cover

རྙིང་མ་རྒྱུད་འབུམ་པོད་དྲུག་པ། ཆ༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

རྩོམ་མཁན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་འདུས་པའི་མདོ།


DNG006_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དྷརྨ་མ་ཧཱ་སནྟི་བོ་དྷི་ཙིཏྟ་ས་མུ་དཱ་ཡ་སཱུ་ཏྲ། བོད་སྐད་དུ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་འདུས་པའི་མདོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སྔ་ཕྱི་མེད་པར་འདི་སྐད་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ། ཆོས་ཐམས་ཅད་ཀྱི་སྙིང་པོ་རྡོ་རྗེ་རྫོགས་པའི་བདག་ཉིད་ཆེན་པོ་དེ། འོག་མིན་ཆོས་ཉིད་ཀྱི་མཁའ་དབྱིངས་ཉིད་ཀྱི་ཀློང་། ཆོས་ཉིད་ཀྱི་གནས། རང་བྱུང་མ་བསྒྲིབས་པའི་གཞལ་ཡས་ཁང་ན། དུས་གསུམ་གཅིག་པའི་སངས་རྒྱས་དང་། མི་སྐྱེ་ལམ་ལ་བལྟ་བའི་རྣལ་འབྱོར་པ་རྣམས་དང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ངེས་པ་མ་ཐོབ་པ་རྣམས་དང་། སྙིང་པོས་


DNG006_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་སྲིད་པ་གསུམ་ཡན་ཆད། འབྱེད་པ་མི་མངའ་བའི་ཐུགས་རྗེའི་དབང་གིས་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེ་ལ་འཁོར་རྣམས་ཀྱིས་ཡོངས་སུ་འདུན་ཏོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། འཁོར་རྣམས་ཡོངས་སུ་འདུན་པ་དེ་གཟིགས་ནས།ཡོངས་སུ་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཆོས་ཉིད་ལ་གནས་པར་མཛད་དོ། །མཛད་ནས་འཁོར་རྣམས་ཡོངས་སུ་རྟོག་པ་སྐྱེས་ཏེ། ཡོངས་སུ་སེམས་འགྲོགས་སོ། །ཡོངས་སུ་སེམས་འགྲོགས་པར་གཟིགས་ནས། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། འཁོར་རྣམས་ལ་ཉིད་ཀྱི་རང་བཞིན་འདི་བསྟན་ཏོ། །ཨེ་མ་ཧོ་བྱང་ཆུབ་སེམས་འདི་ཀུན་ཏུ་བཟང་། །རྒྱུ་རྐྱེན་མེད་པའི་རང་བྱུང་སེམས། །ཐམས་ཅད་འབྱུང་བའི་སྙིང་པོ་དེས། །དགའ་མགུ་རངས་པ་ཀུན་འདོད་ན། །འདུན་པ་མ་སྐྱེས་སེམས་འགྲོགས་ནས། །ང་ཡི་


DNG006_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མ་མཐོང་སྟེ། །ང་ནི་ཀུན་གྱི་རང་བཞིན་ཏེ། །ཆོས་ཀུན་སྙིང་པོ་མཐོང་བ་མེད། །ཅེས་གསུངས་སོ། །དེ་ནས་འཁོར་དེ་རྣམས་ཀྱང་སེམས་ཀྱི་བསམ་པ་སོ་སོར་མཐོང་སྟེ། ལ་ལ་ནི་ཉིད་ཀྱི་རང་བཞིན་དུ་གྱུར་ཏོ། །ལ་ལ་ནི་ཡེ་ཤེས་སྐྱེས་སོ། །ལ་ལ་ནི་དགའ་བས་འདུན་ཏོ། །ལ་ལ་ནི་སྨོན་པས་འདུན་ཏོ། །ལ་ལ་ནི་མ་དད་པའི་སེམས་བྱུང་ངོ་། །ལ་ལ་ནི་དགའ་བར་གྱུར་ན་ཡང་འགྱེད་པ་མི་མངའ་བའི་ཐུགས་རྗེས་ཐབས་ཅིག་གོ། །དེ་ནས་སེམས་དཔའ་རྡོ་རྗེ་ཉིད་ཀྱི་རང་བཞིན་དེས། ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་རྡོ་རྗེ་སྙིང་པོ་ཁྱོད། །བྱང་ཆུབ་སེམས་ནི་ཀུན་ཏུ་བཟང་། །ཡིན་པར་བདག་ཅག་ཡོངས་མ་རྟོགས། །རྒྱུ་རྐྱེན་མེད་པར་འབྱུང་མི་སེམས། །ཞེས་ཞུས་སོ། །དེ་ནས་ཀུན་ཏུ་བཟང་པོ་དེ་ཉིད་ཀྱིས་མི་དམིགས་པའི་དོན་ལ་བཞུགས་ནས། ཐུགས་རྗེ་ཡེ་ཤེས་འོད་ཟེར་སྤྲུལ་པ་སྤྲོས་པས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་ནས་སེམས་དཔའ་རྡོ་རྗེ་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་བསྡུས་ཏེ་བསྐུལ་བ་མཛད་དོ། །དོན་གྱི་ཚིག་གིས་ཀྱང་འདི་སྐད་བསྐུལ་ཏེ། །རྡོ་རྗེ་སྙིང་པོའི་སེམས་དཔའ་ཁྱོད། །ཀུན་གྱི་རང་བཞིན་ཁྱོད་ཡིན་པས། །སེམས་ཉིད་ཀུན་ཏུ་བཟང་པོ་འདི། །ཁྱོད་ཀྱིས་ཀུན་ལ་བསྟན་དུ་གསོལ། །ཞེས་བསྐུལ་ཏོ། །དེ་ནས་སེམས་དཔའ་རྡོ་རྗེ་དེས། བདེ་བར་གཤེགས་པ་ཀུན་གྱིས་བསྐུལ་བར་རིག་ནས་མི་རྟོག་པའི་ཏིང་ངེ་འཛིན་གྱི་སྒོ་ནས། འོད་ཟེར་ཕྱོགས་བཅུར་བཀྱེ་ནས་སླར་བསྡུས་ཏེ། ཉིད་ཀྱི་སེམས་ཀྱི་སྐུ་བཞེངས་ནས་ཀུན་ལ་སྣང་བར་མཛད་དོ། །ཀུན་གྱི་རང་བཞིན་དུ་ཡང་བཞུགས་སོ། །རང་བཞིན་དེ་ཀུན་ལ་སྣང་ངོ་། །སེམས་ཀྱི་རང་བཞིན་ཡང་སྣང་བར་མཛད་དོ། །དེ་ནས་


DNG006_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ཚོགས་ཀྱིས། སེམས་དཔའི་རང་བཞིན་ཀུན་ཏུ་རྡོ་རྗེ་ལ་ཞུས་པ། ཨེ་མ་ཧོ་རྡོ་རྗེ་སྙིང་པོ་ཁྱོད། །བྱང་ཆུབ་སེམས་ནི་ཀུན་བཟང་ན། །ཉོན་མོངས་ལྔ་ཡི་སྡུག་བསྔལ་གང་། །ཁམས་གསུམ་གནས་ཀྱི་སྡུག་བསྔལ་གང་། །རྒྱུད་དྲུག་འཁོར་བའི་སྡུག་བསྔལ་གང་། །མཐོ་རིས་ངན་སོང་སྡུག་བསྔལ་གང་། །ཞེས་ཞུས་སོ། །དེ་ནས་སེམས་དཔའི་རང་བཞིན་ཀུན་ཏུ་རྡོ་རྗེས་འདུས་པའི་ཚོགས་ལ། ཆོས་ཐམས་ཅད་རྩ་བ་གཅིག་པ་ལས་བྱུང་བའི་དོན་བསྡུས་པ་འདི་གསུངས་སོ། །ཆོས་ཀུན་རྩ་བ་སེམས་སུ་གཅིག །རྩ་བ་གཅིག་ལ་དོན་གཉིས་ནི། །བདེ་དང་སྡུག་བསྔལ་ཐེག་པ་གཉིས། །ཕུན་སུམ་ཚོགས་པ་གསུམ་ཚོགས་པས། །ཡོ་ག་བཞི་ཡིས་བྱེ་བྲག་འབྱེད། །ཁྱད་པར་འཕགས་པའི་ཆེ་ལྔ་སྟོན། །གོལ་སྒྲིབ་དྲུག་དྲུག་སྐྱོན་ཡོན་སེལ། །གཏན་ལ་རྣམ་པ་བདུན་གྱིས་འབེབས། །ངེས་པའི་མན་ངག་བརྒྱད་དུ་སྟོན། །བདེན་པའི་ཚིག་དགུ་མཐུན་སྨྲས་ནས། །ཡོངས་སུ་རྫོགས་པའི་མདོ་བཅུ་ནི། །གཅིག་གི་རང་བཞིན་སྟོན་པར་བྱེད། །གཅིག་དང་གཉིས་དང་གསུམ་དང་བཞི། །ལྔ་དང་དྲུག་དང་བདུན་དང་བརྒྱད། །དགུ་དང་བཅུ་ཡི་བར་གྱིས་ནི། །གཅིག་དོན་ཡོངས་སུ་རྫོགས་པར་བསྟན། །ཞེས་གསུངས་སོ། །བྱང་ཆུབ་སེམས་ཀྱི་འགྲེལ་པ་རྫོགས་པ་ཆེན་པོའི་མདོ་བཅུ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འདུས་པའི་ཚོགས་ཐམས་ཅད་སེམས་དཔའ་རྡོ་རྗེའི་འཁོར་དུ་འཁོད་དེ། དད་པའི་སེམས་ཀྱི་འདུན་པས། སེམས་དཔའ་རྡོ་རྗེས་རྩ་བ་གཅིག་པའི་དོན་གསུངས་ཤིག་པར་རིག་ནས་བཀའ་སྩལ་པ། ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །བྱང་ཆུབ་སེམས་ཀྱི་མདོ་འདི་ལ། །གཅིག་ནི་ཀུན་གྱི་རང་བཞིན་ཏེ། །ཆོས་


DNG006_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱིངས་སམ་བྱང་ཆུབ་སེམས། །ཡིན་པས་རྩ་བའི་དོན་དུ་བཞག །གཅིག་པའི་དོན་ནི་འདི་ལྟ་སྟེ། །སངས་རྒྱས་སྐུ་དང་ཡེ་ཤེས་དང་། །སེམས་ཅན་ལུས་དང་བག་ཆགས་དང་། །སྣང་དང་སྲིད་པའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་དང་དབྱིངས་སུ་འདུས། །རྒྱུ་རུ་གཅིག་ལ་འབྲས་བུར་གཅིག །དཔེ་རུ་གཅིག་ལ་དོན་དུ་གཅིག །རྩ་བ་བྱང་ཆུབ་སེམས་སུ་གཅིག །རྟགས་དང་གཏན་ཚིགས་མཐུན་པར་གཅིག །སྤྲོས་པ་མེད་པའི་དོན་དུ་བསྟན། །རྒྱུ་གཅིག་བྱང་ཆུབ་སེམས་འདི་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཚན་མར་མི་གནས་ཆོས་སྐུར་གཅིག །གསུང་སྟེ་འགག་པ་མེད་པར་གཅིག །མ་བསྒྲིབས་ཡེ་ཤེས་ཐུགས་སུ་གཅིག །སྤྲོས་པ་མེད་པའི་དོན་དུ་གཅིག །སེམས་དང་ལུས་དང་བག་ཆགས་དང་། །རྒྱུ་གཅིག་བྱང་ཆུབ་སེམས་ལས་བྱུང་། །རྒྱུ་དང་རྒྱུ་ཡི་རྣམ་པ་གཉིས། །རྒྱུ་ནི་འབྱུང་ཆེན་རྣམ་པ་ལྔ། །འབྱུང་ལྔ་རྒྱུ་ཉིད་བྱང་ཆུབ་སེམས། །འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །སེམས་ལས་ངང་རྒྱུད་གྲུབ་བྱེད་པ། །བརྐམ་ཆགས་ལྔ་ལས་འབྱུང་ལྔ་གྲུབ། །འབྱུང་བ་ལྔ་ལས་རང་བྱུང་སྐྱེས། །སྣང་བའི་ཆོས་དང་སྲིད་པའི་ཆོས། །མི་རྟོག་པ་ཡི་རྒྱུ་རྐྱེན་གྱིས། །བསྐྱེད་ནས་ཇི་ལྟར་འབྱུང་ན་ཡང་། །དོན་དམ་སྐྱེ་བ་མེད་པས་ན། །སྤྲོས་པ་མེད་པའི་དོན་དུ་བསྟན། །འབྲས་བུ་གཅིག་པའི་དོན་འདི་ཡང་། །རྒྱུ་གཅིག་པ་ཡི་ཚུལ་བཞིན་དུ། །ཆོས་རྣམས་ཀུན་གྱི་འབྲས་བུར་གཅིག །དེ་ཡང་ཅི་ལྟ་བུ་ཞེ་ན། །དཔེར་ན་ཕྱི་ནང་ཆོས་རྣམས་ཀུན། །གང་རྒྱུ་དེ་ལ་གྲུབ་པ་ནི། །རྒྱུ་འབྲས་གཅིག་པའི་དོན་ཡིན་ཏེ། །འགྲོ་བའི་སེམས་ཀྱི་ཕྱིན་ཅི་ལོག །བརྐམ་ཆགས་ལྔ་ཡི་སྡུག་བསྔལ་རྒྱུས། །འབྲས་བུ་ཟད་མེད་རྒྱུད་ལྔར་འཁོར། །དེ་ལ་འབྲས་བུར་མིང་མི་གདགས། །སྡུག་བསྔལ་


DNG006_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འབྱུང་འགོག་པའི་ལམ། །སྤང་དང་འགེག་དང་སོལ་བ་དང་། །ལམ་ལ་མངོན་དུ་བྱེད་པ་ཡང་། །ཉོན་མོངས་ལྔ་བཅོམ་འབྲས་བུ་དེ། །མི་སྐྱེ་མི་འགག་འབྲས་བུ་མིན། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །མདོ་ཆེན་བཞི་ཡི་དོན་རྟོགས་ཏེ། །ཆོས་ཉིད་སྟོང་པའི་འབྲས་བུ་དེ། །རྒྱུ་འབྲས་འདས་པའི་འབྲས་བུ་མིན། །ཕྱི་ཡི་ཏན་ཏྲ་སྡེ་གསུམ་ཡང་། །བྱང་ཆུབ་ཡན་ལག་ཀུན་བསྒོམས་ནས། །རྡོ་རྗེ་འཛིན་དང་སྟུག་པོ་བཀོད། །ཐོབ་པ་རྡོ་རྗེའི་འབྲས་བུ་སྟེ། །བླང་དོར་མེད་པའི་འབྲས་བུ་མིན། །ནང་བ་བསྐྱེད་དང་རྫོགས་པ་ནི། །རྣམ་པ་གསུམ་གྱི་དོན་སྦྱར་ན། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་བསྒྲུབ་བཞི་ཡི་ཆོ་གས་ནི། །བདག་ཉིད་ལྷུན་གྱིས་གྲུབ་བྱེད་པའང་། །རྩོལ་བསྒྲུབ་འདས་པའི་འབྲས་བུ་མིན། །མ་སྐྱེས་པ་ཡི་ཆོས་ཉིད་ནི། །མི་སྐྱེ་མི་འགག་འབྲས་བུ་ཡིན། །འབྱུང་བ་ལྔ་ལ་རག་མ་ལས། །སྐུ་གསུང་ཐུགས་ལ་མ་བརྟེན་པས། །རྒྱུ་འབྲས་འདས་པ་འབྲས་བུ་ཡིན། །མ་བསྒྲིབས་རང་བྱུང་ཡེ་ཤེས་ཀྱིས། །གང་ཡང་སྤང་བ་མེད་པར་སྤྱོད། །གཟུང་འཛིན་རྣམ་རྟོག་མི་མངའ་བས། །བླང་དོར་མེད་པའི་འབྲས་བུ་ཡིན། །སེམས་ཉིད་རང་བྱུང་ཡེ་ཤེས་ལ། །ཡེ་ནས་བཙལ་ཞིང་བསྒྲུབ་མེད་པས། །རྩོལ་བསྒྲུབ་གཉིས་ཀྱི་སྤྲོས་དང་བྲལ། །ལྷུན་གྱིས་གྲུབ་པའི་འབྲས་བུ་ཡིན། །སྒྲོ་སྐུར་འདས་པའི་བྱང་ཆུབ་སེམས། །སྤྲོས་པ་མེད་པའི་དོན་གྱིས་ནི། །ཀུན་གྱི་སྙིང་པོ་སངས་རྒྱས་སྐུ། །མ་བསྒྲིབས་ཡེ་ཤེས་ཆོས་ཀྱི་དབྱིངས། །མི་འགག་དབྱིངས་ཀྱི་བྱང་ཆུབ་སེམས། །མི་སྐྱེ་མི་འགག་ཡེ་ཤེས་ཐུགས། །རྒྱུ་དང་འབྲས་བུ་གཉིས་མ་མཆིས། །རྩ་བ་གཅིག་གི་བྱང་ཆུབ་སེམས། །ཐམས་ཅད་ཀུན་གྱི་རྒྱུ་རུ་སྣང་། །རྒྱུ་ཉིད་རང་བྱུང་སྐྱེ་མེད་པས། །མིང་ཙམ་མཚོན་


DNG006_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུར་གཅིག །འབྲས་བུ་ཞེས་ནི་བཏགས་པ་མེད། །བཏགས་པ་དེ་ནི་མཚོན་པ་སྟེ། །མཚོན་པའི་དོན་གྱིས་གདགས་མེད་མཚོན། །དེ་ཡང་མཚོན་པར་བྱ་བའི་དོན། །མཚོན་དུ་མེད་པའི་དོན་དེ་ཡང་། །མ་མཚོན་གོ་བར་མི་འགྱུར་ཏེ། །མཚོན་དུ་མེད་པའི་དོན་ཚིག་གིས། །མཚོན་ཏེ་མཚོན་མེད་གོ་བར་བྱ། །ཐམས་ཅད་ཆོས་ནི་སྐྱེ་བ་མེད། །མ་སྐྱེས་པ་ཡི་ཆོས་ཉིད་ནི། །སྐྱེ་འགག་མེད་པའི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་སྐྱེ་མེད་པར། །མ་མཚོན་སྐྱེ་མེད་དེ་མི་མཐོང་། །སྐྱེ་བ་མེད་པའི་དོན་ཚིག་གིས། །སྐྱེ་མེད་དེ་མཚོན་མཐོང་བར་བྱ། །ཐམས་ཅད་ཆོས་ནི་སྒྲོ་སྐུར་བྲལ། །སྒྲོ་སྐུར་བྲལ་བའི་བྱང་ཆུབ་སེམས། །བརྗོད་དུ་མེད་པའི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་བརྗོད་མེད་པར། །མ་བརྗོད་རིག་པར་མི་འགྱུར་ཏེ། །བརྗོད་དུ་མེད་པའི་དོན་ཚིག་གིས། །བརྗོད་དང་བརྗོད་མེད་རིག་པར་བྱ། །ཐམས་ཅད་ཆོས་ལ་སྐྱེ་འགག་མེད། །སྐྱེ་འགག་མེད་པའི་ཆོས་ཉིད་ལ། །མཚོན་དུ་ཡོད་པར་མ་གསུངས་ཏེ། །མཚོན་དུ་མེད་པས་སྒྲོ་སྐུར་བྲལ། །སྒྲོ་སྐུར་བྲལ་བའི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་མཚོན་དུ་མེད། །བརྗོད་དུ་མེད་པའི་ཆོས་ཉིད་ལ། །སུས་ཀྱང་བརྗོད་པར་མི་ནུས་སོ། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་མདོ་ལས། རྒྱུ་འབྲས་གཅིག་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་འདུས་པའི་ཚོགས་དེ་དག་ཐམས་ཅད། སེམས་དཔའ་རྡོ་རྗེའི་འཁོར་དུ་དད་པའི་སེམས་ཀྱིས་འཁོད་དེ་འདུན་པས། སེམས་དཔའ་རྡོ་རྗེས་རྩ་བ་གཅིག་པའི་དཔེ་དང་དོན་ལ་འདུན་པར་རིག་ནས་ཡང་གསུངས་པ། ཀྱེ་སེམས་དཔའི་ཚོགས་ཆེན་ད་ཉོན་ཅིག །རྩ་བ་གཅིག་གི་དོན་འདི་ལ། །དཔེ་ཡང་གཅིག་ལ་དོན་ཡང་གཅིག །དངོས་མེད་འདྲ་བ་དཔེ་རུ་བསྟན། །ཆོས་ཀུན་དཔེ་


DNG006_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ནམ་མཁའ་འདྲ། །ནམ་མཁའ་དག་ལས་ཐམས་ཅད་འབྱུང་། །ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས། །ཐམས་ཅད་འབྱུང་བས་ནམ་མཁའ་འདྲ། །རྒྱུ་མེད་པ་ཡི་བྱང་ཆུབ་སེམས། །མ་སྐྱེས་པས་ན་ནམ་མཁའ་འདྲ། །རྐྱེན་མེད་པ་ཡི་བྱང་ཆུབ་སེམས། །མི་འཇིག་པས་ན་ནམ་མཁའ་འདྲ། །གཉེན་པོ་མེད་པའི་བྱང་ཆུབ་སེམས། །ཐམས་ཅད་འཇོམས་པས་ནམ་མཁའ་འདྲ། །མཚོན་དུ་མེད་པའི་བྱང་ཆུབ་སེམས། །བསྟན་དུ་མེད་པས་ནམ་མཁའ་འདྲ། །མ་བསྒྲིབས་པ་ཡི་བྱང་ཆུབ་སེམས། །ཀུན་ཏུ་གསལ་བས་ནམ་མཁའ་འདྲ། །ཐམས་ཅད་བསྐྱེད་པའི་བྱང་ཆུབ་སེམས། །སྣང་སྲིད་བསྐྱེད་པས་ནམ་མཁའ་འདྲ། །རང་བྱུང་ཟབ་མོའི་དོན་གཞིག་ན། །དོན་དམ་མ་སྐྱེས་ནམ་མཁའ་འདྲ། །སྣང་དང་སྲིད་དང་ཡོད་པ་དང་། །བཏགས་ཤིང་ཆགས་པའི་ཆོས་རྣམས་ཀུན། །དོན་དམ་རང་བཞིན་མ་སྐྱེས་པས། །སྐྱེ་མེད་དཔེ་ནི་ནམ་མཁའ་འདྲ། །ནམ་མཁའ་ལྟ་བུའི་ཆོས་ཀུན་བརྟགས། །དཔེ་དེ་འདྲ་བའི་དོན་ཆོས་ནི། །ཡིན་པ་དག་ལ་དོན་ཞེས་གདགས། །དོན་ནི་སྐྱེ་བ་མེད་པ་ཡིན། །སྐྱེ་བ་མེད་པའི་རང་བཞིན་ནི། །རྒྱུ་མེད་པ་ལས་སྐྱེ་མེད་པས། །སེམས་ལ་རྒྱུ་མེད་སྐྱེ་བ་མེད། །སྲིད་པའི་ཆོས་ལ་རྒྱུས་བསྐྱེད་ཀྱང་། །ཆོས་ཉིད་དབྱིངས་ལ་རྒྱུ་མེད་པས། །སྐྱེ་བ་མེད་པའི་དོན་ཡིན་ནོ། །ཐམས་ཅད་ཆོས་ནི་སྐྱེ་བ་མེད། །སྐྱེ་མེད་བྱང་ཆུབ་མངོན་སངས་རྒྱས། །སྣང་བའི་ཆོས་དང་སྲིད་པའི་ཆོས། །དེ་ཡང་སྣང་བའི་འབྱུང་ཆེན་ལྔ། །ནམ་མཁའ་སྣང་བྱེད་ཁྱབ་པ་དེ། །སེམས་ཉིད་མ་བསྒྲིབས་ཀུན་ལ་ཁྱབ། །དེ་བས་ནམ་མཁའ་བྱང་ཆུབ་སེམས། །སྣང་བྱེད་ཁྱབ་པས་མངོན་སངས་རྒྱས། །འདེགས་པར་བྱེད་པའི་འབྱུང་བ་རླུང་། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་རླུང་། །ཡེ་ཤེས་རླུང་གིས་ཀུན་འདེགས་པས། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །ཐམས་ཅད་སྡུད་པའི་འབྱུང་བ་ཆུ། །ཡེ་ཤེས་ཐུགས་


DNG006_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རླན་གྱིས་སྡུད། །དེ་བས་བྱང་ཆུབ་སེམས་ཀྱི་ཆུ། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །མངོན་སུམ་སྣང་བ་སྲ་བྱེད་པ། །ཐམས་ཅད་འདེགས་པའི་བྱང་ཆུབ་སེམས། །དེ་བས་སེམས་ཀྱི་ས་དེ་ལ། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །ཐམས་ཅད་དྲོད་སྙོམས་ཚ་བའི་མེ། །པདྨ་རྣམ་དག་ཡེ་ཤེས་ཏེ། །དེ་བས་སེམས་ཉིད་རྣམ་དག་པས། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །འབྱུང་ཆེན་ལྔ་ཡི་སངས་རྒྱས་ལྔ། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །སྲིད་གསུམ་ལམ་ལྔའི་ཆོས་ལྔ་ཡང་། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །དེ་ཡང་ཇི་ལྟ་བུ་ཞེ་ན། །བརྐམ་ཆགས་ལྔ་ཡི་རྣམ་སྨིན་གྱིས། །ལམ་སྒོ་ལྔ་རུ་ཞུགས་ཕྱིན་ན། །མི་བདེ་སྡུག་བསྔལ་ལྔ་ལ་སྦྱང་། །ཞེ་སྡང་ལམ་གྱི་སྒོར་ཞུགས་པས། །དམྱལ་བའི་གནས་སུ་ཚ་གྲང་སྤྱོད། །སྔ་ཕྱི་མེད་པའི་ཆོས་སྤྱོད་ཀྱང་། །སྔ་མའི་ལས་ཀྱི་རྣམ་སྨིན་གྱིས། །ཚ་དང་གྲང་བའི་ཉམས་མྱོང་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ལ། །ཚ་གྲང་ཉམས་དེས་བསྐྱོད་པ་མེད། །དེ་བས་ཞེ་སྡང་མི་གནས་སྟོང་། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །འདོད་ཆགས་ལམ་གྱི་སྒོར་ཞུགས་པས། །ཡི་དྭགས་གནས་ན་བཀྲེས་སྐོམ་སྤྱོད། །བསྔོས་པས་ཚིམ་པའི་ཆོས་ཡོད་ཀྱང་། །སྔ་མའི་ལས་ཀྱི་རྣམ་སྨིན་གྱིས། །བཀྲེས་དང་སྐོམ་པའི་ཉམས་མྱོང་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ལ། །བཀྲེས་དང་སྐོམ་པས་བསྐྱོད་པ་མེད། །དེ་བས་འདོད་ཆགས་མི་གནས་སྟོང་། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །གཏི་མུག་ལམ་གྱི་སྒོར་ཞུགས་པས། །བྱོལ་སོང་གནས་ན་གླེན་ལྐུགས་སྤྱོད། །རིག་པ་ཕྲ་མོའི་ཆོས་སྤྱོད་དེ། །སྔ་མའི་ལས་ཀྱི་རྣམ་སྨིན་གྱིས། །བླུན་ཞིང་ལྐུགས་པའི་ཉམས་མྱོང་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ལ། །བླུན་ལྐུགས་ཉམས་དེས་བསྐྱོད་པ་མེད། །དེ་བས་གཏི་མུག་མི་གནས་སྟོང་། །བྱང་ཆུབ་སེམས་སུ་


DNG006_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སངས་རྒྱས། །ཕྲག་དོག་ལམ་གྱི་སྒོར་ཞུགས་པས། །མི་ཡི་གནས་སུ་དགེ་སྡིག་སྤྱོད། །དགེ་སྡིག་ལས་ཀྱི་ཆོས་སྤྱོད་ཀྱང་། །མི་དགེ་ཤས་ཆུང་རྣམ་སྨིན་གྱིས། །མི་རྟག་འགྱུར་བའི་ཉམས་མྱོང་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ལ། །མི་རྟག་ཉམས་དེས་བསྐྱོད་པ་མེད། །དེ་བས་ཕྲག་དོག་མི་གནས་སྟོང་། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །ང་རྒྱལ་ལམ་གྱི་སྒོར་ཞུགས་པས། །ལྷ་ཡི་གནས་དང་ལོངས་སྤྱོད་ཀྱིས། །མ་རིག་ལྟུང་བའི་སྡུག་བསྔལ་མྱོང་། །བསམ་པས་འགྲུབ་པའི་ཆོས་སྤྱོད་ཀྱང་། །མ་རིག་ལེ་ལོའི་རྣམ་སྨིན་གྱིས། །ལྟུང་བའི་སྡུག་བསྔལ་ཉམས་མྱོང་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ལ། །ལྟུང་བའི་ཉམས་ཀྱིས་མི་བསྐྱོད་དེ། །དེས་ན་ང་རྒྱལ་མི་གནས་སྟོང་། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །སྣང་སྲིད་ཆོས་ནི་དེ་བས་ན། །ཁམས་གསུམ་གནས་ཀྱང་དེ་འདྲ་སྟེ། །འདོད་པའི་ཁམས་ནི་མ་རིག་པ། །ཕྱེ་བ་མེད་པར་ཀུན་ལ་རྨོངས། །མི་རྟོག་གཏི་མུག་ཆོས་ཀྱི་སྐུ། །གཟུགས་ཀྱི་ཁམས་ནི་ཆགས་པའི་གནས། །ང་རྒྱལ་ཆགས་པ་མངོན་འགྲུབ་པས། །གཟུགས་ལ་ང་རྒྱལ་བལྟ་མི་ངོམ། །ལྟུང་བ་ཆགས་མེད་ཡེ་ཤེས་སྐུ། །གཟུགས་མེད་ཁམས་ནི་དངོས་མ་གྲུབ། །ཡིད་ཡུལ་ཆོས་ལ་མུ་བཞིར་བལྟ། །གཟུང་འཛིན་མེད་པར་རིག་པའི་ཆོས། །མིང་དང་མཚན་མ་ཡུལ་འདས་ཐུགས། །དེ་བས་སྣང་སྲིད་སྣོད་བཅུད་ཀུན། །བྱང་ཆུབ་སྐུ་གསུང་ཐུགས་སུ་འདས། །འདས་པའི་དཔེ་ནི་ནམ་མཁའ་འདྲ། །ནམ་མཁའ་འདས་པ་ཀུན་གྱི་གནས། །སྣང་བའི་ཆོས་དང་སྲིད་པའི་ཆོས། །འདས་པའི་ངང་ན་མི་གནས་མེད། །སྣང་བ་ས་ཆུ་མེ་རླུང་བཞི། །འདས་པ་ནམ་མཁའི་ངང་ལ་གནས། །དེ་ཡང་སྣང་བའི་འབྱུང་བ་རླུང་། །ནམ་མཁའི་ངང་ན་ཡང་གཡོ་ཞིང་། །རང་གི་མཚན་ཉིད་རྡོ་རྗེའི་རྩལ། །རྩལ་ཆེན་དེ་ཡི་འབྱུང་ཆེན་ཆུ། །འདས་ལ་མི་ལྟུང་


DNG006_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འདེགས་པར་བྱེད། །དེ་ཡང་ནམ་མཁའི་ངང་ན་གནས། །འབྱུང་ཆེན་སྣང་བའི་སྡུད་བྱེད་ཆུ། །ནམ་མཁའི་ངང་ལས་རང་བཞིན་བརླན། །རང་གི་མཚན་ཉིད་རྡོ་རྗེའི་རྩལ། །རྩལ་ཆེན་དེ་ཡི་འབྱུང་ཆེན་ས། །འདས་ལ་མི་ལྟུང་འདེགས་པར་བྱེད། །དེ་ཡང་ནམ་མཁའི་ངང་ན་གནས། །འབྱུང་ཆེན་སྣང་བའི་ཆ་སྙོམས་མེ། །ནམ་མཁའི་ངང་ལས་རང་བཞིན་ཚ། །རང་གི་མཚན་ཉིད་རྡོ་རྗེའི་རྩལ། །རྩལ་ཆེན་དེ་ཡི་འབྱུང་ཆེན་བཞི། །འདས་ལ་མི་འཇིགས་སྙོམས་པར་བྱེད། །མི་འདས་འབྱུང་ཆེན་སྣང་བ་བཞི། །འདས་པའི་ནམ་མཁའི་ངང་ན་གནས། །སྲིད་པ་རྒྱུད་དྲུག་སྣང་བ་ཡང་། །འདས་པས་ནམ་མཁའི་ངང་ན་གནས། །ནམ་མཁའ་འདས་པའི་དཔེ་དེ་བཞིན། །སྣང་བ་འབྱུང་ཆེན་བཞི་པོ་ཡང་། །སེམས་ཉིད་འདས་པའི་ངང་ན་གནས། །སྲིད་པ་རྒྱུད་དྲུག་སྣང་བ་ཡང་། །འདས་པ་སེམས་ཀྱི་ངང་ན་སྤྱོད། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །སེམས་ཉིད་དབྱིངས་ཀྱི་ཡུལ་ཆེ་བས། །ཐམས་ཅད་སེམས་ཡུལ་དེ་ན་གནས། །ནམ་མཁའ་བཞིན་དུ་མི་གནས་མེད། །དེ་བས་ཀུན་གྱི་གནས་ཆེན་འདི། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ཡིན། །འདས་པའི་སེམས་ཀྱི་ཀློང་ཆེན་འདི། །སྣང་དང་སྲིད་པ་ཐམས་ཅད་ཀུན། །སྣོད་དང་བཅུད་ཀྱིས་བསྡུས་པ་དང་། །སངས་རྒྱས་སེམས་ཅན་ཐམས་ཅད་དང་། །བདེ་དང་སྡུག་བསྔལ་ཐམས་ཅད་དང་། །ཕྱི་ནང་སྨོས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་བདེ་ཆེན་ལས། །རྣམ་པར་དག་པའི་ཆོས་ཉིད་ལ། །སྣང་དང་སྲིད་པ་གཉིས་སུ་མེད། །སྣོད་དང་བཅུད་ཀྱང་གཉིས་སུ་མེད། །སངས་རྒྱས་སེམས་ཅན་གཉིས་ཀྱང་མེད། །བདེ་དང་སྡུག་བསྔལ་གཉིས་ཀྱང་མེད། །ཕྱི་ནང་སྨོས་པའི་ཆོས་ཀྱང་མེད། །མེད་པའི་དོན་གྱི་སྙིང་པོ་ལ། །ཡོད་པའི་སྒྲོ་སྐུར་གདབ་མི་བྱ། །གང་ཞིག་མེད་པའི་དོན་མ་མཐོང་། །འདི་ལ་ཡོད་པའི་སྒྲོ་འདོགས་པ། །དོན་གྱི་སྙིང་པོ་མི་ཤེས་པས། །མེད་པའི་བདེ་བ་ཡུལ་མ་མཐོང་། །དེ་ནི་མ་


DNG006_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཆོས་མ་རྟོགས། །དེ་ཡིས་དབྱིངས་ཀྱི་ལམ་མ་མཐོང་། །དེ་ནི་གཅིག་པུ་མུན་འཐོམ་ནས། །སྤྲོས་མེད་གནས་ནི་མཐོང་མི་འགྱུར། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །སྒྲོ་དང་སྐུར་པ་ཀུན་དང་བྲལ། །གང་གིས་སེམས་དེ་མ་མཐོང་བས། །བསྐལ་པ་དུ་མར་གྲངས་བགྲངས་ཀྱང་། །སྙིང་པོ་རང་བཞིན་སེམས་མ་མཐོང་། །བདེན་པའི་དོན་དང་འཕྲད་མི་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་སེམས་ཀྱི་མདོ་ལས། དཔེ་དོན་གཅིག་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་འདུས་པའི་ཚོགས་དེ་དག་ཐམས་ཅད། སེམས་དཔའ་རྡོ་རྗེའི་འཁོར་དུ་དད་པའི་སེམས་ཀྱིས་འཁོད་དེ་མོས་པས་འདུན་ཏོ། །དེ་ནས་སེམས་དཔའ་རྡོ་རྗེ་དེས་འཁོར་འདུན་པ་དེ། རྩ་བ་བྱང་ཆུབ་སེམས་སུ་གཅིག་པ་དང་། །རྟགས་དང་གཏན་ཚིགས་ལ་འདུན་པར་རིགས་ནས། ཡང་གསུངས་པ། ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །རྩ་བ་གཅིག་པའི་ཆོས་འདི་ནི། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཐམས་ཅད་འདུས་པའི་སྙིང་པོ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །སྐུ་གསུང་ཐུགས་སུ་བདག་མེད་ཀྱང་། །བདག་ལ་སྙིང་པོ་འདི་ལ་འདུས། །སྣང་དང་སྲིད་པར་སྨོས་པའི་ཆོས། །ཐམས་ཅད་མངོན་དུ་སྣང་བ་ཡང་། །ཐམས་ཅད་འབྱུང་བ་འདི་ལ་འདུས། །འདི་ནི་སྣང་སྲིད་སྙིང་པོ་ཡིན། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཐམས་ཅད་འདུས་ཤིང་འབྱུང་བས་ན། །དེ་ཕྱིར་སྙིང་པོ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་རྣམ་གྲངས་ནི། །གཅིག་ཏུ་ཡོད་ལ་བགྲང་དུ་མེད། །བགྲངས་ན་མཐའ་ཡས་བརྗོད་མི་ལངས། །གཅིག་ལ་རྣམ་པ་བགྲང་དུ་མེད། །གཅིག་གིས་ཀུན་གྱི་རྣམ་པ་འཛིན། །ཐམས་ཅད་འདུས་པའི་སྙིང་པོ་ཡིན། །དེ་ཕྱིར་སྙིང་པོ་བྱང་ཆུབ་སེམས། །ཐམས་ཅད་འབྱུང་བ་རྒྱུ་རུ་སྣང་། །དེས་ན་རྒྱུ་གཅིག་བྱང་ཆུབ་


DNG006_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །ཐམས་ཅད་བྱང་ཆུབ་སེམས་ལ་སྤྲོས། །འདུས་ཀྱང་བྱང་ཆུབ་སེམས་སུ་འདུས། །གནས་ཀྱང་བྱང་ཆུབ་སེམས་ལ་གནས། །བསྐྱེད་ཀྱང་བྱང་ཆུབ་སེམས་ལས་བསྐྱེད། །སངས་རྒྱས་སྐུ་དང་ཡེ་ཤེས་ཀྱང་། །སེམས་ཉིད་གཟུང་འཛིན་བྲལ་བ་ཡིན། །དེས་ན་བྱང་ཆུབ་སེམས་ཀྱི་སྐུ། །སེམས་ཅན་ལུས་དང་བག་ཆགས་ཀྱང་། །སེམས་ཀྱི་བརྐམ་ཆགས་ལྔ་ལས་བྱུང་། །དེས་ན་འབྱུང་བའི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་གཟུང་འཛིན་བྲལ། །བྱང་ཆུབ་སེམས་ནི་སྤྲོས་དང་བྲལ། །བྱང་ཆུབ་སེམས་ནི་རྣམ་པར་དག །བྱང་ཆུབ་སེམས་ལ་དབྱིབས་མ་མཆིས། །བྱང་ཆུབ་སེམས་ལ་ཁ་དོག་མེད། །བྱང་ཆུབ་སེམས་ནི་སྒྲོ་སྐུར་བྲལ། །ཐམས་ཅད་སྤང་བའི་བྱང་ཆུབ་སེམས། །ཆོས་རྣམས་ཀུན་གྱི་རྩ་བ་རུ། །གཅིག་པ་ཆོས་ཀུན་རྩ་བ་ཡིན། །རྩ་བ་བྱང་ཆུབ་སེམས་འདི་ནི། །ཀུན་གྱི་རང་བཞིན་འདིས་བྱས་པས། །ཐམས་ཅད་བྱེད་པའི་རྒྱལ་པོ་ཡིན། །བྱེད་པའི་རྒྱལ་པོས་ཀུན་བྱས་པས། །དངོས་སུ་གྲུབ་པ་གང་ཡང་མེད། །གང་ཞིག་དངོས་སུ་གྲུབ་འདོད་པས། །དེ་ཡིས་ཆོས་ཀུན་གང་མི་འགྲུབ། །དེ་བས་དངོས་མེད་ཀུན་གྱིས་གྲུབ། །དངོས་མེད་གང་གིས་གྲུབ་པ་དེ། །དེས་ནི་རྩ་བ་སེམས་གྲུབ་སྟེ། །ཆོས་རྣམས་ཀུན་གྱི་རྩ་བ་གྲུབ། །བྱེད་པའི་རྒྱལ་པོ་གྲུབ་པ་ཡིན། །དེ་བས་སུ་ཡང་རུང་བ་དེས། །དངོས་མེད་གང་གིས་མངོན་གསལ་བ། །དེས་ནི་ཐམས་ཅད་ཀུན་འགྲུབ་པས། །མི་གནས་དངོས་མེད་རྒྱལ་པོ་གྲུབ། །འདི་ཡིས་ཐམས་ཅད་བྱེད་པ་གྲུབ། །འདི་ཡིས་ཐམས་ཅད་བྱེད་པར་འགྱུར། །དེ་ལས་ཐམས་ཅད་འབྱུང་བར་འགྱུར། །དེ་ལས་འབྱུང་བ་ཐམས་ཅད་འབྱུང་། །དེ་ལས་སྲིད་པ་ཐམས་ཅད་འབྱུང་། །སྣང་བའི་ཆོས་ཀྱང་དེ་ལས་བྱུང་། །ཐམས་ཅད་ཐམས་ཅད་ཀུན་འབྱུང་བས། །དེ་ཕྱིར་སྙིང་པོ་བྱང་ཆུབ་སེམས། །ཆོས་རྣམས་ཀུན་གྱི་རྩ་བའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་ཀྱི་མདོ་ལས། རྩ་བ་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་བཞི་པའོ།། །།


DNG006_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འདུས་པའི་ཚོགས་དེ་དག་ཐམས་ཅད། སྟོན་པ་ཀུན་ཏུ་བཟང་པོའི་སྤྱན་སྔར་རབ་ཏུ་ཤིན་ཏུ་འདུད་པའི་སྒོ་ནས་འཁོད་དེ། ཐམས་ཅད་མགྲིན་གཅིག་པའི་སྒོ་ནས་ཞུས་པ། སྟོན་པ་ཀུན་ཏུ་བཟང་པོ་ཡིས། །ཆོས་རྣམས་ཀུན་ཏུ་སྣང་བར་མཛད། །སྟོན་པ་རྡོ་རྗེ་སེམས་དཔའ་ཡིས། །དོན་དེ་རྩ་བ་གཅིག་ཏུ་བསྟན། །རྩ་བ་གཅིག་གི་དོན་བསྟན་ན། །ཆོས་རྣམས་ཀུན་གྱི་རྩ་བ་རྟོགས། །ཞེས་ཞུས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་དེས། ཆོས་ཐམས་ཅད་རྩ་བ་གཅིག་པའི་མདོ་དང་འགྲེལ་པ་འདི་གསུངས་སོ། །ཆོས་ཀུན་རྩ་བ་གཅིག་པ་འདི་ལྟ་སྟེ། །ཆོས་ཉིད་སེམས་ཉིད་གཅིག་ཏུ་བསྟན་པ་ལ། །གྲངས་དང་རྣམ་པ་ཡོད་ཀྱིས་བགྲང་དུ་མེད། །མ་བཅོས་རྟོགས་པའི་རྣལ་འབྱོར་པ། །ཏི་བྱ་ནམ་མཁའི་ལམ་ལ་མཁས་པ་བཞིན། །མི་རྟོག་ནམ་མཁའ་ལྟ་བུར་གནས་པར་བྱ། །རྒྱུ་མེད་མ་བྱུང་རྐྱེན་མེད་མ་སྐྱེས་པ། །ཐམས་ཅད་འབྱུང་བའི་སྙིང་པོ་བྱང་ཆུབ་ལས། །ཡོད་པའི་སྒྲོ་དང་མེད་པའི་སྐུར་པ་དང་། །ཡོད་མེད་སྒྲོ་སྐུར་བཏགས་པ་ག་ལ་ཡོད། །ཅེས་གསུངས་སོ། །བྱང་ཆུབ་སེམས་ཀྱི་མདོའི་འགྲེལ་པ་རྫོགས་སོ།། །།དེ་ནས་འདུས་པའི་ཚོགས་ལ། སེམས་དཔའ་རྡོ་རྗེ་དེས། རྩ་བ་གཅིག་ལ་དོན་གཉིས་འབྱུང་བའི་རྣམ་པར་བགྲང་བའི་དོན་འདི་གསུངས་སོ། །འདུས་པའི་ཚོགས་ཆེན་ད་ཉོན་ཅིག །གཉིས་ནི་རྣམ་པའི་བྱེ་བྲག་སྟེ། །ཐེག་པ་རྣམ་པ་གཉིས་སུ་བསྟན། །འཇིག་རྟེན་པ་ཡི་ཐེག་པ་དང་། །མྱ་ངན་འདས་པའི་ཐེག་པ་གཉིས། །འཇིག་རྟེན་པ་ཡི་ཐེག་པ་ནི། །རྒྱུད་དྲུག་གནས་པའི་སེམས་ཅན་ཀུན། །ཁམས་གསུམ་འཁོར་བའི་གནས་བཟུང་ནས། །བརྐམ་ཆགས་ལྔ་ཡི་སྦྱོར་བ་ཡིས། །ཁམས་གསུམ་འཁོར་བའི་ཚོགས་སོགས་ཏེ། །བདེ་བའི་དོན་མེད་སྟོང་པར་འགྱུར། །དེ་ལ་དོན་འདི་བསྟན་པར་བྱ། །མུ་སྟེགས་རྟག་དང་ཆད་པ་གཉིས། །དགེ་སྡིག་


