཉིད་ལ། །ཡང་དག་བསྒྲུབས་པས་དམིགས་མེད་འགལ། །འཆིང་བྲལ་ལྟ་བ་གཟའ་གཏད་མེད། །གཟའ་གཏད་བྲལ་


DNG005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལང་རྩེ་འཁྲུལ། །མ་བཅོས་ཡེ་ཤེས་རང་གསལ་ལ། །དབྱིངས་དང་ཡེ་ཤེས་འཁྲུལ་པའི་ཆོས། །ཡེ་ནས་རིན་ཆེན་དག་པ་ལ། །དག་པ་གསུམ་གྱི་རྩོལ་བྱེད་ནོར། །བསྐྱེད་བྲལ་ཡེ་ཤེས་དཀྱིལ་འཁོར་ལ། །བསྐྱེད་དང་རིམ་རྩོལ་རྣལ་འབྱོར་ཆེ། །བཙལ་བས་རང་བྱུང་གཏེར་དང་བྲལ། །ཡེ་ཤེས་རིན་ཆེན་ཕུང་པོ་ལ། །བྱིན་རླབས་སྣང་འདོད་རེ་དོགས་ཅན། །རང་སྣང་འཁོར་ལོའི་དོན་དང་འགལ། །རིན་ཆེན་འཁོར་ལོ་ཀུན་བཟང་འདི། །འགྲོ་དྲུག་རང་གསལ་ཐུགས་ལ་གནས། །གསལ་རིག་འཛིན་བྲལ་དབྱིངས་ལ་སོན། །ཐིམ་གྱུར་གསལ་ནས་མི་མངོན་པའོ། །རང་གསལ་ཉི་མའི་བྱིན་བརླབས་ནི། །བཙལ་མེད་འོད་ཀྱིས་ཕྱོགས་བཅུར་བརྡལ། །ཁྱད་པར་བཅུ་བཞིའི་བཤད་པ་དང་། །ཆོས་རྣམས་སེམས་ཀྱི་ངོ་བོ་ལ། །མཐའ་དང་ལོག་ལྟས་མི་འགྱུར་བས། །རྫོགས་ཆེན་མ་ལུས་ཐམས་ཅད་ཀུན། །གསལ་བརྟན་རི་བོ་ལྟ་བུར་བཤད། །རྟག་ཆད་མཚན་མ་ཅིར་སྣང་ཡང་། །སེམས་ལ་ཡངས་དོག་ཆོས་མེད་པས། །ནམ་མཁའི་ཀློང་དང་འདྲ་བར་བཤད། །ཆོས་ཀུན་གསལ་སྙོམས་བཙལ་མེད་འཆར། །རང་གསལ་རིག་པའི་རྩལ་རྫོགས་པས། །མཁའ་ལ་ཉི་ཤར་འདྲ་བར་བཤད། །སེམས་ཅན་སངས་རྒྱས་ལ་སོགས་པ། །བདེ་སྡུག་མ་འདྲེས་རྫོགས་ཆེན་པས། །གསེར་གྱི་ངོ་བོ་ལྟ་བུར་བཤད། །རང་གསལ་མཐའ་བྲལ་རྒྱ་མཚོ་ལ། །རྩོལ་བས་མི་དཔོགས་བརྟགས་དཀའ་བས། །ཟབ་པ་མཚོ་གཏིང་ལྟ་བུར་བཤད། །ལྷུན་གྲུབ་རིན་ཆེན་ཕུང་པོ་ཡིས། །རྩོལ་མེད་བྱིན་བརླབས་རང་འཆར་བས། །ནོར་བུ་རིན་ཆེན་ལྟ་བུར་བཤད། །ཉི་མ་མུན་སྣང་གཅིག་པའམ། །ཉོན་མོངས་ཡེ་ཤེས་གསལ་རྫོགས་པས། །དུག་ཉིད་སྨན་དུ་གནས་ལྟར་བཤད། །རང་རིག་ཐམས་ཅད་གསལ་རྫོགས་པས། །ལྷུན་གྲུབ་བདེ་ཆེན་རོལ་སྣང་བས། །རྒྱ་མཚོ་ཆེན་པོའི་རླབས་ལྟར་བཤད། །མཚན་མའི་བྱེ་བྲག་ཅིར་སྣང་ཡང་། །མི་འགྱུར་ཆོས་སྐུར་གནས་བསླད་མེད། །ཁ་དོག་ནག་པོ་ལྟ་བུར་བཤད། །རང་བྱུང་


DNG005_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒྲུབས་རང་འཆར་ལ། །ཅིར་སྣང་རང་ལས་སྨིན་པའི་ཕྱིར། །ཤིང་ཏོག་ཨ་མྲ་ལྟ་བུར་བཤད། །རང་བྱུང་ཐེག་པའི་རྒྱལ་པོ་ལ། །ཟིལ་གནོན་མ་བགྲོད་ཀུན་སོན་པས། །མཁའ་ལ་ཁྱུང་འཕུར་ལྟ་བུར་བཤད། །མཐའ་བྲལ་རང་བྱུང་རྫོགས་ལུང་ལ། །མཐའ་ཡི་ཞེན་པ་ཟིལ་གནོན་པས། །སེང་གེའི་སྒྲ་སྒྲོགས་ཅི་ལྟར་བཤད། །ཀུན་བཟང་འཁོར་ལོའི་རིམ་པ་ལ། །གནང་བཀག་ཡོད་མེད་ཀུན་བྲལ་བས། །ཀུན་བཟང་སྤང་ལེན་མེད་ལྟར་བཤད། །ཆོས་ཀུན་རང་རིག་སེམས་ཉིད་ལ། །སེམས་ཉིད་གདོད་ནས་ཀ་དག་པས། །རིན་ཆེན་གསེར་གླིང་ལྟ་བུར་བཤད། །ཐུན་མོང་མིན་པའི་རྫོགས་ཆེན་གསུམ། །བཙལ་མེད་ལམ་མེད་སྤྱི་གཞུང་ཉིད། །གབ་པ་མངོན་ཕྱུང་མན་ངག་གོ། །ལྟ་བ་རང་གསལ་གཟའ་གཏད་བྲལ། །མཐོང་མེད་རང་གསལ་ཡེ་ཤེས་སྤྱན། །གསལ་ལ་མཁྱེན་བསྒྲིབས་མཐའ་དང་བྲལ། །རང་གསལ་རིག་པའི་དབྱིངས་སུ་རྫོགས། །སྤྱོད་བྲལ་ཀུན་བཟང་རོལ་པ་འདི། །རོལ་པ་འགག་མེད་རང་འཆར་རྫོགས། །མ་བཅོས་སྙིང་པོར་སྤྱོད་པས་ན། །མཐའ་དབུས་མེད་པའི་ཀློང་དུ་རོལ། །རྒྱལ་ཐབས་སྤྱི་བླུགས་དབང་གི་མཆོག །མ་བསྐུར་རང་རྫོགས་ཀུན་ལ་གསལ། །དུས་གཅིག་ཡེ་ཤེས་རིག་པ་འཆར། །དུས་ཚོད་བླ་མའི་ངག་ལས་བརྟགས། །ཐིག་ལེ་ཆེན་པོའི་དམ་ཚིག་འདི། །རིན་ཆེན་ཀུན་བཟང་སེམས་ལ་གནས། །བསྲུང་དུ་མེད་པའི་དམ་ཚིག་ལ། །མི་བསྲུང་ཕྱོགས་དང་བྲལ་བར་གནས། །ཡེ་ནས་ལྷུན་གྲུབ་རང་བྱུང་གིས། །ཕྱོགས་རིས་མེད་པར་གདལ་ཟིན་པས། །ཕྲིན་ལས་བྱར་མེད་མཐའ་བྲལ་ལ། །བྱར་མེད་རྫོགས་པའི་ཡེ་ཤེས་གསལ། །ཏ་ཀྵ་ཀ་ཡི་ནོར་བུའམ། །འཇིག་རྟེན་འོད་ཀྱི་རྒྱལ་པོ་ལྟར། །བྱིན་རླབས་ཐུགས་རྗེ་རང་ཤར་ལ། །བརྩོན་པས་བསྒྲུབ་ཅིང་བཙལ་དུ་མེད། །ཡེ་ཤེས་རང་གསལ་ཏིང་འཛིན་འདི། །མ་ཡེངས་རང་གསལ་ལྷུན་གྲུབ་ལ། །བཙལ་ཞིང་ཡེངས་པ་རྣམ་པར་གཅད། །ཡེ་ཤེས་སྙིང་པོ་རང་གསལ་ལུང་། །མཐའ་


DNG005_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མེད་པའི་དཀྱིལ་འཁོར་ལ། །སྐུ་གསུམ་རང་ཤར་བསམ་མི་ཁྱབ། །མཐའ་བྲལ་ནམ་མཁའི་སྙིང་པོ་ལྟར། །ཐིག་ལེ་རང་གསལ་རྫོགས་པར་གསལ། །རང་བྱུང་རང་ཤར་རང་ལ་རྫོགས། །ཉི་མའི་འོད་དང་སྙིང་པོ་ལྟར། །འཁོར་བ་ཡེ་ཤེས་རྫོགས་པ་ལ། །འབྲས་བུ་གྲངས་འདས་མཁའ་ལྟར་སྨིན། །རང་བྱུང་ཡོ་བྱད་མཆོད་པ་ཡིས། །ལྷུན་གྲུབ་རང་གསལ་དབྱིངས་སུ་ཐིམ། །ཕྱོགས་བྲལ་ལྷུན་གྲུབ་མཆོད་པ་འདིས། །ཀུན་མཁྱེན་རང་གསལ་ཉིད་དུ་མཉེས། །གབ་པ་མངོན་ཕྱུང་དོན་འདི་ལ། །སློབ་ཚུལ་རིམ་པར་ངོས་བཟུང་ནས། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས། །སེམས་ཉིད་རིན་ཆེན་རྟོགས་བྱའི་ཕྱིར། །དེ་ཉིད་བལྟ་བས་ཐག་བཅད་བཤད། །དེ་ཉིད་མ་ཡེངས་གོམས་བྱའི་ཕྱིར། །བརྡའ་དོན་ཕྲལ་བའི་མན་ངག་བཤད། །ཅི་སྤྱད་སྟོངས་འགྱུར་འཆིང་མེད་པས། །གླང་ཆེན་ཆུར་ཞུགས་མན་ངག་བཤད། །ཀློང་དགུ་འདུས་པའི་ཚིག་དོན་སྤྱི། །རྒྱུད་ཀུན་གཏན་ལ་དབབ་པའི་ཚིག །འདིས་ནི་བཤད་པར་བྱ་བ་ཡིན། །ཀློང་དགུ་ལྡེ་མིག་ཕྱེ་བ་ཡིས། །ཉིད་ལ་འཆད་ཅིང་ཉིད་ཀྱིས་འགྲེལ། །རྩོལ་མེད་ཐེག་ཆེན་གང་ཟག་ལ། །ཚིག་བྲལ་རིག་པའི་འཁོར་ལོ་བསྐོར། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། བཤད་པའི་ལྡེ་མིག་གིས་ཀློང་དགུ་དབྱེ་བའི་ལེའུ་སྟེ་གསུམ་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དེས། རྡོ་རྗེ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གཏེར་འཆང་བ། །ཡེ་ཤེས་མཛོད་ལྡན་གཉིས་མེད་རྫོགས། །རང་གསལ་ཐམས་ཅད་མཁྱེན་ཉིད་དང་། །མགོན་པོ་ཁྱོད་ལ་གསོལ་བ་ནི། །ངོ་བོ་ཐབས་ཀྱི་མཚན་ཉིད་དེ། །རྣམ་གྲོལ་རིག་པའི་གཏེར་ཁ་དག །མགོན་པོས་བདག་ལ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་


DNG005_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་སེམས་དཔའ་ཆེན་པོ།མཁའ་མཉམ་བྱང་ཆུབ་སེམས་ཀྱི་ལུང་། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །རིན་ཆེན་དབྱིག་དང་ཕྲད་པའི་ཐབས། །ཡེ་ཤེས་གསང་རྫོགས་ཆོས་དབྱིངས་ཉིད། །ངོ་བོ་གཅིག་ལ་བརྟག་པ་གསུམ། །དངོས་དང་བསམ་པ་ཕྱེ་བའི་ཚུལ། །ངོ་བོ་མཁྱེན་ཐབས་ངོ་བོའི་དཔེས། །བཅིང་གྲོལ་ཚུལ་གྱིས་ཕྱེ་བ་ཡིན། །ཀུན་འདུས་ནམ་མཁའི་མཐའ་མཉམ་ལ། །ཀུན་ཏུ་རང་གསལ་དབྱིངས་ལ་རྫོགས། །མི་གནས་མི་བསམ་ཅིར་མི་དགོངས། །སྤྲོས་བྲལ་རིག་པའི་འཁོར་ལོ་གཏེར། །སངས་རྒྱས་མ་ཡིན་སེམས་ཅན་མིན། །གཉི་ག་མ་ཡིན་རང་གསལ་ལུང་། །སྒྲོ་དང་སྐུར་པ་རྣམ་པར་བཅད། །མཐའ་དབུས་བྲལ་བའི་སྙིང་པོ་ནི། །ཕྱོགས་བྲལ་མཉམ་ཉིད་རིག་པའི་གཏེར། །རིན་ཆེན་ནོར་བུའི་ཕུང་པོ་བཞིན། །ཀུན་ལ་ཕྱོགས་རིས་མེད་པར་གསལ། །ནམ་མཁའི་མཐའ་མཉམ་གཏེར་གྱི་དབྱིག །དཔག་བསམ་འཁོར་ལོ་རང་འཆར་དང་། །ཀུན་སྣང་གསལ་བའི་སྒོ་མོ་ལ། །གང་ཕྱེ་རིན་ཆེན་དབྱིག་དང་ཕྲད། །ཀུན་གྱི་ངོ་བོ་ཡེ་ཤེས་ལུས། །མཐའ་མེད་དབུས་བྲལ་སྙིང་པོར་གསལ། །གསལ་བ་རང་རིག་ཆོས་དབྱིངས་གསུང་། །མ་གསུངས་རང་མཇལ་རིག་པའི་སྒྲ། །བསམ་མེད་རང་བྱུང་རང་གསལ་ལ། །གསལ་བ་ལོག་རྟོག་མདུད་པས་བཅིངས། །དེ་ཉིད་དབྱིངས་སུ་མི་གསལ་ན། །བཀྲོལ་ཡང་ཐར་བར་མི་འགྱུར་རོ། །ནམ་མཁའ་ཉིད་ལ་མི་གནས་ལྟར། །རང་གསལ་མི་རྟོག་ལ་མི་གནས། །རང་བྱུང་རང་གསལ་དབྱིངས་སུ་རྫོགས། །བརྗོད་མེད་རིག་པའི་ཀློང་དུ་བརྡལ། །ངོ་བོ་འདི་ཞེས་བརྟག་དཀའ་བ། །བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས། །བརྡ་དོན་སྤྲོད་དང་ཕྲལ་པ་དང་། །ཡང་དག་ངེས་དང་རྒྱལ་ཚབ་རྒྱུད། །ཐུགས་རྗེ་རྐྱེན་ལྡན་ཟབ་པ་དང་། །ཁེ་དང་གྲགས་ཕྱིར་མ་ཡིན་ཞིང་། །རྒྱལ་ཐབས་སྤྱི་བླུགས་དབང་ཐོབ་ནས། །


DNG005_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་བྱེ་བྲག་འབྱེད་ལ་བརྩོན། །བརྗོད་མཁས་ཚིག་དོན་འདྲེལ་བར་སྟོན། །བརྡ་དོན་སྤྲོད་པའི་སློབ་དཔོན་ཡིན། །མཚན་མ་མི་བསམ་དབྱིངས་གནས་པས། །དགོངས་པ་ཀློང་ལྟར་བརྡལ་བ་དང་། །མཐའ་དབུས་བྲལ་བའི་དོན་ལ་མཁས། །ཚིག་མིན་དགོངས་པའི་ལུང་ལྡན་པས། །ཕྲལ་པ་ཡིན་པར་ངེས་པར་གསུངས། །རང་རིག་གསལ་བས་རང་ལ་སྟོན། །རང་གསལ་ལུང་ལ་རང་གིས་མཚོན། །རང་རིག་གཟེར་ཆེན་རང་ལ་འདེབས། །སློབ་དཔོན་ཀུན་གྱི་མཆོག་ཏུ་གསུངས། །ངེས་པའི་སེང་གེའི་རྗེས་བྱུང་བ། །བཙལ་མེད་སེང་གེའི་སྒྲ་སྒྲོག་པ། །དཔལ་ལྡན་ཀུན་མཁྱེན་རྣམ་གྲོལ་ཐུགས། །འཇིག་རྟེན་གསལ་བའི་ཉི་མ་ཡིན། །རང་བྱུང་ཤེས་རབ་འོད་པོ་ཆེ། །རང་གསལ་རིག་པ་རང་ལས་འཆར། །ཐོས་བསམ་བསྒོམ་པ་གསལ་བྱེད་ལུང་། །ངེས་པར་རྟོག་པའི་རྐྱེན་དུ་བཤད། །རིན་ཆེན་འཕྲུལ་གྱི་ཁང་པ་དག །ཀུན་གྱི་ཟད་མེད་གཏེར་འཆང་བ། །ཐེག་སྒོ་ལྡེ་མིག་རིག་པའི་ཚུལ། །གང་ཕྱེའང་ནམ་ཞིག་ཐོབ་པར་འགྱུར། །ཐེག་པའི་བྱེ་བྲག་ཅི་བསྟན་པ། །ཀློང་དགུའི་དོན་ལ་ངེས་པར་འདུས། །ནམ་མཁའ་མཐའ་མཉམ་ཀློང་དགུའི་རྒྱུད། །རྟོགས་པས་རིན་ཆེན་དབྱིག་དང་ཕྲད། །རྣམ་གྲོལ་རིག་པའི་ཕུང་པོ་ལ། །བཙལ་མེད་ལུང་གསུམ་རིག་པ་ཡིས། །རྟོག་དཔྱོད་འཇུག་པའི་ཡུལ་མེད་ཀྱང་། །དེ་ཉིད་ཙམ་གྱིས་རྫོགས་སངས་རྒྱས། །རྒྱལ་ཐབས་སྤྱི་བླུགས་དབང་ཐོབ་ནས། །ཡེ་ཤེས་རང་གསལ་དོན་དང་སྤྲད། །ཤེས་པ་རྒྱུ་བ་བཞི་ཆའི་དུས། །གསུམ་ནི་རྣམ་པར་རྟོག་པ་སྟེ། །གཅིག་པོ་ཡེ་ཤེས་གསང་བ་ཡིན། །དུས་ཚོད་བླ་མའི་ཐུགས་ལ་བརྟགས། །བརྒྱུད་པ་ཐབས་ཀྱི་མེ་ལོང་གིས། །མངོན་དུ་གསལ་བ་ཡེ་ཤེས་ལ། །གང་ལྟར་འཚམས་པ་དེ་དག་ཡིན། །རྨོངས་པ་བཀྲི་བའི་ཐབས་སུ་བསྟན། །བྱས་དང་མ་བྱས་གཉིས་ཀྱི་བར། །འཛིན་བྲལ་དབུ་མའི་ཤེས་པ་གནས། །ཡེ་ཤེས་འཛིན་པའི་མན་ངག་སྟེ། །འཕྲུལ་གྱི་


DNG005_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུའི་བློ་དང་མཚུངས། །གསལ་བ་དང་པོ་མ་སྐྱེས་མཐའ། །སྐྱེས་ན་མ་སྐྱེས་དོན་དང་བྲལ། །མཐའ་དབུས་བྲལ་བའི་སྙིང་པོ་ནི། །རྫོགས་པ་ཐུག་ཕྲད་ཡིན་པར་གསུངས། །ཅི་ལ་གང་སྣང་དུས་དེ་ན། །མ་བཙལ་རིག་སྣང་མི་རྟོག་ལུང་། །ཉམས་བརྗོད་ཀུན་བྲལ་ཡེ་ཤེས་ཏེ། །བུ་མོ་དགའ་བའི་རོ་བཞིན་ནོ། །ཡེ་ཤེས་མཉམ་རྫོགས་ཆ་གཅིག་ལ། །སྐུ་གསུང་ཐུག་ཕྲད་མན་ངག་གསལ། །ཀུན་ཀྱང་ཡེ་ཤེས་རང་གསལ་ཏེ། །དུས་ཚོད་བླ་མའི་ཞལ་ལས་ཤེས། །ཐབས་སྦྱོར་མན་ངག་བཅུ་གསུམ་པོ། །གང་ལ་འདུལ་བའི་ཐབས་སུ་བསྟན། །སོ་སོ་རང་རིག་ངོས་བསྟན་པ། །མཁྱེན་ལྡན་བླ་མའི་ཞལ་ལས་ཤེས། །ཐབས་ཀྱི་རིམ་པ་གང་དང་གང་། །ཇི་ལྟར་ཡིན་པ་དེ་ལྟར་འཇུག །འདོད་འབྱུང་རིན་ཆེན་འཕྲུལ་གྱི་དབྱིག །རྩོལ་མེད་གནས་པས་ཐོབ་པར་འགྱུར། །ངོ་བོ་རང་གསལ་དམིགས་མེད་དེ། །རང་གསལ་ཆོས་དབྱིངས་བརྗོད་བྲལ་ངང་། །ཡུལ་མེད་མཐའ་བྲལ་རང་བྱུང་ཀློང་། །གཉིས་མེད་རིག་པ་གཅིག་ལ་རྫོགས། །རིག་པའི་འཁོར་ལོ་གསལ་བའི་གཏེར། །འདུ་ཤེས་བྲལ་བས་དབྱིངས་སུ་རྫོགས། །ཏིང་འཛིན་ཡེངས་མེད་ཆིག་རྫོགས་ལ། །གཉིས་དང་གཅིག་གི་འཛིན་མི་འཇུག །མ་བཅོས་སྒྲོ་བྲལ་མཉམ་ཉིད་ལ། །ཕྱོགས་རིས་འཛིན་རྟོག་གདོད་ནས་སྟོང་། །མཐའ་བྲལ་རང་གསལ་སྙིང་པོ་ལ། །བསྒོམ་དང་མི་བསྒོམ་འདུ་ཤེས་བྲལ། །རང་རིག་རང་གསལ་རྫོགས་ལུང་ལ། །གཉིས་པའི་འདུ་ཤེས་རྣམ་པར་བཅད། །བརྗོད་བྲལ་རང་གསལ་རིག་གསུང་ལ། །བརྗོད་དང་མི་བརྗོད་འདུ་ཤེས་སྤངས། །ཕྱོགས་མེད་རང་གསལ་ཡེ་ཤེས་ལ། །འདུ་ཤེས་མི་མངའ་གཅིག་གི་གཏེར། །རང་གསལ་འབྲས་རྫོགས་སྙིང་པོ་ལ། །དངོས་གྲུབ་ཉི་མའི་འོད་ལྟར་འཆར། །མཁྱེན་བྲལ་གཟིགས་མེད་ཡེ་ཤེས་སྤྱན། །དགོངས་མེད་སྙིང་པོའི་དོན་ལ་གཟིགས། །མ་འདྲེས་མཁྱེན་པའི་སྙིང་པོ་ལས། །འདོད་དགུའི་བྱིན་རླབས་ཆར་དུ་


DNG005_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འབབས། །ནམ་མཁའི་ཀློང་ཡངས་ཇི་བཞིན་དུ། །བརྗོད་མེད་ཀློང་ལ་ཐམས་ཅད་རྫོགས། །གསལ་བ་ཉི་མའི་སྙིང་བོ་ལྟར། །རང་གསལ་བྱིན་རླབས་དབྱིངས་སུ་རྫོགས། །འདོད་འབྱུང་རིན་ཆེན་ཕུང་པོ་ལྟར། །ཕྱོགས་རིས་མི་མངའ་ཡོངས་ཀྱི་གཏེར། །རྩལ་ཆེན་རྫོགས་པའི་སེང་གེ་ལྟར། །རྩོལ་བསྒྲུབ་ཟིལ་གནོན་གཅིག་ཏུ་རྫོགས། །འཕུར་སྐྱེན་མཁའ་ལ་འགྲོ་བ་ལྟར། །བགྲོད་མེད་ས་རྣམས་ཅིག་ཆར་ནོན། །གཟའ་བྲལ་རིག་པའི་དབྱིངས་སུ་རྫོགས། །ཐམས་ཅད་གསལ་སྣང་རིག་པར་རྫོགས། །མཁའ་ལ་གཟའ་སྐར་བཀྲམ་པ་ལྟར། །མ་འདྲེས་རང་གསལ་དབྱིངས་སུ་རྫོགས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །མ་བཅོས་ཇི་བཞིན་རིག་པའི་ཀློང་། །ཤེས་པར་གྱིས་ལ་རང་དགར་ཞོག །སྤྲོས་མེད་རྒྱུ་རྐྱེན་རྟེན་བྲལ་བ། །ནམ་མཁའ་རང་བྱུང་སྟོབས་པོ་ཆེ། །རང་བྱུང་གཞན་མེད་རང་གི་དབྱིངས། །གང་ལྟར་བཞག་པ་དེ་ལྟར་ཡིན། །རང་གསལ་ཉི་མ་ཀུན་ལ་སྙོམས། །མཐའ་བྲལ་ནམ་མཁའི་སྙིང་པོ་ལྟར། །གསལ་ལ་བརྟགས་ན་དམིགས་དང་བྲལ། །མི་གཡོ་འཛིན་བྲལ་མཉམ་ཉིད་གཏེར། །རང་བྱུང་བསྟན་པ་རང་ལས་འཆར། །རང་གསལ་འཁོར་ལོ་རང་ལ་བསྐོར། །རང་གསལ་ཉི་མ་ཀུན་གྱི་གཏེར། །ཀུན་ལ་གནས་སོ་བརྟག་བྲལ་དབྱིངས། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། རིན་ཆེན་ཤེས་བྱ་གཏེར་གྱི་ལེའུ་སྟེ་བཞི་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་པོ། །རང་གསལ་ཉི་མ་འོད་ཀྱི་མཆོག །མཛོད་དགུ་རིག་པའི་གཏེར་དང་ལྡན། །ལྷུན་གྲུབ་བྱ་བྲལ་རྫོགས་ལུང་ལས། །མཛོད་དགུས་འདོད་པ་ཆར་ཕོབ་ལ། །ཉོན་མོངས་ཡེ་ཤེས་གཅིག་ཏུ་སྣང་། །གཅིག་ལ་དགུར་ཕྱེ་བཤད་དུ་གསོལ། །དེ་ནས་རྡོ་རྗེ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་སེམས་དཔའ་ཆེན་པོ། ཐིག་ལེ་གཅིག་ལ་གཉིས་སུ་ཕྱེ། །དབེན་པ་གཅིག་ལ་


DNG005_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་སྐུར་བྱུང་། །འགྲོ་དྲུག་གཅིག་ལ་སོ་སོར་བལྟས། །མཛོད་དགུ་རིག་པའི་གཏེར་ལ་བསྒྲིབས། །ཐིག་ལེ་ཡོངས་ཀྱིས་ཟླུམ་པོ་ལ། །འཁོར་དང་མྱང་འདས་ཡེ་ནས་མེད། །འཁོར་བ་བྱང་ཆུབ་སྙིང་པོ་ལ། །སྡུག་བསྔལ་ཀུན་བཟང་རོལ་པར་ཤར། །དེ་ཉིད་སྤྲོས་མེད་ཐིག་ལེར་གསལ། །གསལ་ཡང་མི་མངོན་དབྱིངས་སུ་ཐིམ། །ཆགས་སྡང་གཏི་མུག་ང་རྒྱལ་དང་། །གང་ཕྱིར་ཕྲག་དོག་ཆེན་པོ་ནི། །བཙལ་མེད་ཡེ་ཤེས་ལྔར་གསལ་བས། །ཡེ་ཤེས་ཉི་ལྟར་ཀུན་ལ་བརྡལ། །འདོད་ལྔ་ཡུལ་ལྔ་ཀུན་གྱི་གསོས། །རང་བྱུང་ཐུགས་རྗེ་ཡོངས་ཀྱི་གསོས། །རང་གི་རོལ་པ་རང་ལ་སྣང་། །རང་གི་ལོངས་སྤྱོད་རང་ལ་མཛད། །མ་རིག་འཐིབས་པའི་འགྲོ་བ་ལ། །སྣང་གསལ་སྒྲོན་མ་རང་བཞིན་འཆར། །འཁོར་བ་ཉིད་ན་ཡེ་སངས་རྒྱས། །སྡུག་བསྔལ་ལོངས་སྤྱོད་བདེ་བའི་རྒྱན། །གདོད་ནས་ཡེ་ཤེས་རང་གསལ་ལ། །གཉིས་སུ་བཏགས་པ་འཁྲུལ་པའི་ལམ། །སྐུ་དང་གསུང་ཐུགས་ཕྲིན་ལས་ཀུན། །རིག་པ་གསལ་བའི་དབྱིངས་ལ་གསལ། །མཁའ་ལ་བྱ་ལམ་འདྲ་བ་ཡི། །ནམ་མཁའི་དབྱིངས་ཐིམ་གསལ་མི་འགྱུར། །ཞིང་ཁམས་དབང་ཐོབ་རྫུ་འཕྲུལ་ཡང་། །མཉམ་ཉིད་རིག་པའི་གཏེར་ལ་རྫོགས། །མཛད་སྤྱོད་དགོངས་པ་མཐའ་ཡས་ཀྱང་། །རང་གསལ་ཡེ་ཤེས་ངང་ལ་གནས། །རང་བཞིན་གཉིས་མེད་མཁའ་ལྟར་བརྡལ། །མཛད་པའི་བྱིན་རླབས་སྐར་ལྟར་བཀྲམ། །ཐུགས་རྗེའི་བྱིན་རླབས་འོད་ལྟར་བརྡལ། །རང་གསལ་ངང་ལ་འདུ་འབྲལ་མེད། །རིག་པའི་ཡེ་ཤེས་ཉག་གཅིག་ལ། །བྱིན་རླབས་ཡིད་བཞིན་ནོར་བུ་ལྟར། །འགྲོ་དྲུག་རང་སྣང་འཁོར་ཚོགས་ལ། །འབྲས་བུ་ནམ་མཁའི་ཆར་བཞིན་འབབ། །གཉིས་མེད་གཅིག་གི་རང་བཞིན་ལ། །ཇི་ལྟར་བརྟགས་བསམ་འབྱུང་བས་ན། །རང་གསལ་མེ་ལོང་འོད་པོ་ཆེ། །ཡུལ་མེད་གསལ་བའི་དབྱིངས་སུ་རྫོགས། །ཡེ་ནས་བྱང་ཆུབ་སྙིང་པོ་ལ། །ཡིན་མིན་གཉིས་


DNG005_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲོ་སྐུར་བྱུང་། །དེ་དག་མི་གནས་མཐའ་བྲལ་བས། །དངོས་ལ་དེ་དག་ཀུན་དང་བྲལ། །དཔེར་ན་མཁའ་ལས་ཁབ་ལྷུང་བ། །འཁྲུལ་པའི་ངོ་ལ་སྣང་བ་ལས། །རྟོགས་ལ་དེ་དག་གཉིས་ཀ་མེད། །སྒྲོ་འདོགས་གློ་བུར་འདོགས་པའི་ཆོས། །སྐུར་འདེབས་སྟོང་མཐའ་མེད་པའི་མཐའ། །འདི་ཀུན་ལོག་པའི་གྲོང་ཁྱེར་བ། །རྡོ་ལ་གསེར་དུ་ཞེན་པ་ལྟར། །རང་རང་བརྟགས་སྣང་ལ་ཞེན་པས། །ཕྱོགས་མེད་རང་སྣང་འབྲས་འདོད་པ། །རང་གསལ་འབྲས་བུ་རྙེད་རེ་སྐན། །དེ་བས་རང་གསལ་མཉམ་པ་ལ། །རིམ་པ་མེད་པའི་སེམས་ཀྱིས་འཇུག །སྒྲོ་བྲལ་རིག་པའི་འཁོར་ལོ་གསལ། །སྐུར་བྲལ་རིག་པ་རང་གསལ་ལུང་། །ཕྱོགས་བྲལ་མཉམ་ཉིད་རིག་པའི་གཏེར། །འཇུག་མེད་བསླད་མེད་ཇི་བཞིན་གནས། །མཉམ་ཉིད་ནམ་མཁའི་མཐའ་མཉམ་རྒྱུད། །ཐིག་ལེ་གཅིག་ཏུ་གནས་པ་ལ། །མ་རྟོགས་དབང་གིས་དྲུག་ཏུ་སྣང་། །ཀུན་ཀྱང་ཐིག་ལེ་ཆོས་ཉིད་གསལ། །ཞེ་སྡང་མ་བཅོས་དབྱིངས་གསལ་ན། །དམྱལ་བའི་མེ་ལྕེ་འོད་འབར་ཡང་། །སྡུག་བསྔལ་དངོས་ལ་མ་གྲུབ་པས། །མ་བཅོས་དབྱིངས་ལས་གཞན་མ་ཡིན། །ང་རྒྱལ་མངོན་མཐོ་ལྷར་གསལ་ནས། །ལོངས་སྤྱོད་བདེ་སྡུག་སོ་སོ་ཡང་། །མ་བཅོས་ངང་ལ་གཉིས་མེད་པས། །གཉིས་མེད་ངང་ལ་ལྷུན་གྱིས་རྫོགས། །འདོད་ཆགས་ཞེན་འཇུག་བརྟགས་པ་ཡིས། །གླིང་བཞི་མི་ཡི་ལོངས་སྤྱོད་དང་། །བདེ་སྡུག་འཁོར་བའི་སྡུག་བསྔལ་ཡང་། །རང་བྱུང་ངང་ལ་གཉིས་མེད་པས། །རང་གསལ་ཡེ་ཤེས་སྙིང་པོར་རྫོགས། །གཏི་མུག་འཐིབས་ཤིང་བསྒྲིབས་དབང་གིས། །བྱོལ་སོང་གནས་སུ་ལྷུང་གྱུར་ཀྱང་། །སྡུག་བསྔལ་དངོས་ལ་མི་གནས་པས། །དེ་དག་རིག་པའི་འཁོར་ལོར་རྫོགས། །སེར་སྣ་ཆགས་བཅིངས་འབྲས་བུ་ཡིས། །ཟས་དང་ལོངས་སྤྱོད་ཕོངས་པ་དང་། །འདོད་པ་ཡིད་དུ་མི་འོང་བ། །དངོས་ལ་དེ་ལྟར་གནས་མ་ཡིན། །ཕྲག་དོག་གདུག་རྩུབ་དབང་གིས་ནི། །འཐབ་རྩོད་འཁྲུག་པའི་སྡུག་


DNG005_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དེ། །རང་བྱུང་དངོས་ལ་མི་གནས་པས། །རང་གསལ་རིག་པའི་འཁོར་ལོར་རྫོགས། །ཀུན་གཞི་མ་སྐྱེས་ཆོས་དབྱིངས་ལ། །རིག་པ་རང་གསལ་མཛོད་དགུར་འདྲེལ། །རིན་ཆེན་ཀློང་དགུ་ཐུགས་ལ་གསལ། །རང་གནས་རིག་པའི་གཏེར་ལ་རྫོགས། །མ་བཅོས་སྤྲོས་བྲལ་ཆོས་ཀྱི་གཏེར། །ཀུན་འབྱུང་རིན་ཆེན་ཕུང་པོ་ལ། །འཕེལ་འགྲིབ་མེད་པ་ནམ་མཁའི་ངང་། །ཀུན་གཞི་ཆོས་ཀྱི་མཛོད་དུ་གསུངས། །འབྱུང་ལྔ་ངོ་བོ་མ་སྐྱེས་པ། །དེ་ཉིད་ངང་ལ་རང་བྱུང་ཞིང་། །ཀུན་ཁྱབ་ཀུན་སྤྱོད་ཀུན་གནས་པས། །ནམ་མཁའ་འབྱུང་ལྔ་སྐྱེ་འགྲོའི་མཛོད། །ཆོས་སྐུ་མཁའ་ལྟར་དག་པ་ལས། །བྱིན་རླབས་སྣ་ཚོགས་རྒྱུན་མི་འཆད། །རང་གསལ་ངང་དུ་ཀུན་འདུས་པས། །ཆོས་སྐུ་བྱིན་གྱི་རླབས་ཀྱི་མཛོད། །བལྟ་མེད་རང་གསལ་གཟའ་གཏད་མེད། །ལྟ་བ་ཀུན་གཞིའི་རྩ་ཡིན་པས། །བལྟར་མེད་ཀུན་བྲལ་ཉག་གཅིག་པོ། །ལྟ་བ་ཀློང་ཡངས་མཉམ་པའི་མཛོད། །ཟིན་ཆགས་བྲལ་བའི་བདུད་རྩི་ལ། །གླང་ཆེན་ཆུར་ཞུགས་ལྟ་བུ་ཡི། །བབ་ཅོལ་རེ་དོགས་བྲལ་བ་ལ། །སྤང་ལེན་བྲལ་བ་སྤྱོད་པའི་མཛོད། །བསྐུར་མེད་རང་ཐོབ་དབང་གི་མཆོག །ལམ་དང་ས་ལ་མི་བགྲོད་དེ། །ཁྱུང་ཕྲུག་སྒོང་སྐྱེས་ཇི་བཞིན་པ། །རྒྱལ་ཐབས་སྤྱི་བླུགས་དབང་གི་མཛོད། །བྱར་མེད་གདོད་ནས་བྱས་ཟིན་ལ། །བྱ་མེད་རང་གསལ་ཕྲིན་ལས་འདི། །ཀུན་ཏུ་མ་ཡེངས་རང་གནས་པ། །ཕྲིན་ལས་ལྷུན་གྱིས་གྲུབ་པའི་མཛོད། །རང་གསལ་མ་བཅོས་དཀྱིལ་འཁོར་ལ། །མ་བསྐྱེད་གདོད་ནས་སྐུ་གསུང་ཐུགས། །རང་གསལ་མི་རྟོག་ཏིང་འཛིན་ངང་། །བསྐྱེད་མེད་དཀྱིལ་འཁོར་ཆེན་པོའི་མཛོད། །མཁྱེན་པའི་ཡེ་ཤེས་རང་འཆར་ལ། །ཤེས་རབ་གསུམ་གྱི་ཚུལ་གྱིས་འཇུག །ཡེ་ཤེས་གསང་བའི་གཏེར་འཛིན་པས། །མ་བཅོས་རང་གསལ་ཡེ་ཤེས་མཛོད། །དགུར་སྣང་ཆིག་རྫོགས་ཁྱད་པར་ཆེ། །རིན་ཆེན་ཕུང་པོ་མཉམ་པའི་དབྱིངས། །རིན་ཆེན་མཛོད་སྒོ་ཀུན་ཕྱེ་བས། །རིན་ཆེན་དབྱིག་གི་གཏེར་དང་ཕྲད། །ཁྱབ་གདལ་ནམ་མཁའི་བྱིན་རླབས་


DNG005_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཉི་མའི་འོད་ཀྱི་དཀྱིལ་འཁོར་ཤར། །རིག་པ་རང་བྱུང་ཉག་གཅིག་ལས། །གདུལ་དབང་བསམ་པའི་ཁྱད་པར་གྱིས། །མེ་གཅིག་སྐར་ཁུང་དུ་མ་བཞིན། །གཅིག་ལ་དགུ་ཡི་ཚུལ་དུ་སྣང་། །རིག་པ་ཀློང་གི་དོན་ལ་འདུས། །དཔག་མེད་དུས་གསུམ་རྒྱལ་བ་རྣམས། །མ་རྟོགས་དོན་ལ་དགོངས་པའི་ཕྱིར། །རྫོགས་ཆེན་གླེགས་བམ་ཚུལ་བཟུང་སྟེ། །གདུལ་བྱ་ཀུན་གྱི་མདུན་ན་གནས། །ཇི་ལྟར་འོད་དང་འོད་ཅན་ལྟར། །ཐུགས་རྗེ་ནམ་མཁའི་མཐའ་ལྟར་གདལ། །གཉིས་མེད་ཡེ་ཤེས་གཅིག་ལ་རྫོགས། །རེ་སྐོང་ཡིད་བཞིན་ནོར་བུའི་ཚུལ། །མཛོད་དགུ་རིག་པའི་གཏེར་ཆེན་ལ། །རིག་ཅན་དབང་ཐོབ་གང་ཟག་གིས། །བརྡ་དོན་འབྱེད་བཀྲོལ་རིམ་པ་འདིས། །དུས་གཅིག་འདོད་སྤྱོད་དགྱེས་པར་གྱུར། །ཇི་སྲིད་གང་དང་གང་སྣང་བ། །དེ་སྲིད་སེམས་ཀྱི་རྣམ་གྲངས་ཏེ། །གཅིག་གིས་ཀུན་གྲོལ་ཐོབ་པ་ནི། །འཕྲུལ་གྱི་སྐྱེས་བུའི་དཔེ་དང་མཚུངས། །འདོད་འབྱུང་རིན་ཆེན་ཕུང་པོ་ལྟར། །ཀུན་ལ་ཕྱོགས་རིས་མེད་པར་གསལ། །རིན་ཆེན་ཁང་པ་སྒོ་མང་བཞིན། །དོན་གཅིག་འཇུག་སྒོ་བསམ་མི་ཁྱབ། །ཅེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། མཛོད་དགུ་རིན་ཆེན་གཏེར་གྱི་ལེའུ་སྟེ་ལྔ་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འདོད་འབྱུང་ནམ་མཁའ་མཛོད་ཀྱི་བདག །སྐུ་གསུང་ཐུགས་ཀྱི་དབྱིངས་ལ་རོལ། །འགྱུར་མེད་ངང་ལ་རྟག་ཏུ་བཞུགས། །མགོན་པོ་ཁྱོད་ལ་གསོལ་བ་ནི། །རིན་ཆེན་དབྱིག་དང་འཕྲད་བྱའི་ཕྱིར། །རིན་ཆེན་ཕུང་པོ་རང་གསལ་དོན། །གང་གིས་གསལ་བ་བཤད་དུ་གསོལ། །ཞེས་གསོལ་ཏོ། །རྡོ་རྗེ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ནམ་མཁའི་མཐའ་དང་མཉམ་སྦྱོར་བའི། །ནམ་མཁའ་རྒྱས་པའི་མཐའ་བཞིན་དུ། །མཐའ་དབུས་མེད་པའི་སྙིང་པོ་ལ། །ཇི་ལྟར་བསམ་པ་དེ་ལྟར་འབྱུང་། །གསང་བའི་


DNG005_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་རིན་ཆེན་དབྱིག །ཐབས་སྦྱོར་རང་གསལ་བསམ་མི་ཁྱབ། །རང་གསལ་འོད་ལ་རྟག་ཏུ་བཞུགས། །རིན་ཆེན་འཕྲུལ་གྱི་དབྱིག་ལ་བརྟག །རྡོ་རྗེའི་ལུང་དང་མི་ལྡན་པར། །གསུང་གི་ཉིང་ཁུ་བྲལ་བ་ཡིས། །རང་གསལ་རིག་པའི་འཁོར་ལོ་ལ། །བསྐལ་པར་བརྟགས་ཀྱང་དོན་མི་རྙེད། །རྣ་བརྒྱུད་ཐུགས་ཀྱི་རིན་ཆེན་ལ། །རིག་སྦྱོར་ཐུགས་ཀྱི་རྣལ་འབྱོར་པས། །བླ་མ་རྡོ་རྗེ་སྲོག་ཏུ་འཛིན། །ཡོ་བྱད་སྙིང་པོས་མཉེས་བྱས་ཏེ། །སྒོ་གསུམ་བྲན་དུ་ཁས་བླངས་ན། །རིན་ཆེན་དབྱིག་དང་ཕྲད་བྱས་ནས། །བརྡ་དོན་དགྲོལ་བའི་རིམ་པ་ཡིས། །རྒྱལ་ཐབས་རིག་པ་ཚངས་དབང་གིས། །སྐད་ཅིག་སངས་རྒྱས་ས་དང་འཕྲད། །བདེ་བ་ཕྲག་བརྒྱའི་དོན་ཐོབ་ནས། །དུས་མཐའི་སྐད་ཅིག་ཉིད་ལ་ནི། །ཕྱོགས་བཅུའི་ཞིང་ཁམས་ཁྱབ་པར་གསལ། །རང་གསལ་རིག་པའི་སྒྲོ་སྐུར་བཅད། །འདུ་ཤེས་བྲལ་བའི་དབྱིངས་ལ་རྫོགས། །སྤྲོས་བྲལ་མཚན་མའི་འདུ་ཤེས་བཅད། །རྣམ་དག་གསལ་བའི་ཡེ་ཤེས་ལ། །མཐའ་ཡི་མུན་པ་མ་བསལ་དག །བརྡ་དོན་སྤྲད་པ་མ་གཏོགས་པ། །མཚན་མ་སྒྲ་ཡི་རྗེས་མི་འཇུག །རང་གསལ་ཉི་མའི་སྙིང་པོ་ལྟར། །གསལ་ཡང་འདུ་ཤེས་མེད་པར་གནས། །ནམ་མཁའ་མི་འགྱུར་རྟག་པ་ལྟར། །ཀུན་འབྱུང་རྟག་ཆེན་འགྱུར་མེད་ཀློང་། །རྡོ་རྗེ་སེམས་དཔའ་ལྷ་བཞིན་དུ། །བསྒོམ་དང་བྲལ་བའི་དབྱིངས་སུ་རྫོགས། །འཕྲུལ་དགའི་ལོངས་སྤྱོད་ཚུལ་དེ་བཞིན། །རང་ལས་འཕྲུལ་ཞིང་འདོད་དགུར་བསྒྱུར། །རྒྱ་མཚོའི་གཟིངས་ཀྱི་བྱ་རོག་ལྟར། །བསྐོར་ཞིང་རང་གི་དབྱིངས་ལ་ཐུག །ཐུབ་དབང་ནོར་བུ་དེ་ཇི་ལྟར། །གང་ལྟར་བསྟན་པ་དེ་ལྟར་རོ། །སྤྱི་གཙུག་ནོར་བུ་ཇི་བཞིན་དུ། །མ་བཙལ་རང་གསལ་དབྱིངས་ལ་གནས། །བཅུད་འཛིན་རིན་ཆེན་གཏེར་བཞིན་དུ། །སྤྲོ་བསྡུ་གཡོ་མེད་ཇི་བཞིན་གསལ། །དབྱིངས་ལ་གསལ་བའི་འོད་བཞིན་དུ། །མ་འདྲེས་རང་གསལ་འདུ་ཤེས་བཅད། །རྒྱལ་བའི་གཙུག་


DNG005_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཏོར་ཇི་བཞིན་དུ། །བལྟས་པས་ཐུག་མེད་ནམ་མཁའི་དབྱིངས། །སྣང་སྲིད་གསལ་བའི་མེ་ལོང་ལྟར། །ཐ་དད་གསལ་ཡང་དབྱིངས་ལ་རྫོགས། །ཀ་ལ་པིང་ཀའི་ལམ་གནས་བཞིན། །གང་ལྟར་བགྲོད་ཀྱང་བསམ་བྲལ་དབྱིངས། །བུ་མོ་དགའ་བའི་རོ་བཞིན་དུ། །ཁྱབ་པར་གསལ་ཡང་ཉམས་མྱོང་མེད། །རིན་ཆེན་ཤེལ་གྱི་ས་གཞི་ལྟར། །ཅིར་གསལ་མི་གཡོ་རྫས་བྲལ་དབྱིངས། །རྒྱ་མཚོ་འདུ་བའི་ཡང་ལྦུ་བའི་སྙིང་པོ་ལྟར། །སྣ་ཚོགས་སྒོ་ནི་གཅིག་ཏུ་མཉམ། །ཉི་ཟླ་འབར་བའི་འོད་བཞིན་དུ། །ཕྱོགས་རིས་མེད་དེ་རང་གསལ་ངང་། །ནམ་མཁའི་ངོ་བོ་ཇི་བཞིན་དུ། །བརྟག་ཅིང་གཟུང་བའི་མཐའ་དང་བྲལ། །རང་གསལ་སྤྲོས་པ་རྣམ་པར་བཅད། །དམིགས་བྲལ་ཀུན་སྣང་རྣམ་ཀུན་བཅས། །རྒྱ་མཚོའི་འཕྲོ་འདུ་བྱིན་རླབས་ལྟར། །རང་ལས་བྱུང་ཞིང་རང་ལ་འདུས། །ཕྱོགས་རིས་མི་མངའ་ཡོངས་ཀྱི་གཏེར། །གསལ་བའི་བྱིན་རླབས་བསམ་མི་ཁྱབ། །མཐའ་གསུམ་གསལ་བས་དབྱིངས་ལ་ཐུག །དཔེར་ན་རིན་ཆེན་གསེར་གླིང་ལྟར། །ཀུན་ཏུ་སྣང་ཡང་གཅིག་ལ་རྫོགས། །རང་གསལ་རིག་པ་ཅིར་མི་དགོངས། །རིན་ཆེན་ཁང་པའི་སྒོ་མོ་ལ། །ཀུན་ནས་ཀུན་ཏུ་མཉམ་སྦྱོར་བས། །གང་ལྟར་ཕྱིན་ཀྱང་རིན་ཆེན་གཅིག །དེ་ཡིས་དབྱིག་དེ་ཐོབ་པར་འགྱུར། །རྒྱལ་སྲས་ནུས་པའི་སྐལ་ལྡན་གྱིས། །རང་གསལ་ཀུན་གྱི་འོད་ལ་བཞུགས། །ཞེ་སྡང་ཀུན་འཇོམས་ཏིང་ངེ་འཛིན། །གཏི་མུག་ཆེན་པོ་དེ་བཞིན་ཏེ། །འདོད་ཆགས་ཀུན་སྦྱོར་དེ་ཉིད་དང་། །ང་རྒྱལ་གདེང་གསུམ་ལྡན་པ་དང་། །ཕྲག་དོག་མི་ཆུང་དོན་ལྔ་ཡང་། །རང་གསལ་འོད་ལ་འདུས་ཏེ་བཞུགས། །གཅིག་གི་དོན་ལ་ལྔར་སྣང་བ། །དགའ་བའི་རོ་ཡིས་ཁྱབ་དང་འདྲ། །རྟོག་དཔྱོད་བྲལ་བའི་ཆོས་དབྱིངས་ལ། །འོད་གསལ་རིག་པའི་གདེང་གིས་གནས། །བསམ་བྲལ་ནམ་མཁའི་སྙིང་པོ་ལ། །རྩོལ་བྲལ་མཉམ་པའི་ཡིད་ཀྱིས་འཇུག །མཐོང་མེད་རིག་པའི་ཁ་ལོ་བསྒྱུར། །ཡི་གེ་མཐོང་བའི་དོན་དུ་མཐོང་། །མཚན་མའི་སྒྲ་ཡི་རྗེས་འབྲངས་ནས། །


DNG005_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་རིག་པའི་དོན་དང་འགལ། །མ་བཙལ་རང་བྱུང་འོད་གསལ་བས། །མཐའ་དབུས་མེད་པའི་དབྱིངས་ལ་ཐིམ། །གསང་དང་གསང་ཆེན་རབ་གསང་བ། །རང་གསལ་སྤྲོས་བྲལ་གཅིག་ལ་འདུས། །ཡེ་ཤེས་རང་གསལ་རིག་པའི་འོད། །ཕྱོགས་རིས་མི་མངའ་ཡོངས་ལ་སྙོམས། །མཉམ་ཉིད་རིག་པའི་ངོ་བོ་ནི། །གང་ཡང་ཡིན་ནོ་རྣམ་ཀུན་བཅས། །རང་རིག་འཕོ་འགྱུར་མེད་པ་ལ། །ཇི་ལྟར་གསལ་ཡང་འདི་ཞེས་མེད། །ཀུན་གསལ་མེ་ལོང་འོད་པོ་ཆེ། །ཡེ་ཤེས་རྫོགས་པའི་ངོ་བོ་ལ། །ཡེ་ནས་ཐིག་ལེ་ཆེན་པོར་གསལ། །བདག་གཞན་ཡེ་ཤེས་དབྱིངས་སུ་རྫོགས། །རྒྱལ་པོ་ཀུན་གྱི་དབང་པོ་ལྟར། །བླ་མ་དམ་པ་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་མངོན་ཕྱུང་བ། །འཕྲུལ་ཚིག་རིག་པའི་སྒྲོན་མ་ཡིས། །གཏེར་ཁྱིམ་དཔལ་བེའུའི་སྒོ་ཕྱེ་ནས། །སྐྱེ་བ་མེད་པའི་བརྡ་དོན་སྤྲད། །བགྲོད་པ་མེད་པའི་ས་ལ་བཞག །འཆི་བ་མེད་པའི་ཆོས་སྐུར་སྟོན། །རྟོག་པའི་ཤེས་རབ་གློ་སྐར་དུ། །རང་གསལ་ཉི་མས་ཁྱབ་པར་གདལ། །རིན་ཆེན་བར་བུ་སྒོ་ཕྱེ་ལ། །རྡོ་རྗེ་སེམས་དཔའ་ཐུགས་བཅུད་བསྒོམས། །ཐབས་སྦྱོར་རིག་པའི་སྒོ་བཀྲོལ་ཏེ། །ཡེ་ཤེས་གསང་བའི་མན་ངག་བསྟན། །སྒྲ་ཚིག་མེད་པའི་རིག་པ་ཡིས། །རང་གསལ་རིག་པའི་འོད་ལ་བཞག །རྩོལ་བསྒྲུབ་བྲལ་བའི་འབྲས་བུ་སྤྲད། །འདི་ལྟར་སྟོན་པའི་སློབ་དཔོན་ནི། །ལུས་སྲོག་དབང་པོ་ཤ་རུས་ཁྲག །བསྐལ་པར་བཏང་ཡང་མི་ཕངས་ན། །བུ་དང་ཆུང་མ་ནོར་གྱི་དབྱིག །བྲན་ཕོ་བྲན་མོ་སྨོས་ཅི་དགོས། །དམ་པ་རྒྱལ་བར་མི་འཛིན་ན། །དཔག་མེད་རྒྱུད་ལ་མཁས་གྱུར་ཀྱང་། །དེ་ཉིད་གཤེད་གྱུར་སྙིང་དྲལ་ནས། །ངེས་པར་རྡོ་རྗེའི་ཁབ་ཏུ་ལྟུང་། །མགྱོགས་འགྲོ་སོ་མཚམས་འདས་དང་འདྲ། །འཁོར་བའི་གཏིང་དུ་ལྟུང་གྱུར་ནས། །དམ་པ་དེ་ལ་མ་བརྟེན་པར། །ཐར་པའི་སྐབས་ནི་མི་སྲིད་དོ། །རྫོགས་ཆེན་རྣ་བརྒྱུད་མན་ངག་ལ། །བླ་མའི་མན་ངག་མི་ལྡན་པས། །ལོག་རྟོག་ཤེས་པས་དཔྱད་པ་ནི། །ངེས་པར་ལྟུང་འགྱུར་ཐེ་ཚོམ་མེད། །


DNG005_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ངན་པའི་མི་རྣམས་དང་། །ཐོས་ཆུང་སྒྲ་ལ་གོམས་མེད་དང་། །ཐེག་པ་དམན་པའི་སྐྱེ་བོ་དང་། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །རྡོ་རྗེ་སྤུན་ལ་འཁུ་བ་དང་། །རང་གསལ་དོན་ལ་སྐུར་པ་དང་། །ཁེ་གྲགས་ཆེ་བའི་རྒྱུ་བསྒྲུབ་དང་། །ཆོས་ལ་དགག་སྒྲུབ་བྱེད་པ་དང་། །དོན་མེད་སྒྲ་ལ་གཉེར་བ་དང་། །དོན་མེད་སློབ་དཔོན་དབང་འདོད་ལ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །ཡང་གསང་ཐུགས་ཀྱི་མན་ངག་འདི། །བཤད་ཅིང་ངེས་པར་བསྟན་བྱས་ན། །ངམ་ཤོད་གླིང་གི་དུར་ཁྲོད་དུ། །ཌཱ་མ་རུ་ལ་འདུ་བ་ལྟར། །མཁའ་འགྲོ་རྣ་ཉན་འདུས་པ་ཡིས། །འཆི་བའི་དུས་མིན་སྔོན་རོལ་དུ། །ཤ་ཁྲག་མངོན་དུ་བཟའ་བ་དང་། །མི་བཟད་དྲག་པོའི་སྡུག་བསྔལ་གྱིས། །འཆི་དང་ངེས་པར་སྲོག་བཅད་ནས། །རྡོ་རྗེའི་ཁབ་ཏུ་ངེས་པར་འགྲོ། །བྱང་ཆུབ་སེམས་དང་མ་ལྡན་པར། །ཐར་བར་མི་འགྱུར་སྐྱབས་དང་བྲལ། །དེ་ཕྱིར་ངེས་པར་དབང་ཐོབ་པའི། །རྒྱལ་སྲས་ངེས་པ་གཅིག་ལ་གཏད། །ཅེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། རིག་པ་གསལ་བྱེད་དཔེའི་ལེའུ་སྟེ་དྲུག་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དེས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཆེན་པོ་རང་གསལ་བདག །འཕྲུལ་ཚིག་བརྡ་ཡིས་མཚོན་པའི་ཕྱིར། །བརྗོད་བྲལ་རིག་པའི་ངོ་བོ་ལ། །མངོན་བྱས་གདམས་ངག་རིམ་པ་ཡིས། །གསལ་བར་ངེས་པར་གསུང་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་རྡོ་རྗེ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །རྫོགས་ཆེན་ཐུགས་ཀྱི་ཀློང་གི་མཆོག །དམིགས་དང་ཐབས་གསོལ་གནས་པ་ནི། །སྐྱོན་ཡོན་རིམ་པ་བརྟག་པ་གཅེས། །ནམ་མཁའི་དབྱིག་གི་གཏེར་འཆང་ཞིང་། །རང་རིག་རང་གསལ་མི་གཡོ་ཐུགས། །མ་བཅོས་འོད་གསལ་འོད་ལ་བཞུགས། །མི་གནས་རྟོག་བྲལ་ཅིར་མི་


DNG005_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས། །བསམ་བྲལ་དཔྱད་མེད་དོན་མངའ་ཞིང་། །རིག་པ་མ་བཅོས་དབྱིངས་ལ་འཇུག །བསམ་མེད་རིག་པའི་གདེང་གིས་གནས། །བསམ་མེད་དཔྱད་མེད་ས་ལེ་བ། །དམིགས་མེད་དོན་ལ་རྟག་ཏུ་བཞུགས། །རྒྱལ་ཐབས་ཚངས་པའི་མན་ངག་གིས། །འཁོར་བ་མ་བཅོས་གནས་སུ་སྤར། །གཏད་འཛིན་བྲལ་བའི་བློ་ཡིས་ནི། །རྣམ་རྟོག་ཡེ་ཤེས་སྙིང་པོར་མཁྱེན། །སྒྲིབ་མེད་གསལ་བའི་ཡེ་ཤེས་ལ། །བཅོས་མེད་རིག་པའི་བློ་ཡིས་འཇུག །སྙིང་རྗེ་ཐབས་མཁས་སྤྱོད་པ་ཡིས། །མ་ལུས་མ་བཅོས་རིག་པར་གསལ། །གང་དང་གང་གི་ཐབས་ཉིད་ཀྱིས། །བསམ་པ་དེ་དེ་རིམ་སྦྱར་ནས། །མོས་འཇུག་ཐ་དད་དབང་གིས་ན། །དུས་གཅིག་འགྲོ་ལྔ་བྱང་ཆུབ་ལམ། །སྤྲོས་བྲལ་རིག་པའི་དཀྱིལ་འཁོར་ལ། །བཅོས་མེད་རིག་པའི་སེམས་ཀྱིས་གནས། །བྱར་མེད་ལྷུན་གྲུབ་ཕྲིན་ལས་ལ། །བྱ་བཙལ་མེད་པར་རང་བཞིན་གནས། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །མ་བགྲོད་ལམ་ཀུན་རྫོགས་པར་གསལ། །འཕྲུལ་ཚིག་རིག་པའི་སྒྲོན་མ་ཡིས། །བསམ་པའི་བྱེ་བྲག་ཇི་བཞིན་གསལ། །དབང་དང་བྱིན་ལྡན་ཐབས་མཁས་པ། །རྡོ་རྗེ་མཆོག་གི་རྣལ་འབྱོར་རོ། །ཡོན་ཏན་བཅུད་འཛིན་རྡོ་རྗེ་ལ། །དམ་པར་གནས་པའི་གང་ཟག་གིས། །གཡོ་སྒྱུ་མ་དད་སེམས་བྲལ་ཞིང་། །འབབ་ཆུ་དགེ་སློང་ཚུལ་འཛིན་པས། །སྒོ་གསུམ་དྲན་པའི་སྒོ་ཉིད་ནས། །ལུས་དང་ངག་སེམས་ཡོ་བྱད་དང་། །ཞིང་དང་བྲན་ཕོ་བྲན་མོ་དང་། །ཆུང་མ་གསེར་དངུལ་རིན་ཆེན་ལྔ། །བུ་དང་བུ་མོ་རྐང་འགྲོས་འབྲུ། །ཕངས་མེད་བསམ་པས་གཏང་བར་བྱ། །དེ་ནས་སྤྱོད་དང་བསྣུན་པ་དང་། །བ་སྤུ་ལྡང་དང་ཉམས་བསྐྱེད་དང་། །ཡུན་རིང་དམ་ལ་མི་གདགས་དང་། །དྲེགས་པ་བསལ་དང་རྨྱུང་བར་བཞག །གང་ཞིག་དེ་ལ་དབབ་པ་དང་། །ཁས་ལེན་བསྐྲད་དང་གཞུ་བ་དང་། །བཀྲུ་དང་བྱུགས་བདུག་མཚང་འབྲུ་དང་། །དབྲོག་དང་ཁྱད་གསོད་མནའ་དོར་དང་། །ཐམས་ཅད་


DNG005_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་མི་གཅོག་པ་ཡི། །དམ་བཅས་བཅོ་བརྒྱད་སྦྱང་བྱས་ལ། །མགོན་པོ་རང་གསལ་ཐུགས་མངའ་ཞིང་། །རང་གསལ་འོད་ལ་མཉམ་དུ་གནས། །སྤྲོས་མེད་བློ་ཡིས་གཅིག་ཏུ་གོ། །རྫོགས་ཆེན་རང་རིག་གསལ་ལ་འདུད། །ཁྱོད་ཀྱི་ཡེ་ཤེས་སྙིང་པོ་ལ། །རང་རིག་རང་གིས་མཚོན་པའི་ཕྱིར། །མ་བརྗོད་རིག་པའི་གསུང་གིས་ནི། །བདག་ལ་རིག་པའི་དོན་གསལ་མཛོད། །རང་ལ་རང་གསལ་ངེས་རྟོགས་པའི། །མ་བཅོས་རིག་པའི་བུ་ཁྱོད་ལ། །རྩོལ་མེད་རིག་པ་ངོ་བསྟན་གྱིས། །བློ་ཡི་གཏིང་དུ་གོ་བར་བྱོས། །གལ་ཏེ་དམ་ཚིག་འདས་པ་ལ། །གསང་བའི་ཡེ་ཤེས་ངེས་བཤད་དམ། །རྫོགས་ཆེན་རྣ་བརྒྱུད་ངེས་བསྟན་ན། །བམྦ་ར་ཡི་འབྲུ་བཞིན་འགྱུར། །དེ་མ་ཐག་ཏུ་བརླག་པ་དང་། །མཁའ་འགྲོ་དམ་ཅན་འདུས་གྱུར་ནས། །དུར་ཁྲོད་འབར་བའི་རོ་གླིང་དུ། །གཅན་གཟན་འདུས་ནས་རོལ་བཞིན་འགྱུར། །རྡོ་རྗེ་བླ་མ་སྤངས་པ་ཉིད། །ངེས་པར་ཡ་ངའི་གནས་སུ་འགྲོ། །དེ་ལ་བརྟེན་ཅིང་ལམ་ལྟོས་པ། །སྨོས་ཅི་དགོས་ཏེ་རིགས་དང་བྲལ། །ངེས་ལྡན་དེ་ཡིས་སྔོན་འགྲོས་སྦྱངས། །ཡོན་ཏན་ཀུན་ཚང་བུ་མཆོག་ལ། །དབང་བསྐུར་བྱིན་བརླབས་ཉམས་བྱིན་ན། །ཉི་མ་སྟོང་གི་འོད་ལྟར་འགྱུར། །ཀུན་གྱི་དབང་བསྐུར་གནང་ཐོབ་ནས། །ཡེ་ཤེས་རང་གསལ་འོད་ལ་བཞུགས། །བདེ་བ་ཕྲག་བརྒྱའི་རོ་མྱོང་ནས། །དེ་ཉིད་ཙམ་གྱིས་རྫོགས་སངས་རྒྱས། །རྩོལ་མེད་གནས་པའི་རྣལ་འབྱོར་ལ། །ཀླུང་དུ་ཞུགས་པའི་རིག་པ་ཡིས། །བཅོས་མེད་འོད་གསལ་ཉིད་དུ་གནས། །ནམ་མཁའི་མཐའ་དང་མཉམ་སྦྱོར་བས། །ཡོན་ཏན་གྲངས་མེད་སྙིང་པོར་རྫོགས། །དེ་ལྟར་བླ་མ་མཉེས་བྱས་ནས། །རིན་ཆེན་དཔལ་བེའུའི་སྒོ་ཕྱེ་སྟེ། །གང་ལྟར་ཡིན་པའི་ཐབས་ཉིད་ཀྱིས། །རིན་ཆེན་ངོ་བསྟན་དྲོད་ཚད་བཤད། །བརྒྱུད་པ་ཐབས་ཀྱི་མེ་ལོང་གིས། །མངོན་གསལ་རིན་ཆེན་འབར་བ་ལ། །མཚོན་ཅིང་བརྟགས་པ་མ་ཡིན་ཡང་། །འདུལ་དབང་ངོ་ལ་དེ་ལྟར་གསལ། །ཐིག་ལེ་འོད་གསལ་ཏིང་འཛིན་གྱིས། །


DNG005_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་དམིགས་གསལ་གཅིག་ལ་གནས། །གནས་མེད་རང་གསལ་ཡེ་ཤེས་པས། །འབབ་ཆུ་འདྲ་བའི་མན་ངག་སྦྱིན། །མི་གནས་དྲག་པོའི་བློ་ཉིད་ལ། །གླང་ཆེན་རྟོད་པའི་མན་ངག་སྦྱིན། །དེར་ཡང་མི་གནས་འགྲོ་བ་ལ། །གླང་ཆེན་ཕྱལ་བ་སྦྱིན་པར་བྱ། །འཛིན་མེད་ཡལ་བའི་གང་ཟག་ལ། །གཟུངས་ལྡན་རིག་པའི་མན་ངག་སྦྱིན། །ཐབས་དང་ཤེས་རབ་རྟག་འཆར་བར། །ཁ་སྦྱོར་བར་བྱའི་གདམས་ངག་སྦྱིན། །སྐལ་མེད་དབང་པོ་དམན་པ་ལ། །ཤིན་ཏུ་གདམས་པའི་མན་ངག་སྦྱིན། །ཕྱི་ནང་གཡེང་བའི་གང་ཟག་ལ། །བགྲང་དང་བཟུང་དང་བརྟག་པ་དང་། །ཐུན་མོང་རླུང་གི་མན་ངག་སྦྱིན། །བློ་ལྡན་རྟོགས་པའི་གང་ཟག་ལ། །འཕྲུལ་གྱི་མེ་ལོང་མན་ངག་སྦྱིན། །ཆགས་ཞེན་འདོད་པའི་རིགས་ཅན་ལ། །རིན་ཆེན་བདེ་བསྐྱིལ་མན་ངག་སྦྱིན། །རྟག་འཛིན་དེ་ཉིད་རིགས་ཅན་ལ། །ངོ་བོ་བརྟགས་པའི་མན་ངག་སྦྱིན། །ཤེས་ལྡན་དབང་པོ་དུལ་བ་ལ། །བརྡ་ལྡན་རིག་པའི་མན་ངག་སྦྱིན། །ཡུལ་ལ་ཞེན་པའི་གང་ཟག་ལ། །དབང་པོ་རྟུལ་པོའི་ཐབས་ཀྱིས་བསྟན། །ཚིག་ལ་དགའ་བའི་གང་ཟག་ལ། །སྒྲ་ལ་བརྟག་པའི་མན་ངག་བསྟན། །རྒྱུན་དུ་མཉམ་འཇོག་འདྲིས་པ་ལ། །སྤྱོད་ལམ་རྒྱུན་གྱི་གདམས་ངག་ཕོག །བློ་ལྡན་སྐལ་ཅན་ཡང་རབ་ལ། །ཆུ་སྲེག་ལྟ་བུའི་མན་ངག་སྦྱིན། །འཛིན་རྩོལ་བྲལ་བའི་རིག་པ་ལ། །འཇུག་མེད་རིག་པས་དེ་ལྟར་བལྟ། །འོད་གསལ་མ་བཅོས་ངང་དུ་བཞག །རྗེས་མི་འབྲང་ཞིང་ཡུལ་མི་འཚོལ། །རང་གསལ་རྐྱེན་བྲལ་ཅིས་མི་འཁྲུགས། །རང་ལ་མི་བསམ་དབྱིངས་མི་ཚོལ། །འདུ་ཤེས་ཀུན་བྲལ་གསལ་བའི་འོད། །ཕྱོགས་བྲལ་ཀུན་ཁྱབ་དམིགས་སུ་མེད། །རེ་དོགས་བསམ་སྦྱངས་མཐའ་ལས་གྲོལ། །ཕྱོགས་བྲལ་ཉི་འོད་འབར་བ་ལྟར། །བྱིན་རླབས་ཡོངས་སུ་ཁྱབ་པར་བརྡལ། །ནོར་བུ་རིན་ཆེན་འབར་བ་ལྟར། །ཀུན་ལ་ད་ལྟ་ཉིད་དུ་སྟོན། །རྩོལ་བྲལ་རིག་པ་རང་གསལ་ལ། །འབྱུང་འཇུག་འཛིན་པ་ཀུན་དང་བྲལ། །ཞེས་གསུངས་སོ། །ནམ་


DNG005_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། དོན་གཉིས་གཏན་ལ་དབབ་པའི་ལེའུ་སྟེ་བདུན་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་ཁྱབ་པའི་སྐུ། །རྣམ་པར་རྟོག་པ་མི་མངའ་བར། །མཚན་མེད་ཡེ་ཤེས་ཉིད་སྦྱངས་ནས། །ངོ་བོ་རང་གསལ་རིག་པ་ཡིས། །ཉམས་རྟོགས་ནུས་པ་དམ་པ་རྣམས། །རང་གསལ་ཉིད་དུ་རྟོགས་བྱའི་ཕྱིར། །མགོན་པོས་བདག་ལ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་བོ། །དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ཇི་ལྟར་སྣང་བ་ཐམས་ཅད་ཀུན། །རང་རིག་ཡེ་ཤེས་དཀྱིལ་འཁོར་ལ། །བརྟགས་པའི་ཐ་སྙད་ཀུན་དང་བྲལ། །ཕྱོགས་བྲལ་མཉམ་པའི་སྙིང་པོ་ལས། །གང་ལྟར་བལྟས་པ་དེ་ལྟར་གསལ། །འཛིན་མེད་ཀུན་བྲལ་ཉག་གཅིག་པོ། །ཡེ་ཤེས་གསང་བའི་ངོ་བོ་ལ། །བརྗོད་དང་སྣང་བའི་ཆོས་སོ་ཅོག །རང་གསལ་ཡེ་ཤེས་རྫོགས་པའི་ངང་། །གཉིས་མེད་གཅིག་གི་རང་བཞིན་ལ། །མཚན་མའི་ཐ་སྙད་ཀུན་དང་བྲལ། །རང་གསལ་ཐབས་ཀྱི་མེ་ལོང་ལ། །འགག་མེད་ཀུན་གོ་གཟུགས་བརྙན་འཆར། །དེ་ཉིད་མ་བཅོས་རང་གསལ་ལུང་། །སྒྲོ་བྲལ་རིག་པའི་གདེང་ལ་གནས། །མ་བཅོས་རང་གསལ་མཁའ་ལྟར་དག །མི་གནས་ནམ་མཁའ་ལྟ་བུའི་ཚུལ། །གདོད་ནས་དག་པ་ཆོས་ཀྱི་དབྱིངས། །རང་རིག་རང་གསལ་དབྱིངས་ལ་བཞུགས། །མཐའ་དང་དབུས་བྲལ་གཉིས་མེད་ལམ། །མ་ཆགས་དག་པ་རིག་པའི་གནས། །འོད་གསལ་ཀུན་གྱི་གཞལ་ཡས་ལ། །ཚད་དང་དཔག་པའི་ཡུལ་ལས་འདས། །མི་བསམ་མི་དཔྱད་རང་གསལ་མཆོག །རིག་པ་འགྱུར་མེད་དག་པའི་སྐུ། །བརྗོད་མེད་རང་གསལ་ཁྱབ་གསལ་གསུང་། །ཡོན་ཏན་ཕྲིན་ལས་བཙལ་དུ་མེད། །བྱ་བྲལ་བརྗོད་མེད་ཆོས་ཀྱི་དབྱིངས། །ཀུན་ལ་གསལ་ཏེ་འདུ་ཤེས་


DNG005_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །རིག་པ་མ་བཅོས་འཛིན་རྩལ་སྤངས། །ཇི་བཞིན་མཉམ་ཉིད་རིག་པའི་ཀློང་། །གསལ་བ་རང་རིག་དཀྱིལ་འཁོར་ལ། །འགྱུར་མེད་འཇུག་ཀྱང་རིག་པས་ཅིག་ཆར་གསལ། །གསལ་དང་མི་གསལ་འཛིན་མི་འཛིན། །ཐ་སྙད་བཅད་པའི་ཤེས་པའོ། །རྟེན་དང་བྲལ་བའི་རང་བཞིན་གྱིས། །ཅིར་ཡང་གསལ་ལ་དམིགས་སུ་མེད། །རང་གསལ་རིག་པའི་བདེ་བ་ནི། །མཚན་མའི་སྒྲ་ཡིས་མི་མཚོན་ཏེ། །ཉམས་མྱོང་གསལ་བ་བསྟན་མེད་ལུང་། །དགའ་བའི་རོ་དང་མཚུངས་པར་གནས། །རིག་པའི་གཞལ་ཡས་རྒྱ་བྲལ་ན། །མཚན་མེད་འོད་གསལ་རྟག་ཏུ་བཞུགས། །ཇི་བཞིན་ཀླུང་ལ་ཇི་བཞིན་འཇུག །མཉམ་པ་མེད་པའི་སེམས་ཀྱི་གནས། །གང་དུའང་མི་གསལ་གཅིག་ཏུ་གསལ། །གཅིག་པོ་ཡེ་ཤེས་རང་གསལ་དང་། །རིག་པ་སྤྱི་བླུགས་རང་འཆར་བས། །ཡུལ་དང་ཡུལ་ཅན་ཚུལ་མི་གནས། །རང་ལ་མི་གསལ་གཞན་མི་གསལ། །གཉིས་ཀ་མ་ཡིན་མཐའ་བྲལ་ལུང་། །སྒྲོ་སྐུར་གཉིས་བྲལ་དག་པ་ལ། །བསླད་མེད་རང་བྱུང་ངང་ལ་འཇུག །རིག་པ་རང་གསལ་ཉམས་ལྡན་ན། །མཚན་མ་དག་ལ་དགའ་བྲོད་མེད། །འཇིགས་དང་མི་འཇིགས་ཆོས་མེད་དེ། །ཅི་ལའང་འཇུག་པའི་ཡིད་མི་འབྱུང་། །གཉེར་མེད་ཆུ་རླུང་རང་གསལ་ལ། །གཡོ་མེད་སྤྱོད་ལམ་རྟག་ཏུ་གནས། །དམྱལ་བའི་འཁོར་ལོ་མི་བཟད་པ། །རང་གསལ་ཡེ་ཤེས་ངང་དུ་མཁྱེན། །རིག་པ་སྤྲོས་བྲལ་ཆོས་དབྱིངས་ལ། །སྡུག་བསྔལ་དྲག་པོ་མི་བཟད་དང་། །བདེ་བའི་ལོངས་སྤྱོད་ཅིར་བྱུང་བ། །ཡེ་ཤེས་རོལ་པ་ཉིད་ཡིན་པས། །རང་གསལ་གཉིས་མེད་ངང་དུ་གསལ། །རང་བྱུང་མ་བཅོས་ཤེས་རབ་ཀྱིས། །རིག་པ་རང་དབང་རྒྱལ་པོ་དེས། །མཉན་བསམ་མེད་པར་ཕུལ་དུ་ཕྱུང་། །གཞན་གྱི་ཤེས་རྒྱུད་གྲོལ་བར་ནུས། །གཉིས་མེད་ཡེ་ཤེས་ཆེན་པོ་ལ། །གཉིས་འཛིན་རིག་པ་རྗེས་མི་འཇུག །འོད་གསལ་བདེ་མཆོག་མ་ཡིན་པ། །རྣམ་རྟོག་མཚན་མའི་ཆོས་མི་གནས། །མྱ་ངན་འདས་ལ་མི་ཕྱོགས་ཤིང་། །འཁོར་བར་སྐྱོ་བའི་སེམས་མི་གནས། །བར་མཚམས་མེད་པའི་ཏིང་འཛིན་ལ། །འཛིན་མེད་བློ་ཡིས་གསལ་བར་གནས། །ཡེངས་མེད་འདུ་འབྲལ་མི་གནས་པས། །


DNG005_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མེད་སྙིང་བོར་ལྷུན་གྱིས་གྲུབ། །ནུས་པའི་བྱེ་བྲག་མཐའ་ཡས་ཏེ། །རྡོ་རྗེ་རིན་ཆེན་འབར་བ་ལྟར། །མ་ལུས་ཟིལ་གནོན་གཅིག་ཏུ་རྫོགས། །ཉི་མའི་སྙིང་པོའི་འོད་བཞིན་དུ། །འཁོར་བའི་ཡེ་ཤེས་རང་གསལ་ངང་། །གསེར་རྫས་ཁ་དོག་དབྱིབས་བཞིན་དུ། །དགེ་སྡིག་ལས་ཀྱིས་བཅོས་མེད་དོ། །འདབ་ཆགས་ནམ་མཁར་གནས་པ་ལྟར། །འཁོར་བའི་གཅོང་རོང་ལམ་དུ་བདེ། །སྒྱུ་མའི་ཆོ་འཕྲུལ་ཇི་བཞིན་དུ། །རང་གི་ངང་ལས་གཡོས་མེད་གནས། །འགྲོ་ཀུན་འདྲེན་པའི་མཐུ་ཡིས་ནི། །ངན་པར་མི་ལྟུང་བྱིན་གྱིས་བརླབས། །རང་གསལ་ནུས་མཐུ་བསམ་མི་ཁྱབ། །ཡེ་ཤེས་རང་གསལ་འགྲོ་འོང་མེད། །ཐུགས་རྗེ་རང་གསལ་ཕྱོགས་རིས་མེད། །ཏིང་འཛིན་རང་གསལ་དམིགས་དང་བྲལ། །རང་གསལ་ཉིད་ལ་ཉིད་མི་འཇུག །འཆིང་གྲོལ་མེད་པའི་རང་གསལ་བ། །རྣམ་རྟོག་བསྐྱོད་པའི་རླུང་མི་གནས། །གསལ་ལ་མར་མེའི་ཚུལ་ཉིད་ལ། །འདུ་ཤེས་མེད་པའི་སེམས་ཉིད་འཇུག །ཅིར་ཡང་མི་བསམ་ཅིར་མི་དགོངས། །གང་ཡང་མ་ཡིན་དེ་ལྟར་ཡིན། །མཐའ་བྲལ་ནམ་མཁའི་རྡོ་རྗེ་ལ། །དམིགས་གཏད་འཇོག་པ་ནོར་བའི་ལམ། །ཡེ་ཤེས་སྙིང་པོ་ཉི་མ་ཤར། །རང་སྣང་རིག་པ་གཏེར་ལ་རྫོགས། །མཐའ་དང་དབུས་དང་ཕྱོགས་བྲལ་ལ། །དེ་དག་མཉམ་པའི་སེམས་མི་འཇུག །འཇུག་ཏུ་མེད་པའི་འོད་གསལ་ལ། །གཉིས་མེད་རིག་པ་གཅིག་གིས་འཇུག །ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །གཉིས་མེད་གནས་ཚུལ་དེ་ལྟར་བཞག །འཁོར་བ་ཡེ་ཤེས་སྙིང་པོར་གསལ། །འཁོར་བ་སེལ་བའི་ཉི་མ་ལ། །མཐའ་ཡི་མུན་པ་གདོད་ནས་སྟོངས། །ཡེ་ཤེས་གསལ་བའི་ཉི་མ་ནི། །ཀུན་ཏུ་གདལ་ལ་དམིགས་དང་བྲལ། །ཅི་ཡང་མ་ཡིན་ཐམས་ཅད་ཡིན། །ཕྱོགས་རིས་མེད་པའི་ཐུགས་རྗེ་ནི། །ནམ་མཁའི་མཐའ་ལྟར་ཀུན་ཏུ་གདལ། །ཡེ་ཤེས་རྒྱ་མཚོ་མུ་མཐའ་མེད། །གྲོལ་བའི་དཀྱིལ་འཁོར་ཡོངས་རྫོགས་ལྡན། །རང་བཞིན་བཅོས་མེད་སྙིང་པོའི་སྐུ། །མ་འཕྲོས་ཉི་ཟླའི་དཀྱིལ་འཁོར་ནི། །བཙལ་མེད་ནམ་མཁའི་ངང་ན་གསལ། །ཇི་བཞིན་རང་གསལ་དཀྱིལ་འཁོར་ནི། །


DNG005_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མེད་དབྱིངས་ན་རང་བཞིན་གསལ། །མངོན་པར་མཐོ་བའི་སྤྱི་གཙུག་ལ། །མཐའ་ཡི་བལྟ་བས་རེག་ཏུ་མེད། །བཅོས་དང་མ་བཅོས་དེ་ཉིད་མཐའ། །དབུས་མཐའ་མེད་པ་དེ་བཞིན་ཉིད། །གང་ལའང་མི་གནས་དབྱིངས་ན་གནས། །དབྱིངས་དེ་མ་བཅོས་ཞི་བའི་ས། །གདོད་ནས་སྟོང་པའི་རང་བཞིན་ལ། །སྟོང་དང་མི་སྟོང་འདུ་ཤེས་བྲལ། །མ་བསམས་པ་ཉིད་བསམས་པའི་མཐའ། །མཐའ་དབུས་བྲལ་བའི་ཡེ་ཤེས་ལ། །མཐའ་དབུས་ཡོད་མེད་བསྙད་མི་གདགས། །བསྐྱོད་མེད་ཡེ་ཤེས་འོད་པོ་ཆེ། །འཁོར་བ་རང་གསལ་ཉིད་དུ་འབར། །ཀུན་འབྱུང་ནམ་མཁའ་ལྟ་བུའི་ངང་། །སྣང་སྲིད་ཡེ་ཤེས་གསལ་བར་གནས། །གང་དག་ཅིར་གསལ་ཡེ་ཤེས་ཉིད། །ཡེ་ཤེས་གསལ་བའི་འཁོར་ལོ་ལ། །མ་རིག་སྒྲིབ་པ་ཡེ་ནས་མེད། །ཀུན་བཟང་རིག་པའི་འཁོར་ལོ་ནི། །ཅི་ཡང་ཡིན་ནོ་འགག་པ་མེད། །བསམ་དང་བྲལ་བའི་ཆོས་ཉིད་ལ། །བསམ་ཞིང་དཔྱད་པས་ཡུལ་མི་བསྐྱོད། །རང་བཞག་ལྷུག་པའི་ཏིང་འཛིན་ལ། །སེམས་ཀྱི་འཕྲོ་འདུའི་ལས་མི་བྱེད། །རང་གསལ་ཀློང་ལ་ཡེ་གནས་པ། །བཅོས་མེད་བྱང་ཆུབ་མཆོག་གི་ལམ། །གང་ལྟར་འགྱུར་བའི་རིན་ཆེན་ནི། །རྫས་སུ་མེད་དེ་དེ་ལྟར་སྣང་། །རང་སྣང་སེམས་ཀྱི་དཀྱིལ་འཁོར་ལས། །ཐར་པའི་དཀྱིལ་འཁོར་འབུམ་ཕྲག་ཡས། །མ་བགྲོད་ཡེ་ཤེས་དབྱིངས་ལ་གནས། །མི་བསྒོམ་རིག་པ་ཅིག་ཆར་འཇུག །རང་སེམས་གསལ་བ་མ་ཡིན་པ། །གཉིས་མེད་བྲལ་བའི་ཆོས་མི་གནས། །རོལ་པ་འགག་མེད་ཅིར་ཡང་འབྱུང་། །རིག་པ་སྤྲོས་བྲལ་དབྱིངས་ལ་འཇུག །བརྗོད་པ་སྒྲ་ཡི་འཁོར་ལོ་ཅན། །སྒྲ་ཡིས་དོན་ཉིད་དབྱིངས་ལ་འབེབས། །ཀུན་འདུས་སེམས་ཀྱི་མེ་ལོང་ལ། །འཛིན་བྲལ་རིག་པ་ཅིར་མི་དགོངས། །རང་གསལ་ཐབས་ཀྱིས་ཆོད་པ་ལ། །ཡེ་ཤེས་གསལ་བའི་དོན་མི་སྣང་། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། རིག་པ་


DNG005_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རང་གསལ་གྱི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་ཡེ་ཤེས་གསལ་བ་ལ། །གཉིས་མེད་དག་པའི་དོན་མི་སྣང་། །གང་ཕྱིར་སྒྲིབ་པ་བཤད་དུ་གསོལ། །ཞེས་གསོལ་པ་ལས། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཡེ་ཤེས་གསང་བའི་རང་བཞིན་ལ། །རྣམ་རྟོག་དྲ་བས་སོ་སོར་བཅིངས། །དེ་ཉིད་རང་གསལ་མ་རྟོགས་པས། །ལོག་པའི་གྲོང་ཁྱེར་ཉིད་དུ་ལྟུང་། །ཞེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ།སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །གཉིས་མེད་ཡེ་ཤེས་གསང་བའི་དོན། །ནམ་མཁའི་མཐའ་དང་མཉམ་སྦྱོར་བ། །ཡེ་ཤེས་ཀུན་སྣང་མེ་ལོང་ནི། །འཁོར་མིན་མྱ་ངན་འདས་པ་མིན། །ཡེ་ཤེས་འོད་གསལ་རིག་པའི་མཁའ། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །རང་གསལ་རིག་པ་ཡེ་ཤེས་ནི། །ཀུན་ལ་ཁྱབ་པར་ཡེ་ནས་བྱུང་། །གང་ཡང་མ་ཡིན་དེ་བཞིན་ཉིད། །ཆོས་ཉིད་སྤྲོས་བྲལ་འགྱུར་དང་བྲལ། །རྟོག་བྲལ་ཡེ་ཤེས་སྙིང་པོར་གསལ། །དཔེར་ན་ཆུ་རུ་གཅིག་པ་ལ། །རྐྱེན་དང་ཕྲད་དང་མ་ཕྲད་ཀྱིས། །ནུས་པ་སོ་སོར་སྣང་བ་ལྟར། །རྒྱལ་བའི་ཡེ་ཤེས་རང་གསལ་ལ། །རྟོགས་དང་མ་རྟོགས་ཁྱད་པར་དེ། །དངོས་ལ་དེ་དག་མི་གནས་ཀྱང་། །བསམ་པས་འདུལ་བའི་ངོ་ལ་གྲགས། །རང་གསལ་རིག་པའི་མཐུ་མེད་པས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ལྟ་བའི་ཁྱད་པར་བསམ་མི་ཁྱབ། །དངོས་ལ་འོད་གསལ་རིག་པར་འདུས། །ཇི་བཞིན་རིག་པའི་མཐུ་མེད་པས། །བདག་དང་བྱེད་པོ་དབང་ཕྱུག་དང་། །རང་གཞན་དུས་དང་གློ་བུར་ཚུལ། །ཡོད་མེད་རྟོག་པ་ལོག་པའི་ཆོས། །དོན་ལ་དེ་དག་ཀུན་དང་བྲལ། །དགེ་དང་སྡིག་པ་རྣམ་ཕྱེ་ནས། །བླང་དོར་བྱས་པས་མངོན་པར་འཐོམས། །གོང་འོག་ཚུལ་གྱི་རིམ་པ་ཅན། །ཐོབ་འདོད་བྱས་པ་བྲལ་བའི་རྒྱུ། །


DNG005_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བཞི་བཅུ་དྲུག་ལམ་བརྟེན་ནས། །ཉོན་མོངས་རྣམ་པར་སྤངས་བྱས་ཏེ། །རྒྱུན་ཞུགས་ལ་སོགས་རིམ་ཐོབ་པ། །བྱིས་པ་ངལ་བ་དོན་མེད་ཡིན། །རྟེན་འདྲེལ་དག་པའི་རྒྱུར་བྱས་ནས། །གཉིས་མེད་ཆོས་ལ་གཉིས་བཟུང་ནས། །སྲིད་པའི་འཁོར་ལོ་དགག་ཅེས་པ། །དགག་བསྒྲུབ་བྱེད་པའི་དོན་དང་འགལ། །གཉིས་མེད་དོན་ལ་གཉིས་བཟུང་ནས། །བསྐལ་པ་གྲངས་མེད་གསུམ་ཉིད་དུ། །ས་བཅུ་ལམ་ལྔ་ཕ་རོལ་ཕྱིན། །སྦྱོང་བཞི་གཉིས་རྟོག་སྤང་ལེན་ཅན། །རང་ས་ཐོབ་ཀྱང་མཐར་མ་ཕྱིན། །གཉིས་མེད་རང་གསལ་དོན་ལས་ཉམས། །ཆོས་དབྱིངས་ཡེ་ནས་གཅིག་པ་ལ། །དག་པ་ཉིད་དང་མ་དག་པ། །སྤང་ལེན་ཡེ་ཤེས་གཟུང་འཛིན་གྱིས། །རྡོ་རྗེ་འཛིན་ཐོབ་འབྲས་མཐར་ཕྱིན། །འོད་གསལ་ཀུན་མཁྱེན་དོན་མ་རིག །ཡེ་ཤེས་གསང་བའི་དོན་མ་རྟོགས། །རྒྱལ་ཐབས་རིག་པའི་དབང་མ་ཐོབ། །གཉིས་མེད་རང་གསལ་ཉག་གཅིག་ལ། །ངེས་མེད་གཉིས་ཀྱི་ཆ་འཛིན་ཅིང་། །དོན་ལ་ངེས་པའི་འབྲས་བུ་གཅིག །འདོད་པ་འཁྲུལ་པའི་རིགས་ཅན་དེ། །གཉིས་ཀྱིས་གཉིས་མེད་ཇི་ལྟར་རྙེད། །མཆིང་བུ་གསེར་དུ་མི་གཅིག་དང་། །ངེས་པ་མེད་པས་ཆེ་བེལ་འདྲ། །ཡེ་ཤེས་གསལ་བའི་དོན་ལ་བསྒྲིབ། །བྱིན་རླབས་སྣང་བ་ཆོ་ག་དགུ། །དཀྱིལ་འཁོར་བསྐྱེད་དང་བཟླས་པ་དང་། །ཏིང་འཛིན་གསལ་བའི་རིམ་པ་ཡིས། །སྟུག་པོ་བཀོད་པའི་ས་འདོད་པ། །རང་གསལ་དོན་ལ་རྟོག་པས་བསྒྲིབ། །རང་བྱུང་ཉིད་ལ་རྒྱུ་ཡིས་བསྐྱེད། །ཡེ་ཤེས་སྐྱེ་འགག་ཚུལ་དུ་བརྟགས། །ཡེ་ཤེས་རང་སྣང་དོན་དང་འགལ། །བསྐྱེད་པ་རྣལ་འབྱོར་ཆེན་པོ་ཡིས། །བསྐྱེད་རྫོགས་གསུམ་གྱིས་མཉམ་སྦྱོར་ནས། །རིག་པ་འཛིན་པའི་ལམ་ལ་གནས། །དབང་བསྐུར་ཡེ་ཤེས་དཀྱིལ་འཁོར་གསལ། །སྐུ་གསུང་ཐུགས་དང་གཞལ་ཡས་དང་། །སྤྱན་དྲངས་བཟླས་བརྗོད་མཆོད་པ་ཡིས། །རིམ་པས་རྣམ་རྟོག་ཀུན་སྦྱངས་ནས། །འབྲས་བུ་འདོད་པས་དོན་མི་རྙེད། །རིག་པའི་ཡེ་ཤེས་གཅིག་པོ་


DNG005_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཏིང་འཛིན་གསུམ་དུ་འདོད་པས་བཅིངས། །མཚན་ཉིད་རང་གསལ་དཀྱིལ་འཁོར་ལ། །ཞི་དང་ཁྲོ་བོར་སུ་ཡིས་ཕྱེ། །ཡེ་ཤེས་ཀུན་ཁྱབ་བརྡལ་བ་ལ། །བྱོན་དང་མི་བྱོན་འཁྲུལ་པའི་ཆོས། །ཁམས་གསུམ་ཡེ་ཤེས་རང་གསལ་ལ། །འཕྲོ་འདུས་སྒྲིབ་པ་སྦྱང་མི་དགོས། །མ་སྐྱེས་སྙིང་པོ་བྱང་ཆུབ་ལ། །སྐྱེ་བ་བཞི་ཡིས་ལྷར་སྐྱེ་འཁྲུལ། །དུས་གཅིག་ཡེ་ཤེས་རང་གསལ་ལ། །རིམ་སྐྱེ་བདེ་བས་མཚོན་དུ་མེད། །རླུང་བཟུང་དགག་དང་བགྲང་བ་དང་། །ཐུན་མོང་ཉིད་ཀྱིས་སེམས་སྦྱངས་ནས། །རྫོགས་པའི་སེམས་ལ་མཉམ་སྦྱོར་བས། །ཡེ་ཤེས་རང་གསལ་དོན་མི་རྙེད། །ཡེ་ཤེས་འདུས་པའི་ཀ་བ་གསུམ། །མེ་ལོང་བཞི་བརྩེགས་འདྲེལ་པ་ལས། །འབྱེད་འཛུམ་དྲག་ཏུ་བསྐུལ་བ་ཡིས། །ནམ་མཁའི་དཀྱིལ་འཁོར་འབེན་ལ་ཕོག །ཡེ་ཤེས་འབར་བའི་འོད་ཉིད་ཀྱིས། །མཐར་ཐུག་མེད་པ་ཀུན་བཀུག་ནས། །ཡེ་ཤེས་ཐིག་ལེ་གཅིག་ཏུ་འདུས། །རིན་ཆེན་འཕྲུལ་གྱི་ལུ་གུ་རྒྱུད། །ཤེལ་ལྟར་དག་པའི་ཐིག་ལེ་ཅན། །ཁམས་གསུམ་འོད་ཀྱིས་ཁྱབ་གདལ་ནས། །སླར་ཡང་ཡེ་ཤེས་སྙིང་པོར་ཐིམ། །བདུད་རྩིས་ནམ་མཁའི་ཁམས་བཀང་ནས། །བདེ་བ་ཕྲག་བརྒྱའི་རོ་མྱངས་ནས། །ནམ་མཁའི་བདུད་རྩི་འབྱོངས་པ་ཡིས། །སྟོང་ཆེན་འོད་བརྡལ་ཉིད་གསལ་ཡང་། །འདི་ཡང་བཅོས་མ་ལོག་པའི་ལམ། །གཡོ་བྱེད་དབང་དབྱིབས་དཀྱིལ་འཁོར་ཏེ། །གྲུ་གསུམ་ཨེ་ཡི་དབྱིབས་ལྡན་གནས། །དེ་སྟེང་རིན་ཆེན་འཁོར་ལོ་ནི། །མེ་ལོང་བརྩེགས་པའི་ཚུལ་དུ་གནས། །སུམ་ཅུ་གཉིས་གཉིས་ལྡན་པ་ཡི། །དབུས་སུ་བསིལ་བའི་ས་བོན་ཅན། །ཞི་བའི་འཁོར་ལོ་རྣམ་པར་བསྐོར། །གཉིས་པ་འདབ་བརྒྱད་དྭངས་མར་ལྡན། །ཆོས་ཉིད་ཡེ་ཤེས་རང་བྱུང་རྒྱུད། །ཡོན་ཏན་གསུམ་གསུམ་རེ་རེའོ། །འོད་ཟེར་ཟླུམ་དང་སུ་ཏྲི་ཨོཾ། །ཟ་འོག་གུར་ཕུབ་ཚུལ་དུའོ། །མཐིང་ག་ཤེལ་སྒོང་བརྒྱུས་ཚུལ་ལ། །སྤྲུལ་མིག་ལྟ་བུ་ཨ་ནྲྀ་ཧཱུཾ། །དམར་ནག་ཟླ་གམ་གཞུ་ཡི་དབྱིབས། །པྲེ་དུ་ཨ་རུ་


DNG005_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ། །མ་རྟོགས་འགྲོ་དྲུག་ས་བོན་ལ། །རྟོགས་པས་སྐུ་གསུང་ཐུགས་ཉིད་དུ། །གཉིས་མེད་བསྲེས་པས་ཡེ་ཤེས་ཡིན། །རྣམ་བཞི་ཤེས་པ་བརྒྱད་ཀྱི་རྟེན། །རྒྱུ་བའི་ཚུལ་གྱིས་ཤེས་པར་བྱ། །སྙིང་པོ་ས་བོན་འོད་འབར་ནས། །མི་ཤིགས་ཐིག་ལེའི་སྙིང་པོར་གནས། །དབུགས་རྩོལ་རང་བྲལ་གྱུར་པ་ཡིས། །ཡེ་ཤེས་བརྡལ་ཁྱབ་ས་ལ་གནས། །བཅུ་གསུམ་གཉིས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་གསལ་བའི་དཀྱིལ་འཁོར་སྤྲོ། །བཅུ་དྲུག་འཁོར་ལོས་མཚམས་སྦྱར་ནས། །ཐུར་དུ་འཕྲོ་ཞིང་གྱེན་དུ་འཁྱིལ། །བཅུ་དང་གསུམ་བཞིའི་ཆོས་ཀུན་ནི། །སྔར་གསལ་ཡེ་ཤེས་རོ་ཉིད་དོ། །གཟུངས་ལྡན་ཆོས་ཀྱི་ཕྱག་རྒྱ་ལ། །བྱིན་བརླབས་དབང་བསྐུར་ཆ་རྫོགས་ལ། །འཁྱུད་སྦྱོར་རིག་པའི་བདེ་བའི་རོ། །འབྱུང་དང་འཇུག་པ་གཉིས་ཀྱི་ཆ། །བརྒྱད་གཉིས་བཞི་གཉིས་བཅུ་དྲུག་གཉིས། །རང་གསལ་ལྷན་ཅིག་སྐྱེས་པ་དེ། །འདོད་ཆགས་ཏིང་འཛིན་བདེ་བ་དེས། །ཡེ་ཤེས་རང་གསལ་རྐྱེན་བྲལ་ལུང་། །རྒྱུ་རྐྱེན་བྲལ་བའི་དོན་མི་རྙེད། །རྒྱན་དང་ཆ་ཡི་ཚུལ་བཞིན་འཕགས། །རྗེས་སུ་རྣལ་འབྱོར་ཚུལ་གྱིས་ནི། །དབྱིངས་དང་ཡེ་ཤེས་རང་བཞིན་གྱིས། །རྒྱུ་འབྲས་དག་པའི་ཚུལ་དུ་བལྟ། །འོད་ཀྱི་ཏིང་འཛིན་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའི་ས་ལ་འགྲོ། །རང་ས་འབྲས་བུ་མངོན་ཐོབ་ཀྱང་། །མཐར་ཐུག་འབྲས་བུ་དེ་ལ་མེད། །འདི་ཀུན་འཇིག་རྟེན་ལམ་ཡིན་ཏེ། །རྩོལ་བས་རང་གསལ་དོན་མི་རྙེད། །གཉིས་མེད་ངང་ལ་གཉིས་པར་བཟུང་། །རང་གསལ་ངང་ལས་མུན་པར་འཁྱམས། །རྒྱུ་རྐྱེན་བྲལ་བར་རྒྱུ་འབྲས་བལྟས། །མ་བཅོས་ངང་ལ་འཛིན་པས་བཅིངས། །བགྲོད་མེད་ངང་ལ་ལམ་གྱིས་བགྲོད། །གཅིག་ལ་བདག་གཞན་གཉིས་སུ་བཟུང་། །འདི་ཀུན་ཡེ་ཤེས་དོན་ལ་སྒྲིབ། །ཁམས་གསུམ་འཁོར་བར་དེ་ཡིས་ལྷུང་། །ཀུན་འདུས་རང་གསལ་ཉག་གཅིག་ལས། །ཅིར་བལྟས་རང་གསལ་དབྱིངས་ལ་


DNG005_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས། །གཟའ་གཏད་འཛིན་བྲལ་ཆོས་ཀྱི་དབྱིངས། །རང་ལ་མི་རྟོག་དེ་མི་རྟོག །འཇུག་མེད་རིག་པ་ཅིག་ཅར་སྐྱེས། །ཀུན་གསལ་མཚན་མ་རིག་པར་རྫོགས། །གང་དུའང་མི་གནས་ཀུན་ལ་སོན། །ཞེན་པ་མ་བཅོས་དབྱིངས་གསལ་བས། །འཁོར་བ་ཡེ་སངས་རྒྱས་པར་མཁྱེན། །སྙིང་རྗེ་འདུ་ཤེས་ཡུལ་མེད་ལ། །གདུང་མེད་རང་བཞིན་ཁྱབ་པར་གདལ། །ཡུལ་དང་ཤེས་པ་འབྱུང་འཇུག་མེད། །རང་གསལ་ཡེ་ཤེས་མེ་ལོང་ལ། །དམིགས་འཛིན་བྲལ་བའི་ཡེ་ཤེས་ཀྱིས། །དུས་གཅིག་ཐུག་ཕྲད་ཉིད་དུ་འཇུག །གང་ལའང་མི་གནས་རང་ལ་གནས། །རང་ཡང་དམིགས་ཡུལ་རྣམ་བཅད་ནས། །རིག་པ་སྒྲ་ལ་རྟེན་མི་འཆའ། །དབང་པོ་ཡུལ་གྱི་རྗེས་མི་འབྲང་། །འདི་ལྟར་གསལ་བར་མ་རྟོགས་ན། །གང་ལྟར་བརྟགས་པ་དེ་ལྟར་མིན། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། གང་གིས་གང་ལ་བསྒྲིབས་པའི་ལེའུ་སྟེ་དགུ་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་གསོལ་ཏོ། །རྩོལ་བྲལ་ཡེ་ཤེས་སྙིང་པོ་ལས། །ཕུན་སུམ་ཚོགས་པར་གསལ་བ་དེ། །ཁྱད་པར་མ་འདྲེས་གསལ་བ་རུ། །མགོན་པོས་བདག་ལ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ཆོས་ཉིད་རང་བྱུང་བྱང་ཆུབ་སེམས། །རང་བྱུང་རང་རིག་དཀྱིལ་འཁོར་ལ། །གཉིས་མེད་ཡེ་ཤེས་ཆེན་པོ་ལ། །རྣམ་དབྱེ་བསྡུ་བ་མི་གནས་ན། །རིག་པར་དོན་ལ་འཇུག་པའི་ཕྱིར། །དངོས་དང་བསམ་པར་ཕྱེ་བ་ཡི། །གང་ལྟར་འཚམས་པ་དེ་ལྟར་བསྟན། །ངོ་བོ་མཐོང་ཚུལ་གཉིས་ཀྱིས་སོ། །རང་རིག་ཡེ་ཤེས་མ་ཡིན་པ། །རྣམ་པར་བཅད་པའི་ཆོས་མི་གནས། །སྐུ་གསུམ་རིག་པའི་ཀློང་དུ་རྫོགས། །གནས་ནི་སྤྲོས་བྲལ་རིག་པ་སྟེ། །བསྟན་པ་རང་གསལ་མེ་ལོང་ཡིན། །འཁོར་ནི་རིག་པའི་ཆོ་འཕྲུལ་ཏེ། །དུས་ནི་བསམ་གྱིས་མི་ཁྱབ་པ། །སྡུད་པ་ཀུན་འདུས་རིག་


DNG005_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏེར། །རང་གསལ་རང་ལ་མ་ཡིན་པ། །ཕུན་སུམ་ཚོགས་པ་མི་གནས་ཏེ། །རིག་པ་འཕོ་འགྱུར་མེད་པའི་གཏེར། །བསམ་གྱིས་མི་ཁྱབ་དུས་ན་ཤེས། །ཀྱེ་སེམས་དཔའ་ཆེན་པོ། སྟོན་པ་ཆོས་སྐུའི་ཞིང་ཁམས་ནི། །ནམ་མཁས་གར་ཁྱབ་ཆོས་ཉིད་གཏེར། །ཆོས་ཉིད་སེམས་ཉིད་དབྱེར་མེད་པ། །ཆོས་སྐུའི་ཞིང་ཁམས་ཉིད་དུ་བཤད། །གནས་ནི་རིག་པའི་འོག་མིན་ཏེ། །སྤྲོས་བྲལ་འབར་བའི་གཞལ་ཡས་ཁང་། །མཐའ་དང་དབུས་མེད་ཡེ་ཤེས་གསལ། །སེམས་ཅན་སངས་རྒྱས་ཀུན་གྱི་གནས། །སྟོན་པ་རང་བྱུང་འོད་གསལ་བ། །རྡོ་རྗེ་སེམས་དཔའ་ཆོས་ཀྱི་རྗེ། །བརྗོད་མེད་རིག་པའི་ངོ་བོ་ཡིས། །འགྲོ་འོང་མེད་པའི་ཆོས་ཀྱང་སྟོན། །སྤྲོས་མེད་བྱིན་རླབས་ཕྱོགས་བཅུར་བརྡལ། །རིག་པ་རང་གསལ་ངོ་བོར་ནི། །མ་གསུངས་བྱིན་གྱིས་རླབས་ཀྱིས་བཤད། །རང་གསལ་ཆེན་པོའི་ཡེ་ཤེས་སུ། །རང་གི་རིག་པ་ཤུགས་ཀྱིས་གོ། །འཁོར་ནི་སངས་རྒྱས་ཉིད་ཡིན་པས། །གཞན་ནམ་གཉིས་པའི་ཆོས་མི་གནས། །འོད་གསལ་རིག་པའི་གདེང་གི་འཁོར། །བཀོད་པ་མེད་པར་འདུས་ཏེ་གནས། །ཐམས་ཅད་ཡེ་ཤེས་སྙིང་པོ་བས། །ཉིད་ལ་འཆད་ཅིང་ཉིད་ཀྱིས་འགྲེལ། །ཡེ་ཤེས་སྙིང་པོར་ཀུན་འདུས་པས། །དེ་ཉིད་བྱང་ཆུབ་སེམས་ཀྱི་འཁོར། །སྡུད་པ་རང་གསལ་དབྱིངས་ཀྱི་ཀློང་། །ཀུན་ཀྱང་རིག་པའི་འོད་ལ་འདུས། །གཉིས་ཀ་གསལ་བའི་རང་བཞིན་ལ། །མ་འདུས་པ་ཡི་ཆོས་མི་གནས། །དུས་ནི་ཐམས་ཅད་མཉམ་པའི་དུས། །རང་གསལ་ངོ་བོ་ཐོག་མཐའ་མེད། །རང་བྱུང་བྱང་ཆུབ་སེམས་ཉིད་ལ། །དུས་གསུམ་ཁྱད་པར་གཅིག་ཏུ་འདུས། །བསྟན་པ་ཆོས་ཀུན་རང་གསལ་ལ། །མ་བཅོས་མ་བསླད་འགྱུར་མེད་ལུང་། །གཉིས་མེད་རིག་པའི་ཡེ་ཤེས་ཉིད། །རང་སྣང་ཚུལ་གྱིས་གཏན་ལ་འབེབས། །མ་བཅོས་རང་བཞིན་བཞག་པས་གོ། །ནང་པ་གསུམ་གྱིས་བསྟན་པ་སྒྲོགས། །ཅིག་ཆར་འཇུག་པའི་ཚུལ་གྱིས་རྟོགས། །གང་ཡང་མི་མཁྱེན་གསལ་མཁྱེན་པས། །ཡེ་ཤེས་རང་སྣང་གསལ་


DNG005_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཁྱེན། །སྟོན་པ་ལོངས་སྤྱོད་རྫོགས་པ་ནི། །ལོངས་སྤྱོད་ནམ་མཁའི་མཐའ་མཉམ་སྟེ། །སྐུ་གསུང་ཐུགས་ཀྱང་མུ་མཐའ་མེད། །ཞིང་ཁམས་དེ་ལྟར་ཁྱབ་པའོ། །གནས་ནི་འོག་མིན་ཆེན་པོ་སྟེ། །སྤྲོས་བྲལ་རིག་པའི་བྱིན་རླབས་ལས། །ཡེ་ཤེས་རྒྱན་གྱིས་གཞལ་ཡས་ཁང་། །ཕྱི་དང་ནང་མེད་ཡེ་ཤེས་གསལ། །སྟོན་པ་ལོངས་སྤྱོད་རྫོགས་པ་ཡི། །རང་བྱུང་མཚན་དཔེ་རང་ལ་ཆགས། །བདེ་བ་ཀུན་ལ་མངའ་མཛད་ཅིང་། །ཡེ་ཤེས་དམིགས་པའི་ངང་ཚུལ་ཅན། །འཁོར་ནི་རང་རིག་ཉིད་འཇོག་པ། །ས་བཅུའི་དབང་ཕྱུག་འཁོར་ཉིད་ལ། །ཀུན་ཀྱང་མཚན་མེད་མཉམ་པའི་ཚུལ། །རང་གསལ་དོན་ལ་འཇོག་པའོ། །སྡུད་པ་གསང་བདག་རྡོ་རྗེ་འཆང་། །རྒྱལ་བ་ཀུན་གྱིས་དབང་བསྐུར་བ། །རིག་པའི་ཡེ་ཤེས་དཀྱིལ་འཁོར་དུ། །སྒྲ་བྲལ་བསྟན་པ་རྒྱ་མཚོ་སྡུད། །དུས་ནི་མཉམ་གཞག་རིག་པའི་དུས། །རང་གསལ་ངང་ལས་མ་གཡོས་པར། །མཉམ་ཉིད་རང་གསལ་རིག་པའི་དུས། །འདི་ཞེས་ངེས་པར་བསྟན་དུ་མེད། །བསྟན་པ་ཕྱི་ཡི་གསང་སྔགས་གསུམ། །དགོངས་པས་བྱིན་བརླབས་བརྒྱུད་པས་བཤད། །ཏིང་འཛིན་གསལ་བས་མཉམ་ཉིད་གོ། །རང་གི་ངོ་བོས་བསྟན་པར་བཤད། །ལོངས་སྤྱོད་རྫོགས་པའི་བསྟན་པར་བཤད། །ཐུགས་རྗེའི་རང་བཞིན་སྤྲུལ་པར་གསལ། །ཞིང་ཁམས་སྤྲུལ་བ་ནམ་མཁའི་ཁམས། །ཡང་ན་སྟོང་གསུམ་འཇིག་རྟེན་ཏེ། །འདུལ་བའི་ངོ་ལ་དེ་ལྟར་གྲགས། །གནས་ནི་ངེས་མེད་མཐའ་ཡས་ཏེ། །རིགས་དྲུག་རང་ཐང་དེ་ཉིད་ལ། །རྡོ་རྗེ་གདན་སྩོགས་མཐའ་ཡས་པར། །གྲངས་མེད་པ་གནས་དེ་ཉིད་དོ། །ཐུབ་པའི་དབང་པོ་གྲངས་ལས་འདས། །མདོར་བསྡུས་དྲུག་སྣང་ཡེ་ཤེས་དྲུག །འདུལ་དབང་ལོངས་སྤྱོད་སྤངས་ཚུལ་གྱིས། །འགྲོ་བ་འདྲེན་མཛད་སྒྲོན་མ་ཡིས། །འཁོར་ནི་ལམ་གཉིས་ཐོབ་པ་དང་། །འགྲོ་དྲུག་སེམས་ཅན་དེ་དག་ཀྱང་། །དགེ་སློང་ལ་སྩོགས་སྣ་ཚོགས་གཟུགས། །སྣ་ཚོགས་འདུས་པའི་འཁོར་ཚོགས་སོ། །སྡེ་སྣོད་གསུམ་གྱི་ཚུལ་བཟུང་ནས། །མོས་པ་ཐ་དད་དབང་གིས་ནི། །ཐེག་པ་


DNG005_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུའི་རིམ་པ་ཡིས། །གང་ལྟར་འཚམས་པ་དེ་ལྟར་བསྟན། །ཀུན་ཀྱང་བྱང་ཆུབ་སེམས་ལ་འདུས། །བཅོས་མེད་རང་བྱུང་འོད་ལ་འདུས། །ཡེ་ཤེས་གསང་བའི་ངོ་བོ་ལ། །ཇི་ལྟར་གསལ་བ་དེ་ལྟར་ཡིན། །གསང་བའི་མེ་ལོང་གསལ་བའི་མཛོད། །ཉི་མའི་སྙིང་པོའི་འོད་བཞིན་དུ། །གསལ་ལོ་ཡུལ་དང་རྣམ་པར་བྲལ། །ཐམས་ཅད་ང་ལས་གཞན་མ་ཡིན། །རང་ཉིད་བསམ་བརྗོད་ཡུལ་ལས་འདས། །མི་རྟོག་ཐུགས་རྗེ་མཁའ་ལྟར་བརྡལ། །ནམ་མཁར་འཛིན་པའི་འདུ་ཤེས་མེད། །སྟོན་པ་ང་ལ་བསྟན་པ་ང་། །ཉན་པའི་ཚོགས་ང་སྡུད་པ་ང་། །རང་གསལ་ཉིད་ལ་རང་ཉིད་གནས། །གང་ཡང་མ་ཡིན་འོད་གསལ་ཡིན། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་འདུས་པ་རིག་པའི་ཚོགས། །ཡེ་ཤེས་གསལ་བ་ཇི་ལྟར་བརྟག །རང་བྱུང་རིག་པའི་འཁོར་ལོ་ལས། །རྨད་བྱུང་རིག་པ་ཇི་ལྟར་འཆར། །ཡེ་ཤེས་ཉི་མ་བཅོམ་ལྡན་འདས། །རང་བྱུང་དོན་ལ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། རང་བྱུང་ཡེ་ཤེས་རྒྱུ་རྐྱེན་བྲལ། །གདོད་ནས་རང་སྣང་འོད་ཀྱི་མཆོག །གང་ཡང་མ་ཡིན་ཀུན་ལ་གསལ། །ཕྱོགས་མེད་ཐུགས་རྗེ་ཀུན་འཇུག་ལ། །ཕྱོགས་འཛིན་མི་མངའ་རྟོག་མི་མངའ། །མཁའ་གསལ་ཉི་མའི་དཀྱིལ་འཁོར་བཞིན། །ཐ་དད་བསམ་ཡས་འདུལ་ཐབས་ཀུན། །རང་བྱུང་རིག་པའི་སེམས་ལ་བཞུགས། །ཆོས་དབྱིངས་བྱ་བྲལ་རྫོགས་པའི་ལུང་། །གསང་མཛོད་རིག་པ་ཐུགས་ཀྱི་གཏེར། །སྐུ་གསུང་ཐུགས་ཀྱི་བདེ་བའི་མཆོག །ཀུན་བརྡལ་རིག་པའི་ཀློང་དུ་སོན། །བལྟ་མེད་ཡེ་ཤེས་རང་གསལ་ནི། །ཡུལ་མེད་སྤྲོས་བྲལ་ཇི་བཞིན་ཉིད། །རང་སྣང་རིག་པའི་འཁོར་ལོ་ལ། །ཡུལ་མེད་རང་གསལ་རིག་པས་མཐོང་། །བསམ་བྲལ་རིག་པ་ཅིར་མི་དགོངས། །གཟའ་བྲལ་


DNG005_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མའི་ལམ་པོ་ཆེ། །ཇི་ལྟར་མ་ཡིན་དེ་བཞིན་ཉིད། །དེ་ལྟར་རིག་པ་ཉིད་ཀྱིས་གསལ། །ཅིས་ཀྱང་མ་བཅོས་དེ་བཞིན་ཉིད། །ཕྲ་རགས་འཛིན་པའི་རྣམ་རྟོག་ལ། །མཚན་མའི་རྣམ་གྲངས་ཅི་སྐྱེས་ཀྱང་། །དེ་ཉིད་འོད་གསལ་དག་པའི་མཁའ། །གཉིས་མེད་རང་གསལ་གཅིག་ལ་སོན། །མཐོང་བའི་སྐབས་ན་དོན་མི་མཐོང་། །མི་མཐོང་བས་ན་དོན་མཐོང་སྟེ། །གཉི་ག་མ་བཅོས་རང་རིག་ལ། །མཐོང་དང་མ་མཐོང་རྗེས་མི་འཇུག །ཐམས་ཅད་བྱང་ཆུབ་སེམས་ཉིད་ལ། །ལོག་རྟོག་རྩོལ་བའི་ཆོས་མི་གནས། །རང་བྱུང་མཚན་མར་མི་འཇུག་པས། །གང་ལྟར་གསལ་ཡང་དམིགས་དང་བྲལ། །འབྱུང་འཇུག་མེད་པའི་རྣལ་འབྱོར་གྱིས། །ཇི་བཞིན་ཉིད་ཀྱི་དོན་ལ་རྟོགས། །ལྟ་བྲལ་གཟིགས་མེད་ཡེ་ཤེས་སྤྱན། །ཆོས་རྣམས་བྱང་ཆུབ་སེམས་སུ་གསལ། །བྱང་ཆུབ་སེམས་ཉིད་འོད་བརྡལ་བས། །མཐའ་དབུས་མེད་པས་གཅིག་ཏུ་གནས། །འདོད་ལྔ་ཡུལ་ལྔ་ཆགས་སྡང་ལྔ། །ཅིར་ཡང་སེམས་ལས་གཞན་མེད་པས། །དེ་ཉིད་མ་ཡིན་གཞན་མ་ཡིན། །འཁོར་བ་ཡེ་ཤེས་འོད་དུ་འབར། །རང་གསལ་འཇུག་མེད་རིག་པ་ཡིས། །མཐོང་འཇུག་མེད་པའི་ངོ་བོར་བརྟག །ཕྱོགས་མེད་གསལ་བའི་ཡེ་ཤེས་ཀྱིས། །ཕྱོགས་སུ་བལྟ་བ་ཟིལ་གྱིས་མནན། །དང་པོ་སེམས་ལ་རྒྱུ་མེད་པས། །ཐ་མར་སྐྱེ་འཇིག་མཐའ་ལས་འདས། །རང་བྱུང་རྡོ་རྗེ་སྐྱེ་འགག་མེད། །དུས་གཅིག་རྫོགས་པས་རིམ་སྐྱེ་མེད། །སྐད་ཅིག་མེད་དེ་རྒྱུན་དང་བྲལ། །རིག་པ་རང་གསལ་མངོན་སུམ་ལ། །རྗེས་དཔག་རིག་པའི་རྫུན་གྱིས་བསླུས། །དེ་ཁོ་ན་ཉིད་རང་གསལ་ལུང་། །རྒྱུ་རྐྱེན་བྱང་ཆུབ་སེམས་རིག་པས། །ཡེ་ཤེས་འཁྱིལ་པའི་འཁོར་ལོ་ཅན། །ཅིར་ཡང་འཕྲུལ་ལོ་ཐམས་ཅད་རིག །ནམ་མཁའ་རང་གསལ་དབྱིངས་ལ་གནས། །སྣང་སྲིད་བདེ་སྡུག་འཁྲུལ་འཁོར་ཡང་། །རིག་པ་ཡེ་ཤེས་འཁོར་ལོར་ཞུགས། །རང་བྱུང་ངང་ལས་གཞན་པ་མེད། །འདུ་འབྲལ་མེད་པར་རང་ལ་ཐུག །ཁྱབ་གདལ་རིག་པ་ཀུན་ཏུ་བཟང་། །གང་ལྟར་གསལ་བ་དེ་ལྟར་


DNG005_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཀློང་ཡངས་ཆུ་བོ་འདུ་འཕྲོ་བཞིན། །མ་འདྲེས་ཡོངས་རྫོགས་གཅིག་ཏུ་གསལ། །ནམ་མཁའ་གསལ་བའི་གཞལ་ཡས་སུ། །རིག་པ་མཆོག་གི་འོད་བརྡལ་ནས། །རིག་པ་རང་གསལ་མཆོག་ཏུ་བརྟག །བརྡ་དོན་ཕྲད་ནས་གསལ་བར་བཤད། །མཆོག་ཏུ་གསང་བའི་ཆོས་འདི་ནི། །སྣང་མེད་རིག་པ་མཆོག་གི་ངང་། །རྟོག་ཅིང་དཔྱོད་པའི་ཡུལ་ལས་འདས། །སྤྲོས་བྲལ་མཚན་མ་ཅིར་མི་རྟོག །སྣང་དང་སྲིད་པའི་ཆོས་ཀུན་ནི། །དང་པོ་སྐྱེ་མེད་ངང་ཡིན་ལ། །བར་དུ་རྟོག་ཅིང་དཔྱད་ལས་འདས། །ཐ་མ་རང་གི་མཚན་མ་མེད། །གསུམ་ཀ་མ་སྐྱེས་ཆོས་སྐུའི་ངང་། །ཡུལ་དང་དབང་པོ་སྤྱོད་པ་དང་། །མྱོང་ཚོར་སོ་སོར་མ་འདྲེས་གསལ། །རང་བྱུང་རང་ལ་ཅིར་ཡང་བྱུང་། །རྫོགས་ལོངས་སྤྱོད་པ་རང་བཞིན་གསལ། །ཀུན་ལ་ཁྱབ་ཅིང་དོན་བྱེད་ནུས། །དཔག་མེད་རིག་པ་སྣ་ཚོགས་འཆར། །རང་ལས་སྤྲུལ་ཅིང་རང་ལས་མཛད། །རང་བྱུང་རིག་པ་སྤྲུལ་པའི་སྐུ། །སྐྱེ་འགྲོ་ཕྱི་ནང་མ་ལུས་པའི། །གཟུགས་སྣང་ཕྲ་རགས་གང་ཡང་རུང་། །རྨད་བྱུང་སྐུ་ཡི་རོལ་པར་ཤར། །ཡེ་ཤེས་འོད་གསལ་མཆོག་གི་སྐུ། །སྒྲ་སྐད་རབ་འབྲིང་མ་ལུས་པ། །གསལ་སྟོང་རིག་པ་ཉིད་ཀྱི་གསུང་། །གང་བརྗོད་ཚིག་འདས་གང་ཡང་བྲལ། །བརྗོད་བྲལ་མི་གཡོ་བརྗོད་པ་ཉིད། །དམིགས་བྲལ་མཚན་མའི་རྟོག་མི་འཇུག །ཆོས་སྐུ་སྙིང་པོ་མཆོག་གི་གསུང་། །བརྡ་མཇལ་ཉམས་མྱོང་གསལ་རིག་ཅིང་། །ངེས་སྐྱེས་ཐེ་ཚོམ་རྣམ་པར་བཅད། །བརྡ་ཡི་དོན་གོ་གཉིས་མེད་པ། །རྫོགས་ལོངས་སྤྱོད་པའི་གསུང་དུ་གསལ། །ཐ་སྙད་མ་འདྲེས་དོན་བྱེད་ནུས། །དོན་དང་འདྲེལ་ཞིང་ཁྱབ་པར་གསལ། །ཀུན་དང་མཐུན་པར་རང་བརྡ་འཕྲད། །སྤྲུལ་པའི་གསུང་དུ་རང་བཞིན་བརྡལ། །བརྗོད་བྲལ་ཚིག་གི་རང་བཞིན་གྱིས། །རང་བྱུང་ཀུན་ལ་ཁྱབ་པར་གསལ། །རྨད་བྱུང་རང་གསལ་གོ་བའི་སྒྲ། །ཡེ་ཤེས་རོལ་པའི་གསུང་དུ་ཤར། །དྲན་རྟོག་རིག་པ་ཅིར་མི་བལྟ། །རྣམ་གྲོལ་རང་གསལ་ཅིར་མི་དགོངས། །མཚན་


DNG005_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམ་པར་རྟོག་དང་བྲལ། །གཉིས་མེད་རིག་པ་མཆོག་གི་ཐུགས། །སྣ་ཚོགས་རང་གསལ་བདེ་འགྱུར་ཞིང་། །ཅི་ཡང་མ་ཡིན་གར་ཡང་གསལ། །འོད་གསལ་བདེ་བའི་དོན་ལ་བཞུགས། །བདེ་ཆེན་ཐུགས་ཏེ་ཁྱབ་པར་བརྡལ། །སྣ་ཚོགས་འདྲེལ་པ་གང་ཡང་མིན། །གཅིག་ཏུ་མི་གནས་ཁྱབ་པར་གསལ། །ཀུན་དང་མཐུན་པའི་དགོངས་པ་ཅན། །རང་ལས་རང་འཕྲུལ་སྤྲུལ་པའི་ཐུགས། །མི་གཡོ་མི་གནས་གང་དུའང་མིན། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །རྨད་བྱུང་རང་གསལ་ཐུགས་ཀྱི་མཆོག །རྨད་བྱུང་ཐུགས་ཀྱི་རོལ་པར་ཤར། །ཉི་མའི་འོད་བཞིན་འབར་བ་ལྟར། །རྩོལ་བྲལ་རང་བྱུང་རིག་པ་ལས། །རྩོལ་མེད་ཐུགས་རྗེས་ཁྱབ་པར་གསལ། །ཀུན་ལ་གནས་སོ་དམིགས་དང་བྲལ། །དཔལ་ལྡན་ནམ་མཁའ་ཁྱབ་པའི་འོད། །འགྲོ་བ་ཀུན་ལ་རང་བཞིན་འཆར། །འོད་གསལ་ནམ་མཁའ་རྒྱས་པའི་མཐའ། །འཇིག་རྟེན་གསལ་བར་དུས་གཅིག་ཤར། །འཁོར་བ་རང་རིག་རང་གསལ་ཡང་། །ཡེ་ཤེས་རིག་པར་མི་གསལ་བས། །ཡེ་ཤེས་ཉི་མའི་འོད་ཀྱང་ནུབ། །རང་གསལ་རིག་པའི་དོན་དང་འགལ། །རང་བྱུང་སྒྲ་ཡི་རྗེས་འདྲེངས་ཀྱང་། །དེ་ཡི་ངོ་བོར་མ་གྱུར་ན། །གསལ་བའི་ཡེ་ཤེས་ཉིད་དང་བྲལ། །བཅིངས་པའི་མདུད་པ་ལྕགས་དང་འདྲ། །རང་ལ་རང་གིས་གཟེར་ཆེན་འདེབས། །མི་རྟོག་གསལ་བའི་གདེང་དུ་གྱུར། །ཀློང་ཞུགས་རང་གསལ་མཆོག་གི་གཏེར། །རྣམ་རྟོག་མཚན་མས་བཅོས་སུ་མེད། །འགྱུར་མེད་རྡོ་རྗེའི་ཀློང་དུ་སོན། །བརྗོད་བྲལ་སེམས་ཀྱི་དཀྱིལ་འཁོར་ལ། །པྲ་ཁྲིད་དོན་གྱིས་མ་མཚོན་ན། །རིག་པ་རང་གསལ་དོན་མི་མཐོང་། །གཏེར་ཁྱིམ་གསེར་དང་གསལ་བྱེད་ལྟར། །ངེས་པ་རྙེད་ནས་ཚིག་མི་དགོས། །རང་བྱུང་གསང་བའི་འཁོར་ལོ་ལ། །ཡེ་ཤེས་རིག་པས་མཉམ་སྦྱར་ནས། །རིན་ཆེན་འབར་བའི་གླིང་བཞིན་དུ། །ཡེ་ཤེས་དཀྱིལ་འཁོར་ཉིད་དུ་འབར། །ཐམས་ཅད་ཡེ་ཤེས་དཀྱིལ་འཁོར་གསལ། །མ་བསྒྲིབས་རང་བྱུང་སྒོ་མོ་ལ། །རྩོལ་བྲལ་


DNG005_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་ཐབས་ཀྱིས་འཇུག །མཐོང་མེད་མི་དམིགས་དཀྱིལ་འཁོར་ལ། །ཡེངས་པ་མེད་པའི་སེམས་ཀྱིས་གནས། །ཅིར་སྣང་རིག་པ་རང་གསལ་བས། །སྒྲིབ་པའི་མུན་པ་རྣམ་པར་བཅད། །ཡེ་སངས་རྒྱས་པའི་ཐབས་ཆེན་ལས། །རྒྱུ་རྐྱེན་རྩོལ་བས་ཅི་ཞིག་བྱ། །ཡེ་ཤེས་སྙིང་པོའི་མཚན་ཉིད་ནི། །ཁྱབ་པར་གསལ་ལ་རང་བཞིན་མེད། །སྣང་སྲིད་གསལ་བའི་མེ་ལོང་ལ། །གསལ་ཡང་རིག་པའི་མཚན་མ་མེད། །མི་འཇུག་མི་བལྟ་ཅིར་མི་རྩོལ། །ཤེས་ནས་མ་བཅོས་རང་དགར་གནས། །བསམ་བྲལ་དམིགས་པའི་བྱུང་ཚོར་མེད། །ཅེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ཡེ་ཤེས་རང་གསལ་མཐོང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དེ་ཉིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བ་འཆང་། །སྤྲོས་བྲལ་མཉམ་ཉིད་རིག་པའི་གཏེར། །གཉིས་མེད་རང་གསལ་བཅོམ་ལྡན་འདས། །མགོན་པོ་ཁྱོད་ལ་གསོལ་བ་ནི། །རྣལ་འབྱོར་བྱ་བྲལ་རྫོགས་ལུང་ལ། །གཉིས་པའི་འདུ་ཤེས་མེད་མོད་ཀྱང་། །སྤྱོད་པའི་ཁྱད་པར་གསུང་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། གཉིས་མེད་རང་བྱུང་ཡེ་ཤེས་ལ། །གཉིས་ཀྱི་འདུ་ཤེས་མི་འཇུག་ཀྱང་། །འཇུག་པ་ཐབས་ཀྱི་སྒོ་མཚོན་ཕྱིར། །སྤྱོད་པ་རྣམ་པར་བཤད་པར་བྱ། །ནམ་མཁའི་དབྱིངས་ཀྱི་རྗེས་འགྲོ་ཞིང་། །ཐབས་ལྡན་མི་འགག་དེ་ཉིད་དེ། །ཐུགས་རྗེ་མཛད་པའི་བྱིན་བརླབས་བརྡལ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཐམས་ཅད་རང་གསལ་མ་བཅོས་ལ། །རྣམ་རྟོག་འཛིན་པའི་དྲི་མ་མེད། །མི་འབྱུང་མི་འཇུག་ཡུལ་དང་བྲལ། །གསལ་ལ་མི་རྟོག་འཛིན་པ་མེད། །ནམ་མཁའི་རྡོ་རྗེའི་སྤྱོད་པ་ལ། །རྣམ་རྟོག་མི་མངའ་ཅིར་མི་དགོངས། །མ་བཙལ་རང་བཞག་དགོངས་པ་


DNG005_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །འཛིན་པའི་དྲི་མ་གདོད་ནས་དབེན། །རྣམ་དག་གསལ་བའི་ཡེ་ཤེས་ལ། །གང་དུའང་མ་ཡིན་ཁྱབ་པར་གསལ། །རང་བཞིན་འོད་གསལ་བདེ་བའི་དབྱིངས། །འཛིན་པ་མི་འཇུག་དབྱིངས་མི་འཚོལ། །རང་གསལ་རིག་པ་རང་ལ་འདེབས། །མི་བསྒུལ་མི་རྟོག་ཅིར་མི་གནས། །མ་བཀག་ཐབས་ཀྱི་མེ་ལོང་ལ། །ཕྱོགས་རིས་མེད་པས་ཅིར་བལྟས་གསལ། །ནམ་མཁའ་མི་བཟུང་བསམ་དང་བྲལ། །དམིགས་མེད་གཏད་མེད་ཡིད་མི་འཇུག །ཡུལ་ལ་མི་གནས་ཤེས་པ་མིན། །གཉིས་ཀ་མ་ཡིན་སྤྲོས་དང་བྲལ། །འཛིན་པ་མི་འཇུག་གཉིས་འཛིན་མེད། །ཡེ་ཤེས་གསང་བའི་ངོ་བོ་ལ། །མཚན་མ་མེད་དོ་རང་གསལ་དབྱིངས། །སྣང་བ་ཡེ་ཤེས་རང་གསལ་ལ། །དགག་བསྒྲུབ་མེད་པ་རང་གི་དབྱིངས། །རང་གསལ་འོད་ལ་མི་གནས་ན། །མཚན་མའི་སྤྱོད་པ་ཅི་སྤྱད་ཀྱང་། །རང་ས་ལྟོས་པའི་འབྲས་བུ་ལ། །མ་བཙལ་རང་གསལ་བདེ་ཆེན་བྲལ། །བཅིངས་མེད་ཡོངས་རྫོགས་རིག་པའི་ལམ། །བགྲོད་དུ་མེད་དོ་ཡེ་སངས་རྒྱས། །ཕྱོགས་རིས་མེད་པའི་ཡེ་ཤེས་ལ། །གཉིས་མེད་གཅིག་པའི་མཐའ་དང་བྲལ། །ཟུང་འཇུག་འོད་གསལ་བདེ་ཆེན་ལ། །གཉིས་དང་གཅིག་པའི་འཛིན་པ་མེད། །མཐའ་བྲལ་ནམ་མཁའི་རྡོ་རྗེ་ལ། །འགྱུར་མེད་ཡེ་ཤེས་རང་བཞིན་གསལ། །ཇི་བཞིན་རིག་པའི་རྣལ་འབྱོར་ལ། །རྩོལ་དང་བཅས་པའི་རྣལ་འབྱོར་མེད། །རིག་པ་ཀླུང་ཞུགས་བདེ་བའི་ངང་། །ཅིར་གསལ་མི་རྩོལ་རིག་པའི་མཆོག །འབྱུང་འཇུག་མེད་དེ་དབྱིངས་ལ་གསལ། །བརྒྱུད་པ་ཐབས་ཀྱི་མེ་ལོང་གིས། །རང་གསལ་དོན་ལ་མཚོན་བྱས་ནས། །གཉིས་མེད་ཡེ་ཤེས་ཞེས་བརྗོད་པ། །རང་གསལ་མ་ཡིན་གཞན་གསལ་མིན། །མངོན་སུམ་རང་གསལ་ཡེ་ཤེས་ལ། །བརྙན་མའི་རྟགས་ལ་རྟེན་འདོད་པ། །གླང་པོ་རྙེད་ནས་རྗེས་འཚོལ་འདྲ། །གཉིས་མེད་ངང་ལ་གཉིས་སུ་འདོད། །རང་གསལ་ངང་ལ་གཞན་གྱིས་བསླད། །རང་རིག་གཉིས་ཀྱི་མཚན་བྲལ་ལ། །ཞེན་པས་དེ་ཉིད་མ་རྟོགས་པས། །ཁམས་གསུམ་རྒྱུད་དྲུག་གནས་སུ་


DNG005_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། །མངོན་སུམ་རིག་པས་ཉམས་མྱོང་བ། །ལུང་དང་རིགས་པ་རྗེས་དཔག་གིས། །མི་རྟོག་རང་གསལ་དོན་ལ་བསྒྲིབས། །དེ་ཡིས་དེ་ལ་རྟོག་པའི་རྒྱུན། །ཡེ་ཤེས་གསལ་བའི་ངང་ཉིད་ལས། །ཐུགས་རྗེ་ནམ་མཁའི་མཐའ་ལྟར་བརྡལ། །ཐུགས་རྗེ་ཆེན་པོ་ཉི་འོད་ལྟར། །འགྲོ་འོང་མེད་པར་རང་བཞིན་འཆར། །ཇི་ལྟར་གང་འདུལ་དེ་དག་ལ། །སྟོན་པ་ཡིད་བཞིན་ནོར་བུ་ལྟར། །ཀུན་ལ་མཐུན་པར་མི་སྣང་ན། །སྐྱོབ་པའི་ཐུགས་རྗེ་ཡལ་ལམ་ཅི། །གང་ཕྱིར་དེ་ལྟར་མི་འབྱུང་ན། །རྣམ་པ་ཀུན་མཁྱེན་མིན་པ་དང་། །ཕན་འདོགས་ནུས་པ་མེད་པ་དང་། །ཐུགས་རྗེའི་མཛད་པ་རྒྱུན་ཆད་དང་། །ཞི་བ་ཕྱོགས་ཐིམ་སྐྱོན་དུ་འགྱུར། །འགག་མེད་ཐུགས་རྗེའི་མཛད་པ་ལ། །འབྱུང་དང་མི་འབྱུང་གང་རྟོག་པ། །རིན་ཆེན་འབར་བའི་འོད་ཀྱང་ནུབ། །འཁོར་བའི་ལྕགས་ལས་ཐར་པ་མེད། །རྣམ་རྟོག་མཚན་མའི་འདམ་དུ་ཟིན། །རྡོ་རྗེའི་ཁབ་ནས་ཐར་པ་མེད། །གཉིས་མེད་ཡེ་ཤེས་གསལ་བ་ལ། །མཚན་མའི་འཛིན་པ་མི་གནས་ན། །གཞི་དང་ཀུན་བརྟགས་གཉིས་འདོད་པ། །ལོག་པའི་ལམ་པ་འཁོར་བར་ལྟུང་། །དངོས་ལ་གཉིས་པ་མི་གནས་ན། །བསམ་པའི་འདུ་ཤེས་ཅི་ལ་འཇུག །དེ་དག་མཐའ་ལ་རྩོད་པ་ཡིན། །དངོས་ལ་རྩོད་པ་ཀུན་དང་བྲལ། །རྗེས་འཇུག་རིག་པའི་རྣལ་འབྱོར་གྱིས། །རང་གསལ་རིག་པའི་དོན་ལ་ཞུགས། །ཐུགས་རྗེའི་མཛད་པ་ཀུན་ལ་བརྡལ། །འདོད་དོན་རིན་ཆེན་ལྟ་བུར་འབྱིན། །མཛད་པའི་བྱིན་རླབས་བསམ་མི་ཁྱབ། །མཁྱེན་པ་ཡེ་ཤེས་ཉིད་དུ་འཆར། །འགྲོ་ལ་ཕན་འདོགས་ཀུན་ལ་སྙོམས། །ཀུན་ཀྱང་འོད་གསལ་བདེ་བར་གཟིགས། །གཡོ་མེད་རིག་པའི་བྱིན་རླབས་ནི། །འབྱུང་འཇུག་མེད་པའི་ཡོངས་ལ་བརྡལ། །རྒྱ་མཚོ་རྐྱེན་གྱིས་བསྐུལ་བ་ལྟར། །ཀུན་ཏུ་སྣང་ཞིང་ཉིད་དུ་འདུས། །ཤེས་རིག་ཀུན་ལྡན་མཁྱེན་པའི་ངང་། །ཐུགས་རྗེའི་ངང་ལས་མི་འདའ་བས། །ཇི་ལྟར་འཚམས་པ་དེ་ལྟར་བསྟན། །མེ་དང་ཚ་བ་ཇི་བཞིན་ནོ། །ཐུགས་རྗེ་མེད་པའི་རྒྱལ་བ་དང་། །གསལ་རིག་མེད་པའི་ཡེ་ཤེས་ནི། །བེམ་པོ་དོན་མེད་འབྲས་བུ་ལས། །རྙེད་ཀྱང་ངལ་


DNG005_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བ་དོན་མེད་ཡིན། །ཐམས་ཅད་རང་གསལ་ཡེ་ཤེས་ལ། །གཉིས་མེད་འདུ་ཤེས་མི་མངའ་ཡང་། །བྱིན་རླབས་ཉི་མའི་འོད་བཞིན་དུ། །འགྲོ་འོང་མེད་པར་ཁྱབ་པར་གདལ། །དེ་ཉིད་ཐུགས་རྗེ་མ་ཡིན་པའི། །ཆོས་ནི་གནས་པར་མི་སྲིད་དོ། །ནམ་མཁའ་ས་ཆུ་མེ་དང་རླུང་། །འདོད་ལྔ་བདེ་དང་འདོད་ཡོན་ཀུན། །ཐུགས་རྗེའི་བྱིན་རླབས་བསམ་མི་ཁྱབ། །གང་ཞིག་ཕན་འདོགས་དོན་བྱེད་ནུས། །ཀུན་ཀྱང་ཐུགས་རྗེ་ཆེན་པོ་ཡིན། །དམྱལ་བའི་སྡུག་བསྔལ་འབར་བ་ཡང་། །རྒྱལ་བའི་མཛད་པའི་ཐུགས་རྗེ་ཡིན། །གཞན་དག་བདེ་སྡུག་བཏང་སྙོམས་ཀུན། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །འོད་གསལ་རེག་པའི་ཐབས་ལྡན་ན། །རང་གསལ་མིན་པའི་ཆོས་མི་གནས། །གང་ལྟར་སྤྱོད་པ་དེ་དག་ཀུན། །ཐབས་ཆེན་འོད་གསལ་སྤྱོད་པ་ཡིན། །ཐབས་ལྡན་རིག་པའི་སྐྱེས་བུ་ཡིས། །དུག་ཆེན་སྨན་དུ་མཛད་པ་ལྟར། །འོད་གསལ་རིག་པའི་རྣལ་འབྱོར་གྱིས། །འཁོར་བ་ཡེ་ཤེས་སྙིང་པོར་གསལ། །མ་བཅོས་ཐབས་ཀྱི་རྣལ་འབྱོར་པས། །གང་ལྟར་སྤྱད་པ་དེ་ལྟར་བདེ། །ཐབས་ལྡན་རིག་པ་འཕྲུལ་གྱི་སྒོ། །ཀུན་འབྱུང་རིན་ཆེན་ཕུང་པོ་ཅན། །རང་གསལ་རིག་པའི་ལྡེ་མིག་གིས། །རྨད་བྱུང་རིག་པའི་སྒོ་ཕྱེ་ལ། །རིན་ཆེན་གསེར་གྱི་ས་གཞི་ལ། །རིན་ཆེན་རིག་པ་བཅུད་ཀྱི་སྒོ། །འགྱུར་མེད་རང་གསལ་ཕུར་བུས་གདབ། །གསལ་བྱེད་རིན་ཆེན་འབར་བ་བསྟན། །ཕྱིར་མི་འབྱུང་བར་ནན་ཆགས་བྱ། །ཚིག་དོན་སྤྲད་པས་བརྡ་སྤྲད་ལ། །ཡེ་ཤེས་གསལ་བས་ཕྱོགས་བཅུར་བརྡལ། །འབྱུང་བའི་དུས་སུ་བརྡ་སྤྲད་ལ། །འཇུག་པའི་དུས་སུ་ཕྲལ་བར་བྱ། །དངོས་མེད་རིག་པའི་ཁྱད་པར་ལ། །སྤྲད་དང་བྲལ་བར་མི་གནས་ཀྱང་། །ཞེན་པས་དངོས་པོ་མཐོང་བྱའི་ཕྱིར། །བརྡ་དོན་གཉིས་ཀྱི་མན་ངག་བསྟན། །ཚིག་གི་ལམ་དང་དོན་གྱི་ལམ། །དོན་ཉིད་རང་གསལ་འོད་བཞིན་གནས། །འཇུག་པ་ཚིག་གི་ཁྱད་པར་གྱིས། །གཉིས་མེད་དོན་གཅིག་བསྟན་པར་ཟད། །རང་སྣང་རིག་པ་འཕྲུལ་གྱི་དབྱིག །


DNG005_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲད་པ་མེད་པར་རང་བཞིན་འཆར། །བཅོས་མེད་དེ་ལྟར་རང་བཞག་ན། །རྟོགས་པ་རབ་འབྱམས་ཉིད་དུ་འཆར། །རང་རིག་ཡེ་ཤེས་ཐབས་མེད་པར། །ཞེན་པའི་ཆགས་སྡང་ཀུན་སྤྱད་པས། །རྡོ་རྗེའི་ཁབ་ཏུ་ལྟུང་གྱུར་ནས། །བྱང་ཆུབ་སེམས་ཀྱི་རིགས་དང་བྲལ། །དངོས་པོ་ཀུན་བྲལ་ཡེ་ཤེས་ལ། །ཕྱོགས་དང་རིས་སུ་མི་གནས་ཏེ། །ཆགས་སྡང་བྲལ་བའང་མི་སྤྱོད་ན། །ཆགས་སྡང་སྤྱོད་པ་སྨོས་ཅི་དགོས། །ངེས་པར་ལྟུང་བར་གྱུར་ནས་ནི། །ཐེག་ཆེན་རིགས་དང་རྟེན་བྲལ་ནས། །ཐར་པའི་རིས་སུ་འགྱུར་མི་སྲིད། །ཡེ་ཤེས་གསལ་བའི་སྤྱོད་པ་ཡིས། །ཅི་སྤྱད་བྱང་ཆུབ་སེམས་སུ་གསལ། །འོད་གསལ་ཆོས་སྐུ་རིག་པའི་ངང་། །བཙལ་མེད་དེ་དག་ཐོབ་པར་འགྱུར། །ཡེ་ཤེས་རང་གསལ་དོན་དང་ཕྲད། །འཁོར་བ་སངས་རྒྱས་ལམ་དུ་མཁྱེན། །རང་བྱུང་ཡེ་ཤེས་འོད་དུ་འབར། །རྩོལ་མེད་བྱིན་རླབས་ངང་གིས་འཆར། །ནམ་མཁའ་དབྱིངས་ཀྱི་གཏེར་འཛིན་ཅིང་། །རང་གསལ་རིག་པའི་འོད་ལ་བཞུགས། །ཕྱོགས་མེད་རིག་པའི་ཐུགས་རྗེ་ཡིས། །མཁའ་ལྟར་དག་ཅིང་ཀུན་ལ་འཆར། །བཅོས་མེད་རང་བཞག་དོན་ཐོབ་ནས། །ཡེ་ཤེས་བླ་མའི་ས་གནོན་ཏེ། །ཆེ་བའི་ཡེ་ཤེས་ཀུན་རྫོགས་པས། །མ་བགྲོད་ས་རྣམས་དུས་གཅིག་ནོན། །རྣལ་འབྱོར་རིག་པའི་ཁྱད་པར་ལ། །ས་དང་ལམ་ཞེས་བརྗོད་པ་ལས། །དངོས་པོ་ཡེ་ཤེས་རང་སྣང་ལ། །ས་དང་ལམ་ལ་བགྲོད་པ་མེད། །བསམ་པའི་ཁྱད་པར་ཅི་ཙམ་པ། །དེ་དང་དེ་ཡི་ཚུལ་བཟུང་ནས། །འགྲོ་བ་འདྲེན་པའི་ཐབས་བསྟན་ཏེ། །དངོས་ལ་འོད་གསལ་རིག་པའི་མཁའ། །རང་རིག་འདྲེན་པ་མཆོག་གི་སྐུ། །ཀུན་འདུས་གསང་བ་དབྱིངས་ཉིད་ལུང་། །མ་བསལ་བཅོས་མེད་སྙིང་པོ་ལ། །གདོད་ནས་དག་པས་གཉེན་པོ་མེད། །ཅེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། སྤྱོད་པ་རིག་པའི་ཁྱད་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་སངས་རྒྱས་ཐམས་ཅད་


DNG005_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །རང་གསལ་ཡེ་ཤེས་མེ་ལོང་ཁྱོད། །གདོད་ནས་བྱང་ཆུབ་སྙིང་པོར་བཞུགས། །བཅོས་མེད་རིག་པའི་ངང་ལ་གནས། །མགོན་པོ་ཁྱོད་ལ་གསོལ་བ་ནི། །སྤྲོས་མེད་རིག་པའི་རང་བཞིན་ལ། །དཀྱིལ་དང་འཁོར་དུ་དབྱེར་མེད་ཀྱང་། །དེ་ཡི་ཚུལ་འདི་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །ཀུན་འདུས་རིག་པ་སེམས་ཀྱི་ལུང་། །བཅོས་མེད་རིག་པ་དོན་གྱི་གཏེར། །འཕོ་འགྱུར་མེད་པའི་དབྱིངས་ཉིད་དང་། །རིག་པ་མཆོག་གི་དཀྱིལ་འཁོར་ལ། །བསྐྱེད་པ་མེད་པའི་རང་བཞིན་གསལ། །གསལ་བ་འོད་འབར་དཀྱིལ་འཁོར་ནི། །ནམ་མཁའི་མཐའ་བཞིན་ཁྱབ་པར་གནས། །འོད་གསལ་རིག་པའི་བདེ་བ་ལ། །ཐ་དད་རིག་པ་མི་གནས་ན། །ཆོས་ཚུལ་མཐོང་རྟོགས་ཁྱད་པར་གྱིས། །དཀྱིལ་འཁོར་གསུམ་གྱི་རང་བཞིན་གསལ། །དབྱིངས་ཉིད་གཅིག་གི་རང་བཞིན་ལ། །རང་བཞིན་ཏིང་འཛིན་གཟུགས་བརྙན་ནི། །བྱང་ཆུབ་སེམས་སུ་མངོན་པར་གསལ། །སྤྲོས་བྲལ་མཉམ་ཉིད་རིག་པའི་གཏེར། །ཡེ་ནས་བྱང་ཆུབ་སྙིང་པོ་ལ། །ཅིར་བལྟས་རང་གསལ་བཅོས་པ་མེད། །སྐུ་ཡི་སྐུ་སྟེ་སྐུ་ལ་རོལ། །རང་གསལ་རིག་པ་མཆོག་གི་སྐུ། །ནམ་མཁའ་ཁྱབ་པའི་སྐུ་མངའ་ཞིང་། །བཙལ་མེད་ཉི་མའི་འོད་ལ་བཞུགས། །ཀུན་ལ་ཁྱབ་པོ་བསམ་དང་བྲལ། །གཞི་རྩ་མེད་པ་སེམས་ཀྱི་ལུང་། །ཀུན་གསལ་རང་ལ་བསམ་དུ་མེད། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །རང་གསལ་སྒྲ་བྲལ་རིག་པའི་གསུང་། །བརྗོད་མེད་རིག་པའི་འཁོར་ལོར་སྒྲོགས། །གཉིས་མེད་འོད་གསལ་གཅིག་ཏུ་གོ། །བསམ་སྤྱོད་མེད་པའི་ངང་དུ་གནས། །ཐོས་མེད་རིག་པའི་ངོ་བོ་ལ། །ཐོས་ཀྱང་རང་གསལ་མཆོག་གི་ངང་། །འདི་ཀུན་རང་རིག་ཡེ་ཤེས་ཏེ། །བརྗོད་མེད་རིག་པའི་བསྟན་པས་བཤད། །རྨད་བྱུང་རོལ་པའི་གསུང་དུ་ཤར། །རིག་པ་མི་གནས་ཅིར་མི་དགོངས། །རང་ལ་མི་རྟོག་གཞན་མི་རྟོག །གསལ་ལ་མི་མངོན་དབྱིངས་སུ་སྦས། །མཁྱེན་རིག་ཡེ་ཤེས་དུས་


DNG005_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འཆར། །བསམ་གཏན་རང་བྱུང་རང་གསལ་བདག །ཡེ་ནས་རང་གསལ་གཅིག་ལ་ཚོགས། །འཛིན་མེད་ནམ་མཁའི་འོད་ལྟར་བརྡལ། །རྨད་བྱུང་རོལ་པའི་ཐུགས་སུ་ཤར། །བཅོས་མེད་རང་གསལ་དཀྱིལ་འཁོར་གསུམ། །མ་བཅོས་རང་གསལ་བདེ་བའི་ངང་། །རིག་པའི་ལུས་ཏེ་གཟུགས་དང་བྲལ། །གསལ་ལ་མི་གཡོ་འབྱུང་འཇུག་མེད། །བཏང་སྙོམས་གང་དུའང་མི་གནས་ཏེ། །ནམ་མཁའ་ཁྱབ་པར་མི་རྟོག་གསལ། །འཛིན་པ་མེད་པའི་ཡེ་ཤེས་ནི། །ཕྱོགས་མེད་ཁྱབ་པར་རང་བཞིན་གསལ། །མི་གཡོ་ཏིང་འཛིན་མཆོག་གི་སྐུ། །རང་རིག་བྱང་ཆུབ་ལུང་ཐོབ་པས། །འབྱུང་འཇུག་མེད་པར་ཀླུང་དུ་ཞུགས། །གསལ་བ་ཉི་མའི་སྙིང་པོ་ལྟར། །བརྗོད་མེད་དོན་གྱིས་གཏན་ལ་ཕབ། །རང་གིས་མཚོན་པས་རང་གིས་གོ། །བརྗོད་བྲལ་རིག་པ་དང་ཚེ་སྒྲ། །རྣ་བས་མི་ཐོས་སེམས་ཀྱིས་ཐོས། །ཆུ་ལ་ཆུ་ལྟར་རིག་པའི་དོན། །མ་བཙལ་མཉམ་གཞག་ཉིད་ཀྱིས་གོ། །རྣམ་རྟོག་མི་བསམ་ཡུལ་ལས་འདས། །རྒྱུ་རུ་སྦས་པའི་དོན་དེ་ཉིད། །རང་བྱུང་རང་གསལ་ཐབས་ཉིད་ཀྱིས། །ཡུལ་མེད་ཡེ་ཤེས་ཉིད་ཀྱིས་གསལ། །རང་བཞག་རིག་པའི་དོན་ལ་དགོངས། །སྣང་བར་མི་རྟོག་སྙིང་པོར་གསལ། །དྲན་རིག་མེད་པའི་ཚུལ་ཉིད་ཀྱིས། །འཇུག་མེད་རིག་པའི་ཚུལ་གྱིས་གསལ། །རང་གསལ་ཐབས་ཀྱི་མེ་ལོང་ལ། །མཚན་མའི་རྣམ་གྲངས་གང་བྱུང་བ། །ཡེ་ཤེས་གསལ་བའི་ངང་དུ་བལྟ། །གསལ་ལ་ཡེངས་མེད་དགོངས་པར་གཏུགས། །མ་བཅོས་སེམས་ཀྱི་ཁྱད་པར་ལས། །ཇི་ལྟར་སྣང་བ་དེ་ལྟར་གསལ། །སྣང་བ་མཐའ་དག་མ་ལུས་པ། །དེ་དག་ཅིར་སྣང་རང་གྲོལ་བས། །རང་རིག་གཉིས་མེད་བདེ་བའི་སྐུ། །སྐུ་མཆོག་འོད་འབར་མཛེས་པའི་ངང་། །སྐུ་མཆོག་འོད་གསལ་ལྷུན་གྲུབ་ལ། །བཙལ་མེད་ཡེ་ཤེས་འཁོར་ལོ་མཛེས། །མི་གཡོ་རིག་པ་མཆོག་གི་གཏེར། །སྨོན་དུ་མེད་དེ་རང་ལ་རྫོགས། །ཀུན་བཟང་རིག་པ་མཆོག་གི་སྐུ། །ཉི་མ་བྱེ་བའི་འོད་དང་མཚུངས། །སྤྲོ་བ་མེད་ཅིང་


DNG005_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བ་མེད། །བྱང་ཆུབ་སྙིང་པོར་དེ་མ་ཐག །རིག་པ་སྤྲོས་བྲལ་ཉིད་དབྱིངས་དཀྱིལ། །ཆོ་འཕྲུལ་རིག་པའི་འཁོར་དང་ལྡན། །གྲགས་པ་སྒྲ་ཡི་རྣམ་པ་ཀུན། །ཡེ་ཤེས་རང་བཞིན་གསལ་བའི་སྒྲ། །རང་གསལ་རིག་པའི་སྒྲ་ལ་འདུས། །འོད་དང་འོད་ཅན་ཇི་བཞིན་ནོ། །བརྗོད་བྲལ་རང་བཞིན་གསལ་བ་ལས། །འོད་གསལ་སྒྲ་ཡི་རང་བཞིན་གསལ། །སྐྱེ་འགྲོ་སྒྲ་ཡི་རང་བཞིན་ནི། །མ་བསྒྲགས་གསུང་དུ་རྣམ་པར་གསལ། །བརྗོད་བྲལ་རིག་པའི་དཀྱིལ་འཁོར་ནི། །རིག་པའི་དཀྱིལ་འཁོར་རྒྱན་དུ་ཆེ། །རང་བྱུང་དག་གསལ་མཆོག་གི་གསུང་། །བརྗོད་མེད་རང་བྱུང་བྱིན་རླབས་ཀྱིས། །གསུང་གི་རང་བཞིན་ཕྱོགས་བཅུར་བརྡལ། །རིག་པ་གསུང་གི་གཟུགས་བརྙན་ཡིན། །དྲན་རྟོག་མི་གཡོ་མཆོག་གི་ཐུགས། །རང་བྱུང་རིག་པ་མཆོག་ཏུ་གསལ། །སྤྲོས་མེད་ཉི་མའི་འོད་བརྡལ་བས། །ཡེ་ཤེས་སྣང་བས་ཕྱོགས་བཅུར་གསལ། །ཅིར་ཡང་འཛིན་པ་མི་མངའ་བས། །མཐའ་ཡི་སྤྲོས་པ་རྣམ་པར་བཅད། །རྣམ་རྟོག་ཕྲ་རགས་གང་སྐྱེས་ཀྱང་། །མ་སྐྱེས་སེམས་ཀྱི་ཁྱད་པར་ལས། །ཇི་ལྟར་གསལ་ཡང་ངོས་བཟུང་མེད། །དེ་ལྟར་རང་སྣང་ཉིད་ཁོ་ནའོ། །འདུ་ཤེས་མི་འཇུག་ཡུལ་མི་ཚོལ། །གང་ལྟར་གནས་པ་དེ་ལྟར་བདེ། །རྟེན་མི་བཅའ་ཞིང་རོ་མི་མྱང་། །འོད་གསལ་བདེ་བའི་རོ་ལ་བཞུགས། །ནམ་མཁའ་བདུད་རྩི་མཆོག་གི་རོ། །གསལ་བར་གནས་པའི་འོད་ཀྱིས་འཐུངས། །གཏད་འཛིན་བྲལ་བའི་སེམས་ཀྱིས་འཇུག །ཡེ་ཤེས་རླུང་གི་དོན་ལ་རྟོག །ཅེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། རང་གསལ་དགོད་པ་དང་བྲལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་སྙིང་པོ་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དུས་གསུམ་རྒྱལ་བ་ཡི། །རིག་པ་འགྱུར་མེད་ཐུགས་ཀྱི་གཏེར། །རང་བྱུང་རིག་པའི་རྩལ་རྫོགས་པས། །མ་བསྐུར་རང་གསལ་དབང་ལ་བཞུགས། །མགོན་པོ་ཁྱོད་ལ་གསོལ་བ་ནི། །ནམ་མཁའི་རོ་ཡི་ཆུ་འཐུངས་ཤིང་། །


DNG005_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་། །བདག་ཅག་རྣམས་ལ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ཆེན་པོས་དབང་གི་རྒྱལ་པོ་སྤྱི་བླུགས་ཚངས་པའི་དབང་འདི་གསུངས་སོ།། །ཀྱེ་སེམས་དཔའ་ཆེན་པོ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །རང་གསལ་རིག་པ་མཆོག་གི་རྒྱན། །ཡེ་ཤེས་གསང་བ་མཆོག་གི་ལུང་། །རྣ་བརྒྱུད་ཐུགས་ཀྱི་མེ་ལོང་གི། །དབང་མཆོག་ཐོབ་མེད་ངོ་སྤྲོད་ཐབས། །བསྐུར་ཐོབ་མེད་པར་རྫོགས་པར་གསལ། །རང་གསལ་ཡེ་ཤེས་སྒྲོན་མ་འདི། །རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་། །རང་གསལ་རིག་པ་རྫོགས་ལུང་ནི། །རང་བཞིན་ཞུ་ཐབས་དུས་སྣོད་དང་། །སྐྱོན་ཡོན་རང་གསལ་རིག་པར་རྫོགས། །རང་བྱུང་རིག་པའི་རྒྱལ་པོ་འདི། །སྐྱེ་འགྲོ་ཕྱི་ནང་ཀུན་ལ་ཁྱབ། །ཐམས་ཅད་ནམ་མཁའི་ངང་གནས་བཞིན། །རྒྱལ་ཐབས་རང་བྱུང་མཆོག་གི་ངང་། །རང་གནས་རིག་པའི་གཏེར་ལ་རྫོགས། །ཡེ་ཤེས་གསལ་བ་ཀུན་དབང་བསྒྱུར། །ཕྱོགས་མེད་ཡེ་ཤེས་རྩོལ་བྲལ་གཏེར། །ཏིལ་འབྲུ་བཞིན་དུ་ཁྱབ་པར་བཞུགས། །རྒྱལ་ཐབས་རིག་པར་མི་ལྡན་ན། །རྩོལ་བའི་ཁྱད་པར་གང་གང་གིས། །ཇི་ལྟར་དེ་ལྟར་དབང་བསྐུར་ཡང་། །འཁོར་བའི་ལྕགས་ལས་ཐར་པ་མེད། །དད་དང་དམ་ཚིག་ལྡན་པ་དང་། །འདི་རྣམས་ལྡན་པའི་སློབ་མ་ནི། །སྟོང་གསུམ་ན་ཡང་འབྱུང་བ་མེད། །ཆགས་ཆེ་ངང་ཐུང་དད་པ་མེད། །ཐོས་མེད་རང་ཆེ་དམ་ཚིག་བྲལ། །སེར་སྣ་སྙིང་རྗེ་མེད་དང་ཡོད། །མན་ངག་སྦེལ་ཞིང་བསླུ་བ་ལ། །དེ་འདྲ་དབང་གི་གནས་མ་ཡིན། །མཐོང་བའི་ཆོས་ལ་སྡུག་བསྔལ་ཞིང་། །དུས་མིན་པར་ནི་ཚེ་ཟད་ནས། །བདག་གཞན་གཉིས་ཀའི་རྒྱུད་བརླག་ནས། །རྡོ་རྗེའི་ཁབ་ཏུ་ངེས་པར་ལྟུང་། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ན། །སྙིང་རྗེ་ཐོས་ལྡན་ཁེངས་སེམས་བྲལ། །ལུས་དང་སྲོག་ལ་མི་བལྟ་ཞིང་། །འཇིག་རྟེན་གྲགས་པ་རྣམས་སྤངས་ནས། །སྙིང་པོ་བྱང་ཆུབ་མཆོག་ལ་བརྩོན། །མང་ཡང་གཉིས་