DNG006_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ཆོས་རྣམས་ལ། །འབྲས་བུ་ཡོད་པར་མ་རྟོགས་ཏེ། །ཆད་པའི་མཐའ་རུ་ལྟུང་བ་སྟེ། །རྫོགས་ཆེན་འདི་ཡི་བྱིན་བརླབས་ཀྱིས། །སྙིང་པོ་བྱང་ཆུབ་སེམས་ཆེན་ལ། །གཟུང་འཛིན་མཚན་མ་མི་མངའ་བས། །ཆད་པའི་མཐའ་རུ་ལྟུང་མི་འགྱུར། །རྟག་པར་བལྟ་བར་སེམས་རྣམས་ཀྱིས། །ཡོད་པ་རྣམ་པ་བཞི་མཐོང་སྟེ། །ང་གཙང་སྐྱིད་རྟག་བཞི་མཐོང་ནས། །བླང་དོར་མེད་པའི་དོན་མ་ཤེས། །སྐྱེ་ཤི་མེད་པའི་དོན་མ་མཐོང་། །རྟག་པའི་མཐའ་རུ་ལྟུང་བ་དེ། །རྫོགས་ཆེན་འདི་ཡི་བྱིན་བརླབས་ཀྱིས། །སྙིང་པོ་བྱང་ཆུབ་སེམས་ཉིད་ལ། །གཟུང་འཛིན་མཚན་མ་མི་མངའ་བས། །རྟག་པའི་མཐའ་རུ་ལྟུང་མི་འགྱུར། །ཞེས་གསུངས་སོ། །རྣམ་པར་བགྲང་བའི་མདོ་ལས། འཇིག་རྟེན་གྱི་ཐེག་པ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་འདུས་པའི་ཚོགས་རྣམས་ལ། འཇིག་རྟེན་ལས་འདས་པའི་ཐེག་པ་འདི་བསྟན་ཏོ། །མྱ་ངན་འདས་པའི་ཐེག་པ་ལ། །རྣམ་པ་གཉིས་སུ་དབྱེ་བར་བྱ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །མཚན་ཉིད་རྒྱུ་ལ་རྣམ་པ་གསུམ། །སྡུག་བསྔལ་སྤོང་བའི་ཉན་ཐོས་དང་། །ཤེས་པ་འགེགས་པའི་རང་རྒྱལ་དང་། །རྣམ་རྟོག་སྦྱོང་བའི་མདོ་སྡེ་གསུམ། །སྡུག་བསྔལ་སྤོང་བའི་ཉན་ཐོས་ནི། །བརྟུལ་ཞུགས་དག་གིས་སྤོང་བར་བྱེད། །ཤེས་པ་འགེགས་པའི་རང་རྒྱལ་ནི། །མ་རིག་རྟེན་འདྲེལ་བཅུ་གཉིས་འགགས། །རྣམ་རྟོག་སྦྱོང་བའི་མདོ་སྡེ་ནི། །ཆོས་ཉིད་སྟོང་པ་ནམ་མཁའ་སྟེ། །ཇི་ལྟར་དམིགས་པ་བཞིན་འགྲུབ་པས། །སྒྱུ་མའི་དཔེ་བརྒྱད་ལྟ་བུར་འདོད། །འབྲས་བུའི་ཐེག་པ་ལ་ཡང་གསུམ། །བྱ་བའི་སྡེ་དང་གཉིས་ཀའི་སྡེ། །རྣལ་འབྱོར་རྒྱུད་དང་རྣམ་པ་གསུམ། །བྱ་བ་བྱེད་པའི་ཀྲི་ཡཱ་ནི། །ཡན་ལག་བཅུ་གཅིག་ཆོ་ག་ཡིས། །རྒྱལ་བའི་སྐུ་གསུང་ཡེ་ཤེས་འདོད། །གཉིས་ཀ་སྤྱོད་པའི་ཨུ་པ་ཡ། །ཀྲི་ཡཱ་སྤྱོད་ཅིང་ཡོ་ག་བསྒྲུབ། །འདྲེལ་མེད་སྒོ་ནས་བསྒྲུབ་པར་འདོད། །རྣལ་འབྱོར་


DNG006_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་རྣམ་པ་གཉིས། །ཕྱི་པ་དང་ནི་ནང་པ་གཉིས། །ཕྱི་པ་ཐུབ་པ་ཡོ་ག་ནི། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞི། །ཆུ་ཟླ་བཞིན་དུ་གྲུབ་པར་འདོད། །ནང་པའི་རྣལ་འབྱོར་རྣམ་པ་གསུམ། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ། །བསྐྱེད་པ་མ་ཧཱ་ཡོ་ག་ནི། །རྣམ་པ་གསུམ་ནི་རིམ་བསྐྱེད་དེ། །ཡོ་བྱད་མ་ཉམས་འཇུག་བརྩོན་ན། །རྒྱལ་བའི་སྐུ་གསུང་ཡེ་ཤེས་འདོད། །རྫོགས་པ་ཨ་ནུ་ཡོ་ག་ནི། །རྒྱུ་རྐྱེན་དག་པའི་རང་བཞིན་གྱིས། །སྙིང་པོ་ཙམ་ལ་རག་ལས་པ། །བརྗོད་པས་ཡེ་ཤེས་དཀྱིལ་འཁོར་རྫོགས། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །རྒྱུ་རྐྱེན་དག་ལ་རག་མ་ལས། །རྩོལ་བ་དག་གིས་སྒྲུབ་མི་བྱེད། །རྫོགས་ཆེན་གང་ལ་མ་བརྟེན་འདིས། །རྣམ་པར་བགྲང་བའི་ཆོས་རྣམས་ཀུན། །ཡོངས་སུ་བྱིན་གྱིས་རློབ་པར་བྱེད། །ཀུན་ཀྱང་བདེ་བ་སྤོང་བར་བྱེད། །ཡོངས་སུ་བྱིན་གྱིས་རློབ་པར་བྱེད། །དེ་ཡང་ཇི་ལྟ་བུ་ཞེ་ན། སྡུག་བསྔལ་སྤོང་བའི་ཉན་ཐོས་དེ། །བདེན་པ་བཞི་ཡི་སྒོར་ཞུགས་ནས། །ཡེ་ཤེས་ཡུལ་མེད་བཅུ་དྲུག་གིས། །གང་ཟག་མཚན་མའི་ཡུལ་འདི་ལ། །བདག་རྟག་བྱས་པ་མེད་པར་བལྟ། །ཆོས་ལ་མེད་པའི་དོན་མ་རྟོགས། །སྙིང་པོ་བྱང་ཆུབ་སེམས་དེ་ནི། །སྤྲོས་དང་བྲལ་བའི་བདག་ཉིད་ཡིན། །མཐའ་ཡོད་མཐའ་རུ་ལྟུང་མི་འགྱུར། །ཤེས་པ་འགེག་པའི་རང་རྒྱལ་ནི། །རྟེན་འདྲེལ་བཅུ་གཉིས་སྒོར་ཞུགས་ནས། །ཆོས་ནི་རྣམ་པ་བཅོ་ལྔ་ལ། །གཅིག་ལ་བདག་ཡོད་མ་རྟོགས་ཏེ། །གཞན་ལ་བདག་མེད་ཡོངས་མ་རྟོགས། །སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཐམས་ཅད་མེད་པའི་སྙིང་པོ་ཡིན། །ཡོད་པའི་མཐའ་རུ་ལྟུང་མི་འགྱུར། །རྣམ་རྟོག་སྦྱོང་བའི་མདོ་སྡེ་ནི། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །ཆོས་ཉིད་སྤྲོས་དང་བྲལ་བ་དེ། །རང་བཞིན་མེད་པར་རྟོགས་པ་དང་། །ཆོས་དང་གང་ཟག་གཉིས་ཀ་ལ། །བདག་མེད་པར་ནི་རྟོགས་པ་ཡིས། །བདེན་དང་ངེས་པའི་ས་ནི་ཐོབ། །རྟོག་དཔྱོད་འདས་པའི་ས་འདི་ལ། །


DNG006_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་གསུམ་བར་དུ་བརྟག་ཅིང་སྤྱོད། །བྱ་བ་རྒྱུད་ཀྱི་ཀྲི་ཡཱ་ནི། །གཟའ་དང་རྒྱུ་སྐར་དུས་ཚིགས་དང་། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་དང་འཛིན་པའི་ཏིང་འཛིན་གྱིས། །རྡོ་རྗེ་འཛིན་དང་རིགས་གསུམ་ས། །མི་མཉམ་ཚུལ་དུ་ལམ་ཞུགས་ནས། །མི་ཚེ་བདུན་གྱིས་རིག་འཛིན་ས། །གཟུང་འཛིན་འདས་པའི་ས་འདི་ལ། །མི་ཚེ་བདུན་གྱིས་རིག་འཛིན་ཏིང་ཡང་སྦྱང་། །གཉིས་ཀ་སྤྱོད་པའི་ཨུ་པ་ཡ། །ཀྲི་ཡཱར་སྤྱོད་ཅིང་ཡོ་ག་བསྒྲུབ། །རྣམ་པ་གཉིས་ཀྱི་དོན་སྤྱོད་པས། །རིགས་དང་ཁ་དོག་ཁྱད་པར་ནི། །ཇི་ལྟར་འདོད་པ་གསལ་གྱུར་ཀྱང་། །གཉིས་སུ་མེད་པའི་ས་འདི་ལ། །མ་ནོར་ལམ་གྱི་ཚུལ་ཞུགས་ཀྱང་། །མི་ཚེ་བདུན་དུ་ལྟ་སྤྱོད་སྦྱང་། །ཕྱི་པ་ཐུབ་པ་ཡོ་ག་ནི། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞི། །སྐུ་དང་ཡེ་ཤེས་འདོད་པའི་ཕྱིར། །ཡན་ལག་རྫོགས་པར་སྒོམ་བྱེད་པ། །ཕྱག་རྒྱ་བཞི་ལ་གཙོར་བྱས་ཏེ། །ལྷ་ཡི་སྐུ་དང་ཐུགས་མཚན་དང་། །དམ་ཚིག་ཕྲིན་ལས་རྣམ་པ་བཞིས། །སེམས་དང་ཏིང་འཛིན་དབང་བསྒྱུར་ཏེ། །མཚན་མ་ཡོད་མེད་གཉིས་སྤྱོད་པ། །བླང་དོར་འདས་པའི་སར་མ་ཕྱིན། །བླང་དོར་འདས་པའི་ས་འདི་ལ། །མ་ནོར་ཚུལ་གྱིས་ལམ་ཞུགས་པ། །མི་ཚེ་བདུན་དུ་མཚན་མ་སྦྱོང་། །ནང་པའི་མ་ཧཱ་ཡོ་ག་ནི། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །བདག་ཉིད་ཆེན་པོའི་དཀྱིལ་འཁོར་དུ། །ཕྱི་ནང་གསང་བས་བསྡུས་པ་དང་། །སྲིད་པ་གསུམ་གྱིས་བསྡུས་པ་དང་། །དབང་པོའི་སྤྱོད་ཡུལ་གྱུར་པ་དང་། །དུས་གསུམ་མ་ངེས་རྣམ་བཞི་དང་། །སྤྱོད་པའི་ཕྲིན་ལས་ཐམས་ཅད་ནི། །བདག་ཉིད་ཆེན་པོ་གཅིག་བསྡུས་ཀྱང་། །ཡེ་ནས་ཡིན་ལ་གདོད་བསྒྲུབ་རྩོལ། །རྩོལ་བསྒྲུབ་འདས་པའི་ས་འདི་ལ། །མ་ནོར་ཚུལ་གྱིས་ལམ་ཞུགས་ཀྱང་། །ཞག་ནི་བཅུ་པ་གསུམ་ཕྲག་དྲུག །བཅུ་པ་གསུམ་ཕྲག་བཅུ་དྲུག་ཏུ། །རྩོལ་ཞིང་བསྒྲུབ་པའི་ཏིང་


DNG006_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྦྱོང་། །རྫོགས་པ་ཨ་ནུ་ཡོ་ག་ནི། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །བསྙེན་བསྒྲུབ་བཞི་ཡི་ལས་སྤྱོད་པས། །སྣང་བའི་ཆོས་ནི་དག་པའི་རྒྱུ། །བསོད་ནམས་ཚོགས་སུ་སྒྲུབ་པར་བྱེད། །སེམས་དང་སེམས་བྱུང་ཐམས་ཅད་ཀུན། །ཡེ་ཤེས་ཚོགས་སུ་སྒྲུབ་པར་བྱེད། །རང་རྒྱུད་དག་པའི་ལྷ་བསྙེན་ནས། །ལྟོས་པའི་ཚིག་གིས་རྗོད་པར་བྱེད། །ཏིང་འཛིན་ཡེ་ཤེས་རྩལ་ཆེ་ན། །ཡེ་ཤེས་ཚོགས་སུ་འགྱུར་མོད་ཀྱིས། །བསམ་པའི་ཡེ་ཤེས་ཐམས་ཅད་ཀུན། །རྩོལ་བསྒྲུབ་མ་འདས་བདེ་ཆེན་སྤང་། །རྩོལ་བསྒྲུབ་འདས་པའི་ས་འདི་ལ། །མ་ནོར་ཚུལ་ལམ་ཞུགས་ནས་ཀྱང་། །ཡིད་ཆེས་མངོན་དུ་གྱུར་པ་རུ། །ལྟོས་པའི་ཆོས་ལ་གནས་ཤིང་རྩོལ། །དེས་ན་བདེ་ཆེན་སྤང་ཞེས་བྱ། །རྫོགས་པ་ཆེན་པོའི་རང་བཞིན་ཡང་བསམ་གཏན་ནི། །རྩོལ་བསྒྲུབ་འདས་པའི་བདེ་བ་ཆེ། །འདི་ཡི་དོན་གྱི་རང་བཞིན་ལས། །རྟོགས་ནས་བྱིན་རླབས་འབྱུང་བ་ནི། །རྫོགས་པ་ཆེན་པོའི་རང་བཞིན་ནི། །སངས་རྒྱས་རྫོགས་ལ་སེམས་ཅན་རྫོགས། །འཇིག་རྟེན་རྫོགས་ལ་འདས་པ་རྫོགས། །བདེ་དང་སྡུག་བསྔལ་གཉིས་མེད་རྫོགས། །ཐེག་པ་རྫོགས་ལ་ཆོས་ཉིད་རྫོགས། །ཡོད་པའི་མཐའ་རྫོགས་མེད་མཐའ་རྫོགས། །གཅིག་རྫོགས་ཀུན་རྫོགས་ཐམས་ཅད་རྫོགས། །ཡོངས་སུ་རྫོགས་པའི་མདོ་འདི་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྔར་གྲུབ་དགོངས་པ་འདི་ཡིས་གྲུབ། །ད་ལྟར་བཞུགས་པའི་རྣལ་འབྱོར་པ། །མི་ཡེངས་དགོངས་ལམ་འདི་ལ་གནས། །སླད་ནས་བྱོན་པའི་གདུང་འཚོབ་རྣམས། །དགོངས་པའི་ལུང་བསྟན་འདི་ཡིས་མཛད། །གང་སུ་འདི་ལ་གནས་པ་ཡི། །དེ་ནི་རྣལ་འབྱོར་ཆེན་པོ་ཡིན། །ལུས་ནི་གང་ཟག་འཇིག་རྟེན་ཡང་། །སེམས་དགོངས་རྫོགས་ཆེན་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ཀྱང་། །དོན་ལ་ནོར་བ་ངེས་མི་འབྱུང་། །ཡིན་


DNG006_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ལ་ནོར་བ་མེད། །ངེས་པ་དག་ལ་ཐེ་ཚོམ་མེད། །རྫོགས་པ་ཆེན་པོའི་ལུང་འདི་ལ། །ཡོད་མེད་ཚིག་དང་མ་ངེས་པའི། །དོན་ལ་འདའ་བ་མི་མངའ་བས། །བརྗོད་པའི་ཚིག་ལས་འདའ་མི་མངའ། །ཞེས་གསུངས་སོ། །རྣམ་པར་བགྲང་བའི་མདོ་ལས། འཇིག་རྟེན་ལས་འདས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། འདུས་པའི་ཚོགས་ལ་རྣམ་པ་གཉིས་སུ་བགྲང་བའི་དོན་གྱི་མདོའི་འགྲེལ་པ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ཕྱི་ནང་སྣོད་བཅུད་གཉིས་ཀ་སྣང་བའི་ཕྱིར། །དོན་དམ་སྐྱེ་བ་མེད་པས་ཕྱི་དང་ནང་། །མ་སྐྱེས་ཟབ་མོ་དེ་ཡི་ཆ་ཤས་ནི། །དམིགས་པའི་ཡུལ་དུ་མ་གྱུར་རྟོག་ཡུལ་མེད། །སྲིད་པའི་ཕྱི་ནང་འདི་ནི་མིང་ཙམ་སྟེ། །དོན་དམ་མ་ཡིན་ལོག་པའི་སྟོབས་སུ་སྣང་། །དེས་ན་ཕྱི་ནང་རྟོག་པའི་ཏིང་འཛིན་ནི། །ཆ་ཤས་རྟོགས་པའི་ཡུལ་མེད་མཉམ་དང་བྲལ། །ཏིང་འཛིན་སྤྲོས་དང་བྲལ་བའི་ཆོས་ཉིད་ལ། །ཐ་ཚིག་ཕྱི་དང་ནང་དུ་བགྲང་བྱ་མེད། །ཆོས་ཉིད་བགྲང་དུ་མེད་པའི་ཕུང་པོ་འདི། །ནམ་མཁའ་བགྲང་དུ་མེད་པའི་ཁམས་བཞིན་གནས། །སྔ་མ་ད་ལྟ་ཕྱི་མ་དུས་གསུམ་དུ། །ནམ་མཁའ་ལྟ་བུ་འདི་དང་མི་འབྲལ་བས། །ཕྱི་ནི་འདི་ཡིན་ནང་ནི་འདི་ཡིན་ཞེས། །ཀུན་རྫོབ་མིང་ཙམ་ངེས་པར་བརྟག་པ་མེད། །ཅེས་གསུངས་སོ། །རྣམ་པར་བགྲང་བའི་མདོ་ལས། དོན་གྱི་འགྲེལ་པའི་ལེའུ་སྟེ་གསུམ་པ་རྫོགས་སོ།། །།དེ་ནས་སེམས་དཔའ་ཆེན་པོ་དེས། འདུས་པའི་ཚོགས་ལ་ཕུན་སུམ་ཚོགས་པ་ལ་གནས་ནས་བཤད་པའི་ཕྱིར། ཕུན་སུམ་ཚོགས་པའི་མདོ་འདི་བཤད་དོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ཀུན་བཟང་རྒྱལ་བ་མཆོག་གི་ལྟ། །བྱང་ཆུབ་སེམས་ཀྱི་སྙིང་པོ་ཡིན། །ཀུན་གྱི་སྟོན་པ་བྱང་ཆུབ་སེམས། །སྟོན་པས་བསྟན་པའི་འཁོར་ཚོགས་པས། །དུས་དང་གནས་ནི་རང་བཞིན་འདུས། །སྟོན་པ་བྱང་ཆུབ་སྙིང་པོ་ནི། །ཆོས་


DNG006_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དབྱིངས་ཀྱི་གནས་ཆེན་དུ། །སངས་རྒྱས་སེམས་ཅན་འཁོར་ཚོགས་ནས། །སྔ་ཕྱི་མེད་པའི་བསྟན་པ་ནི། །རང་རིག་ཡེ་ཤེས་རིག་པའི་རྒྱལ། །རང་བཞིན་རྣམ་པ་གསུམ་སྣང་སྟེ། །མི་གནས་སེམས་ཀྱི་རང་བཞིན་དང་། །རང་བྱུང་ཡེ་ཤེས་རང་བཞིན་དང་། །ཐུགས་རྗེ་སྤྲུལ་པའི་རང་བཞིན་ནོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །མི་གནས་ཆོས་ཀྱི་སྐུ་རུ་བཞུགས། །རང་བྱུང་ཡེ་ཤེས་རང་བཞིན་ནི། །རྫོགས་པའི་ལོངས་སྤྱོད་སྐུ་རུ་བཞུགས། །ཐུགས་རྗེ་སྤྲུལ་པའི་རང་བཞིན་ནི། །རྣམ་པ་ཅིར་ཡང་སྤྲུལ་ཏེ་བཞུགས། །མི་གནས་ཆོས་སྐུར་བཞུགས་ཙམ་ན། །འཁོར་ཡང་བྱང་ཆུབ་སེམས་སུ་བཞུགས། །བྱང་ཆུབ་སེམས་ཀྱི་འཁོར་རྣམས་ལ། །སྤྲོས་པ་མེད་པའི་དོན་ཡང་སྟོན། །ལོངས་སྤྱོད་རྫོགས་སྐུར་བཞུགས་ཙམ་ན། །འཁོར་ཡང་བྱང་ཆུབ་སེམས་དཔའི་འཁོར། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །སྐུ་དང་ཡེ་ཤེས་རྫོགས་པར་སྟོན། །སྣ་ཚོགས་སྤྲུལ་སྐུར་བཞུགས་ཙམ་ན། །འཁོར་ཡང་རྒྱུད་དྲུག་སེམས་ཅན་འཁོར། །རྒྱུད་དྲུག་སེམས་ཅན་འཁོར་རྣམས་ལ། །ཡིད་བཞིན་དབང་པོ་གང་འཐད་སྟོན། །ཞེས་གསུངས་སོ། །ཕུན་སུམ་ཚོགས་པའི་མདོ་ལས། སྟོན་པ་ཕུན་སུམ་ཚོགས་པ་བསྟན་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། འདུས་པའི་ཚོགས་ལ་འཁོར་ཕུན་སུམ་ཚོགས་པའི་རང་བཞིན་འདི་བསྟན་ཏོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །གང་ལ་འདུ་ཞིང་འཕེལ་བ་དག །དེ་ལ་འཁོར་ཞེས་བཏགས་པ་ཡིན། །དཔེར་ན་སྲིད་པའི་ཆོས་ལ་ཡང་། །འཁོར་དང་སྟོན་པ་རང་བཞིན་ཚང་། །ནམ་མཁའ་ལྟ་བུའི་སྟོན་པ་ལ། །འབྱུང་ཆེན་བཞི་དང་སྣང་སྲིད་འཁོར། །རང་བཞིན་ཆོས་ཀྱིས་འདྲེལ་བས་ནི། །དེས་ན་སྣང་སྲིད་འཁོར་ཕུན་ཚོགས། །དཔེར་ན་ཆོས་ཉིད་ཀུན་བཟང་ལ། །འཁོར་དང་སྟོན་པ་རང་བཞིན་ཚང་། །ཆོས་ཉིད་རྫོགས་པ་ཆེན་པོ་ལ། །བརྒྱད་


DNG006_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་བཞི་སྟོང་ཐེག་པའི་འཁོར། །རྒྱུ་དང་འབྲས་བུར་འདྲེལ་བས་ན། །དེས་ན་ཐེག་འཁོར་ཕུན་སུམ་ཚོགས། །དཔེར་ན་བྱང་ཆུབ་སེམས་ཉིད་ལ། །འཁོར་དང་སྟོན་པ་རང་བཞིན་ཚང་། །བྱང་ཆུབ་སེམས་ཀྱི་སྙིང་པོ་ལ། །རྣམ་ཤེས་འཁོར་དང་སྐྱེ་མཆེད་འཁོར། །ཡུལ་དང་དབང་པོ་འདུས་པས་ན། །དེས་ན་ཁམས་དང་སྐྱེ་མཆེད་འཁོར། །དེ་འཁོར་ཕུན་སུམ་ཚོགས་པ་བཞིན། །སྟོན་པའི་འཁོར་ཡང་དེ་འདྲ་སྟེ། །སྟོན་པ་ཆོས་ཀྱི་སྐུའི་འཁོར་ནི། །དུས་གསུམ་སངས་རྒྱས་བཞུགས་པ་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་དེ། །འཕགས་པའི་ཐུགས་རྗེས་སེམས་ཅན་ལ། །འདྲེལ་བ་ཕུན་སུམ་ཚོགས་པར་བཤད། །སྟོན་པ་ལོངས་སྤྱོད་སྐུའི་འཁོར་ནི། །མི་རྟོག་ཏིང་འཛིན་བཅུ་སྦྱངས་པའི། །ས་ལ་གནས་པའི་བྱང་ཆུབ་པ། །ཉོན་མོངས་མི་གནས་ཤེས་བྱ་སྦྱངས། །ཡེ་ཤེས་ཚོགས་དང་ཐུགས་རྗེ་འདྲེལ། །དེས་ན་ཕུན་སུམ་ཚོགས་ཞེས་བྱ། །སྟོན་པ་སྤྲུལ་པའི་སྐུའི་འཁོར་ནི། །སྐུ་སྤྲུལ་ཐུགས་རྗེ་དྲུག་སྣང་བས། །འཁོར་ཡང་རྒྱུད་དྲུག་སེམས་ཅན་ནོ། །ལས་དང་ཐུགས་རྗེས་འདྲེལ་བ་ན། །འཁོར་ནི་ཕུན་སུམ་ཚོགས་ཞེས་བྱ། །ཞེས་གསུངས་སོ། །ཕུན་སུམ་ཚོགས་པའི་མདོ་ལས། འཁོར་ཕུན་སུམ་ཚོགས་པ་བསྟན་པའོ།། །།དེ་ནས་སེམས་དཔའ་ཆེན་པོ་དེས། འདུས་པའི་ཚོགས་ལ་བསྟན་པ་ཕུན་སུམ་ཚོགས་པ་འདི་བསྟན་ཏོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །དུས་གསུམ་སྟོན་པ་གང་གིས་ཀྱང་། །བསྟན་པའི་རང་བཞིན་འདི་ཡིན་ཞེས། །ཚིག་དང་ཡི་གེར་བརྗོད་པ་མེད། །མ་གསུངས་མི་གསུང་གསུང་མི་འགྱུར། །ཁྱེད་ཀྱི་རང་བཞིན་བསྟན་པའོ། །ཡེ་ཤེས་ཐུགས་ཀྱི་རིག་པ་ཡིས། །རང་གི་རང་བཞིན་ངོ་བསྟན་ཏེ། །དེ་མཐོང་བསྟན་པས་དེ་འདུས་པས། །དེ་ལ་དེ་བསྟན་དེ་ཡང་མཐོང་། །དེ་ནི་བསྟན་པ་ཞེས་སུ་བཤད། །སྟོན་པ་ཆོས་ཀྱི་སྐུ་ཡིས་ནི། །རང་བཞིན་གཟུང་འཛིན་བྲལ་བར་བསྟན། །བྱང་ཆུབ་སེམས་


DNG006_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་རྣམས་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྤྲོས་པ་མེད་པའི་དོན་དུ་རྟོགས། །རྒྱུད་དྲུག་གནས་པའི་སེམས་ཅན་གྱིས། །རང་གི་རང་བཞིན་མཐོང་བ་མེད། །སྒྲིབ་པ་ཐག་རིང་རྩོལ་མི་བྱེད། །སྟོན་པ་ཡང་ནི་རྣམ་པ་གསུམ། །བསྟན་པ་གསང་བ་རྣམ་གསུམ་ནི། །སྤྲོས་པ་མེད་པའི་རྡོ་རྗེ་སྟེ། །གསང་བ་རང་རྒྱུད་དག་པར་ཡང་། །སྤྲོས་པ་མེད་པས་རྡོ་རྗེར་བཤད། །གསང་བ་རྒྱུ་འབྲས་དག་པར་ཡང་། །སྤྲོས་མེད་ཡེ་ཤེས་རྡོ་རྗེར་ཆེན་པོ་ཡང་བཤད། །རྫོགས་པ་ཆེན་པོ་གསང་བ་ཡང་། །སྤྲོས་བྲལ་རྩོལ་བསྒྲུབ་བྲལ་བར་བཤད། །སྟོན་པ་ལོངས་སྤྱོད་རྫོགས་པ་ཡིས། །ཡེ་ཤེས་སྐུ་ཡི་རང་བཞིན་གྱིས། །ཆུ་ཟླ་སྣང་ཤེལ་མེ་ལོང་བཞིན། །མ་བསྒྲིབས་སྟོན་པའི་ངོ་བོ་ལ། །སྣང་བའི་སྐུ་མཐོང་ཡཱ་ན་གསུམ། །གཟུང་འཛིན་བླང་དང་དོར་བྱེད་པ། །ཕྱི་པ་རྣམ་པ་གསུམ་དུ་བསྟན། །བྱ་བ་དག་གི་ཀྲི་ཡཱ་ནི། །ཕྱི་ནང་རྟོག་པ་གསུམ་དག་པར། །གཟུང་འཛིན་རྡོ་རྗེ་འཛིན་དུ་བསྟན། །གཉིས་ཀ་བྱ་བའི་ལྟ་སྤྱོད་ནི། །གཉིས་སུ་མེད་པར་གྲུབ་འདོད་པས། །ངེས་པ་མེད་པས་བེམ་ཡང་ཁེ་བམ་འདྲ། །དང་དུ་མི་ལེན་ཕྱི་པ་ནི། །མཚན་མ་མེད་པའི་གཏན་ཚིགས་དང་། །གཞུང་ཆེན་ཕྱག་རྒྱ་བཞི་གསལ་ནས། །རིགས་ཆེན་བཞི་དང་སྟུག་པོར་བཤད། །སྟོན་པ་སྤྲུལ་སྐུར་བཞུགས་ཙམ་ན། །སེམས་ཅན་འདོད་པའི་རང་བཞིན་གྱིས། །ཇི་ལྟར་འདོད་པ་ཐུགས་རྗེ་འབྱུང་། །བརྐམ་ཆགས་ལྔ་ཡི་རྣམ་སྨིན་དེ། །རྒྱུད་དྲུག་གནས་སུ་ངེས་པར་སྟོན། །ལྷ་དང་ལྷ་མིན་གནས་རིས་སུ། །ཆེ་བའི་ང་རྒྱལ་འཇོམས་པར་བསྟན། །ཤེས་པ་མི་ཡི་གནས་རིས་སུ། །དགེ་སྡིག་རྒྱུ་འབྲས་སྡེ་སྣོད་བཤད། །གཏི་མུག་བྱོལ་སོང་གནས་རིས་སུ། །རིག་པ་ཤེས་པའི་ཆོས་ཀྱང་བཤད། །སེར་སྣ་ཡི་དྭགས་གནས་རིས་སུ། །མ་ཆགས་ཚིམ་པའི་ཆོས་ཀྱང་བཤད། །སྡུག་བསྔལ་དམྱལ་བའི་གནས་རིས་སུ། །སྔ་ཕྱི་དྲན་པའི་ཞེན་པ་བཟློག །ཇི་ལྟར་འདོད་པ་མོས་པ་བྱིན། །དེས་ན་བསྟན་པ་ཕུན་སུམ་ཚོགས། །དེ་ནས་སེམས་དཔའ་རྡོ་རྗེ་


DNG006_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དེས། །འདུས་པའི་ཚོགས་ཀྱི་འཁོར་རྣམས་ལ། །གནས་ཀྱི་རང་བཞིན་བསྟན་པ་ནི། །སེམས་དཔའ་བདག་གིས་བརྗོད་པར་བྱ། །སྟོན་པ་ཆོས་སྐུར་བཞུགས་ཙམ་ན། །ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས། །མཐའ་དང་དབུས་མེད་གནས་ཀྱི་མཆོག །སྤྲོས་མེད་གནས་ཀྱིས་ཀུན་ཏུ་ཁྱབ། །ཀུན་བཟང་ཆོས་སྐུའི་གནས་ཆེན་ནོ། །སྟོན་པ་ལོངས་སྤྱོད་གནས་ཆེན་ནི། །འོག་མིན་འོག་མིན་གནས་འོག་མིན། །རིན་ཆེན་གཞལ་ཡས་བཀོད་པ་ན། །རིན་ཆེན་ཁང་བུ་བརྩེགས་གནས་སོ། །སྟོན་པ་སྤྲུལ་སྐུའི་གནས་ཆེན་ནི། །རྒྱུད་ལྔའི་ལམ་དང་འགྲོ་དྲུག་གནས། །ཁམས་གསུམ་ཐུགས་རྗེ་སྤྲུལ་པའི་གནས། །ཐུགས་རྗེ་ནམ་མཁའི་མཐའ་དང་མཉམ། །གནས་ལ་འདི་ཞེས་ངེས་པ་མེད་པ་བསྟན། །དེ་ནས་འདུས་པའི་ཚོགས་རྣམས་ཀུན། །དུས་ཀྱི་རང་བཞིན་འདི་བསྟན་ཏོ། །སྔ་མ་ཕྱི་མ་ད་ལྟར་གསུམ། །ཁྱད་པར་མེད་པའི་དོན་འདི་བསྟན། །དུས་གསུམ་མེད་དེ་ཁྱབ་པར་གཅིག །ཀུན་བཟང་ཡེ་ཤེས་མཆོག་ཐུགས་ལ། །སྔ་མ་མི་འགག་ཕྱི་མི་འགྲིབ། །རྣམ་པའི་ཁྱད་པར་དུས་གཅིག་ཏུ། །ཡེ་ཤེས་སོ་སོར་གསལ་ཁྱབ་མེད། །སྐྱེ་འགག་མེད་པར་ཁྱད་པར་གཅིག །དུས་གསུམ་ཡོད་པར་བལྟ་བ་ནི། །མ་བྱང་བསྒྲིབས་པའི་སེམས་ཅན་རྣམས། །སེམས་ནི་སྒྲིབ་པ་བག་ཆགས་ཏེ། །མེད་པའི་ཡུལ་ལ་རྣམ་རྟོག་པས། །སྔ་མ་འགགས་ལ་དེ་མི་གནས། །ཕྱི་མ་མ་བྱུང་སྒྲིབ་མི་མཐོང་། །དུས་གསུམ་གཅིག་ལ་གསུམ་དུ་མཐོང་། །འདས་དང་མ་བྱོན་ད་ལྟར་ཞེས། །མེད་པའི་ཡུལ་ལ་རྣམ་རྟོག་པས། །ཐ་སྙད་མིང་ལ་ངེས་པ་མེད། །ཅེས་གསུངས་སོ། །ཕུན་སུམ་ཚོགས་པའི་མདོ་ལས། བསྟན་པ་གནས་དུས་ཕུན་སུམ་ཚོགས་པ་བསྟན་པའི་ལེའུའོ།། །།དེ་ནས་སེམས་དཔའ་ཆེན་པོ་དེས། ངེས་པའི་ཚོགས་ལ་ཕུན་སུམ་ཚོགས་པ།ངེས་པའི་མདོ་དོན་གྱི་འགྲེལ་པ་འདི་བཤད་དོ། །སྐྱེ་མེད་རྡོ་རྗེ་འགྱུར་མེད་སེམས་དཔའ་དེ། །མ་བསྒྲིབས་ཀུན་ལ་ཁྱབ་པས་ནམ་


DNG006_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འདྲ། །རང་བྱུང་ཡེ་ཤེས་གཉེན་པོ་མེད་པས་ཆེ། །བླང་དོར་མེད་པའི་ཆོས་ཉིད་ཀུན་བཟང་འདི། །བཀག་པ་མེད་པའི་མཛད་སྤྱོད་བག་ཡངས་ཀྱིས། །ཐམས་ཅད་འདུ་ཞིང་འབྱུང་བའི་དབྱིངས་ན་སྤྱོད། །ཡངས་པས་ཐམས་ཅད་འདུ་ཞིང་ཚོགས་ན་སྤྱོད། །ཐམས་ཅད་འདུ་ཞིང་འབྱུང་བ་ཆོས་ཀྱི་དབྱིངས། །རྣམ་དག་ཀློང་ལམ་ཆེན་པོ་དེར། །སངས་རྒྱས་སེམས་ཅན་ཁམས་གསུམ་ཀུན་བསྒྲལ་བས། །བྱང་ཆུབ་སེམས་ལ་དངོས་པོ་ཡུལ་མི་སྐྱེ། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །སྐྱེ་འགག་ཅིར་ཡང་ཏིང་འཛིན་དགོངས་པ་མེད། །སྟོན་པ་ཀུན་བཟང་བསྟན་པ་བྱང་ཆུབ་སེམས། །རྫོགས་ཆེན་དག་ལ་ལྷག་མ་མེད་པར་བསྟན། །བྱང་ཆུབ་སེམས་ནི་ཀུན་གྱི་སྙིང་པོ་སྟེ། །ཆོས་ཀུན་ལྷག་མ་མེད་པས་ཡོངས་སུ་རྫོགས། །གཉེན་པོ་མེད་པས་གཞན་གྱི་དབང་མི་འགྱུར། །འགྱུར་བ་མེད་པའི་རང་བཞིན་དྲང་པོར་གནས། །དཔེ་ནི་ནམ་མཁའ་བཞིན་ཏེ་ཀུན་ལ་ཁྱབ། །རྒྱུ་རྐྱེན་མེད་པས་གཞན་ལ་རག་མ་ལུས། །ཞེས་བསྟན། ཀུན་བཟང་རྡོ་རྗེ་ང་ཡི་འཁོར་འདུས་པས། །གང་ཞིག་སུ་ཡང་རུང་བ་དེ་ཡིས་ནི། །སེམས་ཉིད་སངས་རྒྱས་ཡིན་པར་གོ་བའོ། །རིག་པའི་ཡུལ་ན་སེམས་ཉིད་བདེ་བ་ཆེ། །གང་ཞིག་འདི་ལྟར་རིག་ཅིང་རྟོགས་པ་ནི། །རྣམ་པར་དག་པའི་འཇིག་རྟེན་ཡིན་པར་བཤད། །གང་སུས་རེག་ཅིང་རྟོགས་པ་དེ་ལ་ནི། །ཆོས་རྣམས་ཐམས་ཅད་རིག་པའི་འོད་འདུས་པས། །ཕྱོགས་བཞི་མཚམས་བརྒྱད་བླ་འོག་གྲུབ་པ་ནི། །སྣང་སྲིད་སེམས་ཅན་ལྷ་དང་སེམས་སུ་གྲུབ། །ཅེས་གསུངས་སོ། །ཕུན་སུམ་ཚོགས་པའི་མདོ་དང་དོན་གྱི་འགྲེལ་པ་རྫོགས་སོ།། །།དེ་ནས་སེམས་དཔའ་ཆེན་པོ་དེས། ཡོངས་སུ་འདུས་པའི་ཚོགས་ལ།རྫོགས་པ་ཆེན་པོའི་དོན་ཡོ་གར་འདུས་པའི་ཕྱིར། བྱེ་བྲག་འབྱེད་པའི་མདོ་འདི་གསུངས་


DNG006_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ཆོས་ཀུན་ཡོ་ག་བཞིར་འདུས་ཏེ། །ཡོ་གའི་མ་ཧཱ་ཡོ་ག་དང་། །ཨ་ནུ་ཨ་ཏི་ཡོ་ག་བཞིའོ། །རེ་རེ་ལ་ཡང་བཞི་བཞིར་དབྱེ། །དེ་ཡང་གང་དང་གང་ཞེ་ན། །ཡོ་ག་ཡི་ནི་ཡོ་ག་དང་། །ཡོ་གའི་མ་ཧཱ་ཡོ་ག་དང་། །ཡོ་གའི་ཨ་ནུ་ཡོ་ག་དང་། །ཡོ་གའི་ཨ་ཏི་ཡོ་ག་བཞིའོ། །མ་ཧཱ་ལ་ཡང་བཞིར་དབྱེ་སྟེ། །མ་ཧཱ་ཡོ་གའི་ཡོ་ག་དང་། །མ་ཧཱ་ཡོ་གའི་མ་ཧཱ་དང་། །མ་ཧཱ་ཡོ་གའི་ཨ་ནུ་དང་། །མ་ཧཱ་ཡོ་གའི་ཨ་ཏི་བཞིའོ། །ཨ་ནུ་ལ་ཡང་བཞིར་ཕྱེ་སྟེ། །ཨ་ནུ་ཡོ་གའི་ཡོ་ག་དང་། །ཨ་ནུ་ཡོ་གའི་མ་ཧཱ་དང་། །ཨ་ནུ་ཡོ་གའི་ཨ་ནུ་དང་། །ཨ་ནུ་ཡོ་གའི་ཨ་ཏི་བཞིའོ། །ཨ་ཏི་ལ་ཡང་བཞིར་དབྱེ་སྟེ། །ཨ་ཏི་ཡོ་གའི་ཡོ་ག་དང་། །ཨ་ཏི་ཡོ་གའི་མ་ཧཱ་དང་། །ཨ་ཏི་ཡོ་གའི་ཨ་ནུ་དང་། །ཨ་ཏི་ཡོ་གའི་ཨ་ཏི་བཞིའོ། །དེ་ཡང་གང་གིས་དབྱེ་ཞེ་ན། །ཡོ་ག་རྣམ་པ་རེ་རེ་ལ། །ཆེ་བ་རྣམ་པ་ལྔ་ལྔ་སྟེ། །ཆེ་བ་ཉི་ཤུར་ཕྱེ་བ་ནི། །ཡོ་ག་བཞི་ལས་ཕྱེ་བ་ཡིན། །དེ་ཡང་ཇི་ལྟར་བསྟན་ཞེ་ན། །སངས་རྒྱས་མེད་པའི་ཆེ་བ་བཞི། །ཡོ་ག་བཞི་ཡིས་ལ་བཟླའོ། །མངོན་པར་སངས་རྒྱས་ཆེ་བཞི་ནི། །ཡོ་ག་བཞི་ཡི་ཨ་ཏི་བཞི། །ཆོས་དབྱིངས་སངས་རྒྱས་ཆེ་བཞི་ནི། །ཡོ་ག་བཞི་ཡི་ཨ་ནུ་བཞི། །བདག་ཉིད་སངས་རྒྱས་ཆེ་བཞི་ནི། །ཡོ་ག་བཞི་ཡི་མ་ཧཱ་བཞི། །དེ་ཡིན་སངས་རྒྱས་ཆེ་བཞི་ནི། །ཡོ་ག་བཞི་ཡི་ཡོ་ག་བཞིའོ། །ཆེ་བ་རྣམ་ལྔ་སྤྱིར་བསྟན་ན། །བཞིས་ནི་རང་ཁར་འཛིན་པར་བྱེད། །སངས་རྒྱས་མེད་པའི་ཆེ་བཞི་ནི། །ཡོ་ག་བཞི་པོར་ལ་བཟླ་བའོ། །ཡོ་ག་བཞི་ཡི་བྱེ་བྲག་ནི། །ཨ་ཏི་ཡོ་གའི་ཨ་ཏི་ནི། །འདུས་མ་བྱས་ཀྱི་ཆོས་ཉིད་དེ། །སྐྱེ་བ་མེད་པའི་རང་བཞིན་གྱིས། །མཚན་མའི་ཡུལ་དང་བྲལ་བའོ། །ཨ་ཏི་ཡོ་གའི་ཨ་ནུ་ནི། །རང་བཞིན་མ་བཅོས་ཆོས་ཉིད་དེ། །སྒྲིབ་པ་མེད་པའི་རང་བཞིན་གྱིས། །དབྱིངས་དང་


DNG006_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རང་བྱུང་བའོ། །ཨ་ཏི་ཡོ་གའི་མ་ཧཱ་ནི། །འབྱུང་ཆེན་ལྔ་ཡི་ཆོས་ཉིད་དེ། །ཀུན་ལ་ཁྱབ་པའི་རང་བཞིན་ཏེ། །ཐབས་དང་ཤེས་རབ་རང་བྱུང་བའོ། །ཨ་ཏི་ཡོ་གའི་ཡོ་ག་ནི། །མ་བཙལ་གྲུབ་པའི་ཆོས་ཉིད་དེ། །ཟབ་མོ་རྟོགས་པའི་རང་བཞིན་གྱིས། །ཡུལ་དང་དབང་པོར་རང་བྱུང་བའོ། །ཨ་ཏི་ཡོ་གའི་ལ་བཟླས་ནི། །བརྗོད་དུ་མེད་པའི་ཆོས་ཉིད་དེ། །སྒྲོ་སྐུར་བྲལ་བའི་རང་བཞིན་གྱིས། །བདེ་བ་ཆེན་པོར་རང་བྱུང་བའོ། །ཨ་ནུ་ཡོ་གའི་ཨ་ཏི་ནི། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །རྒྱུ་རྐྱེན་བྲལ་བའི་རང་བཞིན་གྱིས། །གསང་བའི་ཡེ་ཤེས་རང་བྱུང་བའོ། །ཨ་ནུ་ཡོ་གའི་ཨ་ནུ་ནི། །དབྱིངས་དང་ཡེ་ཤེས་ཆོས་ཉིད་དེ། །ཐམས་ཅད་འབྱུང་བའི་རང་བཞིན་གྱིས། །ཆོས་ཀུན་ཡེ་ཤེས་རང་བྱུང་བའོ། །ཨ་ནུ་ཡོ་གའི་མ་ཧཱ་ནི། །ཐབས་དང་ཤེས་རབ་ཆོས་ཉིད་དེ། །འདུ་འབྲལ་མེད་པའི་རང་བཞིན་གྱིས། །གཉིས་མེད་བདེ་བ་རང་བྱུང་བའོ། །ཨ་ནུ་ཡོ་གའི་ཡོ་ག་ནི། །སེམས་ལ་རྫོགས་པའི་ཆོས་ཉིད་དེ། །བླང་དོར་མེད་པའི་རང་བཞིན་གྱིས། །ལུང་ཆེན་སྟོན་པར་རང་བྱུང་བའོ། །ཨ་ནུ་ཡོ་གའི་ལ་བཟླས་ནི། །འདུ་འབྲལ་མེད་པའི་ཆོས་ཉིད་དེ། །གཟུང་འཛིན་བྲལ་བའི་རང་བཞིན་གྱིས། །ཆོས་ཉིད་ཟབ་མོ་རང་བྱུང་བའོ། །མ་ཧཱ་ཡོ་གའི་ཨ་ཏི་ནི། །ཆགས་པ་མེད་པའི་ཆོས་ཉིད་དེ། །གཟུང་འཛིན་བྲལ་བའི་རང་བཞིན་གྱིས། །བདེ་བའི་ཡེ་ཤེས་རང་བྱུང་བའོ། །མ་ཧཱ་ཡོ་གའི་ཨ་ནུ་ནི། །དུས་གསུམ་གཅིག་པའི་ཆོས་ཉིད་དེ། །ཆོས་སྐུ་གཅིག་པའི་རང་བཞིན་གྱིས། །ཆེ་བའི་བདེ་བ་རང་བྱུང་བའོ། །མ་ཧཱ་ཡོ་གའི་མ་ཧཱ་ནི། །བླང་དོར་མེད་པའི་ཆོས་ཉིད་དེ། །མི་གཡོ་མི་བསྐྱོད་རང་བཞིན་གྱིས། །མཉམ་པའི་བདེ་བ་རང་བྱུང་བའོ། །མ་ཧཱ་ཡོ་གའི་ཡོ་ག་ནི། །གཅིག་ཏུ་འདས་པའི་ཆོས་ཉིད་དེ། །མ་བྱུང་མ་སྐྱེས་རང་བཞིན་གྱིས། །སྒྲོ་སྐུར་བྲལ་བར་རང་བྱུང་


DNG006_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །མ་ཧཱ་ཡོ་གའི་ལ་བཟླས་ནི། །སྲིད་གསུམ་སངས་རྒྱས་ཆོས་ཉིད་དེ། །སྒྱུ་མར་སྣང་བའི་ཆོས་ཉིད་ཀྱིས། །ཆོས་ཉིད་དག་ཏུ་རང་བྱུང་བའོ། །ཡོ་གའི་ཨ་ཏི་ཡོ་ག་ནི། །མཚན་མ་མེད་པའི་ཆོས་ཉིད་དེ། །མཚན་མ་མེད་པའི་རང་བཞིན་གྱིས། །མི་རྟོག་འབྲས་བུ་རང་བྱུང་བའོ། །ཡོ་གའི་ཨ་ནུ་ཡོ་ག་ནི། །ཡོངས་སུ་རྫོགས་པའི་ཆོས་ཉིད་དེ། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱིས། །བདེ་ཆེན་ཆོས་ཉིད་རང་བྱུང་བའོ། །ཡོ་གའི་མ་ཧཱ་ཡོ་ག་ནི། །རྨད་དུ་བྱུང་བའི་ཆོས་ཉིད་དེ། །ནམ་མཁའ་ལྟ་བུའི་ཆོས་ཉིད་ཀྱིས། །རྨད་བྱུང་རོལ་པའི་རང་བྱུང་བའོ། །ཡོ་ག་ཉིད་ཀྱི་ཡོ་ག་ནི། །ཀུན་ཀྱང་སངས་རྒྱས་ཆོས་ཉིད་དེ། །སྙིང་པོ་གཅིག་པའི་རང་བཞིན་གྱིས། །རྣམ་པར་དག་པར་རང་བྱུང་བའོ། །ཡོ་ག་བཞི་ཡི་ལ་བཟླས་པ། །རྩོལ་དང་བྲལ་བའི་ཆོས་ཉིད་དེ། །བསྒྲུབ་ཏུ་མེད་པའི་རང་བཞིན་གྱིས། །སྒྱུ་མ་ལྷུན་གྲུབ་རང་བྱུང་བའོ། །ཞེས་གསུངས་སོ། །བྱེ་བྲག་འབྱེད་པའི་མདོ་ལས། ) ཡོ་ག་རྣམ་པ་བཞི་བྱེ་བྲག་ཏུ་འབྱེད་པའི་ལེའུའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་དེ་ཡིས། འདུས་པའི་ཚོགས་ལ་ཡོ་ག་རྣམ་པ་བཞིའི་དོན་མདོའི་འགྲེལ་པ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ཡང་ནི་ཡོ་ག་རྣམ་པ་བཞི་པོ་ལས། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །དོན་གྱི་འགྲེལ་པ་འདི་གསུངས་སོ། །རྫོགས་ཆེན་ཨ་ཏི་ཡོ་གའི་ཆོས་འདི་ནི། །ཡེ་ནས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་དེ། །གཞན་ལ་རག་མ་ལས་པའི་བྱང་ཆུབ་སེམས། །དངོས་པོ་མཚན་མ་གང་ཡང་མཚུངས་མེད་པའི། །རྒྱུ་རྐྱེན་བྲལ་བའི་རང་བྱུང་ཡེ་ཤེས་ཀྱིས། །མངོན་དུ་གྱུར་པའི་མཐུ་ཡིན་རིག་པ་ལས། །བདེ་ཆེན་ཆོས་ནི་གཞན་ནས་འབྱུང་མི་འགྱུར། །ཞེས་བསྟན། རྫོགས་པ་ཨ་ནུ་ཡོ་གའི་ཆོས་ཉིད་ནི། །རྡོ་རྗེ་སྐྱེ་མེད་འབྱུང་བའི་ཆོས་ཉིད་དེ། །ནམ་མཁའི་རྟོག་པ་སྤྲིན་དང་ཁུ་རླངས་འདྲ། །རྟོག་པ་དེ་ལ་མཚན་མ་སྐྱེ་མེད་ཅིང་། །


DNG006_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྟོག་མཚན་མ་མེད་པ་དེ་ཉིད་ནི། །དུས་གསུམ་རྟོག་པ་སྐུ་གསུམ་ནམ་མཁའ་འདྲ། །འདོད་ཡོན་ལྔ་ལ་མི་ཆགས་ནམ་མཁར་བསྔོ། །ནམ་མཁའ་ཆག་མེད་ལྟ་བུར་བསྔོ་བའོ། །ཆོས་ཉིད་ནམ་མཁའ་ལྟ་བུར་ཀུན་བསམ་ན། །རང་དོན་ནམ་མཁའ་ལྟ་བུར་འབྱུང་བར་ངེས། །ཞེས་བྱ། བསྐྱེད་པ་མ་ཧཱ་ཡོ་གའི་ཆོས་ཉིད་ནི། །སེམས་ཀྱི་དཀྱིལ་ན་རྣམ་ཤེས་འཁོར་གྱིས་བསྐོར། །ལྷ་ཡི་སྐུ་ཡི་ཁྲོ་གཉེར་ཆ་ལུགས་བཞིན། །ཐམས་ཅད་འཇོམས་པའི་ཁྲོ་བོ་ཆེན་པོ་ཡིས། །གཙོ་བོར་ཁྲོ་བདག་ཅི་འདྲར་ལུས་བསྒོམས་ཏེ། །ཡང་ནས་ཡང་དུ་བསྒོམས་པས་མངོན་གྱུར་ནས། །བག་ཆགས་བརྟས་པའི་ཡི་གེ་མངོན་ཕྱུང་ནས། །མ་བཅོས་པ་ཡི་ཆོས་ཉིད་ཞི་བ་དེ། །དབང་པོའི་མངོན་སུམ་དག་གིས་མཐོང་བ་མིན། །ཞེས་སོ། །ཡོ་ག་ཕྱི་པའི་ཆོས་ཉིད་བསྟན་པ་ནི། །བྱང་ཆུབ་བསྒྲུབ་པའི་ཡན་ལག་བཅུ་གཅིག་དགུས། །ཀུན་གྱི་སྒོ་ནས་ཞུགས་ནས་བསྒོམ་པ་ཡང་། །སྐུ་མདོག་ཕྱག་མཚན་ཕྱག་རྒྱ་རྫོགས་པ་རུ། །སྐུ་ཡི་ཆ་ལུགས་ཡིད་ལ་ཏིང་འཛིན་བསྒོམ། །ཆུ་ཟླ་བཞིན་དུ་གསལ་བ་ཡིས། །གཟུང་འཛིན་མཚན་མ་དག་གིས་ཚུར་མ་གོས། །ཡེ་ཤེས་སེམས་དཔའ་དག་ལ་བདག་མ་ཆགས། །ཆགས་པ་མེད་པ་ཅི་ལྟར་འབྱུང་འགྱུར་ཡང་། །དཔེར་ན་བྱིས་པས་འདག་ཁང་བརྩེགས་པ་བཞིན། །ཡང་བསྒོམ་ཡང་བཤིག་འདག་ཁང་བཤིག་པ་འདྲ། །ཞེས་གསུངས་སོ། །བྱེ་བྲག་འབྱེད་པའི་མདོ་ལས། ཡོ་ག་རྣམ་པ་བཞིའི་དོན་གྱི་འགྲེལ་པ་བྱེ་བྲག་འབྱེད་པའི་མདོ་རྫོགས་སོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་དེས། འདུས་པའི་ཚོགས་ལ་ཁྱད་པར་འཕགས་པའི་མདོ་འདི་བསྟན་ཏོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ཁྱད་པར་འཕགས་པའི་དོན་འདི་ལས། །ཁྱད་པར་འཕགས་པའི་ཆེ་ལྔ་རུ། །ཆོས་རྣམས་ཐམས་ཅད་འདུས་པར་བཤད། །ཁྱད་པར་འཕགས་པའི་ཆེ་ལྔ་ནི། །མངོན་


DNG006_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པར་སངས་རྒྱས་ཆེ་བ་དང་། །ཆོས་དབྱིངས་སངས་རྒྱས་ཆེ་བ་དང་། །བདག་ཉིད་སངས་རྒྱས་ཆེ་བ་དང་། །དེ་ཡིན་སངས་རྒྱས་ཆེ་བ་དང་། །ཐམས་ཅད་སངས་རྒྱས་ཆེ་བའོ། །དེ་ཡང་ཇི་ལྟར་འཕགས་ཞེ་ན། །ཆེ་བ་ལྔ་ཡི་བྱང་ཆུབ་སེམས། །སེམས་ཉིད་ཆེ་བ་ལྔས་འཕགས་ཏེ། །མངོན་པར་སངས་རྒྱས་ཆེ་བ་ནི། །འདུས་མ་བྱས་པའི་བྱང་ཆུབ་སེམས། །སྣང་སྲིད་ཀུན་ལས་ཁྱད་པར་འཕགས། །ཨ་ཏི་ཡོ་གའི་ཆེ་བར་བཤད། །ཆོས་དབྱིངས་སངས་རྒྱས་ཆེ་བ་ནི། །ཐམས་ཅད་འབྱུང་བའི་བྱང་ཆུབ་སེམས། །འབྱུང་གནས་ཀུན་ལས་ཁྱད་པར་འཕགས། །ཨ་ནུ་ཡོ་གའི་ཆེ་བར་བཤད། །བདག་ཉིད་སངས་རྒྱས་ཆེ་བ་ནི། །ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས། །རྩོལ་ཞིང་བསྒྲུབ་ལས་ཁྱད་པར་འཕགས། །མ་ཧཱ་ཡོ་གའི་ཆེ་བར་བཤད། །དེ་ཡིན་སངས་རྒྱས་ཆེ་བ་ནི། །མ་ནོར་བ་ཡི་བྱང་ཆུབ་སེམས། །གཏན་ཚིགས་ཀུན་ལས་ཁྱད་པར་འཕགས། །ཡོ་ག་དག་གིས་ཆེ་བར་བཤད། །ཐམས་ཅད་སངས་རྒྱས་ཆེ་བ་ནི། །སྒྲོ་སྐུར་འདས་པའི་བྱང་ཆུབ་སེམས། །བསམ་སྦྱོར་ཀུན་ལས་ཁྱད་པར་འཕགས། །ལ་ཟློས་པ་ཡི་ཆེ་བར་བཤད། །ཁྱད་པར་འཕགས་པ་རྣམ་པ་ལྔ། །ཆེ་བ་རྣམ་པ་ལྔ་བསྟན་ཏེ། །སྟོན་པ་བསྟན་པ་འཁོར་གནས་དུས། །ཕུན་སུམ་ཚོགས་པ་རྣམ་པ་ལྔས། །སྐྱེ་འགག་མེད་པའི་ཁྱད་པར་གྱིས། །སྣང་སྲིད་ཀུན་ལས་ཁྱད་པར་འཕགས། །མངོན་པར་སངས་རྒྱས་ཡིན་པར་བཤད། །བྱང་ཆུབ་སེམས་དཔའི་འབྱུང་ཆེན་ལྔ། །ནམ་མཁའ་ས་ཆུ་མེ་རླུང་སེམས། །ཐམས་ཅད་འབྱུང་བའི་རང་བཞིན་གྱིས། །འབྱུང་གནས་ཀུན་ལས་ཁྱད་པར་འཕགས། །ཆོས་དབྱིངས་སངས་རྒྱས་ཡིན་པར་བཤད། །བདག་ཉིད་སངས་རྒྱས་ཆེ་བ་ནི། །ཕུང་པོ་འབྱུང་བའི་རྣམ་ཤེས་ཡུལ། །རང་ལས་བྱུང་བའི་ཆོས་ཡིན་ཏེ། །གཞན་ལ་མི་ལྟོས་རང་བཞིན་གྱིས། །རྩོལ་བསྒྲུབ་ཀུན་ལས་ཁྱད་པར་འཕགས། །བདག་ཉིད་སངས་རྒྱས་ཆེ་བར་བཤད། །


DNG006_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིན་སངས་རྒྱས་ཆེ་བ་ནི། །དཔེ་དང་དོན་དང་རྟགས་དང་ནི། །ངེས་པ་དང་ནི་གཏན་ཚིགས་ལྔས། །མ་ནོར་བ་ཡི་རང་བཞིན་གྱིས། །གཏན་ཚིགས་ཀུན་ལས་ཁྱད་པར་འཕགས། །དེ་ཡིན་སངས་རྒྱས་ཆེ་བར་བཤད། །ཐམས་ཅད་སངས་རྒྱས་ཆེ་བ་ནི། །འདུས་མ་བྱས་དང་དམིགས་སུ་མེད། །བསམ་དུ་མེད་དང་སྤྲོས་དང་བྲལ། །མཚོན་དུ་མེད་པའི་བྱང་ཆུབ་སེམས། །གཟུང་འཛིན་བྲལ་བའི་རང་བཞིན་གྱིས། །བསམ་སྤྱོད་ཀུན་ལས་ཁྱད་པར་འཕགས། །ཐམས་ཅད་སངས་རྒྱས་ཆེ་བར་བཤད། །མངོན་པར་སངས་རྒྱས་ཆེ་བ་ནི། །ཕུན་སུམ་ཚོགས་པ་རྣམ་ལྔ་སྟེ། །སྟོན་པ་ཀུན་ཏུ་བཟང་པོ་ནི། །སངས་རྒྱས་ཀུན་གྱི་སྤྱི་མེས་པོ། །བླང་དོར་མེད་པའི་རང་བཞིན་གྱིས། །སྟོན་པ་ཀུན་ལས་ཁྱད་པར་འཕགས། །དེས་ན་མངོན་པར་ཆེ་བར་བཤད། །སྡུད་པ་སེམས་དཔའ་ཆེན་པོ་ནི། །སངས་རྒྱས་སེམས་ཅན་འཁོར་རྣམས་ལ། །སྐྱེ་འཇིག་མེད་པས་ཁྱད་པར་འཁོར། །སྡུད་པ་ཀུན་ལས་ཁྱད་པར་འཕགས། །འཁོར་དེ་མངོན་པར་ཆེ་བར་བཤད། །བསྟན་པ་བལྟ་བ་རྫོགས་ཆེན་འདི། །ཆོས་ཉིད་ཀུན་གྱི་སྙིང་པོ་སྟེ། །ཐམས་ཅད་ཀུན་གྱི་རང་བཞིན་གྱིས། །ཐེག་པ་ཀུན་ལས་ཁྱད་པར་འཕགས། །དེས་ན་བསྟན་པ་མངོན་པར་ཆེ། །དུས་ནི་དུས་གསུམ་ཁྱད་པར་གཅིག །དུས་ལ་སྐྱེ་འཇིག་མེད་པས་ན། །གཅིག་ཏུ་གསལ་བའི་རང་བཞིན་གྱིས། །སྔ་ཕྱི་ཀུན་ལས་ཁྱད་པར་འཕགས། །དུས་དེ་མངོན་པར་ཆེ་བ་བཤད། །ཡངས་པ་ཆོས་དབྱིངས་ཀུན་བཟང་གནས། །ཐམས་ཅད་འདུས་པའི་གནས་ཆེན་དེ། །མཐའ་དབུས་མེད་པའི་རང་བཞིན་གྱིས། །བཞུགས་གནས་ཀུན་ལས་ཁྱད་པར་འཕགས། །གནས་དེ་མངོན་པར་ཆེ་བ་བཤད། །དེས་ན་ཕུན་སུམ་ཚོགས་པ་ལྔས། །མངོན་པར་སངས་རྒྱས་ཆེ་བར་བཤད། །ཆོས་དབྱིངས་སངས་རྒྱས་ཆེ་བ་ནི། །བྱང་ཆུབ་སེམས་ལྔ་འབྱུང་བ་ཆེན་པོ་ལྔ། །ཆོས་


DNG006_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལྔ་རུ་སངས་རྒྱས་ཏེ། །ནམ་མཁའ་སྣང་བྱེད་ཁྱབ་པའི་དབྱིངས། །མ་བསྒྲིབས་པ་ཡི་བྱང་ཆུབ་སེམས། །སྒྲིབ་པ་མེད་པའི་ཁྱད་པར་གྱིས། །ཀུན་ལ་ཁྱབ་པའི་བདག་ཉིད་དོ། །ས་ནི་སྲ་བྱེད་རྡོ་རྗེ་དབྱིངས། །སྐྱེ་བ་མེད་པའི་བྱང་ཆུབ་སེམས། །འཇིག་པ་མེད་པའི་ཁྱད་པར་གྱིས། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཆུ་ནི་རིན་ཆེན་གཏེར་གྱི་དབྱིངས། །ཐམས་ཅད་སྣུམ་པའི་བྱང་ཆུབ་སེམས། །ཐམས་ཅད་སྡུད་པའི་ཁྱད་པར་གྱིས། །འབྱེད་པར་བྱེད་པའི་ཆོས་ཉིད་དོ། །མེ་ནི་རྣམ་དག་པདྨའི་དབྱིངས། །གཟུང་འཛིན་དག་པའི་བྱང་ཆུབ་སེམས། །རྣམ་པར་དག་པའི་རང་བཞིན་གྱིས། །སྐྱོན་དང་བྲལ་བའི་ཆོས་ཉིད་དོ། །རླུང་ནི་བརྩོན་འགྲུས་ཡངས་པའི་དབྱིངས། །ཐོགས་པ་མེད་པའི་བྱང་ཆུབ་སེམས། །ཡང་ཞིང་གཡོ་བའི་ཁྱད་པར་གྱིས། །འགག་པ་མེད་པའི་ཆོས་ཉིད་དོ། །ས་ཆུ་མེ་རླུང་ནམ་མཁའ་ལྔས། །ཐམས་ཅད་སྐྱེད་པར་བྱེད་པས་ན། །འབྱུང་གནས་ཀུན་ལས་ཁྱད་པར་འཕགས། །དེས་ན་ཆོས་དབྱིངས་ཆེ་བར་བསྟན། །བདག་ཉིད་སངས་རྒྱས་ཆེ་བ་ནི། །བདག་ཉིད་ལྔ་རུ་ཤེས་པར་བྱ། །ཕུང་པོ་འབྱུང་བ་རྣམ་ཤེས་ཡུལ། །རང་ལས་འབྱུང་བའི་ཆོས་ཡིན་ཏེ། །རྩོལ་བསྒྲུབ་འདས་ཏེ་རང་ལ་རྫོགས། །འབྱུང་བ་ལྔ་ཡི་སངས་རྒྱས་ནི། །ཆོས་ཉིད་རང་གི་བྱང་ཆུབ་སེམས། །གཟུང་འཛིན་བྲལ་བའི་ཁྱད་པར་གྱིས། །བཙལ་དུ་མེད་པའི་བདག་ཉིད་ཆེ། །ཕུང་པོ་ལྔ་ནི་རིགས་ལྔ་རུ། །རྩོལ་བསྒྲུབ་འདས་ཏེ་རང་ལ་རྫོགས། །ལྷུན་གྱིས་གྲུབ་པའི་ཁྱད་པར་གྱིས། །བཙལ་དུ་མེད་པའི་བདག་ཉིད་ཆེ། །རྣམ་ཤེས་བརྒྱད་ནི་སེམས་དཔའ་རུ། །རྩོལ་བསྒྲུབ་འདས་ཏེ་རང་ལ་རྫོགས། །སེམས་སུ་འདུས་པ་དམ་པ་སྟེ། །བཙལ་དུ་མེད་པའི་ཁྱད་པར་གྱིས། །བསྒྲུབ་ཏུ་མེད་པས་བདག་ཉིད་ཆེ། །རྣམ་ཤེས་བརྒྱད་ཀྱི་ཡུལ་བརྒྱད་ནི། །སེམས་མ་བརྒྱད་དུ་རང་ལ་རྫོགས། །རྟོག་དང་བྲལ་བའི་ཁྱད་པར་གྱིས། །སྦྱང་དུ་


DNG006_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་བདག་ཉིད་ཆེ། །རང་ལས་བྱུང་བའི་ཆོས་རྣམས་ནི། །དམིགས་པ་མེད་པའི་བྱང་ཆུབ་སེམས། །མི་དམིགས་པ་ཡིས་ཁྱད་པར་གྱིས། །བགྲོད་དུ་མེད་པའི་བདག་ཉིད་ཆེ། །དེས་ན་བདག་ཉིད་ཆེ་བར་བཤད། །དེ་ཡིན་སངས་རྒྱས་ཆེ་བ་ནི། །དཔེ་དང་དོན་དང་རྟགས་དང་ནི། །ངེས་པ་དང་ནི་གཏན་ཚིགས་ལྔ། །ཁྱད་པར་ལྔ་ཡི་ཡིན་པ་ལྔའོ། །ཆོས་རྣམས་ཐམས་ཅད་མ་ལུས་པའི། །དཔེ་ནི་ནམ་མཁའ་ཡིན་པ་སྟེ། །ནམ་མཁའ་སྤྱོད་ཡུལ་ཀུན་ལས་འདས། །མཚོན་དུ་མེད་པའི་ཁྱད་པར་གྱིས། །ནམ་མཁའི་དཔེ་ནི་ཁྱད་པར་ཆེ། །དོན་ནི་ཆོས་ཉིད་ཡིན་པ་སྟེ། །ཆོས་ཉིད་དོན་ནི་སྐྱེ་མེད་ལས། །སྐྱེ་བའི་ཆོ་འཕྲུལ་སངས་རྒྱས་ཀྱི། །དོན་ནི་ཆོས་ཉིད་དེ་ཡིན་ཏེ། །རྟགས་ནི་སེམས་ཉིད་འགག་མེད་ཡིན། །འགག་པ་མེད་པའི་བྱང་ཆུབ་སེམས། །མི་འགག་པ་ཡིས་ཁྱད་པར་གྱིས། །རྟགས་ནི་ཆེ་བ་ཡིན་པར་བཤད། །ངེས་པ་དག་ལ་རྣམ་པ་གསུམ། །དཔེ་ནི་ནམ་མཁའ་ཡིན་པར་ངེས། །དོན་ནི་ཆོས་ཉིད་ཡིན་པར་ངེས། །རྟགས་ནི་སེམས་ཉིད་ཡིན་པར་ངེས། །ངེས་པ་དག་གིས་ཆེ་བར་བཤད། །གཏན་ཚིགས་དག་གིས་ཆེ་བ་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ཕུན་སུམ་ཚོགས་པ་རྣམ་པ་ལྔ། །མངོན་པར་ཆེ་བའི་གཏན་ཚིགས་སོ། །འབྱུང་ཆེན་ལྔ་དང་བྱང་ཆུབ་སེམས། །ཆོས་ཉིད་ཆེ་བའི་གཏན་ཚིགས་སོ། །ཕུང་པོ་འབྱུང་བ་རྣམ་ཤེས་ཡུལ། །གཞན་ལ་རག་མ་ལས་པ་ཡིན། །བདག་ཉིད་ཆེ་བའི་གཏན་ཚིགས་སོ། །དཔེ་དོན་རྟགས་དང་ངེས་པ་ནི། །ཡིན་པ་དག་གིས་གཏན་ཚིགས་སོ། །བསམ་མེད་དམིགས་མེད་སྤྲོས་པ་མེད། །འདུས་མ་བྱས་པས་མཚོན་མེད་པས། །ཐམས་ཅད་སངས་རྒྱས་གཏན་ཚིགས་སོ། །གཏན་ཚིགས་ཆེ་བ་ཡིན་པར་བཤད། །ཐམས་ཅད་སངས་རྒྱས་ཆེ་བ་ཡང་། །བསམ་མེད་དམིགས་མེད་སྤྲོས་པ་མེད། །མཚོན་དུ་


DNG006_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དང་འདུས་པ་མེད། །རྣམ་པ་ལྔ་རུ་ཤེས་པར་བྱ། །ཆོས་ཉིད་བྱང་ཆུབ་སེམས་དེ་ལ། །གཟུང་འཛིན་མེད་པས་བསམ་དུ་མེད། །བསམ་མེད་ཁྱད་པར་འཕགས་ཏེ་ཆེ། །ཆོས་ཉིད་བྱང་ཆུབ་སེམས་དེ་ལ། །ཡུལ་མ་མཆིས་པས་དམིགས་སུ་མེད། །དམིགས་མེད་ཁྱད་པར་འཕགས་ཏེ་མཆི། །ཆོས་ཉིད་བྱང་ཆུབ་སེམས་དེ་ལ། །མཚན་མ་མེད་པས་སྤྲོས་པ་མེད། །སྤྲོས་མེད་ཁྱད་པར་འཕགས་ཏེ་ཆེ། །ཆོས་ཉིད་བྱང་ཆུབ་སེམས་དེ་ལ། །དཔེ་མ་མཆིས་པས་མཚོན་དུ་མེད། །མཚོན་མེད་ཁྱད་པར་འཕགས་ཏེ་ཆེ། །ཆོས་ཉིད་བྱང་ཆུབ་སེམས་དེ་ལ། །གཉིས་སུ་མེད་པས་འདུས་བྱས་མེད། །འདུས་མེད་ཁྱད་པར་འཕགས་ཏེ་མཆི། །ཐམས་ཅད་སངས་རྒྱས་ཆེ་བར་བཤད། །ཅེས་གསུངས་སོ། །ཁྱད་པར་འཕགས་པའི་མདོ་ལས། ཁྱད་པར་འཕགས་པའི་ཆེ་བ་ལྔ་བསྟན་པའི་མདོའོ།། །།དེ་ནས་ཡང་འདུས་པའི་ཚོགས་ལ། ཁྱད་པར་དུ་འཕགས་པའི་མདོའི་འགྲེལ་པ་འདི་བསྟན་ཏེ། ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །རྡོ་རྗེ་སེམས་དཔའ་མངོན་པར་སངས་རྒྱས་ཆེ། །སེམས་ཀྱིས་ཀུན་ལ་ཁྱབ་པས་བྱམས་པའི་ས། །ཆོས་ཉིད་སྐྱེ་བ་མེད་པར་སྦྱངས་པའི་ཕྱིར། །ཐུགས་རྗེའི་རང་བཞིན་ཆོས་ཉིད་སྟོན་པའི་བཀའ། །འགྲོ་ལ་དམིགས་ནས་ཐུགས་རྗེས་དོན་མི་མཛད། །རང་བྱུང་ཡེ་ཤེས་གཉེན་པོ་མེད་པས་ཆེ། །ཆེ་བའི་ཟབ་མོ་གཟུང་འཛིན་བྲལ་བས་ཟབ། །ཟབ་མོ་དམིགས་སུ་མེད་པ་དེ་ལ་ནི། །སྐྱོན་ལ་དོར་དུ་མེད་ལ་ཡོན་ཏན་བསྔགས་སུ་མེད། །ཅེས་བྱ། རྡོ་རྗེ་སེམས་དཔའ་ཆོས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་སྐུ་གསུང་ཐུགས། །སྙིང་པོ་བྱང་ཆུབ་སེམས་ཀྱི་ལམ་ལས་བྱུང་། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ཀུན། །འདོད་པའི་ཡོན་ཏན་ལྔ་ལ་ཀུན་སྤྱོད་ཀྱང་། །སངས་རྒྱས་སྐུ་དང་ཡེ་ཤེས་ལྔ་རུ་སྤྱོད། །སེམས་ཅན་ཆགས་སྡང་ལྔ་ལ་རང་ཁར་སྤྱོད། །ཆོས་ཉིད་


DNG006_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་རྒྱན་ནི་འདོད་ཡོན་ལྔ། །བྱང་ཆུབ་སེམས་ཀྱི་རྒྱན་དུ་སེམས་དཔས་གསུངས། །དེས་ན་ཆོས་ཉིད་དབྱིངས་ཀྱི་ཆེ་བར་བཤད། །བྱང་ཆུབ་སེམས་ཀྱི་རང་བཞིན་བདག་ཉིད་ཆེ། །སངས་རྒྱས་སེམས་ཅན་མཐོ་རིས་ངན་སོང་གང་། །གང་གི་ལས་དང་གང་གི་གནས་སྐྱེས་ནས། །རྒྱུད་དྲུག་འཁོར་ཞིང་ལས་དྲུག་སྤྱོད་པ་ནི། །བདག་ཉིད་བྱང་ཆུབ་སེམས་ལས་འབྱུང་བར་ངེས། །ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ལ། །འདི་ནི་སྐྱེས་པ་ཡིན་ལ་འདི་ནི་བུད་མེད་ཅེས། །ཀུན་བྱེད་མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །དེས་ན་བདག་ཉིད་ཆེན་པོ་ཡིན་པར་བཤད། །བྱང་ཆུབ་སེམས་འདི་ཡིན་པའི་ཆེ་བ་སྟེ། །སྒྲོ་སྐུར་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། །བརྗོད་མེད་གླེང་བྲལ་འདི་ལ་གནས་པ་ཡིས། །མ་བཅོས་ཆོས་ཉིད་རྟོགས་པའི་རྣལ་འབྱོར་དེ། །ལས་དང་ཐུགས་རྗེ་འདུས་པས་སྐལ་བ་བཟང་། །གླེང་བྲལ་བརྗོད་མེད་དོན་ལ་གནས་པ་ཡིས། །སྐྱེ་བ་མེད་པས་བདག་དོན་བྱ་མི་དགོས། །བརྗོད་དུ་མེད་པས་གཞན་དོན་མི་བྱེད་ཅིང་། །ཆོས་ཉིད་སྒྱུ་མ་མ་བཙལ་ལྷུན་གྲུབ་པས། །རང་བཞིན་གནས་པའི་ཆོས་ཉིད་ཡུལ་ལ་རོལ། །དེས་ན་དེ་ཡིན་ཆེ་བའི་གཏན་ཚིགས་སོ། །སངས་རྒྱས་ཞེས་བྱ་མེད་པའི་ཆེ་བ་ནི། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ལ། །མ་བསྟན་མཆོག་ཏུ་གསང་བའི་བྱང་ཆུབ་སེམས། །བདེ་གཤེགས་ཡེ་ཤེས་སྙན་གྱིས་སྔར་མ་གསན། །སེམས་ཅན་རྣ་བའི་དབང་པོས་སྔར་མ་ཐོས། །དེ་བཞིན་སྟོན་པའི་ལྗགས་ཀྱི་དབང་པོས་ཀྱང་། །བདེར་གཤེགས་རྣམས་ལ་གསུང་གིས་བསྒྲགས་པ་མེད། །དེ་བཞིན་གང་ཟག་ལྕེ་ཡི་དབང་པོས་ཀྱང་། །སེམས་ཅན་རྣམས་ལ་ཚིག་ཏུ་བརྗོད་པ་མེད། །དེས་ན་སངས་རྒྱས་མེད་པའི་ཆེ་བར་བཤད། །ཅེས་གསུངས་སོ། །ཁྱད་པར་འཕགས་པའི་མདོ་ལས། དོན་གྱི་འགྲེལ་པ་བསྟན་པ་སྟེ་ཁྱད་པར་འཕགས་པའི་མདོ་རྫོགས་སོ།། །།


DNG006_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་སེམས་དཔའ་ཆེན་པོ་དེས། །འདུས་པའི་འཁོར་ཚོགས་རྣམས་ཀྱིས། །རྫོགས་པ་ཆེན་པོའི་དོན་མ་ཐོས་པ་རྣམས་ཀྱིས་སྐྱོན་ཡོན་བསལ་བའི་ཕྱིར། གོལ་སྒྲིབ་བསྟན་པའི་མདོ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་ས་སྟེ། །རྫོགས་ཆེན་ངེས་ཐོབ་སྒྲིབ་པར་བཤད། །མདོ་སྡེ་དང་ནི་ཀྲི་ཡཱ་དང་། །ཨུ་པ་ཡ་དང་ཡོ་ག་དང་། །མ་ཧཱ་ཡོ་ག་ཨ་ནུ་དྲུག །རྫོགས་པ་ཆེན་པོའི་གོལ་ས་སྟེ། །དེ་ཡང་ཇི་ལྟར་གོལ་ཞེ་ན། །མདོ་སྡེ་བྱང་ཆུབ་སེམས་དཔའ་ནི། །ཀུན་ཏུ་འོད་ཀྱི་ས་འདོད་པས། །བདེན་པ་གཉིས་ཀྱིས་རྟོག་དཔྱོད་པས། །ཆོས་ཉིད་སྟོང་པ་ནམ་མཁར་རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་འདས་ལ་མདོ་སྡེས་བསྒྲིབས། །རྫོགས་ཆེན་རྟོག་དང་དཔྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲི་ཡཱ་རྡོ་རྗེ་འཛིན་འདོད་པ། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །ཆོས་ཉིད་དག་པ་འཛིན་པ་སྟེ། །གཟུང་འཛིན་དག་པའི་ཡུལ་ལ་གནས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་ལ་ཀྲི་ཡཱས་བསྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པ། །ཀྲི་ཡཱ་དག་ཏུ་གོལ་བར་བཤད། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲི་ཡཱ་སྤྱོད་ཅིང་ཡོ་ག་བསྒྲུབ། །ལྟ་སྤྱོད་འདྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་མ་རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །གཉིས་སུ་མེད་ལ་ཨུ་པས་བསྒྲིབས། །རྫོགས་ཆེན་གཉིས་སུ་འབྱེད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །ཡོ་ག་སྟུག་པོ་བཀོད་འདོད་པས། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་པ། །བླང་དོར་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་བསྒྲིབས། །


DNG006_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་བར་བཤད། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཏིང་འཛིན་རྣམ་གསུམ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་བསྒྲུབ་རྣམ་བཞིས་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་བསྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་བསྒྲུབ་འདས་ལ་མ་ཧཱས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་ས་འདོད་པས། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །རྒྱུ་ནི་དག་པའི་དབྱིངས་སུ་བལྟ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་བལྟ། །ཨ་ཏི་ཡོ་གའི་བྱང་ཆུབ་སེམས། །རྒྱུ་འབྲས་དག་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་བལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཐེག་པ་དག་གི་གོལ་སྒྲིབ་བོ། །ཐེག་པ་གཅིག་གི་ལྟ་བ་ལ། །གོལ་ས་སྒྲིབ་པ་བཅུ་ཡོད་དེ། །བལྟ་བ་དག་གི་གོལ་སྒྲིབ་དང་། །དམ་ཚིག་དག་གི་གོལ་སྒྲིབ་དང་། །ཕྲིན་ལས་དག་གི་གོལ་སྒྲིབ་དང་། །ཡེ་ཤེས་དག་གི་གོལ་སྒྲིབ་དང་། །ས་དང་ཕ་རོལ་གོལ་སྒྲིབ་དང་། །ལམ་ལ་གནས་པའི་གོལ་སྒྲིབ་དང་། །ཕྲ་བ་དག་གི་གོལ་སྒྲིབ་དང་། །རྒྱུད་ཀྱི་གོལ་ས་སྒྲིབ་པ་དང་། །ལུང་གི་གོལ་ས་སྒྲིབ་པ་དང་། །མན་ངག་གོལ་ས་སྒྲིབ་པ་བཅུའོ། །དེ་ཡང་གང་དང་གང་ཞེ་ན། །བལྟ་བ་དག་གི་རང་བཞིན་ནི། །བསྒོམ་དུ་མེད་དེ་སངས་རྒྱས་བལྟ། །བསྒོམ་མེད་སངས་རྒྱས་མ་རིག་ན། །བལྟ་བ་དག་གིས་སྒྲིབ་པར་བཤད། །ཡེ་ནས་སངས་རྒྱས་ཡིན་པ་ལ། །སངས་རྒྱས་ཡིན་པར་མི་བལྟ་སྟེ། །བསྒོམས་ནས་སངས་རྒྱས་བལྟ་བ་ནི། །བལྟ་བ་དག་གི་གོལ་ས་ཡིན། །དམ་ཚིག་དག་ནི་བསྲུང་དུ་མེད། །བསྲུང་དུ་མེད་པའི་དམ་ཚིག་ལ། །བསྲུང་དུ་མེད་པར་མ་རིག་ན། །དམ་ཚིག་སྒྲིབ་པ་ཡིན་པར་བཤད། །བསྲུང་དུ་མེད་པའི་དམ་ཚིག་ལ། །བསྲུང་དུ་མེད་


DNG006_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་ཤེས་ན། །ཕྱོགས་མཚམས་དམ་ཚིག་བསྲུང་བ་ནི། །དམ་ཚིག་གོལ་ས་ཡིན་པར་བཤད། །ཕྲིན་ལས་རང་བཞིན་བཙལ་དུ་མེད་པ་ལ། །རྩོལ་བསྒྲུབ་འདས་པའི་ཕྲིན་ལས་ལ། །བཙལ་དུ་མེད་པར་མ་རིག་ན། །ཕྲིན་ལས་སྒྲིབ་པ་ཡིན་པར་བཤད། །བཙལ་དུ་མེད་པའི་རང་བཞིན་ལ། །བཙལ་དུ་མེད་པར་མ་རྟོགས་ཏེ། །ཕྲིན་ལས་རྩོལ་བར་བྱེད་པ་ནི། །ཕྲིན་ལས་གོལ་ས་ཡིན་པར་བཤད། །ཡེ་ཤེས་དག་གི་རང་བཞིན་ནི། །ཡེ་ནས་སྒྲིབ་པ་མེད་པར་གསལ། །ཡེ་ནས་སྒྲིབ་པ་མེད་པ་ལ། །སྒྲིབ་པ་མེད་པར་མ་རིག་ན། །ཡེ་ཤེས་དག་གི་སྒྲིབ་པར་བཤད། །སྒྲིབ་པ་མེད་པའི་ཡེ་ཤེས་ལ། །སྒྲིབ་པ་མེད་པར་མ་རྟོགས་ཏེ། །མི་བསྐྱོད་གསལ་བར་མ་ཤེས་ན། །ཡེ་ཤེས་ཆེན་པོ་གོལ་སར་བཤད། །ས་དང་ཕ་རོལ་རང་བཞིན་ནི། །སྦྱངས་ཤིང་བགྲོད་དུ་མེད་པ་ཡིན། །སྦྱང་བགྲོད་མེད་པར་མ་རིག་ན། །ས་དང་ཕ་རོལ་སྒྲིབ་པར་བཤད། །སྦྱང་བགྲོད་མི་དགོས་ས་ལམ་ལ། །སྦྱང་བགྲོད་མི་དགོས་མ་རྟོགས་ཏེ། །སྦྱངས་ཤིང་བགྲོད་པར་བྱེད་པ་ནི། །ས་དང་ཕ་རོལ་གོལ་སར་བཤད། །ཕྲ་བ་དག་གི་རང་བཞིན་ནི། །གཟུང་འཛིན་བྲལ་བའི་ཆོས་ཉིད་ཡིན། །གཟུང་འཛིན་བྲལ་བར་མ་རིག་ན། །ཕྲ་བ་དག་གི་སྒྲིབ་པར་བཤད། །གཟུང་འཛིན་བྲལ་བའི་ཕྲ་བ་ལ། །གཟུང་འཛིན་བྲལ་བར་མ་རིག་སྟེ། །ཕྲ་བ་རྡུལ་དུ་ཡོད་བལྟ་ན། །ཕྲ་བའི་གོལ་ས་ཡིན་པར་བཤད། །རྒྱུད་ཀྱི་རང་བཞིན་བསྟན་པ་ནི། །སེམས་ཆོས་གཉིས་སུ་མེད་པར་འདྲེལ། །གཉིས་མེད་འདྲེལ་བར་མ་རིག་ན། །རྒྱུད་ཀྱི་སྒྲིབ་པ་ཡིན་པར་བཤད། །གཉིས་སུ་མེད་པའི་འདྲེལ་བ་ལ། །གཉིས་མེད་འདྲེལ་བར་མ་རྟོགས་ཏེ། །སེམས་ཆོས་གཉིས་སུ་མཐོང་བ་ནི། །རྒྱུད་ཀྱི་གོལ་ས་ཡིན་པར་བཤད། །ལུང་གི་རང་བཞིན་བསྟན་པ་ནི། །གཏན་ལ་འབེབས་ཤིང་ངེས་པར་བསྟན། །གཏན་ལ་འབེབས་པར་མ་ཤེས་ན། །ལུང་གི་སྒྲིབ་པ་ཡིན་པར་བཤད། །གཏན་ལ་འབེབས་པའི་ལུང་དེ་ལ། །ཐོག་ཏུ་འབེབས་


DNG006_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་རྟོགས་ཏེ། །གཏན་ལ་མི་འབེབས་ཟེར་བ་ནི། །ལུང་གི་གོལ་ས་ཡིན་པར་བཤད། །མན་ངག་རང་བཞིན་བསྟན་པ་ནི། །སྤྲོས་པ་མེད་པར་ལ་བཟླའ་བའོ། །སྤྲོས་པ་མེད་པར་མ་རིག་ན། །མན་ངག་གི་ནི་སྒྲིབ་པར་བཤད། །སྒྲོ་སྐུར་བྲལ་བའི་མན་ངག་ལ། །སྤྲོས་པ་མེད་པར་མ་རྟོགས་ཏེ། །སྒྲོ་སྐུར་ཡོད་པར་འདོགས་པ་ནི། །མན་ངག་དག་གི་གོལ་སར་བཤད། །གོལ་ས་སྒྲིབ་པ་སུམ་ཅུ་འི། །ཡོ་ག་བཞི་ཡི་རང་བཞིན་ལ། །གོང་འོག་བལྟ་བའི་ཁྱད་པར་གྱིས། །གོལ་སྒྲིབ་སུམ་ཅུ་བྱུང་བ་ཡིན། །སྒྲིབ་པ་སྒྲིབ་པ་ཞེས་བྱ་བ། །རིག་ཤེས་བྱ་བའི་ཡུལ་དེ་ལ། །མ་རིག་མ་ཤེས་མ་རྟོགས་པས། །སྒྲིབ་པ་སྒྲིབ་པ་ཞེས་སུ་བཤད། །གོལ་ས་གོལ་ས་ཞེས་བྱ་བ། །དཔེར་ན་དོན་ཡོད་ལམ་ཞུགས་པས། །ཤར་གྱི་དོན་ཡོད་ནུབ་ལམ་ཕྱིན། །ནུབ་ཕྱིན་ཤར་གྱི་དོན་མི་འགྲུབ། །སྤྲོས་པ་མེད་པའི་དོན་བཤོར་བས། །མཚན་མ་དག་གི་ལམ་ལ་བགྲོད། །སྒྲོ་སྐུར་བྲལ་བའི་ཆོས་ཉིད་ལ། །ཚིག་དང་ཡི་གེ་བརྗོད་པས་གོལ། །བརྗོད་ཡོད་རྟོག་པ་སྒྲིབ་པ་ཡིན། །སྣང་བ་དང་ནི་སྲིད་པའི་ཆོས། །སྣང་སྲིད་རྒྱུད་དྲུག་དབང་པོ་ལ། །སེམས་འཐད་ཡཱ་ན་རིམ་པ་དགུ། །མི་མཐུན་བལྟ་སྤྱོད་སོ་སོར་བཤད། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ཆོས་ཉིད་ཇི་བཞིན་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་ཐེག་པ་ལ། །གཅིག་དང་གཉིས་སུ་བགྲང་དུ་མེད། །བགྲངས་ན་མཐའ་ཡས་བརྗོད་མི་ལངས། །ཐེག་གཅིག་བྱང་ཆུབ་སྙིང་པོ་ལ། །བཟང་ངན་བླང་དོར་མ་མཆིས་པས། །གོལ་ས་སྒྲིབ་པ་དབྱེར་མ་མཆིས། །བདེ་དང་སྡུག་བསྔལ་དབྱེར་མ་མཆིས། །སྒྲོ་སྐུར་བྲལ་བའི་སྙིང་པོ་སེམས། །གོལ་སྒྲིབ་ཉིད་ནི་བྱང་ཆུབ་ལུང་། །ཐམས་ཅད་ལུང་ནི་བྱང་ཆུབ་སེམས། །སེམས་ཀྱི་ལུང་ལ་ཐམས་ཅད་བསྟན། །སེམས་ཀྱི་རང་བཞིན་རྣམ་བཞི་པོ། །རྣལ་འབྱོར་རྣམ་པ་བཞིར་བསྟན་


DNG006_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །སེམས་ཉིད་རྫོགས་པ་ཆེན་པོ་ནི། །ཤིན་ཏུ་རྣལ་འབྱོར་དོན་དུ་བསྟན། །སེམས་ཉིད་རྫོགས་པའི་རང་བཞིན་ནི། །ཡོངས་སུ་རྣལ་འབྱོར་དོན་དུ་བསྟན། །སེམས་ཉིད་བསྐྱེད་པའི་རྣམ་པ་ནི། །རྣལ་འབྱོར་ཆེན་པོའི་དོན་དུ་བསྟན། །སེམས་ཉིད་ཕྱི་ནང་རིམ་པ་དེ་ཕྱི་པའི་རྣམ་པ་དེ། །སེམས་པའི་རྣལ་འབྱོར་དོན་དུ་བསྟན། །རྣལ་འབྱོར་རྣམ་བཞིའི་དོན་དེ་ལ། །གཅིག་ལའང་གོལ་སྒྲིབ་བཅུ་ཡོད་དེ། །བལྟ་བ་དང་ནི་དམ་ཚིག་དང་། །ཕྲིན་ལས་དང་ནི་ཡེ་ཤེས་དང་། །ས་དང་ལམ་གྱི་རིམ་པ་དང་། །ཕྲ་བ་དང་ནི་རྒྱུད་དང་ནི། །ལུང་དང་མན་ངག་རྣམ་པ་བཅུའོ། །རེ་རེ་ལ་ཡང་བཅུ་བཅུ་སྟེ། །གོལ་ས་སྒྲིབ་པ་གཉིས་ཡོད་པས། །གོལ་ས་བཅུ་ཕྲག་བཞི་བསྟན་ལ། །སྒྲིབ་པ་བཅུ་ཚན་རྣམ་པ་གསུམ། །རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་ལ། །སྒྲིབ་པ་ཡོད་པར་ངས་མ་གསུངས། །རྣལ་འབྱོར་རྣམ་པ་གསུམ་པོ་ལ། །གོལ་ས་སྒྲིབ་པ་གཉིས་གཉིས་ཡོད། །དེས་ན་བལྟ་བའི་གོལ་སྒྲིབ་ནི། །བདུན་ཅུ་ཐམ་པར་བགྲང་བར་བྱ། །རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་ལ། །སྒྲིབ་པ་དག་གིས་ཡོངས་མ་གོས། །རྣལ་འབྱོར་རྣམ་པ་དྲུག་པོ་ཡིས། །སེམས་ཉིད་རྫོགས་ཆེན་སྒོར་བལྟས་པས། །སྒྲིབ་པ་དང་ནི་གོལ་ས་བྱུང་། །སྟོན་པའི་ལུང་ལ་གོལ་སྒྲིབ་མེད། །གང་ཟག་བློ་ལ་གོལ་སྒྲིབ་བྱུང་། །སེམས་ཀྱི་རང་བཞིན་འདི་ལྟ་སྟེ། །ལུང་ཆེན་རྣམ་པ་བཅུར་སྣང་སྟེ། །རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་གྱི། །ལྟ་བ་བསྒོམ་དུ་མེད་པ་ཡིན། །དམ་ཚིག་བསྲུང་དུ་མེད་པ་ཡིན། །ཕྲིན་ལས་བཙལ་དུ་མེད་པ་ཡིན། །ཡེ་ཤེས་སྒྲིབ་པ་མེད་པ་ཡིན། །ས་ལ་སྦྱང་དུ་མེད་པ་ཡིན། །ལམ་ལ་བགྲོད་དུ་མེད་པ་ཡིན། །ཕྲ་བ་གཟུང་འཛིན་བྲལ་བ་ཡིན། །རྒྱུད་ཀྱི་རང་བཞིན་འདྲེལ་བ་ཡིན། །ལུང་གི་རང་བཞིན་ཐོག་ཏུ་འབེབས། །མན་ངག་དག་གིས་ལ་ཡང་བཟླའོ། །རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་གྱི། །རང་བཞིན་བཅུ་ནི་དེ་ལྟར་རོ། །རྫོགས་པ་ཡོངས་སུ་རྣལ་འབྱོར་གྱིས། །རང་བཞིན་བཅུ་བཅུ་འདི་ལྟ་སྟེ། །