DNG005_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་བསྟན་ཏེ། །ཐེ་ཚོམ་བཅད་ལ་ངེས་བརྟགས་པས། །མི་ནུབ་ངེས་པར་གཟུང་བའི་ཕྱིར། །རྒྱལ་ཚབ་ངེས་པ་གཅིག་ལ་གཏད། །ངེས་པའི་རྒྱལ་སྲས་གསང་བ་ལ། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་ན། །བཙལ་མེད་འབྲས་བུ་རང་གསལ་ནས། །དེ་མ་ཐག་ཏུ་རིག་པ་འཆར། །རྡོ་རྗེའི་རྒྱུད་ལ་མཁས་པ་དང་། །རྒྱལ་ཐབས་དབང་གི་རིག་པ་འཆང་། །རང་གསལ་རིག་པའི་དོན་ལ་གོམས། །ཐབས་མཁས་སྙིང་རྗེ་ལྡན་པ་ཡིས། །སྣོད་ལྡན་རང་གསལ་རིག་པ་ལ། །སྐྱེ་མེད་རིག་པའི་དོན་བསྟན་ནས། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས། །ངེས་པར་གསང་བའི་ནན་ཏན་བྱ། །འཇིག་རྟེན་གྲགས་པ་གཙོར་བཞག་ནས། །ལུང་དང་མན་ངག་མི་ལྡན་པར། །ང་རྒྱལ་ཆགས་པའི་བླ་མ་ནི། །རྡོ་རྗེ་འབར་བའི་ཁབ་ཏུ་ལྟུང་། །རྣ་བརྒྱུད་མན་ངག་མི་ལྡན་པར། །གསང་བའི་མན་ངག་ལོག་བསྟན་པས། །མྱུར་དུ་ཚེ་ཡི་དུས་བྱས་ནས། །རྡོ་རྗེ་དམྱལ་བར་སྨོས་ཅི་དགོས། །ལེགས་པར་བརྟགས་པའི་བུ་ཉིད་ཀྱིས། །གསོལ་གདབ་མཉེས་བྱས་བརྟགས་པ་ལ། །གནང་སྦྱིན་ཉེས་དམིགས་བསྟན་བྱས་ལ། །ཡེ་ཤེས་གསང་བའི་དོན་ལ་བཅུག །སེམས་ཉིད་རིན་ཆེན་གཉིས་མེད་ལ། །བསྐུར་བའི་ཆ་གཉིས་མི་རྟོག་ཀྱང་། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས། །རིག་པ་རང་གསལ་དོན་དང་སྤྲད། །གསལ་བྱེད་རིན་ཆེན་འབར་བ་བསྟན། །སྒྲ་ཡི་མཚན་ཉིད་བཤད་པ་ཡིས། །ཡེ་ཤེས་ངོ་འཛིན་མན་ངག་སྦྱིན། །རང་གསལ་རིག་པའི་མེ་ལོང་ལ། །ཡེངས་པ་མེད་པའི་མན་ངག་སྦྱིན། །མ་ལུས་འགག་མེད་ངོས་བསྟན་ནས། །རིག་པ་ཁུ་ཆས་གདམས་ངག་དབོག །ཡུལ་སེམས་རང་གསལ་དོན་བཤད་ན། །མི་འབྲལ་གཟུངས་ཀྱི་མན་ངག་སྦྱིན། །རང་བྱུང་རིག་པ་གཡོ་མེད་པས། །ལྟེང་ཆུ་ལྟ་བུའི་མན་ངག་སྦྱིན། །ཅི་སྤྱད་གང་ཡིན་དོན་རྟོགས་ལ། །འདམ་སྐྱེས་ལྟ་བུའི་མན་ངག་སྦྱིན། །རང་གསལ་རིག་པའི་ཡེ་ཤེས་ལ། །མཚན་མའི་རྟོག་པས་མི་འགྱུར་བས། །གནས་སྐབས་ཆུ་ལྟར་གནས་པ་སྦྱིན། །དྲན་རྟོག་རྗེས་འབྲང་རིག་པ་ལ། །ཡུལ་ཤེས་བྲལ་


DNG005_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མན་ངག་སྦྱིན། །འགྲོ་དོན་ལྷུན་གྲུབ་རྩོལ་མེད་ལ། །བརྡ་དོན་སྤྲད་པ་སྦྱིན་པར་བྱ། །རྩོལ་མེད་རིག་པར་གནས་པ་ལ། །བརྡ་དོན་ཕྲད་པའི་དོན་ལ་སྦྱར། །རང་བྱུང་སྐུ་གསུམ་ལྷུན་གྲུབ་ལ། །ཐུག་ཕྲད་བླ་མའི་ཞལ་ལས་བརྟགས། །བསྐུར་ཐོབ་མེད་པར་རང་གསལ་ལུང་། །མ་འཕྲོས་ཆུ་ལ་ཆུ་བཞག་ལྟར། །རྡོ་རྗེ་བླ་མའི་དགོངས་པའི་ལུང་། །བརྗོད་མེད་རྣལ་དུ་བཞག་པས་གོ། །བུམ་པར་བུམ་པའི་བཅུད་བསྡིམས་བཞིན། །དགོངས་དོན་སློབ་མའི་བློ་ལ་བཞག །དམ་མེད་སློབ་མ་མི་བསྟེན་ཞིང་། །གསང་བར་ཉེས་དམིགས་བསྟན་པར་བྱ། །སྣོད་མེད་གསང་བའི་དམ་སྲི་ལ། །ཉེས་དམིགས་མེད་པའི་བླ་མ་ཡིས། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ཞིང་། །བྱང་ཆུབ་སེམས་ཀྱི་དོན་བསྟན་ན། །སྣོད་ངན་བཙལ་འཆང་ཞོ་བླུགས་ན། །གཉིས་ཀ་མ་རུངས་བྱེད་པ་ལྟར། །དེ་མ་ཐག་ཏུ་འཇིག་པ་དང་། །འཇིག་རྟེན་དཔྱས་ཀ་ཆེན་པོར་འགྱུར། །དེ་ཕྱིར་སྣོད་ངན་སློབ་མ་ནི། །རྨི་ལམ་དུའང་མི་བསམ་ན། །མན་ངག་འཛིན་པའི་སློབ་མ་ཡི། །དམ་པར་བརྟེན་པ་སྨོས་ཅི་དགོས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྡོ་རྗེ་སེམས་དཔའ་ཆེན་པོ་ཡིས། །མ་བརྗོད་དགོངས་པ་གོ་བའི་ལུང་། །རྒྱལ་ཐབས་སྤྱི་བླུགས་རིག་པའི་དབང་། །རྩོལ་མེད་བྱང་ཆུབ་སེམས་ཀྱིས་བསྐུར། །དུས་མཐའི་ཆ་ལ་མངོན་པར་གཤེགས། །ལུང་ལྡན་རྡོ་རྗེ་བླ་མ་ཡིས། །སྣོད་ལྡན་གུས་པའི་སློབ་མ་ལ། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས། །དུས་མཐའི་ཤེས་པ་སྐད་ཅིག་ལ། །རང་གསལ་ཆོས་སྐུ་རང་གནས་བསྟན། །འབབ་ཆུ་གནས་པའི་ཏིང་འཛིན་གྱིས། །བཙལ་མེད་འོད་གསལ་བདེ་བ་ཆེ། །རང་བཞག་གནས་པ་འགྲུབ་པར་འགྱུར། །དེ་ལྟར་དབང་ཐོབ་གང་ཟག་ནི། །རྩོལ་བའི་ཆུ་ལས་རབ་ཏུ་ཐར། །རང་གསལ་རིག་པའི་འོད་དུ་འབར། །རིག་པ་རང་དབང་རྒྱལ་པོར་ཐོབ། །རྡོ་རྗེ་སེམས་དང་སྐལ་བ་མཉམ། །ལས་དང་ལས་ཀྱི་བག་ཆགས་ཀྱིས། །གོས་པར་མི་འགྱུར་པདྨ་ལྟར། །ནམ་མཁའ་དག་པའི་ཀློང་བཞིན་དུ། །འཛིན་


DNG005_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡེ་ཤེས་ཆེན་པོར་ངེས། །རང་གསལ་རིག་པའི་ཀླུང་ཞུགས་ནས། །འོད་ཟེར་ཉི་བཞིན་བདག་ལ་འཆར། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། རྒྱལ་ཐབས་སྤྱི་བླུགས་ཡེ་ཤེས་ངོ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས། །ཡེ་ནས་རང་གསལ་འདའ་མེད་ལ། །བསྲུང་མེད་ཡེ་ཤེས་རིག་པ་ཡིས། །མཉམ་དུ་འཇོག་ཅིང་ཡེ་ཤེས་གསལ། །མགོན་པོ་ཁྱོད་ལ་གསོལ་བ་ནི། །བསྲུང་དུ་མེད་པའི་དམ་ཚིག་ལ། །གང་ལྟར་བསྲུངས་ཀྱང་མི་འགལ་དོན། །མགོན་པོས་བདག་ལ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ཆེན་པོ་དེས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། བསྲུང་བྲལ་རིག་པའི་དམ་ཚིག་ལ། །བསྲུངས་ཤིང་བཙལ་བས་ལོག་པའི་ལམ། །བསྲུང་མེད་རྟོགས་པའི་དམ་ཚིག་གཞི། །ཡེ་ཤེས་གསང་བ་མཆོག་ལ་རྫོགས། །གཉིས་མེད་རིག་པ་རྩོལ་བྲལ་ལུང་། །བཅོས་མེད་རིག་པ་མཆོག་གི་མཁའ། །འདུ་འབྲལ་མི་མངའ་རིག་པའི་གཏེར། །རང་གསལ་འོད་ལས་འདའ་བ་མེད། །གཅིག་སྟེ་འོད་གསལ་ཁྱབ་པ་ཆེ། །ཡོངས་ལ་གདལ་བས་ཕྱོགས་རིས་མེད། །གང་ཡང་མ་ཡིན་ཁྱབ་པའི་དབྱིངས། །ཡེ་ནས་རིག་པ་མཆོག་ལ་སྦྱོར། །གཉིས་བྲལ་རིག་པའི་དམ་ཚིག་ལ། །འདོད་པའི་བསམ་པས་བསྲུང་དུ་མེད། །ཕྱོགས་བྲལ་མཉམ་པའི་དམ་ཚིག་ལ། །ཕྱོགས་ཀྱི་བསམ་པ་ཅིར་མི་འཇུག །བསམ་བྲལ་གཉིས་མེད་རིག་པ་ལ། །བསམ་ཞིང་དཔྱོད་པའི་ཡུལ་མི་གནས། །རང་དགའ་ལྷུན་རྫོགས་དམ་ཚིག་ལ། །བཙལ་ཞིང་བསྒྲུབ་པའི་མིང་མི་གནས། །ཅི་ཡང་མ་ཡིན་འོད་གསལ་ཡིན། །རང་གསལ་རྡོ་རྗེ་ཐབས་ཀྱི་ལུང་། །བརྗོད་བྲལ་རིག་པའི་ངོ་བོར་སྨིན། །རིག་པ་རང་གསལ་ཡེ་ཤེས་ལ། །བསྲུང་དང་མི་བསྲུང་ཕྱོགས་རིས་མེད། །མཉམ་ཉིད་རིག་པའི་གཏེར་ལ་རྫོགས། །བཅོས་མེད་རིག་པའི་


DNG005_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལ་གསལ། །ཕྱོགས་བྲལ་མཉམ་པའི་སེམས་ཀྱིས་འཇུག །ཡེ་ཤེས་གསང་བའི་དམ་ཚིག་ནི། །མི་བསྐྱོད་རྡོ་རྗེ་ནམ་མཁའ་ཡང་སེམས་དཔའི་ལུང་། །བརྗོད་བྲལ་སྒྲ་ཡི་དམ་ཚིག་ལ། །མ་ཡེངས་རིག་པ་མཆོག་གི་འོད། །ཡི་གེ་མེད་པར་གསལ་བའི་རྒྱུད། །མཉན་བསམ་མེད་པར་རང་བཞིན་གསལ། །དགོངས་པ་མ་བཅོས་རྣལ་དུ་ཕེབ། །ཇི་བཞིན་རིག་པ་བསམ་བྲལ་ལུང་། །གསང་བ་རྐྱེན་བྲལ་ཅིར་མི་གསལ། །རང་གསལ་རིག་པ་མཆོག་ལ་གནས། །ནམ་མཁའ་རང་བྱུང་ཁྱབ་པའི་ངང་། །མཚན་མར་མ་ཡིན་མཚན་མེད་མིན། །རྡོ་རྗེ་གསང་བའི་ཐབས་ལུང་ནི། །གཉིས་མེད་རང་གསལ་མཉམ་རྫོགས་སོ། །མ་བཅོས་གསང་བའི་དམ་ཚིག་ལ། །བཅོས་པས་མཁའ་ལ་མདུད་འདྲའི་ཚུལ། །གཉིས་མེད་རིག་པའི་མཆོག་ཉིད་ལ། །ཡུལ་དང་ཡུལ་ཅན་བསྲུང་བས་ལོག །གྲངས་འདས་ཚད་མེད་རང་གསལ་ལ། །གྲངས་ཚད་མཁའ་ཡི་མཐའ་འཚོལ་འདྲ། །བསྲུང་མེད་ཡེ་ནས་ཐུག་ཟིན་ལ། །ད་གདོད་བསྲུང་བས་ཐུག་པ་མེད། །བསྲུང་དང་མི་བསྲུང་ཚིག་གི་མཐའ། །ཡེ་ཤེས་རིག་པའི་ཚིག་མཐའ་བྲལ། །ཕྱོགས་བྲལ་འོད་གསལ་ཚིག་ལས་འདས། །ཕྱོགས་ཀྱི་བསྲུང་བ་ལོག་པའི་ལམ། །རྩོལ་བྲལ་ལྷུན་རྫོགས་དམ་ཚིག་ལ། །བཙལ་བས་མི་རྙེད་ངལ་དོན་མེད། །བྱ་བྲལ་རྫོགས་ལུང་དམ་པ་ལ། །འཇུག་ལྟའི་ཚིག་གིས་གང་རྩོལ་བ། །མཚན་མ་རྟོག་པའི་རྒྱུན་གྱིས་ཁྲིད། །མཚན་མའི་རྩོལ་བ་ལོག་པའི་ཆོས། །ཡེ་ཤེས་རང་གསལ་ཉི་མ་ལ། །མཐའ་ཡི་ཞེན་པའི་མུན་པས་བསྒྲིབས། །མ་རིག་མུན་པས་ཐིབས་ཀྱིས་འགགས། །སྣང་གསལ་རིག་པའི་འོད་དང་བྲལ། །རང་གསལ་ཡེ་ཤེས་མེ་ལོང་ལ། །རང་བྱུང་རིག་པའི་རྩལ་འགགས་ནས། །ཅི་ཡང་མི་མཐོང་ཆད་བལྟ་བ། །མནར་མེད་རྡོ་རྗེའི་ཁབ་ཏུ་ལྷུང་། །བརྟགས་བྲལ་གཉིས་མེད་ཡེ་ཤེས་ལ། །ཕྱོགས་རིས་མེད་པར་ཀུན་གསལ་བས། །ཅི་ཡང་ཡིན་ནོ་གང་ཡང་རུང་། །ཀུན་བརྟགས་ཡོད་མེད་མཐའ་དང་བྲལ། །


DNG005_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དང་མེད་པ་ཀུན་བརྟགས་ཏེ། །མཐའ་བྲལ་ཡེ་ཤེས་ཉིད་དུ་བརྟགས། །རང་གསལ་ལུང་ལ་ཀུན་གནས་པས། །ཀུན་བརྟགས་ཡེ་ཤེས་གཉིས་ཀར་གསལ། །ཕྱོགས་མེད་རིག་པ་ཅི་ཡང་མིན། །ཕྱོགས་འཛིན་ལོག་པའི་གྲོང་ཁྱེར་ལ། །མཐའ་བྲལ་མཉམ་པ་ཉིད་ལ་གནས། །མེད་དང་ཕྱལ་པ་གཅིག་པུ་དང་། །ལྷུན་རྫོགས་རང་རིག་ཆེན་པོ་ལ། །ངོ་བོ་མ་བཅོས་ཆོས་གཅིག་ལ། །བསམ་པའི་འདུ་ཤེས་ཚུལ་ནས་ཕྱེ། །ཕྱོགས་མེད་རིས་མེད་འོད་གསལ་མཁའ། །རྟོག་མེད་རང་གསལ་ཡེ་སངས་རྒྱས། །ཅི་ཡང་མེད་པས་ཅིར་ཡང་གསལ། །རིག་པ་རང་གསལ་དབྱིངས་ན་བཞུགས། །ཡེ་ཤེས་རིག་པ་མཆོག་གི་སྐུ། །ཅི་ཡང་མེད་དོ་ཁྱབ་པར་གདལ། །རྐྱེན་བྲལ་མི་བསམ་ཅིར་མི་དགོངས། །གཉིས་མེད་བདེ་ཆེན་ཕྱོགས་བཅུར་བརྡལ། །རྟོག་མེད་རང་གསལ་བདེ་བའི་ལུང་། །བདག་མེད་རིག་པའི་ཆོས་ཉིད་ལས། །འདི་ཞེས་རིག་པའི་སེམས་མི་འཇུག །གཉེན་པོ་མེད་པས་འཇིག་དང་བྲལ། །རིག་པའི་འོད་གསལ་ཕྱོགས་ལ་བཞུགས། །རང་ལས་གཞན་པའི་ཆོས་མེད་པས། །མེད་པའི་དམ་ཚིག་འདའ་བ་མེད། །ཕྱོགས་བྲལ་རིག་པའི་ཡེ་ཤེས་ལ། །འདི་དང་འདི་ཞེས་བསྲུང་དུ་མེད། །ཕྱོགས་བྲལ་ཆེན་པོའི་སྐྱེས་བུ་དེས། །ཕྱོགས་གཅིག་བྲལ་བས་ཕྱོགས་ཀུན་བྲལ། །རང་རིག་ནམ་མཁའི་མཐའ་ལྟར་གསལ། །ཕྱོགས་བྲལ་ཡེ་ཤེས་ཆེན་པོའི་ཀླུང་། །རང་རིག་འོད་གསལ་ནམ་མཁའ་ཆེ། །ཕྱོགས་སུ་བལྟས་པས་དེ་མི་མཐོང་། །ཆོས་ཉིད་ཕྱོགས་མེད་རང་གསལ་ལ། །ཕྱོགས་མེད་རིག་པའི་ཡེ་ཤེས་འཇུག །རྩོལ་བྲལ་ཡེ་ཤེས་མཉམ་པ་ལ། །རྩོལ་མེད་ཇི་བཞིན་ཉིད་ཀྱི་གནས། །ནམ་མཁའི་མཐའ་བཞིན་ཀུན་ཁྱབ་ཀྱང་། །རིག་པ་རང་གསལ་གཅིག་གི་ངང་། །བསམ་བྲལ་ཡེ་ཤེས་ཉིད་ལ་རྫོགས། །ཕྱལ་པ་ཆེན་པོ་བླ་མེད་པའོ། །ཅིར་སྣང་ཅིར་སྲིད་མ་ལུས་ཀྱང་། །ཡེ་ཤེས་རིག་པ་གཅིག་ལ་གསལ། །གཅིག་པོ་རྟོག་དཔྱོད་ཡུལ་ལས་འདས། །གཅིག་དང་དུ་མར་ཡོངས་ཀྱིས་མེད། །རིག་པའི་ཡེ་ཤེས་ཉག་གཅིག་ལ། །མཐའ་དབུས་མེད་


DNG005_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་སུ་གསལ། །ཡེ་ཤེས་གཅིག་གི་དོན་ལ་བཞུགས། །ཡེ་ཤེས་རྒྱ་མཚོ་མུ་མཐའ་མེད། །བདག་གསལ་གཞན་གསལ་ཐམས་ཅད་གསལ། །ཀུན་གསལ་རིག་པ་འཁོར་མཐའ་མེད། །ཀུན་བཟང་མཆོག་གི་འཁོར་ལོ་ལ། །གཅིག་དང་གཉིས་ཞེས་བགྲང་དུ་མེད། །ཡེ་ནས་རིག་པ་ཇི་བཞིན་གནས། །ཚིག་ཚོགས་རྒྱ་མཚོ་ལྟ་བུའི་ཀླུང་། །གང་ལྟར་ཕྱེ་ཡང་གཅིག་ལས་མེད། །ཐིག་ལེ་གཅིག་ལས་དམ་ཚིག་གྲངས། །དེ་ལྟ་ཉིད་དུ་སོ་སོར་གྲགས། །འདུལ་བའི་ཐབས་ལྡན་རང་རིག་ལུང་། །རིག་པ་མཆོག་གི་འཁོར་ལོ་བསྐོར། །རང་གསལ་བརྗོད་མེད་དོན་ལ་ཉན། །ཡེངས་པ་མེད་པའི་དོན་གྱིས་གོ། །དེ་ཉིད་དགུ་ལྡན་སེམས་ཉིད་གཞི། །རིན་ཆེན་འབར་བ་འོད་ཀྱི་ལུང་། །རྩོལ་མེད་བདེ་བས་ཉམས་སུ་བླང་། །རང་གསལ་གཅིག་པུའི་དམ་ཚིག་ཐོབ། །རང་བྱུང་ལྷུན་གྲུབ་དམ་ཚིག་ལ། །བསམ་ཡས་འབྲས་བུའི་གཏེར་རྫོགས་པས། །རྩོལ་མེད་ལྷུན་གྲུབ་ཡེ་སངས་རྒྱས། །རིན་ཆེན་འབར་བའི་ས་གཞི་ལྟར། །འཁོར་བ་ཡེ་ཤེས་སྙིང་པོར་གསལ། །བརྒྱ་བྱིན་སྤྱི་གཙུག་ནོར་བུ་ལྟར། །བསམ་མེད་གདོད་ནས་ལྷུན་གྱིས་རྫོགས། །ཉི་མའི་སྙིང་པོའི་འོད་བཞིན་དུ། །རིམ་པ་མེད་པར་དུས་གཅིག་གསལ། །ལྷུན་རྫོགས་བསྟན་པའི་མེ་ལོང་ལ། །མཚན་མའི་རིག་པ་ཅིར་སྣང་ཡང་། །ཕྱོགས་རིས་མེད་པའི་ཡེ་ཤེས་ཀྱིས། །ལྷུན་གྲུབ་རང་གསལ་ཡེ་ཤེས་ཉིད། །ཅིར་སྣང་ཡེ་ཤེས་ལྷུན་གྲུབ་ལ། །སྤང་བར་བྱ་བ་ག་ལ་ཡོད། །ལྷུན་གྲུབ་རང་གསལ་ཡེ་ཤེས་ལ། །ཀུན་མཁྱེན་རིག་པ་མི་འཆར་ན། །སེམས་ཅན་སངས་རྒྱས་ཁྱད་པར་གྱི། །ཁྱད་མེད་ཐོས་བསམ་བསྒོམ་ཅི་ཕན། །གང་ཡང་མི་མཐོང་གང་ཟེར་བ། །ཡེ་ཤེས་མ་ཡིན་མི་ཤེས་ཡིན། །ཡེ་ཤེས་མུན་པའི་ཁམས་ཀྱིས་བསྒྲིབས། །སངས་རྒྱས་སེམས་ཅན་ཁམས་སུ་ལྷུང་། །ཡེ་ཤེས་གསལ་བའི་སྣང་བ་ལ། །གློ་བུར་མུན་པས་བསྒྲིབས་པ་ནི། །སངས་རྒྱས་འཁོར་བར་ལྟུང་གྱུར་ནས། །གྲོལ་ཐར་མེད་པའི་སྐྱོན་དུ་འབྱུང་། །ཡེ་ཤེས་གསལ་བའི་སྣང་བ་ལ། །ཡེ་ནས་མུན་པར་


DNG005_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱུར་ན། །རྟག་དང་སངས་པར་མི་འགྱུར་དང་། །རྟོག་མེད་མུན་པའི་ཁམས་སུ་འགྱུར། །དེ་ཕྱིར་ཕྱོགས་ཀྱི་ཤེས་པ་འདིས། །ཕྱོགས་བྲལ་དོན་ལ་མི་རྟོགས་ཏེ། །མཁས་པ་དོན་ལྡན་མ་ཡིན་པས། །རིན་ཆེན་གཏེར་དང་ཕྲད་མི་འགྱུར། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། བསྲུང་མེད་རིག་པ་བདེར་བཞག་གི་ལེའུ་སྟེ་བཅོ་ལྔ་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རྩོལ་མེད་འདོད་འབྱུང་འཕྲུལ་གྱི་དབྱིག །རང་གསལ་མེ་ལོང་འོད་པོ་ཆེ། །རྡོ་རྗེ་གསང་བ་ཐུགས་ཀྱི་མཛོད། །མགོན་པོ་ཁྱོད་ལ་གསོལ་བ་ནི། །ནམ་མཁའ་མཐའ་མཉམ་རིན་ཆེན་དབྱིག །རྩོལ་བསྒྲུབ་བྲལ་བའི་ཐབས་ཆེན་པོས། །གང་ལྟར་བསྒྲུབ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་རྡོ་རྗེ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ཡེ་ཤེས་སྙིང་པོ་བསྒྲུབ་པའི་གཞི། །དེ་རྟོགས་བྱེད་པའི་ལམ་དང་ནི། །མངོན་བྱས་འབྲས་བུ་ཁྱད་པར་གྱིས། །བསྒྲུབ་པའི་རིམ་པ་གསལ་བར་ཤེས། །སྒྲུབ་བྱེད་རྩོལ་བྲལ་ཆོས་ཀྱི་གཞི། །ཡེ་ཤེས་གསལ་བ་ཐོགས་མེད་ལུང་། །སེམས་ཅན་སངས་རྒྱས་གཉིས་སུ་མེད། །ཡེ་ཤེས་སྙིང་པོའི་ཉི་མ་ལ། །སྒྲུབ་མེད་རྩོལ་བྲལ་འོད་འབར་བ། །ཀུན་ལ་ཡེ་ཤེས་སྙིང་པོར་གསལ། །རིག་པའི་ཡེ་ཤེས་འོད་དུ་འབར། །རང་གསལ་འདོད་འབྱུང་ཕུང་པོ་ནི། །གདོད་ནས་རང་བྱུང་བྱིན་རླབས་ནི། །འགྲོ་འོང་མེད་པར་ཕྱོགས་བཅུར་བརྡལ། །རིག་པའི་སྙིང་པོ་ཀུན་ལ་སྙོམས། །ནམ་མཁའ་རྒྱས་པའི་མཐའ་བཞིན་དུ། །ཁྱད་པར་གསལ་ལ་དངོས་པོ་མེད། །ཀུན་བྲལ་མཐའ་ཡངས་ཡེ་ཤེས་ལ། །གང་ཡིན་རྟོག་དཔྱོད་ཡུལ་ལས་འདས། །


DNG005_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་མེད་པའི་མཚན་ཉིད་ནི། །ཡེ་ཤེས་ནམ་མཁའ་ལྟ་བུར་བརྡལ། །རྟོག་འཇུག་དམིགས་བྲལ་ནམ་མཁའི་འོད། །འབྱུང་འཇུག་མཐའ་ཡི་སྤྲོས་པ་ཅན། །མཁྱེན་ལྡན་གསལ་བས་རང་གསལ་ལུང་། །ཅིས་ཀྱང་མཚོན་མེད་ཚད་མ་མེད། །ཨེ་མ་གསལ་བའི་མེ་ལོང་ཉིད། །ཨེ་མའོ་ཚིག་གི་ཐ་སྙད་བྲལ། །མ་བཅོས་མི་གནས་རྟེན་དང་བྲལ། །བཙལ་མེད་ཉི་མའི་འོད་ལྟར་གསལ། །བསྒྲུབ་མེད་ལམ་ལ་གར་མཁས་པ། །ཐམས་ཅད་མཁྱེན་པའི་ལམ་ལ་མཁས། །འཁོར་ལོ་རང་གསལ་རིག་པ་ལ། །འདོད་འཇུག་བྲལ་བའི་རིག་པས་འཇུག །འོད་གསལ་མ་བཅོས་གཉིས་མེད་ལ། །རྟོགས་ལྡན་གཉིས་མེད་ཚུལ་གྱིས་བསྒྲུབ། །གང་ཡང་མི་བྱེད་ཅིར་མི་བསམ། །མཐའ་ལ་མི་འཛིན་དབུས་དང་བྲལ། །རིག་པ་མཐའ་བྲལ་དཀྱིལ་འཁོར་ལ། །འཛིན་མེད་བློ་ཡི་འཁོར་ལོ་ཡིས། །མཚན་འཛིན་རྟོག་པ་རྣམ་པར་བཅད། །གཉིས་མེད་རིག་པའི་ཁ་ལོ་བསྒྱུར། །ཡི་གེ་མེད་པའི་རྒྱུད་ལ་བལྟ། །རང་གསལ་རིག་པའི་སྒྲ་ལ་ཉན། །རང་གསལ་ཀུན་ལ་ཇི་བཞིན་གནས། །བརྗོད་མེད་རིག་པའི་དོན་ཡིན་ཡང་། །མཚོན་པའི་སྒྲ་ཡི་འཁོར་ལོ་ཡིས། །ཡེ་ཤེས་མཉམ་པའི་དོན་ལ་སྦྱོར། །རྩོལ་བྲལ་མེད་པའི་བྱང་ཆུབ་སེམས། །བྱམས་མགོན་ཉི་མའི་འོད་བཞིན་གནས། །རིག་པའི་འོག་མིན་ཆོས་ཀྱི་གཞི། །རང་བྱུང་རིག་པའི་ཐབས་ཀྱིས་གསལ། །ཡེ་གསལ་རྫོགས་པའི་འཁོར་ལོ་ལ། །འབྱུང་འཇུག་བསླད་པའི་སེམས་ཀྱིས་འཇུག །རིག་པ་རང་གསལ་ཆོས་ཀྱི་དབྱིངས། །ཡངས་དོག་མེད་པས་ཀུན་གྱི་གནས། །བཙལ་མེད་གནས་པའི་རྣལ་འབྱོར་པས། །ཡེངས་མེད་གྱི་ནར་བཞག་པས་འགྲུབ། །ཇི་བཞིན་གསལ་བའི་རྣལ་འབྱོར་པས། །ཆོས་ཀྱིས་མཐོ་བའི་གཞལ་ཡས་སུ། །རིག་པ་འཕྲུལ་གྱི་སྒོ་ཕྱེ་ནས། །འོད་གསལ་མཆོག་གི་དཀྱིལ་འཁོར་ན། །རིན་ཆེན་ཕུང་པོ་བླ་མེད་བཞུགས། །


DNG005_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཐབས་ཀྱི་རིམ་པ་ནི། །གང་དང་གང་གི་རིམ་པ་ཡིས། །དེ་ཉིད་སྒོ་ལ་གང་འཇུག་པས། །བསྒྲུབ་མེད་དོན་ལ་རྫོགས་པར་གསལ། །དཔེར་ན་བརྒྱ་བྱིན་དབང་པོ་ཡི། །གཙུག་ན་རིན་ཆེན་ཕུང་པོ་ཡོད། །མཉེས་པའི་རིག་པ་གང་བྱས་པས། །ཡོན་ཏན་ཆ་དེ་ཐོབ་པར་འགྱུར། །དེ་ཉིད་རང་ལ་དབང་ཐོབ་པས། །ཇི་ལྟར་འདོད་པ་ཇི་བཞིན་དུ། །བཙལ་བསྒྲུབ་མེད་པར་ཡོན་ཏན་ནི། །ཇི་ལྟར་རིགས་པ་དེ་ལྟར་ཐོབ། །ཐབས་ཀྱི་རིམ་པ་གང་གང་གིས། །དངོས་པོ་རང་གསལ་མཚོན་བྱས་ན། །ཕྱོགས་རིས་ལྡན་པའི་ཤེས་པ་ཡིས། །ཡོན་ཏན་ཆ་རེ་དེ་བཞིན་ཐོབ། །བཙལ་མེད་ཇི་བཞིན་བཞུགས་པ་ཡིས། །རིག་པ་རང་དབང་ཐོབ་པའི་ཕྱིར། །མ་བཙལ་ཉི་མའི་འོད་ཟེར་ལྟར། །བདེ་མཆོག་རིག་པ་མཆོག་ལ་བཞུགས། །ཕྱོགས་མེད་རིག་པ་རང་བྱུང་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ནམ་མཁའི་མཐའ་མཉམ་འབྲས་བུ་ཉིད། །རིག་པ་རང་གསལ་ཉིད་ཀྱིས་ཐོབ། །ཕྱོགས་མེད་རིག་པས་ཁྱབ་གདལ་ཡང་། །ཡེ་ཤེས་གསལ་བྱེད་རྒྱུ་མེད་ན། །བསྐལ་པ་གྲངས་མེད་བགྲོད་བཙལ་ཡང་། །རིན་ཆེན་གསལ་བའི་འོད་མི་མཐོང་། །གཏེར་ཁྱིམ་ཕུང་པོ་གསལ་བྱེད་ལྟར། །རང་གསལ་རིག་པ་ནང་ནས་འཆར། །སྟོབས་ཆེན་ནོར་བུ་གསལ་བྱེད་ལྟར། །རང་གི་དེ་ཉིད་མཐོང་བར་ཟད། །རྒྱ་མཚོ་རླབས་སུ་སྣང་ཚུལ་དུ། །རང་གསལ་འབྲས་བུ་ཉིད་དུ་འཆར། །ཕྱོགས་རིས་མེད་པའི་ཐུགས་རྗེ་ནི། །མཐར་ཐུག་མེད་པའི་འགྲོ་བ་ལ། །གདུང་མེད་ཉི་མའི་འོད་བཞིན་དུ། །འགྲོ་བ་ཀུན་གྱི་དཔལ་དུ་ཤར། །འགྲོ་དོན་མེད་པའི་རྒྱལ་བ་ནི། །མ་བྱུང་འབྱུང་བར་མི་སྲིད་དོ། །རྒྱུན་ལྡན་ཡེ་ཤེས་སྐྱེ་འགག་ཅན། །རྒྱུ་དང་རྐྱེན་ལྡན་ཕྱོགས་རིས་ཅན། །འདི་ལ་རང་གསལ་འབྲས་བུ་མེད། །རང་ས་ཐོབ་ཀྱང་མཐར་མ་ཕྱིན། །རྒྱལ་ཐབས་མཐར་ཕྱིན་དབང་མེད་པར། །ཏིང་འཛིན་རྫས་ཀྱི་དབང་བསྐུར་ཏེ། །སངས་རྒྱས་ས་ལ་མངོན་བཞག་ཀྱང་། །རྡོ་ལ་གསེར་དུ་བསྒྱུར་དང་མཚུངས། །རྒྱལ་ཐབས་རིག་པའི་དབང་ཐོབ་ན། །རིན་ཆེན་འབར་བ་གསལ་


DNG005_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལྟར། །རིག་པ་རང་གསལ་དབང་ཐོབ་ནས། །བརྡ་དོན་སྤྲད་ནས་རྒྱལ་སར་བཞག །མཁྱེན་པའི་ཡེ་ཤེས་གཅིག་ཏུ་འཁྱིལ། །རོལ་པའི་ཕྱག་རྒྱ་མ་འདྲེས་གསལ། །བཙལ་མེད་རིག་པའི་ཁྱད་པར་ལས། །ལྷུན་གྲུབ་རིན་ཆེན་འོད་ལྟར་འབྱུང་། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། བཙལ་མེད་བསྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུམ་རྨད་བྱུང་རོལ་པར་ཤར། །རྩོལ་བྲལ་ལྷུན་གྲུབ་ཕྲིན་ལས་བདག །ཕྱོགས་མེད་རང་གསལ་ཀུན་གྱི་དངོས། །མགོན་པོ་ཁྱོད་ལ་གསོལ་བ་ནི། །རྩོལ་བྲལ་རིག་པའི་ཕྲིན་ལས་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །དེ་བཞིན་ཉིད་དུ་མཛད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ།རྩོལ་བྲལ་རིག་པ་ལྷུན་གྲུབ་བདག །ཕྱོགས་མེད་རང་བྱུང་གཉིས་མེད་ལ། །གཉིས་ཀྱི་འདུ་ཤེས་འབྱུང་འཇུག་མེད། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ། །རིག་པའི་བྱིན་རླབས་མཁའ་ལྟར་བརྡལ། །མཛད་པའི་བྱེ་བྲག་བསམ་མི་ཁྱབ། །གསལ་བའི་མེ་ལོང་ཡིད་ཀྱིས་འཇུག །བྱ་བྲལ་ལྷུན་རྫོགས་ཕྲིན་ལས་ནི། །བདེ་བའི་ཐིག་ལེ་ཡེ་ཤེས་འོད། །ཇི་ལྟར་གསལ་བ་དེ་ལྟར་གསལ། །གང་རུང་རིག་པ་གཅིག་ལ་རྫོགས། །རིན་ཆེན་ཕུང་པོའི་འོད་ཟེར་ལྟར། །དབྱིངས་སུ་འཁྱིལ་ཞིང་སླར་ཡང་འཕྲོ། །གང་ཡང་མི་མཛད་ཐམས་ཅད་ཀུན། །ཀུན་མཛད་རིག་པའི་ཕྲིན་ལས་ཅན། །བཙལ་བྲལ་ཡེ་ཤེས་གསལ་བའི་འོད། །ཀུན་ལ་སྙོམས་ཤིང་ཡོངས་ལ་བརྡལ། །བྱ་བྲལ་རིག་པའི་ཕྲིན་ལས་ནི། །མཛད་དང་ཕྱོགས་བྲལ་འོད་ལྟར་བརྡལ། །ཡེ་ནས་བྱས་ཟིན་བྱ་མེད་པ། །རྡོ་རྗེ་ནམ་མཁའ་མཆོག་གི་ལས། །ཡེ་ཤེས་གསང་བའི་ཕྲིན་ལས་ནི། །


DNG005_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་མ་འབྲིག་མེད༽རིག་པ་བདེ་བའི་འབེན་ལ་ཕོག །ཡེ་ཤེས་མེ་ལོང་ཐབས་ཀྱི་སྒོ། །རང་སྣང་རིག་པའི་ཚུལ་གྱིས་ཕྱེ། །གཉིས་མེད་རང་གསལ་གཅིག་གི་རོ། །ཉམས་མྱོང་ཡེ་ཤེས་མཐའ་དབུས་མེད། །བརྗོད་བྲལ་རིག་པའི་མེ་ལོང་གཏེར། །ཇི་ལྟར་བལྟས་པ་དེ་ལྟར་གསལ། །གང་ཞིག་རིག་པའི་དོང་ཚེའི་ཚེ་ཡང་སྒོ། །འཕྲུལ་གྱི་ལྡེ་མིག་ཉིད་ཀྱིས་ཕྱེ། །རིན་ཆེན་ཕུང་པོ་འབར་བ་བསྟན། །ནམ་མཁའ་མཛོད་ཀྱི་གཏེར་ལ་སྤྱོད། །ཐེག་སྒོ་ཐབས་ཀྱི་ཕྲིན་ལས་ནི། །གང་འདོད་ཐེག་པ་སོ་སོའི་སྒོ། །མོས་པའི་འདུལ་ཚད་བསམ་མི་ཁྱབ། །དེ་སྟེ་རིག་པ་བསམ་མི་ཁྱབ། །ཐབས་ཀྱི་ཕྲིན་ལས་གང་བསྟན་ཀྱང་། །རང་བྱུང་རིག་པའི་སྒོ་ནས་གསལ། །བྱ་བ་བྱས་པའི་རྗེས་འཇུག་ལྟར། །གང་ཞུགས་རང་གསལ་རིག་པ་ལ། །ཕྲིན་ལས་མ་ལུས་དུས་གཅིག་རྫོགས། །རང་གསལ་རིག་པའི་དོན་ལ་བཞུགས། །བཙལ་བ་རིམ་པ་གང་སྒོ་ནས། །དེ་དང་དེ་ཡི་རྗེས་ཞུགས་པས། །རྟོག་པ་ལམ་གྱི་རྗེས་སུ་ཞུགས། །མཚན་མ་ཆགས་ལམ་དབང་གིས་ཁྲིད། །རྣམ་རྟོག་མཚན་མའི་རྗེས་འབྲངས་ནས། །རིག་པ་རང་གསལ་དོན་དང་བྲལ། །བརྡ་ཚིག་སྒྲ་ཡི་ཚུལ་ནས་ཞུགས། །འཁོར་བའི་གནས་རབས་དགུ་རུ་བརྒྱུད། །གང་དང་གང་གི་རྗེས་འཇུག་པ། །འཁོར་བ་མཚན་མའི་ལམ་དུ་ཞུགས། །ཆགས་པ་གཡས་གཡོན་ཀུན་གྱིས་ཁྲིད། །བདེ་མཆོག་དོན་ལས་ཕྱིན་ཅི་ལོག །ཡེ་ཤེས་གསལ་བའི་འོད་དང་བྲལ། །གང་འཐིབས་ལོག་པས་ཤིན་ཏུ་བསྒྲིབས། །ལོང་བས་ལོང་བའི་ལམ་མཚོན་ལྟར། །བདེ་བ་བོར་ནས་སྡུག་བསྔལ་རྙེད། །རང་གསལ་ཡེ་ཤེས་དོན་བོར་ནས། །ཡེ་ཤེས་བཙལ་བས་གྲུབ་པར་འདོད། །གཉིས་མེད་དོན་ལ་གཉིས་ཀྱིས་ཆགས། །དམིགས་མེད་དོན་ལ་དམིགས་པས་བཟུང་། །ཕྱོགས་མེད་རིག་པའི་ཡེ་ཤེས་ལ། །རང་འདོད་


DNG005_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་མ་འབྲིག་མེད༽བལྟ་བས་ཕྱིན་ཅི་ལོག །རྩོལ་བྲལ་རིག་པའི་ཕྲིན་ལས་ལ། །བཙལ་བས་མི་འགྲུབ་དོན་དང་འགལ། །འཇུག་བྲལ་མཉམ་ཉིད་འོད་གསལ་ལ། །རྗེས་འཇུག་རྟོག་པ་ཕྱིན་ཅི་ལོག །ཐོགས་མེད་གསལ་བའི་མར་མེ་ལ། །བར་ཆོད་བསྒྲིབས་པས་གསལ་མི་འགྱུར། །གྲངས་མེད་བསམ་ཡས་ཕྲིན་ལས་ལ། །གྲངས་དང་འདུ་ཤེས་ལོག་པའི་ལས། །ཅི་ཡང་ཡིད་ལ་མ་བྱས་པས། །ཡིད་ལ་བྱེད་པའི་འདུ་ཤེས་འཁྲུལ། །ཀུན་སྤྱོད་རིག་པའི་ཕྲིན་ལས་ལ། །ཆ་མཉམ་ཡེ་ནས་རིག་པ་ལ། །གསལ་བྱེད་འོད་ཀྱིས་མ་མཚོན་པར། །རང་གསལ་ཕྲིན་ལས་དོན་མ་རྟོགས། །རང་གསལ་འོད་ལ་ཀུན་གནས་པས། །དེ་ཉིད་མ་ཡེངས་རང་གསལ་ལུང་། །དེ་ལྟར་དེ་ཉིད་དེ་བཞིན་གནས། །བྱ་བ་མེད་པར་ལྷུན་གྱིས་གྲུབ། །མ་བྱས་མ་བཙལ་རང་བཞག་ལུང་། །དམིགས་པ་ཡུལ་གྱི་རྗེས་མི་འཇུག །རང་གསལ་མཉམ་པའི་ཐབས་ཀྱིས་བལྟ། །རྡོ་རྗེ་རང་གསལ་ཐབས་ཀྱི་ལུང་། །བྱས་པ་མེད་པར་དུས་གཅིག་རྫོགས། །རང་གསལ་རིག་པ་ཕྱོགས་མེད་ལ། །ཆུ་ལྟར་བཞག་པའི་མན་ངག་གིས། །སྦས་པའི་ཐུགས་ཀྱི་ཀློང་བརྟོལ་ནས། །བརྡ་དོན་སྤྲད་པའི་མན་ངག་སྦྱིན། །བུམ་ཆུ་ལྟ་བུའི་མན་ངག་གིས། །མི་གཡོ་རྣལ་འབྱོར་མཆོག་གི་ལམ། །བསླད་མེད་རིག་པ་རང་བཞིན་གསལ། །འཛིན་བྲལ་རང་བཞིན་དམིགས་སུ་མེད། །རང་གསལ་རིན་ཆེན་ཕུང་པོ་དེ། །དགུ་དུམ་སྦས་པའི་དོན་ཡིན་ཡང་། །གསལ་བྱེད་སྒྲོན་མ་དེ་ཡིས་མཐོང་། །ཅོག་བཞག་རིག་པ་རང་གསལ་ལ། །བཅོས་མེད་བག་ཡངས་བློ་ཡིས་འཇུག །འབྱུང་འཇུག་མེད་པའི་སེམས་ཉིད་ཀྱིས། །རིག་པའི་ཕོ་བྲང་ཆོས་ཀྱི་དབྱིངས། །སྦས་པ་ཐུགས་ཀྱི་ངེས་བསྟན་ནས། །རྡོ་རྗེ་བླ་མའི་དགོངས་ལུང་བསྟན། །འདོད་སྦྱོར་བློ་ཡི་འཇུག་ཚུལ་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །རྡོ་རྗེ་བླ་མ་མཉེས་བྱས་ལ། །


DNG005_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཁུ་ཚོས་ཐབས་ཆེན་བསྟན། །སྤྱོད་ལམ་མ་བཅོས་མན་ངག་ནི། །མན་ངག་ཞལ་དུ་བལྟ་ཤེས་བྱ། །འདོད་པའི་དངོས་པོ་གང་སྒོ་ནས། །རིག་སྐྱེས་མན་ངག་རང་ཤར་བ། །རྡོ་རྗེ་སློབ་དཔོན་ཞལ་དུ་ལྟོས། །རིག་པ་རང་འཆར་མན་ངག་ནི། །འདུ་འཛི་མཚན་མའི་ནང་དུ་སྐྱེ། །ངེས་པར་དུས་ཚོད་གང་ཡིན་པ། །རྡོ་རྗེ་བླ་མའི་ལུང་ལས་ཤེས། །གཏད་བྲལ་རིག་པ་ཕྱོགས་གཅིག་པ། །ནམ་མཁའ་སྒོམ་པའི་རྣལ་འབྱོར་ཏེ། །ངེས་པར་བསྒོམ་ལུང་ཚུལ་བསྟན་པ། །སློབ་དཔོན་འཕྲུལ་ཚིག་བརྡའ་ལས་ཤེས། །གླང་ཆེན་བསྐྱོད་ཐབས་རིག་པའི་གཏེར། །དེ་ཡི་སྤྱོད་ལམ་བསླབ་པ་དེས། །ཇི་བཞིན་རིག་པ་ཉམས་སུ་མྱོང་། །ངེས་ཚད་བླ་མའི་ཞལ་ལས་ཤེས། །དྲོད་ལྡན་རྡོ་རྗེ་བླ་མ་ཡིས། །རྒྱལ་ཐབས་དབང་བསྐུར་བརྗོད་མེད་པར། །རྒྱས་བཏབ་བློ་ལ་གཡོ་མེད་ལུང་། །བྱིན་རླབས་རིག་པའི་མན་ངག་ཡིན། །འདི་ནི་རང་གསལ་འཁོར་ལོ་ལ། །འཇུག་པའི་ཐབས་ཀྱི་ཕྲིན་ལས་ཏེ། །རྣ་བརྒྱུད་མན་ངག་མི་ལྡན་ན། །རང་བརྟགས་བློ་ཡིས་ཅི་བརྟགས་ཀྱང་། །ལུང་འདི་རྟོགས་པར་མི་འགྱུར་རོ། །ངེས་ལུང་གདམས་ངག་མེད་པ་ཡི། །རྣ་བརྒྱུད་མེད་པའི་སློབ་དཔོན་གྱིས། །རང་ལ་ངེས་པའི་དོན་མེད་པས། །)གཞན་བསྒྲལ་གཉིས་ཀ་ལྟུང་བའི་རྒྱུ། །རྡོ་རྗེ་བླ་མ་མི་བཀུར་ཞིང་། །མན་ངག་གུས་པས་མི་ལེན་ན། །གསང་བདག་རྡོ་རྗེའང་རླག་འགྱུར་ན། །དམ་མེད་སློབ་མ་སྨོས་ཅི་དགོས། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། བྱ་བྲལ་ཕྲིན་ལས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་གསོལ་བ་བཏབ་བོ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །བགྲོད་བྲལ་ལམ་གྱི་རང་བཞིན་ལ། །བགྲོད་པས་ཕྱིན་པར་ག་ལ་འགྱུར། །ཡེ་ནས་རིག་པ་མཆོག་གི་ས། །མགོན་པོ་ཁྱོད་ལ་གསོལ་བ་ནི། །འཇུག་དང་བགྲོད་པའི་ཡུལ་བྲལ་བའི། །ས་དང་ལམ་གྱི་རང་བཞིན་དག །བདག་ལ་ངེས་པར་བཤད་དུ་


DNG005_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །བགྲོད་བྲལ་ལམ་གྱི་རང་བཞིན་ལ། །བགྲོད་པས་ཕྱིན་པར་མི་འགྱུར་ཏེ། །རང་གསལ་རིག་པ་མངོན་འཆར་བས། །ཕྱིན་པ་མེད་པར་དུས་གཅིག་མནན། །ཕྱིན་པ་ལམ་གྱི་ཡུལ་བྲལ་ལ། །བགྲོད་པས་ཕྱིན་མེད་ལམ་མཐའ་རིང་། །རང་བྱུང་རིག་པ་གཅིག་ལ་སོན། །རང་གསལ་འོད་ལ་འཕྲོ་ཞིང་འདུ། །རང་བྱུང་སྙིང་པོ་ཡེ་སངས་རྒྱས། །འཁོར་བ་ལམ་གྱི་རྒྱུ་དང་བྲལ། །མྱ་ངན་མི་འདའ་འཁོར་བའི་རྒྱུན། །གཉི་ག་རང་གསལ་འོད་ལ་ཐིམ། །དབྱེར་མེད་རིག་པ་མཆོག་གི་སྐུ། །བགྲོད་མེད་རིག་པ་རང་གསལ་ལུང་། །བགྲོད་ཅིང་ཕྱིན་པས་མཐའ་ལ་ཐུག །རང་གསལ་མ་ཡིན་ཆོས་མེད་པས། །ཡེ་ཤེས་འོད་གསལ་དབུས་མཐའ་མེད། །འཛིན་པ་ཀུན་བྲལ་ཅིར་མི་དམིགས། །འོད་འབྱུང་བདེ་ཆེན་ཁྱབ་གསལ་ལུང་། །གཉིས་མེད་མཐའ་བྲལ་ཆོས་ཀྱི་དབྱིངས། །མྱ་ངན་འདས་མིན་འཁོར་བའང་མིན། །དབུ་མའམ་གཉི་གའང་མ་ཡིན་ཏེ། །མ་བཅོས་ཞི་བའི་སྙིང་པོ་ལ། །བཙལ་ཞིང་བགྲོད་པ་བཅོས་མའི་ལམ། །མཐར་ཐུག་མེད་པའི་སངས་རྒྱས་སྲས། །ཕྱོགས་བཅུ་མཐའ་ཡས་ཀུན་བགྲོད་པས། །རིག་པ་རང་གསལ་དབྱིངས་ལས་མེད། །དེ་ཉིད་ཉམས་མྱོང་ཀུན་དང་བྲལ། །འོད་གསལ་ཡེ་ཤེས་བདེ་བའི་ཀློང་། །རྡོ་རྗེ་སེམས་དཔའ་དགེས་ཆེན་མཆོག །ཡེངས་མེད་མཚན་མའི་རྒྱུད་དང་བྲལ། །འདི་ནི་རང་བྱུང་རྨད་གྲགས་ལུང་། །འོད་གསལ་རིག་པའི་བརྡའ་མཇལ་ན། །ཤི་ལེ་ན་ལེ་དྲ་ཡི་ཤྲཱི་ན་ལེནྡྲ་དང་མཚུངས་ཀྱང་ཚུལ། །ལྐུགས་པས་དགའ་བའི་རོ་མྱོང་བས། །ཚིག་མཚོན་པ་ཡི་ཐབས་དང་བྲལ། །བདེ་ཆེན་རོ་ཡིས་ཁྱབ་པ་ཀུན། །མི་མཉམ་ཚད་འདི་མཐའ་དང་བྲལ། །ཕྱིན་མེད་ལམ་ལ་བགྲོད་དུ་མེད། །ས་བཅུ་ལམ་ལྔ་རྣམ་རྟོག་ཡིན། །མཐའ་ཡས་ཆོས་


DNG005_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རང་གསལ་ལ། །གང་ལྟར་ཕྱིན་པ་དེ་ཉིད་ངང་། །རང་གསལ་ནམ་མཁའི་གཞལ་ཡས་ལ། །ཕྱིན་པས་ཟད་པ་ག་ལ་ཡོད། །རང་གསལ་འོད་ལ་རྟག་ཏུ་གནས། །དེ་བཞིན་ཉིད་དེ་རིག་པར་གསལ། །གང་ལྟར་སྣང་བ་དེ་བཞིན་ཉིད། །ཇི་ལྟར་བལྟས་པས་ཆོས་ཀྱི་དབྱིངས། །ཇི་ལྟར་རང་གསལ་རང་ལ་ཕྱིན། །བགྲོད་དུ་མེད་པའི་སངས་རྒྱས་ས། །བཙལ་མེད་རང་གསལ་ལམ་གྱི་ཕུགས། །ཡེ་ཤེས་རིག་པའི་འཁོར་ལོ་ཅན། །རང་ལ་འཁོར་ཞིང་ཉིད་དུ་འདུས། །སྒྲ་བྲལ་བརྗོད་པའི་ཡུ་བ་ཅན། །དེ་ཁོ་ན་ཉིད་སེམས་ཀྱི་ལུང་། །ཁྱབ་གདལ་རིག་པ་ཕྱོགས་རིས་མེད། །མངོན་དུ་མི་སྣང་ཁྱབ་པར་གདལ། །གསལ་བ་ཡེ་ཤེས་སྙིང་པོ་ཅན། །རིག་པ་རང་གསལ་དབྱིངས་ལ་རྫོགས། །རང་བཞག་ཡེ་ཤེས་དབྱིངས་ཉིད་ལ། །གསལ་འབར་རེག་པས་གསོར་ཞིང་འབིགས། །རིག་པ་རང་གསལ་ཡེ་ཤེས་ཉིད། །མེད་ན་མི་འབྱུང་དེ་ཕྱིར་ལམ། །རང་བྱུང་རིག་པའི་འཁོར་ཚོགས་ལ། །སྒྲ་བྲལ་རིག་པའི་བསྟན་པ་སྒྲོགས། །རིག་པ་ནམ་མཁའ་རྒྱས་པའི་མཐའ། །སྤྲོ་བསྡུ་མེད་པའི་དབྱིངས་ལ་གཏུགས། །རང་བྱུང་རིག་པའི་ཡུ་བ་ལ། །གཉིས་མེད་རིག་པ་མཆོག་གིས་འཛིན། །རང་གསལ་མཐའ་བྲལ་རྒྱས་བཏབ་ནས། །འདའ་བ་མེད་པའི་ཚུལ་དུ་གནས། །ཞེན་པའི་རྣམ་རྟོག་ཁྲི་ཕྲག་ཀྱང་། །འོད་གསལ་དབྱིངས་ལ་སྤྲོ་ཞིང་འདུ། །རྣམ་རྟོག་ཡེ་ཤེས་དབྱིངས་ཀྱི་ལུང་། །གཅིག་ཏུ་གསལ་བ་ཅིར་ཡང་འབྱུང་། །དེ་ཉིད་རང་ཤར་ཅིར་མི་བལྟ། །རང་ལ་རང་བལྟ་ཅིར་མི་མཐོང་། །རྫས་ཀྱི་ཁྱད་པར་ཅི་བགྲོད་ཀྱང་། །གསེར་ལ་གཉིས་པ་ཡེ་ནས་མེད། །ས་དང་ལམ་ལ་ཅི་བགྲོད་ཀྱང་། །རང་གསལ་རིག་པ་བགྲོད་དང་བྲལ། །རིག་པའི་འོག་མིན་ཆོས་ཀྱི་དབྱིངས། །རིག་པ་རང་གསལ་འབར་བའི་གནས། །རྒྱལ་བ་ཀུན་གྱི་གསང་བའི་གནས། །གཞན་མེད་ཡེ་ནས་རང་གསལ་ལུང་། །འཁོར་བ་རྨད་བྱུང་ཡེ་སངས་རྒྱས། །སྒོ་ངའི་ཁྱུང་ཕྲུག་ཉིད་དང་


DNG005_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས། །རྒྱ་མཚོ་ཆེན་པོའི་ཚུལ་བཞིན་དུ། །སྤྲོ་ཞིང་བསྡུས་པས་རང་ལ་ཐུག །སྙིང་པོ་རང་གསལ་ཡེ་ཤེས་ལ། །མཐའ་ཡི་སྒྲིབ་པ་ཀུན་དང་བྲལ། །རང་གསལ་རིག་པའི་དཀྱིལ་འཁོར་ནི། །གདོད་ནས་ཉི་མའི་སྙིང་པོ་འདྲ། །དེ་ལྟར་མ་རྟོགས་འགྲོ་བ་ལ། །འཁྲུལ་གཞི་ཡེ་ཤེས་སྙིང་པོས་བྱས། །དེ་ཉིད་རང་གསལ་ཐབས་ལྡན་པས། །དེ་ཉིད་ཤེས་པས་སངས་ཚུལ་ལ། །གློ་བུར་ཙམ་དུ་རྒྱལ་བས་གསུངས། །གཞི་ལྡན་གློ་བུར་གཉི་ག་ཡང་། །འཁྲུལ་པའི་ལམ་ཡིན་ལོག་པའི་ཆོས། །འཁྲུལ་དང་ལོག་པའི་ཐ་སྙད་ཀྱང་། །དངོས་དང་སེམས་ལ་མི་གནས་ཏེ། །མ་བཅོས་བྱང་ཆུབ་སྙིང་པོ་ལ། །དེ་དག་ཀུན་གྱི་ཐ་སྙད་བཅད། །མཐའ་མེད་དབུས་ལ་མཐའ་མི་དམིགས། །དབུས་མེད་མཐའ་ཡང་དེ་བཞིན་ཏེ། །དེ་དག་གང་ལའང་མི་དམིགས་པས། །རང་གསལ་རིག་པ་ཉིད་དུ་མཁྱེན། །དགེ་དང་སྡིག་པའི་ཚུལ་ཕྱེ་ནས། །གཅིག་དང་གཉིས་ཀྱི་སྤང་ལེན་པ། །འདོད་ཁམས་གོང་འོག་གནས་སྐྱེས་པ། །ཐར་པ་མི་ཐོབ་འཆིང་བའི་རྒྱུ། །སྤང་ཞིང་དང་བླངས་སྤྱད་པ་ཡིས། །གཞི་ཐོབ་རིམ་པར་བགྲོད་པ་དེས། །འགྲོ་དོན་མེད་པའི་གཞིར་གནས་ཏེ། །ཤི་དང་མཚུངས་པའི་འབྲས་བུ་ཡིན། །བདག་མེད་ཕྱེད་དང་གཉིས་རྟོགས་ཏེ། །རྟེན་འདྲེལ་འབྱུང་བཟློག་ཚུལ་བསྒོམས་པས། །གཞན་དོན་འགའ་ཙམ་སྤྱོད་མོད་ཀྱང་། །བྱིས་པའི་འབྲས་བུ་མེད་དང་འདྲ། །བདེན་གཉིས་སྒྱུ་མའི་ཚུལ་བཟུང་ན། །བསྐལ་པ་གྲངས་མེད་གསུམ་གྱི་ཆས། །ལམ་ལྔ་ས་བཅུ་མཐར་ཕྱིན་པ། །སྲིད་པ་ལོག་པའི་སྤང་ལེན་ཅན། །གཅིག་ལ་མཐོ་དམན་ཚུལ་བཟུང་ནས། །དག་པ་གསུམ་གྱི་ཚུལ་བལྟས་ནས། །བཅུ་གཅིག་རྟོགས་པས་རྡོ་རྗེ་འཛིན། །འདོད་པའི་སྨིག་རྒྱུ་བསྙེག་དང་འདྲ། །གཉིས་ཞུགས་ངེས་མེད་ཚུལ་བཟུང་ནས། །རིགས་བཞི་ཆོ་འཕྲུལ་སྒོ་ནས་ནི། །རྡོ་རྗེ་འཆང་འདོད་ཕྲ་མེན་གྱིས། །ངེས་པའི་འབྲས་བུ་ཅི་སྟེ་མཐོང་། །ཏིང་འཛིན་རིག་


DNG005_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་བཟུང་ནས། །ཆོ་གའི་ཡན་ལག་ལྔ་བཞིའི་སྒོས། །སྟུག་པོ་བཀོད་པའི་ས་བགྲོད་པ། །རང་རྟོག་ཞེན་པས་རྟག་ཏུ་བསྒྲིབས། །སྣང་སྟོང་ཐབས་དང་ཤེས་རབ་ཀྱིས། །ཏིང་འཛིན་གསུམ་གྱི་དཀྱིལ་འཁོར་བསྒྱུར། །བསྐྱེད་རྫོགས་བཞི་ཡིས་ལམ་སྦྱངས་ཏེ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །མཐོང་བ་ཟག་མེད་ཉིད་ལ་སྦྱོར། །དེ་ནས་བརྒྱ་ཕྲག་བཅུ་དྲུག་གིས། །ཡི་གེ་འཁོར་ལོ་ཚོགས་ཆེན་ས། །རང་འདོད་ཐོབ་ཀྱང་འོད་གསལ་མེད། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་ཀྱིས། །ཡེ་ཤེས་ཀྱང་ཡི་གེ་དག་པའི་ཚུལ་བལྟས་ནས། །འོད་ཀྱི་ཏིང་འཛིན་རིག་པའི་མཐུས། །གྲངས་མེད་ལྷ་ཡི་ངང་དུ་གསལ། །དེ་ཉིད་གཉིས་མེད་རིག་པ་ཡིས། །རྡོ་རྗེ་སེམས་དཔའ་མཆོག་གི་ས། །རང་ལ་ཐོབ་ཀྱང་མཐར་ཐུག་བྲལ། །རྐྱེན་བྲལ་རིག་པའི་དོན་དང་འགལ། །འདི་ཀུན་ཞེན་པས་རྟག་ཏུ་བཅིངས། །རང་བྱུང་འོད་གསལ་དབྱིངས་དང་བྲལ། །རང་གསལ་ཡེ་ཤེས་ཉི་མ་ནུབ། །རང་གསལ་ཡེ་ཤེས་འོད་གསལ་ལ། །འཇུག་པའི་ཐབས་ཀྱིས་མངོན་སྦྱར་ནས། །ཐོས་བསམ་བསྒོམ་པ་རབ་སྦྱངས་ནས། །རང་གསལ་ཡེ་ཤེས་འོད་དུ་འབར། །རིག་པ་རང་གསལ་དབྱིངས་ལ་གནས། །འོད་འབར་ཐིག་ལེ་གཅིག་ཏུ་གནས། །གང་ལ་ཆགས་དང་ཐུགས་འཐད་དང་། །རང་ལ་གང་གཅེས་ཕུན་སུམ་ཚོགས། །སེར་སྣ་སྤངས་པའི་དད་པ་ཡིས། །རྡོ་རྗེ་རྒྱལ་པོ་མཉེས་པར་བྱ། །རང་གསལ་རིག་པའི་བྱིན་རླབས་དང་། །དད་དང་དག་པའི་ནུས་པ་ཡིས། །མཁའ་དང་ཆུ་ལ་ཟླ་བ་ནི། །དག་དང་དག་པའི་ཚུལ་གྱིས་སྣང་། །གང་གཅིག་མེད་པའི་ཚུལ་གྱིས་ནི། །གསལ་བའི་སྟོབས་དེ་མི་སྣང་ངོ་། །རང་གསལ་རིག་པ་གདེང་ལྡན་ཀྱང་། །མ་རབས་བྱིས་པ་བཀྲི་བའི་ཕྱིར། །ལྷག་པའི་སྤྱོད་པ་རླབས་ཆེན་པོ། །རང་གསལ་རིག་པའི་གདེང་གིས་བྱ། །མཁས་ཤིང་རིག་པའི་གདེང་དུ་བྱུང་། །རྒྱལ་བའི་དགོངས་པའི་ལུང་དང་ལྡན། །རྣ་བརྒྱུད་ཞལ་གྱི་ཆུ་ཡིས་བརླན། །རིག་པ་གསང་བའི་གཏེར་སྒོ་ཕྱེད། །དབང་ཐོབ་བརྡ་


DNG005_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྤྲོད་ལ་མཁས། །ཕྲ་བའི་དོན་ལའང་དེ་བཞིན་ནོ། །བཅོས་མ་མ་ཡིན་རང་བཞག་བློས། །ཐུགས་རྗེ་འཁོར་བ་དག་པར་སྟོན། །འཇིག་རྟེན་གྲགས་པ་རྣམ་སྤངས་ནས། །བརྟན་ལྡན་དད་དང་བརྩོན་འགྲུས་དང་། །མགོ་ལུས་ལོངས་སྤྱོད་མི་ཆགས་པ། །ཡེ་ཤེས་གསང་བའི་གཏེར་སྒོ་དབྱེ། །དེ་ནས་ཙིཏྟའི་སྒོ་ཕྱེ་ནས། །དབང་པོའི་བྱེ་བྲག་ཐ་དད་པ། །འཕྲུལ་ཚིག་སྒྲ་ཡི་ཚུལ་ནས་བརྟག །ཐབས་སྦྱོར་བཅོས་མའི་ཐབས་གོམས་ནས། །རང་གསལ་རིག་པའི་དོན་ལ་བཞག །མོས་དང་ཐོས་པ་ཆུང་བ་དང་། །རང་གསལ་རྟོགས་པའི་མཐུ་མེད་ལ། །དེ་ནས་གོམས་པའི་མཐུ་རྙེད་ནས། །རང་གསལ་ལེགས་པའི་དོན་ལ་བཞག །སེམས་ཀྱི་དཀྱིལ་འཁོར་ལེགས་བརྟགས་ལ། །མཁའ་འགྲོ་དཔང་བཙུག་ནན་ཏན་བྱ། །གལ་ཏེ་སྐྱོན་ལྡན་སློབ་མ་ལ། །གསང་བའི་ཉེས་དམིགས་མི་ཤེས་པས། །རྣ་བརྒྱུད་མན་ངག་བསྟན་བྱས་ན། །སྡུག་བསྔལ་དྲག་པོས་སྲོག་བཅད་དེ། །མགྱོགས་འགྲོ་དེ་ཡི་མྱུར་བ་ལྟར། །བར་མཚམས་མེད་པའི་ཚུལ་གྱིས་ནི། །རྡོ་རྗེའི་གནས་སུ་ལྟུང་གྱུར་ནས། །བྱང་ཆུབ་སེམས་ཀྱི་རིགས་དང་བྲལ། །གོམས་བློས་རིག་པ་ཅིར་མི་འཇུག །དྲན་རྟོག་བློ་ཡི་རྗེས་མི་འབྲང་། །ཇི་བཞིན་རང་གསལ་མེ་ལོང་ལ། །བཅོས་མེད་རིག་པའི་ཚུལ་གྱིས་བལྟ། །སྣང་ཙམ་ཉིད་ན་ངོ་བོས་སྟོང་། །སྟོང་ཙམ་ཉིད་ན་འོད་དུ་གསལ། །ཡེངས་མེད་འཛིན་བྲལ་ཆོས་དབྱིངས་ལ། །གཉིས་མེད་ཐུག་ཕྲད་ཚུལ་གྱིས་གསལ། །མར་མེ་མུན་པའི་ཚུལ་བཞིན་དུ། །གཉིས་མེད་རིག་པའི་ཚུལ་དུ་གཅིག །འདུ་ཤེས་གང་དུའང་མི་འཇུག་པའོ། །དྲོད་ཚད་གར་ཡང་མ་འཕྲོས་པའོ། །དྲན་མེད་གང་བཞག་རང་གསལ་བའོ། །བཅོས་མེད་རང་བཞག་གྱི་ནར་གནས། །དྲག་དལ་ཆུ་བོ་ལྟ་བུའི་དཔེ། །ངེས་པར་རང་གསལ་ཉམས་བླངས་པས། །ཇི་བཞིན་རིག་པའི་ཀླུང་དུ་འཇུག །རྒྱལ་ཚབ་ངེས་པའི་སློབ་མ་ལ། །ལུང་ལྡན་བླ་


DNG005_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མས་དོན་བསྟན་ན། །འཁོར་བ་བྱང་ཆུབ་ལམ་དུ་གསལ། །གཅོང་རོང་ཡེ་ཤེས་གནས་སུ་བོར། །བགྲོད་མེད་བླ་མའི་ས་ལ་འཇུག །ས་གཅིག་མནན་པས་ས་ཀུན་མནན། །རྡོ་རྗེ་སེམས་དཔའ་མཆོག་གི་ས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། བགྲོད་ཅིང་སྤྱད་དུ་མེད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པས་འདི་སྐད་ཅེས་གསོལ་ཏོ། །རང་གསལ་རིག་པ་མཆོག་གི་ངང་། །ཐམས་ཅད་ཡེ་ཤེས་ཆེན་པོར་མཁྱེན། །དུས་གསུམ་ཆོས་རྣམས་ཐམས་ཅད་ཀུན། །དུས་མཐའ་གཅིག་ལ་གསལ་བར་རྟོགས། །མགོན་པོ་ཁྱོད་ཀྱི་ཡེ་ཤེས་ནི། །བདག་ལ་གསལ་བར་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །ཡེ་ཤེས་ངོ་བོ་རྣམ་གྲངས་ནི། །མཚན་ཉིད་སྣང་ཚུལ་རིམ་པ་ནི། །ཡེ་ཤེས་གསལ་བའི་སྒོ་འབྱེད་པའོ། །རང་སྣང་གྲངས་མེད་ཡེ་ཤེས་ནི། །སེམས་དང་ཆོས་དབྱིངས་ནམ་མཁའི་མཐའ། །ཕྱོགས་རིས་བགྲང་བར་མི་ནུས་པས། །རྣམ་གྲངས་དེ་ཡི་ཚུལ་སྦྱར་ནས། །ཇི་ལྟར་འཚམས་པའི་ཚུལ་དུ་སྣང་། །རང་གསལ་ཡེ་ཤེས་དབུས་མཐའ་མེད། །སྟོང་ཉིད་རིག་པ་ཅིར་མི་གཟིགས། །འོད་གསལ་རིག་པ་ཐམས་ཅད་མཁྱེན། །དུས་གཅིག་ཀུན་མཁྱེན་རིག་པའི་ལུང་། །སྒྲིབ་དང་སྒྲོ་སྐུར་རྣམ་པར་བཅད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན། །མ་བཅོས་རིག་པའི་མེ་ལོང་ལ། །ཐམས་ཅད་རང་གསལ་གཟུགས་བརྙན་འཆར། །ཅི་ཡང་འགག་མེད་རྣམ་མི་རྟོག །གཉིས་མེད་རིག་པ་གཅིག་ལ་གསལ། །ཕྱོགས་རིས་མི་མངའ་འོད་གསལ་བ། །


DNG005_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཤེས་མེད་དེ་གཅིག་ལ་འདུས། །རྡོ་རྗེ་ནམ་མཁའ་འོད་གསལ་བས། །ཐམས་ཅད་མི་རྟོག་གསལ་བར་མཁྱེན། །རང་རིག་ཡེ་ཤེས་མཉམ་པའི་ཚུལ། །ཆེ་ཆུང་མཐའ་དབུས་མེད་པ་ལ། །རང་གསལ་སྙོམས་པས་ཉི་མའི་འོད། །ཐམས་ཅད་རང་གསལ་འོད་དུ་འབར། །ནམ་མཁའི་མཐའ་དང་མཉམ་སྦྱོར་བས། །དབྱེ་བསྲེས་ཡངས་དོག་མི་མངའ་བས། །མཉམ་ཉིད་རིག་པའི་ངང་དུ་གསལ། །མ་བཅོས་ངང་ལ་གཉིས་མེད་ཀྱང་། །ཤེས་རབ་འོད་གསལ་ཆེན་པོ་ཡིས། །མཁའ་ལ་གཟའ་སྐར་བཀྲམ་པ་འམ། །མེ་ཏོག་མཛེས་པའི་ཕུང་པོ་ལྟར། །སོ་སོར་རང་གསལ་གཅིག་ཏུ་འདུས། །མ་འདྲེས་ཡོངས་རྫོགས་གསལ་བ་ནི། །ཕྱོགས་མེད་རང་གསལ་ཡེ་ཤེས་སུ། །དུས་མཐའི་ཚད་ལ་གསལ་བར་མཁྱེན། །རང་གསལ་རིག་པ་གཉིས་མེད་ལ། །ཐམས་ཅད་མ་ལུས་ཡོངས་རྫོགས་པ། །ཡེ་ཤེས་རྒྱ་མཚོ་མུ་མཐའ་མེད། །ཡེ་ནས་གྲུབ་པས་བྱ་བཙལ་བྲལ། །མ་བསྒྲིབས་གསལ་བའི་རིག་པ་ལ། །ཐམས་ཅད་མ་ལུས་རྫོགས་པར་ལྡན། །མ་བཅོས་རང་བྱུང་གསལ་བ་ནི། །རྣམ་དག་དབྱིངས་ཉིད་དཀྱིལ་འཁོར་ལ། །གསལ་བའི་འོད་ཀྱིས་མངོན་པར་མཐོང་། །བྱས་པ་མེད་པར་དོན་གྲུབ་པའོ། །ཐམས་ཅད་འབྱུང་བའི་དཀྱིལ་འཁོར་ནི། །ནམ་མཁའ་ཀུན་འབྱུང་རིག་པའི་སྒོ། །འབྱུང་འཇུག་རིག་པའི་ཐིག་ལེ་ཅན། །བསྐྱེད་པའི་དཀྱིལ་འཁོར་ཡོངས་ཀྱི་སྒོ། །ཀུན་འབྱུང་རིག་པའི་འཁོར་ལོ་བསྒྱུར། །རྣམ་དག་པདྨ་ལྟ་བུ་ཡིས། །རང་གསལ་རིག་པའི་དཀྱིལ་འཁོར་དེ། །མ་བསྒྲིབས་གསལ་བའི་ཡེ་ཤེས་སོ། །རང་གསལ་སྒྲིབ་མེད་རིག་པའི་ཉམས། །འཛིན་མེད་རིག་པའི་བློ་ཡིས་གདལ། །གསལ་ཡང་དམིགས་ཡུལ་ཀུན་དང་བྲལ། །ཅིར་ཡང་མི་དམིགས་ཅིས་མ་བསླད། །རྡོ་རྗེ་ནམ་མཁའ་ཁྱབ་པའི་འོད། །བཙལ་བྲལ་རིག་པ་ཡེ་ནས་གསལ། །མ་སྐྱེས་ཡེ་ནས་གདོད་ནས་བྱུང་། །རང་ལས་བྱུང་བས་གཞན་བྱུང་


DNG005_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །ལྷུན་གྱིས་གྲུབ་པས་ཕྱོགས་རིས་མེད། །རང་གསལ་རིག་པའི་ཡེ་ཤེས་ལ། །གཞན་གྱིས་རིག་པ་གདོད་ནས་སྟོང་། །ལྷུན་གྲུབ་ཉིད་ལ་ཕྱོགས་མེད་པས། །གསལ་དང་མི་གསལ་ཕྱོགས་དང་བྲལ། །རང་བྱུང་ཉིད་ལ་རྒྱུ་མེད་པས། །བསྐྱེད་བྱ་སྐྱེད་བྱེད་གདོད་ནས་མེད། །རྩོལ་བྲལ་ཡེ་ཤེས་ཆེན་པོ་ལ། །རྩོལ་བའི་ཆུ་བོ་ཀུན་ལས་འདས། །བདག་གཞན་མ་གསལ་ནམ་མཁའི་ངང་། །ཡུལ་དང་ཡུལ་ཅན་དམིགས་ཡུལ་བྲལ། །གང་ཡང་མ་ཡིན་གདོད་ནས་སྟོང་། །སྒྲིབ་པ་མེད་པའི་ངོ་བོ་ནི། །བལྟས་པ་མེད་པར་ཀུན་ལ་གསལ། །ཉམས་མྱོང་བདེ་བའི་འདུ་ཤེས་ཡལ། །འདུ་ཤེས་མེད་པའི་འདུ་ཤེས་ཅན། །འབྱུང་འཇུག་སྤངས་པའི་ཐབས་ཀྱིས་ཤེས། །ཀུན་ལ་གསལ་བའི་ངོ་བོ་ཡང་། །འདི་ཞེས་ཚིག་ཏུ་བསྟན་པ་མེད། །སྟོན་པ་རྡོ་རྗེ་སེམས་དཔའ་ཡིས། །རིག་པའི་འོག་མིན་ཆེན་པོ་རུ། །རིག་པའི་ཡེ་ཤེས་འཁོར་ཚོགས་ལ། །ཡེ་ཤེས་ངོ་བོ་བསྟན་པ་ཡང་། །རང་གསལ་རིག་པའི་ངོ་བོ་དེ། །མ་བཅོས་རིག་པའི་ཀླུང་ཞུགས་ནས། །དགོངས་པས་གཏན་ལ་ཕབ་པ་ལས། །ཚིག་དང་ཡི་གེར་བསྟན་པ་མེད། །དེ་ཕྱིར་ཡེ་ཤེས་ཆེན་པོ་ནི། །ཁྱབ་པ་གསལ་ལ་དངོས་པོ་མེད། །ཡེ་ཤེས་རིག་པའི་ཕོ་བྲང་དུ། །རང་སྣང་རིག་པའི་འོད་གདལ་བས། །ཅི་ལྟར་བལྟས་པ་དེ་ལྟར་གསལ། །མཐའ་བྲལ་ཡེ་ཤེས་རྡོ་རྗེར་རིག །མ་བཅོས་ཡེ་ནས་རང་གསལ་ལུང་། །ཡེ་ནས་ཤེས་པས་ཡེ་ཤེས་ཡིན། །ཡེ་ནས་རིག་པ་ཆེན་པོ་བས། །རིག་པ་ཡེ་ཤེས་ཆེན་པོ་ཡིན། །མ་བཅོས་ཇི་བཞིན་རིག་པའི་དོན། །གཏན་ལ་ཕེབ་པས་ཡེ་ཤེས་ཡིན། །དགོངས་ལུང་རང་གསལ་རིག་པ་ལ། །གཉིས་མེད་ཡེ་ནས་རིག་པའི་ཕྱིར། །ཡེ་ཤེས་རིག་པ་ཆེན་པོ་ཡིན། །དགོངས་པ་རིག་པས་མཉམ་དུ་ཤེས། །མ་བལྟས་གསལ་བ་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་ཉིད་ཡིན་པས། །བཙལ་བའི་བསམ་པ་གདོད་ནས་དག །ཡིན་ནི་ཅི་ཡང་མ་ཡིན་ལ། །གསལ་ནི་ཀུན་ལ་མཐུན་པར་གསལ། །འབྱུང་འཇུག་མེད་པར་རིག་


DNG005_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐའ། །མཚན་ཉིད་ངེས་པར་གཟུང་དཀའ་བས། །གང་ཡང་མ་ཡིན་ཕྱོགས་བྲལ་ཡིན། །བྱམས་མགོན་ཕྱོགས་རིས་མེད་པའི་གཏེར། །རང་གསལ་རིག་པའི་མཚན་ཉིད་ཅན། །མཚན་གཞི་བརྟགས་པའི་ཡུལ་ལས་འདས། །རང་བྱུང་རྟག་པ་མཆོག་གི་སྐུ། །སྤྲོས་བྲལ་བརྗོད་མེད་རིག་པའི་གསུང་། །མཚན་འཛིན་དྲན་རྟོག་མེད་པའི་ཐུགས། །འཕེལ་འགྲིབ་མེད་པའི་ཡོན་ཏན་གཏེར། །བྱ་བཙལ་བྲལ་བའི་ལམ་ཆེན་པོ། །ཀུན་ལ་ཁྱབ་ཅིང་རང་ལ་གདལ། །དམིགས་སུ་མེད་ཅིང་བསྟན་དུ་མེད། །རང་གསལ་མེ་ལོང་འོད་པོ་ཆེ། །མ་བཅོས་རིག་པའི་ཁྱད་པར་ལས། །ཅི་ལྟར་བལྟས་པ་དེ་ལྟར་སྣང་། །ཐམས་ཅད་རང་གསལ་རིག་པ་ཡང་། །འཁྲུལ་པའི་ཤེས་པ་ཅིར་མི་འདོད། །སྤྲོས་བྲལ་རིག་པའི་འཁོར་ལོ་ལས། །མཐོ་དམན་སྣང་ཚུལ་ཅིར་མ་བརྟགས། །ཐག་པའི་རང་བཞིན་སྦྲུལ་མིན་ཡང་། །འཁྲུལ་པས་སྦྲུལ་གྱི་ངོ་བོར་སྣང་། །དངོས་ལ་སྦྲུལ་དུ་མི་གནས་ཀྱང་། །འཁྲུལ་པའི་ངོ་ལ་སྣང་གཞི་ཡོད། །རང་གསལ་མ་བཅོས་ཇི་བཞིན་ལ། །རྟོག་དང་མི་རྟོག་མི་གནས་ཀྱང་། །འཁྲུལ་པས་གཉིས་སུ་རྟོག་པས་བཟུང་། །དངོས་ལ་དེ་ལྟར་མི་གནས་ཀྱང་། །རང་རང་ཞེན་པའི་དབང་གིས་ན། །དེ་ལྟར་སྣང་བའི་འཁྲུལ་གཞིར་གནས། །དག་པའི་ཞིང་ཁམས་གཞལ་ཡས་ཁང་། །མཚན་དང་དཔེ་བྱད་འོད་འབར་བ། །ཡེ་ཤེས་གསལ་བའི་ངོ་བོར་སྣང་། །དངོས་ལ་དེ་ལྟར་གནས་པ་མེད། །ཅེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ཡེ་ཤེས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་རོལ་པ་རྨད་བྱུང་བ། །རང་གསལ་ཡེ་ཤེས་སྙོམས་པའི་མགོན། །འགྲོ་དྲུག་ཡེ་ཤེས་གསལ་བར་རྟོགས། །མགོན་པོ་ཁྱོད་ལ་གསོལ་བ་ནི། །གསང་བ་རྨད་བྱུང་


DNG005_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་འདི། །མ་འོངས་དུས་ན་ཇི་ལྟར་འགྱུར། །མགོན་པོས་བདག་ལ་བཤད་དུ་གསོལ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ནམ་མཁའི་མཐའ་དང་མཉམ་སྦྱོར་བའི། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་རྒྱུད། །ང་ཡི་དགོངས་པ་གསང་བའི་དོན། །ཡང་གསང་ཐུགས་ཀྱི་རྣ་བརྒྱུད་འདི། །དགོངས་པ་རྣམས་ཀྱིས་ངེས་བརྒྱུད་ནས། །ལྷ་གནས་གསུམ་དུ་གྲགས་པར་འགྱུར། །དེ་ནས་ཐུགས་རྗེའི་སྤྲུལ་པ་ཡིས། །ཨོ་རྒྱན་གླིང་གི་དུར་ཁྲོད་དུ། །ཡང་གསང་ཕུག་ན་གནས་བཅས་ནས། །ཡ་མཚན་སྤྲུལ་པའི་ཆ་འཛིན་པས། །ཡང་སྤྲུལ་ཐུགས་ཀྱི་སྲས་བདུན་ལ། །རིགས་པའི་དཀྱིལ་འཁོར་སྒོ་ཕྱེ་ནས། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས། །གསང་བའི་ལུང་འདི་སྟོན་པར་འགྱུར། །དེ་ནས་ཡང་སྤྲུལ་སྐལ་ལྡན་གྱིས། །འཛམ་གླིང་དབུས་སུ་རྒྱས་པར་འགྱུར། །ནོར་བུ་རིན་ཆེན་ལྟར་གྲགས་པས། །ཀུན་གྱི་འདོད་པ་བསྐངས་ཟིན་ནས། །སྐལ་ལྡན་རིག་ལྡན་རྟོགས་པ་ཅན། །སངས་རྒྱས་ས་ལ་གནས་པར་འགྱུར། །གང་ཞིག་རང་འདོད་རྟོག་པ་དང་། །མཚན་མའི་སྒྲ་ལ་ཞུགས་པ་དང་། །སྐལ་བ་མེད་པའི་མི་རྣམས་ནི། །ངན་འགྲོར་འཁྱམས་པ་ཉིད་འགྱུར་ནས། །སྐལ་ལྡན་སྤྲུལ་པའི་སྲས་འདུས་ནས། །མི་མངོན་དབྱིངས་སུ་སྦེད་པར་འགྱུར། །དེ་ནས་ཐུགས་རྗེ་བྱིན་རླབས་དང་། །དད་པ་ལས་འཕྲོ་ལྡན་པ་ནི། །གཉིས་སུ་མེད་པར་མཐུན་པ་ཡིས། །མཐའ་འཁོབ་ཡུལ་དུ་སྣང་འགྱུར་ནས། །སྐལ་ལྡན་རིགས་བརྒྱུད་འཛིན་པ་རྣམས། །རང་གསལ་རིག་པའི་དོན་གོ་ནས། །སངས་རྒྱས་ས་ལ་འགྲོ་བར་འགྱུར། །འདི་རྣམས་སྐལ་ལྡན་རྒྱལ་སྲས་ཏེ། །རིགས་སུ་ངེས་པ་ཉིད་དུ་འགྱུར། །རང་གསལ་རིག་པའི་གླེགས་བམ་འདི། །སྐལ་ལྡན་རིམ་པར་བརྒྱུད་བྱས་ནས། །གསང་བ་རིག་པའི་རྒྱས་བཏབ་ནས། །འཕེལ་དང་ནུབ་པར་མི་འགྱུར་རོ། །དེ་ནས་གསང་བ་འཚོལ་བ་ཡིས། །སྐལ་བར་ལྡན་དང་མི་ལྡན་པའི། །འདུས་པའི་ཚོགས་ལ་བཤད་པ་ཡིས། །མཐའ་འཁོབ་ཡུལ་


DNG005_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དར་བར་འགྱུར། །དེ་ཚེ་རིགས་ཅན་དམ་པའི་སྲས། །རྒྱལ་བའི་ས་ལ་གནས་པར་འགྱུར། །སྐལ་མེད་སྒྲ་བཞིན་སྤྱོད་པ་དག །ངན་འགྲོ་ལོག་པའི་གནས་སུ་འགྱུར། །རང་གི་རྣམ་རྟོག་མི་མཐུན་པས། །རང་གསལ་གཉིས་མེད་ཡེ་ཤེས་ལ། །ཡིན་དང་མ་ཡིན་ཆ་འཛིན་ཅིང་། །རྩོད་པ་འཕེལ་བ་ཉིད་དུ་འགྱུར། །དེ་ཚེ་དམ་པའི་རིགས་ཅན་ཡང་། །ཐེ་ཚོམ་ཟ་བས་མི་འགྲུབ་ཅིང་། །ཀུན་ལ་རྒྱས་པར་བསྒྲགས་པའི་མཐུས། །ཐུན་མོང་ཐེག་པས་སྐུར་བ་དང་། །ཆོས་ལ་བྱིན་རླབས་ཆུང་བ་དང་། །དེ་ཚེ་དུར་རྐུན་སེམས་འཛིན་པས། །དམིགས་པ་རྩེ་གཅིག་མེད་པ་ཡིས། །གྲུབ་མཐའ་རིང་བས་སྐུར་བ་དང་། །ཀུན་གྱིས་སྐུར་བའི་གནས་སུ་འགྱུར། །བདག་བསྟོད་གཞན་སྨོད་བྱེད་པ་དང་། །ཉོན་མོངས་རྩོད་པ་འཕེལ་གྱུར་ནས། །ཕྱོགས་རིས་ཞེན་པའི་ནུས་མཐུ་ཡིས། །རང་གསལ་འོད་ཀྱང་གསལ་མི་འགྱུར། །དེ་ནས་ཐུགས་རྗེ་སྐལ་མེད་པས། །གསང་བའི་ལུང་འདི་ནུབ་པར་འགྱུར། །གཞན་གྱིས་ནུབ་པར་མི་འགྱུར་ཏེ། །སེང་གེའི་ཁོག་པ་རང་འཇིག་ལྟར། །ང་ཡི་སྲས་སུ་ཁས་བླངས་པས། །གསང་བའི་ལུང་འདི་ནུབ་པར་བྱེད། །དེ་ཡང་ཇི་ལྟར་འགྱུར་ཞེ་ན། །ཆོས་ལ་ཕྱོགས་རིས་བཟུང་བ་ཡིས། །རྩོད་པའི་ལས་སུ་འགྱུར་བ་དང་། །རང་གསལ་ཉམས་དང་མི་ལྡན་པར། །རྣམ་པར་དཀར་བའི་ལས་བོར་ནས། །ཉོན་མོངས་ཞེན་པའི་ལས་བྱེད་དང་། །རྣ་བརྒྱུད་གདམས་ངག་མི་ལྡན་པར། །རང་བརྟགས་ཞེན་པས་འཆད་པ་དང་། །ལྷག་པའི་ཆེ་བ་འདོད་པ་དང་། །ཁེ་དང་གྲགས་པ་གཙོར་བཞག་ནས། །ངེས་དང་མ་ངེས་ཀུན་བསྡུས་ནས། །འདུས་པའི་ཚོགས་ལ་འཆད་པ་དང་། །ལྟ་བ་ཡས་བབས་བཙན་ཐབས་དང་། །བརླང་པོའི་ངག་དང་སྤྱོད་པ་དང་། །རྣམ་པར་དཀར་བའི་ལས་བོར་ཏེ། །སྤང་བའི་ལས་དག་སྤྱད་པ་ཡིས། །འཇིག་རྟེན་དཔྱས་ཀ་སྒྲོགས་པ་དང་། །


DNG005_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་ཀུན་གྱིས་སྨོད་པ་དང་། །ཐུན་མོང་ཐེག་པ་སྤངས་པའི་མཐུས། །གསང་བ་དམ་པ་ནུབ་གྱུར་ནས། །དེ་ཚེ་སྐྱེ་བོ་དེ་དག་ཀུན། །རྡོ་རྗེའི་ཁབ་ཏུ་ལྟུང་གྱུར་ནས། །ཐེག་ཆེན་བྱང་ཆུབ་སེམས་དང་བྲལ། །དེ་བས་དགོངས་ལུང་དམ་པ་དེ། །གང་ཟག་ངན་པས་བསྣུབ་པར་འགྱུར། །དེ་ནས་ཡང་གསང་ཐེག་པ་འདི། །འཛམ་གླིང་དབུས་སུ་རྒྱས་འགྱུར་ནས། །སྐལ་ལྡན་རྩོལ་མེད་ཐེག་པ་ཡིས། །སངས་རྒྱས་ས་ལ་འགྲོ་བར་འགྱུར། །དེ་ནས་ལྷོ་ཕྱོགས་རྒྱུད་དུ་ནི། །གསང་བ་དམ་པ་རྒྱས་གྱུར་ནས། །གང་ཟག་དམ་པ་ཀུན་གྱིས་ནི། །རྩོལ་མེད་འབྲས་བུ་ཐོབ་པར་འགྱུར། །དེ་ནས་གསང་བ་འཕེལ་བའི་མཐུས། །རྣམ་པར་རྩོད་པའི་གཞིར་གྱུར་ནས། །ཐེ་ཚོམ་མི་མཐུན་གཞུང་མེད་པས། །སྐལ་ལྡན་འབྲལ་བའང་འབྱུང་བར་འགྱུར། །དེ་ཡི་དུས་ན་གང་ཟག་ནི། །རྒྱུ་དེས་འཚོ་བ་མཁས་པ་དང་། །རང་གསལ་དོན་ལ་བསྒོམ་པ་དང་། །ངེས་པའི་གཞུང་ལུགས་འཛིན་པ་དང་། །རྣ་བརྒྱུད་གདམས་ངག་འཛིན་པ་དང་། །གསང་བ་མི་འཕེལ་སྡོམ་པ་དང་། །དགོན་པར་གནས་ཤིང་དོན་མཁས་དང་། །མི་སྨྲ་སེམས་ལ་ཟུངས་སུ་འཛིན། །བདུན་གྱིས་བསྟན་པ་འཕེལ་བར་འགྱུར། །དེ་ནས་ལྔ་བརྒྱ་ཐ་མ་ལ། །ཉོན་མོངས་རང་དགར་ཞེན་པ་དང་། །དོན་ལ་ཞེན་པའི་མཐུ་མེད་ཅིང་། །སྣོད་ལྡན་གང་ཟག་མེད་པ་དང་། །མ་ནོར་ངེས་པའི་བླ་མ་རྣམས། །གདུང་བརྒྱུད་ཆད་པར་གྱུར་པའི་མཐུས། །རྣ་བརྒྱུད་ཐུགས་ཀྱི་བཅུད་བྲལ་ནས། །ལས་དང་སྐལ་བར་མི་ལྡན་པའི། །གང་ཟག་མང་དུ་འདུས་པའི་མཐུས། །ལས་དང་ཐུགས་རྗེ་སྐལ་མེད་པས། །ཡང་གསང་རྨད་བྱུང་ཐེག་པ་འདི། །འཛམ་གླིང་དབུས་སུ་ནུབ་པར་འགྱུར། །སྤྲུལ་པའི་བསྟན་པ་ཐ་མའི་ཚེ། །མ་འོངས་དུས་ན་འཇིག་རྟེན་འདིར། །འདི་ལྟར་ངེས་པར་འབྱུང་བར་འགྱུར། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་


DNG005_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡང་གསང་རྨད་བྱུང་རོལ་པའི་མཆོག །ལུང་བསྟན་སྐལ་ལྡན་གང་ཟག་ལ། །ཀློང་དགུའི་བསྟན་པ་ཇི་ལྟར་འཆར། །ཞེས་ཞུས་སོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པ་ཀུན་གྱི་གསང་། །སེམས་ཅན་སངས་རྒྱས་གཉིས་སུ་མེད། །བཅོས་མེད་རྣམ་གྲོལ་རིག་པའི་ཐུགས། །བྱ་བཙལ་ཀུན་བྲལ་ཡེ་སངས་རྒྱས། །དེ་ཉིད་དགུ་ལྡན་སེམས་ཀྱི་གཞི། །རིན་ཆེན་ལམ་གྱིས་གོམས་པར་བླང་། །རང་བྱུང་རིག་པའི་ཡེ་ཤེས་ནི། །རྩོལ་མེད་རང་ཤར་ཐོབ་པར་འགྱུར། །རིག་པ་མཆོག་གི་དཀྱིལ་འཁོར་ནས། །ཡེ་ཤེས་རིག་པའི་འོད་ཀྱིས་གདལ། །བརྗོད་མེད་རིག་པའི་བསྟན་པ་ལ། །ཡེ་ཤེས་གསལ་བའི་གསུང་མཆོག་གིས། །མ་བརྗོད་པས་ནི་གཏན་ལ་ཕབ། །འོད་གསལ་ཡེ་ཤེས་རིག་པ་ལས། །ཀློང་དགུ་བསྟན་པ་དུས་གཅིག་འཆར། །རིན་ཆེན་འོད་གསལ་ཐིག་ལེ་ནི། །གསལ་བའི་མཚན་མ་མཐོང་བྱའི་ཕྱིར། །ཀློང་དགུ་བམ་པོ་ཉི་ཁྲི་ཉིད། །རིན་ཆེན་གསལ་བྱའི་ཆེད་དུ་གསུངས། །རིན་ཆེན་འོད་འབར་སེམས་ཀྱི་མཐའ། །ཐེག་པའི་རྩ་བ་ཅིར་བསྟན་པ། །རྫོགས་ཆེན་བྱང་ཆུབ་ཐེག་པ་འདི། །ཀློང་དགུར་མ་འདུས་བསྟན་པ་མེད། །རང་གསལ་རིག་པ་མཐའ་དབུས་མེད། །ཅིར་སྣང་ཅིར་ལྟ་ཅིར་མི་དམིགས། །ཡུལ་བྲལ་རིག་པ་བསམ་ཡུལ་འདས། །ལྟ་བ་གཟའ་བྲལ་སེམས་ཀྱི་ཀློང་། །འོད་གསལ་ཡེ་ཤེས་སྤྱོད་པ་ལ། །ནམ་མཁའ་མཚན་འཛིན་མི་གནས་བཞིན། །བླང་དོར་སྤང་འཛིན་མི་གནས་པར། །སྤྱོད་པ་བག་ཡངས་བདེ་


DNG005_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཀློང་། །བསྐྱེད་བྲལ་རིག་པའི་དཀྱིལ་འཁོར་ལ། །མཐའ་ཡི་ཞེན་པའི་ཆོས་བྲལ་ཞིང་། །བྱང་ཆུབ་སེམས་སུ་རང་གསལ་བས། །བསྐྱེད་བྲལ་རང་གསལ་དཀྱིལ་འཁོར་ཀློང་། །ཁམས་གསུམ་རིན་ཆེན་འོད་གདལ་ཏེ། །གཉིས་མེད་རྟོགས་པས་དབང་བསྒྱུར་ཞིང་། །རིག་པ་ཀུན་ཁྱབ་བརྡལ་བ་ནི། །རྒྱལ་ཐབས་སྤྱི་བླུགས་དབང་གི་ཀློང་། །བསྲུང་མེད་སེམས་ཀྱི་རང་བཞིན་ནི། །ལྷག་པའི་དམ་ཚིག་བཞི་ལ་གནས། །ཐིག་ལེ་ཉིད་ལས་མི་འདའ་བས། །བསྲུང་བྲལ་དམ་ཚིག་འདའ་མེད་ཀློང་། །བྱ་བྲལ་འོད་གསལ་ཆོས་དབྱིངས་ལ། །ཕྲིན་ལས་རྩོལ་མེད་ལྷུན་གྲུབ་པས། །འོད་གསལ་ཡེ་ཤེས་ཕྱོགས་རིས་མེད། །རྩོལ་མེད་ཕྲིན་ལས་མཆོག་གི་ཀློང་། །བསམ་མེད་དམིགས་བྲལ་ཆོས་དབྱིངས་ལ། །ཡེ་ཤེས་རང་གསལ་རིག་པའི་ཀློང་། །ཡེངས་མེད་འོད་གསལ་རིག་པས་བཞག །བཅོས་མེད་དགོངས་པ་ཉིད་ཀྱི་ཀློང་། །འཁོར་བ་ཡེ་ནས་སངས་རྒྱས་ལ། །གཞན་དུ་བགྲོད་པའི་ཡུལ་བྲལ་ནས། །ལམ་དང་ས་ལ་བགྲོད་མེད་དེ། །སེམས་ཉིད་མཐར་ཕྱིན་ལམ་གྱི་ཀློང་། །རིན་ཆེན་ཕུང་པོ་གསལ་བྱེད་ལྟར། །རིག་པ་རང་གསལ་ལྷུན་གྲུབ་ལ། །རྒྱུ་དང་རྐྱེན་ལས་མ་སྐྱེས་པ། །རང་བྱུང་འབྲས་བུ་ཡེ་ཤེས་ཀློང་། །ཀློང་དགུ་རིན་ཆེན་འཁོར་ལོ་ནི། །རང་གསལ་རིག་པའི་འོད་ལས་འཆར། །འཁོར་བ་མ་བཅོས་འོད་གསལ་ལ། །གདོད་ནས་ཉེས་པའི་དྲི་མ་མེད། །སྤྲོས་བྲལ་ཡེ་ཤེས་གསལ་བ་ལ། །གཉིས་མེད་རིག་པའི་སྟོབས་ཀྱིས་འཇུག །མན་ངག་གསང་བའི་འཁོར་ལོ་ནི། །ཀུན་ལ་བསྐོར་ཞིང་དབྱིངས་སུ་འདུས། །བརྗོད་བྲལ་ཆོས་ཀྱི་རང་བཞིན་ནི། །བརྗོད་བྱ་ཀུན་གྱི་སྙིང་པོར་གསལ། །སྒྲ་བྲལ་རིག་པའི་བསྟན་པ་ནི། །ཇི་ལྟར་འདོད་པ་བཞིན་དུ་གསལ། །ཀློང་དགུ་བསྟན་པ་ཀུན་གྱི་སྤྱི། །རང་གསལ་མེ་ལོང་རྫོགས་པའི་ལུང་། །ཐམས་ཅད་ཡེ་ཤེས་རང་གསལ་བས། །སྒྲིབ་པའི་ཆོས་


DNG005_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དང་གདོད་ནས་བྲལ། །སྤྲོས་བྲལ་ནམ་མཁའི་རང་བཞིན་ལ། །དྲན་དང་རྟོག་པ་གང་ཡང་མེད། །མ་བཅོས་ཆོས་ཉིད་འོད་གསལ་ལ། །བཅོས་པའི་སྤྱོད་པ་ཕྱིན་ཅི་ལོག །རིན་ཆེན་ཀློང་གི་དོན་རྟོགས་ན། །ཐམས་ཅད་གསང་བའི་ལམ་དུ་གསལ། །ཡེ་ནས་ཕྱག་རྒྱའི་ངོ་བོ་ལས། །ལུས་ཀྱིས་རྩོལ་བའི་ལས་མི་བྱེད། །རྩོལ་བྲལ་རིག་པའི་གསུང་གོ་བས། །བཟླས་དང་འཕྲོ་འདུའི་ལས་མི་བྱེད། །རང་གསལ་རིག་པའི་ཀླུང་ཞུགས་པས། །རྡོ་རྗེ་བཅོས་བྲལ་འོད་གསལ་སེམས། །དོན་གཅིག་དེ་ཉིད་གཞི་དགུ་ལ། །ཇི་ལྟར་འདོད་པའི་དོན་ལ་སྦྱར། །རང་གསལ་རིག་པའི་དོན་དང་འཕྲད། །གདོད་ནས་ཞི་བའི་རང་བཞིན་ལ། །མཚན་མའི་སྒྲོ་སྐུར་ཆོས་མི་འཇུག །སངས་རྒྱས་སེམས་ཅན་མ་ལུས་ལ། །རྐྱེན་བྲལ་རང་གསལ་བསྒྲིབ་མེད་གཅིག །དམིགས་བྲལ་རིག་པའི་ཚུལ་གྱིས་ནི། །ཡེ་ནས་ཁྱབ་ཅིང་བརྡལ་བར་གནས། །ཡེ་ནས་མ་བཙལ་སངས་རྒྱས་ལ། །བསྒྲུབ་དང་མི་བསྒྲུབ་ཆོས་མི་གནས། །རིན་ཆེན་འོད་འབར་གསལ་བ་ལ། །གོལ་དང་སྒྲིབ་པའི་ཆོས་མི་གནས། །ཕྱོགས་མེད་རང་གསལ་ཡེ་ཤེས་ལ། །ཕྱོགས་མཚམས་གཟུང་འཛིན་ཡེ་ནས་དབེན། །རྩོལ་བྲལ་རིན་ཆེན་ཕུང་པོ་ལ། །མ་རྫོགས་པ་ཡི་ཆོས་མི་གནས། །མཐའ་དབུས་མེད་པའི་གཞལ་ཡས་ལ། །ཚད་དང་དམིགས་པ་ག་ལ་ཡོད། །རྡོ་རྗེ་སེམས་དཔའ་གསང་བའི་ལུང་། །ཀློང་དགུ་བསྟན་པ་ཀུན་གྱི་བཅུད། །རིག་པ་རང་གསལ་མེ་ལོང་ནི། །ཐམས་ཅད་ཀུན་གྱི་རང་བཞིན་གནས། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པར་སྦྱོར་བའི་རྒྱུད་ཆེན་པོ་ལས། ཀློང་དགུ་ཕྱེ་བའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་བ་ཀུན་གྱི་དགོངས་པའི་ཐུགས། །ཀློང་དགུའི་རིན་ཆེན་གསལ་བྱེད་ལུང་། །བསྡུས་པས་ངེས་པ་ཇི་ལྟར་གསལ། །བཅོམ་ལྡན་སྙིང་པོས་བཤད་དུ་གསོལ། །ཞེས་ཞུས་སོ། །


DNG005_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ཀློང་དགུའི་རྩ་བ་གཅིག་ལ་འདུས། །དཔེ་ནི་གསེར་དང་མཚུངས་པ་ལ། །དོན་ནི་རྩ་བ་བྱང་ཆུབ་སེམས། །རྟོགས་ཚུལ་གཉིས་མེད་ཡེ་ཤེས་ཏེ། །སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང་། །སེམས་ཉིད་བཅོས་མེད་རང་གསལ་ལ། །གཉིས་བྲལ་རིག་པ་ཅིར་མི་འཇུག །མཐའ་དང་དབུས་བྲལ་འོད་གསལ་ལ། །གཉིས་ཀྱི་འདུ་ཤེས་སྨོས་ཅི་དགོས། །བདེ་སྡུག་འགྲོ་འོང་མཐའ་ཡས་ཀྱང་། །རང་གསལ་གཉིས་མེད་རང་རིག་གོ། །བདག་མེད་གཞན་བྲལ་ཆོས་ཀྱི་དབྱིངས། །སྐྱོན་བྲལ་རིག་པ་ཅིར་མི་དགོངས། །མཐའ་དབུས་བྲལ་བའི་དེ་བཞིན་ཉིད། །རྡོ་རྗེ་ནམ་མཁའ་མཆོག་གི་ལུང་། །བསམ་པ་མ་ཡིན་མི་བསམ་མིན། །འདུ་ཤེས་བྲལ་བའི་དབྱིངས་ལ་རྫོགས། །རང་གསལ་རིག་པ་གཉིས་མེད་ལ། །གཉིས་ཀྱི་འདུ་ཤེས་གང་རྩོལ་བ། །ཁམས་གསུམ་འཁོར་བའི་གནས་སུ་ལྟུང་། །རྡོ་རྗེ་གསང་བའི་ལུང་དང་བྲལ། །གསལ་བའི་རིག་པ་མཁྱེན་པའི་ལུང་། །ཐུགས་ཀྱི་ཡེ་ཤེས་གཅིག་ཡིན་ཡང་། །དུ་མར་སྣང་བའི་ཆ་མི་འགག །གཉིས་མེད་རིག་པ་གཅིག་ལ་འདུས། །གཉིས་མེད་ངང་ལ་གཉིས་མི་བསམ། །ནམ་མཁའ་བསམ་མེད་བརྗོད་དུ་མེད། །བློ་དང་རང་གསལ་འཕྲད་པ་ནི། །གཅིག་ལས་མི་གཡོ་མཉམ་དུ་གནས། །རྩ་བ་མི་འབྱེད་རྩོལ་དང་བྲལ། །ཡེ་ཤེས་འབྱུང་འཇུག་ཡོངས་ཀྱིས་མེད། །གསལ་བ་རིག་པའི་འོག་མིན་ལ། །གཉིས་མེད་རིག་པའི་མཉམ་པར་སྦྱོར། །རིག་པའི་འཁོར་ལོ་ཀུན་གྱི་གཏེར། །ཡེ་ཤེས་རྒྱ་མཚོ་མུ་མཐའ་མེད། །མ་བཅོས་རིག་པ་ཐབས་ཀྱི་སྒོ། །གྲོལ་བའི་དཀྱིལ་འཁོར་རྒྱ་དང་བྲལ། །ཡེ་ཤེས་རྫོགས་པའི་མཆོག་ལ་གནས། །འདི་ནི་བསམ་བརྗོད་ཀུན་དང་བྲལ། །རྡོ་རྗེ་གསང་བའི་ངེས་ལུང་གི། །མན་ངག་ལུང་གིས་གཏན་ལ་དབབ། །ངེས་པའི་ཤེས་པ་མ་སྐྱེས་པར། །རྟོག་


DNG005_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་བསམ་པས་གང་བཤད་ཀྱང་། །ངེས་པའི་མན་ངག་ཐུགས་ཀྱི་ལུང་། །ངེས་པར་གཏན་ལ་ཕེབས་པ་མེད། །ཡེ་ཤེས་གསལ་བའི་ངོ་བོ་ལ། །ཡེ་ནས་རིག་པ་མཆོག་ཏུ་གསལ། །སངས་རྒྱས་ཀུན་གྱི་དགོངས་པའི་ལུང་། །ཡེ་ཤེས་འོད་གསལ་མཆོག་གི་ལུང་། །སངས་རྒྱས་ཀུན་ཀྱང་འདི་ལ་གནས། །སྒྲིབ་བྲལ་ཕྱོགས་མེད་ཅི་ཡང་གསལ། །ཆོས་ཀུན་རྩ་བ་སེམས་ཀྱི་ལུང་། །འདི་ནི་རང་བྱུང་ལྷ་ཡི་ལྷ། །ཀུན་འདུས་མེ་ལོང་ཐབས་ཆེན་པོ། །སྙིང་པོའི་མདོ་ཉིད་ཡིན་པར་བཤད། །ཐེག་པ་ཀུན་གྱི་རྩ་བ་ནི། །རྫོགས་ཆེན་བརྡལ་བ་ཉིད་ཡིན་ལ། །དེ་ཉིད་ཀློང་དགུར་འདུས་པ་ཡང་། །རྩ་བ་བྱང་ཆུབ་སེམས་སུ་འདུས། །ཀུན་གྱི་རྩ་བ་སེམས་འདི་ནི། །རང་གསལ་ངེས་པ་གཅིག་གི་ངང་། །འདི་མེད་རྒྱལ་བ་མི་སྲིད་ལ། །ཐེག་པ་འབྱུང་བར་མི་སྲིད་དོ། །ཆོས་ཀུན་རང་གསལ་འདིར་འདུས་ལ། །སུ་ཞིག་མན་ངག་ངེས་པ་ཡིས། །དོན་འདི་གཏན་ལ་ཕེབས་པ་ཡིས། །ཆོས་ཀུན་གཏན་ལ་ཕེབས་པ་ཡིན། །སངས་རྒྱས་ཀུན་གྱི་རྩ་བ་ནི། །རྡོ་རྗེ་སེམས་དཔའ་ཉིད་ཡིན་ནོ། །ས་དང་ལམ་གྱི་རྩ་བ་ནི། །འོད་གསལ་རིག་པ་མཆོག་གི་ས། །དོན་འདི་རྟོགས་པས་བགྲོད་མི་དགོས། །ས་འདི་ཐོབ་པས་སྦྱང་མི་དགོས། །སངས་རྒྱས་ཀུན་དང་དེ་ཡི་སྲས། །ཀུན་ཀྱང་རྩ་བ་བྱང་ཆུབ་སེམས། །བཅོས་མེད་རིག་པའི་དོན་རྟོགས་ནས། །རང་གསལ་ཡེ་ཤེས་འོད་ལ་བཞུགས། །འགྲོ་ལྔ་ཁམས་གསུམ་རིས་དྲུག་དང་། །ཉོན་མོངས་ལྔ་པོར་སྣང་བ་ཡང་། །རྩ་བ་རང་གསལ་བྱང་ཆུབ་སེམས། །རིག་པ་རང་གསལ་དོན་ལ་གནས། །མི་གཡོ་མི་རྟོག་ཅིར་མི་དགོངས། །འཇིག་རྟེན་འོད་ཀྱི་རྒྱལ་པོ་ལྟར། །ཀུན་གསལ་སྙིང་པོ་གཅིག་ལ་འདུས། །འོད་གསལ་བདེ་བ་རྣམ་རྟོག་ལམ། །གསལ་དང་མི་གསལ་ཆོས་མི་གནས། །ཐ་སྙད་བྲལ་བའི་རིག་པར་གསལ། །རིན་ཆེན་


DNG005_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་གསེར་གླིང་ལྟར། །དེ་ལས་གཞན་པའི་ཆོས་མེད་ལ། །མིང་དང་དབྱིབས་དང་ཆེ་ཆུང་དང་། །ལས་དང་བརྟགས་པ་ཐ་དད་དེ། །ངོ་བོ་གཅིག་ལ་གནས་པ་མེད། །གསེར་ལ་གསེར་དུ་མཐོང་བ་བཞིན། །རང་གསལ་རིག་པ་དེ་ལྟར་བལྟ། །གསེར་ལ་གཉིས་པ་མི་གནས་ལྟར། །རང་གསལ་དོན་ལ་གཉིས་པ་མེད། །གསེར་གྱི་རང་བཞིན་མི་འགྱུར་ལྟར། །རང་གསལ་རྐྱེན་གྱིས་འགྱུར་བ་མིན། །རང་ལ་མི་བསམ་གསལ་བ་ལྟར། །མི་འཛིན་རང་གསལ་བསམ་བྲལ་ལུང་། །གདོད་ནས་མ་བཅོས་དག་པ་ལྟར། །འོད་གསལ་རང་བཞིན་ཡེ་ནས་དག །ཅིར་ཡང་འགྱུར་ཞིང་སྣང་བ་ལྟར། །འོད་གསལ་རིག་པའི་ཁྱད་པར་ལ། །དབང་པོ་མོས་པའི་ཁྱད་པར་གྱིས། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །ཅི་ཡང་མ་ཡིན་སྙིང་པོ་ནི། །རང་བྱུང་རིག་པའི་འཁོར་ལོ་ཅན། །སྒྲོ་སྐུར་ཐེ་ཚོམ་རྣམ་པར་གཅོད། །རིག་པ་ཡེ་ཤེས་རྐྱེན་དང་བྲལ། །རང་ལ་རང་གིས་གསལ་བར་སེམས། །ཀུན་གྱི་དགོངས་པའི་དོན་རྣམས་ཀུན། །རྩ་བ་བྱང་ཆུབ་སེམས་ལ་འདུས། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ཀློང་དགུ་རྩ་བ་གཅིག་ཏུ་འདུས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ནམ་མཁའི་མཐའ་མཉམ་གསང་བའི་རྒྱུད། །རྡོ་རྗེ་སྙིང་པོའི་དོན་འདི་གང་། །གཏན་ལ་ཕབ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། དུས་གསུམ་རྒྱལ་བའི་དགོངས་པའི་དོན། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །རྡོ་རྗེ་སྙིང་པོ་བླ་ན་མེད། །མ་ནོར་ངེས་པར་གཏན་ལ་ཕབ། །རང་བཞིན་དགོངས་པའི་ཆོས་སྐུ་ཡང་། །མ་ནོར་གཏན་ལ་ཕབ་པའོ། །རང་བཞིན་ཕྱི་ནང་


DNG005_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས། །རྣམ་དག་འོད་གསལ་དཀྱིལ་འཁོར་ལ། །མ་བཅོས་རང་གསལ་དགོངས་པ་རུ། །རང་གི་ངང་གིས་གཏན་ལ་དབབ། །བྱ་བྲལ་རྫོགས་ལུང་བསྟན་པ་ནི། །གཉིས་མེད་ཡེ་ཤེས་རྡོ་རྗེའི་ལུང་། །རང་གསལ་རིག་པའི་སྙིང་པོ་ནི། །རང་གིས་རང་ལ་གཏན་ལ་ཕབ། །ཆོས་དབྱིངས་རིག་པའི་འོག་མིན་ཏེ། །རིག་པ་མཆོག་གི་གཞལ་ཡས་སུ། །སྟོན་པ་རྡོ་རྗེ་སེམས་དཔའ་ཡིས། །རང་གསལ་རིག་པའི་འཁོར་རྣམས་ལ། །རྡོ་རྗེ་འོད་གསལ་བདེ་བའི་ལུང་། །སྙིང་པོ་རང་གསལ་བཅུད་ཀྱི་དོན། །སྒྲ་ཚིག་བྲལ་བའི་དགོངས་པ་ཡིས། །མ་ནོར་ངེས་པར་གཏན་ལ་ཕབ། །ཆོས་ཉིད་རྡོ་རྗེ་མཆོག་གི་སྒྲ། །མ་བརྗོད་རང་གསལ་རིག་པས་ཐོས། །བརྗོད་བྲལ་གསང་བའི་ངེས་དོན་འདི། །བརྗོད་པས་གཏན་ལ་ཕེབས་མི་འགྱུར། །ཉི་མ་རང་གསལ་ཇི་བཞིན་དུ། །རང་ལ་དེ་བཞིན་ཉིད་དུ་སྟོན། །ཆོས་ཉིད་རྡོ་རྗེ་འཇིག་མཐའ་མེད། །མ་སྐྱེས་གདོད་ནས་དག་ཕྱིར་རོ། །སྙིང་པོ་དགོངས་པ་ཀུན་འདུས་པ། །རང་གསལ་ཉིད་དུ་གཏན་ལ་ཕབ། །མ་བཅོས་དག་པའི་ཆོས་སྐུ་ནི། །རྡོ་རྗེ་ནམ་མཁའི་སྤྱོད་ཡུལ་ལ། །མ་ཡེངས་རྐྱེན་བྲལ་སྙིང་པོ་ཡིས། །གསེར་ལ་གསེར་བཞིན་གཏན་ལ་ཕབ། །ཅིར་ཡང་མི་དགོངས་དེ་བཞིན་ཉིད། །གསལ་ལ་དམིགས་བྲལ་དེ་ཁོ་ན། །ཆུ་ལ་ཆུ་ལྟར་དེ་བཞིན་ཉིད། །རིག་པ་རང་གནས་མཆོག་ཏུ་གནས། །རྣ་བརྒྱུད་རིག་པའི་པྲ་ཁྲིད་ཀྱིས། །རང་གསལ་ཡེ་ཤེས་གཏན་ལ་འབེབས། །བརྗོད་མེད་དོན་ལ་དེ་ཉིད་ཀྱི། །ལུང་དང་མན་ངག་མཚོན་པའི་སྒོས། །ཡེ་ཤེས་གསང་བ་གཏན་ལ་ཕབ། །མ་ནོར་ངེས་པའི་དགོངས་པར་གཏུགས། །ཇི་བཞིན་རིག་པའི་དཀྱིལ་འཁོར་ལ། །དེ་བཞིན་གསལ་བའི་བློ་ཡིས་འཇུག །འོད་གསལ་ཉམས་ཀྱི་སྙིང་པོ་ནི། །བདེ་ལ་མི་རྟོག་གསལ་བའི་ངང་། །ཕྱོགས་བྲལ་ལྟ་བ་གཟའ་གཏད་མེད། །འཛིན་བྲལ་


DNG005_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་ཅིར་མི་དགོངས། །བསམ་དང་བྲལ་ལོ་འདུ་ཤེས་སྤངས། །གཅིག་ཏུ་གནས་ཀྱང་ཁྱབ་པར་གསལ། །རྣམ་པར་མི་རྟོག་ས་ལེ་བ། །ས་ལེ་བར་ཡང་བསམ་དུ་མེད། །བདག་གཞན་མཚན་མས་མ་བཟུང་ཞིང་། །རྣམ་རྟོག་བྲལ་བའི་དབྱིངས་ལ་རྫོགས། །མ་བགྲོད་ས་ལ་དུས་གཅིག་གནས། །ཉི་མའི་སྙིང་པོ་བཞིན་དུ་གནས། །མ་བཙལ་མ་བསྒྲུབས་ཇི་བཞིན་ཉིད། །རང་སེམས་རྒྱུན་བྲལ་རིག་པའི་མཆོག །དུས་མཐའི་ཤེས་རབ་ཅིག་ཆར་ལ། །ཆོས་ཀུན་གསལ་བར་རྟོགས་པའོ། །སྙིང་རྗེ་ཉི་མའི་འོད་དེ་ལྟར། །འགྲོ་བ་ཀུན་ལ་སྙོམས་པའི་བདག །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །གསང་བའི་རྒྱ་མཚོ་མཆོག་གི་གཏེར། །དམན་པའི་སྤྱོད་ཡུལ་མ་ཡིན་པའོ། །ཡེ་ཤེས་རྒྱ་མཚོའི་བློ་མངའ་ཞིང་། །རྟོག་འཇོམས་ཡེ་ཤེས་རྡོ་རྗེའི་དབྱིངས། །རྒྱུ་འབྲས་རང་གསལ་སྙིང་པོའི་མཆོག །ཤེས་རབ་མཆོག་གི་སྤྱོད་ཡུལ་གྱིས། །ཡེ་ཤེས་རྫོགས་པའི་སྒོ་ཕྱེ་ནས། །དུས་གཅིག་ཡེ་ཤེས་འོད་དུ་འབར། །ཀུན་མཁྱེན་ཡེ་ཤེས་སྙིང་པོ་ལ། །བལྟ་བའི་སྒྲིབ་པ་རྣམ་བསལ་ཞིང་། །འོད་འབར་ཐིག་ལེ་མཆོག་གི་རྒྱན། །གདུལ་བའི་བསམ་པ་ཇི་བཞིན་དུ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཐབས་མཁས་སྤྱོད་པ་བསམ་མི་ཁྱབ། །དུས་གཅིག་ཉིད་ལ་གསལ་བར་འཆར། །བྱ་བྲལ་རྫོགས་པའི་ལུང་ཉིད་དང་། །རང་གསལ་རིག་པ་མཆོག་གི་ཉམས། །རྣ་བརྒྱུད་སེམས་ཀྱི་མན་ངག་གིས། །མ་ནོར་ངེས་པར་གཏན་ལ་ཕབ། །རང་གསལ་ངང་དུ་གཏན་ལ་ཕབ། །བདག་གཞན་མེད་པར་གཏན་ལ་ཕབ། །འགྱུར་མེད་ཀློང་དུ་གཏན་ལ་ཕབ། །ངེས་པ་མེད་པའི་ཐེག་པ་བརྒྱད། །འགྲོ་བ་དྲང་བའི་ཆེད་དུ་གསུངས། །དེ་ཡི་བསམ་པ་འདྲེན་པའི་ཕྱིར། །དྲང་བའི་ལུང་ཞེས་བཤད་པ་ཡིན། །བསམ་དང་མོས་པའི་ཁྱད་པར་གྱིས། །ཐེག་པའི་ཁྱད་པར་དེ་ལྟར་བསྟན། །འགྲོ་བའི་


DNG005_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་ཚད་མ་གཏོགས་པ། །ངེས་པར་དགོངས་པ་གཅིག་ལས་མེད། །རང་དབང་སེམས་ལ་མི་གནས་ན། །སྤྱོད་དང་རྩོལ་བའི་ཁྱད་པར་གྱིས། །རང་རིག་དོན་ལ་ཅིར་བཙལ་ཡང་། །ཡེ་ཤེས་མཆོག་གི་དོན་དང་འགལ། །ངེས་པའི་ཤེས་པ་མ་སྐྱེས་ན། །དྲན་དང་རྟོག་པ་ཅིར་བསྒོམ་པ། །གང་བསྒོམ་དེ་ཉིད་རྟོག་འགྱུར་ཞིང་། །མ་བསྒོམས་པས་ཀྱང་འགྲུབ་མི་འགྱུར། །འདི་ཀུན་ལོང་བའི་སྤྱོད་ཡུལ་ཏེ། །འཇིག་རྟེན་ལོག་པའི་ཤེས་པ་ཡིས། །འོད་གསལ་རིག་པ་ཉིད་བསྒོམས་ཀྱང་། །འགྲུབ་པར་མི་འགྱུར་ཚི་ཆད་འགྱུར། །རྒྱལ་བའི་དགོངས་པ་ཇི་བཞིན་པ། །དེ་ཉིད་མ་བཅོས་ཆོས་དབྱིངས་དོན། །ངེས་པར་རྣལ་དུ་གང་སྟོན་པ། །ངེས་པའི་དོན་དུ་གསུངས་པ་ཡིན། །སངས་རྒྱས་རྣམས་ལ་བཅོས་མེད་དེ། །གང་ཞིག་བཅོས་མ་དྲང་བའི་ལུང་། །བཅོས་མེད་ཡེ་ཤེས་སྙིང་པོ་ནི། །ངེས་པ་མཆོག་གི་ལུང་དུ་འདོད། །གང་ཞིག་རྩོལ་བའི་ཆོས་རྣམས་ནི། །འགྲོ་བའི་སྤྱོད་པ་དྲང་བའི་ལུང་། །རྩོལ་མེད་ངེས་པར་སྟོན་པ་ནི། །རྒྱལ་བའི་དགོངས་པའི་ངེས་ལུང་བས། །ཇི་བཞིན་མ་བཅོས་དགོངས་པའི་ཚིག །ངེས་པས་ངེས་པ་ཞེས་སུ་བཤད། །ཅེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། ཆོས་ཐམས་ཅད་རྡོ་རྗེ་སྙིང་པོ་མཆོག་ཏུ་གཏན་ལ་ཕབ་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས། །གསང་བ་ཡང་གསང་རྨད་དུ་བྱུང་། །ནམ་མཁའི་མཐའ་དང་མཉམ་སྦྱོར་བའི། །མཚན་གྱི་རྣམ་གྲངས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །


DNG005_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ཡང་གསང་བྱང་ཆུབ་སེམས། །ཇི་བཞིན་རིག་པ་མཆོག་གི་གཏེར། །མ་བཅོས་བྱང་ཆུབ་སེམས་ཀྱི་ལུང་། །སྤྲོས་བྲལ་རིག་པ་མཆོག་གི་གསུང་། །སྐྱེ་དང་འགགས་མེད་ཡེ་ཤེས་ཀློང་། །སྤྲོས་མེད་བྱིན་རླབས་ཕྱོགས་བཅུར་བརྡལ། །རང་གསལ་ཆོས་ཉིད་དག་པའི་མཁའ། །གཉིས་མེད་ཀློང་དུ་ཡེ་སངས་རྒྱས། །ཆོས་སྐུ་ཡེ་ཤེས་འོད་དཔག་མེད། །ཐིག་ལེ་འོད་འབར་རིག་པའི་ཀློང་། །བསྟན་པའི་རྩ་བ་སེམས་ཉིད་དང་། །བསྟན་པའི་ཡང་རྩེ་དོན་གྱི་མཆོག །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །གསང་བ་ཀུན་འདུས་རིག་པའི་གཏེར། །ཡི་གེ་མེད་པ་མཆོག་གི་ལུང་། །ཀུན་འདུས་རིག་པ་མཆོག་གི་རྒྱུད། །ཁུ་བྱུག་ཀློང་དགུ་བསྟན་པའི་མཆོག །ཡེ་ཤེས་གསང་རྫོགས་མཉམ་པའི་གཏེར། །ཐེག་པའི་རྣམ་གྲངས་ཇི་སྙེད་པ། །རྫོགས་ཆེན་ཐེག་པ་འདིར་འདུས་ཏེ། །རྩ་བ་བྱང་ཆུབ་སེམས་ཡིན་པས། །ཆོས་ཀུན་རྩ་བ་ཞེས་སུ་བརྗོད། །ཟིལ་གནོན་ལྷག་པར་འཕགས་པ་དང་། །འདིར་འདུས་ཀུན་གྱི་ཏོག་ཡིན་པས། །མ་བཅོས་བྱང་ཆུབ་སེམས་ཉིད་ནི། །བསྟན་པའི་ཡང་རྩེ་ཡིན་པར་བཤད། །འདས་དང་མ་བྱོན་དུས་གསུམ་གྱི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །དགོངས་པ་རང་གསལ་འདི་ཡིན་པས། །དོན་གྱི་མཆོག་ཅེས་ངེས་པར་བཤད། །འདི་ལ་མཐའ་དང་དབུས་མེད་ཅིང་། །སྒྲོ་སྐུར་བརྗོད་བསམ་དྲག་པ་དང་། །བསམ་གྱིས་མི་ཁྱབ་པ་ཡི་ཕྱིར། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །ཆོས་ཀུན་བྱང་ཆུབ་སེམས་ཉིད་ལས། །སངས་རྒྱས་སེམས་ཅན་ཀུན་གྱི་གསང་། །རིག་པ་སེམས་ལ་ཀུན་འདུས་ཕྱིར། །གསང་བ་ཀུན་འདུས་རིག་པའི་གཏེར། །འདི་ལ་ཚིག་དང་ཡི་གེ་དང་། །བརྡ་དང་མཚན་མ་ཐ་སྙད་ཀྱིས། །རང་གསལ་མཚོན་དུ་མེད་པའི་རྒྱུད། །ཡི་གེ་མེད་པའི་རྒྱུད་ཅེས་བྱ། །ཐམས་ཅད་ཡེ་ནས་ཆོས་དབྱིངས་ལ། །ཆེ་ཆུང་བཟང་ངན་བླང་དོར་དག །ཡེ་ནས་གཉིས་མེད་


DNG005_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པས་ན། །ཀུན་བཟང་རིག་པ་མཆོག་གི་རྒྱུད། །ཆོས་ཀུན་རྩ་བ་ཀློང་དགུར་འདུས། །ཀློང་དགུ་རྩ་བ་སེམས་སུ་གཅིག །འབྱུང་དང་རྟོགས་པར་དཀའ་བའི་ཕྱིར། །ཁུ་བྱུག་ཀུན་བཟང་ཀློང་དགུའི་རྒྱུད། །ཡེ་ནས་ཡེ་ཤེས་རང་གསལ་ཡང་། །རྣམ་རྟོག་ཕྲ་རགས་བསམ་ཡས་པས། །བསྒྲིབས་པས་གསལ་བར་མ་མཐོང་བས། །ཡེ་ཤེས་གསང་བ་མཆོག་གི་རྒྱུད། །ཕྱི་ནང་སངས་རྒྱས་སེམས་ཅན་དང་། །བདག་གཞན་བདེ་སྡུག་ཟད་པར་ནི། །ཡེ་ཤེས་རང་གསལ་ལ་རྫོགས་པས། །ཡེ་ཤེས་རྫོགས་པའི་རྒྱུད་ཅེས་བྱ། །དུས་གསུམ་རྒྱལ་བའི་དགོངས་པ་ནི། །རྡོ་རྗེ་སྙིང་པོ་འོད་གསལ་ཏེ། །མ་ནོར་གཏན་ལ་ཕབ་པས་ན། །རྡོ་རྗེ་སྙིང་པོ་གསང་བའི་རྒྱུད། །འདི་ནི་གསང་བ་རྨད་བྱུང་བའི། །འདི་ནི་གསང་བ་རབ་གསང་བ། །དོན་དང་འདྲེལ་བའི་མཚན་དུ་བཤད། །ཅེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། མཚན་གྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པས་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་རང་གསལ་ངོ་བོ་ལ། །གཉིས་པའི་ཆོས་དང་རྣམ་བྲལ་ཡང་། །རྟོགས་དང་མ་རྟོགས་ཁྱད་པར་གྱིས། །འཇུག་ཚུལ་རིམ་པར་བཤད་དུ་གསོལ། །ཞེས་གསུངས་སོ། །དེ་ནས་ཡང་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། རང་སྣང་ཡེ་ཤེས་གསལ་བ་ལ། །རྣམ་རྟོག་སྒྲིབ་པའི་ཆོས་མི་གནས། །གདོད་ནས་དག་པའི་ཡེ་ཤེས་ནི། །ནམ་མཁའ་གསལ་བའི་འོད་དང་མཚུངས། །འདོད་པ་ཀུན་འབྱུང་རིན་པོ་ཆེ། །ཆགས་མེད་པདྨ་ལྟ་བུའི་ངང་། །རང་བྱུང་རང་གསལ་རང་ལ་རྫོགས། །རྡོ་རྗེ་སེམས་དཔའ་གསང་བའི་མཆོག །ཀུན་འབྱུང་ཆགས་པ་ཆེན་པོའི་མཆོག །ཟབ་མོ་བརྟག་དཀའ་རྒྱ་ཆེན་ཉིད། །དམིགས་བྲལ་མཁའ་མཉམ་རྒྱས་པའི་མཆོག །འོད་


DNG005_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བདེ་མཆོག་རང་གསལ་ལུང་། །འདི་ནི་ནམ་མཁའི་མཐའ་མཉམ་ལུང་། །རང་གསལ་རིག་པ་མངོན་རྟོགས་པས། །བཅོས་བྲལ་རིག་པ་གསལ་བའི་ངང་། །ཆོས་སྐུ་འོད་འབར་དུས་གཅིག་གསལ། །བདེ་མཆོག་རོ་ལ་དུས་གཅིག་བཞུགས། །འོད་གསལ་རིག་པའི་གདེང་ལྡན་ན། །རང་གསལ་མ་ཡིན་ཆོས་མི་གནས། །རང་བྱུང་འོད་ལྔ་རྟག་ཏུ་འབར། །ཡེ་ཤེས་འབར་བ་མཆོག་གི་གནས། །དུས་གཅིག་རིག་པ་རང་གསལ་ན། །རིམ་སྐྱེའི་ཤེས་པ་ནོར་བའི་ལམ། །གསལ་ལ་མི་མངོན་ཆོས་དབྱིངས་ནི། །ཐམས་ཅད་ཀུན་ལ་ཁྱབ་པར་གནས། །རྟོག་པས་མ་བཅོས་བླ་མའི་ས། །འཁོར་བ་ཉིད་ན་ཡེ་སངས་རྒྱས། །མ་བཅོས་ས་ལ་དུས་གཅིག་ཕྱིན། །འོད་གསལ་ཀླུང་ལ་རྟག་བཞུགས་ཀྱང་། །འགྲོ་བའི་དོན་ལ་ཕྱོགས་རིས་མེད། །ཁམས་གསུམ་འཁོར་བའི་བཙོན་ར་ཡང་། །རིག་པ་རང་གསལ་ཆེན་པོར་བལྟ། །དུག་ལྔ་བརྩེགས་པའི་རི་བོ་ཡང་། །རང་གསལ་ཡེ་ཤེས་ལྔ་རུ་འབར། །ཐམས་ཅད་ཡེ་ཤེས་གསལ་བ་ལ། །གཉིས་པའི་རྟོག་པ་གདོད་ནས་སྟོང་། །གང་ཞིག་འོད་གསལ་ཆེན་པོ་ལ། །རིག་པ་སེམས་དང་མི་ལྡན་ན། །བཙལ་བའི་རྣམ་གྲངས་ཅི་སྤྱད་ཀྱང་། །བྱས་ན་འཆིང་བ་ཆེན་པོར་འགྱུར། །དམ་ཚིག་མི་བསྲུང་ཐ་མལ་སེམས། །འཇིག་རྟེན་གྲགས་པ་གཙོར་ལེན་པས། །རང་བྱུང་རིག་པའི་སེམས་དང་བྲལ། །མུན་གྱུར་བདེན་པའི་དོན་ལས་ཉམས། །ཇི་ལྟར་བཙལ་བ་དེ་ཉིད་འཁྲུལ། །གང་ལྟར་བལྟས་པ་དེ་ཉིད་ནོར། །ལྟ་ལོག་སྤྱོད་རྩིང་མུ་སྟེགས་པ། །ཤི་ནས་དམྱལ་བ་ཆེན་པོར་འགྲོ། །ཐར་པའི་སྐབས་དང་བྲལ་ནས་ཀྱང་། །ཐེག་ཆེན་གསང་བའི་རིགས་དང་བྲལ། །ཡང་དག་གསང་བའི་དོན་རྟོགས་ན། །ཅི་སྤྱད་ཡེ་ཤེས་འོད་དུ་འབར། །ཐམས་ཅད་གསལ་བའི་མེ་ལོང་བས། །ཡེ་ཤེས་རང་གསལ་འོད་དུ་འབར། །ཞེས་གསུངས་སོ། །ནམ་མཁའི་


DNG005_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། གདམས་ངག་ཕོག་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀུན་གྱི་གསང་བའི་གཏེར། །དུས་གསུམ་རྒྱལ་བའི་དགོངས་པའི་ལུང་། །གང་ཟག་དམ་པ་གང་ལྟར་བརྟགས། །མགོན་པོ་ཆེན་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། རྡོ་རྗེ་ཐེག་པ་བཤད་དང་ཉན། །སྐྱོན་དང་ཡོན་ཏན་རིམ་པ་ནི། །རྡོ་རྗེ་བླ་མ་མན་ངག་ཅན། །རིག་པ་གསང་བའི་མཛོད་འཛིན་ཅིང་། །རང་གསལ་ལུང་གི་དོན་ལ་གོམས། །ཤེས་རིག་ཡེ་ཤེས་ཉིད་དུ་གསལ། །རྣ་བརྒྱུད་མན་ངག་ལྡན་པ་དང་། །རིག་པ་མཛོད་ཀྱི་ཉམས་དང་ལྡན། །ཡེ་ཤེས་འཁོར་ལོ་བསྐོར་ཞིང་འབེབས། །རྒྱལ་ཐབས་དབང་ཐོབ་མན་ངག་ལྡན། །སྤྱོད་པ་མ་བཅོས་ཀླུང་དུ་ཞུགས། །ཐུགས་རྗེས་འགྲོ་བ་སྒྲོལ་ལ་བརྩོན། །ཆོས་ལ་ཕྱོགས་རིས་མི་མངའ་ཞིང་། །གསང་བའི་མན་ངག་འཚོ་མཁས་ཏེ། །ཐེག་པའི་བྱེ་བྲག་མ་རྨོངས་པས། །ལྟ་བའི་ཆེ་བ་རྟོགས་པར་ལྡན། །ཚིག་གཅིག་དོན་ཀུན་རྟོགས་པའི་བློ། །ཤེས་རབ་ཆེན་པོ་འོད་འབར་བས། །བག་ཆགས་ཕུང་པོ་སྲེག་བྱེད་པ། །རྡོ་རྗེ་བླ་མར་ཡིན་པར་བརྟག །དྲེགས་དང་སྙིང་རྗེ་ཆུང་བ་དང་། །རྣ་བརྒྱུད་གདམས་ངག་མི་ལྡན་ཞིང་། །ཐོས་ཆུང་ཁེ་གྲགས་བཅུད་འཛིན་ཅིང་། །དབང་ལུང་མན་ངག་མི་ལྡན་པ། །ཕོངས་པས་ཕོངས་པར་གྱུར་ནས་ནི། །མན་ངག་དམ་པས་ཕོངས་པར་འགྱུར། །དད་པས་ལུས་སྲོག་མི་བལྟ་ཞིང་། །རྡོ་རྗེ་བླ་མ་གུས་པས་ཁུར། །མན་ངག་གསང་བ་གཞུང་ལྡན་པས། །གསང་བ་སྤེལ་བར་མི་བྱེད་ཅིང་། །རང་གསལ་རིག་པའི་དོན་ལ་དགའ། །བསྐལ་པར་མི་འགྱུར་སྤུན་ལ་སེམས། །སྙིང་རྗེ་དམ་ཚིག་ལྡན་པ་དང་། །བརྩོན་འགྲུས་ཤེས་རབ་ལྡན་


DNG005_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །རྒྱལ་ཚབ་ངེས་པ་གཅིག་ལ་གཏད། །བླ་མ་གཞུང་ལྡན་མཁས་པ་ཡིས། །སྣོད་ལྡན་རྒྱལ་སྲས་དེ་དག་ལ། །རང་གསལ་ཡེ་ཤེས་དོན་བཤད་ན། །སྐད་ཅིག་ཉིད་ལ་རྫོགས་སངས་རྒྱས། །དད་མེད་ཆགས་པ་ཆེ་བ་དང་། །སེར་སྣ་རང་ཆེ་ཕྱོགས་བལྟ་ཞིང་། །འཇིག་རྟེན་གྲགས་པ་གཉེར་བ་དང་། །དམ་མེད་བརྩོན་འགྲུས་ཆུང་བ་དང་། །ཡེ་ནས་བློ་འཕང་དམའ་བ་དང་། །འཇིག་རྟེན་བྱ་བའི་རྒྱུར་སྒྲུབ་དང་། །ཐེག་པ་དམན་པར་ཞུགས་པ་དང་། །ཆོས་ལ་ཕྱོགས་རིས་ངོམས་སྐྱེན་དང་། །རྡོ་རྗེ་བླ་མ་བསླུ་བ་དང་། །ངེས་པའི་དོན་ལ་སྐུར་འདེབས་པ། །འདི་ལ་གསང་བའི་སྒོ་ཕྱེ་ནས། །ནོར་བུ་རིན་ཆེན་གང་གཏོད་པ། །རྡོ་རྗེ་དམྱལ་བར་སྐྱེ་བར་ངེས། །གལ་ཏེ་ཐར་ཞིང་སེམས་སྐྱེས་ན། །གསང་བའི་དོན་དང་ཕྲད་མི་འགྱུར། །རྡོ་རྗེ་བླ་མ་སྨོད་པ་ནི། །དུས་གསུམ་རྒྱལ་བ་སྨད་པའི་མཐུས། །བདུན་རྒྱུད་ཚུན་ཆད་བརླག་འགྱུར་ནས། །རྡོ་རྗེ་འབར་བའི་ནང་དུ་སྐྱེ། །གལ་ཏེ་དམ་པར་འཇུག་འདོད་ན། །སྐྱབས་ཀྱི་དམ་པ་རྙེད་མི་འགྱུར། །གང་ཞིག་གསང་བའི་གསུང་མཆོག་ལ། །གང་ཞིག་སྤངས་ཤིང་སྐུར་བཏབ་པས། །རྒྱལ་བའི་གསུང་མཆོག་སྤངས་པ་ཡིན། །ཐར་པའི་སེམས་དང་གཏན་དུ་བྲལ། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། གང་ཟག་བརྟག་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས། །གསང་མཛོད་ཐུགས་ཀྱི་མེ་ལོང་འདི། །བསྟན་དང་བཤད་དང་བཀླག་པ་ཡི། །ཡོན་ཏན་རྒྱ་ཆེར་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། དུས་གསུམ་རྒྱལ་བའི་གཏེར་གྱི་དབྱིག །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །


DNG005_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ཡང་སྙིང་བསྟན་པའི་བཅུད། །སངས་རྒྱས་ཀུན་གྱི་དགོངས་པའི་ལུང་། །ངེས་པར་གཅིག་ཏུ་བསྟན་པའི་རྒྱུད། །སྐུ་གསུང་ནམ་མཁའི་མཐའ་མཉམ་པ། །སྤྲོས་བྲལ་བསྟན་པ་ཅིར་མི་དགོངས། །ཐེག་པའི་ཡང་རྩེ་ཀུན་སྤྱི་འགྲེལ། །ལུང་གསུམ་མན་ངག་ཀུན་གྱི་བཅུད། །རིན་ཆེན་ཕུང་པོ་ཟད་མི་ཤེས། །ཟག་མེད་ཡེ་ཤེས་བདེ་ཆེན་ཀློང་། །རྟག་པ་ཡེ་ཤེས་འཁོར་ལོ་ཅན། །རབ་ཏུ་གསང་བ་རྟོགས་དཀའ་ཞིང་། །དམན་པའི་སྤྱོད་ཡུལ་མ་ཡིན་པ། །རང་གསལ་རང་གི་ཡེ་ཤེས་མཛོད། །རང་བྱུང་རིག་པའི་འོད་ལ་ཞུགས། །བདེ་ཆེན་ཁྱབ་པའི་ངོ་བོ་ནི། །ནམ་མཁར་འཛིན་པའི་སེམས་དང་བྲལ། །འདི་ལ་མོས་པའི་གང་ཟག་ནི། །སངས་རྒྱས་ས་ལ་སྐལ་བ་མཉམ། །རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །རང་གསལ་ཁྱབ་པའི་འོད་མངའ་ཞིང་། །རིག་པ་གསལ་བའི་དབྱིངས་ལ་གནས། །འཁོར་བ་སངས་རྒྱས་དུས་གཅིག་གསལ། །རིག་པ་ཡེ་ཤེས་གསང་བར་སྣང་། །འགྲོ་དྲུག་ཡེ་ཤེས་སྙིང་པོར་གསལ། །དངོས་པོ་ཐམས་ཅད་གསལ་བར་རྟོགས། །བསྟན་པའི་སྙིང་པོ་གང་འཆར་བ། །རྒྱལ་བའི་སྐུ་གསུང་ཐུགས་འཆང་བ། །དེ་བཞིན་མ་ནོར་རིག་པས་འཛིན། །ཡེ་ཤེས་ཉི་མའི་འོད་ལྟར་སྙོམས། །ཐུགས་རྗེས་འགྲོ་བའི་དཔལ་དུ་ཤར། །བདུད་དང་བགེགས་ཀྱིས་མི་ཚུགས་ཤིང་། །རིག་པའི་དཀྱིལ་འཁོར་ཉིད་དུ་འཆར། །ཀློག་དང་འབྲི་དང་འཛིན་པ་ལ། །ཀུན་ཀྱང་བུ་བཞིན་སྐྱོང་བར་བྱེད། །དེ་ཕྱིར་བསྟན་པའི་ཡང་སྙིང་འདི། །རིགས་ངེས་རྒྱལ་ཚབ་གཅིག་ལ་གཏད། །བྲག་དང་ཆུ་གཏིང་སྦ་བྱ་སྟེ། །སྲོག་དང་བྲལ་བའི་ཁ་བཞིན་བསྡམ། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། རྒྱུད་གཟུང་བའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པར་སྦྱོར་བ་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་
མཁན་པོ་ཤྲཱི་སིངྷ་དང་། བོད་ཀྱི་ལོཙྪ་བ་དགེ་སློང་བཻ་རོ་ཙ་ནས་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་བའོ། །བར་འདི་ནས་སྙིང་པོ་བདེ་བ་ཆེན་པོ་སྤུ་གྲི་པདྨ་རལ་གྲི་འཁོར་ལོའི་རྒྱུད་འཛུད།། །།

ཡེ་ཤེས་གསང་བའི་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ཅེས་བྱ་བ།


DNG005_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཛྙཱ་ན་གུ་ཧྱ་དཱི་པ་རཏྣ་པ་དེ་ཤ་ཏནྟྲ་ནཱ་མ།བོད་སྐད་དུ། ཡེ་ཤེས་གསང་བའི་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ཅེས་བྱ་བ།བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་གསང་བ་མཆོག་གི་བདག་པོ་དེས། མཁའ་སྤྱོད་འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཁའ་ཀློང་ཡངས་པའི་གནས་མཆོག་ན། གཏང་གཞག་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དུས་ན། དེའི་ཚེ་འཁོར་སངས་རྒྱས་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། ཤ་ཟ་དང་། སྲིན་པོ་དང་། གནོད་སྦྱིན་ལ་སོགས་པ་རྣམས་ཀྱི་ནང་ནས། རྡོ་རྗེ་སེམས་དཔས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། དངས་པའི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་དྲུང་དུ། ལུས་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་བཅོམ་ལྡན་རྡོ་རྗེ་འཆང་། །གསང་བའི་བདག་པོ་མཐུ་སྟོབས་ཅན། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན། །བདག་ཅག་རྣམས་ལ་བཤད་དུ་གསོལ། །ཞེས་གསོལ་ཏོ། །རྡོ་རྗེ་འཆང་གསང་བའི་བདག་པོ་དེས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཉིད་དོན་གྱི་རྣལ་མ་དེ། །མ་བཅོས་མ་བསླད་རང་བྱུང་བ། །ཚིག་དང་ཡི་གེ་བརྗོད་ལས་འདས། །ཡིད་ལ་མ་བྱས་མཚོན་དང་བྲལ། །བརྡའ་འམ་ཐབས་ཀྱིས་བསྟན་པ་ལས། །ངག་ཏུ་བརྗོད་པའི་ཆོས་ཉིད་མིན། །དོན་དམ་དེ་ལ་བརྗོད་མེད་ཀྱང་། །བླ་མའི་ཐབས་ཀྱིས་མ་མཚོན་ན། །གནས་ལུགས་དེ་ནི་རྟོགས་མི་འགྱུར། །ཆོས་རྣམས་ཐམས་ཅད་བརྡའ་ཡིས་བསྟན། །བརྡའ་ལ་གོམས་པའི་རྣལ་འབྱོར་པས། །བརྡའ་ཡི་དོན་ལ་སྐྱོལ་བར་ནུས། །ཡེ་ཤེས་གསང་བ་སྒྲོན་མ་


DNG005_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་འབྲིག་མེད།༽རིན་པོ་ཆེ་མན་ངག་གི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་གསང་བའི་བདག་པོ་ལགས། །ཆོས་ཉིད་མཚོན་པས་རྟོགས་འདོད་པའི། །སློབ་དཔོན་སློབ་མའི་མཚན་ཉིད་ནི། །གསང་བའི་བདག་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །གསང་བའི་བདག་པོས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སློབ་དཔོན་སློབ་མའི་སྣོད་བཅུད་དེ། །ལེགས་པར་བཤད་ཀྱིས་ཡིད་ལ་ཟུང་། །དཀའ་བ་མང་སྤྱད་སྐྱོ་ངལ་ཆུང་། །རྒྱུད་ལ་མཁས་ཤིང་མན་ངག་ཆེ། །ཐུགས་རྗེ་ཆེ་ལ་འདོད་པ་ཆུང་། །བརྒྱུད་པ་ལྡན་ལ་མཚོན་པ་མཁས། །དབང་རྣམས་ཐོབ་པ་ཏིང་འཛིན་གསལ། །དེ་རྣམས་ལྡན་པའི་བླ་མ་ལ། །བཅུད་དང་ལྡན་པར་ངས་བཤད་དོ། །བླ་མ་ལ་གུས་གཏོང་ཕོད་ཆེ། །དད་པ་ལྡན་ལ་བརྩོན་འགྲུས་ཆེ། །བླ་མ་མི་གསང་ཤེས་རབ་ལྡན། །སེམས་བཟང་གོ་ཆ་མཐུག་པ་དང་། །རྒྱུད་འཇམ་ཞེ་སྡང་ཆུང་བ་དང་། །འཇིག་རྟེན་འདྲེལ་བའི་སྐྱོབ་ཆེན་མིན། །བླ་མ་འཁོར་བའི་གཉེན་གཅིག་པོ། །སྐྱེ་ཤི་ལ་སོགས་སྡུག་བསྔལ་གྱིས། །མཐོང་ནས་དེ་ལས་སྒྲོལ་འདོད་པ། །དེ་རྣམས་ལྡན་པའི་སློབ་མ་ནི། །སྣོད་དང་ལྡན་པར་ཤེས་པར་གྱིས། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། སློབ་དཔོན་སློབ་མའི་མཚན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་གསང་བའི་བདག་པོ་ལགས། །སྣོད་ལྡན་སྨིན་པར་བྱ་བའི་ཕྱིར། །དབང་གི་རིམ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གསང་སྔགས་རྒྱུད་ལ་མོས་འདོད་ན། །སྨིན་པར་བྱ་ཕྱིར་དབང་བསྐུར་བས། །ལྷ་དབང་ལུས་ལ་བསྐུར་བ་ནི། །


DNG005_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་འབྲིག་མེད།༽ཟག་བཅས་ལྷ་ཡི་དབང་བསྐུར་ན། །ཐུན་མོང་དངོས་གྲུབ་ཕྲ་མོ་འབྱུང་། །འཇིག་རྟེན་ཆོས་ལ་དབང་བསྒྱུར་བས། །རང་ལུས་ལྷ་རུ་ཕྱག་རྒྱ་ཤེས། །སྐྱེ་མེད་རིག་པའི་དབང་བསྐུར་ན། །རང་ལུས་མ་སྐྱེས་དངོས་གཞི་མེད། །སེམས་ཀྱི་དཀྱིལ་འཁོར་འོད་གསལ་བས། །རྡུལ་ཚོན་རྫས་ལ་རག་མ་ལས། །དབང་ཐོབ་བྱིན་བརླབས་རྟགས་རྣམས་འབྱུང་། །རང་སེམས་མཐོང་བས་ཏིང་འཛིན་གསལ། །བྱིན་བརླབ་དགུག་གཞུག་བྱ་མི་དགོས། །ཐབས་དང་ཤེས་རབ་ཟུང་དུ་འདྲེལ། །བདེ་ཆེན་ཆོས་སྐུར་ཤེས་པས་ན། །མཚན་མའི་བློ་ཡང་རང་སར་གྲོལ། །གཟུང་འཛིན་ཐག་པ་དེ་རུ་ཆད། །རིག་པ་སྟོང་གསལ་དབྱེར་མེད་ལ། །གབ་པ་མངོན་དུ་ཕྱུང་བས་ནི། །རང་བྱུང་ཡེ་ཤེས་ངོ་བོ་ཉིད། །རིག་པ་འཛིན་མེད་གཏན་ལ་ཕེབ། །རིག་མ་ལ་སོགས་བཙལ་མི་དགོས། །བདག་དང་བདག་གིར་འཛིན་པ་ཟད། །འཛིན་མེད་སེམས་ལ་བཅོས་བསླད་མེད། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། རིག་པ་རྩལ་གྱི་དབང་བསྐུར་བའི་ལེའུ་སྟེ་གསུམ་པའོ།། །དེ་ནས་ཡང་སེམས་དཔའ་ཆེན་པོ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་གསང་བའི་བདག་པོ་ལགས། །རང་བྱུང་རིག་པའི་དབང་བསྐུར་ནས། །བསྒོམ་པའི་རིམ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །གསང་བའི་བདག་པོས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ངེས་པའི་དོན་ལ་མོས་པ་ཡི། །རྣལ་འབྱོར་པ་ཡི་དོན་ཆེད་དུ། །སེམས་ཀྱི་གཞག་ཐབས་འདི་ལྟར་ལགས། །དཔེ་དོན་རྟགས་དང་ཏིང་འཛིན་ཉམས། །གཞག་ཐབས་བཙའ་ཐབས་བཅོས་པའི་ཐབས། །རྣམ་པ་བརྒྱད་དུ་རིག་པར་བྱ། །ཡོན་ཏན་རྣམ་པ་གསུམ་དུ་བསྟན། །དཔེ་ཡིས་མཚོན་པ་འདི་ལྟར་ལགས། །བྲམ་ཟེ་གཙང་མས་ཁྲུས་གསོལ་ཏེ། །རྒྱལ་སྲིད་ཀུན་ལ་དབང་བསྒྱུར་བཞིན། །མ་ལས་སེམས་ཅན་ཐམས་ཅད་ལ། །བྱང་ཆུབ་གཉིས་མེད་རང་བཞིན་གནས། །དེ་དོན་རྟོགས་པར་བྱ་བ་ནི། །དམིགས་པ་


DNG005_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་བརྟན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་གོམས་བྱས་ནས། །དམིགས་མེད་ངོ་བོ་ཉིད་དུ་གྲུབ། །མ་ཟིན་ཟིན་ཕྱིར་སྣང་བཞི་བསྒོམ། །ཟིན་པ་བརྟན་ཕྱིར་གོམས་པར་བྱ། །འཛིན་མེད་རང་གསལ་རྟེན་མི་འཆའ། །ཟང་ཐལ་རིག་པ་རྗེན་པར་བཞག །བརྟན་པ་བོགས་དབྱུང་ལ་བཟླ་བས། །རང་སེམས་དག་པ་ཆོས་སྐུ་ཡིན། །རང་བྱུང་ཡེ་ཤེས་མཐའ་ལས་འདས། །ཞི་གནས་ལྷག་མཐོང་ཟུང་དུ་འདྲེལ། །རིག་པ་ཡུལ་གྱིས་མི་གནོད་པ། །དཔེར་ན་དངུལ་ཆུ་འབོ་བ་འདྲ། །རྟགས་ནི་ལུས་ངག་ཡིད་གསུམ་ལ། །ལུས་ནི་འདར་ཞིང་སྤྲུག་པ་དང་། །འཕགས་དང་རྒྱུག་པའི་ལས་རྣམས་བྱེད། །ངག་ནི་རྒོད་ཅིང་ངུ་བ་དང་། །ཁ་ནས་སྒྲ་སྐད་སྣ་ཚོགས་འདོན། །སེམས་ནི་འཛིན་མེད་བཏང་དཀའ་བས། །ཕྱི་ནང་ཤེས་པ་མི་འགྱུར་ཞིང་། །དཔེར་ན་སྦྱིན་ཕོར་མཛུབ་བཙུགས་བཞིན། །ཏིང་འཛིན་གོམས་པར་བྱ་བ་ནི། །རྒྱུད་དང་སྣོད་དང་དེ་བཞིན་ཉིད། །ཉམས་ནི་མིང་དུ་མི་ཐོགས་པར། །ཤེས་པ་ཁོང་ནས་དག་པ་འབྱུང་། །སྔར་མ་ཐོས་པའི་ཆོས་སྐད་འབྱུང་། །དེ་དོན་རྟོག་མེད་ཡུལ་ལ་མ་ཞེན་ན། །འཛིན་མེད་སེམས་དང་མ་བྲལ་བས། །སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་། །སེམས་ཀྱི་རྩི་ཡིས་ཟིན་པས་ན། །འདི་ནི་གཞག་ཐབས་དམ་པ་སྟེ། །དགོངས་པ་བུཌྜྷའི་ཐུགས་དང་མཉམ། །དེ་དོན་རྒྱུད་ལ་བཙའ་བ་ནི། །རྩིས་གདབ་འཛིན་པའི་རྟོག་པ་མེད། །དཔེར་ན་ཐི་བྱ་ཚང་འཇུག་བཞིན། །མ་ཡེངས་ལམ་དུ་ཁྱེར་དགོས་པས། །དཔེར་ན་དམུ་རྒོད་རྟ་འདུལ་བཞིན། །མ་ཡེངས་པར་ནི་གཞག་པར་བྱ། །དེ་ལས་སེམས་ནི་འཕྲོ་འགྱུར་ན། །དཔེར་ན་ནམ་མཁའི་སྤྲིན་བཞིན་དུ། །འབྱུང་ཡང་གཞི་ལ་གནོད་མེད་ལྟར། །རྟོག་པས་མི་འགྲིབ་བཅོས་མི་དགོས། །གསལ་ལ་མི་རྟོག་ཀྱེ་མ་ཧོ། །མི་བསྐྱོད་རྒྱ་མཚོའི་གཏིང་དང་འདྲ། །བྱང་ཆུབ་སེམས་ཀྱི་རིག་པ་འདི། །གཉུག་མར་གནས་པ་ཆོས་ཀྱི་སྐུ། །སྔ་ཕྱི་རྗེས་འབྲང་འཁྲུལ་པའི་ལམ། །


DNG005_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་མི་འགྱུར་བཀྲིར་མི་བཏུབ། །ཤེས་པ་བྱིང་བར་གྱུར་པའི་ཚེ། །འཕྲོ་འདུའི་ཐབས་ཀྱིས་ཞི་བར་འགྱུར། །ཤེས་པ་རྒོད་པར་གྱུར་པའི་ཚེ། །འགྱུ་བ་དལ་བུས་བདའ་བ་ནི། །རྗེས་ནས་བཅུག་པས་རང་སར་ལྡོག །དཔེར་ན་རྐུན་པོ་ཚོར་མ་ཐག །མ་བསྐྲད་རང་བཞིན་དེངས་པ་བཞིན། །སེམས་ཀྱི་རང་བཞིན་ཆོས་ཉིད་ལ། །རང་བཞིན་གསལ་བར་ངང་གིས་ཞོག །དེ་ལྟར་རྟོགས་པའི་རྣལ་འབྱོར་ཉམས། །ཤིང་བལ་ལྟ་བུའི་ལུས་འབྱུང་ལ། །དབུགས་ནི་ཕྱི་ནང་འགྱུ་མི་ཚོར། །ཆོས་ཉིད་བདེ་གསལ་ཆེན་པོའི་ཉམས། །ཡོན་ཏན་འཆར་ལུགས་འདི་ལྟར་ལགས། །མཐའ་དབུས་མེད་པས་ནམ་མཁའ་འདྲ། །འཇིག་དྲལ་མེད་པས་རྡོ་རྗེ་འདྲ། །ཆགས་ཞེན་མེད་པས་བུང་བ་འདྲ། །རང་བྱུང་ཡེ་ཤེས་ངོ་བོ་ཡིན། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། སེམས་ཀྱི་གཞག་ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ་ཧོ་གསང་བའི་བདག་པོ་ལགས། །སྐྱོན་མི་མངའ་ལ་ཡོན་ཏན་རྫོགས། །བདུད་དང་ཆོས་སུ་དབྱེ་བའི་ཕྱིར། །བདུད་ཀྱི་ངོས་བཟུང་བསྟན་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་བ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བདུད་དང་ཆོས་སུ་དབྱེ་བ་ལ། །རྣམ་པ་བཅོ་བརྒྱད་འདིར་བཤད་དོ། །གཟུགས་ནི་ཕུང་པོའི་བདུད་དུ་གནས། །བུ་སོགས་ལྷ་ཡི་བདུད་དུ་སྤྲུལ། །དེ་ལ་འཛིན་པ་ཉོན་མོངས་བདུད། །འཁྲུལ་པའི་སེམས་ནི་འཆི་བདག་བདུད། །དགོས་པའི་ནོར་ཡང་བདུད་ཡིན་པས། །གནོད་སྦྱིན་ལྷ་ཡང་དེ་དང་འདྲ། །སྟོང་པ་ཕྱལ་ཆད་ལྟ་བའི་བདུད། །ཧད་པོ་བོགས་མེད་བསྒོམས་པའི་བདུད། །རྟོག་མེད་རང་ག་སྤྱོད་པའི་བདུད། །ཐུག་མེད་འདོད་པ་འབྲས་བུའི་བདུད། །ཕྲ་མོས་ཆོག་ཤེས་ཐོས་པའི་བདུད། །རྩ་རླུང་འཁྲུག་པ་རླུང་གི་བདུད། །གྲུབ་མཐའ་ལོག་པ་ཆོས་ཀྱི་བདུད། །མི་ཐུབ་དམ་བཅའ་སྡོམ་པའི་བདུད། །འདུ་འཛི་ལོངས་སྤྱོད་གཡེང་བའི་