DNG006_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ནི་དག་པའི་དབྱིངས་ལ་བལྟ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་བལྟ། །དམ་ཚིག་དག་གི་རང་བཞིན་ཏེ། །ཆོས་ཡུལ་སྙིང་རྗེ་སྐུ་གསུང་ཐུགས། །སྦྱོར་བ་རྣམ་པ་བཞི་རུ་བསྐྲུན། །ཕྲིན་ལས་དག་གི་རང་བཞིན་ནི། །ཞི་རྒྱས་དབང་དང་མངོན་སྤྱོད་བཞི། །ཡེ་ཤེས་དག་གི་རང་བཞིན་ནི། །གཉིས་སུ་མེད་པའི་རང་བཞིན་ཡིན། །ས་ཡི་རང་བཞིན་བསྟན་པ་ནི། །ཀུན་བཟང་དབྱེ་བ་མེད་པའི་ས། །ལམ་གྱི་རང་བཞིན་བསྟན་པ་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་ལམ། །ཕྲ་བ་དག་ཟབ་མོའི་ཡང་གི་རང་བཞིན་ནི། །སྣང་ལ་རང་བཞིན་མེད་པ་ཡིན། །འདྲེལ་བ་རྒྱུད་ཀྱི་རང་བཞིན་དེ། །རྒྱུ་དང་འབྲས་བུ་གཉིས་མེད་འདྲེལ། །ལུང་གི་རང་བཞིན་བསྟན་པ་ནི། །དབྱིངས་ནི་རྒྱུ་ཡི་ལུང་ཡིན་པས། །ཡེ་ཤེས་འབྲས་བུའི་ལུང་དུ་བསྟན། །མན་ངག་དག་གི་རང་བཞིན་ནི། །རྒྱུ་ནི་དབྱིངས་སུ་དག་པར་བཟླས། །འབྲས་བུ་ཡེ་ཤེས་ལ་ཡང་བཟླས། །རྣལ་འབྱོར་ཆེན་པོ་བསྐྱེད་པ་ཡི། །རང་བཞིན་བཅུ་ནི་འདི་ལྟ་སྟེ། །ལྟ་བ་དག་གི་རང་བཞིན་ནི། །རང་རྒྱུད་དག་པའི་ངོ་བོ་དེ། །བདག་ཉིད་ཆེན་པོའི་དཀྱིལ་འཁོར་ལྷ། །དམ་ཚིག་དག་གི་རང་བཞིན་ནི། །རྩ་བ་གསུམ་དང་ཡན་ལག་ལྔ། །ཕྲིན་ལས་དག་གི་རང་བཞིན་ནི། །ཏ་ན་དང་ནི་གྷ་ན་དང་། །དམ་རྫས་ལྔ་ལ་སྤྱོད་པར་བྱེད། །ཡེ་ཤེས་དག་གི་རང་བཞིན་ནི། །དུག་ལྔ་གནས་དག་ཡེ་ཤེས་ལྔ། །ས་ཡི་རང་བཞིན་བསྟན་པ་ནི། །ལུས་དང་ངག་དང་ཡིད་དང་གསུམ། །སྐུ་གསུམ་རྡོ་རྗེ་འཆང་གི་ས། །ལམ་གྱི་རང་བཞིན་བསྟན་པ་ནི། །ཐབས་དང་ཤེས་རབ་ལམ་བསྒོམ་དང་། །ཏིང་འཛིན་རྣམ་གསུམ་སྐུ་གསུམ་ལམ། །ཕྲ་བ་ཆོས་ཀྱི་རང་བཞིན་ནི། །ཐབས་དང་ཤེས་རབ་མ་སྐྱེས་པས། །སྐྱེ་བ་མེད་པའི་ཕྲ་བར་བཤད། །འདྲེལ་བའི་རང་བཞིན་བསྟན་པ་ནི། །ཡབ་ཡུམ་ཐབས་དང་ཤེས་རབ་གཉིས། །བདག་ཉིད་ཆེན་པོའི་གཟུངས་ཀྱིས་འདྲེལ། །ལུང་ཆེན་ཐོག་


DNG006_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབེབས་པ་ནི། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །ཁམས་དང་སྐྱེ་མཆེད་སེམས་ཆོས་རྣམས། །བདག་ཉིད་ཆེན་པོར་ཐོག་ཏུ་འབེབས། །ལ་ཟློ་བ་ཡི་མན་ངག་ནི། །སྣང་ཞིང་སྲིད་པའི་ཆོས་རྣམས་ནི། །བདག་ཡིན་གཞན་དུ་རག་མ་ལུས། །ལྟོས་པ་མ་མཆིས་ལ་བཟླའ་འོ། །ཡཱ་ན་སེམས་དཔའི་རྣལ་འབྱོར་གྱིས། །རང་བཞིན་བཅུ་ནི་འདི་ལྟ་སྟེ། །བལྟ་བ་དག་གི་རང་བཞིན་ནི། །བྱིན་རླབས་དག་ལས་བྱུང་བ་ཡིན། །ཆོས་ལ་མཚན་མ་མེད་པར་བལྟ། །རང་དང་འདྲ་བའི་ལྷ་ཉིད་དོ། །དམ་ཚིག་དག་གི་རང་བཞིན་ནི། །རྩ་བ་བདུན་དང་དགེ་སྡིག་བཅུ། །སྤང་ཞིང་དང་དུ་བླང་བར་བྱེད། །ཕྲིན་ལས་དག་གི་རང་བཞིན་ནི། །སེམས་དང་ཏིང་འཛིན་ལས་ལ་སྤྱོད། །ཡེ་ཤེས་དག་གི་རང་བཞིན་ནི། །རིགས་ཆེན་དག་གི་ཡེ་ཤེས་བཞི། །ས་ཡི་རང་བཞིན་བསྟན་པ་ནི། །ཆོས་དབྱིངས་སྟུག་པོ་བཀོད་པ་ཡིན། །བགྲོད་པ་ལམ་གྱི་རང་བཞིན་ནི། །མཚན་མ་མེད་པའི་ལམ་དུ་འཇུག །ཕྲ་བ་ཆོས་ཀྱི་ཟབ་མོ་ནི། །མཚན་མ་མེད་པའི་ཆོས་ཀྱི་དབྱིངས། །འདྲེལ་བ་རྒྱུན་གྱི་རང་བཞིན་ནི། །ཡུལ་དང་དབང་པོ་གཉིས་སུ་འདྲེལ། །ལུང་ཆེན་ཐོག་ཏུ་འབེབས་པ་ནི། །ཆགས་པ་མེད་པར་ཐོག་ཏུ་འབེབས། །མན་ངག་དག་གི་ལ་ཟློ་བ། །ཆུ་ཟླ་ལྟ་བུའི་རང་བཞིན་དུ། །གཟུང་དུ་མེད་པར་ལ་བཟླའ་བའོ། །ཡང་ན་གཉིས་ཀ་རྒྱུད་འདི་ལ། །རང་བཞིན་བཅུ་ནི་འདི་ལྟ་སྟེ། །བལྟ་བ་དག་གི་རང་བཞིན་ནི། །དམིགས་པ་དག་གི་ཏིང་འཛིན་གྱིས། །རང་བཞིན་ཆོས་ལ་ལྷར་བྱས་ནས། །ལྷ་དཔོན་བདག་གཡོག་ལྟ་བར་བྱེད། །དམ་ཚིག་དག་གི་རང་བཞིན་ནི། །རྩ་བ་བདུན་ནི་ཡན་ལག་སྟེ། །ཉམས་པ་མེད་པར་སྲུང་བར་བྱེད། །ཕྲིན་ལས་དག་གི་རང་བཞིན་ནི། །ལས་སུ་ཁྲུས་དང་མཆོད་པ་བྱེད། །ཡེ་ཤེས་དག་གི་རང་བཞིན་ནི། །རིགས་བཞི་ཕྱག་རྒྱ་བཞི་རུ་གསལ། །ས་ཡི་རང་བཞིན་བསྟན་པ་ནི། །ལྟ་སྤྱོད་སོ་


DNG006_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སོར་སྤྱོད་པ་ཡིས། །དེ་བགྲོད་ལམ་གྱི་རང་བཞིན་ནི། །དག་པ་གསུམ་གྱིས་ལམ་ལ་བགྲོད། །ཕྲ་བ་ཆོས་ཀྱི་རང་བཞིན་ནི། །རྣམ་པར་མི་རྟོག་སྟོང་པས་ཕྲ། །འདྲེལ་བ་རྒྱུད་ཀྱི་རང་བཞིན་ནི། །གཉིས་ཀ་སྤྱོད་ཀྱིས་འདྲེལ་བ་ལས། །གཉིས་སུ་མེད་པར་འདྲེལ་བ་མེད། །ཐོག་ཏུ་འབེབས་པའི་ལུང་ཆེན་ནི། །ངེས་པ་མེད་པར་བསྟན་པ་ཡིན། །ལ་བཟླའ་བ་ཡི་མན་ངག་ནི། །འདི་སྤྱོད་ངེས་པ་མ་མཆིས་པས། །སེམས་དཔའ་ང་ཡིས་ལུང་མ་བསྟན། །བྱ་བ་ཀྲི་ཡཱའི་ཡཱ་ན་ནི། །རང་བཞིན་བཅུ་ནི་འདི་ལྟ་སྟེ། །ལྟ་བ་དག་གི་རང་བཞིན་ནི། །རྣམ་པར་མི་རྟོག་ཏིང་འཛིན་གྱིས། །དམིགས་གསུམ་ཡན་ལག་བཞི་བལྟ་སྟེ། །རྗེ་དང་ཁོལ་དུ་ལྟ་བར་བྱེད། །དམ་ཚིག་དག་གི་རང་བཞིན་ནི། །རྩ་བ་ལྔ་དང་ཡན་ལག་དྲུག །མི་ཉམས་བསྲུང་བའི་དམ་ཚིག་གོ། །ཕྲིན་ལས་དག་གི་རང་བཞིན་ནི། །དུས་སུ་ཁྲུས་དང་གཙང་སྦྲ་སྤྱོད། །ཡེ་ཤེས་རང་བཞིན་བསྟན་པ་ནི། །སོ་སོར་རྟོག་པའི་རང་བཞིན་ནི། །རིགས་གསུམ་སོ་སོར་འབྱེད་པར་བྱེད། །ས་ཡི་རང་བཞིན་བསྟན་པ་ནི། །ཐུགས་ནི་ཡེ་ཤེས་བཞི་ལྡན་པའི། །ཏིང་འཛིན་རྡོ་རྗེ་འཛིན་པའི་ས། །ལམ་གྱི་རང་བཞིན་བསྟན་པ་ནི། །གཟའ་སྐར་དུས་ཚིགས་བཟང་སྒོ་ནས། །དག་པ་རྣམ་གསུམ་ལམ་དུ་བལྟ། །ཕྲ་བ་ཆོས་ཀྱི་རང་བཞིན་ནི། །ཆོས་ཉིད་རྣམ་པར་མི་རྟོག་པ། །གཟུང་འཛིན་ཤིན་ཏུ་ཕྲ་བར་བལྟ། །འདྲེལ་བ་རྒྱུད་ཀྱི་རང་བཞིན་ནི། །ཡན་ལག་བཅུ་གཅིག་རིམ་པར་འདྲེལ། །ལུང་ཆེན་ཐོག་ཏུ་འབེབས་པ་ནི། །ཏིང་འཛིན་གཟུང་འཛིན་བྱེད་པ་ཡིས། །ཐོག་ཏུ་འབེབས་པ་ངས་མ་བསྟན། །ལ་ཟློ་བ་ཡི་མན་ངག་ནི། །ཆོས་དང་གཟུང་འཛིན་ས་ཕྱེད་པས། །ཏིང་འཛིན་རྟོག་པས་ལ་ཡང་ཟློས། །མཚན་ཉིད་བྱང་ཆུབ་སེམས་དཔའ་ཡི། །རང་བཞིན་བཅུ་ནི་འདི་ལྟ་སྟེ། །ལྟ་བའི་རང་བཞིན་བསྟན་པ་ནི། །བདེན་པ་གཉིས་ཀྱི་རྟོག་དཔྱོད་


DNG006_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ཆོས་ཀྱི་རང་བཞིན་སྟོང་པར་བལྟ། །དམ་ཚིག་རང་བཞིན་སྡོམ་པ་སྟེ། །སྤྱོད་ལ་འཇུག་དང་སྡོམ་པ་ནི། །གྲངས་མཐའ་ཡས་ཏེ་རྒྱ་མཚོ་འདྲ། །སྤྱོད་པའི་ཕྲིན་ལས་བསྟན་པ་ནི། །ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད། །ཡེ་ཤེས་རང་བཞིན་བསྟན་པ་ནི། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ས་ཡི་རང་བཞིན་བསྟན་པ་ནི། དང་པོ་ས་དང་རིམ་པ་བཅུ། །ཀུན་ཏུ་འོད་ཀྱི་ས་ལ་གནས། །ལམ་གྱི་རང་བཞིན་ངེས་འབྱུང་བ། །ཚོགས་དང་སྦྱོར་བ་མཐོང་བ་དང་། །ས་བཅུའི་བསྒོམ་པ་མཐར་ཕྱིན་ལྔའོ། །ཆོས་ཀྱི་རང་བཞིན་ཕྲ་བ་ནི། །ཆོས་སྐུ་གཟུང་འཛིན་བྲལ་བར་འཛིན། །འདྲེལ་བའི་རང་བཞིན་བསྟན་པ་ནི། །ལས་དང་ཐུགས་རྗེ་བདེན་གཉིས་འདྲེལ། །ལུང་ཆེན་ཐོག་ཏུ་འབེབས་པ་ནི། །དོན་དམ་ཀུན་རྫོབ་བདེན་པས་འབེབས། །མན་ངག་དག་གིས་ལ་བཟླ་རུ། །འབྲས་བུ་ལམ་གྱི་སྒོར་མ་ཞུགས། །སྤང་གཞི་འགེག་པ་རྣམ་གཉིས་ལ། །རང་བཞིན་འདི་བཅུའི་མིང་མ་བསྟན། །ངེས་ཐོབ་མིང་གྲགས་རྣམ་གསུམ་ནི། །རྣལ་འབྱོར་བཞི་ཡི་གོལ་སར་བསྟན། །རྣལ་འབྱོར་བཞི་ཡི་རིམ་པ་ལ། །ལ་ལ་གོལ་ས་གྲངས་མང་ལ། །ལ་ལ་སྒྲིབ་པ་གྲངས་མང་ལ། །ལ་ལ་གོལ་སྒྲིབ་གྲངས་སུ་མཉམ། །ཡོ་ག་བཞི་ཡི་རྣལ་འབྱོར་ལ། །གོལ་སྒྲིབ་གྲངས་སུ་བསྟན་པ་ཡིན། །གོལ་ས་བརྒྱ་དང་བརྒྱད་ཅུ་ལ། །སྒྲིབ་པ་བཅུ་པ་དྲུག་ཏུ་དབྱེ། །རང་བཞིན་བཅུ་ཡི་གོལ་སྒྲིབ་ནི། །རྣལ་འབྱོར་བཞི་ལས་ཕྱེ་བ་ནི། །ཉིས་བརྒྱ་བཞི་བཅུ་གྲངས་སུ་འབྱུང་། །ཡང་ན་བདུན་གྱིས་ཕྱེ་བའི་ཚེ། །རང་བཞིན་རྣམ་པ་བཅུ་པོ་ལ། །བཞི་བརྒྱ་དང་ནི་བཅུ་ཚན་གཉིས། །རང་བཞིན་བཅུ་པོའི་ངོ་བོ་ནི། །སྙིང་པོ་བྱང་ཆུབ་སེམས་ཡིན་ཏེ། །ཡང་ན་བདུན་གྱི་གོ་སྐབས་སུ། །རང་གི་རང་བཞིན་མ་ཤེས་ན། །སྒྲིབ་པ་སྒྲིབ་པ་ཞེས་སུ་བཤད། །རང་གི་རང་བཞིན་མ་ཤེས་ནས། །འོག་མ་འོག་མ་ཡིན་སྨྲ་ན། །གོལ་ས་གོལ་ས་ཞེས་སུ་བཤད། །རང་བཞིན་བཅུ་ཡི་རང་བཞིན་ནི། །སྙིང་པོ་བྱང་ཆུབ་སེམས་ཡིན་ཏེ། །སྙིང་པོ་


DNG006_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་རང་བཞིན་ལ། །གཞན་དུ་བལྟ་བའི་ཡུལ་མེད་པས། །ལྟ་བ་བསྒོམ་དུ་མེད་པ་ཡིན། །སྙིང་པོ་བྱང་ཆུབ་སེམས་དེ་ལ། །གཟུང་འཛིན་མེད་པའི་རང་བཞིན་གྱིས། །དམ་ཚིག་བསྲུང་དུ་མེད་པ་ཡིན། །སྙིང་པོ་བྱང་ཆུབ་སེམས་འདི་ནི། །ལྷུན་གྱིས་གྲུབ་པའི་རང་བཞིན་གྱིས། །ཕྲིན་ལས་བཙལ་དུ་མེད་པ་ཡིན། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །སྒྲིབ་པ་མེད་པའི་རང་བཞིན་གྱིས། །ཡེ་ནས་རང་བྱུང་ཡེ་ཤེས་ཡིན། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཐམས་ཅད་འདི་ལ་གནས་པའི་ཕྱིར། །ས་ཞེས་བྱ་བ་སྦྱང་དུ་མེད། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ལམ་ལ་བགྲོད་དུ་མེད་པ་ཡིན། །སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཡེ་ནས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་དག་གི་རང་བཞིན་ཡིན། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །སངས་རྒྱས་སེམས་ཅན་གཉིས་སྣང་བ། །འདྲེལ་བ་རྒྱུད་ཀྱི་རང་བཞིན་ཡིན། །རང་བྱུང་ཡེ་ཤེས་སྙིང་པོ་འདིས། །ཆོས་ཀུན་གཏན་ལ་འབེབས་པའི་ཕྱིར། །ལུང་གི་ཐོག་ཏུ་འབེབས་པ་ཡིན། །རང་བྱུང་ཡེ་ཤེས་སྙིང་པོ་འདི། །སྒྲོ་སྐུར་ཀུན་དང་བྲལ་བའི་ཕྱིར། །ལ་ཟློ་བ་ཡི་མན་ངག་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །ཡེ་ནས་རང་བྱུང་ཡེ་ཤེས་སྐུ། །ཡེ་ནས་ཀུན་བཟང་ཡེ་ཤེས་སྐུ། །ཡེ་ནས་སྐྱེ་མེད་རྡོ་རྗེའི་སྐུ། །སྐུ་ཚད་འདས་པས་བྱང་ཆུབ་སེམས། །འདས་པ་ཀུན་གྱི་སྙིང་པོ་ལ། །རང་བཞིན་མ་བཅོས་བཅུ་བགྲངས་པ། །བགྲངས་པ་མ་ཡིན་ངོ་བོར་གཅིག །ངོ་བོ་གཅིག་ལ་རང་བཞིན་བཅུ། །བྱང་ཆུབ་སེམས་ཀྱི་ཆེ་བར་བགྲངས། །ཡོན་ཏན་བཅུ་རུ་སྣང་མོད་ཀྱི། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །དུས་གསུམ་བཞུགས་པའི་སངས་རྒྱས་ཀྱིས། །སྔ་རབས་འདས་པས་སྔར་མ་བགྲངས། །ད་ལྟར་བཞུགས་པས་བགྲང་མི་བྱེད། །སླད་ཀྱིས་བྱོན་པའི་སངས་རྒྱས་རྣམས། །སེམས་ཉིད་འདི་ལ་བགྲང་མི་བྱེད། །


DNG006_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་མེད་སེམས་ཀྱི་རང་བཞིན་ལ། །གཅིག་སྟེ་རྣམ་པ་བགྲང་དུ་མེད། །བགྲང་དུ་མེད་པའི་སྙིང་པོ་ལ། གོལ་ས་སྒྲིབ་པ་གཉིས་མེད་དེ། །སེམས་ལ་བགྲང་དུ་མེད་པའོ། །རང་བཞིན་བཅུ་རུ་བགྲངས་པ་ནི། །སེམས་ཀྱི་ཆ་ཡི་བྱེ་བྲག་སྟེ། །སེམས་ཅན་བློ་ལ་སྣང་བས་བགྲང་། །སེམས་ལ་བགྲངས་པས་གོལ་སྒྲིབ་འབྱུང་། །བགྲང་དུ་མེད་ལ་གོལ་སྒྲིབ་མེད། །བགྲངས་ཏེ་མ་ཤེས་གོལ་སྒྲིབ་ཡིན། །བགྲང་ཡོད་མཐོང་བའི་གོལ་སྒྲིབ་ཡིན། །སེམས་གཅིག་བྱང་ཆུབ་སྙིང་པོ་ལ། །བལྟ་བའི་ཁྱད་པར་དགུ་བགྲངས་ནོར། །དམ་ཚིག་ཕྱོགས་མཚམས་བསྲུངས་པས་ཉམས། །ཕྲིན་ལས་བཙལ་བས་གྲུབ་པ་མེད། །ཡེ་ཤེས་བལྟས་པས་ཡུལ་མ་མཐོང་། །ས་ཞེས་སྦྱངས་པས་གནས་མ་རྙེད། །བགྲོད་པའི་ལམ་ལ་ཕྱིན་པ་མེད། །ཕྲ་བ་གཟུང་འཛིན་ཆོས་ཉིད་བྲལ། །འདྲེལ་བ་གཅིག་ལ་གཉིས་སུ་མཐོང་། །ལུང་ཆེན་རྒྱུད་ལས་འབྱུང་འདོད་པས། །དེ་ལུང་ངེས་པར་ཡོད་མ་ཡིན། །ལ་ཟློ་བ་ཡི་མན་ངག་འདིར། །ཚིག་དང་ཡི་གེ་སྒྲོ་སྐུར་བཏགས། །གདགས་སུ་མེད་ལ་མིང་བཏགས་པས། །མིང་བཏགས་ཡོད་པའི་སྒྲོས་བྱུང་ལ། །མེད་ཅེས་བརྗོད་པ་སྐུར་པ་བཏབ། །ཡོད་མེད་བརྗོད་པས་བསྒྲིབས་ཤིང་གོལ། །མེད་ཅེས་དོན་ལ་བསྒྲིབས་པ་ཡིན། །ཡོད་ཅེས་གང་དུ་བརྗོད་པ་དེས། །བརྗོད་ཡོད་ཚིག་དང་ཡི་གེར་གོལ། །དེས་ན་སྒྲོ་སྐུར་གོལ་སྒྲིབ་འདི། །ཡོད་རྟོག་གང་ཟག་བློ་ལ་སྣང་། །རྟོག་འདས་ཏིང་འཛིན་བསམ་བྲལ་ལ། །གོལ་སྒྲིབ་ཡོད་པར་ངས་མ་གསུངས། །ཞེས་གོལ་སྒྲིབ་བསྟན་པའི་མདོ་བསྟན་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། འདུས་པའི་ཚོགས་ལ་གོལ་སྒྲིབ་བསྟན་པའི་དོན་གྱི་འགྲེལ་པ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །རྫོགས་པ་ཆེན་པོའི་རྣལ་འབྱོར་ལམ་འདི་ལ། །སངས་རྒྱས་ལམ་ལ་གོང་འོག་རིམ་པ་མེད། །མ་རྟོགས་བགྲོད་པས་འཇིག་རྟེན་ཚངས་པའི་ལམ། །མ་བཙལ་ལྷུན་གྱིས་གྲུབ་དང་མཐུན་པ་མེད། །ཆོས་ཉིད་ལྷུན་གྱིས་གྲུབ་ལ་བགྲོད་


DNG006_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན། །ནམ་མཁའི་མཐའ་ལ་ཐུག་པ་མེད་པ་བཞིན། །བགྲོད་མེད་ལམ་ལ་བགྲོད་པས་ཐུག་པ་མེད། །དེས་ན་ལམ་གྱི་གོལ་ས་ཞེས་སུ་བཤད། །རྫོགས་པ་ཆེན་པོ་རྩོལ་བསྒྲུབ་ལས་གྲོལ་བ། །སངས་རྒྱས་སྤྱོད་ཡུལ་སྐུ་དང་ཡེ་ཤེས་འདི། །བཙལ་བས་མི་རྙེད་རང་བྱུང་ཡེ་ཤེས་ཡིན། །དབང་པོ་དྲུག་ལ་ཡུལ་དྲུག་ཡོད་པ་བཞིན། །སྐུ་དང་ཡེ་ཤེས་རང་བྱུང་རྒྱུ་མེད་པས། །བཙལ་ན་ལོང་བས་ནམ་མཁར་བསྙེག་པ་འདྲ། །དེ་ཡང་ལམ་གྱི་གོལ་སར་བཤད། །རྫོགས་ཆེན་ཕྲིན་ལས་བཙལ་དུ་མེད་པ་ལ། །བླ་མ་གསུམ་མཆོད་འགྲོ་ལ་སྦྱིན་གཏོང་བ། །དེ་བཞིན་ཚོགས་གཉིས་འདོད་པའི་བསོད་ནམས་ཀྱང་། །ཏིང་འཛིན་མ་ཆགས་མི་གཡོའི་སྟོབས་མེད་ན། །ཡུལ་ལ་ཆགས་ཤིང་ཏིང་འཛིན་གཡོ་བ་ཡིས། །མཆོད་སྦྱིན་བྱས་ན་འཆིང་བ་ཆེན་པོར་འགྱུར། །དེ་ཡང་ལས་ཀྱི་གོལ་སར་ང་ཡིས་བཤད། །རྫོགས་ཆེན་ལྟ་སྤྱོད་རྒྱུ་འབྲས་འདས་པ་ལ། །རྒྱུ་ལས་འབྲས་བུ་འབྱུང་བར་མིང་བཏགས་ན། །དགེ་བའི་རྒྱུ་ཡིས་འབྲས་བུ་མཐོ་རིས་ལ། །སྡིག་པའི་རྒྱུ་ཡིས་འབྲས་བུ་ངན་སོང་དུ། །འཇིག་རྟེན་འདི་ལས་སྤྱད་པས་འབྱུང་ངོ་ཞེས། །དགེ་བ་དང་ལེན་སྡིག་པ་ཕར་འདོར་བ། །འབྲས་བུ་འབྱུང་ཟེར་བྲོད་པ་མཆོག་ཏུ་བསྐྱེད། །དེ་ཡང་ལྟ་སྤྱོད་རྒྱུ་འབྲས་གོལ་སར་བཤད། །རྫོགས་ཆེན་གཟུང་འཛིན་བྲལ་བའི་ཕྲ་བ་ལ། །གཟུང་འཛིན་བྱེད་པའི་ཤེས་པ་དེ་དག་གིས། །བྱང་ཆུབ་སེམས་ནི་ཆོས་ཀྱི་སྒོ་མོ་ལ། །ཕྲ་རབ་རྡུལ་གྱི་ཡང་འདུག །ཕྲ་རགས་སྡུག་བསྔལ་སྒོ་མོར་མིང་བཏགས་ཏེ། །སེམས་ཀྱི་དབེན་པས་ལམ་བཙལ་དགོན་པའི་གནས། །ཡུལ་དབེན་སེམས་དབེན་ཕྲ་མོ་བསྒོམ། །རིག་པ་མངོན་དུ་གྱུར་པས་རབ་བརྟགས་ན། །ཕྲ་མོ་གསུམ་བསྒོམ་རྣམ་པར་རྟོག་འགྱུར་བསྒོམ། །ཕྲ་བ་ཆོས་ཀྱི་གོལ་སར་ང་ཡིས་བཤད། །རྫོགས་ཆེན་སྐྱོན་ཡོན་བྲལ་བའི་བསྒོམ་པ་དེ། །གཟུང་འཛིན་རྣམ་རྟོག་བྲལ་བའི་ཆོས་ཉིད་ལ། །ཡོན་ཏན་བཅུ་ཡིས་བསམ་གཏན་བསྒོམ་པ་ནི། །བསམ་


DNG006_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་བཅུ་ནི་སྒྲིབ་པ་བཅུ་ཡིན་པས། །ཡོན་ཏན་བཅུ་པོ་དག་ལ་བསམ་མེད་དོ། །སྤྲོས་པ་མེད་པའི་ཆོས་ཉིད་མ་བསམས་ཤིང་། །གཟུང་འཛིན་བྲལ་བའི་རིག་པ་མ་སྦྱངས་པས། །སྟོན་མིན་ཙེན་མིན་དག་གི་ཆོས་ཉིད་བཞིན། །རང་གི་རྣམ་རྟོག་དེ་ཉིད་ཡེ་ཤེས་འདོད། །བསམ་གཏན་བསྒོམ་པའི་གོལ་སར་ང་ཡིས་བཤད། །ཡོན་ཏན་བཅུ་ནི་སྒྲིབ་པ་བཅུ་ཡིན་ཏེ། །སྒྲིབ་པ་བཅུ་ནི་གང་དང་གང་ཞེ་ན། །མི་གཡོ་བ་དང་གསལ་བ་དང་། །ཐིམ་པ་དང་ནི་བདེ་བ་དང་། །ལྷན་ནེ་བ་དང་ལྷང་ངེ་བ། །སེམས་ལས་ཡེ་ཤེས་སྐྱེ་བ་དང་། །གཞན་གྱི་ལྟ་བ་ཁྱད་གསོད་དང་། །རང་གི་ལྟ་བ་ངོམ་སྐྱོན་དང་། །མངོན་པར་ཤེས་དང་ལྡན་དུ་རེ། །འདི་ནི་བླ་མེད་ཡིན་ཟེར་ནས། །ཆོག་ཤེས་འཛིན་པ་འདི་བཅུ་ནི། །གོལ་ས་སྒྲིབ་པ་ཡིན་པར་བཤད། །ཡོན་ཏན་བརྒྱད་ནི་གང་ཞེ་ན། །འགྲོ་དང་འདུག་དང་ལྡང་དང་ཉལ། །ལྟ་སྤྱོད་ལམ་བཞི་ཉམས་པ་མེད། །གནས་གཅིག་གཡོ་བ་མེད་པ་དང་། །སངས་རྒྱས་སྤྱོད་པ་མངོན་གྱུར་ཀྱང་། །དེ་ལ་རེ་བ་མི་འཇོག་དང་། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཀུན། །སྐྱུ་རུ་ར་བཞིན་མངོན་གསལ་ཡང་། །དེ་ལ་གཟུང་འཛིན་མེད་པ་དང་། །བདུད་ཀྱི་རྒྱལ་པོས་མི་འཇིགས་དང་། །ལྷ་མོ་རྣམས་ལ་མ་ཆགས་དང་། །ཡང་དག་ཆོས་ལས་མ་ཉམས་དང་། །ཆོས་ཉིད་དབྱིངས་ནི་མངོན་རྟོགས་ཀྱང་། །འདུས་བྱས་དགེ་རྩ་རྒྱུན་མི་གཅོད། །ཡོན་ཏན་ཆེན་པོ་འདི་བརྒྱད་ནི། །བསམ་གཏན་གྱི་ནི་ཡོན་ཏན་ནོ། །ཞེས་གོལ་སྒྲིབ་བསྟན་པའི་མདོ་རྫོགས་སྷོ།། །།དེ་ནས་སེམས་དཔའ་རྡོ་རྗེའི་ཞལ་དུ་འདུས་པའི་ཚོགས་ཐམས་ཅད་ཀྱིས་བལྟས་ཏེ་ཀུན་གྱིས་ཞུས་པ། ཀྱེ་ཀུན་བཟང་རྡོ་རྗེའི་སྙིང་པོ་ཁྱོད། །ཁྱོད་ནི་གསུང་གི་སེང་གེ་སྟེ། །རྫོགས་ཆེན་དོན་འདི་མ་མཐོང་ན། །གོལ་ས་སྒྲིབ་པ་སྐྱོན་ཡོད་ཅེས། །གསུང་གི་སེང་གེས་བསྟན་པ་དེ། །འདུས་པ་ངེད་ཀྱིས་མ་རིག་པས། །གསུང་གི་སེང་གེ་ཁྱོད་ཀྱིས་ནི། །ངེས་པར་གཏན་ལ་དབབ་ཏུ་གསོལ། །ཞེས་ཞུས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་དེས།


DNG006_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་གཏན་ལ་དབབ་པའི་ཕྱིར། གཏན་ལ་འབེབས་པའི་མདོ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ལུང་གསུམ་མན་ངག་བཞི་བདུན་གྱིས། །ངེས་པར་གཏན་ལ་འབེབས་པ་བཤད། །དེ་ཡང་ལུང་གསུམ་གང་ཞེ་ན། །སྙན་ཁུང་བརྒྱུད་པའི་ལུང་དང་གཅིག །མངོན་དུ་ཕྱུང་བའི་ལུང་དང་གཉིས། །གཏན་ལ་འབེབས་པའི་ལུང་གསུམ་མོ། །མན་ངག་རྣམ་བཞི་གང་ཞེ་ན། །ངེས་པ་བཞི་ཡི་མན་ངག་དང་། །མི་རིགས་རིགས་པར་བཤད་པ་གསུམ། །སྐབས་དང་ཕྱག་རྒྱའི་མན་ངག་གཉིས། །དེ་ཉིད་ལམ་གྱི་མན་ངག་གོ། །སྙན་ཁུང་བརྒྱུད་པའི་ལུང་ལ་ཡང་། །རྣམ་པ་གཉིས་སུ་དབྱེ་བར་བྱ། །འཕགས་པའི་ཡེ་ཤེས་སྙན་ཁུང་བརྒྱུད། །གང་ཟག་རྣ་བའི་དབང་པོ་བརྒྱུད། །འཕགས་པའི་ཡེ་ཤེས་སྙན་བརྒྱུད་པ། །རང་བཞིན་ཆོས་ཉིད་གཞལ་ཡས་སུ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །ཚིག་གི་རྡོ་རྗེ་ང་ཉིད་ལ། །ཆོས་ཉིད་རང་བཞིན་སེམས་ཉིད་དེ། །སེམས་ཉིད་རྫོགས་པ་ཆེན་པོའི་ལུང་། །རྡོ་རྗེ་ཡེ་ཤེས་སྙན་ཁུང་བརྒྱུད། །གང་ཟག་རྣ་བར་བརྒྱུད་པ་ནི། །ང་ལས་སྤྲུལ་པ་རབས་བདུན་དང་། །ཡང་སྤྲུལ་གང་ཟག་ཐུགས་ཀྱི་སྲས། །འཁོར་གྱི་གང་ཟག་དབང་པོ་ལ། །འཛམ་གླིང་རྡོ་རྗེའི་གདན་སྟེངས་སུ། །སྡེ་སྣོད་གསུམ་པའི་རིམ་པ་དྲུག །གང་ཟག་བློ་ལ་འཐད་ཕྱོགས་སུ། །འདུལ་བའི་དབང་གིས་བསྟན་པ་ཡང་། །དེ་ཡང་ང་ཡིས་བསྟན་པ་ཡིན། །གང་ཟག་རྣ་བའི་དབང་པོ་བརྒྱུད། །སྙན་ཁུང་བརྒྱུད་པའི་ལུང་འདི་ལ། །ལོ་རྒྱུས་དོན་ཞེས་བཤད་པ་ཡིན། །ལོ་རྒྱུས་དོན་ལ་རྣམ་གསུམ་སྟེ། །བྱིན་གྱིས་རླབས་ཀྱིས་བཤད་པ་དང་། །རང་གི་ངོ་བོས་བཤད་པ་དང་། །ཚིག་སྡེབས་ལེགས་པར་བཤད་པའོ། །བྱིན་གྱིས་རླབས་ཀྱིས་བཤད་པ་ནི། །རང་བཞིན་ཆོས་ཀྱི་གཞལ་ཡས་ན། །སྟོན་པ་ཀུན་ཏུ་བཟང་པོ་ངས། །མཚན་མའི་སྐུ་


DNG006_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་མི་མངའ་ཡང་། །ཆོས་ཉིད་སྐྱེ་བ་མེད་པ་དེ། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བཟང་ཉིད་དུ་བྱིན་བརླབས་ནས། །རྡོ་རྗེ་སེམས་དཔའི་ཐུགས་ལ་བརྒྱུད། །བྱིན་གྱིས་རླབས་ཀྱིས་བཤད་ཅེས་བྱ། །རང་གི་ངོ་བོས་བཤད་པ་ནི། །སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་ནས། །སྟོན་པ་རྡོ་རྗེ་སེམས་དཔའ་ཡང་། །མཚན་མའི་སྐུ་གསུང་མི་མངའ་བར། །ཆོས་ཉིད་སྐྱེ་བ་མེད་པ་དེ། །སྐྱེ་འཇིག་མེད་པའི་ངོ་བོ་དང་། །རྡོ་རྗེ་ཡི་ནི་ངོ་བོ་རུ། །སྤྲུལ་པ་གང་ཟག་སྐལ་ལྡན་ལ། །རིག་པའི་འོག་མིན་གནས་སུ་བཤད། །རང་གི་ངོ་བོས་བཤད་ཅེས་བྱ། །ཚིག་སྡེབས་ལེགས་པར་བཤད་པ་ནི། །འཛམ་གླིང་རྒྱུད་དྲུག་གནས་འདི་ན། །སྤྲུལ་པའི་གང་ཟག་སྐལ་ལྡན་དེར། །ཆོས་ཉིད་སྐྱེ་བ་མེད་པ་དེ། །སྐྱེ་བ་མེད་པའི་ཚིག་བརྗོད་པས། །སྐྱེ་བ་མེད་པའི་དོན་རྟགས་སུ། །རིན་ཆེན་གསེར་གྱི་གླེགས་བམ་ལ། །བཻ་ཌཱུར་ཞུན་མའི་རང་ནན་གྱིས། །ཚིག་དང་ཡི་གེར་བསྡེབས་བྲིས་ནས། །ཕྱི་རབས་རྣམས་ཀྱི་དོན་དུ་བཤད། །ཚིག་སྡེབས་ལེགས་པར་བཤད་ཅེས་བྱ། །དེས་ན་སྙན་ཁུང་བརྒྱུད་པའི་ལུང་ཞེས་བྱ། །མངོན་དུ་ཕྱུང་བའི་ལུང་ལ་ཡང་། །རྣམ་པ་གཉིས་སུ་དབྱེ་བར་བྱ། །དེ་ཡང་གང་དང་གང་ཞེ་ན། །དྲང་བའི་ལུང་དང་ངེས་པའི་ལུང་། །དྲང་བའི་ལུང་ཡང་གང་ཞེ་ན། །རྣམ་པ་བདུན་དུ་ཤེས་པར་བྱ། །མོས་སྤྱོད་བཟོད་ཐོབ་སར་འདྲེན་དང་། །འོད་ཟེར་འཕྲོ་བའི་སར་འདྲེན་དང་། །རྡོ་རྗེ་འཛིན་པའི་སར་འདྲེན་དང་། །སྟུག་པོ་ཆོས་ཉིད་སར་འདྲེན་དང་། །སྐུ་གསུང་རྡོ་རྗེའི་སར་འདྲེན་དང་། །དབྱེར་མེད་ས་རུ་འདྲེན་པའི་ལུང་། །རྩོལ་བསྒྲུབ་འདས་པར་འདྲེན་པའི་ལུང་། །རྣམ་པ་བདུན་དུ་ཤེས་པར་བྱ། །དེ་ཡི་དོན་ནི་འདི་ལྟ་སྟེ། །མོས་སྤྱོད་ས་རུ་འདྲེན་ལུང་ནི། །བདེན་པ་བཞི་ཡི་ལམ་དྲངས་ནས། །སྤང་དང་འགེག་པའི་ལུང་བསྟན་ཏེ། །བཟོད་ཐོབ་དང་པོའི་ས་རུ་འདྲེན། །འོད་ཟེར་འཕྲོ་སར་འདྲེན་ལུང་ནི། །ས་བཅུ་དག་གི་ལམ་


DNG006_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས། །ཕ་རོལ་ཕྱིན་བཅུ་ལུང་བསྟན་ཏེ། །རྟོག་འདས་ཀུན་ཏུ་འོད་སར་འདྲེན། །རྡོ་རྗེ་འཛིན་སར་འདྲེན་ལུང་ནི། །དག་པ་གསུམ་གྱི་ལམ་དྲངས་ནས། །ཡན་ལག་བཅུ་གཅིག་ལམ་དྲངས་ཏེ། །རྡོ་རྗེ་འཛིན་པའི་ས་རུ་འདྲེན། །སྟུག་པོའི་ས་རུ་འདྲེན་ལུང་ནི། །མཚན་མ་མེད་པའི་ལམ་དྲངས་ནས། །ཕྱག་རྒྱ་བཞི་ཡི་ལུང་བསྟན་ཏེ། །སྟུག་པོ་ཆོས་ཉིད་ས་རུ་འདྲེན། །སྐུ་གསུང་རྡོ་རྗེར་འདྲེན་ལུང་ནི། །ཏིང་འཛིན་རྣམ་གསུམ་ལམ་དྲངས་ནས། །རང་རྒྱུད་དག་པར་ལུང་བསྟན་ཏེ། །སྐུ་གསུང་རྡོ་རྗེའི་ས་རུ་འདྲེན། །དབྱེར་མེད་ས་རུ་འདྲེན་ལུང་ནི། །དབྱིངས་དང་ཡེ་ཤེས་ལམ་དྲངས་ཏེ། །སྣང་ལ་རང་བཞིན་ལུང་བསྟན་ཏེ། །དབྱེ་བ་མེད་པའི་ས་རུ་འདྲེན། །རྩོལ་བསྒྲུབ་འདས་པར་འདྲེན་ལུང་ནི། །དབྱེ་བ་མེད་པའི་ལམ་དྲངས་ནས། །ཡེ་ཤེས་ལྷུན་གྲུབ་ལུང་བསྟན་ཏེ། །རྩོལ་བསྒྲུབ་འདས་པའི་ས་རུ་འདྲེན། །རིམ་པ་དགུ་ཡི་དོན་བདུན་ནི། །ཚིག་དང་ཡི་གེ་ཡོད་བསྟན་པས། །དྲང་བའི་ལུང་ཞེས་ང་ཡིས་བཤད། །ངེས་པའི་ལུང་གི་དོན་འདི་ནི། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །རྡོ་རྗེ་སེམས་དཔའ་ང་ཡིས་བཤད། །ཡང་དག་ངེས་པ་འདི་ཡིན་ཞེས། །ཚིག་དང་ཡི་གེས་མཚོན་དུ་མེད། །སྒྲ་དང་ཐ་སྙད་རིལ་ལས་འདས། །སྒྲོ་དང་སྐུར་པ་ཀུན་དང་བྲལ། །ཀུན་ལ་འདས་པའི་དོན་འདི་ལ། །འདི་ཉིད་མཚོན་དུ་མེད་པས་ན། །ངེས་པའི་ལུང་ཞེས་མིང་ཙམ་བཏགས། །ངེས་པར་གདགས་སུ་ཡོད་པ་མིན། །ཞེས་གསུངས་སོ། །གཏན་ལ་འབེབས་པའི་ལུང་འདི་ལ། །བྱེ་བྲག་གཉིས་སུ་དབྱེ་བར་བྱ། །སེམས་ཅན་དབང་པོ་རིམ་དགུ་ལ། །སེམས་འཐད་ཐེག་པ་རིམ་པ་དགུ། །གཏན་ལ་འབེབས་ཏེ་བསྟན་པ་ཡང་། །སེམས་དང་ཆོས་ལ་དབྱེར་མེད་དེ། །ཐམས་ཅད་སེམས་སུ་གཅིག་པའི་ཕྱིར། །དགུ་ཡིས་གཏན་ལ་འབེབས་པ་ཡིན། །ཐམས་ཅད་སེམས་སུ་


DNG006_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ཕྱིར། །སེམས་ཉིད་རྫོགས་པར་གཏན་ལ་འབེབས། །སེམས་འཐད་ཐེག་པ་རིམ་པ་དགུ། །གཏན་ལ་འབེབས་པ་མེད་པ་ནི། །ཉན་ཐོས་དང་ནི་རང་རྒྱལ་གཉིས། །བདེན་པ་བཞི་ཡི་གཏན་ཚིགས་ཀྱིས། །རང་ལས་བྱུང་བའི་ཆོས་ཉིད་ལ། །སྤང་ཞིང་འགེག་པས་གཏན་ལ་འབེབས། །རང་ལས་བྱུང་བ་སྤང་འགེག་པས། །གཏན་ལ་འབེབས་པར་མ་གསུངས་སོ། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ནི། །བདེན་པ་གཉིས་ཀྱི་གཏན་ཚིགས་ཀྱིས། །རང་ལས་བྱུང་བའི་ཆོས་ཉིད་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །སྦྱངས་ཤིང་བགྲོད་པས་གཏན་ལ་འབེབས། །རང་ལས་བྱུང་བའི་ཆོས་སྤྱོད་པས། །གཏན་ལ་འབེབས་པར་ཡོངས་མ་གསུངས། །འབྲས་བུ་ངེས་ཐོབ་བྱ་བ་ནི། །དག་པ་གསུམ་གྱི་གཏན་ཚིགས་ཀྱིས། །རང་ལས་བྱུང་བའི་ཆོས་ཉིད་ནི། །གཟུགས་སྒྲ་དྲི་རོ་རེག་ལ་སོགས། །སྤང་དང་བསྲུང་དང་དག་པ་ཡིས། །ཆོས་དེ་གཏན་ལ་འབེབས་པར་བྱེད། །རང་ཆོས་སྲུང་བར་བྱེད་པས་ན། །གཏན་ལ་འབེབས་པར་ཡོངས་མ་གསུངས། །ཕྱི་པ་ཐུབ་པའི་སེམས་ལ་ནི། །མཚན་མ་མེད་པའི་གཏན་ཚིགས་ཀྱིས། །རང་ལས་བྱུང་བའི་ཆོས་ཉིད་འདི། །དམ་རྫས་ལྔ་ལ་སྤང་ལེན་གྱིས། །སེམས་ཉིད་གཏན་ལ་འབེབས་འདོད་པ། །རང་ལས་བྱུང་བའི་ཆོས་ལྔ་ལ། །སྤང་ལེན་བྱེད་པའི་རང་བཞིན་གྱིས། །གཏན་ལ་འབེབས་པར་ཡོངས་མ་གསུངས། །བསྐྱེད་པ་རྣལ་འབྱོར་ཆེན་པོས་ནི། །ཐབས་དང་ཤེས་རབ་གཏན་ཚིགས་ཀྱིས། །རང་ལས་བྱུང་བའི་ཆོས་ཉིད་ནི། །ཕུང་པོ་འབྱུང་བ་རྣམ་ཤེས་ཡུལ། །དུས་རྣམས་ཀུན་ལ་སྒྲུབ་བྱེད་པས། །རྣལ་འབྱོར་གཏན་ལ་འབེབས་བྱེད་པ། །རང་བྱུང་ཆོས་ལ་སྒྲུབ་བྱེད་པས། །གཏན་ལ་འབེབས་པར་ཡོངས་མ་གསུངས། །རྫོགས་པའི་རྣལ་འབྱོར་ཆེན་པོས་ནི། །དབྱིངས་དང་ཡེ་ཤེས་གཏན་ཚིགས་ཀྱིས། །རང་ལ་བྱུང་བའི་ཆོས་ཉིད་ནི། །སེམས་དང་ཆོས་དང་རིག་


DNG006_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །རྒྱུ་དང་འབྲས་བུ་གཉིས་འབྱེད་པས། །ཆོས་དེ་གཏན་ལ་འབེབས་པར་བྱེད། །རང་ལས་བྱུང་བའི་སེམས་རིག་ལ། །རྒྱུ་དང་འབྲས་བུར་འབྱེད་པ་ཡིས། །གཏན་ལ་འབེབས་པར་ཡོངས་མ་གསུངས། །གཏན་ལ་འབེབས་པར་གསུངས་པ་ནི། །སེམས་ཉིད་རྫོགས་པ་ཆེན་པོ་ལ། །ཆོས་ཀུན་འདུས་ཤིང་གསལ་བ་ཡིས། །ཐམས་ཅད་གཏན་ལ་འབེབས་པར་བསྟན། །དེ་ཡང་ཇི་ལྟ་བུ་ཞེ་ན། །སེམས་ཉིད་རྫོགས་པ་ཆེན་པོ་ཡིས། །ཆོས་ཀུན་ཡོངས་སུ་བྱས་པའི་ཕྱིར། །གཏན་ལ་འབེབས་པའི་ངོ་བོ་དེ། །ཆོས་ཀུན་གཏན་ལ་འབེབས་པར་བཤད། །སེམས་ཉིད་རྫོགས་པ་ཆེན་པོ་ཡིས། །རང་ལས་བྱུང་བའི་ཆོས་རྣམས་ནི། །སེམས་ཉིད་གཅིག་གི་རང་བཞིན་གྱིས། །སེམས་ལས་གཏན་ལ་དབབ་ཏུ་མེད། །སོ་སོར་གཏན་ལ་འབེབས་པ་ནི། །མ་རྟོགས་ཐེག་པ་དགུ་ལས་བྱུང་། །སེམས་ལས་བྱུང་བའི་ཆོས་ཉིད་ལ། །སྡུག་བསྔལ་ཀུན་འབྱུང་ཡིན་ཟེར་བ། །གཏན་ལ་འབེབས་པའི་ཆོས་མ་ཡིན། །སྡུག་བསྔལ་བདེན་པའི་ཆོས་ཉིད་ལ། །སེམས་ཉིད་རྫོགས་པས་གཏན་ལ་འབེབས། །སྤང་ཞིང་འགེག་པས་ཡོངས་མ་རྟོགས། །སེམས་ལས་བྱུང་བའི་ཆོས་ཉིད་ལ། །མི་རྟག་སྡུག་བསྔལ་ཡིན་ཟེར་བ། །མདོ་སྡེས་གཏན་ལ་འབེབས་པ་མིན། །མི་རྟག་སྡུག་བསྔལ་ཆོས་ཉིད་དེ། །འགྱུར་མེད་བདེ་ཆེན་ཆོས་ཉིད་དུ། །སེམས་ཉིད་རྫོགས་པས་གཏན་ལ་དབབ། །སེམས་ལས་བྱུང་བའི་ཆོས་ཉིད་ལ། །མཚན་མ་གཟུང་འཛིན་ཡིན་ཟེར་བས། །ཀྲི་ཡཱས་གཏན་ལ་འབེབས་པ་མིན། །འགེག་སྤང་དྲི་རོ་ཆོས་ཉིད་དེ། །ཡེ་ནས་དག་པའི་ཆོས་ཉིད་དུ། །སེམས་ལ་རྫོགས་པར་གཏན་ལ་འབེབས། །སེམས་ལས་བྱུང་བའི་ཆོས་ཉིད་ལ། །དམ་རྫས་གཙང་བཙོག་ཡིན་ཟེར་བས། །ཡོ་གས་གཏན་ལ་མི་ཕེབས་ཏེ། །དམ་རྫས་ལྔ་ཡི་ཆོས་ཉིད་དེ། །རང་རྒྱུད་དག་པའི་ཆོས་ཉིད་དུ། །སེམས་ཉིད་རྫོགས་པས་གཏན་ལ་འབེབས། །སེམས་ལས་བྱུང་བའི་ཆོས་


DNG006_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ། །ཕུང་པོ་འབྱུང་བ་རྣམ་ཤེས་ལ། །བཙལ་ཞིང་བསྒྲུབ་པ་དགོས་ཟེར་བ། །མ་ཧཱས་གཏན་ལ་ཕེབས་པ་མིན། །ཕུང་པོ་རྣམ་ཤེས་ཆོས་ཉིད་དེ། །མ་འགགས་པ་ཡི་ཡེ་ཤེས་སུ། །སེམས་ཉིད་རྫོགས་པས་གཏན་ལ་འབེབས། །སེམས་ལས་བྱུང་བའི་ཆོས་ཉིད་ནི། །སེམས་རིག་རྒྱུ་འབྲས་ཡིན་ཟེར་བས། །ཨ་ནུས་གཏན་ལ་ཕེབས་པ་མིན། །དབྱིངས་དང་ཡེ་ཤེས་ཆོས་ཉིད་དེ། །རྩོལ་བསྒྲུབ་འདས་པའི་ཆོས་ཉིད་དུ། །སེམས་ཉིད་རྫོགས་པས་གཏན་ལ་ཕབ། །སེམས་ཉིད་རྫོགས་པ་ཆེན་པོ་འདིས། །ཐམས་ཅད་གཏན་ལ་འབེབས་པ་ནི། །ཆོས་ཀུན་སེམས་སུ་འདུས་པས་ནི། །སེམས་ཀྱི་རང་བཞིན་བསྟན་པ་ཡིན། །སེམས་ཀྱི་རང་བཞིན་བསྟན་པ་ལ། །ཆོས་ཀུན་གཏན་ལ་ཕབ་ཅེས་བྱ། །གཏན་ལ་འབེབས་པའི་ལུང་གསུམ་བསྟན་ཏོ། །མན་ངག་བཞི་ནི་གང་ཞེ་ན། །རྣམ་པ་གཉིས་སུ་དབྱེ་བར་བྱ། །དེ་ཡང་གང་དང་གང་ཞེ་ན། །བཞི་པ་གཉིས་ཀྱི་རྣམ་པ་སྟེ། །ངེས་པ་བཞི་ཡི་མན་ངག་དང་། །མི་རིགས་རིགས་པར་བཤད་པ་གསུམ། །སྐབས་དང་ཕྱག་རྒྱའི་མན་ངག་གཉིས། །དེ་ཉིད་ལམ་གྱི་མན་ངག་གོ། །ངེས་པ་བཞི་ཡི་མན་ངག་ཀྱང་། །ཡེ་ཤེས་སྤང་ལེན་མེད་པར་ངེས། །སྙིང་རྗེ་ཕྱོགས་རིས་མེད་པར་ངེས། །འབྱུང་ལྔ་ཡེ་ནས་སངས་རྒྱས་ངེས། །སེམས་ལ་གཉེན་པོ་མེད་པར་ངེས། །མི་རིགས་རིགས་པར་བཤད་གསུམ་ནི། །སེམས་ལས་མ་བྱུང་སངས་རྒྱས་ནི། །མི་རིགས་རིག་པར་བཤད་པ་དང་། །རྒྱུ་ལས་མ་བྱུང་འབྲས་བུ་ཡང་། །མི་རིགས་རིགས་པར་བཤད་པ་དང་། །རྒྱུད་ལས་མ་བྱུང་མན་ངག་ཀྱང་། །མི་རིགས་རིགས་པར་བཤད་པ་ཡིན། །སྐབས་དང་ཕྱག་རྒྱའི་མན་ངག་ནི། །སྐབས་ནི་བཅུ་གཉིས་བདུན་བསྟན་ལ། །ཕྱག་རྒྱ་བཅུ་གཉིས་ལྔ་ཡིས་བསྟན། །དེ་ཉིད་ལམ་གྱི་མན་ངག་ནི། །ཆོས་ཉིད་སེམས་དེ་སུས་མཐོང་བ། །ངེས་པ་ལམ་གྱི་མན་ངག་གོ། །རྣམ་གཅིག་མན་ངག་རྣམ་བཞི་ནི། །ངོ་བོ་བཞི་ནི་བསྟན་པ་སྟེ། །བྱང་


DNG006_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་ཀྱི་མན་ངག་དང་། །སྦྱོར་བ་མེད་པའི་མན་ངག་དང་། །དུས་གསུམ་གཏན་ཚིགས་མན་ངག་དང་། །ལུང་ཆེན་ཁུངས་ཀྱི་མན་ངག་གོ། །ཡེ་ཤེས་སྤང་ལེན་མེད་པ་ནི། །སེམས་ཉིད་རྫོགས་པའི་ཡེ་ཤེས་ཏེ། །ཡེ་ནས་རང་བྱུང་ཡེ་ཤེས་ལ། །ཆོས་ལ་དུས་གསུམ་སྒྲིབ་མེད་པས། །སྤང་དང་ལེན་པ་མི་མངའ་སྟེ། །རང་བྱུང་ཡེ་ཤེས་འགྱུར་མེད་ལ། །སྤང་དང་འགེག་པ་ཡོངས་མི་མངའ། །སྦྱང་ཞིང་བགྲོད་པ་ཡོངས་མི་མངའ། །གཟུང་ཞིང་འཛིན་པ་ཡོངས་མི་མངའ། །བླང་ཞིང་དོར་བ་ཡོངས་མི་མངའ། །བཙལ་ཞིང་བསྒྲུབ་པ་ཡོངས་མི་མངའ། །རྒྱུ་དང་འབྲས་བུ་ཡོངས་མི་མངའ། །དེས་ན་རང་བྱུང་ཡེ་ཤེས་ལ། །སྤང་ལེན་མེད་པར་བསྟན་པ་ཡིན། །ཡང་ན་རྣམ་པ་བརྒྱད་པོ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས། །ཐེག་པ་སོ་སོར་རྟོགས་པར་བྱེད། །དེས་ན་ཡེ་ཤེས་གྲངས་སུ་འབྱུང་། །གྲངས་ཀྱི་ཡེ་ཤེས་རྣམ་པ་ནི། །ཤེས་དང་ཆོས་ཤེས་རྗེས་སུ་ཤེས། །ཇི་མི་སྙམ་པའི་ཡེ་ཤེས་ནི། །བདེན་པ་བཞི་པོ་གཅིག་པ་ལའང་། །རྣམ་པ་བཞི་བཞིར་དབྱེ་བ་ནི། །གྲངས་ཀྱི་ཡེ་ཤེས་བཅུ་དྲུག་ཏུ། །བདེན་པ་བཞི་ལས་བྱུང་བ་ཡིན། །དེས་ཀྱང་སྤང་ཞིང་འགེག་པས་ན། །སྤང་ལེན་མེད་པའི་ཡེ་ཤེས་མིན། །མི་རྟག་པ་དང་སྡུག་བསྔལ་དང་། །སྟོང་པ་དང་ནི་བདག་མེད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །དོན་དམ་ཀུན་རྫོབ་ཤེས་པ་སྟེ། །དེས་ཀྱང་སྦྱངས་ཤིང་བགྲོད་དགོས་པས། །སྦྱང་བགྲོད་མེད་པའི་ཡེ་ཤེས་མིན། །དག་པ་གསུམ་གྱི་ཏིང་འཛིན་གྱིས། །དྲི་རོ་སྤངས་ཤིང་རིགས་གསུམ་རྟོག །ངེས་ཀྱང་གཟུང་འཛིན་སྤངས་ནས་ཀྱང་། །གཟུང་འཛིན་འདས་པའི་ཡེ་ཤེས་མིན། །ཕྱག་རྒྱ་བཞི་འཛིན་རིག་པ་ཡིས། །རང་རྒྱུད་དག་པའི་ཆོས་ལྔ་ལ། །རྟོག་པས་བླང་ཞིང་དོར་བྱེད་པས། །བླང་དོར་མེད་པའི་ཡེ་ཤེས་


DNG006_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །ཐབས་དང་ཤེས་རབ་ཆོས་ཉིད་ལ། །སྐུ་གསུང་རིགས་དང་ཁ་དོག་གསལ། །རང་རྒྱུད་དག་པར་སྒྲུབ་བྱེད་པས། །རྩལ་བསྒྲུབ་འདས་པའི་ཡེ་ཤེས་མིན། །དབྱིངས་དང་ཡེ་ཤེས་ཆོས་ཉིད་ལ། །རྒྱུ་འབྲས་དག་པའི་རིག་པ་ཡིས། །དེ་ཡིས་བཙལ་ཞིང་སྒྲུབ་བྱེད་པས། །རྒྱུ་འབྲས་འདས་པའི་ཡེ་ཤེས་མིན། །རང་བྱུང་ཡེ་ཤེས་སྐུ་གཅིག་ལ། །ཐེག་པ་གྲངས་ཀྱི་ཡེ་ཤེས་ཀྱིས། །གསལ་བར་བསྐྱེད་པར་མི་ནུས་སོ། །སེམས་ཉིད་རྫོགས་པ་ཆེན་པོ་ཡི། །འགྱུར་མེད་རང་བྱུང་ཡེ་ཤེས་ལ། །ཡེ་ནས་སྒྲིབ་པ་མི་མངའ་བས། །སྤང་ལེན་མེད་པའི་ཡེ་ཤེས་སོ། །དེས་ན་སྤང་ལེན་མེད་པར་ངེས། །ཞེས་བསྟན།སྙིང་རྗེ་ཕྱོགས་རིས་མེད་པ་ནི། །རྣམ་པ་གསུམ་དུ་ཤེས་པར་བྱ། །ཅིར་མི་མཛད་པའི་སྙིང་རྗེ་དང་། །ཀུན་ལ་ཁྱབ་པའི་སྙིང་རྗེ་དང་། །ཕྱོགས་མཚམས་འཛིན་པའི་སྙིང་རྗེའོ། །གཉིས་ལ་ཕྱོགས་རིས་མེད་པ་སྟེ། །ཕྱོགས་མཚམས་འཛིན་ལ་ཕྱོགས་ཡོད་དེ། །དེ་ཡང་གང་དང་གང་ཞེ་ན། །རྣམ་པ་གསུམ་དུ་ཤེས་པར་བྱ། །ཅིར་ཡང་མི་མཛད་པ་ཡི་སྙིང་རྗེ་ནི། །སེམས་ཉིད་རྫོགས་པའི་བྱང་ཆུབ་སེམས། །སྤྲོས་དང་བྲལ་བའི་རང་བཞིན་གྱིས། །དངོས་པོ་མཚན་མ་ཅིར་མི་མཛད། །དེས་ན་སྙིང་རྗེ་ཕྱོགས་རིས་མེད། །ཀུན་ལ་ཁྱབ་པའི་སྙིང་རྗེ་ནི། །སེམས་ཉིད་རྫོགས་པའི་བྱང་ཆུབ་སེམས། །བླང་དོར་མེད་པའི་རང་བཞིན་གྱིས། །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ། །དེས་ན་སྙིང་རྗེ་ཕྱོགས་རིས་མེད། །ཕྱོགས་མཚམས་འཛིན་པའི་སྙིང་རྗེ་ནི། །ཐེག་པ་བརྒྱད་ཀྱི་ཆོས་ཉིད་དེ། །རྒྱུ་དང་འབྲས་བུར་ཕྱོགས་མཚམས་འཛིན། །རྩོལ་བསྒྲུབ་ཡོད་པར་ཕྱོགས་མཚམས་འཛིན། །ལྷ་དང་བདག་ཏུ་ཕྱོགས་མཚམས་འཛིན། །ཡུལ་དང་དབང་པོར་ཕྱོགས་མཚམས་འཛིན། །ཀུན་རྫོབ་དོན་དམ་ཕྱོགས་མཚམས་འཛིན། །ཕྱོགས་མཚམས་འཛིན་པའི་སྙིང་རྗེ་དེ། །སྙིང་རྗེ་ཆེན་པོ་མ་ཡིན་ཏེ། །སྙིང་རྗེ་ཆུང་ངུ་ཡིན་


DNG006_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད། །སེམས་ཉིད་རྫོགས་པའི་བྱང་ཆུབ་སེམས། །ཐམས་ཅད་རྫོགས་པའི་རང་བཞིན་གྱིས། །སྙིང་རྗེ་ཕྱོགས་རིས་མེད་པར་ངེས། །ཞེས་བསྟན། འབྱུང་ལྔ་ཡེ་ནས་སངས་རྒྱས་ནི། །ཟབ་མོ་ལྔ་ཡི་སངས་རྒྱས་ཏེ། །དེ་ཡང་གང་དང་གང་ཞེ་ན། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །གཅིག་ལ་རང་བཞིན་ལྔ་ལྔ་སྟེ། །ཉི་ཤུ་རྩ་ལྔ་འབྱུང་བའོ། །དེ་ཡང་རང་བཞིན་རྣམ་ལྔ་ནི། །སྣང་བ་ས་ཡི་རང་བཞིན་ལ། །སྡུད་པ་ཆུ་ཡི་རང་བཞིན་ཡིན། །ཡང་བ་རླུང་གི་རང་བཞིན་ཡིན། །སྙོམས་པ་མེ་ཡི་རང་བཞིན་ལ། །གསལ་བ་ནམ་མཁའི་རང་བཞིན་ཡིན། །དེ་ཡང་ཡེ་ནས་སངས་རྒྱས་ཏེ། །ས་ནི་སྲ་བྱེད་རྡོ་རྗེའི་དབྱིངས། །སྐྱེ་འཇིག་མེད་པའི་སངས་རྒྱས་ཡིན། །ཆུ་ནི་རིན་ཆེན་གཏེར་གྱི་དབྱིངས། །ཐམས་ཅད་འདུས་པའི་སངས་རྒྱས་ཡིན། །མེ་ནི་པདྨ་དག་པའི་དབྱིངས། །གཟུང་འཛིན་སྲེག་པའི་སངས་རྒྱས་སོ། །རླུང་ནི་ཡང་ཞིང་གཡོ་བའི་དབྱིངས། །ཀུན་ཏུ་བསྐྱོད་པའི་སངས་རྒྱས་སོ། །ནམ་མཁའ་སྣང་བྱེད་ཁྱབ་པའི་དབྱིངས། །མ་བསྒྲིབས་གསལ་བའི་སངས་རྒྱས་སོ། །དེས་ན་འབྱུང་ཆེན་རྣམ་པ་ལྔ། །ཡེ་ནས་སངས་རྒྱས་ཡིན་པ་རུ། །སེམས་ཉིད་རྫོགས་པའི་ལུང་གིས་བཤད། །ཅེས་བསྟན། སེམས་ལ་གཉེན་པོ་མེད་ངེས་ནི། །རྣམ་པ་གསུམ་གྱི་གཏན་ཚིགས་ཀྱིས། །གཉེན་པོ་མེད་པར་བསྟན་པ་ཡིན། །དེ་ཡང་གང་དང་གང་ཞེ་ན། །དཔེ་ལ་གཉེན་པོ་མེད་པ་དང་། །དོན་ལ་གཉེན་པོ་མེད་པ་དང་། །རྟགས་ལ་གཉེན་པོ་མེད་པའོ། །དཔེ་ལ་གཉེན་པོ་མེད་པ་ནི། །ནམ་མཁའི་དཔེ་ལ་གཉེན་པོ་མེད། །དོན་ལ་གཉེན་པོ་མེད་པ་ནི། །ཆོས་ཉིད་དོན་ལ་གཉེན་པོ་མེད། །རྟགས་ལ་གཉེན་པོ་མེད་པ་ནི། །བྱང་ཆུབ་སེམས་ལ་གཉེན་པོ་མེད། །དེ་ཡང་ཇི་ལྟ་བུ་ཞེ་ན། །དཔེ་དང་དོན་རྟགས་གསུམ་པོ་ལ། །རྒྱུ་དང་ས་བོན་མ་མཆིས་པས། །རྐྱེན་དང་གཉེན་པོ་ཀུན་དང་བྲལ། །དེས་ན་སེམས་ཉིད་རྫོགས་པ་ལ། །གཉེན་


DNG006_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་པ་ཞེས་བྱའོ། །ངེས་པ་བཞི་ཡི་མན་ངག་གོ། །མི་རིགས་རིགས་པར་བཤད་གསུམ་ནི། །སེམས་ལས་མ་བྱུང་སངས་རྒྱས་ནི། །མི་རིགས་རིགས་པར་བཤད་པ་ཡིན། །རྒྱུ་ལས་མ་བྱུང་འབྲས་བུ་ཡང་། །མི་རིགས་རིགས་པར་བཤད་པ་ཡིན། །ལུང་ལས་མ་བྱུང་མན་ངག་ཀྱང་། །མི་རིགས་རིགས་པར་བཤད་པ་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །སེམས་ལས་མ་བྱུང་སངས་རྒྱས་ནི། །ཆོས་ཉིད་མཁའ་ལ་དབྱིངས་ཉིད་ཀློང་། །སེམས་ལས་མ་བྱུང་སངས་རྒྱས་ཡིན། །རྒྱུ་ལས་མ་བྱུང་འབྲས་བུ་དང་། །བྱང་ཆུབ་སེམས་ཀྱི་འབྲས་བུ་ནི། །རྒྱུ་ལས་མ་བྱུང་འབྲས་བུ་ཡིན། །ལུང་ལས་མ་བྱུང་མན་ངག་ནི། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན། །སྤྲུལ་པའི་གང་ཟག་སྐལ་ལྡན་གྱིས། །ཇི་ལྟར་རྟོགས་ཤིང་རིག་པ་དེ། །ལུང་ལས་མ་བྱུང་མན་ངག་ཡིན། །མི་རིགས་རིགས་པ་འདི་གསུམ་ཡང་། །མན་ངག་དག་གི་རིག་པས་བཤད། །མི་རིགས་རིགས་པར་བཤད་པའོ། །སྐབས་དང་ཕྱག་རྒྱའི་མན་ངག་ནི། །རྣམ་པ་གཉིས་སུ་གསུམ་དུ་ཡང་འདུག་དབྱེ་བར་བྱ། །སྐབས་ནི་བཅུ་པ་གཉིས་དང་བདུན། །ཕྱག་རྒྱ་བཅུ་གཉིས་ལྔ་ལས་མེད། །གཉིས་ནི་རྩོལ་ཞིང་སྒྲུབ་པར་བྱེད། །སྐབས་ཞེས་བྱ་བའི་མན་ངག་ནི། །སེམས་ཉིད་རྫོགས་པའི་སྙིང་པོ་དེ། །སྒྲིབ་མེད་རང་བྱུང་ཡེ་ཤེས་ལ། །ཆོས་ཀུན་དུས་གསུམ་སྒྲིབ་མེད་པས། །ཆོས་ཉིད་དོན་ལ་འགག་པ་མེད། །སོ་སོ་དག་གིས་གོ་སྐབས་འབྱེད། །དེས་ན་སྐབས་ཞེས་བསྟན་པ་ཡིན། །ཕྱག་རྒྱ་དག་གི་ངེས་པ་ནི། །སེམས་ཉིད་རྫོགས་པའི་སྙིང་པོ་དེ། །ཡེ་ནས་བྱང་ཆུབ་སྐུ་ཡིན་པས། །སྐྱེ་བ་མེད་ཅིང་འགྱུར་བ་མེད། །ཡེ་ནས་ཡེ་ཤེས་ཆེན་པོའི་སྐུ། །འགྱུར་བ་མེད་པའི་རང་བཞིན་ལ། །ཕྱག་རྒྱ་ཞེས་ནི་བསྟན་པ་ཡིན། །སེམས་ཉིད་རྫོགས་པ་ཆེན་པོ་ལ། །ཡེ་ཤེས་དོན་གྱི་བྱེ་བྲག་ནི། །སྐབས་དང་ཕྱག་རྒྱ་ཉི་ཤུ་ལྔས། །སོ་སོ་དག་གིས་སྐབས་ཕྱེ་ནས། །ཡོ་ག་བཞི་ཡིས་དོན་ཕྱུང་སྟེ། །ཆེ་བ་ལྔ་ཡི་ཁྱད་པར་གྱིས། །རིམ་པ་དགུ་དང་འཇིག་རྟེན་


DNG006_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རང་རེ་དག་གི་བདེན་པ་དེས། །ངེས་པར་གཏན་ལ་མ་ཕེབས་པ། །ལོང་བ་དམིགས་བུ་ཟིན་པ་ལྟར། །ཡེ་ཤེས་དོན་གྱི་བྱེ་བྲག་འདིས། །ངེས་པར་གཏན་ལ་འབེབས་པར་བྱེད། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཅི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཡེ་ནས་འདུས་བྱས་མ་ཡིན་པས། །ཆོས་ཉིད་དག་ཏུ་གནས་པ་དེ། །ཆོས་ཉིད་སྐབས་ཞེས་བསྟན་པ་ཡིན། །འདུས་མ་བྱས་པའི་ཆོས་ཉིད་དེ། །འགྲོ་བ་རྣམས་ལ་རང་བཞིན་གྱིས། །ཡེ་ནས་མ་ཕྱེ་གནས་པའི་ཕྱིར། །རང་བཞིན་གནས་པའི་སྐབས་ཞེས་བྱ། །འདུས་མ་བྱས་པའི་ཆོས་ཉིད་དེ། །མ་བཅོས་ངང་ལ་གནས་པ་ཡིས། །སངས་རྒྱས་ཆེ་བ་ཐོབ་པའི་ཕྱིར། །རང་བཞིན་ཆེ་བ་སྐབས་ཀྱིས་བསྟན། །འདུས་མ་བྱས་པའི་ཆོས་ཉིད་དེ། །བཙལ་བ་མེད་པར་གྲུབ་པའི་ཕྱིར། །བཙལ་དང་བྲལ་བའི་སྐབས་ཀྱིས་བསྟན། །འདུས་མ་བྱས་པའི་ཆོས་ཉིད་དེ། །ཚིག་དང་ཡི་གེས་བརྗོད་མེད་ཕྱིར། །བརྗོད་དང་བྲལ་བའི་སྐབས་ཀྱིས་བསྟན། །འདུས་མ་བྱས་པའི་ཆོས་ཉིད་དེ། །སྐྱེ་བ་མེད་པའི་རང་བཞིན་གྱིས། །ཁམས་གསུམ་དག་ཏུ་མི་འཁོར་བས། །ལས་ཀྱིས་མི་འཁོར་སྐབས་ཞེས་བྱ། །འདུས་མ་བྱས་པའི་ཆོས་ཉིད་དེ། །བྱང་ཆུབ་སེམས་སུ་གཅིག་པའི་ཕྱིར། །གཉིས་མེད་སྐྱོན་བྲལ་སྐབས་ཞེས་བྱ། །ཆོས་ཀུན་རང་གི་སེམས་ལ་འདུས། །སེམས་ཀྱི་རྟོགས་པ་བཤད་པའི་ཕྱིར། །ཡེ་ཤེས་རང་བྱུང་སྐབས་ཞེས་བྱ། །ཆོས་ཀུན་རང་གི་སེམས་ལ་འདུས། །སེམས་དང་བྲལ་བ་མེད་པའི་ཕྱིར། །གཟུངས་ཀྱི་སྦྱོར་ཐབས་སྐབས་ཞེས་བྱ། །ཆོས་ཀུན་རང་གི་སེམས་ལ་འདུས། །སེམས་ལ་ཆོས་ཀུན་རྫོགས་པའི་ཕྱིར། །ཡོངས་སུ་རྫོགས་པའི་སྐབས་ཞེས་བྱ། །ཆོས་ཀུན་རང་གི་སེམས་ལ་རྫོགས། །སེམས་ལ་གཟུང་འཛིན་མེད་པའི་ཕྱིར། །ཆགས་དང་བྲལ་བའི་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་ལ་འདུས། །སེམས་


DNG006_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡེ་ནས་ཆེ་བའི་ཕྱིར། །གདོད་ནས་ཆེ་བའི་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་སྐྱོན་ཡོན་མེད་པའི་ཕྱིར། །སྨོན་ལམ་བྲལ་བའི་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་ཐམས་ཅད་རྫོགས་པའི་ཕྱིར། །ལུང་ཆེན་སྟོན་པའི་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་བཟང་ངན་མེད་པའི་ཕྱིར། །མཉམ་པ་ཉིད་ཀྱི་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །བླང་དོར་མེད་པར་མ་རྟོགས་ཕྱིར། །བདེ་བ་སྤང་བའི་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་བཙལ་དུ་མེད་པའི་ཕྱིར། །རྩོལ་དང་བྲལ་བའི་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་འགྱུར་བ་མེད་པའི་ཕྱིར། །ཆོས་ཉིད་མི་འགྱུར་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་གཉེན་པོ་མེད་པའི་ཕྱིར། །རྒྱུ་རྐྱེན་བྲལ་བའི་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་གཅིག །རྒྱུད་དྲུག་སྙིང་པོ་སེམས་གཅིག་ཕྱིར། །འགྲོ་ཀུན་སངས་རྒྱས་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་ཚོགས་ཀུན་འདུས་པའི་ཕྱིར། །ཡེ་ཤེས་དག་པའི་ཚོགས་ཆེན་པོས། །ཚོགས་ཆེན་དབུལ་བའི་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་དེ་ཡེ་ཤེས་ཤར་བའི་ཕྱིར། །ཚོགས་རྒྱན་ལྷུན་གྱིས་གྲུབ་པའི་སྐབས། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ཉིད་ལྷུན་གྱིས་གྲུབ་པའི་ཕྱིར། །ལྷུན་གྱིས་གྲུབ་པའི་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་རྩོལ་བསྒྲུབ་མེད་པའི་ཕྱིར། །ཕྲིན་ལས་རྒྱ་མཚོའི་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ཉིད་ཆོས་ཀྱི་ཁུངས་ཡིན་ཕྱིར། །ལུང་ཆེན་འདྲེལ་བའི་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ཉིད་བཙལ་བ་མེད་པ་ལ། །བཙལ་བའི་གོལ་


DNG006_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བསྟན་པའི་ཕྱིར། །བཙལ་དང་མ་བྲལ་སྐབས་ཞེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་འདུས་ལ། །སེམས་ཉིད་ཆགས་ཤིང་གཡོས་མེད་ལ། །མ་ཆགས་མ་གཡོའི་སེམས་མེད་པས། །འཆིང་བ་ཆེན་པོའི་སྐབས་ཞེས་བྱ། །སེམས་ཀྱི་ཆོས་ཉིད་དེ་རྣམས་ལ། །མ་འགགས་པ་ཡི་སྐབས་ཞེས་བྱ། །ཕྱག་རྒྱ་ཉི་ཤུ་རྩ་ལྔ་ནི། །ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །གཅིག་ཏུ་བསྡུས་ཏེ་ཉི་ཤུ་ལྔ། །བགྲང་བའི་དོན་ནི་འདི་ལྟ་སྟེ། །རྒྱུད་དྲུག་སེམས་ཅན་ཐམས་ཅད་ཀུན། །སྙིང་པོ་བྱང་ཆུབ་ཞིང་ཡིན་པས། །ཆོས་ཉིད་དོན་དེ་ཤེས་པ་དང་། །དོན་དེ་ཡིད་ཆེས་བྱ་བའི་ཕྱིར། །ཉི་ཤུ་རྩ་ལྔར་བགྲངས་མོད་ཀྱིས། །ཡང་དག་བྱང་ཆུབ་སེམས་ལ་ནི། །ཚིག་ཏུ་བགྲངས་ན་མཐའ་ཡས་ཏེ། །ངེས་པར་སེམས་ལ་བགྲང་དུ་མེད། །ཉི་ཤུ་རྩ་ལྔ་འདི་ལྟ་སྟེ། །མཚན་མའི་ཡུལ་ལ་མི་གནས་ཏེ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །དབྱིངས་དང་ཡེ་ཤེས་གཉིས་མེད་པས། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཡུལ་དང་དབང་པོ་གཉིས་མེད་པས། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །སེམས་ཉིད་བདེ་བ་ཆེན་པོ་དེ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཆོས་ཉིད་གསལ་བའི་བྱང་ཆུབ་སེམས། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཐབས་དང་ཤེས་རབ་འདུ་འབྲལ་མེད། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཆོས་ཉིད་དག་ལས་ཡེ་ཤེས་འབྱུང་། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཀུན་བཟང་ཡབ་ཡུམ་གཉིས་མེད་པས། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཐམས་ཅད་རང་ལ་རྫོགས་པ་ཡང་། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཆོས་ཉིད་དག་ལ་རོལ་པ་དེ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །སེམས་ལ་དུས་གསུམ་མེད་པའི་ཕྱིར། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །སེམས་ཉིད་འདུ་འབྲལ་མེད་པ་དེ། །ཡེ་


DNG006_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཐམས་ཅད་གཅིག་ཏུ་འདུས་པ་ནི། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །བྱང་ཆུབ་སེམས་ལས་གཡོས་པ་མེད། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཆོས་ཉིད་དག་ལ་འགྱུར་བ་མེད། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །བརྗོད་དུ་མེད་པའི་ཡུལ་ལ་རོལ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །བྱང་ཆུབ་སེམས་ལས་ཀུན་སྤྲུལ་པས། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །གང་གིས་ཆོས་ཉིད་རིག་པ་དེ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཆོས་ཉིད་རྒྱན་དུ་རིག་པ་དེ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཇི་ལྟར་རྟོགས་པའི་རིག་པ་དེ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཐམས་ཅད་སངས་རྒྱས་ཤེས་པ་དེ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཕྲིན་ལས་ལྷུན་གྱིས་གྲུབ་པ་དེ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ངེས་པར་གཏན་ལ་དབབ་པ་ཡང་། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཕྱག་རྒྱ་ཉི་ཤུ་རྩ་ལྔ་སྟེ། །ལྟོས་པའི་ཆོས་ནི་ཐམས་ཅད་ཀུན། །ལོང་བས་དམིག་བུ་ཟིན་པ་ལྟར། །བསྟན་པ་རྒྱུད་ཀྱི་སྤྱི་འགྲེལ་ཞེས། །རྫོགས་པ་ཆེན་པོས་བཤད་པ་ཡིན། །ཕྱག་རྒྱ་འདི་ཡི་རང་བཞིན་ནི། །རྣམ་པ་གསུམ་དུ་ཤེས་པར་བྱ། །མིང་དང་རང་བཞིན་དཔེ་གསུམ་སྟེ། །མིང་ནི་ཕྱག་རྒྱར་བཤད་པ་ཡིན། །རང་བཞིན་འགྱུར་བ་མེད་པ་སྟེ། །རྡོ་རྗེའི་སེམས་ལ་འགྱུར་བ་མེད། །དཔེ་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའི་དཔེ་ལ་མཚོན་དུ་མེད། །ཅེས་བསྟན། སྐབས་དང་ཕྱག་རྒྱའི་མན་ངག་གོ། །དེ་ཉིད་ལམ་གྱི་མན་ངག་ནི། །རྣམ་པ་བཅུ་དང་དྲུག་ཏུ་བགྲང་། །དེ་ཡང་གང་དང་གང་ཞེ་ན། །ཡོ་ག་རྣམ་བཞི་རེ་རེ་ལ། །དེ་ཉིད་རྣམ་པ་བཞི་བཞི་སྟེ། །རྣམ་པ་བཅུ་དང་དྲུག་ཏུ་བགྲང་། །དེ་ཉིད་རྣམ་པ་བཅུ་དྲུག་ནི། །བྱང་ཆུབ་སེམས་ཀྱི་དེ་ཉིད་དེ། །སེམས་དང་ཆོས་དང་ཡེ་ཤེས་དེ། །ངོ་བོ་དག་གི་དེ་ཉིད་དོ། །སྔོན་དང་ད་ལྟར་ཕྱི་མ་དང་། །དེ་དང་འདྲ་བ་ཀུན་


DNG006_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གྱིའོ། །ཤིན་ཏུ་རྣལ་འབྱོར་དེ་ཉིད་ནི། །རྣམ་པ་བཞི་རུ་བགྲང་བར་བྱ། །སངས་རྒྱས་སེམས་ཅན་རྒྱུད་དྲུག་ཀུན། །མ་བཅོས་སེམས་ཀྱི་དེ་ཉིད་དེ། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །མ་བྱས་ཆོས་ནི་དེ་ཉིད་དོ། །དུས་གསུམ་བསྐྱོད་པ་མེད་པ་ནི། །མ་བསྒྲིབས་ཡེ་ཤེས་དེ་ཉིད་དོ། །ཐམས་ཅད་ཡོངས་སུ་རྫོགས་པ་ནི། །ངོ་བོ་དག་གི་དེ་ཉིད་དོ། །ཀུན་ཏུ་རྣལ་འབྱོར་དེ་ཉིད་ནི། །རྣམ་པ་བཞི་རུ་བགྲང་བར་བྱ། །ཆོས་དབྱིངས་ཇི་ལྟར་རིག་པ་དེ། །དེ་ནི་སེམས་ཀྱི་དེ་ཉིད་ཡིན། །དབྱིངས་ཉིད་ཅིར་ཡང་བཅོས་མེད་པས། །དེ་ནི་ཆོས་ཀྱི་དེ་ཉིད་ཡིན། །དབྱིངས་དང་ཡེ་ཤེས་གསལ་བ་ནི། །དེ་ནི་ཡེ་ཤེས་དེ་ཉིད་ཡིན། །དབྱིངས་དང་ཡེ་ཤེས་གཉིས་མེད་པས། །དེ་ནི་ངོ་བོ་དེ་ཉིད་ཡིན། །རྣལ་འབྱོར་ཆེན་པོའི་དེ་ཉིད་ཀྱང་། །རྣམ་པ་བཞི་རུ་ཤེས་པར་བྱ། །ཡི་གེ་ཧཱུྃ་ལ་སོགས་པ་ནི། །དེ་ལས་ཐམས་ཅད་བསྐྱེད་པ་ནི། །སེམས་ཀྱི་དེ་ཉིད་ཡིན་པར་བཤད། །ཕུང་པོ་འབྱུང་བ་རྣམ་ཤེས་ཡུལ། །སྣང་ལ་རང་བཞིན་མེད་པས་ནི། །ཡེ་ནས་ཆོས་ཉིད་དེ་ཉིད་ཡིན། །དེ་ལྟར་མ་བསྒྲིབས་གསལ་བ་ནི། །ཡེ་ཤེས་དག་གི་དེ་ཉིད་ཡིན། །བདག་ཉིད་ཆེན་པོ་གྲུབ་པ་ནི། །ངོ་བོ་དག་གི་དེ་ཉིད་དོ། །སེམས་དཔའི་རྣལ་འབྱོར་དེ་ཉིད་ཀྱང་། །རྣམ་པ་བཞི་རུ་བགྲང་བར་བྱ། །གང་ཞིག་ཏིང་འཛིན་སྡོམ་གནས་ནས། །སྡོམ་དེ་ཡིད་ལ་གང་གནས་པ། །སེམས་ཀྱི་དེ་ཉིད་ཡིན་པར་བཤད། །ཏིང་འཛིན་ཆགས་པ་མེད་པ་ནི། །ཆོས་ཀྱི་དེ་ཉིད་ཡིན་པར་བཤད། །རིགས་དང་ཁ་དོག་སོ་སོར་གསལ། །ཡེ་ཤེས་དག་གི་དེ་ཉིད་ཡིན། །རིགས་བཞི་ཕྱག་རྒྱ་ཆེན་པོ་བཞི། །ངོ་བོ་དག་གི་དེ་ཉིད་ཡིན། །དེ་ཉིད་རྣམ་པ་བཅུ་དྲུག་ནི། །ལམ་གྱི་ལུང་དུ་ཤེས་པར་བྱ། །ངོ་བོ་བཞི་ཡི་མན་ངག་ལ། །བྱང་ཆུབ་སེམས་ཀྱི་མན་ངག་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་


DNG006_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སེམས་ཅན་ཐམས་ཅད་ཀུན། །བྱང་ཆུབ་སེམས་ལས་ཀུན་འབྱུང་སྟེ། །སངས་རྒྱས་སྐུ་དང་ཡེ་ཤེས་དང་། །སེམས་ཅན་ལུས་དང་བག་ཆགས་དང་། །སྣང་ཞིང་སྲིད་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ལ་བླང་དོར་མེད། །སངས་རྒྱས་ཡེ་ཤེས་ཐུགས་རྗེས་ཀྱང་། །དབྲི་བཀོལ་བླང་དོར་ཡོངས་མི་མངའ། །སེམས་ཅན་འགྲོ་བའི་སྡུག་བསྔལ་ཡང་། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །སྣང་སྲིད་སྣོད་བཅུད་ཀུན་ལ་ཁྱབ། །གཉེན་པོ་དག་གིས་བསྐྱོད་དུ་མེད། །ནམ་མཁའི་མཐའ་ལྟར་མཉམ་པར་གནས། །དེ་ནི་སྙིང་པོ་བྱང་ཆུབ་སྟེ། །གཟུང་འཛིན་སྤྲོས་པ་ཀུན་དང་བྲལ། །སྒྲ་དང་ཐ་སྙད་རིལ་ལས་འདས། །ཚིག་དང་ཡི་གེར་བརྗོད་པ་མེད། །བསྟན་དུ་མཚན་མའི་དངོས་པོ་མེད། །མངོན་དུ་དམིགས་པའི་ཡུལ་དང་བྲལ། །རྒྱུ་ལས་མ་བྱུང་སྙིང་པོ་འདི། །སྒྲོས་ཀྱིས་བཏགས་པ་ཀུན་དང་བྲལ། །ཞེས་བསྟན། སྦྱོར་བ་བྱར་མེད་མན་ངག་ནི། །བྱང་ཆུབ་སེམས་ཀྱི་སྐུ་མཆོག་འདིས། །ཆོས་ཀུན་ཡོངས་སུ་ཁྱབ་པའི་ཕྱིར། །གཅིག་དང་གཉིས་སུ་བྱར་མེད་པས། །དེ་ལ་གཉིས་ཀྱིས་སྦྱོར་བ་མེད། །ཆོས་ཀུན་སེམས་ལས་བྱུང་བའི་ཕྱིར། །ཆོས་སེམས་གཉིས་སུ་སྦྱར་དུ་མེད། །རྒྱུ་ལས་འབྲས་བུ་བཙལ་མེད་པས། །རྒྱུ་འབྲས་གཉིས་སུ་སྦྱར་དུ་མེད། །ཐབས་དང་ཤེས་རབ་ཡུལ་བྱུང་བས། །ཐབས་དང་ཤེས་རབ་སྦྱར་དུ་མེད། །ཡེ་ཤེས་རིག་ལ་དབྱིངས་གསལ་བས། །དབྱིངས་དང་ཡེ་ཤེས་སྦྱར་དུ་མེད། །དབང་པོ་དག་ལ་ཡུལ་སྣང་བས། །ཡུལ་དང་དབང་པོ་སྦྱར་དུ་མེད། །ཆོས་ཀུན་སེམས་སུ་གཅིག་པའི་ཕྱིར། །གཅིག་ལ་གཉིས་སྦྱར་མེད་པར་གསུངས། །ཞེས་བྱ། དུས་གསུམ་གཏན་ཚིགས་མན་ངག་ནི། །སེམས་ཉིད་རྫོགས་པ་ཆེན་པོ་འདི། །སྐྱེ་དང་འགག་པ་མེད་པས་ན། །དུས་གསུམ་མེད་པའི་གཏན་ཚིགས་ཏེ། །འདས་དང་མ་འོངས་ད་ལྟར་གྱི། །ཐ་སྙད་མིང་ལ་མི་གནས་ཏེ། །འདས་པའི་དུས་ལ་འགག་པ་མེད། །


DNG006_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་པ་ལ་སྐྱེ་བ་མེད། །ད་ལྟར་དུས་ཞེས་གནས་མེད་པས། །དུས་གསུམ་གཅིག་པའི་མན་ངག་གོ། །ཞེས་བསྟན། ལུང་ཆེན་ཁུངས་ཀྱི་མན་ངག་ནི། །སེམས་ཉིད་རྫོགས་པ་ཆེན་པོ་འདིས། །ཆོས་ཀུན་གཏན་ལ་འབེབས་པའི་ཕྱིར། །ལུང་ཆེན་ཁུངས་ཀྱི་མན་ངག་གོ། །ཞེས་གསུངས་སོ། །ལུང་གསུམ་མན་ངག་བཞིར་གཏན་ལ་ཕེབས་པའི་མདོའི་ལེའུའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་དེས། འདུས་པའི་ཚོགས་ལ་ལུང་གསུམ་མན་ངག་བཞིས་གཏན་ལ་ཕེབས་པའི་མདོ་དོན་གྱི་འགྲེལ་པ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །སྙན་ཁུང་བརྒྱུད་པའི་ལུང་འདི་ནི། །གང་གིས་ཇི་ལྟར་སྙན་ཁུང་གང་བརྒྱུད་པ། །ཀུན་བཟང་རྡོ་རྗེ་ཆོས་ཉིད་བགྲོད་མེད་དོ། །བགྲོད་དུ་མེད་པའི་དོན་ནི་དེ་ལྟར་ལ། །དེ་བཞིན་ཆོས་ཉིད་གཅིག་ཏུ་གནས་པའི་ཕྱིར། །གང་ཞིག་སུ་ཡང་རུང་བ་དེ་ལ་ནི། །ཆོས་ཉིད་བགྲོད་དུ་མེད་དེ་བསྟན་པ་དེ་ཡང་ཐོབ། །བྱང་ཆུབ་སེམས་ཀྱི་སྙིང་པོ་དེ་ཉིད་ནི། །ཆོས་ཀུན་འབྱུང་བའི་སྙིང་པོ་ཡིན་པས་ན། །སྤྲོས་དང་བྲལ་བའི་སྙིང་པོ་དེ་ལས་ནི། །ཆོས་ཉིད་སྤྲོས་བྲལ་དེ་བྱུང་ངོ་མཚར་ཆེ། །ཞེས་སྙན་ཁུང་བརྒྱུད་དོ། །གང་གིས་ཇི་ལྟར་མངོན་དུ་ཕྱུང་ཞེ་ན། །ཆོས་ཉིད་སེམས་ཉིད་མངོན་དུ་བསྟན་པ་ནི། །ཨ་དང་མཛེས་པའི་ཏ་ནི་ཆོས་སྐུར་བཤད། །སྙིང་པོ་བྱང་ཆུབ་སེམས་ནི་ཆོས་སྐུ་ལས། །ཆོ་འཕྲུལ་ཕུང་པོ་ལྔ་པོ་དག་དང་ནི། །རྣམ་ཤེས་བརྒྱད་ཀྱི་ཡན་ལག་སྤྲོས་པ་བཞིན། །ཁམས་གསུམ་འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །ཉོན་མོངས་ལྔ་ནི་འདོད་ཡོན་རྣམ་པ་ལྔ། །དུས་གསུམ་སངས་རྒྱས་གསུང་གི་ཟབ་མོ་ནི། །སྐྱེ་བ་མེད་པའི་ཆོས་ཉིད་གཟུགས་སྒྲ་དྲི། །སྐྱེ་བ་མེད་པའི་ཟབ་མོ་སངས་རྒྱས་གསུངས། །ཞེས་བསྟན། དེ་བཞིན་གཏན་ལ་འབེབས་པའི་མན་ངག་ནི། །སངས་རྒྱས་སེམས་ཅན་ཀུན་གྱི་དོན་རྣམས་ནི། །ཇི་བཞིན་མི་བསྐྱོད་པ་ཡི་ཆོས་ཉིད་དེ། །བྱ་བ་མེད་པས་གྲོལ་བའི་རྫོགས་ཆེན་པོ། །བྱ་བྱེད་


DNG006_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་བསྒྲུབ་མེད་པས་གྲོལ་བར་བཤད། །རྒྱུ་རྐྱེན་མེད་པའི་རང་བྱུང་ཡེ་ཤེས་ཏེ། །མ་བཙལ་རང་བཞིན་གནས་པས་བདག་གྲོལ་ལ། །བཙལ་དུ་མེད་པས་གྲོལ་བར་གཞན་ལ་སྟོན། །ཅེས་བསྟན། དེ་བཞིན་མན་ངག་རྣམ་བཞི་ནི། །བྱང་ཆུབ་སེམས་ཀྱི་མན་ངག་ནི། །འགྲོ་བ་རིགས་དྲུག་ཉོན་མོངས་ལྔ། །སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཆུབ། །སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་ལ་ཁྱབ། །དུས་གསུམ་སངས་རྒྱས་སྐུ་དང་ཡེ་ཤེས་རོལ། །ཁམས་གསུམ་སེམས་ཅན་དུག་ལྔ་རང་ཁར་སྤྱོད། །བྱང་ཆུབ་སེམས་ཀྱི་སྙིང་པོ་དེ་ལ་ནི། །དངོས་པོ་མཚན་མར་སྤྱོད་པ་མེད་བཞིན་དུ། །དཔེ་ནི་ནམ་མཁའ་ལྟ་བུའི་རང་བཞིན་དུ། །ཀུན་ལ་ཁྱབ་པས་ནམ་མཁའི་མཐའ་ལྟར་གནས། །ཞེས་བྱང་ཆུབ་སེམས་ཀྱི་མན་ངག་གོ། །དེ་བཞིན་སྦྱོར་བ་དག་གི་མན་ངག་ནི། །ཆོས་ཉིད་སྐད་ཅིག་གཉིས་མེད་བཟུང་བས་ནི། །གཉིས་སུ་མེད་པའི་སྦྱོར་བ་ཆེན་པོ་ཡིན། །རྒྱུ་རྐྱེན་མེད་པས་བདེ་ཆེན་དག་པ་སྟེ། །སྐྱེ་བ་མེད་པས་དམ་ཚིག་ཡིན་པར་བཤད། །ཤེས་རབ་ཡུལ་དེ་རིག་པར་མངོན་གྱུར་ནས། །ཐབས་ཀྱི་གར་ཐབས་རིག་པ་བསྐྱོད་པ་ཡིས། །ཆོས་རྣམས་མ་སྐྱེས་དག་དང་གཉིས་མེད་སྦྱོར། །སྐྱེ་བ་མེད་པའི་མཆོད་པ་ཕུལ་བ་ཡིན། །ཅེས་སྦྱོར་བའི་མན་ངག་གོ། །དུས་གསུམ་གཏན་ཚིགས་མན་ངག་ནི། །སྔ་མ་འདས་དང་ད་ལྟར་གནས་པ་དང་། །ཕྱི་མ་མ་འོངས་དུས་གསུམ་ཐ་སྙད་འདི། །གསུམ་དུ་མི་གནས་སྔ་ཕྱི་ཐ་སྙད་ཡིན། །ད་ལྟར་མི་གནས་སྔ་ཕྱི་སྐྱེ་འགག་མེད། །དུས་གསུམ་སྐྱེ་འགག་མེད་པའི་དོན་འདི་ནི། །སྔ་ཕྱི་མེད་པས་དུས་གསུམ་མཉམ་པར་སྦྱོར། །ཞེས་དུས་གསུམ་གྱི་མན་ངག་གོ། །ལུང་ཆེན་ཁུངས་ཀྱི་མན་ངག་ནི། །བཙལ་ན་འཆིང་བར་འགྱུར་བ་དེ་བས་ན། །ཐམས་ཅད་ཡོངས་སུ་རྫོགས་པའི་ལུང་འདི་ལས། །བཙལ་དུ་མེད་པ་དེ་ལས་བཙལ་འགྱུར་ན། །ཚི་ཆད་པ་ཡིས་ནད་དེས་སྒྲིབ་པར་འགྱུར། །བྱ་རུ་མེད་པ་དེ་ལ་དེ་རྟོགས་ན། །ཆོས་ཉིད་ལ་ནི་ཆོས་ཉིད་འགྲུབ་པ་མེད། །ཅེས་གསུངས་སོ། །གཏན་ལ་འབེབས་པའི་མདོ་ཡི་འགྲེལ་པ་རྫོགས་སོ།། །།