DNG005_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བདུད། །ལས་དོན་འདྲེལ་བ་གྲོགས་ཀྱི་བདུད། །ཐེ་ཚོམ་སྐྱེས་ན་ཉམས་ཀྱི་བདུད། །ཐབས་ཀྱིས་མ་ཟིན་ཤེས་རབ་བདུད། །བར་ཆོད་བགེགས་རྣམས་སེམས་ཤེས་པས། །བདུད་ཀྱི་གེགས་སེལ་ཉམས་ལ་ཕན། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། བདུད་ཀྱི་ངོས་བཟུང་བསྟན་པའི་ལེའུ་སྟེ་ལྔ་པའོ།། །དེ་ནས་ཡང་རྡོ་རྗེ་སེམས་དཔས་ཞུས་པ། ཀྱེ་ཧོ་གསང་བའི་བདག་པོ་ལགས། །བདུད་ཀྱི་འཇིགས་པ་སེལ་བའི་ཕྱིར། །འཇིགས་མེད་སྐྱབས་ཤིག་བསྟན་དུ་གསོལ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་སེམས་མ་རྟོགས་བདུད་དུ་ཤར། །ཡོད་པར་ངོ་ཤེས་སྐྱབས་ཡིན་པས། །ངེས་མཚོན་ངོ་སྤྲད་འདི་ལྟར་བྱ། །སྣང་བ་ཤེས་སུ་ཤེས་པར་གྱིས། །སེམས་ཀྱི་རང་བཞིན་སྟོང་པ་ཡིན། །སྟོང་པ་འཛིན་མེད་བསམ་དུ་མེད། །བསམ་མེད་མཐའ་བྲལ་ཆོས་སྐུ་ཡིན། །ཟིན་པ་རྩོལ་བའི་ནད་དང་བྲལ། །ལྷུན་གྱིས་གནས་པར་རྟོགས་པ་ན། །དེ་དང་མ་བྲལ་རྣལ་འབྱོར་རྒྱན། །གཞན་བཙལ་འཇིགས་པའི་སྐྱབས་མི་རྙེད། །རང་བྱུང་ཡེ་ཤེས་ཁ་དྲག་སྐྱེལ་མ་འདྲ། །རང་སེམས་ཆོས་ཀྱི་སྐུར་རྟོགས་པས། །འཇིགས་པ་ཡི་ནི་ནད་དང་བྲལ། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། བདུད་ཀྱི་འཇིགས་པ་བསལ་བའི་ལེའུ་སྟེ་དྲུག་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ་གསང་བའི་བདག་པོ་ལགས།མ་རིག་པ་ཡི་ལིང་ཐོག་སེལ་བ་ལ། །ངེས་དོན་བདུད་རྩི་ལྟ་བུའི་སྨན། །ཁྱེད་ཀྱིས་བདག་ལ་གསུང་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྒྱུད་ཀྱི་རྗེས་སུ་མོས་པ་ལ། །དང་པོར་དབང་བསྐུར་ལེགས་བྱ་སྟེ། །དེ་ནས་ཡང་དག་བཤད་པར་བྱ། །ཇི་བཞིན་པ་ཡི་ཆོས་ཉིད་ལ། །མ་ཡེངས་གསལ་བར་བསྒོམ་པར་བྱ། །སེམས་རྟོག་མེད་ཅིང་


DNG005_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་གསལ། །གནས་ལུགས་ངང་ལས་མ་གཡོས་པས། །དཔེར་ན་གསེར་གླིང་ཕྱིན་པ་འདྲ། །དགོངས་པ་རྡོ་རྗེ་འཆང་དང་མཉམ། །དེ་ཉིད་གསལ་ལ་མ་ཞེན་ན། །ཡང་དག་དོན་ལ་གནས་པ་ཡིན། །ཆགས་སྡང་གཏི་མུག་དབང་གིས་ནི། །རྒོད་ཅིང་བྱིང་བ་བྱུང་བའི་ཚེ། །ཕྱི་ནང་གསང་བ་གསུམ་པོ་ལ། །སེམས་གཏད་དེ་ནི་ཞི་བར་འགྱུར། །ཁམས་བདེ་ཐུན་ནི་རིང་བར་བྱ། །མི་བདེ་ཐུན་བཞིར་བསྒོམ་པར་བྱ། །དེ་ནས་བལྟ་བས་ཐག་བཅད་དེ། །མཐའ་གཉིས་དམིགས་པའི་ཡུལ་ལས་གྲོལ། །དམིགས་པ་མེད་པ་བྱང་ཆུབ་སེམས། །གཟུང་འཛིན་མེད་པའི་ཡེ་ཤེས་ལ། །ཆོས་ཀུན་བྱང་ཆུབ་སེམས་སུ་གཅིག །སེམས་ནི་ནམ་མཁའི་མཚན་ཉིད་ལྟར། །མཚན་མ་མེད་པར་རོ་གཅིག་པས། །སྐྱེ་མེད་རྣམ་གྲོལ་བདུད་རྩིའི་ཟས། །དངོས་པོར་བལྟ་བའི་དུག་འཇོམས་པ། །བྱང་ཆུབ་སེམས་ཀྱི་ལམ་ཆེན་འདི། །དངོས་པོ་སྟོང་པ་ཉིད་ལས་གྲོལ། །གདགས་སུ་མེད་པའི་སེམས་ཉིད་ལ། །མཚན་མར་བཏགས་ན་བློ་ཡིན་པས། །ཆོས་ཉིད་བློ་ལས་འདས་པ་ཡིན། །བློ་ཡི་བློ་གྲོས་ངོ་མཚར་ཆེ། །དེ་ནི་བློ་གྲོས་དམ་པའི་རྒྱུ། །དེ་ཕྱིར་ཡོད་མེད་གཉིས་མེད་ཞེན། །ཡང་དག་བྱང་ཆུབ་སེམས་ཉིད་ལ། །ཡོད་པར་སྒྲོ་མི་འདོགས་པ་དང་། །མེད་པར་སྐུར་པ་མི་འདེབས་པས། །རྟག་དང་ཆད་པའི་མཐའ་ལས་འདས། །འབྱུང་བཞི་རྒྱུ་བའི་མིག་ཀྱང་རྩི་དམིགས་ཅན། །རླུང་སེམས་རང་ཁར་མ་ཡན་ན། །ཕྱི་ནང་འགྱུ་བ་མེད་པ་བཞིན། །མི་སྣང་བཞིན་དུ་འགྱུ་བར་ཟད། །དཔེར་ན་ནམ་མཁའི་སྤྲིན་བཞིན་དུ། །སྤྲིན་ཚོགས་ནམ་ཡང་གནོད་མི་ནུས། །དེ་བཞིན་བྱང་ཆུབ་སེམས་ཉིད་ལ། །རྟོག་པས་འགྲིབ་པར་ཡོངས་མི་ནུས། །རང་སེམས་དག་པ་ཆོས་ཉིད་ལ། །མ་བཙལ་ལྷུན་གྱིས་གྲུབ་པ་སྟེ། །གང་ལྟར་བསྒོམས་ཀྱང་ཐིག་ལེའི་ངང་། །དཔེར་ན་ཏིལ་གྱི་མར་མེ་བཞིན། །ཕྱི་ནང་གསལ་བའི་རིག་པའི་མདངས། །རང་སེམས་རྟོགས་པས་སངས་རྒྱས་པ། །འོག་མའི་ལམ་ལྔ་ས་མི་བགྲོད། །གསང་སྔགས་ཐབས་ལམ་སྐད་ཅིག་གིས། །


DNG005_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པའི་ཕུང་པོ་བསལ་བར་བྱེད། །དགའ་བདེ་སྡུག་བསྔལ་བྱུང་ཆེ་ན། །བཏང་སྙོམས་ཆེན་པོའི་ངང་བཞག་པས། །ངེས་དོན་བདུད་རྩིའི་སྨན་ཆེན་འདིས། །ཉོན་མོངས་ནད་རྣམས་ཞི་བར་མཛད། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། མ་རིག་པའི་ནད་རྣམས་བསལ་བའི་ལེའུ་སྟེ་བདུན་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ་ཧོ་གསང་བའི་བདག་པོ་ལགས། །རྣམ་པར་རྟོག་པ་གཅོད་པའི་ཕྱིར། །སྤུ་གྲི་ལྟ་བུའི་གདམས་ངག་གཅིག །བདག་ཅག་རྣམས་ལ་གསུང་དུ་གསོལ། །གསང་བའི་བདག་པོ་ཀུན་ཏུ་བཟང་པོས་བཀའ་སྩལ་བ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྣམ་དག་ཀུན་གྲོལ་ལམ་ཆེན་འདི། །རྒྱུད་ཀྱི་རྗེས་སུ་མོས་པ་ལ། །རང་སེམས་བུཌྜྷར་ཅེར་བསྟན་པ། །དངོས་གྲུབ་ཚེ་འདིར་ཐོགས་མེད་འཐོབ། །མ་བཙལ་ལྷུན་གྱིས་གྲུབ་པའོ། །དེ་ལྟར་མ་ཤེས་སེམས་ཅན་རྣམས། །རང་རེའི་བློ་ཡིས་བཅིངས་པ་ལ། །ཐབས་ནི་དུ་མ་གསུང་འགྱུར་ཀྱང་། །ཡང་དག་གདམས་ངག་རྒྱལ་པོ་འདི། །བཀའ་བརྒྱུད་སྤུ་གྲི་ལྟ་བུ་སྟེ། །གང་ཟག་འབུམ་ལས་འགའ་ཡི་དོན། །འབྱུང་བ་སེམས་ལ་གནས་པར་བྱ། །གང་ལ་མི་ལྟོས་མན་ངག་རྒྱུད། །ཟུང་དུ་འཇུག་པའི་ཡེ་ཤེས་ནི། །རང་ལུགས་བཞིན་དུ་ཤེས་པར་བྱ། །རྒྱུ་དང་རྐྱེན་ལ་རག་མ་ལུས། །ཐུག་ཕྲད་ཤུགས་ཀྱི་ལྷུག་པའོ། །སྐུ་གསུམ་འབྲས་བུ་རང་ཆས་པ། །ཡེ་ཤེས་རང་ཆས་ཟང་ཀ་མ། །འདི་ནི་རང་ལ་བྱིན་གྱིས་བརླབས། །རྣམ་ཤེས་འདུ་བའི་གནས་དག་ཏུ། །བག་ཕབ་ལུས་སེམས་གློད་པར་བྱ། །བརྟགས་པ་བློ་ཡི་ཞེན་པ་ལོག །མི་གནས་པ་ཡི་མཉམ་པ་ཉིད། །དགེ་བ་འཕེལ་བའི་གནས་དག་ཏུ། །ཕྲ་རགས་ཡུལ་ལ་བློ་མི་གཟུང་། །རང་སེམས་ཐབས་ཀྱིས་མཐོང་བྱ་སྟེ། །དངོས་པོར་ལྟ་བའི་ཡུལ་ལས་འདས། །ཡང་དག་ཤེས་རབ་མིག་ཕྱེ་ནས། །རང་སེམས་དྲི་མེད་རྗེན་པ་མཐོང་། །ཐང་ལ་ཕེབས་པའི་ཏིང་འཛིན་ཡིན། །དེ་ལྟར་ཁོང་དུ་ཆུད་པ་ན། །སྐྱེས་


DNG005_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཕུན་སུམ་ཚོགས་པ་ཡིན། །མཐོང་བའི་ཆོས་ལ་བློ་མི་གཞག །སྟོང་པ་ལ་ཡང་དེ་བཞིན་ནོ། །སེམས་ཉིད་དྲང་པོར་བཟུང་དུ་མེད། །ངེས་པར་རང་ལ་ཞེན་ན་འཆིངས། །འདི་ལ་ཆགས་པ་འགའ་ཡོད་ན། །རང་གིས་བཅིངས་པའི་སྲིན་བུ་བཞིན། །འབྲས་བུ་མེད་པར་བརླག་པར་འགྱུར། །དེ་བས་སངས་རྒྱས་ཐོབ་འདོད་པས། །རང་གི་སེམས་ཀྱི་རྩད་བཅད་སྟེ། །བསམ་མེད་ཡེ་ཤེས་སྣ་རྩེ་ཡིན། །དེས་ན་ཆོས་ཀུན་རྩ་བ་འདི། །སེམས་ཉིད་ཡིན་པར་ཤེས་པར་བྱ། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས།) སྤུ་གྲི་ལྟ་བུའི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་གསང་བའི་བདག་པོ་ལགས། །འགྲོ་བའི་སྐྱབས་མཛད་ཐུགས་རྗེ་ཅན། །བདག་ཅག་རྨོངས་པར་གྱུར་པ་ལ། །ཡེ་ཤེས་ངོས་གཟུང་བཤད་དུ་གསོལ། །གསང་བའི་བདག་པོས་ཡང་གསུངས་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དེ་ཉིད་ངོས་གཟུང་སྤྱི་བླུགས་དང་། །ཚོགས་དྲུག་ལྷུག་དང་ཐུག་ཕྲད་དང་། །གནས་པའི་ཐབས་དང་ལྔ་རུ་བཤད། །དང་པོ་ཡེ་ཤེས་ངོས་གཟུང་ནི། །སྨན་པ་མཁས་པ་ལྟ་བུ་སྟེ། །དེ་ཡིས་ནད་དང་ནད་པའི་ཉམས། །རྩ་དང་ཆུ་ཡི་སྒོ་ནས་རྟོག །ནད་ངོས་ཟིན་ན་མིང་འདོགས་བཞིན། །དེ་བཞིན་བདེ་བར་གཤེགས་པའི་རྒྱུད། །བླ་མ་མཁས་པའི་གདམས་ངག་དང་། །རང་གི་ཉམས་ཀྱི་བྱེ་བྲག་གིས། །ཚད་མ་གསུམ་ལ་བརྟེན་ནས་ནི། །ཡེ་ཤེས་མཁའ་ལྟར་ཁྱབ་པ་ལ། །ངོ་ཡིས་ཟིན་ན་བདེ་དང་འཕྲད། །ཡེ་ཤེས་སྤྱི་བླུགས་དགོངས་པ་ནི། །འཁྲུལ་གྱི་མེ་ལོང་སུམ་ཕྲུག་ལྟར། །དེ་བཞིན་གནས་ལུགས་རྟོགས་པའི་མིང་། །འདི་དང་ཕྱི་མ་གཉིས་སུ་མེད། །དེ་བཞིན་དོན་ལ་གནས་པའོ། །ཚོགས་དྲུག་ལྷུག་པའི་མན་ངག་ནི། །སྐྱེས་བུ་ནད་ཀྱིས་གཟིར་བ་ལ། །མ་སྲིང་ངོ་ཚའི་རྟོག་མེད་བཞིན། །དེ་བཞིན་སེམས་ཉིད་རྟོགས་པའི་མི། །བདག་གཞན་འཛིན་པའི་རྟོག་པ་མེད། །རྟོག་མེད་ལམ་དུ་ཁྱེར་དགོངས་པའོ། །ཡེ་ཤེས་


DNG005_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་ཕྲད་གདམས་ངག་ནི། །དཔེར་ན་དར་ཡའི་སྨན་བཞིན་དུ། །རེག་པས་ནད་རྣམས་ཞི་བར་བྱེད། །དེ་བཞིན་ཡེ་ཤེས་བདུད་རྩིས་ཟིན། །སེམས་ཅན་ལུས་ལ་བུཌྜྷའི་ཐུགས། །སེམས་གནས་པ་ཡི་མན་ངག་ནི། །རུས་སྦལ་འཁར་གཞོང་བཞག་པ་བཞིན། །ཡན་ལག་འཁུམས་པས་བཟུང་མོད་ལྟར། །དེ་བཞིན་རྣལ་འབྱོར་རྣམ་རྟོག་ཆུད། །རྣལ་འབྱོར་སེམས་ལ་དབང་བསྒྱུར་བས། །འཁྲུལ་པའི་ཤེས་པས་འཁྲུལ་མི་ནུས། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། ཡེ་ཤེས་ངོས་གཟུང་བའི་ལེའུ་སྟེ་དགུ་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ་ཧོ་གསང་བའི་བདག་པོ་ལགས། །རང་བྱུང་ཡེ་ཤེས་ངོ་བོ་ཉིད། །རང་ལ་འཆར་ལུགས་ཇི་ལྟར་ལགས། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །གསང་བའི་བདག་པོས་ཡང་གསུངས་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་བྱུང་ཡེ་ཤེས་ངོ་བོ་དེ། །འཆར་བའི་ཐབས་ནི་འདི་ལྟ་སྟེ། །རང་སེམས་གཉུག་མར་གནས་པ་ནི། །བླ་མའི་མན་ངག་ཐབས་ཀྱིས་ནི། །གནས་པའི་དོན་ཤེས་ཡེ་ཤེས་པས། །དེ་ལས་འདས་པའི་གོང་མ་བཅད། །བླ་ན་ཡོད་པ་ཆེན་པོ་ཡིན། །དེ་ལྟར་མ་ཤེས་བློ་ཆུང་བས། །དང་པོར་དབེན་པར་ལུས་བསྡད་ནས། །བྱ་རྒོད་མཁའ་ལ་འཕུར་བ་བཞིན། །དམིགས་གཏད་བཅས་ལ་རིག་པ་གཏད། །རླུང་སེམས་གཅིག་ཏུ་འདུས་བྱས་ཏེ། །བླ་མས་གསུངས་པ་ཇི་བཞིན་དུ། །རྩོལ་བ་དྲག་པོས་ཐུན་དུ་གཞུག །མདའ་མཁན་རྨྱུག་མ་སྲོང་བ་བཞིན། །དམིགས་པའི་རྩོལ་བ་དྲག་ཏུ་བསྒྲིམ། །ཐུན་ཚད་རབ་འབྲིང་གསུམ་དུ་བཅད། །ཁམས་བདེ་ཐུན་ལ་རྩོལ་སྒྲུབ་བསྐྱེད། །ཞེན་ན་རྩོལ་བ་ཀློད་ལ་བཞག །ཉམས་ཀྱི་འཆར་ལུགས་རྣམ་པ་གསུམ། །ཐོད་རྒལ་ཅིག་ཆར་རིས་ཀྱིས་དང་། །བྱེ་བྲག་མང་པོ་ཤེས་པར་བྱ། །ཟིན་པའི་རྟགས་ནི་ཕྱི་རུ་འབྱུང་། །ལུས་འདར་ཡན་ལག་སྤྲུག་པ་དང་། །མཁའ་ལ་འཕུར་ཞིང་རྒྱུག་པ་དང་། །བཀྲག་དང་ལྡན་པས་འབྱུང་བ་སྙོམས། །བརྟན་ཅིང་འགུལ་དུ་མི་བཏུབ་དང་། །གཟུང་བ་སླ་ལ་


DNG005_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་བ་དཀའ། །ཤེས་པ་དེ་དང་འགྲོགས་འདོད་ན། །ཁམས་དང་མཐུན་པའི་སྤྱོད་ལམ་བྱ། །ཐུན་ཆེན་གོམས་པའི་རྣལ་འབྱོར་བྱ། །སློབ་མའི་ཏིང་འཛིན་ཞན་གྱུར་ན། །བར་དུ་བསྒྲིམས་ལ་ཐ་མར་ཀློད། །དང་པོར་ཀློད་ལ་ཐ་མར་བསྒྲིམ། །ཏིང་འཛིན་རབ་ཏུ་གྱུར་པ་ན། །མ་བཅོས་སོ་མ་ལྷུག་པར་བཞག །རབ་འཛིན་སྦྱིན་ཕོར་མཛུབ་བཙུགས་འདྲ། །འབྲིང་འཛིན་འདག་པར་རྡོ་བརྒྱབ་འདྲ། །ཐ་མ་རྩོལ་བ་དྲག་ན་གནས། །སྒྲ་ཡི་ཚེར་མས་མི་གནོད་པས། །ཏིང་འཛིན་ཉིན་མཚན་བསྲེ་བར་ནུས། །བརྟན་པ་ཡོངས་སུ་རྫོགས་བྱེད་པ། །ལུས་སེམས་ཁོང་ཀློང་གཉུག་མའི་ངང་། །བྱང་སེམས་བདེ་བ་ཆེ་དང་ཕྲད། །མཁའ་ལྟར་མཐའ་དབུས་སེམས་ལ་མེད། །ལུས་ནི་ཡོང་དུ་མི་ཚོར་བ། །ཤིང་བལ་འདབ་མ་ལྟར་ཡང་བ། །དབུགས་ནི་ཕྱི་ནང་འགྱུ་མི་ཚོར། །སེམས་ནི་མཁའ་ལྟར་ཕྱོགས་རིས་མེད། །ཡེ་ཤེས་ཁོང་འཆར་བདེ་ཆེན་འབར། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས།) རང་བྱུང་གི་ཡེ་ཤེས་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་ཡང་ཞུས་པ། ཀྱེ་གསང་བའི་བདག་པོ་ལགས། བྱང་ཆུབ་སེམས་ནི་གཟུང་དཀའ་བས། །སེམས་ཀྱི་གཞག་ཐབས་བཤད་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གཞག་ཐབས་བཙའ་ཐབས་བཅོས་ཐབས་ཚད། །དྲོད་རྟགས་སྐྱེ་ཚུལ་འབྲས་བུ་བསྟན། །གཞག་ཐབས་རྣམ་པ་གསུམ་ཡིན་ལ། །མཁའ་ལ་ཁྱུང་ལྡིང་གཞག་པ་དང་། །ཐི་བྱ་ཚང་དུ་འཇུག་པ་དང་། །བྱ་བ་བཏང་བའི་སྐྱེས་བུ་བཞིན། །མཁའ་ལ་ཁྱུང་ལྡིང་བཞག་པ་ནི། །གཤོག་པ་ཐད་བཅད་ལྡིང་བ་དང་། །རྩོལ་བསྒྲུབ་མེད་པར་ལྡིང་བ་དང་། །འོག་མ་མཐོང་བར་ལྡིང་བ་དང་། །ཡོན་ཏན་རྫོགས་པར་ལྡིང་བ་དང་། །ནང་དུ་གཤོག་རུ་རྒྱས་པ་ལྟར། །རྣལ་འབྱོར་མི་རྟོག་བསྒོམ་པའི་ཚེ། །ཤེས་པར་ཐང་བཅད་མཉམ་པར་གཞག །རྩོལ་བསྒྲུབ་མེད་པར་མཉམ་པར་གཞག །འོག་མའི་དོན་མཐོང་མཉམ་པར་གཞག །ཡོན་ཏན་ཡར་ལ་རྫོགས་པར་གཞག །རྣལ་འབྱོར་ལུས་ལ་སངས་རྒྱས་རྫོགས། །


DNG005_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཐི་བྱ་ཚང་དུ་འཇུག་པ་ལྟར། །དེ་བཞིན་ཐེ་ཚོམ་མེད་པར་གཞག །བྱ་བ་བཏང་བའི་སྐྱེས་བུ་ལྟར། །ཇི་ལྟར་གནས་པ་སྡུག་བསྔལ་མེད། །བཙའ་ཐབས་རྣམ་པ་གསུམ་དུ་བསྟན། །དམུ་རྒོད་རྟ་ལྟར་བཙའ་བ་དང་། །རིན་ཆེན་གཏེར་ལྟར་བཙའ་བ་དང་། །རཱ་ཛའི་བཙུན་མོ་ལྟར་བཙའ་བའོ། །དམུ་རྒོད་བཏུལ་བ་མ་ཡེངས་ལྟར། །དེ་བཞིན་བསྒོམ་པའི་སེམས་མ་ཡེངས། །རྟོགས་པའི་དོན་ལ་གནས་པར་གྱིས། །རིན་ཆེན་གཏེར་ལྟར་བཙའ་བ་ནི། །ཐེམ་ཡིག་གཞན་ལ་མ་ཤོར་བར། །གཞན་གྱི་ཆོམ་རྐུན་མི་ཚུགས་ཤིང་། །དེ་བཞིན་རྣལ་འབྱོར་བསྒོམ་པའི་ཚེ། །གདམས་ངག་རྩི་ཡིས་ཟིན་པ་ནི། །རྣམ་པར་རྟོག་པས་མི་ཚུགས་སོ། །བཙུན་མོ་ལྟ་བུར་བཙའ་བ་ནི། །རྒྱལ་བོ་མངའ་དང་བཙུན་མོ་ལ། །གཞན་གྱི་གནོད་པས་མི་ཚུགས་བཞིན། །དེ་བཞིན་གདམས་ངག་ལྡན་པའི་མིས། །ཆོས་རྣམས་སེམས་སུ་ཤེས་པ་ལ། །དངོས་པོའི་དུག་གིས་ཚུགས་མི་སྲིད། །བཅོས་ཐབས་རྣམ་པ་གསུམ་དུ་བསྟན། །མཁའ་ལ་སྤྲིན་ལྟར་བཅོས་པ་དང་། །ཁང་སྟོང་རྐུན་མ་ལྟ་བུ་དང་། །དུག་ལ་སྔགས་ཀྱིས་བཏབ་པ་ལྟར། །ཚད་ལ་རྣམ་པ་གསུམ་དུ་བསྟན། །གསལ་བའི་ཚད་ནི་མར་མེ་ལྟར། །མི་གཡོའི་ཚད་ནི་རྒྱ་མཚོ་ལྟར། །ཡང་ཞིང་འཇམ་པ་ཤིང་བལ་ལྟར། །དྲོད་རྟགས་རྣམ་པ་གསུམ་དུ་བརྟན། །ཕྱི་རྟགས་ལུས་པོ་ཡོད་མི་ཚོར། །ནང་རྟགས་དབུགས་ནི་འགྱུ་མི་ཚོར། །གསང་རྟགས་དངོས་པོའི་ཞེན་པ་ཆོད། །སྐྱེ་ཚུལ་རྣམ་པ་གསུམ་ཡིན་ཏེ། །རྣམ་པར་རྟོག་ལས་ཡེ་ཤེས་སྐྱེ། །སྟོང་པ་ཉིད་ལས་སྙིང་རྗེ་སྐྱེ། །ཞི་གནས་བསྒོམས་ན་ལྷག་མཐོང་སྐྱེ། །འབྲས་བུ་སྐུ་དང་གསུམ་ཡང་ཡེ་ཤེས་འཆར། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། བྱང་ཆུབ་ཀྱི་སེམས་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་གསང་བའི་བདག་པོ་ལགས། །ལྟ་བསྒོམ་སྤྱོད་པ་ཅི་ལྟར་ལགས། །འདུས་པའི་


DNG005_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་བསྟན་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དང་པོ་ལྟ་བས་ཐག་བཅད་ལ། །བར་དུ་བསྒོམ་པས་ཉམས་སུ་བླང་། །ཐ་མ་སྤྱོད་པ་ལ་དོར་ལ། །དང་པོར་ལྟ་བས་ཐག་བཅད་ནི། །རེག་པ་རྒྱུན་ཆགས་ཐོག་མཐའ་མེད། །སེམས་ཉིད་རྒྱུ་རྐྱེན་གཉིས་ལས་འདས། །མཚན་མའི་རྣམ་རྟོག་སྐྱོན་དང་བྲལ། །བློ་དང་ལྡན་པའི་རྒྱ་བསྐྱེད་དེ། །མཐའ་ལས་འདས་དང་ལྷུན་གྱིས་གྲུབ། །རྒྱ་ཆེ་ཁྱབ་གདལ་ཉིད་དུ་གནས། །མཐའ་དང་དབུས་སུ་མི་རྟོག་ན། །ལྟ་བའི་གོལ་སར་ལྟུང་མི་འགྱུར། །ཡིན་པ་གསུམ་གྱིས་ཐག་བཅད་པ། །སྐུ་གསུང་ཐུགས་ལ་ཡིད་ཆེས་སྐྱེ། །རིན་པོ་ཆེ་ཡི་གསེར་གླིང་དུ། །ཕྱིན་པས་ཐམས་ཅད་གསེར་དུ་སྣང་། །འཁོར་འདས་བཟང་ངན་མེད་པར་ཤེས། །ཅེ་སྤྱང་ཨེན་ཡ་ཡི་མིག་བཞིན་དུ། །གཉིས་སུ་མེད་པར་ཐག་ཆོད་དོ། །བསྒོམ་པས་ཉམས་སུ་བླང་བ་ནི། །འདས་པའི་ཤེས་པ་རྗེས་མི་གཅོད། །མ་འོངས་ཤེས་པ་སྔོན་མི་བསུ། །ད་ལྟའི་ཤེས་པ་མ་བསླད་པ། །དངོས་པོའི་རྗེས་སུ་མ་འབྲངས་ན། །གཉུག་མའི་སེམས་ནི་ཡིན་པར་ངེས། །དབང་པོ་སྒོ་ལྔའི་རྗེས་འབྲངས་ནས། །སེམས་ཅན་ཕལ་བའི་ཡུལ་ལ་ཆགས། །བུང་བ་བཅུད་ལ་ཆགས་པ་ལྟར། །མི་རྟོག་པ་ལ་ཞུགས་པའི་ཚེ། །ཚོར་བས་ཅི་ཡང་མི་ཚོར་བ། །ཆོས་ཅན་བོར་ནས་ཆོས་ཉིད་བསྒོམ། །གྲངས་ཅན་སྤྱི་ཡི་བསྒོམ་པར་འགྱུར། །སྣང་ཚོད་ཉམས་སུ་མྱང་བས་ན། །རྒྱུ་འབྲས་ཁྱད་གསོད་ཆད་པར་འགྱུར། །སྤང་ཞིང་འགེག་པར་བྱེད་པ་ནི། །ཉན་ཐོས་འགོག་པའི་མི་རྟོག་པར། །ཐམས་ཅད་མ་ལུས་ཚོར་བས་ན། །ཡུལ་དང་ཡུལ་ཅན་གཉིས་སུ་རྟོག །ཅི་ཡང་ཡིད་ལ་མ་བྱས་ན། །རྗེས་སུ་མི་འབྲངས་མི་རྟོག་པས། །གྲོལ་བར་འདོད་པ་ལམ་གྱི་མཆོག །ཅི་ཡང་མ་སྐྱེས་མ་བཅོས་པ། །ཤེས་པ་སོ་མ་ཉིད་དུ་འདོད། །དེ་བཞིན་གཤེགས་པའི་དགོངས་པ་ཡིན། །ཐ་མ་


DNG005_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པས་ལ་དོར་ནི། །ཉ་མོ་ཆུ་ལས་མི་འདའ་བཞིན། །དཀར་པོའི་ཆོས་དང་བྲལ་ཐབས་མེད། །དངོས་པོའི་ཆོས་ལ་ཞེན་ན་འཁོར། །ཡང་ན་རི་དྭགས་སྒྲ་ཉན་ལྟར། །ཡང་ན་གླང་པོ་མཚོ་ཕྲད་ལྟར། །ནམ་མཁའི་མདུང་བསྐོར་འདྲ་བའོ། །གང་ལ་ཐོགས་པ་མེད་པ་ནི། །རལ་གྲི་སོ་མང་འདྲ་བ་སྟེ། །གདོང་དུ་ཅི་བྱུང་ཐམས་ཅད་གཅོད། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། ལྟ་སྒོམ་སྤྱོད་པ་མ་འདྲེས་རྫོགས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་གསང་བའི་བདག་པོ་ལགས། །ཐམས་ཅད་མཁྱེན་པའི་གསང་སྒོ་ནས། །ཀུན་གཞི་མ་སྐྱེས་སྟོང་པ་ལ། །ཕྱི་ནང་ཆོས་རྣམས་ཇི་ལྟར་རྫོགས། །མོས་པའི་འཁོར་ལ་བསྟན་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་གཞི་སྐྱེ་མེད་མ་བཅོས་སྟོང་པ་ཉིད། །དེ་རྟོགས་རྣལ་འབྱོར་གང་གིས་མི་གནོད་པ། །སྐྱེས་བུ་གོམས་པ་ས་གར་རྒྱུགས་ལྷུང་མེད་ལྟར། །སྐྱེ་མེད་རྟོགས་ཤིང་འདྲིས་པའི་རྣལ་འབྱོར་པས། །གང་ལྟར་སྤྱད་ཀྱང་མི་ཉམས་ཐིག་ལེའི་ངང་། །ཆེད་དུ་མི་སྤང་ངང་ལ་བཞག་པས་འབྲལ། །མ་སྤངས་ལྷུན་གྲུབ་བྱང་ཆུབ་ཆེན་པོར་སྤྱོད། །ཀུན་གཞི་མ་བཅོས་བརྡལ་བ་ཆེན་པོ་ཉིད། །ཆོས་ཀུན་མ་འདྲེས་བྱང་ཆུབ་སེམས་སུ་གཅིག །ཀུན་གཞི་མ་བཅོས་ངང་ལ་གང་སྤྱོད་པ། །ཆོས་རྣམས་ཀུན་ལ་མི་སྤྱོད་མི་རྟོག་ན། །སྤྱོད་མེད་གནས་ལུགས་རྟོགས་པའི་སྤྱོད་པ་ཡིན། །ཆོས་ཉིད་སྤྱོད་པའི་རྟགས་ནི་ཇི་ལྟར་ལགས། །གང་ལ་ཞེན་པ་མེད་པས་ཆགས་པ་ཆུང་། །མ་ནོར་དོན་ལ་ཀུན་གཞི་འགྱུར་མེད་གསལ། །རྟགས་ཆེན་དེ་ཡོད་གཞན་གྱི་ཁར་མི་ལྷུང་། །མངོན་ཤེས་སྟོབས་དང་རྫུ་འཕྲུལ་ལུང་སྟོན་འབྱུང་། །དེ་ལ་རློམ་སེམས་མེད་པར་ང་རྒྱལ་རི་བོ་སྨད། །དེ་ཡིས་སྤང་ལེན་མི་བྱེད་མཉམ་པ་ཉིད་དུ་གསལ། །ཐིག་ལེ་གཅིག་ཏུ་རྟོགས་པས་ཐ་དད་འཛིན་པ་བྲལ། །


DNG005_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནས་མ་བཙལ་རང་ལ་ཡོད་པ་ངོ་མཚར་ཆེ། །རང་བཞིན་མེད་པར་ཤེས་པས་འབྲས་བུ་འབྱིན་མི་ནུས། །མ་ནོར་པ་ཡི་ཐབས་ཀྱིས་ཟིན་པས་ན། །ཉོན་མོངས་ལྔ་དང་དུག་ལྔའི་རྩ་བ་བྲལ། །དཔེར་ན་རྔ་མའི་སྙིང་པོ་གཟུང་དང་མཚུངས། །སྐྱེས་བུ་དེ་ལ་བྱ་བཙལ་མེད་པ་སྟེ། །པ་ན་ས་ཡི་འབྲས་བུ་སྨིན་པ་ལྟར། །སྨིན་པར་བྱ་བའི་རྩོལ་བ་མི་བྱེད་དང་། །བྱེད་པའི་རྩོལ་བ་དེ་ནི་སྨིན་པའི་གེགས་སུ་འགྱུར། །ཀུན་གཞི་མཉམ་པའི་རང་ལ་གནས་པ་ནི། །འཁོར་བའི་ཆོས་ཀུན་མི་སྤང་དེ་ལ་རྫོགས། །འཕགས་པའི་བདེན་བཞིའི་ལམ་ཡང་དེ་ལ་རྫོགས། །རང་རྒྱལ་རྟེན་འདྲེལ་ལམ་ཡང་དེ་ལ་རྫོགས། །བྱང་སེམས་སྨོན་འཇུག་ལམ་ཡང་དེ་ལ་རྫོགས། །བྱང་ཆུབ་སུམ་ཅུ་རྩ་བདུན་དེ་ལ་རྫོགས། །བཅུ་ཡིས་བགྲོད་པའི་ས་ཡང་དེ་ལ་རྫོགས། །དཀྱིལ་འཁོར་རིམ་པའི་དབང་ཡང་དེ་ལ་རྫོགས། །ལྷ་དང་བཟླས་པ་ཕྲིན་ལས་ཕྱག་རྒྱ་དེ་ལ་རྫོགས། །འཕགས་པ་མཉེས་བྱེད་མཆོད་པ་དེ་ལ་རྫོགས། །སྡོམ་པ་གསུམ་གྱི་བསྲུང་བྱ་དེ་ལ་རྫོགས། །གནོང་ཞིང་འགྱོད་པའི་བཤགས་པ་དེ་ལ་རྫོགས། །ལེགས་པའི་བསྔོ་བ་སྨོན་ལམ་དེ་ལ་རྫོགས། །རྒྱལ་བའི་སྐུ་གསུམ་ཐོབ་ཀ་ཐུས་ཀ་ཡིན་ནམ། དེ་ལ་རྫོགས། །ཀུན་གཞི་མ་བཅོས་ཐིག་ལེ་ཉག་གཅིག་ལ། །ཡོན་ཏན་རྫོགས་པས་ཞིང་ས་གཤིན་པ་འདྲ། །ཐིག་ནི་མི་འགྱུར་རང་སེམས་སྐྱེ་མེད་ཡིན། །ལེ་ནི་གདལ་བ་མཉམ་པ་ཉིད་དུ་གསལ། །བསྡུ་བའི་དོན་ནི་གཅིག་པས་གཅིག་ཅེས་བྱ། །མཉམ་པའི་ཚུལ་གྱིས་གོལ་སྒྲིབ་ཇི་ལྟར་སྤོངས། །མི་ལྟ་མི་བསྒོམ་མི་སྤྱད་དབྱེར་མེད་ན། །འོག་མའི་ལྟ་སྤྱོད་གནས་སུ་གོལ་མི་འགྱུར། །གར་ཡང་མི་འགྲོ་འདུག་པའི་མི་དང་མཚུངས། །མཉམ་པའི་ཚུལ་གྱིས་བདུད་རྣམས་ཇི་ལྟར་འདུལ། །མཉམ་པའི་གདེང་ལ་ཡིད་ཆེས་མ་བྲལ་ན། །བདུད་ཀྱི་བར་ཆོད་སྤྲུལ་པ་ཅི་བྱུང་ཡང་། །ཐམས་ཅད་སེམས་སུ་ཤེས་པས་ཀླན་ཀ་མི་ཚུགས་ཤིང་། །ཁྱིམ་བདག་དཔའ་བོས་བསྲུངས་པའི་བུད་མེད་འདྲ། །གཟའ་


DNG005_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་མེད་པར་ལྟ་བའི་མཐའ་དང་བྲལ། །འཛིན་པ་མེད་པས་སྒོམ་པ་ངང་ལ་གསལ། །བླང་དོར་མེད་པས་སྤྱོད་པ་གང་ལ་བཟང་ངན་མེད། །འབྲས་བུ་སྤང་ཐོབ་མེད་པས་སྐུ་དང་ཡེ་ཤེས་གསལ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ལ་འཆི་བ་མེད། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། ཡོན་ཏན་ཡར་ལྡན་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ་ཧོ་གསང་བའི་བདག་པོ་ལགས། །ཁྱོད་ནི་འགྲོ་བའི་ལམ་སྟོན་པ། །མཁའ་སྤྱོད་གནས་སུ་འགྲོ་བའི་ཕྱིར། །འཕགས་པའི་ལམ་གཅིག་བསྟན་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །མཁའ་སྤྱོད་གནས་སུ་འོང་འདོད་ན། །དང་པོ་ཐོས་པའི་ཤེས་རབ་ཀྱིས། །ཕྱི་ནང་ཆོས་ལ་སྒྲོ་འདོགས་ཆོད། །བར་དུ་བསམ་པའི་ཤེས་རབ་ཀྱིས། །དེ་དོན་རྒྱུད་ལ་གོམས་པར་བྱ། །ཐ་མ་བསྒོམ་པའི་ཤེས་རབ་ཀྱིས། །བདག་ཏུ་འཛིན་པའི་ཉོན་མོངས་གཞོམ། །ཚོགས་ལམ་བླ་མ་མཚན་ལྡན་ལ། །མཉེས་པ་གསུམ་གྱི་མཆོད་པ་འབུལ། །སྦྱོར་ལམ་བླ་མའི་གདམས་ངག་གིས། །ཞི་གནས་ལྷག་མཐོང་ཟུང་དུ་འདྲེལ། །མཐོང་ལམ་སྤྱན་ལྔ་དག་པ་ཡིས། །རང་སེམས་སྐྱེ་མེད་མཐོང་བར་བྱ། །བསྒོམ་ལམ་ཏིང་འཛིན་རྣམ་གསུམ་གྱིས། །གཉུག་མའི་ཡིད་ལ་གོམས་པར་བྱ། །མཐར་ཕྱིན་ཉེས་པ་གཉིས་ཟད་པས། །ཆོས་རྣམས་ཟད་སར་བསྐྱལ་བར་བྱ། །ང་ནི་ཐབས་ཀྱི་ས་མཁན་ཏེ། །ཐར་ལམ་ཚོལ་བ་ལམ་འདིར་ཤོག །མཇལ་དང་ཐོས་དང་རྟོགས་དང་གོམས། །ཆོས་དང་མདོ་དང་མཛོད་དང་འཇིགས། །ཐབས་ཀྱིས་དེ་ཡི་ངང་ལ་འཇོག །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས།) འཕགས་ལམ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་གསང་བའི་བདག་པོ་ལགས། །ཁྱོད་ནི་ཡེ་ཤེས་སྤྱན་དང་ལྡན། །བདག་ཅག་


DNG005_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པའི་འཁོར་རྣམས་ལ། །རྒྱུད་ཀྱི་ཡོན་ཏན་བསྟན་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྒྱུད་རྣམས་ཀུན་གྱི་བཅུད་བསྡུས་པ། །ཡེ་ཤེས་གསང་བའི་རྒྱུད་པ་འདུས། །ཅི་སྟེ་སྒྲོན་མས་དོན་མཐོང་བ། །ཡོན་ཏན་འབྱུང་བས་རིན་ཆེན་ཡིན། །ཡོན་ཏན་བསམ་གྱིས་མི་ཁྱབ་པས། །མིང་ཙམ་བརྗོད་པས་སྟོབས་དང་ལྡན། །དག་པར་བྱེད་ཅིང་སྐྱོན་སེལ་བས། །དངོས་གྲུབ་ངེས་པར་འབྱུང་བའོ། །བདུད་ཀྱི་དཔུང་རྣམས་འཇོམས་པར་བྱེད། །ཤ་ཁྲག་ལུས་ལས་གྲོལ་འགྱུར་ན། །འདོད་ཁམས་ཞེན་པ་མེད་པ་འཆར། །སྲིད་པའི་གནས་སུ་མི་འཇུག་པས། །ཡེ་ཤེས་ལུས་ལ་ཐེ་ཚོམ་མེད། །མུན་པ་སེལ་བྱེད་སྒྲོན་མའི་རྒྱུད། །དེ་ཐོས་མྱ་ངན་རྣམ་གསུམ་བྲལ། །རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་ཡང་ནི་རྒྱུད་དུ་འདོད། །འདྲེལ་དང་མ་ཚང་མེད་པ་དང་། །དགོས་པ་ཚང་བས་རྒྱུད་ཅེས་བྱ། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། རྒྱུད་ཀྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་གསང་བའི་བདག་པོ་ལགས། །དུས་གསུམ་མཁྱེན་པའི་རྡོ་རྗེ་འཆང་། །འཁོར་རྣམས་རྨོངས་པར་གྱུར་པ་ལ། །རྒྱུད་ཀྱི་གཏད་རྒྱ་གསུང་དུ་གསོལ། །ཞེས་གསོལ་ཏོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འཁོར་གྱི་ནང་ནས་དམ་པ་སྟེ། །ཁྱོད་ནི་ནུས་པའི་སྟོབས་དང་ལྡན། །ཉིད་ལས་མི་གཞན་འཁོར་ཡིན་པས། །མན་ངག་རྒྱབ་བརྟེན་སྒྲོན་མའི་རྒྱུད། །ཐུགས་ལ་ཆོང་ལ་གཅེས་པར་གྱིས། །ལན་ཅིག་སྙིགས་མ་ལྔའི་དུས་ན། །ཉི་ཟླ་བཞིན་དུ་དར་ཞིང་རྒྱས། །བྱང་ཆུབ་སྲོག་དང་བརྡོ་བའི་དད་པ་དང་། །ཆོས་ཉིད་གཏན་ལ་ཕེབས་པའི་ཤེས་རབ་དང་། །སློབ་དཔོན་མགོ་ལྟར་ཁུར་བའི་མོས་པ་དང་། །རྒྱུད་ལ་ཤིན་ཏུ་མོས་པའི་སྐལ་ལྡན་ལ། །མི་ཐུབ་གསུམ་གྱི་དུས་སུ་ཁྱོད་ཀྱིས་དེ་ལ་སྟོན། །མོས་དང་ཉན་དང་ཁ་ཏོན་ཀློག །
འཆད་དང་བསྒོམ་པར་བྱ་བའི་མི། །བར་གཅོད་མེད་པར་སྐྱེ་ཤི་གཉིས་ལས་གྲོལ། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། རྒྱུད་ཀྱི་གཏད་རྒྱ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། པཎྜི་ཏ་ཤྲཱི་སིངྷ་དང་ཞུས་ཆེན་གྱི་ལོ་ཙཱ་བ་བཻ་རོ་ཙ་ནས་མན་ངག་གི་རྒྱུད་གཏན་ལ་ཕབ་པའོ།། །།

རིན་པོ་ཆེ་འཁོར་ལོ་ཞེས་བྱ་བའི་རྒྱུད།


DNG005_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣ་ཙཀྲ་ནཱ་མ་ཏན་ཏྲ། བོད་སྐད་དུ།རིན་པོ་ཆེ་འཁོར་ལོ་ཞེས་བྱ་བའི་རྒྱུད། གསང་བདག་ཆེ་ལ་ཕྱག་འཚལ་ལོ། །བསྟན་པ་སྟོན་པ་འཁོར་གནས་དུས། །ངོ་མཚར་ཆེན་པོའི་ཚིག་ལྔ་ཡིས། །སེམས་དཔའ་རྡོ་རྗེ་ལ་སོགས་ལ། །གསང་བདག་ཆེན་པོས་བཀའ་སྩལ་པ། །སངས་རྒྱས་སེམས་ཅན་གཞི་གཅིག་ཀྱང་། །ཕྱི་ནང་སྣོད་བཅུད་གཉིས་སུ་བཟུང་། །ཡེ་ཤེས་འཁྲུལ་པ་གཉིས་སུ་སྣང་། །མུན་པའི་ནང་འཁྱམས་དོན་མི་གསལ། །གཅིག་ལ་འཆར་སྒོ་གཉིས་སུ་བྱུང་། །གཅིག་གིས་དྲུག་གི་འབྲས་བུ་མྱོང་། །མིང་མ་ཐོགས་ལས་ཤུགས་ཀྱིས་འཁྲུལ། །རིན་ཆེན་འཁོར་བའི་གནས་སུ་འཁྱམས། །སྣང་དང་མི་སྣང་གཟུགས་སུ་འཁྲུལ། །ཞེས་གསུངས་པ་དང་། སེམས་དཔའ་རྡོ་རྗེས་སླར་གསོལ་པ། །སངས་རྒྱས་སེམས་ཅན་གཞི་གཅིག་ལ། །གཉིས་སྣང་ཤེས་པའི་མཚན་ཉིད་རྣམས། །གཅིག་པ་ལགས་སམ་ཐ་དད་ལགས། །ཞེས་གསོལ་པ་དང་། གསང་བདག་ཆེན་པོས་ལན་གསུངས་པ། །མིང་མ་ཐོགས་ཀྱི་སྤྱི་ས་ནས། །སྣང་བ་དག་དང་མ་དག་གཉིས། །མཚན་ཉིད་གཉིས་སུ་སྣང་མོད་ཀྱང་། །མིང་མ་ཐོགས་སུ་སྤྱི་ས་གཅིག །གཅིག་མེད་གཉིས་ཀྱང་ཡིན་མ་ཡིན། །དཔེར་ན་ག་བུར་སྨན་དུག་བཞིན། །དུག་མིན་སྨན་ཀྱང་ཁོ་ན་མིན། །སྨན་དུག་ག་བུར་སྤྱི་ས་གཅིག །རྐྱེན་དང་གང་འཕྲད་སྨན་དུག་གོ། །མིང་མ་ཐོགས་ཀྱི་སྤྱི་ས་ན། །འཆར་སྒོ་རྣམ་པ་གཉིས་སུ་བྱུང་། །མ་རིག་འཁྲུལ་པའི་འཆར་སྒོ་དང་། །རིག་པ་ཡེ་ཤེས་


DNG005_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་སྒོ་གཉིས། །སྤྱི་ས་དེ་ལས་བྱུང་བ་ཡིན། །འཁྲུལ་པ་བཟང་ངན་ཁྱད་པར་ལས། །རྟོགས་དང་མ་རྟོགས་གཉིས་སུ་སྣང་། །གསང་བདག་ཡེ་སངས་རྒྱས་པ་ཡིན། །རྟོགས་ནས་སངས་རྒྱས་ཆོས་ཀྱི་སྐུ། །བསྒོམས་ནས་སངས་རྒྱས་ལོངས་སྤྱོད་སྐུ། །མཉན་ནས་སངས་རྒྱས་སྤྲུལ་པའི་སྐུ། །སྐུ་གསུམ་ཞིང་ཁམས་དག་ཏུ་སྣང་། །མ་རྟོགས་འཁྲུལ་པའི་ཤེས་པ་དེ། །ཀུན་གཞི་འོད་ཀྱི་ཁང་བུ་ན། །མ་རིག་པ་ཡི་འཁྲུལ་པ་ནི། །དྲན་པ་ཕྲ་མོའི་ཡིད་བྱུང་བས། །ཡིད་ཀྱི་དྲན་པས་ཚོལ་ཁྲོ་བྱས། །བདེ་སྙམ་མི་བདེ་སྙམ་བྱུང་བས། །བདེ་སྙམ་ཉམས་སུ་མྱོང་བ་ཡིས། །འབྲལ་མི་ཕོད་པའི་ཆགས་སེམས་སྐྱེས། །མི་བདེ་སྙམ་པའི་སེམས་བྱུང་བས། །མི་བདེ་ཡིད་ཀྱི་ཚོལ་ཁྲོ་བྱས། །ངའོ་སྙམ་པའི་དྲན་པ་སྐྱེས། །བདེ་སྡུག་སེམས་ལ་ཡུན་རིང་བས། །གསལ་སྙམ་མི་གསལ་སྙམ་གཉིས་འབྱུང་། །གསལ་མ་གསལ་ལ་ཡིད་རྟོག་སྐྱེས། །འོད་གཟུགས་རིགས་གཟུགས་གཉིས་སུ་བྱུང་། །རིག་པ་སྟོང་པའི་སྙིང་པོ་ཅན། །ཀུན་འབྱུང་རིན་པོ་ཆེ་ཡི་གཏེར། །འདོད་དགུའི་ལོངས་སྤྱོད་ཟད་མཐའ་མེད། །ཐམས་ཅད་འབྲས་བུ་འཆར་བའི་གཞི། །གསང་བདག་ཆེན་པོ་ངས་བཤད་ཀྱིས། །སེམས་དཔའ་རྡོ་རྗེ་ལེགས་པར་ཉོན། །ཅེས་གསུངས་སོ། །རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་སྐད་གསོལ་པའི་ཚིག་རྗེས་སུ། །གསང་བདག་ཆེན་པོའི་རང་བཞིན་ལས། །སེམས་དཔའ་རྡོ་རྗེས་སླར་གསོལ་པ། །ཀུན་གཞི་སྤྱི་ས་གཅིག་པ་ལ། །འཆར་སྒོ་གཉིས་སུ་བྱུང་བ་དེ། །བྱས་པ་ལགས་སམ་བྱུང་བ་ལགས། །བྱས་ན་འདུས་བྱས་དངོས་ཡིན་པས། །བསྒྲུབས་པ་རྣམས་ཀྱང་དོན་མེད་འགྱུར། །བྱུང་བའི་མཚན་ཉིད་ཡིན་པ་ན། །བདག་ལས་བྱུང་ངམ་གཞན་ལས་བྱུང་། །ཞེས་གསོལ་པས། གསང་བདག་ཆེན་པོས་ལན་བཏབ་པ། །ག་བུར་དག་གི་རང་བཞིན་ལ། །


DNG005_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དུག་མིང་དུ་མ་བཏགས་ཀྱང་། །སྨན་དུག་གཉིས་སུ་སྣང་བ་ལྟར། །ཀུན་གཞི་སྤྱི་ས་གཅིག་པ་ལས། །འཆར་སྒོ་གཉིས་སུ་ཤུགས་ཀྱིས་འབྱུང་། །སྔོན་ལ་གང་སྐྱེས་ལྡོག་བཅས་སོ། །མ་རིག་འཁྲུལ་པའི་འཆར་སྒོ་ནས། །རིག་པའི་འཆར་སྒོ་མ་ཤར་བར། །ཀུན་གཞི་འོད་ཀྱི་གཟུགས་སུ་སྣང་། །འོད་ལ་འདོད་པའི་སེམས་སྐྱེས་པས། །འདོད་ཁམས་ལྷ་རུ་ཤུགས་ཀྱིས་འཁྲུལ། །འོད་ལ་ཡང་དག་ངོས་སུ་བཟུང་། །གཟུགས་ཁམས་ལྷ་རུ་ཤུགས་ཀྱིས་འཁྲུལ། །འོད་ཀྱི་རང་བཞིན་མ་ཤེས་ཤིང་། །ཅི་ཡང་མིན་པའི་ཡིད་སྐྱེས་པས། །གཟུགས་མེད་ཁམས་སུ་ཤུགས་ཀྱིས་འཁྲུལ། །འོད་ལ་རིག་པའི་རྩལ་སྐྱེས་པས། །རྩལ་ལ་གདེད་རྙེད་རྟོག་པ་ཤར། །རིག་ལ་ཡུན་རིང་གནས་པས་ཐོབ། །འོད་ལ་ཆགས་ཤིང་ཞེ་སྡང་བྱུང་། །དམྱལ་བའི་གནས་སུ་ཤུགས་ཀྱིས་འཁྲུལ། །འོད་ལ་ཆགས་ཤིང་འབྲལ་མི་ཕོད། །ཡི་དྭགས་གནས་སུ་ཤུགས་ཀྱིས་འཁྲུལ། །ཡང་དག་མ་ཤེས་དོན་མི་གསལ། །བྱོལ་སོང་དག་ཏུ་ཤུགས་ཀྱིས་འཁྲུལ། །འོད་གཟུགས་བཟང་ངན་ཕྲག་དོག་སྐྱེས། །མི་རྣམས་དག་ཏུ་ཤུགས་ཀྱིས་འཁྲུལ། །ང་ལས་མེད་པའི་སེམས་སྐྱེས་པས། །ལྷ་མིན་དག་ཏུ་ཤུགས་ཀྱིས་འཁྲུལ། །རྩ་བ་མ་རིག་གཉིས་ཡིན་པས། །སྣང་དང་མི་སྣང་གནོད་བྱེད་པས། །འདྲེ་ཀུན་དག་གིས་དཔེ་ཡིས་བསྟན། །གཞི་ནི་ཀུན་གཞིའི་རྣམ་ཤེས་ཡིན། །ཆགས་ལས་ཞེ་སྡང་ལུས་སུ་འཁྲུལ། །འདོད་ལས་འདོད་ཆགས་ཤ་རུ་འཁྲུལ། །གཏི་མུག་ཤ་ཡི་གཟུགས་སུ་བྱུང་། །བདེན་རྫུན་རྣམ་པ་སྣ་ཚོགས་བྱུང་། །ལྷན་ཅིག་སྐྱེས་པའི་མ་རིག་ལས། །ཀུན་བརྟགས་མ་རིག་རྟོག་པ་བྱུང་། །ཡིད་གཉིས་ཕྱི་ནང་གཉིས་སུ་བཟུང་། །ཡུལ་ལ་འཇུག་ཅིང་སྒྲིབ་རྣམས་གསོག །འབྱུང་འཇུག་ཕྱི་ནང་དག་ཏུ་བལྟ། །ཞེས་གསུངས་


DNG005_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །དེ་སྐད་གསོལ་པའི་ཚིག་རྗེས་ལ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །གཞི་དང་འཁྲུལ་པའི་མཚན་ཉིད་དེ། །འདྲ་བའི་དཔེ་ནི་ཅི་ཡིས་མཚོན། །གཞི་དང་འཁྲུལ་པའི་ཁྱད་པར་ཅི། །འཁྲུལ་གཞི་རྩད་ནས་ཇི་ལྟར་གཅད། །དེ་སྐད་གསོལ་པའི་ཚིག་གསན་ནས། །གསང་བདག་ཆེན་པོས་ལན་བཏབ་པ། །གཞི་ནི་ཀུན་གཞིའི་རྣམ་པར་ཤེས། །འཁྲུལ་པ་ཀུན་ཏུ་འཚོལ་བའི་ཡིད། །གཞི་ནི་ཡེ་ནས་ཡོད་པ་སྟེ། །འཁྲུལ་པ་ཡིད་རྟོག་གློ་བུར་བ། །གཞི་ནི་རིག་པ་རྒྱུ་ཡིན་ཏེ། །འཁྲུལ་པ་རྣམ་རྟོག་དུམ་བུར་སྣང་། །སྨིག་ཐག་ཐོ་གཞི་དེ་ལས་སུ། །ཆུ་སྦྲུལ་མིར་འཁྲུལ་དཔེ་ཡིས་མཚོན། །བཅོས་བསླད་འཕེལ་འགྲིབ་རྒྱུ་རྐྱེན་བྲལ། །འཕོ་འགྱུར་བྱ་བཙལ་འགྱུར་བ་མེད། །དངོས་མེད་མ་བཅོས་ལྷུན་གྱིས་གྲུབ། །གློ་བུར་ཆོས་ལ་རག་ལས་མིན། །མ་བཅོས་མ་བསླད་མ་བཙལ་དོན། །འཛིན་བཅས་བློ་ལས་ཁྱད་པར་གྲོལ། །ཀུན་གཞིའི་རྣམ་ཤེས་མ་རིག་གཞི། །ལྷན་ཅིག་གནས་པའི་མ་རིག་དེ། །ཡིད་ཀྱི་རྣམ་པར་ཤེས་པའི་གཞི། །འགྱུ་བའི་ཡིད་ཀྱི་ཤེས་པ་དེ། །ཉོན་མོངས་ཅན་གྱི་ཡིད་ཀྱི་གཞི། །ཉོན་མོངས་འགྱུ་བའི་ཤེས་པ་དེ། །སྒོ་ལྔ་རྣམ་པར་ཤེས་པའི་གཞི། །ཕྱི་ལྟ་ནང་ལྟ་ཡིད་གཉིས་དེ། །འཁྲུལ་པ་གཞི་ལ་མེད་པར་བཅད། །ཅེས་གསུངས་སོ། །རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། འཁྲུལ་གཞི་རྩད་ནས་བཅད་པའི་ལེའུ་སྟེ་གསུམ་པའོ།། །དེ་སྐད་གསོལ་པའི་ཚིག་རྗེས་ལ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །འཁྲུལ་པ་བསལ་ཞིང་ལྡོག་པའི་ཐབས། །ཁྱད་པར་ཆོས་ནི་ཡོད་དམ་མེད། །དེ་སྐད་གསོལ་པའི་ཚིག་གསན་ནས། །གསང་བདག་ཆེན་པོས་ལན་བཏབ་པ། །འཁྲུལ་པ་བསལ་ན་ཐད་ཀར་བསལ། །འཁྲུལ་པ་ལྡོག་ན་རྒྱུ་ནས་ལྡོག །སྒོ་ལྔ་ཡུལ་ལ་གསལ་དུས་སུ། །


DNG005_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་མཚན་ཉིད་ཤེས་པས་ལྡོག །ཉོན་མོངས་རྣམ་ལྔར་གསལ་བའི་ཚེ། །གློ་བུར་འཁྲུལ་བར་ཤེས་པས་ལྡོག །ཡིད་ཀྱིས་ནང་དུ་བལྟས་པའི་ཚེ། །བློ་ཡི་འཛིན་པར་ཤེས་པས་ལྡོག །བདེན་པའི་ཆོས་ལ་ཐེ་ཚོམ་ཟ། །མི་བདེན་ཆོས་ལ་ཡང་དག་འཛིན། །བདེན་རྫུན་ཤེས་པ་སྐྱེས་པའི་ཚེ། །མ་རིག་འཁྲུལ་པར་ཤེས་པས་ལྡོག །ཅི་ཡང་མི་ཤེས་མི་གསལ་ཚེ། །གདམས་པ་རྒྱུད་ལ་ཐེབས་པས་ལྡོག །སྣང་ཡང་མི་འགེག་མི་བསྒྲུབ་ན། །ཕྱི་ཡི་འཁྲུལ་པ་སོལ་བ་ཡིན། །གསལ་ཀྱང་ཡུལ་ལ་མི་འཇུག་ན། །རྟེན་གྱི་འཁྲུལ་པ་སོལ་བ་ཡིན། །ནང་དུ་བདག་འཛིན་མི་སྐྱེ་ན། །འཕྲང་གི་འཁྲུལ་པ་སོལ་བ་ཡིན། །ཕྱི་ནང་ཤེས་པས་མ་བཟུང་ན། །བློ་ཡི་འཁྲུལ་པ་སོལ་བ་ཡིན། །ཡང་དག་དོན་ལ་གདེང་རྙེད་ཅིང་། །འཛིན་དང་ཐེ་ཚོམ་མ་སྐྱེས་ན། །མ་རིག་འཁྲུལ་པ་སོལ་བ་ཡིན། །རིག་པ་སྟོང་པའི་སྙིང་པོ་ཅན། །སྙིང་པོ་ངོ་ཡིས་ཟིན་པའི་ཚེ། །རྩོལ་བསྒྲུབ་འཁྲུལ་པ་སོལ་བ་ཡིན། །རྒྱུད་ཀྱི་བྱ་བ་ཐོང་བའི་ཚེ། །ཞེན་ཆགས་འཁྲུལ་པ་སོལ་བ་ཡིན། །གཉེན་པོ་ཀློང་དུ་གྱུར་པའི་ཚེ། །རྐྱེན་གྱི་འཁྲུལ་པ་སོལ་བ་ཡིན། །ཡེ་ཤེས་ཀློང་དུ་གྱུར་པའི་ཚེ། །མ་རྟོགས་འཁྲུལ་པ་སོལ་བ་ཡིན། །ཡེ་ཤེས་རྒྱུན་ཆད་མེད་པའི་ཚེ། །དུམ་བུའི་འཁྲུལ་པ་སོལ་བ་ཡིན། །རྟོགས་པ་རང་དང་མི་འབྲལ་ཚེ། །འཁྲུལ་པ་ཐམས་ཅད་མ་སྤངས་སོལ། །ཞེས་གསུངས་སོ། །རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། འཁྲུལ་པ་བསལ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། །དེ་སྐད་གསོལ་པའི་ཚིག་རྗེས་ལ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །འཁྲུལ་པ་སེལ་ནས་བལྟ་བའི་དོན། །ཉམས་སུ་བླང་དུ་ཡོད་དམ་མེད། །དེ་སྐད་གསོལ་པའི་ཚིག་གསན་ནས། །གསང་བདག་ཆེན་པོས་ལན་བཏབ་པ། །འཁྲུལ་པ་ལོག་ནས་ཡེ་ཤེས་འཆར། །འཁོར་བའི་ཤེས་པ་མ་སོལ་ན། །རང་གི་ཡེ་ཤེས་ངོས་མི་ཟིན། །སྙམ་བྱེད་བློ་དང་


DNG005_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྲལ་ན། །ངེས་ཤེས་རྒྱུད་ལ་འཆར་མི་བཏུབ། །དེས་ན་འཁྲུལ་པ་ལྡོག་ཐབས་གཅེས། །གཞི་རྩ་མེད་པའི་ཡེ་ཤེས་ནི། །རང་བཞིན་དག་པའི་ལྟ་བ་ཡིན། །བྱ་བྲལ་འཛིན་པ་མེད་པ་ནི། །མ་བསླད་སོ་མའི་ལྟ་བ་ཡིན། །འཁྲུལ་པས་མི་བསྒྲིབ་ཡེ་ཤེས་ནི། །རྟོགས་པ་གདེང་གི་ལྟ་བ་ཡིན། །མ་ཕྱེ་མ་བཀོལ་མི་གནས་ན། །ཡིན་མིན་མེད་པའི་ལྟ་བ་ཡིན། །སྤྲོས་པའི་ཆོས་རྣམས་ཤུགས་གྲོལ་ན། །ཕྱོགས་བྲལ་ཆེན་པོའི་བལྟ་བ་ཡིན། །རྐྱེན་རྟོག་ཁ་རུ་མི་འགྲོ་ན། །བལྟ་བ་གདེང་དུ་སྐྱོལ་བ་ཡིན། །གོང་འོག་ཁྱད་པར་མ་མཐོང་ན། །ཐིག་ལེ་ཉག་གཅིག་ལྟ་བ་ཡིན། །བཟང་ངན་བླང་དོར་མི་སྐྱེ་ན། །འཁྲུལ་རྟོག་ཐམས་ཅད་ནུབ་པ་ཡིན། །སྙམ་བྱེད་ཤེས་པ་མི་སྐྱེ་ན། །བློ་ཡི་ཆོས་ལས་གྲོལ་བ་ཡིན། །སེམས་ལ་ཁུ་འཕྲིགས་མི་ཟ་ན། །གོ་རྟོགས་ནང་ནས་ཤར་བ་ཡིན། །སྣང་བ་ཡུལ་གྱིས་མི་གནོད་ན། །ཕྱི་ཡི་སྒྲོ་འདོགས་ཆོད་པ་ཡིན། །བདེན་པའི་དོན་ལ་ཡིད་ཆེས་ན། །ནང་གི་སྒྲོ་འདོགས་ཆོད་པ་ཡིན། །སྡུག་བསྔལ་ཤེས་པ་མི་འབྱུང་ན། །བལྟ་བ་གནད་ལ་ཕེབས་པ་ཡིན། །དགེ་སྡིག་ཤེས་པ་མི་སྐྱེ་ན། །བདེ་ཆེན་གནད་ཀྱིས་ཟིན་པ་ཡིན། །འགྱུར་ལྡོག་ཤེས་པ་མི་སྐྱེ་ན། །རིག་པ་གནད་ལ་ཕེབས་པ་ཡིན། །འཁྲུལ་པའི་ཤེས་པ་མི་སྐྱེ་ན། །གདེང་གི་གནད་ལ་ཕེབས་པ་ཡིན། །རྒྱུ་རྐྱེན་ཆོས་ལ་མི་རེ་ན། །རང་བྱུང་གནད་ལ་ཕེབས་པ་ཡིན། །རིག་པའི་རྩལ་རྣམས་རྫོགས་པ་ན། །སྟོབས་ཀྱི་གནད་ལ་ཕེབས་པ་ཡིན། །སྟོང་པ་ཕལ་བར་མ་སོང་ན། །རིག་པ་གནད་ལ་ཕེབས་པ་ཡིན། །རིག་པ་གཟུང་འཛིན་མི་སྐྱེ་ན། །སྟོང་པ་གནད་ལ་ཕེབས་པ་ཡིན། །རིག་སྟོང་ཐ་དད་མི་སྐྱེ་ན། །གཉིས་མེད་གནད་ལ་ཕེབས་པ་ཡིན། །གསལ་འགྲིབ་ཤེས་པ་མི་སྐྱེ་ན། །ཡེ་ཤེས་གནད་ལ་ཕེབས་པ་ཡིན། །ཞེས་གསུངས་སོ། །རིན་པོ་ཆེའི་འཁོར་ལོའི་རྒྱུད་ལས། འཁྲུལ་པ་ལས་ལྡོག་པའི་ལྟ་བ་བསྟན་པའི་ལེའུ་


DNG005_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ལྔ་པའོ།། །དེ་སྐད་གསོལ་པའི་ཚིག་རྗེས་ལ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ལྟ་བ་རྟོགས་ནས་བསྒོམ་པའི་དོན། །ཉམས་སུ་བླང་དུ་ཡོད་དམ་མེད། །དེ་སྐད་གསོལ་པའི་ཚིག་གསན་ནས། །གསང་བདག་ཆེན་པོས་ལན་བཏབ་པ། །ལྟ་སྒོམ་བཀོལ་བ་མེད་པ་ལ། །ལྟ་བཞིན་གནས་པ་བསྒོམ་པ་ཡིན། །སྒོམ་བཞིན་འཆར་བ་བལྟ་བ་ཡིན། །བལྟ་རྟོགས་བྱིང་བའི་སྐྱོན་ལས་གྲོལ། །བསྒོམ་གནས་རྒོད་པའི་སྐྱོན་ལས་གྲོལ། །བྱིང་རྒོད་སྐྱོན་ལས་གྲོལ་བས་ན། །མི་བསྒོམ་བསྒོམ་པའི་རང་བཞིན་ཅན། །མི་གནས་གནས་པ་བསྒོམ་པ་ཡིན། །མ་བཙལ་རང་སོའི་བསྒོམ་པ་ཡིན། །མི་ལྷོད་མི་བསྒོམ་མི་རྩོལ་བའོ། །མ་བསྒོམས་དོན་གྱི་སྙིང་པོ་ཅན། །ཆུ་བོ་རྒྱུན་ཏུ་འབབ་པ་བཞིན། །ཆད་ཅིང་འདྲེལ་བའི་སྐབས་དང་བྲལ། །ལྟ་བསྒོམ་ཆ་སྙོམས་བཀོལ་བ་མེད། །སྤྲོ་བསྡུ་བཅོས་བསླད་གསལ་འགྲིབ་མེད། །མ་བཅོས་དོན་གྱི་སྙིང་པོ་ཅན། །རྩོལ་བསྒྲུབ་འགྱུར་བའི་གནས་མ་ཡིན། །མ་བཀོལ་བསྒོམ་པའི་དངོས་ཡིན་ཏེ། །ཇི་བཞིན་མ་བཅོས་རང་བཞིན་གནས། །ལོག་རྒྱུན་གྲོལ་ནས་དོན་རྒྱུན་ཅན། །བསམ་གཏན་རང་གནས་དོན་རྒྱུན་ལྡན། །གཞན་ལ་མི་ལྟོས་རང་བཞིན་གནས། །ཏིང་འཛིན་རྒྱུན་དུ་གནས་པའི་མཆོག །ཏིང་འཛིན་ཉམས་སུ་བླང་བའི་ཆོས། །དེ་ཉིད་རྣམ་པ་ཐམས་ཅད་དུ། །ཏིང་འཛིན་འབྱུང་འཇུག་མེད་པར་གནས། །ལོག་རྒྱུན་འགགས་ན་དེ་རྒྱུན་གསལ། །ནད་གསོ་དུག་རྣམས་འཇོམས་པ་ནི། །དེ་ཉིད་མཐུ་དང་ལྡན་པ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ཏིང་འཛིན་འདི་ལ་གཙོར་གནས་པས། །ཀུན་ནས་གང་དུ་མི་འབྲལ་ཞིང་། །མེད་ནས་གྲོལ་བ་ག་ལ་ཡོད། །ཕྱི་དང་ནང་གི་འཁྲུལ་པ་རྣམས། །གྲོལ་བ་ཉིད་ནི་ཡིན་ཟིན་པས། །དེ་དང་མི་འབྲལ་དོན་ལྡན་ནོ། །འཁྲུལ་པའི་ཞེན་པ་ལས་གྲོལ་ཏེ། །དེ་ཉིད་ངེས་རྙེད་གཞན་ན་མེད། །མི་དམིགས་བསམ་


DNG005_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་བསྒོམ་པར་བྱ། །རང་ལ་གནས་པའི་ཡེ་ཤེས་ནི། །རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ། །ཕྲ་ཞིང་ཞིབ་ལ་བརྟག་ཏུ་མེད། །ཟུག་རྔུའི་ནད་རྣམས་འཇོམས་མཛད་པ། །ཏིང་འཛིན་སྨན་གྱི་རྒྱལ་པོ་ཡིན། །ཅེས་གསུངས་སོ། །རིན་པོ་ཆེའི་འཁོར་ལོའི་རྒྱུད་ལས། བསྒོམ་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །དེ་སྐད་གསོལ་པའི་ཚིག་རྗེས་ལ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ལྟ་བསྒོམ་བཀོལ་བ་མེད་པ་ལ། །གོལ་སྒྲིབ་གདར་ཤ་ཇི་ལྟར་བཅད། །དེ་སྐད་གསོལ་པའི་ཚིག་གསན་ནས། །གསང་བདག་ཆེན་པོས་ལན་བཏབ་པ། །གང་རྟོགས་དུས་ནས་དོན་གསལ་ན། །གོལ་སྒྲིབ་འཁྲུལ་པའི་ཆོས་མེད་པས། །རིག་ནས་རྐྱེན་གྱིས་ག་ལ་ཚུགས། །དེ་སྐད་གསུངས་པའི་ཚིག་རྗེས་ལ། །སེམས་དཔའ་རྡོ་རྗེ་ཡང་གསོལ་པ། །རྟོགས་ན་གོལ་སྒྲིབ་མེད་མོད་ཀྱང་། །དེ་མ་རྟོགས་ཀྱི་གང་ཟག་ལ། །གོལ་ས་སྒྲིབ་པ་ཇི་ལྟར་འབྱུང་། །དེ་སྐད་གསོལ་པའི་ཚིག་གསན་ནས། །གསང་བདག་ཆེན་པོས་ལན་བཏབ་པ། །དེ་མ་རྟོགས་ཀྱི་གང་ཟག་ལ། །གོལ་ས་སྒྲིབ་པ་གཉིས་སུ་བསྟན། །འགྲོ་སྒོ་ནོར་བའི་གོལ་ས་ཡིན། །གནས་དོན་མ་རྟོགས་སྒྲིབ་པ་ཡིན། །སྒོ་ལྔར་འཁྱམས་པས་འཁྲུལ་པ་ཡིན། །གོང་མས་འོག་ཏུ་འགྲོ་སྒོ་ནོར། །གོལ་ས་ཞེས་སུ་ངས་བཤད་དོ། །སྒྲིབ་གཉིས་བྱ་ཡི་མིག་བཞིན་དུ། །མ་བསྒྲིབས་དག་ཏུ་ངས་བཤད་དོ། །ཡས་གོལ་མས་བསྒྲིབས་ཐེག་པ་རྣམས། །རྫོགས་ཆེན་མན་ངག་ཚིག་གཅིག་གིས། །གོང་འོག་གོལ་སྒྲིབ་གདར་ཤ་གཅད། །འཕྲང་གསུམ་ནང་དུ་སྒུངས་བཙུད་ལ། །རྫོང་གསུམ་ནང་དུ་གཙིགས་ལ་དབབ། །རྒྱལ་པོ་བཙོན་དུ་བཟུང་བ་དང་། །བློན་པོ་བསྐྱར་ལ་གདོན་པ་དང་། །དགྲ་ཡི་བུ་རྣམས་གསད་པ་དང་། །དགྲ་གཉེན་ཆོས་ལ་ཕེབས་པ་ཡིན། །ལྡོག་བཅས་གཉིས་ཀྱིས་འཁྲུལ་བྱུང་ན། །འཁོར་འདས་གོལ་སྒྲིབ་གདར་ཤ་གཅད། །ཅེས་གསུངས་སོ། །


DNG005_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་འཁོར་ལོའི་རྒྱུད་ལས། གོལ་སྒྲིབ་གདར་ཤ་གཅད་པའི་ལེའུ་སྟེ་བདུན་པའོ།། །། དེ་སྐད་གསུངས་པའི་ཚིག་རྗེས་ལ། །སེམས་དཔའ་རྡོ་རྗེ་ལ་སོགས་ལ། །གསང་བདག་ཆེན་པོས་རང་བཞིན་གྱིས། །གོལ་སྒྲིབ་གདར་ཤ་ཆོད་པ་ཡི། །ཉམས་བླངས་སྤྱོད་པ་འདི་གསུངས་སོ། །རིག་པའི་སྙིང་པོ་ཉམས་བླངས་ན། །སངས་རྒྱས་དགོངས་པ་འགྱུར་ལྡོག་མེད། །མན་ངག་གདེང་དོན་ཉམས་བླངས་ན། །འཁོར་བའི་འཁྲུལ་པར་འགྱུར་མི་སྲིད། །རྩེ་གཅིག་ཏིང་འཛིན་ཉམས་བླངས་ན། །ལས་དང་བག་ཆགས་བསྒྲིབ་མི་སྲིད། །རང་བྱུང་ཡེ་ཤེས་ཉམས་བླངས་ན། །རྒྱུ་རྐྱེན་ཆོས་ལ་བློ་མི་སྐྱེ། །ལུས་ངག་ཡིད་གསུམ་ཅི་སྤྱད་ཀྱང་། །བདེ་ཆེན་སྤྱོད་ལ་འགྱུར་ལྡོག་མེད། །དེ་རྟོགས་ཉམས་སུ་བླངས་ན་ནི། །གཟུང་འཛིན་ཞེན་པ་ལྡོག་པར་འགྱུར། །རིག་པ་ཕྱོགས་རིས་མེད་པའི་ཕྱིར། །གང་ལྟར་སྤྱད་ཀྱང་ཞེན་མི་འབྱུང་། །བླུན་པོ་དམན་པའི་སྤྱོད་ཡུལ་མིན། །ལུས་ངག་སེམས་ཀྱི་སྤྱོད་པ་རྣམས། །དམན་པའི་སེམས་ལ་བསྟན་པ་ཡིན། །དངོས་པོའི་ཡིད་ཆེས་མ་བསྐྱེད་པར། །ལྟ་བའི་ཚིག་ལ་བློ་གཏོད་པ། །ཀུན་ཏུ་བཟང་པོར་ཁས་བླངས་ཀྱང་། །གོལ་ས་འཁྲུལ་པ་ཉིད་དུ་འགྱུར། །ཀུན་ཏུ་བཟང་པོར་ཡོངས་མཉམ་ཡང་། །རྟོགས་མ་རྟོགས་ལ་ཡོངས་མི་མཉམ། །བཀོལ་མེད་དོན་དུ་མ་སྤྱད་ན། །མུན་པའི་སྐྱེ་མཆེད་དག་ཏུ་བསྟན། །ངོ་བོ་ཉིད་ཀྱི་རྣལ་འབྱོར་པ། །གང་ལྟར་གནས་ཀྱང་གྲོལ་བར་འགྱུར། །མཚན་མའི་འཁྲུལ་པ་ལས་གྲོལ་ཏེ། །དེ་ཉིད་ངེས་རྙེད་གཞན་ན་མེད། །ཉམས་བླངས་ངེས་པར་གྲོལ་བར་འགྱུར། །མི་སྤང་ཉམས་སུ་བླངས་པའི་དོན། །འགྲོ་འདུག་དུས་རྣམས་ཐམས་ཅད་དུ། །འདུ་འབྲལ་མེད་པར་རང་བཞིན་གནས། །བྱུང་བའི་ཆོས་ནི་དགག་མི་བྱ། །མེད་པའི་ཆོས་ནི་བསྒྲུབ་མི་བྱ། །སྤངས་པས་སྤང་བར་མི་འགྱུར་ཏེ། །བསྒྲུབས་པས་འགྲུབ་པར་ག་ལ་འགྱུར། །རྒྱུ་འབྲས་གཞན་ལས་མ་
བྱུང་བས། །རྒྱུ་འབྲས་མེད་པའི་ཡེ་ཤེས་ཡིན། །འཁྲུལ་རྒྱུན་ཆད་ནས་དོན་རྒྱུན་ལྡན། །གང་དུ་གནས་ཀྱང་མི་འབྲལ་ཅིང་། །རྟོགས་ནས་འབྲལ་བ་ག་ལ་ཡོད། །ཕྱི་དང་ནང་གི་འཁྲུལ་པ་རྣམས། །ཆེད་དུ་མ་སྤངས་གྲོལ་བར་འགྱུར། །དགོས་པའི་དོན་རྣམས་འབྱུང་བ་ཡི། །ཡིད་བཞིན་རིན་པོ་ཆེ་ཡི་རྒྱུད། །དེ་ཉིད་མཁས་ལས་འབྱུང་བ་ཡིན། །ལོག་པར་རྟོག་པ་ག་ལ་ཡིན། །ཞེས་གསུངས་སོ། །རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། ཉམས་སུ་བླངས་པའི་སྤྱོད་པའི་ལེའུ་སྟེ་བརྒྱད་པའོ།། །། རིན་པོ་ཆེ་འཁོར་ལོའི་རྒྱུད་རྫོགས་སོ།། །། གདམས་པའི་རྒྱ་དང་ལྡན་པར་གྱིས། །གདམས་པའི་རྒྱ་དང་མི་ལྡན་ན། །སྲིད་པ་ཡི་ནི་མཚོ་འཁྲུགས་སོ། །དེ་ཕྱིར་གདམས་པའི་རྒྱ་རྣམས་གཅེས།། །།

ཡེ་ཤེས་གསང་བ་ཞེས་བྱ་བའི་རྒྱུད།


DNG005_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཛྙཱ་ན་གུ་ཧྱ་ནཱ་མ་ཏནྟྲ། བོད་སྐད་དུ། ཡེ་ཤེས་གསང་བ་ཞེས་བྱ་བའི་རྒྱུད། ཡེ་ཤེས་གསང་བ་ཐུགས་ཀྱི་རང་བཞིན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། ཡེ་ཤེས་གསང་བའི་གནས་ཆོས་ཉིད་ཀྱི་མཁའ། མཐའ་དབུས་མེད་པའི་གཞལ་ཡས་ཁང་ན་བཅོམ་ལྡན་འདས་རྫོགས་པ་ཆེན་པོ་བཞུགས་ཏེ། རང་བཞིན་གྱི་འཁོར་དང་།རང་བཞིན་ལ་ལྟ་བའི་འཁོར་དང་། རང་བཞིན་རྟོགས་པའི་འཁོར་འདི་ལྟ་སྟེ།ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། སྣང་བ་ཐམས་ཅད་དང་། ཡོངས་སུ་རྣལ་འབྱོར་ཞེས་བྱ་བ་དང་། རྣལ་འབྱོར་པ་ཆེན་པོ་ཞེས་བྱ་བ་དང་། སེམས་དཔའི་རྣལ་འབྱོར་ཞེས་བྱ་བ་དང་། ཤིན་ཏུ་རྣལ་འབྱོར་ཞེས་བྱ་བ་དང་། འདས་པའི་སངས་རྒྱས་དང་། མ་འོངས་པའི་སངས་རྒྱས་དང་། ད་ལྟར་གྱུར་པའི་སངས་རྒྱས་རྣམས། འབྱེད་པ་མི་མངའ་བའི་ཐུགས་རྗེས་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ལྷའི་དབང་པོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་འདི་སྐད་ཅེས་བསྐུལ་ཏོ། །གསུང་གི་མངའ་བདག་ཐམས་ཅད་ཀྱིས། །རྩོལ་བའི་ཐེག་པ་མཐར་བཏོན་ནས། །རྩོལ་མེད་ཐེག་པ་མི་གསུང་བ། །ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། །སྐལ་ལྡན་གདུལ་བྱ་མཆིས་པས་ན། །


DNG005_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་ཞུས་པ་དང་། དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མགྲིན་གཅིག་ཏུ། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས། །སངས་རྒྱས་ཀུན་གྱི་མཛད་པ་ཤར། །གསུང་གི་མངའ་བདག་ཐམས་ཅད་ཀྱི། །ཡེ་ཤེས་རང་བཞིན་ཁྱོད་ཡིན་པས། །ཐམས་ཅད་བྱང་ཆུབ་སེམས་སུ་གསལ། །བདེ་གཤེགས་མ་ལུས་ཐམས་ཅད་ཀྱི། །སྐུ་ཡི་ངོ་བོ་དང་ལྡན་པས། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །གསུང་གི་མངའ་བདག་ཐམས་ཅད་ཀྱི། །གསུང་གི་བདག་ཉིད་རིག་པའི་གསུང་། །རྨད་བྱུང་རོལ་པའི་གསུང་དུ་ཤར། །ཚིག་གཅིག་དོན་ཀུན་རྫོགས་པའི་བདག །རིན་ཆེན་འཕྲུལ་གྱི་སྙིང་པོའི་སྒོ། །སྐལ་ལྡན་རྣམས་ལ་བསྟན་དུ་གསོལ། །རིན་ཆེན་འཕྲུལ་གྱི་ཐབས་ལྡན་པས། །གང་འདོད་མཐུན་པའི་སྒོ་དེ་ནས། །རྩོལ་མེད་དབྱིངས་དང་འཕྲད་པར་གྱིས། །བྱང་ཆུབ་སེམས་ཀྱི་དངོས་པོ་ལ། །བརྗོད་པའི་ཐ་སྙད་ཀུན་བྲལ་ཡང་། །མ་རྟོགས་བློ་ལ་ཚིག་སྒོ་ནས། །གསུང་གི་སྒྲོན་མས་གསལ་བར་གྱིས། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེ་ཐུགས་ཀ་ནས་ཕྱུང་ནས། རིན་པོ་ཆེ་རང་འབར་གྱི་འཁོར་ལོ་ལག་ཏུ་གཏད་ནས། འདི་སྐད་ཅེས་གསུངས་སོ། །གཉིས་མེད་ཡེ་ཤེས་གསང་བའི་དོན། །བྱར་མེད་མི་རྩོལ་ཡེ་སངས་རྒྱས། །དབུ་མ་ཆེན་པོ་དྲང་པོའི་ལམ། །འདུས་པའི་ཚོགས་ལ་བསྟན་པར་གྱིས། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །བདག་གིས་བགྲོ་བ་ཤིན་ཏུ་དཀའ། །མ་རྟོགས་པ་ལ་ཚིག་སྒོ་ནས། །མཚོན་ནས་རྟོགས་པར་བྱ་བའི་ཕྱིར། །ཅི་རིག་པར་ནི་རྣམ་པར་དགྲོལ། །ཞེས་ཞུས་པ་དང་། དེ་ནས་སེམས་དཔའ་རྡོ་རྗེས། ཤར་ཕྱོགས་རྡོ་རྗེ་


DNG005_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གནོན་པའི་ཞིང་ཁམས་ན། དེ་བཞིན་གཤེགས་པ་རྡོ་རྗེ་གསང་བ་ཞེས་བྱ་བ། མི་ཕྱེད་པའི་འཁོར་དང་བཅས་པ་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཉིད་རྡོ་རྗེ་ལྟ་བུ་ལ། །སྐྱེ་འགག་འབྱུང་བ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་གསང་བས་བཀའ་སྩལ་པ། སེམས་ཉིད་མི་འགྱུར་རྡོ་རྗེ་ལ། །སྐྱེ་འགག་ཡོད་པ་མ་ཡིན་ཏེ། །རྣམ་རྟོག་བློ་ལ་སྐྱེ་འགག་བྱུང་། །ཞེས་གསུངས་སོ། །དེ་ནས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་རིན་ཆེན་ཞབས་ཞེས་བྱ་བ། རང་འབར་སྣང་བའི་ཁྲི་ལ་བཞུགས་ཏེ། ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །རྒྱུ་རྐྱེན་རྩོལ་བས་མ་བསྒྲུབས་པར། །ཡོན་ཏན་འབྲས་བུ་ཇི་ལྟར་འཆར། །ཞེས་གསོལ་པ་དང་། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་ཞབས་ཀྱིས་བཀའ་སྩལ་པ། ཏཀྵ་ཀ་ཡི་རྒྱན་བཞིན་དུ། །རྒྱུ་འབྲས་མཐར་ཕྱིན་གཞི་ནས་རྫོགས། །ཐམས་ཅད་རང་བྱུང་སྙིང་པོའི་མཆོག །གསང་བའི་ཐབས་ཀྱིས་རྟོགས་གྱུར་ན། །ཉི་མའི་འོད་ལྟར་འབྲས་བུ་འཆར། །ཞེས་གསུངས་སོ། །དེ་ནས་ནུབ་ཕྱོགས་ན་པདྨ་བརྩེགས་པའི་ཞིང་ཁམས་ན། བཅོམ་ལྡན་འདས་པདྨའི་འོད་ཅེས་བྱ་བ།དྲི་མ་མེད་པའི་པདྨའི་གདན་ལ་བཞུགས་ཏེ། ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སེམས་ཉིད་པདྨ་ལྟར་དག་པར། །གཟུང་འཛིན་དྲི་མ་ཇི་ལྟར་བྱུང་། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་པདྨའི་འོད་ཀྱིས་བཀའ་སྩལ་པ། པདྨ་འདམ་ན་གནས་བཞིན་དུ། །འདམ་གྱི་སྐྱོན་གྱིས་གོས་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །འཁོར་བའི་རྟོག་པར་མི་འགྱུར་ཏེ། །རྣམ་རྟོག་བློ་ལ་འཁོར་བ་བྱུང་། །ཞེས་གསུངས་སོ། །དེ་ནས་བྱང་ཕྱོགས་རྣམ་དག་


DNG005_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཞེས་བྱ་བའི་འཇིག་རྟེན་ན། དེ་བཞིན་གཤེགས་པ་གྲུབ་པར་སྣང་བ་ཞེས་བྱ་བ། རང་བཞིན་སྣང་བ་ཞེས་བྱ་བའི་གདན་ལ་བཞུགས་ཏེ། ཉིད་ཀྱི་འཁོར་ལ་ཆོས་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཙལ་མེད་སེམས་ཀྱི་རང་བཞིན་ལ། །འགྲོ་དོན་མཛད་པ་ཇི་ལྟར་འབྱུང་། །ཞེས་གསོལ་པ་དང་། །དེ་བཞིན་གཤེགས་པ་གྲུབ་པར་སྣང་བས་བཀའ་སྩལ་པ།རང་བྱུང་ཡེ་ཤེས་རྟོགས་གྱུར་ན། །མཛད་པའི་བྱིན་རླབས་རང་ལས་འཆར། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། འདུས་པའི་འཁོར་ཚོགས་ཁྱེད་རྣམས་ཀྱིས། །རྒྱལ་བ་ཀུན་གྱིས་ཐུགས་ཀྱི་བཅུད། །ཡེ་ཤེས་གསང་བ་རྟོགས་པར་གྱིས། །ཞེས་གསུངས་པ་དང་། དེ་ནས་སེམས་དཔའ་རྡོ་རྗེ་སྟན་ལས་ལངས་ཏེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་ཞུས་པ། ཁྱོད་ནི་གསུང་གི་སེང་གེ་སྟེ། །ཡེ་ཤེས་གསང་བ་མ་རྟོགས་ན། །བིམ་པ་ར་ཡི་འབྲས་བུ་འདྲ། །སྨིན་ཀྱང་འབྲས་བུ་མི་འབྱུང་བས། །ཡེ་ཤེས་གསང་བ་རྟོགས་པར་གྱིས། །ཐུགས་རྗེའི་མངའ་བདག་ཁྱོད་ཀྱིས་བསྟན། །དེ་དག་བདག་གིས་མ་རིག་པས། །ཡེ་ཤེས་གསང་བ་བསྟན་དུ་གསོལ། །ཞེས་ཞུས་པ་དང་། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། སེམས་དཔའ་རྡོ་རྗེ་དེ་ཉོན་ཅིག །ཡེ་ཤེས་གསང་བའི་རང་བཞིན་ནི། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ནམ་མཁའ་བཞིན་དུ་ཀུན་ཏུ་ཁྱབ། །མ་རིག་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པ་ལམ་དུ་གཅིག །ཡེ་ཤེས་གསང་བའི་མཚན་ཉིད་ནི། །མ་རིག་འོད་གསལ་རྣམ་པར་དག །རྣམ་རྟོག་ཡེ་ཤེས་ཉིད་དུ་གནས། །གཞི་བཞག་རང་ལུགས་རིན་ཆེན་མཛོད། །མ་བྱུང་མ་བཙལ་གདོད་ནས་གནས། །ཡེ་ཤེས་གསང་བའི་རྣམ་པ་ནི། །སྣ་ཚོགས་སྣང་ལ་ངོས་གཟུང་མེད། །མི་དམིགས་སྒྱུ་མ་ལྷུན་གྲུབ་ནི། །རྟག་ཏུ་གསལ་ན་བལྟ་བ་


DNG005_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །གང་དག་ཇི་ལྟར་གང་རྣམས་ལ། །ཐབས་ཉིད་གང་གིས་རྣམ་པར་དབྱེ། །ཞེས་ཞུས་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །སྣང་སྲིད་སྣོད་བཅུད་ཀུན་ལ་ཁྱབ། །ཆོས་རྣམས་ཀུན་གྱི་ངོ་བོར་ཤར། །སངས་རྒྱས་སྐུ་གསུང་ཡེ་ཤེས་ཐུགས། །སེམས་ཅན་ལུས་ངག་ཡིད་ལ་ཁྱབ། །ཐམས་ཅད་དབྱེར་མེད་བྱང་ཆུབ་སེམས། །དེ་ལྟར་དག་པའི་དོན་རིག་ན། །ཐམས་ཅད་སྐུ་གསུང་ཐུགས་ཡིན་ནོ། །རང་བྱུང་ལྔ་རུ་སྣང་བ་ལ། །རང་བྱུང་ཉིད་དུ་མ་རིག་པས། །ཞེན་པ་ལྔ་རུ་ཕྱིན་ཅི་ལོག །འབྲས་བུ་ཁམས་གསུམ་སེམས་ཅན་བྱུང་། །དཔེ་ནི་ནམ་མཁའ་ལྟ་བུ་སྟེ། །མཐའ་དང་དབུས་མེད་གདོད་ནས་དག །རྒྱུ་ཡིས་མ་བསྒྲུབས་ཡེ་ནས་གྲུབ། །རྐྱེན་གྱིས་མི་ཤིགས་འགྱུར་བ་མེད། །ཕྱི་ནང་མེད་པར་ཡེ་གསལ་ཁྱབ། །འབྱུང་ཆེན་བཞི་པོ་ཐམས་ཅད་ཀུན། །ནམ་མཁའི་ངང་དུ་འདུས་པ་བཞིན། །སྣང་བའི་ཆོས་རྣམས་མ་ལུས་ཀུན། །རང་བཞིན་མེད་དེ་གདོད་ནས་དག །འཁོར་བའི་ཉོན་མོངས་ཆགས་སྡང་ཀུན། །མ་བཙལ་རང་བྱུང་རྒྱལ་པོར་ཤར། །ཅིས་ཀྱང་མཚོན་འདས་བྱང་ཆུབ་སེམས། །མི་འགྱུར་ལྷུན་རྫོགས་བདེ་ཆེན་སྐུ། །ཡངས་སོ་ཆེའོ་བདེ་ཆེན་སྐུ། །གདོད་ནས་དག་གོ་ཆོས་ཀྱི་སྐུ། །བསམ་དུ་མེད་དོ་བསྒོམ་དང་བྲལ། །མི་བསམ་རང་བཞིན་ལྷུག་པར་བཞག །མི་བསྡུ་མི་སྤྲོ་གྱི་ནར་བཞག །མ་ལུས་འདུས་པ་སྙིང་པོའི་དོན། །རྒྱུ་ཡིས་མ་བསྐྱེད་རྐྱེན་དང་བྲལ། །བདེན་བཞི་རྟོགས་པའི་རྒྱུ་དང་བྲལ། །གདོད་ནས་ཡོད་པས་ཚོགས་མི་གསོག །ཡེ་ནས་དག་པས་སྒྲིབ་མི་སྦྱང་། །དག་པ་གསུམ་ལ་རག་མ་ལུས། །རྒྱུ་ཡི་ཡན་ལག་སྒྲུབ་མི་བྱེད། །ཡེ་ནས་སངས་རྒྱས་ལྷུན་གྱིས་གྲུབ། །གཉིས་མེད་སེམས་ཀྱི་རང་བཞིན་ལ། །ངེས་མེད་དག་གིས་སྒྲུབ་མི་བྱེད། །


DNG005_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞི་འདོད་པའི་རྩོལ་བ་བྲལ། །མཚོན་མེད་སེམས་ཀྱི་ངོ་བོ་ལ། །ཤེས་རབ་ཐབས་ཀྱིས་མཚོན་དུ་མེད། །རྒྱུ་འབྲས་བྲལ་བའི་རེག་པ་ལ། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་མེད། །འབྱུང་བ་ལྔ་ལ་རག་མ་ལུས། །སྐུ་གསུང་ཐུགས་ལ་རྟེན་མི་བཅའ། །རིག་པའི་བློ་ཡིས་མ་དཔྱད་ན། །རང་བཞིན་ཐོག་ཏུ་ཕེབས་པར་འགྱུར། །གདོད་ནས་མ་ཐོས་ཤིན་ཏུ་དགེ། །བསམ་དང་བྲལ་བས་དེ་བཞིན་ཞོག །སེམས་ཀྱིས་རིག་པ་རྟོགས་གྱུར་ན། །སེམས་ཀྱི་རྟོགས་པ་བསམ་མི་ཁྱབ། །རྒྱུད་འགྲེལ་ཚིག་གིས་མ་བཀྲོལ་བར། །གཏན་ཚིགས་རིགས་པས་འབྱིན་པར་ནུས། །ཐོས་པ་བསམ་པ་བསྒོམ་པ་གསུམ། །རྟོགས་པ་ཟླ་སྐར་ཉི་མ་བཞིན། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །དམན་པའི་སེམས་ཀྱིས་མི་རྟོགས་ཏེ། །གཏན་ཚིགས་གསུམ་གྱིས་ཤེས་པར་བྱ། །རང་གིས་རིག་པ་གསལ་བ་སྟེ། །རང་བཞིན་རིག་པ་ཅིར་ཡང་སྣང་། །བདག་ཉིད་སྣང་སྟོང་ཐ་དད་མེད། །བསྒྲུབ་བྱ་དག་གི་རང་བཞིན་ནི། །འཁྲུལ་པ་བྱང་ཆུབ་སེམས་སུ་ཤེས། །བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། །ཐམས་ཅད་བྱང་ཆུབ་སེམས་སུ་ཤེས། །གང་ལྟར་གནས་ཀྱང་ཆོས་ཉིད་དོ། །དབྱིངས་དང་ཡེ་ཤེས་གཏན་ཚིགས་ནི། །དབྱིངས་ནི་དག་པའི་རྒྱུ་ཡིན་ཏེ། །ཡེ་ཤེས་འབྲས་བུ་ཉིད་དུ་གསལ། །གཅིག་ཏུ་འདུས་པས་གཟུང་འཛིན་མེད། །རང་བཞིན་དཔེ་དང་དོན་དང་ནི། །གཏན་ཚིགས་བཞི་རུ་ཤེས་པར་བྱ། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ལེའུ་སྟེ་གཉིས་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་ཞུས་སོ། །ཁྱོད་ནི་སྨྲ་བའི་སེང་གེ་སྟེ། །རྩོལ་བྲལ་བསྟན་པ་ཐུགས་ལ་རྫོགས། །བྱམས་མགོན་ཐུགས་རྗེ་ཆེན་པོ་ཡིས། །སྐལ་ལྡན་འདུས་པའི་ཚོགས་ཆེན་ལ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །གང་ལ་གསང་བ་བསྟན་དུ་གསོལ། །ཞེས་


DNG005_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། སྟོན་པ་གསུམ་དང་རིམ་པ་བརྒྱད། །ཕྱིན་ཅི་ལོག་གསུམ་འགྲོ་དྲུག་ལ། །ཡེ་ཤེས་གསང་བ་ཉིད་དུ་བསྟན། །སྣང་བ་མ་བཅོས་ཆོས་ཀྱི་སྐུ། །རིག་པ་མ་སྤངས་ལོངས་སྤྱོད་རྫོགས། །ཐུགས་རྗེ་སྤྲུལ་པའི་སྐུ་རུ་ཤར། །ཆོས་སྐུ་ནམ་མཁའི་ཁམས་ཀུན་ཁྱབ། །ཞིང་ཁམས་སྣང་སྲིད་ཐམས་ཅད་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །ཆོས་སྐུ་མ་བཅོས་འཁོར་དུ་འདུས། །རིག་པ་གསུམ་གྱི་བསྟན་པ་སྒྲོགས། །གསང་སྔགས་གཏེར་གྱི་མཛོད་འཛིན་ཅིང་། །མི་རྟོག་བརྡའ་མཇལ་གོ་ཞིང་རྟོགས། །སྤྲོས་མེད་བྱང་ཆུབ་སེམས་སུ་ཤར། །དེ་ལ་འདུ་ཞིང་འཕེལ་བའི་ཕྱིར། །ཐམས་ཅད་དེ་ཡི་འཁོར་དུ་བཤད། །ཆོས་སྐུ་དག་ལ་འགྱུར་མེད་པས། །མ་བཅོས་རང་བཞིན་དག་པ་ཡིན། །ཆོས་སྐུ་རང་བཞིན་སྤྲོས་མེད་པས། །ཡེ་ཤེས་སྐུ་ལ་སྤྲོས་མེད་གསལ། །དེས་ན་བྱིན་གྱིས་རླབས་ཀྱིས་བཤད། །ལོངས་སྤྱོད་རང་རིག་ཉིད་ཡིན་ཏེ། །གཟུགས་སུ་སྣང་བ་རྣམ་པ་ཡིན། །འདོད་པའི་བདེན་པ་ཐམས་ཅད་དང་། །རྒྱུད་ཀུན་མ་ལུས་ཐུན་མོང་གིས། །བདེ་བ་ངོས་འཛིན་རང་རིག་ཀྱང་། །རིག་པ་ཉིད་ན་གདོད་ནས་རྫོགས། །བསམ་གཏན་བཞི་ཡི་བདེ་བ་ཡང་། །ཁམས་གསུམ་ལྷ་ཡི་ལོངས་སྤྱོད་དེ། །སེམས་ཀྱི་བདེ་བ་རང་བཞིན་ཚང་། །སྐྱེ་མཆེད་མུ་བཞིའི་ཏིང་འཛིན་དེ། །རང་བྱུང་བྱང་ཆུབ་སེམས་ལ་རྫོགས། །གཉིས་འཛིན་ལྡན་པའི་བདེ་བ་དང་། །གཉིས་རྫོགས་ལྡན་པའི་མཐར་ཕྱིན་ཀྱང་། །མ་བསྒྲུབས་བདེ་བ་རང་བཞིན་རྫོགས། །དག་པ་གསུམ་དང་གཉིས་སུ་བལྟ། །བརྒྱུད་པའི་བྱིན་རླབས་བདེ་བ་ཡང་། །སེམས་ཉིད་རྟོགས་པ་ཉིད་ལ་གནས། །གསལ་བྱའི་རིམ་པས་དོན་མཛད་ཅིང་། །འདོད་པའི་སྟོབས་ཀྱིས་ཉེ་བར་བསྒྲུབ། །བགྲོད་པའི་རིམ་གྱིས་ཐོབ་པར་འགྱུར། །བདེ་བ་ཐབས་དང་ཤེས་རབ་ཀྱང་། །རང་རིགས་ཀུན་མཁྱེན་ཉིད་ལ་རྫོགས། །དབྱིངས་དང་ཡེ་ཤེས་


DNG005_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་དང་། །ཏིང་འཛིན་ཤེས་རབ་རྩལ་ཆེ་ཡང་། །རྒྱུ་ནི་དབྱིངས་སུ་རྫོགས་པ་སྟེ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་བདེ། །རྒྱུ་འབྲས་གཉིས་མེད་སེམས་ལ་རྫོགས། །དེས་ན་ལོངས་སྤྱོད་རྫོགས་པ་ཡིན། །མི་གནས་སེམས་ཀྱི་རང་བཞིན་ནི། །མ་བཅོས་ཆོས་སྐུར་བཞུགས་ཙམ་ན། །གནས་ནི་ཡང་དག་འོག་མིན་ཏེ། །འཁོར་ནི་བྱང་ཆུབ་སེམས་ཀྱི་འཁོར། །སྤྲོས་མེད་བྱིན་རླབས་ཕྱོགས་བཅུར་གསལ། །བསྟན་པ་ཕྱི་ནང་གསང་བ་གསུམ། །རང་བྱུང་ཡེ་ཤེས་ཆ་མཐུན་པས། །མ་བཅོས་རང་བྱུང་རྟག་པ་ཡིན། །ཆོས་སྐུ་རང་བྱུང་སྤྲོས་མེད་པས། །ཆོས་ཀྱི་སྐུ་ཡི་བསྟན་པ་བཤད། །སངས་རྒྱས་སེམས་ཅན་ཐམས་ཅད་དང་། །སྣང་སྲིད་སྣོད་བཅུད་མ་ལུས་པ། །ཆོས་ཉིད་ངང་ལས་མ་གཡོས་པས། །སེམས་ཉིད་ཆོས་སྐུའི་ཞིང་ཁམས་ཡིན། །ལོངས་སྤྱོད་སྐུ་ཡི་ཞིང་ཁམས་ནི། །འདོད་པའི་ལོངས་སྤྱོད་ཐམས་ཅད་དེ། །སྤྱོད་ཀྱང་མ་ཆགས་ལོངས་སྤྱོད་ཡིན། །བཟོད་ལྡན་ས་ཐོབ་འཁོར་དེ་ལ། །དགོངས་པས་སྐུ་དང་ཡེ་ཤེས་བཤད། །ཏིང་འཛིན་རིག་པའི་གདེང་གིས་གོ། །མཚན་མའི་སྐུ་གསུང་མི་མངའ་བར། །བསྟན་པ་ཕྱི་པའི་གསང་སྔགས་གསུམ། །སྣང་བ་ཆ་མཐུན་ཡོད་པས་ན། །ལོངས་སྤྱོད་རྫོགས་པའི་བསྟན་པར་བཤད། །གནས་ནི་རིག་པའི་འོག་མིན་ཏེ། །རིག་པ་ས་བཅུ་ཐོབ་རྣམས་ལ། །རང་གི་ངོ་བོར་གསལ་བར་སྟོན། །ལོངས་སྤྱོད་རྫོགས་སྐུའི་མཛད་པ་ནི། །རང་འདོད་འབྲས་བུའི་མཐར་ཐུག་ཀྱང་། །མ་བཅོས་པ་ལ་མ་རེག་པས། །ལོངས་སྤྱོད་རྫོགས་སྐུའི་མཛད་པར་ཤར། །གདུལ་བྱ་དམན་པའི་འཁོར་དེ་ལ། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས། །ཐོབ་མེད་བྱང་ཆུབ་སེམས་དང་ཕྲད། །མ་བགྲོད་རྟོག་པའི་འཇིམ་ལམ་བསྒྲལ། །བདེ་བ་ཕྲག་བརྒྱའི་དོན་ཐོབ་ནས། །ཞིང་ཁམས་ཐམས་ཅད་བདེ་བར་སྤྱོད། །རྒྱལ་ཐབས་སྤྱི་བླུགས་མ་ཐོབ་པར། །རང་ས་ཐོབ་ཀྱང་མཐར་མ་ཕྱིན། །དེས་ན་ལུང་བསྟན་བླ་མ་ཡིས། །རྒྱལ་སྲས་སྐལ་ལྡན་སློབ་མ་ལ། །པྲ་ཁྲིད་སེམས་ཀྱི་དོན་བསྟན་པས། །སེམས་ཉིད་རིན་ཆེན་


DNG005_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ལ། །བསྐུར་བའི་ཆ་གཉིས་མི་རྟོག་ཀྱང་། །བརྡ་དོན་སྤྲད་པའི་མན་ངག་སྦྱིན། །ཐུགས་རྗེའི་རང་བཞིན་སྤྲུལ་པར་ཤར། །སྣ་ཚོགས་གདུལ་བྱའི་བསམ་པ་བཞིན། །ལམ་གཉིས་ཐོབ་ཀྱང་འགྲོ་དྲུག་འཁྱམས། །བསྟན་པ་སྡེ་སྣོད་གསུམ་དུ་བསྟན། །ཞིང་ཁམས་སྟོང་གསུམ་འཇིག་རྟེན་ཁམས། །ཐུགས་རྗེའི་གནས་ལ་ངེས་པ་མེད། །མ་བཅོས་རང་བྱུང་ཡེ་ཤེས་ནི། །རང་བྱུང་ཡེ་ཤེས་ལྔར་སྣང་ལ། །ཕྱིན་ཅི་ལོག་གི་བསམ་པ་ཡིས། །ཡེ་ཤེས་ཉིད་དུ་མ་རྟོགས་ཏེ། །ཡང་དག་ཞེན་པ་ལྔ་རུ་མཐོང་། །ཞེན་པ་ལྔ་ཡི་འབྲས་བུ་ནི། །ཁམས་གསུམ་སེམས་ཅན་ཉིད་དུ་ཤར། །ངོ་བོ་སེམས་ལ་འགྱུར་བ་མེད། །འདོད་ཆགས་ལས་ཀྱི་རྣམ་སྨིན་གྱིས། །ལྷ་ཡི་གནས་སུ་སྐྱེས་ནས་ཀྱང་། །ལྟུང་བའི་སྡུག་བསྔལ་ཡང་དག་མྱོང་། །འདོད་ཆགས་དངོས་ལ་མ་གྲུབ་པས། །འདོད་ཆགས་ཡེ་ཤེས་ཉིད་དུ་དག། །བྱང་ཆུབ་སེམས་ལ་བསྐྱོད་པ་མེད། །ང་རྒྱལ་ལས་ཀྱི་རྣམ་སྨིན་གྱིས། །ལྷ་མིན་གནས་སུ་སྐྱེས་ནས་ཀྱང་། །འཐབ་རྩོད་སྡུག་བསྔལ་དངོས་མྱོང་ཡང་། །ང་རྒྱལ་ངོ་བོ་ཤེས་པ་ན། །ང་རྒྱལ་མ་སྤངས་གནས་སུ་དག །དེ་བས་ང་རྒྱལ་མི་གནས་སྟོང་། །ཕྲག་དོག་ལས་ཀྱི་རྣམ་སྨིན་གྱིས། །མི་ཡི་གནས་སུ་སྐྱེ་འགྱུར་ནས། །སྡུག་བསྔལ་སྣ་ཚོགས་མྱོང་འགྱུར་ཡང་། །ཕྲག་དོག་ཆོས་ཀྱི་དབྱིངས་ཡིན་པས། །ཕྲག་དོག་མ་སྤངས་གནས་སུ་དག །དེས་ན་བྱང་ཆུབ་དབྱིངས་མི་བསྐྱོད། །སེར་སྣའི་ལས་ཀྱི་རྣམ་སྨིན་གྱིས། །ཡི་དྭགས་བཀྲེས་སྐོམ་གནས་སུ་སྐྱེ། །བཀྲེས་སྐོམ་སྡུག་བསྔལ་མྱོང་འགྱུར་ཡང་། །སེར་སྣ་མ་བཅོས་བྱང་ཆུབ་སེམས། །སེམས་ཉིད་རང་བཞིན་སྟོང་བའི་ཕྱིར། །དེས་ན་དབྱིངས་ལ་འགྱུར་བ་མེད། །གཏི་མུག་ལས་ཀྱི་རྣམ་སྨིན་གྱིས། །དུད་འགྲོའི་གནས་སུ་བླུན་ལྐུགས་མྱོང་། །རིག་པ་ཕྲ་མོའི་ཆོས་ཤེས་ཀྱང་། །གཏི་མུག་མ་བཅོས་བྱང་ཆུབ་སེམས། །ཡུལ་ཡང་དེ་ལྟར་རིག་པས་ན། །གཏི་མུག་མ་སྤངས་གནས་སུ་དག །ཞེ་སྡང་ལས་ཀྱི་རྣམ་སྨིན་གྱིས། །དམྱལ་བའི་གནས་སུ་སྡུག་བསྔལ་མྱོང་། །ཞེ་སྡང་ཡེ་ཤེས་ཉིད་དུ་ཤེས། །ཐམས་ཅད་དེ་ལྟར་ཤེས་


DNG005_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། །ཅི་ཡང་མིན་པར་ཆོས་རྣམས་ཤེས། །ཐམས་ཅད་མཁྱེན་པའི་སྤྱན་གྱི་མཆོག །སྙིང་པོའི་དོན་གྱི་ཆོས་རྣམས་གསལ། །བསྟན་པ་རྒྱུ་འབྲས་ཐེག་པ་གསུམ། །འདུལ་མཛད་སྟོན་པ་དྲུག་སྣང་སྟེ། །ལྷ་ཡི་དབང་པོ་རྡོ་རྗེ་འཛིན། །ལྷ་མིན་སྟོན་པ་སྲིད་ཐུབ་འཛིན། །མི་ཡི་ཐུབ་པ་ཐུབ་དབང་པོ། །དུད་འགྲོའི་སྟོན་པ་གསལ་བྱེད་འབར། །ཡི་དྭགས་སྟོན་པ་སྟོབས་ཀྱི་བདག །བསིལ་བྱེད་འབར་བ་ཐུགས་རྗེའི་བདག །གདུལ་བྱ་འགྲོ་བ་དྲུག་ཡོད་པས། །ཡེ་ཤེས་རྣམ་པ་དྲུག་ཏུ་ཤར། །གང་ཟག་བློ་ལ་འཚམས་ཕྱོགས་སུ། །གང་དང་མཐུན་པའི་སྒོ་ནས་སྟོན། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། སྐུ་གསུམ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །ཁྱབ་བདག་མ་བཅོས་ལྷུན་གྲུབ་སྐུ། །རྩོལ་མེད་གནས་པས་མངོན་སངས་རྒྱས། །ཕྱོགས་རིས་མི་མངའ་ཉི་མ་ལྟར། །ཡེ་ཤེས་འོད་ཟེར་ཕྱོགས་བཅུར་བརྡལ། །སྙིང་རྗེས་དོན་མཛད་ལྷུན་གྱིས་གྲུབ། །ཕྱོགས་རིས་མི་མངའ་སྐུ་མཆོག་གིས། །རིམ་པ་བརྒྱད་ལ་གསང་བའི་དོན། །འདུས་པའི་ཚོགས་ལ་བསྟན་དུ་གསོལ། །ཞེས་གསོལ་པ་དང་། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། གསུམ་ལ་ངོས་བཟུང་མི་མངའ་སྟེ། །བརྒྱད་ཀྱིས་རང་འདོད་གཉིས་ཀྱིས་ལོག །གཅིག་གིས་མ་རིག་ཁས་མི་ལེན། །དྲུག་གི་ལྔ་ཡི་འབྲས་བུ་མྱོང་། །དེས་ན་ཡེ་ཤེས་གསང་བ་ཡིན། །ཆོས་སྐུ་གདོད་ནས་དག་པ་ལ། །བརྟགས་པའི་གཟུང་འཛིན་ངང་གིས་མེད། །དེས་ན་ཆོས་ཉིད་གསང་བ་ཡིན། །ལོངས་སྤྱོད་རིག་པ་དག་པ་ལ། །ཕྱི་ནང་མེད་པར་སེམས་ཉིད་གསང་། །ཆོས་ཅན་མ་ཡིན་ཆོས་ཉིད་མིན། །ཅི་ཡང་མ་ཡིན་གྱི་ནར་ཞོག །འཁྲུལ་པ་སྣ་ཚོགས་ཅིར་སྟོན་ཀྱང་། །ཞེན་པའི་བསམ་པ་མ་གཏོགས་པ། །ཡང་དག་དངོས་པོར་གྲུབ་པ་མེད། །དཔེར་ན་ཐག་


DNG005_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྦྲུལ་མཐོང་ཡང་། །ཐག་པའི་མཚན་ཉིད་སྦྲུལ་མ་ཡིན། །སྣང་བ་བརྟགས་པར་ཞེན་མོད་ཀྱང་། །མ་བཅོས་སྣང་བ་བརྟགས་པ་མིན། །རོལ་པ་ལྷུན་གྲུབ་སྒྱུ་མ་དེ། །རྩོལ་མེད་སྒྱུ་མ་བདེ་མཆོག་བདེ། །མི་འགྱུར་རྡོ་རྗེ་བཙན་པོ་ཡིན། །མ་བཅོས་ལྷུན་གྲུབ་ཆེན་པོ་ལ། །ངེས་པ་མེད་པས་གསང་བར་བཤད། །གང་ཞིག་གཉིས་མཐོང་བ་ཡིས་ནི། །གཟུགས་མེད་ཕྲ་རབ་རྡུལ་དུ་མཐོང་། །སེམས་ལ་རྡུལ་མེད་ཕྱིན་ཅི་ལོག །བདག་མེད་ངེས་བཟུང་ཆོས་ཉིད་གསང་། །གང་ཞིག་ཆ་མཐུན་ནང་ནས་ནི། །བཅོ་ལྔ་བཅུ་དྲུག་ཟེར། ཆོས་ལ་གཅིག་མ་རྟོགས། །རྟེན་འདྲེལ་ཆོས་ལ་ངེས་བརྟགས་པས། །རྒྱུ་མེད་ཆོས་ཀྱི་དོན་མ་མཐོང་། །གཉིས་མེད་སྐུ་ཡི་ངོ་བོ་ལ། །བདེན་གཉིས་ལྟ་བར་རྣམ་ཕྱེ་སྟེ། །དོན་དམ་སྟོང་པའི་དངོས་པོ་མེད། །རིག་བཞིའི་གཏན་ཚིགས་དག་གིས་ཚོལ། །དོན་གྱི་ངོ་བོ་རྟོགས་ནས་ནི། །ཞི་གནས་གང་ཟག་འདོད་པས་བསྒོམ། །ལྷག་མཐོང་འཕེལ་བའི་སྐབས་སུ་འདོད། །ལམ་གཉིས་སྦྱོར་བའི་རིམ་པ་སྟེ། །དོན་མཐོང་རགས་པའི་རྟོགས་པ་སྤངས། །ཕྲ་བའི་རིམ་པ་བཅུ་ཡི་བར། །ཤིན་ཏུ་ཕྲ་བའི་སྒྲིབ་པ་ལ། །མཐར་ཐུག་ས་ཡི་སྦྱོར་བས་གཅོད། །རང་འདོད་རྟོགས་པའི་མཐར་ཐུག་ཡིན། །དེས་ན་བསྡི་གནས་དྲང་བ་ཡིས། །བགྲོད་མེད་བགྲོད་པས་ཡེ་ཤེས་གསང་། །བཙལ་མེད་བཙལ་བས་གྲུབ་པ་མེད། །བདག་དང་མི་མཐུན་ལོག་པ་བཞིན། །དེས་ན་འདུས་པའི་འཁོར་ཚོགས་ཁྱེད། །བཙལ་མེད་ཆོས་ལ་བཙལ་མི་བྱ། །བགྲོད་མེད་ཆོས་ལ་རང་བཞིན་ཞོག །རྒྱལ་རྟགས་ཕྱི་པས་མཐོང་བ་ནི། །མཐོ་འཇམ་དམའ་རྩུབ་རིགས་གསུམ་འདོད། །དག་པ་གསུམ་གྱི་སྒོར་ཞུགས་ནས། །དམ་ཚིག་ཡེ་ཤེས་རྗེ་འབངས་ལྟ། །རྟོགས་པས་རྡོ་རྗེ་འཛིན་པའི་ས། །ངེས་པར་མཐོང་ཡང་བཅོས་མའི་ས། །མ་ཐོབ་རང་སྐྱོན་མེ་ལོང་ཚུལ། །རིམ་མམ་ཅིག་ཆར་རིམ་གྱིས་འཇུག །རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་། །སྐད་ཅིག་ཉིད་ཀྱིས་རྫོགས་


DNG005_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས། །མ་རྟོགས་དུས་གནས་ཐམས་ཅད་དུ། །དེ་ཉིད་ཚོད་དང་ལྡན་པ་ཡིན། །གཞི་ནས་འབྲས་བུ་ཡིན་པའི་དོན། །དམ་ཚིག་ཡེ་ཤེས་གྲོགས་པོའོ། །མཚན་མའི་དངོས་པོ་ཆུ་ཟླའི་ཚུལ། །མཐོང་བའི་དགོངས་པའི་ངོ་བོ་དང་། །སྟོང་ཉིད་མཚན་མ་མེད་བསྒོམས་པས། །སྟོང་ཉིད་ལ་སོགས་ཡེ་ཤེས་འགྲུབ། །གཅིག་ལའང་སྐུ་ལྔ་འབྱུང་བ་སྟེ། །ལྔ་དང་དེ་གཉིས་དེ་བཞིན་ནོ། །དེ་ཉིད་གྲངས་མཐུན་སྤྲུལ་པ་སྟེ། །དེ་ཡི་རྒྱུད་ལའང་བྱིན་བརླབས་ཏེ། །དེ་ལས་སྤྲུལ་པ་བསམ་མི་ཁྱབ། །སྐལ་ལྡན་རྣམས་ཀྱི་སེམས་ལ་སྣང་། །ཡོ་ག་རང་འདོད་བསམ་པ་ཡིས། །མཐར་ཐུག་འབྲས་བུ་ཡིན་འདོད་ཀྱང་། །དེ་ཡང་རྩོལ་བའི་འབྲས་བུ་ཡིན། །མ་བཅོས་ཇི་བཞིན་མ་རྟོགས་པས། །རང་སྣང་མ་བཅོས་ཡུལ་བྱས་ནས། །འཇུག་པའི་རིམ་པ་སྔ་མ་བཞིན། །བརྡའ་དོན་སྤྲད་པས་རྒྱལ་གྲལ་བཞག །བྱ་བའི་སྤྱོད་པ་དག་གིས་གནས། །བྱིན་བརླབས་བརྒྱུད་པའི་ལྟ་བར་འདོད། །རྩོལ་བས་འཇུག་དང་གཉིས་ཀས་ལེན། །ཡོ་གའི་སྤྱོད་ལ་གང་གནས་པ། །འབྲས་བུ་ལམ་དུ་འཇུག་པ་སྟེ། །རང་འདོད་རྟོགས་པའི་ས་ཡིན་ཡང་། །མ་བཅོས་ཐ་མའི་ས་མ་རྟོགས། །སྨིན་ཀྱང་འབྲས་བུ་མི་འབྱུང་སྟེ། །བིམ་པ་ར་ཡི་འབྲས་བུ་བཞིན། །བསྐྱེད་པ་མ་ཧཱ་ཡོ་ག་ནི། །གཞི་ནས་འབྲས་བུ་དེ་བཞིན་ཏེ། །ཐ་མལ་གཙང་སྨེའི་ལམ་དུ་འདོད། །གཞི་ནས་འབྲས་བུ་ཡིན་པའི་དོན། །བསྐྱེད་པའི་རིམ་པ་བརྩམ་པ་དང་། །རྫོགས་པའི་རིམ་པས་འགྲུབ་པ་ཡིན། །ལམ་གཉིས་གྲོལ་དང་ཐབས་གཉིས་ཏེ། །རེ་རེའང་བསྐྱེད་དང་རྫོགས་པ་སྟེ། །གྲོལ་བའི་ལམ་ལ་བཞི་ཡིན་ནོ། །ཐམས་ལམ་ནང་དང་གསང་བ་གཉིས། །གཉིས་བཞི་བརྒྱད་དུ་ལྡན་པ་སྟེ། །བཅུ་གཉིས་དག་ཏུ་ཤེས་པར་བྱ། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །སྒྲུབ་པ་ཕྲིན་ལས་ལས་རིམ་ནི། །ཕྱི་དང་ནང་དང་གསང་བ་སྟེ། །རང་བཞིན་གནས་དང་རྩོལ་བས་འཇུག །རྒྱུད་ཀྱི་དངོས་པོ་གསུམ་དུ་བསྟན། །དང་པོ་བསྐྱེད་པའི་ཏིང་འཛིན་བསྒོམ། །


DNG005_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་རྫོགས་དང་རྫོགས་པའི་བསྐྱེད། །སྐབས་དང་སྦྱར་བས་དེ་བཞིན་བསྒོམ། །དངོས་གྲུབ་རྒྱ་མཚོ་ལྟ་བུ་ནི། །གྲོལ་བའི་དཀྱིལ་འཁོར་ཡོངས་རྫོགས་པས། །དེ་མ་ཐག་ཏུ་ལྷུན་གྱིས་གྲུབ། །ནང་གི་ལམ་ལ་གང་འཇུག་པ། །བསྐྱེད་པས་དཀྱིལ་འཁོར་ལྔ་ལ་འཇུག །དེ་ཉིད་རྫོགས་པས་དེ་ཉིད་བདེ། །གསང་བའི་ཕོ་བྲང་རྩ་མདུད་གསུམ། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བའི། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡིན། །སྤྲུལ་པ་དྲུག་ཅུ་དེ་དང་ལྡན། །དབུས་སུ་ཨ་ཡི་རང་བཞིན་ཏེ། །ཕྱི་རིམ་བཞི་དང་བརྒྱད་དུ་ལྡན། །ཆོས་ཀྱི་འཁོར་ལོ་དག་ལ་བརྒྱད། །དེ་དཀྱིལ་དྭངས་མ་གསུམ་དག་སྟེ། །ལྔ་དབུས་ཐིག་ལེ་བྱང་ཆུབ་སེམས། །ཆོས་ཉིད་གསུམ་དང་ཡེ་ཤེས་གཅིག །རང་རྒྱུད་དག་ཏུ་ཤེས་པར་བྱ། །དེ་ཉིད་ཅི་འདྲར་སེམས་པ་ན། །ཆོས་ཉིད་རྩ་ལ་འོད་སེར་ཏེ། །དེ་དབྱིབས་ཟླུམ་པོ་དངུལ་ཟོ་བཞིན། །ས་བོན་སུཾ་ཏྲི་སྙིང་པོ་ཨཱོཾཿ །དེ་དག་གསུམ་གྱི་ཁ་དོག་ནི། །ཟ་འོག་གུར་ཕུབ་ལྟ་བུར་གནས། །ཡེ་ཤེས་རྩ་ལ་འོད་མཐིང་ག །ཐག་པར་ཤེལ་སྒོང་བརྒྱུས་པ་འདྲ། །ས་བོན་སྙིང་པོ་ཨ་ནྲྀ་ཧཱུཾ། །རང་རྒྱུད་འོད་དམར་ཟླ་གམ་འདྲ། །ཚུལ་ནི་དཔེ་ཡིས་ཤེས་པར་བྱ། །ས་བོན་སྙིང་པོ་པྲེ་དུ་ཨཱཿ །མ་རྟོགས་ས་བོན་ཨ་ལ་སོགས། །རྟོགས་པས་ཡེ་ཤེས་སྐུ་གསུང་ཐུགས། །གཉིས་སུ་མེད་པས་བསྲེག་པ་ཡིན། །བྱེ་བྲག་བཞི་རུ་གནས་པ་ནི། །རྣམ་ཤེས་བརྒྱད་ཀྱི་རྟེན་མ་སྟེ། །རྒྱུ་བ་བཞི་རུ་ཤེས་པར་བྱ། །སྙིགས་མ་གསུམ་ལ་གཉིས་སུ་རྒྱུ། །རྣམ་ཤེས་དྲུག་གི་ཚུལ་དང་མཐུན། །གང་གིས་གང་བྱེད་དེ་བཞིན་ནོ། །དེ་ཡི་རང་ལ་རྟག་གནས་ན། །བདེ་བའི་རྟགས་རྣམས་འབྱུང་བར་འགྱུར། །གཡོ་ཞིང་འབར་ན་རྩོལ་བ་ཀློད། །ནམ་ཞིག་དེ་ལྟར་གསལ་འགྱུར་ན། །སྙིང་པོ་གསུམ་དང་ས་བོན་དྲུག །ཡེ་ཤེས་རང་བཞིན་འོད་དུ་འབར། །ཐིག་ལེ་རང་བཞིན་མེད་པར་ཐིམ། །རྒྱུ་བ་རིགས་ཀྱི་ཕ་ལ་གནས། །དབུགས་སོགས་རང་བཞིན་མེད་གྱུར་ནས། །རྩ་དབུགས་ནམ་མཁའ་ལྟར་ནང་ལ། །


DNG005_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཁྱབ་གདལ་ཀུན་ཏུ་བཟང་། །ཆོས་དབྱིངས་གསལ་བའི་གོ་སྐབས་འབྱེད། །གསང་བའི་ཤེས་རབ་ཡུམ་གྱི་དབྱིངས། །གཉིས་དང་དྲུག་ཅུའི་དཀྱིལ་ན་བཞུགས། །ཤེས་རབ་ཐབས་ལ་སྙོམས་པར་འཇུག །ཐམས་ཅད་རྒྱས་བཏབ་དཀྱིལ་འཁོར་ཡིན། །ལྔ་ཡི་རང་བཞིན་ཉིད་དུ་བལྟ། །འཕྲོ་དང་འབར་བ་སྟེང་འོག་ཏུ། །སྟེང་གི་སྙིང་པོ་བསྐུལ་བྱས་པས། །བདེ་བ་ཆེན་པོའི་མཆོད་པ་ཡིན། །དེ་ཉིད་ཐིག་ལེ་མཉམ་སྦྱོར་བས། །དྲུག་དང་བཅུ་ཡི་དཀྱིལ་དུ་སྟེ། །དགྱེས་པ་ཆེན་པོའི་རོ་ཡིས་ནི། །བདེ་བ་ཆེན་པོར་སྟོབས་པར་བྱེད། །ཤེས་བྱ་བྱུང་ཚད་བསོད་ནམས་ཀྱིས། །ཡུལ་རྣམས་སྒྱུ་མར་རང་སྣང་བ། །རོལ་མོའི་བདེ་བ་མཐའ་དག་གིས། །བདེ་བ་ཆེན་པོ་ཕྲིན་ལས་འཕྲོ། །སུམ་ཅུ་རྩ་གཉིས་དཀྱིལ་འཁོར་ན། །ཐིག་ལེ་དེ་དང་མཉམ་པའི་དབྱིངས། །ཀུན་གྱི་དངོས་ཡིན་ཀུན་གྱི་གཙོ། །བཅུ་དང་བཞི་ནི་མངོན་རྫོགས་པ། །གསུམ་དང་གཉིས་སུ་ཡང་དག་གནས། །ཀུན་གྱི་དངོས་པོར་བདག་ཉིད་གནས། །གསང་བའི་ལམ་ལ་གང་གནས་པ། །མཚོན་བྱེད་རིག་མའི་བདེ་བ་ཡིས། །ལྷན་ཅིག་སྐྱེས་པའི་དགའ་བ་རྟོགས། །བདེ་བ་གསལ་ལ་མི་རྟོག་པ། །རྡོ་རྗེ་འཛིན་པའི་ས་ཡིན་ཀྱང་། །དེ་ཡིས་དོན་རྣམས་མི་འཐོབ་སྟེ། །རྒྱལ་དང་དེ་ཡི་ཆ་བཞིན་ནོ། །ཤེས་པ་དབང་སོགས་གློ་བུར་བས། །རང་གནས་ཡེ་ཤེས་མི་རྟོག་སྟེ། །འཛིན་པས་རང་རིག་མི་རྟོགས་བཞིན། །དངོས་འཛིན་ཞེན་པའི་རང་རིག་གིས། །ལྷུན་གྲུབ་རང་རིག་དོན་མི་མཐོང་། །རང་ས་ཐོབ་ནས་མ་བཅོས་པ། །སྔ་མ་བཞིན་ཏེ་འཇུག་པའང་འདྲ། །མཐར་ཕྱིན་ཨ་ནུ་ཡོ་ག་ལ། །རང་བཞིན་དབྱིངས་དང་ཡེ་ཤེས་ལ། །འཁྲུལ་པ་འཁོར་དང་རང་རྒྱུད་པ། །བདེར་གཤེགས་ཆོས་དབྱིངས་མ་བཅོས་གསལ། །རང་བཞིན་སྣང་བ་བཞིར་གནས་པ། །བདེ་གཤེགས་སྣང་བ་འབྲས་བུ་ཡིན། །འཁོར་གྱི་སྣང་བ་ལམ་པ་སྟེ། །ལམ་ལ་ཕྱི་ནང་གསང་བ་གསུམ། །ཅིག་ཅར་རིམ་པའང་དེ་བཞིན་ནོ། །རིམ་པར་འཇུག་པའི་ཚུལ་གྱིས་


DNG005_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །བསྐྱེད་པར་བརྟན་པར་གྱུར་ནས་ནི། །རྫོགས་པའི་དོན་ལ་འཇུག་པར་བྱ། །མོས་པས་ནང་ཡང་དེ་བཞིན་ནོ། །གསང་བའི་དོན་ལ་དྲན་པས་བསྒོམ། །འབྲས་བུ་དབྱིངས་དང་ཡེ་ཤེས་ལ། །རང་འདོད་འབྲས་བུ་ཐོབ་འདོད་ཀྱང་། །མཐར་ཐུག་འབྲས་བུ་དེ་མ་ཡིན། །ཨེ་མའོ་ཡེ་ནས་གསང་བའི་ས། །རྩོལ་བའི་ལམ་གྱིས་ཐོབ་མ་ཡིན། །འགྲོ་དྲུག་ཞེན་པའི་དྲང་ཐད་དང་། །མུ་སྟེགས་རང་བསམ་ལོག་པ་དང་། །བརྒྱད་ཀྱིས་རང་འདོད་དབྱིངས་ལ་བལྟས། །ཕྱི་ནང་མེད་ལ་སྤྲོ་བསྡུ་བྱས། །ངོ་བོ་མེད་ལ་དམིགས་འཛིན་བྱས། །རང་བྱུང་ཉིད་ལ་རྒྱུ་ཡིས་བཙལ། །མ་བཅོས་ཅི་ཡང་མ་ཡིན་ལ། །ཅིར་ཡང་འཛིན་པའི་བསམ་པས་བརྟགས། །བགྲོད་མེད་འབྲས་བུ་ལྷུན་གྲུབ་ལ། །ལམ་བརྒྱད་བགྲོད་པས་བགྲོད་མེད་བསླད། །དེས་ན་མ་བཅོས་དངོས་པོ་ལ། །ལོག་རྟོག་འཛིན་པའི་བློ་ཡིས་ནི། །ཇི་ལྟར་དཔྱད་ཀྱང་མ་ཡིན་པས། །མ་དཔྱད་རང་བཞིན་བཞག་པས་གོ། །དཔྱད་མེད་སེམས་ལ་དཔྱད་པས་ན། །མ་ཡིན་ལོག་སྟེ་གཞན་ལྟ་བཞིན། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། གང་ལ་གསང་བ་བསྟན་པའི་ལེའུ་སྟེ་བཞི་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ། འདི་སྐད་ཅེས་གསོལ་ཏོ། །ཐུགས་རྗེའི་བདག་པོས་གང་གསུངས་པ། །འདུས་པའི་ཚོགས་ཀྱིས་རྟོགས་པ་ནི། །སེམས་ཀྱི་རང་བཞིན་ཡེ་གནས་ལ། །ཞེན་དྲུག་ལོག་གསུམ་རྩོལ་བརྒྱད་ཀྱིས། །དེ་ཉིད་རང་བཞིན་གསང་བར་གསུངས། །གསུམ་ལ་ངོས་བཟུང་མེད་པས་གསང་། །ཐམས་ཅད་ཀུན་ལ་གསང་བས་ན། །དེ་ཉིད་གང་གིས་ཤེས་པར་འགྱུར། །གསུང་གི་མངའ་བདག་ཁྱོད་ཀྱིས་ཀྱང་། །ཀུན་ལ་གསང་བ་ཇི་ལྟར་རྟོགས། །ཞེས་གསོལ་པ་དང་། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། ཐེག་ཆེན་སེམས་ཀྱི་རང་བཞིན་ནི། །སྒྲ་དང་ཐ་སྙད་ཀུན་འདས་ཀྱང་། །སྣོད་ལྡན་རྟོགས་པར་འདོད་པ་ཡིས། །གཏན་


DNG005_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཚད་མ་གསུམ་གྱིས་ནི། །དེ་རྒྱུ་རྟོགས་པའི་ཐབས་སུ་བཤད། །བྱ་བྲལ་རྫོགས་ལུང་རིག་པའི་ཉམས། །གྲོན་ཚེག་ཆུང་བའི་མན་ངག་གསུམ། །ཡེ་ཤེས་རྟོགས་པའི་རིག་པའི་མཆོག །ཐབས་ཆེན་རྒྱུད་དང་བྱ་བྲལ་རྫོགས། །མཁའ་ཁྱབ་བྱང་ཆུབ་སེམས་ལུང་གིས། །སྣང་སྲིད་སེམས་སུ་གཏན་ལ་འབེབས། །ཡེ་ཤེས་གསང་བའི་ངོ་བོ་སྟོན། །བདག་ཉིད་གསང་བའི་དཀྱིལ་འཁོར་སྟོན། །ལུང་གསུམ་སྣང་བས་སྟོན་པའི་བཀའ། །ཡིན་པས་ང་ཡི་བཀའ་དང་མཐུན། །རིག་པས་ཉམས་སུ་ལེན་པ་ན། །ཡིད་ཆེས་རིག་པའི་གཏན་ཚིགས་སོ། །རྣམ་གསུམ་ལུང་གི་ངོ་བོ་ནི། །སེམས་ཉིད་རིག་པའི་ཆོས་ཡིན་ནོ། །ཐམས་ཅད་སེམས་སུ་འདུས་པས་ན། །སེམས་མ་ཡིན་པའི་ཆོས་མི་སྣང་། །ཇི་ལྟར་སྣང་བའི་ཆོས་རྣམས་ནི། །སེམས་ལ་སྣང་ཕྱིར་སེམས་ཡིན་ཏེ། །སེམས་ཉིད་རིག་པ་མ་ཡིན་ན། །དེ་ཉིད་ཇི་ལྟར་སྣང་བར་འགྱུར། །ཐ་དད་མཐོང་བར་བརྟགས་པ་དེ། །བག་ཆགས་ལོག་པས་འཁྲུལ་ཙམ་ན། །མེད་ཀྱང་ལོག་པར་སྣང་བ་སྟེ། །དུང་ལ་སེར་པོར་མཐོང་བ་བཞིན། །དུང་ཉིད་སེར་པོ་མ་ཡིན་ཏེ། །ཇི་ལྟར་དེ་ལ་སེར་པོར་མཐོང་། །དེས་ན་སེར་པོའང་ཡིན་འདོད་ནས། །དུང་ལ་སེར་པོ་ཡོད་པ་ན། །མ་འཁྲུལ་ཤེས་པས་ཅིས་མི་མཐོང་། །ཞེན་རྟོག་འཛིན་པའི་དབང་གིས་ན། །བརྟགས་པས་སྣ་ཚོགས་དག་ཏུ་མཐོང་། །དང་པོ་མཚན་མའི་རང་རིག་སྟེ། །གཉིས་པ་མེད་པས་རང་རིག་ཡིན། །གཉིས་པས་གཉིས་ཀ་མེད་པ་སྟེ། །མཚན་གཞི་མེད་པའི་མཚན་ཉིད་ནི། །མི་སྲིད་མེ་མེད་ཚ་བ་བཞིན། །གསུམ་ལ་ཞེན་པའི་རང་རིག་སྟེ། །རང་རིག་བདེ་བའི་དོན་ལ་ཞེན། །ཞེན་པས་མ་བཅོས་དོན་མི་མཐོང་། །གཞི་ས་མ་བཅོས་རང་རིག་ནི། །ངོས་བཟུང་མེད་པས་གང་ཡང་མིན། །ཡེ་ཤེས་རོལ་པ་རང་སྣང་ལ། །བླ་མའི་ཞལ་ལས་ཤེས་པར་བྱ། །རོལ་པ་ཡེ་ཤེས་རང་སྣང་དང་། །རྟོག་པའི་ཞེན་པ་སྣ་ཚོགས་པ། །བྱེ་བྲག་མ་ཤེས་གཏི་མུག་བློ། །


DNG005_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཀྱི་ལུང་གིས་ནི། །ཐམས་ཅད་སེམས་སུ་གཏན་ལ་འབེབས། །དེས་ན་བྱང་ཆུབ་སེམས་ཀྱི་ལུང་། །མ་བཅོས་སེམས་ཀྱི་རང་བཞིན་ལ། །བྱང་ཆུབ་སེམས་ཀྱི་རང་རིག་ནི། །བྱང་ཆུབ་སྙིང་པོར་དེ་མ་ཐག །རིག་པའི་ཚད་མ་ཉིད་ཀྱིས་ཤེས། །རིག་པའི་ཚད་མ་མ་སྐྱེས་ན། །སྒྲ་ཡིས་ཚད་མ་ཅི་བསྟན་ཀྱང་། །སྒྲ་ཡི་དོན་དང་དེ་འཕྲད་ནས། །སྒྲ་དོན་རྗེས་སུ་རྟོགས་མི་འགྱུར། །སྤྱི་ལ་རྟོག་པ་དེ་གནས་ཀྱང་། །རང་གི་མཚན་ཉིད་དེ་མ་ཡིན། །རིག་པའི་ཚད་མས་དོན་མཐོང་ན། །དེ་ཉིད་རིག་པའི་དོན་ལྡན་པས། །ལུང་སོགས་ཚད་མ་རྣམས་མི་དགོས། །དེ་ལྟར་དེ་ནི་རང་བཞིན་ནོ། །སློབ་ཚུལ་རིམ་པ་མ་ཡིན་ཏེ། །མ་བགྲོད་ཅིག་ཆར་འཇུག་པ་ཡིས། །དེ་བཞིན་གཞི་ལས་མ་གཡོས་པས། །མཐར་ཕྱིན་གཞི་ལས་གཡོས་པ་མེད། །རྫོགས་པའི་སེམས་ཀྱི་རང་བཞིན་ནི། །བརྡའ་དོན་ཕྲད་པས་མཐར་ཕྱིན་ཀྱང་། །འཛིན་པ་དྲུག་ལ་ཞེན་པ་ཡིས། །རྟོག་པ་སེམས་སུ་ཤེས་པ་ལ། །བློ་ཡི་བྱེ་བྲག་བསམ་མི་ཁྱབ། །ཤེས་པ་སྐྱེ་བ་གསུམ་ཡིན་པས། །མཐོང་བ་སྣ་ཚོགས་རིག་པའི་ཉམས། །དང་པོ་གནས་པའི་ཏིང་ངེ་འཛིན། །ཆུ་དྲག་འབབ་པའི་དཔེ་ཡིས་བསྟན། །མྱུར་དང་ངལ་བས་འབབ་ཆུ་འདྲ། །གཉིས་པ་ལ་ནི་མི་གཡོ་བ། །རྒྱ་མཚོའི་གཏིང་བཞིན་མི་གཡོའོ། །གསུམ་པ་བཞི་པ་འབྲས་བུའི་ཉམས། །མཉམ་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ། །སྣང་བ་རྣམ་རྟོག་ཅིར་མི་བལྟ། །དྲན་པ་ཀུན་སྤངས་ཡེ་ཤེས་ཉིད། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པར་བཞག་པ་ཡིན། །རིན་ཆེན་བརྒྱུད་པ་ཤེས་པའང་། །སློབ་དཔོན་སློབ་མའི་བྱེ་བྲག་དང་། །སྔོན་དུ་འགྲོ་དང་ཚད་ལྡན་པ། །བསྟན་པའི་དོན་ལ་བཞག་ཚུལ་ལོ། །དེ་ཡི་ཡོན་ཏན་དབྱེ་བ་དང་། །ཕྲིན་ལས་དམ་ཚིག་དོན་བཞིན་ནོ། །རྒྱུད་དང་མདོ་སྡེ་ཐུགས་ལ་རྫོགས། །བཀའ་གཞུང་རིག་པའི་དོན་ལ་མཁས། །དམན་པའི་བློ་སྤངས་ཁྱད་པར་ཀུན་མཁྱེན་པ། །


DNG005_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་ཤེས་རབ་ཏིང་འཛིན་ཉིད་ལ་གནས། །རྫས་དང་འདྲེལ་ངོར་མི་གཏོང་ཆུ་སྲིན་སྡེར་མོ་བཞིན། །ཐུགས་རྗེ་ཕྱོགས་རིས་མི་མཛད་ཀུན་ལ་སྙོམས། །དམན་པའི་སངས་རྒྱས་རེ་ཐག་ལས་པའི་ས། །སློབ་དཔོན་རྣམ་པ་གཉིས་སུ་བསྟན། །བརྡའ་དོན་ཕྲད་པའི་སློབ་དཔོན་ནི། །རང་རྒྱུད་མ་བཅོས་རྣམ་དག་པས། །དོན་དང་འདྲེལ་བའི་སྒྲ་ཚིག་གིས། །ཡེ་ཤེས་རིག་པའི་ངོ་བོ་སྟོན། །སྐྱེ་བ་མེད་པའི་བརྡ་དོན་སྤྲད། །དེ་ལྟར་མ་ཡིན་བརྡའ་དོན་བྲལ། །མ་ནོར་ངེས་པའི་སློབ་དཔོན་གྱིས། །ཐ་དད་མ་ཡིན་སློབ་མ་ལ། །སྒྲ་དང་མཚན་མ་མི་མངའ་བར། །ཇི་བཞིན་རིག་པའི་ངོ་བོ་བསྟན། །མི་རྟོག་བརྡ་དོན་གོ་ཞིང་རྟོགས། །བདེ་གཤེགས་ཀུན་གྱི་ངོ་བོ་ལ། །སེམས་ཅན་ཀུན་གྱི་དངོས་གཞི་ཡིན། །དེ་ཡི་སྟོབས་ཀྱིས་དེ་གསལ་ཞིང་། །དེ་ཉིད་ངང་ལ་དེ་གནས་ན། །དོན་རྣམས་རིག་པའི་ཕྱག་རྒྱ་ཅན། །མི་གཡོ་རྣམ་དག་སྨན་ཆེན་གྱིས། །གཅོང་རྙིང་ཡེ་ཤེས་ཉིད་དུ་སྦར། །འཁོར་བ་རྣམ་པར་དག་པ་སྟེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །དུག་ཆེན་སྨན་དུ་བཏུལ་བ་ལྟར། །འཁོར་བ་ཡེ་ཤེས་ཉིད་དུ་གསལ། །སྙིང་པོ་དོན་གྱི་དེ་ཉིད་ནི། །གང་ལྟར་ཅི་ཡང་མ་ཡིན་པས། །ཐམས་ཅད་མཁྱེན་པའི་དགོངས་པ་ལ། །བདེན་པར་གཟིགས་པ་མི་མངའ་ལ། །དེ་བཞིན་རྫུན་པར་གཟིགས་པའང་མིན། །ཐམས་ཅད་གང་ཡང་མ་མཁྱེན་པས། །སྙིང་པོ་དོན་གྱི་ངོ་བོ་མཁྱེན། །མ་བཅོས་ཐུགས་ཀྱི་ཕྲིན་ལས་ཅན། །ཅིས་ཀྱང་བཅོས་མེད་ཅིས་མི་གཡོ། །གདོད་ནས་དག་པའི་ཆོས་ཉིད་ལ། །དྲན་པ་རྐྱེན་གྱིས་དེ་བཞིན་གནས། །ལྷུན་གྲུབ་སེམས་ལ་རྩོལ་བ་མེད། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་མེད། །མི་གནས་ཐུགས་ལ་ཕྱི་ནང་མེད། །སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ལྟ་བུའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་མངོན་ཕྱོགས་མེད། །མཉམ་ཉིད་ཡེ་ཤེས་ཆེ་ཆུང་མེད། །སོ་སོར་རྟོགས་པས་མ་འདྲེས་གསལ། །བྱ་བ་


DNG005_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ཏན་ཐུགས་རྗེའི་དངོས། །རང་བྱུང་ཡེ་ཤེས་ཉག་གཅིག་ལ། །ཡོན་ཏན་ཆ་ནས་དུ་མར་གྲགས། །རང་རིག་ཉིད་ལ་ཡུལ་མེད་པས། །ཡུལ་གྱིས་བསྐྱེད་པའི་ཡེ་ཤེས་མིན། །རང་བྱུང་ཉིད་ལ་རྒྱུ་མེད་པས། །རྒྱུ་ཡིས་བསྐྱེད་པའི་ཡེ་ཤེས་མིན། །ལྷུན་གྲུབ་ཉིད་ལ་རྩོལ་མེད་པས། །རྩོལ་བས་བསྐྱེད་པའི་ཡེ་ཤེས་མིན། །ནམ་མཁའ་ལྟ་བུའི་ཡེ་ཤེས་ལ། །ཕྱོགས་རིས་མེད་པར་ཡེ་གདལ་བ། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡིན། །རྣམ་དག་དབྱིངས་ལ་གནས་བཞིན་དུ། །ཡོངས་ལ་སྙོམས་པའི་ཐུགས་རྗེ་འབྱུང་། །འགྲོ་བ་གང་གི་ངོ་དག་ཏུ། །གང་ལ་འཚམས་པའི་ཐུགས་རྗེ་འབྱུང་། །སྐལ་ལྡན་གདུལ་བྱ་གནས་པ་ན། །ཐུགས་རྗེ་གདུལ་བྱ་བཞིན་དུ་འབྱུང་། །གདུལ་བྱ་གང་ཡང་མི་གནས་ན། །ཐུགས་རྗེའི་མཛད་པ་གང་ལ་འཆར། །གང་གིས་སྐལ་ལྡན་གདུལ་བྱ་ལ། །ཐུགས་རྗེ་གཞན་ཞིག་འདོད་པ་ནི། །རང་ཉིད་ཐུགས་རྗེར་མ་རྟོགས་ཏེ། །གཟུང་འཛིན་འཁྲུལ་པའི་བློ་ཡིས་བརྟགས། །ཐུགས་རྗེ་གཞན་ལ་འཆར་ན་ནི། །སྡུག་བསྔལ་དྲག་པོའི་འཁོར་བ་ལ། །སྐྱོབ་པའི་ཐུགས་རྗེ་ཡལ་ལམ་ཅི། །ནམ་ཞིག་རང་རྒྱུད་དག་ཙམ་ན། །ཐུགས་རྗེ་གཞན་གྱིས་ཅི་ཞིག་བྱ། །རྟོག་པ་ཕྲ་རགས་གདུལ་བྱ་ལ། །ཡེ་ནས་རིག་པའི་ཐུགས་རྗེ་འཆར། །འགྲོ་འདུལ་ཐུགས་རྗེའི་ཕྲིན་ལས་སོ། །དམ་ཚིག་ཡིད་བཞིན་རིན་པོ་ཆེ། །རྒྱ་མཚོའི་ཕ་རོལ་སྒྲོལ་བའི་གྲུ། །མ་བཅོས་རིག་པའི་ཆོས་ཉིད་ལ། །མི་འགྱུར་ཡེ་ཤེས་གསལ་བར་གནས། །རྩོལ་བྲལ་རིག་པའི་དམ་ཚིག་གོ། །དམ་ཚིག་མི་ལྡན་རྡོ་རྗེ་ནི། །བཀའ་རྒྱུད་དོན་ལ་མཁས་གསལ་ཡང་། །སྦྲེལ་མ་གཡང་དུ་འདྲིལ་བ་བཞིན། །བདག་གཞན་རྡོ་རྗེའི་ཁབ་ཏུ་འགྲོ། །དེས་ན་དམ་ཚིག་གཞུང་ལྡན་ནི། །འཇིག་རྟེན་གྲགས་ངོར་ཆོས་མི་གཏོང་། །འདྲེལ་པ་རྫས་ཀྱི་ཆེད་མ་ཡིན། །བདག་གཞན་གནོད་པའི་ལས་མི་བྱེད། །ཀུན་ལ་སྙོམས་པའི་ཐུགས་ཀྱིས་གནས། །འཇིག་རྟེན་འདྲེལ་


DNG005_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆེད་མི་བྱེད། །མ་བཅོས་དབྱིངས་ལ་མི་འགྱུར་བརྟན། །ཡེ་ཤེས་གདེང་གིས་མ་ཟིན་པར། །ཆགས་སྡང་ཞེན་པའི་ལས་མི་བྱེད། །སེམས་ཉིད་ཡེ་ཤེས་རྣམ་དག་ལ། །གནང་བཀག་ཆོས་ཡོད་མ་ཡིན་ཡང་། །ཞེན་པས་ཡེ་ཤེས་མ་རྟོགས་པར། །ལྷག་པའི་སྤྱོད་པ་གཙོ་ཆེར་འཛིན། །དེ་ཉིད་དོན་ལྡན་ལེགས་པ་ཆེ། །སློབ་མའི་བྱེ་བྲག་གཉིས་ལྡན་པ། །བརྡ་དོན་སྤྲད་པའི་སློབ་མ་ནི། །སྣོད་ལྡན་དམ་ཚིག་གཅེས་སུ་འཛིན། །སེམས་ཉིད་དག་པས་གདེང་བྱས་ནས། །དམ་ཚིག་མི་སྲུང་ཐ་མལ་སེམས། །རང་རྒྱུད་ངན་པས་དྲེགས་པ་དང་། །ཐོས་པ་ཆུང་བའི་བློ་སྦྲམ་དང་། །མན་ངག་བཅུད་ཆེན་འཛག་པ་དང་། །ཡེ་ནས་བློ་འཕང་དམའ་བ་དང་། །འཇིག་རྟེན་བྱ་བའི་རྒྱུ་བསྒྲུབ་དང་། །མུ་ཅོར་སྨྲ་ཞིང་མཁས་འདོད་དང་། །བླ་མ་སྲོག་ཏུ་མི་འཛིན་དང་། །མན་ངག་བསྒྲུབ་བྱར་མི་སེམས་ལ། །རྫོགས་ཆེན་རྣ་བརྒྱུད་བསྟན་བྱས་ན། །འདམ་ཤོད་གླིང་གི་དུར་ཁྲོད་དུ། །མཁའ་འགྲོ་རྣ་ཉན་འདུ་བ་བཞིན། །འཆི་བའི་དུས་ཀྱི་སྔོན་རོལ་དུ། །ཤ་ཁྲག་མངོན་དུ་ཟ་བར་བྱེད། །གཞུང་དུ་མི་ལྡན་སློབ་མ་ནི། །གྲིབ་བཞིན་འཁོར་ཡང་སྤང་བར་བྱ། །ལུས་སྲོག་ཐལ་ཡང་ཁར་དབྱུང་མིན། །འདུ་འབྲལ་བྱུང་ཡང་ལས་ཀྱིས་བྱུང་། །ཡོན་ཏན་དེ་ལྡན་སློབ་མ་ནི། །སྟོང་གསུམ་བཙལ་ཡང་གཅིག་ཀྱང་དཀོན། །མང་ཡང་གསུམ་ལས་འདའ་མི་བྱ། །མན་ངག་རྒྱལ་ཐེབས་ཅིག་ལ་བསྟན། །བསྐལ་པ་གྲངས་མེད་སྔོན་རོལ་ནས། །རྫོགས་ཆེན་དོན་ལ་སྦྱངས་སྦྱངས་པ། །ཡེ་ཤེས་གསང་བའི་སྣོད་དུ་བསྔགས། །སྒོ་ངའི་ནང་དུ་ཁྱུང་ཕྲུག་ལྟར། །འཁོར་བ་ཉིད་དུ་ཡེ་སངས་རྒྱས། །སྒོང་ཆག་མཁའ་ལ་འཕུར་བ་བཞིན། །རྟོག་པས་མ་བཅོས་བླ་མའི་ས། །རྒྱ་མཚོའི་བཅུད་བསྡུས་བདུད་རྩི་བཞིན། །བཀའ་ཡི་བཅུད་བསྡུས་རྫོགས་ཆེན་འདི། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །དབང་དང་སྣོད་བརྟགས་ཆོ་ག་དང་། །གསོལ་བ་གདབ་དང་གནང་བ་སྦྱིན། །སྔོན་དུ་འགྲོ་བའི་རིམ་


DNG005_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བདེ་གཤེགས་མ་ལུས་གསང་བའི་ཐུགས། །སྲིད་པ་གསུམ་ལ་གདོད་ནས་གནས། །གང་གིས་དེ་ནི་རྟོགས་གྱུར་ན། །དབང་རྣམས་ཀུན་གྱི་མཆོག་ཡིན་ཏེ། །སྲིད་པ་གསུམ་ན་ཡེ་དབང་བསྐུར། །རང་དབང་དམ་པས་སྣོད་དུ་བྱས། །གཞི་ནས་དབང་ཐོབ་བསྐུར་མི་དགོས། །རྟོགས་ཐབས་པྲ་ཁྲིད་ཐབས་ཀྱིས་ཤེས། །བཅོས་མའི་སྦྱོར་བའམ་རྣལ་མ་ཉིད། །གང་མོས་མཐུན་པའི་སྒོ་ནས་བསྟན། །ཐབས་སྦྱོར་བཅོས་མའི་སྒོ་ནས་ནི། །འཕྲུལ་གྱི་མེ་ལོང་བཞིན་དུ་བསྟན། །རྟོགས་འདོད་ལྡན་ཡང་རྣལ་མའི་དོན་དུ་བྱ། །དོན་རྟོགས་བཅོས་མའི་སྦྱོར་བ་ཡང་། །ཚིག་དོན་ཁྱད་པར་བསྟན་པ་སྟེ། །དགོས་དོན་གོང་མའི་དོན་ལ་འཇུག །བརྗོད་དོན་ཐམས་ཅད་སེམས་སུ་བསྟན། །རྣལ་མ་མ་བཅོས་གཞི་ཉིད་བཞིན། །ལྷུན་གྲུབ་གསུམ་གྱི་དོན་ལ་འཇུག །རིམ་པར་འཇུག་པ་བཞི་ཡིས་སོ། །བྱ་བ་མེད་པའི་དཀྱིལ་འཁོར་གསུམ། །གདོད་ནས་རྩོལ་མེད་ལྷུན་གྱིས་གྲུབ། །ཡེ་ཤེས་ཉི་མའི་སྙིང་པོར་ཤར། །རང་གསལ་མུན་པ་ཡེ་ནས་དག །མ་ལུས་ཐིག་ལེ་ཆེན་པོ་ཉིད། །མི་གཡོ་རྣམ་རྟོག་ཡུལ་འདས་ལ། །རྒྱུ་དང་འབྲས་བུར་རྟོག་འཛིན་ཅིང་། །མི་ཤེས་སྒྱུ་མའི་བློ་ཡིས་བཅིངས། །རང་སྣང་མ་བཅོས་ཉི་མ་དག །མ་བཙལ་ཉིད་བཞིན་སྣང་བས་ན། །སྙིང་པོའི་སེམས་ལ་གོལ་ས་མེད། །ཐམས་ཅད་གསལ་བའི་སྙིང་པོར་འབར། །ལོག་རྟོག་བློ་ཡི་དབང་གིས་ནི། །སྣང་སྲིད་འཁོར་བའི་ཁ་བརྒྱུད་ཀྱང་། །ཡེ་ཤེས་དབྱིངས་ལས་གཡོས་པ་མེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །བདག་ཏུ་རྟོག་པ་ཉིད་ལས་བྱུང་། །རྟོག་པའི་བློ་ལ་མཚན་མར་སྣང་། །མི་རྟོག་ཡེ་ཤེས་གྲོལ་བའི་ཐུགས། །ཡེ་ཤེས་མི་རྟོག་མེ་ལོང་གསལ། །མཁའ་ལ་འཇའ་ཚོན་བཞིན་དུ་སྣང་། །རང་བྱུང་ཡེ་ཤེས་ངོ་བོ་ལ། །རོལ་པའི་ཁྱད་པར་སྣང་བ་ནི། །སྣང་ལ་ངོས་བཟུང་ཡོད་མ་ཡིན། །ཆུ་ཡི་ཟླ་བ་ལྟ་བུར་སྣང་། །གང་སྣང་ཡེ་ཤེས་རོལ་པ་ལ། །གང་ཡང་མ་ཡིན་ཇི་བཞིན་པ། །