DNG006_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སེམས་དཔའ་ཆེན་པོ་དེས་འདུས་པའི་ཚོགས་རྣམས་ལ་ངེས་པར་བསྟན་པའི་མདོ་འདི་བསྟན་ཏེ་བློ་ངེས་པར་བཞག་གོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ངེས་པར་བསྟན་པའི་མདོ་འདི་ལས། །མེད་པའི་མན་ངག་རྣམ་པ་བརྒྱད། །ངེས་པ་ལྔ་དང་མ་ངེས་གསུམ། །བརྒྱད་པ་གཉིས་ཀྱི་མན་ངག་གིས། །ཁྱོད་བློ་ངེས་པར་གཞག་པར་བྱ། །དེ་ཡང་གང་དང་གང་ཞེ་ན། །སེམས་ལ་སྐྱེ་འཇིག་མེད་པ་དང་། །དོན་ལ་བསྒོམ་དུ་མེད་པ་དང་། །སྤྱོད་པ་བླང་དོར་མེད་པ་དང་། །ལམ་ལ་བགྲོད་དུ་མེད་པ་དང་། །རྣམ་པར་བགྲང་དུ་མེད་པ་དང་། །སེམས་ལ་ངོ་བོ་མེད་པ་དང་། །ཆོས་ཉིད་མཚོན་དུ་མེད་པ་དང་། །སྒྲོ་སྐུར་གདགས་སུ་མེད་པ་བརྒྱད། །ངེས་པ་ལྔ་ནི་གང་ཞེ་ན། །དུས་ལ་ཁྱད་པར་མེད་པར་ངས། །བླ་མ་མཆོད་པར་མཉམ་པར་ངེས། །མཆོད་པ་བསྔོ་རུ་མེད་པར་ངེས། །དཀའ་སླ་མཚོན་དུ་མེད་པར་ངེས། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ངེས། །ཆོས་ཀྱི་རང་བཞིན་མ་ངེས་དང་། །བློ་ཡི་རང་བཞིན་མ་ངེས་དང་། །ཡེ་ཤེས་རང་བཞིན་མ་ངེས་གསུམ། །སེམས་ལ་སྐྱེ་འཇིག་མེད་པ་དང་། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཕ་ཞེས་བྱ་བའི་རྒྱུ་མ་མཆིས། །མ་ཞེས་བྱ་བའི་རྐྱེན་མ་མཆིས། །རྒྱུ་མ་མཆིས་པས་སྐྱེ་བ་མེད། །རྐྱེན་མ་མཆིས་པས་འཇིག་པ་མེད། །དེས་ན་སྐྱེ་འཇིག་མེད་ཅེས་བྱ། །དོན་ལ་བསྒོམ་དུ་མེད་པ་ནི། །དོན་ནི་ཆོས་ཉིད་སྐྱེ་མེད་དེ། །དཔེ་ཡིས་བསྒོམ་དུ་མེད་པ་དང་། །དོན་གྱིས་བསྒོམ་དུ་མེད་པ་དང་། །རྟགས་ཀྱིས་བསྒོམ་དུ་མེད་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། །དཔེ་ཡིས་བསྒོམ་དུ་མེད་པ་ནི། །ཆོས་ཀུན་དཔེ་ནི་ནམ་མཁའ་སྟེ། །ནམ་མཁའ་སྟོང་ཞིང་བདག་མེད་པས། །དེ་བཞིན་དཔེ་ལ་བསྒོམ་དུ་མེད། །དོན་གྱིས་བསྒོམ་དུ་མེད་པ་ནི། །ཆོས་ཀུན་དོན་དམ་སྐྱེ་བ་མེད། །སྐྱེ་བ་མེད་པའི་ཆོས་ཉིད་ནི། །བསྒོམ་དུ་ཡོད་པར་མ་གསུངས་སོ། །རྟགས་ཀྱིས་བསྒོམ་དུ་མེད་པ་ནི། །རང་བྱུང་ཡེ་ཤེས་འགག་མེད་དེ། །ཡེ་ནས་ཡེ་ཤེས་རང་གསལ་བས། །མཚན་མའི་ཡུལ་ལ་མི་གནས་པས། །བསྒོམ་དུ་ཡོད་པར་མ་གསུངས་སོ། །


DNG006_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་བླང་དོར་མེད་པ་ནི། །སེམས་ཉིད་རྫོགས་པ་ཆེན་པོ་ལ། །སྣང་བའི་ཆོས་དང་སྲིད་པའི་ཆོས། །ཐམས་ཅད་བྱང་ཆུབ་སེམས་ཡིན་པས། །སེམས་ཉིད་ཡེ་ཤེས་སྤྱོད་པ་ལ། །འདི་བླང་འདི་དོར་ཡོངས་མ་མཆིས། །ལམ་ལ་བགྲོད་དུ་མེད་པ་ནི། །ལམ་ལ་རྣམ་པ་གཉིས་ཡོད་དེ། །དོན་གྱི་ལམ་དང་ཚིག་ལམ་མོ། །གང་ཟག་བློ་ཡི་རིམ་པ་ལས། །ཐེག་པའི་རྣམ་གྲངས་དགུར་བསྟན་ལས། །ཐེག་པ་འོག་མའི་རྣམ་གྲངས་ལ། །ལམ་ལ་བགྲོད་དུ་ཡོད་པར་བསྟན། །དེ་ཡང་ཇི་ལྟར་བགྲོད་ཅེ་ན། །ཉན་ཐོས་དང་ནི་རང་རྒྱལ་གཉིས། །སྤང་ཞིང་འགེགས་པས་ལམ་ལ་བགྲོད། །བྱང་ཆུབ་སེམས་དཔའི་མདོ་སྡེ་ཡིས། །སྦྱང་ཞིང་བགྲོད་པས་ལམ་ལ་བགྲོད། །བྱ་བ་རྣམ་གསུམ་ཡོ་ག་ཡིས། །གཟུང་འཛིན་དག་པའི་སྒོ་ནས་བགྲོད། །རྣལ་འབྱོར་ཆེན་པོ་རྣམ་པ་གཉིས། །ཏིང་འཛིན་རྣམ་གསུམ་རང་བཞིན་གྱིས། །སྐུ་གསུང་ཐུགས་ཀྱི་ལམ་ལ་བགྲོད། །སེམས་ཉིད་རྫོགས་པ་ཆེན་པོ་ནི། །རྫོགས་པ་ཆེན་པོའི་རང་བཞིན་གྱིས། །ཆོས་སྐུ་སེམས་ལ་བགྲོད་མེད་ཕྱིར། །སེམས་ཉིད་ལམ་ལ་བགྲོད་མེད་པས། །བགྲོད་དུ་མེད་པའི་ལམ་ཞེས་བྱ། །རྣམ་པ་བགྲང་དུ་མེད་པ་ནི། །ཆོས་ཀུན་རྩ་བ་གཅིག་འདུས་ཕྱིར། །རྣམ་པ་བགྲང་དུ་ཡོངས་ཀྱིས་མེད། །གང་ཟག་དབང་པོ་རིམ་དགུ་ལ། །ཡུལ་དགུ་བྱུང་བས་རྣམ་པར་བགྲང་། །སེམས་ཉིད་རྫོགས་པ་ཆེན་པོ་ལ། །ཡུལ་ཞེས་བྱ་བ་སེམས་ཡིན་ཏེ། །སེམས་དང་ཡུལ་གཉིས་དབྱེ་རུ་མེད། །ཆོས་ཀུན་སེམས་སུ་འདུས་པའི་ཕྱིར། །སེམས་ཉིད་སྙིང་པོར་གཅིག་པ་སྟེ། །འདུས་མ་བྱས་པའི་སྙིང་པོ་ལ། །རྣམ་པ་བགྲང་དུ་ག་ལ་ཡོད། །སེམས་ལ་ངོ་བོ་མེད་པ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སེམས་ཀྱི་ངོ་བོ་འདི་ཡིན་ཞེས། །ཆེ་ཆུང་མཚན་མའི་ངོ་བོ་དང་། །དབྱིབས་དང་ཁ་དོག་སྤྱོད་ཡུལ་དུ། །སྟོན་པ་ང་ཡིས་བསྟན་པ་མེད། །ངོ་བོ་ཡོད་པར་མི་མཐོང་བས། །དེས་ན་ངོ་བོ་མེད་ཅེས་བྱ། །ཆོས་ཉིད་མཚོན་དུ་མེད་པ་ནི། །ཆོས་ཉིད་རང་བཞིན་སེམས་ཉིད་དེ། །སེམས་ཉིད་


DNG006_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཆོས་ཉིད་ལ། །སེམས་ཉིད་བཅོས་པ་མེད་པ་ནི། །དེ་ལ་ཆོས་ཞེས་བཏགས་པ་ཡིན། །བཅོས་པ་མེད་པར་རང་རིག་པས། །དེ་ལ་སེམས་ཞེས་བཏགས་པ་ཡིན། །དེ་བཞིན་སེམས་ལ་དངོས་མེད་བཞིན། །ཆོས་ཉིད་དེ་ཡང་སེམས་ཡིན་པས། །སེམས་བཞིན་ཆོས་ལ་མཚོན་མེད་དོ། །སྒྲོ་སྐུར་གདགས་སུ་མེད་པ་ནི། །སེམས་ཉིད་རྫོགས་པ་ཆེན་པོ་ཡིས། །མེད་པ་བདུན་གྱི་རང་བཞིན་གྱིས། །ཆོས་ཀུན་སྒྲོ་དང་སྐུར་བྲལ་ཏེ། །ཡོད་པའི་སྒྲོ་དང་མེད་པའི་སྐུར། །ཚིག་དང་ཡི་གེར་བརྗོད་དང་བྲལ། །དེ་ལ་སྒྲོ་སྐུར་བྲལ་ཞེས་བྱ། །ངེས་པ་ལྔ་ནི་གང་ཞེ་ན། །དུས་ལས་ཁྱད་པར་མེད་པ་ནི། །འདས་དང་ད་ལྟར་མ་འོངས་ལ། །སྐྱེ་འགག་མེད་པའི་གཏན་ཚིགས་ཀྱིས། །དུས་ལ་ཁྱད་པར་མེད་པར་ངེས། །བླ་མ་མཆོད་དང་མཉམ་པ་ནི། །བླང་དོར་མེད་པའི་སེམས་ཉིད་ཀྱིས། །ཐམས་ཅད་ཆོས་ཉིད་གཅིག་པའི་ཕྱིར། །མཉམ་པས་གོང་འོག་རིམ་པ་མེད། །གཅིག་ལ་གཉིས་སུ་བྱ་རུ་མེད། །སེམས་ལ་བླང་དོར་བྱ་རུ་མེད། །སངས་རྒྱས་སེམས་ཅན་གཉིས་མེད་ལ། །བླ་མ་མཆོད་པ་གཉིས་མེད་མཉམ། །དེས་ན་བླ་མ་མཆོད་པར་མཉམ། །མཆོད་པ་བསྔོ་རུ་མེད་པ་ནི། །སེམས་ཉིད་རྫོགས་པ་ཆེན་པོ་ལ། །ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར། །བསྔོ་བར་བྱ་བ་ཡོད་མ་ཡིན། །ཡེ་ནས་བདུད་རྩིའི་རང་བཞིན་ལ། །ཏིང་འཛིན་དབང་བ་པོས་ཀྱང་སྦྱང་དུ་མེད། །དཀའ་སླ་མཚོན་དུ་མེད་པ་ནི། །ཆོས་ཉིད་བྱང་ཆུབ་སེམས་འདི་ལ། །ངོ་བོ་ཡེ་ནས་མེད་པའི་ཕྱིར། །མིང་ཙམ་འདི་ཞེས་བསྟན་པ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྡོ་རྗེ་སེམས་དཔས་མཚོན་དུ་མེད། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ནི། །སྙིང་པོ་བྱང་ཆུབ་སེམས་འདིས་ནི། །རྒྱུ་གཉིས་ཡེ་ནས་བྱས་པའི་ཕྱིར། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ངེས། །ཞེས་བསྟན། ངེས་པ་ལྔ་ཞེས་བྱ་བར་བཤད། །མ་ངེས་པ་ནི་རྣམ་གསུམ་སྟེ། །དེ་ཡང་གང་དང་གང་ཞེ་ན། །ཆོས་ཀྱི་རང་བཞིན་གཅིག་པ་ལ། །ཇི་ལྟར་བལྟས་པ་དེར་སྣང་བས། །དེ་ལ་འདི་ཞེས་ངེས་པ་མེད། །བྱིས་པའི་བློ་ལ་ངེས་མེད་པས། །རང་སེམས་


DNG006_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ཚོལ་བར་བྱེད། །དེས་ན་ངེས་པ་མེད་པ་ཡིན། །ཡེ་ཤེས་རང་བཞིན་མ་ངེས་པས། །ཡཱ་ན་རྣམ་པ་རེ་རེ་ལ། །གྲངས་དང་རྣམ་པའི་ཡེ་ཤེས་ཀྱིས། །སེམས་གཅིག་ཡུལ་ལ་སོ་སོར་རྟོགས། །དེས་ན་ཡེ་ཤེས་ངེས་པ་མེད། །ཅེས་གསུངས་སོ། །ངེས་པར་སྟོན་པའི་མདོར་བསྟན་པའི་ལེའུའོ།། །།དེ་ནས་ཡང་འདུས་པའི་ཚོགས་ཆེན་དེ་རྣམས་ལ། སེམས་དཔའ་ཆེན་པོ་དེས། ངེས་པའི་མདོ་དོན་གྱི་འགྲེལ་པ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །སེམས་ལ་སྐྱེ་འཇིག་མེད་པས་ན། །དོན་ལ་བསྒོམ་དུ་མ་མཆིས་ཏེ། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཏིང་འཛིན་བསམ་པའི་ཡུལ་ལས་འདས། །བརྗོད་དུ་མེད་པའི་ངང་ལ་གནས། །དེ་ལྟར་སྙིང་པོ་བྱང་ཆུབ་སེམས། །སྟོན་པའི་སྒྲོན་མར་གྱུར་པས་ན། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཆོས་རྣམས་ཀུན་གྱི་སྙིང་པོ་བས། །མཁྱེན་རབ་འཇམ་དཔལ་གཞོན་ནུ་ཉིད། །བྱ་བྱེད་རྩོལ་བསྒྲུབ་མི་མངའ་བར། །བདེ་ཆེན་ཀློང་ན་ཇི་བཞིན་གནས། །ལམ་ལ་བགྲོད་དུ་མེད་པ་ནི། །ཚུལ་ཁྲིམས་སྡོམ་པ་དམ་ཚིག་དང་། །སྤྱོད་པ་རྒྱ་མཚོའི་གཞིར་གྱུར་བས་ཀྱང་། །ཇི་སྙེད་རྣམ་པར་གྲོལ་བའི་ལམ། །དེ་ནི་བདེ་བར་གཤེགས་པའི་ཡུམ། །འགྲོ་བ་ཀུན་དང་མཚུངས་པའི་ལམ། །ཚུལ་ཁྲིམས་སྡོམ་པ་དེ་མེད་པས། །བདེ་གཤེགས་ཡུལ་ཡང་ཡོད་མ་ཡིན། །དེ་ཕྱིར་རྣམ་གྲོལ་མཆོག་གི་ལམ། །ཚུལ་ཁྲིམས་སྡོམ་པ་མེད་པར་བཤད། །སེམས་ལ་ངོ་བོ་མེད་པ་ནི། །ཕྲ་ཞིང་ཤེས་དཀའ་ཀུན་གྱི་ལམ། །མི་རྟོག་དེ་ནི་རྟོག་ལས་འདས། །དངོས་པོ་མཚན་མ་དམིགས་སུ་མེད། །སྤྲོས་མེད་བསམ་པ་ཀུན་དང་བྲལ། །ཚིག་གིས་གཏན་ལ་མི་ཕེབ་སྟེ། །དབྱིབས་དང་ཁ་དོག་སྤྱོད་ཡུལ་མིན། །བསྟན་ཅིང་བརྟགས་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད། །ཆོས་ཉིད་མཚོན་དུ་མེད་པ་ནི། །སྔོན་གྱི་དྲང་སྲོང་འགྲུབ་ལམ་དེར། །ད་ལྟར་གང་དུ་འཇུག་པ་ནི། །བསྒོམ་ཆགས་ལམ་གྱི་ནད་ཀྱིས་ཟིན། །སྟོན་པའི་ལུང་གི་ཚིག་རྣམས་ལ། །ལམ་དུ་དེ་མཐོང་


DNG006_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ནི། །རྟོག་པའི་ལམ་ཞུགས་སྨིག་རྒྱུར་བསྙེགས། །ཡང་དག་ལམ་ནི་འདི་ཡིན་ཞེས། །ཚིག་དང་ཡི་གེས་མཚོན་དུ་མེད། །ཡང་དག་འདི་ཡིན་སྟོན་པ་ནི། །རྡོ་རྗེ་སེམས་དཔའ་ང་ཉིད་འཁྲུལ། །དག་པ་དང་ནི་མ་དག་པ། །ཡེ་ནས་གཉིས་མེད་འདྲེས་ཤིང་མཚུངས། །སེམས་ཉིད་ཀུན་གྱི་གནས་སུའོ། །དག་མ་དག་ནི་རྣམ་པ་ནི། །དབྱེར་མེད་ཡེ་ཤེས་གཏི་མུག་དང་། །ཐོགས་པ་མེད་པའི་ཡེ་ཤེས་ནི། །བསམ་པ་ཀུན་དང་བྲལ་བ་ཡིན། །ངང་གིས་མི་གཡོ་རྨུགས་པ་དེ། །ཏིང་འཛིན་དག་གི་རྒྱལ་པོར་གནས། །ཏིང་འཛིན་ཡེ་ཤེས་མངོན་སུམ་སྤྱན། །མཐོང་བས་དམིགས་པའི་ཡུལ་དང་བྲལ། །ཐམས་ཅད་མཁྱེན་པའི་སྤྱན་ཞེས་བྱ། །མཐའ་དང་དབུས་མེད་ཡངས་པ་ནི། །རང་བཞིན་ཆོས་ཀྱི་གཞལ་ཡས་སོ། །སྒྲོ་སྐུར་གདགས་སུ་མེད་པ་ནི། །བླང་དོར་མེད་པའི་རྒྱལ་པོ་ནི། །ཐམས་ཅད་སྙིང་པོ་བྱང་ཆུབ་སེམས། །སེམས་དང་བག་ཆགས་འདྲེས་མཚུངས་ལ། །སེམས་ཀྱི་དབང་པོ་སྒོ་ལྔ་ཡིས། །སྣང་བའི་ཆོས་ནི་རྣམ་པ་ལྔ། །དབང་པོ་སྒོ་ལྔ་རང་རྐྱེན་གྱིས། །སྤང་ཞིང་དོར་བར་ཡོངས་མི་བྱེད། །ཅི་ཡང་མི་དགོངས་ཐབས་ཀྱིས་རོལ། །ཀུན་དང་མི་མཐུན་སྤང་བའི་ཆོས། །ཉོན་མོངས་ལྔ་དང་མཚུངས་མེད་ལྔ། །དེ་ནི་རྣམ་དག་ཆེན་པོ་སྟེ། །གར་བཞུགས་མཉམ་པའི་རྒྱལ་པོ་ཐོབ། །བུད་མེད་ལ་སོགས་ཆགས་པའི་གནས། །ཀུན་ཀྱང་སྤང་བར་མི་བྱེད་དོ། །ལོ་རྒྱུས་ཚད་མའི་བློར་བཞག་ནས། །ཏིང་འཛིན་རྣམ་པ་གསུམ་པོ་དེ། །བརྟན་ནས་གྲུབ་པའི་མཐའ་སྤྱོད་པ། །རྩོལ་བྲལ་ལུང་ལས་གོལ་ཞེས་བཤད། །བྱ་བྲལ་བདེ་བའི་ལྷུན་ལ་གནས། །ཡེ་ནས་རང་བྱུང་སྙིང་པོ་ཉིད། །ཡེ་ནས་བྱས་ཟིན་བདུད་རྩི་ཡིས། །རྩོལ་བ་དག་གི་སྡུག་བསྔལ་འཇོམས། །ཡེ་ནས་མི་གཡོ་མི་འགྱུར་ཏེ། །འགྱུར་མེད་རྙེད་པ་ཀུན་དང་བྲལ། །


DNG006_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བྲལ་ཟིན་པའི་ཡུལ་དེ་ལ། །བཅོས་པ་མེད་པ་ཇི་བཞིན་གནས། །བརྟགས་པས་ཆོས་ནི་ཐམས་ཅད་ཀུན། །ཐིག་ལེ་ཆེན་པོའི་རང་བཞིན་པས། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །སྐྱེ་བ་མེད་ཅིང་འགག་པ་མེད། །འགོག་པ་མེད་པ་དེ་བཞིན་གནས། །རྣམ་པར་མི་རྟོག་སྙིང་པོ་འདི། །དངོས་མེད་མཚན་མ་ཅིར་མི་གནས། །ནམ་མཁའ་བཞིན་དུ་ཡེ་གནས་པས། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཀུན་ལས་འདས་པའི་ཐིག་ལེ་དྲུག །སྒྲོ་དང་སྐུར་པ་ཀུན་དང་བྲལ། །སྐྱེ་འཇིག་མེད་པའི་རང་བཞིན་གྱིས། །བསྒོམ་དུ་མེད་པའི་དོན་བསྟན་ཏོ། །དེ་ནས་ཡང་སྤྱོད་པ་བླང་དོར་མེད་པ་འདི་བསྟན་ཏོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །སྣང་བའི་ཆོས་ནི་སྣ་ཚོགས་ཏེ། །ཆོས་ཉིད་དག་ལ་མི་གཉིས་ཀྱང་། །སྙིང་པོ་བྱང་ཆུབ་ཆོས་གཞིག་པས། །མཚོན་དུ་མེད་དེ་སྤྲོས་དང་བྲལ། །མ་བཅོས་པ་ཡི་ཆོས་ཉིད་དུ། །ཇི་བཞིན་པ་ཞེས་མི་རྟོག་ཀྱང་། །སྣ་ཚོགས་རྣམ་པར་སྣང་མཛད་ལ། །བླང་དོར་མེད་པས་ཀུན་ཏུ་བཟང་། །ཡེ་ནས་རྩོལ་བསྒྲུབ་འདས་པ་ན། །བྱས་ཟིན་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱི་གནས་ལ་བཞག་པ་ཡིན། །ཞེས་བསྟན། ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ལམ་ལ་བགྲོད་དུ་མེད་པ་དང་། །རྣམ་པར་བགྲང་དུ་མེད་པ་ནི། །བྱང་ཆུབ་སེམས་སམ་ཆོས་དབྱིངས་ལ། །རྣམ་པར་བགྲང་དུ་མེད་པར་ཡོད། །ཕྱི་དང་ནང་གི་ཆོས་ཉིད་འདི། །འབྱུང་ཆེན་ལྔ་དང་སྣང་སྲིད་ཕྱི། །བྱང་ཆུབ་སེམས་དང་ཆོས་ཉིད་དང་། །དབྱེ་བ་མེད་པར་ཆོས་ཀྱི་དབྱིངས། །ཡེ་ནས་རྣམ་དག་སྤྱོད་ཡུལ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་པས། །དེ་ལ་རྣམ་པར་བགྲང་དུ་མེད། །ཡེ་ནས་རྫོགས་པའི་བྱང་ཆུབ་ལ། །བསྒྲུབ་ཏུ་མེད་པས་སྨོན་དུ་མེད། །ཡེ་ནས་ལྷུན་རྫོགས་བྱ་རུ་མེད། །སྔ་མ་བཞིན་ཏེ་རྩོལ་བསྒྲུབ་མེད། །རྟོག་པ་དང་ནི་དཔྱོད་པ་དང་། །གཟུང་འཛིན་རྣམ་པར་དག་པ་གཉིས། །ཡེ་ནས་གཉིས་མེད་ཆོས་དབྱིངས་ལ། །ལོག་རྟོག་བྱིས་པས་བསླུ་བ་མེད། །འཁྲུལ་པས་


DNG006_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བའི་ལམ་བསྟན་ཀྱང་། །གོང་གི་ཆོས་དབྱིངས་ལམ་དེ་གཉིས། །ཡེ་ནས་གཉིས་མེད་གཅིག་ཡིན་ཏེ། །ལམ་གཉིས་མཉམ་པར་ཤེས་པ་ནི། །དུས་གསུམ་སངས་རྒྱས་ཀུན་གྱི་རྗེ། །ང་དང་བདག་ཏུ་གང་སྟོན་པ། །དེ་ནི་མུ་སྟེགས་འཁྲུལ་པའི་ལམ། །ཆ་མེད་བྱིས་པས་བསླུས་པ་ནི། །རྟོག་པའི་ལམ་ལ་བཙུད་པ་སྟེ། །བགྲོད་པས་ཕྱིན་པའི་དུས་མེད་ལ། །བརྟགས་པས་རྟོགས་པའི་ཡུལ་མེད་པས། །ཆོས་ཉིད་ཆོས་ཚོལ་རྙེད་མི་འགྱུར། །སེམས་ཉིད་མངོན་དུ་མ་མཐོང་བའི། །ཚད་མར་མ་གྱུར་སྤྲེ་འདྲ་ཡིས། །སྟོན་པའི་ལུང་བསྟན་བཀའ་བོར་བས། །ལམ་ནོར་རྟོག་པས་ཟིན་ཏ་རེ། །སེམས་ཉིད་མངོན་དུ་གྱུར་མཐོང་བའི། །ཕྱི་རབས་དེས་ལུང་སྟོན་པ་ནི། །གསེར་ལ་ནག་མཚུར་བཏང་བས་ན། །དེ་ལ་དབང་མེད་ཡོན་གྱིས་བསླུའོ། །ཞེས་བསྟན། དེ་ནས་སེམས་དཔའ་ཆེན་པོ་དེས། །འདུས་པའི་ཚོགས་ལ་བཀའ་སྩལ་པ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །སེམས་ལ་ངོ་བོ་མེད་པ་དང་། །ལམ་ལ་བགྲོད་དུ་མེད་པ་དང་། །ཆོས་ཉིད་མཚོན་དུ་མེད་པ་དང་། །སྒྲོ་སྐུར་གདགས་སུ་མེད་པ་དང་། །བྱང་ཆུབ་སེམས་སམ་ཆོས་དབྱིངས་ལ། །ཅིར་ཡང་མི་གནས་གཟུང་འཛིན་དམིགས་པའི་ཡུལ་མེད་པས། །རྣམ་པར་མི་རྟོག་ཆོས་ཉིད་བགྲང་དུ་མེད་པའི་ལམ། །གཞན་དུ་བསྔོ་བའི་གཟུང་འཛིན་ཆ་ཤས་ཕྲ་མོ་བྲལ། །ཡུལ་མེད་རྟོག་ལས་འདས་པས་རང་ཉིད་འབྱུང་བ་སྟེ། །རྣམ་རྟོག་བསྒོམ་པའི་ཆོས་སྐུ་ཁྱད་པར་བཅས་པའི་དོན་མེད་པས། །རང་བྱུང་ཡེ་ཤེས་རྣམ་པར་མི་རྟོག་ཆོས་སྐུའི་རང་བཞིན་གནས། །རྩོལ་བའི་བྱ་བྲལ་ཆོས་ཉིད་ཡུལ་ལ་མི་གནས་པས། །གཉེན་པོ་གཞན་ལ་ལྟོས་ཤིང་བཅོས་སུ་མེད། །རྟེན་འདྲེལ་ཡན་ལག་ཆོས་ཀྱི་བདག་ཉིད་ཀྱིས། །བྱང་ཆུབ་སྙིང་པོ་ཆོས་ཀྱི་ཡུལ་ཚོལ་ཞིང་། །ཆོས་ཉིད་རྣམ་པ་ཅིར་ཡང་རྟོག་བྲལ་བས། །ཐབས་ཆེན་ཟབ་མོའི་ངང་ལ་བདག་ཉིད་རོལ། །བྱང་ཆུབ་སྙིང་པོ་མ་བཅོས་རང་བཞིན་འབྱུང་བས་ན། །ཆོས་སྐུ་


DNG006_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་མེད་གཞན་ནས་ཐོབ་པ་མེད། །རྡུལ་ཕྲན་དོན་དམ་རང་བཞིན་གཅིག་པ་ལ། །ཐ་དད་བརྩེགས་ཤིང་ཕྱོགས་ཆ་རྣམས་དང་བྲལ། །གར་མི་གནས་པའི་དོན་ཉིད་ཡེ་ཤེས་ལེགས་པ་ཆེ། །འདུས་མ་བྱས་པའི་ཡེ་ཤེས་ངང་ལས་འབྱུང་བ་སྟེ། །མངོན་སུམ་རྣམ་པར་མི་རྟོག་ཡངས་པའི་སྙིང་པོ་འབྱུང་། །རྣམ་པར་དག་པའི་ལམ་ཆེན་འདིར་ཞུགས་པས། །ཆོས་ཉིད་མཉམ་པའི་རྒྱལ་པོ་བཙལ་བ་མེད་པས་ཐོབ། །མི་འགྱུར་འགྱུར་བ་མེད་པ་ཡེ་ནས་གནས། །བདེ་བས་ཆགས་པའི་གནས་ལ་ཞེན་མེད་དེ། །དེ་བཞིན་ཉིད་ལ་གཟུང་བའི་ཡུལ་ནི་ཡེ་ནས་མེད། །སེམས་ཀྱི་གནས་ཉིད་ཡེ་ནས་མེད་ཀྱང་བླ། །རང་རིག་མངོན་སུམ་ལམ་གྱིས་ཐོབ་འདོད་ན། །སྒྱུ་མར་རྟག་ཏུ་གནས་ཤིང་བསྒོམ་པར་བྱ། །བསྒོམ་པའི་རོ་ལ་ཆགས་པའི་ངང་ནི་བདེ་བའི་ནད། །དེ་ལྟ་བུ་ལ་མཉམ་པའི་དོན་ཆེན་ཡེ་མི་འབྱུང་། །བྱང་ཆུབ་སེམས་ཀྱི་སྐུ་གཅིག་ཁྱབ་གནས་པས། །གཞན་ནས་བསྣན་པའི་ཆོས་སྐུ་ཡེ་ནས་མེད། །རང་བྱུང་ཡེ་ཤེས་མཐའ་ལ་ཐུག་པ་མེད་པས་ན། །ཆོས་ཀྱི་དབྱིངས་ལ་དབྲི་བ་དང་ནི་འཕེལ་བ་མེད། །ཆོས་ཉིད་བདེ་བའི་རོ་ལ་ཉམས་བག་མེད། །དེ་བས་ལྷག་པའི་བདེ་བ་གནས་པའི་བརྟེན་མེད་ལ། །རང་བྱུང་ཆེ་བའི་ཡུལ་ལ་མ་བཅོས་པས། །དུས་གསུམ་ཀུན་ཏུ་ཇི་བཞིན་ཡེ་ནས་ལྷན་ནེ་གནས། །ངོ་མཚར་མཐོང་བའི་ཡུལ་མེད་དེ་ལ་ལྷག་པར་ཆགས་དང་བྲལ། །དེ་ཕྱིར་མཐོང་བར་བྱ་བའི་ཆོས་མེད་དོ། །གང་ལའང་ཐོབ་པར་མི་རིགས་དེ་ཉིད་ཡིན་པས་སོ། །བརྗོད་པ་ཐ་སྙད་སྤྲོས་པ་ཀུན་དང་བྲལ། །ཆོས་ནི་སྣང་བའི་ཆོས་མེད་དེ་ཉིད་མིན། །རྟག་ཏུ་འདྲེས་པས་དབྱེར་མེད་ཅེས་ནི་བརྗོད་པ་ལ། །དོན་དམ་སྟོང་པའི་ཆོས་ཞེས་ལྷག་པར་སྨྲ་བ་དེ། །གང་ལྟར་བཤད་པ་ལྟར་ནི་དབྱིངས་ལ་གྲུབ་པ་མེད། །འཁྲུལ་པར་གྱུར་པའི་བྱང་ཆུབ་ལམ་དེ་ནི། །རྟོགས་པར་གྱུར་པས་འབྲས་བུ་ཐོབ་པ་མེད། །རང་བྱུང་རྒྱུ་རྐྱེན་མ་བསྐྱེད་སེམས་ཉིད་ཀྱང་། །


DNG006_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་བརྗོད་པས་མི་ཕེབས་མཐའ་དང་བྲལ། །ཡེ་ནས་བྱ་བཙལ་བྲལ་བས་བདག་ཉིད་ལ། །རང་རིག་མངོན་སུམ་ངང་གིས་བཙལ་མེད་གནས་ཕྱིར་རོ། །གྲིབ་མ་ལས་བྱུང་གཟུགས་ཀྱི་དཔེ་བཞིན་དུ། །མི་རྟོག་ཡེ་ཤེས་དེ་ལས་རྟོག་པ་འབྱུང་བར་ཟད། །མེད་དེ་ཞེས་ནི་མེད་པའི་མཐར་མ་ཡིན། །མཐར་མ་ཡིན་ཞེས་མེད་པའི་སྙིང་པོ་འབྱུང་། །སྟོང་པ་ཉིད་དེ་སྟོང་པའི་མཐར་མ་ཡིན། །སྟོང་པའི་ཡུལ་ཞེས་སྣང་བའི་སྲོག་ལ་གནས། །དཔེར་ན་ནམ་མཁའི་རང་བཞིན་དེ་ཉིད་ལས། །ནམ་མཁའ་དེ་ལས་ཡིན་ནོ་ཞེས་པའི་དྲན་པ་བསྐྱེད། །རྩོལ་བའི་བྱ་བྲལ་ཡེ་ནས་ཟིན་པའི་བདེ་བ་སྟེ། །ད་དུང་འདོད་པ་མེད་པའི་ཚུལ་གྱིས་ལེན་པར་བྱེད། །གཟའ་གཏད་བྲལ་བའི་ཡེ་ཤེས་ཡུལ་མེད་དེ། །དེ་ཉིད་ལས་ནི་ཡེ་ཤེས་གསལ་བ་འབྱུང་བར་རྩོམ། །མངོན་དུ་ཕྱུང་བའི་དྲང་སྲོང་བལྟ་བའི་རྗེས་སུ་དམིགས། །དེ་ལ་བསྒོམ་པའི་དམིགས་པའི་ཡིད་ཀྱང་འཇོག་པར་བྱེད། །རྣམ་རྩོལ་འབད་པའི་གདུང་བས་ཀུན་ནས་ཟིན་ཏ་རེ། །དེ་ནི་རང་བཞིན་ལམ་དུ་མ་རྟོགས་དེ་འཁྲུལ་པས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྤང་ལེན་ངང་གིས་མེད། །ཇི་བཞིན་པ་ལ་ཡིན་ཞེས་རྣམ་རྟོག་བྱེད་པ་དེ། །ཕྱིར་ཞིང་རྟོག་པ་འཕེལ་ཏེ་བསྒོམ་པ་མེད། །བདེ་བ་ཆེན་པོ་ཞེས་ནི་གཞན་ནས་ཚོལ་འདོད་པས། །དེ་ཉིད་ཆགས་པའི་གཅོང་རྙིང་ནད་ཡིན་ཏེ། །མི་གཡོ་བ་ཡི་རང་བཞིན་བཙལ་མེད་གནས་པས་ན། །དེ་ཉིད་སྨན་ཆེན་ཡིན་ཞེས་རྟོགས་པར་མ་བྱས་ན། །མཐོ་རིས་ལྷ་མི་ཙམ་དུ་བགྲོད་པའི་དགེ་བཅུའི་རྒྱུ་དེས་ནི། །ཉོན་མོངས་གཅོང་རྙིང་ཟིན་པས་ཕྱིན་པར་མི་འགྱུར་རོ། །དེ་བས་བགྲོད་ལམ་མེད་དེས་ཕྱིན་པ་མེད་པས་ན། །ལམ་དེ་གང་ཟག་རྣམས་ཀྱི་ནད་དུ་ཆེ་བས་ན། །དེ་ཉིད་མྱ་ངན་འདས་པར་ཕྱིན་པར་འདོད་པ་དེས། །རི་དྭགས་སྨིག་རྒྱུ་ཆུ་རུ་འདུ་ཤེས་བསྙེགས་པ་འདྲ། །དེ་བས་གང་ཡང་རྙེད་པར་འགྱུར་བའི་ཡུལ་མེད་དེ། །དེ་བཞིན་གང་ལྟར་བགྲོད་ཀྱང་ཁམས་གསུམ་དེ་ལས་ཡོངས་མི་འབྱུང་། །ས་བཅུ་གོང་ནས་


DNG006_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་ལྟོས་པའི་རྟེན་བཅས་ཀྱང་། །བྱང་ཆུབ་ཆེན་པོ་དག་ལ་སྒྲིབ་པར་འགྱུར་བ་ཡིན། །དེ་བས་ཤིན་ཏུ་ཐོགས་མེད་གྱུར་པའི་ཡེ་ཤེས་ལ། །བསམ་པའི་རྣམ་རྟོག་བརྗོད་པ་ཀུན་དང་བྲལ། །དེ་ཕྱིར་བཤེས་གཉེན་ཡོན་ཏན་ཀུན་གྱི་འབྱུང་གནས་ཏེ། །ནོར་བུ་རིན་ཆེན་བཞིན་དུ་སྤྱི་བོའི་གཙུག་ཏུ་བཀུར། །ཆོས་ཉིད་དམིགས་པར་བྱ་བའི་ཡུལ་དེ་མི་བྱེད་ཅིང་། །རང་བཞིན་འགྱུར་བ་མེད་པའི་གནས་ལ་མི་ལྟོས་པར། །རིག་པ་ནང་ནས་རང་བཞིན་ལེགས་པར་འཆར། །རེ་བ་ཐམས་ཅད་བྲལ་ཏེ་དེ་ཉིད་སྐོང་བའོ། །བརྟགས་ན་འདི་འདྲ་མེད་ཅིང་བཞག་ན་སྣ་ཚོགས་འབྱུང་བ་ཡིས། །ཡོན་ཏན་སྣ་ཚོགས་འབྱུང་བའི་ལེགས་པ་ཆེན་པོ་འདི། །དངོས་སུ་མི་སྣང་བ་ལྟར་ཆགས་པའི་ཆ་ལུགས་འཆང་། །ཐེག་ཆེན་སྣོད་གྱུར་ཀུན་ལ་དེ་ལྟར་སྟོན་ཅིང་རྟོགས། །བདག་གཞན་གཟུང་འཛིན་བྲལ་བའི་སྟོན་པ་དེ། །མཁན་པོ་ཞེས་ནི་རིན་ཆེན་མཛོད་དང་འདྲ། །བདག་དོན་ཐམས་ཅད་འགྲུབ་པའི་བླ་མ་ཡུལ་ཡིན་ཞེས། །བདག་འཛིན་བྲལ་བའི་སྙིང་རྗེས་ཐེག་ཆེན་བསྟན། །ནང་ནས་ཕྱི་མོ་ཉིད་ནས་མ་གཡོས་པས། །ནང་དུ་འདིའོ་ཞེས་ནི་བཙལ་བའི་གནས་མེད་དོ། །དམིགས་པའི་ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་འཛིན། །དེ་ཕྱིར་གཞན་དུ་བསྔོ་བར་བྱ་བའི་དམིགས་པ་མེད། །མཉམ་པ་དེ་ལས་མི་འབྱུང་དེ་ལ་མི་འཇུག་ཅིང་། །དེ་ཉིད་བདག་ཉིད་ཆེན་པོ་སྙིང་རྗེ་དེ་ཡིན་ན། །གཞན་ནས་བཙལ་བ་འཕགས་པའི་ནོར་མེད་མི་འོང་བས། །ཡེ་ནས་བདག་ཉིད་ལ་ནི་གནས་པ་ཡིན་ཞེས་བསྟན། །བདེ་བ་ཐོབ་པར་འདོད་པས་རེ་བ་དག་དང་བཅས། །དེ་ཕྱིར་འདི་ཡིས་བདེ་ལ་རྒྱབ་ཀྱིས་ཕྱོགས་པར་འདོད། །བདེ་ལ་ཆགས་པའི་ནད་ཀྱིས་ཟིན་ཏེ་བདེ་བས་བདེ་བ་འཚོལ། །བྱང་ཆུབ་ལོགས་ནས་འདོད་པའི་འཁྲུལ་པའི་ལམ་ལ་གནས། །དེས་ན་ཡེ་རྔམ་ཆོས་ལ་ཟ་ཞིང་འཆེལ། །དེ་ལྟའི་ཡུལ་ཅན་གཟུང་འཛིན་བཅས་པས་ན། །སངས་རྒྱས་ཞེས་ནི་ལོགས་ནས་མཐོང་བ་མེད། །སངས་རྒྱས་ཞེས་ནི་


DNG006_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ངང་གིས་གནས་པ་མེད། །དེ་ཕྱིར་སངས་རྒྱས་མིང་དུ་སྨོས་པ་བྲལ། །སངས་རྒྱས་ཞེས་ནི་སྟོན་པས་མིང་བཏགས་ནོར། །སངས་རྒྱས་ཞེས་ནི་གཞན་ནས་ཐོབ་བྱེད་པ། །དེ་ཉིད་སྨིག་རྒྱུ་བཞིན་ཏེ་ནོར་བའི་ལམ། །ཁ་དོག་དབྱིབས་ཀྱི་གཟུགས་ནི་ཡོད་མིན་པས། །ཆོས་ཀུན་བཤད་པ་རྡུལ་ཆ་ཙམ་ཡང་མེད། །ཟིན་པའི་ནད་དང་ཆགས་པའི་སྡུག་བསྔལ་ཡེ་ནས་ཞི། །དངོས་པོ་མེད་ལ་ཞེན་པ་ཡེ་ནས་སྤངས། །གཉིས་མེད་བདུད་རྩི་ཆེན་པོའི་རང་བཞིན་ལ། །བཟའ་བའི་ཐབས་ལ་ཡེ་ནས་རག་པ་མེད། །ཐམས་ཅད་མ་བཀག་ཡངས་པ་ཆེ། །དེ་བས་འོག་མ་རྣམས་ཀྱི་གཉེན་པོ་ཡིན། །གཉིས་མེད་ངང་ལ་མི་དམིགས་མཉམ་པའི་ངང་། །ཆེ་ཆུང་འདུ་ཤེས་དམིགས་པ་དག་དང་བྲལ། །ལུང་ལས་གསུངས་པའི་མན་ངག་དག་གི་རྒྱལ། །དཔེར་ན་སྒྱུ་མཁན་རི་མོའི་རྣམ་པ་འདྲ། །མཉམ་ལ་འབྱུང་འཇུག་ཡེ་ཤེས་བྱིངས་རྨུགས་བྲལ། །དེ་ཡི་དབང་ལས་ཡེ་ཤེས་སྐྱེ་བར་འགྱུར། །རྟེན་དང་བྲལ་བས་བཏང་ཞིང་མཉམ་པའི་ངང་ལ་གནས། །བདེ་བ་ཆེན་པོ་དག་ལ་བྲོད་པ་གདུང་མི་སྐྱེ། །དཔེར་ན་ནམ་མཁའ་གཡང་ས་དག་ལ་མཁའ་ལྡིང་ཉམ་མི་ང་། །དེ་ཕྱིར་སྤྲོ་བསྡུ་བྱེད་ཅིང་མཉམ་པའི་ངང་ལ་གནས། །དེ་ལ་སྟོང་པར་མི་ལྟུང་གཟའ་གཏད་བྲལ། །རྒྱ་མཚོ་བཞིན་ཏེ་ཐམས་ཅད་མཉམ་པར་གནས། །ཆོས་རྣམས་སྣ་ཚོགས་ངང་གིས་འབྱུང་བར་བྱེད། །ཡོན་ཏན་ཚད་ནི་ནམ་མཁའི་མཐའ་དང་མཉམ། །བསྡུ་བའི་གནས་ནི་འདི་ཞེས་ངེས་པ་མེད། །བྱང་ཆུབ་སྙིང་པོར་རྟོགས་པ་དེ་མ་ཐག །ཏིང་ངེ་འཛིན་གྱི་རྒྱལ་པོ་ཆེན་པོ་འབྱུང་། །དཔེར་ན་ནམ་མཁའ་འམ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་མཉམ་པའི་ངང་སྟེ་མཁའ་ལྟར་ཡངས། །ཀུན་ཏུ་བཟང་པོ་མཉམ་པའི་སྤྱོད་ཡུལ་ལ། །སྐྱེ་ཤི་བྲལ་བས་འཕོ་འགྱུར་ཡེ་ནས་མེད། །འཛིན་པ་དེ་ཉིད་རྒྱུ་རྐྱེན་བཅུ་གཉིས་ཡིན། །མེད་པས་སྐུར་པ་ཡིན་ཏེ་སྣང་བས་བརྟགས་པ་ཡིན། །འཁྲུལ་པ་


DNG006_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཞུགས་པའི་སྒོ་ཙམ་དུ། །དེ་ཉིད་རྟོགས་པ་མཁའ་ལྟར་ཤེས་པར་གྱིས། །འགྲོ་བ་རིགས་དྲུག་འཁྲུལ་པར་སྣང་བ་ཡང་། །དང་པོའི་ལས་ཅན་དག་ཏུ་ཤེས་པར་བྱ། །འདོད་ཡོན་ལྔ་སྤྱོད་གཞན་ལ་ཐུགས་རྗེས་བརླན། །དེས་ན་གང་ལྟར་སྤྱོད་ཀྱང་བྱང་ཆུབ་སྤྱོད་པ་ཡིན། །ཤན་པ་སྨད་འཚོང་མཚམས་མེད་བྱེད་པ་དེ། །འཇིག་རྟེན་ཁ་ན་མ་ཐོ་སྤངས་པ་ཡིན། །དེ་ཉིད་ཡོངས་སུ་རྫོགས་པའི་བདུད་རྩི་སྟེ། །བདེ་བ་ཆེན་པོ་ཉིད་དང་དབྱེར་མེད་ཕྱིར། །རྣམ་པར་མི་རྟོག་སྙིང་པོ་ཞེས་ཀྱང་བྱ། །དེ་ནི་ཐམས་ཅད་རྒྱུད་ལ་སྦས་པ་མེད། །བླང་དོར་མེད་པ་ཉིད་དུ་སྤྱོད་རྣམས་ལ། །དེ་ཉིད་བཙལ་བ་མེད་པ་ཉིད་དུ་རང་བཞིན་གནས། །ཆོས་ཉིད་ཡུལ་ལ་འཇུག་པའི་བསམ་གཏན་འདི། །རྣམ་པར་མི་རྟོག་ཆོས་རྣམས་སྙིང་པོ་ཡིན། །སེམས་ཉིད་ཆོས་ཉིད་རྟོགས་པ་རྣམས་ལ་རྒྱུད། །ཅེས་བསྟན་ཏོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །དུས་ལ་ཁྱད་པར་མེད་ངེས་པ། །སྔ་བ་ད་ལྟ་ཕྱི་བ་དུས་གསུམ་ནི། །བདེར་གཤེགས་ཡེ་ཤེས་ཐུགས་ལ་གཅིག་ཏུ་གསལ། །སེམས་ཅན་བག་ཆགས་བསགས་པས་གསུམ་དུ་གནས། །གཅིག་པར་སྔ་ཕྱི་མེད་པར་གདོད་ནས་བྱུང་། །ཆོས་སྐུ་དུས་གསུམ་གཅིག་ཏུ་ཁྱབ་པའི་ཕྱིར། །ཆེ་བ་ཆོས་ཉིད་ཆེན་པོ་ཡེ་ཤེས་ནི། །མ་བཅོས་བདེ་བ་ཆེན་པོར་རང་བཞིན་གནས། །དེས་ན་དུས་ལ་ཁྱད་པར་མེད་པར་ངེས། །ཞེས་བྱ། བླ་མ་མཆོད་པར་ངེས་པ་ནི། །ཚོགས་དང་ཡེ་ཤེས་གང་ཟག་རྣམ་པ་གསུམ། །སྔ་ཕྱི་མཉམ་པས་རིམ་པར་བཀོད་པ་མེད། །ཆོས་ཀུན་ཡོངས་སུ་གཅིག་པའི་གཏན་ཚིགས་ཀྱིས། །ཚོགས་དང་སངས་རྒྱས་གཅིག་པའི་བསྔོ་དང་བྲལ། །ཚོགས་ཀྱི་རྒྱན་ནི་འདོད་ཡོན་རྣམ་པ་ལྔ། །བཀོད་པ་མེད་པར་རང་བཞིན་བཀྲམ་པ་ཡང་། །ཡེ་ནས་རང་བཞིན་གནས་པས་དྲི་མ་མེད། །ཅེས་བྱ། མཆོད་པ་བསྔོ་རུ་མེད་པ་ནི། །ཡེ་ནས་རང་བཞིན་གནས་པའི་ཚོགས་ཆེན་ཏེ། །ཡེ་ནས་ལྷུན་གྱིས་གྲུབ་པས་མི་བསྔོ་ཞིང་། །གཟུང་འཛིན་གདོད་


DNG006_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དག་པའི་བདུད་རྩི་ཡིན། །དབང་པོ་དྲུག་སྡུད་རྣམ་ཤེས་དྲུག་ལ་མཆོད། །དབང་པོ་རྣམ་ཤེས་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་ཏིང་འཛིན་དག་གི་བསམ་པ་ཡིས། །བྱིན་གྱིས་བརླབས་ཤིང་ཤེས་པས་གཟུང་དུ་མེད། །ཅེས་བསྟན། དཀའ་སླ་མཚོན་དུ་མེད་པར་ངེས་པ་ནི། །བྱང་ཆུབ་སེམས་ལ་རྒྱུ་རྐྱེན་མི་དགོས་སླ། །མཚོན་དུ་མེད་པས་རྟོགས་པ་ཤིན་ཏུ་དཀའ། །རྒྱུ་ལས་མ་བྱུང་བས་ན་སླ་བའི་ཕྱིར། །དམིགས་པའི་ཡུལ་དུ་མ་གྱུར་དཀའ་བར་བཤད། །བྱང་ཆུབ་སེམས་ནི་མངོན་སུམ་ཡུལ་མི་གནས། །སྣང་སྲིད་ཀུན་ལ་ཁྱབ་པས་ནམ་མཁའ་འདྲ། །སེམས་ལ་མིང་དང་ཚིག་གིས་མཚོན་པ་ནི། །རྡོ་རྗེ་སེམས་དཔའ་ངས་ཀྱང་མཚོན་དུ་མེད། །ཅེས་བསྟན། བདེ་དང་སྡུག་བསྔལ་རྒྱུ་མཐུན་ངེས་པ་ནི། །དབང་པོ་དྲུག་ནི་ཡུལ་ལ་ཆགས་པ་སྟེ། །ཡུལ་ལ་རང་བཞིན་མེད་པས་ཆགས་པ་མེད། །གཉིས་ཀར་མ་ཡིན་ཚིག་གི་ལམ་ལ་གནས། །བརྟགས་ན་ཇི་ལྟར་བརྟགས་པ་འབྱུང་བ་ནི། །དབུ་མ་བཞིན་ཏེ་བྲག་ཅའི་སྒྲ་དང་འདྲ། །བདེ་བ་ཆོས་ཉིད་སྡུག་བསྔལ་ཉོན་མོངས་ལྔ། །སྙིང་པོ་བྱང་ཆུབ་སེམས་སུ་རྒྱུ་མཐུན་ཞེས། །འགྲོ་བའི་མགོན་པོ་རྡོ་རྗེ་སེམས་དཔས་གསུངས། །ཞེས་བསྟན། དེ་ནས་མ་ངེས་རྣམ་པ་གསུམ་པོ་བསྟན་པ་ནི། ཆོས་ཀྱི་རང་བཞིན་མ་ངེས་ནི།མདོ་སྡེའི་ཆོས་ལ་ངེས་པ་མེད་པར་བསྟན་པ་ནི། །སྒྱུ་མ་ལྟ་བུ་བརྒྱད་དུ་སྣང་བ་ནི། །ཇི་ལྟར་བལྟས་པ་དེ་ལྟར་སྣང་བ་དེ། །སེམས་ཀྱི་བག་ཆགས་སུ་ཡང་ངེས་མེད་པར། །སྣང་བ་དེ་འདོད་རྩོལ་སེམས་བྱེད་པ་ནི། །དེ་ལ་སེམས་ཉིད་བདེ་བ་ཡོད་མ་ཡིན། །སྣང་བ་འདོད་ཅིང་རྩོལ་སེམས་བྱས་པ་ནི། །དེ་ནི་མ་རྟོགས་སྒྲིབ་དང་གོལ་སྐྱོན་ཡིན། །ཞེས་བསྟན། བློ་ལ་ངེས་པ་མེད་པ་ནི། །བྱང་ཆུབ་སེམས་ནི་རྒྱུད་དྲུག་ཀུན་དང་མཚུངས། །སེམས་རྟོག་ཆོས་ཉིད་པ་ལ་འགྲོ་བའི་ལམ། །འགྲོ་བ་རིགས་དྲུག་ཀུན་གྱི་ལམ་ཡིན་པས། །བྱིས་པའི་བློ་ལ་ངེས་པ་མ་མཆིས་པས། །མ་རིག་མ་རྟོགས་བསླད་པས་འཁྲུལ་པའི་ཕྱིར། །རང་


DNG006_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྨན་གྱིས་སློབ་དཔོན་སྨན་པ་ཚོལ། །རང་སེམས་སངས་རྒྱས་མ་རྟོགས་གཞན་དུ་ཚོལ། །ཞེས་བསྟན། ཡེ་ཤེས་མ་ངེས་བསྟན་པ་ནི། །ད་ལྟར་བདེ་བ་མདུན་གྱི་ཡེ་ཤེས་བལྟ། །ཕྱི་མ་བདེ་བ་རྒྱབ་ནས་ཡེ་ཤེས་འདོད། །སྣང་བ་མངོན་སུམ་དག་གི་ཡེ་ཤེས་དང་། །རྒྱབ་ནས་འབྱུང་བའི་ཡེ་ཤེས་གྲངས་བྱུང་བས། །དེ་ཡང་ཡེ་ཤེས་རྣམ་པའི་སྐྱོན་ཡིན་པས། །རང་བྱུང་ཡེ་ཤེས་དེ་ལ་བརྟེན་མི་བྱ། །ཞེས་བྱའོ། །ངེས་པར་བསྟན་པའི་མདོ་ལས། མན་ངག་རྣམ་པ་བརྒྱད་བསྟན་པ་དང་། ངེས་པ་དོན་གྱི་འགྲེལ་པའོ།། །།དེ་ནས་སེམས་དཔའ་ཆེན་པོ་དེས། འདུས་པའི་འཁོར་ཚོགས་དེ་རྣམས་ལ།ཆོས་ཐམས་ཅད་རྫོགས་པ་ཆེན་པོའི་བྱིན་བརླབ་ལས་བྱུང་བའི་ཕྱིར། ཐེག་པ་ཡས་འབུབས་ཐེག་པ་དགུའི་མདོ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ཆོས་ཉིད་རང་བཞིན་སེམས་ཉིད་དེ། །སེམས་ཉིད་རང་བཞིན་རྫོགས་པ་ཆེ། །རྫོགས་ཆེན་ཆོས་ཉིད་སྐྱེ་མེད་ལས། །སྐྱེ་བའི་ཆོ་འཕྲུལ་འབྱུང་བའི་ཕྱིར། །ལོངས་སྤྱོད་རྫོགས་སྐུ་སྤྲུལ་པའི་སྐུ། །སུམ་བརྒྱུད་དགུ་ཕྲུག་རྣམ་སྤྲུལ་པ། །ཚིག་དང་ཡི་གེ་དགུར་གྲགས་ཏེ། །ཐེག་པ་རྣམ་པ་དགུ་རུ་བསྟན། །དེ་ཡང་གང་དང་གང་ཞེ་ན། །ཉན་ཐོས་རང་རྒྱལ་ཐེག་ཆེན་གསུམ། །སྤྲུལ་པའི་སྐུ་ཡི་གསུང་དུ་བསྟན། །ཀྲི་ཡ་ཡོ་ག་ཕྱི་པ་གསུམ། །ལོངས་སྤྱོད་རྫོགས་སྐུའི་བསྟན་པར་གྲགས། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ། །ཆོས་ཀྱི་སྐུ་ཡི་གསུང་དུ་བསྟན། །སྐུ་གསུམ་ཡཱ་ན་རྣམ་པ་དགུ། །རྫོགས་པ་ཆེན་པོས་བྱིན་གྱིས་རློབས། །དེ་ཡང་ཇི་ལྟ་བུ་ཞེ་ན། །སེམས་ཉིད་སྐུ་གསུང་ཐུགས་འདི་ཡིས། །སྐུ་གཅིག་སྐུ་གསུང་ཐུགས་སྟོན་ཏེ། །དེ་ཡང་ཇི་ལྟ་བུ་ཞེ་ན། །སྤྲུལ་པ་སྐུ་ཡི་རང་བཞིན་ནི། །བདེན་པ་བཞི་ཡི་ཆོས་ཉིད་ལ། །དབུ་ཟླུམ་ཞབས་རྗེན་བརྟུལ་ཞུགས་ཀྱིས། །འདུལ་བ་དགྲ་བཅོམ་ཤཱཀྱ་ཐུབ། །སྤྲུལ་པ་སྐུ་ཡི་རང་བཞིན་ནོ། །སྤྲུལ་པ་གསུང་གི་རང་བཞིན་ནི། །


DNG006_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཁྲི་བཞི་སྟོང་གསུངས་པ་དང་། །དབྱེ་བསྡུ་རྒྱུ་འབྲས་གཉེན་པོ་ལ། །དགོངས་ཏེ་སྡེ་སྣོད་གསུམ་གསུངས་པ། །སྤྲུལ་པ་གསུང་གི་རང་བཞིན་ནོ། །སྤྲུལ་པ་ཐུགས་ཀྱི་རང་བཞིན་ནི། །ཆོས་ཉིད་སྟོང་པ་བདེན་གཉིས་ཀྱི། །རྟོག་པ་ཀུན་ཏུ་འོད་ཀྱི་ས། །མི་དམིགས་ཡེ་ཤེས་མངོན་པ་ཐུགས། །སྤྲུལ་པ་ཐུགས་ཀྱི་རང་བཞིན་ནོ། །ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ནི། །གཟའ་སྐར་དུས་ཚིགས་བཟང་སྒོ་ནས། །དག་པ་གསུམ་སྤྱོད་རིགས་གསུམ་བསྒྲུབ། །རྒྱན་དང་ཆ་ལུགས་རྡོ་རྗེ་འཛིན། །ལོངས་སྤྱོད་སྐུ་ཡི་རང་བཞིན་ནོ། །ལོངས་སྤྱོད་གསུང་གི་རང་བཞིན་ནི། །ཀྲི་ཡ་ཡོ་ག་ཕྱི་ནང་གསང་ཡང་གསུམ། །དམ་ཚིག་བསྒྲུབ་དང་གྲུབ་པ་ཡིས། །ཏནྟྲ་སྡེ་གསུམ་གསུངས་པ་ནི། །ལོངས་སྤྱོད་གསུང་གི་རང་བཞིན་ནོ། །ལོངས་སྤྱོད་ཐུགས་ཀྱི་རང་བཞིན་ནི། །མཚན་མེད་བསྒོམས་ནས་སྟུག་པོ་བཀོད། །ཕྱག་རྒྱ་བཞི་ལྡན་དཔལ་བེའུ་ནི། །ལོངས་སྤྱོད་ཐུགས་ཀྱི་རང་བཞིན་ནོ། །ཆོས་ཀྱི་སྐུ་ཡི་རང་བཞིན་ནི། །སྐུ་གསུམ་པ་ཡི་ལམ་སྦྱངས་ནས། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །བདག་ཉིད་ཆེན་པོ་ཆོས་སྐུར་འདོད། །ཆོས་ཀྱི་སྐུ་ཡི་རང་བཞིན་ནོ། །ཆོས་ཉིད་གསུང་གི་རང་བཞིན་ནི། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཆོས་ཉིད་གསུང་གི་རང་བཞིན་ནོ། །ཆོས་ཉིད་ཐུགས་ཀྱི་རང་བཞིན་ནི། །གཟུང་འཛིན་མེད་པའི་བྱང་ཆུབ་སེམས། །སྒྲོ་སྐུར་བྲལ་བའི་ཡེ་ཤེས་ཐུགས། །ཡེ་ནས་རང་བྱུང་ཡེ་ཤེས་སོ། །ཆོས་སྐུ་ཐུགས་ཀྱི་རང་བཞིན་ནོ། །ཆོས་སྐུའི་རང་བཞིན་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་འབྱུང་གནས་འདི། །ཐེག་པ་དགུ་ཡི་སྙིང་པོ་སྟེ། །ང་ལས་མ་བྱུང་གཅིག་ཀྱང་མེད། །ད་ནི་ཀུན་གྱི་རང་བཞིན་སྟོན། །ཐམས་ཅད་ང་ཡིན་ཤེས་པར་བྱ། །སེམས་ཉིད་རྫོགས་པ་ཆེན་པོ་ནི། །ཐམས་ཅད་འབྱུང་བའི་སྙིང་པོ་སྟེ། །རང་ལས་བྱུང་བའི་


DNG006_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ནི། །རྒྱུར་ཡང་དག་ལ་འབྲས་བུར་དག །རྒྱུ་འབྲས་དག་པའི་ཆོས་ཉིད་ནི། །དབྱིངས་དང་ཡེ་ཤེས་ཡིན་པའི་ཕྱིར། །ཨ་ཏི་ཡོ་ག་བཀོད་པ་ཡིན། །སེམས་ལས་བྱུང་བའི་ཆོས་ཉིད་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་དེ། །ཡེ་ནས་རང་རྒྱུད་དག་པ་སྟེ། །བདག་ཉིད་ཆེན་པོ་ཡིན་པའི་ཕྱིར། །མ་ཧཱ་ཡོ་གར་བཀོད་པ་ཡིན། །སེམས་ལས་བྱུང་བའི་ཆོས་ཉིད་ནི། །ནང་རྫས་ལྔ་སྤང་ཕྱི་ལྔ་སྤྱད། །མཚན་མེད་མ་གོས་མ་ཆགས་ཀྱང་། །ཡེ་ཤེས་གྲོགས་སུ་བལྟ་བའི་ཕྱིར། །ཡོ་ག་ཞེས་སུ་བཤད་པ་ཡིན། །སེམས་ལས་བྱུང་བའི་ཆོས་ཉིད་ནི། །ཡུལ་དང་དབང་པོ་ཕྱི་སྤངས་ཏེ། །ཡ་ང་དྲི་སྤངས་དག་གསུམ་གྱིས། །ཡེ་ཤེས་སེམས་དཔའ་རྗེར་བལྟ་ཕྱིར། །ཀྲི་ཡ་ཞེས་སུ་བཀོད་པ་ཡིན། །སེམས་ལས་བྱུང་བའི་ཆོས་ཉིད་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །དོན་དམ་ཀུན་རྫོབ་བདེན་པ་ཡིས། །སྦྱངས་བགྲོད་རྣམ་པ་བཅུ་སྤྱོད་ཕྱིར། །བྱང་ཆུབ་སེམས་དཔའི་མདོ་སྡེར་བཀོད། །སེམས་ལས་བྱུང་བའི་ཆོས་ཉིད་ནི། །སྡུག་བསྔལ་ཀུན་འབྱུང་འགོག་ལམ་སྟེ། །སྤང་ཞིང་འགེགས་པའི་ཤེས་པ་ཡི། །བཟོད་པ་གཟུང་འཛིན་སྤང་འཇོམས་ཕྱིར། །ཉན་ཐོས་རང་རྒྱལ་ཞེས་སུ་བཀོད། །སེམས་ལས་བྱུང་བའི་ཆོས་ཉིད་ལས། །ཆེ་བའི་ཡེ་ཤེས་འབྱུང་བའི་ཕྱིར། །སེམས་ཉིད་ཨ་ནུ་ཡོ་གར་བཤད། །སེམས་ལས་བྱུང་བའི་ཆོས་ཉིད་ལས། །སངས་རྒྱས་ལྔ་རུ་འབྱུང་བའི་ཕྱིར། །སེམས་ཉིད་མ་ཧཱ་ཡོ་གར་བཤད། །སེམས་ལས་བྱུང་བའི་ཆོས་ཉིད་ལས། །ཕྱག་རྒྱ་ཆེན་པོ་བཞི་འབྱུང་ཕྱིར། །སེམས་ཉིད་རྣལ་འབྱོར་རྒྱུད་ཅེས་བཤད། །སེམས་ལས་བྱུང་བའི་ཆོས་ཉིད་ལས། །སྐུ་གསུམ་རིགས་གསུམ་འབྱུང་བའི་ཕྱིར། །སེམས་ཉིད་བྱ་བའི་རྒྱུད་ཅེས་བཤད། །སེམས་ལས་བྱུང་བའི་ཆོས་ཉིད་ལས། །ཆོས་ཀྱི་སྐུ་རུ་འབྱུང་བའི་ཕྱིར། །སེམས་ཉིད་རྫོགས་པ་ཆེན་པོར་བཤད། །སེམས་ལས་བྱུང་བའི་ཆོས་ཉིད་ལས། །


DNG006_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལྔ་འཇོམས་པར་འབྱུང་བའི་ཕྱིར། །སེམས་ཉིད་ཉན་ཐོས་རང་རྒྱལ་བཤད། །དེས་ན་སེམས་ཉིད་རྫོགས་ཆེན་འདིས། །ཐེག་པ་དགུ་ནི་ཡས་ཕུབ་སྟེ། །རྫོགས་པས་རྫོགས་པ་ཆེན་པོར་བཤད། །ཅེས་སེམས་ཀྱི་མདོ་འགྲེལ་ཆེན་པོ་བཅུ་ལས། ཐེག་པ་ཡས་འབུབས་ཀྱི་མདོ་སྡེ་དགུ་པའོ།། །།དེ་ནས་འདུས་པའི་ཚོགས་རྣམས་ལ། །སེམས་དཔའ་ཆེན་པོ་རྡོ་རྗེ་དེས། །ཐེག་པ་ཡས་འབུབས་པའི་མདོ་སྡེའི་དོན་གྱི་འགྲེལ་པ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ཐེག་པ་དགུ་ཡི་སྙིང་པོ་འདིར། །སེམས་ཉིད་རྫོགས་པ་ཆེན་པོ་སྟེ། །སེམས་ཀྱིས་མ་བྱས་ཆོས་མེད་དེ། །ཐམས་ཅད་སེམས་ཀྱིས་བྱས་པར་བསྟན། །གཉེན་པོ་མེད་པའི་རང་བྱུང་ཡེ་ཤེས་ནི། །དམིགས་སུ་མེད་པས་ཤིན་ཏུ་རྙེད་པར་དཀའ། །ཤེས་རབ་ཆོས་ཉིད་རིག་པ་ཐབས་ཀྱིས་རྟོགས། །ཆོས་ཉིད་རིག་པ་གཉིས་སུ་མེད་པས་འགྲུབ། །དོན་དམ་མ་ཡིན་བཏགས་པའི་མིང་ཙམ་དུ། །ཐབས་དང་ཤེས་རབ་གཉིས་ལ་བརྟེན་འདྲ་ཡང་། །ཆེ་བའི་ཡེ་ཤེས་མངོན་སུམ་བདེ་བ་དེ། །རྒྱུ་རྐྱེན་མེད་པའི་བྱང་ཆུབ་སེམས་ལས་བྱུང་། །རྫོགས་ཆེན་དག་གིས་ཡོངས་སུ་རྣལ་འབྱོར་བསྟན། །ཐམས་ཅད་བསྐྱེད་པའི་སངས་རྒྱས་ལྔ་པོ་འདིས། །རྒྱུད་དྲུག་གནས་པའི་སེམས་ཅན་ཀུན་ལ་ཁྱབ། །དེ་ལ་གཟུང་འཛིན་ལོག་པས་རྣམ་བརྟགས་ཀྱང་། །སངས་རྒྱས་ལྔ་རུ་གྲོལ་བ་གཞན་ལས་མིན། །རང་རྒྱུད་དག་པ་ཡིན་པར་རྫོགས་ཆེན་གྱི། །རྣལ་འབྱོར་ཆེན་པོ་དག་ཏུ་བསྟན་པ་ཡིན། །མ་སྐྱེས་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ཡང་། །སྐྱེ་མེད་རྟོགས་ན་ཆོ་འཕྲུལ་དཀའ་བ་མིན། །སྐུ་དང་ཡེ་ཤེས་སྟོབས་དང་མི་འཇིགས་པས། །དུས་གསུམ་སངས་རྒྱས་ཆེ་བའི་ཡོན་ཏན་ནི། །ཆོས་ཉིད་མ་བཅོས་ཇི་བཞིན་རྟོགས་པ་ལས། །ཐོགས་མེད་དཀའ་བ་མེད་པར་ཐམས་ཅད་འབྱུང་། །སེམས་དཔའ་རྣལ་འབྱོར་དེ་ལ་རྫོགས་པར་བཤད། །སྣང་སྲིད་རིག་པས་མེ་འཛིན་ཡོངས་སུ་གཏོང་། །གཟུང་འཛིན་མེད་པའི་གཏོར་མ་ཡིན་པར་བཤད། །


DNG006_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་རྩོལ་བསྒྲུབ་འདས་པའི་ལམ་འདི་ཡིས། །མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རང་གི་རྟོག་བསལ་ནས། །བྱ་བ་མེད་པའི་ལས་ཀྱི་རྒྱལ་པོ་འདི། །མི་རྟོག་ཏིང་འཛིན་མཉམ་བཞག་སྔགས་ཚིག་གོ། །བྱ་བ་མེད་པའི་ཏིང་འཛིན་ཀྲི་ཡཱ་ལ། །རྩོལ་བསྒྲུབ་འདས་པའི་སེམས་ཉིད་རྫོགས་པར་བཤད། །གཅིག་ཏུ་མ་ངེས་ཁ་དོག་རིགས་ལྔ་དང་། །སེམས་ཀྱི་བྱེ་བྲག་ཕུང་པོ་ལྔ་རྣམས་ལ། །རིགས་ལྔ་རྣམ་ཤེས་ཁྱད་པར་སྣང་བ་ཡང་། །དེ་བཞིན་སེམས་ཉིད་རྡུལ་ཡང་གཡོ་བ་མེད། །རང་བྱུང་ཡེ་ཤེས་ཆེན་པོ་སྣང་བས་ན། །འདི་ནི་འབྱུང་བ་ལྔ་ལས་རྩོལ་ཆེན་ཡིན། །མ་ངེས་གཉིས་ཀ་དེ་ལ་རྫོགས་པར་བཤད། །རིམ་པ་དགུ་དང་བརྒྱད་ཁྲི་བཞི་སྟོང་ནི། །སེམས་ཅན་སངས་རྒྱས་ལམ་ལ་འགྲོ་བའི་ལམ། །གང་ནས་སྤྱད་ཀྱང་རང་རང་འབྲས་བུ་སྐྱེ། །ཆོས་ཉིད་རྫོགས་ཆེན་མཚན་མ་མེད་དབང་གིས། །འཇིག་རྟེན་བདེ་བ་འདོད་པའི་བསྡི་གནས་ནི། །ཆོས་ཉིད་མཚན་མ་མེད་པ་འབྱུང་མི་འགྱུར། །སེམས་ཉིད་རྫོགས་པ་དག་གིས་ཕུབ་སྟེ་བཤད། །སངས་རྒྱས་བདེ་བ་ཆེན་པོའི་ཡེ་ཤེས་ནི། །སེམས་ཅན་ཉོན་མོངས་སྡུག་བསྔལ་རྣམ་པ་ལྔ། །སྙིང་པོ་བྱང་ཆུབ་སེམས་སུ་མཚུངས་པ་ལ། །ལས་ཀྱི་དབང་གིས་ཁྱད་པར་འབྱུང་ངོ་ཞེས། །ངེས་མེད་བློ་ཡིས་རྣམ་པར་བརྟགས་པ་ལ། །ཅི་སྟེ་ལས་དེའི་དབང་དུ་གྱུར་པ་ན། །རྐྱེན་མེད་རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་གསུངས་སོ། །རྫོགས་པ་ལས་ཀྱི་དབང་དུ་མི་འགྱུར་བསྟན། །བྱང་ཆུབ་སེམས་ནི་ཀུན་གྱི་རྒྱུ་ཡིན་ཏེ། །ཐམས་ཅད་འཇོམས་པའི་རྡོ་རྗེ་རྐྱེན་དང་འདྲ། །རྒྱུ་དང་ས་བོན་མེད་པས་མ་སྐྱེས་ལ། །རྐྱེན་དང་གཉེན་པོ་མེད་པས་འཇིག་པ་མེད། །གདོད་ནས་མ་སྐྱེས་སྙིང་པོ་བྱང་ཆུབ་ལ། །ད་བཙལ་བསམ་པས་བྱང་ཆུབ་སེམས་མི་བསྐྱོད། །རྫོགས་པས་གཉེན་པོའི་དབང་དུ་མི་འགྱུར་བསྟན། །ཉོན་མོངས་བརྐམ་ཆགས་ལྔ་ཡི་དབང་གིས་ནི། །ཉན་ཐོས་རང་རྒྱལ་ཐེག་ཆེན་མདོ་སྡེ་གསུམ། །འདུལ་ཁྲིམས་སྡོམ་པ་མ་


DNG006_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ཉམས་པ་ཡིས། །ཏ་ལའི་མགོ་བཅད་ལྗོན་ཤིང་མི་སྐྱེ་དང་། །རྡོ་རྗེ་ཐེག་པའི་དམ་ཚིག་ཉམས་པ་ཡིས། །ས་བོན་མེས་བསྲེགས་འབྲས་བུ་གཏན་ཚིག་ཀྱང་། །རྫོགས་ཆེན་བསྲུང་དུ་མེད་པའི་དམ་ཚིག་གིས། །གཞན་དབང་མི་གཏོང་འབྲས་བུ་ཡོད་པར་སྟོན། །རྫོགས་པས་ཉམས་པའི་དབང་དུ་མི་འགྱུར་བསྟན། །བྱང་ཆུབ་སེམས་ཀྱི་མདོ་འགྲེལ་ཆེན་པོ་བཅུ་ལས། ཐེག་པ་ཡས་འབུབས་ཀྱི་མདོ་དང་དོན་གྱི་འགྲེལ་པ་དགུ་པ་རྫོགས་སོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་དེས། འདུས་པའི་ཚོགས་ཐམས་ཅད་ལ་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་ཁོ་ནར་རྫོགས་པའི་ཕྱིར། ཡོངས་སུ་རྫོགས་པའི་མདོ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ཅི་ལྟར་སྣང་བའི་ཆོས་རྣམས་ནི། །བྱང་ཆུབ་སེམས་ལ་རྫོགས་པའི་ཕྱིར། །བྱང་ཆུབ་སེམས་འདི་ཤེས་པར་གྱིས། །བྱང་ཆུབ་སེམས་འདི་ཤེས་པ་དང་། །ཆོས་ཀུན་རང་ལ་རྫོགས་པར་ཤེས། །རང་ལས་བྱུང་བའི་ཆོས་རྣམས་ཀུན། །རང་བྱུང་ཡེ་ཤེས་སེམས་སུ་ཤེས། །རང་བྱུང་བྱང་ཆུབ་སེམས་འདི་ལས། །མ་ཡིན་པ་ཡི་ཆོས་མེད་པས། །སེམས་མ་ཡིན་གྱི་ཆོས་ཡོད་མིན། །ཞེས་གསུངས་པས། འདུས་པའི་ཚོགས་རྣམས་རབ་ཏུ་ཡི་རང་སྟེ། ཀུན་འདུས་པའི་ཚོགས་ཀྱིས་ཞུས་པ། ཨེ་མ་ཧོ། སེམས་དཔའ་རྡོ་རྗེ་ཀུན་ཏུ་བཟང་། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སེམས་ཡིན་སེམས་མིན་ཆོས་མེད་ན། །བདག་ཅག་འདུས་པའི་ཚོགས་ཀྱི་སེམས་སུ་ཡང་། །ཆོས་ཀུན་རབ་ཏུ་འདུས་ལགས་སམ། །ཞེས་ཞུས་སོ། །དེ་ནས་སེམས་དཔའ་ཆེན་པོས་དོན་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་འདི་རྟོགས་ལ། །འདི་ཡི་དོན་ཀུན་རིག་པར་གྱིས། །སྣང་ཆོས་རྒྱུ་ནི་འབྱུང་ཆེན་ལྔ། །འབྱུང་ལྔ་རྒྱུ་ནི་བྱང་ཆུབ་སེམས། །སེམས་ཀྱིས་ཆོས་རྣམས་སྣང་བར་བྱེད། །སེམས་མི་སྣང་ལ་ཆོས་མི་སྣང་། །དེས་ན་ཆོས་རྣམས་སེམས་


DNG006_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདུས། །སེམས་ལ་གཅིག་ལས་ཡོད་མ་ཡིན། །སེམས་གཅིག་ཀུན་ཏུ་ཁྱབ་པའི་ཕྱིར། །སངས་རྒྱས་ཡེ་ཤེས་ཐུགས་ཀྱང་སེམས། །སེམས་ཅན་བག་ཆགས་ཡིད་ཀྱང་སེམས། །སངས་རྒྱས་ཉིད་ལ་མི་རྟོག་རྒྱས། །སེམས་ཅན་རང་རྟོག་བག་ཆགས་བསྒྲིབ། །རང་བྱུང་སེམས་དེ་མི་གཉིས་གཅིག །གཅིག་ཕྱིར་དུས་གསུམ་སངས་རྒྱས་དང་། །འདུས་ཚོགས་ཁྱེད་སེམས་དབྱེར་མེད་པས། །སེམས་ཉིད་རྫོགས་པ་ཆེན་པོ་ནི། །ཡོངས་སུ་རྫོགས་པའི་མདོ་ཞེས་བྱ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ཅི་ལྟར་སྣང་བའི་ཆོས་རྣམས་ལ། །ཡོངས་སུ་རྫོགས་པའི་མདོ་འདི་ལ། །དོན་གྱི་རྣམ་པ་གཉིས་རྫོགས་ཏེ། །འཇིག་རྟེན་ཡོངས་སུ་རྫོགས་པ་དང་། །འདས་པ་ཡོངས་སུ་རྫོགས་པའོ། །འཇིག་རྟེན་ཡོངས་སུ་རྫོགས་པ་ནི། །སྲིད་གསུམ་འཁོར་བའི་སེམས་ཅན་རྣམས། །བརྐམ་ཆགས་ལྔ་ཡིས་ལམ་སྦྱོར་ཞིང་། །ཁམས་གསུམ་འཁོར་བའི་ཚོགས་བསྐྱེད་དེ། །བདེ་བའི་དོན་མེད་རྒྱུད་ལྔར་འཁོར། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །འདས་པ་ཡོངས་སུ་རྫོགས་པ་ནི། །མན་ངག་བཅུ་ཚན་གསུམ་བསྟན་ཏེ། །མདོ་དགུ་སེམས་ཉིད་རྫོགས་དང་བཅུ། །ལུང་དགུ་མན་ངག་བསྡུས་དང་བཅུ། །ཚིག་དགུ་བྱང་ཆུབ་སེམས་དང་བཅུ། །དེ་ཡང་མདོ་དགུ་གང་ཞེ་ན། །གཅིག་གི་མདོ་དང་གཉིས་ཀྱི་མདོ། །གསུམ་གྱི་མདོ་དང་བཞི་ཡི་མདོ། །ལྔ་ཡི་མདོ་དང་དྲུག་གི་མདོ། །བདུན་གྱི་མདོ་དང་བརྒྱད་ཀྱི་མདོ། །དགུ་ཡི་མདོ་དང་བཅུ་ཡི་མདོ། །ཐམས་ཅད་རྫོགས་པར་བསྟན་པ་ནི། །གཅིག་དང་གཉིས་དང་བཅུ་བར་དུ། །གྲངས་ལ་མཐུན་པའི་གྲངས་ཀྱིས་བསྟན། །དེ་ཡང་ཇི་ལྟར་བསྟན་ཞེ་ན། །གཅིག་ལ་གཅིག་བསྟན་གཉིས་ལ་གཉིས། །གསུམ་ལ་གསུམ་བསྟན་བཞི་ལ་བཞི། །ལྔ་ལ་ལྔ་བསྟན་དྲུག་ལ་དྲུག །བདུན་ལ་བདུན་བསྟན་བརྒྱད་ལ་བརྒྱད། །དགུ་ལ་དགུ་བསྟན་བཅུ་ལ་བཅུ། །ལྔ་བཅུ་རྩ་ལྔའི་བྱེ་


DNG006_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་འདིས། །ཀུན་བཟང་རྡོ་རྗེ་སེམས་དཔའི་བཀའ། །མདོ་ཡི་ཚིག་བཞི་ལྔ་བཅུ་ལྔས། །འཁོར་བ་མྱ་ངན་འདས་པའི་ཆོས། །ཐམས་ཅད་ཡོངས་སུ་རྫོགས་པར་བསྟན། །མདོ་དགུ་སེམས་ཉིད་རྫོགས་དང་བཅུ། །དེ་ཡང་གང་དང་གང་ཞེ་ན། །གཅིག་མདོ་བྱང་ཆུབ་སེམས་ཀྱི་མདོ། །གཉིས་མདོ་རྣམ་པར་བགྲང་བའི་མདོ། །གསུམ་མདོ་ཕུན་སུམ་ཚོགས་པའི་མདོ། །བཞི་མདོ་བྱེ་བྲག་འབྱེད་པའི་མདོ། །ལྔ་མདོ་ཁྱད་པར་འཕགས་པའི་མདོ། །དྲུག་མདོ་གོལ་སྒྲིབ་བསྟན་པའི་མདོ། །བདུན་མདོ་གཏན་ལ་འབེབས་པའི་མདོ། །བརྒྱད་མདོ་ངེས་པར་བསྟན་པའི་མདོ། །དགུ་མདོ་ཐེག་པ་ཡས་ཕུབ་མདོ། །བཅུ་པ་སེམས་ཉིད་རྫོགས་ཆེན་འདིས། །ལྔ་བཅུ་རྩ་ལྔའི་བྱེ་བྲག་སྟོན། །དེ་ཡང་ཇི་ལྟ་བུ་ཞེ་ན། །གཅིག་ནི་བྱང་ཆུབ་སེམས་ཡིན་ཏེ། །བྱང་ཆུབ་སེམས་ལ་བགྲང་དུ་མེད། །རྩ་བའི་དོན་དུ་ཤེས་པར་གྱིས། །གཉིས་ནི་རྣམ་པར་བགྲང་བ་སྟེ། །བྱང་ཆུབ་སེམས་ལ་གཉིས་བགྲང་བས། །འཁོར་བ་མྱ་ངན་འདས་པ་སྟེ། །སངས་རྒྱས་སེམས་ཅན་གཉིས་སུ་བགྲང་། །གསུམ་ལ་དོན་གསུམ་བསྟན་པ་ནི། །སྟོན་པ་བསྟན་པ་འཁོར་ཚོགས་ནི། །དུས་དང་གནས་ནི་རང་བཞིན་ཚང་། །ཕུན་སུམ་ཚོགས་པ་གསུམ་དུ་བསྟན། །བཞི་ཡི་མདོ་ལ་དོན་བཞི་སྟེ། །ཡོ་ག་བཞི་ཡི་རྣམ་པ་ལ། །རེ་རེ་ལ་ཡང་བཞི་བཞི་སྟེ། །ཡོ་ག་བཞི་ཡི་བྱེ་བྲག་འབྱེད། །ལྔ་ཡི་མདོ་ལ་དོན་ལྔ་སྟེ། །ཁྱད་པར་འཕགས་པའི་མདོ་དག་ལས། །ཁྱད་པར་འཕགས་པའི་ཆེ་ལྔ་སྟོན། །དྲུག་པའི་མདོ་ལ་དོན་དྲུག་སྟེ། །གོལ་སྒྲིབ་བསྟན་པའི་མདོ་དག་ལས། །ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །གོལ་ས་དྲུག་དང་སྒྲིབ་དྲུག་གོ། །བདུན་པའི་མདོ་ལ་དོན་བདུན་ཏེ། །གཏན་ལ་འབེབས་པའི་མདོ་དག་ལས། །ལུང་ཆེན་གསུམ་དང་མན་ངག་བཞི། །རྣམ་པ་བདུན་གྱིས་གཏན་


DNG006_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབེབས། །བརྒྱད་པའི་མདོ་ལ་དོན་བརྒྱད་སྟེ། །ངེས་པར་སྟོན་པའི་མདོ་དག་ལས། །ངེས་པ་དག་ནི་རྣམ་བརྒྱད་ཀྱིས། །མེད་པ་བརྒྱད་དང་ངེས་པ་ལྔ། །མ་ངེས་རྣམ་པ་གསུམ་དང་བརྒྱད། །བརྒྱད་པ་གཉིས་ཀྱི་རྣམ་པ་བསྟན། །དགུ་པའི་མདོ་ལ་དོན་དགུ་སྟེ། །ཐེག་པ་ཡས་འབུབས་མདོ་དག་ལས། །བདེན་པ་དགུ་ཡི་ཚིག་དགུ་ནི། །ཡས་འབུབས་ཐེག་པ་དགུ་རུ་བསྟན། །བཅུ་པའི་མདོ་ལ་དོན་བཅུ་སྟེ། །ཡོངས་སུ་རྫོགས་པའི་མདོ་དག་ལས། །ལུང་དགུ་མན་ངག་བསྡུས་དང་བཅུའོ། །དེ་ལ་མདོ་དགུ་སེམས་དང་བཅུར། །སེམས་དཔའ་ང་ཡིས་བཤད་པ་ཡིན། །ལུས་དགུ་མན་ངག་བསྡུས་དང་བཅུ། །དེ་དོན་གང་དང་གང་ཞེ་ན། །རྩ་བ་བཞི་ཡི་རྩིས་འགོ་དང་། །སྡུད་པར་བྱེད་པའི་ཐིག་ལེ་དང་། །འགྱུར་བ་མེད་པའི་ཕྱག་རྒྱ་དང་། །བགྲོད་ལམ་ནོར་བའི་གོལ་ས་དང་། །མ་ཤེས་པ་ཡི་སྒྲིབ་པ་དང་། །འདྲེལ་བ་རྒྱུད་ཏུ་བསྟན་པ་དང་། །གཏན་ལ་འབེབས་པའི་ལུང་ཆེན་དང་། །ལ་བཟླའ་བ་ཡི་མན་ངག་དང་། །ངེས་པ་དག་གིས་ཡིན་པ་དང་། །དོན་བསྡུས་པ་ཡི་གཏན་ཚིགས་བཅུའོ། །དེ་ཡང་གང་དང་གང་ཞེ་ན། །རྩ་བ་བཞི་ཡི་རྩིས་འགོ་ནི། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །སྟོན་པ་རྡོ་རྗེ་ང་ཡིན་ཏེ། །སྟོན་པ་རྡོ་རྗེ་སེམས་དཔའ་ལ། །མིང་དང་དོན་དང་དཔེ་དང་ནི། །རང་བཞིན་དག་གི་ཆེ་བ་བསྟན། །དེ་ཡང་ཇི་ལྟ་བུ་ཞེ་ན། །མིང་ནི་རྡོ་རྗེ་སེམས་དཔའ་ལ། །དོན་གྱི་རང་བཞིན་སྐྱེ་བ་མེད། །དཔེ་ནི་ནམ་མཁའ་ལྟ་བུ་སྟེ། །ཆེ་བ་ལྔ་ནི་ཁྱད་པར་འཕགས། །དེས་ན་རྩ་བ་བཞི་ཞེས་བྱ། །སྡུད་པར་བྱེད་པའི་ཐིག་ལེ་ནི། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །སྤྲོས་པ་མེད་པའི་རང་བཞིན་གྱིས། །སྡུད་པར་ཕྱེད་པའི་ཐིག་ལེ་སྟེ། །སྤྲོས་མེད་ཐིག་ལེ་ཆེན་པོ་དྲུག །ཆེ་བའི་ཡོན་ཏན་རྣམ་གྲངས་ཏེ། །ཆོས་ཉིད་བྱང་ཆུབ་སེམས་ལ་བགྲང་། །དེ་ཡང་ཇི་ལྟར་སྡུད་ཅེ་ན། །སྤྲོས་མེད་ཆོས་ཉིད་ཐིག་ལེ་ནི། །མ་བཅོས་པ་ཡི་བྱང་ཆུབ་སེམས། །རང་བཞིན་གནས་པའི་ཐིག་ལེར་བཤད། །བྱང་ཆུབ་སེམས་ཀྱི་ཆེ་བ་


DNG006_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྤྲོས་མེད་དབྱིངས་ཀྱི་ཐིག་ལེ་ནི། །ཐམས་ཅད་སྡུད་པའི་བྱང་ཆུབ་སེམས། །འབྱེད་པར་བྱེད་པའི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །དབྱིངས་ཉིད་རྣམ་དག་ཐིག་ལེ་ནི། །གཟུང་འཛིན་དག་པའི་བྱང་ཆུབ་སེམས། །སྤྲོས་པ་མེད་པའི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཡེ་ཤེས་ཆེན་པོའི་ཐིག་ལེ་ནི། །མ་བསྒྲིབས་པ་ཡི་བྱང་ཆུབ་སེམས། །འགག་པ་མེད་པའི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །སྤྲོས་མེད་ཀུན་བཟང་ཐིག་ལེ་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །མཉམ་པ་ཆེན་པོའི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །སྤྲོས་མེད་ལྷུན་གནས་ཐིག་ལེ་ནི། །རྩོལ་བསྒྲུབ་འདས་པའི་བྱང་ཆུབ་སེམས། །མ་གཡོས་པ་ཡི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཐིག་ལེ་ཐིག་ལེ་ཞེས་བྱ་བ། །སྤྲོས་པ་མེད་པའི་དོན་ཡིན་ཏེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །འགྱུར་བ་མེད་པའི་ཕྱག་རྒྱ་ནི། །རང་བྱུང་ཡེ་ཤེས་སྦྱོར་མེད་པས། །བཅུ་གཉིས་ལྔ་རུ་ཤེས་པར་བྱ། །ཡེ་ཤེས་དོན་གྱི་བྱེ་བྲག་ཡིན། །གཏན་ལ་འབེབས་པའི་མདོ་ཡིས་བསྟན། །བགྲོད་ལམ་ནོར་བའི་གོལ་ས་དང་། །མ་ཤེས་པ་ཡི་སྒྲིབ་པ་གཉིས་ཀྱང་དང་། །རང་བཞིན་འདི་བཅུ་མ་ཤེས་པས། །གོལ་ས་དང་ནི་སྒྲིབ་པར་འགྱུར། །རང་བཞིན་བཅུ་ནི་འདི་ལྟ་སྟེ། །བལྟ་བ་དང་ནི་དམ་ཚིག་དང་། །ཕྲིན་ལས་དང་ནི་ཡེ་ཤེས་དང་། །ས་དང་ལམ་གྱི་རིམ་པ་དང་། །ཕྲ་བ་ཆོས་ཉིད་རང་བཞིན་དང་། །འདྲེལ་བ་རྒྱུད་ཀྱི་རང་བཞིན་དང་། །ཐོག་ཏུ་འབེབས་པའི་ལུང་ཆེན་དང་། །ལ་ཟློ་བ་ཡི་མན་ངག་གོ། །ངེས་པ་ཐོབ་པའི་ཐེག་པ་དྲུག །སེམས་ཉིད་རྫོགས་པ་ཆེན་པོ་ལ། །རང་བཞིན་འདི་བཅུས་ཁྱབ་པའི་ཕྱིར། །རང་བཞིན་འདི་བཅུ་ཤེས་པར་བྱ། །དེ་ཡང་གང་དང་གང་ཞེ་ན། །བལྟ་བ་བདུན་དང་དམ་ཚིག་བདུན། །ཕྲིན་ལས་བདུན་དང་ཡེ་ཤེས་བདུན། །ས་བདུན་དང་ནི་བགྲོད་