DNG005_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྣང་མ་བཅོས་དེ་བཞིན་ཉིད། །དངོས་ཉིད་མི་གཡོ་བདེ་ཆེན་ངང་། །བཙལ་ཞིང་གཡོ་བ་ཅི་ཡང་མེད། །དབྱིངས་དང་ཡེ་ཤེས་ཐ་སྙད་དེ། །དེ་ཉིད་མ་ཡིན་ཞེན་པའི་གནས། །རྨད་བྱུང་གཞལ་ཡས་སྤྲོས་བྲལ་ན། །འབར་བའི་ཡེ་ཤེས་བདེར་གཤེགས་གསུང་། །ཐུག་ཕྲད་ཉིད་དུ་བཞག་པ་སྟེ། །བླ་མའི་ཞལ་ལས་ཤེས་པར་བྱ། །སྤྱོད་པའི་སྒོ་ནས་སྣ་ཚོགས་པ། །ལུང་ལྡན་བླ་མས་ཤེས་པར་བྱ། །འཕྲུལ་ཚིག་སྒྲ་ཡིས་ཤེས་པར་བརྟག །གང་ལ་གང་ཞིག་དེ་ཡིན་ན། །དེ་ཉིད་ཡེ་ཤེས་རིག་པ་འཆར། །མ་ཡིན་དེ་ཉིད་ལོག་པ་ན། །རིག་དང་མི་མཐུན་རང་བཞིན་ལོག །རླུང་དང་མཁྲིས་པའི་ཆོས་བཞིན་ནོ། །སྤྱོད་པས་ཆགས་སྡང་བྱེ་བྲག་ཤེས། །དེ་ཡི་དྲག་དལ་གཉུག་མའི་དོན། །དེ་ནས་རྡོ་རྗེ་སློབ་མ་ཡིས། །རིག་དོན་འདོད་པའི་གསོལ་བ་གདབ། །གནང་ན་དེ་ཉིད་རྒྱལ་ཚབ་བྱ། །རྩོལ་བྲལ་ཟིན་དང་མ་བཟུང་བར། །གསང་བའི་འཁོར་ལོ་ཡེ་ཤེས་གཏེར། །གསང་སྔགས་གཏེར་གྱི་མཛོད་འཛིན་ཅིང་། །རིག་པའི་བསྟན་པ་སྒྲོགས་པའི་བདག །གཞི་ཆའི་རིག་པ་རང་གསལ་ཏེ། །དུས་གསུམ་བདེ་གཤེགས་སྙིང་པོ་ཡིན། །གསུམ་ལྡན་འཁོར་བའི་རང་བཞིན་ནོ། །དུས་ཚོད་བླ་མའི་ཞལ་ལས་ཤེས། །གཞན་དུའང་དེ་བཞིན་ཁོ་ན་ཡིན། །ཤེས་རབ་གསང་བའི་དཀྱིལ་འཁོར་ནི། །གུ་རུམ་སྦས་པ་དག་ཡིན་ཀྱང་། །གསལ་བྱེད་སྒྲོན་མ་དེ་ཡིས་མཐོང་། །ཡེ་གསལ་ཆེན་པོ་ཕྱོགས་མེད་ལ། །ཕྱི་ནང་མེད་པར་ཀུན་ལ་གསལ། །འཁོར་བ་རགས་པའི་ཆ་ཡིས་ནི། །དེ་ཉིད་ཕྲ་བའི་དོན་མི་མཐོང་། །བདེན་དོན་མཐོང་བས་བཅིངས་པ་གྲོལ། །རྫོགས་པ་ཡེ་ཤེས་དེ་ཉིད་གོ། །ཉམས་བླངས་གོམས་པས་མཐར་ཐུག་སྟེ། །ཇི་ལྟར་བསམ་པས་བཟུང་བའི་བློ། །མ་ལུས་པར་ནི་ཟད་གྱུར་ན། །མི་རྟོག་ཡེ་ཤེས་གསལ་མཐར་ཕྱིན། །འགྱུར་མེད་སེམས་ཀྱི་གཡུང་དྲུང་


DNG005_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཡེ་ཤེས་རང་གསལ་གྱི་ནར་བཞག །དྲན་པ་རྐྱེན་གྱིས་མ་ཤོར་ཏེ། །དེ་ཉིད་ཚོད་དུ་ལྷུག་པར་ཞོག །མ་ནོར་སེམས་ཀྱི་སློབ་དཔོན་ལ། །ལུང་དོན་དྲན་པས་ཐག་བཅད་ཅིང་། །བསམ་མེད་དྲན་མེད་མི་གཡོ་བ། །མི་ཁྱད་ལེགས་པའི་དོན་མི་བཟུང་། །བསྡུ་བར་མ་ཡིན་སྤྲོ་བར་མིན། །མི་རྟོག་གསལ་བ་མ་བཅིངས་པ། །བརྟུལ་མ་ཡིན་ཏེ་འཇམ་པའི་ས། །རིག་པ་དེ་ཉིད་ཙམ་ལ་གནས། །སེམས་ཉིད་རང་བཞིན་ལྷུག་པའོ། །གླང་ཆེན་ལྟ་བུའི་སེམས་ལ་ནི། །མ་བཅོས་རང་ལུགས་ཉིད་དུ་བདེ། །བཙལ་བ་གླང་ཆེན་མྱོས་འདྲར་འགྱུར། །ནམ་མཁའི་ངོ་བོ་མ་བཅོས་ལྟར། །སེམས་ཉིད་རང་བཞིན་མ་བཅོས་བདེ། །ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །མི་བཙལ་རང་བཞིན་གྱི་ན་བདེ། །ཐམས་ཅད་བཏང་བས་འཛིན་པ་མེད། །བྱ་བ་མེད་ཕྱིར་རྟོགས་པའི་ངང་། །སེམས་ཉིད་བསྒྲིམ་པར་མི་བྱ་ཞིང་། །ལུས་དང་ངག་ཀྱང་བཙལ་མི་བྱ། །ཤེས་པ་མི་བསྡུ་ཡན་དུ་ཁྱེར། །སྣང་བ་མི་དགག་ཞེན་མི་བྱ། །མཚན་མའི་སྤྲོས་པས་འཆེལ་པ་ཡིས། །སྣ་ཚོགས་རྟོགས་པའི་སེམས་བྱུང་ན། །ལུས་སེམས་ཀློད་ལ་གཟེར་ཆེན་གདབ། །ཤིན་ཏུ་དྲན་པས་གཡོ་བ་ན། །སྟོང་ཉིད་བདེ་བའི་མན་ངག་སྦྱིན། །ཡེ་ཤེས་གསང་བའི་དགོངས་པ་ལ། །གང་ཡང་མ་ཡིན་དེ་ལྟར་ཡིན། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། གང་གིས་གསང་བའི་ལེའུ་སྟེ་ལྔ་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ། འདི་སྐད་ཅེས་གསོལ་ཏོ། །རིན་ཆེན་འཁོར་ལོ་གསང་བའི་ཐུགས། །འཕྲུལ་ཚིག་རིག་པའི་སྒྲོན་མ་ཡིས། །གུ་རུམ་སྦས་པའི་དོན་གསལ་ན། །དེ་ཉིད་གང་གིས་གསལ་བར་བགྱི། །ཞེས་གསོལ་པ་དང་། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཚུར་ཉོན་ཅིག །མན་ངག་རིན་ཆེན་གསང་བ་ནི། །བཀའ་


DNG005_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མ་ལུས་མཐའ་དག་གིས། །བརྗོད་བྱའི་སྙིང་པོ་དེ་ཉིད་ལས། །མིང་ཚིག་རྣམ་གྲངས་སྡུད་པའི་བདག །ཀུན་བརྗོད་གསུང་གི་འཁོར་ལོ་ཅན། །དུས་མཐའི་སྐད་ཅིག་ཉིད་ལ་ནི། །ཀློང་དགུ་བམ་པོ་ཉི་ཁྲི་ཉིད། །རིན་ཆེན་གསལ་བའི་ཆེད་དུ་གསུངས། །དེ་ཉིད་དགུ་ལྡན་སེམས་ཀྱི་གཞི། །རིན་ཆེན་ལམ་གྱིས་ཉམས་སུ་བླངས། །མ་བསྒྲུབས་འབྲས་བུ་ལྷུན་གྱིས་གྲུབ། །ལྟ་བའི་སེམས་ལ་བླང་དོར་མེད། །མཐའ་དབུས་མེད་པའི་སྙིང་པོ་ལེན། །ཡེ་ཤེས་མ་འགགས་གསལ་བར་སྣང་། །གནང་བཀག་མེད་པ་སྤྱོད་པའི་རྒྱན། །མི་བསམ་མི་ཡེངས་དགོངས་པའི་ཀློང་། །རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་། །བགྲོད་མེད་མཐར་ཕྱིན་སེམས་ཀྱི་ལམ། །བཅོས་མེད་དམ་ཚིག་གདོད་ནས་དག །རང་སྣང་འབྲས་བུ་ལྷུན་གྲུབ་ཀློང་། །སེམས་ཉིད་མ་བཅོས་རྣལ་མའི་གཞི། །དོན་དང་ངེས་ཚིག་དཔེ་ཡིས་བསྟན། །གཞི་དོན་ལྷུན་གྲུབ་རྣམ་གསུམ་ལ། །རྣམ་པ་རང་བཞིན་མཚན་ཉིད་རྣམས། །བདེ་བ་ཆེན་པོ་ལྷུན་གྲུབ་པ། །དུས་གསུམ་བདེ་གཤེགས་ཡེ་ཤེས་དང་། །འགྲོ་དྲུག་སེམས་ཀྱིས་མ་བཅོས་པ། །ཐ་དད་མ་ཡིན་རང་བཞིན་གཅིག །རྣམ་པ་ལྷུན་གྲུབ་སྒྱུ་མ་ནི། །རོལ་པ་བཟུང་བ་ངོས་བཟུང་མེད། །རང་གི་མཚན་ཉིད་ལྷུན་གྲུབ་ལ། །གཟུང་འཛིན་བཏགས་པ་གང་གིས་མེད། །དེ་ཉིད་དེ་ཡི་རང་བཞིན་ནོ། །མ་ལུས་དོན་གྱི་སྙིང་པོ་གཞི། །མི་ཤེས་རྟོག་པའི་རང་བཞིན་ཏེ། །རྟོག་ཙམ་ཉིད་ན་མི་རྟོག་པ། །ཐམས་ཅད་རོལ་པས་འཁོར་བའང་ཡིན། །འཛིན་རྟོག་མེད་པས་སངས་རྒྱས་ཡིན། །འཆིང་བ་བྲལ་བ་བལྟ་བ་ཡིན། །རང་འབར་གསལ་བའི་སྙིང་པོ་འབར། །མ་ལུས་འདུས་པའི་ལུས་པོ་ཆེ། །གཅིག་ནི་ཀུན་གྱི་རང་བཞིན་ཏེ། །ལྷག་མ་མེད་པར་ཡོངས་སུ་རྫོགས། །རིག་པའི་འཁོར་ལོ་འབུམ་ཕྲག་ལས། །གཞི་མཚོན་དཔེ་ཡི་རང་བཞིན་ནི། །མུན་པ་ཆུ་དང་ཉི་མས་བསྟན། །སེམས་ཉིད་རིག་པ་ཀ་


DNG005_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ། །ཞེན་པས་བརྟགས་པས་སྣང་མེད་པས། །སྨག་གི་མུན་རུམ་ལྟ་བུར་བཤད། །དངོས་མེད་རིག་པ་རང་སྣང་ལ། །ཡེ་ཤེས་རོལ་པ་མི་འགག་པས། །ཆུ་ཡི་གཉེར་མ་ལྟ་བུར་བཤད། །མ་བཅོས་སེམས་ཀྱི་མཚན་ཉིད་ལ། །རྩོལ་བས་བཀག་པ་མ་ཡིན་ཡང་། །གདོད་ནས་དག་པ་དྲི་མེད་པས། །ཉི་མ་ཤར་བ་ལྟ་བུར་བཤད། །ཐ་དད་རྟག་པར་འཛིན་པ་རྣམས། །རོལ་པའི་སྣང་བ་བཀག་པས་ཆད། །མཐའ་བྲལ་དབུ་མའི་དོན་འཛིན་པས། །མཐའ་གསུམ་གསལ་བའི་དགོས་པའོ། །རང་སྣང་ལྷུན་གྲུབ་ཡེ་གནས་ལ། །བགྲོད་པའི་ལམ་གྱིས་བཙལ་མི་དགོས། །མཐའ་མེད་ནམ་མཁའ་ལྟ་བུ་ལ། །བགྲོད་པས་ཕྱིན་པར་ག་ལ་འགྱུར། །སེམས་ལ་བགྲོད་པས་ཕྱིན་འདོད་ན། །མཁའ་ལ་ཚད་ཀྱིས་འཇལ་བ་འདྲ། །ལམ་བསྟན་པ་དང་ལམ་གྱི་དཔེ། །ངེས་པའི་དོན་ལྡན་དེ་ཉིད་ཡིན། །དོན་གྱི་ལམ་དང་ཚིག་གི་ལམ། །དོན་གྱི་ཐུག་ཕྲད་གསུམ་ཡིན་ལ། །དེ་ཡི་བརྡ་ཕྲད་ཚིག་གི་ལམ། །ཡེ་ཤེས་བགྲོད་མེད་རྫོགས་པའི་ལམ། །རྣམ་གྲོལ་འབྲས་བུ་ཀུན་གྱི་རྒྱུ། །ཡེ་ཤེས་གསང་བའི་དོན་རྟོགས་ན། །མི་གཡོ་སེམས་ཀྱི་དཀྱིལ་འཁོར་ན། །ཐེག་པ་ཀུན་ཀྱི་འབྲས་བུ་འཆར། །དེས་ན་ཀུན་གྲོལ་དགོངས་པའི་ཐུགས། །ལམ་ལ་རིམ་མེད་ཅིག་ཅར་འཇུག །རྣམ་རྟོག་ཕྲ་རགས་རིམ་གྱིས་ཤེས། །ཚིག་ལམ་རྐྱེན་གྱིས་མ་མཚོན་པར། །མ་བཅོས་སེམས་ཀྱི་དོན་མི་ཤེས། །ཚིག་གིས་ལམ་གྱི་དོན་ལ་སྦྱོར། །གསང་དོན་མཐོང་བས་བདེ་བའི་ས། །འཛིན་པ་རགས་པའི་རྟོག་པ་དག །རང་བྱུང་ཡེ་ཤེས་ཉིད་དུ་གསལ། །མི་རྩོལ་བདེ་བའི་སེམས་ལ་གནས། །མི་འགྱུར་སྤྲོས་བྲལ་ཆོས་ཉིད་ལ། །འཛིན་བྲལ་བཏང་སྙོམས་རྣལ་འབྱོར་གྱིས། །སྐྱོན་ཉིད་བྱང་ཆུབ་སེམས་སུ་མཐོང་། །གཉིས་མེད་འོད་གསལ་ཆེན་པོ་ལ། །སྐྱོན་སྤང་ཡོན་ཏན་བླང་དུ་མེད། །བསམ་པ་མ་ལུས་སེམས་སུ་ཤེས། །མཐར་ཕྱིན་བྱང་ཆུབ་སེམས་ཀྱི་ལམ། །མར་མེའམ་པདྨ་འབབ་ཆུ་སོགས། །ཚིག་དང་སྐབས་ཀྱིས་དོན་ལ་སྦྱོར། །ལུས་དང་ངག་གི་རྩོལ་བ་དང་། །ཏིང་


DNG005_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སེམས་ཀྱི་རིམ་མེད་པར། །ཐམས་ཅད་སྒྲོལ་བས་རྫོགས་པའི་ལམ། །རིག་པའི་གནས་སུ་རྟོགས་པས་ཕྱིན། །དེས་ན་མཐར་ཕྱིན་འབྲས་བུའི་ལམ། །ཡེ་ནས་ཡོད་མེད་རྣམ་དག་ལམ། །སྐྱོན་ཡོན་རྣམ་དག་ཀུན་ཏུ་བཟང་། །དབྱེར་མེད་ཐམས་ཅད་མཚུངས་པའི་ལམ། །བྱང་ཆུབ་སེམས་ལ་རྒྱུ་མེད་པས། །རྒྱུ་ཡིས་བསྒྲུབ་པའི་འབྲས་བུ་མིན། །དང་པོའི་ཡེ་ཤེས་རྒྱུ་མེད་པས། །རང་གསལ་ཉག་གཅིག་དྲི་མ་མེད། །རྩོལ་མེད་ནམ་མཁའ་བཞིན་དུ་གནས། །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ། །དེ་ཉིད་རྟོགས་པས་འབྲས་བུའི་ས། །འདས་པ་མ་འོངས་ད་ལྟར་ཡང་། །རྟོགས་པ་སྔ་ཕྱིའི་ཁྱད་པར་ལས། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །མ་བཅོས་ཐུགས་ཀྱི་རིག་པ་ལས། །སྔོན་མེད་ཕྱིས་མེད་ཉག་གཅིག་གསལ། །རང་བྱུང་འོད་གསལ་གདོད་ནས་ཡོད། །རྒྱུ་མེད་འབྲས་བུ་བྱང་ཆུབ་སེམས། །འབྲས་བུ་ཀུན་གྱི་བདག་ཉིད་ཡིན། །ཆོས་སྐུ་འབྲས་བུ་རང་གསལ་བ། །རིན་ཆེན་འབར་བ་ལྷུན་གྲུབ་ལྟར། །ཐུགས་རྗེའི་བྱིན་རླབས་འདོད་དགུ་འཆར། །སྐལ་ལྡན་རང་རྐྱེན་ཉི་མ་བཞིན། །སེམས་ཅན་དུས་ན་སྐབས་ཀྱིས་མཐུན། །ལྷུན་གྲུབ་དུས་ན་ཕྱོགས་རིས་མེད། །འོད་གསལ་རིག་པའི་དཀྱིལ་འཁོར་ན། །རང་སྣང་འབྲས་བུ་རྒྱ་མཚོར་འཁྱིལ། །གསལ་བར་འབྲས་བུ་བདག་གཞན་མེད། །བདག་གཞན་འབྲས་བུར་སྣང་བ་ལ། །དངོས་དང་བསམ་པ་སྐབས་ཀྱིས་ཤེས། །གསལ་བར་རིག་པའི་བྱིན་རླབས་ནི། །ཆོས་ཉིད་རིག་པའི་གཞི་ལ་རྫོགས། །སྙིང་པོ་དོན་གྱི་གཞི་རྟོགས་ནས། །རང་བཞིན་ཚོགས་རྫོགས་སྒྲིབ་པ་མེད། །གཉིས་ཀྱིས་མི་བསྒྲུབ་སྤང་བ་མེད། །སྤང་མེད་ཐིག་ལེ་ཉིད་ཀྱི་དབྱིངས། །མཚོན་མེད་སེམས་ཀྱི་འབྲས་བུ་ནི། །རིག་མའི་བདེ་བས་མཚོན་དུ་མེད། །འོད་གསལ་རྒྱུ་འབྲས་གཉིས་མེད་ལ། །རྒྱུ་འབྲས་གཉིས་སུ་རྟོག་པ་མིན། །གསལ་བར་རྫོགས་པའི་འབྲས་བུ་ནི། །འབྱུང་བ་ལྔ་ལ་རག་མ་ལས། །སྐུ་གསུང་ཐུགས་ལ་རྟེན་མི་འཆའ། །ཞེས་གསུངས་


DNG005_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཡེ་ཤེས་གསང་བའི་རྒྱུད་ལས། རིན་ཆེན་གསལ་བར་བྱེད་པའི་ལེའུ་སྟེ་དྲུག་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །འོད་གསལ་ཐུགས་རྗེ་ལྷུན་གྲུབ་ཁྱོད། །རོལ་པའི་མཛད་པ་འབུམ་ཕྲག་ཡས། །འོད་གསལ་དབྱིངས་ལ་བཞུགས་བཞིན་དུ། །ཐུགས་རྗེའི་མཛད་པ་ཕྱོགས་བཅུར་བརྡལ། །འགྲོ་བའི་བསམ་པ་རེ་བ་སྐོང་། །ཡིད་བཞིན་ནོར་བུ་ལྟ་བུར་ཤར། །ཁྱོད་ནི་སྣང་གསལ་སྒྲོན་མ་སྟེ། །མ་རིག་མུན་པ་དང་བར་བྱེད། །སྨན་ཆེན་བདུད་རྩི་བྱམས་མགོན་གྱིས། །རྫོགས་ཆེན་སེམས་ཀྱི་རང་བཞིན་ལ། །བཀག་མེད་སྤྱོད་པ་ཇི་ལྟར་བགྱི། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། སྔགས་ཀྱི་སྤྱོད་པ་སྤྱོད་པའི་མཆོག །སེམས་ཀྱི་འཕྲོ་འདུའི་ལས་མི་བྱེད། །རང་གསལ་ཀློང་ལ་ཡེ་གནས་པས། །ནམ་མཁའ་རྡོ་རྗེ་མ་བཅོས་སེམས། །སྒོ་གསུམ་རྡོ་རྗེ་མ་བརྡལ་བར། །ལུས་ཀྱིས་ཕྱག་རྒྱའི་ལས་མི་བྱེད། །ཐ་མལ་ལུས་སྤྱོད་དེ་བཞིན་ནོ། །ངག་གི་སྙིང་པོ་བཟླས་བརྗོད་མེད། །མ་བཅོས་གསུང་གི་སྤྱོད་པ་ལས། །ཞེན་པའི་ངལ་རྩོལ་གང་ཡང་མིན། །སེམས་ཀྱི་འཕྲོ་འདུའི་ལས་མི་བྱེད། །རང་གསལ་ཀློང་ལ་ཡེ་གནས་པས། །དྲན་བསམ་རྒྱུ་བ་གང་ཡང་མིན། །སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ། །རང་གསལ་ཡེ་ཤེས་མ་བཅོས་པར། །རྩོལ་མེད་རང་བཞག་ལྷུག་པའོ། །གང་དུ་བསམ་བཞག་འོད་གསལ་མཁའ། །དུས་གསུམ་དྲན་པ་རྐྱེན་གྱིས་བཟུང་། །ཐ་སྙད་མཚན་མ་གཡོ་འགྱུར་ན། །ནམ་མཁའི་རྡོ་རྗེའི་སྤྱོད་པ་ལ། །འོད་གསལ་ལྷག་པའི་སེམས་ཀྱིས་གནས། །རྣམ་རྟོག་དྲན་པ་གཡོས་ཙམ་ན། །རིན་ཆེན་འཕྲུལ་གྱི་སྙིང་པོའི་སྒོ། །དྲན་པའི་རྐྱེན་གྱིས་གཟུང་བར་བྱ། །ལུས་ངག་གཙོ་རུ་འཇོག་བྱེད་ན། །དེ་ཡང་སྤྱོད་ཉིད་སྤྱོད་མ་ཡིན། །སྤྱོད་མེད་རིག་པའི་སྤྱོད་པ་ལ། །རྩོལ་མེད་འབྲས་བུ་ལྷུན་གྱིས་གྲུབ། །བཅོས་མེད་སེམས་ཀྱི་རང་བཞིན་ལ། །བཅོས་པའི་སྤྱོད་པ་ཕྱིན་ཅི་ལོག །དངོས་བྲལ་རིག་པ་བདག་


DNG005_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ། །བཏགས་པའི་བདག་འཛིན་ལོག་པ་བཞིན། །འོད་གསལ་རིག་པ་ལྷུན་གྲུབ་ལ། །རྩོལ་བའི་སྤྱོད་པས་སེམས་མི་མཐོང་། །བསམ་གྱིས་མི་ཁྱབ་འོད་གསལ་སེམས། །འགྱུར་མེད་དབྱིངས་ལས་མ་གཡོས་ཀྱང་། །རང་སྣང་ལྷུན་གྲུབ་བྱིན་རླབས་ལས། །སྐལ་ལྡན་བསམ་པ་ཇི་བཞིན་དུ། །འགྲོ་འདུལ་ཐབས་ཀྱི་སྤྱོད་པ་མཛད། །རང་སེམས་པདྨ་བཞིན་དག་ནས། །གཞན་དག་ཇི་ལྟར་མོས་བཞིན་མཛད། །གཡེམ་པར་འདོད་ལ་གཡེམ་པ་ཉིད། །རང་སེམས་གང་འཐད་སྒོ་དང་བསྟུན། །ཞེ་སྡང་མནར་སེམས་ང་རྒྱལ་ཉིད། །ཐབས་ཉིད་གསང་བའི་ལམ་དུ་བསྟན། །ཉན་ཐོས་ལ་སོགས་འཇུག་པའི་སྒོ། །གང་མོས་མཐུན་པའི་ཐབས་ཀྱིས་བསྟན། །གསང་དོན་རྟོགས་ན་གང་ཡང་རུང་། །རང་བྱུང་ཡེ་ཤེས་ཉག་གཅིག་ལ། །གསང་བའི་དཀྱིལ་འཁོར་གྲངས་མེད་པ། །མཐུན་འཇུག་ཐབས་སུ་བསྟན་པ་ཡིན། །ཅི་ཡང་ཡིན་ནོ་གང་ཡང་རུང་། །སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ། །གཏེར་དང་ལྡན་ནོ་ཁྱད་པར་ཆེ། །མ་བཀག་སེམས་རྟོགས་ཁྱད་པར་ལས། །སྒྲིབ་པར་གྱུར་པ་གང་ཞིག་ཡོད། །མ་བཀག་ཅི་བདེར་རྟོགས་པར་སྤྱོད། །སྣང་གསལ་རིག་པའི་གདེང་ལྡན་ན། །གདུལ་བྱ་མོས་པའི་ངོ་དག་ཏུ། །སྣ་ཚོགས་སྤྱོད་པ་རྒྱ་མཚོ་སྤྱོད། །གང་ཡང་མ་བཀག་ཀུན་ཏུ་བཟང་། །མཐར་ཕྱིན་དུས་གསུམ་སངས་རྒྱས་ཀྱིས། །དུག་ལྔ་རྟོགས་པའི་སྤྱོད་པ་ཡིས། །བྱ་བཙལ་ཀུན་བྲལ་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་གང་ལ་ཡང་། །སྤྱོད་པ་དེ་ལས་ཡོངས་མི་མངའ། །རྣམ་དག་སེམས་ཀྱི་སྤྱོད་རྟོགས་ན། །རྩོལ་བའི་སྤྱོད་པ་ལོག་པའི་ཆོས། །ལྷག་པའི་སྤྱོད་པ་འོད་གསལ་ཐུགས། །གང་ལ་སེམས་ཉིད་ལྷག་སྤྱོད་ཀྱང་། །ལྷག་པའི་སྤྱོད་པ་མོས་པ་འཇུག །སྐལ་ལྡན་ལྷག་པའི་དོན་ཟིན་ཀྱང་། །ཆེ་ལ་དམིགས་པའི་ཆ་སྙོམས་པས། །གོང་འོག་དམིགས་པའི་སེམས་དང་བྲལ། །རང་བཞིན་ནམ་མཁའ་རྡོ་རྗེ་དང་། །མཐུན་འཇུག་འགྲོ་འདུལ་ཐབས་ཀྱིས་སྤྱོད། །


DNG005_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། བྱ་བ་དང་བྲལ་བའི་སྤྱོད་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །གསང་འཛིན་ཐུགས་རྗེའི་མངའ་བདག་ཁྱོད། །རོལ་པའི་འཁོར་ལོ་གསུང་གི་བདག །སྐུ་ཡི་འཁོར་ལོ་མཁའ་ལྟར་ཁྱབ། །སྙིང་པོའི་དོན་ལྡན་ཀུན་མཁྱེན་ཐུགས། །སྔགས་ཀྱི་བདག་ཉིད་སྐྱོབ་པ་ལ། །འདུས་པའི་འཁོར་ཚོགས་མོས་པ་ཡིས། །དམ་ཚིག་གསང་བའི་དོན་ཞུ་བ། །གསང་བའི་དམ་ཚིག་བཤད་དུ་གསོལ། །ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། ལྷུན་གྲུབ་ཡེ་ཤེས་གསང་བ་ལ། །བསྒྲུབ་ཅིང་བཅས་པའི་དམ་ཚིག་མེད། །རིག་པ་གསལ་བའི་དམ་ཚིག་ནི། །རིན་ཆེན་འབར་བ་སྒྲོལ་བའི་སྐུ། །རྡོ་རྗེ་ཉི་མ་ལྟ་བུར་གནས། །ལྷུན་གྲུབ་ཕྱོགས་རིས་མེད་མིན་པས། །སྡོམ་དང་ཚུལ་ཁྲིམས་ཕྱོགས་མཚམས་དང་། །ཕྱི་ནང་གསང་བའི་དམ་ཚིག་ཡིན། །མ་བཅོས་གསང་བའི་དམ་ཚིག་ནི། །མེད་པ་ཕྱལ་པ་གཅིག་པུ་དང་། །ལྷུན་གྱིས་གྲུབ་པའི་དམ་ཚིག་གོ། །རང་རིག་གདོད་ནས་ལྷུན་གྲུབ་ལ། །གཟུང་འཛིན་མཚན་མའི་ཆོས་མེད་པས། །བརྗོད་དུ་མེད་པའི་སེམས་ཉིད་ཀྱིས། །བསྲུང་དུ་མེད་པས་ངང་དུ་བསྡམ། །དེ་ཡང་བསྲུང་དུ་མེད་ན་བདེ། །གཉིས་མེད་སེམས་ཀྱི་དམ་ཚིག་ལ། །འདའ་མེད་སྲོག་གི་གནས་གྱུར་ན། །མ་བཅོས་རྒྱལ་བའི་དམ་ཚིག་ཡིན། །ནམ་མཁའ་ལྟ་བུར་གསལ་ཁྱབ་ལ། །མཐའ་དང་དབུས་མེད་མ་བཅོས་པས། །འདི་ཡིན་འདི་མིན་ཕྱོགས་དང་བྲལ། །ཕྱོགས་བྲལ་སྐྱེས་བུ་ཆེན་པོ་དེས། །ཕྱོགས་གཅིག་སྤང་ཞིང་ཕྱོགས་གཅིག་བསྒྲུབ་ཏུ་མེད། །གཏན་མེད་འཛིན་བྲལ་ཆེན་པོ་ལ། །ཕྱོགས་མཚམས་ངེས་པའི་ཆོས་མ་ཡིན། །བདེ་གཤེགས་སེམས་ཅན་ཐམས་ཅད་ལ། །མ་བཅོས་སེམས་ཀྱི་རིག་པར་གཅིག །རྒྱུ་ཡིས་མ་བསྐྱེད་ཡེ་ནས་བྱུང་། །རྐྱེན་གྱིས་མ་སྦྱངས་གདོད་ནས་དག །རང་


DNG005_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འོད་གསལ་རིག་པ་ལ། །མ་ལུས་དགོངས་པ་ཐམས་ཅད་འདུས། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །རང་བཞག་དགོངས་པ་གཅིག་ལས་མེད། །རང་སྣང་མི་འགྱུར་ཆོས་ཉིད་ལ། །རང་བཞག་རིག་པ་མི་གདའ་ན། །སེམས་ཉིད་གཅིག་པུ་དམ་ཚིག་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །དམ་ཚིག་འདི་ལས་ཡོངས་མི་མངའ། །རྣམ་དག་རང་བཞིན་འོད་གསལ་ལ། །ལུས་དང་ངག་གི་བྱ་རྩོལ་མེད། །ཏིང་འཛིན་སེམས་ཀྱིས་རིམ་བཙལ་མེད། །འདི་ནི་ཚིག་དང་བྲལ་བ་སྟེ། །གྱི་ན་ལྷུན་གྲུབ་དམ་ཚིག་ཡིན། །ལྷུན་གྲུབ་དམ་ཚིག་རྩོལ་བྲལ་ལ། །བཙལ་བའི་དམ་ཚིག་ཡེ་ནས་མེད། །སེལ་མེད་རིན་ཆེན་གླིང་བཞིན་དུ། །རྣམ་དག་ཡེ་ཤེས་རང་བྱུང་ལ། །སྐྱོན་གྱི་རང་བཞིན་ངང་གིས་དག །གཞི་རྩ་མེད་པའི་སེམས་ཉིད་ལ། །བཏགས་པའི་འཛིན་པ་རྣམ་པར་དག །ལྷུན་གྲུབ་འོད་གསལ་དག་པ་ལ། །རྣམ་རྟོག་བརྟག་པའི་སེམས་གྲུབ་ན། །མུ་སྟེགས་སངས་རྒྱས་ཅི་ལ་རྩོད། །སངས་རྒྱས་སེམས་ཅན་ཅི་ལ་གདགས། །རྟོགས་པ་དངོས་ལ་གྲུབ་པ་ན། །རིན་ཆེན་འཕྲུལ་གྱི་ལྡེ་མིག་གིས། །ཐ་མལ་ཞེན་པ་ཅི་ལྟར་བཟློག །ལྷུན་གྲུབ་དམ་ཚིག་བྱ་བཙལ་མེད། །ལྷུན་གྲུབ་རིན་ཆེན་སྙིང་པོ་ལྟར། །གཅིག་རྫོགས་རང་གསལ་དག་པར་རྫོགས། །ཀུན་རྫོགས་རང་བྱུང་སེམས་སུ་རྫོགས། །ཐམས་ཅད་ལྷུན་གྲུབ་རྣམ་པར་རྫོགས། །དེས་ན་ལྷུན་གྲུབ་རྫོགས་པ་ཆེ། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། རྫོགས་པ་ཆེན་པོའི་དམ་ཚིག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་འདུས་པའི་འཁོར་ཚོགས་རྣམས། །ཐོག་མེད་དུས་ནས་རིན་ཆེན་བྲལ། །གསལ་མེད་ཁམས་གསུམ་འཁོར་བར་འཁྱམས། །དུས་འདིར་ཐུགས་རྗེའི་བྱིན་རླབས་ཀྱིས། །ཀུན་མཁྱེན་ཁྱེད་ཀྱི་འཁོར་དུ་འདུས། །རྟོག་པ་སེམས་སུ་ཤེས་པའི་ས། །ཀུན་མཁྱེན་ཁྱོད་ཀྱིས་གསུང་དུ་གསོལ། །ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་


DNG005_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ།རོལ་པའི་སྒྲ་ལ་སེམས་གཏོད་ཅིག །རང་བྱུང་ཡེ་ཤེས་སེམས་ཀྱི་ས། །བརྗོད་པའི་ཐ་སྙད་ཀུན་བྲལ་ཡང་། །དམན་པའི་བློ་ཡིས་རྟོགས་བྱའི་ཕྱིར། །རིག་པ་གསུང་གི་སྒོ་ནས་བསྟན། །མ་བཅོས་རང་སྣང་བླ་མའི་ས། །སྦྱངས་པས་མ་ཡིན་ཡེ་ནས་གྲུབ། །རང་བྱུང་རྣམ་དག་ཀུན་བཟང་ས། །དབྱེར་མེད་ཆེ་མཆོག་ཆོས་ཀྱི་སྐུ། །རྒྱུད་དང་མདོ་སྡེ་བླ་མེད་ས། །ཀུན་ཏུ་འོད་དང་རྡོ་རྗེ་འཛིན། །མ་ཆགས་པདྨ་སྟུག་པོ་བཀོད། །ཚེགས་ཆེན་ཡི་གེ་འཁོར་ལོ་དང་། །ཀུན་ཏུ་དབྱེ་བ་མེད་པའི་ས། །ས་དྲུག་སེམས་ལ་བགྲངས་པ་ཡང་། །མ་བཅོས་རྫོགས་པ་ཆེན་པོའི་ས། །རྟོགས་པའི་ཡོན་ཏན་དྲུག་ཏུ་བསྟན། །མ་བཅོས་ས་ལ་སྦྱང་བ་མེད། །འོད་གསལ་ལྷུན་གྲུབ་ཆེན་པོ་ལ། །ས་ཡི་རིམ་པ་གང་ཡང་མེད། །རང་བྱུང་རིག་པ་རྟོགས་གྱུར་ན། །ནོར་བུ་རིན་ཆེན་ལྷུན་གྲུབ་ལྟར། །ཐམས་ཅད་སེམས་ལས་བྱུང་བའི་ཕྱིར། །རང་སྣང་བྱང་ཆུབ་སེམས་ཀྱི་ས། །འགྱུར་མེད་སེམས་ཀྱི་ངོ་བོ་ནི། །རྟོག་པ་མ་ཡིན་མི་རྟོག་མིན། །གང་ལའང་གནས་པ་མ་ཡིན་པ། །གནས་མེད་འཛིན་བྲལ་རིག་པའི་གནས། །མ་སྤངས་ཀུན་བྲལ་འོད་གསལ་གནས། །མི་གནས་གནས་པའི་ཆོས་ཉིད་ལ། །སྐལ་ལྡན་དང་པོ་འཇུག་པ་ན། །མཐར་ཕྱིན་ས་ལ་ཁྱད་པར་མེད། །དག་པ་ཐུགས་རྗེའི་རང་བཞིན་ཏེ། །རྟོགས་པའང་རང་བཞིན་སེམས་སུ་གཅིག །འཛིན་པའི་བློ་ཡིས་གཡོས་གྱུར་ཀྱང་། །རང་བྱུང་འོད་གསལ་འགྱུར་བ་མེད། །འགྱུར་མེད་ངང་ལ་ངང་བཞག་སྟེ། །མ་སྤྱད་སེམས་ཀྱི་གྱི་ནར་གནས། །དབང་པོ་ཡུལ་ལ་གང་སྣང་བ། །ཡེ་ཤེས་འོད་དུ་ཀུན་ལ་གསལ། །བཀྲག་གསལ་གཟུགས་ཀྱི་དཀྱིལ་འཁོར་ལ། །འོད་གསལ་རང་བྱུང་ངོ་མཚར་ཆེ། །བརྗོད་བྲལ་སྒྲ་ཡི་དཀྱིལ་འཁོར་ལ། །སྣང་བའི་ཡེ་ཤེས་རང་བཞིན་གསལ། །རང་བཞིན་སྣ་ཚོགས་དྲི་མེད་ལ། །ཡེ་ཤེས་གསལ་བར་རང་བྱུང་སེམས། །མུ་ཁ་རོ་ཡི་དཀྱིལ་འཁོར་ལ། །ལྕེ་ཡི་ཡེ་ཤེས་ངོ་མཚར་ཆེ། །གསལ་བ་རེག་བྱའི་རང་བཞིན་ལ། །ཤེས་རབ་ལུས་ཀྱི་རང་བཞིན་གནས། །ཀུན་འདུས་ཆོས་ཀྱི་


DNG005_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལ། །ཡེ་ཤེས་ཐུགས་ཀྱི་རིག་པ་གསལ། །རང་བཞིན་བདེ་ཆེན་དཀྱིལ་འཁོར་དྲུག །གཉིས་མེད་རྡོ་རྗེ་འགྱུར་མེད་ལས། །ཡེ་ཤེས་མི་འབྲལ་འཛིན་པའི་ས། །འཛིན་པའི་ཡུལ་ལ་མ་ཆགས་ཤིང་། །ཀུན་མཁྱེན་དྲི་མ་དང་བྲལ་བས། །མ་ཆགས་པདྨ་ཅན་གྱི་ས། །རང་ཉིད་གསལ་བ་ཀུན་འདུས་པས། །ཚོགས་ཆེན་དཀྱིལ་འཁོར་ཡི་གེའི་ས། །མི་ཕྱེད་སེམས་ལ་སྟུག་པོ་བཀོད། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །དབྱིངས་དང་ཡེ་ཤེས་དབྱེར་མེད་པས། །ཀུན་བཟང་དབྱེ་བ་མེད་པའི་ས། །མ་སྤངས་སེམས་ཉིད་ས་དག་ལ། །ས་རྣམས་མ་ལུས་ཐམས་ཅད་འདུས། །སྦྱངས་པའི་ས་རྣམས་ཐམས་ཅད་ནི། །སྦྱང་མེད་ས་ལ་སྦྱངས་པས་ན། །བསམ་པས་བཞག་སྟེ་རང་བཞིན་ལོག །མཐར་ཐུག་མ་ཡིན་རང་འདོད་ས། །དེས་ན་མ་བཅོས་རྫོགས་པའི་ས། །རང་བྱུང་ལྷུན་རྫོགས་ཁྱད་པར་ས། །ས་ཡི་ཁྱད་པར་ཅིར་བསྟན་ཀྱང་། །མ་བཅོས་རྫོགས་པའི་ས་ལ་འདུས། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། ས་བསྟན་པའི་ལེའུ་སྟེ་དགུ་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །ཐུགས་རྗེའི་མངའ་བདག་སྐྱོབ་པའི་ལྷ། །བསམ་གྱིས་མི་ཁྱབ་ཆེན་པོ་ཡིས། །གསང་བའི་ཐེག་པ་གསུངས་པ་འདི། །མ་འོངས་དུས་ན་ཇི་ལྟར་འབྱུང་། །ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། རྩོལ་བྲལ་གསང་བའི་ཐེག་པ་འདི། །ལྷ་གནས་གསུམ་དུ་གྲགས་འགྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་བྱེད། །རྒྱལ་སྲས་གསང་བའི་སྣོད་ལྡན་ལ། །རྣ་བརྒྱུད་རིག་པ་སྔགས་ཀྱི་དོན། །འཕྲུལ་ཚིག་རིག་པའི་སྒོ་ནས་སྟོན། །གསང་འཛིན་རིག་པའི་སྣོད་ལྡན་རྣམས། །མ་བཅོས་གསལ་བའི་དོན་གོ་ནས། །རྣམ་གྲོལ་འབྲས་བུ་འཐོབ་པར་འགྱུར། །དེ་ནས་གསང་བ་དམ་པ་འདི། །མཐའ་འཁོབ་ཡུལ་དུ་རྒྱས་པར་འགྱུར། །དེར་ཡང་གསང་བ་དམ་པ་འདིས། །སྐལ་ལྡན་གདུལ་བྱའི་ངོ་གང་དུ། །རིག་པའི་སྒྲོན་མ་བྱེད་པར་འགྱུར། །དེ་ནས་ཐུགས་རྗེའི་སྐལ་མེད་པས། །


DNG005_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་དམ་པ་ནུབ་པར་འགྱུར། །གསང་བའི་ཐེག་པ་དམ་པ་འདི། །གཞན་གྱིས་ནུབ་པར་མི་འགྱུར་ཏེ། །དྲི་མེད་བདུད་རྩི་རྟོགས་དཀའ་ལ། །རྣ་བརྒྱུད་འཕྲུལ་ཚིག་མི་ལྡན་པས། །སྒྲ་བཞིན་སྤྱད་ནས་སྨྲ་བ་དག །ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན། །མ་བཅོས་རང་སྣང་རོལ་པ་དང་། །རྣམ་རྟོག་ཞེན་པའི་བརྟགས་པ་དག །བྱེ་བྲག་མ་ཕྱེད་རྨོངས་པ་དག །རྡོ་ལ་གསེར་དུ་འཛིན་པ་ལྟར། །འོད་གསལ་ལྷུན་གྲུབ་རང་སྣང་དང་། །བརྟགས་པའི་ཞེན་པ་བསྲེས་ནས་སྨྲ། །མ་བཅོས་རིག་པ་གདེང་མེད་པར། །རང་ལྟར་ཡ་རབས་མཐོ་འདོད་ནས། །བབ་ཅོལ་འདོད་ལྔ་སྤྱོད་པས་ལོག །དེ་ཡི་དུས་ཀྱི་གང་ཟག་རྣམས། །སྦྲེལ་མ་གཡང་དུ་ལྷུང་བ་བཞིན། །རྡོ་རྗེའི་ཁབ་ཏུ་ལྟུང་འགྱུར་ནས། །བྱང་ཆུབ་སེམས་ཀྱི་རིགས་དང་བྲལ། །མགྱོགས་འགྲོ་སོ་མཚམས་འདས་དང་འདྲ། །དེ་ནས་ལྷོ་ཕྱོགས་རྒྱུད་དུ་རྒྱས། །སྐལ་ལྡན་གྲོལ་བའང་འབྱུང་བར་འགྱུར། །དེ་ནས་འཛམ་གླིང་དབུས་སུ་ནུབ། །སྤྲུལ་པ་ཐ་མའི་བསྟན་པ་ལ། །མ་འོངས་དུས་ན་འབྱུང་བར་འགྱུར། །དེ་ཡང་རང་བཞིན་རིགས་ཅན་དག །རྫོགས་ཆེན་འབྲས་བུའི་སྒོར་ཞུགས་ནས། །རྣམ་གྲོལ་འབྲས་བུ་འཐོབ་པར་འགྱུར། །བསྒོམ་དང་སྤྱོད་པའི་ཚུལ་མ་ནོར། །མཉམ་པའི་དོན་ལ་མཉམ་བཞག་ན། །དེ་མ་ཐག་ཏུ་རིག་པ་འཆར། །གསང་བའི་དོན་ལྡན་གང་ཟག་བཞི། །དེ་ཡི་དུས་ན་འབྱུང་བར་འགྱུར། །བསྟན་པ་བཅུད་ཀྱི་མཛོད་འཛིན་ཅིང་། །གསང་སྔགས་མ་ལུས་སྒྲོགས་པའི་བདག །དགོངས་སྤྱོད་ཟབ་མོའི་དོན་དང་ལྡན། །འཛིན་པ་ལོག་པའི་གང་ཟག་གིས། །གསང་བའི་ཐེག་པ་བསྣུབ་པར་འགྱུར། །འདས་པའི་དུས་ན་ཐེག་པ་འདི། །སྐལ་ལྡན་མངོན་རྫོགས་རྒྱལ་པོ་ཡིས། །ཐུགས་ཀྱི་སྲས་བདུན་རྣམས་ལ་བསྟན། །དེ་དག་རིག་པ་མཐར་ཕྱིན་ནས། །དེ་བཞིན་རྩོལ་བྲལ་ཆོས་ལ་བཀོད། །རྡོ་རྗེ་འཛིན་པའི་སྡེ་དཔོན་གྱིས། །སེམས་ཉིད་རིག་པའི་ཐེག་པ་བསྒྲུབས་མིན་ནམ་བསྣུབ། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། ལུང་བསྟན་པའི་ལེའུ་སྟེ་བཅུ་པའོ།། །དེ་ནས་དེ་བཞིན་


DNG005_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྣམ་པར་སྣང་མཛད་ཀྱིས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་འདི་ཀུན་ཏུ་བཟང་། །མ་ལུས་འདུས་པའི་སྙིང་པོ་མཆོག །ཐེག་པ་མཁའ་འདྲ་བལྟ་བའི་ཀློང་། །རྒྱ་མཚོ་ཡངས་པ་བདེ་བ་ཆེ། །ཀུན་འདུས་ཡེ་ཤེས་དག་པའི་འོད། །ཕྱོགས་མཚམས་ཀུན་ཏུ་གསལ་བར་འཕྲོ། །ཡེ་ཤེས་མེ་ལོང་ཐམས་ཅད་གསལ། །མ་བཅོས་གཟུགས་བརྙན་སྣང་བས་ན། །ཡེ་ཤེས་མེ་ལོང་དག་ཏུ་བཤད། །རང་རིག་ཡེ་ཤེས་འོད་གསལ་ལ། །མཐོ་དམན་རློམ་སེམས་ཆེ་ཆུང་མེད། །བདག་གཞན་གཉིས་མེད་རང་རིག་ལ། །འཛིན་པ་ཀུན་བྲལ་འོད་གསལ་དག །དབྱེར་མེད་ནམ་མཁའ་ལྟ་བུར་ཁྱབ། །སྣང་སྲིད་བྱང་ཆུབ་སེམས་སུ་མཉམ། །མཉམ་པ་རང་གསལ་ཕྱོགས་བཅུར་བརྡལ། །འོད་གསལ་རེག་པ་མཉམ་པར་བཤད། །བཅོས་མེད་དབྱིངས་ཀྱི་རང་བཞིན་ལ། །འཛིན་རྟོག་ཞེན་པའི་ཆོས་མེད་པས། །མི་འགྱུར་ཡེ་ཤེས་རང་བྱུང་ལ། །བདེན་པར་མི་འཛིན་བརྫུན་པའང་མིན། །འཛིན་མེད་རིག་པ་གཉིས་བྲལ་ལ། །གང་ཡང་མི་སྣང་ཀུན་ཏུ་བཟང་། །ཆོས་ཉིད་སེམས་ལ་དངོས་མེད་གསལ། །སྟོང་པ་ཀུན་མཁྱེན་ཡེ་ཤེས་ཐུགས། །དངོས་མེད་ཀུན་ལྡན་སྟོང་ཆེན་པོ། །འཛིན་མེད་རིག་པ་འོད་གསལ་བས། །སྟོང་ཉིད་ཡེ་ཤེས་དག་ཏུ་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །གཉིས་མེད་རིག་པ་ཀ་དག་ལ། །ཡེ་ཤེས་རོལ་པ་མ་འདྲེས་གསལ། །ཀུན་བཟང་ཆོས་ཉིད་སྤྲོས་མེད་ལ། །རོལ་པའི་འཁོར་ལོ་བསམ་མི་ཁྱབ། །འདུ་ཞིང་འཕྲོ་བ་རྒྱ་མཚོ་བཞིན། །འབར་བའི་ཡེ་ཤེས་རྨད་པོ་ཆེ། །རང་གསལ་རིག་པ་ཀུན་མཁྱེན་ཐུགས། །མཉམ་ལ་མ་འདྲེས་ཀུན་ཏུ་བཟང་། །མ་འདྲེས་གསལ་བའི་ཡེ་ཤེས་སོ། །མི་འདའ་ཕྱག་རྒྱ་ཆེན་པོ་ལས། །རང་བྱུང་མཛད་པ་ཅིར་ཡང་འགྱུར། །ལྷུན་གྲུབ་མཛད་པ་ཕྱོགས་རིས་མེད། །ཀུན་གྱི་སྙིང་པོ་རང་བྱུང་ལ། །ཐུགས་རྗེ་ལྷུན་གྲུབ་ཤར་འགྱུར་ནས། །གདུལ་བྱའི་བྱ་བ་ཀུན་མཛད་གསལ། །དེས་ན་བྱ་བ་ནན་ཏན་ནོ། །རང་གསལ་ཡེ་ནས་མ་བཅོས་པ། །དོན་དེ་ཤེས་པས་ཡེ་


DNG005_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཡིན། །ཆོས་ཉིད་ཀ་དག་འོད་གསལ་སེམས། །དོན་དེ་ཤེས་པས་ཡེ་ཤེས་ཡིན། །མ་བཀག་རང་རིག་རྒྱུ་མེད་གསལ། །རང་བྱུང་ཡེ་ཤེས་འགྱུར་མེད་སེམས། །འོད་གསལ་བསམ་གྱིས་མི་ཁྱབ་པ། །ཀུན་བཟང་རོལ་པ་མཐའ་དབུས་མེད། །མི་རྩོལ་མཐའ་བྲལ་དབུ་མའི་སེམས། །མཚོན་འདས་རང་བཞིན་ཞེན་རྟོག་མེད། །གཉིས་མེད་རང་རིག་ཡུལ་དང་བྲལ། །རང་རིག་ཡེ་ཤེས་ཐིག་ལེ་དྲུག །བལྟ་སྤྱོད་དགོངས་པའི་རང་བཞིན་ནོ། །མ་འཕྲོས་ཟླ་བའི་དཀྱིལ་འཁོར་ལྟར། །མི་གཡོ་སེམས་ཉིད་མ་འཕྲོས་པ། །ཐིག་ལེ་སྤྲོས་བྲལ་ཡེ་སངས་རྒྱས། །བྱང་ཆུབ་སེམས་ཀྱི་ཁྱད་པར་ཆེ། །མངོན་པར་སངས་རྒྱས་ཆེ་བ་ལ། །ཡེ་ཤེས་ཐིག་ལེ་ཀུན་ཏུ་བཟང་། །རྣམ་གསུམ་ཐིག་ལེ་ཀུན་བཟང་ཉིད། །ཆོས་ཉིད་དབྱིངས་སུ་སངས་རྒྱས་ཆེ། །ཀུན་བཟང་ཐིག་ལེ་བྱང་ཆུབ་སེམས། །ཐམས་ཅད་ཡིན་པའི་ཆེ་བ་ཉིད། །རྩོལ་བྲལ་ལྷུན་གྲུབ་ཐིག་ལེ་ཉིད། །བདག་ཉིད་ཆེན་པོའི་སངས་རྒྱས་ཡིན། །མཐའ་བྲལ་འོད་གསལ་ཆེན་པོ་ནི། །སངས་རྒྱས་མེད་པའི་ཆེ་བར་བཤད། །མི་འགྱུར་བརྡལ་ཁྱབ་སྤྲོས་པ་བྲལ། །ཅིས་ཀྱང་མི་བསྐྱོད་སེམས་ཉིད་ཆེ། །འདུ་འབྲལ་གཉིས་མེད་རྡོ་རྗེ་ཉིད། །ཕྱི་ནང་མེད་པའི་གསལ་ཁྱབ་པ། །ཕྱི་ནང་གསང་བའི་སྒོ་ཕུགས་མེད། །ཡུལ་དང་དབང་པོ་གདོད་ནས་དག །མཚན་མ་གཞིལ་བའི་སྐུ་མེད་པའི། །རྡོ་རྗེ་སེམས་དཔའ་མི་འགྱུར་ཆེ། །ཡེ་ཤེས་མཁའ་གསལ་ཀུན་ཏུ་བཟང་། །བསམ་མེད་མཁའ་གསང་ཡེ་སངས་རྒྱས། །ཅིར་ཡང་མི་དགོངས་ཆོས་ཉིད་ངང་། །མི་འདའ་ཕྱག་རྒྱར་འགྱུར་མེད་སེམས། །མི་རྩོལ་མཐའ་བྲལ་དབུ་མའི་ལམ། །མཁའ་ལྟར་ཁྱབ་པའི་བདེ་ཆེན་པོ། །རྒྱུ་འབྲས་གཉིས་མེད་ཡེ་ནས་རྫོགས། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། ཡེ་ཤེས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །ཀུན་ཏུ་བཟང་པོ་ཡེ་ཤེས་ཐུགས། །བདེ་ཆེན་


DNG005_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་འཁོར་ལོའི་བདག །བྱར་མེད་ཡེ་ཤེས་རོལ་པའི་སྐུ། །དབྱེར་མེད་རྡོ་རྗེ་མཆོག་གྱུར་ལ། །འདུས་པའི་འཁོར་ཚོགས་མོས་པས་འདུད། །རྩོལ་བྲལ་ཡེ་ཤེས་གསང་བའི་རྒྱུད། །ཆོས་ཉིད་གསང་བའི་ཆེད་དུ་གསུངས། །བདག་ཅག་འདུས་པའི་འཁོར་ཚོགས་ཀྱིས། །མཚན་གྱི་རྣམ་གྲངས་ཇི་ལྟར་གཟུང་། །ཞེས་གསོལ་པ་དང་། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། གསང་རྒྱུད་ཐེག་པའི་སྙིང་པོ་འདི། །ཉོན་མོངས་ཞེན་པའི་འདྲེལ་ཐག་ཆོད། །ཆོས་རྣམས་གསལ་བའི་ཡེ་ཤེས་སྒྲོན། །ཀུན་ཏུ་བཟང་པོའི་ཡེ་ཤེས་ཐུགས། །བདེ་ཆེན་མཛེས་པའི་ཡེ་ཤེས་རྒྱན། །གསལ་བའི་ཡེ་ཤེས་གསང་བའི་རྒྱུད། །འདི་ལ་མཐའ་དབུས་མེད་པས་ན། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །ཀུན་འདུས་མཉམ་པ་ཆེན་པོ་ཡིས། །གསང་བ་ཀུན་འདུས་རིག་པའི་གཏེར། །རང་བྱུང་འོད་གསལ་ཆེན་པོ་ལ། །ཞེན་པའི་བརྟགས་པ་གདོད་ནས་མེད། །མ་བཅོས་རང་སྣང་རྟོགས་པས་ན། །ཉོན་མོངས་ཞེན་པའི་འཕྲེང་ཐག་གཅོད། །ཐམས་ཅད་སེམས་སུ་འདུས་པས་ན། །སེམས་ཉིད་རང་གསལ་ཡེ་ཤེས་སྒྲོན། །མི་འགྱུར་ལྷུན་གྲུབ་རང་བྱུང་འདི། །ཇི་ལྟར་གནས་ཀྱང་ཀུན་ཏུ་བཟང་། །ཞེན་ཅིང་འཁྲུལ་པ་ཅིར་གྱུར་ཀྱང་། །རང་གསལ་ཡེ་ཤེས་ཀུན་ཏུ་བཟང་། །རིག་པ་བསམ་བྲལ་རྒྱལ་བའི་ཐུགས། །ཕྱོགས་མེད་བཏང་སྙོམས་ཆེན་པོ་ལ། །རྩོལ་བའི་སྡུག་བསྔལ་བྲལ་བས་བདེ། །བདེ་ཆེན་མཚན་ཉིད་ཀུན་ལས་འདས། །ཀུན་གྱི་འབྱུང་གནས་ལྷུན་གྲུབ་ཆེ། །རང་གསལ་ཡེ་ཤེས་དཀྱིལ་འཁོར་ནི། །སྐུ་དང་གསུང་ཐུགས་མཛེས་པའི་རྒྱན། །རང་གནས་ཡེ་ཤེས་བདེ་ཆེན་ཉིད། །རྣལ་འབྱོར་དགྱེས་པའི་རྒྱན་ཞེས་བྱ། །བསམ་མེད་ནམ་མཁའི་མཐའ་ལྟར་བྲལ། །བྱང་ཆུབ་སེམས་ལ་མཐའ་དབུས་མེད། །མི་འགྱུར་ནམ་མཁའ་རྟག་པ་ལྟར། །སེམས་ཉིད་ཡེ་གསལ་གཡུང་དྲུང་ངོ་། །ཐམས་ཅད་བྱང་ཆུབ་སེམས་སུ་འདུས། །ཐམས་ཅད་ཀུན་འདུས་ལྷུན་གྱིས་རྫོགས། །སྣང་སྲིད་འཁོར་བའི་ངོ་བོ་ལ། །
གཉིས་མེད་རྒྱལ་བའི་དགོངས་པ་དག །འོད་གསལ་བཏང་སྙོམས་ཆེན་པོར་མཉམ། །བསྟན་པ་བཅུད་འདུས་གསང་བའི་ཐབས། །གསང་མཛོད་རིག་པ་ཐུགས་ཀྱི་གཏེར། །བསྟན་པ་སྤྱི་འགྲེལ་གསང་རྒྱུད་འདི། །གུ་ལང་ལུང་གི་གསེར་ཟོ་རུ། །སེང་གེའི་འོ་མ་བླུགས་པ་བཞིན། །སྙིང་གི་དཀྱིལ་དུ་བཙའ་བར་གྱིས། །སྲོག་དང་བྲལ་བའི་ཁ་བཞིན་སྡོམས། །བསྟན་པའི་ཡང་སྙིང་སྙིང་ལྟར་ཟུང་། །གནས་ནི་བྲག་དང་ཆུ་ལ་སྦོས། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། མཚན་གྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །ཡེ་ཤེས་གསང་བ་ཞེས་བྱ་བའི་རྒྱུད་རྫོགས་སོ། །ཤྲཱི་སིངྷ་དང་བཻ་རོས་འགྱུར།། །།

བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ཅེས་བྱ་བ།


DNG005_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷིཙིཏྟ་ཛྙཱ་ན་སཾ་པཱུརྞྞ་ཏནྟྲ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ཅེས་བྱ་བ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། འོག་མིན་གྱི་གནས་སེམས་ཉིད་བརྡལ་བ་ཆེན་པོའི་ཞིང་ཁམས་ན། རང་བྱུང་རྫོགས་པའི་བཅོམ་ལྡན་འདས་དགོངས་པ་རང་བྱུང་གི་དོན་ལ་བཞུགས་སོ། །ཡང་དེའི་ཚེ་སྨིན་པ་ཆེན་པོའི་འཁོར་འདི་ལྟ་སྟེ། རང་བཞིན་གྱིས་གནས་པ་དང་། རང་བཞིན་ལ་བལྟ་བ་དང་། རང་བཞིན་རྟོགས་པ་ཆེན་པོ་དང་།རང་བཞིན་རྫོགས་པའི་དོན་ལ་མངོན་པར་དགའ་བ་འབའ་ཞིག་འདུས་སོ། །དེ་ནས་རིག་པའི་རྒྱལ་པོ་སྣ་ཚོགས་བསམ་བྲལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་འདུས་པའི་ཚོགས་ཀྱིས་ཐམས་ཅད་རང་བྱུང་དུ་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །རང་བྱུང་དག་པ་ཡེ་སངས་རྒྱས། །ཆོས་དང་ཆོས་ཉིད་སྣ་ཚོགས་པ། །རིག་པ་ཉིད་ཡིན་རྣམ་པར་དག །སྨིན་པའི་འཁོར་ཚོགས་དང་སེམས་ཀྱིས། །སྣ་ཚོགས་རང་བྱུང་ཉིད་དུ་ལྟོས། །ཞེས་གསུངས་པ་དང་། སྨིན་པ་ཆེན་པོའི་ནང་ནས་སེམས་དཔའ་རྡོ་རྗེ་ཆེན་པོ་རང་བྱུང་སྟེ། འདི་སྐད་ཅེས་གསོལ་ཏོ། །རིག་པ་རྣམ་དག་བཅོམ་ལྡན་འདས། །སྐུ་


DNG005_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྫོགས་པའི་ཡེ་ཤེས་ཆེ། །མཛད་པ་ཕྱོགས་བཅུ་མུ་མཐའ་མེད། །ཐུགས་རྗེ་རང་སྣང་ཕྱོགས་རིས་མེད། །བཏང་སྙོམས་ཆེན་པོ་ཀུན་ཏུ་བཟང་། །རིག་པ་མཆོག་གི་དཀྱིལ་འཁོར་ནས། །རྫོགས་པའི་ཡེ་ཤེས་ཐབས་ཆེན་གྱིས། །གསང་བའི་ཡེ་ཤེས་སྒོ་ཕྱེ་ནས། །དཔལ་གྱི་མགུར་ནས་གསུང་བསྒྲགས་པ། །འདུས་པའི་འཁོར་ལ་གསལ་བར་གསུངས། །ཞེས་ཞུས་སོ། །དེ་ནས་རིག་པའི་རྒྱལ་པོས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡེ་ཤེས་རྫོགས་པའི་བདེ་བ་ཆེ། །མཐའ་ཡས་འགྲོ་བ་ཀུན་ལ་ལྡན། །རིག་པ་དབྱེར་མེད་ཀུན་ཏུ་བཟང་། །གང་ཡང་མ་ཡིན་རིག་པར་གསལ། །རྩོལ་བའི་སེམས་ལ་མངོན་སངས་རྒྱས། །རྒྱུ་འབྲས་གཉིས་མེད་འགྱུར་བ་བྲལ། །རྣམ་བྱང་ཤེས་པ་རང་གནས་པ། །བྱེད་པ་ཉིད་ཀྱིས་མཐོང་བར་གྱིས། །ཤེས་པའི་རྣམ་གྲངས་གང་སྐྱེས་ཀྱང་། །རྣམ་བྱང་ཉིད་ལས་གཞན་མ་ཡིན། །བསམ་གྱིས་མི་ཁྱབ་དུས་ན་ཤེས། །འཁོར་བའི་ཤེས་པ་གློ་བུར་བ། །རང་བཞིན་མ་ཡིན་རྐྱེན་གྱིས་སྣང་། །བརྗོད་པའི་བརྙན་མ་ཉིད་དང་མཚུངས། །རྣམ་པར་རྟོག་པའི་སེམས་ཉིད་ནི། །གང་ལྟར་བརྟགས་པ་བཞིན་དུ་མཐོང་། །དུ་མའི་རིགས་ཀྱི་རྟོག་པ་དག །སྒོ་རྣམས་ཀུན་ཏུ་རྒྱུ་བ་སྟེ། །མི་གཅིག་སྐར་ཁུང་དུ་མ་བཞིན། །དོན་གྱི་རྣམ་བྱང་དུ་མ་མིན། །རིག་པ་དབྱེར་མེད་དཀྱིལ་འཁོར་འདི། །མཐའ་བྲལ་ལྟ་བའི་དོན་ལྡན་གྱིས། །རང་གཞག་དགོངས་པས་གནས་པར་བྱ། །རང་བྱུང་ཐུགས་རྗེ་གཡོ་མེད་ཀྱིས། །འགྲོ་དོན་མ་ལུས་རྫོགས་པར་མཛད། །སྐུ་གསུམ་ལྷུན་གྲུབ་འབྲས་བུ་ནི། །གཞན་མ་ཡིན་ཏེ་ཡེ་ཤེས་རྫོགས། །རིས་དྲུག་དབང་པོ་ཆིག་ཆོད་དམ། །སྦྱངས་པའི་འཕྲོ་ཅན་གང་ཡང་རུང་། །ཆོས་ཀྱི་རྣམ་གྲངས་གང་སྒོ་ནས། །སྤྱི་བླུགས་དབང་ལ་གནས་བྱས་ཏེ། །རྣ་བརྒྱུད་གདམས་ངག་ནོད་པར་བྱ། །བགྲོད་མེད་ལམ་ལ་གནས་བྱས་ལ། །སྦྱང་མེད་ས་ཡི་ཡོན་ཏན་འཕེལ། །རིམ་མིན་བརྒྱུད་ཀྱང་ཅིག་ཆར་འཇུག་པའི་ས། །རང་བྱུང་ཡེ་ཤེས་བླ་མའི་ས། །རབ་ཏུ་ཆེ་མཆོག་ཆོས་


DNG005_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ། །རྩོལ་མེད་གནས་པས་མངོན་སངས་རྒྱས། །འགྲོ་བའི་རིག་པ་གང་དག་ལ། །བསམ་བྲལ་ཉིད་དུ་འདུག་པར་བྱ། །ཤེས་པ་རང་ལུགས་ཐལ་བྱུང་བ། །དུས་གསུམ་མི་གཡོ་གནས་གྱུར་ན། །རྒྱལ་བའི་ཡེ་ཤེས་གསལ་མཐར་ཕྱིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །དེ་ནས་རིག་པའི་རྒྱལ་པོས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྣ་ཚོགས་འཁོར་བའི་རྟོག་པ་དང་། །རྫོགས་ཉིད་ཡེ་ཤེས་རང་བཞིན་གཅིག །རྫོགས་པའི་ཡེ་ཤེས་རྟོག་པ་ཉིད། །རྟོག་པ་གང་ཡིན་ཡེ་ཤེས་ཉིད། །ཐ་དད་ཡོད་པ་མ་ཡིན་ཏེ། །ཡེ་ཤེས་རྫོགས་པའི་རང་བཞིན་ནི། །ཀུན་སྤངས་ཀུན་གྱི་དངོས་གཞི་ཅན། །འཛིན་པ་དུ་མའི་རྟོག་པ་འདི། །བྱང་ཆུབ་སེམས་སུ་བརྗོད་པ་ཡིན། །བརྗོད་མེད་སེམས་ཀྱི་རང་བཞིན་ལ། །མ་བརྗོད་གོ་བར་མི་འགྱུར་བས། །བརྗོད་མེད་དོན་གྱིས་མཚོན་པར་བྱ། །ཀུན་བཟང་སེམས་ཉིད་རྣམ་པར་དག །མཚོན་བྱ་མཚོན་བྱེད་གང་ཡང་མིན། །བཙལ་མེད་རང་བཞག་ཉིད་ཀྱིས་མཚོན། །ཐ་མལ་སྣང་བའི་ཤེས་པ་དག །བཀའ་ཡི་ཤེས་པས་དྲངས་བྱས་ཏེ། །གཏང་འཛིན་མེད་པའི་ངང་ལ་གཞག །ཡིད་ལ་མི་བྱེད་བྱ་བ་གཏང་། །བློ་ཡིས་མ་དཔྱད་རང་བཞིན་གསལ། །འཛིན་པའི་རྒྱུ་འབྲས་གང་ཡང་མིན། །འབྲས་བུ་ཉིད་ཀྱིས་འབྲས་བུ་འགྲུབ། །རེ་འདོད་རྩོལ་བའི་མཐའ་རུ་འགྱུར། །འཛིན་མེད་རང་བཞིན་སྨན་ཆེན་གྱིས། །འཁོར་བའི་གཅོང་རྙིང་ཀུན་དང་བྲལ། །རྣམ་རྟོག་ཡེ་ཤེས་འོད་གསལ་ཉིད། །རང་གསལ་ཡེ་ཤེས་ཡེ་ནས་དག །རིན་ཆེན་དག་པའི་གླིང་བཞིན་དུ། །སེམས་ཀྱི་ཡེ་ཤེས་ཡེ་ནས་དག །རིམ་མེད་སེམས་ཀྱི་རང་བཞིན་ལ། །བགྲོད་པའི་ལམ་གྱིས་ཐོབ་པ་མེད། །རྣམ་གྲོལ་འབྲས་བུ་རང་བྱུང་ཉིད། །བགྲོད་མེད་རྣམ་གྲོལ་རྫོགས་པའི་ལམ། །གདོད་ནས་རྩོལ་མེད་ལྷུན་གྱིས་གྲུབ། །ཡེ་ཤེས་ཉི་མའི་སྙིང་པོ་ཤར། །མ་ལུས་ཐིག་ལེ་ཆེན་པོ་ཉིད། །གཟུང་འཛིན་གཉིས་མེད་མི་གཡོ་བ། །རྒྱུ་དང་འབྲས་བུར་རྟོག་འཛིན་ཅིང་། །མི་ཤེས་སྒྱུ་མའི་འཛིན་པས་བཅིངས། །སེམས་ཉིད་


DNG005_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འདྲ་ལྟ་བའི་ཀློང་། །ཡེ་ཤེས་ཡངས་པ་བརྡལ་བ་ཆེ། །བླང་དོར་གཉིས་མེད་རྩོལ་བ་བྲལ། །བྱང་ཆུབ་སེམས་ཀྱི་བལྟ་ཐག་བཅད། །ཏིང་འཛིན་ཞི་བས་ཉམས་སུ་བླངས། །བྱང་ཆུབ་སེམས་ཀྱི་བལྟ་བ་ནི། །གང་ལྟར་ཅི་ཡང་མ་ཡིན་པས། །རང་བྱུང་ཡེ་ཤེས་མཚན་ཉིད་གསལ། །མི་བསམ་གྱི་ནར་གཞག་པའོ། །བསམ་གྱིས་མི་ཁྱབ་ཡེ་ཤེས་མཐོང་། །རང་བྱུང་རྫོགས་པའི་ལྟ་བ་ནི། །མཐའ་གསུམ་བྲལ་ལོ་ཡེ་སངས་རྒྱས། །རྩོལ་བྲལ་དབུ་མ་དྲང་པོའི་ལམ། །འཆིང་བྲལ་ལྟ་བ་གཟའ་གཏད་མེད། །རིན་ཆེན་འཁོར་ལོ་ཀུན་བཟང་འདིས། །རང་སེམས་གཉིས་མེད་རྟོགས་པར་གྱིས། །བཏང་སྙོམས་བལྟ་བ་བླང་དོར་མེད། །ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །སྤྲོ་བསྡུ་གཉིས་མེད་གཏང་བཞག་བྲལ། །རང་བཞིན་གནས་པས་རེ་དོགས་བྲལ། །སྤྱོད་ཡུལ་མ་ལུས་སེམས་སུ་ཤེས། །སྣ་ཚོགས་འཁོར་བའི་རང་བཞིན་དང་། །ཡེ་ནས་རང་རིག་གཉིས་སུ་མེད། །ཉིད་ལས་གཞན་སེམས་གྲུབ་པ་མེད། །རིག་པ་ཅི་ཡང་མ་ཡིན་པས། །འདོད་པའི་བསམ་པ་ཀུན་དང་བྲལ། །ཤེས་པ་མཐའ་བྲལ་སྟོང་པ་ཉིད། །ཡེ་ཤེས་འོད་གསལ་རང་གནས་པས། །ཡིད་ལ་འཛིན་མེད་ཡེ་ཤེས་གསལ། །རོལ་པར་སྣང་ཡང་གྲུབ་པ་མེད། །སྒྱུ་མའི་ཡེ་ཤེས་རྩལ་དུ་འཕྲོ། །མ་བཅོས་སྒྱུ་མ་ལྷུན་གྲུབ་ལ། །འཛིན་པའི་སེམས་དང་ངོས་གཟུང་མེད། །ཡེ་ཤེས་རྒྱལ་པོ་རྣམ་པར་དག །འཛིན་པའི་སེམས་བྲལ་རིག་པར་གསལ། །སེམས་ཉིད་ནམ་མཁའ་ལྟ་བུ་ལ། །ནམ་མཁའ་ལྟ་བུར་བསམ་དུ་མེད། །ནམ་མཁའ་བསམ་དུ་མེད་པ་བཞིན། །ཡེ་ཤེས་བསམ་དུ་མེད་པ་ཡིན། །ཅིར་ཡང་མི་དགོངས་རང་བཞག་པ། །དུས་གསུམ་རྒྱལ་བའི་བལྟ་བ་ཡིན། །ལྟ་མེད་རང་བཞག་བལྟ་བ་ནི། །དུས་གསུམ་གང་ཡང་མ་ཡིན་ཏེ། །འགྱུར་མེད་དབྱིངས་ཀྱི་ལྟ་བ་ཡིན། །འདོད་པའི་བྱ་བ་གང་ཡང་མིན། །འདོད་པ་མེད་པའི་བྱ་བའང་མིན། །ངོ་བོ་ཉིད་ལ་ཡངས་དོག་མེད། །སེམས་ཉིད་དྲི་མ་ཀ་དག་ལ། །འགྱུར་མེད་རིན་ཆེན་གསེར་བཞིན་


DNG005_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འཛིན་པའི་རླུང་གིས་གཡོས་གྱུར་ཀྱང་། །རིག་པའི་ངོ་བོར་འགྱུར་བ་མེད། །རྒྱ་མཚོ་སྣང་བ་ཆེན་པོ་བཞིན། །ཕྱི་ནང་མི་མངའ་ཡེ་ཤེས་གསལ། །མཐའ་དབུས་མི་མངའ་ཕྱོགས་དང་བྲལ། །ཡེ་ཤེས་སེམས་ཉིད་བལྟ་བ་ལ། །རྒྱུ་དང་རྐྱེན་གྱིས་རྩོལ་བ་མེད། །རྡོ་རྗེ་ཉིད་འདྲ་འཇིག་པ་མེད། །ཉི་མ་རིན་ཆེན་འབར་བ་ལྟར། །རང་སྣང་རྣམ་པར་རྟོག་དང་བྲལ། །འཁོར་བ་ཉིད་ན་ཡེ་སངས་རྒྱས། །རང་སེམས་རིག་པ་གང་ཡང་རུང་། །བསམ་པ་དང་བྲལ་ཡེ་ཤེས་ཉིད། །ཆོས་དང་ཆོས་ཉིད་གང་ཡང་མིན། །མཐའ་བྲལ་ཡེ་ཤེས་རྫོགས་པ་འདི། །རྟག་པ་མ་ཡིན་མི་རྟག་མིན། །ཤེས་པ་མི་འགག་འདོད་པ་མིན། །བྱ་བྱེད་མི་རྩོལ་རང་བཞིན་དག །དབུ་མ་ཆེན་པོ་དྲང་པོའི་སེམས། །ཕྱོགས་ཀྱི་ཡུལ་ལ་འཇུག་པ་མེད། །སེམས་ཉིད་ཡུལ་ལ་གང་འཇུག་ན། །འཛིན་པའི་ཕྱོགས་ཅན་འདོད་པ་ཉིད། །དབུ་མའི་སེམས་དང་མི་ལྡན་པ། །བག་ཆགས་འཛིན་པའི་སེམས་ཀྱིས་དཀྲུགས། །བསམ་མེད་རིག་པ་བརྗོད་མེད་འདི། །ཐ་སྙད་མིང་ལ་མི་གནས་ཏེ། །གདུལ་བྱ་གདན་པའི་སེམས་དག་ལ། །ཐ་སྙད་སྒྲ་མི་འཁོར་ལོས་བསྟན། །སྣང་སྲིད་སྣང་བ་སྣ་ཚོགས་པ། །སྐུ་གསུང་ཐུགས་ལས་མ་གཡོས་ཏེ། །དྲན་རྟོག་ཏིང་འཛིན་རིག་པའི་ཐུགས། །ནམ་མཁའ་ལྟ་བུར་མི་ཟད་པ། །བདེ་ཆེན་རིག་པ་སེམས་ཀྱི་རྒྱན། །རྣམ་པར་རྟོག་པའི་སྒྲོ་འདོགས་གཅོད། །འོད་གསལ་རིག་པའི་འཁོར་ལོ་ཡིན། །ལུས་ཅན་རྣམས་ཀྱི་སྒྲ་རྣམས་ནི། །སྔགས་ཀྱི་གསུང་དུ་གྲགས་པ་ཡིན། །སྣང་སྟོང་གཉིས་མེད་རིག་པའི་གསུང་། །ཁ་དོག་དབྱིབས་སུ་གང་སྣང་བ། །སྐུ་མཆོག་རྒྱན་གྱི་འཁོར་ལོར་ཟབ། །རྡོ་རྗེ་ལྟ་བུར་དབྱེར་མེད་པ། །སེམས་ཀྱི་རང་བཞིན་ཀུན་ཏུ་བཟང་། །སྐུ་གསུང་རྫོགས་པའི་བདེ་བ་ཆེ། །བསམ་མེད་རང་བཞིན་ཉིད་ཀྱིས་གོ། །རིམ་པ་མཆོག་ལྡན་ཀུན་ཏུ་བཟང་། །བཀའ་ཡི་འཁོར་ལོ་འབུམ་ཕྲག་ཡས། །ཏིང་འཛིན་མི་རྟོག་རང་བཞིན་གསལ། །རང་རིག་རྡོ་རྗེ་འགྱུར་མེད་ལུང་། །ཡེ་ཤེས་རྫོགས་པའི་


DNG005_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གིས་ནི། །ཐམས་ཅད་ཡེ་ཤེས་ངོ་བོར་གསལ། །ཞེན་པའི་སྒྲོ་སྐུར་མ་ལུས་པ། །ཡེ་ཤེས་རིག་པའི་འཁོར་ལོས་གཅོད། །རང་གསལ་རིག་པའི་སྣང་བ་ལ། །གང་ལྡན་གསལ་བའི་རིག་པས་མཐོང་། །ལྟ་བ་དེ་ཉིད་ཙམ་དུ་བཟང་། །རང་རིག་རྫོགས་པའི་ཡེ་ཤེས་ལ། །ངོ་བོ་གྲུབ་པ་གང་ཡང་མིན། །རྟོགས་པའི་མཐུ་ཡིས་ཅིར་ཡང་མཐོང་། །མེ་ལོང་དྭངས་པའི་བརྙན་མ་ལྟར། །རྡོ་རྗེ་གསང་བའི་གདམས་པ་ཡིས། །རིག་པའི་ཡེ་ཤེས་ཀུན་ཏུ་བཟང་། །ཡི་གེ་མེད་པའི་དོན་དུ་མཐོང་། །རང་གསལ་རྗེས་སུ་རང་བཞག་ན། །ཡེ་ཤེས་རྫོགས་པ་རྗེས་སུ་དཔགས། །རང་རིག་འདྲེལ་པ་ཉིད་ལ་གསལ། །ཡེ་གསལ་རིག་པའི་འཁོར་ལོ་ལ། །འདོད་པའི་བློ་ཡིས་གང་རྩོལ་བ། །རང་འདོད་ཐེག་པའི་ཁྱད་པར་ནི། །གསང་བའི་དོན་ལ་མ་ལུས་སྟོང་། །འདོད་པའི་སྟོབས་ཀྱིས་འཕངས་ནས་རྩོལ། །རང་གསལ་འཁོར་ལོའི་དོན་ལ་འགལ། །འདོད་རྒྱུས་གསལ་བའི་ཡེ་ཤེས་ཀྱང་། །རྩོལ་བ་ཉིད་ལ་འདའ་བ་མེད། །རྫོགས་པའི་ཡེ་ཤེས་བདེ་ཆེན་ནི། །རང་བཞག་རིག་པའི་འཁོར་ལོས་དག །རྣམ་དག་རང་བྱུང་འོད་གསལ་བ། །གློ་བུར་སྒྲིབ་པ་ངང་གིས་མེད། །རང་བཞིན་མ་ཡིན་རྐྱེན་གྱིས་སྣང་། །རང་བཞིན་ངོ་བོ་གང་དག་ནི། །གློ་བུར་རྐྱེན་ལ་རག་ལས་མིན། །རང་གསལ་རིག་པའི་རང་བཞིན་དང་། །འཁོར་བའི་རྟོག་པ་རང་བཞིན་གཅིག །གང་ཡང་སྤང་བྱ་མ་ཡིན་ཏེ། །གང་གི་རྣམ་པ་དེ་གང་བཞིན། །དེ་བཞིན་འགྱུར་བ་དེ་ཉིད་དེ། །སེམས་ནི་ཇི་བཞིན་མཉམ་པ་ཉིད། །སངས་རྒྱས་ཐུགས་ཀྱི་རྣལ་འབྱོར་རོ། །ཡང་དག་ལམ་ལ་ཡི་གེ་མེད། །སྙིང་པོ་ཉིད་དུ་བདག་འཇུག་པས། །ཐོབ་པ་མེད་ཅིང་སྤང་བ་མེད། །རིག་པའི་ཐུགས་ལ་གསལ་བར་སྣང་། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་ནི། །རྣམ་ཤེས་དམིགས་པའི་ཡུལ་ལས་འདས། །རིག་པ་འོད་གསལ་གཟུང་འཛིན་མེད། །བྱང་ཆུབ་སྙིང་པོར་བཞུགས་པའི་ཚེ། །ངོ་བོ་ཉིད་ནི་དམིགས་སུ་མེད། །ཡེ་ཤེས་ཀུན་བཟང་རྣམ་པར་དག །


DNG005_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ཏིང་འཛིན་ངོ་མཚར་ཆེ། །རང་གསལ་རིག་པ་ཅིར་མི་དགོངས། །བདེ་གཤེགས་འཁོར་ལོའི་ངོ་བོ་ཉིད། །མི་འགྱུར་འཇོམས་པའི་རྡོ་རྗེ་འཆང་། །ཀུན་འབྱུང་རིན་ཆེན་ལྟ་བུའི་འོད། །སྐྱོན་མེད་པདྨའི་རང་བཞིན་དག །འདུ་བྱེད་ལས་ཀྱི་རྡོ་རྗེ་འཆང་། །འདུལ་མཛད་ཏིང་འཛིན་འབུམ་ཕྲག་ཡས། །བསམ་བྲལ་ཏིང་འཛིན་འོད་གསལ་སེམས། །ཐབས་འཇུག་སྒྲུབ་པ་རང་ལུས་ཡིན། །རྩ་བ་མི་གཡོ་ཐིག་ལེ་བྱང་ཆུབ་སེམས། །རང་བྱུང་ཡོངས་རྫོགས་སྟོན་པའི་ངོ་བོ་ཉིད། །རང་རིག་རྫོགས་པ་མཆོག་གི་སྐུ། །སྣ་ཚོགས་འདྲེན་པ་མཆོག་གི་སྐུ། །རང་བྱུང་སེམས་ལ་ངོ་བོ་གཅིག །རིག་པ་མཆོག་གི་བསྟན་པ་ནི། །བརྗོད་མེད་ཀུན་ལ་རང་བཞིན་སྟོན། །རྣམ་དག་རིན་ཆེན་ལྟ་བུར་གསུངས། །མི་གཡོ་ཐིག་ལེ་ཉིད་དུ་གསལ། །ཡི་གེའི་ཐ་སྙད་ཀུན་དང་བྲལ། །མ་འགགས་རང་སྣང་དོན་དུ་བཤད། །སྣ་ཚོགས་སྣང་བའི་རང་བཞིན་དག །རང་རིག་ངེས་དོན་ཉིད་དུ་བསྟན། །རྣམ་བཤད་རང་བཞིན་བསྟན་པའི་མཆོག །རང་སྣང་བཙལ་བའི་རང་བཞིན་གྱིས། །དེ་འཁོར་བསམ་པ་ཇི་བཞིན་བསྟན། །བསྟན་པའི་ཡན་ལག་འབུམ་ཕྲག་ཡས། །རང་བྱུང་དག་པའི་ཤུགས་ཀྱིས་འབྱུང་། །འདོད་རྩོལ་བློ་ལ་དྲང་བ་དང་། །ཐུགས་ཀྱི་དགོངས་པ་ངེས་པའི་དོན། །གདུལ་བྱ་རབ་འབྲིང་དོན་དུ་བཤད། །ངེས་པའི་སྙིང་པོ་གསང་བ་ཉིད། །དྲང་བའི་དོན་མིན་རང་བྱུང་བཤད། །ཆོས་སྐུ་རང་བྱུང་སྟོན་པའི་མཆོག །དེ་འདུས་འཁོར་དང་བསྟན་པ་དག །ཉིད་ལས་མི་གཞན་རང་བྱུང་ཉིད། །རིག་པ་མཆོག་གི་སྦྱོར་བ་ལ། །སོ་སོ་མ་ཡིན་བརྗོད་བྱ་གཅིག །ཐ་སྙད་ལམ་གྱི་སྒྲོན་མ་གང་། །ཀུན་བཟང་རིག་པའི་གཏེར་དོན་བསྟན། །བརྗོད་པའི་དོན་མཚོན་དམན་པའི་སྐུ་ཡིས་སྟོན། །རང་བྱུང་རིག་པ་མཆོག་གི་སྐུ། །རང་བྱུང་མཆོག་གི་སྐུ་གསུམ་རྫོགས། །མ་བཅོས་རང་བྱུང་སྙིང་པོ་ལ། །འདོད་པའི་རྣམ་པ་གང་ཡང་མིན། །བསྒྲུབ་བྱ་མ་ལུས་ཀུན་གྱི་བདག །ཡེ་ཤེས་


DNG005_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་བསྒྲུབ་པས་གསལ། །སྣང་བ་མ་ལུས་རང་བྱུང་སེམས། །རིག་པ་མཆོག་ལྡན་བདེ་གཤེགས་བཀའ། །རང་བྱུང་ཚད་མ་མངོན་སུམ་གསལ། །འཁོར་བའི་རྟོག་པའི་གཅོང་རྙིང་དག །ཡེ་ཤེས་རང་རིག་ཉིད་དུ་འབར། །སྤྱི་བླུགས་ཚངས་པའི་ཐབས་ཀྱིས་གསལ། །གསང་བའི་དོན་མྱོང་འོད་གསལ་ལུང་། །གཟེར་ཆེན་མན་ངག་ཐེག་པའི་སྐས། །རིག་པའི་བརྡ་མཇལ་ཚེགས་དང་བྲལ། །མངོན་སུམ་ཡེ་ཤེས་གསལ་བ་ཡི། །རྗེས་སུ་རང་གཞག་ཡེ་ནས་སྤངས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལས། འཁོར་བ་ཡེ་ཤེས་སུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །དེ་ནས་རིག་པའི་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་བཀའ་སྩལ་པ། རང་བྱུང་རྫོགས་པའི་ལྟ་བའི་ཀློང་། །མཉམ་ཉིད་རིག་པའི་ཡེ་ཤེས་སེམས། །སྣང་བ་ཡེ་ཤེས་རྫོགས་པ་ཉིད། །ནམ་མཁའི་རྡོ་རྗེ་བལྟ་བའི་མཆོག །བལྟ་མེད་རང་བྱུང་སེམས་ལ་བལྟ། །བཙལ་མེད་རིག་པའི་རྣལ་འབྱོར་ཡིན། །འཇུག་པ་གཉིས་མེད་རིག་པའི་ཀློང་། །ཡེ་ཤེས་མཁའ་མཉམ་སྒྲ་དོན་མེད། །རང་གསལ་ཡུལ་ལ་མེད་རྟོགས་པས། །ཡེ་ཤེས་ཐིག་ལེའི་ཉི་མ་ཤར། །སྣང་མེད་མ་འགགས་ཅིར་མི་དགོངས། །སྣང་བ་རིག་པའི་ཐིག་ལེ་བསྡུས། །སྡུག་བསྔལ་བདེ་བའི་ངང་དུ་གནས། །རེ་འདོད་ཀུན་བྲལ་ཐོབ་སྤང་མེད། །རང་བྱུང་བདེ་བའི་སེམས་ཉིད་ལ། །སྣང་བ་ཉིད་དུ་གྲུབ་མ་ཡིན། །བདེ་ཆེན་རིག་པ་མཚོ་ལྟར་ཟབ། །ཡེ་ཤེས་རོལ་པ་མཁའ་དང་མཉམ། །དངོས་གྲུབ་རིན་ཆེན་འོད་ལྟར་འབྱུང་། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལས། ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །དེ་ནས་རིག་པའི་རྒྱལ་པོས་རང་བཞག་རིག་པའི་དོན་གསུངས་པ། རིག་པའི་སེམས་ཉིད་སྣང་མེད་ལ། །ཏིང་འཛིན་མི་གཡོ་འཇུག་པ་མེད། །རྩོལ་མེད་རིག་པ་བསམ་དང་བྲལ། །ཡེ་ཤེས་རྫོགས་པའི་འཁོར་ལོ་ལ། །ཐིག་ལེ་བདེ་ཆེན་བསམ་མི་ཁྱབ། །


DNG005_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་བདེ་ལྡན་ཆུ་རླབས་བཞིན། །ཡེ་ཤེས་ཇི་བཞིན་མི་བསྐྱོད་པའོ། །ཡེ་ནས་ཡིན་ཕྱིར་བྱ་མི་དགོས། །ཡེ་ཤེས་གསལ་བའི་ཕྱག་རྒྱ་ཡིས། །མཚན་མ་ཡེ་ཤེས་འཁོར་ལོ་བསྐོར། །འཛིན་པའི་རང་བཞིན་ཀུན་དང་བྲལ། །རང་བྱུང་སྙིང་པོ་གཡོ་མེད་ན། །དབང་གྱུར་རྒྱལ་བའི་ཐུགས་དང་མཉམ། །ཏིང་འཛིན་རང་བཞག་མཁའ་དང་མཉམ། །མི་འགྱུར་ཡེ་ཤེས་མཁའ་ལྟར་ཁྱབ། །རྩོལ་བྲལ་རིག་པའི་ཡེ་ཤེས་ལ། །ཡེངས་པ་མེད་པར་རང་བཞིན་བཞག །དབང་པོའི་ངོ་ལ་སྣང་བ་ལ། །མི་རྟོག་རང་བཞིན་རིག་པར་གསལ། །ཡེ་ཤེས་ཀུན་བཟང་འཕྲོ་འདུ་མེད། །གང་ལ་མི་འཛིན་རང་བྱུང་སེམས། །མཚན་མའི་སྤྱོད་པས་འགྱུར་བ་མེད། །བརྡ་སྒོར་འཇུག་པའི་གདམས་ངག་སྦྱིན། །ཏིང་འཛིན་འཁོར་ལོར་སྒྲོ་སྐུར་གཅོད། །ཡེ་ཤེས་འཁོར་ལོར་མཐའ་དབུས་མེད། །རང་རིག་འཁོར་ལོར་གཟུང་འཛིན་བྲལ། །ཤེས་རིག་ཡེ་ཤེས་ཉིད་དུ་འཆར། །འཛིན་པའི་རིམ་འཇུག་ཐེག་ཁྱད་ཀྱིས། །ངོས་བཟུང་རྟོགས་དང་དམིགས་འབྱེད་པ། །འདོད་འཛིན་མ་ལུས་དེ་དག་སྟོང་། །རང་རིག་སྟོང་ཉིད་རྣམ་བཅས་པས། །བདེ་ཆེན་ལྷུན་གྲུབ་རང་རིག་གསལ། །ཡེ་ཤེས་རིག་པའི་འཁོར་ལོ་ལ། །གང་ཡང་ཡིན་ནོ་རྣམ་ཀུན་བཅས། །ཡེ་ཤེས་རང་གསལ་མ་བསྒྲུབས་གསལ། །རྣམ་དག་རང་སྣང་ཡེ་ཤེས་ལ། །ཞེན་པའི་རྟོག་པ་བཟློག་ཏུ་མེད། །ལྷུན་གྲུབ་འབྲས་བུ་བཙལ་མི་དགོས། །ཀུན་བཟང་འབར་བའི་ཡེ་ཤེས་ལ། །གཟུང་འཛིན་གཉེན་པོ་བརྟེན་མི་དགོས། །ཐོགས་མེད་རང་བྱུང་ཕྱོགས་དང་བྲལ། །བྱང་ཆུབ་རང་སེམས་ཁོ་ན་བས། །ལམ་གྱིས་མ་བཅོས་ཡེ་སངས་རྒྱས། །གང་སྣང་རྣམ་པ་ཅིར་རྟོག་ཀྱང་། །རང་རིག་བདེ་ཆེན་མངོན་སུམ་གསལ། །འདོད་པའི་སྐབས་བྲལ་གང་མཐོང་ཚོར། །རང་བཞག་ཡེ་ཤེས་རྫོགས་པ་མཐོང་། །བཙལ་མེད་རང་བྱུང་རྡོ་རྗེའི་བདག །སྐྱེ་མེད་རྡོ་རྗེ་མི་འགྱུར་འཆང་། །ལྷུན་གྲུབ་རིན་ཆེན་འབར་བའི་འོད། །དྲི་མེད་པདྨ་རང་བྱུང་བདག །རྩོལ་མེད་


DNG005_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་འཛིན་དང་བྲལ། །རིན་ཆེན་འཁོར་ལོ་འབར་བའི་སྐུ། །དུས་གསུམ་ཉིད་དུ་འདའ་བ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལས། ཏིང་ངེ་འཛིན་ཡེ་ཤེས་སུ་བསྟན་པའི་ལེའུ་སྟེ་བཞི་པའོ།། །དེ་ནས་རིག་པའི་རྒྱལ་པོས། ཡང་སེམས་ཉིད་ཕུན་སུམ་ཚོགས་པའི་དོན་གསལ་བར་བྱ་བའི་ཆེད་དུ་གསུངས་པ། རང་བྱུང་རྣམ་དག་ཡེ་ཤེས་སྐུ། །བརྗོད་མེད་རིག་པའི་བསྟན་པ་བཀྲོལ། །རང་སྣང་རིག་པ་སྨིན་པའི་འཁོར། །ཡེ་ཤེས་རྫོགས་པའི་རོལ་པར་ཤར། །རང་བྱུང་འོད་གསལ་གཅིག་ལ་རྫོགས། །རྩོལ་བཅས་དམན་པའི་གདུལ་འཁོར་ལོ། །བློ་དང་མཐུན་པར་བསྟན་པ་བསྒྲགས། །ཞེས་གསུངས་པ་དང་། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །ཡེ་ཤེས་ཀུན་བཟང་སྟོན་པའི་ཐུགས། །དབྱེར་མེད་རང་བྱུང་ངོ་བོ་ཉིད། །བདེ་ཆེན་ལྷུན་གྲུབ་ཆོས་ཀྱི་དབྱིངས། །རྣམ་རྟོག་ཕྱི་ནང་ཇི་སྙེད་པ། །རང་བྱུང་གསང་བའི་དོན་ལ་འདུས། །རྣམ་རྟོག་རྫོགས་པ་དེ་ཉིད་ཀྱང་། །རང་གཞན་ལོག་པ་རྨོངས་པས་བཅིངས། །སྣང་མེད་རང་བྱུང་བདེ་ཆེན་ལ། །སྣ་ཚོགས་དངོས་པོར་རང་སེམས་འཁྲུལ། །བདེ་འབྱམས་དབྱིངས་ལས་མ་གཡོས་ཀྱང་། །འཁྲུལ་རྟོག་སྡུག་བསྔལ་སྣ་ཚོགས་མྱོང་། །རྣམ་དག་མི་གཡོ་ཐུགས་རྗེས་བཤད་དུ་གསོལ། །ཞེས་ཞུས་པ་དང་། རིག་པའི་རྒྱལ་པོས་བཀའ་སྩལ་པ། །ཡེ་ཤེས་རང་བྱུང་ཆོས་ཀྱི་སྐུ། །ཀུན་བཟང་ཡེ་ཤེས་སྟོན་པའི་མཆོག །མ་ལུས་བསྟན་པ་ཇི་སྙེད་པ། །བྱར་མེད་རང་བྱུང་སེམས་སུ་བཤད། །དེ་ཉིད་གང་ལ་དེ་དག་སྟེ། །གང་ལ་བཤད་པ་ཤུགས་ཀྱིས་གོ། །སྣང་དང་སྲིད་པའི་ཆོས་རྣམས་ཀུན། །རང་བྱུང་སེམས་ལས་མ་གཡོས་པས། །རང་རིག་རྫོགས་པ་ཤུགས་ཀྱིས་གསལ། །གང་ལ་རང་གསལ་ངོ་བོ་བསྟན། །ཤུགས་ཀྱིས་བརྒྱུད་པས་དེ་མཐོང་བ། །རང་བྱུང་ཉི་མ་འོད་ཀྱི་མཆོག །མ་བཅོས་གསལ་བའི་འཁོར་ལོ་ལ། །འཛིན་པའི་དྲི་མ་ཀུན་གྱིས་དབེན། །མེ་ཤེལ་འོད་


DNG005_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རིག་པ་འཆར། །བདེ་ཆེན་རིག་པའི་འཁོར་ལོར་བཤད། །བརྡ་དོན་སྒྲ་ཡིས་གང་ལ་རྒྱུད་དོན་རྟོགས། །རིག་པའི་གདེང་ལྡན་ཡེ་ཤེས་ཀློང་དུ་ཤར། །གསལ་བའི་ཡེ་ཤེས་དགོངས་པ་ལ། །ཐུགས་རྗེ་རིན་ཆེན་འོད་ལྟར་འཕྲོ། །ཚིག་གི་དོན་བྲལ་ཡེ་ཤེས་རྫོགས་པ་ཆེ། །བརྡའ་སྒོ་ལམ་གྱི་ཞེན་པ་གང་བཟློག་དང་། །བརྡའ་དང་ཐ་སྙད་རིག་པའི་སྙིང་པོར་འཆར། །རང་བྱུང་རྩ་བ་མ་ལུས་གཅིག་ཏུ་རྟོགས། །སྦྱོར་ལྡན་ལམ་གྱི་རྟོག་པ་མ་ལུས་འདུས། །དངོས་གྲུབ་རང་བྱུང་དགོས་ཆེད་བསམ་མི་ཁྱབ། །སྒྲོན་མ་གསལ་བཞིན་ཡི་གེས་དོན་དུ་བཤད། །བརྡ་འབྲལ་སྟོང་ཉིད་རང་ལ་བཟློག་པར་བྱ། །དེ་ཉིད་བཞིན་ཏེ་ཐམས་ཅད་ཀུན་མ་ཡིན། །རང་བྱུང་བདེ་ཆེན་འཁོར་ལོ་ལ། །ཡེ་ཤེས་དོན་དུ་རང་གསལ་ཞིང་། །འཛིན་མེད་རིག་པའི་མཁའ་ལ་གཞག །རྒྱུ་བ་མེད་པའི་ཡེ་ཤེས་བསྐྱེད། །རང་བཞིན་གསལ་བའི་འོད་ལ་ཞུགས། །སྐུ་གསུམ་གསལ་བའི་དོན་ལྡན་ན། །ལྷུན་རྫོགས་ཡེ་ཤེས་ཐིག་ལེར་བཤད། །ཐ་སྙད་སྒྲ་ཡི་རྣམ་པ་ཀུན། །ཡེ་ཤེས་འདྲེན་པའི་མཚོན་པའི་བརྡའ། །དོན་ལ་བརྗོད་བྲལ་ཡེ་ཤེས་རྫོགས། །རིག་པའི་བརྡའ་སྒོ་དོན་གསལ་བ། །ངེས་མེད་སྦྱོར་ལྡན་བློ་བཞིན་ནོ། །བདེ་ཆེན་རིག་པའི་རྒྱལ་པོ་ལ། །འོད་གསལ་རིག་པའི་འཁོར་ལོ་བསྐོར། །ཡི་གེ་མེད་པའི་རང་གསལ་ལ། །ཡེ་ཤེས་སྲོག་གི་ཕུར་པ་འདེབས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལས། གཏན་ལ་ཕབ་པའི་ལེའུ་སྟེ་ལྔ་པའོ།། །དེ་ནས་རིག་པའི་རྒྱལ་པོས་རང་རིག་པའི་ཕུན་སུམ་ཚོགས་པ་འདི་གསུངས་སོ། །ཡེ་ཤེས་ཁྱབ་གདལ་རིག་པའི་སྐུ། །རང་བྱུང་རིག་པ་མ་འགགས་གསལ། །བརྗོད་མེད་སེམས་ཀྱི་དེ་ཁོ་ན། །རང་བྱུང་སྟོན་པའི་ཐུགས་རྗེའི་བདག །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །རང་སེམས་སྟོན་པར་མ་ཤེས་ན། །རང་བྱུང་མཐོང་བར་ཡོངས་མི་འགྱུར། །དེས་ན་ཡེ་ཤེས་རྫོགས་པའི་དོན། །རང་རིག་བདེ་བས་ཤེས་པར་གྱིས། །རང་བྱུང་རྒྱལ་པོ་སྟོན་པའི་མཆོག །


DNG005_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མ་འགགས་ཅིར་ཡང་གསལ། །རིག་པའི་ཀློང་གི་འཁོར་དུ་རྫོགས། །རང་སེམས་བདེ་ལ་ཀུན་རྫོགས་པས། །བསྟན་པ་རྒྱ་མཚོ་རིག་པའི་ཀླུང་། །རྣམ་དག་རང་སེམས་སྐྱེ་མེད་པས། །འགྱུར་མེད་འཁོར་ལོ་རིག་པའི་གནས། །ཡེ་ཤེས་རྩོལ་མེད་གནས་ཀྱི་མཆོག །རང་བྱུང་སྟོན་པའི་འོད་གསལ་ཐུགས། །འཛིན་མེད་རིག་པའི་ཉི་མ་ཤར། །མེ་ཤེལ་འོད་ལྟར་བྱིན་རླབས་འཁྲིགས། །འོད་གསལ་རིག་པའི་བསྟན་པ་སྒྲོགས། །རང་བྱུང་རྐྱེན་དང་བྲལ་བ་གནས་ཀྱི་མཆོག །རང་བྱུང་བདེ་ཆེན་ཡེ་ཤེས་རོལ་པའི་སྐུ། །ཡི་གེ་བརྡའ་བྲལ་ཡེ་ཤེས་རིག་པའི་གསུང་། །ཚིག་གི་ལམ་ཆད་ཡེ་ཤེས་སྒྲོན་མ་འབར། །ལེན་མེད་འཛིན་དང་བྲལ་བས་བདེ་མཆོག་གསང་བའི་ལམ། །བརྡའ་ཡི་འཇུག་པས་གསང་བའི་དོན་མི་གསལ། །མིང་དང་དོན་མེད་རང་བྱུང་ཡེ་ཤེས་གསལ། །རིག་པའི་ཐིག་ལེ་གསལ་བའི་གསུང་། །བརྗོད་མེད་ཡེ་ཤེས་འཁོར་ལོའི་བདག །ཐ་སྙད་ཀུན་བྲལ་བརྗོད་བྱེད་པ། །བརྡའ་མེད་རང་བྱུང་ཡེ་ཤེས་ཉིད། །རིག་པའི་འཁོར་ལོ་བདག་ལ་འཆར། །རིན་ཆེན་འོད་འབར་ཐིག་ལེའི་མཐའ། །རང་བྱུང་གཟེར་ཆེན་རང་ལ་འདེབས། །རང་བྱུང་འཁོར་ལོས་རང་ལ་གཅོད། །རིག་པའི་ཕྱག་རྒྱ་འགྱུར་བ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལས། ཕུན་སུམ་ཚོགས་པའི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་དྲུག་པའོ།། །དེ་ནས་རིག་པའི་རྒྱལ་པོས་བཙལ་བ་མེད་པ་ལ་ཆོས་དང་ཆོས་ཅན་མི་དམིགས་པ་འདི་གསུངས་སོ། །བཙལ་མེད་རང་བཞག་ཡེ་སངས་རྒྱས། །རྣམ་དག་རང་བྱུང་སྙིང་པོ་ལ། །ཐམས་ཅད་ཡེ་ཤེས་སྙིང་པོར་གསལ། །ཡེ་ཤེས་འཁོར་ལོ་སྣང་བ་མེད། །ཡེ་ཤེས་རིན་ཆེན་རྩོལ་བ་བྲལ། །རང་བྱུང་མི་འགྱུར་ཀུན་ཏུ་བཟང་། །སེམས་ཉིད་བྱང་ཆུབ་རིག་བདག་ལ། །ལུས་ངག་སེམས་ཀྱི་བཙལ་མེད་པས། །ཏིང་འཛིན་མི་གཡོ་འཇུག་དང་བྲལ། །རང་བྱུང་འཁོར་ལོ་རོལ་པས་རོལ། །


DNG005_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྤྱོད་པ་པདྨ་ལྟར། །སྤྱོད་བཞིན་མ་ཆགས་ཡེ་ནས་དག །བསམ་དང་བྲལ་བའི་ཆོས་ཉིད་ལ། །ཡེ་ཤེས་འཁོར་ལོ་རང་བཞག་སྟེ། །དུས་གསུམ་གཡོ་བ་མེད་པར་གནས། །རྟོག་པའི་དངོས་པོ་གང་སྣང་ཡང་། །རང་བྱུང་རིག་པའི་འཁོར་ལོས་གཅོད། །རིག་པ་རྒྱ་མཚོའི་ཀླུང་ལྟར་ཟབ། །མངོན་སུམ་སྣང་བའི་ཡེ་ཤེས་ལ། །སངས་རྒྱས་སེམས་ཅན་ཁྱད་མེད་ཀྱང་། །རང་དབང་སེམས་ལ་མི་གནས་ན། །སེམས་ཉིད་བདེ་བར་སྤྱོད་མི་ནུས། །འཛིན་སེམས་དག་གི་ལྕགས་བཀྲོལ་ཡང་། །གོམས་པའི་བག་ཆགས་བཅིངས་དང་འདྲ། །ཡེ་ཤེས་འཁོར་ལོ་རང་དབང་ན། །ཇི་ལྟར་གནས་ཀྱང་བྱ་བཙལ་མེད། །རིག་པ་མཐའ་མེད་དཀྱིལ་འཁོར་ལ། །ལུས་ཀྱིས་བཙལ་མེད་ཆོས་སྐུར་གསལ། །རང་སྣང་རིག་པ་འོད་གསལ་ལ། །ངག་གིས་བཙལ་མེད་རིག་པའི་གསུང་། །མི་འགྱུར་ཀུན་བཟང་ཡེ་ཤེས་ལ། །ཐུགས་ཀྱིས་བཙལ་མེད་བསམ་དང་བྲལ། །སྣང་བ་གཟུགས་ཀྱི་རྣམ་པ་ཀུན། །མཉམ་མེད་ཆོས་ཀྱི་སྐུ་རུ་ཐིམ། །གྲགས་པའི་སྒྲ་ཡི་རྣམ་པ་ཀུན། །མཚོན་པའི་རང་རྟགས་གསུང་དུ་ཐིམ། །ཤེས་རིག་མ་ལུས་ཇི་སྙེད་པ། །ཐུགས་ཀྱི་མཚོན་པའི་རང་རྟགས་དེ། །ཡེ་ཤེས་རིག་པའི་ཐུགས་སུ་ཐིམ། །རིག་པ་འགྱུར་མེད་རྡོ་རྗེ་ལྟར། །དབྱེར་མེད་ཡེ་ཤེས་བྱ་བཙལ་བྲལ། །ཞེས་གསུངས་པ་དང་། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །རྣམ་དག་ཡེ་ཤེས་དཀྱིལ་འཁོར་ནས། །འགྲོ་དྲུག་ཡེ་ནས་སངས་རྒྱས་ཀྱང་། །ལས་སྟོབས་དྲག་པོས་བདག་ཞུགས་ཏེ། །རང་རྐྱེན་ལོག་པའི་ཤུགས་ཀྱིས་དཀྲུགས། །རང་བཞིན་རིན་ཆེན་ནོར་བྲལ་བས། །རིས་དྲུག་འཁོར་ལོའི་གནས་སུ་འཁྱམས། །དུས་འདིར་ཐུགས་རྗེ་བྱིན་རླབས་ཀྱིས། །རྫོགས་པའི་སེམས་ལ་མོས་བསྐྱེད་པ། །དེ་ཚེ་རྩོལ་བཅས་འབྲས་བུ་ཡོད། །རྣམ་རྟོག་གཡོ་བ་ཅིར་འགྱུར་བ། །རིག་པའི་དོན་ལ་གང་གིས་བསྟན། །ངེས་པའི་གསང་དོན་གང་གིས་མཐོང་། །


DNG005_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞུས་པ་དང་། རིག་པའི་རྒྱལ་པོས་སླར་གསུངས་པ། །ཡེ་ཤེས་རྫོགས་པའི་སེམས་བསྐྱེད་ཟུང་། །སྤྲོ་བའི་སེམས་ལྡན་དོན་ལ་སྦྱོངས། །རང་བཞག་རིག་པ་མ་ཡིན་པར། །བརྡའ་སྒོ་རྟོག་པའི་རྗེས་མ་འབྲངས། །བདེ་ཆེན་གསང་བའི་འཁོར་ལོ་ལ། །གཉིས་སུ་མེད་པའི་རང་བཞིན་པས། །ཆོས་ཅན་ཆོས་ཉིད་གང་ཡང་མིན། །འདོད་པའི་བློ་ཡིས་གང་སྦྱོར་བ། །དམན་པའི་སེམས་ལ་བསྟན་པར་ཟད། །བསམ་བྲལ་ཡེ་ཤེས་འཁོར་ལོ་ལ། །ཆོས་ཅན་ཆོས་ཉིད་གང་རྟོག་པ། །རང་བྱུང་གསང་བའི་སེམས་མ་ཤེས། །བདེ་མཆོག་འཁོར་ལོའི་དོན་མ་རྙེད། །མི་འགྱུར་གསལ་བའི་སེམས་དང་བྲལ། །ཡེ་ཤེས་རིན་ཆེན་འོད་ཀྱང་ནུབ། །འཁོར་བའི་ལྕགས་ལས་ཐར་པ་མེད། །སྣ་ཚོགས་འཁོར་བའི་རང་བཞིན་ལ། །རྨོངས་པའི་བློ་ཡིས་བླང་དོར་བྱེད། །གཉིས་མེད་རང་བྱུང་འོད་གསལ་ལ། །སྒྲོ་དང་སྐུར་པས་རང་སེམས་སྤང་། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལས། བྱ་བ་དང་བྲལ་བ་ལས་ཆོས་དང་ཆོས་ཅན་མ་གྲུབ་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །དེ་ནས་ཡང་རིག་པའི་རྒྱལ་པོས་ཡེ་ཤེས་རིག་པའི་སྤྱོད་པ་འདི་གསུངས་སོ། །ཡེ་ཤེས་བདེ་མཆོག་ཀུན་ཏུ་བཟང་། །རང་བྱུང་ནམ་མཁའི་རྡོ་རྗེ་ཉིད། །ཅི་ལ་སྤྱོད་ཀྱང་ཆགས་པ་མེད། །སྒོ་གསུམ་བག་ཡངས་ལྷུག་པ་ཉིད། །སྣང་མེད་རང་བྱུང་ཡེ་ཤེས་གསལ། །རང་བཞག་ཡེ་ཤེས་སྤྱོད་པ་ལ། །བླང་དོར་གཉིས་མེད་བདེ་ཆེན་ངང་། །མཁའ་མཉམ་ཡེ་ཤེས་རང་བྱུང་ལ། །དུས་གསུམ་འདའ་བ་མེད་པར་གནས། །རང་འབར་ཡེ་ཤེས་དཀྱིལ་འཁོར་ནས། །དངོས་གྲུབ་རིན་ཆེན་འོད་ལྟར་འབྱུང་། །ཡེ་ཤེས་རྒྱ་མཚོ་མུ་མཐའ་མེད། །འོད་གསལ་རིག་པའི་གདེང་ལྡན་ལ། །མཚོན་པ་ལམ་གྱི་རྒྱུད་དང་བྲལ། །རང་བྱུང་ལུང་གི་དོན་མཐོང་བས། །ལུང་ཆེན་ཚད་མ་ཀུན་གྱི་བདག །རིག་པའི་ཡེ་ཤེས་བརྗོད་བྲལ་བས། །བརྗོད་པའི་ལུང་ལ་སེམས་མི་འཇུག །སེམས་ཉིད་རིག་


DNG005_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲོན་མ་ཡིས། །རིན་ཆེན་མེ་ཤེལ་ལྟར་གསལ་བས། །རིན་ཆེན་མན་ངག་ཀུན་གྱི་བདག །ཀུན་གསལ་མེ་ལོང་མཐོང་ཐོས་པས། །རྣ་བརྒྱུད་སྒྲ་ལ་རག་མ་ལས། །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །རང་བྱུང་གསལ་བའི་ཉི་མ་ཤར། །བསམ་སྦྱོར་བློ་ཡི་དྲི་མ་དག །འདོད་འཇུག་རིམ་རྩོལ་ཀུན་དང་བྲལ། །བསམ་མེད་རང་བཞག་སྤྱོད་པར་གནས། །སྐུ་གསུམ་རིག་པའི་དཀྱིལ་འཁོར་ནས། །ཐུགས་རྗེ་ཉི་མའི་ཟེར་ཤར་ནས། །འགྲོ་འདུལ་སྤྱོད་པ་ཅི་བདེར་སྤྱོད། །ཐབས་ཀྱི་རིག་པ་རང་ཤར་ནས། །ཡེ་ཤེས་གསལ་བར་འགྲོ་དོན་མཛད། །ཡེ་ཤེས་རང་བྱུང་འདྲེན་སྐུར་ཤར། །སྣ་ཚོགས་སྤྲུལ་སྐུ་རིན་ཆེན་སྤྲོས། །གང་དག་དམན་པའི་འཁོར་དག་ལ། །བློ་དང་མཐུན་པའི་བསྟན་པ་བཀོད། །འདོད་པའི་བློ་ཡིས་དཔག་མེད་ཀྱང་། །ཐིག་ལེ་གཅིག་ལས་འདའ་བ་མེད། །སྦྱོར་ལྡན་བློ་ཡི་ཐེག་པ་རྣམས། །ཡེ་ཤེས་ཐུགས་རྗེའི་སྐུ་བྱུང་ནས། །རང་བྱུང་གཅིག་ལ་བསྟན་པར་ཟད། །རིམ་འཇུག་བློ་ཡི་ཐེག་པ་རྣམས། །འདྲེན་པའི་སྐུ་ཡིས་དྲང་དོན་བསྟན། །ངེས་པའི་ཐེག་གཅིག་སྙིང་པོ་ལ། །འདོད་པའི་ཡན་ལག་ཀུན་དང་བྲལ། །མ་ལུས་བསྟན་པའི་རྣམ་པ་ཀུན། །ཡེ་ཤེས་རིག་པའི་མཁའ་ལ་རྫོགས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་རིག་པའི་རྒྱལ་པོས་རང་བྱུང་རྫོགས་པའི་དཀྱིལ་འཁོར་འདི་གསུངས་སོ། །སེམས་ཉིད་རང་བྱུང་དཀྱིལ་འཁོར་ནི། །མ་བཅོས་རིག་པ་ལྷུན་གྲུབ་སྟེ། །མཐའ་དབུས་མེད་པའི་གཞལ་ཡས་ན། །རང་འབར་ཡེ་ཤེས་རྫོགས་སངས་རྒྱས། །རང་བྱུང་རིག་པའི་འཁོར་མཐའ་མེད། །ལྷུན་གྲུབ་ཕོ་བྲང་ཆེན་པོར་ནི། །སྤྱན་དྲངས་མ་ཡིན་ཡེ་སངས་རྒྱས། །རང་བྱུང་གསལ་བའི་སྔགས་ལྡན་པས། །ལྷ་ཡི་སྙིང་པོ་དབུལ་མི་དགོས། །བདེ་ཆེན་གསལ་བའི་དོན་ལྡན་པས། །ཡེ་ཤེས་གསང་བའི་དཀྱིལ་འཁོར་མཉེས། །རང་བྱུང་སེམས་ཉིད་ཀུན་གྱི་ལྷ། །དུས་གསུམ་འདའ་མེད་ཐུགས་དམ་མོ། །རྣམ་


DNG005_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དག་རིག་པ་ཀ་དག་ལ། །ཉེས་པའི་དྲི་མ་དང་བྲལ་བས། །ཡེ་ཤེས་དམ་ཚིག་རྣམ་པར་དག །བརྗོད་མེད་རིག་པའི་དོན་མཐོང་ན། །རང་བྱུང་གསང་བའི་དམ་ཚིག་ཐོབ། །རང་བཞག་སེམས་ལས་མི་འདའ་ན། །མི་རྟོག་དམ་ཚིག་ཉིད་ཡིན་པས། །རང་བྱུང་དམ་ཚིག་རྣམ་པར་དག །མི་རྟོག་འཛིན་བྲལ་ཡེ་ཤེས་ལ། །བསོད་ནམས་ཡེ་ཤེས་ལྷུན་གྱིས་གྲུབ། །རྡོ་རྗེ་གསང་བའི་དཀྱིལ་འཁོར་ནི། །འགྱུར་མེད་རང་བྱུང་ཀུན་ཏུ་བཟང་། །ཡེ་ཤེས་གསང་བའི་དཀྱིལ་འཁོར་རོ། །མཐའ་དབུས་མེད་པའི་སྙིང་པོ་ལ། །སྤང་ལེན་བྲལ་བའི་སེམས་ཀྱིས་འཇུག །རང་བཞིན་རྣམ་དག་དབྱེ་བ་མེད། །ལྷུན་གྲུབ་རང་བཞིན་ཡེ་སངས་རྒྱས། །རང་རིག་འོད་གསལ་རྣམ་པར་དག །ཡེ་ཤེས་གང་མཚོན་མཚན་ཉིད་གསལ། །ལྷུན་གྲུབ་རང་རིག་ཀུན་ཏུ་བཟང་། །ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལྷ། །གཟུང་འཛིན་དང་བྲལ་དྲི་མ་མེད། །ཡེ་ཤེས་སྒྱུ་མ་ཀུན་ཏུ་བཟང་། །རང་བྱུང་སྒྱུ་མ་ངོས་བཟུང་མེད། །རྣམ་དག་རང་བྱུང་དཀྱིལ་འཁོར་གསུམ། །མ་སྐྱེས་ལྷུན་གྲུབ་བྱ་བ་མེད། །དོན་ལ་གང་འཇུག་སྦྱོར་ལྡན་རྣམས། །ཡི་གེ་བརྡའ་མེད་གཉིས་མེད་གསལ། །སྒྱུ་མ་དང་བྲལ་རིག་པས་རྟོགས། །རང་སྣང་རིག་པའི་འོད་ལ་བཞུགས། །བསམ་མེད་རང་བཞག་སལ་ལེ་བ། །ཅི་ཡང་མ་ཡིན་གྱི་ན་བ། །རང་གསལ་ཡེ་ཤེས་ཉི་མའི་འོད། །ཀུན་བཟང་རྒྱལ་བའི་ཐུགས་དམ་མོ། །ཞེས་གསུངས་པ་དང་། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཞུས་སོ། །སྣང་མེད་བདེ་ཆེན་རང་སྣང་ལ། །བརྟགས་པའི་སྣང་བས་གཉིས་སུ་མཐོང་། །རང་བཞིན་རྣམ་དག་གསེར་བཞིན་ཡང་། །ཐོག་མེད་དུས་ནས་དོན་མ་མཐོང་། །དུས་འདིར་སྦྱོར་འཇུག་གང་དག་ནི། །གསང་བའི་དོན་ལ་མོས་པས་འཇུག །གསལ་བྱེད་རིན་ཆེན་སྒྲོན་མ་གང་། །འཛིན་པའི་དྲི་མ་གང་གིས་དག །བདེ་ཆེན་གསང་བ་གང་གིས་རྙེད། །ཅེས་ཞུས་པ་དང་། རིག་པའི་རྒྱལ་པོས་བཀའ་སྩལ་པ། །བསམ་གྱིས་མི་ཁྱབ་དུས་གང་ལ། །


DNG005_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལྡན་རིག་པའི་ལྡེ་མིག་གིས། །རིན་ཆེན་སེམས་ཉིད་ཁོང་དུ་ཆུད། །སྣང་བའི་རྣམ་པ་ཅིར་འགྱུར་ཡང་། །ཡིད་ལ་མི་བྱེད་རང་བཞག་ན། །འཛིན་པའི་དྲི་མ་རྣམ་པར་དག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལས། དཀྱིལ་འཁོར་གསང་བའི་ལེའུ་སྟེ་དགུ་པའོ།། །དེ་ནས་རིག་པའི་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། །སེམས་ཉིད་གསང་བ་སྔགས་ཀྱི་ལྷ། །རང་བཞིན་དག་པས་སྦྱང་མི་དགོས། །རང་གནས་ཡེ་ཤེས་འོད་གསལ་བས། །སྤྱན་དྲངས་མ་ཡིན་ཡེ་ནས་གནས། །ཡེ་ཤེས་ཀུན་བཟང་འཕོ་འགྱུར་མེད། །ལྷུན་གྲུབ་རིག་པ་བཙལ་མེད་པས། །སྤྲོ་དང་བསྡུ་བ་ངང་གིས་ཞི། །རང་བྱུང་ཁྱད་པར་ལམ་ཆེན་ནི། །བླང་དོར་གཉིས་མེད་རིག་པའི་ངང་། །ཡེ་ཤེས་དབུ་མ་མཐའ་བྲལ་ལ། །བགྲོད་པའི་ལམ་མེད་ཡེ་སངས་རྒྱས། །རིག་པ་ཀུན་བྲལ་ཆོས་ཉིད་ལ། །རང་གསལ་འོད་ལ་གང་གནས་པས། །རིམ་པ་མ་ཡིན་ཅིར་མི་དགོངས། །ཡེ་ཤེས་ཀུན་བཟང་ལམ་ཆེན་ལ། །བློ་ཡི་སྟོབས་ཀྱིས་གང་འཇུག་པའི། །སྦྱོར་ལྡན་ཀུན་གྱི་ལམ་དང་བྲལ། །བཙལ་མེད་རང་བྱུང་བདེ་ཆེན་ནི། །འདོད་པའི་རྩོལ་བས་གང་འཕངས་པའི། །རིམ་འཇུག་རྒྱུ་འབྲས་མ་ལུས་སྟོང་། །ཀུན་བཟང་རང་རིག་འོད་གསལ་ལ། །འདོད་པའི་སྦྱོར་བས་གང་འཇུག་ན། །ཕྱོགས་བྲལ་རང་བྱུང་དོན་དང་བྲལ། །རྩ་བ་རྣམ་དག་མཁའ་ལྟར་ཁྱབ། །རྣམ་དག་འཛིན་པའི་སྤྱོད་ཡུལ་མིན། །སྒྲོ་མེད་སྟོང་པའི་ཐིག་ལེ་ནི། །རྣམ་པ་མེད་དང་གསང་བའི་སེམས། །བརྟགས་པ་སྣ་ཚོགས་ངོ་བོ་ལ། །མི་གཡོ་རང་བཞིན་དཀྱིལ་འཁོར་ནས། །ཡེ་ཤེས་ཉི་མས་ཀུན་མཐོང་ཡང་། །ཤིན་ཏུ་སྦྱོར་ལྡན་རྣལ་འབྱོར་ལ། །བརྟགས་པའི་རྣམ་པ་མཐོང་བ་མེད། །བསམ་གྱིས་མི་ཁྱབ་གང་དུས་ན། །འོད་གསལ་ཡེ་ཤེས་དོན་སྣང་ཡང་། །གང་མཐོང་སྣ་ཚོགས་སེམས་དང་བྲལ། །རང་བྱུང་དག་པའི་འཁོར་ལོ་ལ། །རང་བཞག་རིག་པ་ཀུན་རྟོགས་དང་། །སྦྱོར་འདོད་སྣ་ཚོགས་མཐོང་
བ་མེད། །གསང་བའི་འཁོར་ལོ་རྫོགས་པ་འདི། །རྒྱུ་མེད་མཐར་གྱུར་རང་གནས་པ། །དྲི་མེད་སྙིང་པོར་རང་གསལ་བས། །རྒྱུ་རྐྱེན་འདོད་པའི་ངོ་བོས་སྟོང་། །གང་ཞིག་རྒྱུ་བྲལ་ངོ་བོ་ཉིད། །དཔེ་ནི་རི་བོང་རྭ་བཞིན་ནོ། །རྒྱུ་མེད་རྒྱུས་བསྐྱེད་དེ་དང་འདྲ། །རང་གནས་ཡེ་ཤེས་གདོད་ནས་གྲུབ། །གང་དག་དག་པའི་འཁོར་ལོ་ལ། །སྦྱོར་འདོད་རྒྱུ་རྩོལ་གང་ཞིག་ན། །མཐུན་པ་ཉིད་དམ་མི་མཐུན་པ། །ཐུག་པ་མེད་དེ་གང་ལ་འཐད། །ཁྱད་པར་མ་གྲུབ་འོད་གསལ་ཉིད། །མ་བཅོས་རང་བཞག་ཉིད་དུ་བདེ། །བཅོས་མེད་དགོངས་པ་ཅི་ཡང་མིན། །གཞན་ལ་དེ་ན་དེ་བཞིན་པས། །ཤེས་པ་དུ་མ་གང་ལ་ངེས། །དེ་འདོད་ཉིད་ལ་དེ་ལྟར་འགྱུར། །རྩོལ་འཇུག་གང་ལ་དེ་དོན་ལ། །མཐར་འགྱུར་དེ་ལ་དེ་བཞིན་འབྱུང་། །དེས་ན་གནས་པའི་དོན་ཡིན་ན། །བདེ་ལྡན་རིག་པའི་སངས་རྒྱས་ལ། །རྟོག་པའི་རྣམ་པ་ཀུན་མེད་པས། །གང་ཞིག་འབྲས་བུ་ཇི་ལྟར་འདོད། །སྦྱོར་ལྡན་དོན་ལ་ཡིན་པས་ན། །དེ་བཞིན་ཐམས་ཅད་དག་པའང་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལས། རིག་པ་རྒྱུ་རྐྱེན་གྱིས་བསྐྱེད་པ་དང་བྲལ་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིང་ཧ་དང་། བོད་ཀྱི་ལོཙྪཱ་བ་བཻ་རོ་ཙ་ནས་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་བའོ།། །།

རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ཅེས་བྱ་བ།


DNG005_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་སནྟི་བོ་དྷི་ཙིཏྟ་སརྦ་ཨ་བ་ཏཱ་ར་བི་ཤུ་དྡྷོདྡིཥྚ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །ཐམས་ཅད་སྣང་ཞིང་དེ་དག་དེ་ཉིད་དབྱིངས། །རང་བཞིན་མི་གཉིས་ཆོས་ཀུན་འགག་པ་མེད། །ཡེ་ནས་ལྷུན་གྲུབ་ཡེ་ཤེས་སྣ་ཚོགས་གཞི། །བྱང་ཆུབ་སེམས་དབྱིངས་དཀྱིལ་འཁོར་རྒྱས་པའི་ཚོགས། །ཀུན་ཏུ་བཟང་པོ་སྒྲིབ་མེད་


DNG005_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན། །སྟོན་པ་བདེ་ཆེན་སྐུ་གསུམ་གཞན་རྒྱུད་སེལ། །ཟུང་འཇུག་དབྱེར་མེད་ཡོན་ཏན་འཕྲུལ་པའི་དངོས། །སྐུ་གསུང་ཐུགས་མཆོག་ཁྱད་པར་ལྷ་ཡི་ལྷ། །སངས་རྒྱས་གཉིས་མེད་དངོས་ཀུན་དུས་གསུམ་ཉིད། །འོག་མིན་ལྷུན་གྲུབ་ཆོས་ཀྱི་ལོངས་སྤྱོད་གཞི། །ཞིང་ཁམས་རྣམ་བཀོད་ཡོན་ཏན་ཀུན་སྣ་ཚོགས། །འཇིག་རྟེན་གྲངས་མེད་གཅིག་ཚུལ་བཙལ་མེད་པའི། །དུས་གསུམ་འཕོ་འགྱུར་མེད་པའི་གདན་ས་མཆོག །ཡེ་ཤེས་མ་འགགས་རིན་ཆེན་སྣ་ཚོགས་མདངས། །དཀྱིལ་འཁོར་ཀུན་ཏུ་རྒྱ་ཡོངས་མ་ཆད་པའི། །རྒྱན་ཚོགས་འདོད་པའི་ལོངས་སྤྱོད་སྣ་ཚོགས་པར། །ཉིད་ཀྱི་སྣང་བའི་གདན་ཀུན་རྣམ་པར་བརྩེགས། །དེ་བཞིན་གཤེགས་པ་གཟུགས་སོགས་རྣམ་དག་པའི། །ཉོན་མོངས་རྐྱེན་བཅས་དུག་ལྔ་ལ་སོགས་འབྲས། །བདག་པོ་ཡེ་ཤེས་མཐུ་ལྔའི་ངོ་བོ་ཉིད། །སྐུ་གསུང་ཐུགས་མཆོག་ཡོན་ཏན་ཕྲིན་ལས་བརྒྱན། །དྲི་མེད་རྡོ་རྗེ་སྙིང་པོ་འདུས་མ་བྱས། །བདེ་གཤེགས་འཁོར་ལོས་ཐེག་ཆེན་མཚོན་པར་བྱེད། །དོན་ཀུན་རིན་ཆེན་སྣ་ཚོགས་འབྱུང་བའི་གཞི། །ཆོས་རྣམས་རང་བཞིན་པདྨོ་ཆགས་པ་ཉིད། །ཕྲིན་ལས་ཐམས་ཅད་རྩོལ་བྲལ་མཐར་ཕྱིན་པ། །རིགས་མཆོག་རྒྱལ་བ་ལྔ་དང་བཅས་པའི་ཡུམ། །དཀྱིལ་འཁོར་དབྱིངས་དང་མཉམ་པར་སྦྱོར་བའི་མཆོག །རིགས་ཀྱི་དཀྱིལ་འཁོར་གྲངས་མེད་རྣམ་སྟོན་ཅིང་། །ཐམས་ཅད་རང་བཞིན་སྤྲུལ་པའི་ཁྱད་པར་ལས། །མཐུ་དབང་བྱིན་བརླབས་ཡོངས་སུ་རྫོགས་པའི་ཆོས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཙོ། །དཔལ་ལྡན་འཇམ་དབྱངས་བྱམས་པ་དྲི་མ་མེད། །ཀུན་ཏུ་བཟང་པོ་སྤྱན་རས་གཟིགས་དབང་ཕྱུག །ས་སྙིང་ནམ་མཁའི་སྙིང་པོ་ཉི་ཟླའི་འོད། །རིན་ཆེན་དྲ་བ་བརྩོན་པའི་དབང་ཕྱུག་དང་། །ཕྱག་ན་རྡོ་རྗེ་དགའ་དབང་སྤྱན་གསལ་སྟོབས། །སྒྲིབ་པ་རྣམ་སེལ་ཤེས་རབ་དྲན་པའི་མཆོག །ཐུགས་རྗེ་ཤེས་རབ་འདྲེལ་ཚོགས་ཡུལ་དང་བཅས། །གྲངས་མེད་རིགས་


DNG005_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཙོ་བོར་གྱུར་པ་དག །རྒྱུ་འབྲས་ཆོས་ཀུན་རྣམ་པར་སྦྱོང་བྱེད་ཅིང་། །རང་གི་མཚན་བརྗོད་སྟོན་པའི་དོན་ཇི་ལྟར། །སངས་རྒྱས་མཐུ་ཡིས་ཕྱོགས་རྣམས་འཁོད་པར་གྱུར། །ཡེ་ནས་རང་བཞིན་མ་བཅོས་དཀྱིལ་འཁོར་ཆེ། །དེ་ཉིད་གཙོ་བོ་དེ་ཉིད་འཁོར་གྱི་ཚུལ། །འབྱུང་ཆེན་ས་ཆུ་མེ་རླུང་ནམ་མཁའ་ལས། །རང་བྱུང་རིགས་ཚོགས་དཀྱིལ་འཁོར་རྟེན་དང་གནས། །འགྲོ་བའི་ལམ་ཀུན་འཕྲུལ་པའི་མཐུ་མཚུངས་པས། །བརྟན་གཡོའི་དེ་བཞིན་བྱ་བ་མཐར་ཕྱིན་པའི། །རང་བྱུང་སངས་རྒྱས་པདྨའི་སྙིང་པོ་ཅན། །གཉིས་སྣང་གཉིས་མེད་བདེ་ཆེན་ཁྱབ་པའི་དབྱིངས། །སྟོན་པ་གནས་འཁོར་བསྟན་པ་གཉིས་མེད་པའི། །དུས་གསུམ་ཉིད་ན་རབ་ཏུ་མཐར་ཕྱིན་པའི། །ཐམས་ཅད་གཉིས་མེད་བྱིན་གྱིས་བརླབས་ལས་སྣང་། །དེ་དག་བདེ་བ་ཆེན་པོ་ཆོས་ཉིད་དོ། །དེ་ནས་སྟོན་པའི་ཆོ་འཕྲུལ་ཐབས་སྣ་ཚོགས། །གཉིས་མེད་གཉིས་ཀྱི་ཚུལ་དུ་སྣང་བ་ལས། །ཐམས་ཅད་ངོ་མཚར་སྐྱེས་པས་ངོམས་པར་གྱུར། །བསྟོད་ཚིག་གསང་བའི་རྒྱུད་ཀྱིས་གསོལ་བ་གདབ། །ཆོས་ཀུན་རབ་ཏུ་མི་གནས་གནས་མེད་པའི། །དངོས་ཚོགས་དེ་བཞིན་རང་བྱུང་མ་བཙལ་དབྱིངས། །ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་སྐུ། །ཀུན་ཏུ་བཟང་པོ་སངས་རྒྱས་ཀུན་གྱི་དངོས། །ཁྱེད་ཀྱི་ཆོས་ཉིད་བྱིན་རླབས་བརྟག་དཀའ་བས། །བདག་ཅག་ངོ་མཚར་སྒོ་འདིར་ཐེ་ཚོམ་སྐྱེས། །དོན་ཀུན་གསང་བའི་ཆོས་ཆེན་འདྲེལ་པའི་ཚུལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསམ་འདས་པ། །དུས་ཀུན་ཐུགས་རྗེ་དྲི་མ་མེད་པའི་སྤྱན། །མཐའ་བྲལ་བསྟན་པའི་སྙིང་པོ་ཐེག་པ་ཆེ། །དག་པ་བློ་གྲོས་ཤིན་ཏུ་སྦྱངས་པ་ལ། །ཐུགས་ཀྱི་ཡེ་ཤེས་རྒྱུད་ཆེན་གསང་བའི་མཐུས། །དེ་ལྟར་བདེ་གཤེགས་རིགས་ལྔའི་སངས་རྒྱས་ཚོགས། །གཅིག་གིས་གཅིག་ལ་དགའ་བའི་གསོལ་འདེབས་ཤིང་། །རང་གི་མཚན་ཉིད་གསང་དོན་བསྟན་མཛད་ནས། །ཀུན་གྱིས་མཐུན་པར་ཀུན་ཏུ་བཟང་ལ་འདུད། །དེ་དག་བྱིན་རླབས་ངོ་


DNG005_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་ཚོགས་རྒྱ་ཆེན། །ཆོས་ཉིད་མཐུ་ལས་ཞིང་ཁམས་ཀུན་ཏུ་གཡོས། །སྣོད་བཅུད་རབ་ཏུ་འཁྲུགས་ཤིང་རྣམ་པར་གྲོལ། །སངས་རྒྱས་གྲངས་མེད་རིགས་ཀྱི་དཀྱིལ་འཁོར་འབྱུང་། །དེ་ལས་སྣང་བའི་སྟོང་ཁམས་རྡུལ་སྙེད་ཀྱིས། །རང་གི་མཐུ་སྟོབས་དཔེ་བྲལ་ཀུན་ཏུ་སྟོན། །སྣ་ཚོགས་གནས་རྣམས་བཀོད་པ་ཆེན་པོའི་དབྱིངས། །མི་འགྱུར་མཉམ་པའི་ཕྲིན་ལས་ཀུན་སྤྱོད་པའོ། །ཞེས་ཀུན་ཏུ་རྒྱ་ཆེར་སྟོན་ཏོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལས། བསྟན་པའི་གཟུགས་བརྙན་ཇི་ལྟར་བྱུང་ཞིང་སྣང་བའི་ལེའུ་སྟེ་དང་པོའོ།། །དེ་ནས་ཐམས་ཅད་རིག་པའི་མཆོག་གྱུར་པ། །ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་ཚོགས་ཟིན་ནས། །ཀུན་ཏུ་ཆོས་རྣམས་མི་འགྱུར་སྣ་ཚོགས་པའི། །ཕྱག་རྒྱ་ཆེན་པོར་ཟུང་འཇུག་སྣ་ཚོགས་གསལ། །རིགས་མཆོག་རྒྱལ་བ་ཀུན་གྱིས་གསོལ་འདེབས་ཤིང་། །རང་བྱུང་མཆོད་པའི་ཚོགས་རྣམས་ཀུན་ཏུ་འབུལ། །རྒྱུད་མཆོག་རོལ་པའི་ཡེ་ཤེས་འབྱུང་བའི་གནས། །བྱང་ཆུབ་སེམས་བདེ་ཀུན་ཏུ་ཁྱབ་པ་ལས། །རང་སྣང་དཀྱིལ་འཁོར་ཟབ་མོ་ཟུང་འདྲེལ་བ། །བྱིན་རླབས་ཡུལ་ཚོགས་གཉིས་མེད་གསང་བས་འཇུག །དེ་ཡི་རང་བཞིན་ངོ་མཚར་ཆོས་འབྱུང་བའི། །དངོས་ཚོགས་ལམ་འབྲས་གཉིས་སུ་མེད་པ་གང་། །གཟའ་བའི་ཡུལ་མེད་སྤྱོད་པ་ཀུན་བྲལ་བས། །བལྟ་བའི་དོན་ཀུན་གྲུབ་མཐའ་སྣ་ཚོགས་ཅིང་། །མི་རྟོག་ཏིང་འཛིན་གསལ་བའི་གནས་འཇུག་པ། །དོན་ཀུན་ཕྱག་རྒྱ་བསྒོམ་པ་སྣ་ཚོགས་ཚུལ། །ཟིན་ཆགས་གཉིས་མེད་བླང་དོར་ཕྱག་རྒྱའི་གཞི། །འཆིང་གྲོལ་ཆོས་ཀུན་མཐའ་ཡས་སྤྱོད་པའི་སྒོ། །གོལ་སྒྲིབ་མཐར་བཅས་ཀུན་ཏུ་འཆིང་བྱེད་པའི། །སོ་སོར་འཛིན་མེད་བྱང་ཆུབ་ཆེན་པོ་མཆོག །སྤང་ཐོབ་བྱེ་བྲག་དབྱེ་ཞིང་དབྱེ་བ་མེད། །འབྲས་བུའི་ཚུལ་ཆེན་ལྷུན་གྱིས་གྲུབ་གནས་ཤིང་། །འདི་ལྟར་དེ་ལས་དེ་བཞིན་དེ་འབྱུང་བའི། །འདྲེལ་མེད་འདྲེལ་བཅས་གཞན་དུ་བཞག་པ་


DNG005_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཐམས་ཅད་དབྱེར་མེད་བྱ་བ་མེད་པའི་ཆོས། །ཁྱད་པར་མཚན་ཉིད་གདགས་པ་སྐབས་ཀྱི་དོན། །ཆོས་ཀུན་མཐོང་ཆོས་ཡུལ་མེད་བལྟ་བ་གང་། །དབུ་མ་ལ་སོགས་ཕྱོགས་ཆོས་གོལ་སྒྲིབ་དག །ལོག་པར་འཁྲུལ་པའི་ཉེས་ཚོགས་རྣམ་མང་བ། །སྒྲོ་འདོགས་སྐུར་འདེབས་ཡང་དག་དོན་ལས་ཉམས། །མཉམ་པ་ཆེན་པོའི་དབྱིངས་སུ་ལ་བཟླའ་ཞིང་། །བློ་དམན་ཐེག་པའི་གོལ་སྒྲིབ་རྣམ་པར་དག །རྒྱུ་འབྲས་རིགས་འཛིན་སླར་ཡང་འཁྲུལ་པའི་ཚོགས། །ལམ་ཀུན་བགྲོད་པའི་མཐས་འཆིང་ཕྱིན་པ་མེད། །གཉིས་ཀྱིས་གཉིས་བསྐྱེད་གཉིས་སུ་གྲུབ་པའི་ཆོས། །རྩོལ་བཅས་མཐའ་བསྐྱོད་དོན་ཀུན་ཕྱག་རྒྱ་འཇིག །གདམས་ངག་དམ་པ་སྟོན་པའི་མཛོད་ནས་བྱུང་། །ཀུན་གྱི་མཚན་ཉིད་དམིགས་པར་དཀའ་བའི་ཆོས། །ཡོན་ཏན་རིན་ཆེན་ཚོགས་རྣམས་ཐམས་ཅད་འབྱུང་། །དེ་ཡི་གནས་འགྱུར་སངས་རྒྱས་ཀུན་གྱི་ཡབ། །དམིགས་མེད་ཐུགས་རྗེ་རང་ལས་ཀུན་སྣང་གསལ། །མ་ལུས་མཐའ་རྣམས་ཡེ་ནས་ལྷུན་གྲུབ་ཅིང་། །ཇི་བཞིན་ཆོས་ཀུན་མ་བཅོས་ལྷུག་བཞག་ཅིང་། །ཕྱོགས་ཆ་ལྷུན་གྲུབ་རང་བྱུང་ཡེ་ཤེས་དངོས། །གཟུང་འཛིན་རྣམ་དག་བསྒོམ་པའི་གོལ་བ་ཡང་། །དམིགས་བྲལ་ཏིང་འཛིན་ཉམས་སུ་མྱོང་བ་གང་། །ལྟ་བ་མེད་པའི་སྤྱོད་པས་མི་གྲོལ་ཚུལ། །གཞན་ནས་འདོད་པའི་འཁྲུལ་པས་འདོད་པ་བསྙེག །གཞན་ནས་ཐོབ་པར་འདོད་པས་གོལ་བའི་ལམ། །ཐེག་གཞན་དད་བརྩོན་སྤྱོད་པས་དོན་མི་རྙེད། །ཐབས་ཀྱི་མཚན་ཉིད་ཆེ་བའི་ཆོས་སྤྱོད་པས། །གསང་སྔགས་ཕྱི་ནང་སྤྱོད་པས་གོལ་བར་འཇུག །སྤང་བླང་དབྱེར་མེད་མཐུན་འཇུག་དཔེ་དང་བཅས། །དཔེ་ཡི་འཐད་པས་ཡང་དག་དོན་གསལ་བྱེད། །འབྲས་བུ་རང་ཆས་གནས་པའི་ཚུལ་འཛིན་ཅིང་། །ངོ་བོ་རང་བྱུང་བྱང་ཆུབ་སེམས་ཀྱིས་བརྒྱན། །སྣང་སྲིད་རྟོག་ཚོགས་བྱང་ཆུབ་གཞན་ན་མེད། །འདི་དོན་དུས་ཀུན་འགྱུར་མེད་ཤེས་པའི་གོ། །


DNG005_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་མཛད་པ་གང་ཡང་མི་འགོག་པ། །རང་བཞིན་བདེ་བའི་ཡུལ་རྣམས་མཐུན་པས་བསྒྲུབ། །ལྷུན་གྱིས་གྲུབ་ཅིང་བསྐྱོད་ཅིང་བཟླས་པའི་དོན། །ཡེ་ནས་གནས་སོགས་གཞན་དུ་རྩོལ་བའི་ཆོས། །བདེན་པ་ཟུང་དུ་འཇུག་པའི་ངང་ཚུལ་བཟང་། །གང་ལས་གང་ལྟར་དེ་དག་དེ་ཡི་གཞི། །འདི་ན་མོས་པ་ཙམ་གྱིས་འཛིན་བྱེད་དག །དོན་ཀུན་གསང་བའི་ཐེག་ཆེན་འདྲེལ་བའི་རྒྱུད། །ཐབས་མཆོག་རྒྱལ་བ་ཀུན་གྱི་བྱིན་རླབས་ཀྱིས། །ཕྲ་བའི་གནས་དོན་དགོངས་པའི་བྱིན་རླབས་ཤུགས། །ཞེས་ཡང་དག་པར་རྒྱ་ཆེར་གསུངས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལས། བསྟན་པའི་དོན་ཞུས་པའི་ལེའུ་སྟེ་གཉིས་པའོ།། །དེ་ནས་ཐམས་ཅད་མཁྱེན་པའི་མཆོག་ཀུན་སྟོན་བྱེད་གཙོ། །ཆོས་ཀུན་སྣ་ཚོགས་དོན་འབྱུང་བརྗོད་པའི་ཚིག་གསང་བས། །རང་བྱུང་བདེ་བའི་གནས་ཆེན་ཀུན་ཏུ་ཁྱབ་མཛད་ཅིང་། །མཛེས་པའི་རིགས་མཆོག་དཀྱིལ་འཁོར་རྒྱ་ཆེར་བཤད་ཅིང་གཟུང་། །མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ། །བསྔོ་བའི་ཆ་ཤས་ཕྲ་བའི་ཡུལ་ལས་བྱུང་བ་དེ། །རྟོག་བསྒོམ་ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས། །རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །ཐབས་ལ་མཁས་པས་ཐབས་ཀྱི་བྱེ་བྲག་སྣ་ཚོགས་ཀུན། །ཐམས་ཅད་གཅིག་ཏུ་འཇུག་པའི་རྒྱུན་ལྡན་དོན་ཀུན་གསང་། །མ་འདྲེས་ཕྱག་རྒྱ་བསྐྱོད་པའི་ཐ་སྙད་ཐབས་ཀྱི་ཆོས། །ཡེ་ཤེས་རང་གནས་ཤེས་རབ་ཆེ་གཞན་ཀུན་ཏུ་བཙལ། །ངོ་མཚར་མཐོང་བའི་ཡུལ་མེད་དེ་ལ་མཐོང་བའི་མིག །གང་ལ་ཐོབ་པར་མི་རིགས་བསྙད་པ་ཀུན་དང་བྲལ། །ཆོས་དང་ཆོས་ཉིད་རྟག་ཏུ་འདྲེས་ཤིང་དབྱེར་མེད་ལ། །དོན་དམ་ཆོས་གཞན་ལྷག་པར་བསྟན་ཅིང་བཟུང་བ་མེད། །འཁྲུལ་དང་བྱང་ཆུབ་ལམ་དེ་རྟོག་པས་ཐོབ་པ་མེད། །རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ། །ཡེ་ནས་སངས་རྒྱས་བདག་


DNG005_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མངོན་སུམ་གནས་པ་ལ། །གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོག་པ་འབྱུང་། །མེད་དེ་མེད་པ་མ་ཡིན་མེད་པའི་སྙིང་པོ་འབྱུང་། །སྟོང་སྟེ་སྟོང་པ་མ་ཡིན་སྟོང་པའི་ཡུལ་ལ་གནས། །ནམ་མཁའི་རང་བཞིན་དེ་ལས་འབྱུང་བའི་དྲན་པ་བསྐྱེད། །བྱེ་བྲག་འཛིན་པའི་བདེ་བ་འདོད་པ་མེད་པས་ལེན། །ཆོས་ཉིད་ཆོས་ཚོགས་གང་དག་རྒྱུད་འཛིན་པའི། །ཀུན་ཏུ་མ་གཡོས་ཕྱོགས་རྣམས་སྒྲུབ་བྱེད་ཆོས་སྣང་བ། །དོན་ཀུན་ཕྱག་རྒྱ་རྒྱ་མཚོའི་གཞིར་གྱུར་གསང་བའི་ཡུལ། །ཐམས་ཅད་རྣམ་པར་མི་བསྐྱོད་དཔེ་ཡི་ཚོགས་རྣམས་བརྗོད། །རང་བྱུང་ངོ་མཚར་གཏན་ཚིགས་ཡུལ་བྲལ་མེད་པའི་མིག །སྣང་མེད་རྟོག་པའི་རྒྱུད་ཀུན་དོན་སྤྱོད་གསང་སྔགས་ཆེ། །གང་གིས་གང་ལ་དངོས་ཀུན་མཐར་འཛིན་དེ་ཡི་ཆོས། །ཐ་སྙད་རྒྱུད་ལས་ཐམས་ཅད་འདས་པའི་དོན་གསལ་བ། །ཐོས་ཤིང་དཔྱོད་པས་རྣམ་མཁྱེན་ཕྱག་རྒྱ་སྔགས་ཀྱི་རྒྱུད། །མདུད་པའི་རྩ་བས་དེ་དག་རྒྱུ་བཞིན་འཁྲུལ་པའི་རྫས། །ཚོགས་མེད་མཐའ་འདས་བསོད་ནམས་ལས་རྒྱ་ཆེན་པོ་མཆོག །ཡོད་སྣང་མེད་པའི་ཁམས་ཀུན་བདེ་བར་རང་བྱུང་ཞིང་། །བཙལ་སེམས་སོ་སོའི་དཔེ་འདས་དབྱེ་བསལ་དེ་ཉིད་མེད། །འདས་དང་ད་ལྟར་མ་འོངས་དེ་ཉིད་དེར་སྣང་བས། །དེ་ཡི་ཆོས་ཀུན་མཁྱེན་པས་དོན་འདིར་སྟོན། །བདེན་ཞིང་མིང་དང་ཐ་སྙད་རྟོག་པའི་མཐའ་འགགས་པའོ། །འདི་དག་རང་བཞིན་དབྱེར་མེད་ཆོས་སྐུའི་སྣང་བ་ཉིད། །སེམས་ཀྱི་ཐ་སྙད་དོན་ཀུན་དཀྱིལ་འཁོར་ཆ་ཤས་དག །དམིགས་པའི་ཡུལ་རྣམས་ཟབ་མོའི་དགོངས་འཇུག་རྟོགས་དཀའི་ཆོས། །ཤེས་པ་ཙམ་དུ་སྨྲ་ཞིང་ནང་ལ་དངོས་འཛིན་ཉེས་རྟོག་རྒྱུན། །དེ་མེད་མི་འབྱུང་དེ་ལས་མཐའ་ཡི་རྒྱུད་སེལ་བ། །ཐམས་ཅད་རྟག་དང་ཆད་པའི་ལྟ་བ་ཕྱོགས་སུ་འཁོར། །ཡུལ་སེམས་སོ་སོའི་རྟེན་འདྲེལ་གཅིག་ལས་གཉིས་ཚོགས་སྣང་། །རང་བཞིན་མ་


DNG005_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས་དེ་ལས་རྟག་ཏུ་འབྱུང་། །གཞན་དག་འདྲེལ་པའི་དོན་གྱིས་གཅིག་ལས་གཅིག་སྣང་ཞིང་། །སྣང་དང་མི་སྣང་ཐ་སྙད་སེམས་ཀྱི་ཆོས་ཀུན་དག །ཆོས་དང་ཆོས་ཉིད་དབྱེར་མེད་གཅིག་ལས་ཐམས་ཅད་འབྱུང་། །དོན་དམ་ཀུན་རྫོབ་མིང་ཚིག་དག་གི་དངོས་ཀུན་སྟོང་། །མཛེས་པ་རིས་ཅན་སོ་སོ་ཀུན་ལས་ཕྱོགས་རྒྱས་འགྱུར། །རང་བྱུང་བདེ་བའི་རྟོག་པའི་གདངས་ཡིན་ནམ། མདངས་ཀྱི་ཡུལ་དཔྱོད་མཐའ། །བསྲུང་བའི་ཡུལ་མེད་དེ་ལས་ཡེ་ཤེས་འབྱུང་བའི་རྩལ། །སྔོན་མེད་དྲང་སྲོང་བཞིན་དུ་བསྒོམ་པའི་ཡིད་ཀྱང་འཇོག །བལྟ་མེད་རྣམ་རྩོལ་འབད་པའི་གདུང་བས་ཟིན་པ་ནི། །རང་བཞིན་ལམ་དེ་འཁྲུལ་པས་ཐམས་ཅད་མཁྱེན་པ་མེད། །ཇི་བཞིན་པ་ཞེས་རྣམ་རྟོག་དེ་ཕྱིར་རྟོག་བསྒོམ་པ། །བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནང་ཡིན་ཏེ། །མི་གཡོ་རང་བཞིན་གནས་པའི་སྨན་ཆེན་མ་བྱས་ན། །མཐོ་རིས་བགྲོད་པའི་རྒྱུ་དེ་ཉོན་མོངས་ཟིན་པར་འགྱུར། །ལས་ཀྱི་མཐའ་ཡིས་ཀུན་ཏུ་འཇིག་ཅིང་ཉེ་བར་སྤྱོད། །འགྱུར་བ་དེ་དག་བདག་པོའི་མཐུ་ལས་གཞན་དུ་སྣང་། །ཐ་དད་སྨིན་ལ་ཐ་དད་རྟོག་ཚོགས་བསམ་དཔྱོད་པས། །མུ་སྟེགས་རིགས་ཅན་རང་གི་ཕྱོགས་ཀུན་འཆིང་བར་བྱེད། །བལྟ་བ་བསྙེམས་པས་གྲུབ་མཐའ་བདེན་གྲུབ་དངོས་ཀུན་གནས། །ཡང་དག་སྲིད་མཐའི་ཀུན་ཏུ་རྟོག་པའི་ཆུ་རྒྱུན་གསལ། །ནམ་མཁའི་རང་བཞིན་དོན་ཀུན་གཞན་དུ་འབྲས་བསྒྲུབས་པས། །མིང་དང་བརྡའ་ལས་བྱུང་བའི་ཆ་ཤས་དངོས་སུ་རྣམ་པར་དག །ལམ་མེད་ལམ་དུ་འཇུག་པ་རྣམས་ཀྱི་ནད་ཆེ་བ། །ཕྱིན་པར་འདོད་པས་རི་དྭགས་སྨིག་རྒྱུ་བསྙེགས་པ་འདྲ། །རྙེད་པའི་ཡུལ་མེད་འཇིག་རྟེན་གསུམ་ལས་མྱོང་མི་འབྱུང་། །ས་བཅུར་ལྟོས་པའི་གནས་ཀྱང་བྱང་ཆུབ་སྒྲིབ་པ་ཡིན། །ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་མཛོད། །དམིགས་པ་མེད་ཅིང་འགྱུར་བའི་གནས་


DNG005_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་ལྟོས་པར། །ནང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང་། །བརྟགས་ན་མེད་ལ་སྣ་ཚོགས་འབྱུང་བའི་ལེགས་པ་ཆེ། །དངོས་སུ་མི་སྣང་ཆགས་པའི་ཆ་ཤས་ཀུན་ལ་སྟོན། །བདག་དང་གཞན་དུ་བྲལ་བའི་སྟོན་མཁན་རིན་ཆེན་མཛོད། །ཐམས་ཅད་གྲུབ་པའི་ཡུལ་ཞེས་བདག་མེད་སྙིང་རྗེས་བསྟན། །ནང་ནས་མ་གཡོས་ནང་དུ་བཙལ་བའི་གནས་མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིན་ན། །གཞན་གྱིས་ནོར་མིན་མ་བྱུང་ཡེ་ནས་གནས་པ་ཡིན། །བདག་གཞན་གང་གི་ཕྱོགས་འཛིན་མཐར་ཕྱིན་སྐུ་གསུམ་ཉིད། །མ་ངེས་སྙིང་པོ་བྱང་ཆུབ་རྩོལ་མེད་ཐ་དད་ལམ། །བདག་ཉིད་ཆོས་དབྱིངས་དོན་ཚོལ་གནས་མ་ངེས་པ་ཡིས། །རྩལ་དང་སྒྱུ་མའི་རྒྱུན་བྲལ་ཐབས་ཀུན་དཀྱིལ་འཁོར་ཆེ། །མིང་བསམ་ཡུལ་མེད་བདུད་ཚོགས་གཞོམ་མེད་དངོས་གྲུབ་ཚོགས། །དཀྱིལ་འཁོར་ཆུ་ཟླ་ཐེག་ཚོགས་ཀུན་འབྱུང་རྒྱུ་རྐྱེན་བྲལ། །རབ་ཏུ་སྦྱོར་བས་དོན་འདིར་བདེ་བའི་ཡེ་ཤེས་གཞི། །ཐམས་ཅད་མ་ངེས་ཕྱག་རྒྱས་མཐར་འཛིན་འཇིགས་པ་སེལ། །བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད། །ཡན་ལག་ཆོས་ཀྱི་དབང་གིས་སྙིང་པོའི་ཡུལ་ཚོལ་ཞིང་། །རྣམ་པ་ཅིར་ཡང་མི་རྟོག་ཐབས་ཀྱིས་དེ་ལ་རོལ། །སྙིང་པོའི་རང་བཞིན་འབྱུང་བ་གཞན་ན་མེད། །རྡུལ་ཕྲན་གཅིག་ལས་བསྲེས་ཤིང་ཕྱོགས་བཅུ་ཀུན་དང་བྲལ། །མི་གནས་དོན་ཉིད་ལེགས་པའི་ཡེ་ཤེས་རང་བྱུང་སྟེ། །མངོན་སུམ་ཀུན་ཏུ་མི་རྟོག་ཡངས་པའི་སྙིང་པོ་ལ། །རྣམ་དག་ལམ་འདིར་ཞུགས་པས་མཉམ་པའི་རྒྱལ་པོ་འཐོབ། །མི་འགྱུར་འགྱུར་བ་མེད་པས་ཆགས་པའི་གནས་མེད་དེ། །དེ་བཞིན་གཟུང་བའི་ཡུལ་མེད་འཛིན་པའི་གནས་ཀྱང་མེད། །ཡང་དག་ཡེ་ཤེས་ཀུན་


DNG005_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ས་བོན་ཚོགས་པས་བསྒྲུབ། །ནམ་མཁའི་རི་མོ་དམིགས་པའི་བཀའ་ལ་ཐ་སྙད་གཞི། །མི་མཁས་འཁོར་ལོའི་རྒྱུད་ཐབས་མང་པོས་འཁྲུལ་ཞིང་རྨོངས། །ཡོངས་སུ་སྤང་བླང་བཞག་པའི་ཐེག་པ་ཐམས་ཅད་བསྟན། །མངོན་སུམ་ཐོབ་པར་འདོད་པས་རྒྱུ་ལ་རྟག་ཏུ་བསྒོམ། །བསྒོམ་ཆགས་བདེ་བ་དེ་ལས་མཉམ་པའི་དོན་མི་འབྱུང་། །སྐུ་གཅིག་ཀུན་ཏུ་ཁྱབ་པས་མངོན་པའི་ཆོས་མེད་དེ། །མཐའ་ལ་ཐུག་པ་མེད་པས་དབྱིངས་ལ་ཟད་པ་མེད། །ཆོས་ཀྱི་རོལ་པས་ཉམས་འཕགས་ལྷག་པའི་གནས་མེད་དོ། །རང་བྱུང་ཡེ་ཤེས་ཆེ་བའི་ཡུལ་ཀུན་ཇི་བཞིན་གནས། །གསང་བའི་ཡུལ་ཀུན་དེ་ལས་དེ་རྒྱུད་འདྲེལ་པའི་དོན། །ལྷག་པའི་དོན་འདི་ཐབས་དང་ཤེས་རབ་གཉིས་མེད་པ། །གང་ལས་དེ་བཞིན་གཤེགས་པའི་ཕྱག་རྒྱ་གཟུང་བྱེད་པའོ། །མཛད་པ་དྲན་པའི་རྟགས་ཀུན་ཞི་བ་ཉིད་དུ་སྦྱོར། །འདིར་འཇུག་གསལ་བའི་ཡུལ་ཉིད་མཐའ་བྲལ་རྟག་ཏུ་བདེ། །སེམས་དཔའ་ཆེ་མཆོག་དཔལ་མཛོད་དོན་ལྡན་པས། །ཐེག་པའི་འབྲས་བུ་གསང་སྔགས་རྒྱུད་འདིར་འགགས་པའི་ཆོས། །དེ་དག་མ་སྐྱེས་ཡེ་ནས་བྱ་དང་བྱེད་པའི་རྩེ། །འདི་ཞེས་གསུང་རྫོགས་བརྗོད་པས་དགེ་བའི་ཚོགས་འཕེལ་ཞིང་། །མི་མཐུན་གནས་ཀུན་འགྲིབ་པའི་བག་ཆགས་དངོས་མེད་པའོ། །དོན་མཐུན་སྣང་ཞིང་གསང་སྔགས་བདེ་གཤེགས་ཀུན་གྱི་ཚུལ། །ངེས་པའི་བློ་གྲོས་དུས་ཀུན་གནས་པར་ཐམས་ཅད་འཇུག །ཅེས་གསུངས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལས། ངེས་པར་བསྟན་པའི་ཚུལ་གྱིས་བསྡུས་པའི་ལེའུ་སྟེ་གསུམ་པའོ།། །དེ་ནས་ཐམས་ཅད་མཁྱེན་པའི་མཆོག །ངོ་མཚར་འཇིག་རྟེན་རྨད་བྱུང་བའི། །དོན་ཀུན་གསང་བའི་རྒྱུད་ཆེན་པོ། །ཐབས་ཀྱི་རྣམ་


DNG005_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པའི་གཞི། །གང་ལ་ཡུལ་འདི་མཐར་ཕྱིན་པའི། །ཕྱག་རྒྱ་རིག་པའི་བདག་ཉིད་སྔགས། །དངོས་གྲུབ་ཡུལ་མེད་མཐར་ཕྱིན་པའི། །མཚན་བཅས་འཇུག་པའི་ཆོས་ཀུན་ལས། །འདི་དག་གསང་བའི་ཡེ་ཤེས་སྐུ། །རིགས་རྣམས་ཐ་དད་སྣ་ཚོགས་པས། །དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་གཞི། །ཐ་སྙད་གང་གིས་རྒྱུན་བསྒྲུབས་ཤིང་། །དོན་ཀུན་གསང་བའི་ཆོས་འཇུག་པ། །རེས་བཞིན་འབྱུང་བའི་གདངས་གསལ་བཞིན། །མེད་པའི་བསམ་བརྗོད་ཡུན་གྱིས་རྫོགས། །ཇི་ལྟར་ཟབ་མོའི་ཐ་སྙད་ཀུན། །དོན་འདི་རྣམ་པར་གྲོལ་བྱེད་པའི། །སེམས་རྒྱུད་ཐ་དད་ངོ་བོས་འཇོག །དང་པོའི་རྟོག་པས་ཡུལ་ཀུན་ཉིད། །ཤེས་པ་གང་གིས་གང་ལ་འཇུག །ཆོས་ཉིད་བདེ་བའི་དོན་ཀུན་གནས། །ཕྱོགས་ཀྱི་སྣང་བ་མ་འགགས་ཆོས། །བསམ་འདས་དཔྱོད་པར་དཀའ་བའི་ཚོགས། །ཐམས་ཅད་ཀུན་གྱི་ཆ་ལུགས་གསལ། །དེ་ལས་ཕྱོགས་ཀྱི་ཆ་བཟུང་སྟེ། །ཕྱི་ནང་ཀུན་ཏུ་འབྱུང་བའི་ཚོགས། །ཆོས་དང་ཆོས་དབྱིངས་དབྱེར་མེད་ལ། །མི་མཐུན་གཉེན་པོའི་རྟོག་འཛིན་ཅིང་། །དོན་དམ་ཀུན་རྫོབ་ལྷག་པའི་གནས། །གདགས་པའི་ཡུལ་མཐར་སྐྱེ་བའི་རྒྱུན། །མིང་ཚོགས་བྱེད་དངོས་སྟོང་པའི་ཆོས། །དེ་དག་ལས་ཀྱི་མཐའ་འགོག་པའོ། །འཁྲུལ་པས་སྣ་ཚོགས་བཏགས་པའི་ཆ། །ཇི་ལྟར་མི་བསྒྲིབ་འཁོར་ལོ་བཞིན། །ང་མེད་ཕྱག་རྒྱའི་མཐའ་གསང་བས། །བྱང་ཆུབ་སེམས་ཀྱི་ལམ་རྒྱུད་གསལ། །རྟོག་པའི་ཡུལ་ཚོགས་ཆོས་འཛིན་པའི། །ཐེག་པ་གཞན་རྒྱུད་རྣམ་པར་བསྡུས། །རང་བྱུང་ཡེ་ཤེས་ཇི་ལྟ་བར། །དངོས་ཀུན་གསལ་བའི་དོན་སྟོན་པའོ། །འདས་པའི་མཐའ་རྣམས་སྤྱོད་པའི་ཡུལ། །དེ་དག་དངོས་ཀུན་མ་འོངས་དུས། །ད་ལྟའི་ཚིག་ཚོགས་མཐའ་ལས་འདས། །རང་གི་ངོ་བོ་ཀུན་འཇོག་བྱེད། །འདི་དག་ཡེ་ནས་མ་བཅོས་པའི། །འབྲས་བུའི་དངོས་ཀུན་གཞན་དུ་འགྱུར། །དེ་དག་བློ་ཡི་སྣང་བས་ཏེ། །རིགས་ཀུན་ངོ་བོ་མ་འགགས་པ། །དོན་ཀུན་ཕྱག་རྒྱའི་ཆ་ལུགས་སྐུ། །མི་ཤིགས་རྡོ་རྗེ་ལྟ་བུའི་དངོས། །ཐབས་དང་ཤེས་རབ་རོལ་པའི་གནས། །སྤྱོད་བཅས་རྣམ་པ་སྣ་ཚོགས་གཞི། །བྱང་ཆུབ་


DNG005_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་མྱ་ངན་འདས། །ཐབས་ཀྱི་གར་ཚོགས་ཡུལ་ཀུན་ཉིད། །བདེ་བའི་ཆ་ལུགས་མ་རྨོངས་པ། །རིགས་ཚོགས་གསང་བའི་ལྷ་ཉིད་དོ། །ཁམས་གསུམ་དངོས་གྲུབ་ལྷག་པའི་གནས། །རང་བྱུང་ས་ཡི་རྟགས་ལས་སྐྱེས། །དོན་ཀུན་ཕྱག་རྒྱའི་དཀྱིལ་འཁོར་ཚོགས། །སེམས་དཔའ་རང་རིག་ཀུན་ནས་འཇུག །ཇི་ལྟར་དོན་ཀུན་རང་བཞིན་བཅས། །ཕྱི་ནང་ཆོས་ཀུན་རྣམ་པར་དག །མེད་པས་ཕྱོགས་སུ་དམིགས་པའི་ཡུལ། །ཐམས་ཅད་སྟོང་པའི་མཐའ་རྣམས་སྐྱེས། །མེད་པའི་སྙིང་པོ་གསང་བའི་གཞི། །ཐ་དད་དོན་མིན་དེར་འཇུག་པའི། །དཔེ་འདིས་ཟབ་མོ་སྡེར་བཅས་པས། །དཔེ་ཡི་ཐ་སྙད་གང་དུ་འཇུག །དེ་དག་རྟག་ཆད་སྟོང་པའི་ཡུལ། །སྒྲོ་སྐུར་མིང་ལས་མཐའ་རྣམས་གནས། །མ་འདྲེས་གསང་བའི་ཐིག་ལེ་ཆེ། །བསྒྲུབ་མེད་མི་མཐུན་གནས་ལས་སྐྱེས། །མི་བསྐྱོད་ཕྱི་ནང་མེད་པར་འཕེལ། །མ་བགྲོད་ལམ་ཀུན་ས་ཡི་དབྱིངས། །ནམ་མཁའི་དཀྱིལ་འཁོར་ཇི་ལྟ་བར། །འབྱུང་ཚོགས་མ་འདྲེས་བཀོད་པའི་སྒོ། །ཐེག་པ་ཐམས་ཅད་གསལ་བྱེད་པ། །ཐུགས་རྗེ་ཆེན་པོས་འཇིག་རྟེན་འདས། །དྲན་པའི་གནས་ཀུན་བསྐྱེད་པའི་ཕྱིར། །དངོས་འདི་དངོས་པོ་གསལ་བྱེད་པའོ། །བྱ་བྲལ་ཡུལ་ཀུན་རྣམ་པར་གནས། །ཐབས་ཀྱི་རྫས་ཀུན་སྣང་བའི་ཚོགས། །གང་དག་ཟིན་པས་དེ་ཡི་མཐའི། །མྱ་ངན་འདས་པའི་ལམ་ཀུན་སྤྱོད། །བདེ་བ་ཆེན་པོའི་འཇུག་པ་ནི། །འབྲས་བུ་འདོད་པ་མེད་པའི་དབྱིངས། །དེ་ཡི་མཐུ་རྒྱུན་ཡུལ་སྤྱོད་པས། །ཡང་དག་དཀྱིལ་འཁོར་གསལ་མི་འགྱུར། །ཕྱི་རོལ་ཡུལ་ཚོགས་འདུས་པའི་བདག །རྡུལ་ཕྲན་གང་བུའི་མཚན་ཉིད་ཅན། །མ་བྱས་མཚན་མ་མེད་ཆོས་རྟགས། །ནམ་མཁའི་དབྱིངས་བཞིན་ཕྱོགས་བཅུར་བརྡལ། །བཟའ་བའི་ཡུལ་མེད་བསམ་བྲལ་རྒྱུད། །རང་གི་ཡེ་ཤེས་གསལ་བའི་གནས། །ཐམས་ཅད་དངོས་ཀུན་སྤངས་པའི་བློས། །ཕྱག་རྒྱའི་དཀྱིལ་འཁོར་གསང་དང་བྲལ། །འབྱུང་འཇུག་རེས་ཀྱིས་འཁྱིལ་པ་ལས། །


DNG005_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཡུལ་བཅས་འབྱུང་བར་རྩོལ། །སྔོན་གྱི་དྲང་སྲོང་ཆེན་པོ་ཡིས། །དོན་འདི་རྩེ་གཅིག་སྒོམ་བྱེད་ཅིང་། །ནང་གི་ཆོས་ཀུན་འགགས་པའི་དོན། །དེ་ལས་དེ་བྱུང་མཐར་བྱེད་ཅིང་། །རྣམ་རྩོལ་ཞི་བས་ཕྱོགས་གཅིག་གནས། །རང་བཞིན་ཡེ་ཤེས་ཆེ་ལས་ཉམས། །བློ་རྒྱུད་རྣམ་པར་ཉམས་པས་འཁྲུལ། །ཕྱི་རོལ་ལས་ནང་ནང་ལས་ཕྱི། །ཐེག་པའི་མཆོག་གིས་གྲོལ་འདོད་པས། །དེས་ན་ཉེས་པས་ཀུན་ཏུ་འཆིང་། །འདི་དག་སྟོང་དང་མི་སྟོང་ཞེས། །རྟག་ཆད་བདེ་སྡུག་མཚན་མས་ཆགས། །མི་མཐུན་རྣམ་པར་རྟོག་པའི་ཡུལ། །ཇི་བཞིན་ཆོས་ཀུན་ངོ་བོར་འཛིན། །དེ་ལས་དེ་ཡི་ཡུལ་བཅས་རྟོག །ཐབས་རྣམས་འཁྲུལ་པའི་མཐར་འཛིན་པས། །ཡུལ་མེད་དངོས་ཀུན་སྣ་ཚོགས་འཇུག །བྱ་བ་དག་ལས་ཚུལ་འདི་སྐྱེ། །མཐོ་རིས་བྱམས་པའི་གནས་བགྲོད་ཅིང་། །དེ་རྒྱུ་ཐར་པའི་ཆོས་འཇུག་པས། །མ་རིག་གནས་སུ་འདི་རྒྱུད་ཆོས། །བདག་དང་བཅས་པའི་གནས་ཀུན་འཇིག །འཇིག་རྟེན་ལས་འདས་མི་མཐུན་སྟོབས། །འཁྲུལ་ཚོགས་སྡུག་བསྔལ་སྐྱེ་བའི་རྒྱུན། །རྒྱུ་འབྲས་གཉིས་ཚོགས་མཐར་འཛིན་དམིགས། །ལམ་མེད་ཕྱོགས་ཀྱི་གནས་བགྲོད་པས། །ལམ་པའི་ཉེས་ཚོགས་ནད་ཆེན་རྣམས། །དུས་གསུམ་སྒྲིབ་པའི་འཁྲུལ་རྟོག་རྐྱེན། །འཇིག་རྟེན་མཚན་ཉིད་ཤེས་དཀའ་བས། །དགོས་དོན་གསལ་བ་ཀུན་གྱི་ཡུལ། །རང་གི་མཐར་འཛིན་དམན་པའི་ཤུགས། །དམ་བཅས་འཇིག་རྟེན་སྒྲོལ་བ་སྟོབས། །དེ་མེད་དེ་ཡི་རྒྱུ་འབྲས་ཐོབ། །མཐའ་བཞིར་སྤྱོད་པའི་ཚུལ་འབྲས་ཤིང་། །མ་གོས་བྱུང་ཚོར་བསྟན་པའི་སྒོ། །མཐའ་དབུས་ཕྱོགས་སུ་ལྟོས་པའི་ཡུལ། །རབ་ཏུ་དགའ་བ་ལ་སོགས་འབྲས། །སྦྱིན་སོགས་སྟོབས་ཀྱིས་བགྲོད་པའི་མཐུས། །རང་གི་ཡེ་ཤེས་གནས་ཀུན་དག །ཕ་རོལ་ཕྱིན་སོགས་ས་བརྙེས་པའོ། །ཐབས་མཁས་ཤེས་རབ་རྣམ་པར་སྦྱངས། །རྒྱ་ཆེན་ཟབ་མོ་སྔགས་ཀྱི་ལམ། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཚོགས། །སངས་རྒྱས་འཁོར་བཅས་ཀུན་གྱི་མཛོད། །རྟོག་པའི་ཆོས་རྣམས་སྣང་བྱེད་པའོ། །མྱ་ངན་འདས་པར་ཀུན་རྫོགས་ཆོས། །ཐབས་འདིར་


DNG005_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་གནས་སྟོན་ཅིང་། །མི་ཤེས་ཐེ་ཚོམ་ཀུན་ཏུ་སྤྱོད། །བཤེས་གཉེན་ཆེན་པོའི་གདམས་ངག་ལས། །དོན་ཀུན་འབྲས་བུ་སྐྱེ་བར་འགྱུར། །གང་ལས་མ་བསྟན་ཆོས་རྣམས་འབྲས། །ཡེ་ཤེས་དབྱིངས་ཀྱི་སངས་རྒྱས་ཚོགས། །འདི་དག་ཡོན་ཏན་ཀུན་འབྱུང་གནས། །ཐམས་ཅད་གྲུབ་པའི་གསང་བ་ཉིད། །རྒྱུད་ཆེན་སྙིང་པོའི་དོན་གསལ་བྱེད། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །ཐམས་ཅད་ཡུལ་ཕྱིར་མ་འདྲེས་བསྟན། །གང་འདི་སངས་རྒྱས་གང་ལས་བྱུང་། །སྣང་བ་ཕྱོགས་ཀུན་གང་གི་དོན། །ཆ་མེད་ཡུལ་ཚོགས་ཆ་བྲལ་བས། །ཕྱི་ནང་དཀྱིལ་འཁོར་བཀོད་པ་བཞིན། །འདི་ལྟར་ཕུང་པོ་འབྱུང་བཅས་པ། །དེ་ལས་དེ་སྣང་རྒྱུན་འདྲེལ་བ། །ཐབས་ཀྱི་རྩེ་མོ་ཀུན་སྤངས་པས། །མཐའ་དག་ཟག་པ་མེད་པའི་ཡུལ། །འགྱུར་བ་མེད་པས་ཕྱོགས་ཆོས་ཀུན། །རང་སྣང་དཔེ་རྣམས་སྣ་ཚོགས་བྱོས། །ནང་གི་ཡུལ་ཅན་ཕྱི་རོལ་རྒྱུན། །དེ་མཐའ་གང་དུའང་མ་འགགས་པའོ། །ལེགས་པར་བསྟན་པའི་གནས་རྫོགས་བྱེད། །ཐེག་པ་ཐམས་ཅད་རྩོད་པའི་གཞི། །དོན་གསུམ་ཐེ་ཚོམ་ཀུན་བྲལ་བས། །གྲངས་ཅན་ཡུལ་ལས་གྲོལ་བར་འགྱུར། །དངོས་སུ་རྩོད་པའི་མཐའ་སྤངས་པས། །ཕྱག་རྒྱ་ཆེན་པོ་གཉིས་མེད་པའོ། །མི་རྟག་གང་དག་ཐ་སྙད་རྒྱུན། །དེ་ཡི་དཀྱིལ་འཁོར་ཇི་བཞིན་གསལ། །སྟོན་པ་འཇིག་རྟེན་སྒྲོན་མའི་གཙོ། །སངས་རྒྱས་ཐེག་པ་ཀུན་འདུས་པའི། །མྱ་ངན་འདས་ལམ་འཇིག་བྱེད་བདག །དེ་དག་ཕྱག་རྒྱའི་ཚོགས་ཀྱིས་འཇོམས། །གཟུང་འཛིན་རྟོག་པའི་ཡུལ་མེད་པར། །ས་བོན་ཀུན་འཇུག་ཆུ་བོའི་རྒྱུན། །མ་གཡོས་དངོས་ཀུན་མཐའ་འདས་པས། །ཕྱིན་ཅི་ལོག་རྣམས་ཀུན་ཏུ་སྣང་། །བདག་གཞན་རིས་སུ་མ་གྲུབ་ན། །དེ་དག་ཐ་སྙད་ག་ལ་འཛིན། །ཡང་དག་བྱང་ཆུབ་སེམས་ཀྱི་དངོས། །ཕྱོགས་བཅུ་དུས་རྣམས་རྫོགས་པ་ཉིད། །ཐམས་ཅད་གྲུབ་པའི་ཡུལ་དག་ནི། །དབེན་པའི་རྩལ་སེམས་རྫོགས་པ་ཉིད། །ཕྱེད་བཅས་ཕྱེད་ལ་རབ་ཏུ་སྒྲོལ། །དེ་ལས་ཉི་མའི་མདངས་རྫོགས་པའོ། །དམིགས་པ་མེད་པའི་ཐུགས་རྗེ་ཆེ། །ནམ་མཁའི་གཟའ་སྐར་སྣ་ཚོགས་པས། །ནང་ནས་མ་གཡོ་ནད་ཀུན་ཞི། །དེ་དག་གང་གི་རྫས་སུ་སྤྱོད། །དོན་འབྱུང་གསང་ཆེན་གསང་བའི་རྒྱུད། །


DNG005_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་གཉིས་མེད་སྦྱོར། །རྟག་ཏུ་ལྷ་ཡི་སྤྱན་ཚོགས་ཀྱིས། །ཆོས་ཀུན་ཡུལ་ཚོགས་གསལ་བར་གཟིགས། །སྟོང་པའི་ཆོས་ཉིད་གཉིས་མེད་པས། །ཆོས་རྣམས་སྣང་བའང་གཉིས་མེད་སྣང་། །དེ་ལྟར་སྣང་དང་སྟོང་པ་དག །དབྱེར་མེད་བཅོ་བརྒྱད་ལ་སོགས་པར། །ཐ་དད་མི་རྟོག་མ་སྤྲོས་པས། །རང་བཞིན་ཀུན་ཏུ་མ་ངེས་པའོ། །མཁས་རྣམས་རབ་ཏུ་ཞི་བ་ཡི། །རེག་པ་སྣ་ཚོགས་དབང་པོ་ཀུན། །མི་གཉིས་ཐ་དད་དཔེར་བཅས་པ། །རབ་ཏུ་རྟོགས་པའི་མཐར་ཕྱིན་པའོ། །མི་འགྱུར་མི་འཇུག་ས་ལེ་བ། །ཐམས་ཅད་སྐྱེས་པ་ཉིད་ནས་འགག །དེ་ལས་སྐྱེས་དང་འགག་པའི་རྒྱུན། །དོན་འདི་རབ་ཏུ་སྣང་བར་འགྱུར། །བདག་མེད་སྙིང་རྗེ་ཆེན་པོ་ཡིས། །ཕ་རོལ་ཕྱིན་རྣམས་རྫོགས་བྱས་ཏེ། །རང་བྱུང་ཟག་པ་མེད་པའི་ནོར། །འཕགས་པའི་རྫས་བདུན་ཀུན་སྤྱོད་པའོ། །དེར་འཇུག་དམིགས་པའི་ཏིང་ངེ་འཛིན། །དོན་ཀུན་ཕྱོགས་བཅུ་སྣ་ཚོགས་པ། །དེ་ཡི་ཆ་ཤས་དམིགས་དང་བྲལ། །དུས་གསུམ་མ་བྱུང་སྐྱེ་བ་མེད། །ཐམས་ཅད་མཁྱེན་པའི་དབང་དོན་ཤེས། །མི་གནས་གཉེན་པོས་བཅོས་སུ་མེད། །ལས་ཀུན་རྣམ་པར་འབྱེད་པའི་ཚོགས། །འཕགས་པའི་སེམས་ལས་བསྲུངས་པ་ཆེ། །ཡན་ལག་ཆོས་རྣམས་བྱང་ཆུབ་སེམས། །ཐ་སྙད་བརྡའ་ཡི་དབང་གིས་འཇུག །སྙིང་པོ་མ་གཡོས་རྟོགས་པའི་རྩལ། །དོན་རྫོགས་ཐེག་པ་ཆེན་པོའི་གནས། །དང་པོའི་རྩལ་ཤུགས་རིམ་གྱིས་ས། །ཐ་དད་མིན་ལ་དེར་གནས་སྣང་། །ཡུལ་ཀུན་ཚོལ་བྱེད་ཐ་དད་ཆོས། །དེར་མིན་སྣང་ཕྱིར་དེར་འཛིན་འཁྲུལ། །རྣམ་པ་ཀུན་ཏུ་གསལ་བའི་དོན། །ཅིར་ཡང་མི་རྟོག་ཐེག་པའི་གཞི། །ཐབས་དང་ཤེས་རབ་ཕྱག་རྒྱའི་ཚོགས། །ཀུན་ཏུ་བཟང་པོའི་རོལ་པའི་ཐབས། །མི་མཉམ་རྒྱ་མཚོའི་སྙིང་པོ་གཞི། །དོན་མཐུན་ཐེག་པའི་ཁྱད་པར་གྱིས། །ཆོས་ཀུན་མཉམ་པའི་དཀྱིལ་འཁོར་རྫོགས། །དེ་ལས་ཐམས་ཅད་རབ་ཏུ་སྤྲུལ། །རྡུལ་ཕྲན་ཁྱད་པར་ལས་གྲུབ་པས། །ས་རྣམས་མཉམ་པའི་གཞི་ཡངས་པར། །འབྱུང་ཚོགས་རོལ་བས་ལས་བྱེད་པ། །དེ་དག་ཆ་ཤས་རྫས་ལས་གྲུབ། །དུས་དང་ཕྱོགས་ཆའི་ཁྱད་པར་གྱིས། །ནང་དང་


DNG005_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཡི་རོལ་པར་སྣང་། །འདི་ལྟར་ཁ་དོག་ལ་སོགས་རྫས། །ནམ་མཁའི་རང་བཞིན་རྣམས་ཀྱིས་འདོད། །གང་བྱུང་རྫས་ཀྱི་ཁྱད་པར་གྱིས། །ཁམས་གསུམ་རབ་ཏུ་འཇིག་པར་འགྱུར། །དེ་ནས་གྲུབ་པའི་མཐའ་དཔྱོད་པས། །བློ་ཡི་ཆོས་རྣམས་འཇིག་པར་བྱེད། །མི་གནས་དོན་ཀུན་སྟོན་བྱེད་པས། །ཤེས་རབ་ཆེན་པོའི་ཡུལ་མཐར་ཕྱིན། །དཀའ་བའི་གནས་ཀུན་བདེ་རྫོགས་པའི། །དོན་ཀུན་ཕྱག་རྒྱ་ལེགས་པའི་གཞི། །ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་གྱི། །རང་བྱུང་ངོ་མཚར་རྣམ་སྤྱོད་པའོ། །དེ་དག་ཐབས་ཀྱི་བདག་ཉིད་ལས། །རྒྱ་མཚོའི་རླབས་བཞིན་ཀུན་ཏུ་གཡོ། །ཆོས་ཉིད་མངོན་རྟོགས་ལས་བྱུང་བའི། །སངས་རྒྱས་ཀུན་གྱི་ཡེ་ཤེས་མཆོག །མངོན་སུམ་ཚུལ་གྱི་མངོན་སུམ་མཆོག །ཐེག་པའི་འབྲས་བུ་ཆེ་བ་ཉིད། །མི་རྟོག་དེ་བཞིན་ཉིད་ཀྱི་བདག །ནམ་མཁའི་མཐའ་བཞིན་ཟབ་མོའི་དབྱིངས། །ཡངས་པར་སྦྱོང་བས་ཆེ་བའི་མཆོག །རྟོགས་པའི་ཏིང་འཛིན་མཉམ་དང་བྲལ། །ཡངས་པའི་སྙིང་པོ་ཀུན་གྱི་གཞི། །སྙིང་པོ་ཉིད་ལས་སྙིང་པོའི་ཚོགས། །རྣམ་དག་ཐམས་ཅད་ཀུན་ཏུ་དག །མ་དག་ལུས་ཚོགས་མཚོན་པའི་ཚིག །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་དངོས། །རང་གི་ཆོས་ཀུན་ངེས་པར་སྦྱོར། །མཉམ་པའི་ལམ་འདི་མཐར་ཕྱིན་པས། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་རྫོགས། །བདག་ལས་གཞན་ལས་གཉིས་ཀ་ལས། །བདེ་བའི་ཡེ་ཤེས་སྐྱེ་བར་འགྱུར། །གདོད་ནས་རབ་ཏུ་རྫོགས་པའི་ཆོས། །རྒྱུ་རྐྱེན་འབྲས་བུའི་རྒྱུ་སྨིན་པའི། །ཐམས་ཅད་ཡེ་ཤེས་རྣམ་སྤྱོད་པས། །མཐའ་རྣམས་ཕྱོགས་ཀྱི་གཟུང་བྲལ་ཞིང་། །ཕྱི་ནང་དབྱེ་བས་ཀུན་སྤྱོད་དག །མི་འགྱུར་འགྱུར་བ་མེད་པའི་ཁམས། །དེ་དག་རང་གི་ལས་ཀྱིས་འཇུག །དག་པའི་རྫས་ཚོགས་ཉི་ཤུའི་གྲངས། །ཕྱོགས་མཐུན་གཅིག་པས་ཀུན་ཏུ་བསྐྱེད། །ཆགས་པའི་ཚུལ་གྱིས་ཆགས་བྲལ་སྤྱོད། །མ་ཆགས་དངོས་ཀུན་འཇུག་པའི་རྒྱུན། །བསམ་གཏན་ཆེན་པོ་འདི་འཛིན་པའི། །སྐྱེས་བུ་རྟོག་


DNG005_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲ་བས་བསྒྲིབས། །མི་འགྱུར་ཆགས་པའི་གནས་མེད་པར། །སུ་དག་གང་གིས་ཆོས་དོན་གཉེར། །ཐམས་ཅད་བྱང་ཆུབ་སེམས་ལས་སྐྱེས། །གཟུང་དང་འཛིན་པ་ཀུན་སྤངས་པའོ། །རང་བཞིན་བདེ་བས་ཀུན་བསྐྱོད་དེ། །དམིགས་པའི་ཏིང་འཛིན་སྒོ་རྣལ་འབྱོར། །ཚེ་འདིར་མངོན་དུ་སྦྱོར་འདོད་པས། །འབྲས་བུ་མི་མཐུན་ལ་སྤྱོད་བྱེད། །རྒྱུ་ལ་འཇུག་པ་འདི་དག་གང་། །སེམས་ཀྱི་གནས་ལ་སྒྲིབ་པའོ། །མངོན་སུམ་ཐོབ་པར་འདོད་པ་རྣམས། །དེ་རྒྱུ་སྔོན་དུ་གཉེར་བར་བྱེད། །བསྒོམ་ཆགས་རང་གི་ཡུལ་ཞེན་པས། །ཐབས་བཅས་རྩོལ་བའི་རྩོལ་བས་འཇུག །བདེ་བས་ཉམས་པའི་ཆོས་བསྒྲུབས་ཀྱང་། །བདེ་བ་ཆེ་ལས་རྣམ་པར་ཉམས། །བདེ་བ་ཀུན་གྱི་གཉེར་གནས་པའི། །ཨཱ་ལི་ཀཱ་ལི་འདྲེལ་པའི་གཟུངས། །གཉིས་མེད་ཡེ་ཤེས་ཐུགས་གསང་བ། །མ་གོས་སྤྱོད་པའི་ཡུལ་གྱིས་མིན། །རྫོགས་པའི་ཆོས་ཉིད་གཤེགས་པའི་ཆོས། །སྣ་ཚོགས་ངོ་བོ་མཐར་ཕྱིན་པས། །བྱ་བཙལ་བསྔོ་བའི་རྒྱུ་རྣམས་ཀྱང་། །ཀུན་ཏུ་ཁྱབ་པའི་ཆོས་སྐུ་ཉིད། །དེ་ཡི་མཛད་ཚོགས་སྐུ་རྣམས་ལས། །སོ་སོའི་རྣམ་བཅས་ཐ་དད་པས། །བྱ་བ་ཐམས་ཅད་རབ་ཏུ་རྫོགས། །འདི་ལ་བསྣན་པར་བྱ་བ་དང་། །གཞག་ཅིང་དབྲི་བའི་ཆོས་མེད་དེ། །ཕྱི་ནང་ཡུལ་ལ་བལྟས་བྱས་ན། །སེམས་ཉིད་ཟག་མེད་ཡེ་ཤེས་ཆེ། །དེ་བཞིན་མཐའ་ལས་དེ་དག་འཇུག །སེམས་དཔའ་ཆེན་པོའི་འབྲས་བུའི་གཞི། །ཐབས་ཀྱིས་ཉམས་སུ་མྱོང་བའི་དུས། །ནང་གི་བདེ་བ་ཕྱི་ཡི་ཆོས། །དེ་བཞིན་དེ་ཡི་གནས་སུ་གཞི། །དེ་ལས་ཕྱག་རྒྱའི་བདེ་བ་འབྱུང་། །ཆོས་ཀྱི་རོལ་པའི་ཡུལ་ཚོགས་ཀུན། །ཉམས་ཀྱིས་དེ་ཡི་སྟོབས་མཚུངས་ཏེ། །ནོར་བས་འཁྲུལ་པའི་བློ་བསྐྱེད་ཀྱང་། །རང་བཞིན་ཡེ་ཤེས་ཉམས་པ་མེད། །དངོས་འདི་བྱང་ཆུབ་སེམས་རྒྱ་ཆེན། །རང་བྱུང་ཆེ་བའི་སྙིང་པོ་ལས། །དུས་གསུམ་ཀུན་ཏུ་ཇི་བཞིན་གནས། །རབ་ཏུ་རྟོགས་པའི་དཀྱིལ་འཁོར་རྒྱས། །རྣལ་འབྱོར་དེ་ཡི་ཆོས་འདོད་པས། །དེ་བཅས་ཚུལ་ནི་ཉམས་པར་བྱེད། །དགའ་བའི་རྣམ་གྲངས་སོ་སོའི་


DNG005_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ། །དགོངས་པར་བཅས་པ་གཏན་ལ་འབེབས། །འདི་ཉིད་ཐེག་མཆོག་གསང་བའི་རྒྱུད། །དུས་གསུམ་སངས་རྒྱས་ཀུན་གྱི་བཀའ། །ངོ་མཚར་ཕྱག་རྒྱ་འདའ་དཀའ་བས། །ངེས་དོན་གསང་མཆོག་གཟུང་བར་གྱིས། །ཞེས་རྒྱ་ཆེར་བསྟན་ཏོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལས། སངས་རྒྱས་ཀུན་གྱི་སྙིང་པོ་ཕྱག་རྒྱའི་ལེའུ་སྟེ་བཞི་པའོ།། །དེ་ནས་ཐམས་ཅད་འདུས་པའི་ཚོགས། །སངས་རྒྱས་ཀུན་གྱིས་དབང་བསྐུར་བས། །ཕྱོགས་འདུད་པ་ཡི་དགའ་བདེ་ཡིས། །རང་གི་སྟོན་པ་མཉེས་པར་མཛད། །ཨེ་མ་བདེ་གཤེགས་སངས་རྒྱས་ཀུན། །རང་བཞིན་དངོས་རྣམས་མ་གྲུབ་པས། །སངས་རྒྱས་དཀྱིལ་འཁོར་རྣམ་པར་འཕྲུལ། །དེ་ཡི་མཚན་མ་ཡ་མཚན་ཆེ། །དོན་ཀུན་རབ་ཏུ་སྒྲུབ་པ་ཡི། །གསང་བའི་སྤྱོད་པ་ཇི་ལྟར་སྤྱད། །དེ་བཞིན་གཤེགས་པ་དགྱེས་ཆེན་པོ། །ཀུན་ཏུ་སྤྱན་རས་དབང་ཕྱུག་གིས། །ཀུན་བཟང་ཡུམ་དང་འཁྲིལ་སྦྱོར་ཞིང་། །བྱང་ཆུབ་སེམས་ཀྱི་སྤྱོད་པས་རོལ། །ཐབས་དང་ཤེས་རབ་ཁྱད་པར་གསང་བའི་མཆོག །རང་གི་ཡུམ་མཆོག་འཁྲིལ་བས་སྦྱོར་བྱས་ཏེ། །དོན་ཀུན་གསང་བའི་མཆོག་ཏུ་དགོངས་སྤྱོད་པས། །ཉེ་བར་བསྟན་པའི་ཆ་ཤས་ཡོངས་སུ་རྫོགས། །བདེ་བ་འདོད་པས་བདེ་བ་རྒྱབ་ཀྱིས་ཕྱོགས། །བདེ་བ་ཟིན་ཏེ་བདེ་བས་བདེ་བ་འཚོལ། །བྱང་ཆུབ་འཁྲུལ་པས་ཡེ་རྔམ་ཆོས་ལ་གཟའ། །དེ་ལྟ་བུ་ཡི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སངས་རྒྱས་སྟོན་པ་མིང་དུ་བཏགས་པས་ནོར། །སངས་རྒྱས་གཞན་ནས་ཐོབ་བྱེད་ནོར་བའི་ལམ། །གཟུགས་མེད་ཆོས་ཀུན་བཤད་པ་རྡུལ་ཆ་མེད། །ཁམས་གསུམ་ཡེ་ཤེས་ཆ་ལུགས་རྣམ་བཀོད་པས། །གནས་གསུམ་མི་གཉིས་ཐམས་ཅད་བརྩོན་པར་བྱེད། །རབ་ཏུ་དཀའ་བའི་ཐབས་ཀྱིས་སྟོབས་རྫོགས་ན། །མི་བཙལ་བདེ་བའི་ཆོས་རྣམས་སེམས་ལས་བྱུང་། །གཉིས་སུ་མེད་པ་ལྟ་སྤྱོད་གསགས་པའི་གཞི། །བསྒྲུབ་པའི་དངོས་གཞི་དོན་ཀུན་རྣམ་པར་འཇུག །རྣལ་འབྱོར་འདི་དག་ཐེག་པར་རབ་བརྩོན་བྱེད། །


DNG005_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཅུ་མཚན་མའི་གནས་ཀུན་སྒྲིབ་པ་མེད། །སངས་རྒྱས་རྣམ་གྲོལ་སེམས་དཔའི་ཡུལ་ཀུན་འཇུག །མི་རྟག་སྡུག་བསྔལ་སྟོང་ཞིང་བདག་མེད་པས། །དེས་བྱས་བྱེད་པོ་རིས་ཚོགས་མ་འདྲེས་པས། །དོན་འདི་གཏན་ཚིགས་ཀུན་གྱིས་གཞག་པར་དཀའ། །ཟིན་དང་ཆགས་དང་བྲལ་དང་ཞི། །དངོས་པོ་མེད་དང་རྣམ་པར་ཡངས། །བདུད་རྩི་ཆེན་པོའི་རང་བཞིན་ལ། །བཟའ་བའི་ཐབས་ལ་རག་པ་མེད། །ཡངས་སོ་ཆེའོ་ཆོས་ཆེན་པོ། །ཆུང་ངུ་རྣམས་ཀྱི་གཉེན་པོ་ཡིན། །ཆེ་ལ་དམིགས་པའི་ཆེ་སྙམ་ན། །ཆུང་ཆེ་དེ་རྣམས་དམིགས་དང་བྲལ། །གསུངས་དང་རྒྱས་དང་དམིགས་དང་སྣང་། །སྒྱུ་མཁན་རི་མོའི་རྣམ་པ་བཞིན། །འབྱུང་འཇུག་ཡེ་ཤེས་བྱིང་རྨུགས་ཀྱིས། །དེ་ཡི་དབང་ལས་སྐྱེ་བར་འགྱུར། །འདི་ནི་ཐེག་པ་ཀུན་གྱི་རྒྱལ། །བཏང་ངོ་བཞག་གོ་རང་བཞིན་གྱི། །འདོད་པ་མེད་ཅིང་ལེན་པ་མེད། །བྲོད་པ་རྡུལ་ཙམ་མི་སྐྱེ་ཞིང་། །ཁྱུང་ཆེན་ནམ་མཁར་ལྡིང་བ་ལྟར། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །ཐམས་ཅད་ཡུལ་ཀུན་འཇུག་པས་ན། །གཏོར་བ་མི་དགོས་བཟའ་བ་མེད། །རྒྱ་མཚོ་བཞིན་དུ་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བསྡུ་བའི་གནས་སུ་ངེས་པ་མེད། །བྱང་ཆུབ་སྙིང་པོར་དེ་མ་ཐག །ཏིང་འཛིན་རྒྱལ་པོ་ཆེན་པོ་འབྱུང་། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ། །སྐྱེ་ཞིང་འཕོ་བའི་ཆོས་མེད་དེ། །རྒྱུ་རྐྱེན་ཡན་ལག་བཅུ་གཉིས་སོ། །སྐུར་པ་བཏབ་ནས་བཤད་པ་ཡིན། །འཁྲུལ་པ་རྣམས་ཀྱི་སྒོ་ཙམ་དུ། །མཁས་པས་དེ་བཞིན་ཤེས་པར་གྱིས། །འགྲོ་བ་རྒྱུད་དྲུག་སྣང་བ་ཡང་། །དང་པོའི་ལམ་དུ་ཤེས་པར་བྱ། །འདོད་སྤྱོད་སྙིང་རྗེས་བརླན་པས་ན། །གང་དུ་དགའ་བར་བྱང་ཆུབ་སྤྱོད། །བཤན་པ་སྨད་འཚོང་མཚམས་མེད་ལྔ། །ཁ་ན་མ་ཐོ་འཇིག་རྟེན་སྤོང་། །ཡོངས་སུ་རྫོགས་པ་ཆོས་ཀྱི་རྩི། །བདེ་བ་ཆེ་ལས་གཞན་མེད་དོ། །རྣམ་པར་མི་རྟོག་སྙིང་པོའི་མཆོག །ཡོངས་ཀྱི་རྒྱུད་གསལ་སྦས་པ་མེད། །མི་ལེན་བྱང་ཆུབ་སྤྱོད་རྣམས་ལ། །


DNG005_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཀུན་ཏུ་རང་བཞིན་གནས། །སུ་ཞིག་རབ་ཏུ་ཞི་བ་རྙེད། །དེ་དག་རྣམ་པར་སྤྱོད་པའི་ཡུལ། །སངས་རྒྱས་ཐེག་པ་བླ་ན་མེད། །དོན་ཀུན་བཟུང་བའི་རྣམ་གྲངས་ཡིན། །མྱ་ངན་འདས་ལམ་མངོན་སུམ་སྟོན། །རབ་ཏུ་སྤྱོད་པའི་ཏིང་འཛིན་གྱིས། །སེང་གེ་རྣམ་པར་གྲོལ་སོགས་ཀུན། །རྩེ་གཅིག་ཐེ་ཚོམ་ཡུལ་ཀུན་རྟོགས། །རབ་ཏུ་མི་གནས་འདི་ཡི་མཐུས། །རྒྱུ་འབྲས་བྱེ་བྲག་སྣ་ཚོགས་པས། །དོན་མཆོག་དངོས་ཀུན་བཞག་པའི་རྫས། །འདི་ལྟར་ཁམས་གསུམ་རྣམ་པར་འཁྲུལ། །མི་གཡོ་རབ་ཏུ་གསང་བ་རྣམས། །ཐམས་ཅད་ཀུན་ཏུ་སྤྱོད་ལས་འདས། །ཆོས་ཉིད་སྙིང་པོ་རྗེས་འཇུག་དག །ཉིད་ཀྱི་སྣང་བ་མྱ་ངན་འདས། །འདི་ལ་རྒྱུ་མེད་རྐྱེན་ཚོགས་མ་སྐྱེས་པས། །སྒྲོ་སྐུར་མཚན་མའི་མཐའ་བྲལ་རྣམ་དག་དབྱིངས། །དུས་གསུམ་སྟོན་པའི་བདེན་པས་མཐའ་རྣམས་སེལ། །ཕན་གནོད་བདག་ཅག་མི་མཐུན་གནས་གཟུགས་པས། །རྒྱུད་ཆེན་གསང་བ་རང་བཞིན་དོན་གྱིས་འབྱུང་། །ངོ་བོས་མི་ཀུན་རབ་རྟོགས་སྤྲུལ་པའི་ཡུལ། །སྐུ་མཆོག་ཐམས་ཅད་མཁྱེན་པའི་གཞི། །རྣམ་གྲངས་ཡོན་ཏན་ཚོགས་ཀྱི་བདག་ཉིད་ནི། །དུས་ཀུན་མི་གཉིས་ཕ་རོལ་ཕྱིན་པའི་མཆོག །རྣལ་འབྱོར་ཐེག་མཆོག་རྣམས་ཀྱིས་གཟུང་བར་གྱིས། །དོན་བཞིན་སྟོན་པའི་སྣང་བ་བྱིན་རླབས་ཤུགས། །མཆོག་གི་བློ་གྲོས་ཀུན་གྱིས་བསྟོད་པའི་གནས། །འདི་ལྟར་རྒྱ་ཆེན་འདུས་པའི་ཚོགས་རྣམས་ཀྱིས། །རབ་བཙལ་བྱང་ཆུབ་སེམས་འདི་གཟུང་བར་བྱོས། །མཐར་ཕྱིན་བསྟན་པའི་གནས་འདི་དུས་ཀུན་དུ། །རབ་ཏུ་བསྔགས་པས་སངས་རྒྱས་དམ་པའི་གཞུང་། །ཞེས་སོགས་རྒྱ་ཆེར་སྟོན་ཏོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་དོན་གྱི་རྒྱུད་ཅེས་རྗེས་སུ་མཐུན་པ་སྤྱོད་པ་སྤྱད་པའི་ལེའུ་སྟེ་ལྔ་པའོ།། །། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་སྒྲ་བསྒྱུར་གྱི་ལོཙྪ་བ་གཡུ་སྒྲ་སྙིང་པོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།

བྱང་ཆུབ་ཀྱི་སེམས་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ཀྱི་རིམ་པ་ཞེས་བྱ་བ།


DNG005_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོདྷི་ཙིཏྟ་བཛྲ་པྲ་བྷཱ་སྥ་ར་ཎ་ཏནྟྲ་པ་ཊ་ལ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ཀྱི་རིམ་པ་ཞེས་བྱ་བ།བཅོམ་ལྡན་འདས་དཔལ་གྱི་དཔལ་སྨྲ་བསམ་བརྗོད་པ་ལས་འདས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཀྱི་ཚེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀུན་ཏུ་བཟང་པོ་འོག་མིན་གྱི་གནས་རིག་པའི་ཕོ་བྲང་བསམ་གྱིས་མི་ཁྱབ་པའི་དབྱིངས། བྱིན་རླབས་ཆོ་འཕྲུལ་རྣམ་པར་འཕྲོ་བ་ཞེས་བྱ་བ་ན་བྱང་ཆུབ་སེམས་དཔའ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིལ་དང་ཐབས་ཅིག་གོ། །དེའི་ཚེ་རྡོ་རྗེ་སེམས་དཔས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །དམ་ཚིག་ཉམས་པར་གྱུར་པ་ལ། །གསོ་བའི་ཐབས་ཤིག་སྩལ་དུ་གསོལ། །ཞེས་ཞུས་པས། བཅོམ་ལྡན་འདས་ཆོས་ཀྱི་རྗེས་བཀའ་སྩལ་པ།སེམས་དཔའ་ཆེན་པོ་དེ་ཉོན་ཅིག །ཤིན་ཏུ་རྣལ་འབྱོར་ལྷ་ཡི་ལྷ། །རྣལ་འབྱོར་ལས་ཀྱང་རྣལ་འབྱོར་མཆོག །འཕགས་པ་ལས་ཀྱང་འཕགས་པས་ན། །རྡོ་རྗེ་རྒྱལ་བ་ཀུན་གྱི་མེས། །རྗེ་བཙན་དམ་པ་ཀུན་ཏུ་བཟང་། །རྡོ་རྗེ་འཆང་རྒྱལ་འཇིགས་པའི་སྐྱབས། །ཉམས་པའི་ཆད་པ་བྱུང་བ་ལ། །མགོན་བཙུན་དེ་ལས་གཞན་མེད་དོ། །དམ་ཚིག་སེམས་ཉིད་ཡིན་པ་རུ། །འགྲོ་བའི་མགོན་པོས་ཡང་དག་གསུངས། །སེམས་ཉིད་དངོས་པོ་མེད་པ་ལ། །ཉམས་པའི་ཆད་པས་ཅི་ཞིག་གཅད། །གང་ལས་ཉམས་ཏེ་ཅི་ཞིག་ཉམས། །གང་དུ་ཉམས་ཏེ་ཇི་ལྟར་ཉམས། །ཉམས་པར་སེམས་པ་དེ་ཉིད་ཡིན། །ལྟུང་བར་འཛིན་པ་དེ་ཉིད་ཡིན། །སེམས་ཉིད་དག་པའི་ཆུས་བཀྲུས་ན། །དག་པར་མ་གྱུར་གང་ཡང་མེད། །སྟོང་ཉིད་དབེན་པའི་དོན་རྟོགས་ན། །བདེ་དང་སྡུག་བསྔལ་མིང་ཡང་མེད། །བདེ་དང་སྡུག་བསྔལ་སྡུག་མི་སྡུག །བདག་དང་བདག་མེད་སྟོང་མི་སྟོང་། །དེ་བཞིན་ཉིད་དུ་འཛིན་པ་ཡང་། །དེ་ཉིད་ཡིན་པས་དངོས་པོ་མེད། །དེ་ལ་ཐ་སྙད་ཅི་བཏགས་ཀྱང་། །ཐོག་ཏུ་ཕེབས་པར་ག་ལ་


DNG005_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །མ་བཅོས་རང་བཞག་རིག་པས་མཚོན། །ཇི་ལྟར་ནམ་མཁའ་ཞིག་གྱུར་ན། །དེ་ཚེ་ཆད་པ་འབྱུང་བར་འགྱུར། །ཆོས་ཉིད་མཐོང་བར་གྱུར་པ་ཡང་། །ཇི་ལྟར་རང་གི་མཛུབ་རྩེ་ལ། །རང་གིས་རིག་པའི་དུས་བྱུང་ན། །དེ་ཚེ་ཆོས་ཉིད་མཐོང་བར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། ཉམས་པ་ཆད་པ་མི་འབྱུང་བའི་ལེའུ་སྟེ་དང་པོའོ།། །ཀྱེ་སེམས་དཔའ་ཆེན་པོ། ཉམས་པ་ཞེས་ནི་གང་ལ་བྱ། །ཆད་པ་ཞེས་ནི་ཅི་ལ་བྱ། །ཉམས་དང་ཆད་པར་འཛིན་པ་ཡང་། །དེ་ཉིད་ཡིན་ཏེ་དེ་མི་འབྱུང་། །འབྲས་བུ་བསྒྲུབ་དང་གྲུབ་པ་རུ། །འདོད་པ་དེས་ཀྱང་མི་རྙེད་དེ། །མདོངས་པས་ནམ་མཁར་བསྙེག་པ་བཞིན། །བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །བརྟག་དཀའ་བརྗོད་དུ་རྡུལ་ཙམ་མེད། །དྲུག་གི་ཡུལ་བཞིན་མེད་པས་ན། །སོ་སོ་སྐྱེ་བོའི་བློས་མ་རེག །བྱང་ཆུབ་གང་ཡིན་སེམས་ནི་གང་། །ཀུན་གཞི་རང་བྱུང་ཡེ་ཤེས་ལ། །རང་གིས་སྤྲོས་མེད་ཆེན་པོ་ལ། །ཆེ་བའི་ཡོན་ཏན་བཙལ་དུ་མེད། །དེ་ཉིད་སེམས་ཡིན་བྱང་ཆུབ་སེམས། །ཇི་ལྟར་མེ་ཡི་རྩེ་མོ་ཡིས། །རྫས་ཀྱི་དངོས་པོ་ཀུན་བསྲེགས་ཀྱང་། །རང་གི་དངོས་པོ་བསྲེག་མི་ནུས། །དེ་བཞིན་བྱང་ཆུབ་སེམས་ཀྱིས་ཀྱང་། །ཀུན་ཤེས་རང་རིག་མ་ཤེས་ཏེ། །གལ་ཏེ་ཤེས་ན་ཤེས་པའོ། །འདི་ལ་རྩོལ་བསྒྲུབ་བྱར་ཡང་མེད། །དག་དང་མ་དག་གཉིས་མེད་དེ། །རང་བྱུང་དག་པ་ཆེན་པོ་ལ། །མེད་ཅེས་བྱ་བ་བཏགས་པ་ཉིད། །བཏགས་པ་ཉིད་ལ་མི་གནས་ན། །བྱང་ཆུབ་སེམས་ལ་གནས་པ་ཡིན། །)གནས་པ་ཉིད་ན་གནས་མེད་པས། །གནས་ཞེས་ཐ་སྙད་མི་གདགས་སོ། །དུས་གསུམ་སངས་རྒྱས་སེམས་ལས་བྱུང་། །སེམས་ལ་ཐ་སྙད་ཡོད་ཅེའམ། །སེམས་ལས་ཀུན་འབྱུང་ཐམས་ཅད་སེམས། །སེམས་ནི་སྐྱེ་མེད་དེ་བཞིན་ཉིད། །རང་གསལ་ཐམས་ཅད་ས་ལེ་མཁྱེན། །མཁྱེན་པ་ཉིད་ཀྱང་སེམས་ཡིན་པར། །སེམས་དཔའ་ཆེན་པོ་


DNG005_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་གྱིས། །བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། ཐམས་ཅད་སེམས་སུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །ཀྱེ་སེམས་དཔའ་ཆེན་པོ། སེམས་ལས་འཁོར་བ་ཐམས་ཅད་བྱུང་། །མྱ་ངན་འདས་བ་དེ་བཞིན་ཏེ། །བྱུང་བ་ཡིན་ཏེ་དེ་ཉིད་ཡིན། །ཡིན་ཞེས་བྱ་བ་མཚོན་པ་ཙམ། །ཡང་དག་ཉིད་ལ་ཡིན་པ་མེད། །ཀུན་ཡིན་གང་ཡང་མིན་པའི་ཕྱིར། །ངས་ཀྱང་ཡང་དག་རིག་པ་བཞིན། །སྐལ་ལྡན་རྣམས་ཀྱིས་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་གཞན་ཡང་ནི། །ཉོན་མོངས་པ་ཉིད་བྱང་ཆུབ་ལམ། །ཕྱིན་ཅི་ལོག་ཉིད་བྱང་ཆུབ་སྟེ། །ཡང་དག་པ་ཉིད་ཕྱིན་ཅི་ལོག །ཐམས་ཅད་སེམས་ཀྱིས་བྱས་པ་ཡིན། །སེམས་ཉིད་རང་ལ་ཡོད་པས་ན། །རང་བྱུང་ཡེ་ཤེས་རང་ལ་ཡོད། །གལ་ཏེ་རང་ལ་མེད་ན་ནི། །དེ་ནི་རང་བྱུང་ཡེ་ཤེས་མིན། །གཞན་ལ་བཙལ་ཞིང་བསྒྲུབ་དགོས་པས། །རྒྱུ་རྐྱེན་གཉིས་ལ་རག་ལུས་པས། །དེ་ལ་རང་བྱུང་ཡེ་ཤེས་མེད། །རྒྱུ་དང་རྐྱེན་ལ་རག་མ་ལུས། །རང་གསལ་ཉག་གཅིག་དྲི་མ་མེད། །རྒྱུ་རྐྱེན་མ་བསྐྱེད་རང་བྱུང་སྟེ། །མ་བསྒྲིབས་གསལ་བས་ཡེ་ཤེས་སོ། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །འདིར་བསྟན་དེ་ལ་བརྟེན་ནས་ནི། །སྣུམ་པའི་ཐབས་ཀྱིས་བརྐྱང་བའི་ཕྱིར། །འཚམས་པར་མཛད་པའི་སྐྱེས་བུ་ལ། །རིག་པའི་དོན་འདི་བསྟན་པར་བྱ། །གལ་ཏེ་དོན་འདི་མ་ཤེས་ཤིང་། །བྱང་ཆུབ་སེམས་ཀྱི་ཆུ་མེད་ན། །རྒྱལ་བ་རྣམས་ཀྱང་སྐྱེས་པར་འགྱུར། །གལ་ཏེ་གཞན་ལ་རྩོལ་བ་ནི། །འོ་མ་འདོད་པའི་བཙུན་མོ་ཞིག །རྭ་ལ་འཇོ་བའི་བཙུན་མོ་དེས། །རྭ་ལས་འོ་མ་རྙེད་མི་འགྱུར། །འདི་ལས་ཀུན་བྱུང་འདི་ལ་སོན། །འདི་ལས་མ་བྱུང་གཅིག་ཀྱང་མེད། །བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས།) ཐམས་ཅད་སེམས་ལས་བྱུང་བར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །དེ་ནས་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་བཅོམ་ལྡན་འདས་སེམས་ཀྱི་ངོ་བོ་གང་ལགས། བཅོམ་


DNG005_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་དཔའ་ཆེན་པོ་སེམས་ཀྱི་རང་གི་ངོ་བོ་ནི། །ཅི་ཡང་མིན་ལས་ཅིར་ཡང་སྣང་། །དཔག་མེད་བརྗོད་བྲལ་བསམ་མི་ཁྱབ། །འདི་ཞེས་མཚོན་དུ་མེད་པ་ནི། །སེམས་ཀྱི་ངོ་བོར་དེ་གསུངས་སོ། །འགྲོ་བའི་སྡུག་བསྔལ་སྣང་བ་ཡང་། །རང་ཡིན་གཞན་ལས་དེ་མི་འབྱུང་། །བདེ་དང་ཐར་དང་ལོངས་སྤྱོད་ཀྱང་། །ཆོས་ཉིད་དབྱིངས་ལས་མ་གཏོགས་པ། །རྡུལ་ཆ་ཙམ་ཡང་མེད་པར་གསུངས། །སྐུ་དང་རྒྱན་གྱི་འཁོར་ལོ་ཡང་། །རང་གི་སེམས་ཡིན་གཞན་ན་མེད། །སངས་རྒྱས་ཆོས་དང་དགེ་འདུན་ཡང་། །རང་ཡིན་དེ་ལས་གཞན་ན་མེད། །དེ་ཕྱིར་བཀུར་བའི་ཡུལ་ཡང་མེད། །བསྲུང་མེད་བསྒྲུབ་མེད་རྩོལ་བ་མེད། །ཁ་དོག་དབྱིབས་དང་གནས་རིས་མེད། །བདེ་དང་སྡུག་བསྔལ་རྒྱུ་འབྲས་མེད། །མེད་པ་མ་ཡིན་ཀུན་བདག་ཉིད། །ཡོད་པ་མ་ཡིན་བརྗོད་དུ་མེད། །བདག་མེད་གཞན་མེད་འཆི་འཕོ་མེད། །མེད་པ་མ་ཡིན་ཐམས་ཅད་འབྱུང་། །འབྱུང་བ་མ་ཡིན་དེ་ཉིད་ཡིན། །ཀུན་གཅིག་ཡེ་ཤེས་ཁྱབ་པའི་ངང་། །ནམ་མཁའི་ཆུ་ཡི་རོ་མཐུན་བཞིན། །དབྱེ་བསལ་མེད་པའི་དོན་དུ་གཅིག །འདི་ནི་རང་རིག་བྱང་ཆུབ་སེམས། །འདི་ཞེས་བསྟན་དུ་མེད་པའོ། །ཅི་ཡང་མེད་ལས་ཅིར་ཡང་སྣང་། །རང་བྱུང་སྙིང་པོ་མཆོག་གི་དོན། །སྣང་བ་ཉིད་ན་སྣང་མེད་པས། །སྣང་བ་མེད་པའི་ཚུལ་གྱིས་སྣང་། །མེད་ཅེས་བྱ་བ་འཛིན་པ་ཙམ། །དེ་ཉིད་ལ་ཡང་གནས་མི་བྱ། །གལ་ཏེ་གནས་ན་གོལ་ས་ཡིན། །གང་ཞིག་གོལ་ཏེ་ཅི་ཞིག་གོལ། །གང་དུ་གོལ་ཏེ་ཇི་ལྟར་གོལ། །གོལ་བར་སྣང་བ་དེ་ཉིད་ཡིན། །དེ་ཉིད་དངོས་པོ་མེད་པས་ན། །དེ་ཕྱིར་དེ་ལ་གནས་མི་བྱ། །གལ་ཏེ་གནས་ན་འཛིན་པ་ཡིན། །ཞེས་གསུངས་པས་རྡོ་རྗེ་སེམས་དཔའ་དེ་ཉིད་ལ་གནས་པར་གྱུར་ཏོ། །བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། སེམས་ཀྱི་ངོ་བོ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ཀྱེ་སེམས་དཔའ་ཆེན་པོ་སེམས་ཀྱི་ཡོན་ཏན་


DNG005_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ངས་བཤད་ཀྱིས། སེམས་དཔའ་ཁྱོད་ཀྱིས་མཉན་པར་བྱོས། །སེམས་ཀྱི་ཡོན་ཏན་ཆེན་པོ་ནི། །སྟོང་གསུམ་རྡུལ་སྙེད་སངས་རྒྱས་ཀྱིས། །བསྐལ་པ་བྱེ་བར་བརྗོད་བྱས་ཀྱང་། །དེ་ལ་བརྗོད་པར་མི་ནུས་ཏེ། །དེ་ནི་མ་བསྒྲིབས་ཀུན་ཏུ་གསལ། །དེ་ནི་ཀུན་གྱི་སྙིང་པོ་ཉིད། །སྡུག་བསྔལ་བྱེ་བས་གདུངས་པས་ཀྱང་། །དེ་ལ་གཡོས་པ་རྡུལ་ཙམ་མེད། །བདེ་དང་སྡུག་བསྔལ་ཐམས་ཅད་ཀུན། །དེ་ཡི་ལོངས་སྤྱོད་ཆེན་པོ་སྟེ། །དེ་ཡི་དུས་ན་དེར་མི་འཛིན། །ཅི་ཡང་མི་དམིགས་ཆོས་ཀྱི་སྐུ། །ཆོ་འཕྲུལ་རང་བཞིན་དེ་ལ་འགྱེད། །འགྱེད་པ་མ་ཡིན་དེ་ཉིད་ཡིན། །སྤྲོས་མེད་བསྡུ་མེད་ཡི་གེ་མེད། །རྩིས་ལས་འདས་པས་ལྷུན་གྲུབ་སྐུ། །དེར་གཞོལ་དེར་ནི་མཆོད་པའི་སྤྲིན། །ཀློང་དུ་གནས་པའི་སྒྲུབ་ཐབས་སོ། །རང་གིས་མི་ལྡོག་དངོས་གྲུབ་པས། །དོན་དུ་ཕྱག་རྒྱ་རྫོགས་པ་ཡིན། །འདི་ཡི་དོན་རྟོགས་སྐྱེས་བུ་ནི། །བཀུར་བ་མེད་ཅིང་བཟླས་བརྗོད་མེད། །མཆོད་པ་མེད་ཅིང་བསྒོམ་པ་མེད། །བསྲུང་བ་མེད་ཅིང་རྟོག་པ་མེད། །སྤང་མེད་བླང་མེད་བྱང་ཆུབ་སེམས། །ཆེད་དུ་བྱ་མེད་ཐམས་ཅད་རྫོགས། །འདི་ནི་རང་བྱུང་རྒྱལ་པོ་ཡིན། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །འབྲས་བུ་ཀུན་གྱི་བཅུད་བསྡུས་ཡིན། །རང་བཞིན་གསལ་བས་མུན་པ་མེད། །དེ་ལྟར་སྣང་བ་མ་ལུས་ཀུན། །འདི་ལས་བྱུང་ཞིང་འདི་ལ་འདུས། །སྐྱོན་དང་ཡོན་ཏན་གཉིས་མེད་དེ། །བླང་མེད་དོར་མེད་འཕོ་འགྱུར་མེད། །བྱས་པ་མེད་པར་ཐམས་ཅད་འགྲུབ། །ཕྱིན་པ་མེད་པར་ཐམས་ཅད་སོན། །བསྟན་པ་མེད་པར་ཀུན་ལ་གོ། །འདི་ནི་སེམས་ཀྱི་ཡོན་ཏན་ཞེས། །བཅོམ་ལྡན་ཀུན་ཏུ་བཟང་པོས་གསུངས། །བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། སེམས་ཀྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་ལྔ་པའོ།། །དེ་ནས་རྡོ་རྗེ་སེམས་དཔས། ཀྱེ་བཅོམ་ལྡན་འདས་འདི་ཉམས་སུ་བླང་བའི་ཐབས་བཤད་དུ་གསོལ། །སྟོན་པས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉམས་


DNG005_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བླང་དུ་མེད་པས་ན། །བླང་དུ་མེད་པའི་ཚུལ་གྱིས་བླང་། །སྣང་བ་མི་སྤང་རྟོག་པ་མེད། །རྟོག་པ་མེད་ལ་གནས་མི་བྱ། །རྣམ་པར་མི་རྟོག་ས་ལེ་བ། །ས་ལེ་བར་ཡང་རྟོག་པ་མེད། །མ་རྟོགས་ངོ་བོ་ཉིད་ཀྱི་གཞི། །རིག་པ་ཇི་བཞིན་ཀླུང་དུ་བཞུགས། །འོད་གསལ་རྟོག་བྲལ་རིག་པའི་ཀློང་། །ཇི་བཞིན་ཉིད་དུ་ཡེ་གསལ་ཁྱབ། །བསམ་མེད་དྲན་མེད་མི་གཡོ་བ། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསམ་གཏན་ཉིད་པས་བསམ་དུ་མེད། །མེད་པ་ཉིད་ལ་མི་གནས་ཤིང་། །རྟོག་པ་མེད་ལས་མི་འགོག་པ། །འདི་ནི་རྟོགས་པའི་རྒྱལ་པོ་ཞེས། །རྒྱལ་བ་རྣམས་ཀྱིས་ཡང་དག་བཤད། །མི་བསམ་མི་དཔྱད་དེ་བཞིན་ཉིད། །ཆུ་ལ་ཆུ་ལྟར་ཤེས་པར་བྱ། །མི་གནས་པ་ལ་གནས་པ་ནི། །འདི་ནི་གནས་པ་ཆེན་པོ་ཞེས། །ཀུན་བཟང་སེམས་དཔས་ཡང་དག་བཤད། །བཤད་དུ་མེད་པའི་དོན་འདི་ནི། །རྒྱལ་བ་རྣམས་ཀྱིས་མ་བཤད་དེ། །རྒྱལ་བས་ཕྱིས་ཀྱང་གསུང་མི་འགྱུར། །ད་ལྟར་ཉིད་ཀྱང་མ་བཤད་དོ། །བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། བསམ་མེད་ཉམས་སུ་བླང་བའི་ལེའུ་སྟེ་དྲུག་པའོ།། །དེ་ནས་ཡང་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་བཅོམ་ལྡན་འདས། བྱང་ཆུབ་ཀྱི་སེམས་གང་ལགས། བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི། །ཀུན་ཡིན་གང་ཡང་མ་ཡིན་ནོ། །འབྱུང་ཆེན་བཞི་དང་ལྔ་པོ་ཡང་། །བྱང་ཆུབ་སེམས་ཉིད་ཡིན་པར་བཤད། །ཕྱི་དང་ནང་དང་ཕྱོགས་དང་རིས། །འཁོར་བ་མྱ་ངན་འདས་པ་དང་། །རྒྱུ་དང་འབྲས་བུར་སྣང་བ་དང་། །སངས་རྒྱས་སེམས་ཅན་ཕོ་མོ་དང་། །ཁ་དོག་དབྱིབས་དང་གནས་དང་རིགས། །རྒྱུད་དང་མ་ནིང་མཚན་ཉིད་དང་། །མཚན་མར་ཅི་སྣང་ཅི་འདུག་པ། །དེ་ཉིད་བྱང་ཆུབ་སེམས་ཉིད་དེ། །གཞན་ནས་འོངས་དང་བཙལ་བ་མེད། །དེ་རྣམས་


DNG005_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ངོ་བོ་ལ། །དེ་རྣམས་རིལ་དུ་མ་ངེས་པས། །དུ་མ་ཡིན་པར་མ་གསུངས་སོ། །ཐམས་ཅད་མ་འགགས་བར་སྣང་བས། །གཅིག་ཀྱང་ཡིན་པར་མ་བཤད་དེ། །གཅིག་དང་དུ་མ་ལས་གྲོལ་བ། །མཚན་ཉིད་གང་དུ་མ་ངེས་པ། །དེ་ཉིད་བྱང་ཆུབ་ཆོས་ཀྱི་སྐུ། །ཐམས་ཅད་ངོ་བོ་ལྷུན་གྱིས་གྲུབ། །བཙལ་བ་མེད་པར་ཡེ་སངས་རྒྱས། །ཕྱིན་པ་མེད་པར་ཀུན་ལ་སོན། །སྡུད་པ་མེད་པར་ཐམས་ཅད་འདུས། །མ་སྤངས་སྒྲིབ་པ་ཀུན་དང་བྲལ། །འཁོར་དང་མྱ་ངན་འདས་པ་དང་། །སངས་རྒྱས་སེམས་ཅན་འགྲོ་བ་དྲུག །བྱང་ཆུབ་ལམ་དུ་སྣང་བ་ཡང་། །དེ་ལས་དེ་བྱུང་འབུམ་ཕྲག་ཡས། །མཚོན་པའི་ངོ་བོ་ཀུན་འདུག་ཀྱང་། །མཚོན་དུ་མེད་དེ་དེ་ཉིད་ཡིན། །ཡིན་ཞེས་བྱ་བ་མཚོན་པ་ཙམ། །མཚོན་ཞེས་ཚིག་ཏུ་བརྗོད་པ་ཡང་། །མཚོན་བྱ་མཚོན་བྱེད་མེད་པས་ན། །མཚོན་པ་མེད་པའི་ཚུལ་གྱིས་མཚོན། །དེ་ཉིད་མཚོན་པ་ཆེན་པོ་ཡིན། །དེ་ཡིན་དེ་དོན་རིག་ཤེས་ན། །འཁོར་དང་སྡུག་བསྔལ་འཁྲུལ་འཁོར་ཀུན། །བྱང་ཆུབ་སེམས་ཉིད་ཡིན་ཞེས་བཤད། །བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་གང་ཡིན་བསྟན་པའི་ལེའུ་སྟེ་བདུན་པའོ།། །དེ་ནས་བཅོམ་ལྡན་དགེས་པ་ཆེས། །འཁོར་ལ་ཚིག་ཏུ་བཀའ་སྩལ་པ། །ཀྱེ་སེམས་དཔའ་ཆེན་པོ། གང་ཞིག་མཉམ་ཉིད་རྟོགས་པ་ལ། །སྐྱོན་དང་ཡོན་ཏན་གཉིས་ཀས་བསྒྲིབ། །བདེ་ཆགས་སྡུག་བསྔལ་སྤང་འདོད་པ། །དམུས་ལོང་མཁའ་ལ་མདུད་འདོར་འདྲ། །དོན་ཉིད་མ་བཅོས་མཉམ་པའི་དོན། །མ་འདྲེས་གསལ་བར་མ་རྟོགས་ན། །སྟོང་གསུམ་རྒྱལ་བའི་སྐུས་བཀང་ཡང་། །ཕན་མེད་མ་བཀང་གནོད་མི་འགྱུར། །བྱང་ཆུབ་ཉོན་མོངས་གཉིས་མེད་དེ། །ཀུན་གཞི་ཡངས་པའི་ངང་དུ་གཅིག །དེ་ཕྱིར་བླང་དང་དོར་མེད་དེ། །དེ་ཉིད་མ་གྲུབ་རང་སྣང་ཕྱིར། །བྱིང་དང་རྒོད་དང་རེ་དོགས་དང་། །


DNG005_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དང་མི་གསལ་འབྱུང་འཇུག་ཀློང་། །མྱོང་དང་རྟོགས་དང་འགོགས་འཆོས་དང་། །མཚན་མ་བྱུང་ཚོར་མཐའ་ཡས་པ། །ཡེ་ནས་བསལ་མེད་ངང་གིས་ཞི། །བརྟག་མེད་ཡེ་ནས་ཆོས་སྐུ་ཉིད། །མ་སྤངས་རོལ་པས་བདག་ཉིད་རྒྱན། །བདག་ཉིད་མ་མཐོང་དམུས་ལོང་ཉིད། །མི་རྙེད་དོན་ལ་བླང་དོར་མེད། །སྐྱོན་ཉིད་མཉམ་པར་དོན་རྟོགས་ན། །ཀུན་ཏུ་བཟང་ཞེས་དེ་ལ་བྱ། །ཇི་ལྟར་མཁའ་གསལ་སྟོང་ཉིད་ལ། །སྤྲིན་དང་ཁུ་རླངས་འཇའ་དང་གློག །སྐར་དང་ཉི་ཟླ་མ་འདྲེས་གསལ། །མཁའ་གསལ་ངོ་བོར་ཡེ་ནས་གཅིག །རྣལ་འབྱོར་སེམས་ཀྱི་མཁའ་ཀློང་ལ། །རྐྱེན་མེད་སྣང་ཡང་བླང་དོར་མེད། །ཐེག་པའི་བྱེ་བྲག་མ་ལུས་པ། །མ་འདྲེས་ཡོངས་རྫོགས་སྤང་བླང་བྲལ། །བསལ་མེད་མི་རྟོག་ཀུན་མཁྱེན་པ། །ངོ་བོ་ཉིད་ནི་དམིགས་སུ་མེད། །བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། གེགས་བསལ་བ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་དེ་བཞིན་གཤེགས་པ་ཉིད། །མི་གསུང་མཉམ་གཞག་ཆེན་པོ་ཡི། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །རྡོ་རྗེ་སེམས་དཔས་བཅོམ་ལྡན་འདས། །མི་གསུང་བཞག་པ་དོན་གང་ཞིག །བདག་ལ་ཇི་ལྟར་བཀའ་སྩལ་མཛོད། །ཀྱེ་སེམས་དཔའ་ཆེན་པོ། ཀུན་སྣང་དུས་གཅིག་དགོངས་པས་མཁྱེན། །གང་ལ་ཅི་ཡང་མ་སྤྲོས་ཏེ། །སྙིང་པོའི་དོན་ལས་གཡོ་བ་མེད། །གསུང་མེད་དོན་འདི་མི་ཤེས་པར། །གང་ཞིག་ཐམས་ཅད་མཉམ་རྟོག་པ། །དེ་ནི་ལོང་བའི་ཚོགས་ཡིན་ཞེས། །བཅོམ་ལྡན་དེ་བཞིན་གཤེགས་པས་གསུངས། །གང་ཡང་མ་འདྲེས་མ་བཀག་གསལ། །བསྡུས་པས་སྙིང་པོ་བྱང་ཆུབ་ཉིད། །དེ་ཉིད་རྟོག་མེད་བླང་དོར་བྲལ། །ཀུན་ཁྱབ་ཡེ་བརྡལ་མ་ལུས་གཞི། །མིང་ཚིག་བརྡ་ཡིས་མཚོན་དུ་མེད། །མཚོན་མེད་ཡེ་ཤེས་སྐུ་ཡི་མཆོག །ཡི་གེ་མེད་གསལ་གོ་བའི་


DNG005_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་། །རྟོག་མེད་འོད་གསལ་ཐུགས་ཀྱི་མཆོག །མ་བཙལ་ལྷུན་གྲུབ་ཡེ་ནས་གནས། །འདི་ནི་ཚེགས་མེད་དོན་པོ་ཆེ། །དོན་ཉིད་ཅི་ཡང་མ་ཡིན་པས། །ཤེས་པ་གང་ལའང་བསམ་དུ་མེད། །བསམ་མེད་བསམ་གྱིས་མི་ཁྱབ་པར། །དེ་ལྟར་བསམ་པ་བསམ་ཆེན་ཡིན། །ཀ་ལ་པིང་ཀ་ཇི་ལྟ་བུར། །བཙལ་མེད་བསམ་པ་ཀུན་གྲུབ་ཕྱིར། །མ་བཙལ་ལྷུན་གནས་དོན་གྱི་མཆོག །བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། མཉམ་པར་བཞག་པའི་ལེའུ་སྟེ་དགུ་པའོ།། །ཀྱེ་སེམས་དཔའ་ཆེན་པོ། མེད་པ་དང་ནི་ཕྱལ་པ་དང་། །གཅིག་པུ་དང་ནི་ལྷུན་གྱིས་རྫོགས། །བདག་ལ་འདུས་དང་རིས་མེད་དང་། །བདག་སྣང་བདག་ཏུ་ལྷུན་གྲུབ་པས། །བཙལ་མེད་ཡེ་བསྲུངས་དམ་ཚིག་མཆོག །ཡེ་ནས་བསྲུངས་པས་བསྲུང་དུ་མེད། །མ་བསྲུངས་ཐུབ་པས་དམ་ཚིག་མཆོག །ཐམས་ཅད་བདག་ཉིད་ཆེན་པོ་པས། །གཞན་ལ་བཙལ་བ་ཅི་ཡང་མེད། །རྟོག་མེད་བསམ་མེད་གང་མི་འགོག །དེ་ལྟར་སྤྱོད་ལམ་སྤང་ལེན་བྲལ། །མཉམ་ཉིད་ངང་ལས་མི་འདའ་བར། །རྫོགས་ཆེན་དམ་ཚིག་གཅིག་པུར་བཤད། །བྱ་བསམ་མེད་པས་དོན་གྲུབ་ལ། །ལྷུན་གྱིས་གྲུབ་པའི་དམ་ཚིག་ཡིན། །བཀླག་དང་མཉན་བསམ་བསྒོམ་པ་དང་། །མཆོད་དང་དབྱངས་ལེན་སྦྱིན་གཏོང་བ། །མ་ཆགས་རྫོགས་ཆེན་སྟོབས་མེད་ན། །བྱས་ན་ཐམས་ཅད་འཆིང་བའི་རྒྱུ། །གང་ཡང་དང་དུ་མ་བླངས་ན། །སྤྱོད་པ་བཅོས་མེད་ཆེན་པོ་ཡིན། །ཉིད་ལ་ཉིད་སྤྱོད་ཉིད་དབང་བསྒྱུར། །རིག་པའི་རྒྱལ་པོ་སྨྲ་བསམ་འདས། །གང་གིས་སུ་ལའང་བསྟན་དུ་མེད། །བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། སྤྱོད་ལམ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །ཀྱེ་སེམས་དཔའ་ཆེན་པོ། རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །བདག་ཉིད་ཆེན་པོ་ཆོས་སྐུ་ཉིད། །སྒྲོ་སྐུར་གཉིས་ཞི་མཉམ་ཉིད་དོན། །དུས་ཀུན་རྟག་ཆེན་རྡོ་རྗེའི་སྐུ། །རང་བཞིན་དེ་ཉིད་བརྟག་མི་ནུས། །ཡེ་ཤེས་རྒྱུན་དུ་གང་ལ་རུང་། །ཚིག་ཏུ་རྟག་རྒྱུན་གང་བརྗོད་ཀྱང་། །རིག་


DNG005_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་པོ་ང་ཉིད་ལ། །འཕོ་འགྱུར་རྟག་མི་རྟག་དང་བྲལ། །ཐུན་མོང་ཡེ་ཤེས་སྐྱེ་འགག་ཅན། །དོན་བྱེད་ནུས་པ་མ་ཡིན་ཕྱིར། །བླང་དོར་མེད་ན་དོན་གྱིས་བྲལ། །འགག་དང་མ་འོངས་ད་ལྟར་ཉིད། །བརྟག་པར་མི་ནུས་དེ་ལྟའི་ཕྱིར། །ངོ་བོ་ཡེ་རྟག་བརྗོད་འདས་པས། །སུས་ཀྱང་བརྟག་པར་རུང་མ་ཡིན། །འདས་དང་མ་འོངས་ད་ལྟར་དང་། །འབྱུང་བར་མ་ངེས་དུས་གཅིག་ལ། །སྐད་ཅིག་མ་འདྲེས་གསལ་མཁྱེན་པ། །རྟག་ཕྱིར་མཁྱེན་པར་བརྗོད་པ་ཡིན། །དེ་ལྟར་མེད་ཀྱང་འཛིན་རྟོག་བྲལ། །དེ་ཉིད་དུས་གསུམ་ཡེ་གནས་ལ། །མུན་ཁང་སྦྲུལ་དང་འཁྲུལ་མི་ལྟར། །ཐོག་མེད་དུས་ནས་གནས་གྱུར་ཀྱང་། །མ་སྤངས་དག་པས་སངས་རྒྱས་པ། །བྱར་མེད་དོན་མཛད་ཕྲིན་ལས་མཆོག །བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། སྐུ་གསུང་ཐུགས་བརྟག་པ་ཆེན་པོའི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་སྟོང་པའི་ངང་ལས་མ་བསྒྲགས་པར་འདི་སྐད་གྲགས་པར་གྱུར་ཏོ། །ཨེ་མའོ་ཡེ་ཤེས་ཀུན་མཁྱེན་གཟིགས་པ་པོ། །ཀུན་འབྱུང་རེ་སྐོང་དཔག་བསམ་ནོར་བུའི་སྐུ། །རྟོག་མེད་ཀུན་མཁྱེན་བྱར་མེད་ཕྲིན་ལས་མཛད། །རྣམ་དག་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཨེ་མ་མ་བཙལ་ལྷུན་གྱིས་གྲུབ་པས་བདག་ལ་འདུས། །ངོ་བོ་བསྟན་དུ་མེད་པས་འདུས་མ་བྱས། །ཚིག་ལས་འདས་པས་སྙིང་པོ་བྱང་ཆུབ་སེམས། །སྨྲ་བསམ་ཚིག་ལས་འདས་ལ་ཕྱག་འཚལ་ལོ། །ཨེ་མའོ་རྟག་མེད་བདུད་བཅོམ་ཆོ་འཕྲུལ་བདག །སྐུ་གསུང་ཐུགས་ཀྱི་མཛད་པ་ཅིར་ཡང་སྟོན། །ཐམས་ཅད་ཉིད་ལ་འདུས་པས་བདག་ཉིད་ཆེ། །མཛད་པ་ཅིར་ཡང་སྣང་ལ་ཕྱག་འཚལ་ལོ། །ཧོ། ཞེས་མ་གསུངས་པར་གྲགས་སོ། །ཨ་ཧོ། དེ་ནས་དེ་བཞིན་གཤེགས་པ་ཡིས། །རྡོ་རྗེ་འཛིན་ལ་བཀའ་སྩལ་པ། །ཀྱེ་སྒྲོ་སྐུར་བྲལ་བ་དོན་གྱི་བཅུད། །དོན་སྟོན་རྟོག་མེད་མེ་ལོང་བཞིན། །སྤང་བླང་མེད་སྟོན་ཐེག་པའི་མཆོག །ཐམས་ཅད་མངའ་མཛད་རྒྱལ་པོ་ཉིད། །རྟག་ཏུ་རྟོག་མེད་ཐུགས་ཀྱི་དཀྱིལ། །མི་ནུབ་མི་སྤྲོས་ས་བཅུ་པ། །དོན་ལྡན་སྐྲག་མེད་མཆོག་སྦྱངས་པས། །མཆོག་ལྡན་ཐེག་ཆེན་ཡང་རྩེའི་དོན། །དབང་པོའི་དྭངས་མ་དེར་བསྡིམ་སྟེ། །འཁོར་ལོ་
རྒྱུན་དུ་བསྐོར་བར་བྱས། །ཞེས་གསུངས་ཏེ། རྡོ་རྗེ་འཛིན་པ་དང་། འཁོར་བྱང་ཆུབ་སེམས་དཔའ་ཆེན་པོ་གྲངས་མེད་པ་དང་།གཞལ་ཡས་སུ་བཅས་པ་སྐུ་ལ་འདུས་ཏེ། སྐུ་ཉིད་ཀྱང་སྙིང་པོ་བྱང་ཆུབ་ལ་དམིགས་ཏེ་མི་སྣང་བར་གྱུར་ཏོ། །བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། བསྟོད་ཅིང་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། རྒྱུད་ཀྱི་རྒྱལ་པོ་མི་ནུབ་པའི་རྒྱལ་མཚན་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་རྫོགས་སོ། །ཤྲཱི་སིཾ་ཧ་དང་། བཻ་རོ་ཙ་ནས་བསྒྱུར་བའོ།། །།

ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ།


DNG005_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དྷརྨ་མ་ཧཱ་སནྟི་བོ་དྷི་ཙིཏྟ་ཀུ་ལ་ཡ་རཱ་ཛ།བོད་སྐད་དུ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་ན། འོག་མིན་གྱི་གནས་ཆོས་ཉིད་ཀྱི་མཁའ་དབྱིངས་ཉིད་ཀྱི་ཀློང་སེམས་ཉིད་ཀྱི་གནས་ཡེ་ཤེས་སྒྲིབ་པ་མི་མངའ་བའི་གཞལ་ཡས་ཁང་ན་ཉིད་ཀྱི་རང་བཞིན་དང་། ཉིད་ཀྱི་ངོ་བོ་དང་། ཉིད་ཀྱི་ཐུགས་རྗེ་ཡེ་ཤེས་མངོན་དུ་ཕྱུང་བའི་འཁོར་འདི་ལྟ་སྟེ། ཉིད་ཀྱི་རང་བཞིན་གྱི་འཁོར་ཆོས་ཀྱི་སྐུ་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ས་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ཆུ་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་མེ་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་རླུང་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ནམ་མཁའ་ཞེས་བྱ་བའི་འཁོར་དང་། གཞན་ཡང་ཐུགས་རྗེ་ཡེ་ཤེས་མངོན་དུ་ཕྱུང་བའི་སྤྲུལ་པའི་འཁོར་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་སེམས་ཅན་ཞེས་བྱ་བའི་འཁོར་དང་། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་ཞེས་བྱ་བའི་འཁོར་དང་།གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་ཞེས་བྱ་བའི་འཁོར་དང་། གཞན་ཡང་ཉིད་ཀྱི་རང་བཞིན་ལ་ལྟ་བའི་འཁོར་རྣམ་པ་བཞི་འདི་ལྟ་སྟེ། ཤིན་ཏུ་རྣལ་འབྱོར་ཞེས་བྱ་བའི་འཁོར་དང་། ཡོངས་སུ་རྣལ་འབྱོར་ཞེས་བྱ་བའི་འཁོར་དང་།རྣལ་འབྱོར་ཆེན་པོ་ཞེས་བྱ་བའི་འཁོར་དང་། སེམས་དཔའི་རྣལ་འབྱོར་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་རང་བཞིན་དང་། ཉིད་ཀྱི་ངོ་བོ་དང་། ཉིད་ཀྱི་ཐུགས་རྗེ་རང་བཞིན་འབྱེད་པ་མི་མངའ་བས་ཐབས་ཅིག་གོ། །གཞན་ཡང་ཉིད་ཀྱི་རང་


DNG005_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྟོགས་པའི་འཁོར་འདི་ལྟ་སྟེ། སྔར་འདས་པའི་སངས་རྒྱས་ཉིད་ལ་གནས་པའི་འཁོར་དང་། ད་ལྟར་བཞུགས་པའི་སངས་རྒྱས་ཉིད་ཀྱིས་དོན་མཛད་པའི་འཁོར་དང་། སླད་ནས་བྱོན་པའི་སངས་རྒྱས་ཉིད་ལས་འབྱུང་བའི་འཁོར་དང་། འབྱེད་པ་མི་མངའ་བའི་རང་བཞིན་གྱིས་ཐབས་ཅིག་པར་བཞུགས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་འཁོར་ཐམས་ཅད་ཉིད་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་པའི་ཕྱིར་འཁོར་ཐམས་ཅད་ཉིད་ཀྱི་སེམས་ཉིད་ཀྱི་ཐུགས་ལ་ཐིམ་པར་མཛད་དོ། །རང་འབྱུང་གི་ཡེ་ཤེས་གསལ་བར་མཛད་དོ། །དེ་ནས་ཐམས་ཅད་ཆོས་ཉིད་དུ་ལྡན་པར་བྱ་བའི་ཕྱིར་ཐམས་ཅད་བསྡུས་ནས་ཐིག་ལེ་ཆེན་པོ་གཅིག་ཏུ་བཞུགས་སོ། །དེ་ནས་སེམས་དཔའ་དེ་ཉིད་ཀྱི་རང་བཞིན་ཐིག་ལེ་ཆེན་པོ་གཅིག་ཏུ་བཞུགས་པ་དེ་ལས་བྱུང་ནས། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་སྤྱན་སྔར་དགའ་བའི་སེམས་ཀྱིས་དང་བའི་མདངས་ཕྱུང་སྟེ་འཁོད་པས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་སྨྲས་པ། སེམས་དཔའ་རྡོ་རྗེ་ཨེ་མ་ཧོ། །དགའ་བའི་སེམས་སྐྱེས་ཨེ་མ་ཧོ། །དང་བའི་མདངས་ཕྱུང་ཨེ་མ་ཧོ། །ང་ལས་བྱུང་བ་ཨེ་མ་ཧོ། །ཞེས་གསུངས་པས། དེ་ནས་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །སྟོན་པ་ཉིད་ཀྱང་ཐིག་ལེ་སྤྲོས་མེད་དམ། །འཁོར་རྣམས་ཀུན་ཀྱང་ཐིག་ལེ་སྤྲོས་མེད་དམ། །བསྟན་པ་ཀུན་ཀྱང་ཐིག་ལེ་སྤྲོས་མེད་དམ། །དུས་དང་གནས་ཀྱང་ཐིག་ལེ་སྤྲོས་མེད་དམ། །ཐམས་ཅད་ཀུན་ཀྱང་ཐིག་ལེའི་རང་བཞིན་ན། །སྟོན་པའི་སྟོན་པས་ཅི་ཞིག་སྟོན་པར་མཛད། །འཁོར་དུ་འཁོར་བའི་དོན་ནི་ཅི་ལ་འཁོར། །འཁོར་ལ་བསྟན་པ་ཅི་ཞིག་སྟོན་པར་བྱེད། །དུས་དང་གནས་ནི་གཅིག་པ་ཇི་ལྟ་བུ་ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཡིད་སྒྲ་ལ་ཆུག་ཅིག །ངས་དོན་སྒྲར་བཤད་ཀྱིས། ཀྱེ་སེམས་དཔའ་ཆེན་པོ།སེམས་ཉིད་ཀུན་བྱེད་རྒྱལ་པོ་ང་ཉིད་ནི། །ཆོས་རྣམས་ཐམས་ཅད་ཀུན་གྱི་སྙིང་པོ་སྟེ། །སྙིང་པོ་མ་སྤྲོས་ཡེ་ནས་ཐིག་ལེ་ཡིན། །ཐིག་ལེ་ཡེ་ནས་སྤྲོས་པ་མེད་པའི་དོན། །སྟོན་པ་དང་ནི་བསྟན་པ་འཁོར་དུས་གནས། །ང་ལས་བྱུང་བས་ཡེ་ནས་ཐིག་ལེ་སྟེ། །ང་ཡི་རང་བཞིན་ཐིག་ལེ་བསྟན་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་


DNG005_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ཉིད་ལས་བྱུང་བའི་ཏིང་ངེ་འཛིན་ཅེས་བྱ་བ་ལ་གནས་པར་མཛད་དོ། །དེ་ནས་འཁོར་གྱི་རང་བཞིན་ལས་སེམས་དཔའ་རྡོ་རྗེ་ལངས་ནས་སྟོན་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་ཞལ་དུ་མདངས་ཕྱུང་སྟེ་འཁོད་ནས་ཞུས་པ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཁྱོད་ཀྱི་འཁོར་དུ་བདག་འདུས་འཁོད་པ་སྟེ། །བདག་ནི་འཚལ་བའི་དོན་ནི་ཅི་ཞིག་མཆིས། །བདག་འཚལ་དོན་ནི་ཁྱོད་ཀྱིས་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་དང་། ཉིད་ཀྱི་ངོ་བོ་དང་། ཉིད་ཀྱི་ཐུགས་རྗེ་ལས་ཆོས་ཐམས་ཅད་བཀོད་པ་ནི་ཉིད་ཀྱི་རང་འབྱུང་གི་ཡེ་ཤེས་ཆེན་པོ་གཅིག་ལས་རང་འབྱུང་གི་ཡེ་ཤེས་ཆེན་པོ་ལྔ་བྱུང་བ་ནི་འདི་ལྟ་སྟེ། ཞེ་སྡང་རང་འབྱུང་ཡེ་ཤེས་ཆེན་པོ་དང་། འདོད་ཆགས་རང་འབྱུང་ཡེ་ཤེས་ཆེན་པོ་དང་། གཏི་མུག་རང་འབྱུང་ཡེ་ཤེས་ཆེན་པོ་དང་། ཕྲག་དོག་རང་འབྱུང་ཡེ་ཤེས་ཆེན་པོ་དང་། ང་རྒྱལ་རང་འབྱུང་ཡེ་ཤེས་ཆེན་པོ་དང་། རང་འབྱུང་གི་ཡེ་ཤེས་ལྔ་པོ་དེས་རྒྱན་གྱི་རྒྱུ་ཆེན་པོ་ལྔ་ནི་ཕྱུང་། འཇིག་ཅིང་བརྟེན་པའི་ཁམས་ཆེན་པོ་གསུམ་ནི་བཀོད་དེ། རྒྱན་གྱི་རྒྱུའི་ལུས་ལྔ་གཅིག་ཏུ་བླངས་པ་འདི་ལྟ་སྟེ། རྒྱན་གྱི་རྒྱུའི་ལུས་ས་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུའི་ལུས་ཆུ་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུའི་ལུས་མེ་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུའི་ལུས་རླུང་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུའི་ལུས་ནམ་མཁའ་ཞེས་བྱ་བའི་ལུས་ལ་གཅིག་ཏུ་ལུས་ཐམས་ཅད་བླངས། ཡེ་ཤེས་ལྔའི་རིགས་སོ་སོར་ཕྱེ་སྟེ། རང་འབྱུང་ཡེ་ཤེས་ཞེ་སྡང་གི་རིགས་དང་།རང་འབྱུང་ཡེ་ཤེས་འདོད་ཆགས་ཀྱི་རིགས་དང་། རང་འབྱུང་ཡེ་ཤེས་གཏི་མུག་གི་རིགས་དང་། རང་འབྱུང་ཡེ་ཤེས་ཕྲག་དོག་གི་རིགས་དང་། རང་འབྱུང་ཡེ་ཤེས་ང་རྒྱལ་གྱི་རིགས་དང་། རང་འབྱུང་ཡེ་ཤེས་ལྔའི་རིགས་ལུས་རྒྱན་གྱི་


DNG005_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་གྱི་ཆོས་ཉིད་བཀོད་དོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེ་ཉིད་ཀྱང་ཉིད་ཀྱི་རང་བཞིན་གྱི་ཆོས་ཉིད་བཀོད་པ་དེ་བཞིན་དུ་བཞུགས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་དེ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་སྤྱན་སྔར་ཡང་འདུག་ནས། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཉིད་ཀྱི་ཐུགས་གཅིག་རང་འབྱུང་ཡེ་ཤེས་ལས། །རང་འབྱུང་ཡེ་ཤེས་རྣམ་པ་ལྔ་བྱུང་ནས། །དེ་ལས་རྒྱན་གྱི་རྒྱུད་ལྔ་བྱུང་ནས་ནི། །ཡེ་ཤེས་ལྔ་ཡི་ལུས་ལྔ་བླངས་པ་འདིས། །ཀུན་བྱེད་རྒྱལ་པོའི་དགོས་པ་ཅི་ཞིག་ཆེ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སླར་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་དགོས་པ་ནི། །ཀུན་བྱེད་རྒྱལ་པོ་བྱེད་མཁན་ང་ལས་ནི། །མ་གཏོགས་པ་ཡི་བྱེད་མཁན་གཞན་ན་མེད། །ཆོས་ཉིད་བྱེད་པ་ཡང་ནི་ང་ལས་མེད། །སྟོན་པ་གསུམ་ཡང་འགོད་པ་ང་ལས་མེད། །འཁོར་གྱི་ཚོགས་ཡང་འགོད་པ་ང་ལས་མེད། །དེ་བཞིན་ཆོས་ཉིད་འགོད་པ་ང་ལས་མེད། །སེམས་དཔའ་རྡོ་རྗེ་ཁྱོད་ལ་ང་ཡིས་ནི། །ང་ཡི་རང་བཞིན་ཁྱོད་ལ་བསྟན་པར་བྱ། །ང་ལ་རང་བཞིན་རྣམ་པ་གསུམ་ཡོད་དེ། །ང་ཡི་རང་བཞིན་བྱང་ཆུབ་སེམས་ཡིན་ནོ། །བྱང་བ་དག་གི་རང་བཞིན་བསྟན་པ་ནི། །ཕུན་སུམ་ཚོགས་པ་རྣམ་གསུམ་ཆོས་ཉིད་བྱང་། །ཆུབ་པ་དག་གི་རང་བཞིན་བསྟན་པ་ནི། །དགོས་པ་ཚོགས་པ་རྣམ་པ་གསུམ་གྱིས་ནི། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པར་གནས། །སེམས་ཞེས་བྱ་བའི་རང་བཞིན་བསྟན་པ་ནི། །མི་འགག་མ་ལུས་ཀུན་བྱེད་རྒྱལ་པོ་སྟེ། །ཀུན་བྱས་བྱང་ཆུབ་སེམས་སུ་མ་ལུས་བྱས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཉིད་མངོན་དུ་ཕྱུང་ནས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་


DNG005_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་རོལ་དུ་བྱེད་པ་པོ་ང་བྱུང་བ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཡིད་རྣ་དབང་ལ་ཞུགས་ཅིག །རྣ་དབང་སྒྲ་ལ་རྟོགས་ཤིག །ཀྱེ་ང་ནི་ཀུན་བྱེད་རྒྱལ་པོ་སྟེ། །ང་ནི་ཀུན་བྱེད་བྱང་ཆུབ་སེམས། །ང་མེད་པ་ཡི་སྔོན་རོལ་ན། །ཆོས་རྣམས་འབྱུང་བའི་སྙིང་པོ་མེད། །ང་མེད་པ་ཡི་སྔོན་རོལ་ན། །ཆོས་ཀུན་བྱེད་པའི་རྒྱལ་པོ་མེད། །ང་མེད་པ་ཡི་སྔོན་རོལ་ན། །སྟོན་པ་བྱ་བ་ཡེ་ནས་མེད། །ང་མེད་པ་ཡི་སྔོན་རོལ་ན། །བསྟན་པ་བྱ་བ་ཡེ་ནས་མེད། །ང་མེད་པ་ཡི་སྔོན་རོལ་ན། །འཁོར་ཞེས་བྱ་བ་ཡེ་ནས་མེད། །སེམས་དཔའ་རྡོ་རྗེ་རྟོག་མ་སྐྱེ། །སེམས་དཔའ་ཆེན་པོ་ཁྱོད་ཉིད་ཀྱང་། །ང་ཡི་ངོ་བོ་སྤྲུལ་པ་ཡིན། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་ཞུས་པ། ཀྱེ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ཁྱོད་ནི་ཡེ་ནས་ཆེན་པོ་ཡིན། །སྟོན་པ་དང་ནི་བསྟན་པ་དང་། །འཁོར་ལ་སོགས་པའི་ཆོས་རྣམས་ཀུན། །བྱེད་མཁན་ཁྱོད་ཀྱིས་བྱས་པས་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱེད་མཁན་ཁྱོད་ཀྱིས་བྱས་པར་སྣང་། །སྟོན་པ་གཅིག་གམ་རྣམ་པ་དུ་རུ་ཡོད། །བསྟན་པ་གཅིག་གམ་རྣམ་པ་དུ་རུ་ཡོད། །འཁོར་རྣམས་གཅིག་གམ་རྣམ་པ་དུ་རུ་ཡོད། །ཅེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སླར་གསུངས་པ། ཀྱེ་རང་འབྱུང་ཡེ་ཤེས་ཀུན་གྱི་སྟོན་པར་གཅིག །ང་ཡི་རང་བཞིན་རྣམ་གསུམ་སྣང་བ་ལ། །སྟོན་པའི་གྲངས་ནི་རྣམ་པ་གསུམ་དུ་བྱུང་། །ང་ནི་དེ་བཞིན་ཉིད་དུ་གཅིག་པ་ལས། །ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ་བཞིན་ཉིད། །ང་ཉིད་བྱང་ཆུབ་སེམས་ལས་གཞན་མེད་དོ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །འཁོར་ལ་བསྟན་པ་རྣམ་པ་གསུམ་དུ་བསྟན། །ང་ཡི་ངོ་བོ་གཅིག་ཏུ་ཕྱུང་ནས་ནི། །ང་ཡི་རང་བཞིན་གཅིག་ཏུ་བསྟན་པའི་ཕྱིར། །ཀུན་བྱེད་ང་ཡི་འཁོར་དུ་ཀུན་ཀྱང་གཅིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་


DNG005_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །འཁོར་གྱི་བྱེ་བྲག་རྣམ་པ་གསུམ་དུ་ཡོད། །ཅེས་གསུངས་སོ། །སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཁྱོད་ལས་བྱུང་བའི་སྟོན་པ་སྐུ་གསུམ་ལ། །ཁྱོད་སར་འགྲོ་བའི་ལམ་ནི་ཡོད་དམ་མེད། །མེད་ན་ཁྱོད་ཀྱིས་ས་རུ་ཕྱིན་མི་ཕྱིན། །ཡོད་ན་བགྲོད་ནས་ཕྱིན་ནམ་མ་བགྲོད་ཕྱིན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་ལ། །ང་ཡི་ས་རུ་བགྲོད་པའི་ལམ་མེད་དེ། །ང་ཡི་རང་བྱུང་ཡེ་ཤེས་བསྟན་པ་ཡིན། །སྐུ་གསུམ་སྟོན་པ་དེ་ཡི་འཁོར་རྣམས་ལ། །རྣམ་པར་ཐར་པའི་ལམ་ནི་རྣམ་ལྔ་སྟེ། །དུས་གསུམ་སངས་རྒྱས་ཀུན་གྱི་ལམ་དུ་བསྟན། །རང་འབྱུང་ཡེ་ཤེས་ལྔ་ཡི་ལམ་ལྔ་ནི། །འདོད་ཆགས་དང་ནི་ཞེ་སྡང་གཏི་མུག་དང་། །ང་རྒྱལ་དང་ནི་ཕྲག་དོག་རྣམ་ལྔ་སྟེ། །རང་འབྱུང་ཡེ་ཤེས་རྣམ་ལྔ་ཀུན་གྱི་ལམ། །ཞེས་གསུངས་སོ། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །རང་འབྱུང་ཡེ་ཤེས་ལམ་ལྔ་བསྟན་པ་དེ། །རབ་འབྱུང་ཞེས་ནི་ཇི་ལྟར་བྱུང་བ་ལགས། །ཡེ་ཤེས་བྱ་བའི་གཏན་ཚིགས་ཅི་ལ་གདགས། །ལམ་ཞེས་བགྱི་བའི་དོན་ནི་གང་ལ་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་རྣམ་པ་ལྔ་པོ་དེ། །ལམ་ལྔ་ཡིན་པའི་དོན་ནི་བཤད་དུ་གསོལ། །ཞེས་ཞུས་སོ། །ཀྱེ་སེམས་དཔའ་ཆེན་པོ། རང་འབྱུང་ཡེ་ཤེས་རྣམ་པ་ལྔ་ལམ་ནི། །རང་འབྱུང་རྒྱུ་རྐྱེན་མེད་པར་བྱུང་བ་ཡིན། །ཡེ་ཤེས་འགག་པ་མེད་པར་གསལ་བ་ཡིན། །ལམ་ནི་རྒྱུ་རྐྱེན་མེད་པས་བགྲོད་མི་དགོས། །མི་བགྲོད་རང་འབྱུང་ལྔ་ལ་ལམ་ལྔར་བཤད། །འདོད་པ་ཆོས་རྣམས་བདག་ཏུ་འདོད་པ་ཡིན། །ཆགས་པ་བདག་ཏུ་འདོད་པ་དེ་ལ་ཆགས། །ཞེ་བ་སྐྱེ་བ་མེད་པའི་རང་བཞིན་ལ། །སྡང་བ་ཆོ་འཕྲུལ་སྣ་ཚོགས་དེ་ལ་སྡང་། །གཏི་མུག་མི་རྟོག་པ་ཡི་ཏིང་འཛིན་གྱིས། །ཆོས་ཉིད་མཉམ་པ་ཉིད་ལ་དབྱེ་བསལ་མེད། །ང་ནི་མ་ནོར་བ་ཡི་བྱང་ཆུབ་སེམས། །དེ་བཞིན་


DNG005_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ཡེ་ནས་རྒྱལ་བར་བྱེད། །ཐམས་ཅད་དེ་བཞིན་ཉིད་དུ་གཅིག་པ་ལ། །ཡིན་མིན་སྒྲོ་སྐུར་འདེབས་ལ་ཕྲག་དོག་བྱེད། །བགྲོད་དུ་མེད་པའི་ལམ་ལྔ་བསྟན་པ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་འབྱུང་ཡེ་ཤེས་ལམ་ལྔ་འདི་ལས་བྱུང་། །འདོད་པའི་ཁམས་ཀྱང་རང་འབྱུང་ཡེ་ཤེས་ཡིན། །གཟུགས་ཀྱི་ཁམས་ཀྱང་རང་འབྱུང་ཡེ་ཤེས་ཡིན། །གཟུགས་མེད་ཁམས་ཀྱང་རང་འབྱུང་ཡེ་ཤེས་ཡིན། །ཀུན་བྱེད་རྒྱལ་པོ་ང་ཡིས་བྱས་པའི་ཕྱིར། །ངས་བྱས་ཐམས་ཅད་ཡེ་ཤེས་ངོ་བོར་བཤད། །ཁམས་གསུམ་སེམས་ཅན་རྒྱུད་དྲུག་ཐམས་ཅད་ཀུན། །རང་འབྱུང་ཡེ་ཤེས་མིན་པར་ངས་མ་བཤད། །དེ་ལས་མ་གཏོགས་པ་ཡི་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱི་མེས་པོ་ངས་མ་བཤད། །ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ལ། །ཆོས་ཉིད་རྣམ་པ་གསུམ་དུ་བསྟན་པ་སྟེ། །མ་སྐྱེས་པ་ཡི་ཆོས་ཉིད་དངོས་མི་སྣང་། །དེ་ནི་གཟུགས་མེད་ཁམས་སུ་བསྟན་པ་ཡིན། །སྐྱེ་བའི་ཆོ་འཕྲུལ་གཟུགས་སུ་སྣང་བ་ནི། །དེ་ནི་གཟུགས་ཀྱི་ཁམས་སུ་བསྟན་པ་ཡིན། །ཐུགས་རྗེ་ཡེ་ཤེས་ངོ་བོ་མངོན་ཕྱུང་ནས། །བདེ་སྡུག་ལས་དེ་ཐུགས་རྗེས་ཟད་བྱའི་ཕྱིར། །འདོད་པའི་ཁམས་ནི་ཐུགས་རྗེས་ཕྱུང་བ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀུན་བྱེད་རྒྱལ་པོས་བྱས་པ་ལས་ཇི་ལྟར་བྱུང་བའི་ཁུངས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་མཚན་གྱི་ཆོས་བཤད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉོན་ཅིག །ང་ནི་ཡེ་ནས་རང་འབྱུང་ཡེ་ཤེས་ཏེ། །ང་ནི་ཡེ་ནས་ཆོས་ཀུན་སྙིང་པོ་ཡིན། །ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ཡི་མཚན་འདི་སེམས་དཔའ་རྟོགས་པར་གྱིས། །ང་ཡི་མཚན་འདི་སེམས་དཔས་རྟོགས་འགྱུར་ན། །ཆོས་རྣམས་ཐམས་ཅད་མ་ལུས་རྟོགས་


DNG005_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱིས། །ང་ཞེས་བྱ་བའི་སྙིང་པོ་སྟེ། །ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན། །རང་འབྱུང་ཞེས་ནི་བྱ་བ་ནི། །རྒྱུ་རྐྱེན་མེད་པའི་སྙིང་པོ་པས། །རྩོལ་སྒྲུབ་ཀུན་ལས་འདས་པ་ཡིན། །ཡེ་ཤེས་ཞེས་ནི་བྱ་བ་ནི། །འགག་པ་མེད་ཅིང་མ་བསྒྲིབས་པས། །ཆོས་ཀུན་མ་ལུས་སྟོན་པར་བྱེད། །ང་ནི་བྱང་ཆུབ་སེམས་ལ་བྱ། །ཡེ་ནས་བྱ་བའི་དོན་འདི་ནི། །ཐོག་མ་ཉིད་ནས་གནས་པའི་དོན། །ཆོས་ཀུན་ཞེས་ནི་བྱ་བ་ནི། །སྟོན་པ་ཀུན་ཀྱང་ཆོས་ཉིད་ལ། །བསྟན་པ་ཀུན་ཀྱང་ཆོས་ཉིད་ཡིན། །འཁོར་གནས་དུས་ཀྱང་ཆོས་ཉིད་དེ། །ཆོས་ཉིད་མ་ཡིན་གཅིག་ཀྱང་མེད། །སྙིང་པོ་བྱ་བའི་དོན་འདི་ནི། །ཐམས་ཅད་འབྱུང་བའི་སྙིང་པོ་སྟེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །སྟོན་པ་གསུམ་ཡང་དེ་ལས་བྱུང་། །བསྟན་པ་གསུམ་ཡང་དེ་ལས་བྱུང་། །འཁོར་གནས་དུས་ཀྱང་དེ་ལས་བྱུང་། །ཐམས་ཅད་འབྱུང་བའི་སྙིང་པོར་བཤད། །ང་ནི་སྙིང་པོ་སེམས་ཉིད་ཀྱིས། །ཆོས་རྣམས་མ་ལུས་ཀུན་བྱེད་དེ། །ཀུན་ཞེས་བྱ་བའི་ཆོས་རྣམས་ཀུན། །ཆོས་ཀུན་གང་དང་གང་ཞེ་ན། །སྟོན་པ་དང་ནི་བསྟན་པ་དང་། །འཁོར་གནས་དུས་ནི་ཐམས་ཅད་ཀུན། །བྱེད་ཅེས་བྱ་བ་མཁན་པོ་སྟེ། །སྟོན་པ་དང་ནི་བསྟན་པ་དང་། །འཁོར་གནས་དུས་ནི་ཀུན་བྱེད་པས། །རང་འབྱུང་ཡེ་ཤེས་མཁན་པོ་ཡིན། །རྒྱལ་པོ་ཞེས་ནི་བྱ་བ་ནི། །སྙིང་པོ་རང་འབྱུང་ཡེ་ཤེས་དེ། །བྱེད་པའི་མཁན་པོ་ཀུན་ལས་རྒྱལ། །ཆོས་རྣམས་བྱེད་མཁན་ཀུན་ལས་རྒྱལ། །བྱང་བའི་དོན་ནི་འདི་ལྟ་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ནི། །རང་འབྱུང་ཡེ་ནས་རྣམ་དག་པས། །ཀུན་བྱེད་རྒྱལ་པོས་བྱས་པ་ཀུན། །ཀུན་བཟང་ཉིད་དུ་རྣམ་དག་པས། །བྱང་ཞེས་བྱ་བར་བཤད་པ་ཡིན། །ཆུབ་ཅེས་བྱ་བ་འདི་ལྟ་སྟེ། །སྙིང་པོ་རང་འབྱུང་ཡེ་ཤེས་དེས། །སྣང་བ་དང་ནི་སྲེད་པ་དང་། །སྣོད་དང་བཅུད་ཀྱིས་བསྡུས་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་དང་། །


DNG005_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཀུན་ལ་ཆུབ་སྟེ་ཁྱབ་པར་གནས། །དེས་ན་ཆུབ་ཅེས་བྱ་བར་བཤད། །སེམས་ཀྱི་དོན་ནི་འདི་ལྟ་སྟེ། །སྙིང་པོ་རང་འབྱུང་ཡེ་ཤེས་དེས། །སྣང་སྲིད་སྣོད་བཅུད་ཐམས་ཅད་ལ། །འཇུག་ཅིང་དབང་སྒྱུར་གསལ་བར་གཅོད། །དེས་ན་སེམས་ཞེས་བྱ་བར་བཤད། །རྒྱུ་རྐྱེན་མེད་པའི་སྙིང་པོ་དེས། །ཀུན་ལ་དབང་སྒྱུར་ཐམས་ཅད་བྱེད། །ཀྱེ་སེམས་དཔའ་ཆེན་པོ། ང་ཡི་རང་བཞིན་རྟོགས་གྱུར་ན། །སྟོན་པ་ཀུན་ཀྱང་རྟོགས་འགྱུར་ལ། །བསྟན་པ་ཀུན་ཀྱང་རྟོགས་པར་འགྱུར། །འཁོར་གྱི་བསམ་པ་རིག་འགྱུར་ལ། །དུས་གནས་ཀུན་ཀྱང་གཅིག་འགྱུར་རིག །ཆོས་རྣམས་ཐམས་ཅད་ང་ཡིན་པས། །ང་ཡི་རང་བཞིན་འདི་རིག་ན། །ཆོས་རྣམས་ཐམས་ཅད་རིག་འགྱུར་བས། །བྱ་བྱེད་རྩོལ་སྒྲུབ་ཀུན་ལས་འདས། །མི་རྩོལ་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ང་ཉིད་ཀྱི་མཚན་བཤད་པའི་ལེའུ་སྟེ་བཞི་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་ཉིད་ཀྱི་རང་བཞིན་བསྟན་པའི་མདོ་འདུས་པའི་དོན་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་འདི་ལྟ་སྟེ། །ཡོད་ནི་གཅིག་ལས་མེད་པ་སྟེ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །གནས་ནི་ཆོས་ཉིད་དབྱིངས་ལ་གནས། །གསལ་ནི་རིག་པ་མཁའ་ལ་གསལ། །ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ། །བྱུང་ནི་སྣང་སྲིད་ཀུན་དུ་བྱུང་། །བསྟན་དུ་མཚན་མའི་དངོས་པོ་མེད། །མཐོང་དུ་དམིགས་པའི་ཡུལ་དང་བྲལ། །ཤེས་སུ་ཚིག་ཏུ་བརྗོད་དུ་མེད། །རྒྱུ་ལས་མ་བྱུང་སྙིང་པོ་འདི། །སྒྲོས་ཀྱིས་བཏགས་པ་ཀུན་དང་བྲལ། །དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་བརྟག །དོན་ནི་ཆོས་ཉིད་སྐྱེ་


DNG005_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད། །རྟགས་ནི་སེམས་ཉིད་འགག་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལ། །དམིགས་སུ་མེད་པར་མཚོན་ཏེ་བསྟན། །ཚིག་ཏུ་བརྗོད་དུ་མེད་པ་ལ། །བརྗོད་དུ་མེད་པའི་ཚིག་བརྗོད་དེ། །དམིགས་མེད་དོན་གྱི་ངོ་བོར་བསྟན། །བསྡུས་ཏེ་བསྟན་པའི་དོན་འདི་ནི། །དོན་གྱི་ངོ་བོ་འགྲེལ་པ་སྟེ། །འདི་ཡིས་ང་དོན་རྟོགས་པར་གྱིས། །འདི་ཡིས་ང་དོན་རྟོགས་པར་བྱེད། །འདི་ཡིས་ང་དོན་མ་རྟོགས་ན། །དོན་གྱི་སྒྲ་ཚིག་ཅི་བསྟན་ཀྱང་། །ང་དང་ཕྲད་པར་མི་འགྱུར་ཏེ། །ང་ལས་གོལ་ལ་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དོན་གྱི་འགྲེལ་པའི་ལེའུ་སྟེ་ལྔ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་རྫོགས་པ་ཆེན་པོ་དེ་བསྟན་པའི་ཚིག་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ཚིག་འདི་ཉོན། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ང་ཡི་ཆོས་རྣམས་དང་པོར་བཀོད། །ང་ཡི་ཆོས་རྣམས་མངོན་དུ་ཕྱུང་། །ང་ཡི་ངོ་བོ་ཁྱོད་ལ་བསྟན། །ང་ཡི་རང་བཞིན་བསྟན་ནས་ནི། །ཚིག་དང་སྒྲས་ཀྱང་དོན་མཚོན་ནས། །ངོ་བོ་བསྟན་པས་ཁྱོད་ཀྱིས་མཐོང་། །རང་བཞིན་བསྟན་པས་ཨ་དེ་རིག །ཚིག་ཏུ་བརྗོད་པས་དོན་སྒྲར་ཐོས། །ཞེས་གསུངས་ནས་ཅང་མི་གསུང་བར་ཆོས་ཐམས་ཅད་ཀྱི་ངོ་བོར་བཞུགས་སོ། །སེམས་དཔའ་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་ཞལ་དུ་མདངས་ཕྱུང་སྟེ་འཁོད་པས་ཀུན་བྱེད་རྒྱལ་པོས། ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ང་ལ་མདངས་ཀྱིས་འཁོད་པ་དེ་ཁྱོད་ཀྱིས་དོན་ཅི་འདོད་པ་གསོལ་ཅིག །ཅེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཆོས་རྣམས་ཐམས་ཅད་ཁྱོད་ཀྱི་རང་བཞིན་ན། །ཁྱོད་ཀྱི་སྟོན་པ་བསྟན་


DNG005_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཁོར་བཀོད་ཅི་ཞིག་ལགས། །ཕུན་སུམ་ཚོགས་པའི་དགོས་པ་ཅི་ཞིག་ལགས། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་རྣམས་ཕུན་སུམ་ཚོགས་པར་བཀོད་པ་ནི། །ང་ཉིད་ཕུན་སུམ་ཚོགས་པའི་རང་བཞིན་ཏེ། །ང་ཡི་རང་བཞིན་ཁྱོད་ལ་བསྟན་པར་བྱ། །ང་ཡི་རང་བཞིན་སྤྲོས་བྲལ་མི་ཕྱེད་པས། །ཆོས་དབྱིངས་གནས་འདི་ང་ཡིས་བྱས་པ་ཡིན། །བྱང་ཆུབ་ཉིད་ལས་དེ་ན་གཞན་མི་བཞུགས། །ང་ཡི་རང་བཞིན་མ་བསྒྲིབས་ཀུན་ཁྱབ་པས། །གསལ་བའི་ནམ་མཁའ་ཡེ་ཤེས་གཞལ་ཡས་ཁང་། །རང་འབྱུང་ཡེ་ཤེས་ཉིད་ལས་གཞན་མི་བཞུགས། །ང་ནི་ཐམས་ཅད་འབྱུང་བའི་སྙིང་པོ་བས། །ཆེན་པོ་ལྔ་དང་ཁམས་གསུམ་རྒྱུད་དྲུག་རྣམས། །ང་ཡི་སྐུ་གསུང་ཐུགས་ལས་གཞན་མེད་པས། །ང་ཡི་རང་བཞིན་ང་ཡིས་བཀོད་པ་ཡིན། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ཡང་། །ང་ཡི་རང་བཞིན་ཁྱེད་ལ་བསྟན་པ་ཡིན། །ང་ཡི་རང་བཞིན་མ་སྐྱེས་སྤྲོས་བྲལ་ཕྱིར། །མི་གནས་སྤྱོད་ཡུལ་ཀུན་ལས་འདས་པ་ཡིན། །མི་སྣང་ཏིང་འཛིན་བསྒོམ་པའི་ཡུལ་ལས་འདས། །ང་ཡི་རང་བཞིན་ཁྱེད་ལ་མི་སྣང་ཡང་། །ང་ཡི་ངོ་བོ་ཁྱོད་ལ་སྣང་བྱས་པས། །ཁམས་གསུམ་ཆེན་པོ་ལྔ་དང་རྒྱུད་དྲུག་རྣམས། །སྣང་བའི་རང་བཞིན་བྱང་ཆུབ་སེམས་ལྔ་ལས། །རང་འབྱུང་སྙིང་པོ་ཡེ་ཤེས་ལྔ་བྱུང་བས། །ཡེ་ཤེས་ལྔ་ཡི་ཡུལ་ལྔ་གསལ་བྱུང་བས། །འདོད་པ་ལྔ་བྱུང་ཆགས་པ་ལྔ་བྱུང་ནས། །ཆགས་ལྔ་སོ་སོར་སྨིན་པའི་འབྲས་བུ་ནི། །འགྲོ་བ་དྲུག་གི་ཁྱད་པར་སོ་སོར་སྣང་། །འདི་ལྟར་སྣང་བ་ང་ཡིས་ཁྱེད་ལ་བསྟན་པ་ཡིན། །སྐུ་གསུམ་ཐེག་པ་རྣམ་པ་དྲུག་བསྟན་པ། །ང་ཡིས་བསྟན་ན་ཁྱེད་ཀྱིས་མ་མཐོང་སྟེ། །དེ་རེ་ང་ཡི་རང་བཞིན་རེ་རེ་ལ། །དེ་རེ་ང་ཡི་ངོ་བོ་རེ་རེ་སྟེ། །སྐུ་རེ་དང་ནི་གསུང་རེ་ཐུགས་རེ་དང་། །ཀུན་གྱིས་མཐོང་བའི་ངོ་


DNG005_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རེ་རེའོ། །དེ་ཡང་ང་ཡི་རང་བཞིན་བསྟན་པ་ཡིན། །ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ངས། །སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གནས་ཆེན་ང་ཡིན་པས། །རོལ་པ་ཁམས་གསུམ་རྒྱུད་དྲུག་ང་ལས་ཤར། །བདེ་དང་སྡུག་བསྔལ་ལས་ཀྱི་ཁྱད་པར་ཏེ། །ཡང་དག་མ་ནོར་ང་ཡི་ཐུགས་རྗེ་བསྟན། །རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ལ། །ཀུན་བྱེད་ང་ཡི་ལུང་འདི་བསྟན་མི་བྱ། །ང་ཡི་ལུང་འདི་ངེས་པར་བསྟན་བྱས་ན། །དགེ་སྡིག་ལས་ལ་རྒྱུ་འབྲས་ཡོད་ཟེར་ནས། །ཡང་དག་ང་ལ་སྒྲོ་དང་སྐུར་བཏབ་པས། །ཡང་དག་ང་དང་ཡུན་དུ་ཕྲད་མི་འགྱུར། །ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་སྟེ། །དུས་གསུམ་སངས་རྒྱས་བྱང་ཆུབ་སེམས་ཀྱིས་བྱས། །ཁམས་གསུམ་སེམས་ཅན་བྱང་ཆུབ་སེམས་ཀྱིས་བྱས། །སྣང་སྲིད་སྣོད་བཅུད་བྱང་ཆུབ་སེམས་ཀྱིས་བྱས། །རྒྱུ་འབྲས་དཔེ་དོན་གཏན་ཚིགས་མཐུན་པར་བྱས། །རྒྱུ་ཡི་དུས་ན་འབྱུང་ཆེན་ལྔ་བྱས་ལ། །འབྲས་བུའི་དུས་ན་ཁམས་གསུམ་སེམས་ཅན་བྱས། །དཔེ་ཡི་དུས་ན་ཀུན་དཔེ་ནམ་མཁའ་བྱེད། །དོན་གྱི་དུས་ན་ཀུན་དོན་སྐྱེ་མེད་བྱེད། །རྟགས་ཀྱི་དུས་ན་ཀུན་བྱེད་བྱང་ཆུབ་སེམས། །གཏན་ཚིགས་དུས་ན་རང་འབྱུང་ཡེ་ཤེས་སྟོན། །རྒྱུ་འབྲས་དཔེ་དོན་གཏན་ཚིགས་མཐུན་པར་བྱས། །བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། །ཀུན་བྱེད་ང་ཡི་རང་བཞིན་མ་བརྟགས་པར། །ང་ཡིས་བྱས་པའི་ཆོས་ལ་ངེས་བརྟགས་པས། །བརྐམ་ཞིང་ཆགས་པའི་དབང་གིས་སྣང་བ་འགྲུབ། །མི་རྟག་སྒྱུ་མའི་རང་བཞིན་འཇིག་པར་འགྱུར། །ཆ་མེད་དམུས་ལོང་ལྟ་བུའི་རང་བཞིན་ནོ། །ཀུན་བྱེད་རྒྱལ་པོས་བྱས་པར་མི་ཆ་བར། །དབང་པོ་དྲུག་ལ་ཡུལ་དྲུག་སྣང་བ་ལ། །སྡུག་བསྔལ་མཐོང་ནས་དབང་པོ་འགེགས་པར་བྱེད། །དེས་ནི་ཀུན་བྱེད་ཆས་པ་མི་ཆ་བས། །སྐྱེ་འགག་མེད་པའི་འབྲས་བུ་དེ་ལ་མེད། །ངེས་པ་


DNG005_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་བདེན་པ་གཉིས་བྱུང་ནས། །ཀུན་བྱེད་ང་ཡིས་བྱས་པའི་ཆོས་ཉིད་ལ། །དོན་དམ་ཀུན་རྫོབ་བདེན་པ་གཉིས་བྱུང་བས། །བདེན་པ་གཉིས་ཀྱི་རྒྱུ་འབྲས་ཡོད་མི་མངའ། །རྒྱུ་འབྲས་འདས་པའི་འབྲས་བུ་དེ་ལ་མེད། །མེད་པར་ཚོལ་བ་དག་པའི་ཏིང་འཛིན་དང་། །མི་འབྱུང་ཆོ་འཕྲུལ་ཡན་ལག་བསྒོམ་མངའ་བས། །བླང་དོར་མེད་པའི་འབྲས་བུ་ཐོབ་པ་མེད། །དོན་གཅིག་ཏིང་འཛིན་རྣམ་གསུམ་སྒོམ་བྱེད་པས། །བསྙེན་སྒྲུབ་རྣམ་བཞི་རིམ་པར་སྒོམ་བྱེད་པས། །རྩོལ་སྒྲུབ་འདས་པའི་འབྲས་བུ་དེ་ལ་མེད། །ལྷུན་གྱིས་གྲུབ་པས་བྱ་བྱེད་ཀུན་དང་བྲལ། །སྐྱེ་མེད་མཚོན་མེད་གདགས་མེད་དེ་བརྗོད་པས། །སྒྲོས་སྐུར་བྲལ་བའི་བརྗོད་མེད་དེ་རིག་བྱེད། །ཆོས་ཀུན་བྱང་ཆུབ་སེམས་ཡིན་དེ་དཔེ་ནི། །ཀུན་དཔེ་ནམ་མཁའ་ལྟ་བུའི་རང་བཞིན་དུ། །བྱང་ཆུབ་སེམས་ཀྱི་དོན་ཡང་དེ་བཞིན་ནོ། །ནམ་མཁའ་རླུང་ཆུ་ས་མེ་སྣང་བ་ལྔ། །བྱང་ཆུབ་སེམས་ལས་རྨད་བྱུང་མངོན་སངས་རྒྱས། །སྲིད་གསུམ་ལམ་ལྔ་འགྲོ་དྲུག་སྣང་བ་ཡང་། །རྣམ་སྨིན་ལས་ཀྱིས་མི་བསྐྱོད་མངོན་སངས་རྒྱས། །ཁམས་གསུམ་ཡེ་ནས་བྱང་ཆུབ་སྐུ་གསུང་ཐུགས། །དེ་བས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ནམ་མཁའི་ངང་ན་མི་གནས་མེད་པ་བཞིན། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ཡུལ་ཆེ་བས། །སངས་རྒྱས་སེམས་ཅན་སྣོད་བཅུད་ཀུན་ཀྱང་གནས། །ཐམས་ཅད་རྣམ་པར་དག་པའི་ཆོས་ཉིད་ལ། །གཉིས་སུ་མེད་དེ་སྒྲོ་སྐུར་ཀུན་དང་བྲལ། །གང་གིས་མེད་པའི་སྙིང་པོ་སེམས་མ་མཐོང་། །བསྐལ་པ་དུ་མར་དོན་དང་ཕྲད་མི་འགྱུར། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་གཅིག །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཐམས་ཅད་འབྱུང་བའི་བྱང་ཆུབ་སྙིང་པོ་ལ། །གཅིག་ཏུ་མེད་ལས་བགྲངས་ན་བརྗོད་མི་ལང་། །སངས་རྒྱས་སྐུ་གསུང་སེམས་ཅན་ལུས་ངག་ཀྱང་། །བྱང་ཆུབ་སེམས་ཡིན་ཡེ་ནས་གཟུང་འཛིན་བྲལ། །གཟུང་འཛིན་བྲལ་བ་


DNG005_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་གྲུབ་པ་དེ། །དེས་ནི་ཀུན་གྲུབ་ཆོས་ཀྱི་རྩ་བ་གྲུབ། །བྱང་ཆུབ་སེམས་ཀྱི་མདོ་རྩ་གཅིག་པུ་ལ། །སེམས་ཤིང་རྟོག་ལ་དགའ་བས་རྣམ་པར་བགྲངས། །གཉིས་དང་གྲངས་ལ་དགའ་ལ་ང་ཡིས་བསྟན། །ཇི་བཞིན་རང་བཞིན་ཆོས་ཉིད་སེམས་གཅིག་ལ། །སེམས་ལ་རང་བཞིན་རྣམ་པ་གསུམ་སྣང་བས། །རང་བཞིན་གསུམ་ནི་བཀོད་པའི་མཆོག་གསུམ་སྟེ། །དེ་ནི་ཕུན་སུམ་ཚོགས་པའི་ཆོས་ཉིད་དོ། །གཉིས་མེད་གཅིག་གི་རང་བཞིན་ཀུན་འདྲེལ་བས། །རྣལ་མ་གཅིག་ལ་འབྱོར་པ་རྣམ་པ་བཞི། །རྣལ་འབྱོར་རྣམ་པ་བཞི་ཡི་ཡུལ་དུ་བསྟན། །སེམས་ཉིད་གཅིག་ལ་ཆེ་བ་ལྔར་བསྟན་པ། །སེམས་ཀྱི་རང་བཞིན་ཡོན་ཏན་ལྔ་ལྡན་པས། །རང་བཞིན་ལྔ་ལ་ཆེ་ལྔར་མིང་དུ་བཏགས། །ངེས་པ་གཅིག་ལ་ཡིན་མིན་སྒྲོས་བྱུང་བས། །གོལ་སྒྲིབ་ཐེ་ཚོམ་རྟོག་པ་བསམ་ཡས་ནི། །ཀུན་བྱེད་རྩོལ་སྒྲུབ་རྟོག་འདས་སེལ་བར་བྱེད། །ཡོད་མེད་སྒྲོ་སྐུར་ཐེ་ཚོམ་བསལ་བའི་ཕྱིར། །དེ་བཞིན་ཉིད་ཀྱི་བྱང་ཆུབ་མི་རྟོག་པས། །མ་ནོར་ངེས་པའི་ལུང་དེ་གཏན་ལ་འབེབས། །དེ་ཉིད་ཡིད་ཆེས་མངོན་དུ་བསྟན་པའི་ཕྱིར། །ལ་དོར་ཡིད་ཆེས་པ་ཡི་ལུང་བཅུ་ཡིས། །རྩོལ་སྒྲུབ་བྱ་མེད་དོན་བསྟན་དེ་ཡིད་ཆེས། །མེད་པར་བདེན་པའི་ཚིག་དགུ་སྨྲས་པ་ནི། །སྙིང་པོ་གཅིག་ལ་མཐོང་བའི་ཡུལ་དགུ་བྱུང་། །རང་རེས་མཐོང་བའི་བདེན་པའི་ཚིག་དགུ་སྨྲས། །ཀུན་བྱེད་ང་ལ་ཐམས་ཅད་རྫོགས་པའི་ཕྱིར། །བྱང་ཆུབ་སེམས་ཀྱི་དོན་འདི་ཆེ་བར་གྱིས། །ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །སྒྲ་ཚིག་ཇི་ལྟར་བྱུང་བ་ཐམས་ཅད་ཀུན། །ང་ཡི་དོན་ཉིད་ཚིག་སྒྲར་ཕྱུང་བ་ཡིན། །སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལུས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །སེམས་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །ང་ལས་བྱུང་བའི་སངས་


DNG005_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྔར་འདས་ལ། །ཀུན་བྱེད་རྒྱལ་པོ་ང་ཡིས་ལུང་མ་བསྟན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོར་བ་ལ། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་ལུང་མི་སྟོན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྩ་བ་གཅིག་པའི་ལེའུ་སྟེ་དྲུག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱིས་བྱས་པ་ལས་བྱུང་བའི་ཆོས་རྣམ་པར་དབྱེ་བ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང་། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་བྱས། །བྱས་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང་། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རང་བཞིན་དག་ཏུ་ཕྱུང་ནས་བགྲངས། །ཞེས་བཀའ་སྩལ་ཏོ། །དེ་ནས་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ་ཀུན་བྱེད་རྒྱལ་པོ་ཨེ་མ་ཧོ། །ཀུན་དུ་བཟང་པོ་ཨེ་མ་ཧོ། །བྱང་ཆུབ་སེམས་ཁྱོད་ཨེ་མ་ཧོ། །དང་པོར་བྱང་ཆུབ་སེམས་ལངས་ནས། །རང་དང་ཆོས་རྣམས་མ་ཤེས་ནས། །ཀུན་མཁྱེན་ཁྱོད་ཀྱི་འཁོར་དུ་འདུས། །ཞུ་བའི་དམིགས་ནི་མི་ཆ་བས། །ཀུན་མཁྱེན་ཁྱོད་ཀྱིས་བཀའ་སྩལ་པ། །ཆོས་རྣམས་གཅིག་ཏུ་འདུས་པར་ནི། །བྱང་ཆུབ་སེམས་མདོ་བཀའ་སྩལ་ན། །གཅིག་ལ་གཉིས་སུ་བསྟན་པ་ཡི། །རྣམ་གྲངས་དོན་འདི་ཇི་ལྟར་ལགས། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་བཀའ་སྩལ་པ། ཀྱེ་ང་ནི་ཡེ་ནས་ལྷུན་གྱིས་གྲུབ། །ང་ནི་སངས་རྒྱས་ཐམས་ཅད་ཀྱི། །ལྷུན་གྱིས་གྲུབ་པའི་སྙིང་པོ་ཡིན། །


DNG005_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ང་ནི་ཐུགས་རྗེའི་ངོ་བོ་སྟེ། །གང་ལ་དགའ་བའི་དུས་སུ་ནི། །གང་དགའ་བ་ཡི་དོན་བྱའི་ཕྱིར། །ང་ཡིས་བྱས་པའི་དོན་བསྟན་གྱིས། །སེམས་དཔའ་རྡོ་རྗེ་ཁྱོད་ཉོན་ཅིག །གཅིག་ལ་དགའ་བ་དེ་ལ་ནི། །ཆོས་རྣམས་གཅིག་ཏུ་འདུས་པའི་ཕྱིར། །བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །སེམས་ཀྱི་ངོ་བོ་ཀུན་བྱེད་བསྟན། །མཚན་མ་གྲངས་ལ་དགའ་བ་ལ། །ཀུན་བྱེད་རྒྱལ་པོས་བྱས་པ་ཡི། །སྣ་ཚོགས་བརྗོད་ཀྱིས་མི་ལང་བསྟན། །དེ་ཡང་ང་ཡི་རང་བཞིན་བསྟན། །གཅིག་ནི་ང་ཉིད་སྙིང་པོ་སྟེ། །གཉིས་བྱུང་ང་ཡིས་བྱས་པ་སྟེ། །བྱས་པའི་ཆོས་ལ་བགྲངས་པ་ཡིན། །གྲངས་ཀྱི་དོན་ནི་གཅིག་དང་གཉིས། །གྲངས་ཀྱི་མཐའ་ནི་བརྗོད་དུ་མེད། །བརྗོད་མེད་ཆོས་ཀྱི་སྙིང་པོ་ཡིན། །བརྗོད་མེད་སྙིང་པོ་གཅིག་ཏུ་བསྟན། །གཅིག་ནི་ཀུན་བྱེད་བྱང་ཆུབ་སེམས། །བྱས་པའི་ཆོས་ནི་རྣམ་པ་གཉིས། །རྒྱུ་དང་འབྲས་བུ་རྣམ་གཉིས་ལས། །དོན་དམ་ཀུན་རྫོབ་རྣམ་གཉིས་ཀྱིས། །དཔེ་དོན་རྟགས་དང་གཏན་ཚིགས་སུ། །ངེས་ལུང་དྲང་ལུང་གཉིས་སུ་བཤད། །རྒྱུ་ནི་འབྱུང་ཆེན་རྣམ་ལྔ་ལ། །འབྲས་བུ་ཁམས་གསུམ་སེམས་ཅན་ཡིན། །ཁམས་གསུམ་སེམས་ཅན་རྒྱུ་བྱས་ནས། །འབྲས་བུ་སངས་རྒྱས་མིང་བཏགས་ཏེ། །རྒྱུ་འབྲས་དཔེ་དོན་དེ་རུ་བསྟན། །རྒྱུ་ནི་ཁམས་གསུམ་སེམས་ཅན་ལ། །འབྲས་བུ་སངས་རྒྱས་ལུང་བསྟན་པ། །དེ་ནི་དྲང་བའི་ལུང་དུ་བཤད། །རྣམ་པ་གཉིས་སུ་དབྱེ་བར་བྱ། །རྒྱུ་ནི་འབྱུང་ཆེན་རྣམ་ལྔ་ཡིན། །བྱས་པའི་ཆོས་ནི་ཐམས་ཅད་ཀུན། །སེམས་ཉིད་མངོན་དུ་ཕྱུང་བ་ཡིན། །དེ་བཞིན་ཉིད་དུ་མ་གཏོགས་པར། །མ་རིག་ལོག་རྟོག་གཟུང་འཛིན་གྱིས། །ཡུལ་དྲུག་ཆོས་ལ་ངེས་བརྟགས་པས། །འཇིག་པ་དྲུག་དང་བརྟེན་པ་དྲུག །འཇིག་རྟེན་ཞེས་སུ་བཤད་པ་ཡིན། །ཡུལ་དྲུག་ཆགས་པ་དྲུག་བརྟེན་ནས། །ཆགས་དྲུག་སྡུག་བསྔལ་ཡ་ང་ལ། །མྱ་ངན་མྱ་ངན་ཞེས་སུ་བཤད། །མྱ་ངན་མྱ་ངན་འདས་ཞེས་པ། །ཡུལ་དྲུག་ཆོས་ལ་མི་རྟོག་པས། །སྐྱེ་


DNG005_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གནས་སུ་མི་སྐྱེ་སྟེ། །སྡུག་བསྔལ་དྲུག་ལས་འདས་པའི་ཕྱིར། །མྱ་ངན་འདས་ཞེས་དེ་ལ་བྱ། །ཇི་བཞིན་སྙིང་པོ་བྱང་ཆུབ་ལས། །མ་བཙལ་རང་བཞིན་ཤར་བ་ཡི། །འབྱུང་བ་ཆེན་པོ་ལྔ་པོ་ཡང་། །རང་གི་མཚན་ཉིད་རང་འཛིན་ལ། །ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱང་། །དམིགས་སུ་མེད་པའི་ངོ་བོ་འཛིན། །མཚན་ཉིད་མཚན་ཉིད་ཞེས་སུ་བཤད། །རང་བཞིན་ཤར་བའི་ཆེན་པོ་ལྔས། །ཆོས་ཀུན་བསྐྱེད་པའི་སྙིང་པོ་ཡིན། །དེ་ཡིས་བསྐྱེད་པའི་སེམས་ཅན་རྣམས། །རང་འབྱུང་ཡིན་པར་མི་རྟོག་པར། །སྤྱོད་པའི་ལམ་དེ་རྒྱུར་བལྟས་ནས། །རྒྱུ་ལས་འབྲས་བུ་འབྱུང་འདོད་པས། །རྒྱུ་ཞེས་མིང་དུ་བཏགས་པ་ཡིན། །འབྲས་བུ་གང་ཐོབ་ཐེག་པར་བཤད། །སྤོང་འགེགས་སྦྱོང་བ་རྣམས་སུ་བསྟན། །འབྲས་བུ་ཞེས་སུ་བཏགས་པ་ནི། །སྙིང་པོ་རྒྱུ་ལས་འབྲས་བུར་བཤད། །སྙིང་པོའི་རང་བཞིན་དེ་ལ་ནི། །སྐྱེ་འཇིག་མེད་པའི་རང་བཞིན་ལ། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །རྡོ་རྗེ་དེ་སྒྲུབ་ཕྱི་བ་གཉིས། །སྐུ་དང་གསུང་ཐུགས་ཡེ་ཤེས་ནི། །བླང་དོར་བྱས་པའི་སྒོ་ནས་ནི། །ཆུ་ཟླ་བཞིན་དུ་གྲུབ་པར་འདོད། །བླང་དོར་མེད་པའི་ནང་པ་ནི། །རིམ་པ་གསུམ་དང་སྙིང་པོ་ཡིས། །བདག་ཉིད་དབྱིངས་དང་ཡེ་ཤེས་ལྟ། །གང་ལའང་མི་བརྟེན་བྱ་མེད་འདི། །ཀུན་གྱི་སྙིང་པོར་གྱུར་པས་ན། །བྱ་བ་མེད་པའི་ཕྲིན་ལས་འདས། །བྱ་མེད་བདེ་བ་སྤོང་བྱེད་པ། །མི་རྩོལ་བདེ་བའི་ལུང་བསྟན་བཀོད། །བསྐལ་པ་གསུམ་དང་མི་ཚེ་བདུན། །ཟླ་དྲུག་ལོ་གཅིག་ཟླ་བཅུ་དྲུག །རྩོལ་བར་བྱེད་པའི་ཐེག་པ་ཅན། །བྱ་མེད་ངོ་བོ་འདི་བསྟན་པས། །མི་རྩོལ་ལྷུན་གྲུབ་བདེ་ལ་གནས། །འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པས། །བྱ་བ་ཕུན་སུམ་ཚོགས་པར་བདེ། །གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱིས་བྱས་པར་རྫོགས། །ཀུན་རྫོགས་ཕུན་སུམ་ཚོགས་པར་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་


DNG005_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གནས། །ཀུན་རྫོགས་པ་ཡི་དོན་འདི་ཡིས། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། །བྱ་མེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ན། །རྩོལ་སྒྲུབ་མི་བྱེད་བདེ་བར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྣམ་གྲངས་བསྡུས་པའི་ལེའུ་སྟེ་བདུན་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་བྱས་པའི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་གཅིག་པ་ལས་དེ་བཞིན་ཉིད་ལ་རང་བཞིན་གསུམ་སྣང་བར་འགྱུར་བ་དེ་སོ་སོར་སྣང་བ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ང་ཡི་དེ་བཞིན་ཉིད་གཅིག་ནི། །ཕུན་སུམ་ཚོགས་པ་གསུམ་དུ་སྣང་། །དེ་བཞིན་མ་སྐྱེས་རང་བཞིན་ནི། །དེ་བཞིན་ཉིད་དེ་ཡུལ་དུ་སྣང་། །ཡུལ་དེ་ཀུན་གྱི་དེ་བཞིན་ཉིད། །དེ་ལ་ཀུན་ཀྱང་བརྟགས་བྱས་ནས། །དེ་བཞིན་ཉིད་ལ་ལྟ་བྱེད་པ། །མ་བསྒྲིབས་རང་འབྱུང་ཡེ་ཤེས་ནི། །རྒྱུ་འབྲས་སྟོན་པ་སྐུ་གསུམ་སྣང་། །ལ་ལ་རྒྱུ་ཡི་སྟོན་པར་སྣང་། །ལ་ལ་འདྲེལ་བའི་སྟོན་པར་སྣང་། །ལ་ལ་འབྲས་བུའི་སྟོན་པར་སྣང་། །ཐུགས་རྗེ་མངོན་དུ་ཕྱུང་བ་ཡི། །རང་འབྱུང་ཡེ་ཤེས་རྣམ་ལྔ་ལས། །བྱུང་བའི་སངས་རྒྱས་སེམས་ཅན་རྣམས། །བསྟན་པའི་ཡུལ་དང་འཁོར་དུ་སྣང་། །དེ་ལྟ་བུ་ཡི་འཁོར་ཚོགས་ལ། །རྒྱུ་འབྲས་སྟོན་པ་སྐུ་གསུམ་གྱིས། །དེ་བཞིན་ཉིད་ཀྱི་ཡུལ་གཅིག་ལ། །འཁོར་གྱི་ལྟ་བ་སོ་སོ་བས། །ལ་ལ་སྤོང་འགེགས་ཡུལ་དུ་བསྟན། །ལ་ལར་སྦྱོང་ཞིང་བགྲོད་པར་བསྟན། །ལ་ལར་བྱིན་རླབས་དག་པར་བསྟན། །ལ་ལར་བླང་དོར་གྱིས་གྲུབ་བསྟན། །ལ་ལར་རང་རྒྱུད་དག་པ་སྟེ། །བཙལ་ཞིང་བསྒྲུབ་ཏུ་ཡོད་པར་བསྟན། །དེ་ལྟར་སྟོན་པ་སྐུ་གསུམ་གྱིས། །རྒྱུ་དང་འབྲས་ལ་དགོངས་ནས་བསྟན། །རྒྱུ་དང་འབྲས་བུ་རྣམ་གཉིས་ཀྱང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་ང་ཡིས་ལུང་བསྟན་ཏོ། །དེ་བཞིན་ཉིད་ནི་འདི་ལྟ་སྟེ། །ཀུན་བྱེད་ང་ཡང་དེ་བཞིན་ཉིད། །ངས་བྱས་ཀུན་ཀྱང་དེ་བཞིན་


DNG005_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །ཡུལ་དྲུག་ང་ཡིས་བྱས་པ་ཡིན། །དབང་དྲུག་ང་ཡི་རིག་པ་ཡིན། །རྣམ་པར་ཤེས་པའི་ཚོགས་རྣམས་ནི། །ང་ཡི་རང་འབྱུང་ཡེ་ཤེས་ཡིན། །འབྱུང་ཆེན་ལྔ་ཡང་རྒྱུ་ལྔ་སྟེ། །ཀུན་གྱི་རྒྱུ་ལྔ་དེ་བཞིན་ཉིད། །ཐུགས་རྗེ་རང་འབྱུང་ཡེ་ཤེས་ལྔ། །ཁམས་གསུམ་རྒྱུད་དྲུག་ཕྱུང་བ་ཡང་། །དེ་བཞིན་ཉིད་ཀྱི་ངོ་བོར་བཤད། །དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། །ངོ་བོ་གཉིས་སུ་མེད་པ་སྟེ། །རང་བཞིན་གཅིག་ཏུ་གནས་པ་ལ། །རྣལ་འབྱོར་བཞག་པ་བཞི་ཕྱུང་བ། །རྣལ་འབྱོར་རྣམ་པ་བཞི་ལས་བྱུང་། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཆོས་རྣམས་ཀུན་གྱི་རྣལ་མའི་ངོ་བོ་སྟེ། །ཇི་བཞིན་དེ་བཞིན་ཉིད་དུ་ཡེ་ནས་གནས། །ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོ་སེམས་དཔའི་རྣལ་འབྱོར་བཞིས། །སྙིང་པོ་དོན་གྱི་རྣལ་མ་བྱ་མེད་ལ། །བལྟས་པས་མཐོང་བའི་ཡུལ་ནི་རྣམ་པ་བཞི། །སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་མཐོང་། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས། །བྱིན་གྱིས་བརླབས་ནས་སེམས་དཔའི་ལྷ་གཉིས་ལྟ། །སྙིང་པོ་དོན་གྱི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱ་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་ཏེ། །བསྙེན་བསྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ནས། །འཕྲོ་འདུ་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་ཆེན་པོ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱ་མེད་ལ། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། །དབྱིངས་ནི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ། །ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང་། །སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། །རྒྱུ་འབྲས་འདས་པའི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་


DNG005_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྣལ་འབྱོར་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱ་མེད་ལ། །ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལྟ་མཐོང་བ། །བྱང་ཆུབ་སེམས་ནི་ཀུན་གྱི་སྙིང་པོར་མཐོང་། །དེ་ཉིད་མ་བཅོས་དོན་གྱི་རྣལ་མར་མཐོང་། །ལྟ་བ་ཡེ་ནས་བསྒོམ་དུ་མེད་པར་གཞག །དམ་ཚིག་ཡེ་ནས་བསྲུང་དུ་མེད་པར་གཞག །ཕྲིན་ལས་ཡེ་ནས་བཙལ་དུ་མེད་པར་གཞག །བཞག་པས་དེ་བཞིན་ཉིད་ལ་རྣལ་དུ་འབྱོར། །རྣལ་འབྱོར་རྣམ་བཞི་ལྟ་བའི་བྱེ་བྲག་ནི། །ཡུལ་གཅིག་རེ་རེ་ལ་ཡང་བཞིར་དབྱེ་བ། །སེམས་དཔའི་རྣལ་འབྱོར་བྱེ་བྲག་བཞིར་དབྱེ་བ། །ཡུལ་དང་དབང་པོ་རྣམ་པར་མི་རྟོག་སེམས། །དེས་ན་སེམས་དཔའི་རྣལ་འབྱོར་ཉིད་དུ་བཤད། །བྱང་ཆུབ་བྱིན་རླབས་ཆོ་འཕྲུལ་འབྱིན་པ་ནི། །དེ་ནི་རྣལ་འབྱོར་ཆེན་པོ་ཞེས་སུ་བཤད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པ་ནི། །ཡོངས་སུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །ཡེ་ཤེས་དམ་ཚིག་རང་བཞིན་མེད་ལྟ་བ། །ཤིན་ཏུ་རྣལ་འབྱོར་དགོངས་པར་སེམས་དཔའ་བཞེད། །བླང་དོར་མེད་པའི་རྣལ་འབྱོར་དེ་མ་མཐོང་། །རྣལ་འབྱོར་ཆེན་པོ་བྱེ་བྲག་བཞིར་དབྱེ་བ། །དང་པོར་ཏིང་འཛིན་རྣམ་གསུམ་སེམས་པ་ནི། །སེམས་དཔའི་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །རང་རྒྱུད་དག་པས་ཡེ་ཤེས་ལྟ་བྱེད་པ། །རྣལ་འབྱོར་ཆེན་པོ་ཞེས་སུ་བཤད་པ་ཡིན། །བསྙེན་སྒྲུབ་རྣམ་བཞི་ཡོངས་སུ་རྫོགས་པ་ནི། །ཡོངས་སུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །ཐམས་ཅད་བདག་ཉིད་ཆེན་པོར་ལྟ་བ་ནི། །ཤིན་ཏུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །རྩོལ་སྒྲུབ་འདས་པའི་རྣལ་མ་མཐོང་བ་མིན། །ཡོངས་སུ་རྣལ་འབྱོར་བྱེ་བྲག་བཞིར་ལྟ་བ། །ཏིང་འཛིན་རིམ་པས་བདག་སྐུར་མི་བསྐྱེད་པར། །ཆོས་ཉིད་རང་རྒྱུད་དག་པར་སེམས་པའི་ཕྱིར། །སེམས་དཔའི་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །ཡབ་ཡུམ་ཐབས་དང་ཤེས་རབ་མི་ལྟོས་པར། །སྙིང་པོ་ཙམ་གྱིས་དཀྱིལ་འཁོར་རྫོགས་པའི་ཕྱིར། །རྣལ་འབྱོར་ཆེན་པོའི་དགོངས་པར་བཤད་པ་ཡིན། །སྣང་བ་རང་


DNG005_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པའི་ཆོས་ཉིད་དུ། །སྤྱོད་པས་ཡོངས་སུ་རྣལ་འབྱོར་ཉིད་དུ་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རྒྱུ་དབྱིངས་འབྲས་བུ་ཡེ་ཤེས་ལྟ་བའི་ཕྱིར། །ཤིན་ཏུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །རྒྱུ་འབྲས་འདས་པའི་རྣལ་མ་མཐོང་བ་མིན། །ཤིན་ཏུ་རྣལ་འབྱོར་བྱེ་བྲག་རྣམ་བཞི་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས་དེ་ནི། །སེམས་དཔའི་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས་དེ་ནི། །རྣལ་འབྱོར་ཆེན་པོ་ཞེས་སུ་བཤད་པ་ཡིན། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས་དེ་ནི། །ཡོངས་སུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །ཡིན་མིན་སྒྲོ་དང་སྐུར་པ་འདས་པའི་ཕྱིར། །ཤིན་ཏུ་རྣལ་འབྱོར་ཞེས་སུ་ང་ཡིས་བཤད། །ཡོངས་སུ་རྣལ་འབྱོར་ལ་སོགས་གསུམ་པོ་ལ། །རང་འབྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་སྦྱོང་བར་བྱེད། །དམ་ཚིག་ཚུལ་བསྲུང་ལྟ་བ་སྒོམ་བྱེད་པས། །གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི། །ཡེ་ནས་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཕྱིར། །ལམ་ལ་མི་བགྲོད་ས་ལ་སྤྱོད་མི་བྱེད། །དམ་ཚིག་མི་སྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བགྲོད། །བགྲོད་ས་བྱང་ཆུབ་ཉིད་ལས་མེད་པའི་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྤྱོད། །དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྲུང་། །བསྒོམ་པའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་བསྒོམ་དུ་མེད། །ལྟ་བའི་ཡུལ་ནི་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར། །ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱ་མེད་འདི། །རང་འབྱུང་ཡེ་ཤེས་གོམ་པ་དྲག་དལ་ཅན། །ཀུན་བྱེད་རྒྱལ་པོ་ང་ཡི་གོམ་པ་ཡིན། །རྒྱུ་འབྲས་ཐེག་པ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་


DNG005_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཀྱི་རང་བཞིན་ལས་ཆོས་ཉིད་ཀྱི་ཡུལ་ཀུན་ལ་བཀོད་པའི་ལེའུ་སྟེ་བརྒྱད་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྒྱུ་འབྲས་ཀྱི་ཐེག་པ་བགྲོད་ལམ་ནོར་བས་རྫོགས་པ་ཆེན་པོ་ལས་གོལ་ས་དང་སྒྲིབ་པར་གྱུར་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་ནི། །ཆོས་ཀུན་མ་ལུས་པ་ཡི་སྙིང་པོ་སྟེ། །མ་སྐྱེས་རྣམ་པར་དག་པས་སྒྲིབ་པ་མེད། །བགྲོད་པའི་ལམ་དང་བྲལ་བས་གོལ་ས་མེད། །ཡེ་ནས་ལྷུན་གྱིས་གྲུབ་པས་བཙལ་དུ་མེད། །ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་སུ་གཅིག །གཅིག་ལ་རྣམ་པར་བགྲངས་པས་གོལ་སྒྲིབ་བྱུང་། །བགྲོད་དུ་མེད་ལ་བགྲོད་པས་གོལ་ས་བྱུང་། །དམིགས་མེད་བལྟས་པས་མ་མཐོང་སྒྲིབ་པ་བྱུང་། །དེ་བཞིན་ཉིད་དུ་ཐམས་ཅད་གཅིག་པ་ལ། །རྒྱུ་སྤྱད་འབྲས་བུ་ཕྱི་མར་འདོད་པ་ནི། །ཕ་རོལ་ཕྱིན་བཅུ་ས་བཅུ་ཐོབ་འདོད་པ། །བསྐལ་པ་གསུམ་གྱི་བར་དུ་གོལ་ནས་བསྒྲིབས། །ཕྱི་ནང་རྟོག་པ་དག་པ་རྣམ་གསུམ་གྱིས། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་ཡན་ལག་གི། །དམ་ཚིག་སྡོམ་པ་ཚུལ་བཞིན་དག་ན་ཡང་། །མི་ཚེ་བདུན་གྱི་བར་དུ་གོལ་ཞིང་བསྒྲིབས། །རྒྱུ་ལ་སྤྱོད་ཅིང་འབྲས་བུ་ལྟ་བ་ནི། །ལྟ་སྤྱོད་སོ་སོ་གཉིས་སུ་བལྟས་པ་ཡིས། །གཉིས་སུ་མེད་ལ་མི་ཚེ་གསུམ་བསྒྲིབས་གོལ། །སྙིང་པོ་གཅིག་ལ་བླང་དོར་བྱེད་པ་དེ། །གཅིག་ཏུ་མ་མཐོང་གཉིས་སུ་མཐོང་བས་ན། །བླང་དོར་མ་བྲལ་བར་དུ་གོལ་ཞིང་བསྒྲིབས། །རང་འབྱུང་གཅིག་ལ་ཡིན་པ་གསུམ་བསྒོམས་པས། །རྩོལ་བྲལ་ལུང་ལས་གོལ་ཞེས་ལུང་སྟོན་ཅིག །ཇི་ལྟར་སྣང་ཞིང་སྲིད་པའི་ཆོས་རྣམས་ལ། །སྙིང་པོ་དེ་བཞིན་ཉིད་དུ་མ་རྟོགས་པར། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་བལྟས་པའི་ཕྱིར། །རྒྱུ་ཡི་སྒྲོས་དང་འབྲས་བུའི་སྐུར་ཡིན་པས། །སྒྲོ་སྐུར་གཉིས་བྲལ་ཡིད་ཆེས་བར་དུ་སྒྲིབ། །མེད་པའི་འབྲས་བུ་འདོད་པ་རྣམ་དྲུག་ནི། །རྒྱུ་ལ་བདེན་པ་གཉིས་ཀྱིས་ཐོབ་བྱེད་དང་། །དག་


DNG005_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྤྱད་པས་འབྲས་བུ་ཐོབ་བྱེད་དང་། །ལྟ་སྤྱོད་སོ་སོས་ཐོབ་པར་འདོད་པ་དང་། །བླང་དོར་སྤྱད་པས་ཐོབ་པར་འདོད་པ་དང་། །རིག་པ་གསུམ་བསྒོམས་ཐོབ་པར་འདོད་པ་དང་། །རྒྱུ་འབྲས་དབྱིངས་ཉིད་ཡེ་ཤེས་བལྟས་པ་ཡིས། །ཐོབ་པར་འདོད་པའི་ངེས་ཐོབ་རྣམ་པ་དྲུག །གོལ་ས་དྲུག་དང་སྒྲིབ་པ་དྲུག་དྲུག་སྟེ། །བྱང་ཆུབ་སེམས་ལས་གོལ་སྒྲིབ་སྐྱོན་ཡིན་པས། །ངེས་ཐོབ་དྲུག་གི་སྐྱོན་ཡོན་གསལ་བར་གསུང་། །རྟོག་དཔྱོད་གཉིས་ཀྱང་གོལ་ས་སྒྲིབ་པ་ལ། །གཟུང་འཛིན་གཉིས་ཀྱང་གོལ་ས་སྒྲིབ་པར་བཤད། །ལྟ་སྤྱོད་གཉིས་ཀྱང་གོལ་ས་སྒྲིབ་པར་བཤད། །ལྟ་སྤྱོད་བླང་དོར་རྩོལ་སྒྲུབ་རྒྱུ་འབྲས་འདས། །མི་རྩོལ་བདེ་བ་ཆེ་ལ་ཀུན་གོལ་བསྒྲིབས། །བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལྟ་བུ་སེམས་ཉིད་ཆོས་ཉིད་ལ། །ལྟ་བས་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །ཕྲིན་ལས་བཙལ་མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བ་ཆོས་མེད་གཉིས་མེད་འདྲེལ་པ་མེད། །སེམས་ལས་ངེས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ལྟར་མེད་གཅིག་ལ་སྒོམ་བྱེད་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་ལྟ་བའི་གོལ་སྒྲིབ་བྱུང་། །བསྲུང་མེད་གཅིག་ལ་སྡོམ་པ་དྲུག་བསྲུངས་པས། །ལ་གོལ་ལ་བསྒྲིབས་དམ་ཚིག་གོལ་སྒྲིབ་བྱུང་། །བཙལ་མེད་གཅིག་ལ་ཕྲིན་ལས་དྲུག་རྩོལ་བས། །ལ་གོལ་ལ་བསྒྲིབས་ཕྲིན་ལས་གོལ་སྒྲིབ་བྱུང་། །བསྒྲིབས་མེད་གཅིག་ལ་ཡེ་ཤེས་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་ཡེ་ཤེས་གོལ་སྒྲིབ་བྱུང་། །སྦྱངས་མེད་གཅིག་ལ་སྦྱངས་ཐོབ་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་ས་ཡི་གོལ་སྒྲིབ་བྱུང་། །བགྲོད་མེད་གཅིག་ལ་ལམ་བགྲོད་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་ལམ་གྱི་གོལ་སྒྲིབ་བྱུང་། །གཟུང་མེད་གཅིག་ལ་འཛིན་བྱེད་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་ཆོས་ཀྱི་གོལ་སྒྲིབ་བྱུང་། །གཉིས་མེད་


DNG005_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་འདྲེལ་པ་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་འདྲེལ་པའི་གོལ་སྒྲིབ་བྱུང་། །བདེན་པ་གཅིག་ལ་ངེས་པ་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་ལུང་གི་གོལ་སྒྲིབ་བྱུང་། །བརྗོད་མེད་གཅིག་ལ་རྗོད་བྱེད་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་མན་ངག་གོལ་སྒྲིབ་བྱུང་། །ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཡེ་ནས་རང་གི་རང་བཞིན་ལྷུན་གྲུབ་པས། །རང་བཞིན་བཅུ་ཡིས་བཙལ་ཞིང་བསྒྲུབ་མི་དགོས། །ང་ཡི་རང་བཞིན་ཀུན་དཔེ་ནམ་མཁའ་འདྲ། །ནམ་མཁའ་དག་ལ་ཀུན་ཀྱང་རྩོལ་མི་བྱེད། །ནམ་མཁའ་དག་ལ་ཀུན་གྱིས་རྩོལ་བྱ་རུ། །ནམ་མཁའ་ཀུན་བྱས་རྩོལ་སྒྲུབ་ཀུན་ལས་འདས། །དེ་བཞིན་ཀུན་བྱེད་སྙིང་པོ་བྱང་ཆུབ་སེམས། །ང་ཉིད་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ང་ལ་ལྟར་མེད་བསྒོམ་དུ་ཡེ་ནས་མེད། །དེ་བཞིན་རང་བཞིན་བཅུ་པོ་དེས་ཀྱང་ནི། །འདས་པ་ང་ལ་བྱ་རུ་ཡོད་མ་ཡིན། །རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ཀྱིས། །རང་བཞིན་བཅུ་ཡིས་ང་ལ་བཙལ་བྱས་ནས། །ང་དང་ང་ཡི་རང་བཞིན་མཐོང་འདོད་པས། །མཁའ་ལ་གོམ་པོར་ས་ལ་ལྟུང་བ་བཞིན། །རང་བཞིན་བཅུ་པོས་བགྲོད་པས་ལྟུང་བར་འགྱུར། །ང་ཡི་རང་བཞིན་ངེས་པར་ཁུངས་བསྟན་པ། །ང་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ལྟ་བ་བསྒོམ་དུ་མེད་པ་དེ་བཞིན་དུ། །རང་བཞིན་བཅུ་ལ་དེ་བཞིན་དོན་མེད་ཀྱིས། །རང་བཞིན་བཅུ་ལ་དོན་ཡོད་མ་རྟོགས་ཤིག །ང་ནི་བལྟས་པས་མཐོང་བའི་ཡུལ་མེད་པས། །ལྟ་བར་མ་བྱེད་དེ་བཞིན་ཉིད་དུ་ཞོག །སྤྲོས་བྲལ་མ་སྐྱེས་བྲལ་བའི་རྒྱུ་མེད་པས། །སྡོམ་པ་དང་ནི་ཚུལ་ཁྲིམས་བསྲུང་མི་དགོས། །སྙིང་པོར་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །རྩོལ་བ་དང་ནི་བསྒྲུབ་པ་བྱ་མི་དགོས། །རང་འབྱུང་ཡེ་ཤེས་སྒྲིབ་པ་མེད་པའི་ཕྱིར། །རིག་པའི་ཡེ་ཤེས་གསལ་བར་བསྐྱེད་དུ་མེད། །ཐམས་ཅད་ང་ཡི་ས་རུ་གནས་པའི་ཕྱིར། །སྦྱངས་ནས་བགྲོད་པའི་ས་ནི་ཡོད་མ་ཡིན། །ང་ཡིས་ཀུན་ལ་ཁྱབ་པར་


DNG005_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཕྱིར། །ང་ལ་བགྲོད་པར་བྱ་བའི་ལམ་ཡོད་མིན། །ང་ནི་ཡེ་ནས་གཟུང་འཛིན་བྲལ་བའི་ཕྱིར། །ཕྲ་བ་ཞེས་ནི་མིང་དུ་གདགས་སུ་མེད། །ང་ཡི་གཟུགས་ཀྱིས་ཀུན་ལ་ཁྱབ་པའི་ཕྱིར། །གཉིས་ཤེས་བྱ་བ་ཡེ་ནས་ཡོད་མ་ཡིན། །ང་ནི་ཡེ་ནས་རང་འབྱུང་ཡེ་ཤེས་ལ། །ང་ལ་གཞན་གྱིས་གཏན་ལ་དབབ་ཏུ་མེད། །ང་ནི་ཀུན་གྱི་བྱང་ཆུབ་སྙིང་པོ་བས། །གསང་བའི་མན་ངག་གཞན་ན་ཡོད་མ་ཡིན། །སྒྲོ་དང་སྐུར་པ་ཀུན་ལས་འདས་པའི་ཕྱིར། །ཆོས་རྣམས་ཀུན་གྱི་ལ་ནི་ང་ཡིས་བཟླས། །ང་མེད་པ་ཡི་ཡུལ་ནི་གཞན་མེད་པས། །ལྟ་བ་བསྒོམ་དུ་མེད་པར་ལ་ཡང་བཟླས། །ང་ལས་གཞན་དུ་བསྲུང་དུ་མེད་པའི་ཕྱིར། །དམ་ཚིག་བསྲུང་དུ་མེད་པར་ལ་ཡང་བཟླས། །ང་ལས་གཞན་དུ་བཙལ་དུ་མེད་པའི་ཕྱིར། །ཕྲིན་ལས་བཙལ་དུ་མེད་པར་ལ་ཡང་བཟླས། །ང་ལས་གཞན་དུ་གནས་པ་མེད་པའི་ཕྱིར། །ས་ལ་སྦྱང་དུ་མེད་པར་ལ་ཡང་བཟླས། །ང་ལ་སྒྲིབ་པ་ཡེ་ནས་མེད་པའི་ཕྱིར། །རང་འབྱུང་ཡེ་ཤེས་ཡིན་པར་ལ་ཡང་བཟླས། །ང་ནི་མ་སྐྱེས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་ཆོས་ཉིད་ཡིན་པར་ལ་ཡང་བཟླས། །ང་ལས་གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ལམ་ལ་བགྲོད་དུ་མེད་པར་ལ་ཡང་བཟླས། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །སྙིང་པོ་བྱང་ཆུབ་ང་ལས་བྱུང་བའི་ཕྱིར། །ཡེ་ནས་གཉིས་སུ་མེད་པར་ལ་ཡང་བཟླས། །རང་འབྱུང་ཡེ་ཤེས་གཏན་ལ་འབེབས་པའི་ཕྱིར། །ལུང་ཆེན་ཐོག་འབེབས་ཡིན་པར་ལ་ཡང་བཟླས། །ཆོས་རྣམས་ཐམས་ཅད་ང་ལས་མེད་པའི་ཕྱིར། །ཀུན་བྱེད་ང་ནི་ཀུན་གྱི་ལ་བཟླའོ། །ང་མ་ཤེས་པས་སྒྲིབ་པའི་ངོ་བོར་བཤད། །ང་ལས་གཞན་བཙལ་གོལ་ས་བྱུང་བ་ཡིན། །ལས་དང་ཤེས་བྱ་རྣམ་པ་གཉིས་སུ་བསྟན། །མ་མཐོང་བ་ནི་ལས་ཀྱི་སྒྲིབ་པ་ཡིན། །མ་ཤེས་པ་ནི་ཤེས་བྱའི་སྒྲིབ་པ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སྙིང་པོ་བྱང་ཆུབ་སེམས་ཀྱི་ངོ་


DNG005_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བོ་བས། །མ་རིག་མ་ཤེས་སྒྲིབ་གཉིས་ངོ་བོར་བཤད། །བཙལ་ཞིང་བསྒྲུབ་པ་གོལ་སར་ངས་བཤད་དོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ནི། །རང་ཡིན་གཞན་མིན་དེ་ལ་རང་རྟོག་ན། །དེ་ནི་རང་ལ་རང་གིས་བསྒྲིབས་པ་སྟེ། །རང་གི་རང་བཞིན་དེ་ཡིས་ཤེས་པ་མིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སེམས་དཔའ་ཉིད་ཡིན་ཉིད་ལས་གཞན་མིན་གྱིས། །མི་རྟོག་མཉམ་པ་ཉིད་དུ་བདེ་བར་མནོས། །དེ་ལ་བདེ་བའི་དོན་ནི་འདི་ལྟ་སྟེ། །རང་བཞིན་ཆེན་པོ་བཅུ་ལ་རྩོལ་མི་དགོས། །རང་བཞིན་ཆེན་པོ་བཅུ་ལ་མ་བཙལ་བས། །གོལ་ས་སྒྲིབ་པ་དྲུག་དྲུག་བཅུ་པོ་ཡི། །སུམ་བརྒྱ་དྲུག་ཅུ་གོལ་སྒྲིབ་མཐའ་ཡས་མེད། །ཀྱེ་སེམས་དཔའ་ཆེན་པོ། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་གི་སྙིང་པོ་བྱང་ཆུབ་མངོན་བྱུང་གིས། །འདི་མ་ཡིན་གྱི་ཆོས་ནི་གཞན་མ་བཤད། །འདི་ལ་མ་རྟོག་ཤིག་པར་ང་ལུང་སྟོན། །སེམས་དཔའ་ཁྱོད་ཀྱིས་འཁོར་གྱི་ཚོགས་རྣམས་ལ། །ངས་བསྟན་བཞིན་དུ་ཚོགས་ལ་ལུང་སྟོན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་གོལ་སྒྲིབ་སྐྱོན་སེལ་གྱི་ལེའུ་སྟེ་དགུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་རང་བཞིན་ཕུན་སུམ་ཚོགས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ལ་ཐམས་ཅད་ཚོགས་པའི་ཕྱིར། །དེ་ཕྱིར་ཕུན་སུམ་ཚོགས་ཞེས་བྱ་བར་བཤད། །ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལས། །སྟོན་པ་བསྟན་པ་འཁོར་རྣམས་བྱུང་བའི་ཕྱིར། །ཀུན་བྱེད་ཅེས་ནི་དེ་ལ་བཏགས་པ་ཡིན། །དང་པོར་སྟོན་པ་ཕུན་སུམ་ཚོགས་པ་ནི། །ཀུན་བྱེད་ང་ཡི་རང་འབྱུང་ཡེ་ཤེས་ལས། །རང་བཞིན་རྣམ་པ་གསུམ་དུ་བྱུང་བ་དེ། །སྐུ་གསུམ་སྟོན་པ་གསུམ་དུ་བསྟན་པ་ཡིན། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པའི་སྐུ་དང་རྣམ་པ་གསུམ་དུ་བསྟན། །


DNG005_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་དེ་ཡི་རང་བཞིན་བསྟན་པ་ནི། །ཆོས་ཀྱི་སྐུ་ཡི་རང་བཞིན་བསྟན་པ་ནི། །མ་སྐྱེས་གཟུང་འཛིན་བྲལ་བའི་རང་བཞིན་བཞུགས། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་རང་བཞིན་ནི། །ཇི་ལྟར་འདོད་པའི་ལོངས་སྤྱོད་རྫོགས་པར་བཞུགས། །སྤྲུལ་པའི་སྐུ་ཡི་རང་བཞིན་བསྟན་པ་ནི། །ཇི་ལྟར་འདུལ་བའི་སྐུ་རུ་སྤྲུལ་ནས་བཞུགས། །སྐུ་གསུམ་སྟོན་པ་དེ་ཡི་བསྟན་པ་ནི། །ཕྱི་ནང་གསང་བ་རྣམ་པ་གསུམ་དུ་བསྟན། །སྟོན་པ་ཆོས་སྐུའི་བསྟན་པ་འདི་ལྟ་སྟེ། །གསང་བ་གསུམ་གྱི་རང་བཞིན་བསྟན་པ་སྟེ། །གཞི་མ་ཆོས་ཉིད་དག་གི་རང་བཞིན་ལས། །གསང་བ་བསྐྱེད་དང་གསང་བ་རྫོགས་པ་དང་། །གསང་བ་རྫོགས་པ་ཆེན་པོའི་རང་བཞིན་གསུམ། །ཀུན་གྱི་སྤྱོད་ཡུལ་མ་ཡིན་གསང་བར་བཤད། །མེད་པའི་རིམ་པ་གསུམ་སྐྱེད་གསང་སྟོན་པ། །དེ་ནི་གསང་བ་བསྐྱེད་པ་ཞེས་སུ་བཤད། །གསང་བ་རྫོགས་པ་ཞེས་སུ་བསྟན་པ་ནི། །ནང་གི་ཤེས་རབ་ཏིང་འཛིན་གསུམ་མི་རྟོགས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །ནང་གི་ཏིང་འཛིན་ཤེས་རབ་སྙིང་པོ་བརྗོད། །རང་རྒྱུད་དག་པ་ཡེ་ནས་ལྷར་བྱས་ནས། །རང་གི་ལུས་ཀྱི་རྡོ་རྗེ་སྐྱེ་མཆེད་རྣམས། །ལྟ་སྤྱོད་བླང་དོར་གཉིས་མེད་བདག་ཉིད་འདོད། །དེ་ནི་ནང་གི་གསང་བ་རྫོགས་པར་བཤད། །གསང་བ་རྫོགས་པ་ཆེན་པོ་བསྟན་པ་ནི། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ནི། །ཏིང་འཛིན་གསུམ་གྱིས་བྱང་ཆུབ་སེམས་མ་བསྐྱེད། །སྙིང་པོ་ཡིག་འབྲུ་བརྗོད་ནས་རྫོགས་མ་བྱས། །ཀུན་བྱེད་པ་ནི་རྫོགས་པ་ཆེན་པོ་སྟེ། །ང་ལ་མ་རྫོགས་པ་ནི་གང་ཡང་མེད། །ང་ཡི་རང་བཞིན་རྣམ་གསུམ་བསྟན་པ་ནི། །རྫོགས་ཆེན་བྱང་ཆུབ་སེམས་གསུམ་བསྟན་པ་ཡིན། །དེ་ནི་གསང་བ་རྫོགས་པ་ཆེན་པོར་བཤད། །དེ་ནི་སྟོན་པ་ཆོས་སྐུའི་བསྟན་པར་བཤད། །སྟོན་པ་ལོངས་སྤྱོད་རྫོགས་པའི་བསྟན་པ་ནི། །བྱ་བ་བྱེད་པའི་ཕྱི་པ་སྡེ་གསུམ་སྟེ། །བྱ་བ་བྱེད་པའི་རྟོག་ཅན་སྡེ་པ་ནི། །དང་


DNG005_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

པོར་རྣམ་པར་མི་རྟོག་ཏིང་འཛིན་གྱིས། །ཕྱི་ནང་རྟོག་པ་དག་པ་གསུམ་བསྒོམས་པས། །རྟོག་པའི་གཟའ་སྐར་དུས་ཚོད་སྒོ་ནས་འཇུག །བྱང་ཆུབ་དང་ནི་ཆོ་འཕྲུལ་སྣ་ཚོགས་ཀྱིས། །བདག་དང་ཡེ་ཤེས་ལྷ་ནི་རྗེ་ཁོལ་ཚུལ། །དག་པ་གསུམ་གྱི་མཆོད་པ་དེ་བྱས་ནས། །མེད་པར་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདོད། །དོན་དམ་ཀུན་རྫོབ་གཉིས་ཀ་སྒྱུ་མར་བཤད། །ལྟ་བ་སྤྱོད་པ་གཉིས་སུ་འབྱེད་པ་ཡི། །གཉིས་ལ་བརྟེན་ནས་དོན་གཅིག་སྒྲུབ་བྱེད་པ། །ཡོད་པའི་སྤྱོད་པས་མེད་པའི་དོན་སྒྲུབ་པས། །རྟེན་མེད་མཁའ་ལ་སྤྱང་མོ་ཉུག་པ་འདྲ། །བླང་དོར་བྱེད་པའི་ཕྱི་པའི་གསང་བ་ནི། །མི་རྟོག་ཏིང་འཛིན་བྱིན་རླབས་ཆོ་འཕྲུལ་གྱིས། །ཐམས་ཅད་བྱིན་རླབས་ཡེ་ཤེས་སེམས་དཔར་བྱས། །མཆོད་པ་ཕྱི་ནང་གསང་བ་གསུམ་མཆོད་ནས། །སྐུ་གསུང་ཐུགས་དང་ཕྱག་རྒྱ་བཞི་ལྡན་པའི། །ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ་རེ་བ། །ཆགས་མེད་རེ་བ་འཇོག་པའི་ཏིང་འཛིན་འདི། །ལྟ་སྤྱོད་བླང་དོར་བྱེད་པས་གྲུབ་པ་མེད། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་བསྟན་པར་བཤད། །སྟོན་པ་སྤྲུལ་པའི་སྐུ་ཡི་བསྟན་པ་ནི། །ཉན་ཐོས་རང་རྒྱལ་ཐེག་ཆེན་མདོ་སྡེ་གསུམ། །ཕྱི་ཞེས་མཚན་ཉིད་ཕྱི་པ་ཞེས་སུ་བཤད། །ཀུན་བྱེད་ང་ཡི་ངོ་བོ་འདོད་ཡོན་ལྔ། །ཡེ་ཤེས་ལྔ་ཡི་ངོ་བོར་ཕྱུང་བ་ལ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ་བྱུང་སྟེ། །དེ་འདུལ་བ་ཡི་གཉེན་པོར་གསུངས་པ་ནི། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟེ། །འདོད་པའི་ཡོན་ཏན་རྣམ་པ་ལྔ་བྱུང་བ། །གཟུགས་དང་སྒྲ་དང་དྲི་དང་རོ་རེག་ལས། །འདོད་ཆགས་ཞེ་སྡང་གཏི་མུག་རྣམ་གསུམ་བྱུང་། །དེ་དག་འདུལ་བའི་གཉེན་པོར་སྡེ་སྣོད་གསུམ། །འདོད་ཆགས་འདུལ་བའི་གཉེན་པར་གསུངས་པ་ནི། །འདུལ་བ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་


DNG005_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་གསུམ་ལས་ཉི་ཁྲི་ཆིག་སྟོང་གསུངས། །སྤྱི་རུ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །དུག་གསུམ་གཉེན་པོས་འདུལ་ཕྱིར་གསུངས་པ་ཡིན། །མཚན་ཉིད་རྒྱུ་ཡི་ཐེག་པ་རྣམ་གསུམ་སྟེ། །སྒོ་ནི་མདོ་སྡེ་འདུལ་བ་མངོན་པ་གསུམ། །དེ་ནི་བསྡུས་པའི་དོན་ཞེས་བསྟན་པ་ཡིན། །མདོ་སྡེ་ལ་ཡང་བཤད་ལུགས་བཅུ་དང་གཉིས། །སོ་སོར་དབྱེ་བའི་དོན་དུ་བསྟན་པ་ཡིན། །དུག་གསུམ་རྒྱུ་ལས་འབྲས་བུ་ངན་སོང་གསུམ། །སེམས་ཅན་རྒྱུ་ལ་ལས་སྤྱོད་དགེ་སྡིག་གཉིས། །འབྲས་བུ་མཐོ་རིས་ངན་སོང་རྣམ་གཉིས་སོ། །མཚན་ཉིད་རྒྱུ་ལས་རབ་ཏུ་བསྒྲགས་པ་ཡིན། །འདི་ནི་སྔར་གསུངས་ད་གསུང་ཕྱིས་གསུང་འགྱུར། །འདི་དོན་བརྗོད་དུ་མེད་པའི་དོན་འདི་ནི། །སྔ་མ་མ་གསུངས་ད་ལྟར་མི་གསུང་སྟེ། །སྤྲུལ་པའི་སྐུ་ཡིས་ཕྱིས་ཀྱང་གསུང་མི་འགྱུར། །དེ་བས་སྤྲུལ་པའི་སྐུ་ཡི་བསྟན་པར་བཤད། །ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལ། །འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་ཤར། །སྐུ་གསུམ་སྟོན་པ་གསུམ་གྱི་འཁོར་བསྟན་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྟོན་པ་ཆོས་ཀྱི་སྐུ་ཡི་འཁོར་བསྟན་པ། །ང་ཡིས་བྱས་པའི་འཁོར་ནི་ཐམས་ཅད་ཀུན། །ང་ཡི་རང་བཞིན་ཆོས་ཀྱི་སྐུ་འཁོར་ཡིན། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཆོས་ཀྱི་སྐུ་ཡི་འཁོར་དུ་མ་འདུས་མེད། །ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་འཁོར་བསྟན་པ། །མོས་སྤྱོད་བཞི་ཡི་ས་ལ་འདས་པ་ཡི། །དང་པོ་རབ་ཏུ་དགའ་བའི་ས་མནན་ནས། །ས་བཅུ་ཆོས་ཀྱི་སྤྲིན་གྱི་ས་པ་རྣམས། །དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡི་འཁོར་དུ་བསྟན། །སྟོན་པ་སྤྲུལ་པའི་སྐུ་ཡི་འཁོར་བསྟན་པ། །མུ་སྟེགས་མུར་ཐུག་རྒྱང་འཕེན་ཕྱལ་པ་བཞི། །བླ་མེད་བྱང་ཆུབ་ལམ་ལ་གཏན་གོལ་བས། །དབང་པོ་སེམས་བསྒྱུར་ཐུགས་རྗེ་བྱིན་བརླབས་ནས། །དགེ་སློང་


DNG005_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་མོ་དགེ་བསྙེན་ཕོ་མོ་བཞི། །སྟོན་པ་སྤྲུལ་པའི་སྐུ་ཡི་འཁོར་དུ་བསྟན། །ཞེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱི། །སྐུ་གསུམ་སོ་སོ་རང་རེ་གནས་བསྟན་པ། །སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟ་སྟེ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །སྟོན་པ་ལོངས་སྤྱོད་རྫོགས་པའི་གནས་བསྟན་པ། །འཇིག་རྟེན་མཚན་མ་ཀུན་གྱི་སྟེང་གྱུར་པ། །གནས་ཀྱི་འོག་མིན་ཁང་བུ་བརྩེགས་པ་ཡི། །གཞལ་ཡས་ཁང་དེ་གནས་ཀྱི་འོག་མིན་བཤད། །སྟོན་པ་སྤྲུལ་པའི་སྐུ་ཡི་གནས་བསྟན་པ། །སྤྲུལ་པའི་སྐུ་ནི་རབས་བདུན་ཤཱཀྱ་ཐུབ། །གནས་ནི་བྱ་རྒོད་ཕུང་པོའི་གནས་བསྟན་ཏེ། །ཡང་དག་ཐུགས་རྗེ་སྤྲུལ་པ་ངེས་མེད་གནས། །ཞེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྐུ་གསུམ་སྟོན་པ་ཡི། །འདུལ་བའི་ཞིང་ཁམས་ཁྱད་པར་བསྟན་པ་ནི། །ཆོས་སྐུ་སྟོན་པའི་འདུལ་བའི་ཞིང་ཁམས་ནི། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཡིས་ཀླས་པ་དང་། །ནམ་མཁའི་ཁམས་ཀྱིས་ཇི་ལྟར་ཁྱབ་པ་དེ། །ཆོས་ཀྱི་སྐུ་ཡི་འདུལ་བའི་ཞིང་ཁམས་ཡིན། །ལོངས་སྤྱོད་རྫོགས་སྐུའི་འདུལ་བའི་ཞིང་ཁམས་ནི། །ང་ལས་བྱུང་བའི་གཟུགས་སྒྲ་དྲི་རོ་རེག །ཇི་ལྟར་འདོད་པའི་ལོངས་སྤྱོད་རྫོགས་པས་འདུལ། །སྤྲུལ་པའི་སྐུ་ཡི་འདུལ་བའི་ཞིང་ཁམས་ནི། །འཛམ་བུའི་གླིང་ནི་བྱེ་བ་ཕྲག་བརྒྱ་ལས། །རང་འབྱུང་ཡེ་ཤེས་ཐུགས་རྗེས་རྒྱུད་དྲུག་འདུལ། །དེ་ནི་མཐུན་པའི་བྱེ་བྲག་བསྟན་པ་ཡིན། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་དེ། །རྒྱུ་མཐུན་འབྲས་བུ་མཐུན་ལ་རང་བཞིན་གཅིག །རྒྱུ་ནི་བྱང་ཆུབ་སེམས་སུ་ཀུན་མཐུན་ལ། །འབྲས་བུ་སངས་རྒྱས་ཡིན་པར་ཀུན་ཀྱང་མཐུན། །རང་བཞིན་ཆོས་ཉིད་ངོ་བོ་གཅིག་པར་བསྟན། །འདུལ་བའི་དུས་ལ་སྔ་ཕྱི་ཕྱེ་བ་མེད། །ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཡང་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ལས་བྱུང་བ་ཡི། །སྐུ་གསུམ་སྟོན་པ་དེ་ཡི་བཤད་


DNG005_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ནི། །སྟོན་པ་ཆོས་སྐུས་བྱིན་གྱིས་བརླབས་ཀྱིས་བཤད། །ལོངས་སྤྱོད་རྫོགས་པ་རང་གི་ངོ་བོས་བཤད། །སྤྲུལ་པའི་སྐུ་ནི་ཚིག་དང་དོན་བསྡེབས་ནས། །གང་ཟག་རྣ་བའི་དབང་པོར་ཚིག་དོན་སྟོན། །ཆོས་སྐུ་བྱིན་གྱིས་བརླབས་ཀྱིས་བཤད་པ་ནི། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་སྟེ། །སྐྱེ་བ་མེད་ལས་སྐྱེ་བའི་ཆོ་འཕྲུལ་དུ། །ཇི་ལྟར་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ངོ་བོ་ཐུགས་རྗེ་ཆོ་འཕྲུལ་ཕྱུང་བ་སྟེ། །རང་བཞིན་བྱིན་གྱིས་བརླབས་ཀྱིས་བཤད་ཅེས་བྱ། །ལོངས་སྤྱོད་རྫོགས་སྐུ་རང་གི་ངོ་བོ་སྟོན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །གཟུགས་སྒྲ་དྲི་རོ་རེག་ལ་སོགས་པ་ཡི། །འདོད་པའི་ལོངས་སྤྱོད་ཐམས་ཅད་རྫོགས་པར་སྟོན། །རང་གི་ངོ་བོས་བཤད་ཅེས་ང་ཡིས་བསྟན། །སྤྲུལ་སྐུས་ཚིག་དང་ཡི་གེས་བསྡེབས་བཤད་པ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སྟོན་པའི་ངོ་བོར་སྟོན་པས་མ་རིག་སྟེ། །བསྟན་པ་ཞེས་པའི་ཁྱད་པར་འདོད་སྤྲུལ་པས། །དོན་རྣམས་ཚིག་དང་ཡི་གེར་སྒྲ་བརྗོད་པས། །ཚིག་གི་སྒྲ་དེས་དོན་དེ་གོ་བྱས་ནས། །དོན་དེ་ཚིག་སྒྲ་དེ་ཡིས་བཤད་པ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ནི་སྐུ་གསུམ་ངོ་བོ་སྟེ། །མི་རྟོག་མཉམ་པ་ཉིད་དུ་གནས་པ་དེ། །སྤྲོས་བྲལ་ཆོས་ཀྱི་སྐུ་ཡི་ངོ་བོ་ཡིན། །རང་བཞིན་འབྱུང་བའི་སྐྱེ་བའི་ཆོ་འཕྲུལ་དེ། །འདོད་པ་འབྱུང་བའི་ལོངས་སྤྱོད་རྫོགས་སྐུ་ཡིན། །ཐུགས་རྗེས་ཇི་ལྟར་འདུལ་བའི་དོན་མཛད་པ། །དེ་ནི་སྤྲུལ་པའི་སྐུ་ཡི་ངོ་བོ་ཡིན། །ཀུན་བྱེད་རྒྱལ་པོའི་རང་བཞིན་རྣམ་གསུམ་གྱིས། །གང་ལ་གང་གིས་འདུལ་བའི་སྐུར་སྟོན་མཛད། །བསྟན་པའི་རང་བཞིན་བརྗོད་དུ་མེད་པའི་དོན། །གང་ལ་གང་འཚམ་དེ་ཡིས་དོན་མཛད་པ། །དེ་ནི་བསྟན་པ་ཕུན་སུམ་ཚོགས་པར་གསུངས། །འཁོར་གྱི་རང་བཞིན་གང་ལ་གང་འདུས་ནས། །དེ་ལ་འདུས་ནས་དེ་ཡི་གདུང་འཚོབ་འཛིན། །དེ་ལ་ཕུན་སུམ་ཚོགས་པའི་འཁོར་ཞེས་བྱ། །ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས། །ཀུན་བྱེད་གཅིག་ལ་རྣམ་པ་གསུམ་


DNG005_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བགྲངས་པ། །ཀུན་བྱེད་ང་དང་ང་ཡི་རང་བཞིན་དང་། །ང་ཡིས་བྱས་པའི་ཆོས་དང་རྣམ་པ་གསུམ། །ང་ནི་སྟོན་པ་ཀུན་བྱེད་ཀུན་གྱི་མེས། །ང་ཡི་རང་བཞིན་རྣམ་པ་བཅུར་བསྟན་པ། །དེ་ནི་བསྟན་པ་ཀུན་གྱི་སྙིང་པོར་བཤད། །ཀུན་བྱེད་ང་ཡིས་བྱས་པའི་ཆོས་རྣམས་ནི། །དུས་གསུམ་གཅིག་ན་བཞུགས་པའི་སངས་རྒྱས་དང་། །ཁམས་གསུམ་གནས་པའི་འགྲོ་བ་ཐམས་ཅད་ཀུན། །དབྱེ་བ་མེད་པར་འཁོར་གྱི་དམ་པར་བྱས། །ཀུན་བྱེད་གཅིག་གིས་ཕུན་སུམ་ཚོགས་བྱས་པས། །སེམས་ཀྱི་དགོས་པ་ཀུན་བྱས་ཕུན་སུམ་ཚོགས། །གང་ལ་གང་དགོས་དགོས་པ་ཚོགས་པ་ལ། །ཀུན་བྱེད་ང་ཡིས་ཕུན་སུམ་ཚོགས་པར་བཤད། །སྟོན་པའི་རང་བཞིན་རྣམ་པ་གསུམ་བསྟན་པ། །འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་ཤར། །མ་སྐྱེས་གཟུང་འཛིན་བྲལ་བའི་རང་བཞིན་དེ། །འཁོར་གྱི་དང་པོ་སྟོན་པ་ཆོས་སྐུར་ཤར། །སྐྱེ་བའི་ཆོ་འཕྲུལ་ཀུན་བཟང་རོལ་པ་དེ། །འདོད་སྤྱོད་ལོངས་སྤྱོད་རྫོགས་པའི་སྐུ་རུ་ཤར། །སྣ་ཚོགས་ཇི་ལྟར་འདོད་པ་བྱུང་ནས་ནི། །དེ་དང་མཐུན་པར་ཀུན་ཀྱང་ཚིམ་བྱེད་པ། །དེ་ནི་སྣ་ཚོགས་སྤྲུལ་སྐུ་ཞེས་སུ་བཤད། །སྐུ་གསུམ་སྟོན་པ་གྲགས་ཕྱོགས་མཐོང་བ་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་བཟོད་ཐོབ་གསུམ། །གང་འཐད་སྟོན་པའི་སྐུ་ལ་དེ་འདུས་ནས། །དེ་དང་མཐུན་པའི་གནས་སུ་དོན་སྟོན་བཞུགས། །བསྟན་པའི་རང་བཞིན་ཡང་ནི་དེ་འདྲ་སྟེ། །སྐུ་གསུམ་གང་གིས་འཁོར་ལ་གང་སྟོན་པ། །གང་ལ་གང་གིས་འདུལ་བའི་དོན་རྣམས་ཀྱིས། །སངས་རྒྱས་ལྷ་མི་འཇིག་རྟེན་ལས་དག་ལ། །བསྟན་པས་འདུལ་ཕྱིར་ཕུན་སུམ་ཚོགས་ཞེས་བཤད། །མི་གནས་ཆོས་སྐུ་དབྱིངས་ན་བཞུགས་པ་ཡིས། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ལ། །སྤྲོས་མེད་བྱང་ཆུབ་སེམས་ནི་ཆོས་སྐུས་བསྟན། །ཡེ་ཤེས་ལོངས་སྤྱོད་འོག་མིན་བཞུགས་པ་ཡིས། །ས་བཅུ་པ་ཡི་བྱང་ཆུབ་སེམས་དཔའ་ལ། །བྱང་ཆུབ་སེམས་


DNG005_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐུ་དང་ཡེ་ཤེས་བཤད། །ཐུགས་རྗེ་སྣ་ཚོགས་ངེས་མེད་སྤྲུལ་པ་ཡིས། །བཟོད་ཐོབ་གང་ན་འདུས་པའི་འཁོར་དེ་ལ། །མ་ངེས་གང་གིས་འདུལ་བའི་དོན་ཡང་བསྟན། །སྨོན་ལམ་ལས་བཟང་རྐྱེན་གྱིས་བར་མ་ཆོད། །ང་ཡི་ཐུགས་རྗེ་སེམས་དཔའི་དུས་ལ་བབ། །ངས་བསྟན་འཁོར་གྱི་ནང་ནས་ཁྱོད་སྡུད་དང་། །གཉིས་མེད་དོན་ཉིད་ང་ཡིས་བསྟན་པ་གསུམ། །ཚོགས་པས་དུས་གནས་རང་བཞིན་དེ་ལ་ཚང་། །ཕུན་སུམ་ཚོགས་པ་རྣམ་པ་གསུམ་པོ་དེ། །ཡེ་ནས་དཀོན་པའི་དཀོན་མཆོག་གསུམ་དུ་བསྟན། །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་སུ་བཤད། །སྟོན་པ་དཀོན་པའི་སངས་རྒྱས་དཀོན་མཆོག་ནི། །ཆོས་སྐུ་ལོངས་སྤྱོད་སྐུ་དང་སྤྲུལ་སྐུ་སྟེ། །བསྟན་པ་དམ་ཆོས་དཀོན་པའི་གསུང་མཆོག་ནི། །བརྗོད་དུ་མེད་པའི་ཀུན་བྱེད་གསུང་མཆོག་གསུམ། །འཁོར་གྱི་དགེ་འདུན་ཐུགས་མཆོག་དེ་ལ་ནི། །གང་ལ་གང་དགོས་གང་འཚམ་སྟོན་པར་བྱེད། །ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས། །སྐུ་གསུམ་བྱེད་པའི་སྟོན་པ་ངས་བྱས་ནས། །བསྟན་པ་དམ་ཆོས་གསུམ་དུ་བཀོད་པ་ནི། །ཕྱི་དང་ནང་དང་གསང་བ་གསུམ་དུ་བཀོད། །དེ་ལ་རྣམ་པ་གསུམ་གསུམ་དགུར་གྲགས་པ། །སྤྲུལ་སྐུ་ཐུགས་རྗེས་ཇི་ལྟར་འདུལ་གསུམ་བསྒྲགས། །ལོངས་སྤྱོད་བྱ་བྱེད་ཕྱི་ནང་གསུམ་དུ་སྒྲོགས། །ཆོས་སྐུ་གསང་བའི་མངོན་པ་གསུམ་སྒྲོགས་པ། །ཕྱི་དང་ནང་དང་གསང་བ་གསུམ་པོ་དེ། །ལུས་དང་ངག་དང་ཡིད་དང་སྐུ་གསུང་ཐུགས། །དེ་ལས་འཕྲོས་པས་རྣམ་པ་དགུར་བྱུང་བ། །ལ་དགུ་ལུང་དགུ་ལམ་དགུ་བགྲོད་པ་ཡིས། །ཐེག་གཅིག་ཀུན་བྱེད་བྱང་ཆུབ་ས་ལ་བགྲོད། །ཀུན་བྱེད་བྱ་བྱེད་མེད་པར་རྩོལ་སྒྲུབ་འདས། །བགྲོད་པ་མེད་པར་བྱང་ཆུབ་ས་ལ་ཕྱིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཕུན་སུམ་ཚོགས་པ་ཤིན་ཏུ་དཀོན་པའི་ལེའུ་སྟེ་བཅུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཆོས་


DNG005_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་རྩ་བ་བསྡུས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཐམས་ཅད་ཀྱི་རང་བཞིན་དང་རྩ་བ་ནི་འདི་ལྟ་སྟེ། ང་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་རང་བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན། །བྱང་ཆུབ་སེམས་དཔའ་ང་ཡི་རང་བཞིན་ཡིན། །རྣལ་འབྱོར་རྣམ་བཞི་ང་ཡི་རང་བཞིན་ཡིན། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན། །འབྱུང་ཆེན་ལྔ་ཡང་ང་ཡི་རང་བཞིན་ཡིན། །རྒྱུད་དྲུག་སེམས་ཅན་ང་ཡི་རང་བཞིན་ཡིན། །སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྲིད་པ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྣོད་བཅུད་བསྡུས་པ་ང་ཡི་རང་བཞིན་ཡིན། །ང་ཡི་རང་བཞིན་ལས་ནི་གཞན་མེད་པས། །ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། །ང་ལས་མ་འདུས་པ་ནི་གཅིག་ཀྱང་མེད། །མ་སྐྱེས་པ་དང་སྐྱེ་བའི་ཆོ་འཕྲུལ་དང་། །ཐུགས་རྗེའི་རང་བཞིན་རྣམ་པ་གསུམ་བྱུང་བ། །དེ་ནི་སྟོན་པ་གསུམ་གྱི་རང་བཞིན་ཡིན། །སྔ་པ་ད་ལྟ་ཕྱི་བ་དུས་གསུམ་ཡང་། །ང་ཉིད་གཅིག་ཏུ་གནས་པའི་རང་བཞིན་ལས། །སངས་རྒྱས་ཐམས་ཅད་གཅིག་ཏུ་གནས་པའི་ཕྱིར། །དེ་ཡང་ང་ཡི་རང་བཞིན་བསྟན་པ་ཡིན། །ང་ཉིད་གཟུང་འཛིན་བྲལ་བས་བྱང་བ་དང་། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པ་དང་། །ཆོས་རྣམས་ཀུན་གྱི་སྙིང་པོ་བྱེད་པའི་ཕྱིར། །བྱང་ཆུབ་སེམས་ཀྱང་ང་ཡི་རང་བཞིན་ཡིན། །ཀུན་བྱེད་ང་ནི་གཅིག་ཏུ་གནས་པ་ལ། །ང་ཡི་རང་བཞིན་དེ་བཞིན་རྣལ་མ་ལ། །རྣམ་བཞི་འབྱོར་པ་རྣལ་མ་གཅིག་ཏུ་འབྱོར། །དེས་ན་ང་ཡི་རང་བཞིན་ཡིན་པར་བཤད། །ཀུན་བྱེད་ང་ཡི་ལུས་ངག་ཡིད་གསུམ་ལས། །འབྱུང་ཡང་ང་ཡི་རང་བཞིན་དེ་ལས་འབྱུང་། །འདུས་ཀྱང་ང་ཡི་རང་བཞིན་དེ་ལ་འདུས། །ཡིན་ཡང་ང་ཡི་ངོ་བོ་དེ་ཡིན་པས། །ཁམས་གསུམ་ང་ཡི་


DNG005_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཡིན་པར་བཤད། །ཀུན་བྱེད་ང་ཡི་རང་བཞིན་རྣམ་ལྔ་ནི། །ང་ཡི་ངོ་བོ་རྣམ་ལྔ་ཕྱུང་བ་སྟེ། །ནམ་མཁའ་རླུང་ཆུ་ས་མེ་སྣང་བ་ལྔ། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན། །ཀུན་བྱེད་ང་ཡི་ཐུགས་རྗེས་མངོན་ཕྱུང་ནས། །རང་འབྱུང་ཡེ་ཤེས་རྣམ་ལྔ་བསྟན་པ་ནི། །འགྲོ་བ་རིགས་དྲུག་སེམས་ཅན་སྣང་བ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན། །ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ལས། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །ཐམས་ཅད་ངས་བྱས་ང་ལས་བྱུང་བའི་ཕྱིར། །ངར་མ་འདུས་པའི་ཆོས་ནི་གཅིག་ཀྱང་མེད། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་སྟོན། །སྔ་པ་ད་ལྟ་ཕྱི་བ་དུས་གསུམ་གྱི། །རྣམ་གསུམ་གཅིག་ཏུ་གནས་པའི་སངས་རྒྱས་ཀྱང་། །སྔ་ཕྱི་མེད་པར་ཀུན་བྱེད་རང་བཞིན་གནས། །གཟུང་འཛིན་བྲལ་བའི་བྱང་ཆུབ་སེམས་དཔའ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་སེམས་དཔར་བྱེད། །རྣལ་འབྱོར་རྣམ་བཞི་རྣལ་མར་འཇོག་པ་ཡང་། །ཀུན་བྱེད་ང་ལ་རྣལ་དུ་འཇོག་པར་བྱེད། །ཀུན་བྱེད་རྒྱལ་པོས་ཐམས་ཅད་བྱས་པ་བཞིན། །ཐམས་ཅད་ཀུན་བྱེད་རྒྱལ་པོ་ཉིད་དུ་འདུས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་ཁོ་ནར་འདུས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ང་ཡིས་ཆོས་ཐམས་ཅད་ཀྱི་ཁུངས་ཀྱི་མདོ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ང་ནི་ཀུན་གྱི་ལུང་ཁུངས་ཡིན་པ་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཐམས་ཅད་ང་ལས་བྱུང་བར་ཤེས་པར་གྱིས། །ཆོས་ཀྱི་སྤྱི་ཁུངས་ཆེན་པོ་འདི་ཉོན་ལ། །ཆོས་རྣམས་ཐམས་ཅད་འདི་ལྟར་ལུང་སྟོན་ཅིག །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ལུང་ཆེན་ཀུན་གྱི་རྒྱལ་པོ་ང་ཡིན་པས། །སྟོན་པ་གསུམ་ཡང་དང་པོ་ང་ལས་བྱུང་། །ལུང་ཞེས་བྱ་བ་སྟོན་


DNG005_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཀའ་ལ་གདགས། །མན་ངག་ཀུན་གྱི་རྩ་བ་ང་ཡིན་པས། །སེམས་ལས་མ་གཏོགས་པ་ཡི་ཆོས་ཉིད་ནི། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ལ། །ཀུན་བྱེད་ང་ཡིས་ཡང་དག་བསྟན་པ་མེད། །རྒྱུད་དང་མདོ་སྡེ་ཀུན་གྱི་སྤྱི་འགྲེལ་ཡིན། །རྒྱུད་དང་མདོ་སྡེ་སྟོན་པའི་སྟོན་པ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་ཕྱུང་བ་ཡིན། །སྟོན་པ་དང་ནི་བསྟན་པ་གཉིས་ཀ་འགྲེལ། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །བསྟན་པ་ཀུན་གྱི་ཡང་རྩེ་ཡིན་པར་བཤད། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །བསྟན་པའི་འདུལ་བ་མདོ་སྡེ་མངོན་པ་དང་། །ཏན་ཏྲ་སོ་སོའི་སྡེ་ནི་འབུམ་སྡེ་དང་། །བསྐྱེད་རྫོགས་གསང་བ་ལ་སོགས་རྩོལ་སྒྲུབ་ཅན། །ཀུན་ཀྱང་རྩོལ་སྒྲུབ་འདས་པ་ང་ལ་བགྲོད། །རྩོལ་སྒྲུབ་ཉིད་ཀྱིས་འདས་པ་ང་མི་མཐོང་། །དེས་ན་བསྟན་པ་ཀུན་གྱི་ཡང་རྩེ་ཡིན་པར་བཤད། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཐེག་པ་ཀུན་གྱི་ཉིང་ཁུ་ཡིན་པར་བཤད། །སྟོན་པ་གསུམ་གྱི་གནས་པའི་ཐེག་པ་གསུམ། །ངེས་པར་གནས་པ་ཐེག་པ་གཅིག་ལས་མེད། །གཅིག་ནི་ཀུན་ཐེག་བྱང་ཆུབ་སེམས་ཀྱི་ས། །དེ་ནི་ཐེག་པ་ཀུན་གྱི་ཉིང་ཁུར་བཤད། །ཀྱེ་ང་ནི་མ་རིག་པ་ཡི་མུན་བསལ་ནས། །ཡེ་ཤེས་ཆེན་པོའི་སྣང་བ་མཆེད་པར་བྱེད། །དེ་ཡང་ཇི་ལྟ་བུ་ཞེས་བསྟན་ཞེ་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །བྱང་ཆུབ་དེ་བཞིན་ཉིད་དུ་མ་རིག་སྟེ། །མ་རིག་རྟོག་པའི་མུན་པར་འཐིབས་པ་ལ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཀུན་བྱེད་བྱང་ཆུབ་སེམས་ཀྱིས་བྱས་པའི་ཕྱིར། །ཀུན་བྱེད་བྱང་ཆུབ་སེམས་སུ་རིག་བྱས་ནས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སོ་སོར་རྟོག་པའི་མུན་པ་བསལ་ནས་ཀྱང་། །རང་འབྱུང་ཡེ་ཤེས་ཆེན་པོ་སྣང་བ་མཆེད། །དེས་ན་མ་རིག་མུན་སེལ་སྣང་བ་མཆེད་ཅེས་བྱ། །ཀྱེ་སེམས་དཔའ་ཆེན་པོ། རྣམ་པར་རྟོག་པའི་དྲ་བ་དྲལ་ནས་ནི། །ཉོན་མོངས་པ་ཡི་ཕྲེང་


DNG005_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་གཅོད་པར་བྱེད། །ཇི་ལྟར་སྣང་བའི་ཆོས་འདི་ཐམས་ཅད་ལ། །རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ཀྱིས། །ལ་ལས་དུག་མཐོང་སྤོང་བའི་རྟོག་པ་བྱེད། །ལ་ལས་སེམས་ཆགས་པ་ཡི་ཡུལ་མཐོང་ནས། །བདེན་གཉིས་མ་ཆགས་པ་ཡི་རྟོག་པ་བྱེད། །ལ་ལས་རྣམ་དག་བྱ་བའི་ཡུལ་མཐོང་ནས། །དག་པ་གསུམ་དང་བྱིན་རླབས་ཆོ་འཕྲུལ་གྱིས། །རྗེ་དང་ཁོལ་གྱི་ཚུལ་དུ་རྟོག་པར་བྱེད། །ལ་ལས་རང་དག་པ་ཡི་རང་བཞིན་ལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་འདོད་རྟོག་བྱེད་པ། །ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ང་ཡིས། །སེམས་ལས་གཞན་མ་ཡིན་རྟོག་དྲལ་ནས་ནི། །སོ་སོར་རྟོག་པའི་ཉོན་མོངས་ཕྲེང་ཐག་གཅོད། །ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཁྱོད་ཀྱིས་ང་ཡི་རང་བཞིན་འདི་རྟོགས་ལ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ང་ལས་གཞན་མེད་པ་རུ་ལུང་སྟོན་ཅིག །ཁྱོད་ཀྱིས་ང་ཡི་ལུང་འདི་བསྟན་འགྱུར་ན། །ཁྱོད་ལ་འདུས་པའི་འཁོར་ཚོགས་ཐམས་ཅད་ཀྱིས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་གྱུར་ནས། །ཀུན་ཀྱང་ང་ཡི་རང་བཞིན་ཉིད་དུ་འགྱུར། །ཀུན་ཀྱང་ང་ཡི་རང་བཞིན་གྱུར་པ་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །ཀུན་ཀྱང་སྤོང་འགེགས་བདེན་གཉིས་སྦྱོང་མི་བྱེད། །གཙང་སྦྲས་དག་གསུམ་བྱིན་གྱིས་རློབ་མི་བྱེད། །ཏིང་འཛིན་སེམས་བསྐྱེད་རྩོལ་དང་སྒྲུབ་མི་བྱེད། །ཐམས་ཅད་ཀུན་བྱེད་ང་རུ་བྱས་ཟིན་པས། །ཀུན་བྱེད་ང་རུ་ཐམས་ཅད་མཉམ་པ་ཉིད། །མཉམ་ཉིད་ང་ཡིས་མཉམ་ཉིད་བྱ་མི་དགོས། །མཉམ་ཉིད་བྱ་མི་དགོས་པར་སྔར་ལུང་བསྟན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ངེས་པར་ལུང་ཁུངས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ལུང་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྤྱི་ལུང་བཤད་པའི་བཤད་ལུགས་འདི་གསུངས་སོ། །ཀྱེ་


DNG005_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་ཆོས་ཀྱི་སྤྱི་ལུང་ཡིན་པའི་ཕྱིར། །གཏན་ཚིགས་དོན་གྱི་བཤད་ལུགས་རྣམ་ལྔ་ནི། །སྤྱི་དོན་རྣམ་པ་ལྔ་ཡིས་བཤད་པ་སྟེ། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པ་དང་། །རྩ་བ་དོན་གྱི་བཤད་ལུགས་བསྟན་པ་དང་། །ཡོ་ག་དོན་གྱི་བཤད་ལུགས་བསྟན་པ་དང་། །དགོས་པ་དོན་གྱི་བཤད་ལུགས་བསྟན་པ་དང་། །ཚིག་གི་དོན་གྱི་བཤད་ལུགས་བསྟན་པའོ། །དང་པོ་ཡིད་ཆེས་པ་ཡི་ཁུངས་བསྟན་ཕྱིར། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པར་བྱ། །ཆོས་ཀུན་རྩ་བ་སེམས་སུ་འདུས་པའི་ཕྱིར། །དེས་ན་རྩ་བའི་དོན་དེ་བསྟན་པར་བྱ། །ཐེག་པའི་ཁྱད་པར་སོ་སོར་དབྱེ་བའི་ཕྱིར། །ཡོ་ག་དོན་གྱི་རྩ་བ་བསྟན་པར་བྱ། །རྩོལ་སྒྲུབ་བྱ་མི་དགོས་པར་བསྟན་པའི་ཕྱིར། །དགོས་ཆེད་དོན་གྱི་དགོས་པ་དེ་རུ་བསྟན། །མི་རྟོགས་དོན་དེ་རྟོགས་པར་བྱ་བའི་ཕྱིར། །ཚིག་གི་དོན་དེ་སྒྲ་རུ་བརྗོད་པར་བྱ། །ཀྱེ་སེམས་དཔའ་ཆེན་པོ། ལོ་རྒྱུས་དོན་གྱི་དགོས་པ་བསྟན་པ་ནི། །དང་པོར་ཡིད་ཆེས་པ་ཡི་ཁུངས་བསྟན་ཕྱིར། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པ་ནི། །རང་བཞིན་བྱིན་གྱིས་བརླབས་ཀྱིས་བཤད་ལུགས་དང་། །རང་གི་ངོ་བོ་བསྟན་པའི་བཤད་ལུགས་དང་། །དོན་གྱི་སྒྲ་ཚིག་བསྡེབས་པའི་བཤད་ལུགས་སོ། །ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལས། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །རང་བཞིན་དང་ནི་ངོ་བོ་སྒྲ་ཚིག་གིས། །ཇི་ལྟར་བྱུང་བའི་ཁུངས་དེས་ཡིད་ཀྱང་ཆེས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྩ་བ་དོན་གྱི་དགོས་པ་བསྟན་པ་ནི། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་དང་། །སངས་རྒྱས་སེམས་ཅན་བསྡུས་པ་ཐམས་ཅད་ཀུན། །ཀུན་བྱེད་བྱང་ཆུབ་ང་ཡིས་བྱས་པའི་ཕྱིར། །ཐམས་ཅད་བྱང་ཆུབ་སེམས་ལས་མ་གཏོགས་པ། །གཞན་ཞེས་བྱ་བ་ཡེ་ནས་མེད་པའི་ཕྱིར། །ཀུན་ཀྱང་བྱང་ཆུབ་སེམས་སུ་བསྟན་པའི་ཕྱིར། །རྩ་བ་དོན་གྱི་དགོས་ཆེད་


DNG005_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡོ་ག་དོན་གྱི་དགོས་ཆེད་བསྟན་པ་ནི། །ཀུན་བྱེད་ང་ལས་བྱུང་བའི་སྐུ་གསུམ་གྱིས། །ལོངས་སྤྱོད་སྐུ་དང་ཆོས་སྐུའི་བསྟན་པ་ཡི། །ཏན་ཏྲ་ལ་སོགས་ཡོ་ག་སྡེ་རྣམས་ལ། །སོ་སོའི་ཁྱད་པར་བྱེ་བྲག་ཡོད་ཀྱིས་ཀྱང་། །རྒྱུ་འབྲས་འདས་པ་ང་ཡི་བསྟན་པ་ནི། །རྫོགས་ཆེན་ཨ་ཏི་ཡོ་གའི་དོན་འདི་ནི། །ཐེག་པ་ཤན་འབྱེད་རྫོགས་པའི་ལུང་ཞེས་བཤད། །དེས་ན་ཡོ་གའི་དོན་གྱི་དགོས་པ་བསྟན་པ་ཡིན་ཞེས་བྱ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དགོས་ཆེད་དོན་གྱི་དགོས་པ་བསྟན་པ་ནི། །བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡི། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །ཕྲིན་ལས་བཙལ་མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྦྱང་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་རྫོབ་རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང་། །སེམས་བསྐྱེད་མེད་ཅིང་གཉེན་པོ་མེད་མཐོང་བ། །ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡི། །དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། །ཞེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཚིག་གི་དོན་གྱི་དགོས་པ་བསྟན་པ་ནི། །ཀུན་བྱེད་བྱང་ཆུབ་སེམས་ང་དེ་བཞིན་ཉིད། །ཇི་ལྟར་སྣང་བའི་ཆོས་རྣམས་བསྟན་པ་ནི། །ཀུན་བྱེད་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། །ཚིག་དང་ཡི་གེ་སྒྲ་རུ་མ་བསྒྲགས་ན། །གང་ཟག་ཡིད་ཀྱི་དབང་པོ་རིག་པ་ཡིས། །དེ་བཞིན་ཉིད་ཀྱི་རང་བཞིན་གབ་མི་སྣང་། །དེས་ན་ཚིག་དང་ཡི་གེ་སྒྲ་རུ་བསྒྲགས། །དེས་ན་ཚིག་གི་དོན་གྱི་དགོས་པར་བཤད། །ཀྱེ་སེམས་དཔའ་ཆེན་པོ། གང་དང་གང་གི་ལོ་རྒྱུས་བཤད་པ་ནི། །སྟོན་པ་བསྟན་པ་འཁོར་གྱི་ལོ་རྒྱུས་ཏེ། །སྟོན་པ་ཀུན་བྱེད་རང་བཞིན་རྣམ་གསུམ་ལས། །འཁོར་གྱི་རང་བཞིན་སྐུ་གསུམ་སྟོན་པ་བྱུང་། །སྐུ་གསུམ་སྟོན་པའི་བཤད་ལུགས་རྣམ་གསུམ་ནི། །སྟོན་པ་བསྟན་པ་གསུམ་


DNG005_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལོ་རྒྱུས་ཡིན། །གང་དང་གང་གི་རྩ་བ་བཤད་པ་ནི། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །ཇི་སྐད་བསྟན་པའི་ཆོས་རྣམས་ཐམས་ཅད་ཀུན། །རྩ་བ་བྱང་ཆུབ་སེམས་སུ་བསྟན་པའི་ཕྱིར། །སྟོན་པ་དང་ནི་བསྟན་པ་འཁོར་རྣམས་ཀྱི། །རྩ་བ་དོན་གྱི་གཏན་ཚིགས་བསྟན་པ་ཡིན། །ང་ཡི་རང་བཞིན་དེ་བཞིན་ཉིད་གཅིག་ལ། །རྣལ་འབྱོར་རྣམ་བཞི་ཡོ་གའི་བྱེ་བྲག་ནི། །ལྟ་བ་སྤྱོད་པ་དམ་ཚིག་སྒྲུབ་པ་དང་། །མི་མཐུན་ཁྱད་པར་སོ་སོའི་བྱེ་བྲག་དེ། །ཤིན་ཏུ་རྣལ་འབྱོར་རྩོལ་སྒྲུབ་འདས་པས་འབྱེད། །དེས་ན་ཡོ་གའི་དོན་གྱི་གཏན་ཚིགས་བསྟན། །དགོས་ཆེད་དོན་གྱི་ངེས་ཚིག་བསྟན་པ་ནི། །དགོས་ནི་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རང་སེམས་དེ་བཞིན་ཉིད་དེ་མཐོང་འགྱུར་ན། །སངས་རྒྱས་ཚིག་གི་ས་ལ་མི་གནས་ཏེ། །ད་ལྟ་ཉིད་ནས་ཤིན་ཏུ་རྣལ་འབྱོར་ཐོབ། །ལས་མེད་སྐལ་བ་ཆུང་བ་རྣམས་ལ་ནི། །མ་གབ་མངོན་དུ་ཕྱུང་ཡང་མི་རྟོགས་ཏེ། །གང་ཞིག་ནོར་བུ་རིན་ཆེན་འདོད་པ་དེ། །ཤིང་ལ་བྱི་དོར་བྱས་པས་མི་འགྱུར་བཞིན། །ལས་བཟང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་ལ། །ལྟ་བ་དམ་ཚིག་ཕྲིན་ལས་ས་ལམ་དང་། །སེམས་བསྐྱེད་རྒྱུ་འབྲས་སྒོམ་སྒྲུབ་གཉེན་པོ་མེད། །དོན་དམ་ཀུན་རྫོབ་རྣམ་གཉིས་མེད་མཐོང་བ། །དེས་ན་སེམས་ཀྱི་དེ་བཞིན་ཉིད་མཐོང་བས། །དེ་ལྟ་བུ་ལ་དགོས་པའི་དགོས་ཆེད་ཡིན། །ཞེས་གསུངས་སོ། །ཚིག་གི་དོན་གྱི་དགོས་པའི་ངེས་ཚིག་ནི། །མེད་པའི་དོན་བཅུ་མེད་པའི་སྒྲ་དང་ཚིག །ཚིག་ཏུ་བརྗོད་པས་བྱ་མེད་དོན་མཐོང་ནས། །བྱ་མི་དགོས་པའི་ཀུན་བྱེད་དེ་ཐོབ་པས། །ཚིག་གི་དོན་གྱི་དགོས་པ་བསྟན་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སེམས་ཀྱི་བཤད་ལུགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་གསང་བ་དམ་པའི་གདམས་ངག་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་ང་ནི་ཀུན་ཏུ་གསང་བའོ། །


DNG005_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལས་བྱུང་བའི་སྐུ་གསུམ་སྟོན་པ་ལ། །ང་ཡི་རང་བཞིན་རྣམ་གསུམ་མི་བསྟན་གསང་། །ང་ལ་གནས་པའི་དུས་གསུམ་སངས་རྒྱས་ལ། །ང་ཡི་རང་བཞིན་མི་བསྟན་གསང་བར་བྱ། །ང་ལ་འདུས་པའི་འཁོར་ཚོགས་ཐམས་ཅད་ལ། །ང་ཡི་རང་བཞིན་མི་བསྟན་གསང་བར་བྱ། །ང་ཡིས་བྱས་པའི་ཁམས་གསུམ་སེམས་ཅན་ལ། །ང་ཡི་རང་བཞིན་མི་བསྟན་གསང་བར་བྱ། །ང་ཡི་རང་བཞིན་མ་གསང་བསྟན་བྱས་ནས། །སྐུ་གསུམ་སྟོན་པ་ང་ལས་འབྱུང་མི་འགྱུར། །སྐུ་གསུམ་སྟོན་པ་ང་ལས་མ་བྱུང་ན། །བསྟན་གསུམ་ཐེག་གསུམ་འཁོར་གསུམ་ཚོགས་མི་འགྱུར། །བསྟན་གསུམ་ཐེག་གསུམ་འཁོར་གསུམ་མ་ཚོགས་ན། །སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམ། །བླ་མེད་བྱང་ཆུབ་ཀུན་གྱི་རིག་པ་མེད། །ང་ལས་བྱུང་བའི་དུས་གསུམ་སངས་རྒྱས་ལ། །ང་ཡི་རང་བཞིན་མ་གསང་བསྟན་གྱུར་ན། །སྐུ་གསུམ་སྟོན་གསུམ་མེད་པའི་སྐྱོན་དུ་འགྱུར། །ང་ལ་འདུས་པ་འཁོར་གྱི་ཚོགས་རྣམས་ལ། །ང་ཡི་རང་བཞིན་མ་གསང་བསྟན་གྱུར་ན། །སྟོན་གསུམ་ཐེག་པ་ཁྱད་པར་ཕྱེད་མི་འགྱུར། །ང་ཡིས་བྱས་པའི་ཁམས་གསུམ་སེམས་ཅན་ལ། །ང་ཡི་རང་བཞིན་ཐུགས་རྗེས་བསྟན་གྱུར་ན། །སྟོན་པ་གསུམ་གྱིས་བསྟན་པའི་གནས་མེད་འགྱུར། །སྟོན་པ་གསུམ་གྱི་བསྟན་པའི་གནས་མེད་ན། །ཀུན་བྱེད་ང་ཡིས་བྱས་པའི་ཆོས་རྣམས་ལ། །ཕུན་སུམ་ཚོགས་པ་ཞེས་སུ་སུ་ཞིག་འདོགས། །དེས་ན་ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ང་ཡི་རང་བཞིན་ང་ཡིས་ཕྱུང་ནས་ནི། །ང་ལ་ང་ཡི་རང་བཞིན་ང་ཡིས་བསྟན། །ང་ལས་བྱུང་བའི་སྟོན་པ་འཁོར་རྣམས་ལ། །བསྟན་པའི་ལུང་ནི་ཀུན་བྱེད་ངས་མ་ཕོག །ཤིན་ཏུ་རྣལ་འབྱོར་ཀུན་བྱེད་ང་ཡིན་པས། །དེ་ལ་ཀུན་བྱེད་རང་བཞིན་བསྟན་པར་བྱ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྐལ་མེད་ལ་གསང་བའི་ལེའུ་སྟེ་བཅུ་བཞི་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་ལུང་ཆེན་པོ་མངོན་དུ་ཕྱུང་བའི་ལུང་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་


DNG005_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །མངོན་དུ་ཕྱུང་བ་གསུམ་བསྟན་ཏེ། །ང་ཡི་རང་བཞིན་རྣམ་གསུམ་ངས་བསྟན་པ། །དོན་རྣམས་སྟོན་པའི་སྟོན་པ་དང་། །དོན་རིག་འདོད་པའི་འཁོར་རྣམས་དང་། །མ་ནོར་ངེས་པའི་དོན་དང་གསུམ། །ཀུན་བྱེད་ང་ཡིས་མངོན་དུ་ཕྱུང་། །དོན་སྟོན་མངོན་དུ་ཕྱུང་བ་ནི། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུ་དང་རྣམ་པ་གསུམ། །འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་སྟེ། །དོན་སྟོན་པ་ཡི་སྟོན་པ་དེ། །གཟུང་འཛིན་བྲལ་བའི་རང་བཞིན་དང་། །ང་ཡི་ངོ་བོ་སྟོན་པ་དང་། །ཐུགས་རྗེའི་རང་བཞིན་དོན་མཛད་གསུམ། །རང་བཞིན་གསུམ་ལས་མངོན་དུ་ཕྱུང་། །སྟོན་པ་གསུམ་ཡང་མངོན་ཕྱུང་བའོ། །དོན་རིག་འདོད་པ་མངོན་ཕྱུང་བ། །སྟོན་པ་གསུམ་གྱི་འཁོར་གསུམ་སྟེ། །ང་བསྟན་པ་ཡི་བྱེ་བྲག་ནི། །དུས་གསུམ་བཞུགས་པའི་སངས་རྒྱས་དང་། །ཁམས་གསུམ་གནས་པའི་སེམས་ཅན་ཀུན། །མི་རྟོག་མཉམ་ཉིད་གནས་པ་དེ། །ཀུན་བྱེད་ང་ཡིས་མངོན་ཕྱུང་འཁོར། །དབང་པོ་ཡུལ་གྱི་རྣམ་པ་ལ། །ཉོན་མོངས་མི་སྐྱེ་རྣམ་མི་རྟོག །རང་གི་བྱང་ཆུབ་སེམས་ཉིད་ལ། །ཆོས་དང་ཆོས་ཉིད་རྟོག་བྱེད་པ། །དང་པོ་ས་ནས་བཅུ་པར་བསྒྲིབས། །ས་བཅུ་བྱང་ཆུབ་སེམས་དཔའ་དང་། །ལོངས་སྤྱོད་འདོད་ཡོན་རྣམ་པ་ལྔར། །མཐོང་བའི་སྟོན་འཁོར་རྣམ་གཉིས་ཀྱང་། །ང་ཡི་ངོ་བོར་མངོན་ཕྱུང་ཡིན། །དེ་བཞིན་ཉིད་ཀྱི་རང་བཞིན་ལ། །རིག་པ་ཡིད་ཀྱི་དབང་པོ་དེས། །བརྟགས་པས་མཐོང་བའི་ཤེས་པ་དེ། །ལ་ལས་རྟག་པ་ཉིད་དུ་མཐོང་། །ལ་ལས་སྟོང་པ་ཆད་པར་མཐོང་། །རྒྱུ་འབྲས་ལོག་པར་མཐོང་བ་ཡི། །མུ་སྟེགས་རྣམ་བཞིས་བྱིན་བརླབས་ནས། །རྒྱུ་དང་འབྲས་བུ་ལུང་བསྟན་པའི། །སྡིག་སྤོང་སེམས་དགེ་རྣམ་བཞི་ནི། །བསྐལ་པ་ཆེན་པོ་གསུམ་བར་དུ། །གནས་པའི་འཁོར་དང་སྟོན་པ་ཡང་། །ང་ཡིས་མངོན་དུ་ཕྱུང་བ་ཡིན། །ཡེ་ཤེས་རིག་པའི་ཡུལ་ཅན་ལ། །ཡང་དག་ངེས་པར་མངོན་དུ་ཕྱུང་། །


DNG005_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་སེམས་དཔའ་ཆེན་པོ། མངོན་དུ་ཕྱུང་བ་ཞེས་བྱ་བ། །གང་གིས་གང་མངོན་ཕྱུང་བ་ནི། །གང་གིས་ང་ཡིས་མངོན་དུ་ཕྱུང་། །གང་ཞིག་མངོན་དུ་ཕྱུང་བ་ནི། །སེམས་དེ་ཉིད་དེ་མངོན་དུ་ཕྱུང་། །གང་གི་དོན་དུ་མངོན་ཕྱུང་ན། །ཡུལ་ལ་སོ་སོར་ལྟ་བ་ཡི། །འཁོར་གྱི་དོན་དུ་མངོན་ཕྱུང་ཡིན། །ལ་ལ་སྤོང་བའི་དོན་དུ་ཕྱུང་། །ལ་ལ་འགེགས་པའི་དོན་དུ་ཕྱུང་། །ལ་ལ་སྤྱོད་པའི་དོན་དུ་ཕྱུང་། །ལ་ལ་དག་བྱེད་དོན་དུ་ཕྱུང་། །ལ་ལར་བླང་དོར་དོན་དུ་ཕྱུང་། །ལ་ལར་བདག་ཉིད་དོན་དུ་ཕྱུང་། །ལ་ལས་སྤང་བའི་ཡུལ་དུ་མཐོང་། །ལ་ལས་དགག་པའི་ཡུལ་དུ་མཐོང་། །ལ་ལས་སྤྱོད་པའི་ཡུལ་དུ་མཐོང་། །ལ་ལས་དག་བྱའི་ཡུལ་དུ་མཐོང་། །ལ་ལས་བླང་དོར་ཡུལ་དུ་མཐོང་། །ལ་ལས་དབང་བསྡུའི་ཡུལ་དུ་མཐོང་། །རྒྱུ་དང་འབྲས་བུའི་སྟོན་པ་ཡི། །འཁོར་ཚོགས་རྣམས་ཀྱིས་དེ་ལྟར་མཐོང་། །སེམས་དཔའ་ཆེན་པོ། ང་ཡི་རང་བཞིན་མངོན་ཕྱུང་བ། །འདི་ནི་ངེས་པར་ལུང་སྟོན་ཅིག །ང་ནི་ཁྱེད་ཀྱི་ངོ་བོ་སྟེ། །ང་ཡི་རང་བཞིན་ཕྱུང་བ་དེ། །ཁྱེད་ཀྱི་རང་བཞིན་ཕྱུང་བ་ཡིན། །ཁྱེད་ཀྱི་རང་བཞིན་ཕྱུང་བ་དེས། །རང་གི་རང་བཞིན་ཤེས་པར་གྱིས། །རང་གི་ངོ་བོ་ཤེས་པར་གྱིས། །རྒྱུ་འབྲས་འཁོར་ལ་ལུང་སྟོན་ཅིག །ཅེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་དེས་རྒྱུ་འབྲས་ཀྱི་འཁོར་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ་རྒྱུ་དང་འབྲས་བུའི་སྟོན་འཁོར་རྣམས། །སྟོན་པའི་སྟོན་པ་ཀུན་བྱེད་ཀྱིས། །ཀུན་བྱས་ཕུན་སུམ་ཚོགས་པར་བྱས། །ཕུན་སུམ་ཚོགས་པ་མངོན་ཕྱུང་བ། །རང་གི་རང་བཞིན་མངོན་ཕྱུང་བས། །རང་གི་རང་བཞིན་ཡིན་པར་རྟོགས། །རང་གི་ངོ་བོ་ཡིན་པར་རྟོགས། །དེ་ལ་གཞན་ཡིན་མ་རྟོགས་པར། །རང་ཉིད་ཡིན་པར་ཀུན་གྱིས་རྟོགས། །རང་ཉིད་ཡིན་པར་མ་རྟོགས་ཏེ། །ཡུལ་དེ་རང་དུ་མ་རྟོགས་པར། །ཡུལ་དེ་དགྲ་དང་ཆེར་བརྟགས་ནས། །རང་གི་རང་བཞིན་དེ་སྤངས་ནས། །བསྐལ་པ་བརྒྱ་ཕྲག་ཡུན་རིངས་སུ། །ཆོས་ཉིད་རང་གི་སེམས་མི་མཐོང་། །རང་སེམས་ཆོས་ཉིད་མ་


DNG005_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ན། །བསྐལ་པ་བརྒྱ་ཕྲག་ཡུན་རིངས་སུ། །རང་གི་བྱང་ཆུབ་དེ་སྤོང་འགྱུར། །བྱ་མེད་བདེ་ཆེན་དེ་མི་ཐོབ། །ཡུལ་དེ་རང་དུ་མ་རྟོགས་པར། །ཡུལ་དེ་རྐྱེན་གྱིས་དགྲར་བརྟགས་ནས། །རང་གི་རང་བཞིན་དེ་བཀག་ན། །བསྐལ་པ་བརྒྱ་ཕྲག་ཡུན་རིངས་སུ། །ཆོས་ཉིད་རང་གི་སེམས་མི་མཐོང་། །རང་སེམས་ཆོས་ཉིད་མ་མཐོང་ན། །བསྐལ་པ་བརྒྱ་ཕྲག་ཡུན་རིངས་སུ། །རང་གི་བྱང་ཆུབ་དེ་འགེགས་པས། །བྱ་མེད་བདེ་ཆེན་དེ་མི་ཐོབ། །ཡུལ་དེ་རང་དུ་མ་རྟོགས་པར། །ཡུལ་དེ་སྦྱངས་པའི་ཡུལ་མཐོང་ནས། །རང་གི་རང་བཞིན་སྦྱོང་བྱེད་ན། །བསྐལ་པ་ཆེན་པོ་གསུམ་བར་དུ། །ཆོས་ཉིད་རང་གི་སེམས་མི་མཐོང་། །རང་སེམས་ཆོས་ཉིད་མ་མཐོང་སྟེ། །རང་སེམས་སྦྱང་མེད་གདེང་དང་བྲལ། །ཡུལ་དེ་བྱང་ཆུབ་རང་དག་ལ། །གཟུང་འཛིན་དྲི་མ་ཡོད་མཐོང་ནས། །ཕྱི་ནང་རྟོག་པ་དག་གསུམ་གྱིས། །ཁྲུས་དང་གཙང་སྦྲ་དག་བྱེད་པ། །དག་པའི་རང་སེམས་མ་མཐོང་བ། །རང་སེམས་དག་པ་དེ་དང་བྲལ། །མི་ཡི་སྐྱེ་བ་ཚེ་བདུན་དུ། །རང་སེམས་ཆོས་ཉིད་དེ་མི་མཐོང་། །བླང་དོར་མེད་པའི་བྱང་ཆུབ་ལ། །བླང་དང་དོར་བའི་ཡུལ་མཐོང་ནས། །རང་འབྱུང་ཉིད་ལ་བླང་དོར་བྱས། །རང་གིས་རང་ལ་བླང་དོར་བྱས། །བར་མ་ཆོད་ཀྱིས་ཚེ་གསུམ་དུ། །རང་སེམས་གཉིས་མེད་དེ་མི་མཐོང་། །ལྷུན་གྱིས་གྲུབ་པའི་བྱང་ཆུབ་ལ། །བཙལ་ཞིང་བསྒྲུབ་པའི་ཡུལ་མཐོང་ནས། །སེམས་བསྐྱེད་ཏིང་འཛིན་རྣམ་གསུམ་གྱིས། །ཐམས་ཅད་དབང་སྡུད་བདག་ཏུ་བྱེད། །རང་གི་བྱང་ཆུབ་བཙལ་མེད་ལ། །བཙལ་བས་གྲུབ་པར་འདོད་པའི་ཕྱིར། །བཅུ་དྲུག་ཟླ་བས་ཚེས་བསྒྲུབས་ནས། །སྟོང་དང་བརྒྱ་དྲུག་ལོ་ཡིས་ནི། །ཆ་ལུགས་ལོངས་སྐུ་བཟུང་ནས་ནི། །རང་སེམས་ལྷུན་གྲུབ་བཟོད་རྟོག་བྱེད། །རང་སེམས་ཆོས་ཉིད་མངོན་ཕྱུང་འདི། །རྒྱུ་དང་འབྲས་བུ་རྟོག་བྱེད་པའི། །རྩོལ་སྒྲུབ་ཅན་ལ་ཕན་མེད་ཀྱང་། །ལས་དང་སྐལ་བར་ལྡན་པ་ཡི། །དགོས་ཆེད་དོན་དུ་ཕྱུང་བ་ཡིན། །ཞེས་


DNG005_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྡོ་རྗེས་གསུངས་སོ། །དེ་ནས་ཀུན་བྱེད་རྒྱལ་པོ་ཉིད་ཀྱིས་ལུང་བསྟན་པ། ཀྱེ་སེམས་དཔའ་ཆེན་པོ། ཆོས་ཉིད་མངོན་དུ་ཕྱུང་བ་རང་སེམས་ཡིན། །རྒྱུ་དང་འབྲས་བུ་ཐེག་པ་ཅན་རྣམས་ཀྱིས། །རང་སེམས་མངོན་དུ་ཕྱུང་བ་མ་རྟོགས་ཏེ། །སྤོང་ཞིང་འགེགས་པས་བསྐལ་པ་ཡུན་རིངས་གནས། །སྦྱོངས་ཤིང་བགྲོད་ལ་བསྐལ་པ་གསུམ་དུ་གནས། །དག་བྱེད་ཁྲུས་དང་གཙང་སྦྲས་མི་ཚེ་བདུན། །བྱིན་རློབས་བླང་དོར་ཅན་ནི་མི་ཚེ་གསུམ། །དབང་སྡུད་བདག་འདོད་ལོ་སྟོང་བརྒྱ་དྲུག་ཏུ། །ལོངས་སྐུ་ཆ་ལུགས་དེ་ཡི་རང་སེམས་རྟོགས། །ནམ་རྟོགས་དུས་ན་མི་རྩོལ་བདེ་ཆེན་ཐོབ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྒྱུ་འབྲས་ཐེག་ཆེན་བཞིན་དུ་མ་ཡིན་གྱིས། །ཀུན་བྱེད་ང་ཡི་ལུང་འདི་ངེས་པར་ཟུང་། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་དང་། །རང་སེམས་ཆོས་ཉིད་ཡེ་ནས་གཅིག་ཡིན་པས། །རྒྱུ་འབྲས་ལུགས་བཞིན་འདི་ལ་རྟོག་མ་བྱེད། །རང་སེམས་དེ་བཞིན་ཉིད་ལ་རྟོག་མ་བྱེད། །རང་སེམས་དེ་བཞིན་ཉིད་ལ་བརྟག་བྱ་རུ། །རང་གི་བྱང་ཆུབ་ངོ་བོ་སྣང་བ་ཡིན། །འདི་ལས་མ་རྟོགས་སོ་སོས་མིང་བཏགས་པ། །ཀུན་རྫོབ་སྣང་ལ་དོན་དམ་མི་སྣང་འདོགས། །དོན་དམ་ཀུན་རྫོབ་གཉིས་མེད་བདེན་པ་གཅིག །བདེན་པ་ཡང་དག་ངེས་པར་ཡོད་མ་ཡིན། །ཡང་དག་འདོགས་པ་ང་ཡང་འཁྲུལ་པ་ཡིན། །བདེ་བ་འདོད་པ་ཆགས་པའི་ནད་ཡིན་པས། །འདོད་པ་མེད་པས་བདེ་བ་ལེན་པར་བྱེད། །སངས་རྒྱས་བསྒྲུབས་པས་གྲུབ་པ་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །སངས་རྒྱས་དོན་གྱི་བླ་དྭགས་མིང་འདི་ལ། །སངས་རྒྱས་ཡང་དག་ཡོད་པར་ང་མི་སྟོན། །གང་ཞིག་སངས་རྒྱས་ཡོད་པར་མཐོང་བ་ནི། །ཆོས་ཉིད་དབྱིངས་ལས་སངས་རྒྱས་མི་རྙེད་དེ། །སངས་རྒྱས་མ་ལྟ་རང་སེམས་བྱར་མེད་རྟོགས། །བརྟགས་ན་མེད་དེ་རང་སེམས་ཡེ་ནས་གསལ། །དངོས་སུ་


DNG005_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྣང་རང་སེམས་ཀུན་ལ་ཁྱབ། །ཡིན་པའི་ངོ་བོ་སྣང་བ་འདི་ཡིན་ཏེ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལ། །སྤོང་འགེགས་སྦྱོང་བ་བྱིན་བརླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱ་མེད་དེ་ལས་གོལ། །རང་གམ་བཞག་ནས་གཞན་མ་རྒྱང་དུ་ཚོལ། །བྱ་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་པ་ཡི་ནད་དུ་དེ་ལས་མེད། །མ་ཡེངས་ཏིང་འཛིན་འཛིན་པའི་རྟོད་ཕུར་ཡིན། །ཡེ་ནས་ཡིན་ལ་ཡེངས་པའི་ཤོར་བ་མེད། །མ་ཡེངས་ཏིང་འཛིན་རེ་བའི་སླུ་མཁན་དེས། །རྒྱུ་འབྲས་ཐེག་ཆེན་དྲང་བའི་ལུང་བསྟན་ཡིན། །ཡེ་ནས་ཡིན་ལ་ཡེངས་མེད་ཤོར་མེད་དེ། །རྩོལ་སྒྲུབ་ཀུན་གྱི་གཉེན་པོ་འཇོམས་བྱེད་དེ། །རྒྱུ་འབྲས་སྟོན་པའི་སྟོན་པ་འཁོར་རྣམས་ལ། །ཀུན་བྱེད་ང་ཡི་ལུང་འདི་བསྟན་གྱུར་ན། །རྒྱུ་ལས་འབྲས་བུ་འབྱུང་ཞེས་སྒྲོ་སྐུར་འདེབས། །སངས་རྒྱས་འདོད་པའི་རྣལ་འབྱོར་ཏིང་འཛིན་ཅན། །ཏིང་འཛིན་འདོད་པའི་མ་བཅོས་རྣལ་འབྱོར་སྤངས། །མ་བཅོས་རྣལ་མ་ཀུན་གྱི་ཆོས་ཉིད་ཡིན། །ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་མིང་དུ་བཏགས་པ་བླ་དྭགས་ཡིན། །ཆོས་ཉིད་བྱ་བ་གཞན་མེད་རང་སེམས་ཏེ། །རང་སེམས་མ་བཅོས་ཆོས་ཀྱི་སྐུ་རུ་བཤད། །མ་བཅོས་པ་ལ་ཡེ་ནས་སྐྱེ་མེད་པས། །སྐྱེ་མེད་དོན་ལ་བཙལ་ཞིང་བསྒྲུབ་ཏུ་མེད། །བཙལ་ཞིང་བསྒྲུབས་པས་བྱ་མེད་འགྲུབ་མི་འགྱུར། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་སྐུ་དང་། །སྤྲུལ་པའི་སྐུ་དང་སྟོན་པ་རྣམ་པ་གསུམ། །ཐེག་གཅིག་ཐེག་གཉིས་ཐེག་པ་རྣམ་གསུམ་གྱི། །སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ཕྱུང་། །ང་ནི་སྟོན་པ་ཀུན་གྱི་འབྱུང་གནས་ཡིན། །ང་ཡི་རང་བཞིན་རྣམ་པ་གསུམ་ལས་ཕྱུང་། །སྤྲོས་བྲལ་སྐྱེ་མེད་དགའ་བའི་འཁོར་རྣམས་ལ། །ང་ཡི་རང་བཞིན་གཟུང་འཛིན་བྲལ་བ་ལས། །མི་རྟོག་མཉམ་པ་ཉིད་ཀྱི་ཆོས་སྐུ་བྱུང་། །ཆོས་སྐུའི་འཁོར་ནི་ཕྱེ་བ་མེད་པ་སྟེ། །མ་སྐྱེས་མཉམ་པ་ཉིད་ཀྱི་དོན་བསྟན་པ། །


DNG005_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ལྷག་མ་མེད་པའི་ཐེག་པར་བཤད། །ང་ཡི་རང་བཞིན་ཀུན་དུ་སྣང་བ་ལ། །འདོད་སྤྱོད་དག་པའི་འཁོར་གྱི་ཚོགས་རྣམས་ལ། །ང་ཡི་ངོ་བོ་ལོངས་སྤྱོད་རྫོགས་པར་ཕྱུང་། །ངོ་བོ་དེ་ལ་ལྟ་སྤྱོད་རྫོགས་བྱེད་སྟོན། །དེ་ནི་ཐུན་མོང་མིན་པའི་ཐེག་པ་སྟེ། །ང་ཡི་རོལ་པའི་ངོ་བོ་ཕྱུང་བ་ཡིན། །ང་ཡི་རང་བཞིན་ཐུགས་རྗེ་འབྱུང་བ་ལས། །ཇི་ལྟར་འདུལ་བར་སྤྲུལ་ནས་དོན་མཛད་པའི། །སྤྲུལ་པའི་སྐུ་དང་འཁོར་ཚོགས་རྣམ་བཞི་ལ། །རྒྱུ་འབྲས་འཚམ་པའི་ཐུགས་རྗེ་ཕྱུང་བ་ཡིན། །ཀྱེ་སེམས་དཔའ་ཆེན་པོ། མདོར་ན་མངོན་དུ་ཕྱུང་བའི་ལུང་ཞེས་པ། །ང་ཡི་རང་བཞིན་འདི་ལྟར་བསྟན་པ་ལ། །མངོན་དུ་ཕྱུང་བའི་ལུང་ཞེས་བསྟན་པ་ཡིན། །ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །སྣང་བའི་ཡུལ་ནི་རྣམ་པ་གསུམ་སྣང་ལ། །དེ་ལས་བྱུང་བའི་ཆོས་ནི་འདི་ལྟ་སྟེ། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཀུན་བྱེད་ང་ཡི་རང་བཞིན་མངོན་ཕྱུང་ཡིན། །འདི་ལས་གཞན་ཡིན་པ་རུ་རྟོག་བྱེད་པ། །ཀུན་བྱེད་ང་དང་ཕྲད་པའི་སྐལ་མེད་པས། །འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱི། །རིམ་པས་སྦྱངས་པའི་རྒྱུ་འབྲས་ཐེག་འཁོར་ཡིན། །ཀྱེ་སེམས་དཔའ་ཆེན་པོ། ང་ཡིས་མངོན་དུ་ཕྱུང་བ་འདི། །གཞན་མ་མངོན་དུ་ཕྱུང་བ་ཡིན། །ང་ཉིད་མངོན་དུ་ཕྱུང་བ་ཡིན། །ཆོས་ཉིད་མངོན་དུ་ཕྱུང་བ་ཡིན། །རང་སེམས་མངོན་དུ་ཕྱུང་བ་ཡིན། །མ་ནོར་མངོན་དུ་ཕྱུང་བ་ཡིན། །ངེས་པར་མངོན་དུ་ཕྱུང་བ་ཡིན། །དེ་བཞིན་མངོན་དུ་ཕྱུང་བ་ཡིན། །ཀྱེ་སེམས་དཔའ་ཆེན་པོ། ང་ཡི་རང་བཞིན་མངོན་དུ་ཕྱུང་བ་འདིས། །ཆེ་བ་ལྔ་ཡི་སངས་རྒྱས་མངོན་དུ་ཕྱུང་བ་ཡིན། །ཆེ་བ་ལྔ་ཡི་སངས་རྒྱས་འདི་ལྟ་སྟེ། །ང་ཡི་ངོ་བོ་མངོན་དུ་ཕྱུང་བ་ནི། །སྣང་སྲིད་སྣོད་བཅུད་ང་ཡི་ཆོས་ཉིད་ཡིན། །ཀུན་ལ་སྣང་བས་མངོན་པར་ཕྱུང་བ་ཡིན། །བྱ་མི་དགོས་པས་ཡེ་ནས་སངས་རྒྱས་ཡིན། །རྩོལ་གྲུབ་མེད་པས་ཡེ་ནས་ཆེ་བར་བཤད། །མངོན་པར་སངས་རྒྱས་ཞེས་སུ་བཤད་པ་ཡིན། །ང་ཡི་རང་སེམས་མངོན་དུ་ཕྱུང་བ་


DNG005_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །སྙིང་བོར་གྱུར་པས་ཀུན་གྱི་བདག་ཉིད་ཡིན། །བྱ་མི་དགོས་པས་ཡེ་ནས་སངས་རྒྱས་ཡིན། །རྩོལ་སྒྲུབ་མེད་པས་ཡེ་ནས་ཆེ་བར་བཤད། །བདག་ཉིད་ཆེན་པོ་སངས་རྒྱས་ཆེ་བར་བཤད། །མ་སྐྱེས་སྤྲོས་བྲལ་མངོན་དུ་ཕྱུང་བ་འདི། །ཡེ་ནས་གཟུང་འཛིན་བྲལ་བས་ཆོས་ཀྱི་དབྱིངས། །བྱ་མི་དགོས་པས་ཡེ་ནས་སངས་རྒྱས་ཡིན། །རྩོལ་སྒྲུབ་མི་དགོས་ཡེ་ནས་ཆེ་བར་བཤད། །ཆོས་དབྱིངས་སངས་རྒྱས་ཆེ་བ་ཡིན་པར་བཤད། །ང་ཡིས་ངེས་པར་མངོན་དུ་ཕྱུང་བ་འདི། །དཔེ་དོན་རྟགས་ནི་རྣམ་པ་གསུམ་བསྟན་ཏེ། །ཆོས་ཉིད་དོན་ལ་ནམ་མཁའི་དཔེ་བསྟན་ཏེ། །བྱང་ཆུབ་སེམས་ཀྱི་རྟགས་ཀྱིས་ངེས་པ་རུ། །ཐེ་ཚོམ་ཟ་བ་རྣམས་ལ་མངོན་པ་རུ། །དཔེ་དོན་རྟགས་ཀྱིས་དེ་ཡིན་སངས་རྒྱས་བསྟན། །ང་ཡི་རང་བཞིན་མ་ནོར་ཉིད་འདི་ནི། །སུ་ལ་མངོན་དུ་ཕྱུང་ཡང་མི་སྣང་བས། །དེ་ནི་མ་ནོར་བ་ཡི་རང་བཞིན་ལ། །བཞིན་ནི་བཅོས་པ་མེད་པའི་རང་བཞིན་ཏེ། །ཉིད་ནི་ངོ་བོ་ཉིད་ལ་བཏགས་པ་ཡིན། །དེ་བཞིན་ཉིད་ཀྱི་རང་བཞིན་དེ་ཉིད་ལ། །དུས་གསུམ་སངས་རྒྱས་ཡོད་པའི་སྒྲོས་མི་འདོགས། །ཁམས་གསུམ་སེམས་ཅན་མེད་པའི་སྐུར་མི་འདེབས། །རྟོག་དཔྱོད་བསམ་པ་ཅིར་ཡང་དགོངས་མེད་པས། །སངས་རྒྱས་མེད་པའི་ཆེ་བར་ང་ཡིས་བཤད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་བཞིན་རྣམ་པ་གསུམ་མངོན་དུ་ཕྱུང་བའི་ལེའུ་སྟེ་བཅྭ་ལྔ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་དཔའ་རྡོ་རྗེ་ལ་གདམས་ངག་ཕོག་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ཆེན་པོ་འདི་ཉོན་ཅིག །ང་ནི་ཡེ་ནས་ཀུན་བྱེད་རྒྱལ་པོ་ཡིན། །སྟོན་པ་བསྟན་པ་འཁོར་དུས་ངས་བྱས་ནས། །སྟོན་པའི་སྟོན་པ་ཡང་ནི་ང་ཡིས་བྱེད། །བསྟན་པ་ང་ཡི་རང་བཞིན་དེ་སྟོན་ལ། །འཁོར་ཡང་ང་ཡི་ངོ་བོ་དེ་ཕྱུང་ནས། །དུས་གནས་ང་ཡི་རང་བཞིན་དེ་རུ་ནི། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ལས། །ང་མིན་ཆོས་ནི་གཅིག་ཀྱང་བསྟན་པ་


DNG005_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉིད་ཀྱང་། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པའི་ཕྱིར། །ཁྱོད་ཀྱང་ང་ལས་ང་ཡིས་ཕྱུང་བ་ཡིན། །ཀུན་བྱེད་ང་ནི་ཆོས་ཀྱི་སྙིང་པོར་ཞོག །ཀུན་བྱེད་ང་ནི་ཡེ་ནས་བྱས་ཟིན་གྱིས། །ད་གདོད་བྱ་དགོས་ཀུན་ལ་ལུང་མ་སྟོན། །ད་གདོད་བྱ་དགོས་འཁོར་ལ་ལུང་བསྟན་ན། །འཁོར་རྣམས་རྩོལ་བའི་ནད་ཀྱིས་ཟིན་པར་འགྱུར། །རང་འབྱུང་ཡེ་ཤེས་མེད་པའི་སྐྱོན་དུ་འགྱུར། །བྱང་ཆུབ་སེམས་ལ་འཆོས་པའི་སྐྱོན་དུ་འགྱུར། །དེ་བཞིན་ཉིད་ལ་འཆོས་པའི་སྐྱོན་དུ་འགྱུར། །སྐྱོན་གྱིས་ཡོན་ཏན་ཁྱད་དུ་གསོད་པར་འགྱུར། །བརྫུན་གྱིས་བདེན་པ་བསླུས་པས་བསླད་པས་ན། །མིན་པའི་རྩོལ་བས་བྱ་མེད་ཡིན་མ་སྒྲུབ། །སེམས་དཔའ་ཁྱོད་ཀྱིས་ཀུན་བྱེད་ང་རིག་གིས། །ང་ཡིས་བྱས་པའི་ཆོས་རྣམས་ཐམས་ཅད་ཀུན། །ཡེ་ནས་རང་འབྱུང་ཡེ་ཤེས་དེ་བཞིན་ཉིད། །སྟོན་གསུམ་ང་ཡི་རང་འབྱུང་ཡེ་ཤེས་ཡིན། །བསྟན་པ་གསུམ་ཡང་ང་ཡི་དེ་བཞིན་ཉིད། །འཁོར་རྣམས་ཀུན་ཀྱང་སེམས་དཔའ་རྡོ་རྗེའི་ཚུལ། །དུས་གནས་ཕུན་སུམ་ཚོགས་པ་ཐམས་ཅད་ཀུན། །ཀུན་བྱེད་རྒྱལ་པོ་ང་ཡིན་བྱང་ཆུབ་སེམས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། སེམས་དཔའ་རྡོ་རྗེ་ལ་གདམས་ངག་ཕོག་པའི་ལེའུ་སྟེ་བཅུ་དྲུག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་སྐུ་གདུང་འདི་ཟུང་ཤིག་པར་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་འདི་ཟུང་ཞིག །སྐུ་གདུང་རིང་བསྲེལ་རྟག་འཆང་ན། །རྒྱལ་བའི་ཡང་མེས་ཀུན་བྱེད་ང་དང་མཉམ། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ་དུས་གསུམ་སངས་རྒྱས་ཀུན་གྱི་ཡང་མེས་པོ། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །སྐུ་གདུང་རིང་བསྲེལ་རྟག་ཏུ་ཟུང་ཞིག་པ། །སྐུ་ནི་རྒྱལ་བ་གང་དང་གང་གི་སྐུ། །གདུང་ནི་སངས་རྒྱས་གང་དང་གང་གི་གདུང་། །རིང་བསྲེལ་ཞེས་ནི་ཇི་ལྟ་བུ་ལ་བགྱི། །


DNG005_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞུས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྐུ་ནི་ང་སྲས་རྒྱལ་བ་གསུམ་གྱི་སྐུ། །གདུང་ནི་དུས་གསུམ་རྒྱལ་བ་ང་ཡི་སེམས། །དུས་མེད་རྟག་ཏུ་སེམས་དཔའ་འདི་འཆང་ན། །དུས་གསུམ་སངས་རྒྱས་རྣམས་ཀྱི་མཆོད་པའི་རྟེན། །སྐུ་གདུང་རིང་བསྲེལ་ཞེས་ནི་དེ་ལ་བྱ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །སྐུ་གདུང་རིང་བསྲེལ་དེ་ལྟར་ལགས་ན་ཡང་། །དེ་ལ་དུས་གསུམ་སངས་རྒྱས་ཇི་ལྟར་མཆོད། །མཆོད་པ་ལ་ནི་ཡོན་ཏན་ཅི་ཞིག་མཆིས། །ཞེས་ཞུས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །ང་ཡི་སྐུ་གདུང་རིང་བསྲེལ་དེ་ལ་ནི། །དུས་གསུམ་སངས་རྒྱས་རྟག་ཏུ་སེམས་ལྟས་མཆོད། །དེ་ཡི་ཡོན་ཏན་མི་འབྲལ་དེ་ཐོབ་ནས། །ཆོས་རྣམས་ཀུན་བྱེད་རྒྱལ་པོ་ནུས་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྐུ་གདུང་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ང་ཉིད་ཡིན་པའི་ལུང་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །སྣང་ནི་ང་ཡི་ངོ་བོར་སྣང་། །དག་ནི་ཆོས་ཉིད་དབྱིངས་སུ་དག །འདུལ་བ་རྣམ་པ་སྣ་ཚོགས་སྟོན། །སྐུ་གསུམ་སྣ་ཚོགས་བྱུང་ནས་ནི། །ཐེག་པ་གསུམ་ནི་དེ་ཡང་སྟོན། །རྒྱུ་འབྲས་ཅན་ནི་ངེས་ཚིམ་བྱེད། །འདས་པ་ཡུལ་ལ་མི་ལྟོས་པས། །རྒྱུ་ལ་མི་བསྒྲུབ་འབྲས་མི་འདོད། །འདོད་པ་མེད་པའི་དགོངས་པ་དང་། །རང་བཞིན་ལྷུན་གྱིས་གྲུབ་པར་འགྱུར། །ཡེ་ནས་ཡིན་ལ་བྱ་མི་དགོས། །དོན་རྣམས་ཇི་བཞིན་བསྐྱོད་མེད་པས། །ཇི་བཞིན་པ་ལ་བསྒྲུབ་མི་དགོས། །ཆོས་ཀུན་རང་བཞིན་ལྷུན་གྲུབ་ཕྱིར། །དུས་གསུམ་སངས་རྒྱས་གྲུབ་པས་ཀྱང་། །རྩོལ་ཞིང་སྒྲུབ་པའི་ལུང་མི་འབོགས། །བཙལ་ན་གང་བཙལ་ཏིང་འཛིན་དེས། །མི་གྲུབ་ཏིང་འཛིན་ནད་དུ་ཆེ། །ཀྱེ་སེམས་དཔའ་ཆེན་པོ། ང་མིན་སྟོན་པ་ཐམས་ཅད་


DNG005_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །བྱ་བའི་ཕྲིན་ལས་སྣ་ཚོགས་དང་། །བསམ་པའི་ཏིང་འཛིན་རིམ་པ་དང་། །འཕྲོ་བའི་འོད་ཟེར་སྣ་ཚོགས་དང་། །བལྟ་བའི་ཡུལ་ནི་ཅི་དམིགས་ཀྱང་། །ཇི་བཞིན་པ་ལ་གཡོས་པ་མེད། །བྱ་བའི་ལས་ཀྱིས་གྲུབ་པ་མེད། །བསམ་པའི་ཏིང་འཛིན་ཡལ་བར་འགྱུར། །འཕྲོ་བའི་འོད་ཟེར་ཞི་འགྱུར་ན། །བལྟ་ཡུལ་གང་ཡང་མཐོང་བ་མེད། །དེས་ན་བཙལ་བའི་ལས་མ་བྱེད། །ཀྱེ་སེམས་དཔའ་ཆེན་པོ། ཡུལ་ལས་བཙལ་བས་གྲུབ་པའི་ལུང་དེ་ནི། །རྒྱུ་དང་འབྲས་བུའི་ཐེག་ཅན་སྟོན་པར་བྱེད། །རྒྱུ་དང་འབྲས་བུའི་ཐེག་ཅན་ཆོས་ཉིད་ནི། །ཆོས་དང་ཆོས་ཉིད་རྣམ་པ་གཉིས་ཕྱེ་ནས། །ཆོས་ཀྱིས་ཆོས་ཉིད་ཚོལ་བ་རྙེད་ལུང་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བཙལ་བས་མི་འགྲུབ་པའི་ལེའུ་སྟེ་བཅྭོ་བརྒྱད་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་མ་བཙལ་བས་གྲུབ་པའི་ལེའུ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །བསྟན་པའི་ཐེག་པ་རྣམ་གསུམ་བསྟན་པ་ནི། །སྟོན་པ་གསུམ་གྱིས་མི་སྩོལ་ལུང་མ་བསྟན། །ཀུན་བྱེད་ང་ཡིས་ཐེག་གཅིག་བསྟན་པ་ནི། །བཙལ་བས་གྲུབ་པའི་ལུང་དུ་ངས་མ་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ནི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་ཕྱུང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མེད། །ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྐུ་གསུམ་ཀུན་བྱེད་ང་རུ་འདུས་པ་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་བཞིན་ངོ་བོ་ཐུགས་རྗེས་མ་བཅོས་གསུམ། །སྐུ་གསུམ་ང་ཡི་དེ་བཞིན་ཉིད་དུ་བསྟན། །ང་དང་ང་ཡི་དེ་བཞིན་ཉིད་ལས་ནི། །སངས་རྒྱས་ཞེས་བྱའི་


DNG005_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་སྒྲོས་ཀྱང་མེད། །སེམས་ཅན་ཞེས་བྱའི་སྐྱོན་གྱི་རྣམ་པ་མེད། །མི་རྟོག་མཉམ་པ་ཉིད་དུ་དེ་བཞིན་གནས། །འདི་ལས་མ་གཏོགས་པ་ནི་གཞན་མེད་པས། །སངས་རྒྱས་རྣམས་ཀྱིས་འདི་ལས་ལྷག་པ་ཡི། །ཀུན་བྱེད་ང་ལ་ངེས་ལུང་མནོས་པ་མེད། །བྱེད་མཁན་ཀུན་བྱེད་རྒྱལ་པོ་ང་ཡིས་ཀྱང་། །མི་རྟོགས་མཉམ་ཉིད་དེ་བཞིན་ཉིད་འདི་ལས། །ཉིད་ལ་ཉིད་ཀྱིས་བསྟན་པ་རྡུལ་ཙམ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མ་བཙལ་ལྷུན་གྱིས་གྲུབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་བྱུང་ཁུངས་ཉིད་ལས་བྱུང་བ་འདི་གསུངས་སོ། །ཀྱེ་ཆོས་ཀུན་སྡུད་པའི་རྡོ་རྗེ་ཉོན། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ནི་ཆོས་ཀུན་སྙིང་པོ་སྟེ། །ང་ནི་ཆོས་ཀུན་ས་བོན་ཡིན། །ང་ནི་ཆོས་ཀུན་རྒྱུ་ཡང་ཡིན། །ང་ནི་ཆོས་ཀུན་སྡོང་པོ་སྟེ། །ང་ནི་ཆོས་ཀྱི་གཞི་མ་ཡིན། །ང་ནི་ཆོས་ཀྱི་རྩ་བ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ཕྱིར་ན་སྙིང་པོར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སྐྱེ་བའི་ཕྱིར་ན་ས་བོན་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀྱི། །ཡན་ལག་འབྱུང་བས་སྡོང་པོ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ང་ལ་གནས་པས་གཞི་མ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། །ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཉོན་ཅིག །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །རང་བཞིན་མ་བཅོས་རྣམ་གསུམ་ལས། །མིང་ཙམ་སྐུ་གསུམ་བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་སྟོན་པ་ཡང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །མ་སྐྱེས་གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ངེས་པར་ཆོས་སྐུ་མིང་ཙམ་སྟེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །


DNG005_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་མིང་ཙམ་མངོན་ཕྱུང་བ། །ལོངས་སྤྱོད་རྫོགས་སྐུ་མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། །མིང་ཙམ་སྤྲུལ་སྐུ་ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་ཡང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །དེ་བཞིན་ཉིད་ཀྱི་རང་བཞིན་ལས། །སྐུ་གསུམ་གཡོས་པ་མེད་པ་བཞིན། །སྐུ་གསུམ་བསྟན་པའི་ཆོས་རྣམས་དང་། །སྐུ་གསུམ་འདུས་པའི་འཁོར་རྣམས་དང་། །ཆོས་རྣམས་ཀུན་ལའང་གཡོས་པ་མེད། །མ་གཡོས་པ་ཡི་ཆོས་ཉིད་ལ། །རྒྱུ་དང་འབྲས་བུར་བཏགས་བྱས་ནས། །རྩོལ་དང་བསྒྲུབ་པ་བྱས་ནས་ནི། །རྒྱུ་ལས་འབྲས་བུ་འབྱུང་འདོད་པ། །ཀུན་བྱེད་ང་ལས་བྱས་པ་ཡིན། །རྒྱུ་འབྲས་འདས་ལས་གོལ་བ་ཡིན། །ཞེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །ང་ལས་བྱུང་བའི་སྐུ་གསུམ་སྟོན་པ་དང་། །ང་ལས་བྱུང་བའི་དུས་གསུམ་སངས་རྒྱས་དང་། །ང་ལས་བྱུང་བའི་འཁོར་གནས་དུས་ལ་སོགས། །ཀུན་ཀྱང་ང་ཡི་བྱང་ཆུབ་སེམས་ཡིན་ན། །སེམས་དཔའ་རྡོ་རྗེ་དེ་ལ་རྟོག་མི་རྟོག །སེམས་དཔའ་རྡོ་རྗེ་དེ་ལ་མ་རྟོག་ཤིག །ང་ནི་ཡེ་ནས་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ཡིས་བྱས་པ་ཀུན་ཀྱང་བྱང་ཆུབ་སེམས། །ང་ཡི་རང་བཞིན་ཡེ་ནས་རྣམ་དག་བྱང་། །ང་ཡིས་ཀུན་ལ་ཁྱབ་པ་ཡེ་ནས་ཆུབ། །ང་ཡིས་རང་བཞིན་གསལ་བས་ཡེ་ནས་སེམས། །ང་ནི་ནམ་མཁའ་ལྟ་བུའི་རང་བཞིན་གྱིས། །ཡེ་ནས་ཡིན་པའི་བྱང་ཆུབ་སེམས་ཀྱིས་ནི། །འཇིག་རྟེན་སྒྱུ་མར་སྣང་བའི་ཆོས་བཞིན་དུ། །སྐུ་གསུམ་སྟོན་པ་དུས་གསུམ་སངས་རྒྱས་རྣམས། །བུ་དང་ཚ་བོ་འཁོར་གྱི་ཚུལ་བྱུང་ནས། །མ་ནོར་བདེན་པའི་གདམས་ངག་འབོགས་པ་བཞིན། །བྱང་ཆུབ་སེམས་ནི་ནམ་མཁའ་བཞིན་བསྟན་ནས། །ཀུན་བྱེད་བྱུང་ཚུལ་ནམ་མཁའ་བཞིན་དུ་བསྟན། །ཅེས་གསུངས་སོ། །བྱང་ཆུབ་


DNG005_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཀུན་བྱེད་རྒྱལ་པོའི་མདོ་ལས་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀུན་བྱེད་ལས་བྱུང་བའི་ཁུངས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་ཁུངས་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་ཉིད་ལས་བྱུང་བའི་ཚིག་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉོན་ཅིག །ང་ནི་ཆོས་རྣམས་ཀུན་བྱེད་རྒྱལ་པོ་སྟེ། །སྐུ་གསུམ་སྟོན་པའི་ཕ་མ་ང་ཡིན་ལ། །དུས་གསུམ་སངས་རྒྱས་ཀུན་གྱི་མེས་པོ་ཡིན། །འཁོར་གནས་དུས་ཀྱི་སྟོན་པའི་སྒྲོན་མ་བྱེད། །ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལས། །སྐུ་གསུམ་སྟོན་པ་ང་ལས་ཕྱུང་བས་ནི། །སྐུ་གསུམ་དེ་ཡི་བཤད་ལུགས་རྣམ་གསུམ་གྱིས། །ཆོས་ཀྱི་བཤད་ལུགས་རྣམ་པ་གསུམ་ཡང་བསྟན། །དེ་ཡང་ཀུན་བྱེད་ང་ཡིས་བསྟན་པ་ཡིན། །ཀུན་བྱེད་རྒྱལ་པོ་ང་ཡིས་རང་བཞིན་འདི། །སྟོན་པ་ཀུན་ལས་ཁྱད་པར་འཕགས་པའི་ཕྱིར། །གཏན་ཚིགས་དོན་གྱི་བཤད་ལུགས་རྣམ་པ་ལྔས། །མ་ནོར་ངེས་པའི་གཏན་ཚིགས་ཁུངས་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཡེ་ནས་རྫོགས་པ་ཆེ། །རྫོགས་པ་ཆེན་པོ་རྒྱུ་འབྲས་འདས། །རྒྱུ་འབྲས་འདས་པའི་བཤད་ལུགས་བསྟན་པ་དང་། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །སྐུ་གསུམ་སྟོན་པ་བྱུང་བའི་བཤད་ལུགས་དང་། །རྣམ་པ་གཉིས་ཀྱི་བཤད་ལུགས་བསྟན་པའོ། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་བཤད་ལུགས་ནི། །བྱང་ཆུབ་སེམས་ནི་རྒྱུ་འབྲས་འདས་པའི་ཕྱིར། །གཏན་ཚིགས་དོན་གྱི་བཤད་ལུགས་ང་ཡིས་བཤད། །སྐུ་གསུམ་སྟོན་པ་གསུམ་གྱི་བཤད་ལུགས་ནི། །ཕུན་སུམ་ཚོགས་པ་རྣམ་པ་ལྔ་ནང་དུ། །ཆོས་ཀྱི་སྐུ་ནི་བྱིན་གྱིས་བརླབས་ཀྱིས་བཤད། །ལོངས་སྤྱོད་རྫོགས་པ་རང་གི་ངོ་བོ་སྟོན། །སྤྲུལ་པའི་སྐུ་ནི་དོན་རྣམས་ཚིག་ཏུ་སྡེབ། །སྐུ་གསུམ་སྟོན་པའི་བཤད་ལུགས་རྣམ་གསུམ་སྟེ། །ང་ཡིས་རང་བཞིན་རྣམ་གསུམ་བཤད་ལུགས་


DNG005_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཀུན་བྱེད་ང་ནི་རྒྱུ་འབྲས་འདས་པ་སྟེ། །རྒྱུ་འབྲས་འདས་པས་སྤྱོད་ཡུལ་ཀུན་ལས་འདས། །ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཀུན་གྱི་སྙིང་པོ་ཡིན། །སྙིང་པོ་ཡིན་པས་ཡིད་ཆེས་ཁུངས་ཀྱང་བསྟན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་སྟེ། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །བྱང་ཆུབ་སེམས་ནི་ཁྱད་པར་ཀུན་ལས་འཕགས། །ཁྱད་པར་འཕགས་པས་ཐེག་པའི་ཤན་ཡང་འབྱེད། །བྱང་ཆུབ་སེམས་རྟོགས་ཆོས་ཉིད་ཀུན་སངས་རྒྱས། །དེས་ན་སྐལ་ལྡན་དགོས་ཆེད་བསྟན་པ་ཡིན། །སེམས་ཀྱི་རང་བཞིན་ཚིག་ཏུ་བརྗོད་མེད་དེ། །མ་བརྗོད་སེམས་ཀྱི་རང་བཞིན་མི་སྣང་བས། །མི་སྣང་མཚོན་དུ་མེད་ཅེས་མ་བརྗོད་ན། །ཀུན་ཀྱང་རང་སེམས་མ་མཐོང་རྩོལ་སྒྲུབ་བྱེད། །དེས་ན་བརྗོད་མེད་ཚིག་གི་དོན་ཡང་བཤད། །དེས་ན་གཏན་ཚིགས་དོན་གྱི་བཤད་ལུགས་ལྔས། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ཀྱི་དོན། །མ་ནོར་ངེས་པར་གཏན་ལ་འབེབས་པར་བྱེད། །རྒྱུ་འབྲས་མེད་པར་གཏན་ལ་ཕབ་པ་ཡིན། །ཐམས་ཅད་བྱང་ཆུབ་སེམས་ཡིན་ཡིད་ཀྱང་ཆེས། །བྱང་ཆུབ་སེམས་ཡིན་ཡེ་ནས་ཡིད་ཆེས་པས། །སེམས་ལ་བཙལ་བ་མེད་པར་ཡིད་ཀྱང་ཆེས། །བཙལ་དུ་ཡེ་ནས་མེད་པར་ཡིད་ཆེས་པས། །མི་རྩོལ་བདེ་བ་ཆེན་པོའི་ངང་ལ་གནས། །ཀུན་བྱེད་ང་ཡི་རང་བཞིན་དེ་ལྟར་གནས། །ཀུན་བྱེད་ང་ལས་སངས་རྒྱས་གཞན་མེད་དོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་གཏན་ཚིགས་བཤད་ལུགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་རྣལ་དུ་གཞག་པའི་ཕྱིར་བྱ་མེད་རྫོགས་པའི་ལུང་ཁུངས་ཆེན་པོ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉོན་ཅིག །ཀྱེ་བྱ་མེད་ཡུལ་ནི་མི་གནས་ནམ་མཁའ་འདྲ། །མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ། །བསྔོ་བའི་ཆ་ཤས་ཕྲ་མོའི་ཡུལ་ལ་བྱུང་བ་སྟེ། །རྟོག་སྒོམ་ཆོས་ཀྱི་


DNG005_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ནི་ཁྱད་པར་དོན་མེད་པས། །རང་འབྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད། །ཡན་ལག་ཆོས་ཀྱི་དབང་གིས་སྙིང་པོའི་ཡུལ་ཚོལ་ཞིང་། །རྣམ་པ་ཅིར་ཡང་མི་རྟོག་ཐབས་ཀྱིས་དེ་ལ་རོལ། །སྙིང་པོ་རང་བཞིན་འབྱུང་བས་ཆོས་སྐུ་གཞན་ན་མེད། །རྡུལ་ཕྲན་གཅིག་ལ་གསེས་ཤིང་ཕྱོགས་བཅུ་ཀུན་དང་བྲལ། །མི་གནས་དོན་ཉིད་ལེགས་པའི་ཡེ་ཤེས་རང་འབྱུང་སྟེ། །མངོན་སུམ་ཀུན་ལ་མི་རྟོག་ཡངས་པའི་སྙིང་པོ་ལ། །རྣམ་དག་ལམ་དེར་ཞུགས་ནས་མཉམ་པའི་རྒྱལ་པོ་ཐོབ། །མི་འགྱུར་འགྱུར་བ་མེད་པས་ཆགས་པའི་གནས་མེད་དེ། །དེ་བཞིན་བཟུང་བའི་ཡུལ་མེད་སེམས་ཀྱི་གནས་ཀྱང་མེད། །མངོན་སུམ་ཐོབ་པར་འདོད་ནས་རྒྱུ་ལ་རྟག་ཏུ་སྒོམ། །སྒོམ་ཆགས་བདེ་བ་དེ་ལ་མཉམ་པའི་དོན་མི་འབྱུང་། །སྐུ་གཅིག་ཀུན་ལ་ཁྱབ་པས་བསྣན་པའི་ཆོས་མེད་དེ། །མཐའ་ལ་ཐུག་པ་མེད་པས་དབྱིངས་ལ་བྲི་བ་མེད། །ཆོས་ཀྱི་རོལ་པས་ཉམས་ཕག་ལྷག་པའི་གནས་མེད་དེ། །རང་འབྱུང་ཆེ་བའི་ཡུལ་ལ་ཀུན་དུ་ཇི་བཞིན་གནས། །ངོ་མཚར་མཐོང་བའི་ཡུལ་མེད་དེ་ལ་མཐོང་བའི་མིག །གང་ལ་ཐོས་པར་མི་རིགས་སྙད་པ་ཀུན་དང་བྲལ། །ཆོས་དང་ཆོས་མིན་རྟག་ཏུ་འདྲེས་ཤིང་མཚུངས། །དོན་དམ་ཆོས་ཤེས་ལྷག་པའི་གནས་ཤེས་བཤད་པའང་མེད། །འཁྲུལ་དང་བྱང་ཆུབ་ལམ་དེ་རྟོག་པས་ཐོབ་པའང་མེད། །རང་འབྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ། །ཡེ་ནས་རྒྱས་པའི་བདག་ཉིད་མངོན་སུམ་གནས་པ་ལ། །གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོག་པ་འབྱུང་། །མེད་དེ་མེད་པ་མ་ཡིན་མེད་པའི་སྙིང་པོ་འབྱུང་། །སྟོང་སྟེ་སྟོང་པ་མ་ཡིན་སྟོང་པའི་ཡུལ་ལ་གནས། །ནམ་མཁའི་རང་བཞིན་དེ་ལ་འབྱུང་བའི་དྲན་པ་སྐྱེ། །བྱ་བྲལ་ཟིན་པའི་བདེ་བ་འདོད་པ་མེད་པས་ལེན། །བཟའ་བའི་ཡུལ་མེད་དེ་ལ་ཡེ་ཤེས་འབྱུང་བ་རྩོམ། །སྔོན་གྱི་དྲང་སྲོང་རྗེས་སུ་ཆགས་པའི་ཡིད་ཀྱང་འཇོག །རྣམ་རྩོལ་འབད་པའི་གདུང་བས་ཀུན་ཏུ་ཟིན་ཏ་རེ། །རང་


DNG005_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལམ་དེར་ཞུགས་པས་ཐམས་ཅད་མཁྱེན་པ་ཡི། །ཇི་བཞིན་པ་ཞེས་རྣམ་རྟོག་དེ་ཕྱིར་རྟོག་བསྒོམ་པ། །བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནད་ཡིན་ཏེ། །མི་གཡོ་མཉམ་པར་གནས་པས་སྨན་ཆེན་མ་བྱས་ན། །མཐོ་རིས་བགྲོད་པའི་རྒྱུ་དེས་ཉོན་མོངས་ཟིན་པར་འགྱུར། །ལམ་མེད་ལམ་དུ་ཞུགས་པ་རྣམས་ཀྱི་ནད་ཆེ་བ། །ཕྱིན་པར་འདོད་པས་རི་དྭགས་སྨིག་རྒྱུ་སྙེགས་པ་འདྲ། །རྙེད་པའི་ཡུལ་མེད་འཇིག་རྟེན་གསུམ་དུ་མི་འབྱུང་ཞིང་། །ས་བཅུར་ལྟོས་པའི་གནས་ཀྱང་བྱང་ཆུབ་སྒྲིབ་པ་ཡིན། །ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་འབྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང་། །བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བ་ཆེ། །དངོས་སུ་མི་སྣང་ཆགས་པའི་ཆ་ལུགས་ཀུན་ལ་སྟོན། །བདག་དང་གཞན་དུ་བྲལ་བའི་སྟོན་མཁན་རིན་ཆེན་མཛོད། །ཐམས་ཅད་གྲུབ་པའི་ཡུལ་ཞེས་བདག་མེད་སྙིང་རྗེས་བསྟན། །ནང་ནས་མ་གཡོས་ནང་དུ་བཙལ་བའི་གནས་མེད་དེ། །ཡུལ་ཕྱིར་ཆགས་ལ་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །བདེ་བ་འདོད་ན་བདེ་ལ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་ཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔམ་ཆོས་ལ་ཟ། །འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མེད། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སངས་རྒྱས་སྟོན་པས་མིང་དུ་བཏགས་པ་ནོར། །སངས་རྒྱས་གཞན་ནས་ཐོབ་བྱེད་ནོར་བའི་ལམ། །གཟུགས་མེད་ཆོས་ཀུན་བཤད་པ་རྡུལ་ཙམ་མེད། །ཟིན་དང་ཆགས་དང་བྲལ་དང་ཞི། །དངོས་པོ་མེད་དང་རྣམ་པར་སྤོང་། །བདུད་རྩི་ཆེན་པོའི་རང་བཞིན་ལ། །བཟའ་བའི་ཐབས་ལ་རག་པ་མེད། །ཡངས་སོ་ཆེའོ་ཆོས་ཆེན་པོ། །ཆུང་ངུ་རྣམས་ཀྱི་གཉེན་པོ་ཡིན། །


DNG005_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ལ་དམིགས་པའི་ཆ་བསྙམས་ནས། །ཆུང་ཆེ་དེ་རྣམས་དམིགས་དང་བྲལ། །གསུང་དང་རྒྱས་དང་དམིགས་དང་སྣང་། །སྒྱུ་མཁན་རི་མོའི་རྣམ་པ་བཞིན། །འབྱུང་འཇུག་ཡེ་ཤེས་རྨུགས་པ་ཡིས། །དེ་ཡི་དབང་ལས་སྐྱེ་བར་འགྱུར། །འདི་ནི་ཐེག་པ་ཀུན་གྱི་རྒྱལ། །བཏང་ངོ་བཞག་གོ་རང་བཞིན་ཏེ། །འདོད་པ་མེད་ཅིང་ལེན་པ་མེད། །བྲོད་པ་རྡུལ་ཙམ་མི་བསྐྱེད་དོ། །ཁྱུང་ཆེན་ནམ་མཁའ་ལྡིང་བ་བཞིན། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །སྟོར་བར་མི་དོགས་བཟའ་བ་མེད། །རྒྱ་མཚོ་བཞིན་དུ་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བསྡུ་བའི་གནས་སུ་ངེས་པ་མེད། །བྱང་ཆུབ་སྙིང་པོར་དེ་མ་ཐག །ཏིང་འཛིན་རྒྱལ་པོ་ཆེན་པོ་འབྱུང་། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ། །སྐྱེ་ཞིང་འཕོ་བའི་ཆོས་མེད་དེ། །རྒྱུ་རྐྱེན་ཡན་ལག་བཅུ་གཉིས་པོ། །སྐུར་པས་བརྟགས་པས་བཤད་པ་ཡིན། །འཁྲུལ་པ་རྣམས་ཀྱི་སྒོ་ཙམ་དུ། །མཁས་པས་དེ་བཞིན་ཤེས་པར་གྱིས། །འགྲོ་བ་རྒྱུད་དྲུག་སྣང་བ་ཡང་། །དང་པོའི་ལམ་དུ་ཤེས་པར་བྱ། །འདོད་སྤྱོད་སྙིང་རྗེས་བརླན་པས་ན། །གང་དུ་དགའ་བར་བྱང་ཆུབ་སྤྱོད། །ཤན་པ་སྨད་འཚོང་མཚམས་མེད་ལྔ། །ཁ་ན་མ་ཐོ་འཇིག་རྟེན་སྤོང་། །ཡོངས་སུ་རྫོགས་པ་ཆོས་ཀྱི་རྩིས། །བདེ་བ་ཆེ་ལས་གཞན་མེད་དོ། །ཡང་ཆོས་ཐམས་ཅད་དེ་བས་ན། །ཆོས་ཀྱི་རང་བཞིན་དེ་ཡིན་པས། །ཆོས་ཀྱིས་ཆོས་ཉིད་བཙལ་བ་དང་། །ནམ་མཁས་ནམ་མཁའ་བཙལ་བ་དང་། །གཞན་ལ་ལྟོས་པའི་ཆོས་ཉིད་ནི། །མེ་ཡིས་མེ་གསོད་པ་འདྲ་སྟེ། །ཤིན་ཏུ་དཀའ་བའི་ལས་བྱེད་པའོ། །རྣམ་པར་མི་རྟོག་སྙིང་པོ་འདི། །ཡོངས་ཀྱི་རྒྱུད་ལ་སྦས་པ་མེད། །མི་ལེན་བྱང་ཆུབ་སྤྱོད་རྣམས་ལ། །རྣམ་པ་ཀུན་ཏུ་རང་བཞིན་གནས། །ཞེས་གསུངས་སོ། །བྱ་མེད་རྫོགས་པའི་ལུང་


DNG005_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ལས་མི་གནས་ཡུལ་མེད་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ལྟ་བ་ཡུལ་མེད་ཀྱི་ལུང་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་བའི་ཆོས་རྣམས་ནི། །རང་གི་བྱང་ཆུབ་སེམས་ཡིན་པས། །དེ་ལ་བལྟ་བའི་ཡུལ་མ་མཆིས། །མི་རྟོག་པས་ན་མཉམ་པ་ཉིད། །དེ་བཞིན་ནམ་མཁའི་དགོངས་པ་སྟེ། །རྣལ་འབྱོར་ཞེས་ནི་དེ་ལ་བྱ། །དབང་པོ་ལྔ་ལ་སྣང་བ་རྣམས། །རང་གསལ་དེ་ལ་མི་རྟོག་པས། །དེ་ཡང་ནམ་མཁའི་དགོངས་པ་གནས། །རྣལ་འབྱོར་དེ་བཞིན་ཉིད་དུ་གནས། །ཚིག་དང་ཡི་གེ་དོན་བརྟགས་པས། །ཚིག་ཡིག་དོན་ལ་བརྟག་མེད་པས། །རྟོག་མེད་མཉམ་པ་དེ་བཞིན་ཉིད། །དེ་ཡང་ནམ་མཁའི་དགོངས་པ་གནས། །བསམ་དུ་མེད་པའི་དོན་འདི་ནི། །ནམ་མཁའ་བཞིན་དུ་ཡེ་གནས་སོ། །ཞེས་གསུངས་སོ། །བྱ་མེད་རྫོགས་པ་ལས་ལྟ་བ་ཡུལ་མེད་ཀྱི་ནམ་མཁའི་དགོངས་པ་བསྟན་པའི་ལེའུ་སྟེ་རྩ་གསུམ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་བྱ་མེད་རྫོགས་པའི་ལུང་ཕྱག་རྒྱ་བཞུགས་ཚུལ་གྱི་ལེའུ་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སེམས་ཉིད་ཀུན་དུ་བཟང་པོ་ཡི། །བཞུགས་ཚུལ་བསྟན་པ་འདི་ལྟ་སྟེ། །བྱང་ཆུབ་སེམས་སུ་བཞུགས་ཙམ་ན། །ཆོས་རྣམས་ཀུན་གྱི་སྙིང་པོར་བཞུགས། །དེ་རྟོགས་ཀུན་བྱེད་རྒྱལ་པོ་ཡིན། །ཀུན་བྱེད་རྒྱལ་པོ་འགྱུར་བ་མེད། །དེས་ན་འགྱུར་བ་མེད་པར་བསྟན། །ཆོས་ཀྱི་སྐུ་རུ་བཞུགས་ཙམ་ན། །གཟུང་འཛིན་སྤྲོས་དང་བྲལ་ནས་བཞུགས། །གཟུང་འཛིན་བྲལ་ལ་འགྱུར་བ་མེད། །ལོངས་སྤྱོད་རྫོགས་སྐུར་བཞུགས་ཙམ་ན། །འདོད་པའི་ཡོན་ཏན་ལྔ་ལྡན་པས། །འདོད་པ་ཕུན་སུམ་ཚོགས་པར་བཞུགས། །སྤྲུལ་པའི་སྐུ་རུ་བཞུགས་ཙམ་ན། །གང་གིས་འདུལ་བའི་དུས་ཙམ་ན། །གང་ལ་གང་དགོས་སྐུ་སྤྲུལ་ནས། །


DNG005_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ཕུན་སུམ་ཚོགས་པར་བཞུགས། །དུས་གསུམ་འགྱུར་བ་མེད་པར་བཞུགས། །ཆོས་ཀུན་ཕྱག་རྒྱ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དེ་བཞིན་ཉིད། །སྐུ་གསུམ་མཚན་ཉིད་དེ་བཞིན་གནས། །ཐམས་ཅད་དེ་བཞིན་ཉིད་དུ་གནས། །ཇི་ལྟར་སྣང་བའི་ཆོས་ཀུན་ནི། །ཇི་བཞིན་པ་ལ་བཅོས་སུ་མེད། །བཙལ་ཞིང་བསྒྲུབ་པ་ཐམས་ཅད་ཀྱིས། །སྔ་བ་བགྲོད་པས་ཕྱིན་པ་གཅིག་ཀྱང་མེད། །སྔ་མ་བྱས་པས་ཟིན་པ་གཅིག་ཀྱང་མེད། །བསྒྲུབས་ཤིང་བཙལ་བས་སྔ་མ་གྲུབ་པ་མེད། །ཐམས་ཅད་ཇི་བཞིན་པ་ལ་འགྱུར་བ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་ཕྱག་རྒྱ་འགྱུར་མེད་ཀྱི་ལུང་གི་ལེའུ་སྟེ་རྩ་བཞི་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཁམས་གསུམ་གྱི་སེམས་ཅན་ལ་རང་གི་སེམས་སྟོན་པ་ཡིན་པར་བསྟན་པ་འདི་གསུངས་སོ། །ཀྱེ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རང་གི་བྱང་ཆུབ་སེམས་དེ་ནི། །སྟོན་པ་ཡིན་པར་མངོན་བསྟན་ན། །བསྐལ་པ་བརྒྱ་ཕྲག་སྟོང་དུ་ནི། །རང་སེམས་སྟོན་པར་མ་མཐོང་བས། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །རང་སེམས་སྟོན་པ་མངོན་ཕྱུང་བས། །རང་སེམས་སྟོན་པའི་ཆོས་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ཀུན་རྒྱུ་བྱང་ཆུབ་སེམས་ལས་ནི། །སེམས་ཀྱི་ངོ་བོ་འབྱུང་ཆེན་ལྔ། །སྟོན་པ་བྱང་ཆུབ་སེམས་ལྔ་ཕྱུང་། །སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་ནི་རང་གི་ངོ་བོས་འཆད། །སྟོན་ནི་རང་གི་རང་བཞིན་སྟོན། །སྟོན་པ་ལོངས་སྤྱོད་རྫོགས་སྐུ་དེ། །དགོངས་པ་ཉིད་ལ་ཉིད་མི་རྟོག །ཡུལ་ཆོས་གཞན་ལའང་རྟོག་མི་བྱེད། །བྱང་ཆུབ་སེམས་ཀྱི་སྟོན་པ་ལྔས། །ཀུན་ཀྱང་ཆོས་ཉིད་དེ་བཞིན་སྟོན། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས། །སྟོན་པ་ས་ཡི་སྐུར་བྱུང་ནས། །ཚིག་དང་ཡི་གེས་མི་སྟོན་ཏེ། །རང་གི་རང་བཞིན་སྟོན་བྱེད་པ། །བདག་


DNG005_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་ཆོས་ཉིད་མ་བཙལ་འགྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས། །སྟོན་པ་ཆུ་ཡི་སྐུར་བྱུང་ནས། །ཚིག་དང་ཡི་གེས་མི་སྟོན་ཏེ། །རང་གི་ངོ་བོས་སྟོན་བྱེད་པ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་ཆོས་ནི་མ་བཙལ་གྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས། །སྟོན་པ་མེ་ཡི་སྐུར་བྱུང་ནས། །ཚིག་དང་ཡི་གེས་མི་སྟོན་ཏེ། །རང་གི་ངོ་བོས་ཆོས་སྟོན་པ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་ཆོས་ཉིད་མ་བཙལ་གྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས། །སྟོན་པ་རླུང་གི་སྐུར་བྱུང་ནས། །ཚིག་དང་ཡི་གེས་མི་སྟོན་པར། །རང་གི་ངོ་བོས་ཆོས་སྟོན་པ། །བདག་གཞན་གཉིས་སུ་མི་རྟོག་པར། །མི་རྟོག་མཉམ་པའི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་ཆོས་ནི་མ་བཙལ་གྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས། །སྟོན་པ་ནམ་མཁའི་སྐུར་བྱུང་ནས། །ཚིག་དང་ཡི་གེས་མི་སྟོན་ཏེ། །རང་གི་ངོ་བོས་ཆོས་སྟོན་པ། །བདག་གཞན་གཉིས་སུ་མི་རྟོག་པར། །མི་འབྱེད་པ་ཡི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །མངོན་ཕྱུང་སྟོན་པ་དེ་རྣམས་ཀྱིས། །རང་གི་ངོ་བོས་ཆོས་འཆད་པ། །འདི་ཡིས་ཀུན་ཀྱང་རིག་པར་གྱིས། །ཀྱེ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ཁྱེད་རྣམས་


DNG005_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡིས་བྱས་པའི་ཕྱིར། །ང་ཡི་སྲས་ཡིན་ང་དང་མཉམ། །ང་དང་མི་གཉིས་ང་ཡིན་ཕྱིར། །ང་ཡིས་ཁྱེད་ལ་མངོན་ཕྱུང་བ། །ང་ཡི་ངོ་བོ་སྟོན་པ་ལྔས། །རང་བཞིན་རྣམ་ལྔ་གཅིག་ཏུ་བསྟན། །གཅིག་ནི་ཀུན་བྱེད་ང་ཡིན་གྱིས། །དེ་བཞིན་ཁྱེད་ཀྱང་ཡིད་ཆེས་ཀྱིས། །ཀྱེ་ཁམས་གསུམ་སེམས་ཅན་མ་ལུས་ཀུན། །ང་མེད་ཙམ་ན་ཁྱེད་ཀྱང་མེད། །ཁྱེད་མེད་ཙམ་གྱི་དུས་ཙམ་ན། །སྟོན་པ་ལྔ་ཡང་འབྱུང་མི་འགྱུར། །མི་རྟོག་ཆོས་ཀྱང་སྟོན་མི་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་སེམས་སྟོན་པར་ཕྱུང་བའི་ལེའུ་སྟེ་རྩ་ལྔ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་ལས་བྱུང་བའི་ཆོས་ཆེན་པོ་ལྔ་སྟོན་པར་བྱུང་བའི་རྟགས་སུ་མ་སྐྱེས་པའི་བྱང་ཆུབ་སེམས་སྟོན་པར་ཞལ་གྱིས་བཞེས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བསམ་འདས་བརྗོད་དུ་མེད་པའི་བྱང་ཆུབ་སེམས། །སྟོན་པའི་སྒྲོན་མར་གྱུར་པས་ཡོན་ཏན་རབ་བསྔགས་པ། །ཆོས་ཀྱི་སྙིང་པོར་གྱུར་པས་འཇམ་དཔལ་གཞོན་ནུ་ཉིད། །བྱ་བྲལ་ལྷུན་རྫོགས་བདེ་བའི་ལྷུན་ལ་གནས། །ཚུལ་ཁྲིམས་ལ་སོགས་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པའི། །ཇི་སྙེད་རྣམ་པར་གྲོལ་བའི་ལམ་བསྟན་པ། །བདེ་གཤེགས་ཡུམ་འགྱུར་ཀུན་གྱི་མཚུངས་ལམ་དེ། །དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ། །ཕྲ་ཞིང་ཤེས་དཀའ་ཀུན་གྱི་ལམ་སྟེ་མི་རྟོག་རྟོག་ལས་འདས། །མི་གནས་མི་དམིགས་སྤྲོས་མེད་བསམ་པ་ཀུན་དང་བྲལ། །ཚིག་གིས་མི་ཕེབས་དབྱིབས་དང་ཁ་དོག་སྤྱོད་ཡུལ་མེད། །བསྟན་ཅིང་བརྟག་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད། །སྔོན་གྱི་དྲང་སྲོང་ལམ་དུ་གང་ཞུགས་པ། །བསྒོམ་ཆགས་ལམ་གྱི་ནད་ཀྱིས་ཟིན་ཏ་རེ། །སྟོན་པའི་ལུང་བཞིན་ཚིག་གི་མཐའ་སྤྱོད་ལམ་དུ་དེ་མཐོང་ན། །དེ་ནི་རྟོག་པའི་རྒྱུན་འབྲངས་སྨིག་རྒྱུ་སྙེགས་པ་འདྲ། །


DNG005_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ལམ་ནི་ཚིག་གིས་མཚོན་དུ་མེད། །ཡང་དག་ཉིད་དུ་བསྟན་པ་ང་ཡིས་འཁྲུལ། །དག་དང་མ་དག་གཉིས་མེད་འདྲེས་ཤིང་མཚུངས། །རྣམ་པ་ཅིར་ཡང་མི་འབྱེད་ཡེ་ཤེས་གཏི་མུག་དང་། །ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ། །ངང་གིས་མི་གཡོ་རྨུགས་ཤིང་ཏིང་འཛིན་རྒྱལ་པོར་གནས། །མངོན་སུམ་མཐོང་བས་མཐོང་མེད་མངོན་སུམ་མཐོང་བའི་མིག །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་དེ་ལ་བྱ། །མཐའ་དང་དབུས་མེད་ཡངས་པའི་སྙིང་པོ་ལ། །མི་ལེན་མི་འདོར་མཉམ་པའི་རྒྱལ་པོར་གནས། །སེམས་དང་བག་ཆགས་གཉིས་མེད་འདྲེས་ཤིང་མཚུངས། །འཛིན་པས་བརྟགས་ཤིང་སྣང་བའི་ཆོས་རྣམས་ནི། །རང་གི་རྒྱན་དུ་སྣང་བས་མི་འདོར་སྤོང་མི་བྱེད། །ཅིར་ཡང་མི་དགོངས་ཐབས་ཀྱིས་དེ་ལ་རོལ། །ཀུན་དང་མི་མཐུན་ཡོངས་ཀྱིས་སྤོང་བའི་ཆོས། །ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ་ཡི། །རྣམ་དག་ལམ་དེར་ཞུགས་ནས་མཉམ་པའི་རྒྱལ་པོ་ཐོབ། །བུད་མེད་ལ་སོགས་ཀུན་ཀྱང་སྤོང་མི་བྱེད། །ལོ་རྒྱུས་དོན་གཉིས་ཚད་མའི་བློར་བཞག་ནས། །ཏིང་འཛིན་གསུམ་པོ་བརྟན་ནས་གྲུབ་པའི་མཐའ་སྤྱོད་པ། །རྩོད་བྲལ་ལུང་ལས་གོལ་ཞེས་འཁྲུལ་པ་ཡིན། །བྱ་བྲལ་ལྷུན་རྫོགས་བདེ་བའི་ལྷུན་ལ་གནས། །ཡེ་ཤེས་རང་འབྱུང་ཆེ་བའི་སྙིང་པོ་ཉིད། །མི་གཡོ་མི་འགྱུར་བསྙད་པ་ཀུན་དང་བྲལ། །ཟིན་པའི་བདུད་རྩིས་རྩོལ་བའི་སྡུག་བསྔལ་འཇོམས། །བྱ་བྲལ་ཟིན་པའི་ཡུལ་ལ་ཇི་བཞིན་གནས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་རྣམས་ཐམས་ཅད་ཐིག་ལེ་ཆེན་པོའི་རང་བཞིན་ཡིན་པས་ན། །སྤྲོས་པ་མེད་ཅིང་བསྡུས་པ་མེད། །སྐྱེ་བ་མེད་ཅིང་འགག་པ་མེད། །འགོག་པ་མེད་པར་དེ་བཞིན་གནས། །རྣམ་པར་མི་རྟོག་སྙིང་པོ་འདི། །ནམ་མཁའ་བཞིན་དུ་ཡེ་གནས་པས། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཞེས་གསུངས་སོ། །བྱང་


DNG005_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་བསྒོམ་དུ་མེད་པའི་ལེའུ་སྟེ་རྩ་དྲུག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་གདམས་ངག་ཕོག་པ་དང་མཐུན་པའི་ལུང་ཆེན་པོ་རིམ་གྱིས་བསྟན་ཏེ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་རྣམས་ཐམས་ཅད་ང་ལས་བྱུང་བ་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཡེ་ནས་རྣམ་དག་དབྱིངས་ཀྱི་ལུང་དུ་བསྟན། །ཕྱི་དང་ནང་ཀུན་ཡེ་ནས་ཆོས་ཀྱི་དབྱིངས། །ཡེ་ནས་རྣམ་པར་དག་པའི་སྤྱོད་ཡུལ་ལ། །སངས་རྒྱས་དང་ནི་སེམས་ཅན་གཉིས་སུ་མེད། །ལམ་དང་གཉེན་པོས་བཅོས་སུ་ག་ལ་ཡོད། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པས་ན། །བྱ་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །རྟོག་སྤྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ། །ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུས། །གཉིས་མེད་བདེ་ཆེན་སེམས་ཅན་ཀུན་སྤྱོད་ལ། །འཁྲུལ་བས་ནོར་བའི་ལམ་དུ་བརྟགས་པ་ཡང་། །གོང་དུ་བསྟན་པའི་ལམ་ཆེན་དེ་ལ་མི་གཉིས་པས། །མཉམ་པར་ཤེས་པས་སངས་རྒྱས་ཀུན་གྱི་རྗེ། །ང་དང་བདག་ཏུ་རྟོག་པ་མུ་སྟེགས་འཁྲུལ་པའི་ལམ། །བྱིས་པས་བསླུས་པས་ཆོས་སྤྱོད་རྟོག་པའི་ལམ་ལ་བཙུད་པ་ནི། །ཕྱིན་པའི་དུས་མེད་རྟོགས་པའི་དུས་མེད་པས། །ཆོས་ཉིད་ཆོས་ཚོལ་རྙེད་པར་ག་ལ་འགྱུར། །ཚད་མར་མ་གྱུར་སློབ་དཔོན་སྤྲེ་འདྲའི་ལུང་། །བསྟན་དང་ལམ་ནོར་རྟོག་པས་ཟིན་ཏ་རེ། །དེ་བས་གསེར་ལ་ནག་ཚུར་གཏོང་བ་ཡི། །སློབ་དཔོན་ཡང་དག་སྟོན་པའི་རིན་ཆེན་མཛོད། །རིན་ཐང་དཔག་ཏུ་མེད་པས་བླུ་བར་འོས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་རྣམ་དག་དབྱིངས་ཀྱི་ལུང་བསྟན་པའི་ལེའུ་སྟེ་རྩ་བདུན་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་རང་བཞིན་འགྱུར་མེད་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་


DNG005_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དབྱིངས་ལ་འགྱུར་བ་མེད། །ང་ཡི་ཡེ་ཤེས་ནམ་མཁའ་འགྱུར་བ་མེད། །ང་ཡི་ཆོས་ཉིད་རང་བཞིན་འགྱུར་བ་མེད། །ང་སེམས་ཆོས་ཀྱི་སྙིང་པོ་འགྱུར་བ་མེད། །དེ་བཞིན་ཐམས་ཅད་འགྱུར་བ་མེད་པ་ལ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །རྒྱུ་དང་འབྲས་བུར་ཆོས་ལ་མིང་བཏགས་ནས། །སྤྲུལ་པས་ལུང་བསྟན་དབང་པོ་ཡུལ་སྤོང་འགྱུར། །རང་རྐྱེན་ཆོས་ལྔ་འཆང་བའི་སེམས་ཅན་ལ། །རང་འབྱུང་ཆོས་ཉིད་ཡིན་པར་ལུང་མ་བསྟན། །ངན་འགྲོ་སྡིག་སྒྲིབ་ཆེ་ཞེས་ལུང་བསྟན་ནས། །ལུས་ངག་ཡིད་གསུམ་སྡིག་སྤོང་དགེ་བཅུ་སྤྱོད། །རང་འབྱུང་ཆོས་ལ་བླང་དོར་སྤྱད་པའི་ཕྱིར། །རང་འབྱུང་ཡེ་ཤེས་བསྐལ་མང་ཕྲད་མི་འགྱུར། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྤྲུལ་པ་རང་ལས་འདུས་པའི་འཁོར་ཚོགས་ལ། །རང་འབྱུང་ཡེ་ཤེས་ལྔ་ཡི་ཆོས་སྤངས་ལ། །ཡེ་ཤེས་ལྔ་སྤོང་དགྲ་ལྔ་ཆོམས་ལུང་བསྟན། །དགྲ་ལྔ་རང་འབྱུང་ཡེ་ཤེས་མ་རྟོགས་ཏེ། །རང་སེམས་སྤོང་འགྱུར་ང་ཡིས་ལུང་མ་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་གི་སེམས་ལས་བྱུང་བའི་ཆོས་ཉིད་ལ། །དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱིས། །སྦྱངས་ནས་རྒྱུ་ལས་འབྲས་བུ་འབྱུང་ཟེར་ནས། །བསྐལ་པ་གསུམ་གྱི་བར་དུ་སྦྱོང་བྱེད་པ། །སྡོམ་དང་ཕ་རོལ་ཕྱིན་བཅུས་རང་མི་འགྱུར། །སེམས་ཉིད་འགྱུར་བར་ང་ཡིས་ལུང་མ་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་སེམས་ཆོས་ཉིད་ཏིང་འཛིན་བྱིན་བརླབས་ནས། །དག་པས་ཆུ་ཟླ་བཞིན་དུ་གསལ་བྱས་ནས། །རྗེར་ལྟས་དེ་ལ་མཉེས་པའི་མཆོད་ཕུལ་བས། །དེ་ལ་རེ་འདོད་གྲུབ་པ་ཐོབ་རེ་བ། །ཆུ་ཟླ་མེད་དེ་རང་སེམས་མ་རྟོགས་པས། །སྐྱེ་བ་བདུན་གྱི་བར་དུ་རང་འབྱུང་གི། །ཡེ་ཤེས་མེད་ཅེས་ང་ཡིས་ལུང་མ་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་སེམས་བྱིན་བརླབས་ཆོ་འཕྲུལ་བསྒོམས་པ་ཡི། །ཏིང་འཛིན་ཡེ་


DNG005_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས་དཔའ་གྲོགས་མཉམ་ངེས། །བདག་འདོད་པ་ཡི་དངོས་གྲུབ་སྟེར་རེ་བ། །རང་འབྱུང་ཆོས་ཉིད་དེ་ལ་འདོད་ལེན་མེད། །རང་སེམས་བྱ་མེད་མི་ཚེ་གསུམ་མི་ཕྲད། །ཀུན་བྱེད་ང་ཡིས་ལུང་བསྟན་མ་ཡིན་ནོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་ལས་བྱུང་བའི་ཆོས་ཉིད་ལྷར་བྱས་ནས། །ཕྱག་རྒྱ་བཞི་དང་སྙིང་པོ་འཕྲོ་འདུ་ཡིས། །མི་འགྱུར་བ་ཡི་ཆོས་ཉིད་རྒྱུར་སྒྲུབ་བྱེད། །སེམས་ཀྱི་ཏིང་འཛིན་དབང་གིས་ཐོབ་སེམས་པ། །དེས་ཀྱང་ཐོབ་པར་ང་ཡིས་ལུང་མ་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གཞི་མ་དབྱིངས་ལ་འགྱུར་བ་མེད་པའི་ཕྱིར། །དབྱིངས་དེ་འགྱུར་བར་ང་ཡིས་ལུང་མ་བསྟན། །དབྱིངས་ལ་དབང་སྒྱུར་བྱེད་པའི་སྐུ་གསུམ་གྱིས། །རང་འཁོར་ཞིག་ནས་ཚོལ་བའི་ཏིང་འཛིན་བསྟན། །དེས་ན་འདྲེན་པའི་ལུང་དུ་བསྟན་པ་ཡིན། །དེ་བཞིན་ནམ་མཁའ་འགྱུར་བ་མེད་པ་དེ། །རང་ཉིད་ནམ་མཁའ་ནམ་མཁའ་འགྲུབ་མི་འགྱུར། །དེ་བཞིན་ཆོས་ཉིད་འགྱུར་བ་མེད་པ་དེ། །རང་ཉིད་ཆོས་ཀྱིས་ཆོས་ཉིད་འགྲུབ་མི་འགྱུར། །དེ་བཞིན་སེམས་ཉིད་འགྱུར་བ་མེད་པ་དེ། །སེམས་ཉིད་རང་གིས་སེམས་ཉིད་འགྲུབ་མི་འགྱུར། །མི་འགྱུར་སྒྱུར་བར་བྱེད་པའི་ཏིང་འཛིན་ནི། །དུས་དང་སྨོན་ལམ་རེ་བ་འཇོག་པ་ཡི། །དུས་ལ་ལྟོས་པས་ཏིང་འཛིན་ཚི་ཆད་འགྱུར། །ཀུན་བྱེད་ང་ཡིས་ངེས་ལུང་བསྟན་པ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་འགྱུར་མེད་བཙལ་མི་རྙེད་པའི་ལེའུ་སྟེ་རྩ་བརྒྱད་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་རྣལ་དུ་བཞག་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་ཀུན་བྱེད་བྱང་ཆུབ་སེམས། །ཆོས་རྣམས་ཐམས་ཅད་ང་ཡིན་ཏེ། །ང་ཡི་རང་བཞིན་ཐམས་ཅད་ནི། །ཡེ་ནས་རྣལ་དུ་བཞག་པ་ཡིན། །ང་ཡི་རང་བཞིན་བསྟན་པ་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །སྟོན་པ་


DNG005_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་འཁོར་གནས་དུས། །རྣམ་ལྔ་རང་བཞིན་རྣལ་དུ་བཞག །སྟོན་པའི་རང་བཞིན་འདི་ལྟར་བཞག །ཆོས་སྐུ་མ་བཅོས་རྣལ་དུ་བཞག །རང་ངའི་རང་བཞིན་དེ་བཞག་ཡིན། །ལོངས་སྤྱོད་མ་བཅོས་ངོ་བོ་བཞག །ང་ཡི་རང་བཞིན་བཞག་པ་ཡིན། །སྤྲུལ་པ་མ་བཅོས་ཐུགས་རྗེ་བཞག །ང་ཡི་རང་བཞིན་བཞག་པ་སྟེ། །རང་འབྱུང་ཡེ་ཤེས་བཞག་པ་ཡིན། །གནས་ནི་གང་ན་གནས་པའི་གནས། །དེ་ཡང་རྣལ་དུ་བཞག་པ་ཡིན། །དུས་ནི་སྔ་ཕྱི་གང་ཚོགས་དུས། །རྣལ་བཞག་དུས་སུ་ཚོགས་པ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ད་ཉོན་ཅིག ཕུན་སུམ་ཚོགས་པ་རྣམ་པ་ལྔ། །མ་བཅོས་རྣལ་དུ་བཞག་པ་ལས། །ཆོས་ཞེས་བྱ་བ་གཞན་ཡོད་མེད། །ཀྱེ་སེམས་དཔའ་ཆེན་པོ། །ཕུན་སུམ་ཚོགས་པར་མ་འདུས་པའི། །ཆོས་ནི་གཅིག་ཀྱང་ཡོད་མ་གསུངས། །ཀྱེ་ང་ནི་རྣལ་དུ་བཞག་པ་ཡིས། །ཐམས་ཅད་ཆོས་ཉིད་གྲོལ་བ་ཡིན། །སྟོན་པ་མ་བཅོས་ཆོས་ཉིད་གྲོལ་བ་ཡིན། །བསྟན་པ་མ་བཅོས་ཆོས་ཉིད་གྲོལ་བ་ཡིན། །འཁོར་ཡང་མ་བཅོས་ཆོས་ཉིད་གྲོལ་བ་ཡིན། །ཀྱེ་ཐམས་ཅད་གྲོལ་བར་བཤད་པས་ན། །རང་ལུས་མ་བཅོས་ལྷ་མ་བསྒོམ། །སྨྲ་བའི་ཚིག་དང་ངག་མ་འཆོས། །ཏིང་འཛིན་མ་བྱེད་སེམས་མ་འཆོས། །བཅོས་པས་རྣལ་དུ་འབྱོར་མེད་པས། །རྣལ་དུ་མ་འབྱོར་གྲོལ་མི་འགྱུར། །མ་གྲོལ་ཆོས་ཉིད་མཉམ་མི་ཐོབ། །ཀྱེ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། །བྱང་ཆུབ་སེམས་ཀྱི་ཀུན་བྱེད་རྒྱལ་པོ་ནི། །ཡེ་ནས་འདས་པའི་རྣལ་དུ་བཞག་པ་ལ། །ལྟ་བ་རྣམས་ཀྱིས་རྣལ་དུ་འཇོག་མི་ཤེས། །རྫོགས་ཆེན་ཀུན་བྱེད་ཡེ་ནས་རྣལ་བཞག་ལ། །ཉན་ཐོས་རང་རྒྱལ་རྣམས་ཀྱིས་ཐོས་མཐོང་ན། །དུག་སྐྱེ་ཟེར་ནས་རང་སེམས་སྤོང་འགེགས་འགྱུར། །དེས་ཀྱང་ལྟ་བ་རྣལ་དུ་འཇོག་མ་ཤེས། །བསྐལ་པ་གྲངས་མེད་འཇོག་མི་ཤེས་ལ་གནས། །ཐེག་


DNG005_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མདོ་སྡེས་རྫོགས་ཆེན་ཐོས་འགྱུར་ན། །རང་སེམས་དེ་བཞིན་ཉིད་དུ་མ་རྟོགས་ཏེ། །ཇི་བཞིན་ཉིད་དུ་འཇོག་པ་མང་ཤེས་ཏེ། །བགྲོད་ཅིང་སྦྱོང་ལ་བསྐལ་པ་གསུམ་དུ་གནས། །རྗེས་སུ་རྣལ་འབྱོར་སེམས་དཔས་ཐོས་འགྱུར་ན། །འདི་ལྟར་སྣང་བའི་ཆོས་རྣམས་དེ་བཞིན་ལ། །རང་སེམས་དེ་བཞིན་ཉིད་དུ་མ་རྟོགས་པར། །ཇི་བཞིན་རྣལ་དུ་འཇོག་པ་མ་ཤེས་པས། །བྱང་ཆུབ་ཡན་ལག་ཆོ་འཕྲུལ་སྣ་ཚོགས་ཀྱིས། །བྱིན་རློབས་སེམས་ལ་མི་ཚེ་བདུན་པར་གནས། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་ཐོས་འགྱུར་ན། །རྒྱུ་དང་འབྲས་བུའི་བདག་ཉིད་ཡིན་པས་ན། །ཡེ་ནས་ཡིན་ལ་གདོད་རྩོལ་སྒྲུབ་པར་བྱེད། །སྟོང་ཕྲག་གཉིས་དང་བརྒྱ་ཕྲག་དྲུག་ཏུ་ནི། །ཇི་བཞིན་རྣལ་དུ་འཇོག་པ་མི་ཤེས་ཏེ། །ཏིང་འཛིན་གསུམ་གྱི་ས་ལ་གནས་པར་བྱེད། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་ཐོས་འགྱུར་ན། །ཡེ་ནས་ཡིན་ལ་རྒྱུ་འབྲས་མིང་བཏགས་ནས། །ཇི་བཞིན་རྣལ་དུ་འཇོག་པ་མ་ཤེས་ཏེ། །རྒྱུ་ནི་དག་པ་ཆོས་ཀྱི་དབྱིངས་སུ་གྲུབ། །འབྲས་བུ་དག་པ་ཡེ་ཤེས་དཀྱིལ་འཁོར་གྲུབ། །བར་མ་ཆོད་ཀྱིས་མི་ཚེ་གཅིག་ཏུ་གནས། །ཤིན་ཏུ་རྣལ་འབྱོར་རྣམས་ཀྱིས་ཐོས་འགྱུར་ན། །ཡེ་ནས་སངས་རྒྱས་ས་ལ་གནས་པར་འགྱུར། །བྱ་མེད་བདེ་བ་ཆེན་པོ་འདི་ཡིས་ཐོབ། །བསྒྲུབ་པ་མེད་པར་ཡེ་ནས་སངས་རྒྱས་ཐོབ། །ལྷ་མི་སེམས་ཅན་དབང་པོ་མི་མཐུན་ཏེ། །ལ་ལ་དབང་པོ་སྦྱངས་པའི་འཕྲོ་ཅན་ཡོད། །ལ་ལ་དབང་པོ་ཡེ་ནས་ཆིག་ཆོད་ཡོད། །དེས་ན་དགོས་ཆེད་དོན་ཞེས་བསྟན་པ་ཡིན། །ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་ཞེས་བྱ་བ། །ཨ་ཏི་ཞེས་ནི་སྒྲ་ཡི་ཚིག་ཏུ་བསྟན། །ཨ་ནི་མ་སྐྱེས་ཆོས་ཉིད་རྣལ་དུ་བཞག །ཏི་ནི་མ་བཙལ་ལྷུན་གྱིས་འགྲུབ་པར་བསྟན། །ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་པ། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་


DNG005_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ན། །སྒྲོ་དང་སྐུར་པ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པ་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣལ་བཞག་ཉིད་དུ་འདོད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དགོངས་པ་རྣལ་དུ་བཞག་པའི་ལེའུ་སྟེ་རྩ་དགུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་སྙིང་པོ་སེམས་དཔའ་རྡོ་རྗེ་ལ་སེམས་དཔའ་རྡོ་རྗེ་ཉིད་ཀྱི་རང་བཞིན་བྱ་མེད་རྫོགས་པའི་ལུང་མི་ནུབ་པའི་རྒྱལ་མཚན་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ཁྱོད་ཉོན་ཅིག །སེམས་དཔའ་རྡོ་རྗེ་ཁྱོད་ཉིད་ལ། །ཉིད་ཀྱི་རང་བཞིན་བསྟན་པར་བྱ། །ཉིད་ནི་ཀུན་བྱེད་ང་ཡིན་ཏེ། །ང་ནི་ཡེ་ནས་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་འདི་ལྟའོ། །དེས་ན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་མི་ནུབ་པའི་རྒྱལ་མཚན་ནམ་མཁའ་ཆེ་འདི་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །བྱམས་པས་དོན་ཉིད་རྣམ་སྦྱངས་ཕྱིར། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཆེ་བས་ཆེ་བའི་ཟབ་མོ་ཡི། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །བྱ་བ་མེད་པས་གྲོལ་བས་གྲོལ། །རང་འབྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ན་གྲོལ་བའི་ལམ་ཡང་སྟོན། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །གྲོལ་བ་རང་འབྱུང་གཞན་ལས་མིན། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེ་བ་རང་ལས་འབྱུང་། །ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཡོན་ཏན་ཀུན་དང་སྟོབས་རྣམས་ཀྱི། །ཇི་བཞིན་རྟོགས་པ་ཕྲ་བ་ཡིས། །དེ་མ་ཐག་ཏུ་


DNG005_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལས་འབྱུང་། །སྣང་བ་མེད་པའི་ཆོས་ཉིད་ནི། །མ་བཙལ་བཞག་པས་བསྒོམས་པ་ཡིན། །དེ་དང་དེར་ནི་རྣམ་བཙལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །མཆོག་ཏུ་གསང་བའི་ཆོས་ཉིད་ནི། །རྣ་དབང་གཞན་ལས་ཐོས་མི་འགྱུར། །དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཀུན་དུ་ཆུབ་པས་རྣམ་པར་རོལ། །དེ་ལ་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་ལྟར་མཉམ་པར་གནས། །ཁྱད་པར་ཅིར་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཅི་སྟེ་ལས་ཀྱི་དབང་འགྱུར་ན། །རང་འབྱུང་ཡེ་ཤེས་ཡོད་མ་ཡིན། །རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསམ་གཏན་ཉིད་པས་བསམ་དུ་མེད། །མ་བསམས་མ་སྦྱངས་ཆོས་བཞིན་དུ། །རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། །ཕྲ་བའི་སྒོ་མོར་མིང་བཏགས་ཏེ། །སེམས་ཀྱི་དབེན་པ་ལམ་ཚོལ་ཞིང་། །དགོན་པའི་རྒྱུད་དུ་དབེན་འཛིན་ཅིང་། །བརྟགས་ན་རྣམ་པར་རྟོག་འགྱུར་བསྒོམ། །རྒྱུ་དང་འབྲས་བུར་མིང་བཏགས་ཏེ། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །འཇིག་རྟེན་འདི་ལ་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་ཏུ་བསྐྱེད། །ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་བཞིན་ཏེ་བྲག་ཅ་འདྲ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། །འགྲོ་བའི་མགོན་པོ་སེམས་དཔས་གསུངས། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའི་བསྔོ་བ་ལས། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །རྟོག་མེད་མཉམ་ཉིད་


DNG005_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཀུན་དུ་བཟང་པོའི་རོལ་པ་ཡིས། །ཨཱ་ལི་ཀཱ་ལི་ཟབ་ཏུ་བསྟན། །འདི་ནི་ས་དང་མཛེས་པའི་ཏ། །པ་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཨེ་མའོ་སངས་རྒྱས་སྤྱོད་ཡུལ་འདི། །བཙལ་བས་རྙེད་པའི་གནས་མེད་དེ། །དྲུག་གི་ཆོས་བཞིན་ཡུལ་མེད་པས། །ལྡོངས་པས་ནམ་མཁའ་བསྙབས་པ་བཞིན། །གོང་ནས་གོང་དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པ་མིན། །ཅི་སྟེ་ལམ་ལ་བགྲོད་འགྱུར་ན། །ནམ་མཁའི་མཐའ་བཞིན་ཐོབ་པ་མེད། །དེ་ལྟར་དེ་བཞིན་དེ་ཡི་ཕྱིར། །དེ་ལ་དེ་བསྟན་དེ་ཡང་ཐོབ། །དེ་ནི་སྙིང་པོ་དེ་བས་ན། །དེ་ལས་དེ་བྱུང་ངོ་མཚར་ཆེ། །སྔོན་གྱི་དེ་དང་ད་ལྟར་དེ། །དེ་བཞིན་དེ་ཡི་གནས་སུ་ཆེ། །དེ་ལྟར་དེ་ཡི་ལམ་འདྲ་བ། །དེ་ནི་དེ་ཡི་རང་བཞིན་ནོ། །དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཟླ་བ་ལས་བྱུང་རྟེན་དང་བཅས། །ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །དེ་ལྟར་བདེ་དང་ཕྱི་མར་བདེ། །མངོན་སུམ་པ་དང་རྒྱབ་ནས་འབྱུང་། །དེ་ཡང་རྣམ་པའི་སྐྱོན་ཡིན་པས། །དེ་ལ་བརྟེན་པར་མི་བྱའོ། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་འབྱུང་། །ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར། །ཆེ་བའི་ཆེན་པོ་རང་བཞིན་གནས། །སྲིད་པ་གསུམ་ན་སྦྱོར་བ་ཡང་། །མིང་ཙམ་སྒྱུ་མར་སྣང་བ་སྟེ། །འཁོར་ལོས་སྒྱུར་བའི་གནས་ཆེན་ཡང་། །སྒྱུ་མ་སྦྱོང་བའི་བསྡི་གནས་ཡིན། །རྣམ་སྤྱོད་དུས་ལ་ལྟོས་པ་རྣམས། །དུས་དེ་འབྱུང་བར་མི་འགྱུར་ཏེ། །མ་བྲལ་སྨོན་པ་སྤྱོད་པས་ན། །སྟོང་པའི་མཚན་ཉིད་གསུངས་པ་བཞིན། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོས་བཏགས་ཆོས་ཀུན་ག་ལ་ཡོད། །


DNG005_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཟབ་མོ་ཆ་ཤས་རྟོགས་ཡུལ་མེད། །སྲིད་པ་མིང་ཙམ་ལོག་པའི་སྟོབས། །དེ་བས་ཏིང་འཛིན་མཉམ་དང་བྲལ། །དེ་ལ་ཐ་ཚིག་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །དུས་གསུམ་འདི་དང་མི་འབྲལ་བས། །ཐ་ཚིག་མིང་དུ་བཏགས་པ་མེད། །མི་གཡོ་བ་ནི་སྐུ་ཡི་རྒྱ། །མི་བསྐྱོད་པས་ནི་ཡེ་ཤེས་ཏེ། །མི་ལེན་པ་ནི་བདག་མེད་ཅིང་། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །གང་དང་གང་གི་གང་དུ་ཡང་། །ཀུན་འཁོལ་ཀུན་སྤྱོད་བདག་ལས་བྱུང་། །འདི་ལ་སྐྱེས་པ་བུད་མེད་ཅེས། །མཉམ་པའི་རྒྱལ་པོས་ཡོང་མ་གསུངས། །འདི་ལ་བརྟུལ་ཞུགས་དྲག་ཤུལ་གྱིས། །གནས་སུ་བྱ་བའི་མིང་མེད་དེ། །ཨ་དང་པར་ནི་རྣམ་ལྡན་ན། །སྒྱུ་མའི་བདེ་བ་འབྱུང་བར་འདོད། །རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །སྣང་འདོད་རྩོལ་སེམས་བདེ་བ་ཡང་། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན། །བྱང་ཆུབ་ཡན་ལག་ཀུན་གྱི་སྒོ། །ཆ་ལུགས་བསྒོམས་པས་ཆུ་ཟླ་བཞིན། །མ་གོས་མ་ཆགས་འབྱུང་འགྱུར་ཡང་། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །ཡི་གེ་མངོན་དུ་བྱུང་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མིན། །ཉོན་མོངས་པ་ཡི་དབང་གིས་ན། །ཏ་ལའི་མགོ་བོ་བཅད་པ་དང་། །ས་བོན་མེ་ཡིས་བསྲེགས་པ་དང་། །དེ་ཡི་དབང་དུ་མི་འགྱུར་སྟོན། །རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ། །གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ། །མཚན་མ་མེད་པའི་དབང་གིས་ན། །བསྡི་གནས་དེ་ལས་འབྱུང་མི་འགྱུར། །གླེང་བྲལ་འདི་ལ་གནས་པ་ནི། །རྣལ་འབྱོར་དེ་ནི་སྐལ་བ་བཟང་། །བདག་དང་གཞན་དོན་མི་འབྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ལྷག་མ་མེད་པས་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ནམ་མཁའ་བཞིན་ཏེ་


DNG005_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །ལྷུན་གྱིས་གྲུབ་པའི་བདེ་ཆེན་དེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུ་ཡི་རིག་པ་ལས། །ཆོས་ནི་གཞན་ལས་འབྱུང་མི་འགྱུར། །སླ་ཞིང་དཀའ་ལ་སླ་ཕྱིར་དཀའ། །མངོན་སུམ་མི་གནས་ཀུན་དུ་ཁྱབ། །མིང་ཙམ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔས་མཚོན་དུ་མེད། །ངོ་མཚར་རྨད་བྱུང་རོལ་པ་འདི། །བྱ་བྲལ་ནམ་མཁའ་བཞིན་དུ་གནས། །ཅིར་ཡང་མི་དམིགས་གཏི་མུག་ལས། །དེ་མ་ཐག་ཏུ་རང་ལས་བྱུང་། །འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་གྱི་རང་བཞིན་གནས། །བུས་པས་བསླད་པས་འཁྲུལ་པའི་ཕྱིར། །སྨན་ཉིད་སྨན་པ་ཚོལ་བ་བཞིན། །གོ་བའི་ཡུལ་ན་བདེ་བ་ཆེ། །འདི་ནི་རྣམ་དག་འཇིག་རྟེན་ཡིན། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །མ་ངེས་འཇའ་ཚོན་ཁ་དོག་ལས། །རིགས་ཀྱི་ཁྱད་པར་མངོན་པར་སྣང་། །དེ་བཞིན་གཡོ་རྡུལ་མི་གཡོ་བ། །འབྱུང་བ་ལྔ་བས་གཙོ་ཆེན་ཡིན། །འདས་དང་མ་འོངས་ད་ལྟར་གྱི། །ཐ་སྙད་མིང་ལ་མི་གནས་ཏེ། །སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། །དེ་ཉིད་དུས་གསུམ་ཆེན་པོར་སྦྱོང་། །མཉམ་པས་རིམ་པར་བཀོད་པ་མེད། །གཅིག་པས་ཕྱོགས་བཅུ་བསྔོ་དང་བྲལ། །ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འགྲིམ་པ་མེད། །ལྷུན་གྱིས་གནས་པས་མི་བསྔོ་ཞིང་། །གདོད་ནས་དག་པས་བདུད་རྩི་ཡིན། །འདུ་མཆེད་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་བསམ་པས་བཟུང་བ་མེད། །ཡིད་ཀྱིས་བསམ་པས་ཡོན་བདག་སྟེ། །བལྟས་པས་ཚོགས་ནི་བཀྲམ་པའོ། །མཐོང་བར་གྱུར་པས་དངོས་གྲུབ་ལ། །དེ་ཉིད་མཉམ་བཞག་རྫོགས་པའོ། །ཡུད་ཙམ་བཟུང་བས་སྦྱོར་བ་ཡིན། །དགའ་བར་གྱུར་པས་དམ་ཚིག་སྟེ། །ཐབས་ཀྱིས་


DNG005_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཐབས་བསྐྱོད་པ་ཡིས། །གཉིས་མེད་སྦྱོར་བ་ཕུལ་བ་ཡིན། །མི་བཟུང་གཏོང་བས་གཏོང་མ་ཡིན། །བྱ་བ་མེད་པའི་ལས་རྣམས་ཏེ། །མི་རྟོག་ཡེ་ཤེས་བགེགས་བསལ་ནས། །མ་གསུངས་མཉམ་བཞག་སྔགས་ཚིག་གོ། །བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །དེ་བས་དེ་ལུང་དེ་ཉིད་ལ། །དེ་ལ་དེ་སྦྱར་སྒྲིབ་པར་འགྱུར། །དེ་ལྟར་དེ་ལ་དེ་རྟོག་ན། །དེ་ལ་དེ་ཉིད་གྲུབ་པ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྡོ་རྗེ་སེམས་དཔའི་རང་བཞིན་མི་ནུབ་པའི་རྒྱལ་མཚན་གྱི་ལེའུ་སྟེ་སུམ་ཅུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཀུན་བྱེད་ཀྱི་རང་བཞིན་བྱ་མེད་རྫོགས་པ་ལྷུན་གྱིས་གྲུབ་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྣ་ཚོགས་རང་བཞིན་མི་གཉིས་ཀྱང་། །ཆ་ཤས་ཉིད་དུ་སྤྲོས་དང་བྲལ། །ཇི་བཞིན་པ་ཞེས་མི་རྟོག་ཀྱང་། །རྣམ་པར་སྣང་མཛད་ཀུན་དུ་བཟང་། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་གཞག་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྡོ་རྗེ་ཚིག་དྲུག་གི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་དཔའ་རྡོ་རྗེ་ལ་མ་བྱས་དོན་གྲུབ་ཀྱི་ལུང་ངེས་པ་ཚིག་བཞིའི་ལེའུ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་འདི་ལྟར་དོན་རིག་གིས། །ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་དེ་ལ་གནས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ངེས་པ་ཚིག་བཞིའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་


DNG005_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་ཆོས་ཉིད་དེ་ཉིད་ཀྱི་རིག་པའི་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཞེས་བྱ་བ། ཆོས་ཐམས་ཅད་རིག་པར་བྱེད་པའི་རྒྱལ་པོ་རང་འབྱུང་གི་ཡེ་ཤེས་དེ་ལ་ཉིད་ཀྱི་རང་བཞིན་རྟོགས་པར་དཀའ་བ་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ། ཡིད་ཀྱི་དབང་པོས་སྒྲ་རྟོགས་ཤིག །སྒྲ་ཡིས་དོན་དེ་རྟོགས་རིག་བྱོས། །ཀུན་གྱི་གནས་ནི་ཆོས་ཀྱི་དབྱིངས་ཡིན་ན། །དབྱིངས་ཀྱི་སྒྲ་དོན་ཇི་ལྟར་རིག་པར་བྱེད། །ཀུན་གྱི་ལྟ་ཡུལ་ནམ་མཁའི་ཁམས་འདི་ལ། །ནམ་མཁའི་སྒྲ་དོན་ཇི་ལྟར་རིག་པར་བྱེད། །མངོན་དུ་གསལ་བ་འབྱུང་བ་ལྔ་ཡིན་ན། །མངོན་དུ་སྣང་བའི་དོན་ནི་ཇི་ལྟར་རིག །དེ་ལས་བྱུང་བའི་ཁམས་གསུམ་སེམས་ཅན་ནི། །དེ་ཡི་དོན་ནི་ཇི་ལྟར་རིག་པར་བྱེད། །རིག་པའི་རྒྱལ་པོས་ཉིད་ཕྱིར་ང་ལ་ཉོན། །ཞེས་གསུངས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཁྱོད་ཀྱི་རང་བཞིན་ཤིན་ཏུ་རྟོགས་དཀའ་བ། །རྣམ་བཞི་བསྟན་པའི་སྒྲ་ཡིས་བདག་གིས་རྟོགས། །དབྱིངས་ཀྱི་སྒྲ་ཡིས་འབྱེད་པ་མེད་པར་རྟོགས། །ནམ་མཁའི་སྒྲ་ཡིས་མ་བསྒྲིབས་གསལ་བར་རྟོགས། །འབྱུང་བའི་སྒྲ་ཡིས་ཀུན་གྱི་སྙིང་པོར་རྟོགས། །སེམས་ཅན་སེམས་ཀྱིས་སྒྲ་དོན་དེ་རིག་བྱེད། །དེ་རིགས་ཀུན་བྱེད་ཤིན་ཏུ་རྟོགས་དཀའ་རིག །ཀུན་བྱེད་ཉིད་ལས་གཞན་ཞེས་བསྟན་པ་མེད། །ཅེས་གསུངས་སོ། །དེ་ནས་ཀུན་བྱེད་རྒྱལ་པོས་རིག་པའི་རྒྱལ་པོ་ལ་སླར་གསུངས་པ། ང་ཡི་རང་བཞིན་རྟོགས་དཀའ་འདི་རིག་ན། །ཆོས་ཀྱི་མདོ་རྩ་ཡན་ལག་ཀུན་རིག་གིས། །རིག་པའི་རྒྱལ་པོ་ཞེས་སུ་མཚན་ཡང་བཏགས། །ཀྱེ་བྱེད་པའི་རྒྱལ་པོ་ཀུན་བྱེད་བྱང་ཆུབ་སེམས། །ཁྱོད་ཀྱི་རང་བཞིན་འདི་ལྟར་ཆོས་ཉིད་འདི། །སེམས་དང་ཡེ་ཤེས་ཆོས་ཉིད་རིག་པ་སྟེ། །དེ་ཡི་རང་བཞིན་བདག་གིས་འདི་ལྟར་མཐོང་། །སེམས་ཉིད་སྤྲོས་བྲལ་སྒྲ་ནི་ཆོས་ཉིད་སྒྲ། །སེམས་ཉིད་མ་བསྒྲིབས་སྒྲ་ནི་ནམ་མཁའི་ཁམས། །


DNG005_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་ངོ་བོ་སྙིང་པོ་འབྱུང་བའི་སྒྲ། །རིག་པ་སོ་སོར་རྟོག་པ་སེམས་ཅན་སེམས། །སེམས་ཀྱི་རང་བཞིན་ལས་ནི་གཞན་མེད་དེ། །ཀུན་བྱེད་རྒྱལ་པོ་སེམས་ལས་གཞན་མེད་དོ། །ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ང་ཡི་རང་བཞིན་དེ་རིག་ན། །ཀུན་བྱེད་ང་ཡི་རང་བཞིན་རིག་པ་ཡིན། །ང་རིག་གཅིག་རིག་ཀུན་རིག་ཐམས་ཅད་རིག །སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ལ་ནི། །རིག་པའི་རྒྱལ་པོ་ཞེས་སུ་མིང་བཏགས་སོ། །ཀྱེ་རིག་པའི་རྒྱལ་པོས་དེ་ལྟར་རིག་གྱུར་ན། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །བསྟན་པའི་ཐེག་པ་རྣམ་པ་གསུམ་བྱུང་ནས། །རྒྱུ་ལས་འབྲས་བུ་འདོད་པ་གསུམ་གྱིས་ནི། །བྱ་བའི་ལས་ནི་ལྟ་སྤྱོད་སྣ་ཚོགས་ཀྱིས། །འབྲས་བུ་གསུམ་ནི་གང་དང་གང་སྒྲུབ་པ། །རིག་པའི་རྒྱལ་པོས་ཆོས་དེ་ཇི་ལྟར་རིག །ཅེས་གསུངས་སོ། །རིག་པའི་རྒྱལ་པོས་སླར་གསུངས་པ། །ཀྱེ་ཀུན་བྱེད་རྒྱལ་པོ་ཁྱོད་ལས་བྱུང་བ་ཡི། །སྐུ་གསུམ་སྟོན་པ་ཁྱོད་ཀྱི་ངོ་བོ་གསུམ། །དེ་གསུམ་བསྟན་པ་རྣམ་གསུམ་ཁྱོད་ཀྱི་ལྡེམ་དགོངས་ཏེ། །རིག་པ་སོ་སོའི་སེམས་ལ་ལྡེམ་དགོངས་བསྟན། །དེ་དག་གང་ལ་དགོངས་ནས་ལྡེམ་པ་བསྟན། །མི་འཕྲོ་ཞི་གནས་ཚོལ་ལ་དགོངས་པའི་ཕྱིར། །རང་རེ་གང་འཐད་ཡུལ་ལ་ལྡེམ་དུ་གཞུག །སྐུ་གསུམ་སྟོན་པ་དྲང་ལུང་སྟོན་པ་དེས། །ལ་ལས་ས་དང་ལམ་གྱི་འབྲས་བུ་བསྟན། །ལ་ལས་དངོས་མིན་ཆུ་ཟླའི་འབྲས་བུ་བསྟན། །ལ་ལས་ཉིད་ཀྱིས་ཉིད་བསྒྲུབ་འབྲས་བུ་བསྟན། །སྐུ་གསུམ་བསྟན་པ་ལྡེམ་དགོངས་ལུང་བསྟན་ཏེ། །ངེས་པར་མ་བསྟན་དྲང་བའི་ལུང་བསྟན་ཏེ། །མི་འཕྲོ་ཞི་གནས་ཚོལ་བའི་ཏིང་འཛིན་ཡིན། །རྒྱུ་འབྲས་ཐེག་ཆེན་དྲང་བའི་ལུང་དུ་བསྟན། །ཅེས་གསུངས་སོ། །ཀྱེ་རིག་པའི་རྒྱལ་པོ་སེམས་དཔའ་རྡོ་རྗེ་ཉོན། །དོན་དམ་ངེས་པའི་ལུང་ཞེས་བསྟན་པ་ནི། །རིག་པའི་རྒྱལ་པོས་རིག་གམ་བསྟན་དུ་མེད། །མི་གནས་


DNG005_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པར་བྱ་བའི་ཡུལ་མ་ཡིན། །མི་རྟོག་རྟོག་ལས་འདས་པའི་རང་བཞིན་ལ། །ཏིང་འཛིན་མི་བསྒོམ་བསམ་པའི་ཡུལ་དང་བྲལ། །འདོད་པའི་སེམས་མེད་བླང་བའི་འབྲས་བུ་མེད། །མི་རྟོག་ཇི་བཞིན་པ་རུ་གནས་པ་དེས། །ལམ་ལ་མ་བགྲོད་སངས་རྒྱས་ས་རུ་ཕྱིན། །རིག་པ་མ་སྦྱངས་རང་འབྱུང་ཡེ་ཤེས་རྙེད། །ཕྲིན་ལས་མ་བཙལ་རང་བཞིན་ལྷུན་གྱིས་གྲུབ། །དམ་ཚིག་མི་སྡོམ་རང་བཞིན་རྣམ་པར་དག །ཡུལ་དང་དབང་པོ་དེ་བཞིན་ཉིད་དུ་གསལ། །སངས་རྒྱས་སེམས་ཅན་གཉིས་སུ་མ་མཐོང་སྟེ། །དེ་བཞིན་ཉིད་དུ་ཐམས་ཅད་གཅིག་པར་མཐོང་། །དེ་བཞིན་ཉིད་ལ་གཅིག་དང་དུ་མ་མེད། །མ་བྱུང་མ་སྐྱེས་པ་ཡི་སྙིང་པོ་ལ། །སྒྲོས་ཀྱིས་བཏགས་པའི་ཐ་སྙད་ག་ལ་ཡོད། །ཀྱེ་སེམས་དཔའ་ཆེན་པོ་རིག་པའི་རྒྱལ། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཀུན་བྱེད་ང་ཡི་རང་བཞིན་སྒྲོས་སྐུར་བྲལ། །ང་ཡི་རང་བཞིན་དེ་བཞིན་ཉིད་གཅིག་ལ། །སྐུ་གསུམ་སྟོན་པས་སོ་སོར་བསྟན་པ་ཡང་། །དེ་བཞིན་ཉིད་ལ་དྲང་བའི་ལུང་བསྟན་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ངེས་པའི་ལུང་དང་དྲང་བའི་ལུང་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉིད་ལ་འདུས་པའི་མདོ་འདི་གསུངས་སོ། །ཀྱེ་རྟོགས་པའི་རྒྱལ་པོ་སྒྲ་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པའི་དོན་ནི་ང་ལ་འདུས། །ང་ཡི་རང་བཞིན་འདི་ལ་ནི། །སྐུ་འདུས་གསུང་འདུས་དགོངས་པ་འདུས། །ང་ཡི་སྒྲ་ཉོན་དགོངས་འདུས་ཀྱིས། །ཞེས་གསུངས་སོ། །ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །ཀུན་བཟང་རྡོ་རྗེ་སེམས་དཔའ་དང་། །རྣམ་གཟིགས་གཙུག་ཏོར་ལ་སོགས་ཏེ། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་ཀྱི་


DNG005_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་འབྲིག་མི་མདུག༽ སངས་རྒྱས་དང་། །ལྷུན་གྱིས་གྲུབ་དང་རྡུལ་སྙེད་ཀྱི། །དགོངས་པ་ཁྱོད་ལ་འདུས་ལགས་སམ། །ཞེས་ཞུས་སོ། །དེ་ནས་ཀུན་བྱེད་རྒྱལ་པོས་ཡིན་པའི་སྒྲ་བརྗོད་པ། ཀྱེ་རྟོགས་པའི་རྒྱལ་པོ་ད་ཉོན་ཅིག །ཧོ་ཧོ་ཡིན་པའི་སྒྲ་བརྗོད་དེ། །དཔེ་དང་དོན་དང་རྟོག་གསུམ་གྱིས། །དགོངས་པ་འདུས་པའི་དོན་བསྟན་པ། །ང་ཡི་རང་བཞིན་ནམ་མཁའ་འདྲ། །ང་ཡི་དོན་ནི་ཆོས་ཉིད་ཡིན། །ང་ཡི་ངོ་བོ་བྱང་ཆུབ་སེམས། །ཀྱེ་ང་ནི་མ་བསྒྲིབས་རྟོག་པ་མེད། །རྟོག་མེད་ནམ་མཁའ་ཆོས་ཀྱི་སྐུ། །ང་ནི་མི་རྟོག་བླང་དོར་མེད། །བླང་དོར་མེད་དེ་ནམ་མཁའ་འདྲ། །ནམ་མཁའ་བླང་དོར་མེད་པ་བཞིན། །ཀུན་དུ་བཟང་ལ་བླང་དོར་མེད། །བླང་དོར་མེད་པ་ང་ལས་འདུས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀྱེ་ང་ནི་མ་སྐྱེས་ནམ་མཁའ་འདྲ། །མ་སྐྱེས་པ་ཡི་ནམ་མཁའ་བཞིན། །རྡོ་རྗེ་སེམས་ལ་སྐྱེ་བ་མེད། །སྐྱེ་མེད་དགོངས་པ་ང་ལ་འདུས། །རྣམ་གཟིགས་རབས་བདུན་ཤཱཀྱ་ཐུབ། །སྟོང་རྩ་གཉིས་དང་རྡུལ་སྙེད་དང་། །ལྷུན་གྲུབ་སངས་རྒྱས་ཐམས་ཅད་ཀྱང་། །དགོངས་པ་ནམ་མཁའི་རང་བཞིན་ཏེ། །སྐྱེ་མེད་མི་རྟོག་བླང་དོར་མེད། །དཔེ་ཡིས་ང་ལ་འདུས་པར་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀྱེ་གོང་བཤད་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་དོན་གྱིས་འདུས་པ་ནི། །ཀུན་བྱེད་རྒྱལ་པོའི་རང་བཞིན་ནི། །སྐྱེ་བ་མེད་པར་བསྟན་པ་བཞིན། །སངས་རྒྱས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལ། །ཆོས་ཉིད་འགག་པ་མེད་པ་བཞིན། །གོང་བཤད་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཉིད་ལ་ནི་འགག་པ་མེད། །དེས་ན་ཆོས་ཉིད་འདུས་པར་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྟགས་ཀྱིས་འདུས་པར་བསྟན་པ་ནི། །རྟགས་ནི་ཀུན་རྟགས་བྱང་ཆུབ་སེམས། །ཀུན་བྱེད་རྒྱལ་པོ་སེམས་ཀྱིས་ནི། །ཆོས་ཀྱི་སྐུ་དང་ཀུན་དུ་


DNG005_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་འབྲིག་མི་མདུག༽ བཟང་། །རྡོ་རྗེ་སེམས་ལ་སོགས་པ་ཡི། །དུས་གསུམ་སངས་རྒྱས་མ་ལུས་པའི། །སྙིང་པོ་རྟགས་ནི་སེམས་སུ་འདུས། །དེས་ན་དཔེ་དོན་གསུམ་དུ་འདུས། །ཀྱེ་ཀུན་བྱེད་རྒྱལ་པོ་ང་ལ་ནི། །སྤྱི་འདུས་སྒོ་འདུས་དགོངས་པ་འདུས། །སྤྱི་འདུས་དཔེ་དོན་རྟོགས་འདུས་ལ། །སྒོ་འདུས་རྣམ་པ་ལྔ་འདུས་ཏེ། །ཆོས་སྐུ་དགོངས་པ་འདུས་པ་ནི། །མི་རྟོག་མཉམ་པ་ཉིད་འདུས་ལ། །མི་གཡོ་ཆོ་འཕྲུལ་འབྱིན་པར་ནུས། །ལོངས་སྤྱོད་སྐུ་ཡི་དགོངས་འདུས་པ། །མངོན་སུམ་རང་བཞིན་སྣང་བ་དང་། །འདོད་པ་ཚོགས་པས་འབྱིན་པར་འདུས། །ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་ཕྱུང་བར་འདུས། །རྡོ་རྗེ་སེམས་དགོངས་འདུས་པ་ནི། །མི་སྐྱེ་མི་འགག་དགོངས་པ་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་སྙེད་དང་། །སྐུ་གསུང་ཐུགས་ཀྱིས་དོན་མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱིས་དོན་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ཅེས་གསུངས་པས་དེར་སེམས་དཔའ་རྡོ་རྗེ་སྔངས་ཏེ་བརྒྱལ་ལོ། །དེར་བརྒྱལ་བ་སངས་ནས་ཞུས་པ། ཀྱེ་འདུས་པའི་རྒྱལ་པོ་དེ་ཉོན་ཅིག །བྱས་པའི་ཆོས་དང་ཀུན་འདུས་ན། །མ་བྱས་པ་ཡང་ཀུན་འདུས་སམ། །མ་བྱུང་བ་ཡང་ཀུན་འདུས་སམ། །ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས། །མུ་སྟེགས་ཕྱིན་ཅི་ལོག་ལྟ་བ། །རྟག་ཆད་གཉིས་སུ་ལྟ་བ་ཡང་། །ཁྱོད་ཀྱིས་མ་ནོར་དགོངས་ཡིན་ན། །སངས་རྒྱས་སེམས་ཅན་ཅི་ལ་གདགས། །མུ་སྟེགས་སངས་རྒྱས་ཅི་ལ་རྒྱ། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཐམས་ཅད་


DNG005_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་འབྲིག་མི་མདུག༽ འདུས་པའི་རྒྱལ་པོ་དེས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་རྟོགས་འགྱུར་ན། །ཀུན་ཀྱང་འདུས་པར་ཡིད་ཆེས་ན། །སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ནི། །ང་ཡི་རང་བཞིན་རྟོགས་མི་འདྲ། །རྟོགས་མི་འདྲ་བས་ཡིད་མི་ཆེས། །ཀུན་བྱེད་བྱང་ཆུབ་སེམས་རྟོགས་ཤིག །ཀུན་བྱེད་བྱང་ཆུབ་སེམས་རྟོགས་ན། །རང་འབྱུང་བྱང་ཆུབ་སེམས་དེ་ཡིས། །རྟག་ཆད་གཉིས་ཀྱི་མཐའ་བསལ་ཏེ། །མ་སྐྱེས་གཟུང་འཛིན་བྲལ་བ་ཡིས། །རྟག་པའི་དངོས་པོ་མཐའ་བསལ་ལ། །རང་འབྱུང་ཡེ་ཤེས་འགྱུར་མེད་པས། །མེད་པ་ཆད་པའི་མཐའ་ཡང་བསལ། །མུ་ཞེས་བྱ་བ་ཆོས་ཀྱི་དབྱིངས། །སྟེགས་ཞེས་བྱ་བ་རྟོགས་པའི་གནས། །སངས་རྒྱས་སེམས་ཅན་གཉིས་མཐོང་བ། །ཀུན་བྱེད་བྱང་ཆུབ་སེམས་མ་མཐོང་། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དགོངས་པ་འདུས་པའི་ལུང་གི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་བསྟན་པ་གཞན་གྱི་སྤྱོད་ཡུལ་མ་ཡིན་པ་རྫོགས་པ་ཆེན་པོའི་གཞུང་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་འདི་བསྟན་ཏེ། ཀྱེ་སེམས་དཔའ་ཆེན་པོ། ང་ཡི་སྤྱོད་ཡུལ་འདི་ནི་དཀའ་བ་སྟེ། །སྒོ་དང་ལྟ་བ་དང་ནི་དམ་ཚིག་དང་། །ཕྲིན་ལས་དང་ནི་བགྲོད་ལམ་གནས་པ་དང་། །ཡེ་ཤེས་ཆོས་ཉིད་རྣམ་པ་བརྒྱད་པོ་འདི། །སྐུ་གསུམ་ཐེག་པ་རྣམ་པ་ལྔ་པོ་ཡི། །ཐེག་པ་གཞན་དང་ལྟ་སྤྱོད་མི་མཐུན་ཏེ། །སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན། །ཕྲིན་ལས་བཙལ་དུ་མེད་པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན། །གནས་ས་སྦྱང་དུ་མེད་པར་བསྟན་པ་ཡིན། །ཡེ་ཤེས་མི་རྟོག་བསྐྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་དོན་འདི་ནི། །རྒྱུ་འབྲས་ཐེག་པ་ཅན་ལ་བསྟན་


DNG005_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན། །འཇིག་རྟེན་རྒྱུ་དང་འབྲས་བུའི་ཆོས་བཞིན་དུ། །རྒྱུ་ལས་འབྲས་བུ་འབྱུང་བས་མི་རིགས་ཟེར། །རྒྱུ་ནི་ཁམས་གསུམ་སེམས་ཅན་ལས་བསྒྲུབས་ནས། །འབྲས་བུ་དུས་གསུམ་སངས་རྒྱས་འབྱུང་བར་འདོད། །རྒྱུ་ནི་ལྟ་བ་བསྒོམ་པ་བྱས་པ་ཡིས། །གང་བསྒོམས་འབྲས་བུ་དེ་ཐོབ་འདོད་པ་ནི། །བསྒོམ་པ་དེ་ཡིས་འབྲས་བུ་ཐོབ་པ་མེད། །ཐམས་ཅད་ཇི་བཞིན་པ་ཡི་ཆོས་ཡིན་པས། །ཇི་བཞིན་པ་ལ་འཆོས་པར་བྱེད་པ་ནི། །བརྫུན་གྱིས་བདེན་པ་བསླུས་པ་སྡིག་རེ་ཆེ། །ལྟ་བསྒོམ་དམ་ཚིག་ལ་སོགས་རྩོལ་སྒྲུབ་ཀྱིས། །དབང་པོ་ཡུལ་ལ་ཡེངས་པ་ཕྲལ་ནས་ནི། །དབེན་པའི་ཡུལ་ལ་ཐབས་ཀྱིས་ཁྲིད་ནས་ནི། །རྟོག་མེད་མཉམ་པའི་ཐབས་ཀྱིས་བསྟན་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྫོགས་པ་ཆེན་པོའི་ལུང་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་འདུས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ང་ཡི་རང་བཞིན་འདི་རྟོགས་ཤིག །ང་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་ཡིན། །ཀུན་བྱེད་རྒྱལ་པོའི་རང་བཞིན་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་མ་བྱས་གཅིག་ཀྱང་མེད། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ཀྱིས་བྱས། །ཁམས་གསུམ་སེམས་ཅན་ལུས་ངག་ཡིད་གསུམ་ཡང་། །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཀྱིས་བྱས། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀྱང་། །ཇི་བཞིན་མ་བཅོས་པ་ཡི་ཆོས་ཉིད་དུ། །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཀྱིས་བྱས། །ཞེས་གསུངས་པ་དང་། སེམས་དཔའ་རྡོ་རྗེས་སླར་ཞུས་པ། །ཀྱེ་ཀུན་བྱེད་རྒྱལ་པོ་བྱེད་པའི་བདག་པོ་ལགས། །མ་རིག་མ་རྟོགས་དོན་འདི་བཤད་དུ་གསོལ། །ཇི་ལྟར་བྱས་པ་བདག་ལ་བཤད་དུ་གསོལ། །ཞེས་


DNG005_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ། །སྐུ་ནི་ཆོས་ཉིད་མངོན་དུ་ཕྱུང་བ་དེས། །ཀུན་བཟང་རོལ་པ་རྨད་དུ་འབྱུང་བ་བྱས། །གསུང་གི་སྒྲ་ཚིག་མངོན་དུ་བསྒྲགས་ནས་ནི། །དོན་གྱི་ཆོས་ཉིད་ཚིག་གིས་གོ་བར་བསྟན། །ཐུགས་ནི་རང་འབྱུང་ཡེ་ཤེས་འགག་མེད་ཀྱིས། །སྟོན་པ་ཡེ་ཤེས་སྒྲོན་མ་བྱས་ནས་ནི། །ཆོས་ཉིད་དོན་གྱི་ངོ་བོ་མ་ནོར་སྟོན། །ཀྱེ་སེམས་དཔའ་ཆེན་པོས་དོན་འདི་རྟོགས་པར་གྱིས། །སྣང་སྲིད་སྣོད་བཅུད་དེ་ལྟར་སྣང་བ་ལས། །ང་ལ་སྐུ་ཡི་ངོ་བོ་གཞན་མེད་པས། །རང་གི་ངོ་བོས་འཆད་ཅིང་སྟོན་པ་ཡིན། །སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་། །མ་རྟོགས་གཞན་ལ་ཁྱོད་ཀྱིས་ལུང་སྟོན་ཅིག །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ས་ཆུ་མེ་རླུང་ནམ་མཁའི་སྒྲ་གྲག་དང་། །རྒྱུད་དྲུག་སེམས་ཅན་རྣམས་ཀྱི་སྒྲ་ཚིག་འདི། །ཀུན་བྱེད་ང་ཡི་གསུང་ལས་གཞན་མེད་པས། །ཚིག་སྒྲ་དོན་གྱིས་བསྡེབས་བཤད་དེ་ལ་བྱ། །ཀྱེ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་། །མ་རྟོགས་གཞན་ལ་ཁྱོད་ཀྱིས་ལུང་སྟོན་ཅིག །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཁམས་གསུམ་རྒྱུད་དྲུག་སེམས་ཅན་ཐམས་ཅད་དང་། །འབྱུང་ཆེན་ལྔ་ཡི་མི་རྟོག་མཉམ་ཉིད་དང་། །ཆོས་ཉིད་མི་སྐྱེ་མི་རྟོག་མི་འགག་སྟེ། །ཀུན་བྱེད་ང་ཡི་ཐུགས་སུ་དེ་ལས་མེད། །སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཀྱིས་ནི། །མ་རྟོགས་གཞན་ལ་ཁྱོད་ཀྱིས་ལུང་སྟོན་ཅིག །སེམས་དཔའ་ཆེན་པོས་འདི་ལུང་མ་བསྟན་ན། །ང་ཡི་རང་བཞིན་ཤིན་ཏུ་མི་རྟོགས་ཏེ། །མ་རྟོགས་ང་དང་ཕྲད་པར་མི་འགྱུར་ན། །དུས་གསུམ་སངས་རྒྱས་རྣམས་ཀྱི་གདུང་འཚོབ་པ། །ཁམས་གསུམ་གནས་པའི་སེམས་ཅན་ཐམས་ཅད་དང་། །ལ་དགུ་ལུང་དགུ་རྒལ་བའི་ས་བཅུ་དང་། །ཚེ་ལ་དབང་སྒྱུར་ཕྱག་རྒྱ་ལྷུན་གྱིས་གྲུབ་པ་དང་། །རིག་འཛིན་གསུམ་ལ་སོགས་པའི་གདུང་འཚོབ་ཀྱིས། །ཀུན་བྱེད་ང་དང་ཡུན་དུ་ཕྲད་མི་


DNG005_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཀུན་བྱེད་ང་དང་ཡུན་དུ་མ་ཕྲད་ན། །ཁམས་གསུམ་རྒྱུད་དྲུག་གནས་པའི་སེམས་ཅན་གྱིས། །རང་གི་རང་བཞིན་རང་གིས་ངོ་མི་ཤེས། །ས་བཅུ་གནས་པའི་བྱང་ཆུབ་སེམས་དཔའ་ཡིས། །གྲངས་མེད་པ་ཡི་བསྐལ་པ་གསུམ་བགྲངས་ཀྱང་། །ཀུན་བྱེད་ང་དང་ཕྲད་པར་ཡང་མི་འགྱུར། །དེས་ཀྱང་རང་གི་རང་བཞིན་ཤེས་མི་འགྱུར། །ལུས་ལ་དབང་སྒྱུར་རིག་འཛིན་གསུམ་གྱིས་ཀྱང་། །ལུས་ཀྱིས་སངས་རྒྱས་ལོངས་སྤྱོད་སྐུ་བཟུང་ནས། །ཡིད་ཀྱི་དབང་བོ་རང་སེམས་མཐོང་མེད་ལྟ། །དེས་ཀྱང་ཀུན་བྱེད་རྒྱལ་པོ་ང་དང་ནི། །རང་གི་རང་བཞིན་གཉིས་མེད་དེ་མི་མཐོང་། །མ་མཐོང་བར་དུ་ཚི་ཆད་ནད་ཀྱིས་ཟིན། །དེ་བས་ང་ཡི་རང་བཞིན་ལུང་སྟོན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྐུ་གསུང་ཐུགས་སུ་འདུས་པའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྫོགས་པ་ཆེན་པོའི་ཆོས་ཉིད་བསྒོམ་དུ་མེད་པ་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ལ་སོགས་ཏེ། །རིག་འཛིན་གྱི་ནི་ས་ལ་གནས་པ་དང་། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། །ཁམས་གསུམ་སེམས་ཅན་དུས་ལ་བབ་པ་ཡི། །ཀུན་གྱི་དོན་ཆེན་ཀུན་བྱེད་ང་ཡིན་གྱིས། །ང་ཡི་རང་བཞིན་ཆོས་ཉིད་བྱང་ཆུབ་སེམས། །ཆོས་ཉིད་སེམས་ལ་བསྒོམ་མེད་རྟོགས་པར་གྱིས། །རྒྱུ་འབྲས་སྟོན་པའི་སྐུ་གསུམ་སྟོན་པས་ནི། །ང་ཡི་རང་བཞིན་ཆོས་ཉིད་བསྒོམ་མེད་ལ། །འཇིག་རྟེན་རྒྱུ་འབྲས་ཆོས་དང་དོན་མཐུན་པར། །རྒྱུ་ལས་འབྲས་བུ་འབྱུང་བར་ལུང་བསྟན་ནས། །བསྒོམ་པའི་ལུང་ནི་འདི་ལྟར་སོ་སོར་བསྟན། །ཆོས་ཉིད་བྱང་ཆུབ་སེམས་གཅིག་ངོ་བོ་ལ། །སྡུག་བསྔལ་ཀུན་འབྱུང་བདེན་པ་རྣམ་པ་བཞིས། །སྡུག་བསྔལ་ཀུན་འབྱུང་ངན་སོང་རྒྱུ་ཟེར་ནས། །ཆོས་ཉིད་བྱང་ཆུབ་སེམས་དེ་སྤོང་བར་བྱེད། །དེ་ཡིས་ཆོས་ཉིད་མི་མཐོང་སྤངས་པ་ཡིན། །ཆོས་ཉིད་


DNG005_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱིས། །སྦྱིན་དང་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བཅུས། །ས་བཅུ་ལམ་ལ་སྦྱངས་ཏེ་བགྲོད་པ་ཡིས། །ཆོས་ཉིད་མ་མཐོང་སྦྱོང་བའི་ས་ལ་གནས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟའ་དང་རྒྱུ་སྐར་དུས་ཚིགས་བཟང་སྒོ་ནས། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་ཆེན་པོ་བཞིས། །འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །བྱིན་གྱིས་བརླབས་ནས་ལྷ་ཡི་སྐུར་བསྒོམ་པ། །དེ་ཡིས་རང་སེམས་བསྒོམ་མེད་མཐོང་བ་མིན། །ཆོས་གཅིག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ཏིང་འཛིན་གསུམ་དང་ཆོ་ག་རྣམ་པ་ལྔས། །རང་རྒྱུད་དག་པའི་རྡོ་རྗེ་ཕུང་པོ་ལ། །བསྙེན་སྒྲུབ་རྣམ་པ་བཞི་ཡི་ལྷ་བསྒོམས་ནས། །སྣང་ལ་རང་བཞིན་མེད་པར་བྱེད་པ་ནི། །བཙལ་ཞིང་བསྒྲུབས་ནས་རང་སེམས་ལྷར་བཅོས་པས། །དེས་ཀྱང་རང་སེམས་བྱ་མེད་མཐོང་བ་མིན། །རང་གི་ཆོས་ཉིད་བྱང་ཆུབ་སེམས་ལ་ནི། །ཀུན་བྱེད་རྒྱལ་པོ་སྟོན་པའི་སྟོན་པས་ཀྱང་། །རང་སེམས་ཡེ་ནས་ཆོས་ཉིད་གྲོལ་བ་ལ། །སྟོན་པ་གསུམ་ལ་བསྒོམ་པའི་ལུང་མ་བསྟན། །སྒོམ་སྒྲུབ་བཙལ་ན་རང་སེམས་སྤངས་པ་ཡིན། །ཞེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་མི་བྱེད། །བླང་དང་དོར་མེད་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གིས་གནས། །སེམས་ནི་ཇི་བཞིན་པ་ཡི་ངོ་བོ་དེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །རང་ཉིད་ཡིན་གྱིས་གཞན་དུ་མ་ཚོལ་ཅིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ང་ནི་བྱེད་མི་བདོག །སྔར་གྲུབ་ཟིན་པས་ད་གྲུབ་མི་བྱེད་པར། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་


DNG005_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཞོག །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་བསྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་གྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱིས་བྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་གྲུབ་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྒོམ་དུ་མེད་པའི་མདོ་ལུང་གི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་འཁོར་གྱི་སྟོན་པའི་བསྟན་པ་གོལ་ས་དང་སྒྲིབ་པར་གྱུར་པ་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འཁོར་གྱི་སྟོན་པ་རྣམ་གསུམ་གྱི། །བསྟན་པ་གསུམ་ནི་གོལ་སྒྲིབ་སྟེ། །དེ་ཡང་ཇི་ལྟ་བུ་ཞེ་ན། །ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །དེ་ཡང་ཇི་ལྟ་བུ་ཞེ་ན། །བྱང་ཆུབ་སེམས་དཔའི་མདོ་སྡེ་ནི། །ཀུན་དུ་འོད་ཀྱི་ས་འདོད་པ། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །ཆོས་ཉིད་སྟོང་པ་ནམ་མཁར་འདོད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་འདས་ལ་མདོ་སྡེས་བསྒྲིབས། །རྫོགས་ཆེན་རྟོག་དང་དཔྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲི་ཡ་རྡོ་རྗེ་འཛིན་འདོད་པ། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་འཛིན་དག་པའི་ཡུལ་ལ་གནས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་ལ་ཀྲི་ཡས་བསྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པ། །ཀྲི་ཡ་དག་ཏུ་གོལ་བར་བཤད། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲི་ཡ་སྤྱོད་ཅིང་ཡོ་ག་སྒྲུབ། །ལྟ་སྤྱོད་འདྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་མ་རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །


DNG005_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་བྱང་ཆུབ་སེམས། །གཉིས་སུ་མེད་ལ་ཨུ་པས་བསྒྲིབས། །རྫོགས་ཆེན་གཉིས་སུ་འབྱེད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །ཡོ་ག་སྟུག་པོ་བཀོད་འདོད་པ། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་དེ། །བླང་དོར་མེད་ལ་འཇུག་མི་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་བསྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་བར་བཤད། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞི་སྒྲུབ་པར་བྱེད། །ཨ་ཏི་ཡོ་ག་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གྲོལ་བར་བཤད། །ཨ་ནུ་དབྱེ་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ལྟ་སྤྱོད་གཉིས་ཀྱི་གོལ་སྒྲིབ་བསྟན། །ཀྱེ་སེམས་དཔའ་ཆེན་པོ། རྫོགས་པ་ཆེན་པོའི་ལྟ་སྤྱོད་ནི། །རྒྱུ་འབྲས་སྒྲུབ་དང་མི་འདྲ་སྟེ། །ལྟ་སྤྱོད་བྱང་ཆུབ་སེམས་དེ་ནི། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྟོག་དཔྱོད་འདས། །གང་ཞིག་རྟོག་དཔྱོད་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་བཞིན་དུ་འགྲུབ། །རྟོག་དཔྱོད་གཉིས་བྱུང་གོལ་སྒྲིབ་པོ། །ལྟ་སྤྱོད་ནམ་མཁའི་རང་བཞིན་ལ། །གང་ཞིག་གཟུང་དང་འཛིན་བྱེད་པས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །གཟུང་འཛིན་གཉིས་བྱུང་གོལ་སྒྲིབ་པོ། །ལྟ་སྤྱོད་རྣམ་པ་གཉིས་བྱུང་ནས། །ནམ་མཁའ་གཉིས་སུ་


DNG005_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་བཞིན། །བྱང་ཆུབ་ལ་ནི་གཉིས་སུ་མེད། །གང་ཞིག་གཉིས་སུ་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །ལྟ་སྤྱོད་གཉིས་བྱུང་གོལ་སྒྲིབ་པོ། །བྱང་ཆུབ་ནམ་མཁའི་རང་བཞིན་དེ། །ནམ་མཁའ་ལ་ནི་བླང་དོར་མེད། །གང་ཞིག་བླང་དོར་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །བླང་ཞིང་དོར་བ་གོལ་སྒྲིབ་པོ། །བྱང་ཆུབ་ནམ་མཁའི་རང་བཞིན་དེ། །ནམ་མཁའ་ལ་ནི་རྩོལ་སྒྲུབ་མེད། །གང་ཞིག་རྩོལ་སྒྲུབ་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །རྩོལ་ཞིང་སྒྲུབ་པ་གོལ་སྒྲིབ་པོ། །བྱང་ཆུབ་ནམ་མཁའི་རང་བཞིན་དེ། །ནམ་མཁའ་ལ་ནི་རྒྱུ་འབྲས་མེད། །གང་ཞིག་རྒྱུ་འབྲས་གཉིས་ལྟ་བས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །རྒྱུ་འབྲས་ལྟ་བ་གོལ་སྒྲིབ་པོ། །ཀྱེ་སེམས་དཔའ་ཆེན་པོ། ཆོས་ཀུན་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རང་བཞིན་མེད། །ནམ་མཁའ་ལ་ནི་དཔེ་ཡང་མེད། །ནམ་མཁའ་ལ་ནི་ཚད་ཀྱང་མེད། །ཆོས་རྣམས་ཐམས་ཅད་མ་ལུས་པའི། །དོན་ནི་འདི་ལྟར་ཤེས་པར་བྱ། །ཀྱེ་སེམས་དཔའ་ཆེན་པོ་འདི་རྟོགས་ཤིག །ཐེག་པ་རེ་ལ་ལྟ་བ་རེ། །ལྟ་བའི་ཡུལ་ནི་གཞན་མེད་དེ། །ཆོས་ཉིད་བྱང་ཆུབ་སེམས་འདི་ལ། །གཞན་དུ་ལྟ་བའི་ཡུལ་མེད་པས། །ལྟ་བ་ཞེས་ལྟ་ནོར་བར་བཤད། །ཐེག་པ་རེ་ལ་དམ་ཚིག་རེ། །བྱང་ཆུབ་ལམ་གྱི་སྐྱེལ་མ་བྱེད། །བྱང་ཆུབ་གཟུང་འཛིན་མེད་པའི་ཕྱིར། །གཞན་དུ་བསྲུང་དུ་མེད་པའི་ཕྱིར། །དམ་ཚིག་ལ་ཡང་བསྲུང་དུ་མེད། །ཐེག་པ་རེ་ལ་ཕྲིན་ལས་རེ། །བྱང་ཆུབ་ལམ་གྱི་སྟོང་གྲོགས་བྱེད། །བྱང་ཆུབ་ལྷུན་གྱིས་གྲུབ་པའི་ཕྱིར། །ཕྲིན་ལས་བཙལ་དུ་མེད་པ་ཡིན། །ལས་ཀྱིས་ལྷུན་གྱིས་གྲུབ་འགྱུར་མེད། །ཐེག་པ་རེ་ལ་གནས་ས་རེ། །བྱང་ཆུབ་ལམ་གྱི་གཞི་རྟེན་བྱེད། །རྫོགས་ཆེན་བྱང་ཆུབ་སེམས་ས་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །སྐུ་གསུམ་སྟོན་པ་


DNG005_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་དང་། །ཁམས་གསུམ་སེམས་ཅན་མ་ལུས་དང་། །སྣང་སྲིད་སྣོད་བཅུད་གནས་པའི་ཕྱིར། །ས་ལ་སྦྱངས་ཤིང་བགྲོད་དུ་མེད། །ཐེག་པ་རེ་ལ་ཆོས་ཉིད་རེ། །རྫོགས་ཆེན་ཆོས་ཉིད་བྱང་ཆུབ་སེམས། །སེམས་ལས་མ་གཏོགས་ཆོས་མེད་པས། །ཐེག་པའི་ཆོས་ཀུན་བྱང་ཆུབ་སེམས། །རྫོགས་ཆེན་རང་འབྱུང་ཡེ་ཤེས་ནི། །ཡུལ་ལ་རྟོག་པར་མི་བྱེད་དེ། །མི་རྟོག་མི་བསྐྱོད་ཡེ་ཤེས་སོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྟ་སྤྱོད་ཀྱི་གོལ་སྒྲིབ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་ཐམས་ཅད་ལ་གོལ་ས་དང་སྒྲིབ་པ་མེད་པ་རྒྱལ་བའི་སྙིང་པོ་ཡིན་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་ཀུན་གྱི་བྱང་ཆུབ་སེམས། །དེས་ན་ཀུན་གྱི་སྙིང་པོར་བཤད། །སྐུ་གསུམ་སྟོན་པ་རྣམ་གསུམ་དང་། །དུས་གསུམ་སངས་རྒྱས་བཞུགས་པ་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་དང་། །སྣང་སྲིད་སྣོད་བཅུད་ཐམས་ཅད་ལ། །འབྱུང་བའི་སྙིང་པོ་ང་ལས་མེད། །དེ་ཡང་ཇི་ལྟ་བུ་ཞེ་ན། །མི་རྟོག་མཉམ་པ་དེ་ཉིད་ལས། །སྐྱེ་བ་མེད་པའི་ཆོས་སྐུ་བྱུང་། །རང་གི་ངོ་བོ་དེ་ཉིད་ལས། །འདོད་པ་ལོངས་སྤྱོད་རྫོགས་སྐུ་བྱུང་། །ཐུགས་རྗེ་བྱང་ཆུབ་ཆེན་པོ་ལས། །སྤྲུལ་པས་འགྲོ་བའི་དོན་མཛད་བྱུང་། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །སྔར་འདས་པ་ཡི་སངས་རྒྱས་ཀྱིས། །རང་འབྱུང་ཡེ་ཤེས་སེམས་ཉིད་དེ། །མི་རྟོག་རྟོགས་ནས་སྔར་སངས་རྒྱས། །ད་ལྟར་མི་རྟོག་ངང་ལ་བཞུགས། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །རང་འབྱུང་ཡེ་ཤེས་སེམས་ཉིད་དེ། །མི་རྟོག་པས་ནི་འགྲོ་དོན་མཛད། །སླད་ནས་བྱོན་པའི་སངས་རྒྱས་རྣམས། །བྱང་ཆུབ་རང་འབྱུང་ཡེ་ཤེས་དེ། །མི་རྟོག་པ་ཡི་ལུང་བསྟན་ནས། །འགྲོ་བའི་དོན་ལ་འབྱུང་བར་ངེས། །རིག་འཛིན་དང་ནི་


DNG005_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ས་པ་རྣམས། །རང་འབྱུང་བྱང་ཆུབ་སེམས་དེ་ནི། །བལྟས་པས་མཐོང་བ་མ་ཡིན་ན། །རང་སེམས་སྙིང་པོ་དེ་རུ་ཕྲད། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །རང་འབྱུང་ཡེ་ཤེས་བཀག་མེད་པས། །དབང་པོ་ཡུལ་ལ་རིག་གསལ་བ། །མ་བཅོས་པ་ཡི་བྱང་ཆུབ་སེམས། །དེ་ཉིད་སྙིང་པོ་ཡང་དག་བཤད། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱང་། །ང་ཡིས་མ་བསྐྱེད་གཅིག་ཀྱང་མེད། །ཀུན་རྒྱུ་ང་ལས་མ་བྱུང་མེད། །དེས་ན་ཀུན་གྱི་སྙིང་པོར་བཤད། །ང་ནི་ཀུན་ལས་རྒྱལ་བ་སྟེ། །སྐུ་གསུམ་ལས་ཀྱང་ང་རྒྱལ་ལ། །སངས་རྒྱས་གསུམ་ལས་ང་རྒྱལ་ལོ། །རིག་འཛིན་བྱང་ཆུབ་སེམས་དཔའ་དང་། །ཁམས་གསུམ་གནས་པའི་སེམས་ཅན་དང་། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །བྱེད་པ་ང་ཡིན་ཀུན་ལས་རྒྱལ། །ཀུན་བྱེད་བྱང་ཆུབ་སེམས་ང་ཡིས། །བསྟན་པ་ཀུན་གྱི་སྔོན་རོལ་དུ། །བྱང་ཆུབ་སེམས་ཀྱི་བསྟན་པ་བཀོད། །བྱང་ཆུབ་སེམས་ཀྱི་བསྟན་པ་འདི། །ཀུན་གྱིས་དགོད་པར་མི་ནུས་ཏེ། །དེ་ཡང་ཇི་ལྟར་དགོད་ཅེ་ན། །ཆོས་ལ་བྱ་རུ་མེད་པའི་ཕྱིར། །བཙལ་བ་མེད་པའི་སྒོ་ནས་འཇུག །བྱང་ཆུབ་སེམས་ལས་མེད་པའི་ཕྱིར། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །སེམས་ཀྱིས་བསྒོམ་དུ་མེད་པའི་ཕྱིར། །ལྟ་བ་བསྒོམ་དུ་མེད་པ་བཀོད། །གཟུང་འཛིན་འདས་པའི་ཆོས་ཉིད་ལ། །དམ་ཚིག་བསྲུང་དུ་མེད་པ་དགོད། །ཡེ་ནས་ལྷུན་གྱིས་གྲུབ་པས་ན། །ཕྲིན་ལས་བཙལ་དུ་མེད་པ་བཀོད། །བྱང་ཆུབ་སེམས་ལ་ཀུན་གནས་པས། །ས་ལ་སྦྱང་དུ་མེད་པ་བཀོད། །བྱང་ཆུབ་སེམས་ནི་བགྲོད་པའི་གནས། །སེམས་ཀྱི་ས་ལ་བགྲོད་མེད་པས། །ལམ་ལ་བགྲོད་དུ་མེད་པར་བསྟན། །ཆོས་ཉིད་བྱང་ཆུབ་སེམས་ཡིན་པས། །ཆོས་ཉིད་གཞན་དུ་ལྟ་མི་བྱེད། །ཡེ་ཤེས་རང་འབྱུང་ཡེ་ཤེས་ཏེ། །ཡུལ་ལ་རྟོག་པའི་ཡེ་ཤེས་མིན། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །ལྟ་སྤྱོད་ཀུན་ལས་


DNG005_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་དང་། །བྱེད་པའི་སྙིང་པོ་ཡིན་པའི་ཕྱིར། །རྒྱལ་བའི་སྙིང་པོ་ཞེས་སུ་བཤད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྒྱལ་བའི་སྙིང་པོའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་རང་བཞིན་བསྟན་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བདག་གི་བསྟན་པ་འདི་བཀོད་པས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རིག་འཛིན་བྱང་ཆུབ་སེམས་དཔའ་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རྩོལ་དང་སྒྲུབ་པ་མ་བྱས་པར། །ཡེ་ནས་སངས་རྒྱས་ལུང་བསྟན་པས། །འཁོར་གྱི་སྟོན་པ་རྣམ་གསུམ་གྱི། །རྩོལ་སྒྲུབ་བྱེད་པའི་བརྟན་པ་གསུམ། །གོལ་ས་སྒྲིབ་པས་ཞིག་པར་འགྱུར། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་སླར་ཞུས་པ། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཁྱོད་ཀྱི་བསྟན་པ་བྱང་ཆུབ་སེམས། །བྱང་ཆུབ་སེམས་འདི་སངས་རྒྱས་ན། །ཁམས་གསུམ་སེམས་ཅན་སངས་རྒྱས་སམ། །ཁམས་གསུམ་སེམས་ཅན་སངས་རྒྱས་ན། །ཁམས་གསུམ་གནས་སུ་ཅི་སྟེ་འཁོར། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སླར་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་འདི་ཉོན་ཅིག །བྱང་ཆུབ་སེམས་ལས་བྱུང་བ་ཡི། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཆོས་ཉིད་མངོན་དུ་བྱུང་བ་སྟེ། །དེ་བཞིན་ཉིད་དུ་གཅིག་པ་ཡི། །ཆོས་ཉིད་ཡུལ་ནི་ལྔ་སྣང་ལ། །འདོད་མི་འདོད་ནི་ལྔ་ལྔ་ལས། །ཉོན་མོངས་སྡུག་བསྔལ་སྐྱེ་ཟེར་ནས། །ཆོས་ཉིད་ཡུལ་ལྔ་སྤོང་བྱེད་པ། །རང་འབྱུང་ཡེ་ཤེས་སྣང་བ་དེ། །བསྐལ་པ་གསུམ་དུ་མི་སྤོང་བས། །ཁམས་གསུམ་གནས་སུ་འཁོར་བ་ཡིན། །དེ་བཞིན་ཉིད་དུ་གཅིག་པ་ཡི། །ཆོས་ཉིད་ཡུལ་ནི་ལྔ་སྣང་ལ། །འདོད་དང་མི་འདོད་ལྔ་སྣང་ལ། །འཁོར་བའི་རྒྱུ་ནི་ཡིན་ཟེར་


DNG005_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཆོས་ཉིད་ལྔ་པོ་འགེགས་པར་བྱེད། །རང་འབྱུང་ཡེ་ཤེས་སྣང་བ་དེ། །བསྐལ་པ་དུ་མར་མི་ཁེགས་པས། །ཁམས་གསུམ་གནས་སུ་འཁོར་བ་ཡིན། །དེ་བཞིན་ཉིད་དུ་གཅིག་པ་ཡི། །ཆོས་ཉིད་ཡུལ་ནི་ལྔ་སྣང་ལ། །འདོད་དང་མི་འདོད་ལྔ་ཡུལ་བྱུང་། །ཆགས་པའི་གནས་ནི་ཡིན་ཟེར་ནས། །ཆོས་ཉིད་ལྔ་པོ་སྦྱོང་བར་བྱེད། །རང་འབྱུང་ཡེ་ཤེས་སྣང་བ་དེ། །བསྐལ་པ་ཡུན་དུ་མི་སྤྱོད་པས། །ཁམས་གསུམ་གནས་སུ་འཁོར་བ་ཡིན། །ཆོས་ཉིད་མངོན་དུ་བྱུང་བ་ཡི། །དེ་བཞིན་ཉིད་དུ་གཅིག་པ་ཡི། །ཆོས་ཉིད་ཡུལ་ནི་ལྔ་སྣང་ལ། །འདོད་དང་མི་འདོད་ལྔ་བྱུང་བས། །བྱིན་བརླབས་གནས་ནི་ཡིན་ཟེར་ནས། །ཕྱི་ནང་དག་པར་བྱིན་གྱིས་རློབ། །ཆོས་ཉིད་ལྔ་པོ་དག་པར་བྱེད། །རང་འབྱུང་ཡེ་ཤེས་སྣང་བ་དེ། །མི་ཚེ་བདུན་དུ་བྱིན་མི་རློབ། །ཁམས་གསུམ་གནས་སུ་འཁོར་བ་ཡིན། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །ཆོས་ཉིད་མངོན་དུ་ཕྱུང་བ་ཡི། །དེ་བཞིན་ཉིད་དུ་གཅིག་པ་ལས། །ཆོས་ཉིད་ཡུལ་ནི་ལྔ་སྣང་ལས། །འདོད་དང་མི་འདོད་ལྔ་འབྱུང་སྟེ། །མཐོ་རིས་ངན་སོང་རྒྱུ་ཟེར་ནས། །དེ་བཞིན་ཉིད་ལ་བླང་དོར་བྱེད། །རང་འབྱུང་ཡེ་ཤེས་སྣང་བ་དེ། །རང་གི་རྐྱེན་གྱིས་དོར་མི་བཏུབ། །མི་བཏུབ་དོར་བར་བྱེད་པས་འཁོར། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །མངོན་དུ་ཕྱུང་བའི་ཆོས་ཉིད་དེ། །དེ་བཞིན་ཉིད་དུ་གཅིག་པ་ལས། །ཆོས་ཉིད་ཡུལ་ནི་ལྔ་སྣང་སྟེ། །འདོད་དང་མི་འདོད་ཡུལ་ལྔ་སྟེ། །སྐུ་གསུང་ཐུགས་སུ་ཤེས་བྱས་ནས། །སྐུ་གསུང་ཐུགས་སུ་གདོད་སྒྲུབ་བྱེད། །ཡེ་ནས་ཡིན་ལ་སྒྲུབ་བྱེད་པས། །སྒྲུབ་པ་ཉིད་ཀྱིས་འཁོར་བ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་དེ་བས་ན། །བྱང་ཆུབ་སེམས་སྤངས་ཕ་རོལ་ན། །རང་འབྱུང་ཡེ་ཤེས་ཡེ་ནས་མེད། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱ་ངན་འདས་ཞེས་བྱ་བ་མེད། །ཆོས་ཅན་སྤངས་པའི་ཕ་རོལ་ན། །ཆོས་ཉིད་བྱ་བ་ཡེ་ནས་མེད། །ཐམས་ཅད་དེ་


DNG005_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་དུ་གཅིག །དེ་བཞིན་ཉིད་དུ་གཅིག་པ་ལ། །དེ་བཞིན་ཉིད་ལ་བཅོས་པས་ནོར། །དེ་ནི་མ་ནོར་བ་ཡི་མིང་། །བཞིན་ནི་བཅོས་སུ་མེད་པའི་དོན། །ཉིད་ནི་རང་གི་མཚན་ཉིད་བསྟན། །དེ་བཞིན་ཉིད་ལ་འཆོས་མ་བྱེད། །དེ་བཞིན་ཉིད་ལ་འཆོས་བྱེད་པ། །བྱང་ཆུབ་སེམས་ལ་སུ་འཆོས་པ། །དེས་ནི་འཁོར་བའི་སྙིང་པོ་བསྒྲུབ། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་རང་བཞིན་ང་ཡིན་པ་འདི་བསྟན་ཏོ། །ཀྱེ་སེམས་དཔའ་དམ་པ་རྡོ་རྗེ་ཁྱོད། །ང་ཡི་རང་བཞིན་འདི་ལྟར་ཤེས་པར་གྱིས། །ང་ནི་སྟོན་པའི་སྒྲོན་མ་བྱང་ཆུབ་སེམས། །དུས་གསུམ་སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །ཁམས་གསུམ་སེམས་ཅན་ཀུན་གྱི་ཕ་དང་མ། །སྣང་སྲིད་སྣོད་བཅུད་ཀུན་གྱི་རྒྱུ་ཡང་ཡིན། །ང་ལས་མ་བྱུང་བ་ནི་གཅིག་ཀྱང་མེད། །ང་ནི་མི་གནས་ཀུན་དུ་ཁྱབ་པའི་ཕྱིར། །ང་ནི་ཡེ་ནས་དུས་གསུམ་སངས་རྒྱས་ཡིན། །ང་ནི་མི་རྟོག་མཉམ་པར་གནས་པའི་ཕྱིར། །རྟོག་མེད་མཉམ་ཉིད་ཆོས་སྐུ་ཡེ་སངས་རྒྱས། །ང་ཡི་ངོ་བོ་ཀུན་དུ་ལོངས་སྤྱོད་ཕྱིར། །ང་ཉིད་ལོངས་སྤྱོད་རྫོགས་སྐུར་ཡེ་སངས་རྒྱས། །ང་ཉིད་རང་འབྱུང་ཡེ་ཤེས་སྣང་བའི་ཕྱིར། །ང་ཉིད་ཐུགས་རྗེ་སྤྲུལ་སྐུར་མངོན་སངས་རྒྱས། །དེས་ན་དུས་གསུམ་སངས་རྒྱས་ཀུན་གྱི་སྙིང་པོར་བཤད། །ང་ཡི་ཡེ་ཤེས་བྱང་ཆུབ་སེམས་སྣང་བ། །རང་འབྱུང་ཡེ་ཤེས་ལྔ་པོ་རྒྱུད་དྲུག་སེམས། །དེས་ན་ཁམས་གསུམ་སེམས་ཅན་ཕ་དང་མ། །སྣང་སྲིད་སྣོད་བཅུད་ཀུན་གྱི་ངོ་བོ་ཡང་། །ང་ཡི་ངོ་བོར་བྱུང་བ་སྣང་བ་ས། །ང་ཉིད་ཡེ་ནས་སྣང་བ་སངས་རྒྱས་ཡིན། །ང་ལ་གཉིས་མེད་གཅིག་ཏུ་འདུས་པ་ཆུ། །སྡུད་པར་བྱེད་པས་སེམས་ཉིད་ཆུ་ཡིན་ནོ། །ང་ནི་ཐམས་ཅད་མཉམ་པ་དྲོད་སྙོམས་མེ། །ཀུན་ལ་མཉམ་པར་གནས་པས་མེ་སངས་རྒྱས། །ང་ནི་ཐོགས་མེད་


DNG005_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཞིང་གཡོ་བ་ཡིན། །ཐོགས་མེད་གཡོ་བས་རླུང་དུ་མངོན་སངས་རྒྱས། །ང་ནི་མ་བསྒྲིབས་ཀུན་ཁྱབ་གསལ་བའི་ཕྱིར། །ནམ་མཁའ་ཞེས་ནི་མིང་བཏགས་སངས་རྒྱས་ཡིན། །ང་ལས་མ་བྱས་པ་ཡི་སངས་རྒྱས་ནི། །འབྱུང་ཆེན་སྲིད་པས་བསྡུས་པའི་ཆོས་ལ་མེད། །འབྱུང་ལྔ་ང་ཡི་རང་བཞིན་བསྟན་པ་ནི། །གཅིག་ལ་ཉི་ཤུ་རྩ་ལྔའི་རང་བཞིན་ཚང་། །སྣང་བ་ས་ལ་སྡུད་པ་ཆུ་ཡིན་ཏེ། །མཉམ་པ་མེ་ལ་གཡོ་བ་རླུང་དུ་གསལ། །མ་བསྒྲིབས་གསལ་བས་ནམ་མཁའི་རང་བཞིན་ཏེ། །གཅིག་ལ་ཉི་ཤུ་རྩ་ལྔ་ཚང་བ་ནི། །བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་བསྟན། །ཆོས་ལ་གཉིས་མེད་བྱང་ཆུབ་སེམས་སུ་གཅིག །གཅིག་གིས་ཀུན་བྱས་ཀུན་བྱེད་རྒྱལ་པོས་བྱས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ངོ་བོ་གཅིག་པའི་ལེའུ་སྟེ་བཞི་བཅུ་ཞེ་གཅིག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཁོ་ནར་སངས་རྒྱས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀྱེ་ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་པ་མེད། །དེས་ན་སངས་རྒྱས་སེམས་ལས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་ལོངས་སྤྱོད་སྐུ། །སེམས་ལས་བྱུང་བའི་གཟུགས་རྣམས་ལས། །ལོངས་སྤྱོད་རྫོགས་ལས་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལས། །འགྲོ་བའི་དོན་མཛད་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དེ། །སྔ་རབས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་སེམས་དེས། །མ་བཅོས་ཇི་བཞིན་རྟོགས་གྱུར་ནས། །ད་ལྟར་འགྲོ་བའི་དོན་ཡང་མཛད། །སླད་ནས་བྱོན་པའི་སངས་


DNG005_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས། །རང་འབྱུང་སེམས་ཉིད་འདི་ལ་ནི། །སྔ་བར་འཆོས་པར་ལུང་མ་བསྟན། །ད་ལྟར་ཏིང་འཛིན་སེམས་མི་འཆོས། །མ་བཅོས་ལམ་དུ་ཞུགས་ནས་བྱོན། །ཇི་ལྟར་སྣང་བའི་ཆོས་རྣམས་ལ། །བྱང་ཆུབ་སེམས་སུ་མ་རྟོགས་ཏེ། །བཅོས་ཤིང་བསྒྲུབས་པས་འགྲུབ་མི་འགྱུར། །མ་རྟོགས་བཅོས་པས་གྲུབ་པར་བྱེད། །བསྐལ་པ་དུ་མའི་གྲངས་བགྲངས་ཀྱང་། །མི་རྩོལ་བདེ་བ་ཕྲད་མི་འགྱུར། །ཀྱེ་སྐུ་གསུམ་སེམས་ལས་མ་བཅོས་ཕྱིར། །སྐུ་གསུམ་སྟོན་པའི་མདོ་ལུང་ལས། །འཆོས་པར་བྱེད་པའི་དོན་འབྱུང་བ། །དེ་ནི་སྟོན་པ་སྐུ་གསུམ་ཡང་། །ཉིད་ཀྱི་སྟོན་པ་རང་བཞིན་སྟོན་པ་མིན། །དེ་བཞིན་འཆོས་པར་བྱེད་པ་ཡི། །སྟོན་པས་བདེན་ཚུལ་ཇི་བསྟན་ཡང་། །ངེས་ལུང་མ་ཡིན་དྲང་ལུང་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བཅོས་སུ་མེད་པའི་ལེའུ་སྟེ་ཞེ་གཉིས་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་སྟོན་པ་ཉིད་ཡིན་པར་ཞལ་གྱིས་བཞེས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་ཆོས་རྣམས་ཀུན་གྱི་སྟོན་པ་སྟེ། །ང་ཡི་རང་བཞིན་རྣམ་པ་གསུམ་ལས་ནི། །སྟོན་པ་ཡང་ནི་རྣམ་པ་གསུམ་དུ་བསྟན། །བསྟན་པ་ཡང་ནི་རྣམ་གསུམ་ང་ཡིས་བསྟན། །དེ་འཛིན་འཁོར་ཚོགས་གསུམ་ཡང་ང་ཡིས་བསྟན། །སྟོན་པ་གསུམ་ཡང་གང་དང་གང་ཞེ་ན། །ཆོས་ཀྱི་རང་བཞིན་སྟོན་པའི་སྟོན་པ་དང་། །ཆོས་ཀྱི་ངོ་བོ་སྟོན་པའི་སྟོན་པ་དང་། །དོན་གྱི་སྒྲ་ཚིག་སྟོན་པའི་སྟོན་པའོ། །ཆོས་ཀྱི་རང་བཞིན་སྟོན་པའི་སྟོན་པ་ནི། །སྐྱེ་བ་མེད་ལས་བྱིན་གྱིས་བརླབས་ཕྱུང་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཆོས་ཀྱི་དེ་བཞིན་ཉིད་དུ་སྟོན་པར་བྱེད། །ཆོས་ཀྱི་ངོ་བོ་སྟོན་པའི་སྟོན་པ་ནི། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སྟོན་པ་ཉིད་ཀྱི་སྐུ་རུ་ཕྱུང་ནས་ནི། །ཆོས་ཀྱི་ངོ་བོར་དེ་ལས་མེད་པར་སྟོན། །ཆོས་ཀྱི་སྒྲ་ཚིག་སྟོན་པའི་སྟོན་པས་ནི། །


DNG005_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཀུན་གྱི་དོན་ནི་སྒྲ་བསྡུས་ནས། །མ་རིག་མི་ཤེས་ཁམས་གསུམ་སེམས་ཅན་ལ། །དོན་དེ་སྒྲ་དང་ཚིག་གིས་བསྡེབས་ནས་སྟོན། །དེས་ན་སྟོན་པའི་རང་བཞིན་བསྟན་པར་བཤད། །དེ་འཛིན་འཁོར་ནི་རྣམ་པ་གསུམ་བསྟན་ཏེ། །ཤིན་ཏུ་རྣལ་འབྱོར་རྩོལ་སྒྲུབ་འདས་པའི་འཁོར། །སྒོར་ཞུགས་ཡིད་ཆེས་སངས་རྒྱས་ས་ལ་གནས། །རིག་འཛིན་ས་དང་དང་པོ་བཅུ་པའི་འཁོར། །མ་ཐོབ་ཉེ་རེག་བསྒོམ་པའི་ས་ལ་གནས། །སེམས་བསྐྱེད་མོས་པ་སྤྱོད་པའི་འཁོར་རྣམས་ནི། །རྒྱུ་དགེ་འབྲས་བུ་དུག་འཇོམས་ས་ལ་གནས། །དེ་ནི་སྟོན་པ་གསུམ་གྱི་འཁོར་དུ་བསྟན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །སྟོན་པ་གསུམ་དང་འཁོར་ཚོགས་དེ་ལྟར་ན། །བསྟན་པ་རྣམ་གསུམ་ཇི་ལྟར་བསྟན་པར་བགྱི། །ཞེས་ཞུས་པས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཀྱི་སྐུ་ཡི་བསྟན་པ་དེ་བཞིན་ཉིད་བསྟན་ཏེ། །དེ་བཞིན་ཉིད་ལ་རྣམ་པ་དབྱེ་རུ་མེད། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སེམས་ཀྱི་ངོ་བོ་ཡིན་པས་དེ་བཞིན་ཉིད། །དེ་ལ་གང་སུ་སྒོམ་ཞིང་འཆོས་བྱེད་པ། །དེ་ཡིས་ཆོས་སྐུ་བསྟན་པ་རྟོགས་པ་མེད། །སྣང་བ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །མ་ནོར་དེ་བཞིན་ཉིད་དུ་མ་རྟོགས་ཏེ། །དེ་ལ་གང་སུ་འཆོས་ཤིང་སྒོམ་བྱེད་པ། །དེ་ཡིས་རང་སེམས་བཅོས་མེད་དེ་མི་རིག །སྣང་སྲིད་ཆོས་མེད་བྱང་ཆུབ་སེམས། །སེམས་ཀྱི་དེ་བཞིན་ཉིད་འབྱུང་དེ་བཞིན་ཉིད། །དེ་བཞིན་ཉིད་དུ་མ་རྟོགས་སོ་སོར་མཐོང་། །དེ་བཞིན་ཉིད་ནི་དབྱིངས་ནས་ཚོལ་བྱེད་པ། །དུས་གསུམ་རྒྱལ་བས་བཙལ་ཡང་མི་བརྙེས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལོངས་སྤྱོད་རྫོགས་པ་བསྟན་པ་ལོངས་སྤྱོད་དེ། །ལོངས་སྤྱོད་ལྔ་ནི་ཆོས་ཉིད་ལོངས་སྤྱོད་གཅིག །གཟུགས་ལ་སོགས་པའི་ལོངས་སྤྱོད་ལྔ་ལ་ནི། །གཅིག་ལའང་ལྔ་ལྔ་ཉི་ཤུ་རྩ་ལྔ་སྤྱོད། །རྩ་ལྔ་ལོངས་སྤྱོད་དེ་ནི་སྐུ་ལྔའི་ཚུལ། །ཚུལ་ནི་ཆོས་


DNG005_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོན་གྱི་ངོ་བོ་ཉིད་དུ་བཤད། །སངས་རྒྱས་སེམས་ཅན་ཀུན་གྱི་ལོངས་སྤྱོད་དུ། །ལོངས་སྐུ་ང་ཡི་གཟུགས་ལ་སྤྱད་དུ་མེད། །རིག་འཛིན་ས་བཅུ་རྣམས་ལ་ང་ཡིས་བསྟན། །ཞེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྤྲུལ་སྐུ་བསྟན་པ་ཐུགས་རྗེས་དོན་འཚམ་སྟེ། །ཁམས་གསུམ་སེམས་ཅན་བསམ་པ་ཐ་དད་ལ། །སྐུ་དང་གསུང་དང་ཐུགས་ནི་རྣམ་གསུམ་གྱིས། །བསམ་པ་ཐ་དད་སྐུ་གསུང་ཐུགས་རྗེས་བཟློག །དབང་པོ་ཡུལ་ལ་ཞེན་པ་དེ་བཟློག་ནས། །དབེན་པའི་ཡུལ་ནི་གང་འཐད་དེ་བསྟན་ནས། །དེས་ནི་ང་ཡི་ཐུགས་རྗེ་འདྲེན་ལུང་བྱེད། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་ཆོས་རྣམས་ཀུན་གྱི་སྟོན་ཡིན་ཕྱིར། །སངས་རྒྱས་ལ་ཡང་ང་ཡི་རང་བཞིན་བསྟན། །སེམས་ཅན་ལ་ཡང་ང་ཡི་རང་བཞིན་བསྟན། །རང་བཞིན་བསྟན་པས་སྟོན་པར་ཞལ་གྱིས་བཞེས། །ང་ཡི་རང་བཞིན་འདི་ལྟར་རིག་པར་གྱིས། །སྟོན་པ་དང་ནི་བསྟན་པ་འཁོར་རྣམས་ནི། །ང་ཡི་རང་བཞིན་གསུམ་ལས་གཞན་མེད་དེ། །སྟོན་པ་རང་འབྱུང་ཡེ་ཤེས་འགག་མེད་ཡིན། །བསྟན་པ་ང་ཡི་རང་བཞིན་མ་བཅོས་ཡིན། །དེ་འཛིན་འཁོར་ནི་ང་ཡི་ངོ་བོས་འཛིན། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྟོན་པར་ཞལ་གྱིས་བཞེས་པའི་ལེའུ་སྟེ་ཞེ་གསུམ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ལ་བྱ་བ་མེད་པའི་དོན་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། བྱ་བ་མེད་པའི་དོན་འདི་ནི། །ཀུན་བྱེད་ང་ཡི་རང་བཞིན་ཏེ། །ང་ལ་བྱ་བ་མེད་པ་ནི། །ང་ནི་ཡེ་ནས་བྱས་ཟིན་པས། །བྱ་བ་མེད་པའི་ཆོས་ཉིད་ཡིན། །ཆོས་ཉིད་ང་ཡི་རང་བཞིན་ལས། །རང་བཞིན་དེ་ལ་བྱ་རུ་མེད། །རང་བཞིན་རང་བཞིན་བྱ་བ་དེ། །བཅོས་སུ་མེད་པའི་རང་བཞིན་ཡིན། །བཅོས་མེད་བྱང་ཆུབ་དེ་ལ་ནི། །སེམས་དཔའ་རྡོ་རྗེ་ཁྱོད་མ་འཆོས། །སེམས་དཔའ་རྡོ་རྗེས་དེ་འཆོས་ན། །ཀུན་བྱེད་


DNG005_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་བཅོས་པ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཀུན་བྱེད་ང་ཡི་རང་བཞིན་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །ང་ཡི་རང་བཞིན་འགྱུར་མེད་ལ། །བསྒོམས་ན་འཆོས་ཤིང་བསྒྱུར་བ་ཡིན། །ང་ནི་ཡེ་ནས་ལྷུན་གྲུབ་ལ། །བསྒྲུབས་ན་ང་ལ་བཅོས་པ་ཡིན། །ང་ལ་བགྲོད་པས་ཕྱིན་པ་མེད། །ང་ལ་བཙལ་བས་གྲུབ་པ་མེད། །ང་ལ་སྦྱངས་པས་བྱང་བ་མེད། །ང་ལ་མ་ལྟ་ཡུལ་མེད་ཀྱིས། །ང་ལ་མ་བགྲོད་ལམ་མེད་ཀྱིས། །ང་ལ་མ་སྦྱོངས་སྒྲིབ་མེད་ཀྱིས། །མི་གནས་དམིགས་པའི་ཡུལ་དང་བྲལ། །སྤྲོས་མེད་བསམ་པའི་ཡུལ་ལས་འདས། །འཛིན་པས་བརྟགས་པའི་ཆོས་རྣམས་ནི། །ང་ཡི་ངོ་བོ་བསྟན་པ་ཡིན། །དེ་ལ་སྤོང་འགེགས་སུ་བྱེད་པ། །བསྐལ་པ་གསུམ་གྱི་བར་དུ་ནི། །ཀུན་བྱེད་ང་དང་ཕྲད་མི་འགྱུར། །སྤང་བར་བྱ་བའི་ཆོས་དེ་ནི། །རང་གི་ངོ་བོ་ཡིན་པར་བཤད། །ཀྱེ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་སྟེ། །ཀུན་བྱེད་བྱང་ཆུབ་སེམས་ཀྱིས་བྱས་པ་ནི། །བྱང་ཆུབ་སེམས་ལས་གཞན་དུ་བྱས་པ་མེད། །བྱང་ཆུབ་སེམས་ནི་ཡེ་ནས་མ་ནོར་ཡིན། །ཡེ་ནས་ཡིན་པས་ཡེ་ནས་ནོར་བ་མེད། །ནོར་བ་མེད་ལ་བདེན་བརྫུན་སྒྲོས་མི་འདོགས། །རྒྱུ་བདེན་འབྲས་བུ་རྩོལ་སྒྲུབ་ཀུན་ལས་འདས། །བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། །རྩོལ་སྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །མི་གནས་མི་རྟོག་ཅིར་ཡང་དགོངས་མེད་པས། །མི་རྟོག་མཉམ་པའི་ཡུལ་ལ་རང་བཞིན་གནས། །ཡེ་ནས་བྱས་ཟིན་རྩོལ་བའི་སེམས་མི་འབྱུང་། །བདེ་ཆེན་དེ་ལ་གང་སུ་གནས་པ་ནི། །ཆོས་རྣམས་ཀུན་གྱི་སྙིང་པོར་དེ་འགྱུར་རོ། །དེ་ཡིས་བདག་གཞན་ཀུན་གྱི་དོན་མི་བྱེད། །གཅིག་འདུས་ཐམས་ཅད་འདུས་པའི་སྙིང་པོ་དེས། །མ་བལྟས་དུས་གསུམ་སངས་རྒྱས་ཐུགས་ཀྱང་གསལ། །མ་བསྒྲིབས་སེམས་ཅན་ཀུན་གྱི་སེམས་ཀྱང་སྣང་། །ཀྱེ་སེམས་


DNG005_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ཡིས་སེམས་ཅན་དོན་བྱས་ཟིན། །ང་ཡིས་དོན་བྱས་གཞན་གྱིས་བྱ་མི་དགོས། །གཞན་ལ་ལྟོས་པའི་ཆོས་ནི་ང་ལུང་མིན། །ང་ལ་ཀུན་རྫོགས་ཡེ་ནས་བྱས་ཟིན་རྫོགས། །ཡེ་ནས་བྱས་ཟིན་ལྟ་བ་བསྒོམ་མི་དགོས། །ཡེ་ནས་རྣམ་དག་དམ་ཚིག་སྲུང་མི་དགོས། །ཡེ་ནས་བྱང་ཆུབ་ས་ལ་ཀུན་གནས་པས། །རིག་འཛིན་ས་དང་ས་བཅུ་སྦྱང་མི་དགོས། །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །བཙལ་བའི་ཕྲིན་ལས་ཡེ་ནས་བྱ་མི་དགོས། །རང་འབྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རིག་པའི་ཡེ་ཤེས་ཡུལ་གྱིས་བསལ་མི་དགོས། །བདེ་ཆེན་ཆོས་སྐུ་སེམས་ཀྱིས་གཅིག་པའི་ཕྱིར། །སྔ་ཕྱི་དུས་གསུམ་མེད་དེ་ཁྱད་པར་གཅིག །ཕུན་སུམ་ཚོགས་དང་དུས་གནས་ཀུན་གཅིག་དང་། །ཐམས་ཅད་གཅིག་ཕྱིར་ང་ལ་ཀུན་རྫོགས་ཏེ། །རྫོགས་པ་ཆེན་པོ་ང་ལ་ཀུན་རྫོགས་པས། །ལྟ་སྤྱོད་ཕྲིན་ལས་དམ་ཚིག་ས་ལམ་ནི། །གོང་བཤད་བཞིན་དུ་བཙལ་ཞིང་བསྒྲུབ་མི་དགོས། །དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་འགྱུར་ན། །རྒྱུ་འབྲས་འདས་པའི་དོན་དང་འགལ་འགྱུར་ནས། །བྱ་མེད་བདེ་ཆེན་དེ་དང་མི་ཕྲད་དེ། །རྩོལ་སྒྲུབ་ནད་ཀྱིས་མ་རིག་དེ་ཟིན་འགྱུར། །དེ་བས་རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ། །སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། །རྒྱུ་དང་འབྲས་བུའི་ཆོས་ལ་སྤྱད་པར་བྱ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྫོགས་ཆེན་སྐལ་མེད་དོན་མེད་ཀྱི་ལེའུ་སྟེ་ཞེ་བཞི་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་རྫོགས་པ་ཆེན་པོ་ལ་ལྟ་བ་བསྒོམ་མེད་ཀྱི་མདོ་ལུང་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ། རང་གི་ལྟ་བ་བསྒོམ་མེད་ནི། །ཀུན་བྱེད་ང་ཡིན་ང་ལ་བསྒོམ་དུ་མེད། །ཀུན་བྱེད་ང་ནི་བསྒོམ་པའི་ཡུལ་མ་ཡིན། །ང་ནི་མ་བཅོས་ཀུན་ལ་རང་བཞིན་གནས། །རང་བཞིན་གནས་པའི་བསྒོམ་དུ་མེད་པ་དེ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །ང་ལས་མངོན་དུ་ཕྱུང་བའི་


DNG005_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ལ། །བརྐམ་ཆགས་ལྔ་ཡི་སྡུག་བསྔལ་ཡིན་ཟེར་ནས། །མ་བཅོས་མི་འཇོག་བརྟུལ་ཞུགས་སྤོང་འགེགས་བསྒོམ། །དེ་ལུང་བསྟན་པས་མ་བཅོས་དོན་དང་འགལ། །མུ་སྟེགས་སྡེ་བཞི་སྤྲུལ་པའི་ཐུགས་རྗེ་ཡིས། །བྱིན་བརླབས་འཁོར་དུ་བཀོད་ནས་ལུང་བསྟན་པས། །བྱ་བྲལ་བདེ་བ་དེ་ཉིད་ཐོབ་མི་འགྱུར། །ཀྱེ་སེམས་དཔའ་ཆེན་པོ། ང་ལས་མངོན་དུ་ཕྱུང་བའི་ཆོས་ཉིད་ལ། །བརྐམ་ཆགས་ལྔ་ཡིས་སྡུག་བསྔལ་སྐྱེ་ཟེར་ནས། །དང་པོ་ས་ནས་བཅུ་པར་སེམས་དཔའ་ལ། །བདེན་པ་རྣམ་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །དོན་དམ་མེད་ལ་ཀུན་རྫོབ་ཡོད་པ་རུ། །སྤྲུལ་པས་ལུང་བསྟན་རྟོག་དཔྱོད་སྒོམ་པ་བྱེད། །མ་བཅོས་ཇི་བཞིན་ང་ཡི་དོན་དང་འགལ། །ཀྱེ་སེམས་དཔའ་ཆེན་པོ།ང་ལས་མངོན་དུ་ཕྱུང་བའི་ཆོས་ཉིད་དེ། །མ་བཅོས་ཇི་བཞིན་པ་ཡི་ཆོས་ཉིད་ལ། །ལོངས་སྤྱོད་རྫོགས་པས་འཁོར་ལ་ལུང་བསྟན་པ། །ཇི་བཞིན་བཅོས་པ་མེད་པར་མ་རྟོགས་ཏེ། །ཕྱི་ནང་སྣོད་བཅུད་དག་པར་བྱིན་བརླབས་ཏེ། །བྱང་ཆུབ་ཡན་ལག་ཆོ་ག་ཀུན་སྒོ་ནས། །བསྒོམ་པའི་ཡེ་ཤེས་ལྷ་ནི་སྣང་བར་བྱེད། །སྐད་ཅིག་མཆོད་ནས་གཤེགས་གསོལ་ཏིང་འཛིན་བཤིག །ཡང་བསྒོམས་ཡང་བཤིག་བྱིས་པའི་འདག་ཁང་འདྲ། །ཇི་བཞིན་མ་བཅོས་ང་ཡི་དོན་དང་འགལ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པ་ལུང་སྟོན་གྱིས། །ང་ཡིས་བྱུང་བའི་ཆོས་ཉིད་མངོན་ཕྱུང་ལ། །ཏིང་འཛིན་མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཆོས་ཉིད་གཅིག་ལ་བླང་དོར་བྱས་ནས་ནི། །ཡེ་ཤེས་དམ་ཚིག་སོ་སོར་བསྒོམས་ནས་ནི། །གྲོགས་པོ་དག་གིས་དངོས་གྲུབ་སྟེར་རེ་བ། །གཅིག་ལ་གཉིས་སུ་ལྟས་པའི་བསྒོམ་པ་ནོར། །ངོ་བོ་གཅིག་ལ་གཉིས་ཀྱིས་ཐོབ་པ་མེད། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་མངོན་དུ་ཕྱུང་བ་ལ། །ཕུང་པོ་འབྱུང་བ་རྣམ་ཤེས་དབང་པོ་ཡུལ། །རང་རྒྱུད་དག་པ་རྡོ་རྗེ་ལྟར་བྱས་ཏེ། །བསྙེན་བསྒྲུབ་རྣམ་བཞི་ཆོ་ག་བསྒོམ་བྱས་ནས། །


DNG005_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་འཕྲོ་འདུས་འཕགས་མཆོད་འགྲོ་དོན་བྱེད། །འཕྲོ་འདུ་བསྡུས་ནས་དངོས་གྲུབ་ཐོབ་འཚལ་བས། །རང་གིས་རང་གི་དངོས་གྲུབ་ཐོབ་པར་བསྒོམ། །དེ་ཡང་སེམས་ཀྱི་ཏིང་འཛིན་ཚི་ཆད་འགྱུར། །རྫོགས་ཆེན་ལྟ་བ་བསྒོམ་དུ་མེད་པ་ནི། །ཀུན་བྱེད་ང་ཡི་སེམས་ཀྱི་ཡོན་ཏན་ཏེ། །བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་གྱིས། །བཙལ་ཞིང་བསྒྲུབས་པའི་དཀའ་བ་སྤྱད་མི་དགོས། །རྒྱུ་རྐྱེན་མེད་པས་བཙལ་བའི་ལས་མི་དགོས། །འབྲས་བུའི་རང་བཞིན་གཞན་ནས་བསྒྲུབ་མི་དགོས། །ཆོས་ཉིད་རང་ཡིན་བསྒོམ་པ་བྱ་མི་དགོས། །མ་སྐྱེས་པས་ན་འཇིག་པའི་གཉེན་པོ་མེད། །གཞན་ལ་མ་ལྟོས་བསྒོམ་གནས་ཚོལ་མི་བྱེད། །ང་ལ་གང་ཞིག་སྒོམ་པར་བྱེད་པ་དེས། །བསྒོམས་པ་ཉིད་ཀྱིས་ང་དང་ཕྲད་མི་འགྱུར། །ཆོས་ཉིད་མངོན་དུ་ཕྱུང་བ་ང་ཡིན་པས། །སྡུག་བསྔལ་མི་སྐྱེ་རྣམ་པར་སྤང་མི་དགོས། །རང་འབྱུང་ཡིན་པས་སྐྱེ་འཇིག་མེད་པའི་ཕྱིར། །མ་རིག་རྟེན་འདྲེལ་དབང་པོ་དགག་མི་དགོས། །རང་འབྱུང་རྣམ་དག་ཆོས་ཉིད་སྦྱང་མི་དགོས། །ཡེ་ནས་དག་པས་གཙང་སྦྲ་བྱ་མི་དགོས། །ཡེ་ནས་ལྷུན་གྲུབ་རྩོལ་སྒྲུབ་བྱ་མི་དགོས། །བལྟས་པས་མ་དག་པ་ཡི་ཆོས་མེད་དེ། །དེ་བཞིན་ཉིད་དང་རྣམ་སྣང་ཀུན་དུ་བཟང་། །དབང་པོ་དྲུག་ལ་སྣང་བའི་ཆོས་རྣམས་ཀྱང་། །ཡེ་ནས་དེ་ཡིན་དེ་ལས་གཞན་མ་མེད། །དེ་ལ་གང་ཞིག་བསྒོམ་དང་སྒྲུབ་བྱེད་པ། །དེ་ནི་མདོངས་པས་ནམ་མཁའ་སྙེགས་པ་འདྲ། །ང་ཡི་རང་བཞིན་སྤྱོད་ཡུལ་ཀུན་ལས་འདས། །ང་ཡིས་མངོན་དུ་ཕྱུང་བའི་ཆོས་རྣམས་ནི། །ང་ཡི་ངོ་བོ་ཀུན་གྱིས་མཐོང་བྱའི་ཕྱིར། །སྣ་ཚོགས་དབང་པོ་ངོ་ལ་བསྟན་པ་ཡིན། །དེ་ལ་ང་ཡི་རང་བཞིན་ཀུན་རྟོགས་ཤིག །དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བྱེད་ང་ཡི་ཐེག་པ་བསྟན་མི་བྱ། །རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས། །རྒྱུ་འབྲས་ཐེག་པ་དྲང་བའི་ལུང་ལ་གཟུང་། །ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འདི། །རྒྱུ་འབྲས་དགའ་བའི་སྐལ་པ་


DNG005_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྣམས་ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་འཁྱམ། །ཀྱེ་སེམས་དཔའ་ཆེན་པོ་ང་དོན་རྟོགས། །དེ་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ཚིག་གིས་མི་ཕེབས་དབང་པོའི་སྤྱོད་ཡུལ་འདས། །ང་ཡི་རང་བཞིན་བསྡུས་ཏེ་ཐིག་ལེར་གནས། །མ་སྤྲོས་གཉིས་མེད་ཡེ་ནས་གཅིག་ཏུ་བསྟན། །དམ་ཚིག་བསྲུང་བའི་བསྒོམ་པ་བྱ་མི་དགོས། །ཕྲིན་ལས་བཙལ་བའི་བསྒོམ་པ་བྱ་མི་དགོས། །ལམ་ལ་མི་བགྲོད་ས་ལ་མི་སྦྱོང་སྟེ། །རང་ལས་གཞན་དུ་ཆོས་ཉིད་ཚོལ་མི་བྱེད། །རང་འབྱུང་ཡེ་ཤེས་མི་རྟོག་གཡོས་པ་མེད། །གཞན་གྱི་ལུང་མིན་ཀུན་བྱེད་ང་ཡི་ལུང་། །རྒྱུ་འབྲས་འདས་པས་རྩོལ་དང་སྒྲུབ་མི་བྱེད། །མ་བྱུང་བས་ན་དངོས་པོ་སྒོམ་མི་བྱེད། །མ་སྐྱེས་པས་ན་འཇིག་པའི་དོགས་པ་མེད། །ང་མི་སྣང་བས་དམིགས་པ་བསྒོམ་དང་བྲལ། །བདེ་ཆེན་བདལ་བའི་ཀློང་དཀྱིལ་ན། །མི་རྟོག་མཉམ་པའི་རང་བཞིན་གནས། །ཆོས་ཉིད་སྣང་བ་མེད་པའི་རང་བཞིན་ལ། །རིག་པས་མི་རྟོག་ཏིང་འཛིན་མ་བྱེད་ཅིག །ཀྱེ་སེམས་དཔའ་ཆེན་པོ། བསྒོམས་ན་གང་བསྒོམ་ང་ཡི་ནད་ཡིན་གྱིས། །ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་ཡིན་ན། །བྱང་ཆུབ་སེམས་ནི་གཟུང་འཛིན་བྲལ་བའི་ཕྱིར། །བསྒོམ་པར་བྱ་བ་རྡུལ་ཙམ་ཡོད་མ་ཡིན། །གོང་བཤད་བསྒོམས་པས་འབྲས་བུ་མ་ཐོབ་བཞིན། །ང་ཡང་བསྒོམས་པས་ཐོབ་པར་ལུང་མི་སྟོན། །ཀྱེ་སེམས་དཔའ་ཆེན་པོ་ང་ལ་ལྟོས། །ང་ནི་ཀུན་བྱེད་བྱང་ཆུབ་སེམས་ཡིན་ཏེ། །ཀུན་བྱེད་བྱས་པས་ཀུན་བྱས་ཉིད་དུ་བྱས། །ཀུན་ནི་མ་ལུས་པ་ཡི་སྒྲར་བཤད་དེ། །བྱེད་པའི་སྙིང་པོ་དེ་ཡིས་ཐམས་ཅད་བྱེད། །བྱང་བ་གཟུང་དུ་ཡོད་པ་མ་ཡིན་ལ། །ཆུབ་པ་ཀུན་གྱི་སྙིང་པོས་སྙིང་པོར་ཆུབ། །སེམས་ནི་རང་འབྱུང་ཡེ་ཤེས་ཀུན་དུ་སེམས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྟ་བ་བསྒོམ་མེད་ཀྱི་ལེའུ་སྟེ་ཞེ་


DNG005_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྫོགས་པ་ཆེན་པོའི་དམ་ཚིག་བསྲུང་དུ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྫོགས་ཆེན་དམ་ཚིག་བསྲུང་དུ་མེད་བསྟན་པ། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །མ་སྐྱེས་སྤྲོས་དང་བྲལ་བའི་རང་བཞིན་གྱིས། །སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་ཡུལ་བྱུང་ནས། །ཡུལ་དེ་རང་གི་རང་བཞིན་ཡིན་ཞེས་བྱས། །དེ་ལ་མི་རྟོག་རྟོག་པའི་ཡུལ་ལས་འདས། །ཡུལ་ལ་མི་འཛིན་སྤོང་དང་ལེན་མེད་པས། །མེད་པ་ཕྱལ་པ་གཅིག་པུ་ལྷུན་གྲུབ་སྟེ། །བསྲུང་བར་བྱ་བའི་སྡོམ་ཁྲིམས་ཀུན་དང་བྲལ། །བསྲུང་མེད་ང་ལས་བྱུང་བའི་སྟོན་གསུམ་གྱིས། །མུ་སྟེགས་སྡེ་བཞི་ཐུགས་རྗེས་བྱིན་བརླབས་ནས། །འདུལ་བ་ཕོག་པའི་འཁོར་ནི་སྡེ་བཞི་ལ། །བསྲུང་བར་བྱ་བའི་ཁྲིམས་ནི་འདི་ལྟ་སྟེ། །རྩ་བ་དང་ནི་ཡན་ལག་བསྲུང་བའི་གྲངས། །ཉིས་བརྒྱ་ལྔ་བཅུ་ལྔ་བརྒྱ་ལྔ་བཅུ་ཁྲིམས། །བསྲུང་བའི་དུས་ན་གྲངས་དང་དོན་མི་ཤེས། །དེས་ན་སྡོམ་པ་མི་ཐུབ་བསྲུང་ཐབས་མེད། །རྫོགས་ཆེན་ཅི་སྤྱོད་རྟོག་པ་ཀུན་ལས་འདས། །སྡོམ་པ་རྒྱ་མཚོ་མཐའ་ཡས་གྲངས་མང་བ། །ལུས་ངག་ཡིད་ལ་བསྡུས་པ་རྣམ་པ་གསུམ། །དབང་པོ་ཡུལ་ལས་སྡུག་བསྔལ་བྱུང་ནས་ནི། །ལུས་ཀྱིས་འགྲོ་འདུག་གོམ་པ་བོར་ས་མེད། །ངག་གིས་ཚིག་བརྗོད་དོན་གྱིས་བདེན་པར་དཀའ། །ཡིད་ཀྱིས་བསམ་པ་བདེན་པ་ཀུན་ལས་འགལ། །མ་ནོར་བསམ་པ་ཀུན་ཀྱང་བསྒྲུབ་ཏུ་མེད། །ལུས་ངག་སྡོམ་པ་རྒྱ་མདུད་དམ་པོ་དེས། །བདེན་ཉིད་དོན་དང་ཕྲད་པ་ཤིན་ཏུ་དཀའ། །བསྲུང་མེད་ཉམས་པ་མེད་དང་ཕྲད་མི་འགྱུར། །བསྲུང་མེད་ཉམས་པ་མེད་པ་ཀུན་བྱེད་ལུང་། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པས་ལུང་ཕོག་པ། །གཟའ་དང་རྒྱུ་སྐར་དུས་ཚིགས་བཟང་སྒོ་ནས། །ཕྱི་ནང་གཙང་མའི་ཁྲུས་ཀྱིས་དག་བྱས་ཏེ། །སྡོམ་པ་ཚུལ་ཁྲིམས་འགྲོ་དོན་ཞལ་འཆེས་པ། །གང་ཡང་དམ་བཅས་ཚུལ་བཞིན་མི་འགྲུབ་


DNG005_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །དམ་བཅས་མ་གྲུབ་བཤགས་པས་སེམས་མི་འདག །བསྲུང་མེད་ང་དང་ཡུན་དུ་ཐག་རིང་ཉམས། །ཀྱེ་རྡོ་རྗེ་གསང་བ་གསུམ་གྱི་དམ་ཚིག་ནི། །རྩ་བ་གསུམ་དང་ཡན་ལག་ལྔ་རྣམས་ཏེ། །རྩ་བ་གསུམ་ནི་སྐུ་གསུང་ཐུགས་འདུས་ཏེ། །སྐུ་ནི་ལྷ་ཡི་སྐུར་བསྒོམ་ལུས་ཀྱང་འཆིང་། །ངག་ནི་འཛབ་དང་ཏིང་འཛིན་ཞི་བ་མིན། །ཡིད་ཀྱི་ཏིང་འཛིན་འཕྲོ་འདུས་བཟུང་ནས་ནི། །རྩ་བ་མི་རྟོག་དམ་ཚིག་བདེ་དང་བྲལ། །ཡན་ལག་རྣམ་པ་ལྔ་ནི་འདི་ལྟ་སྟེ། །དང་པོར་ཤེས་པར་བྱ་བའི་དམ་ཚིག་ནི། །ཕུང་པོ་ལྔ་དང་འབྱུང་བ་རྣམ་པ་ལྔ། །རྣམ་ཤེས་དབང་པོ་ཡུལ་ལ་སོགས་པ་རྣམས། །ལྷ་དང་དཀྱིལ་འཁོར་རང་བཞིན་ཤེས་པར་བྱ། །ཤེས་བྱ་ཤེས་བྱེད་མེད་པ་དེས་མ་མཐོང་། །སྤྱད་པར་བྱ་བའི་དམ་ཚིག་རྣམ་ལྔ་ནི། །སྟ་ན་ག་ན་མ་བྱིན་བླངས་པ་དང་། །མི་ཚངས་སྤྱོད་དང་བརྫུན་དུ་སྨྲ་བ་དང་། །རྣམ་པ་ལྔ་ནི་ཐབས་མཁས་སྤྱོད་བྱེད་པ། །མ་སྤྱད་ཉམས་མཐོང་རྟོག་དང་བཅས་ནས་སྤྱོད། །དེ་ཡང་མི་རྟོག་མཉམ་དང་བྲལ་བ་ཡིན། །དང་དུ་བླང་བའི་དམ་ཚིག་རྣམ་ལྔ་ནི། །དྲི་ཆེན་དྲི་ཆུ་ལ་སོགས་དམ་རྫས་ལྔས། །རྒྱལ་བའི་སྐུ་ལྔ་འདི་ལས་འགྲུབ་ཟེར་ནས། །དཔའ་བོ་འབྲུ་ལྔས་འཕྲོ་འདུ་བྱས་ནས་ནི། །རྒྱལ་བའི་སྐུ་ལྔ་དང་དུ་ལེན་བྱེད་པ། །དང་དུ་མ་བླངས་སྐུ་ལྔ་མི་གྲུབ་རྟོག །བླང་དོར་བྲལ་བའི་རྟོག་འདས་དེ་མ་གྲུབ། །མི་སྤོང་བ་ཡི་དམ་རྫས་རྣམ་ལྔ་ནི། །འདོད་ཆགས་ཞེ་སྡང་ལ་སོགས་དུག་ལྔ་པོ། །གསང་བ་རྡོ་རྗེའི་དམ་ཚིག་ཆེན་པོ་རུ། །ཉོན་མོངས་ལྔ་བསྒྱུར་ཡེ་ཤེས་རྣམ་པ་ལྔར། །དུག་ལྔ་མི་སྤོང་ཡེ་ཤེས་རྣམ་ལྔར་ལེན། །བླང་དོར་མེད་པའི་བདེ་བ་དེས་མ་གྲུབ། །གྲུབ་པར་བྱ་བའི་དམ་ཚིག་རྣམ་ལྔ་ནི། །ཕུང་པོ་ལྔ་དང་འབྱུང་བ་ལྔ་རྣམས་དང་། །རྣམ་ཤེས་ཡུལ་རྣམས་དཀྱིལ་འཁོར་གྲུབ་བྱེད་པ། །ཏིང་འཛིན་གསུམ་དང་ཆོ་ག་ལྔ་རྫོགས་ནས། །རྒྱལ་བའི་རིགས་ལྔའི་དཀྱིལ་འཁོར་གྲུབ་བྱེད་པ། །ཏིང་འཛིན་ཆོ་ག་ལྔ་ཡིས་སེམས་རྩོལ་བྱེད། །མི་རྟོག་མ་བཙལ་ལྷུན་གྱིས་གྲུབ་དང་


DNG005_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

འགལ། །བསྒོམ་པའི་སྐུ་ནི་མི་རྟོག་འཇའ་ཚོན་འདྲ། །ཆོ་ག་བཟླས་བརྗོད་འཛབ་ཀྱང་རྩི་སྐྱ་འདྲ། །རྩོལ་སྒྲུབ་སྤྱོད་པས་ལྷུན་གྱིས་གྲུབ་མི་འགྱུར། །མེད་པར་བསྒྲུབ་པས་ཤིན་ཏུ་གྲུབ་པ་མེད། །ཀུན་བྱེད་ང་ལ་བསྲུང་བའི་དམ་ཚིག་མེད། །རྒྱུ་རྐྱེན་མེད་པས་རྩོལ་ཞིང་བསྒྲུབ་མི་དགོས། །ལྷུན་གྱིས་གྲུབ་པས་སྤྱད་པར་བྱ་མི་དགོས། །ཡེ་ཤེས་ཡིན་པས་ཤེས་པར་བྱ་མི་དགོས། །རང་འབྱུང་ཡིན་པས་རྒྱུ་དང་རྐྱེན་མི་དགོས། །བཟང་ངན་མེད་པས་བླང་དོར་བྱ་མི་དགོས། །དངོས་པོ་མེད་པས་མེད་པ་ཞེས་སུ་བཤད། །དངོས་སུ་མི་སྤྱོད་ཡེ་ཤེས་མ་འགགས་པས། །དེ་ལ་ཕྱལ་པ་ཞེས་སུ་བཏགས་པ་ཡིན། །སེམས་སུ་ཀུན་གཅིག་གཅིག་པུར་བཏགས་པ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཡིད་ཆེས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར། །ལྷུན་གྱིས་རྫོགས་པ་ཞེས་སུ་ང་ཡིས་བཤད། །ཚ་གྲང་བཀྲེས་སྐོམ་བླུན་ལྐུགས་ཆོས་ཉིད་ལ། །སྐུ་གསུམ་འཁོར་སྔངས་འབྲོས་པའི་ཆོ་ག་དྲུག །གོང་བཤད་བཞིན་དུ་བཙལ་ཞིང་བསྒྲུབ་མི་དགོས། །རྒྱུ་ཉིད་རང་འབྱུང་ཡེ་ཤེས་ཡིན་པའི་ཕྱིར། །ལས་ཀྱི་རྐྱེན་གྱི་དབང་དུ་དེ་མི་འགྱུར། །ཆོས་ཉིད་རང་བཞིན་ཅིར་ཡང་འགྱུར་མེད་པས། །བཙལ་བས་གྲུབ་པར་ང་ཡིས་ལུང་མ་བསྟན། །རང་འབྱུང་ཡེ་ཤེས་ཀུན་དང་མཚུངས་མེད་པས། །རྒྱུ་རྐྱེན་ལས་ཀྱིས་རང་འབྱུང་དེ་མི་འགྲུབ། །བདེན་པ་གཉིས་ཀྱིས་གཏན་ལ་དབབ་ཏུ་མེད། །ངེས་པ་གཅིག་ལ་བདེན་པ་རྣམ་པ་གཉིས། །མ་ངེས་ཐེ་ཚོམ་ཅན་གྱི་ལུང་དེ་ལ། །ངེས་པ་གཅིག་ཏུ་བསྟན་པ་ག་ལ་ཡོད། །རྣལ་འབྱོར་གང་ཟག་ཆོས་ལ་རློམ་བྱེད་ནི། །སྟོན་གསུམ་རྒྱུ་འབྲས་ལུང་ལ་བརྟེན་སྨྲ་བ། །དེ་ལ་བདེན་གཉིས་ཚད་མ་བཞི་ཡང་དགོས། །ཀུན་བྱེད་ང་ཡིས་ཆོས་ཀུན་བྱས་པའི་ཕྱིར། །ངས་བྱས་ཆོས་ལ་བདེན་པ་གཉིས་མི་དགོས། །ངས་བྱས་ཆོས་ལ་བདེན་པ་གཉིས་དགོས་སུ། །ངས་བྱས་ཐམས་ཅད་བྱང་ཆུབ་སེམས་སུ་བྱས། །བྱང་ཆུབ་སེམས་ལ་དོན་དམ་ཀུན་རྫོབ་མེད། །


DNG005_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དམ་ཚིག་བསྲུང་དུ་མེད་པའི་ལེའུ་སྟེ་ཞེ་དྲུག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྫོགས་པ་ཆེན་པོ་ལ་ཕྲིན་ལས་བཙལ་དུ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ནི་རྫོགས་པ་ཆེན་པོ་སྟེ། །རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཕྱིར། །ཕྲིན་ལས་ཡེ་ནས་བཙལ་དུ་མེད་པར་བསྟན། །ཕྲིན་ལས་བཙལ་དུ་ཡོད་པར་ལུང་སྟོན་པ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །རང་རེ་འཁོར་ལ་བཙལ་བའི་ལས་ཕོག་པ། །བཙལ་བའི་ལས་ནི་རང་རེས་སོ་སོར་ཕོག །སྤྲུལ་པས་བཙལ་བའི་རྒྱུ་ལ་ལས་ཕོག་པ། །ལུས་ངག་ཡིད་གསུམ་ཚད་མེད་སྒོར་ཞུགས་ནས། །ལུས་ཀྱི་སྡོམ་པ་སྲོག་གཅོད་རྐུ་གཡེམ་སྤང་། །ངག་གི་སྡོམ་པ་ངག་ཁྱལ་ཚིག་རྩུབ་དང་། །བརྫུན་དང་ཕྲ་མ་ལ་སོགས་ངག་གིས་སྤང་། །ཡིད་ཀྱིས་མནབ་སེམས་གནོད་སེམས་ལོག་ལྟ་སྤང་། །དགེ་བཅུ་སྤྱོད་པའི་ལས་དེ་རྒྱུར་བཀོད་ནས། །སྦྱིན་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་བཅུ་ལས། །སྤྱད་ནས་ས་དང་ཀུན་འོད་ཐོབ་འདོད་པ། །ཚི་ཆད་ལས་ནི་བསྐལ་པ་གསུམ་དུ་སྤྱོད། །དེ་ཡང་ཀུན་བྱེད་ང་ཡིས་ལུང་ཕོག་མིན། །ལོངས་སྤྱོད་རྫོགས་པས་འཁོར་ལ་ལུང་ཕོག་པ། །རྒྱུ་དང་འབྲས་བུའི་སྒོ་ནས་ལས་ཕོག་པ། །སེམས་ཅན་ཏིང་འཛིན་ལས་ནི་འདི་ལྟ་སྟེ། །ཁྲུས་དང་གཙང་སྦྲར་ཕྱི་ནང་དག་བྱས་ཏེ། །ཆོ་འཕྲུལ་ལས་ཀྱིས་བྱིན་གྱིས་བརླབས་ནས་ནི། །ཡེ་ཤེས་སེམས་དང་དམ་ཚིག་གཉིས་ལྟས་ནས། །ཏིང་འཛིན་ལས་ཀྱིས་མཆོད་ཅིང་གཤེགས་གསོལ་བྱེད། །ལས་དེས་མི་ཚེ་བདུན་དུ་ཚི་ཆད་འགྱུར། །ཆོས་ཀྱི་སྐུ་ལས་ལོངས་སྤྱོད་སྐུར་བཞེངས་ནས། །རྣལ་འབྱོར་ཆེན་པོའི་འཁོར་ལ་ལུང་ཕོག་པ། །བདག་ཉིད་ཆེན་པོ་ཡིན་པར་ལུང་བསྟན་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་དེ་རྣམས་ལ། །ཁ་དོག་རིགས་དང་སྦྱར་བའི་ལྷ་བསྒོམས་ནས། །ཞི་ལྷས་ཞི་བར་བྱེད་པའི་ལས་བྱེད་པ། །རྒྱས་ལྷས་རྒྱས་


DNG005_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ལས་བྱེད་པ། །དབང་ལྷས་དབང་དུ་སྡུད་པའི་ལས་ཀྱང་བྱེད། །དྲག་ལྷས་སྟོངས་པར་བྱེད་པའི་ལས་ཀྱང་བྱེད། །ཚེ་ལ་གནས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། །ཕྲིན་ལས་རྣམ་བཞིས་ཚི་ཆད་གྲུབ་པ་མེད། །མི་རྩོལ་བྱ་མེད་ལས་ནི་དེ་མ་གྲུབ། །རྫོགས་ཆེན་རྒྱུ་འབྲས་ཡེ་ནས་འདས་པའི་ཕྱིར། །བཙལ་ཞིང་བསྒྲུབས་པས་བྱ་མེད་གྲུབ་པ་མེད། །རྒྱུ་འབྲས་ལྟ་བའི་སྟོན་པས་ལུང་བསྟན་པ། །འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས། །རྒྱུ་ལས་བཙལ་ནས་འབྲས་བུ་གྲུབ་བྱེད་པ། །སེམས་ལ་རྒྱུ་མེད་ཡེ་ནས་འབྲས་བུ་མེད། །བྱང་ཆུབ་སེམས་ལ་སྐྱེ་བ་མེད་པའི་ཕྱིར། །འཇིག་རྟེན་སྐྱེ་བའི་ཆོས་ལ་དཔེ་བླངས་ནས། །སྐྱེ་ལས་འཇིག་པ་འབྱུང་བར་སྒྲོས་མི་གདགས། །རང་འབྱུང་རྒྱུ་འབྲས་འདས་པ་མ་བརྟགས་པར། །འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས། །རྒྱུ་ལས་བཙལ་བས་འབྲས་བུ་འབྱུང་ཟེར་བ། །དེ་ནི་རྒྱུ་འབྲས་ཐེག་པ་དྲང་ལུང་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་སུ་བསྟན་པ་ནི། །རང་འབྱུང་ཡེ་ཤེས་མ་འགགས་ཀུན་དང་མཚུངས། །རྒྱུ་ལས་མ་བྱུང་མཚུངས་མེད་ཡེ་ཤེས་དེ། །ཐམས་ཅད་བསྐྱེད་པས་གཞན་ནས་ཆོས་འབྱུང་མེད། །འཇིག་རྟེན་རྒྱུ་འབྲས་ཆོས་ལ་ཚོད་བཙུགས་ནས། །བཙལ་བ་མེད་པའི་འབྲས་བུ་འབྱུང་མི་འགྱུར། །བྱང་ཆུབ་སེམས་ནི་རྒྱུ་རྐྱེན་མེད་པའི་ཕྱིར། །འཇིག་རྟེན་སྐྱེ་འགག་ཆོས་ལ་ཚོད་མི་གཟུགས། །བྱང་ཆུབ་སེམས་ནི་རྐྱེན་གྱིས་མ་བསྐྱེད་པས། །འཇིག་རྟེན་རྐྱེན་བསྐྱེད་ཆོས་ལ་དཔེ་མ་ལེན། །ཀྱེ་སེམས་དཔའ་ཆེན་པོ། ཆེ་བ་འདོད་ནས་བསྒོམ་བསྒྲུབ་རྩོལ་བྱེད་པ། །བསྒོམ་བསྒྲུབ་བཙལ་བས་ཆེ་བ་དེ་མི་འགྲུབ། །ཆེ་བ་རང་འབྱུང་ཡེ་ནས་ཆེ་བ་ཡིན། །བསྒོམས་ན་སངས་རྒྱས་དགོངས་པ་འཆོས་པ་ཡིན། །སངས་རྒྱས་དགོངས་པ་གང་ཞིག་འཆོས་བྱེད་པ། །དེ་ཡིས་སངས་རྒྱས་ཐམས་ཅད་སྤངས་པ་ཡིན། །དེ་ཡིས་སངས་རྒྱས་སྤངས་པ་མ་ཡིན་ཏེ། །དེ་ཡིས་རང་གི་བྱང་ཆུབ་


DNG005_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྤངས་པས། །རང་གི་རང་བཞིན་བསྐལ་པར་ཕྲད་མི་འགྱུར། །ཀྱེ་སེམས་དཔའ་ཆེན་པོ། སེམས་ཀྱིས་ཏིང་འཛིན་སྒོམ་པ་མ་བྱེད་ཅིག །ཡེ་ཤེས་ཡུལ་ལ་རྟོག་པར་མ་བྱེད་ཅིག །ངག་གིས་འཛབ་དང་སྙིང་པོ་བཟླ་མི་དགོས། །ལག་གིས་འདུ་བྱེད་ཕྱག་རྒྱ་བཅའ་མི་དགོས། །སེམས་ཀྱིས་ཏིང་འཛིན་འཕྲོ་འདུ་ལས་མ་བྱེད། །ངང་ལ་གནས་པས་གཡོས་མེད་ལྷུན་གྱིས་གྲུབ། །རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཙལ་ཇི་བཞིན་པ་རུ་གནས་པ་དེས། །བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན། །དོན་དེ་རྟོགས་པས་ལས་རྣམས་མི་བྱེད་དེ། །ལས་མ་བྱས་པས་དེ་བཞིན་ཉིད་དུ་གནས། །དེ་བཞིན་ཉིད་ལ་གང་ཞིག་སུ་གནས་པ། །དེ་ཡིས་མ་ནོར་མ་བཅོས་འགྲུབ་པར་འགྱུར། །དེ་ནི་མ་ནོར་བཞིན་ནི་མ་བཅོས་ཡིན། །ཉིད་ནི་མ་ནོར་ངོ་བོ་ཉིད་ལ་བྱ། །དེ་བཞིན་ཉིད་ལས་སངས་རྒྱས་ཆོས་མེད་དོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཕྲིན་ལས་བཙལ་དུ་མེད་པའི་ལེའུ་སྟེ་ཞེ་བདུན་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། ཆོས་ཐམས་ཅད་གཞི་མ་ཀུན་བྱེད་ཉིད་ཡིན་པར་ཞལ་གྱིས་བཞེས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ནི་ཀུན་གྱི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཆོས་ཀུན་གཞི་མ་སྟེ། །ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལས། །ཕུན་སུམ་ཚོགས་པའི་དགོས་པ་ཀུན་ཀྱང་ཚང་། །རང་བཞིན་གསུམ་ནི་འདི་ལྟར་ཤེས་པར་བྱ། །སྐྱེ་བ་མེད་དང་འགག་པ་མེད་པ་དང་། །མི་འགག་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་གསུམ། །གསུམ་ནི་ཕུན་སུམ་ཚོགས་པར་བསྟན་པ་ཡིན། །མ་སྐྱེས་སྐྱེ་བ་མེད་པའི་རང་བཞིན་ལས། །ཆོས་ཀྱི་གཞི་མ་བསྟན་པ་ཕུན་སུམ་ཚོགས། །མ་བསྒྲིབས་མ་བཀག་པ་ཡི་རང་བཞིན་ལས། །སྟོན་པ་གསུམ་གྱི་རང་བཞིན་ཕུན་སུམ་ཚོགས། །མ་སྐྱེས་སྐྱེ་བའི་ཆོ་འཕྲུལ་ངོ་བོ་ལས། །འཁོར་གྱི་རང་བཞིན་རྣམ་གསུམ་ཕུན་སུམ་ཚོགས། །ཀྱེ་


DNG005_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་ཆོས་ཉིད་གཅིག་པུ་ལ། །ང་མ་འགགས་པའི་སྟོན་པ་རྣམ་གསུམ་གྱིས། །སྐྱེ་བའི་ཆོ་འཕྲུལ་འབྱུང་བའི་འཁོར་གསུམ་ལས། །ང་ཡི་ཆོས་ཉིད་དེ་བཞིན་ཉིད་གཅིག་ལ། །རྟོགས་པར་བྱ་བའི་ཐབས་ཀྱི་གཞི་མ་དྲུག །ལྟ་བ་ཆོས་ཉིད་མཐོང་བའི་གཞི་མ་བྱེད། །དེས་ནི་མཐོང་བར་བྱ་བའི་ཐབས་ཡིན་ཏེ། །མ་སྐྱེས་དམིགས་པར་བྱ་བའི་ཡུལ་མེད་པས། །བལྟས་པས་དེ་བཞིན་ཉིད་ལ་མཐོང་བ་མེད། །དམ་ཚིག་རང་སྐྱོན་སེལ་བའི་གཞི་མ་བྱེད། །དེས་ནི་བར་ཆད་མེད་པའི་ཐབས་ཡིན་ཏེ། །དེ་བཞིན་ཉིད་ལ་བསྲུང་བའི་ཡུལ་མེད་པས། །བསྲུངས་པས་དེ་བཞིན་ཉིད་ལ་ཐུབ་པ་མེད། །ལས་ནི་གྲུབ་པར་བྱེད་པའི་གཞི་མ་བྱེད། །བཙལ་བས་གྲུབ་པར་བྱེད་པའི་ཐབས་ཡིན་ཏེ། །དེ་བཞིན་ཉིད་ལ་བཙལ་བའི་ཡུལ་མེད་པས། །དེ་བཞིན་ཉིད་ལ་ལས་ཀྱི་གྲུབ་པ་མེད། །ལམ་གྱིས་བགྲོད་པས་ཕྱིན་པའི་གཞི་མ་བྱེད། །དེས་ནི་གནས་སུ་ཕྱིན་པའི་ཐབས་ཡིན་ཏེ། །དེ་བཞིན་ཉིད་ལ་ལམ་གྱིས་བགྲོད་མེད་ཕྱིར། །བགྲོད་པས་ཕྱིན་པའི་དེ་བཞིན་ཉིད་མ་ཡིན། །ས་ནི་གནས་པར་བྱེད་པའི་གཞི་མ་བྱེད། །དེས་ནི་སྦྱང་མི་དགོས་པའི་ཐབས་ཡིན་ཏེ། །དེ་བཞིན་ཉིད་ལ་ཐམས་ཅད་ཀུན་གནས་པས། །གནས་པར་བྱ་བའི་ས་ལ་སྦྱང་དུ་མེད། །ཡེ་ཤེས་རྟོགས་པར་བྱེད་པའི་གཞི་མ་བྱེད། །དེས་ནི་ཆོས་ཉིད་རིག་པའི་ཐབས་ཡིན་ཏེ། །དེ་བཞིན་ཉིད་ལ་རྟོགས་པའི་ཡུལ་མེད་པས། །རང་འབྱུང་ཡེ་ཤེས་ཡུལ་ལ་རྟོག་པ་མེད། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་ནི་ཆོས་ཀྱི་གཞི་ཡིན་པས། །ཐེག་པ་སོ་སོ་ལྟ་སྤྱོད་དྲུག་དྲུག་གིས། །རྒྱུ་འབྲས་ལྟོས་པའི་འཁོར་ལ་དེ་བསྟན་པས། །དེ་རེ་རང་འཐད་བསམ་པ་རེ་རེ་ཡིས། །ལྟ་སྤྱོད་གཞི་མ་དྲུག་ལ་བཙལ་བྱས་ཀྱང་། །དེ་བཞིན་ཉིད་ལ་བཙལ་བའི་ཡུལ་མེད་པས། །བཙལ་བས་དེ་བཞིན་ཉིད་ལ་བཅོས་པའི་ཕྱིར། །རང་སེམས་གཞི་མ་བཅོས་མེད་དེ་མི་ཕྲད། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལྟ་བ་


DNG005_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་དུ་མེད་ཅེས་བསྟན་པ་ནི། །ཆོས་ཀྱི་རྩ་བ་རང་ལས་མེད་པའི་ཕྱིར། །རང་གིས་རང་ལ་བལྟ་རུ་མེད་པའི་ཕྱིར། །རང་མེད་ཡུལ་ནི་ང་ཡིས་བསྟན་པ་མེད། །དེས་ན་ལྟ་བ་བསྒོམ་དུ་མེད་ཅེས་བསྟན། །དམ་ཚིག་བསྲུང་དུ་མེད་ཅེས་བསྟན་པ་ནི། །བསྲུང་བས་མི་ཐུབ་རང་གི་སེམས་མི་ཁེགས། །རང་འབྱུང་ཡེ་ཤེས་ཡིན་པས་བསྲུང་དུ་མེད། །ཀྱེ་ཕྲིན་ལས་བཙལ་དུ་མེད་ཅེས་བསྟན་པ་ནི། །རྫོགས་ཆེན་རྒྱུ་འབྲས་ཡེ་ནས་འདས་པའི་ཕྱིར། །ཕྲིན་ལས་རྒྱུ་ལས་བསྒྲུབས་ནས་འབྲས་བུར་འདོད། །རྫོགས་ཆེན་འབྲས་བུ་འདོད་པ་མེད་པ་ནི། །ཕྲིན་ལས་བཙལ་བ་མེད་པའི་ཕྱིར། །ཕྲིན་ལས་བཙལ་དུ་མེད་ཅེས་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་ཅེས་བསྟན་པ་ནི། །ཀྱེ་དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ལ། །བགྲོད་པ་བྱང་ཆུབ་སེམས་ཀྱི་ལམ་ལ་བགྲོད། །སེམས་སུ་སངས་རྒྱས་སེམས་ཅན་གཉིས་སུ་མེད། །དེས་ན་སེམས་ཀྱིས་སེམས་ལ་ལམ་བགྲོད་མེད། །ས་ལ་སྦྱང་དུ་མེད་ཅེས་བསྟན་པ་ནི། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ས་འདི་ལ། །སྦྱངས་པས་ཐོབ་པར་འདོད་པ་རྒྱུ་འབྲས་ཅན། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ས་འདི་ལ། །སྦྱངས་བཅོས་བྱས་གྲུབ་ལུང་ནི་ངས་མ་བསྟན། །ཡེ་ཤེས་ཡུལ་ལ་མི་རྟོག་ཞེས་བསྟན་པ། །ཡུལ་དེ་ཡེ་ནས་རང་འབྱུང་ཡེ་ཤེས་ཏེ། །ཡེ་ཤེས་ལ་ནི་ཡེ་ཤེས་ཡུལ་མ་མཆིས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀྱི་གཞི་མ་ཀུན་བྱེད་ཉིད་ཡིན་པར་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཐམས་ཅད་ང་ལ་གནས་པའི་ས་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་རྒྱལ་པོ་ང་ཉིད་ནི། །ཀུན་གྱི་བྱང་ཆུབ་སྙིང་པོར་གནས། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཀློང་ཆེན་སེམས་


DNG005_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་དེ་ན། །མི་གནས་པ་ནི་གཅིག་ཀྱང་མེད། །ཀུན་གྱི་གནས་དང་ས་ཡིན་ཏེ། །འདུ་འབྲལ་མེད་པར་དེ་ན་བཞུགས། །དེ་ལ་སྦྱང་ཞིང་བགྲོད་མི་དགོས། །དེ་ལ་སྦྱངས་ཏེ་བགྲོད་འགྱུར་ན། །རང་གི་སེམས་དེ་འཆོས་པ་སྟེ། །བཅོས་པས་རང་སེམས་འབྱོངས་མི་འགྱུར། །དེ་ནི་སྤྱི་ས་ཀུན་གྱི་གནས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །རྒྱུ་འབྲས་དགའ་བའི་འཁོར་རྣམས་ལ། །ས་མདོ་རྣམ་པ་གསུམ་བསྟན་ཏེ། །བསྐྱེད་པའི་ས་དང་སྤྱོད་པའི་ས། །བསྒྲུབ་པའི་ས་དང་གསུམ་བསྟན་ཏེ། །བསྐྱེད་པའི་ས་རུ་སེམས་བཞི་བསྐྱེད། །སྤྱོད་པའི་ས་རུ་སེམས་སྤྱོད་བཅུས། །བསྒྲུབ་པའི་ས་རུ་གྲུབ་འདོད་པས། །དེ་ནི་དྲང་བའི་ལུང་དུ་བསྟན་པའི་ཕྱིར། །ཡང་དག་ངེས་པར་ཡོད་པར་ལུང་མ་བསྟན། །ཡང་དག་ངེས་པར་ང་ཡི་ལུང་འདི་ཉོན། །བྱང་ཆུབ་སེམས་ལ་རྒྱུ་རྐྱེན་མེད་པའི་ཕྱིར། །བསྐྱེད་པའི་ས་རུ་བྱང་ཆུབ་སེམས་མི་བསྐྱེད། །བསྐྱེད་པའི་ས་རུ་བྱང་ཆུབ་སེམས་བསྐྱེད་ན། །ཆོས་དབྱིངས་ནམ་མཁའ་བྱང་ཆུབ་སེམས་མི་ཤོར། །དགེ་སྡིག་ལས་ལ་དྲན་པ་དབང་བསྒྱུར་བས། །ཕྱི་ཡུལ་ཆོས་ཉིད་སྤངས་པས་མ་སྤོངས་ཏེ། །རང་འབྱུང་ཡེ་ཤེས་མི་ཁེགས་བཞིན་དུ་འགེགས། །རང་འབྱུང་ཡེ་ཤེས་ཡུལ་ལ་མི་རྟོག་བཞིན། །གཟུང་དང་འཛིན་པ་ཡོད་ཅེས་འཇོམས་པར་བྱེད། །དེས་ན་བྱང་ཆུབ་སེམས་ལ་སྐྱེས་པ་མེད། །སྤྱོད་པའི་ས་རུ་བྱང་ཆུབ་བཅུ་སྤྱད་པས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །བྱང་ཆུབ་སེམས་ལ་གཡོས་པ་མེད་པ་ནི། །ནམ་མཁའ་ལྟ་བུའི་ཆོས་ཉིད་སྣང་བར་ཟད། །ནམ་མཁའ་ལ་ནི་གཡོས་པ་རྡུལ་ཙམ་མེད། །དེ་བཞིན་བྱང་ཆུབ་སེམས་ལ་གཡོས་པ་མེད། །གྲུབ་པའི་ས་རུ་བྱང་ཆུབ་གྲུབ་འདོད་པ། །ཀུན་དུ་འོད་དང་མ་ཆགས་པདྨའི་སྤྱན། །རྡོ་རྗེ་འཛིན་དང་སྟུག་པོ་བཀོད་པ་དང་། །འཁོར་ལོ་ཚོགས་ཆེན་རྡོ་རྗེ་འཆང་བ་དང་། །རྒྱུ་འབྲས་ཀུན་བཟང་དབྱེ་བ་མེད་ས་དྲུག །བྱང་ཆུབ་བསྒྲུབ་པའི་ས་རུ་


DNG005_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མིང་བཏགས་པ། །སེམས་ཀྱི་རང་བཞིན་རྒྱུ་རྐྱེན་བྲལ་བའི་ཕྱིར། །བསྒྲུབས་པས་གྲུབ་པའི་འབྲས་བུ་ངས་མ་བསྟན། །སེམས་ཀྱི་རང་བཞིན་དྲུག་སྣང་བསྟན་པ་ཡིན། །སེམས་ཀྱི་རང་བཞིན་དྲུག་ནི་འདི་ལྟ་སྟེ། །རང་འབྱུང་ཡེ་ཤེས་མ་འགགས་པ་ཡི་རྟགས། །དབང་པོ་སྒོ་ལྔ་ཀུན་དུ་གསལ་བ་ལ། །ཀུན་དུ་འོད་ཀྱི་ས་ཞེས་བཏགས་པ་ཡིན། །ཡུལ་ལ་མི་རྟོག་ཆགས་པ་མེད་པ་ལ། །མ་ཆགས་པདྨ་སྤྱན་དུ་བཏགས་པ་ཡིན། །སྐྱེ་འཇིག་མེད་པའི་བྱང་ཆུབ་སེམས་དེ་ལ། །རྡོ་རྗེ་འཛིན་པ་ཞེས་སུ་ང་ཡིས་བཏགས། །རང་གི་རང་བཞིན་ཆོས་ཉིད་དཔག་མེད་ལ། །རང་འབྱུང་ཡེ་ཤེས་མི་རྟོག་མཉམ་པར་བཀོད། །སྟུག་པོ་བཀོད་པའི་ས་ཞེས་བཏགས་པ་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་དཀྱིལ་འཁོར་དེ། །རང་ལ་གནས་པའི་ཆོས་རྣམས་ཐམས་ཅད་ལ། །ཡི་གེ་འཁོར་ལོ་ཚོགས་ཆེན་ས་རྣམས་ཏེ། །སྐུ་གསུང་ཐུགས་ལ་སྐྱེ་དང་འཇིག་མེད་པས། །རྡོ་རྗེ་འཆང་གི་ས་ཞེས་བཤད་པ་ཡིན། །བྱང་ཆུབ་སེམས་ལ་རྒྱུ་འབྲས་གཉིས་མེད་དེ། །སེམས་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ལ། །བཟང་ངན་བླང་དོར་ཡེ་ནས་མེད་པའི་ཕྱིར། །དབྱེ་བ་མེད་པའི་ས་ཞེས་ང་ཡིས་བཤད། །དེས་ན་བྱང་ཆུབ་སེམས་ཀྱི་ཆོས་དབྱིངས་ལ། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ཀུན། །དེ་ནས་འབྱུང་ཞིང་དེ་རུ་གནས་པའི་ཕྱིར། །ཆོས་དབྱིངས་བྱང་ཆུབ་སེམས་ནི་ཀུན་སྦྱོང་ས། །ཞེས་གསུངས་སོ། །སངས་རྒྱས་སྒྲུབ་པའི་ས་ཞེས་བཏགས་པ་དེ། །བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལས་ནི། །གོང་བཤད་བཞིན་དུ་བྱང་ཆུབ་སེམས་ལ་གནས། །ཞེས་སྦྱང་དུ་མེད་པའི་ས་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྫོགས་པ་ཆེན་པོའི་ས་ལ་སྦྱང་དུ་མེད་པའི་ལེའུ་སྟེ་ཞེ་དགུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་བྱང་ཆུབ་ཀྱི་སེམས་རང་བྱུང་བའི་ཡེ་ཤེས་ལ་སྒྲིབ་པ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་


DNG005_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱེད། །དེས་ན་རང་བྱུང་ཡེ་ཤེས་ཏེ། །ཡེ་ནས་ཤེས་པའི་ཡེ་ཤེས་ཡིན། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པའི་ཡེ་ཤེས་དེ། །གང་སུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་སོག་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པའི་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། །ཡེ་ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་ཟག་གང་། །སུ་ཡང་རུང་བ་དེ་ཡིས་ནི། །རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་འབྱུང་ཡེ་ཤེས་སངས་རྒྱས་དགོངས་པ་མཛད། །རང་འབྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ལས་ནི་ཏིང་འཛིན་བརྟགས་པའི་བག་ཆགས་ཡིན། །མི་རྟོག་པ་ལ་བག་ཆགས་ཡོད་མ་གསུངས། །མི་རྟོག་པ་ཡི་རང་འབྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་འབྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ། །


DNG005_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

རང་འབྱུང་ཡེ་ཤེས་མི་འགག་སོ་སོར་གསལ། །རང་གི་རྐྱེན་གྱིས་སྣང་བས་དོར་མི་བྱེད། །ཏིང་འཛིན་མི་རྟོག་བག་ཆགས་སོག་མི་འགྱུར། །འདི་ཡང་དུས་གསུམ་སངས་རྒྱས་དགོངས་པ་སྟེ། །གང་དུ་མི་རྟོག་འདི་ལ་སུ་གནས་ལ། །ང་ལ་མི་གནས་འགྲོ་བའི་དོན་མི་གནས། །ཆོས་སྐུ་བྱང་ཆུབ་སེམས་ལ་འདི་གནས་ཏེ། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་འདུས། །ཀྱེ་སེམས་དཔའ་ཆེན་པོ་ཚིག་དོན་འདི། །རིག་པ་ཉམས་སུ་མངོན་སུམ་རྟོགས་པར་གྱིས། །རང་འབྱུང་ཡེ་ཤེས་ཡུལ་ལ་ལྔར་གནས་པ། །ཡེ་ཤེས་ལྔ་ནི་ཡུལ་ལྔ་འདོད་མ་ཡིན། །ཡུལ་འདོད་ལྔ་ནི་ཡེ་ཤེས་ལྔ་ལ་སྣང་། །ཡུལ་དེ་ཡེ་ནས་ཡེ་ཤེས་ཡིན་པའི་ཕྱིར། །ཡུལ་དང་ཡེ་ཤེས་གཉིས་སུ་ངས་མ་བསྟན། །དེས་ན་ཡུལ་ཡང་རང་འབྱུང་ཡེ་ཤེས་ཡིན། །རང་འབྱུང་ཡེ་ཤེས་གཅིག་ལས་མེད་པ་ལ། །ང་ལས་བྱུང་བའི་འཁོར་གྱི་སྟོན་པ་ཡིན། །ཡུལ་ལ་བརྟེན་ནས་ཡེ་ཤེས་མིང་བཏགས་པ། །རྣམ་པ་གྲངས་ཀྱི་ཡེ་ཤེས་བྱུང་བ་ནི། །རྣམ་བརྟགས་པ་ཡི་ཡེ་ཤེས་གཅིག་གིས་ནི། །ཡུལ་གཅིག་རང་བཞིན་སོ་སོར་སྣང་བ་ལ། །ཡུལ་ཅན་ལ་ནི་ཡུལ་གྱི་མིང་བཏགས་པ། །དེ་ནི་ངེས་པ་མ་ཡིན་འཁྲུལ་པས་བརྟགས། །ཀུན་བྱེད་ང་ཡི་རང་འབྱུང་ཡེ་ཤེས་མིན། །ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ཆོས་ཀྱི་དབྱིངས་སུ་མིང་ཡང་བཏགས། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་འབྱུང་ཡེ་ཤེས་མིང་ཡང་བཏགས། །ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས། །ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། །ལ་ལས་སྐུ་གསུང་ཐུགས་སུ་མིང་ཡང་བཏགས། །ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་བཏགས། །ལ་ལས་རྣམ་པ་ཐམས་ཅད་མིང་ཡང་


DNG005_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས། །ལ་ལས་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔ་རུ་མིང་བཏགས་ལ། །ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་འབྱུང་བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་འབྱུང་ང་ལ་མཐོང་ཚད་སྨྲས་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་འབྱུང་ཡེ་ཤེས་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྫོགས་པ་ཆེན་པོའི་ལམ་ལ་བགྲོད་དུ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཀུན་གྱི་ལམ་ཆེན་ཏེ། །གནས་དང་ཡུལ་དང་སངས་རྒྱས་ས་དང་གསུམ། །གཞན་ན་མེད་དེ་འདི་ན་རང་བཞིན་གནས། །ཆོས་ཀྱི་དབྱིངས་དང་ཆོས་ཉིད་འདི་ན་གནས། །ནམ་མཁའི་ཁམས་དང་གཞལ་ཡས་འདི་ན་གནས། །སངས་རྒྱས་ས་དང་ཡུལ་ནི་བྱང་ཆུབ་སེམས། །གཞན་དུ་བགྲོད་པའི་ལམ་དང་གནས་མེད་དེ། །བགྲོད་པས་ནམ་མཁའི་ལམ་ལ་ཕྱིན་པ་མེད། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལམ་ལ་བགྲོད་པ་ཡོད་པར་ལུང་སྟོན་པ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །བགྲོད་པའི་ལམ་ནི་ལྔ་དང་གསུམ་བསྟན་ཏེ། །དེ་ལ་བགྲོད་པས་ཕྱིན་པར་འདོད་པ་ནི། །རྒྱུ་དང་འབྲས་བུ་ཐོབ་པར་འདོད་ཡིན་ན། །རྫོགས་ཆེན་བགྲོད་དུ་མེད་དང་མི་མཐུན་ཏེ། །ཚོགས་དང་སྦྱོར་བ་སྒོམ་མཐོང་ཐོབ་པ་ལྔར། །ཚོགས་གཉིས་བསགས་ནས་གཟུང་འཛིན་གཉིས་ཚོམས་ཏེ། །བསྒོམས་པས་ཆོས་མཐོང་ཐོབ་པའི་འབྲས་བུ་དེ། །བགྲོད་དུ་མེད་པའི་ལམ་དང་མ་ཕྲད་པས། །བདེ་ཆེན་རྩོལ་སྒྲུབ་འདས་པ་མིང་མི་གྲག །འབྲས་བུ་གསང་བར་བསྟན་པ་ལམ་གསུམ་ནི། །དེ་བཞིན་ཉིད་དང་ཀུན་དུ་སྣང་ལ་སོགས། །སྐུ་གསུམ་ལམ་ཞེས་གོམས་པར་བསྒོམས་པ་དེས། །རང་བྱུང་ཆོས་ལ་རྒྱུ་འབྲས་བསྙེན་


DNG005_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བཞིས། །བགྲོད་པས་རྩོལ་སྒྲུབ་འདས་པའི་སར་མི་ཕྱིན། །རང་སེམས་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཡིན་པས། །སྤྲོས་བྲལ་དེ་ན་སངས་རྒྱས་ཐམས་ཅད་བཞུགས། །དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག །རང་སེམས་མ་བསྒྲིབས་ནམ་མཁའ་བཞིན་དུ་གསལ། །དེ་ན་དུས་གསུམ་སངས་རྒྱས་ཐམས་ཅད་བཞུགས། །དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག །རང་སེམས་མ་བཅོས་ཆོས་ཉིད་ཇི་བཞིན་པ། །དེ་ལ་དུས་གསུམ་སངས་རྒྱས་ལྷུན་གྱིས་གྲུབ། །དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག །གལ་ཏེ་མ་རིག་ལམ་ལ་བགྲོད་གྱུར་ན། །ཕྱིན་པའི་དུས་མེད་རྟོགས་ཐོབ་དུས་མེད་དེ། །བགྲོད་པས་སངས་རྒྱས་ས་རུ་ཕྱིན་པ་མེད། །སངས་རྒྱས་རང་སེམས་རྟོག་པ་བྲལ་བ་ཡིན། །བགྲོད་པས་རང་སེམས་རྟོག་བྲལ་དེར་མི་ཕྱིན། །ལྟ་བ་བསྒོམས་པས་ཏིང་འཛིན་ཡུལ་དང་ཕྲད། །ཏིང་འཛིན་དེ་ཡིས་རྟོག་བྲལ་མཉམ་དང་བྲལ། །དམ་ཚིག་བསྲུངས་པས་མ་ཉམས་འཛིན་ལ་གནས། །མ་ཉམས་འཛིན་པས་རྟོག་མེད་མཉམ་དང་བྲལ། །ཕྲིན་ལས་བཙལ་བས་གྲུབ་པའི་ཏིང་འཛིན་བྱེད། །གྲུབ་པའི་ཏིང་འཛིན་མི་རྟོག་མཉམ་དང་བྲལ། །ས་ལ་སྦྱངས་པས་གནས་པའི་ཏིང་འཛིན་བྱེད། །འབྱོངས་པའི་ཏིང་འཛིན་རྟོག་མེད་མཉམ་དང་བྲལ། །ཆོས་ཉིད་བརྟགས་པས་གསལ་བའི་ཏིང་འཛིན་བྱེད། །ཏིང་འཛིན་གསལ་བས་རྟོག་མེད་མཉམ་དང་བྲལ། །ཡེ་ཤེས་གསལ་བར་རྟོགས་པའི་ཏིང་འཛིན་བྱེད། །གསལ་བར་རྟོགས་པའི་ཏིང་འཛིན་མི་རྟོག་བྲལ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདོད་པའི་ཏིང་འཛིན་ཇི་ལྟར་གསལ་བ་དེས། །འདོད་པ་མེད་པ་བདེ་བ་གྲུབ་པར་བྱེད། །བྱ་བྲལ་ཟིན་པའི་བདེ་བ་ཆེན་པོ་དེ། །མི་རྟོག་འདོད་པ་མེད་པ་དེ་ཡིས་བླངས། །ཏིང་འཛིན་མི་བྱེད་བག་ཆགས་མི་སོག་པས། །རང་འབྱུང་ཡེ་ཤེས་ལས་ཀྱི་དབང་མི་འགྱུར། །རང་འབྱུང་ཡེ་ཤེས་ཆོས་སྐུའི་སྙིང་པོ་དེ། །བཙལ་བས་མི་འགྲུབ་རང་བཞིན་གནས་པས་འགྲུབ། །


DNG005_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་བྱ་བའི་དོན་རྣམས་ཀུན་དང་བྲལ། །དོན་ཞེས་བྱ་བའི་མིང་ཙམ་བཏགས་པ་ཡིན། །ཡང་དག་ཉིད་དུ་སངས་རྒྱས་མིང་ཙམ་ཡིན། །སངས་རྒྱས་མིང་དུ་འདོགས་པར་བྱེད་པ་ནི། །ངེས་པའི་ལུང་མིན་དྲང་བའི་ལུང་དུ་བསྟན། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །ཆོས་དང་སངས་རྒྱས་དགེ་འདུན་དཀོན་མཆོག་གསུམ། །ཡོད་པར་མིང་བཏགས་དེ་གཉན་བསྒྲུབ་པ་རུ། །ང་ལས་བྱུང་བའི་འཁོར་ནི་སེམས་ཅན་ལ། །བདེ་འོ་སྐྱིད་དོ་སྡུག་བསྔལ་དེ་བླངས་ནས། །འདི་ལས་མ་གཏོགས་པ་ཡི་བདེ་བ་ནི། །གཞན་མེད་ཟེར་ནས་ལྟ་སྤྱོད་སྣ་ཚོགས་པ། །སྤྱད་པས་གྲུབ་པའི་ལུང་འདི་བསྟན་པ་ཡིན། །བྱ་མེད་ཀུན་བྱེད་ང་ཡི་ལུང་མ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལམ་ལ་བགྲོད་དུ་མེད་པའི་ལེའུ་སྟེ་ང་གཅིག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་བྱ་མེད་རྫོགས་པ་འདོད་པ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ཆོས་རྣམས་ཐམས་ཅད་གྲུབ་འདོད་ན། །འདོད་པའི་ས་ནི་མ་སྒྲུབ་ཅིག །འདོད་པར་བྱེད་པའི་སེམས་དེ་ནི། །མི་ལེན་ཐམས་ཅད་སྤོང་བ་ཡིན། །འདི་ནི་རྒྱུ་འབྲས་འདས་པའི་ཕྱིར། །འབྲས་བུ་འདོད་ནས་རྒྱུ་མི་སྒྲུབ། །མི་རྟོག་རང་བཞིན་གནས་པས་འགྲུབ། །འདོད་པའི་ཏིང་འཛིན་ཐམས་ཅད་སྤོངས། །འདོད་མེད་ཐམས་ཅད་ལེན་པར་བྱེད། །ཏིང་ངེ་འཛིན་པས་འདོད་པ་འཛིན། །འདོད་པ་དེ་ནི་ཡང་དག་མིན། །ཡང་དག་གཟུང་དུ་ཡོད་མ་ཡིན། །བྱས་པའི་ལས་ནི་ཐམས་ཅད་ཀྱིས། །མ་བཙལ་ལྷུན་གྱིས་གྲུབ་པ་སྒྲུབ། །མ་བཙལ་ལྷུན་གྱིས་གྲུབ་པ་དེ། །བྱས་པས་གྲུབ་པ་མ་ཡིན་ཏེ། །མ་བྱས་ཡེ་ནས་ལྷུན་གྱིས་གྲུབ། །འདོད་པས་ཐམས་ཅད་ཀུན་སྤངས་པས། །གྲུབ་པར་བྱེད་པའི་གེགས་སུ་ཆེ། །འདོད་པའི་ཏིང་འཛིན་བག་ཆགས་དེས། །བག་ཆགས་དེ་ནི་སེམས་འཛིན་ཡིན། །འཛིན་པས་བདེ་བ་དེ་སྤོང་བྱེད། །མི་འཛིན་བདེ་བ་ཀུན་ལེན་པས། །ཇི་བཞིན་


DNG005_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་རང་བཞིན་ནོ། །ཇི་བཞིན་བཅོས་པ་མེད་པ་དེ། །སངས་རྒྱས་ཀུན་གྱི་དགོངས་པ་གཅིག །བདེ་བ་ཆེ་ལས་མ་གཏོགས་པ། །འདོད་དང་འཛིན་པ་ག་ལ་ཡོད། །མི་གནས་པ་ལ་དམིགས་པ་མེད། །མི་རྟོག་པ་ལ་འཛིན་པ་མེད། །མེད་པ་དོན་གྱི་སྙིང་པོ་དེ། །འདོད་པ་མེད་པས་ཐོབ་པར་འགྱུར། །གང་ལ་འཛིན་ཆགས་མེད་པ་དེས། །ཏིང་ངེ་འཛིན་ཏེ་འཛིན་པའི་མཆོག །ཀུན་ཟིན་ཡེ་ནས་གྲུབ་ཟིན་པས། །བཏང་གཞག་མི་རྟོག་གྲུབ་པའི་རྒྱལ། །ཀྱེ་སེམས་དཔའ་ཆེན་པོ། སྣ་ཚོགས་བསྒོམས་པས་གཅིག་མི་གསལ། །གསལ་བ་ཏིང་འཛིན་གང་བྱེད་པ། །དེ་ལའང་ཏིང་འཛིན་ཡོད་མ་ཡིན། །དེ་བཞིན་ཉིད་དུ་གཅིག་པ་ལ། །སངས་རྒྱས་སེམས་ཅན་གཉིས་སུ་ཕྱེ། །བདེ་དང་སྡུག་བསྔལ་གཉིས་ཕྱེ་ནས། །བདེ་བ་དང་དུ་བླང་ལུང་བསྟན། །སྡིག་པ་རྒྱབ་ཏུ་བོར་ལུང་བསྟན། །དེ་ནི་ངེས་པའི་ལུང་དང་འགལ། །ཀྱེ་སེམས་དཔའ་ཆེན་པོ། གཅིག་ལ་གཉིས་སུ་མ་འབྱེད་ཅིག །བདེ་བ་སྡུག་བསྔལ་བྱང་ཆུབ་གཅིག །སངས་རྒྱས་སེམས་ཅན་སེམས་སུ་གཅིག །སྣང་སྲིད་སྣོད་བཅུད་ཆོས་ཉིད་གཅིག །བདེན་བརྫུན་གཉིས་ཀྱང་ཆོས་ཉིད་མཉམ། །བདེ་བ་མ་ལེན་སྡུག་མ་སྤོང་། །རང་བཞིན་གནས་པས་ཀུན་ཀྱང་འགྲུབ། །བདེ་ལ་ཆགས་པ་སྡུག་བསྔལ་ཡིན། །ཀུན་གསལ་དེ་ལ་རྟོག་མེད་པས། །དེ་ནི་རང་འབྱུང་ཡེ་ཤེས་ཡིན། །ཡེ་ཤེས་བག་ཆགས་མི་སོག་པས། །ལས་ཀྱིས་གོས་པར་ག་ལ་འགྱུར། །རྒྱུ་འབྲས་ཡེ་ཤེས་ཏིང་འཛིན་རྟོག །རྟོག་པའི་ཡེ་ཤེས་བག་ཆགས་ཅན། །ཡེ་ཤེས་བག་ཆགས་དབང་སྒྱུར་བས། །རྟོག་པའི་ཡེ་ཤེས་བསྒོམ་མི་བྱ། །རྟོག་པའི་ཡེ་ཤེས་བསྒོམ་བྱས་པས། །མི་རྟོག་མཉམ་དང་བྲལ་བར་འགྱུར། །ཏིང་འཛིན་རྩོལ་བའི་ནད་ཀྱིས་ཟིན། །ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་ང་ནི་བྱང་ཆུབ་སེམས། །ཐམས་ཅད་བྱང་ཆུབ་སེམས་ཡིན་ལ། །བྱང་ཆུབ་སེམས་ལས་


DNG005_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མེད། །སེམས་ལས་སྤྲུལ་པའི་ཆོས་ནི་སྣ་ཚོགས་ཏེ། །སྣ་ཚོགས་སྤྲུལ་པ་ཅིར་ཡང་སྣང་བ་ནི། །སེམས་ཅན་གཟུགས་དང་དབྱིབས་དང་ཁ་དོག་དང་། །ཇི་ལྟར་སྣང་བ་དེ་ལ་དད་པ་རེ། །དད་པ་དེ་ཡིས་འཐད་པའི་ཆོས་སྟོན་པ། །དེ་ནི་ཡེ་ཤེས་ཐུགས་རྗེ་སྤྲུལ་པར་བཤད། །དེ་ཡང་རང་བཞིན་ཆོས་ལ་གཡོས་པ་མེད། །སངས་རྒྱས་རང་བཞིན་ཆོས་ལ་གཡོས་མེད་པས། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ཡིན། །ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་ལས་ནི་སེམས་ཅན་གུད་ན་མེད། །སེམས་ཅན་མི་རྟོག་སངས་རྒྱས་དགོངས་པ་ཡིན། །བྱང་ཆུབ་སེམས་མ་བྱུང་གི་བར་དུ་ནི། །སངས་རྒྱས་དང་ནི་སེམས་ཅན་གཉིས་ཀ་མེད། །དེ་བས་སངས་རྒྱས་ཀུན་པས་སེམས་ཉིད་བསྔགས། །སེམས་ཉིད་མི་འགྱུར་འགྱུར་བ་ཡེ་ནས་མེད། །ཆོས་ཉིད་བསྒྱུར་བས་གཡོས་པ་རྡུལ་མེད་པར། །གཅིག་ལ་རིམ་པ་དགུ་དང་བརྒྱད་ཁྲི་སྟོང་། །འབྱེད་པའི་སྟོན་པས་གཅིག་གི་དོན་མི་རྟོགས། །གཅིག་མ་རྟོགས་པས་ཀུན་དོན་རྟོགས་མི་འགྱུར། །དེས་ན་སེམས་གཅིག་དོན་དེ་རབ་ཏུ་རྟོགས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མ་གཡོས་འདོད་པ་མེད་པའི་ལེའུ་སྟེ་ང་གཉིས་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་གཡོས་པ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ད་རྟོགས་ཤིག །ང་རྟོགས་ཆོས་རྟོགས་གཡོས་པ་མེད། །ཀུན་བྱེད་རྒྱལ་པོ་སྟོན་པ་ང་ཉིད་ནི། །བྱང་ཆུབ་སེམས་ལ་གཡོས་པ་མེད་པ་དེ། །ཐམས་ཅད་བྱང་ཆུབ་སེམས་ལས་གཡོས་མེད་ཅིང་། །རང་འབྱུང་ཡེ་ཤེས་རྒྱུ་རྐྱེན་མེད་པ་དེ། །རྒྱུ་དང་འབྲས་བུ་ཀུན་ལས་ཤིན་ཏུ་རྒྱལ། །རྒྱུ་འབྲས་ཐེག་པ་ཅན་ལ་ཤིན་ཏུ་གསང་། །མ་སྐྱེས་རྡོ་རྗེ་ཆོས་ཀྱི་དབྱིངས་ན་རྒྱལ། །རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང་། །སེམས་ཉིད་མ་འགགས་ནམ་མཁའི་དབྱིངས་ན་རྒྱལ། །རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང་། །སྣང་སྲིད་སྣོད་བཅུད་མ་བཅོས་


DNG005_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་རྒྱལ། །རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང་། །ནམ་མཁའ་རླུང་ཆུ་ས་མེ་སྣང་བ་ལྔ། །བྱང་ཆུབ་སེམས་ཀྱི་ངོ་བོར་ཤིན་ཏུ་རྒྱལ། །རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང་། །ཁམས་གསུམ་དུས་གསུམ་ཐུགས་རྗེ་ཡེ་ཤེས་རྒྱལ། །རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང་། །བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་བྱེད་ལ། །མ་ཡལ་མ་ཞི་རང་བཞིན་ཞི་བ་མེད། །ཆོས་དབྱིངས་རང་བཞིན་སྤྲོས་མེད་ཞི་བ་དེ། །མ་ཡལ་མ་ཞི་རང་བཞིན་སྤྲོས་པ་མེད། །རང་འབྱུང་ཡེ་ཤེས་མ་བསྒྲིབས་གསལ་བ་དེ། །མཁའ་ལ་མ་ཡལ་མ་ཞི་ཞི་བ་མེད། །སྣང་སྲིད་སྣོད་བཅུད་ཆོས་ཉིད་རང་བཞིན་ཏེ། །མ་ཡལ་མ་ཞི་རང་བཞིན་ཞི་བ་མེད། །ཆོས་རྣམས་ཐམས་ཅད་མ་ཡལ་མ་ཞི་བ། །རང་བཞིན་གསལ་ཏེ་ངོ་བོ་གཡོས་པ་མེད། །གཡོས་མེད་ཆོས་ལ་རྒྱུ་འབྲས་སྒྲུབ་བྱེད་པ། །དེ་ནི་ང་ཡི་ལུང་མིན་འདོད་ལུང་ཡིན། །ང་ནི་འདོད་པ་མེད་པས་ཀུན་གྲུབ་སྟེ། །མི་འདོད་འདོད་པ་མེད་པར་རང་བཞིན་འགྲུབ། །གྲུབ་ཅེས་བྱ་བ་ང་ཡིས་སྨྲས་པ་མེད། །རྒྱུ་འབྲས་གྲུབ་འདོད་རྣམས་ཀྱི་ཚིག་ཏུའོ། །ང་ནི་སྒྲོ་དང་སྐུར་པའི་སྒྲ་རུ་ཆེ། །ཡོད་དང་མེད་དང་གྲུབ་དང་མ་གྲུབ་དང་། །སྒྲོ་དང་སྐུར་པ་བཏབ་པ་ཐམས་ཅད་ཀུན། །མི་རྟོག་པས་ནི་མཉམ་པ་ཉིད་དུ་གནས། །མཉམ་པ་ཉིད་ལས་མ་གཏོགས་གཞན་པ་ནི། །སངས་རྒྱས་ཀུན་གྱི་མེས་པོ་ངས་མ་གསུངས། །མ་གསུངས་དགོངས་པ་སངས་རྒྱས་ཀུན་མི་སྟོན། །གསུངས་པ་ཐམས་ཅད་ང་ཡི་ངོ་བོ་གསུངས། །ངོ་བོ་རང་བཞིན་ཆོས་རྣམས་ཐམས་ཅད་ཡིན། །རང་བཞིན་རྣམ་དག་མཉམ་པའི་རྒྱལ་པོ་དེ། །མི་འགྱུར་རང་བཞིན་ཆགས་པ་ཀུན་དང་བྲལ། །གཟུང་བའི་ཡུལ་མེད་སེམས་ཀྱི་གནས་ཀྱང་མེད། །དེ་ལ་མངོན་སུམ་ཐོབ་པར་སུ་འདོད་པ། །འདོད་པ་དེ་ནི་ཆགས་པའི་གནས་ཡིན་ཏེ། །དེ་ལ་མི་རྟོག་མཉམ་པའི་དགོངས་པ་དེ། །ཆོས་ཉིད་ཡེ་ནས་རང་བཞིན་གནས་པ་ལ། །དེ་བཙལ་བསམ་པས་འདོད་སྒྲུབ་བྱེད་པ་ནི། །རང་སེམས་གཞན་དུ་ཚོལ་བར་བྱེད་པ་


DNG005_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དེ་ཡིས་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས། །ཁམས་གསུམ་གནས་དང་སྲིད་པའི་ཆོས་བཤིག་ཀྱང་། །རང་སེམས་རང་བཞིན་གནས་པ་དེ་མི་རྙེད། །རང་གི་སེམས་ནི་ནམ་མཁའི་རང་བཞིན་ཏེ། །མཐའ་ལ་ཐུག་པ་མེད་པས་དབྱིངས་ལ་བྲི་བ་མེད། །རང་སེམས་ནམ་མཁའ་རང་བཞིན་དེ་མི་རིག །ཆོས་ཀྱི་རང་བཞིན་ཀུན་ཀྱང་དེ་ལྟ་སྟེ། །ཇི་བཞིན་པ་ལ་ཀུན་ཀྱང་བཅོས་པ་མེད། །འཆོས་པ་རོལ་པའི་ཏིང་འཛིན་ཅི་བྱས་ཀྱང་། །ཇི་བཞིན་པ་ལ་ངོ་བོ་འགྱུར་བ་མེད། །འགྱུར་ཏེ་ལྷག་པའི་སྟོབས་གཅིག་ཆེ་འགྱུར་ན། །ཏིང་འཛིན་གཅིག་གིས་འཁོར་བ་ལྷག་མ་མེད། །སྨྲ་ཡང་ཇི་བཞིན་པ་ལ་འགྱུར་བ་མེད། །རང་བཞིན་ཆེ་བའི་ཡུལ་ལ་རང་བཞིན་གནས། །རང་བཞིན་མ་བཅོས་པ་ཡི་མིང་ཡིན་ལ། །ཆེ་བ་མ་བཅོས་པ་ལ་ལམ་ཞེས་བརྗོད། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དང་ནི། །སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ། །བཟང་ངན་ཆེ་ཆུང་ཁྱད་པར་ཡོད་མ་གསུངས། །མི་རྟོག་ཆོས་ཉིད་མཉམ་པ་ཉིད་དུ་གནས། །མཉམ་པས་ཆོས་དང་ཆོས་མིན་གཅིག་ཀྱང་མེད། །སེམས་ཅན་རྒྱུ་མེད་སངས་རྒྱས་འབྲས་བུ་མེད། །རྒྱུ་འབྲས་སྟོན་པ་སྟོན་པ་ཉིད་ལུང་ནོར། །དེ་བས་ང་ལས་བྱུང་བའི་ཆོས་མཉམ་པས། །ང་ལས་བྱུང་བ་བཟང་ངན་མེད་མཉམ་གཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀྱི་རང་བཞིན་གཡོས་པ་མེད་པའི་ལེའུ་སྟེ་ང་གསུམ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་རང་འབྱུང་གི་ཡེ་ཤེས་ཡིན་ལ། རང་འབྱུང་གི་ཡེ་ཤེས་དེ་དོན་གྱི་ངོ་བོ་ལྔ་དང་ལྡན་ཏེ་གང་ཞེ་ན། དོན་ཆོས་ཐམས་ཅད་འབྱུང་བའི་སྙིང་པོ་དང་། དོན་མ་ནོར་ངེས་པའི་ངོ་བོ་དང་། དོན་རྒྱུ་འབྲས་འདས་པའི་ངོ་བོ་དང་། དོན་བྱར་མེད་པའི་ངོ་བོ་དང་། དོན་ཆོས་ཐམས་ཅད་གཏན་ལ་འབེབས་པའི་ངོ་བོ་དང་ལྔའོ། །དེ་ལ་རང་འབྱུང་གི་ཡེ་ཤེས་དེ་ལ་བསྡུས་པའི་མདོ་ལུང་


DNG005_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལྔ། ཕྱེ་བའི་མདོ་ལུང་ནི་ལྔ་བཅུ་རྩ་བདུན་པོ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་དོན་འདི་ཉོན་ཅིག །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །རང་འབྱུང་ཡེ་ཤེས་ཆེན་པོ་གཅིག་ལ་ནི། །རང་འབྱུང་ཡེ་ཤེས་བསྡུས་པ་ལྔ་ལས་ནི། །ཕྱེ་བའི་མདོ་ལུང་ལྔ་བཅུ་རྩ་བདུན་ཏེ། །ང་ཡི་ངོ་བོ་ལྔ་བཅུ་རྩ་བདུན་ཡིན། །དེ་ཡི་ངོ་བོ་ཇི་ལྟར་ཡིན་ཞེ་ན། །ཡེ་ཤེས་ངོ་བོ་ཆོས་ཀྱི་སྙིང་པོ་ལས། །མངོན་དུ་ཕྱུང་བའི་མདོ་ལུང་བཅུ་ཡང་བསྟན། །ཡེ་ཤེས་མ་ནོར་ངེས་པའི་ངོ་བོ་ལས། །མ་ནོར་ངེས་པའི་མདོ་ལུང་བཅུ་ཡང་བསྟན། །ཡེ་ཤེས་རྒྱུ་འབྲས་འདས་པའི་ངོ་བོ་ལས། །རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་ཡང་འབྱུང་། །ཡེ་ཤེས་བྱ་བ་མེད་པའི་ངོ་བོ་ལས། །བྱ་མེད་རྫོགས་པའི་མདོ་ལུང་བཅུ་ཡང་འབྱུང་། །ཡེ་ཤེས་གཏན་ལ་འབེབས་པའི་ངོ་བོ་ལས། །གཏན་ལ་འབེབས་པའི་མདོ་ལུང་བཅུ་ཡང་འབྱུང་། །སེམས་ཉིད་ཡེ་ཤེས་ངོ་བོ་རྣམ་ལྔ་ལས། །མདོ་ལུང་བཅུ་ཚན་རྣམ་པ་ལྔ་བྱུང་ནི། །རང་བཞིན་ངོ་བོ་ཡིད་ཆེས་ལྔ་བསྟན་ཡིན། །བདུན་ནི་ངེས་པར་བསྟན་པའི་ལེའུ་བདུན་གྱིས། །གཅིག་གིས་གཞི་བསྟན་གཅིག་གིས་གདམས་པ་བསྟན། །ལྔ་ཡིས་སོ་སོ་དགོས་པ་ལྔ་ཡང་བསྟན། །དེ་ཡི་དོན་གྱི་བྱེ་བྲག་བསྟན་པ་ནི། །དབང་པོ་ཆོས་ཉིད་མཐོང་བར་བྱ་བའི་ཕྱིར། །མངོན་དུ་ཕྱུང་བའི་མདོ་ལུང་བཅུ་ཡང་བསྟན། །ཡིན་མིན་ཡིད་ཆེས་རྟོག་པ་བསལ་བའི་ཕྱིར། །མ་ནོར་ངེས་པའི་མདོ་ལུང་བཅུ་ཡང་བསྟན། །ཀུན་བྱེད་རྒྱལ་པོའི་རང་འབྱུང་ཡེ་ཤེས་དེ། །རྒྱུ་རྐྱེན་དག་ལ་རག་མ་ལས་པའི་ཕྱིར། །རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་ཡང་བསྟན། །ཀུན་བྱེད་རྒྱལ་པོའི་རང་འབྱུང་ཡེ་ཤེས་དེས། །བྱ་བྱེད་རྩོལ་སྒྲུབ་བྱ་མི་དགོས་པའི་ཕྱིར། །བྱ་མེད་རྫོགས་པའི་མདོ་ལུང་བཅུ་ཡང་བསྟན། །ཀུན་བྱེད་རྒྱལ་པོའི་རང་འབྱུང་ཡེ་ཤེས་དེས། །ཉིད་ཀྱི་རང་བཞིན་གཏན་ལ་འབེབས་པའི་ཕྱིར། །གཏན་ལ་འབེབས་པའི་མདོ་ལུང་བཅུ་ཡང་བསྟན། །དེ་ལ་དོན་གྱི་


DNG005_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ལྔ་ཡོད་དེ། །ཆོས་ཉིད་མངོན་དུ་ཕྱུང་བའི་མདོ་ལུང་ལ། །ཆོས་ཉིད་མངོན་དུ་མཐོང་བའི་དགོས་པ་ཡོད། །ཆོས་ཉིད་མ་ནོར་མངོན་དུ་མཐོང་བ་དེས། །ལྟ་སྤྱོད་དམ་ཚིག་ལམ་ལ་བགྲོད་མི་དགོས། །མ་ནོར་ངེས་པར་སྟོན་པའི་མདོ་ལུང་ལ། །མ་ནོར་ཡིད་ཆེས་ངེས་པའི་དགོས་པ་ཡོད། །སེམས་ཉིད་མ་ནོར་ཡིད་ཆེས་མངོན་པ་དེས། །སངས་རྒྱས་བསྒྲུབ་མི་དགོས་པའི་དགོས་པ་ཡོད། །རྒྱུ་རྐྱེན་རག་མ་ལུས་པའི་མདོ་ལུང་ལ། །རྩོལ་སྒྲུབ་བྱ་མི་དགོས་པའི་ཡོན་ཏན་ཡོད། །རྩོལ་ཞིང་སྒྲུབ་པ་བྱ་མི་དགོས་པ་དེས། །མི་རྩོལ་བདེ་ལ་གནས་པའི་དགོས་པ་ཡོད། །བྱ་མེད་རྫོགས་པའི་མདོ་ལུང་བསྟན་པ་ལ། །མ་བྱས་རང་བཞིན་རྫོགས་པའི་དགོས་པ་ཡོད། །བྱ་མེད་རང་བཞིན་རྫོགས་པའི་དགོས་པ་དེས། །ཡེ་ནས་ལྷུན་གྱིས་རྫོགས་པའི་དགོས་པ་ཡོད། །གཏན་ལ་འབེབས་པའི་མདོ་ལུང་བསྟན་པ་ལས། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་དང་། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །རྒྱུ་མེད་ངེས་པ་རང་འབྱུང་བྱ་མེད་པར། །མདོ་ལུང་ལྔ་དང་མཐུན་པར་གཏན་ལ་འབེབས། །གཏན་ལ་འབེབས་པའི་མདོ་རྩ་བསྟན་པ་ནི། །དུས་གསུམ་སངས་རྒྱས་དང་པོར་ལུང་བསྟན་པ། །ཆོས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་ལ། །སྔ་ཕྱི་དུས་གསུམ་ལྟ་བའི་སེམས་ཅན་རྣམས། །ཕྱི་བ་དྲན་མེད་སྔ་པ་བག་ཆགས་འགགས། །སེམས་ཅན་ནམ་མཁའི་ཆོས་ཉིད་མི་ཤེས་མཐོང་། །སངས་རྒྱས་སངས་རྒྱས་ཞེས་བྱའི་ངེས་ཚིག་ནི། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །སྤྲོས་མེད་དབྱིབས་དང་དབང་པོའི་སྤྱོད་ཡུལ་སངས། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་ཅིང་རྒྱས། །སངས་རྒྱས་མིང་དུ་བཏགས་པ་ང་ཡིས་མེད། །ཁམས་ཞེས་བྱ་བའི་གཏན་ཚིགས་བསྟན་པ་ནི། །མང་ཞིང་རྒྱ་ཆེ་བ་ཡི་མཚན་ཉིད་དེ། །ཁམས་གསུམ་སེམས་ཅན་གཅིག་གི་དབང་པོ་ཡིས། །དཔག་གིས་མི་ལང་བས་ན་ཁམས་ཞེས་བཏགས། །ཡང་དག་


DNG005_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་མིང་དུ་བཏགས་པ་མེད། །སེམས་ཞེས་བྱ་བའི་ངེས་ཚིག་བསྟན་པ་ནི། །རྒྱུ་རྐྱེན་མེད་པའི་རང་འབྱུང་ཡེ་ཤེས་དེས། །མ་འགགས་ཀུན་ལ་དབང་པོ་སྒོ་ལྔར་གསལ། །དེ་ལ་སེམས་ཞེས་བྱ་བར་གསལ་བར་བཤད། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །སྐྱེ་བ་མེད་ལས་ཆོ་འཕྲུལ་སྣང་བ་དེ། །སྣ་ཚོགས་སྲིད་པས་སྣང་སྲིད་ཅེས་སུ་བཏགས། །སྣོད་དང་བཅུད་ཅེས་བྱ་བར་བསྟན་པ་ནི། །འབྱུང་ལྔ་སྣོད་ཀྱི་ནང་ན་རྒྱུད་དྲུག་བཅུད། །གནས་པས་སྣོད་བཅུད་ཅེས་སུ་བཏགས་པ་ཡིན། །ཀུན་བྱེད་བྱ་བ་ལྷག་མ་མ་ལུས་པ། །བསྡུས་པས་ཀུན་བྱེད་རྒྱལ་པོའི་རང་བཞིན་ལྔར། །མདོ་ལུང་ལྔ་བཅུ་རྩ་བདུན་བྱུང་ནས་བསྡུས། །ཀུན་བྱེད་རང་བཞིན་ལྔ་རུ་འདུས་པར་བསྟན། །སྙིང་པོ་མངོན་དུ་འབྱིན་པའི་རང་བཞིན་དང་། །མ་ནོར་ངེས་པར་སྟོན་པའི་རང་བཞིན་དང་། །རང་འབྱུང་རྒྱུ་འབྲས་འདས་པའི་རང་བཞིན་དང་། །བྱ་བྱེད་རྩོལ་སྒྲུབ་འདས་པའི་རང་བཞིན་དང་། །མཐུན་པར་གཏན་ལ་འབེབས་པའི་རང་བཞིན་དང་ལྔའོ་ཞེས་གསུངས་སོ། །ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །སེམས་དཔའ་རྡོ་རྗེ་བདག་གི་རིག་པ་ཡིས། །ཀུན་བྱེད་རང་འབྱུང་ཡེ་ཤེས་གཅིག་ངོ་ལ། །དགོས་པ་ཕུན་སུམ་ཚོགས་པ་ལྔ་བྱུང་སྟེ། །རང་འབྱུང་ཡེ་ཤེས་ཆོས་ཀྱི་སྙིང་པོ་ལས། །སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་ཀུན། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་པས། །ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས། །རང་འབྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །དོན་དམ་ཀུན་རྫོབ་བདེན་བརྫུན་གཉིས་མེད་པར། །མ་ནོར་ངེས་པའི་བྱང་ཆུབ་སེམས་སྟོན་པས། །ཐེ་ཚོམ་སོམ་ཉི་མེད་པར་ཡིད་ཀྱང་ཆེས། །རང་འབྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །རྒྱུ་ལ་མི་བརྟེན་རྐྱེན་ལ་མི་སྒྲུབ་པས། །གཞན་ལ་རག་མ་ལས་པའི་རང་བཞིན་གྱིས། །རང་འབྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །རང་འབྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །རྒྱུ་རྐྱེན་མེད་པར་ལྷུན་གྱིས་གྲུབ་པའི་ཕྱིར། །ཕྲིན་ལས་བཙལ་ཞིང་བྱ་


DNG005_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བྱ་མི་དགོས། །མ་བཙལ་ལྷུན་གྱིས་གྲུབ་པར་ཡིད་ཀྱང་ཆེས། །རང་འབྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །རང་འབྱུང་ཡེ་ཤེས་ཡེ་ནས་མ་བསྒྲིབས་པས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་གསལ། །ཆོས་རྣམས་ཐམས་ཅད་གཏན་ལ་འབེབས་པའི་ཕྱིར། །སྟོན་པའི་སྒྲོན་མ་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མདོ་ལུང་ཐམས་ཅད་ཀུན་བྱེད་ཉིད་ཀྱི་རང་བཞིན་དུ་བསྡུས་ནས་བསྟན་པའི་ལེའུ་སྟེ་ང་བཞི་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་བྱང་ཆུབ་སེམས་ལས་གཞན་མེད་པའི་མདོ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་སྲིད་སྣོད་བཅུད་བསྡུས་པ་དང་། །དོན་དང་ཚིག་ཏུ་བརྗོད་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཡིན་པ་ནི་འདི་ལྟ་སྟེ། །ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་འདི་ཡང་། །མ་སྤྲོས་མ་བསྒྲིབས་པ་ཡི་བྱང་ཆུབ་སེམས། །འདི་ལས་གཞན་ཡིན་བདག་གིས་གསུངས་པ་མེད། །ནམ་མཁའ་རླུང་ཆུ་ས་མེ་སྣང་བ་ཡང་། །བྱང་ཆུབ་སེམས་ཀྱི་ངོ་བོ་བསྟན་པ་ཡིན། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ཡང་། །བྱང་ཆུབ་སེམས་ཀྱི་ངོ་བོ་གསུམ་སྣང་ཡིན། །དེ་སྟོན་པ་ཡི་སྟོན་པ་སྐུ་གསུམ་ཡང་། །བྱང་ཆུབ་སེམས་ཀྱི་རང་བཞིན་རྣམ་གསུམ་ཡིན། །སེམས་ཉིད་ཡེ་ཤེས་མ་འགགས་འདོད་ཁམས་སྣང་། །སེམས་ཉིད་ངོ་བོ་སྣང་བ་གཟུགས་ཀྱི་ཁམས། །སེམས་ཀྱི་རང་བཞིན་མ་སྐྱེས་གཟུགས་མེད་ཁམས། །རང་བཞིན་མ་སྐྱེས་སྤྲོས་བྲལ་ཆོས་ཀྱི་སྐུ། །སེམས་ཉིད་ཉིད་ལ་ཉིད་སྤྱོད་ལོངས་སྤྱོད་རྫོགས། །སེམས་ལས་སེམས་སྤྲུལ་སེམས་ཀྱི་དོན་མཛད་སྤྲུལ། །དམྱལ་བ་ལ་སོགས་འགྲོ་བ་རིས་དྲུག་གི། །ཚ་གྲང་བཀྲེས་སྐོམ་བླུན་ལྐུགས་ལྟུང་འགྱུར་རྣམས། །མི་རྟོག་མཉམ་པས་ཇི་བཞིན་ཆོས་ཉིད་གྲོལ། །རང་འབྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །ལས་ཀྱི་


DNG005_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་སྐྱོན་ཡོན་ཀུན་དང་བྲལ། །ཡོན་ཏན་མི་ལེན་སྐྱོན་རྣམས་མི་དོར་བས། །བདེ་བ་མི་སྒྲུབ་སྡུག་བསྔལ་སྤང་དུ་མེད། །ཇི་བཞིན་པ་ལ་ཡེ་ནས་གཡོས་པ་མེད། །དེ་བཞིན་བསྒྱུར་བས་འགྱུར་བའི་ཆོས་གང་མེད། །འདོད་པས་ལེན་པས་ཐོབ་པའི་ཆོས་ཀྱང་མེད། །ཆོས་རྣམས་རང་བཞིན་འབྱུང་བའི་མཚན་ཉིད་ནི། །སེམས་ལས་རང་འབྱུང་ཡེ་ཤེས་འབྱུང་བ་འདྲ། །འདྲ་ཞེས་མིང་བཏགས་རང་འབྱུང་ཡེ་ཤེས་ཡིན། །རང་འབྱུང་ཡེ་ཤེས་ཆོས་ཉིད་ཡུལ་གཅིག་ལ། །ཆོས་གཞན་མཐོང་ནས་ཡེ་ཤེས་དེ་སྤོང་བྱེད། །རང་འབྱུང་ཡེ་ཤེས་དེ་དང་ཕྲད་མི་འགྱུར། །སྤོང་འགེགས་ཡུལ་ཅན་དག་ལ་མིང་མི་གྲག །དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱིས། །སྦྱངས་ཀྱང་བསྐལ་པ་གསུམ་གྱི་བར་དུ་ཐོགས། །དག་གསུམ་སྤྱོད་དང་མཚན་མེད་སྒོར་ཞུགས་ནས། །བྱང་ཆུབ་ཡན་ལག་ཀུན་གྱི་སྒོར་ཞུགས་ནས། །ཆོ་ག་རྫོགས་པའི་ཏིང་འཛིན་རིམ་པ་ཡིས། །རང་འབྱུང་ཡེ་ཤེས་ཚེ་བདུན་བར་དུ་སྤངས། །ཐབས་དང་ཤེས་རབ་གཉིས་མེད་སྒོར་ཞུགས་ནས། །སྐྱེ་མེད་ཤེས་རབ་ཐབས་ཀྱིས་བསྐྱོད་འགྱུར་ནས། །སྣང་ལ་རང་བཞིན་མེད་པར་རང་བསྒོམས་ནས། །ཆོ་ག་ལྔ་དང་ཡོ་བྱད་ཡན་ལག་དང་། །དམ་ཚིག་ཚུལ་དང་རབ་ཏུ་བརྩོན་འགྱུར་ན། །རིག་འཛིན་ས་སྟེ་ལོ་སྟོང་དྲུག་བརྒྱ་རུ། །ལོངས་སྐུ་འདོད་པའི་ཏིང་འཛིན་ཡེངས་མེད་བྱེད། །ལོངས་སྐུ་ཐོབ་ནས་རང་སེམས་བཟོད་ཚོལ་ལྟ། །སྟོང་ཕྲག་གཅིག་ན་མི་རྟོག་མཉམ་བཟོད་རྙེད། །ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉིད་ཀྱང་། །ང་ལུང་མ་ནོར་ཁྱོད་ཀྱིས་ད་སྟོན་ཅིག །ཀྱེ་སེམས་ཅན་ལྷ་མི་རྣམས་ནི་ཤེས་པ་རྩིང་། །དབང་པོ་ཡུལ་ལ་ཡེངས་པའི་རང་བཞིན་གྱིས། །སེམས་ཅན་མི་ཤེས་གང་བསྟན་ཚིམ་པ་ལ། །མ་ནོར་ངེས་པའི་ལུང་ཆེན་མ་བསྟན་པར། །རྒྱུ་འབྲས་དྲང་ལུང་དོན་དམ་ཀུན་རྫོབ་བསྟན། །བདེན་བརྫུན་གཉིས་ཀྱིས་ཤེས་པ་དེ་ཚིམ་ནས། །བསྐལ་པ་ཡུན་རིངས་བདེན་བརྫུན་


DNG005_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་གནས། །དེ་བས་དང་པོར་རང་སེམས་མ་ནོར་བསྟན། །བསྟན་པས་མ་ནོར་བཙལ་མེད་ལམ་ཕྲད་ནས། །ད་ལྟ་ཉིད་ནས་མི་རྩོལ་ས་ལ་གནས། །བཙལ་དུ་མེད་པའི་ལམ་དང་དེ་ཕྲད་འགྱུར། །ཏིང་འཛིན་བསྒོམ་མི་དགོས་དང་དེ་ཕྲད་འགྱུར། །མི་རྩོལ་བདེ་ལ་གནས་པ་དེ་ཡིས་ཐོབ། །མ་ནོར་ངེས་པར་རང་སེམས་དེ་ཐོབ་པས། །མ་བཙལ་ལྷུན་གྱིས་གྲུབ་པའི་ཡོན་ཏན་ནི། །སེམས་བསྐྱེད་མི་དགོས་ལམ་ལ་བགྲོད་མི་དགོས། །ས་ལ་མི་སྦྱོང་ལྟ་བ་བསྒོམ་མི་དགོས། །སྡོམ་པ་ཚུལ་ཁྲིམས་དམ་དུ་གཉེར་མི་དགོས། །ཀྱེ་སེམས་དཔའ་ཆེན་པོ་ལུང་སྟོན་ཅིག །འཇིག་རྟེན་མཚན་མའི་ཆོས་འདི་བསྒྲུབ་པ་བཞིན། །ལུས་ཀྱི་ལས་སུ་བྱ་བྱེད་ལྷ་མི་སྒོམ། །ངག་གི་ལས་སུ་སྔགས་དང་ཚིག་མི་བརྗོད། །ཡིད་ཀྱི་ལས་སུ་ཏིང་འཛིན་གསལ་མི་སྒོམ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་མེད་པའི་ལེའུ་སྟེ་ང་ལྔ་པའོ།། །དེ་ནས་སེམས་དཔའ་རྡོ་རྗེ་དེས། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེ་ཆོས་ཐམས་ཅད་ཀྱི་ངོ་བོ་དང་བྱེད་པ་པོ་ཡིན་པར་ཉིད་ཀྱི་འཁོར་ཐམས་ཅད་ལ་ཚིག་བསྒྲགས་པ་དང་རྟོགས་པ་ཕུལ་བ་འདི་བསྒྲགས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །བདག་གིས་ཁྱོད་ཀྱི་རང་བཞིན་རྟོགས་པ་ནི། །ཆོས་རྣམས་ཐམས་ཅད་ཁྱོད་ཀྱི་རང་བཞིན་གཅིག །ཆོས་ཉིད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དེ། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ཁང་འདི་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །སྐྱེ་མེད་ཆོས་ཀྱི་སྐུ་ཡི་སྟོན་པ་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །འདོད་སྤྱོད་ལོངས་སྤྱོད་རྫོགས་པའི་སྐུ་འདི་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །ཐུགས་རྗེ་ཡེ་ཤེས་སྤྲུལ་པའི་སྐུ་འདི་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །འདོད་པའི་ཁམས་ཀྱི་འདོད་ཆགས་ཁམས་


DNG005_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །གཟུགས་ཀྱི་ཁམས་ཀྱི་ང་རྒྱལ་ཁམས་འདི་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །གཟུགས་མེད་ཁམས་ཀྱི་ཡིད་ཀྱི་ལུས་འདི་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །སྔ་རབས་འདས་པའི་སངས་རྒྱས་ཉིད་ལ་གནས་པ་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །ད་ལྟར་བཞུགས་པའི་སངས་རྒྱས་དོན་མཛད་ཀྱང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །སླད་ཀྱིས་འབྱོན་པའི་ཉིད་ལས་འབྱུང་བ་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །རྣལ་འབྱོར་རྣམ་བཞི་ཉིད་ལ་ལྟ་བ་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །སྣང་སྲིད་སྣོད་བཅུད་འབྱུང་བ་ལྔ་བསྡུས་པ། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །ཀུན་བྱེད་རྒྱལ་པོ་ལས་ནི་མ་གཏོགས་པ། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་དང་། །ཆོས་སུ་གྲགས་པས་བསྡུས་པ་ཐམས་ཅད་ལ། །)ཀུན་བྱེད་རྒྱལ་པོ་ལས་ནི་གཞན་མི་སྣང་། །ཞེས་སེམས་དཔའ་རྡོ་རྗེས་བསྒྲགས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སེམས་དཔའ་རྡོ་རྗེས་ཀུན་བྱེད་ཀྱི་རང་བཞིན་རྟོགས་པའི་སྒོ་ནས་བསྒྲགས་པའི་ལེའུ་སྟེ་ང་དྲུག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སེམས་དཔའ་རྡོ་རྗེ་ལ་བསྟན་པ་གཏད་པའི་ལེའུ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་འདི་ཟུང་ཤིག །ཁྱོད་ནི་རང་འབྱུང་ཡེ་ཤེས་ཏེ། །ཁྱོད་ནི་ང་ཡིས་སྙིང་པོ་འབྱུང་། །ང་ཡི་རང་བཞིན་འདི་ཟུང་ཤིག །ང་ཡི་རང་བཞིན་རྣམ་གསུམ་ལས། །སྐུ་གསུམ་སྟོན་པ་བྱུང་བ་ཡང་། །དེ་ཡི་རང་བཞིན་ཁྱོད་ཀྱིས་ཟུང་། །དེ་ཡི་བསྟན་པ་རྣམ་གསུམ་ཡང་། །བསྟན་པ་སྨྲ་བའི་སེང་གེ་གྱིས། །དུས་གནས་འཁོར་ལ་སོགས་པ་ཡང་། །ཉིད་ཀྱིས་བྱས་པར་ལུང་སྟོན་ཅིག །ཀུན་བྱེད་ང་ཡི་རང་བཞིན་ནམ། །ཀུན་བྱེད་ང་ཡི་མཚན་བཤད་བཞིན། །ཁྱོད་ཀྱིས་ང་ཡི་རང་བཞིན་ཟུང་། །ང་ནི་ཀུན་གྱི་རང་བཞིན་ཡིན། །སངས་རྒྱས་མེས་


DNG005_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ང་ཡིན་གྱིས། །སངས་རྒྱས་ཀུན་གྱི་མེས་པོ་གྱིས། །ཀུན་བྱེད་རྒྱལ་པོ་ང་ཉིད་ནི། །སྐུ་གསུམ་སྟོན་པའི་ཕ་ཡིན་གྱིས། །ཁྱོད་ཀྱིས་སྐུ་གསུམ་ཕ་མ་གྱིས། །དུས་གསུམ་སངས་རྒྱས་མེས་པོ་གྱིས། །སེམས་ཅན་ཀུན་གྱི་ཡང་མེས་པོ། །སྨྲ་བའི་སེང་གེ་སྨྲ་བའི་ཚེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སེམས་དཔའ་ཆེན་པོ་ཉིད་དང་ནི། །ཀུན་བྱེད་རྒྱལ་པོ་ང་ལས་ནི། །གཞན་ཡིན་སྨྲ་བར་མ་བྱེད་ཅིག །སྐུ་གསུམ་བསྟན་པའི་ནང་ནས་ནི། །རྒྱུ་དང་འབྲས་བུ་རྣམ་གཉིས་ལས། །རྒྱུ་ལ་བསྒྲུབས་ནས་འབྲས་བུར་འདོད། །སེམས་ཅན་སངས་རྒྱས་མིང་བཏགས་ནས། །སེམས་ཀྱིས་སངས་རྒྱས་འབྲས་བུར་སྒྲུབ། །འདི་ནི་ང་ཡི་བསྟན་པ་མིན། །ཀུན་བྱེད་ང་ཡི་རང་བཞིན་ནི། །རྒྱུ་དང་འབྲས་བུ་གཉིས་ལས་འདས། །སེམས་ཅན་སངས་རྒྱས་གཉིས་མེད་པས། །སངས་རྒྱས་སེམས་ཀྱིས་སྒྲུབ་མ་བྱེད། །ཀུན་བྱེད་རྒྱལ་པོ་ང་ཉིད་ནི། །སེམས་ཉིད་རང་འབྱུང་ཡེ་ཤེས་སོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་མདོ་ལས་བསྟན་པ་གཏད་པའི་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའོ།། །། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་རྫོགས་སོ།། །རྒྱ་གར་གྱི་མཁས་པ་ཤྲཱི་སིཾ་ཧ་པྲ་བྷཱ་དང་། བོད་ཀྱི་ལོཙྪ་བ་པ་གོར་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་རང་འབྱུང་ཡེ་ཤེས་སྐྱེ་བ་མེད་པར་རྟོགས་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ལེགས་པར་གསུངས་པའི་མདོ་དག་མཐར་ཕྱིན་ནས། །སྟོན་པ་གསུམ་པོ་ཉིད་ཀྱིས་ཇི་ལྟར་རྟོགས། །བསྟན་པ་གསུམ་པོ་ཉིད་ཀྱིས་ཇི་ལྟར་རྟོགས། །འཁོར་གནས་དུས་ཀྱི་རང་བཞིན་ཇི་ལྟར་རྟོགས། །ཉིད་ཀྱིས་ཇི་ལྟར་རྟོགས་པའི་དགོངས་པའི་དོན། །བདག་ཅག་རྣམས་ལ་ལེགས་པར་བསྟན་དུ་གསོལ། །ཞེས་ཞུས་སོ། །


DNG005_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་རྟོགས་པ་བཤད་པ་ཞེས་བྱ་བའི་རྒྱུད་ཕྱི་མ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་དོན་འདི་ལེགས་པར་ཉོན། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡི། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །སོ་སོར་འདུལ་བའི་དོན་དུ་གང་གསུངས་པ། །སྟོན་པ་རེ་དང་གནས་དང་འཁོར་དག་དང་། །བསྟན་པ་སྡུད་པ་སོ་སོར་གནས་པར་རྟོགས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་པ་མིན། །ཀྱེ་ཀུན་བྱེད་ང་ཡི་རྟོགས་ཚུལ་བསྟན་པ་ནི། །ང་ཉིད་སྐྱེ་བ་མེད་པའི་རང་བཞིན་ཏེ། །དེ་ལས་བྱུང་བའི་ཆོས་ནི་ཐམས་ཅད་ཀུན། །རང་འབྱུང་སྐྱེ་བ་མེད་པའི་དབྱིངས་སུ་རྟོགས། །ཀྱེ་སེམས་དཔའ་ཆེན་པོ་ལེགས་པར་ད་ཉོན་ཅིག །ང་ཉིད་སྐྱེ་བ་མེད་པར་ངས་རྟོགས་པས། །སྟོན་པ་གསུམ་ཡང་སྐྱེ་བ་མེད་པར་རྟོགས། །བསྟན་པ་གསུམ་ཡང་སྐྱེ་བ་མེད་པར་རྟོགས། །འཁོར་གནས་དུས་ཀྱང་སྐྱེ་བ་མེད་པར་རྟོགས། །འདས་པའི་སངས་རྒྱས་སྐྱེ་བ་མེད་པར་རྫོགས། །ད་ལྟར་བྱུང་བའི་སངས་རྒྱས་བཞུགས་པ་ཡང་། །སྐྱེ་བ་མེད་པ་ཉིད་དུ་རབ་ཏུ་རྟོགས། །མ་བྱོན་སླད་ཀྱིས་འབྱུང་བའི་སངས་རྒྱས་ཡང་། །སྐྱེ་བ་མེད་པ་ཉིད་དུ་རབ་ཏུ་རྟོགས། །ཀྱེ་སྟོན་པ་ཀུན་བྱེད་ཉིད་ཀྱིས་རྟོགས་པ་ལྟར། །སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་པར་གྱིས། །སེམས་དཔའ་རྡོ་རྗེས་དེ་ལྟར་མ་རྟོགས་ན། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་མི་འགྱུར། །ང་ཡི་རང་བཞིན་ཁྱོད་ཀྱིས་མ་རྟོགས་ན། །སྙིང་པོའི་རང་བཞིན་བཅུ་དག་རྟོགས་མི་འགྱུར། །རང་བཞིན་བཅུ་ཡི་དོན་ལ་རྨོངས་པ་ཡིས། །བསྒོམ་དུ་མེད་པའི་ལུང་བཅུ་ཇི་ལྟར་རྟོགས། །ཀྱེ་ང་ཡིས་ཆོས་རྣམས་ཇི་ལྟར་བསྟན་པ་ལྟར། །སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་པར་བྱོས། །ང་ཡི་རང་བཞིན་སྐྱེ་མེད་རྟོགས་པ་ལྟར། །ཀུན་གྱི་རང་བཞིན་སྐྱེ་མེད་རྟོགས་པར་གྱིས། །སྟོན་པ་གསུམ་ཡང་སྐྱེ་བ་མེད་པར་རྟོགས། །བསྟན་པ་གསུམ་ཡང་སྐྱེ་བ་མེད་པར་རྟོགས། །འཁོར་གནས་


DNG005_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱང་སྐྱེ་བ་མེད་པར་རྟོགས། །དུས་གསུམ་སངས་རྒྱས་སྐྱེ་བ་མེད་པར་རྟོགས། །རྒྱུད་དྲུག་སེམས་ཅན་སྐྱེ་བ་མེད་པར་རྟོགས། །ས་ཆུ་མེ་རླུང་ནམ་མཁའ་ལྔ་པོ་ཡང་། །སྐྱེ་བ་མེད་པའི་ངང་དུ་རབ་ཏུ་རྟོགས། །ཁམས་གསུམ་སྲིད་གསུམ་སྐྱེ་བ་མེད་པར་རྟོགས། །འདོད་ལྔ་ཡུལ་ལྔ་སྐྱེ་བ་མེད་པར་རྟོགས། །དེས་ན་ཆོས་ཀུན་བྱང་ཆུབ་སེམས་ཉིད་དེ། །བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་ཉིད། །ཀུན་བྱེད་རྒྱལ་པོ་སྐྱེ་བ་མེད་པར་རྟོགས། །ཆོས་ཀུན་རྩ་བ་ཀུན་བྱེད་ང་ཉིད་དེ། །ང་ཉིད་མ་སྐྱེས་དབྱིངས་སུ་རྟོགས་པས་ན། །ཀུན་ཀྱང་སྐྱེ་མེད་དབྱིངས་སུ་རྟོགས་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྟོགས་པ་གླེང་གཞིའི་ལེའུ་སྟེ་ང་བརྒྱད་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ལྟ་བ་བསྒོམ་དུ་མེད་པ་རྟོགས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་རྟོགས་ཤིག །ཆོས་རྣམས་ཀུན་གྱི་རྩ་བ་ཀུན་བྱེད་ལ། །ལྟ་དང་བལྟ་བར་བྱེད་པ་ཡོད་མ་ཡིན། །གང་ལ་ལྟར་མེད་སྙིང་པོ་གང་རྟོགས་པ། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་པ་ཡིན། །ཀྱེ་ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་ཀུན། །ཀུན་བྱེད་སྐྱེ་བ་མེད་པར་ཀུན་གནས་པ། །སུ་ཞིག་སྙིང་པོའི་དོན་ལ་རྟོགས་འདོད་པས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་པར་གྱིས། །ཀྱེ་ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར། །སོ་སོར་བསྟན་པའི་ལུང་དང་ཡིད་འཐད་ཅིང་། །སྐུ་གསུམ་སྟོན་པའི་དོན་ལ་གང་འཇུག་པ། །ཀུན་བྱེད་ང་ཡི་དོན་དང་ཤིན་ཏུ་འགལ། །ཀྱེ་སྟོན་པ་ཀུན་བྱེད་ང་ཉིད་མ་གཏོགས་པར། །ལྟ་བའི་རང་བཞིན་ཀུན་མཁྱེན་སྐྱེ་མེད་འདི། །འདས་དང་ད་ལྟར་མ་འོངས་སངས་རྒྱས་ཀྱིས། །མ་རྟོགས་མི་རྟོགས་རྟོགས་པར་ལུང་མི་སྟོན། །མ་སྐྱེས་སྐྱེ་བ་མེད་པའི་སངས་རྒྱས་ཀྱང་། །ཀུན་བྱེད་ང་ཡི་ལུང་དང་ཕྲད་ནས་ནི། །དེས་ཀྱང་ལྟ་བ་སྐྱེ་མེད་རབ་ཏུ་རྟོགས། །སངས་རྒྱས་ཀུན་གྱི་ངོ་བོར་བྱིན་གྱིས་བརླབས། །ཀྱེ་


DNG005_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བྱེད་རྒྱལ་པོ་སྟོན་པའི་ལུང་མེད་ན། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་དང་། །མ་སྐྱེས་ལམ་ལ་ལྟ་བའི་རྣལ་འབྱོར་དང་། །ལ་དགུ་ལུང་དགུ་རྒལ་ཡང་ས་བཅུ་ཡིས། །རང་རང་དངོས་པོའི་དོན་ལ་རྟོག་དཔྱོད་པས། །མ་སྐྱེས་སྙིང་པོའི་དོན་ལ་སྒྲིབ་པའི་ཕྱིར། །རྒྱུ་འབྲས་བྲལ་བའི་བྱང་ཆུབ་སྙིང་པོ་འདི། །ཀུན་གྱི་ལྟ་བའི་དོན་འདི་རྟོགས་པ་མེད། །ཀྱེ་དེ་བས་སྟོན་པ་ཀུན་བྱེད་ང་ཡིས་ཀྱང་། །འཁོར་གྱི་དང་པོ་སེམས་དཔའ་རྡོ་རྗེ་ལ། །སྐུ་གསུམ་སྟོན་པ་གསུམ་གྱིས་བཤད་པའི་ལུང་། །དེ་ལ་མ་གནས་ཤིག་པར་ང་ལུང་སྟོན། །དེ་ལྟར་ངེས་པའི་ལུང་འདི་མ་བསྟན་ན། །དུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པོ། །ཀུན་བྱེད་རྒྱལ་པོ་ང་ཡི་གདུང་ཆད་ནས། །ཀུན་ཀྱང་འཁོར་བའི་ལམ་ལ་གཞོལ་བར་འགྱུར། །ཀྱེ་དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་། །ལྟ་དང་མི་བལྟ་ཡུལ་ལས་འདས་པ་ལ། །གང་བལྟས་དོན་ལ་རྣམ་རྟོག་མཆེད་པའི་ཕྱིར། །རྒྱུ་འབྲས་ཅན་གྱི་ལྟ་བ་ཁྱོད་མ་རྟོགས། །ཤིན་ཏུ་རྣལ་འབྱོར་མི་གནས་ཐེག་པ་ལ། །བལྟས་ཤིང་བརྟགས་པས་མཐོང་བའི་དོན་འགག་པས། །མ་བཅོས་སྙིང་པོ་ཀུན་བྱེད་རང་བཞིན་ལ། །བལྟས་པས་མཐོང་བ་མེད་པའི་དོན་དུ་རྟོགས། །ཀྱེ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཆོས་རྣམས་ཀུན་གྱི་བལྟ་བའི་མེ་ལོང་སྟེ། །གསལ་ལ་རང་བཞིན་མེད་པར་ཀུན་འཆར་བས། །མ་བལྟས་རང་བཞིན་གསལ་བར་ལུང་བསྟན་ཏོ། །མ་སྐྱེས་དེ་བཞིན་ཉིད་ཀྱི་ཡུལ་ཉིད་ལ། །བལྟ་བའི་ཡུལ་མེད་མཐོང་བ་ཆེན་པོར་རྟོགས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྐྱེ་བ་མེད་པའི་ལེའུ་སྟེ་ང་དགུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་དམ་ཚིག་བསྲུང་དུ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་འདི། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །དབང་པོའི་ཁྱད་པར་རིམ་པར་ལུང་བསྟན་པ། །ཀུན་བྱེད་


DNG005_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་དུ་ཡོད་པའི་དོན་དུ་རྟོགས། །ལ་ལས་སྡོམ་དང་འདུལ་ཁྲིམས་དག་པར་རྟོགས། །ལ་ལས་རིག་འཛིན་སྡོམ་པ་དག་པར་རྟོགས། །ལ་ལས་གྲངས་དང་རྩ་བ་ཡན་ལག་རྟོགས། །ཇི་ལྟར་བརྟགས་ཀྱང་རྟོགས་པར་ལུང་མ་བསྟན། །ཀུན་བྱེད་རྒྱལ་པོའི་དམ་ཚིག་འདི། །བསྲུང་དང་མི་སྲུང་ཕྱོགས་རིས་མེད་པར་བསྟན། །གང་གིས་བསྲུང་དང་མི་སྲུང་མེད་རྟོགས་པ། །ཀུན་བྱེད་ང་ཡི་དམ་ཚིག་རྟོགས་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་། །རྩ་བ་བྱང་ཆུབ་སེམས་སུ་ཀུན་གཅིག་པས། །ཀུན་ཀྱང་སྙིང་པོའི་དམ་ཚིག་ཡིན་པས་ན། །བསྲུང་དང་མི་སྲུང་དོན་ལ་འདས་པར་རྟོགས། །ཀྱེ་ཀུན་བྱེད་རྒྱལ་པོའི་ལྟ་བའི་དམ་ཚིག་ནི། །སྐྱེ་མེད་ནམ་མཁའ་ལྟ་བུར་ཕྱོགས་འདས་པས། །གང་གིས་དེ་དག་ལེགས་པར་རྟོགས་པ་དེ། །ཀུན་བྱེད་རྒྱལ་པོའི་དམ་ཚིག་རྟོགས་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །དམ་ཚིག་བསྲུང་དུ་མེད་པར་ལུང་བསྟན་པ། །དམ་ཚིག་རྩ་བའི་རྒྱུད་ལས་གང་ཐོས་པ། །འདིས་ནི་དོན་དེ་ལེགས་པར་རྟོགས་པ་ཡིན། །ཀྱེ་ཀུན་བྱེད་རྒྱལ་པོས་སྔ་བར་ལུང་བསྟན་ལྟར། །དུས་གསུམ་ཆོས་ཉིད་འགྱུར་བ་མེད་པའི་ཕྱིར། །ཀུན་བྱེད་རྒྱལ་པོ་ང་ཡི་དམ་ཚིག་ནི། །དུས་གསུམ་དུ་ནི་བསྲུང་དུ་མེད་པར་རྟོགས། །ཀྱེ་ཆོས་རྣམས་རྩ་བ་སེམས་སུ་གཅིག་པ་ལྟར། །དམ་ཚིག་རྩ་བ་བསྲུང་དུ་མེད་པར་གཅིག །དེ་ཡང་རང་སེམས་སྐྱེ་མེད་རྟོགས་པ་ཡིན། །ཕྱལ་པ་དང་ནི་མེད་པ་གཅིག་པུ་དང་། །ལྷུན་གྱིས་གྲུབ་པས་བསྲུང་བ་ཀུན་ལས་འདས། །ཀུན་བྱེད་རྒྱལ་པོའི་དམ་ཚིག་རྣམ་གྲངས་ཏེ། །སྐྱེ་བ་མེད་པར་རྟོགས་པའི་རྣམ་གྲངས་ཡིན། །སྙིང་པོ་བསྲུང་དུ་མེད་པར་དོན་གཅིག་ལ། །རྟོགས་དང་མ་རྟོགས་ཁྱད་པར་ལ་དགོངས་ནས། །དྲང་དང་ངེས་པ་གཉིས་སུ་རྣམ་ཕྱེ་ནས། །བསྲུང་དུ་ཡོད་དང་མེད་པར་ལུང་བསྟན་ཏོ། །ཀྱེ་འདིས་ནི་དམ་ཚིག་བསྲུང་མེད་རྟོགས་པའི་ཕྱིར། །


DNG005_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་བའི་དགོངས་པ་རྟོགས་པ་ཡིན། །གང་གིས་འདི་མ་རྟོགས་པའི་རྣལ་འབྱོར་པ། །རང་སེམས་སྙིང་པོའི་དོན་དང་ཤིན་ཏུ་འགལ། །ཀྱེ་ཀུན་བྱེད་ང་ཡི་དམ་ལས་གང་འདས་ཤིང་། །སྐུ་གསུམ་སྟོན་པའི་དམ་ལ་གནས་པ་དག །བསྐལ་པ་བརྒྱ་ཕྲག་དུ་མ་རྣམས་སུ་ཡང་། །སྙིང་པོའི་དོན་དང་ཕྲད་པར་ཤིན་ཏུ་དཀའ། །དེ་ཕྱིར་ཀུན་བྱེད་ང་ཡི་ལུང་ཐོབ་པས། །དམ་ཚིག་བསྲུང་དུ་མེད་པར་རྟོགས་པར་བྱོས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྲུང་མེད་དམ་ཚིག་གི་ལེའུ་སྟེ་དྲུག་ཅུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཕྲིན་ལས་བཙལ་དུ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་རྟོགས་ཤིག །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངའི། །རང་བཞིན་ལས་བྱུང་སྟོན་པ་སྐུ་གསུམ་གྱིས། །སོ་སོ་ཇི་ལྟར་འདུལ་བའི་སྐུར་བྱུང་ནས། །ཕྲིན་ལས་བཙལ་བས་དོན་དང་ཕྲད་པར་རྟོགས། །ལུས་ཀྱི་ལས་སུ་ཕྱག་རྒྱ་བཅའ་བར་རྟོགས། །ངག་གིས་སྔགས་དང་བཟླས་པ་བྱེད་པར་རྟོགས། །སེམས་ཀྱིས་འཕྲོ་འདུ་ཏིང་འཛིན་བསྒོམ་པར་རྟོགས། །སྒོ་གསུམ་ཡལ་བར་གནས་པས་གྲུབ་མི་རྟོགས། །ཀྱེ་སྟོན་པ་ཀུན་བྱེད་ང་ཡི་ཕྲིན་ལས་ནི། །བཙལ་བར་བྱ་མེད་ཕྲིན་ལས་ལུང་བསྟན་པས། །དོན་དང་མི་འགལ་བསམ་པ་མཐར་ཕྱུང་བས། །ཕྲིན་ལས་བཙལ་དུ་མེད་པར་ཁྱོད་ཀྱིས་རྟོགས། །ཀྱེ་སྟོན་པ་ཀུན་བྱེད་ང་ཡི་ཕྲིན་ལས་ནི། །བདག་དོན་ལྷུན་གྱིས་གྲུབ་པས་བྱ་མེད་རྟོགས། །གཞན་དོན་དབྱིངས་སུ་གཅིག་པས་བཙལ་མེད་རྟོགས། །དེ་ལྟར་ཁྱོད་ཀྱིས་ངེས་པར་རྟོགས་པར་གྱིས། །ཀྱེ་ཀུན་བྱེད་བྱང་ཆུབ་སེམས་སུ་ཀུན་བྱས་པས། །བྱང་ཆུབ་སེམས་ལ་བྱ་མི་དགོས་པར་རྟོགས། །མ་བྱས་བྱ་བྲལ་སྙིང་པོ་བྱང་ཆུབ་ལ། །བྱ་དང་མི་བྱ་ཐ་སྙད་གང་གིས་གདགས། །ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་ཕྲིན་ལས་ནི། །ལུས་ཀྱི་ལས་སུ་ཕྱག་རྒྱ་བཅར་མེད་རྟོགས། །ངག་


DNG005_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཟླས་བརྗོད་བྱར་མེད་སྙིང་པོར་རྟོགས། །སེམས་ཀྱིས་འཕྲོ་འདུ་སྒོམ་དང་བྲལ་བར་རྟོགས། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡང་། །ཕྲིན་ལས་བྱ་མེད་རྟོགས་ནས་མངོན་སངས་རྒྱས། །དུས་གསུམ་རྒྱལ་བ་རྟོགས་ལ་རག་ལུས་པས། །སེམས་དཔའ་རྡོ་རྗེ་ཐོས་ནས་རྟོགས་པར་གྱིས། །ཀྱེ་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །ཞི་རྒྱས་དབང་དང་དྲག་པོའི་ལུང་བསྟན་པ། །རྣམ་རྟོག་མཚན་མ་གྲངས་ལ་དགའ་བ་ལ། །འདུལ་བའི་རྟོག་པ་གྲངས་སུ་བསྟན་པ་ཡིན། །ཀྱེ་དེ་ཕྱིར་ཀུན་བྱེད་ང་ཡིས་ལུང་བསྟན་པ། །ཐོས་པའི་དོན་ལ་མ་ནོར་བརྟག་པར་བྱོས། །བྱ་རྩོལ་ཀུན་དང་བྲལ་བའི་ཕྲིན་ལས་ཀྱིས། །མ་བྱས་དོན་ཀུན་རྫོགས་པས་རྟོགས་པ་འཆར། །ཀྱེ་སེམས་དཔའ་རྡོ་རྗེ་དོན་འདི་ལེགས་པར་རྟོགས། །སྙིང་པོ་བྱ་རྩོལ་མེད་པའི་དོན་རྟོགས་པས། །བྱ་དང་མི་བྱ་མེད་པར་དོན་རྫོགས་པས། །ཀུན་བྱེད་རྒྱལ་པོའི་ཕྲིན་ལས་འདི་རྟོགས་ཤིག །ཀྱེ་སྟོན་པའི་རྒྱལ་པོ་ཀུན་བྱེད་ང་ཡིས་ནི། །བྱས་པ་ཐམས་ཅད་མཚན་མའི་ལམ་དུ་བསྟན། །བྱ་བྲལ་ཕྲིན་ལས་ངེས་དོན་འདི་རྟོགས་པས། །འགྲོ་བ་ཀུན་བྱེད་རྒྱལ་པོ་ཉིད་དུ་འགྱུར། །སྙིང་པོ་བྱ་བྲལ་སྒོ་གསུམ་མ་ནོར་བས། །བྱ་རྩོལ་འདས་པའི་དོན་ལ་རྟོགས་པ་ནི། །དུས་གསུམ་རྒྱལ་བའི་དགོངས་པ་གཅིག་པའི་ཕྱིར། །མ་ནོར་ལམ་ལ་རྟོགས་པ་ཉིད་མཆོག་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྒོ་གསུམ་བྱ་བ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་གཅིག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་དཀྱིལ་འཁོར་བསྐྱེད་དུ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་དོན་འདི་ད་རྟོགས་ཤིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །མཚན་མ་གྲངས་ལ་དགའ་བའི་གདུལ་བྱ་ལ། །ཚོགས་དང་དཀྱིལ་འཁོར་བསྐྱེད་དུ་ཡོད་པར་བསྟན། །གང་ཞིག་སྐུ་གསུམ་ལམ་ལ་བརྟེན་བྱས་ནས། །མཚན་མ་གྲངས་ཀྱི་སྒོ་ནས་རྟོག་བྱེད་པ། །བསྐལ་པ་བྱེ་བ་བརྒྱ་


DNG005_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ཡུན་རིངས་སུ། །དཀྱིལ་འཁོར་བསྐྱེད་དུ་མེད་པའི་དོན་མི་རྟོགས། །ཀྱེ་དེ་བས་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ཚོགས་དང་དཀྱིལ་འཁོར་རང་བཞིན་ལྷུན་རྫོགས་པའི། །མ་བྱས་རང་བཞིན་གྲུབ་པའི་ཆོས་ཉིད་ལ། །བསྐྱེད་ཅིང་བསག་ཏུ་མེད་པའི་དོན་རྟོགས་ན། །ཀྱེ་ཀུན་བྱེད་ང་ཡི་དཀྱིལ་འཁོར་བསྟན་པ་ནི། །རང་ལས་བྱུང་བའི་དཀྱིལ་འཁོར་རྫོགས་པའི་ལུང་། །མ་ལུས་སྙིང་པོར་རྫོགས་པས་བསྐྱེད་འབྲི་མེད། །མ་བསྐྱེད་དུས་གཅིག་རྫོགས་པ་དཀྱིལ་འཁོར་རྟོགས། །ཀྱེ་དཀྱིལ་ནི་མ་ནོར་དོན་གྱི་སྙིང་པོ་ལ། །འཁོར་ནི་འཁོར་འདས་བདེ་ཆེན་རྫོགས་པར་ལྡན། །དེ་ནི་དཀྱིལ་འཁོར་སྙིང་པོ་ཀུན་གྱི་རྩ། །དཀྱིལ་འཁོར་མ་ལུས་འདི་ལ་འདུས་པར་རྟོགས། །ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་དཀྱིལ་འཁོར་ནི། །མ་ལུས་སྙིང་པོར་རྫོགས་པའི་དཀྱིལ་འཁོར་ཏེ། །གང་གིས་དེ་དག་རྫོགས་པར་གང་རྟོགས་པ། །དཀྱིལ་འཁོར་བསྐྱེད་པ་མེད་པའི་དོན་ལ་མཁས། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱིས། །འགྲོ་དང་འོང་མེད་ཀུན་དུ་ཁྱབ་པར་བདལ། །རྟོགས་པས་སྐྱེ་བ་མེད་པའི་དོན་ལ་འཇུག །ཀྱེ་རང་འབྱུང་ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་ནི། །རྟོགས་དང་མ་རྟོགས་དོན་ལ་རག་ལུས་པས། །བསྐྱེད་དང་མི་བསྐྱེད་གཉིས་སུ་མཐོང་བ་ཡིན། །དམ་པ་རྟོགས་ན་བསྐྱེད་དང་མི་བསྐྱེད་མེད། །དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་། །སྒྲ་ལ་མ་གནས་དོན་ཉིད་རྟོགས་པར་གྱིས། །གང་གིས་དེ་ལ་རྟོགས་པ་སྐྱེས་མ་ཐག །ཀུན་བྱེད་རྒྱལ་པོ་དོན་ལ་འབྱོར་པར་འགྱུར། །ཀྱེ་རྒྱལ་བ་མ་ལུས་འདུས་པའི་སྙིང་པོ་སྟེ། །རང་བཞིན་ཁྱབ་པར་གནས་པའི་དཀྱིལ་འཁོར་འདི། །མ་སྐྱེས་རང་བཞིན་གནས་པའི་དོན་འདི་ལ། །རྟོགས་པ་ཅི་བདེར་མནོས་ལ་མ་རྩོལ་ཅིག །ཀྱེ་རྒྱལ་བ་ཀུན་གྱི་རང་བཞིན་ཀུན་བྱེད་ངས། །དཀྱིལ་འཁོར་བསྐྱེད་དུ་མེད་པར་དོན་རྟོགས་པས། །དེ་ཡི་རང་བཞིན་སྒྲ་ཐོས་མ་ཡིན་པར། །སེམས་དཔའ་རྡོ་རྗེ་ཁྱོད་


DNG005_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྟོགས་པར་གྱིས། །ཀྱེ་ཀུན་བྱེད་རྒྱལ་པོ་ཆགས་སྡང་རྣམ་པ་ལྔ། །སྐྱེ་མེད་བྱང་ཆུབ་སེམས་སུ་བསྟན་པ་ལྟར། །སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་ནས་ཀྱང་། །དེ་བཞིན་འཁོར་ལ་ཁྱོད་ཀྱིས་ལུང་སྟོན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དཀྱིལ་འཁོར་བསྐྱེད་དུ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་གཉིས་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་དབང་ལ་བསྐུར་དུ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་དོན་འདི་ངེས་རྟོགས་ཤིག །ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །དབང་ལ་བསྐུར་ཐབས་ཡོད་པར་ལུང་ཕོག་པ། །མཚན་མའི་རྟོག་པའི་ལམ་ལ་ཞེན་ཆགས་པས། །ང་ཡི་རང་བཞིན་མི་མཐོང་བསྐལ་པར་འགྱུར། །ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ང་ཡི་རང་བཞིན་ཀུན་བྱེད་ཁྱབ་རྟོགས་པས། །ང་ལ་གཉིས་པའི་དོན་ནི་མེད་པའི་ཕྱིར། །བསྐུར་དང་མི་བསྐུར་དོན་དང་བྲལ་བར་རྟོགས། །གང་ཟག་མཚན་མ་གྲངས་ལ་དགའ་བ་ལ། །དབང་གི་གྲངས་དང་བསྐུར་བའི་རིམ་པ་བསྟན། །མ་བཅོས་དོན་ལ་གནས་པའི་གང་ཟག་ལ། །མ་བསྐུར་རང་བཞིན་གནས་པའི་རིམ་པ་བསྟན། །ཀྱེ་ཀུན་བྱེད་རྒྱལ་པོའི་རང་བཞིན་ཀུན་ཁྱབ་པས། །དེ་ལྟར་འཇུག་ཅིང་རྟོགས་པའི་རྣལ་འབྱོར་ལ། །མ་བསྐུར་རང་བཞིན་གནས་པའི་དོན་རྟོགས་པས། །དབང་ལ་བསྐུར་ཐོབ་མེད་པར་ལུང་སྟོན་ཅིག །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །བསྐུར་ཐོབ་མེད་པར་རྟོགས་ནས་ལུང་བསྟན་པས། །སྐྱེ་མེད་རྣམ་དག་སེམས་ཀྱི་དབང་ཐོབ་ནས། །རང་བཞིན་བཅུ་ཡི་དབང་ལ་རྩོལ་མི་འགྱུར། །སྔགས་དང་ཕྱག་རྒྱའི་དབང་ལ་རེ་མི་འཇོག །རྫས་དང་མཚན་མའི་དབང་ལ་སེམས་མི་འཆགས། །རང་རྒྱུད་དག་པས་མཚན་མའི་ལྷ་མི་བསྒོམ། །གཟའ་དང་རྒྱུ་སྐར་དུས་ཚིགས་རིམ་པ་མེད། །ཀྱེ་སྟོན་པའི་རྒྱལ་པོ་ང་ཡིས་རྟོགས་པ་ལྟར། །སྐུ་གསུམ་སྟོན་པ་


DNG005_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་མ་རྟོགས་པས། །རང་བཞིན་བཅུ་ཡི་དོན་ལ་བསྒྲིབས་པའི་ཕྱིར། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་པ་མེད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །འཁོར་གྱི་དང་པོ་སྐུ་གསུམ་སྟོན་པ་ལས། །རང་བཞིན་མ་བཅོས་ཇི་བཞིན་ལུང་ཕོག་པ། །མཚན་མའི་འཇིག་རྟེན་ལྷ་ལ་རྟེན་མི་འཆའ། །ཚོགས་ལ་མི་རྟེན་དབང་ལ་རག་མ་ལུས། །སྐྱེ་མེད་རིག་པའི་དབང་ལ་ཀུན་རྫོགས་པས། །མ་བཙལ་བདེ་བར་བཞག་པས་དོན་ཀུན་རྫོགས། །ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །སྐུ་གསུམ་སྟོན་པ་ང་ཡིས་བཀོད་པ་ཡིན། །དེས་བསྟན་བཅོས་ཀྱང་ང་ཡིས་བཀོད་པ་ཡིན། །རང་ཉིད་རང་ལ་དགོད་པ་བྱ་མི་དགོས། །ཀྱེ་དེ་ལྟར་ཀུན་བྱེད་རང་བཞིན་གང་རྟོགས་པས། །ཐམས་ཅད་ཀུན་བྱེད་རང་བཞིན་དེ་རྟོགས་པས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་གྱིས་ལ། །མཚན་འཛིན་ཞེན་པའི་དབང་ལ་མ་རྟེན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་འབྱུང་རྟོགས་པའི་དབང་གི་ལེའུ་སྟེ་དྲུག་ཅུ་གསུམ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ལམ་ལ་བགྲོད་དུ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡི། །རང་བཞིན་མ་སྐྱེས་གཅིག་ཏུ་གནས་པ་ལ། །སྐྱེ་མེད་མངོན་དུ་རྟོགས་པར་དཀའ་བའི་ཕྱིར། །འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱིས། །རང་རང་དགའ་བའི་ལམ་ལ་གཟུད་པའི་ཕྱིར། །ལམ་གྱི་ཁྱད་པར་བགྲོད་དུ་ཡོད་པར་བསྟན། །བློ་ཆུང་བརྒྱུད་ནས་དོན་ལ་འདྲེན་པའི་ཕྱིར། །དྲང་བའི་ལུང་དུ་ང་ཡིས་རྟོགས་པ་ཡིན། །ཀྱེ་ཚོགས་དང་སྦྱོར་ལམ་མཐོང་ལམ་བསྒོམ་པའི་ལམ། །མཐར་ཕྱིན་རིམ་པ་བསྐལ་པ་བརྒྱ་ཕྲག་དང་། །ཚེ་གསུམ་བདུན་སོགས་དུས་དེར་འགྲུབ་པར་རྟོགས། །དེ་ཡིས་ང་ཡི་ལམ་འདི་རྟོགས་མི་འགྱུར། །ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་ལམ་བཤད་པ། །ང་ཉིད་སྐྱེ་བ་མེད་པའི་རང་བཞིན་ལ། །འཇུག་དང་མི་འཇུག་ཚིག་ལས་ཤིན་ཏུ་འདས། །དེ་ཕྱིར་


DNG005_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་བགྲོད་དུ་མེད་པར་རྟོགས། །ལམ་ལྔར་སྣང་བ་རྣམ་རྟོག་མཚན་མའི་གྲངས། །ང་ཉིད་མཚན་མའི་ཡུལ་ལས་འདས་པའི་ཕྱིར། །མཚན་མའི་ལམ་གྱིས་བགྲོད་དུ་མེད་པར་རྟོགས། །ཀྱེ་ཀུན་བྱེད་ང་ཡི་ལམ་ལ་རིམ་མེད་དེ། །སྐྱེ་མེད་ཐིག་ལེ་ཆེན་པོར་གཅིག་པའི་ཕྱིར། །གཅིག་གི་རང་བཞིན་རྟོགས་པ་དེ་ཡི་ཕྱིར། །ལམ་ལ་བགྲོད་མེད་གཅིག་ཏུ་རྟོགས་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་། །ང་ལ་འཇུག་པའི་རིམ་པའི་ལམ་མེད་དེ། །རང་འབྱུང་ཡེ་ཤེས་དུས་གཅིག་རྫོགས་པའི་ཕྱིར། །མ་བགྲོད་རང་བཞིན་བཞག་པས་ཕྱིན་པར་འགྱུར། །དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཉིད་ཀྱིས། །ང་ལ་རིམ་པར་བགྲོད་པར་མ་བྱེད་ཅིག །ཀྱེ་ང་ནི་མཐའ་བྲལ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའི་མཐའ་ལ་བགྲོད་ཅིང་ཚི་ཆད་ལྟར། །ང་ཡི་རང་བཞིན་ལམ་གྱིས་བགྲོད་འདོད་པ། །ཚི་ཆད་ནང་དུ་དེ་ལས་ཆེ་བ་མེད། །དེ་ཕྱིར་སེམས་དཔའ་རྡོ་རྗེ་རྟོགས་ནས་ཀྱང་། །ཁྱོད་ཀྱིས་འཁོར་གྱི་ནང་དུ་ལུང་སྟོན་ཅིག །ད་ལྟར་ང་ཡི་རང་བཞིན་ལུང་བསྟན་པས། །ཀུན་ཀྱང་ང་ཡི་རང་བཞིན་ཉིད་རྟོགས་འགྱུར། །འཇིག་རྟེན་མཚན་མའི་ལམ་ལ་ཞེན་མི་འགྱུར། །རྣམ་གྲངས་ཚིག་གི་ལམ་ལ་རྩོད་མི་འགྱུར། །མ་བཅོས་བདེར་བཞག་རྟོགས་པས་ཕ་རོལ་ཕྱིན། །ཀུན་གྱི་སྙིང་པོའི་ལམ་དང་ཕྲད་པར་འགྱུར། །ཀྱེ་ང་ནི་ཀུན་བྱེད་ཆོས་ཀྱི་གཞི་མ་སྟེ། །ལམ་ལྔ་ས་བཅུར་སྟོན་པའི་སྐུ་གསུང་ཡང་། །ང་ཡི་རང་བཞིན་མངོན་དུ་བསྟན་པ་ཡིན། །དེ་ལྟར་ཁྱོད་ཀྱིས་ལེགས་པར་རྟོགས་པར་གྱིས། །མ་བཅོས་བགྲོད་མེད་ཀུན་བྱེད་ཀུན་གྱི་ལམ། །སུ་ཞིག་བགྲོད་པས་བྱང་ཆུབ་དོན་མི་རྟོགས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་མི་འགྱུར། །དེ་བས་བགྲོད་དུ་མེད་པའི་དོན་ལ་རྟོགས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལམ་ལ་བགྲོད་དུ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་བཞི་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ས་ལ་སྦྱང་དུ་མེད་པར་རྟོགས་


DNG005_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་དོན་འདི་ལེགས་པར་རྟོགས། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །ས་ལ་སྦྱང་དུ་མེད་པར་བསྟན་པ་ནི། །ཀུན་གྱི་ཡུལ་མིན་བརྟག་པ་རབ་ཏུ་དཀའ། །ཀྱེ་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །དམན་པའི་རིམ་པ་བགྲོད་ཅིང་སྦྱངས་པའི་ཕྱིར། །རྣམ་རྟོག་གྲངས་ལ་དགའ་བའི་གང་ཟག་ལ། །ས་ཡི་རྣམ་གྲངས་བཅུ་དང་དྲུག་ཏུ་བསྟན། །བསྟན་པ་དེ་བཞིན་འཁོར་གྱིས་དེ་ལྟར་རྟོགས། །རྣམ་རྟོག་བློ་ཡི་གྲངས་ལ་སྣང་བར་ཟད། །ཀྱེ་ས་དྲུག་གྲངས་ཀྱི་རང་བཞིན་བསྟན་པ་ནི། །ཀུན་དུ་འོད་དང་རྡོ་རྗེ་འཛིན་པ་དང་། །རྡོ་རྗེ་འཆང་དང་སྟུག་པོ་བཀོད་པ་དང་། །པདྨ་སྤྱན་དང་རྡོ་རྗེ་སེམས་དཔའི་ས། །རིམ་བགྲོད་རྣལ་འབྱོར་དོན་དུ་གསུངས་པ་སྟེ། །ལྷ་དང་ཏིང་འཛིན་ཁྱད་པར་རེ་རེ་གསུངས། །ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོས་ས་བསྟན་པ། །ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་གཅིག་པའི་ཕྱིར། །ས་ཡི་ཁྱད་པར་མེད་དེ་གཅིག་ཏུ་རྟོགས། །ཀུན་བྱེད་ང་ཡི་ས་ལ་མ་སྦྱར་ན། །རྟོག་པའི་ས་ཡི་རྣམ་གྲངས་ཀུན་ཐོབ་ཀྱང་། །སོ་སོ་རང་གི་རྣམ་རྟོག་སྣང་བ་ལས། །ཀུན་བྱེད་ང་དང་ཕྲད་པར་ལུང་མི་སྟོན། །ཀྱེ་ཀུན་བྱེད་རྒྱལ་པོ་ས་ཡི་རང་བཞིན་ནི། །མ་བཅོས་མ་སྦྱངས་རིག་པས་ལྷུན་རྫོགས་ས། །སྦྱངས་ཤིང་བགྲོད་ཀྱང་དོན་དང་མི་ཕྲད་ཀྱི། །རང་བཞིན་རྟོགས་པས་དུས་གཅིག་རྫོགས་པར་བྱེད། །ཀྱེ་ཐེག་གཅིག་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས། །སྐྱེ་མེད་ཁྱབ་པས་རྟོགས་པའི་རང་བཞིན་ནི། །གང་ལྟར་བགྲོད་པ་ནམ་མཁའི་མཐའ་ཚོལ་འདྲ། །མ་བགྲོད་རང་བཞིན་བཞག་པས་གྲོལ་བར་སྟོན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་། །ས་ཡི་ངོ་བོར་ང་ཉིད་ཤར་བའི་ཕྱིར། །ང་ཡི་ས་ལ་མཐོ་དམན་རིམ་པ་མེད། །ཀུན་བྱེད་ང་ཡི་ས་འདི་རྟོགས་པར་གྱིས། །ང་ཉིད་ཀུན་གྱི་མདུན་དུ་མངོན་ཕྱུང་ཡང་། །སྐུ་གསུམ་འཁོར་གྱིས་རྣམ་རྟོག་གྲངས་སུ་རྟོགས། །ཀུན་བྱེད་


DNG005_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་དགོངས་པ་ཟབ་མོ་ཡང་། །གང་ལྟར་བལྟས་པས་མཐུན་པར་ལུང་མི་སྟོན། །ཀྱེ་ང་ཡི་འཁོར་གྱི་དང་པོ་སྐུ་གསུམ་གྱིས། །རང་རང་མོས་པའི་འཁོར་ལ་ཆོས་བསྟན་པ། །སྐུ་གསུང་ཐུགས་ཀྱི་ཐེག་པ་རེ་རེ་དང་། །ས་རེ་ལམ་རེ་འབྲས་བུ་རེ་རེ་བསྟན། །ཀུན་བྱེད་ང་ཡི་ས་ལམ་མ་རྟོགས་ན། །རྣམ་གྲངས་ས་དེས་ངེས་པའི་ལམ་མི་རྙེད། །དེས་ན་སེམས་ཉིད་ཀུན་ཐེག་སེམས་ཀྱི་ས། །རྩ་བའི་ས་ལ་བརྟན་པར་རྟོགས་པར་གྱིས། །ས་ཡི་རང་བཞིན་སྣང་མེད་འདི་རྟོགས་ན། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས་ལ་གནས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ས་ལ་སྦྱང་དུ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་ལྔ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སྤྱོད་པ་བླང་དོར་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །ལ་ལས་དགེ་སྤྱད་སྡིག་པ་དོར་བར་རྟོགས། །ལ་ལས་གཙང་སྨེ་བླང་དོར་གཉིས་སུ་རྟོགས། །ལ་ལས་གཙང་སྨེ་གཉིས་ཀ་སྤྱད་པར་རྟོགས། །སྤྱད་དང་མ་སྤྱད་མེད་པའི་དོན་མ་རྟོགས། །གང་དག་སྤྱོད་པ་འདི་ལ་གནས་པ་ནི། །རང་རང་གཉེན་པོའི་རྟོགས་པ་བྱེད་པ་ཡིས། །དམིགས་པ་ཡིད་ལ་སྦྱངས་པ་རྟོགས་པར་འགྱུར། །བླང་དོར་མེད་པའི་སྤྱོད་པ་རྟོགས་མི་འགྱུར། །ཀྱེ་ཀུན་བྱེད་རྒྱལ་པོའི་སྤྱོད་པ་བསྟན་པ་ནི། །དགེ་སྡིག་བླང་དོར་གཙང་སྨེ་ཆེ་ཆུང་ཀུན། །སྐྱེ་མེད་བྱང་ཆུབ་སེམས་སུ་ཀུན་གཅིག་པས། །བླང་དང་དོར་བ་མེད་པའི་དོན་དུ་རྟོགས། །གཙང་དང་མི་གཙང་མེད་པ་ཉིད་དུ་རྟོགས། །སྤྱད་དང་མ་སྤྱད་གཉིས་སུ་མེད་པར་རྟོགས། །མཐའ་དང་དབུས་སུ་འབྱེད་པ་མེད་པར་རྟོགས། །གཞི་རྩ་སྐྱེ་མེད་བྱང་ཆུབ་སེམས་སུ་རྟོགས། །ཀྱེ་ཀུན་བྱེད་རྒྱལ་པོའི་སྤྱོད་པ་བསྟན་པ་ནི། །གང་ལྟར་སྤྱད་པ་དེ་ལྟར་མི་འགལ་ཏེ། །བྱས་དང་མ་བྱས་གཉིས་ཀ་སྐྱེ་མེད་པས། །ཤེས་པས་གང་ལྟར་སྤྱད་པ་སྐྱེ་མེད་


DNG005_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

དོན། །ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་སྤྱོད་པ་ལ། །མཁའ་ལྟར་གནས་པས་གྲངས་དང་ཚད་གཟུང་མེད། །གཉིས་སུ་མེད་པས་མིན་ཡིན་ཕྱོགས་ལས་འདས། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྤྱོད་པར་རྟོགས། །འདོད་པ་ལྔ་ཡང་སེམས་ཀྱི་སྤྱོད་པར་རྟོགས། །ཆགས་སྡང་ལྔ་ཡང་སེམས་ཀྱི་སྤྱོད་པར་རྟོགས། །རྒྱན་གྱི་རྒྱུ་ལྔ་སེམས་ཀྱི་སྤྱོད་པར་རྟོགས། །ཁམས་གསུམ་སྲིད་གསུམ་སེམས་ཀྱི་སྤྱོད་པར་རྟོགས། །སྐྱེ་མེད་མ་རྟོགས་པ་ཡི་སྤྱོད་པ་ནི། །རྒྱལ་བ་ཀུན་གྱི་མེས་པོ་ངས་མ་བཤད། །ཀྱེ་དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ནི། །ཀུན་བྱེད་ང་ཡི་སྤྱོད་པ་འདི་རྟོགས་ལ། །བླང་དོར་མེད་པར་ཀུན་གྱིས་རྟོགས་པའི་ཕྱིར། །ང་ཡི་འཁོར་གྱི་ནང་དུ་ལུང་སྟོན་ཅིག །ཀུན་བྱེད་ང་ཡི་སྤྱོད་པ་མ་རྟོགས་པར། །སྐུ་གསུམ་སྟོན་པའི་འཁོར་ལ་གང་ཞེན་པས། །འཇིག་རྟེན་ལོག་པའི་ལྟ་སྤྱོད་ལ་འཆོལ་ནས། །བླང་དོར་མེད་པའི་སྤྱོད་པ་རྟོགས་མི་བྱེད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །འཁོར་གྱི་ནང་དུ་སྤྱོད་པའི་ལུང་བསྟན་པ། །མ་ཆགས་བླང་དོར་མེད་པའི་སྤྱོད་པ་ཡིས། །ཐམས་ཅད་སྐྱེ་མེད་མཉམ་པར་རྟོགས་ལུང་བསྟན། །སེམས་དཔའ་རྡོ་རྗེས་འཁོར་ལ་ལུང་བསྟན་པས། །འཁོར་ཀྱང་བླང་དོར་མེད་པར་རྟོགས་པར་འགྱུར། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ནི། །སྐྱེ་བ་མེད་པ་ནམ་མཁའི་རང་བཞིན་ལྟར། །ང་དང་ཁྱོད་ཀྱིས་རྟོགས་པ་ཇི་ལྟ་བར། །ཁྱོད་ཀྱིས་འཁོར་གྱི་ནང་དུ་ལུང་སྟོན་ཅིག །སྔ་བར་ལུང་བསྟན་ཐོས་པ་ལ་བརྟེན་ནས། །རྟོགས་པས་ཀུན་བྱེད་ཉིད་ལ་གནས་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྤྱོད་པ་བླང་དོར་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་དྲུག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཡེ་ཤེས་རང་ལ་སྒྲིབ་པ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ཇི་ལྟར་འདུལ་བའི་ཐབས་སུ་བསྟན་


DNG005_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །སྒྲིབ་པ་བསལ་ཞིང་ཡེ་ཤེས་བསྒྲུབ་པར་རྟོགས། །སྐུ་གསུམ་སྟོན་པས་འཁོར་ལ་དེ་ལྟར་བསྟན། །འཁོར་གྱིས་གོ་ཞིང་རྟོགས་པ་དེ་བཞིན་ཏེ། །རང་རང་མོས་པའི་དོན་ལ་ཞེན་པའི་ཕྱིར། །ཀུན་བྱེད་ང་ཡི་འཁོར་དུ་འདུ་མི་བྱེད། །ཀྱེ་ཀུན་བྱེད་ང་ཡིས་འཁོར་ལ་ལུང་ཕོག་པ། །ཇི་ལྟར་སྣང་གྲགས་གནས་པའི་ཆོས་རྣམས་ཀུན། །མ་སྐྱེས་དེ་བཞིན་ཉིད་དུ་ཀུན་གཅིག་ཕྱིར། །སྒྲིབ་དང་མི་སྒྲིབ་ཆོས་སུ་གནས་མི་བྱེད། །དེ་ཕྱིར་ཡེ་ཤེས་སྒྲིབ་པར་ང་མ་འབྱེད། །སྒྲིབ་དང་མི་སྒྲིབ་ཆོས་སུ་རིས་མི་ལྟ། །མཐར་ཐུག་མེད་པའི་དོན་ལ་གྲངས་མི་བགྲང་། །རྒྱུ་དང་འབྲས་བུས་སྙིང་པོའི་དོན་མི་སྐྱེད། །ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་བཀའ། །སྐུ་གསུམ་སྟོན་པའི་ལུང་དང་མི་མཐུན་པས། །སྐྱེ་མེད་གཅིག་ལ་མཚན་མའི་གྲངས་མི་བགྲང་། །ཡུལ་ཤེས་མི་བལྟ་གཉེན་པོའི་ཚོགས་མི་བསྟེན། །རིག་དང་མ་རིག་སྐྱེ་མེད་དབྱིངས་གཅིག་པས། །གཅིག་ལ་གཉིས་འཛིན་མཚན་མའི་གྲངས་མི་འདེབས། །རྣམ་པར་མི་རྟོག་འདུ་ཤེས་ནང་མི་འཇོག །ངེས་འཇོག་མ་ཡིན་དུས་གཅིག་ཀུན་མཁྱེན་པས། །དེ་ལྟར་སེམས་དཔའ་རྡོ་རྗེས་རྟོགས་པར་གྱིས། །ཀྱེ་སྟོན་པ་ཀུན་བྱེད་ང་ཡི་ཡེ་ཤེས་ཉིད། །བགྲང་དུ་མེད་ལ་བགྲང་ན་མཐའ་ལས་འདས། །ཆེ་བ་རེ་ལ་ཡེ་ཤེས་གྲངས་བསྟན་པས། །བརྗོད་པས་དེ་དག་མི་རྫོགས་ལུང་བསྟན་ཏོ། །ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་ཡེ་ཤེས་ནི། །རྣམ་པར་མི་རྟོག་སྤྲོས་པ་ཀུན་དང་བྲལ། །རབ་ཞི་གདུལ་མེད་མཁའ་ལྟར་གནས་པ་སྟེ། །སྐྱེ་བ་མེད་པ་ཞེས་སུ་བསྟན་པ་ཡིན། །རང་འབྱུང་ཡེ་ཤེས་གཅིག་ལས་མ་གཡོས་ཀྱང་། །རྣམ་པའི་ཁྱད་པར་མ་བཅོས་སོ་སོར་གསལ། །དེ་ལྟར་གང་གིས་རིག་ཅིང་རྟོགས་པ་ཉིད། །ཀུན་བྱེད་རྒྱལ་པོའི་སྲས་སུ་ལུང་བསྟན་ཏོ། །ཡེ་ཤེས་སྐྱེ་མེད་རྟོགས་པ་ཇི་ལྟ་བར། །སེམས་དཔའ་རྡོ་རྗེས་དེ་ལྟར་རྟོགས་པར་གྱིས། །ཀྱེ་ང་ནི་ཡེ་ཤེས་ཀུན་བྱེད་རྒྱལ་པོ་སྟེ། །མ་རིག་པ་ཡི་ལྟ་


DNG005_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

བ་སེལ་བར་བྱེད། །སྒྲིབ་པའི་དྲ་བ་མ་ལུས་གཅོད་བྱེད་ཅིང་། །ཡེ་ཤེས་སྣང་བ་རྒྱས་པར་མཆེད་པར་བྱེད། །ཀུན་བྱེད་ང་ནི་རང་འབྱུང་ཡེ་ཤེས་ཏེ། །ང་ལས་མ་བྱུང་ཡེ་ཤེས་གཅིག་མེད་པས། །ཡེ་ཤེས་མ་ལུས་ང་ཡིས་བཀོད་པས་ན། །ང་ནི་ཡེ་ཤེས་རྒྱལ་པོ་ཞེས་སུ་བཤད། །ཉོན་མོངས་ཡེ་ཤེས་གསལ་བར་བྱེད་འདོད་ན། །ཀུན་བྱེད་ང་ཡི་ལུང་ནི་རྟོགས་པར་གྱིས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཡེ་ཤེས་བསྒྲིབ་པ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་བདུན་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ལྷུན་གྲུབ་བཙལ་དུ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ང་ནི་ལྷུན་གྲུབ་བཙལ་དུ་མེད་པ་ཡིན། །ང་ཡི་རང་བཞིན་ཁྱོད་ལ་བསྟན་པར་བྱ། །ཁྱོད་ཀྱིས་ང་ཡི་དོན་ལ་ལེགས་རྟོགས་ཤིག །ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །ང་ཡི་རང་བཞིན་ཤིན་ཏུ་རྟོགས་དཀའ་བས། །སོ་སོའི་ཐབས་ཀྱིས་བཙལ་དུ་ཡོད་པར་བསྟན། །དེ་ཡང་ཇི་ལྟར་ངེས་པར་བསྟན་ཞེ་ན། །ལ་ལ་བདེན་པ་བཞི་ཡི་ལམ་ཞུགས་ནས། །ཉོན་མོངས་ཡེ་ཤེས་སྤོང་ལེན་རྩོལ་བར་བསྟན། །ལ་ལ་རྟེན་འདྲེལ་ལམ་ལ་ཞེན་པ་ཡིས། །ཉོན་མོངས་ཡེ་ཤེས་དགག་བསྒྲུབ་རྩོལ་བར་བསྟན། །ལ་ལ་བདེན་པ་གཉིས་ཀྱི་ལམ་ལ་འཇུག་བྱས་ནས། །སྦྱངས་ཤིང་རྩོལ་བས་འབྲས་བུ་ཐོབ་པར་བསྟན། །ལ་ལ་གཟུང་འཛིན་བྱ་བའི་རྩོལ་བ་ཡིས། །གྲུབ་པ་ལྷར་གསལ་ཚུལ་དུ་གནས་པར་འདོད། །ལ་ལ་ལས་དང་ཏིང་འཛིན་རྩོལ་བ་ཡིས། །བླང་དོར་སྒོ་ནས་འབྲས་བུ་ཐོབ་པར་འདོད། །ལ་ལ་ཏིང་འཛིན་རྣམ་གསུམ་རྩོལ་བ་ཡིས། །བླང་དོར་བྱས་པས་འབྲས་བུ་ཐོབ་པར་འདོད། །ལ་ལ་ཏིང་འཛིན་འཕྲོ་འདུའི་རྩོལ་བ་ཡིས། །བླང་དོར་མེད་པའི་འབྲས་བུ་ཐོབ་པར་འདོད། །ལ་ལ་རྒྱུ་འབྲས་ཏིང་འཛིན་རྩོལ་བ་ཡིས། །སྐུ་གསུང་རྡོ་རྗེ་


DNG005_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་འབྲས་བུ་ཐོབ། །ཀྱེ་འདི་དག་བཙལ་ཞིང་བསྒྲུབ་པའི་འབྲས་བུ་ཡིས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་མི་འགྱུར། །ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ནི། །ཀུན་ལ་ཁྱབ་ཀྱང་མི་རྟོགས་མཆོག་ཏུ་གསང་། །ང་ཡི་རང་བཞིན་མ་མཐོང་གསང་བའི་ཕྱིར། །རྩོལ་སྒྲུབ་ཅན་གྱི་ཐེག་པས་སྐུར་བཏབ་པས། །བསྐལ་པ་བྱེ་བ་ཁྲག་ཁྲིག་ཡུན་རིངས་སུ། །ངན་འགྲོ་ཐ་མའི་གནས་སུ་དེ་སྐྱེས་ནས། །བདེ་བ་བྲལ་ཞིང་དབང་པོ་མ་ཚང་ཞིང་། །སྙིང་པོའི་དོན་དང་བྲལ་ཞིང་བསྐལ་པར་འགྱུར། །ཀྱེ་ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས། །ང་ནི་མཐའ་ལྟར་ཡོངས་སུ་ཁྱབ་པའི་ཕྱིར། །ཀུན་དང་འདྲེལ་ཞིང་ཡོངས་ཀྱི་དོན་བྱེད་པས། །བཙལ་ཞིང་བསྒྲུབ་པ་ཡོད་པར་ལུང་མི་སྟོན། །ང་ཡི་དོན་འདི་ཁྱོད་ལ་བསྟན་པ་ཡིས། །བཙལ་ཞིང་བསྒྲུབ་ཏུ་མེད་པར་ངེས་པར་རྟོགས། །སེམས་དཔའ་རྡོ་རྗེས་ཇི་ལྟར་རྟོགས་པ་དེ། །ང་ཡི་འཁོར་ལ་ཁྱོད་ཀྱིས་ལུང་སྟོན་ཅིག །ཀྱེ་ང་ནི་མ་བཙལ་ལྷུན་གྱིས་གྲུབ་པའི་ཕྱིར། །ཇི་ལྟར་རྟོགས་པ་ཁྱེད་ལ་ལུང་བསྟན་པས། །ཁྱེད་ཀྱིས་ཆོས་ཀུན་ཕ་ལྟར་རྟོགས་པར་འགྱུར། །དེ་ནས་རྩོལ་བསྒྲུབ་མེད་པར་དབུགས་ཕྱིན་པས། །ཀུན་བྱེད་རྒྱལ་པོ་ཉིད་དུ་ལུང་བསྟན་ཏོ། །དེ་བས་སེམས་དཔའ་རྡོ་རྗེ་དམ་པ་ཡིས། །མ་བཅོས་བསྐལ་པར་སྦྱངས་པའི་སྐྱེས་བུ་ལ། །འབད་རྩོལ་མེད་པར་ས་ལ་གཞག་པའི་ཕྱིར། །བཙལ་བསྒྲུབ་མེད་པར་རྟོགས་པར་ལུང་སྟོན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྷུན་གྲུབ་བཙལ་དུ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་བརྒྱད་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་བསྒྲགས་སོ། །ཀྱེ་ཁྱོད་ནི་ཀུན་བྱེད་རྒྱལ་པོ་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱེད་པའི་རྒྱལ་པོ་ཁྱོད་ཀྱིས་བྱས། །མ་ལུས་ཁྱོད་ཀྱིས་ཀུན་བྱས་ཀྱང་། །བྱེད་པའི་རྒྱལ་པོ་ཁྱོད་ཉིད་ལ། །བྱ་མི་དགོས་ཏེ་གདོད་ནས་གྲུབ། །


DNG005_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས་ཁྱོད་ཀྱིས་བྱས། །ཁམས་གསུམ་སེམས་ཅན་ཁྱོད་ཀྱིས་བྱས། །རྒྱུད་དྲུག་ལམ་ལྔ་ཁྱོད་ཀྱིས་བྱས། །སྐྱེ་བཞི་འགྲོ་ལྔ་ཁྱོད་ཀྱིས་བྱས། །སྟོན་པ་གསུམ་ཡང་ཁྱོད་ཀྱིས་བཀོད། །བསྟན་པ་གསུམ་ཡང་ཁྱོད་ཀྱིས་བཀོད། །སྡུད་པ་གསུམ་ཡང་ཁྱོད་ཀྱིས་བཀོད། །དུས་གསུམ་འཁོར་ཡང་ཁྱོད་ཀྱིས་བཀོད། །རང་འབྱུང་ལྔ་ཡང་ཁྱོད་ལས་བྱུང་། །རྒྱན་གྱི་རྒྱུ་ལྔ་ཁྱོད་ཀྱིས་བཀོད། །རང་བཞིན་བཅུ་ཡང་ཁྱོད་ཀྱིས་བསྟན། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །མདོ་ལུང་ཀུན་གྱི་ངོ་བོ་ཁྱོད། །བསྟན་པའི་མེ་ལོང་མུན་སེལ་སྒྲོན། །འཁོར་གྱི་མུན་པ་སེལ་མཛད་པ། །ཁྱོད་ནི་རྒྱལ་བ་ཀུན་གྱི་མེས། །རང་འབྱུང་ཐབས་མཆོག་ཀུན་གྱི་ཡབ། །འབྱུང་གནས་ཤེས་རབ་ཀུན་གྱི་ཡུམ། །སྤྲོས་པ་མེད་ཅིང་ཞི་བ་མེད། །ངག་ལས་འདས་ཤིང་སྙིང་པོ་མེད། །མཁའ་ལྟར་དག་ཅིང་སྤྱོད་ཡུལ་འདས། །ཀུན་གྱིས་རྟོགས་པར་བྱ་བའི་ཡུལ། །སྒྲོ་སྐུར་འདས་པ་ཆོས་ཀྱི་དབྱིངས། །ཐོག་མ་ཐ་མ་དབུས་ལས་འདས། །འཁོར་ལོ་འབྱུང་གནས་སྙིང་པོ་ཅན། །རིན་ཆེན་པདྨའི་སྙིང་པོ་ལྟར། །ཡིད་འཕྲོག་ཚིམ་པ་མེད་པའི་སྐུ། །ཐེག་པའི་སྙིང་པོ་དག་གི་རྒྱན། །སྐུ་གསུང་ཐུགས་ལ་མཚན་མེད་དེ། །བདག་གིས་རྟོགས་དཀའི་དོན་རྟོགས་པས། །རྒྱལ་བ་ཀུན་གྱི་ཡང་མེས་པོ། །ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཅེས་བསྟོད་ཅིང་བསྒྲགས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བསྒྲགས་པར་མཛད་དོ། །ཨེ་མ་ཧོ་སེམས་དཔའ་རྡོ་རྗེའི་སྐུ། །རྒྱལ་བ་ཀུན་གྱིའང་སྐུ་གསུང་ཐུགས། །གསང་བའི་མཛོད་ལ་མངའ་བརྙེས་ཤིང་། །སྨྲ་བའི་སེང་གེ་བླ་ན་མེད། །དམ་པའི་གསང་བ་རྟོགས་པའི་ཐུགས། །གསང་བ་རྒྱ་མཚོ་སྒྲོགས་པའི་གསུང་། །ཡོན་ཏན་ལྷུན་གྲུབ་རྫོགས་པའི་སྐུ། །ཁྱོད་ནི་རྒྱལ་བའི་སྲས་པོ་སྟེ། །ཀུན་བྱེད་རྒྱལ་པོ་ང་ཉིད་ལྟར། །རྒྱལ་བ་ཀུན་གྱི་མེས་པོ་གྱིས། །ས་ཁམས་རྣམས་ཀྱི་མུན་སེལ་གྱིས། །རྣལ་


DNG005_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རྣམས་ཀྱི་བླ་མ་གྱིས། །གསང་བ་ཀུན་གྱི་རྒྱལ་པོ་སྟེ། །བསྟན་པ་ཕྱི་མ་གསང་བ་འདི། །རྣལ་འབྱོར་པ་ལ་ལུང་སྟོན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྟོགས་པ་བསྒྲགས་ཤིང་བསྟོད་པའི་ལེའུ་སྟེ་དྲུག་ཅུ་རྩ་དགུ་པའོ།། །། རྒྱུད་ཕྱི་མ་ཞེས་བྱ་བ་མདོ་ལུང་བཅུ་གཉིས་པ་རྫོགས་སོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཉམ་པ་ལ་གཟིགས་ཤིང་དགོངས་ནས་ཅང་ཡང་མི་གསུང་བར་བཞུགས་སོ། །དེའི་ཚེ་སེམས་དཔའ་རྡོ་རྗེ་དེ་ཉིད་ཀྱང་སྟོན་པ་དེ་ལྟར་གྱུར་པ་ཡང་རིག །ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པ་ལ་དགོངས་ནས་ཅང་ཡང་མི་སྨྲ་བར་འཁོད་དོ། །དེ་ནས་ཕྱོགས་བཅུ་ནས་ལྷགས་ཤིང་འཁོད་པའི་འདུས་པ་ཕལ་མོ་ཆེ་དག་གིས་དེ་ལྟར་རྟོགས་ནས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བསྐུལ་ལོ། །ཡང་དག་པར་བསྐུལ་ཏོ། །ངེས་པ་དམ་པར་བསྐུལ་ཏོ། །ཨེ་མ་ཧོ། སེམས་དཔའ་རྡོ་རྗེ་ཆེན་པོ་བདག་ཅག་ལ་ཕན་གདགས་པའི་སླད་དུ་རྟོགས་པའི་དོན་ལ་ཇི་ལྟར་བསྒོམ་པ་དེ་སྟོན་པ་ལ་ཞུ་བའི་དུས་ལ་བབ་བོ། །ངེས་པར་དུས་ལ་བབ་བོ་ཞེས་བསྐུལ་བས་སེམས་དཔའ་རྡོ་རྗེ་དེ་དགའ་བའི་མདངས་དང་བཅས་ཏེ་དང་ཞིང་མོས་པའི་མདངས་ཕྱུང་ནས་སྟན་ལས་ལངས་ཏེ་སྟོན་པའི་མདུན་དུ་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཁྱོད་ཀྱི་མདུན་དུ་བདག་འདུས་འཁོད་པ་དེ། །བདག་འཚལ་བ་ཡི་དོན་ནི་ཅི་ཞིག་མཆིས། །བདག་འཚལ་དོན་ནི་ཁྱོད་ཀྱིས་བསྟན་དུ་གསོལ། །ཞེས་ཞུས་པ་ལས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་ཉིད་ཅང་ཡང་མི་གསུང་བར་བཞུགས་ཏེ་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཆོས་སྐུ་སྐྱེ་མེད་ཐིག་ལེའི་རང་བཞིན་ལ། །སྟོན་པ་གསུམ་པོ་ཉིད་ཀྱིས་ཇི་ལྟར་བསྒོམ། །བསྟན་པ་གསུམ་དུ་ཉིད་ཀྱིས་ཇི་ལྟར་བསྒོམ། །སྡུད་པ་གསུམ་དུ་ཉིད་


DNG005_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཇི་ལྟར་བསྒོམ། །འཁོར་གནས་དུས་ཀྱི་རང་བཞིན་ཇི་ལྟར་བསྒོམ། །ཆོས་རྣམས་ཀུན་གྱི་དོན་ལ་ཇི་ལྟར་བསྒོམ། །བསྒོམ་པའི་ལུང་བཅུ་བདག་ལ་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་དོན་ལ་ང་སྒོམས་ཤིག །བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །སྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་ན། །མ་བསྒོམས་རང་བཞིན་བཞག་ན་བསྒོམ་པ་ཡིན། །དོན་ནི་ཀུན་དོན་སྐྱེ་བ་མེད་པ་སྟེ། །རྣམ་རྟོག་མཚན་མ་དེ་བཞིན་རིག་བྱས་ནས། །དྲན་བསམ་ཡིད་ལ་རྒྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངང་ལས་མ་ཡེངས་པ། །གང་ལྟར་བསམས་ཀྱང་སྒོམ་པ་ཡིན་ཤེས་ན། །མ་བསྒོམ་གང་ལྟར་བཞག་ཀྱང་ཡེངས་པ་མེད། །ཀྱེ་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །མཚན་མ་བསྒོམ་ལ་དགའ་བའི་གང་ཟག་ལ། །རང་རང་གང་ལྟར་འཐད་པའི་ལུང་བཞིན་དུ། །བསྒོམ་དུ་ཡོད་ཅེས་ཀུན་ལ་ལུང་དུ་བསྟན། །ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་ལ། །སྟོན་པ་རང་འབྱུང་རིག་པའི་ཡེ་ཤེས་ལས། །མ་བསྡུས་སྟོན་པ་གསུམ་ཡང་དེ་ལ་འདུས། །སྟོན་པ་དེ་ལ་མ་བསྡུས་སྟོན་པ་དེ་ལ་འདུས། །སྟོན་པས་དེ་ལ་བསྒོམ་དུ་མེད་པར་བསྟན། །བསྟན་པ་བརྗོད་བྲལ་རིག་པ་མཚོན་འདས་ལ། །བསྟན་པ་གསུམ་ཡང་དེ་ལ་འདུས་ཏེ་གནས། །མ་བཅོས་རིག་པའི་གཞལ་ཡས་འོག་མིན་ན། །གཞལ་ཡས་གསུམ་ཡང་དེ་ལ་འདུས་པར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སྙིང་པོ་བྱང་ཆུབ་སེམས་ལ་ཀུན་འདུས་པས། །འཁོར་གསུམ་དུས་གསུམ་ཀུན་དུ་འདུས་པར་བཤད། །མ་བསྡུས་རང་བཞིན་འདུ་བའི་ཡེ་ཤེས་ནི། །སྡུད་པ་དེ་ལས་གཞན་པ་ཡོད་མ་ཡིན། །མ་བསྒོམ་རང་བཞིན་བཞག་པའི་ལུང་འདི་ལ། །བསྒོམ་དུ་ཡོད་དང་མེད་པའི་ལུང་མི་སྟོན། །རེ་དོགས་སྒྲོ་སྐུར་འཛིན་པའི་སེམས་མི་འཇོག །ཅེས་གསུངས་


DNG005_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྒོམ་དུ་ཡོད་མེད་བསྟན་པའི་ལེའུ་སྟེ་བདུན་ཅུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ལྟ་བ་སྒོམ་མེད་ཀྱི་དགོངས་པ་འདི་གསུངས་སོ། །ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །མཚན་མ་རྟོག་པས་འདུལ་བའི་གང་ཟག་ལ། །མཚན་མ་རྟོག་པའི་ཏིང་འཛིན་གྲངས་སུ་བསྟན། །ལ་ལས་ཞི་བའི་ཏིང་འཛིན་སྒོམ་པར་བྱེད། །ལ་ལས་ཟབ་མོའི་ཏིང་འཛིན་སྒོམ་པར་བྱེད། །ལ་ལས་ཞི་གནས་ལྷག་མཐོང་འདྲེལ་པ་ཡི། །བདག་མེད་ཏིང་ངེ་འཛིན་ལ་གནས་པར་བྱེད། །ལ་ལ་མཚན་མ་དག་པ་ལ་བརྟེན་ནས། །མཚན་མ་རྗེ་དང་འབངས་སུ་དམིགས་པར་བྱེད། །ལ་ལ་ལྟ་སྤྱོད་འདྲེལ་མེད་ལ་བརྟེན་ནས། །འདྲེལ་པའི་ཏིང་ངེ་འཛིན་ལ་གནས་པར་བྱེད། །ལ་ལ་མཚན་མེད་དོན་ལ་བརྟེན་བྱས་ཤིང་། །མཚན་མའི་ཏིང་ངེ་འཛིན་ལ་གནས་པར་བྱེད། །ལ་ལས་རང་རྒྱུད་དག་པ་ལ་བརྟེན་ནས། །རྣམ་གསུམ་འཕྲོ་འདུའི་དོན་ལ་གནས་པར་བྱེད། །ལ་ལ་རྒྱུ་འབྲས་དག་པ་གཙོར་བྱས་ནས། །འོད་ཀྱི་ཏིང་ངེ་འཛིན་ལ་གནས་པར་བྱེད། །འདི་དག་མཚན་མ་གྲངས་ཀྱི་ཏིང་འཛིན་ཏེ། །སྟོན་པ་ཀུན་བྱེད་རྒྱལ་པོས་ལུང་མ་བསྟན། །ཀྱེ་སྟོན་པ་ཀུན་བྱེད་ང་ཡིས་ལུང་བསྟན་པ། །མ་ལུས་སྐྱེ་མེད་རྣམ་དག་ཏིང་འཛིན་ཏེ། །བསྒོམ་དང་མི་སྒོམ་རྐྱེན་ལ་རག་མ་ལུས། །བསྒོམ་བྱ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །གང་དུ་ཇི་ལྟར་བཞག་པའི་ཚུལ་མེད་པར། །མ་བཙལ་རང་སར་བཞག་པས་བསྒོམས་པ་ཡིན། །ཀྱེ་བསྒོམ་དུ་མེད་པའི་མན་ངག་འདི་དག་ལ། །ཚིག་དང་སྒྲ་ལས་འདས་པའི་དོན་ཡིན་ཕྱིར། །སྔ་རབས་ཀུན་བྱེད་རྒྱལ་པོས་ལུང་མ་བསྟན། །ཕྱི་རབས་ཀུན་བྱེད་རྒྱལ་པོས་ལུང་མི་སྟོན། །ད་ལྟར་ཀུན་བྱེད་རྒྱལ་པོས་ལུང་བསྟན་མེད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་ནོར་དགོངས་པའི་དོན་ལ་ལུང་བསྟན་པ། །སྒྲོ་སྐུར་འདས་པ་དོན་


DNG005_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྙིང་པོ་ལ། །བསྒོམ་དང་མི་སྒོམ་མཁའ་ལ་རྩོད་པ་འདྲ། །རྟོགས་པའི་དོན་ལས་མ་ཡེངས་དགོངས་པ་སྟེ། །དངོས་པོ་མ་ཡིན་དངོས་པོ་མེད་མ་ཡིན། །ཕྱོགས་མིན་ཕྱོགས་ལས་འདས་པ་མ་ཡིན་པར། །བསྒོམ་དང་མི་སྒོམ་ཕྱོགས་ལ་གནས་མི་བྱེད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །བསྒོམ་དང་མི་སྒོམ་མཚོན་པར་མི་ནུས་ལྟར། །སྙིང་པོ་དོན་ལ་གནས་པའི་རྣལ་འབྱོར་དང་། །སེམས་དཔའ་རྡོ་རྗེ་དེ་ལ་གནས་པར་བྱ། །ཀྱེ་དུས་གསུམ་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་དགོངས་པ་ལ། །མིང་དང་ཐ་སྙད་ཚིག་ཏུ་འདིའོ་ཞེས། །མ་བསྟན་མི་སྟོན་བསྟན་པར་མི་མཛད་དོ། །ལྟ་བ་བསྒོམ་དུ་མེད་པར་དོན་རྟོགས་ན། །བསྒོམ་དང་མི་སྒོམ་རེས་འཇོག་ལོག་པའི་ལམ། །དམ་པའི་དགོངས་པ་སྐྱེ་མེད་ཐུགས་ཆུད་ན། །དམ་པ་དེ་ལ་ལོག་དང་མ་ལོག་མེད། །ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་ལུང་ཕོག་ལྟར། །མ་བསྒོམས་བསྒོམ་དུ་མེད་པར་རྟོགས་གོམས་ནས། །སྐལ་ལྡན་རྣལ་འབྱོར་གང་ཟག་སུ་ཡང་རུང་། །ཀུན་བྱེད་རྒྱལ་པོ་ཉིད་དུ་ལུང་བསྟན་ཏོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ལྟ་སྒོམ་དབྱེར་མེད་པའི་ལེའུ་སྟེ་བདུན་ཅུ་གཅིག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་བསྲུང་དུ་མེད་པ་དེ་བཞིན་ཉིད་དུ་གནས་པ་འདི་གསུངས་སོ། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །རྣམ་རྟོག་མཚན་མའི་ལམ་ལ་གནས་པའི་བར། །བསྲུང་དང་མི་སྲུང་ཁྱད་པར་གཉིས་མཐོང་བ། །རྩ་བ་ཡན་ལག་བཅས་པ་བསྲུང་བར་བསྟན། །ཀྱེ་ཀུན་བྱེད་ང་ནི་ཡེ་ནས་དེ་བཞིན་ཉིད། །དེ་བཞིན་ཉིད་ལ་གཟུང་འཛིན་མེད་པའི་ཕྱིར། །ཆོས་རྣམས་དེ་ལྟར་གང་གིས་རྟོགས་པ་ལ། །བསྲུང་དང་མི་སྲུང་འདུ་ཤེས་འཇུག་པ་མེད། །ཀྱེ་ང་ནི་མ་བཅོས་ཀུན་བྱེད་བྱང་ཆུབ་སེམས། །གཉེན་པོ་མི་བསྟན་ཡུལ་ལ་འཇུག་མི་བྱེད། །རང་འབྱུང་ལྷུན་གྲུབ་རིག་པའི་དམ་ཚིག་ལ། །འདའ་ཉམས་མེད་པས་ཆེད་


DNG005_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྲུང་བ་མེད། །རང་རིག་མ་ནོར་བློ་ཡི་ཚད་མ་ཡིས། །མ་བཅོས་སྙིང་པོའི་དོན་ལ་འཇུག་པར་བྱེད། །སྐྱེ་མེད་ཐུགས་སུ་ཆོས་ཀུན་རོ་གཅིག་པས། །འཇུག་དང་མི་འཇུག་མཐའ་ལ་ང་མི་གནས། །ཀྱེ་སེམས་དཔའ་རྡོ་རྗེ་དོན་ལ་གོམས་པར་གྱིས། །དགོངས་དོན་གསང་བའི་རིག་པ་མ་ཤར་ན། །ཚིག་དང་སྒྲ་ལ་འཛིན་པའི་གོམས་པ་དག །ཀུན་བྱེད་ང་ཡི་ལུང་དང་ཕྲད་མི་འགྱུར། །བསྲུང་དུ་མེད་པའི་དམ་པའི་དགོངས་པ་འདི། །ཀུན་དུ་ཡེ་ནས་མ་བསྲུངས་གནས་པ་ལ། །ཀུན་བྱེད་ང་ཡི་དགོངས་པ་མ་གོམས་ན། །ཇི་ལྟར་བསྲུངས་པ་ཚི་ཆད་ནད་དུ་འགྱུར། །ཀྱེ་ཀུན་བྱེད་ང་ཡི་དགོངས་པའི་དམ་ཚིག་ནི། །མ་ཡེངས་དྲན་པས་དངོས་པོ་ཡེ་ཤེས་སུ། །མ་བཅོས་སུས་ཀྱང་མ་བྱས་རང་འབྱུང་སྟེ། །རིག་པས་དབང་བསྒྱུར་བསྲུང་དང་མི་སྲུང་མེད། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་འབྱུང་སྙིང་པོར་གསལ་བས་དབང་བསྒྱུར་བས། །ཀུན་བྱེད་རྒྱལ་པོས་བྱས་པའི་ཆོས་རྣམས་ལ། །རིག་དང་མ་རིག་གཉིས་ཀའི་ཡུལ་ལས་འདས། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །བསྲུང་དང་མི་བསྲུང་ཡུལ་ལས་འདས་པ་ལྟར། །སེམས་དཔའ་རྡོ་རྗེས་དོན་ལ་གོམས་བྱས་ནས། །ང་ཡི་འཁོར་ལ་དེ་ལྟར་ལུང་སྟོན་ཅིག །ང་ཡི་འཁོར་ལ་དེ་ལྟར་ལུང་བསྟན་ན། །བྱ་བའི་འདུ་ཤེས་ལམ་ལས་གྲོལ་བར་འགྱུར། །སྐྱེ་བ་མེད་པས་ཀུན་ཀྱང་ཞི་བར་འགྱུར། །ཀུན་བྱེད་རྒྱལ་པོ་ང་ཡི་ཐུགས་སུ་འགྱུར། །ཀྱེ་ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ལ་སྒྲོ་དང་སྐུར་པའི་ཡུལ་མེད་པས། །གང་ལ་སེམས་པར་མ་བྱེད་བསྒོམ་མ་བྱེད། །སྒོ་གསུམ་བཅོས་པར་མི་བྱ་ལྷུག་པར་བཞག །གཟའ་དང་རྒྱུ་སྐར་ཚེས་གྲངས་དུས་ཚོད་མེད། །ཡིད་ལ་མི་བྱེད་སྔགས་དང་ཕྱག་རྒྱ་བྲལ། །དེ་བས་ཀུན་བྱེད་བྱང་ཆུབ་སེམས་ཉིད་ལ། །བསྲུང་དང་མི་སྲུང་ས་མཚམས་མེད་པར་བཤད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ལྟ་སྒོམ་འདར་མེད་པའི་ལེའུ་སྟེ་


DNG005_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཅུ་གཉིས་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་བྱ་མེད་རྩོལ་བ་དང་བྲལ་བར་རྟོགས་པ་འདི་གསུངས་སོ། །ཀྱེ་ང་ནི་ཀུན་བྱེད་རྒྱལ་པོ་སྟེ། །ཀུན་བྱེད་རྒྱལ་པོ་ང་ཡི་དགོངས་པ་ནི། །བསམ་པའི་ཡུལ་ལས་འདས་པས་བསྒོམ་དུ་མེད། །ཀྱེ་སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །རང་འབྱུང་ང་ལ་རྒྱུ་རྐྱེན་ཀུན་དང་བྲལ། །སྒོ་གསུམ་བཙལ་མེད་ལྷུག་པ་ཉིད་དུ་ཞོག །གང་ཞིག་བྱ་རྩོལ་མཚན་མའི་རྗེས་འབྲངས་པ། །ཀུན་བྱེད་ང་དང་ཕྲད་པར་མི་འགྱུར་རོ། །ཀྱེ་སྟོན་པའི་ཀུན་བྱེད་ང་ཡི་ཕྲིན་ལས་ནི། །བྱ་བ་མེད་པས་རྩོལ་བའི་ལས་མི་བྱེད། །དམིགས་པ་མེད་པས་བསྒོམ་པའི་འདུ་ཤེས་བྲལ། །འདུ་འབྲལ་མེད་པས་མ་བརྗེད་ཡིད་ལ་ཞོག །བྱུང་ཚོར་སྐྱེ་བ་མེད་པས་གསལ་འགྱུར་ནས། །གང་ཡང་བྱས་པ་མེད་པར་ལས་ཀུན་གྲུབ། །ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །རྒྱལ་བ་ཀུན་གྱི་ཕྲིན་ལས་ངས་བྱས་ཀྱང་། །རང་འབྱུང་ཡེ་ཤེས་བྱ་མེད་རྫོགས་པའི་ཕྱིར། །ཇི་བཞིན་པ་ཡི་ལས་ལ་བྱེད་མ་མྱོང་། །མ་བཙལ་ཇི་བཞིན་ཉིད་དུ་སེམས་དཔའ་ཞོག །ཇི་བཞིན་མ་བཅོས་རྒྱལ་བའི་དགོངས་པ་ལ། །སེམས་དང་སེམས་ལས་བྱུང་བ་ཅི་སྐྱེས་ཀྱང་། །དེ་ཉིད་སྐྱེ་མེད་ཉིད་དུ་གནས་ཤེས་ན། །བྱ་རྩོལ་མཚན་མའི་འདུ་ཤེས་ཀུན་དང་བྲལ། །ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །རྟོགས་པ་རང་སར་གྲོལ་བའི་ལྟ་བ་ལ། །མ་ཡེངས་རང་བཞིན་བཞག་པས་བྱ་བཙལ་མེད། །ཀུན་ཀྱང་རང་འབྱུང་རང་སར་གྲོལ་བ་ཡིན། །ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །རང་ལུས་མི་བཅོས་དབང་པོ་མི་རྟུལ་ཏེ། །ངག་ཀྱང་མི་གདམས་བྱ་རྩོལ་བྱར་ཡང་མེད། །སེམས་ཀྱང་གར་གཏད་མི་གཡོའི་ངང་ལ་བཞག །བྱ་བ་མེད་པའི་ཕྲིན་ལས་འདི་བསྒོམས་པས། །བྱས་པ་མེད་པར་དོན་ཀུན་རྫོགས་པར་འགྱུར། །ཀྱེ་ཇི་བཞིན་རྩོལ་བྲལ་བདེ་བ་ཆེན་པོ་ལ། །སྒོ་གསུམ་མི་རྩོལ་བཅོས་ཤིང་


DNG005_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་མི་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲངས། །རང་འབྱུང་ཡེ་ཤེས་བདེ་བའི་དོན་ལ་བཞག །འདི་ནི་རང་འབྱུང་འོད་གསལ་དགོངས་པ་སྟེ། །ཀུན་བྱེད་རྒྱལ་པོའི་དགོངས་པའི་ཕྲིན་ལས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །མ་བཅོས་ཇི་བཞིན་ཉིད་ལ་འཇུག་པ་ལ། །ཚད་མ་མི་དགོས་གཉེན་པོས་བཅོས་མི་དགོས། །རྟོགས་པའི་དོན་ལ་མ་བཅོས་དེ་བཞིན་ཞོག །ཀྱེ་བྱ་བ་མེད་པའི་རང་བཞིན་ལས་འདི་ལ། །སྒོ་གསུམ་རྩོལ་བ་བྱས་པས་ཟིན་མི་འགྱུར། །ཀུན་བྱེད་རྒྱལ་པོའི་དགོངས་པ་ལ་གནས་པས། །ང་ཡི་དགོངས་པ་ཕྲིན་ལས་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཇི་བཞིན་པ་ལ་བྱ་རྩོལ་དང་བྲལ་བར་གནས་པའི་ལེའུ་སྟེ་བདུན་ཅུ་གསུམ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སྙིང་པོ་འདུ་འབྲལ་མེད་པར་གནས་པ་འདི་གསུངས་སོ། །ཀྱེ་ཇི་བཞིན་པ་ལ་སེམས་དཔའ་རྡོ་རྗེ་སྒོམ། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་དགོད་དུ་མེད་པར་བསྟན་པ་ནི། །ཇི་བཞིན་གཙོ་འཁོར་མེད་པའི་དོན་དུ་བསྟན། །ཀྱེ་རིག་པའི་རྒྱལ་པོ་གསལ་བར་དབང་བསྒྱུར་བས། །སྙིང་པོ་རྩོལ་བསྒྲུབ་འདས་པའི་བདག་ཉིད་དེ། །རྟོགས་པ་ཡེ་ཤེས་མཆོག་གིས་ལེན་པར་བྱེད། །འདི་ནི་ཀུན་བྱེད་རྒྱལ་པོའི་དཀྱིལ་འཁོར་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ཆོས་དབྱིངས་ངང་ལ་བཀོད། །སྙིང་པོའི་དོན་ལ་བླང་དོར་མེད་པའི་ཕྱིར། །དེ་ཡང་ཀུན་བྱེད་ང་ཡིས་བཀོད་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་གསུང་གི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་གྲགས་ཤིང་གནས་པའི་ཆོས་རྣམས་ནི། །སྐྱེ་བ་མེད་པའི་དབྱིངས་ལས་གསུང་དུ་བཀོད། །སྙིང་པོ་བརྗོད་དུ་མེད་པའི་


DNG005_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ལ་འདུས། །དེ་ཡང་ཀུན་བྱེད་རྒྱལ་པོས་བཀོད་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་རིག་པའི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན། །མ་སྐྱེས་ཀུན་བྱེད་ཉིད་ཀྱི་དོན་དུ་རིག །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཉིད་ནི། །མ་བཅོས་རྣལ་དུ་བཞག་པའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་རྟོགས་པས། །ལྷུན་གྲུབ་སྙིང་པོ་དོན་ལ་འཇུག་པར་བྱེད། །ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །རང་འབྱུང་སྙིང་པོ་མཆོག་གི་དཀྱིལ་འཁོར་ལ། །སྒོ་གསུམ་ལྷུག་པས་ཇི་བཞིན་ངང་བཞག་ན། །ཀུན་བྱེད་ང་ཡི་དགོངས་པར་གནས་པ་ཡིན། །སྔ་རབས་འདས་པའི་ཀུན་བྱེད་རྒྱལ་པོས་ཀྱང་། །དགོངས་པ་རྣལ་དུ་བཞག་པས་དོན་རྫོགས་ལ། །མ་བྱོན་དུས་ཀྱི་ཀུན་བྱེད་རྒྱལ་པོས་ཀྱང་། །མ་བཅོས་རྣལ་དུ་བཞག་པས་དོན་རྫོགས་འགྱུར། །ད་ལྟར་བཞུགས་པའི་ཀུན་བྱེད་རྒྱལ་པོས་ཀྱང་། །དགོངས་པ་རྣལ་དུ་བཞག་སྟེ་གནས་པ་ཡིན། །ཀྱེ་སེམས་དཔའ་རྡོ་རྗེ་ཆེན་པོ་ཁྱོད་སྒོམས་ཤིག །ང་ཡི་འཁོར་དུ་གཏོགས་པའི་རྣལ་འབྱོར་པ། །ཀུན་བྱེད་རྒྱལ་པོའི་དགོངས་པ་འདི་ཉིད་ལ། །མ་བཙལ་རྣལ་དུ་བཞག་པར་ལུང་སྟོན་ཅིག །དགོངས་པ་རྣལ་དུ་བཞག་པའི་དོན་འདི་ནི། །ཀུན་གྱི་སྤྱོད་ཡུལ་མིན་པས་མི་ཤེས་ཤིང་། །མཉམ་པར་བཞག་པས་རྟོགས་པའི་ཡུལ་ལས་འདས། །ཀུན་བྱེད་རྒྱལ་པོ་དེ་ལ་གནས་པར་བྱེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྙིང་པོ་དོན་ལ་གནས་པའི་ལེའུ་སྟེ་བདུན་ཅུ་བཞི་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་རིག་པ་དབང་སྒྱུར་ལ་གནས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །རིག་པའི་རྒྱལ་པོས་གསལ་བར་དབང་སྒྱུར་ནས། །མཚན་མའི་བདེ་བའི་དབང་ལ་རག་མི་ལུས། །རྟོགས་ནས་མི་རྟོག་དོན་ལ་ཇི་བཞིན་ཞོག །


DNG005_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་ཀུན་བྱེད་རྒྱལ་པོ་དབང་ཐོབ་རིག་པ་ན། །དངོས་པོ་མ་བཅོས་ཇི་བཞིན་རྟག་ཏུ་ཤར། །རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །གཞི་བཞག་གང་ལྟར་བཞག་ཀྱང་དེ་ཉིད་དང་། །ཀུན་བྱེད་རྒྱལ་པོ་ཐབས་ཆེན་རྟོགས་པའི་དབང་། །ཀུན་ཀྱང་ཇི་བཞིན་ཡུལ་ལ་འཇུག་པ་ན། །སྐྱོན་དང་ཡོན་ཏན་གཉི་ག་མཉམ་ཤེས་ནས། །འཇུག་དང་མི་འཇུག་དོན་ལས་ཤིན་ཏུ་འདས། །ཀྱེ་ཀུན་བྱེད་རིག་པས་དབང་སྒྱུར་དགོངས་པ་འདི། །ངག་གིས་སྨྲར་མེད་དམིགས་པའི་ཡུལ་ལས་འདས། །དྲན་པ་ཞི་ཞིང་སྤྲོས་པ་མེད་པ་སྟེ། །མཁའ་ལྟར་ཁྱབ་ཅིང་ཕྱོགས་ཆ་ཡོངས་ཀྱིས་མེད། །ཀྱེ་སེམས་དཔའ་རྡོ་རྗེ་དེ་བཞིན་ཉིད་སྒོམས་ཤིག །བསྒོམ་དང་མི་སྒོམ་ཡུལ་ལས་འདས་པ་ལ། །གཉིས་ཀ་འབྱུང་འཇུག་རེ་དོགས་མེད་པ་ཡིས། །མཉམ་པར་མི་འཇུག་དོན་ལ་སྒོམ་མི་བྱེད། །དབང་པོ་དངོས་གྲུབ་མི་ལེན་བཅོས་སུ་མེད། །ཀུན་བྱེད་རྒྱལ་པོ་ཉིད་ལ་གུས་པར་གནས། །ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ནི། །རང་འབྱུང་སྒོམ་དུ་མེད་པའི་སྙིང་པོ་སྟེ། །ཡེ་ཤེས་གསལ་ལ་བསྒྲུབ་པ་མེད་པ་ཡིན། །དབང་ནི་རྟོགས་པས་རེ་དོགས་བཅད་པ་ཡིན། །འདི་ལ་ངེས་པར་འཇུག་པའི་རྣལ་འབྱོར་པས། །ཤིན་ཏུ་རྣལ་འབྱོར་རྒྱུ་འབྲས་འདས་པའི་ལུང་། །མ་བཅོས་ཡེ་ཤེས་ཀུན་བྱེད་རྒྱལ་པོ་ལ། །གང་ལྟར་འདི་ལྟར་འཇོག་ཅེས་ལུང་མི་སྟོན། །སྔ་བར་མ་གསུངས་ཕྱིས་ཀྱང་མི་གསུང་ཞིང་། །ད་ལྟར་བྱུང་བར་གསུང་བར་མི་མཛད་དོ། །ཀྱེ་སྟོན་པའི་ངོ་བོ་ཀུན་བྱེད་རྒྱལ་པོ་ཡིས། །བསྒོམ་ཞིང་བསམ་དུ་མེད་པའི་ཆོས་ཉིད་ལ། །མ་བསམས་ཡལ་བར་གནས་པས་འཁོར་བ་ཉིད། །བཙལ་ཞིང་བསྒོམས་པས་རྟོག་པའི་མཚན་མའི་ལམ། །དེ་བས་རེ་དོགས་བཅས་པའི་ཏིང་འཛིན་ནི། །གནས་པས་གྲོལ་བར་ཀུན་བྱེད་ལུང་མི་སྟོན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །རྟོགས་པས་གཉི་གའི་འཆིང་བ་རབ་བཅད་ནས། །མི་འགལ་མཉམ་པའི་


DNG005_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་གནས་བྱས་པས། །ཀུན་བྱེད་ང་ཡི་དགོངས་པ་ལྷུན་གྱིས་གྲུབ། །ཀྱེ་གང་གིས་འཆིང་བ་དེ་རྟོགས་བཅད་བྱས་ཤིང་། །གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །སྙིང་པོའི་དོན་ལ་ཕྱོགས་རིས་དམིགས་མི་འཛིན། །དོན་ལ་མི་སྒོམ་སྙིང་རྗེ་ཡུལ་མི་འཇུག །ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡིས་གང་བསྟན་པ། །སེམས་དཔའ་རྡོ་རྗེས་དོན་ལ་གོམས་པར་གྱིས། །ཡེ་ཤེས་དྲན་པས་དབང་སྒྱུར་རིག་པའི་ངང་། །འདི་ནི་ཀུན་བྱེད་རྒྱལ་པོར་ངས་ལུང་བསྟན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རིག་པ་དབང་སྒྱུར་ལ་གནས་པའི་ལེའུ་སྟེ་བདུན་ཅུ་ལྔ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སྙིང་པོ་དོན་གྱི་ལམ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་དོན་ལ་ད་སྒོམས་ཤིག །སྙིང་པོ་མི་རྟོགས་དོན་གྱི་ལམ་འདི་ལ། །ནམ་མཁའི་མཐའ་ལྟར་གནས་པས་མ་ཁྱབ་མེད། །སྐྱེ་མེད་མིན་པ་མེད་པས་མི་སྒོམ་མེད། །རྟོག་དཔྱོད་ཡུལ་ལས་འདས་པས་དམིགས་སུ་མེད། །སྙིང་པོ་མཚན་མ་འདས་པའི་ཡུལ་འདི་ལ། །བགྲོད་པའི་ཡུལ་ལས་འདས་པས་བགྲོད་པ་མེད། །ལམ་ལ་མི་བགྲོད་ས་ལ་མི་སྦྱོང་ཞིང་། །མི་རྟོག་བདེ་ལ་གནས་པས་ལྷུན་གྱིས་གྲུབ། །ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་ལམ་ཉིད་ནི། །ཆོས་ཀྱི་དབྱིངས་སུ་གཅིག་པས་བགྲོད་དུ་མེད། །སྙིང་པོ་དོན་དང་འགྲོགས་པས་ཡེངས་པ་མེད། །ཐིག་ལེ་གཅིག་ཏུ་འདུས་པས་གར་མི་འགྲོ། །ཀྱེ་དེ་ཡི་དོན་ལ་སེམས་དཔའ་རྡོ་རྗེ་བསྒོམ། །བསྒོམ་དུ་མེད་པའི་དོན་ལ་མ་བསྒོམས་ན། །མཚན་མའི་གྲངས་ལ་བསྐལ་པ་བརྒྱར་བསྒོམས་ཀྱང་། །ཀུན་བྱེད་ང་ཡི་དགོངས་པ་རྟོགས་མི་འགྱུར། །རྣམ་རྟོག་ཡུལ་ལ་མཚན་མའི་གྲངས་ལས་འདས། །ཀུན་བྱེད་བྱ་མི་དགོས་ལ་བྱར་ཡང་མེད། །བྱ་བ་མཚན་མའི་རྣལ་འབྱོར་རྗེས་ཞུགས་ཤིང་། །བྱ་བས་མི་ཟིན་རྟོག་པས་རྟོག་པ་འཇིལ། །ཆུ་ལས་རྙོག་མ་བཞིན་ཏེ་བྱས་པས་བསླུས། །ཀྱེ་སེམས་དཔའ་རྡོ་རྗེ་


DNG005_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ལེགས་པར་སྒོམས། །ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །དུས་གསུམ་རྒྱལ་བ་ཀུན་གྱི་ལམ་འདྲེན་པས། །ཁྱོད་ཀྱང་ང་ཡི་ལམ་ལ་ལེགས་པར་ཞུགས། །འདས་པའི་སངས་རྒྱས་སྐྱེ་མེད་ལམ་དུ་ཞུགས། །མ་བྱོན་སྐྱེ་མེད་ལམ་ལ་འཇུག་པར་འགྱུར། །ད་ལྟར་སངས་རྒྱས་སྐྱེ་མེད་ཉིད་ལ་གནས། །དེ་ནས་ཀུན་བྱེད་རྒྱལ་པོ་ཀུན་གྱི་ལམ། །ཀྱེ་ལམ་འདིར་འཇུག་ཅིང་བསྒོམ་པའི་རྣལ་འབྱོར་པ། །ད་ལྟ་ཉིད་ནས་རྒྱལ་བའི་ས་ལ་གནས། །དགོངས་པ་མི་འཛིན་ཕྱོགས་རིས་གཟུང་དུ་མེད། །སྙིང་པོའི་ལམ་ལ་འཇུག་དང་མི་འཇུག་འདས། །ཀྱེ་རྣལ་འབྱོར་དུས་གཅིག་འཇུག་པའི་སྐལ་ལྡན་ལ། །ཀུན་བྱེད་རྒྱལ་པོའི་དགོངས་པ་བསྟན་བྱས་ནས། །རྟོགས་པའི་རླུང་ལ་དྲན་ཞིང་འདྲིས་པ་ལས། །བསྒོམ་ཞིང་འཇུག་ཏུ་མེད་པར་ལུང་སྟོན་ཅིག །ཀྱེ་ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས། །མ་ལུས་ཀུན་བྱས་བྱང་ཆུབ་སེམས་སུ་བྱས། །སེམས་ཉིད་སྐྱེ་བ་མེད་པའི་ལམ་དུ་བྱས། །སྐྱེ་མེད་བདེ་བའི་ལམ་ལ་འཇུག་ཏུ་མེད། །སྐལ་ལྡན་རྒྱལ་སྲས་དམ་པར་ངེས་པ་ལ། །ཀུན་བྱེད་ང་ཡི་ལམ་འདི་གོམས་བྱས་ནས། །བགྲོད་མེད་རྩལ་མེད་སྙིང་པོའི་དོན་རྟོགས་ནས། །ཀུན་བྱེད་རྒྱལ་པོ་ཉིད་དུ་ཐེ་ཚོམ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྙིང་པོ་ལམ་ལ་གནས་པའི་ལེའུ་སྟེ་བདུན་ཅུ་དྲུག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་དོན་ལ་སྦྱང་དུ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་རྟོགས་པའི་དོན་ལ་སྒོམས། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །བསམ་གྱིས་མི་ཁྱབ་ངེས་པའི་དུས་བསྟན་པ། །སྙིང་པོ་རྟོགས་པའི་ས་ཞེས་བཤད་པ་ཡིན། །བདེ་ཆེན་ངེས་པའི་དུས་སུ་གང་བསྟན་པ། །དེ་ནི་གོམས་པའི་ས་ཞེས་བཤད་པ་ཡིན། །གཞན་དག་རྩོལ་ཞིང་སྤྱོད་པའི་ཁྱད་པར་དག །ཁམས་གསུམ་འཁོར་བའི་སྙིང་པོ་བསྒྲིབ་པའི་ས། །ས་ཞེས་བྱ་བ་གནས་པའི་ཁྱད་པར་ཏེ། །གང་ལ་གང་གནས་དེ་ནི་ས་ཡིན་ནོ། །ཀྱེ་སྐུ་གསུམ་


DNG005_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་ས་ལ་གྲངས་བགྲངས་ཀྱང་། །ཀུན་བྱེད་རྒྱལ་པོའི་ས་ལ་རིམ་པ་མེད། །ས་དང་ས་ཡི་རིམ་པའི་ཁྱད་པར་ཡོད། །ཅེས་པ་སྐུ་གསུམ་སྟོན་པས་འཁོར་ལ་བསྟན་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མཉམ་ཉིད་སྐྱེ་བ་མེད་པའི་རང་བཞིན་ལ། །ཐབས་དང་སྙིང་པོ་རྟོགས་པའི་གང་ཟག་གིས། །སྒྲིབ་དང་ས་ཡི་ཁྱད་པར་མེད་པར་བསྟན། །ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ནི། །དུས་གསུམ་འབྱུང་འཇུག་མི་བྱེད་ཡིད་ལ་བྱེད་པ་མེད། །རིས་སུ་མི་ལྟ་མཚན་མའི་ཡུལ་མི་ཚོལ། །ཀུན་བྱེད་རྒྱལ་པོའི་དགོངས་པའི་ལུང་དུ་བསྟན། །ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་དགོངས་པ་ནི། །ཚིག་དང་ཡི་གེས་མཚོན་པ་མི་སྙེད་ཅིང་། །སྒྲ་དང་ཚད་མས་གཏན་ལ་དབབ་ཏུ་མེད། །སྐྱེ་བ་མེད་པས་འགག་པ་མེད་པ་ཡིན། །འཕེལ་བ་མེད་ཅིང་ཡོངས་སུ་འགྲིབ་མི་བྱེད། །མཚན་མ་མིན་ཞིང་དེ་ཉིད་མིན་པའང་མིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སྐྱེ་བ་མེད་པའི་ངོ་བོར་བྱིན་བརླབས་པས། །རྟོགས་པ་དེ་ཉིད་ངང་དུ་ལྡོག་པར་འགྱུར། །ཀུན་བྱེད་རྒྱལ་པོ་ང་ཡི་བྱིན་རླབས་ཀྱིས། །སེམས་དཔའ་རྡོ་རྗེས་ཇི་ལྟར་རྟོགས་པ་ལྟར། །ཕྱི་རབས་ཀུན་བྱེད་ལུང་ལ་དད་པ་ལ། །དངོས་པོ་སྐྱེ་བ་མེད་པར་བྱིན་རློབས་ཤིག །དེ་ལྟར་བསྒོམ་དུ་མེད་པའི་སྙིང་པོ་ལ། །མ་ཡེངས་དྲན་པས་བཟུང་བ་མན་ངག་ཡིན། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་འདི་ལ། །བཤད་པས་མ་ཡིན་ཚིགས་སུ་བཅད་པས་མིན། །བསྒོམས་པས་མ་ཡིན་མ་བསྒོམས་པས་ཀྱང་མིན། །སྙིང་པོ་སྔགས་དང་ཕྱག་རྒྱ་ཀུན་ལས་འདས། །ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡིས་བསྟན་པའི་ས། །མ་ལུས་འདི་ལ་བརྟེན་པས་སྤོང་ལེན་མེད། །ཕྱོགས་ཆ་མེད་པར་ཁྱབ་པས་ཆེ་ཆུང་མེད། །ཆོས་ཀྱི་དབྱིངས་སུ་གནས་པས་རྟོག་དང་མི་རྟོག་མེད། །དེ་ཕྱིར་དུས་གཅིག་གནས་པའི་ས་འདི་ལ། །སེམས་དཔའ་རྡོ་རྗེ་ལེགས་པར་གནས་པར་གྱིས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དོན་ལ་སྦྱང་མེད་ཀྱི་ལེའུ་སྟེ་བདུན་


DNG005_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་བདུན་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་མཉམ་པ་ལ་བླང་དོར་མེད་པའི་དགོངས་པ་འདི་གསུངས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ཇི་བཞིན་མ་བཅོས་གནས་པའི་དགོངས་པ་ལ། །བླང་དང་དོར་བ་ཡོད་པར་ལུང་མ་བསྟན། །སྐྱེ་མེད་རང་བཞིན་སྒྲོས་སྐུར་བྲལ་བ་སྟེ། །བླང་དང་དོར་བ་སྒྲོ་སྐུར་དོན་དུ་བསྟན། །སུ་ཞིག་སྙིང་པོའི་དོན་ལ་ཞུགས་པ་ཡིས། །སྒྲོ་སྐུར་འདས་པ་སྙིང་པོའི་དོན་དུ་བསྟན། །གང་ཡང་བསམ་པ་ཀུན་ལས་འདས་བྱེད་པ། །བླང་དོར་མེད་པར་རྟོགས་པར་ལུང་བསྟན་ཏོ། །ཀྱེ་སེམས་དཔའ་རྡོ་རྗེ་སྙིང་པོའི་དོན་ལ་སྒོམས། །ང་ནི་མ་ནོར་དོན་གྱི་སྙིང་པོ་ལ། །བླང་དོར་རྣམ་རྟོག་བཅོས་པའི་ཡུལ་མེད་དེ། །རང་བཞིན་བདེ་བ་མཆོག་གིས་གོམས་པར་བྱེད། །ཀུན་བྱེད་རྟོགས་ན་སྙིང་པོར་ཀུན་གནས་པས། །སྙིང་པོའི་དོན་ལ་བླང་དོར་ལུང་མ་བསྟན། །སྐྱེ་ཞིང་འཇིག་པའི་ཆོས་སུའང་ལུང་མ་བསྟན། །བཟང་ངན་གཙང་སྨེའི་ཆོས་སུ་འང་ལུང་མ་བསྟན། །རྟོག་དཔྱོད་བསམ་པའི་ཡུལ་ལས་འདས་པར་བསྟན། །ཀྱེ་སེམས་དཔའ་རྡོ་རྗེ་ངེས་པར་ད་སྒོམས་ཤིག །བསྒོམ་དང་བསྒོམ་པར་བྱ་བའི་ཡུལ་ཉིད་ནི། །མ་བཅོས་ཀུན་བྱེད་སེམས་ཀྱི་རང་བཞིན་ལ། །བསྒོམ་དང་མི་སྒོམ་བློ་ཡི་ཡུལ་ལས་འདས། །ཀྱེ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ང་ཡི་འཁོར་དུ་འདུས་པའི་ཚོགས་རྣམས་ལ། །བླང་དང་དོར་བའི་ཆོས་ཉིད་ང་མི་སྟོན། །གཅིག་ལ་གཉིས་སུ་དབྱེ་བའི་ཆོས་མི་སྟོན། །རྟོག་དང་དཔྱོད་འདས་རྟོག་དཔྱོད་བསམ་མི་བྱེད། །མ་བཅོས་ཇི་བཞིན་པ་ལ་འཆོས་མ་བྱེད། །བྱ་བ་གང་བཏང་ཅི་སྣང་ཆོས་ཉིད་ལ། །མ་བསམས་རང་བཞིན་བཞག་པས་གྲོལ་བར་སྟོན། །ཀྱེ་སེམས་དཔའ་རྡོ་རྗེ་ཆེན་པོ་ད་སྒོམས་ཤིག །བླང་དོར་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །མཁའ་ལྟར་གནས་པས་ལུས་སེམས་བཅོས་སུ་མེད། །འདུ་ཤེས་ཞེན་འཛིན་མེད་པས་བསྒོམ་དུ་མེད། །མཁའ་ལྟར་རབ་ཞི་རྙོག་པ་ཀུན་བྲལ་


DNG005_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཡུལ་ལ་མི་འཇུག་དགོངས་པའི་དམིགས་འཇུག་བྲལ། །ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །དབང་པོ་ཡུལ་ལ་མི་རྟོག་སེམས་མི་སྡུད། །གཉེན་པོ་མ་བརྟེན་ལུས་སེམས་རྒྱུད་མ་སྦྱོངས། །ལུས་སེམས་མ་བཅོས་སྙིང་པོའི་དོན་དུ་རྟོགས། །ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་སྤྱོད་པ་ནི། །མ་བཙལ་ལྷུག་པར་གནས་པས་དོན་ཀུན་རྫོགས། །སྙིང་པོའི་དོན་དུ་འདུས་པས་བླང་དོར་མེད། །རེ་དོགས་རྣམ་པར་ཆད་པས་མྱ་ངན་འདས་མི་སྒོམ། །ཀུན་བྱེད་ང་ཡི་སྤྱོད་པ་གང་རྟོགས་པས། །དུས་གསུམ་སྐྱེ་མེད་དོན་དུ་མཉམ་པ་ལ། །འཇུག་དང་མི་འཇུག་ཚིག་ལས་ཤིན་ཏུ་འདས། །འདི་ནི་བླང་དོར་མེད་པར་ལུང་བསྟན་ཏོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མཉམ་པ་ལ་བླང་དོར་མེད་པར་བསྟན་པའི་ལེའུ་སྟེ་བདུན་ཅུ་བརྒྱད་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་རང་འབྱུང་སྙིང་པོའི་ངང་ལ་སྒྲིབ་པ་བསལ་དུ་མེད་པའི་དགོངས་པ་འདི་གསུངས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་སྒྲིབ་མེད་དགོངས་པར་ལུང་བསྟན་པ། །ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཀུན་གཅིག་པས། །སྐྱེ་མེད་སྙིང་པོ་ཐུགས་ཀྱི་རང་བཞིན་ལ། །སྒྲིབ་དང་མི་སྒྲིབ་ཁྱད་པར་བསྟན་པ་མེད། །ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་གཅིག་པ་ལ། །སྒྲིབ་དང་མི་སྒྲིབ་སྤོང་ལེན་གང་འདོད་པ། །དམ་པའི་སྙིང་པོའི་དོན་དང་འགལ་བར་འགྱུར། །ཀུན་བྱེད་བྱང་ཆུབ་སེམས་ཀྱིས་ལུང་བསྟན་པ། །སྐྱེ་མེད་བསྒོམས་པས་སྐྱེ་བ་སྙིང་པོར་གསལ། །མཁའ་ལྟར་རྟོག་དཔྱོད་འདས་ལ་གང་གནས་པས། །སྒྲིབ་དང་མི་སྒྲིབ་བྱང་ཆུབ་སེམས་སུ་གནས། །ཀྱེ་ཀུན་བྱེད་རྒྱལ་པོས་འཁོར་ལ་ལུང་བསྟན་པ། །ཡེ་ཤེས་སྒྲིབ་མེད་གསལ་བའི་དོན་དུ་བསྟན། །རང་འབྱུང་རྒྱུ་རྐྱེན་མེད་པའི་སྙིང་པོར་གནས། །རྟོགས་པས་སྒྲོ་སྐུར་འདས་པའི་དགོངས་པ་ཡིན། །ཀྱེ་དེ་ཕྱིར་


DNG005_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྡོ་རྗེ་ད་སྒོམས་ཤིག །རང་འབྱུང་ཡེ་ཤེས་དམིགས་པ་ཀུན་ལས་འདས། །རྟོགས་པ་དམིགས་པའི་དོན་དུ་གཞོག་མི་བྱེད། །ཡུལ་ལས་འདས་པས་རྣམ་ཤེས་སྲུང་མི་བྱེད། །དངོས་པོ་སྙིང་པོར་གསལ་བས་སྒོམ་མི་བྱེད། །རྣམ་པ་སྙིང་པོར་གསལ་བས་རེ་དོགས་མེད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་བཅོས་འཁོར་གྱི་ནང་དུ་ལུང་བསྟན་པ། །མ་བཅོས་སྙིང་པོ་ཆོས་ཀུན་རྩ་བ་ལ། །ཇི་ལྟར་སྣང་བ་གཏན་ལ་འབེབས་པར་བྱེད། །སྙིང་པོ་རང་བཞིན་གཅིག་གི་དོན་རྟོགས་ན། །ཀུན་གྱི་རང་བཞིན་ཀུན་བྱེད་ཉིད་དུ་འདུས། །དེས་ན་ཀུན་བྱེད་ང་ཡི་དོན་མཁས་ན། །བསམ་གྱིས་མི་ཁྱབ་ཆོས་ལ་མཁས་པར་འགྱུར། །ཀུན་བྱེད་ང་ཡི་དོན་ལ་གོམས་འགྱུར་ན། །ཀུན་གྱི་དོན་ལ་གནས་ཤིང་གོམས་པ་ཡིན། །ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །ཇི་ལྟར་སྣང་གྲགས་ཆོས་རྣམས་ཐམས་ཅད་ལ། །སྙིང་པོ་རྟོགས་གོམས་དོན་ཉིད་གཅིག་ལས་མེད། །སྙིང་པོ་མངོན་དུ་ཕྱུང་ནས་གང་བསྟན་པ། །རང་བཞིན་སྐྱེ་བ་མེད་པའི་དོན་དུ་རྟོགས། །མ་ཡེངས་རེ་དོགས་ཆད་པས་དགོངས་པ་ཡིན། །ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །ཇི་ལྟར་སྣང་བའི་ཆོས་སུ་གང་བསྟན་པ། །ཀུན་བྱེད་རྒྱལ་པོ་མཚོན་པའི་ཐབས་སུ་བསྟན། །ཐབས་དེའི་ལུང་དང་འགལ་བར་མ་བྱེད་ཅིག །ཀུན་བྱེད་ང་ཡི་སྲས་སུ་ཞུགས་རྣམས་ཀྱིས། །ཀུན་ཀྱང་སྐྱེ་མེད་དོན་དུ་རྟོགས་འགྱུར་ན། །འཁོར་དང་མྱ་ངན་འདས་པར་མི་སེམས་ཏེ། །སྙིང་པོ་རང་བཞིན་རྟོག་དཔྱོད་བྲལ་བར་བསྟན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མི་སྒྲིབ་པའི་ལེའུ་སྟེ་བདུན་ཅུ་དགུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ལྷུན་གྲུབ་རེ་དོགས་ལས་འདས་པའི་དགོངས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ། །སྐྱེ་མེད་སེམས་ཀྱི་རང་བཞིན་ཉིད་དུ་བསྟན། །


DNG005_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་སེམས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །གྲུབ་དང་མ་གྲུབ་གཉིས་སུ་ལུང་མི་སྟོན། །བདེ་དང་སྡུག་བསྔལ་གཉིས་སུ་རྟོག་མི་བྱེད། །འཁོར་དང་མྱ་ངན་འདས་པར་རེ་དོགས་བྲལ། །ལྷུན་གྲུབ་སེམས་ཀྱི་རང་བཞིན་ཅིར་སྣང་བས། །མ་བྱུང་སྟོང་པའི་དོན་དུ་སྨྲ་མི་བྱེད། །གཞི་རྩ་སྙིང་པོ་རྟོག་དཔྱོད་ལས་འདས་པས། །གྲུབ་ཅིང་བརྟན་པའི་ཕྱོགས་སུ་ཞེན་མི་བྱེད། །ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །ལྷུན་གྲུབ་རྟོག་དཔྱོད་འདས་པའི་སྙིང་པོ་ལ། །གྲུབ་དང་མ་གྲུབ་དོན་ལ་རྟོག་མི་བྱེད། །དེ་ཕྱིར་ཁྱོད་ཀྱང་རྟོག་པར་མ་བྱེད་ཅིག །ཀྱེ་ལྷུན་གྲུབ་བྱ་རྩོལ་འདས་པའི་སྙིང་པོ་ལ། །གང་ཞིག་ཕྱོགས་ལྡོག་མེད་པའི་ཞེན་པ་ནི། །ཇི་ལྟར་བུས་པ་མཁའ་ལ་རྩོད་པ་ལྟར། །ཀུན་བྱེད་ང་ཡི་རང་བཞིན་མཐོང་མི་འགྱུར། །གང་གིས་གང་སྤངས་ལྡོག་པར་འདོད་པ་ནི། །རེ་དོགས་འཇིགས་པའི་སེམས་དང་མ་བྲལ་བས། །མཐའ་བྲལ་མཐའ་ལ་ཞེན་པའི་གང་ཟག་གིས། །ལྷུན་གྲུབ་སྙིང་པོའི་དོན་ལ་ཇི་ལྟར་རེག །ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །མ་སྐྱེས་རྣམ་པར་དག་པའི་དོན་སྣང་བས། །སྣང་བ་དངོས་པོར་མི་ལྟ་འཇིག་མི་བྱེད། །སྣང་བ་སྐྱེ་བ་མེད་པར་རང་གྲོལ་བས། །སྟོང་པ་མི་སྒོམ་ཇི་བཞིན་རྟོགས་པས་གྲོལ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ཇི་ལྟར་སྣང་བའི་ཆོས་ནི་ཐམས་ཅད་ཀུན། །མ་སྐྱེས་རྣམ་པར་དག་པར་ལུང་བསྟན་པས། །ཇི་ལྟར་སྐྱེ་བ་སྙིང་པོ་ཉིད་དུ་རྟོགས། །ཀྱེ་ང་ལས་བྱུང་བ་སྟོན་པ་སྐུ་གསུམ་ལ། །སེམས་ཉིད་སྐྱེ་བ་མེད་པར་ཀུན་སྨྲ་ཞིང་། །དེ་བཞིན་མེད་པའི་དོན་ལ་ཀུན་རྩོད་ཀྱང་། །སྐྱེ་མེད་མངོན་སུམ་དུས་ཀྱིས་རྟོགས་པ་མེད། །དེ་ཕྱིར་ཀུན་བྱེད་རྒྱལ་པོའི་ལུང་འདི་ལ། །ཤེས་ནས་མ་ཡེངས་དོན་ལ་གནས་པ་ལས། །རྩོལ་བས་མི་འཇུག་གཉེན་པོས་སེམས་མི་སྦྱོང་། །ཡུལ་ལ་མི་འཇོག་དྲན་པའི་སེམས་མི་སྡུད། །གང་ལྟར་བྱུང་བ་དེ་ཉིད་དོན་ཡིན་པས། །ཀུན་བྱེད་ང་ཡི་དོན་ལ་འཇུག་པར་གྱིས། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་


DNG005_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཡིས། །མ་བཅོས་སེམས་ཀྱི་འཁོར་ལ་ལུང་ཕོག་པ། །མ་ལུས་སྐྱེ་མེད་རྟོགས་པའི་རྣལ་འབྱོར་པ། །རང་བཞིན་བཅུ་ལས་རྩོལ་བར་མ་བྱེད་ཅིག །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ཤེས་པས་གཟུང་འཛིན་མི་ཤེས་སྤང་མེད་པས། །རྟོགས་པ་དབང་སྒྱུར་དོན་ལ་གནས་པ་ཡིས། །ཀུན་བྱེད་རྒྱལ་པོའི་དགོངས་པ་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྷུན་གྲུབ་རེ་དོགས་བཅད་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཇི་ལྟར་སྣང་བའི་ཆོས་ནི་ཁྱོད་ཀྱིས་བྱས། །བསྟན་པའི་དམ་ཆོས་མ་ལུས་ཁྱོད་ཀྱིས་བཀོད། །དམ་པའི་རང་བཞིན་ཁྱོད་ཀྱིས་བསྟན་པས་ན། །ཁྱོད་ཀྱི་རང་བཞིན་རྟོགས་ན་ཆོས་ཀུན་རྟོགས། །དེ་བས་ཀུན་བྱེད་ཉིད་ཀྱི་རང་བཞིན་འདི། །འདུས་པའི་ཚོགས་ཀྱིས་གསལ་བར་མ་རིག་པས། །དོན་དུ་ཇི་ལྟར་གནས་པ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་མདོ་ལུང་རྒྱུད་ལ་བསྡུ་བ་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ནན་ཏན་གྱིས། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །འཁོར་ལ་མདོ་ལུང་བསྡུས་པ་འདི་ཕོག་པ། །ལེགས་པར་བསྟན་པའི་དོན་ལ་ནན་ཏན་གྱིས། །ཀྱེ་ང་ཡི་རང་བཞིན་སྐྱེ་མེད་དོན་གཅིག་ལ། །རྒྱུད་ཀྱི་རང་བཞིན་རྣམ་པ་གསུམ་དུ་བསྟན། །གདམས་པ་རྣམ་པ་གསུམ་གྱི་རིམ་པ་ཡིས། །རྒྱུད་ནི་རྩ་བའི་རྒྱུད་དང་ཕྱི་མ་དང་། །ཕྱི་མའི་ཕྱི་མས་དོན་རྫོགས་བསྟན་པ་ཡིན། །ཀྱེ་རྩ་བ་ཐོས་པའི་རང་བཞིན་བསྟན་པ་ནི། །ང་ཡི་རང་བཞིན་ལྔ་བཅུ་རྩ་བདུན་གྱིས། །དངོས་པོའི་དོན་ཀུན་གཏན་ལ་ཕབ་པ་སྟེ། །སེམས་དཔའ་རྡོ་རྗེས་ལེགས་པར་ནན་ཏན་གྱིས། །ཀྱེ་ང་ཡི་རང་བཞིན་ལྔ་བཅུ་རྩ་བདུན་ནི། །མངོན་དུ་ཕྱུང་བའི་མདོ་ལུང་བཅུ་པོ་དང་། །ངེས་པར་བསྟན་པའི་མདོ་ལུང་བཅུ་པོ་དང་། །རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་


DNG005_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། །བྱ་མེད་རྫོགས་པའི་མདོ་ལུང་བཅུ་པོ་དང་། །གཏན་ལ་འབེབས་པའི་མདོ་ལུང་བཅུ་དག་དང་། །དགོས་ཆེད་སོ་སོར་བསྟན་པས་ལྔ་བཅུ་ལྔ། །གཅིག་གིས་གཞི་བསྟན་གཅིག་གིས་གདམས་པ་བསྟན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མངོན་དུ་ཕྱུང་བའི་མདོ་ལུང་བཅུ་བསྟན་པ། །དང་པོ་དང་ནི་བཅུ་དང་གཉིས་བསྟན་པ། །བཅུ་གཅིག་པ་དང་གསུམ་དང་ཉི་ཤུ་པ། །བཅྭ་ལྔ་པ་དང་ཉི་ཤུ་ལྔ་པ་དང་། །ཉི་ཤུ་རྩ་གཅིག་དྲུག་པས་རྫོགས་པ་ཡིན། །གདམས་ངག་ཕོག་པས་མངོན་ཕྱུང་མཐོང་བའི་ཕྱིར། །བཅུ་དྲུག་པ་ཡིས་མངོན་ཕྱུང་དགོས་པ་བསྟན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །ངེས་པར་བསྟན་པའི་མདོ་ལུང་བཅུ་བསྟན་པ། །བཞི་པ་སུམ་ཅུ་གསུམ་པ་བཅུ་གསུམ་པ། །བཅུ་གཉིས་པ་དང་ལྔ་དང་སུམ་ཅུ་གཉིས། །སུམ་ཅུ་དྲུག་དང་སུམ་ཅུ་བཞི་པ་དང་། །ཉི་ཤུ་དགུ་དང་བཅུ་བདུན་པ་ཡིས་རྫོགས། །ངེས་པར་བསྟན་པའི་དགོས་པ་ཡིད་ཆེས་དག །ལྔ་བཅུ་རྩ་ལྔ་པ་ཡིས་བསྟན་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་བསྟན་པ། །བཞི་བཅུ་གཅིག་པ་བཅུ་བཞི་སུམ་ཅུ་བརྒྱད། །དགུ་པ་དང་ནི་སོ་ལྔ་བཅུ་དགུ་པ། །བཅྭ་བརྒྱད་པ་དང་བརྒྱད་དང་བཞི་བཅུ་དང་། །ལྔ་བཅུ་རྩ་གཉིས་པ་ཡིས་བསྟན་པ་ཡིན། །རྒྱུ་འབྲས་འདས་པས་རྩོལ་སྒྲུབ་བྱ་མི་དགོས། །བདུན་པ་ཉིད་དུ་ངེས་པར་བསྟན་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །བྱ་མེད་རྫོགས་པའི་ལུང་བཅུ་བསྟན་པ་ནི། །ཉི་ཤུ་གཉིས་དང་སུམ་ཅུ་པ་དག་དང་། །ཉི་ཤུ་བཞི་དང་ཉེར་བརྒྱད་ཉི་ཤུ་བདུན། །སུམ་ཅུ་གཅིག་དང་ཉེར་གསུམ་ཉི་ཤུ་དྲུག །ཞེ་བཞི་ལྔ་བཅུ་དྲུག་པས་བསྟན་པ་ཡིན། །མ་བྱས་རང་བཞིན་རྫོགས་པར་བསྟན་པའི་ཕྱིར། །བཞི་བཅུ་གསུམ་པས་དེ་ཡི་དགོས་པ་བསྟན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །གཏན་ལ་འབེབས་པའི་ལུང་བཅུ་བསྟན་པ་ནི། །ཞེ་བརྒྱད་པ་དང་སུམ་ཅུ་དགུ་པ་དང་། །བཞི་བཅུ་ལྔ་དང་སོ་བདུན་ཞེ་དྲུག་པ། །ཞེ་བདུན་པ་དང་ཞེ་དགུ་ང་གཅིག་


DNG005_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ལྔ་བཅུ་པ་དང་ལྔ་བཅུ་གསུམ་པས་རྫོགས། །གཏན་ལ་ཕེབས་ན་མ་བཅོས་བཅོས་མེད་པས། །བཞི་བཅུ་གཉིས་པས་དགོས་པ་བསྟན་པ་ཡིན། །ལྔ་བཅུ་བཞི་པས་རྩ་བའི་གཞི་བསྟན་ནས། །ལྔ་བཅུ་བདུན་པས་གཏད་ཅིང་གདམས་པ་སྟེ། །རྩ་བའི་རྒྱུད་དེ་ཐོས་པར་གཅེས་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །བསམ་པས་གཏན་ལ་ཕབ་སྟེ་བསྟན་པ་ནི། །རྩ་བའི་རྒྱུད་དུ་གསུངས་པའི་དོན་རྣམས་ཀྱང་། །རྫོགས་པའི་རང་བཞིན་བཅུ་རུ་བསྟན་པའི་ཕྱིར། །རྟོགས་པའི་མདོ་ལུང་བཅུ་རུ་བསྟན་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །བསྒོམས་པས་ངེས་པར་འབྱིན་པར་བཤད་པ་ནི། །རང་བཞིན་བཅུ་རུ་དགོངས་པས་བཤད་པ་ཡང་། །སྐྱེ་བ་མེད་པའི་དོན་དུ་བསྡུས་ཏེ་བསྟན། །སྐྱེ་མེད་རྟོགས་པའི་དོན་ལས་མ་ཡེངས་པས། །བསྒོམ་པའི་མདོ་ལུང་བཅུ་རུ་བསྡུས་ཏེ་བསྟན། །འདི་ལས་འཕྲོས་ཤིང་ཐམས་ཅད་འདིར་འདུས་པས། །ཀུན་གྱི་རྩ་བ་དོན་གྱི་འགྲེལ་པའི་ལུང་། །ཀུན་བྱེད་ང་ཡི་སྲས་སུ་གྱུར་པ་ལ། །མིང་གིས་དོན་མཚོན་སྐྱེ་མེད་རྟོགས་ཕྱིར་བསྟན། །ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ནན་ཏན་གྱིས། །ཐེག་པའི་རྩ་བ་བྱང་ཆུབ་སེམས་ཀྱི་ལུང་། །ཀུན་བྱེད་རྒྱལ་པོས་བསྡུས་པའི་རྩ་བ་འདི། །སེམས་དཔའ་རྡོ་རྗེ་ལེགས་པར་རྟོགས་འགྱུར་ན། །རྒྱལ་བའི་རྒྱལ་བ་ཀུན་བྱེད་རྒྱལ་པོར་འགྱུར། །དེ་ཕྱིར་ཀུན་བྱེད་ང་ཡི་འཁོར་རྣམས་ལ། །སེམས་དཔའ་རྡོ་རྗེས་དོན་འདི་ལུང་སྟོན་ཅིག །སྐྱེ་མེད་བྱང་ཆུབ་སེམས་སུ་ལུང་སྟོན་ཅིག །འཁོར་འདས་དབྱིངས་སུ་གཅིག་པར་ལུང་སྟོན་ཅིག །རྒྱུ་འབྲས་དུས་གཅིག་རྫོགས་པར་ལུང་སྟོན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དགོངས་དོན་ལྡེ་མིག་གི་ལེའུ་སྟེ་བརྒྱད་ཅུ་རྩ་གཅིག་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་གུས་པའི་ཚུལ་གྱིས་བསྟོད་པ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །དུས་གསུམ་རྒྱལ་བའི་རང་བཞིན་ཆོས་ཀྱི་དབྱིངས། །འཁོར་བ་མི་སྤོང་ཐུགས་རྗེ་ཕྱོགས་རིས་


DNG005_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །འདས་པའི་སངས་རྒྱས་ཀུན་བྱེད་ཁྱོད་ཀྱིས་བྱས། །མ་བྱོན་པ་དང་ད་ལྟར་བྱེད་ཅིང་མཛད། །སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །ཁམས་གསུམ་སྲིད་གསུམ་བྱེད་མཁན་ཁྱོད་ཀྱིས་བྱས། །རང་འབྱུང་ལྔ་དང་རྒྱན་གྱི་རྒྱུ་ལྔ་དང་། །ཡེ་ཤེས་ལྔ་བྱས་ཀུན་བྱེད་ཁྱོད་ལ་འདུད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །སྐུ་གསུམ་སྟོན་པ་གསུམ་ཡང་ཁྱོད་ཀྱིས་བྱས། །སྐུ་གསུམ་ཐུགས་གསུམ་མ་ལུས་ཀུན་བྱས་པས། །སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །སྐུ་གསུམ་བཞུགས་པའི་གནས་ཀྱང་ཁྱོད་ཀྱིས་བྱས། །འཁོར་གྱི་དང་པོ་སྡུད་པའང་ཉིད་ལས་བྱུང་། །སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །འདུས་པའི་འཁོར་ཡང་ངེས་པར་ཁྱོད་ཀྱིས་བྱས། །བསྟན་པ་གསུམ་ཡང་ངེས་པར་ཁྱོད་ཀྱིས་བྱས། །ཀུན་བྱེད་རྒྱལ་པོ་ཉིད་ལ་ཕྱག་འཚལ་འདུད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །ཟག་མེད་ཤེས་རབ་རྟོགས་པ་གསུམ་བསྟན་པས། །འཁོར་གྱི་མུན་པའི་དཀྱིལ་འཁོར་སྣང་མཛད་པ། །ཀུན་བྱེད་རྒྱལ་པོ་ཉིད་ལ་ཕྱག་འཚལ་འདུད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །ཉིད་ཀྱི་ཐུགས་གཅིག་རང་འབྱུང་ཡེ་ཤེས་ལས། །འབྱུང་ཞིང་སྡུད་པའི་རྩ་བ་ཁྱོད་ཉིད་པས། །ཆོས་ཀྱི་སྙིང་པོ་ཁྱོད་ལ་ཕྱག་འཚལ་འདུད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །མ་རིག་པ་ཡི་ལམ་ནི་བསལ་ནས་ཀྱང་། །ཡེ་ཤེས་སྣང་བ་ཀུན་དུ་མཆེད་པར་བྱེད། །སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཀྱེ་ཇི་ལྟར་སྣང་བའི་ཆོས་ནི་ཐམས་ཅད་ཀུན། །རང་འབྱུང་ཉིད་པས་རྒྱུ་རྐྱེན་ཀུན་དང་བྲལ། །མ་བཅོས་སྙིང་པོ་ཇི་བཞིན་གསལ་བས་ན། །རང་འབྱུང་ཡེ་ཤེས་ཀུན་བྱེད་རྒྱལ་པོ་ཉིད། །ཇི་ལྟར་བརྟགས་ཀྱང་གཏིང་མཐའ་དབུས་མེད་དེ། །ཀུན་གྱི་འབྱུང་གནས་བསམ་པའི་ཡུལ་ལས་འདས། །སྐྱེ་འགག་དམིགས་


DNG005_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ལས་འདས་རྣམ་པར་ཞི། །སུ་ཞིག་འཇུག་ཅིང་དམིགས་དང་དད་པ་དག །འདི་ལ་དམན་དང་དམན་པར་དམིགས་མེད་པས། །མི་རྩོལ་བདེ་ལ་གནས་ཤིང་དབུགས་ཕྱིན་འགྱུར། །ཆོས་ཀྱི་རྩ་བ་ཀུན་བྱེད་རྒྱལ་པོ་ལས། །ཇི་ལྟར་གནས་པ་རྩོལ་སྒྲུབ་ཀུན་དང་བྲལ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྗེས་སུ་བསྟོད་པའི་ལེའུ་སྟེ་བརྒྱད་ཅུ་རྩ་གཉིས་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་ལེགས་པར་འདུན་ནས་ཞུས་པ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཇི་ལྟར་སྣང་ཞིང་གྲགས་པའི་ཆོས་རྣམས་ཀུན། །རང་འབྱུང་ཡེ་ཤེས་གཅིག་ཏུ་བསྟན་པའི་མདོ། །ཆོས་ཀྱི་རྩ་བ་ཀུན་བྱེད་རྒྱལ་པོའི་རྒྱུད། །ཕྱི་རབས་རྣལ་འབྱོར་གང་དང་གང་དག་ལས། །བསྟན་ཅིང་གདམས་པ་ལེགས་པར་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སྐལ་ལྡན་ལ་གདམས་པའི་དོན་འདི་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་ཉོན་ཅིག །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ཇི་ལྟར་སྣང་ཞིང་གྲགས་པའི་ཆོས་རྣམས་ཀུན། །ངས་བྱས་བྱེད་དང་བྱེད་འགྱུར་སྙིང་པོའི་དོན། །གཞི་རྩ་ཀུན་འདས་སྙིང་པོ་བྱང་ཆུབ་རྒྱུ། །དགོངས་པ་མངོན་དུ་ཕྱུང་བའི་མདོ་ལུང་འདི། །དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡི་རང་སྐྱོ་དང་ཡིད་ལྡོག་མེད། །ལུས་དང་བུ་དང་ཆུང་མ་བྲན་དང་ནོར། །གང་ལའང་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་དད་དང་དམ་ཚིག་རྟགས་ཡིན་པས། །སྙིང་པོའི་དོན་དང་ལྡན་པས་སྦྱིན་པར་བྱ། །གྲགས་པ་སྤང་ཞིང་ང་རྒྱལ་བྲལ་བ་དང་། །དམ་པ་སྙིང་པོའི་དོན་ཕྱིར་ལུས་སྲོག་ཕངས་པ་མེད། །བཀའ་ལས་མི་འདའ་རྟགས་དང་ལྡན་པ་ལ། །སྙིང་པོ་དོན་དང་སྐྱེ་མེད་བསྟན་པ་སྦྱིན། །གང་གིས་སྙིང་པོའི་བསྟན་པ་བདག་ཐོབ་ན། །འཇིག་རྟེན་མཚན་མས་བདག་ལ་ཅི་བགྱི་སྟེ། །ཐོབ་ན་བདག་གིས་དཀའ་བ་སྒྲུབ་བོ་ཞེས། །དམ་བཅའ་ལེགས་པར་གནས་ན་བསྟན་པ་སྦྱིན། །ཇི་སྲིད་བདག་དང་སློབ་དཔོན་འཚོ་བའི་བར། །ལུས་དང་སྲོག་གི་འདྲེལ་པ་མ་མཆིས་པར། །ཁྱོད་


DNG005_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཀའ་བཞིན་བསྒྲུབ་ཅེས་གནའ་བོར་ལ། །བསྟན་པའི་སྙིང་པོ་ཀུན་བྱེད་རྒྱལ་པོ་སྦྱིན། །མདོར་ན་ལུས་དང་སྲོག་ཀྱང་འབུལ་བྱ་ཞིང་། །རྫས་དང་ཞིང་ཡུལ་རྐང་འགྲོས་སྨོས་ཅི་དགོས། །གལ་ཏེ་བདག་ལ་དགོས་པར་མ་གྱུར་ཀྱང་། །དམ་པས་བླངས་ཏེ་དཀོན་མཆོག་གསུམ་ལ་འབུལ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། །གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པར་མི་བཀུར་ཡིད་ཐུང་ལྡོག །འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང་། །སྒྲོ་སྐུར་བདག་གཞན་གནོད་སེམས་བསྒོམ་པ་མིན། །འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། །སྔོན་དུ་རྟགས་དང་དད་པ་བརྟག་བྱའི་ཕྱིར། །རིན་ཆེན་དབྱིག་དང་ཆས་བས་གུས་མནོད་ཀྱིས། །ཆགས་སེམས་ང་རྒྱལ་གཞན་སེམས་མ་ངེས་ལ། །དེ་ལ་ཀུན་བྱེད་རྒྱལ་པོ་བསྟན་མི་བྱ། །སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང་། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་ནུབ། །དེ་བས་རིགས་ངན་གང་ཟག་སྤང་བར་བྱ། །འཇིག་རྟེན་ཞེན་པ་དབྲལ་ཞིང་རྒྱུད་བརྟག་ཕྱིར། །ལུས་དང་ལོངས་སྤྱོད་བླ་མས་ཀུན་བླངས་ལ། །ནུས་དང་མི་ནུས་ཁྱད་པར་རྟགས་ལྡན་ནས། །སྙིང་པོ་དོན་བསྟན་ཀུན་བྱེད་རྒྱལ་པོ་སྦྱིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྟན་པ་གང་ལ་གཞག་པའི་ལེའུ་སྟེ་བརྒྱད་ཅུ་རྩ་གསུམ་པའོ།། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་ལེགས་པར་མདངས་ཕྱུང་སྟེ་མདུན་ནས་ཞུས་པ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཉིད་ཀྱི་ཐུགས་གཅིག་རང་འབྱུང་ཡེ་ཤེས་ལས། །སྐལ་ལྡན་དུས་གཅིག་གྲོལ་བར་མཛད་པའི་མདོ། །མཚན་གྱི་ཁྱད་པར་བདག་ལ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་


DNG005_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀུན་བྱེད་རྒྱལ་པོས་མཚན་གྱི་རྣམ་གྲངས་རྣམ་པར་ཕྱེ་བ་འདི་གསུངས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མཚན་གྱི་ཁྱད་པར་ཕྱེ་སྟེ་བཤད་པ་ནི། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །མ་ལུས་ཀུན་བྱས་བྱེད་ཅིང་བྱེད་འགྱུར་ཏེ། །ཉིད་ལ་བྱ་མི་དགོས་ཏེ་ལྷུན་གྲུབ་པས། །ཀུན་བྱེད་རྒྱལ་པོ་ཞེས་སུ་བསྟན་པ་ཡིན། །ཀྱེ་སྙིང་པོ་ང་ལ་དྲི་མ་མེད་པ་དང་། །མ་བཙལ་ལྷུན་གྱིས་གྲུབ་པའི་དོན་ལྡན་པས། །འདི་ལ་བཙལ་ཞིང་སྒྲུབ་པ་མི་མངའ་སྟེ། །བྱང་ཆུབ་སེམས་ཞེས་ངེས་པར་བསྟན་པ་ཡིན། །ཀྱེ་མ་གདོད་ནས་གྲུབ་པའི་ཆོས་ཉིད་ལ། །རྒྱུ་དང་རྐྱེན་མེད་བཙལ་མེད་སྙིང་པོ་འདི། །མ་བསྒྲིབས་ཀུན་ལ་ཕྱོགས་རིས་མེད་གསལ་བས། །རང་འབྱུང་ཡེ་ཤེས་ཞེས་སུ་བསྟན་པ་ཡིན། །ཀྱེ་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །མ་བཅོས་ཇི་བཞིན་ངང་ལ་ཀུན་སྣང་བས། །ཕྱོགས་རིས་གཉིས་སུ་ཆད་པའི་དོན་མེད་དེ། །བཀའ་ཡི་འགྲེལ་པ་ཆོས་ཀྱི་མེ་ལོང་ཡིན། །ཀྱེ་ཇི་བཞིན་མ་བཅོས་སྙིང་པོ་རྣལ་མ་ལ། །འཁོར་དང་མྱ་ངན་འདས་པ་འབྱུང་སྡུད་པ། །བླང་དོར་འཛིན་ཆགས་རྒྱ་ལས་རྣམ་གྲོལ་ཏེ། །སྙིང་པོ་དོན་གྱི་ཐེག་པ་བསྟན་པ་ཡིན། །ཀྱེ་འདས་དང་མ་བྱོན་ད་ལྟར་རྒྱལ་བ་ལ། །སྐྱེ་མེད་འདི་ལས་མ་གཟིགས་མི་དགོངས་པས། །མ་བཅོས་ཐིག་ལེ་གཟུང་འཛིན་ལས་འདས་པས། །ལྟ་བའི་མེ་ལོང་ཞེས་སུ་བསྟན་པ་ཡིན། །ཀྱེ་ང་ནི་མ་བཅོས་ཇི་བཞིན་སྙིང་པོ་ལ། །སྒྲོ་འདོགས་སྐུར་འདེབས་དོན་ལས་ཀུན་འདས་ཏེ། །དུས་གསུམ་རྒྱལ་བ་ང་ལས་བྱུང་བས་ན། །རྒྱལ་བའི་ཡུམ་ཞེས་ངེས་པར་བསྟན་པ་ཡིན། །ཀྱེ་མ་བཅོས་སྐྱེ་མེད་ཀུན་བྱེད་རྒྱལ་པོ་ལ། །མ་བཙལ་དགོས་པའི་ཡོན་ཏན་ཚད་རྫོགས་པས། །བཙལ་ཞིང་བསྒྲུབ་པ་ཀུན་ལས་འདས་པས་ན། །རྒྱུད་ཀྱི་རྒྱལ་པོ་ཞེས་སུ་བསྟན་པ་ཡིན། །ཀྱེ་མ་བཅོས་དོན་ལ་མ་ནོར་བློ་འཇོག་པས། །སྙིང་པོ་དོན་ལ་སྒྲོ་དང་སྐུར་པ་བྲལ། །གཉི་ག་མི་འགལ་དོན་དུ་གང་སྟོན་པ། །མ་བཅོས་དོན་གྱི་ལུང་དུ་བསྟན་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོས་ལུང་བསྟན་


DNG005_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྐྱེ་མེད་བྱང་ཆུབ་སེམས་དང་ལྡན་པའི་དོན། །གཉིས་མེད་སྙིང་པོར་རོ་གཅིག་གནས་པ་ལ། །ཀུན་གྱི་མདོ་ནི་མདོ་རུ་བསྟན་པ་ཡིན། །ཀྱེ་མ་རིག་པ་ཡི་མུན་པ་སེལ་བ་ཡིན། །ཡེ་ཤེས་སྣང་བ་མཆེད་པར་བྱེད་པ་ཡིན། །སྡུག་བསྔལ་རྒྱ་མཚོ་གཅོད་པར་བྱེད་པ་ཡིན། །སྙིང་པོ་དོན་ལ་གོམས་པར་བྱེད་པ་ཡིན། །ཀྱེ་ངས་ནི་མ་རིག་པ་ཡི་དམིགས་བསལ་ནས། །སྐྱེ་མེད་བྱང་ཆུབ་སེམས་ནི་མངོན་བསྟན་ན། །སྐལ་ལྡན་རྣལ་འབྱོར་མིག་དང་ལྡན་པ་དག །བྱ་བ་མེད་པའི་རང་བཞིན་གྲོལ་བར་འགྱུར། །ཐེག་པའི་ཡང་སྙིང་བཀའ་ཡི་རྫོགས་ཆེན་འདི། །མན་ངག་སྙིང་པོ་ལུང་དང་ལྡན་རྣམས་ཀྱིས། །རང་བཞིན་བདེ་བར་གནས་ན་གསལ་བར་འགྲུབ། །མ་བཅོས་མི་འགྱུར་འཇུག་ཅིང་རྩོལ་བ་མེད། །ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ཐེག་པའི་རྩ་བ་ཆོས་ཀྱི་སྙིང་པོའི་ལུང་། །སྐུ་གསུམ་སྟོན་པས་མ་གསུངས་རྒྱ་ཆེ་བ། །སྐྱེ་བ་མེད་པར་སྟོན་པའི་སེམས་རྒྱུད་འདི། །དུས་གསུམ་རྒྱལ་བས་སྔོན་ཆད་མ་གསུངས་ཏེ། །ཕྱི་མ་མི་གསུང་ད་ལྟར་སྟོན་མི་མཛད། །ཀུན་བྱེད་རྒྱལ་པོས་འཕོ་འགྱུར་མི་མངའ་བས། །སྔ་བར་གསུངས་ཤིང་ཕྱིས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བར་གསུངས་པས་སྐལ་ལྡན་ལ། །ངེས་པར་བསྟན་པས་འབད་མེད་གྲོལ་བའི་ལུང་། །མདོ་ལུང་མངོན་དུ་བསྟན་པའི་བཀའ་རྒྱུད་འདི། །མི་འཕེལ་མི་ནུབ་སྙིང་པོ་འཛིན་པ་ལ། །ཀུན་བྱེད་རྒྱལ་པོ་ངེས་པར་ཁྱོད་ལ་གཏད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མཚན་གྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་རྩ་བཞི་པའོ།། །། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་ལྟར་མཐའ་དབུས་མེད་པའི་རྒྱུད་ནམ་མཁའི་སྙིང་པོ་མཆོག་གི་དོན་གསང་བ་མཆོག་གི་མདོ་ལུང་བརྒྱད་ཅུ་རྩ་བཞི་པ་རྫོགས་སྷོ།། །རྒྱ་གར་གྱི་མཁན་པོ་དཔལ་གྱི་སེང་གེ་མགོན་པོ་དང་དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།