DNG006_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བདུན། །ཕྲ་བ་ཆོས་བདུན་རྒྱུད་འགྲེལ་བདུན། །ཐོག་ཏུ་འབེབས་པའི་ལུང་བདུན་དང་། །ལ་ཟློ་བ་ཡི་མན་ངག་བདུན། །བཅུ་ཚན་བདུན་གྱི་རང་བཞིན་འདི། །ཐེག་པ་བདུན་གྱི་ངོ་བོ་ཡིས། །གོང་མ་མ་ཤེས་བསྒྲིབ་པར་བཤད། །འོག་མའི་ལམ་ནོར་གོལ་ས་སྟེ། །གོལ་ས་བཅུ་ཚན་དྲུག་དང་ནི། །སྒྲིབ་པ་བཅུ་ཚན་དྲུག་ཡོད་དོ། །སུམ་བརྒྱ་དྲུག་ཅུའི་གོལ་སྒྲིབ་བགྲང་། །དེ་ཡང་གང་ཟག་བློ་ལ་སྣང་། །རྣལ་འབྱོར་བཞི་ལས་ཕྱེ་བ་ནི། །གོལ་ས་བརྒྱ་དང་བརྒྱད་ཅུ་ལ། །སྒྲིབ་པ་སུམ་ཅུ་བཅུ་གཉིས་བཅུ། །ཉིས་བརྒྱ་བཞི་བཅུའི་གོལ་སྒྲིབ་བགྲང་། །སུམ་ཅུ་ཐམ་པ་བགྲང་བ་ནི། །རྣལ་འབྱོར་བཞི་ལས་བགྲང་བ་སྟེ། །རང་བཞིན་བཅུ་ཡི་གོལ་སྒྲིབ་ལ། །གང་གོལ་གང་སྒྲིབ་ངོས་མ་བཟུང་། །འདི་གོལ་འདི་སྒྲིབ་བསྟན་པ་མེད། །འདི་གོལ་འདི་སྒྲིབ་བསྟན་པ་ནི། །རང་བཞིན་བཅུ་པོ་གཅིག་ལ་ཡང་། །ལ་ལ་གོལ་ས་ལ་ལ་སྒྲིབ། །ཐེག་པ་བདུན་གྱི་ངོ་ལ་སྣང་། །དེས་ན་གོལ་སྒྲིབ་བཅུ་གཉིས་སོ། །རང་བཞིན་བཅུ་པོ་གཅིག་ལ་ཡང་། །ཡཱ་ན་བདུན་གྱི་གོལ་བགྲངས་ན། །གོལ་ས་བཅུ་དང་སྒྲིབ་པ་བཅུ། །གཅིག་ལ་སྒྲིབ་པ་མི་གནས་ལ། །གཅིག་ལ་གཅིག་གོལ་ཡོད་པ་མིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །སྒྲིབ་པ་བཅུ་ཡིས་བསྒྲིབ་པ་མེད། །གོལ་ས་དྲུག་ཅུ་ཐམ་པ་ཡོད། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ལ། །གོལ་ས་བཅུ་པོ་བགྲང་དུ་མེད། །སྒྲིབ་པ་དྲུག་ཅུ་ཐམ་པ་ཡོད། །རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་ལ། །གོལ་ས་བསྟན་པ་དེ་བཞིན་དུ། །ཡོངས་སུ་རྫོགས་པའི་རྣལ་འབྱོར་ལ། །སྒྲིབ་པ་རྣམ་པ་བཅུ་བསྟན་ཏེ། །རང་བཞིན་བཅུ་ཡིས་སྒྲིབ་པའོ། །གོལ་ས་བཅུ་ཚན་ལྔ་བསྟན་ཏོ། །རང་བཞིན་བཅུ་ཡིས་གོལ་སའོ། །རྣལ་འབྱོར་ཆེན་པོ་བསྐྱེད་པ་ལ། །སྒྲིབ་པ་བཅུ་ཚན་གཉིས་བསྟན་ལ། །གོལ་ས་བཅུ་ཚན་བཞི་བསྟན་ཏེ། །རང་བཞིན་བཅུ་ཡི་གོལ་


DNG006_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བོ། །སེམས་དཔའ་ཆེན་པོའི་རྣལ་འབྱོར་ལ། །གོལ་སྒྲིབ་བཅུ་ཚན་གསུམ་གསུམ་སྟེ། །དེ་ཡང་རང་བཞིན་གོལ་སྒྲིབ་བོ། །གཉིས་ཀ་སྤྱོད་པའི་ཨུ་པ་ཡ། །སྒྲིབ་པ་བཅུ་ཚན་བཞིས་བསྒྲིབས་པས། །གོལ་ས་བཅུ་ཚན་གཉིས་སུ་བསྟན། །དེ་ཡང་རང་བཞིན་བཅུ་ལས་བསྟན། །བྱ་བ་དག་གི་ཀྲི་ཡཱ་ལ། །སྒྲིབ་པ་བཅུ་ཚན་ལྔས་བསྒྲིབས་ལ། །གོལ་ས་བཅུ་ཚན་གཅིག་གིས་བསྟན། །དེས་ན་སུམ་བརྒྱ་དྲུག་ཅུར་བཤད། །ཐེག་པ་རྣམ་པ་དྲུག་པོ་ཡིས། །རང་གི་རང་བཞིན་མ་ཤེས་ན། །གོལ་སྒྲིབ་གོང་དུ་བསྟན་པ་འབྱུང་། །རྣལ་འབྱོར་རྣམ་པ་བཞི་པོ་ལ། །གོལ་སྒྲིབ་ཉིས་བརྒྱ་བཞི་བཅུ་བྱུང་། །གོལ་སྒྲིབ་གྲངས་དེ་འབྱུང་བ་ནི། །ཡཱ་ན་རྣམ་པ་བདུན་པོ་ལ། །ལྟ་བ་རེ་དང་དམ་ཚིག་རེ། །ཕྲིན་ལས་རེ་དང་ཡེ་ཤེས་རེ། །ས་རེ་ལམ་རེ་ཕྲ་བ་རེ། །རྒྱུད་རེ་ལུང་རེ་མན་ངག་རེ། །ཡཱ་ན་རེ་ལ་ཡོད་པའི་ཕྱིར། །དེས་ན་གོལ་སྒྲིབ་གྲངས་སུ་འབྱུང་། །འདི་རུ་མདོ་ཙམ་བསྟན་པ་ཡིན། །གོལ་སྒྲིབ་བསྟན་པའི་མདོ་ཡིས་བསྟན། །འདྲེལ་བ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པ་བཅུ་རུ་ཤེས་པར་བྱ། །སྣང་བ་དང་ནི་སྲིད་པར་འདྲེལ། །སྣོད་དང་བཅུད་དུ་ཡེ་ནས་འདྲེལ། །འཁོར་བ་མྱང་འདས་ཡེ་ནས་འདྲེལ། །རྒྱུ་དང་འབྲས་བུ་ཡེ་ནས་འདྲེལ། །ཡུལ་དང་དབང་པོ་ཡེ་ནས་འདྲེལ། །ཐབས་དང་ཤེས་རབ་ཡེ་ནས་འདྲེལ། །དབྱིངས་དང་ཡེ་ཤེས་ཡེ་ནས་འདྲེལ། །དོན་དམ་ཀུན་རྫོབ་ཡེ་ནས་འདྲེལ། །སེམས་དང་ཆོས་སུ་ཡེ་ནས་འདྲེལ། །དེས་ན་སངས་རྒྱས་སེམས་ཅན་འདྲེལ། །རྒྱུད་ཀྱི་རང་བཞིན་འདྲེལ་བར་བཤད། །དེ་ཡང་ཅི་ལྟ་བུ་ཞེ་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ནི། །སྲིད་པ་སྣང་བར་འབྱུང་བའི་ཕྱིར། །འདྲེལ་བ་ཞེས་སུ་བཤད་པ་ཡིན། །སྣོད་ན་ཡེ་ནས་བཅུད་གནས་ཏེ། །སྣོད་ཅེས་བྱ་བ་བཅུད་ཀྱི་སྣོད། །དེས་ན་སྣོད་བཅུད་ཡེ་ནས་འདྲེལ། །རྒྱུད་དྲུག་འཁོར་བའི་སེམས་ཅན་རྣམས། །ཡེ་ནས་མྱ་ངན་འདས་


DNG006_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ། །དེས་ན་ཡེ་ནས་རྒྱུ་ཡིས་འདྲེལ། །གང་རྒྱུ་ས་བོན་དེ་ལས་ནི། །གང་གི་འབྲས་བུ་དེ་འབྱུང་བས། །རྒྱུ་དང་འབྲས་བུར་ཡེ་ནས་འདྲེལ། །དབང་པོ་དག་ལ་ཡུལ་གསལ་བས། །མ་འགགས་རང་རྐྱེན་དག་གིས་གསལ། །དེས་ན་ཡུལ་དང་དབང་པོར་འདྲེལ། །གང་ཞིག་སྐྱེ་མེད་ཡུལ་དེ་ནི། །རིག་པ་ཐབས་ཀྱི་རྒྱལ་པོར་པོས་རྟོགས། །དེས་ན་ཐབས་དང་ཤེས་རབ་འདྲེལ། །སྤྲོས་དང་བྲལ་བའི་ཆོས་དབྱིངས་དེ། །མ་བསྒྲིབས་པ་ཡི་ཡེ་ཤེས་ཡིན། །དེས་ན་དབྱིངས་དང་ཡེ་ཤེས་འདྲེལ། །ཀུན་རྫོབ་ཚིག་དང་ཡི་གེ་ཡིས། །དོན་དམ་བརྗོད་དུ་མེད་པར་རྟོགས། །དེས་ན་ཀུན་རྫོབ་དོན་དམ་འདྲེལ། །སེམས་དང་ཆོས་སུ་འདྲེལ་བ་ནི། །སེམས་དེ་ཆོས་ཀྱི་ཡུལ་ལ་གནས། །ཆོས་ཡུལ་སེམས་སུ་ཡེ་གསལ་བས། །དེས་ན་སེམས་དང་ཆོས་སུ་འདྲེལ། །སངས་རྒྱས་སེམས་ཅན་འདྲེལ་བ་ནི། །སངས་རྒྱས་ཐུགས་རྗེ་སེམས་ཅན་ལ། །སྨོན་ལམ་གཅིག་ལ་ཡེ་ནས་འདྲེལ། །དེས་ན་འདྲེལ་བ་བཅུ་ཞེས་བཤད། །གཏན་ལ་འབེབས་པའི་ལུང་ཆེན་ནི། །དཔེར་ན་བློན་པོས་གཏམ་སྨྲས་ལ། །བཀའ་ལུང་ཞེས་ནི་སྒྲོགས་པ་མེད། །རྒྱལ་པོ་དག་གིས་བཀའ་སྩལ་པ། །དེ་ལ་བཀའ་ལུང་ཞེས་སུ་གདགས། །དེ་བཞིན་གང་ཟག་དོན་བསྟན་ཡང་། །ལུང་ཞེས་བྱ་བར་མིང་མི་འདོགས། །དེ་བཞིན་སྟོན་པ་རྣམ་གསུམ་གྱིས། །གང་ཟག་དབང་པོ་རིམ་དགུ་ལ། །བདེན་པའི་ཚིག་དགུ་སྨྲས་པ་ནི། །སྟོན་པའི་ལུང་དགུ་ཞེས་སུ་གདགས། །ལ་ཟློ་བ་ཡི་མན་ངག་ནི། །རྣམ་པ་བཅུ་རུ་ཤེས་པར་བྱ། །དེ་ཡང་གང་དང་གང་ཞེ་ན། །བལྟ་བ་དང་ནི་དམ་ཚིག་དང་། །ཕྲིན་ལས་དང་ནི་ཡེ་ཤེས་དང་། །ས་དང་ལམ་གྱི་རིམ་པ་དང་། །ཕྲ་བ་ཆོས་དང་རྒྱུད་དང་ལུང་། །མན་ངག་རང་བཞིན་བཅུ་པོ་དེ། །སེམས་ཉིད་རྫོགས་པར་བསྟན་པ་བཞིན། །མན་ངག་ཏུ་ནི་ཤེས་པར་བྱ། །ངེས་པ་དག་


DNG006_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཡིན་པ་ནི། །རྣམ་པ་དྲུག་ཏུ་ཤེས་པར་བྱ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །ཡེ་ནས་ཡིན་པའི་དོན་བཤད་དེ། །ཀུན་ཏུ་བཟང་པོ་ཡིན་པ་དང་། །ཀུན་ཏུ་བཟང་མོ་ཡིན་པ་དང་། །གཉིས་སུ་མེད་པ་ཡིན་པ་དང་། །རྒྱུད་ཡིན་ལུང་ཡིན་མན་ངག་ཡིན། །རྣམ་པ་དྲུག་ཏུ་ཤེས་པར་བྱ། །ཆོས་ཉིད་བྱང་ཆུབ་སེམས་དེ་ལ། །བཟང་ངན་བླང་དོར་མེད་པའི་ཕྱིར། །ཀུན་ཏུ་བཟང་པོ་ཡིན་པར་བཤད། །ཆོས་ཉིད་བྱང་ཆུབ་སེམས་དེ་ལ། །ཐམས་ཅད་འདུས་ཤིང་འབྱུང་བའི་ཕྱིར། །ཀུན་ཏུ་བཟང་མོ་ཡིན་པར་བཤད། །ཆོས་ཉིད་བྱང་ཆུབ་སེམས་དེ་ལ། །གཟུང་འཛིན་སྤྲོས་པ་མེད་པའི་ཕྱིར། །གཉིས་སུ་མེད་པ་ཡིན་པར་བཤད། །རྒྱུད་ལུང་མན་ངག་གསུམ་ཡིན་པས། །ཆོས་ཉིད་བྱང་ཆུབ་སེམས་དེ་ལ། །ཐམས་ཅད་འདུས་ཤིང་འཚོགས་པའི་ཕྱིར། །ཕུན་སུམ་ཚོགས་པའི་རྒྱུད་ཅེས་བྱ། །ཆོས་ཉིད་བྱང་ཆུབ་སེམས་དེ་ཡིས། །ཆོས་ཀུན་གཏན་ལ་འབེབས་པའི་ཕྱིར། །ལུང་ཆེན་གཏན་ལ་འབེབས་པར་བཤད། །བྱང་ཆུབ་སེམས་ཀྱི་ལུང་ཞེས་བཤད། །སེམས་ཉིད་རྫོགས་པ་ཆེན་པོ་འདིའི། །མན་ངག་རང་བཞིན་བཅུ་པོ་འདིས། །སྒྲོ་སྐུར་འདས་པར་ལ་ཟློའི་ཕྱིར། །མན་ངག་ཀྱང་ནི་ཡིན་པར་བཤད། །དོན་བསྡུས་པ་ཡི་གཏན་ཚིགས་ནི། །རྣམ་པ་ལྔ་རུ་བསྟན་པ་ཏེ། །དགོས་དོན་ལྔ་དང་མན་ངག་བརྒྱད། །རྣལ་འབྱོར་སྲོག་བཞི་དམ་ཚིག་བཞི། །ལྔ་གཅིག་གསུམ་གྱིས་འཕགས་པ་དང་། །གདགས་སུ་ཡོད་མེད་བསྟན་པའོ། །དགོས་དོན་ལྔ་ནི་གང་ཞེ་ན། །བྱང་ཆུབ་སེམས་ཀྱི་རང་བཞིན་དང་། །སེམས་ཀྱི་རྡོ་རྗེ་སྐྱེ་མཆེད་དང་། །བཙལ་དུ་མེད་པའི་ཆོས་ཉིད་དང་། །ཀུན་བཟང་རོལ་པར་འབྱུང་བའི་ཕྱིར། །ཏིང་འཛིན་བསྐྱེད་རྫོགས་མི་དགོས་དང་། །ཅི་ལྟར་བྱས་པའི་མཛད་སྤྱོད་ནི། །མན་ངག་དམ་པ་ཡིན་པར་བཤད། །མན་ངག་བརྒྱད་ནི་གང་ཞེ་ན། །ས་དང་ལམ་གྱི་དཀྱིལ་འཁོར་དང་། །ལས་དང་


DNG006_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་དག་པ་དང་། །འབྱེད་པ་མེད་དང་སྒྲོལ་བ་དང་། །རྫོགས་པ་ཆེན་པོའི་མན་ངག་གོ། །དེ་ཡང་ཇི་ལྟ་བུ་ཞེ་ན། །ས་ལ་སྦྱང་དུ་མེད་པ་ཡིན། །ལམ་ལ་བགྲོད་དུ་མེད་པ་ཡིན། །དཀྱིལ་འཁོར་མཐའ་དབུས་མེད་པ་ཡིན། །ལས་ལ་བཙལ་དུ་མེད་པ་ཡིན། །སྦྱོར་བ་གཉིས་སུ་མེད་པ་ཡིན། །གཅིག་ལ་དབྱེ་རུ་མེད་པ་ཡིན། །རྒྱུ་རྐྱེན་མ་བྱས་སྐྱེ་མེད་བསྒྲལ། །རྫོགས་པ་ཆེན་པོའི་མན་ངག་ནི། །སེམས་ཉིད་རྫོགས་པ་ཆེན་པོ་རུ། །ཆོས་ཀུན་འདི་རུ་རྫོགས་པའོ། །སྲོག་བཞི་མན་ངག་གང་ཞེ་ན། །རྣལ་འབྱོར་སྲོག་ནི་དམ་ཚིག་ཡིན། །དམ་ཚིག་བཞི་ནི་གང་ཞེ་ན། །བསྲུང་དུ་མེད་པ་རྣམ་བཞི་སྟེ། །མེད་པ་དང་ནི་ཕྱལ་པ་དང་། །གཅིག་པུ་དང་ནི་ལྷུན་གྲུབ་བོ། །དམ་ཚིག་སྲོག་ནི་བལྟ་བ་ཡིན། །བལྟ་བའི་སྲོག་ནི་སྟོན་པའི་ལུང་། །ལུང་གི་སྲོག་ནི་མན་ངག་གོ། །དེ་ཡི་སྲོག་ནི་གསང་བའོ། །ལྔ་གཅིག་གསུམ་གྱིས་འཕགས་པ་ནི། །དེ་ཡང་གང་དང་གང་ཞེ་ན། །ཁྱད་པར་འཕགས་པའི་མདོ་དག་ལས། །ཁྱད་པར་འཕགས་པའི་ཆེ་ལྔས་འཕགས། །གསུམ་འཕགས་ཕུན་སུམ་ཚོགས་མདོ་ལས། །ཕུན་སུམ་ཚོགས་པ་གསུམ་གྱིས་འཕགས། །གཅིག་འཕགས་བྱང་ཆུབ་སེམས་མདོས་འཕགས། །དེས་ན་ཐེག་པ་ཀུན་ལས་འཕགས། །གདགས་སུ་ཡོད་མེད་བསྟན་པ་ནི། །གདགས་སུ་ཡོད་པར་བསྟན་པ་དང་། །གདགས་སུ་མེད་པར་བསྟན་པའོ། །གདགས་སུ་ཡོད་པར་བསྟན་པ་ནི། །རྣམ་པར་བགྲང་བའི་མདོ་དག་དང་། །ཐེག་པ་ཡས་ཕུབ་མདོ་དག་ལས། །བདེན་པ་ཚིག་ཏུ་གདགས་སུ་ཡོད། །ཚིག་དགུ་སྟོན་པའི་སྟོན་པ་ཡང་། །གདགས་སུ་ཡོད་པར་བཤད་པ་ཡིན། །གདགས་སུ་མེད་པར་བསྟན་པ་ནི། །ངེས་པ་སྟོན་པའི་མདོ་དག་ལས། །གདགས་སུ་མེད་པ་བརྒྱད་བསྟན་པ། །བྱང་ཆུབ་སེམས་ཀྱི་མདོ་དག་ལས། །བྱང་ཆུབ་


DNG006_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་མཚོན་དུ་མེད། །དེས་ན་གདགས་སུ་མེད་ཅེས་བྱ། །དོན་བསྡུས་པ་ཡི་གཏན་ཚིགས་སོ། །དེ་ནས་སེམས་དཔའ་ཆེན་པོ་དེས། འདུས་པའི་ཚོགས་ཆེན་ལ་ཆོས་ཐམས་ཅད་ཚིག་དགུར་འདུས་ལ། ཚིག་དགུ་བྱང་ཆུབ་ཀྱི་སེམས་གཅིག་ལ་སྨྲས་པ། བྱང་ཆུབ་སེམས་ནི་སེམས་དཔའ་ང་ཉིད་ཡིན་པར་སྨྲས་པ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ཚིག་དགུ་བྱང་ཆུབ་སེམས་བཅུ་ནི། །ཚིག་དགུ་སྨྲས་པ་སེམས་ཀྱིས་སྨྲས། །སེམས་དེ་བསྟན་ཕྱིར་ཚིག་དགུ་བྱུང་། །ང་ནི་སེམས་ཀྱི་ཆོས་ཉིད་དེ། །སེམས་ཉིད་ཡེ་ནས་འདུས་མ་བྱས། །ང་ནི་སེམས་དཔའ་རྡོ་རྗེ་ཞེས། །ཀུན་བཟང་བྱང་ཆུབ་སེམས་ཀྱིས་བཏགས། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །རང་བྱུང་ཡེ་ཤེས་རྒྱུ་མེད་པས། །རང་བྱུང་ཡེ་ཤེས་གཉེན་པོ་མེད། །བཙལ་དུ་མེད་པའི་བྱང་ཆུབ་སེམས། །སྦྱང་དུ་མེད་པའི་བྱང་ཆུབ་སེམས། །བསམ་དུ་མེད་པའི་བྱང་ཆུབ་སེམས། །དངོས་པོ་བྲལ་བའི་བྱང་ཆུབ་སེམས། །བསྟན་དུ་མེད་པའི་བྱང་ཆུབ་སེམས། །སྤྲོས་པ་མེད་པའི་བྱང་ཆུབ་སེམས། །བརྟག་ཏུ་མེད་པའི་བྱང་ཆུབ་སེམས། །སྒྲོ་སྐུར་བྲལ་བའི་བྱང་ཆུབ་སེམས། །ཀུན་ལས་འདས་པའི་སེམས་ཉིད་འདིར། །ཆོས་ཀུན་ཡེ་ནས་འདུས་ཤིང་གནས། །སེམས་ཉིད་ནམ་མཁའ་ལྟ་བུར་གནས། །ནམ་མཁའ་ཅི་ལའང་མི་གནས་བཞིན། །སེམས་ཉིད་ཅི་ལའང་གནས་པ་མེད། །སེམས་དཔའ་ཆེན་པོ་ང་ཡིས་ནི། །ང་ཡི་རང་བཞིན་བསྟན་པ་དགུ། །ཁྱེད་ལ་ཚིག་དགུ་བསྟན་པ་འདིས། །ང་ཡི་རང་བཞིན་ཤེས་པར་གྱིས། །ང་ཡི་རང་བཞིན་འདི་ཤེས་ན། །ཁྱེད་ཀྱང་ང་ཡི་རང་བཞིན་ཡིན། །ང་ཡི་ཆོས་རྣམས་ཐམས་ཅད་ཀྱང་། །སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །སྒྲོ་སྐུར་ཀུན་དང་ང་བྲལ་ལོ། །ཞེས་ཡོངས་སུ་རྫོགས་པའི་མདོའོ།། །།དེ་ནས་སེམས་དཔའ་ཆེན་པོ་རྡོ་རྗེ་དེས། འདུས་པའི་ཚོགས་


DNG006_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོངས་སུ་རྫོགས་པའི་མདོ་ལས་དོན་གྱི་མདོའི་འགྲེལ་པ་བཅུ་པོ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ཡོངས་སུ་རྫོགས་པའི་མདོ་འདི་ནི། །རྫོགས་པ་རྣམ་པ་གཉིས་སུ་རྫོགས། །འཇིག་རྟེན་ཡོངས་སུ་རྫོགས་པ་དང་། །འདས་པ་ཡོངས་སུ་རྫོགས་པའོ། །འཇིག་རྟེན་རྣམ་པ་གཉིས་བསྟན་ལ། །འདས་པ་རྣམ་པ་བརྒྱད་ཀྱིས་བསྟན། །འཇིག་རྟེན་ལས་དང་བསམ་པ་གཉིས། །འཇིག་རྟེན་ཁམས་གསུམ་ལས་ཀྱི་སྦྱོར་བ་ཡང་། །དོན་དམ་མེད་པའི་སྒྱུ་མར་སྣང་བ་སྟེ། །དོན་དམ་མ་ཡིན་ཚིག་ཙམ་སྣང་བ་སྟེ། །འཇིག་རྟེན་འདི་ན་བསོད་ནམས་ཚོགས་པ་ཡིས། །འཁོར་བའི་འཁོར་ལོ་བསྒྱུར་བའི་གནས་ཐོབ་ཀྱང་། །མི་རྟག་སྒྱུ་མ་འདྲ་བའི་བསྡི་གནས་ཡིན། །འཇིག་རྟེན་འདི་ཡི་བསམ་པ་དེ་ལྟའོ། །སྣ་ཚོགས་སྤྱོད་ཅིང་མེད་པའི་དུས་ལ་ལྟོས། །ལས་ཀྱི་དུས་དེར་འབྱུང་བར་མི་འགྱུར་ཏེ། །ཆགས་དང་མ་བྲལ་སྨོན་ལམ་འདེབས་པས་ན། །འབྲས་བུ་མེད་ཅིང་སྟོང་པར་གསུངས་པ་ཡིན། །དེས་ནི་འཇིག་རྟེན་ལྟ་བ་བསྟན་པ་ཡིན། །དེ་ལས་འདས་པ་ཡོངས་སུ་རྫོགས་པ་ལ་བརྒྱད་དེ། ཉན་ཐོས་དག་གི་རང་བཞིན་དང་། །རྫོགས་པ་ཆེན་པོ་བསྟན་པ་དང་། །ལམ་བསྟན་པ་དང་ལམ་གྱི་དཔེ། །ཡིད་ལ་མ་བསགས་ཚོགས་ཆེན་དང་། །སྐུ་དང་ཡེ་ཤེས་བསྟན་པ་དང་། །བསྒོམ་དུ་མེད་པར་བསྟན་པ་དང་། །རོལ་པ་རང་ལས་བྱུང་བར་བསྟན་པའོ། །དེ་ལ་ཉན་ཐོས་བསྟན་པ་ནི། །བཙལ་དུ་མེད་པའི་ཆོས་ཉིད་དེ་ལ་ནི། །དབང་པོ་དྲུག་བརྟུལ་འདུལ་བའི་ཁྲིམས་ཞུགས་རྩོལ། །སྡུག་བསྔལ་ལུས་ཀྱི་སྤྱོད་དྲག་གིས། །སྤྱད་ཀྱང་ངེས་པའི་གནས་ནི་མིང་མེད་དེ། །ལུང་གི་ཨ་དང་སྟོན་པའི་བར་ལྡན་ན། །སྐད་ཅིག་སྒྱུ་མའི་བདེ་བ་འབྱུང་བར་འདོད། །ཅེས་བསྟན། རྫོགས་པ་ཆེན་པོའི་རོལ་པ་བསྟན་པ་ནི། །ཆོས་ཉིད་བྱང་ཆུབ་སེམས་ནི་ནམ་མཁའ་འདྲ། །སེམས་ལ་རྟོག་པ་མེད་པ་ཆོས་ཀྱི་སྐུ། །དངོས་


DNG006_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཚན་མ་མེད་པས་བཟུང་མི་ཟིན། །དཔེ་ནི་ཆུ་ལ་སྣང་བའི་ཟླ་བ་འདྲ། །ཆོས་སྐུ་མ་སྐྱེས་ཀུན་ཏུ་བཟང་པོ་ལས། །རོལ་པ་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ནི། །སྣང་སྲིད་མངོན་དུ་འབྱུང་བའི་ཆོས་ཉིད་དེ། །དོན་དམ་སྐྱེ་བ་མེད་པས་ཨཱ་ལིར་བཤད། །རིག་པ་མངོན་དུ་གྱུར་པའི་སེམས་ཉིད་ནི། །ཆོས་ལ་འགགས་པ་མེད་པ་ཀཱ་ལིར་བཤད། །དེ་ནི་རྫོགས་པ་ཆེན་པོའི་རོལ་པར་བཤད། །ཆོས་ཉིད་ལམ་གྱི་རང་བཞིན་བསྟན་པ་ནི། །སྔོན་གྱི་ལམ་ཡང་ཆོས་ཉིད་བྱང་ཆུབ་སེམས། །ད་ལྟའི་ལམ་ཡང་ཆོས་ཉིད་ཆོས་ཀྱི་དབྱིངས། །སྔ་མ་རྣམས་ནི་ལམ་གྱི་དཔེ་བཞིན་དུ། །ཆོས་ཉིད་དེ་ནི་ཕྱི་ལམ་གནས་སུ་ཆེ། །དེ་ལྟར་སྔ་མ་སངས་རྒྱས་སྔ་མའི་ལམ་བཞིན་དུ། །ཆོས་ཉིད་སྐྱེ་བ་མེད་པ་དེ་བཞིན་དུ། །ཕྱི་མ་ཀུན་གྱི་ལམ་གྱི་རང་བཞིན་ནོ། །ཀུན་གྱི་ལམ་ཉིད་ཡིན་པར་བསྟན་པ་ནི། །གོང་མ་ཀུན་གྱི་ལམ་དང་འདྲ་བར་ནི། །འགྲོ་བ་ཡོངས་ཀྱི་ལམ་ནི་ཆོས་ཉིད་དོ། །ཆོས་ཉིད་ནམ་མཁའི་ཟླ་བ་འདྲ་བ་ལ། །ཚིག་བརྗོད་མཛུབ་མོས་བསྟན་དང་བཅས་པ་འདྲ། །སངས་རྒྱས་སེམས་ཅན་ཀུན་གྱི་མཉམ་པ་ནི། །ཆོས་ཉིད་བདེ་བ་ཆེན་པོ་དེ་ཡིན་ལ། །སྣང་བ་མེད་པའི་ཆོས་ཉིད་དེ་ལ་ནི། །དབང་པོས་བལྟས་པས་ཆོས་ཉིད་འགྲུབ་པ་མེད། །ཅེས་བསྟན། ཡིད་ཀྱི་ཚོགས་ཆེན་བསྟན་པ་ནི། །སྣང་སྲིད་ཡིད་ཀྱིས་ཚོགས་བསྔོས་ཡོན་བདག་སྟེ། །དབང་པོས་བལྟས་པས་འདོད་ཡོན་བཀྲམ་པའོ། །དབང་པོའི་མིག་གིས་ཚོགས་སུ་མཐོང་བ་ནི། །འདོད་ཡོན་ལྔ་རུ་གསལ་བས་དངོས་གྲུབ་པོ། །དེ་ལ་ཏིང་འཛིན་མཉམ་པར་བཞག་པ་ནི། །རྒྱུ་དང་ཡེ་ཤེས་ཚོགས་གཉིས་རྫོགས་པའོ། །ཞེས་བསྟན་ཏོ། །སྐུ་དང་ཡེ་ཤེས་བསྟན་པ་ནི། །བྱང་ཆུབ་སེམས་ནི་དངོས་པོ་ཅིར་མི་གཡོ། །གཟུང་འཛིན་མི་མངའ་ཆོས་སྐུ་ཕྱག་རྒྱ་ཡིན། །ཏིང་འཛིན་མི་བསྐྱོད་རང་བྱུང་ཡེ་ཤེས་ཏེ། །ཆོས་ཉིད་མཚན་


DNG006_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

མར་མི་ལེན་བདག་མེད་ཅིང་། །སེམས་ཀྱིས་གང་ཡང་མི་སྤང་དོར་བ་མེད། །མི་གཡོ་མི་བསྐྱོད་མི་ལེན་མི་འདོར་བས། །འདི་ཞེས་བརྗོད་མེད་ཚིག་བྲལ་མཉམ་ཉིད་དོ། །ཞེས་བསྟན། བསྒོམ་དུ་མེད་པ་བསྟན་པ་ནི། །སྲིད་པ་འབྱུང་བ་སྣང་བ་ཡོད་པའི་ཆོས། །ཆོས་ཉིད་བྱང་ཆུབ་སེམས་ལ་སྣང་བ་མེད། །མ་བཙལ་རང་བཞིན་བཞག་པས་བསྒོམ་པའི་མཆོག །བཙལ་མེད་ཆོས་ལ་ཡོད་པར་རྣམ་བཙལ་ན། །ནམ་མཁའ་དག་ལ་ཁང་པ་ཕུབ་པ་འདྲ། །མེད་པར་ཡོད་པའི་འབྲས་བུ་ཡོངས་མི་འབྱུང་། །ཞེས་བསྟན། རོལ་པ་རང་ལས་འབྱུང་བར་བསྟན་པ་ནི། །རྒྱུ་མེད་རང་བྱུང་སེམས་ནི་ངོ་མཚར་ཆེ། །དེ་ལས་རྐྱེན་མེད་ཡེ་ཤེས་རྨད་བྱུང་འདི། །བཀག་པ་མེད་པར་སྤྱོད་པས་རོལ་པ་འདི། །བྱར་མེད་རྩོལ་བསྒྲུབ་མི་མངའ་ནམ་མཁའ་བཞིན། །དངོས་པོ་ཅིར་ཡང་མི་དམིགས་གཏི་མུག་ལས། །ཐོགས་མེད་རྨད་དུ་བྱུང་བ་དེ་མ་ཐག །རྒྱུ་མེད་རང་བྱུང་ཡེ་ཤེས་རོལ་པ་འབྱུང་། །ཞེས་བྱང་ཆུབ་སེམས་ཀྱི་མདོ་ཡི་འགྲེལ་པ་ལས། ) ཡོངས་སུ་རྫོགས་པའི་དོན་གྱི་འགྲེལ་པ་བཅུ་པ་རྫོགས་སོ།། །།དེ་ནས་སེམས་དཔའ་ཆེན་པོ་དེས། འདུས་པའི་ཚོགས་ལ་ཆོས་ཐམས་ཅད་ཚིག་དང་ཡི་གེས་གཏན་ལ་དབབ་ཏུ་མེད་པ་དེ། ཚིག་དང་ཡི་གེས་འདྲེལ་བའི་སྒོ་ནས། གང་ཟག་གི་བློ་ཡིས་རྟོགས་པར་བྱ་བའི་ཕྱིར། དོན་གྱི་འགྲེལ་པ་ལྔ་པོ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །སྔ་རབས་འདས་པའི་སངས་རྒྱས་ཀྱང་། །དོན་གྱི་འགྲེལ་པ་ལྔ་པོ་འདི། །རྟོགས་ནས་སྐྱེ་མེད་ས་ལ་གཤེགས། །ད་ལྟར་བཞུགས་པའི་རྣལ་འབྱོར་ཡང་། །དོན་གྱི་འགྲེལ་པ་ལྔ་པོ་འདིས། །ང་ཡི་ལུང་ཆེན་དོན་རྟོགས་ནས། །དགོངས་པ་འདི་ཡིས་གནས་པར་བྱེད། །སླད་ནས་བྱོན་པའི་གདུང་འཚོབ་རྣམས། །དོན་གྱི་འགྲེལ་པ་ལྔ་པོ་འདི། །གཏན་ལ་


DNG006_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་པས་རྟོགས་པར་འགྱུར། །འགྲེལ་ལྔ་གང་དང་གང་ཞེ་ན། །ཚེག་བར་འབྲུ་ཡི་འགྲེལ་པ་དང་། །དཔེ་དོན་རྒྱུ་འབྲས་འགྲེལ་པ་དང་། །གཏན་ཚིགས་དོན་གྱི་འགྲེལ་པ་དང་། །འབྱེད་པར་བྱེད་པའི་འགྲེལ་པ་དང་། །སྡུད་པར་བྱེད་པའི་འགྲེལ་པའོ། །ཚེག་བར་འབྲུ་ཡི་འགྲེལ་པ་ནི། །ཡི་གེའི་དོན་དང་རང་བཞིན་དང་། །ཚེག་དང་ཡིག་ཤུགས་ཡན་ལག་བརྟགས། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཡི་གེ་འབྲུ་གཅིག་ལུས་པོ་ལ། །དགོས་པའི་ཡན་ལག་བདུན་ཚང་སྟེ། །མགོ་དང་ཡན་ལག་ཚེག་ཤད་བདུན། །མགོ་ནི་མ་ནོར་ལམ་འདྲེན་ལ། །ཚེག་མིག་བལྟ་ཞིང་ཤད་རྟ་ཞོན། །ཡན་ལག་ཤུགས་ཀྱིས་འགྲོ་བར་བྱེད། །ཡན་ལག་ཤུགས་ཀྱིས་འགྲོས་བསླངས་ནས། །མགོ་ནི་དོན་གྱི་ལམ་དུ་ཞུགས། །ཚེག་གིས་ཆོས་རྣམས་མིང་དུ་སྨྲ། །ཤད་ཀྱིས་སྡེ་བ་ཚིགས་སུ་གཅོད། །ཡི་གེས་དོན་དང་རང་བཞིན་བསྟན། །ཚེག་བར་འབྲུ་ཡི་ཚིག་དོན་ནི། །ཐབས་དང་ཤེས་རབ་འདྲེལ་བ་དང་། །བྱ་བ་ཀུན་ལྡན་བྱ་མེད་པ། །སྟོང་པ་ཆེན་པོ་རྣམ་ཀུན་བཅས། །དམིགས་མེད་ལུས་དང་བཅས་པའི་ཚིག །ཚིག་བར་ཚིགས་ཀྱིས་བཅད་པ་ནི། །སྟོན་པ་ང་ཡི་གསུང་དུ་ངེས་པར་གསུངས། །ཚིག་དོན་བཟློག་སྟེ་སྦྱོར་བ་འཁྲུགས། །ལྷུག་པར་བཤར་བ་སིལ་བུ་རྣམས། །སྐབས་ཀྱི་དོན་དང་མ་འདྲེལ་བ། །འདྲེས་པ་གང་ཟག་མི་ཡི་ཚིག །ང་ཡིས་གསུངས་པའི་དོན་ལ་སྨྲས། །ཚེག་བར་འབྲུ་ཡི་ཚིག་དོན་ནོ། །ཚེག་བར་འབྲུ་ཡི་ཡིག་ཤུགས་ནི། །གོང་མའི་ཤུགས་དང་འོག་མའི་ཤུགས། །བར་མ་འདྲེལ་བ་བདག་ཤུགས་ཀྱིས། །གང་ཡིན་པར་ནི་བརྟག་པར་བྱ། །ཚེག་བར་འབྲུ་ཡི་ཡན་ལག་ནི། །ཡིག་འབྲུ་གཅིག་ལ་ཡན་ལག་བདུན། །སྒྲ་ཡིས་བོད་པ་ལྔ་གཉིས་གཅིག །ཡན་ལག་ཤུགས་ཀྱི་ཡིག་འབྲུ་དེ། །ཡིག་འབྲུ་གར་འགྲོ་ཡན་ལག་དབང་། །ཡན་ལག་འགྲོས་ཏེ་བརྟག་པར་བྱ། །ཚེག་བར་འབྲུ་ཡི་འདྲེལ་བར་བཤད། །དཔེ་དོན་རྒྱུ་འབྲས་འགྲེལ་པ་ནི། །དོན་གྱི་ཚིག་དང་ཡི་གེའི་ཚིག །རྒྱུ་ཡི་ཚིག་དང་དཔེ་ཡི་ཚིག །རྒྱུ་ཡི་ཚིག་དང་འབྲས་བུའི་ཚིག །གང་ཡིན་འབྲུ་ལ་བརྟག་བྱ་སྟེ། །ཡན་ལག་འབྲུ་ཡིས་སྟོན་པར་བྱེད། །དེ་འདྲ་དེ་བཞིན་དེ་ལྟར་


DNG006_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །དཔེ་རུ་བསྟན་པའི་འགྲེལ་པའོ། །དེ་བས་དེ་ཕྱིར་དེས་ན་གསུམ། །གང་ཡིན་དོན་དེ་དེ་མཐོང་ན། །གཏན་ཚིགས་བསྟན་པའི་འགྲེལ་པའོ། །དེ་ནས་དེ་ཡང་དེ་ལས་གསུམ། །རྒྱུ་འབྲས་བསྟན་པའི་འགྲེལ་པའོ། །དེ་ཡིན་དེ་མིན་ཡིད་ཆེས་ན། །དོན་གྱི་འགྲེལ་པ་ཡིན་པར་བཤད། །འབྲུ་དང་ཡན་ལག་གཅིག་ལ་ཡང་། །དཔེ་དོན་དེ་ལྟར་ཡོད་པས་ན། །དེ་བཞིན་འབྲུ་ལག་ཀུན་ལ་བརྟག །དཔེ་དོན་རྒྱུ་འབྲས་འགྲེལ་པར་བཤད། །གཏན་ཚིགས་དོན་གྱི་འགྲེལ་པ་ནི། །ཡན་ལག་གང་གི་དོན་འབྱུང་བ། །ཚིག་འབྲུ་ལས་ནི་དོན་དབྱུང་བྱ། །རྒྱུ་ཡི་ཚིག་དང་འབྲས་བུའི་ཚིག །དཔེ་ཡི་ཚིག་གམ་དོན་གྱི་ཚིག །རྟགས་སམ་གཏན་ཚིགས་གང་ཡིན་ཚིག །བརྟགས་ཏེ་དོན་དེ་དབྱུང་བར་བྱ། །གཏན་ཚིགས་དག་གི་འགྲེལ་པར་བཤད། །འབྱེད་པར་བྱེད་པའི་འགྲེལ་པ་ནི། །སོ་སོ་དག་གི་ངོ་བསྟན་ནས། །སྡེ་དང་ཚན་དང་རིས་སུ་ཕྱེ། །འབྱེད་པར་བྱེད་པའི་འགྲེལ་པ་ཡིན། །ཆོས་ཀུན་རྩ་བ་གཅིག་བསྡུས་ནས། །སྤྲོས་པ་མེད་པའི་དོན་སྟོན་ན། །སྡུད་པར་བྱེད་པའི་འགྲེལ་པ་ཡིན། །ཚིག་དང་འབྲུ་ཡི་དོན་འདི་ནི། །ཚིག་བར་འབྲུ་ཡི་འགྲེལ་པར་བཤད། །འདྲ་དང་ཡོད་མིན་དོན་འདི་ནི། །དཔེ་དོན་རྒྱུ་འབྲས་འགྲེལ་པར་བཤད། །བརྟགས་ཏེ་གཏན་ཚིགས་དོན་འབྱིན་ན། །གཏན་ཚིགས་ངག་གི་འགྲེལ་པར་བཤད། །སོ་སོའི་སྡེ་ཚན་རིས་འབྱེད་ན། །ས་གཅོད་པ་ཡི་འགྲེལ་པར་བཤད། །རྩ་བ་གཅིག་ཏུ་དོན་སྟོན་ན། །སྡུད་པར་བྱེད་པའི་འགྲེལ་པར་བཤད། །ཚེག་བར་འབྲུ་ཡི་འགྲེལ་པ་ཡིས། །ཚིག་དང་འབྲུ་དང་ཚིག་མི་མིང་ལས་ཀྱང་འདས། །འབྲུ་ལ་ལྷག་མ་མི་ལས་ཏེ། །འབྲུ་འཇོམས་པ་ཡི་འགྲེལ་པར་བཤད། །དཔེ་དོན་རྒྱུ་འབྲས་འགྲེལ་པ་འདིས། །འདྲ་དང་ཡིན་མིན་དོན་བསྟན་ནས། །ཆོས་ལ་དེ་ནི་མིང་དུ་འདོགས། །ངོ་བོ་བསྟན་པའི་འགྲེལ་པར་བཤད། །གཏན་ཚིགས་དོན་གྱི་འགྲེལ་


DNG006_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །མ་ནོར་པ་ཡི་སྙིང་པོ་འབྱིན། །ངེས་པར་གཏན་ལ་འབེབས་པས་ན། །དོན་འབྱིན་པ་ཡི་འགྲེལ་པར་བཤད། །འབྱེད་པར་བྱེད་པའི་འགྲེལ་པ་འདིར་སྐོར་ཚིག་རྐང་དྲུག་བདུན་གོང་དང་ཟློས་པས་དཔྱད་ནི། །སོ་སོ་དག་གི་ངོ་བསྟན་ནས། །སྡེ་དང་ཚན་དང་རིས་འབྱེད་པས། །ས་གཅོད་པ་ཡི་འགྲེལ་པར་བཤད། །སྡུད་པར་བྱེད་པའི་འགྲེལ་པ་ནི། །ཆོས་ཀུན་རྩ་བ་གཅིག་བསྡུས་ནས། །སྤྲོས་པ་མེད་པའི་དོན་དུ་སྟོན། །དོན་བསྡུས་པ་ཡི་འགྲེལ་པར་བཤད། །དོན་གྱི་འགྲེལ་པ་ལྔ་པོ་འདིས། །མ་བཤད་སྐྱོན་ཡང་ལྔ་ཡོད་དེ། །ཚེག་བར་འབྲུ་ཡི་འགྲེལ་མེད་ན། །ཚེག་བར་འབྲུ་དེས་ཚིག་མི་སྡེབས། །འབྲུ་མི་ཆོམས་པའི་སྐྱོན་དུ་འགྱུར། །དཔེ་དོན་རྒྱུ་འབྲས་འགྲེལ་མེད་ན། །ཆོས་ལ་མིང་གིས་མི་ཐོགས་ཏེ། །མཚོན་དུ་མེད་པའི་སྐྱོན་དུ་འགྱུར། །གཏན་ཚིགས་དག་གི་འགྲེལ་མེད་ན། །དོན་གྱི་རྩ་བ་མི་རྙེད་དེ། །དོན་མི་ཕྱིན་པའི་སྐྱོན་དུ་འགྱུར། །འབྱེད་པར་བྱེད་པའི་འགྲེལ་མེད་ན། །ཐ་དད་འཛིན་བློ་དེ་སྐྱེས་ཏེ། །སོ་སོར་བྱེ་བྲག་མི་ཕྱེད་དེ། །ས་མི་ཆོད་པའི་སྐྱོན་དུ་འགྱུར། །སྡུད་པར་བྱེད་པའི་འགྲེལ་མེད་ན། །རྩ་བ་གཅིག་ཏུ་མི་འགྱུར་ཏེ། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །དེས་ན་འགྲེལ་པ་ལྔ་པོ་འདི། །དུས་གསུམ་བཞུགས་པའི་སངས་རྒྱས་ཀྱིས། །གསུང་གི་ཚིག་ཏུ་ངས་སྨྲས་པ། །འདུས་པའི་འཁོར་ཚོགས་ཁྱེད་རྣམས་ཀྱིས། །ཀུན་བཟང་རྡོ་རྗེ་ང་ཡི་ལུང་། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །རྟོགས་ཕྱིར་འགྲེལ་པ་ལྔ་པོ་འདི། །ང་ཡིས་ཁྱེད་ལ་བསྟན་པ་ཡིན། །ཞེས་གསུངས་སོ། །ཡོངས་སུ་རྫོགས་པའི་མདོ་དང་དོན་གྱི་འགྲེལ་པ་ལྔ་པ་རྫོགས་སོ།། །།དེ་ནས་སེམས་དཔའ་ཆེན་པོ་དེས། བྱང་ཆུབ་སེམས་ཀྱི་བསྟན་པ་གཏད་པ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཆེན་འདི་ཟུང་ཞིག །བྱང་ཆུབ་སེམས་ཀྱི་མདོ་བཅུ་འདི། །སྣང་སྲིད་སྣོད་བཅུད་
ཐམས་ཅད་དང་། །འཁོར་འདས་སངས་རྒྱས་སེམས་ཅན་དང་། །སྟོན་པ་ཀུན་བཟང་བྱང་ཆུབ་དང་། །སྟོན་པ་སེམས་ཉིད་རྫོགས་ཆེན་རྣམས། །ཡེ་ནས་གཉིས་མེད་གཅིག་པའི་ཕྱིར། །གཅིག་ལ་གཉིས་སུ་བགྲང་དུ་མེད། །བགྲང་དུ་མེད་པའི་བདེན་ཚིག་དགུ། །གཅིག་དོན་སྤྲོས་པ་མེད་པ་འདི། །ང་ཡིས་ཁྱོད་ལ་བསྟན་པ་ཡང་། །སྤང་འགེག་སྦྱང་ཞིང་བགྲོད་པ་དང་། །གཟུང་འཛིན་བླང་དོར་བྱ་བ་དང་། །ལྟ་སྤྱོད་རྩོལ་བསྒྲུབ་བྱར་མེད་དེ། །ལམ་དང་གཉེན་པོས་བཅོས་མེད་པར། །བྱང་སེམས་ཀུན་བཟང་རང་བཞིན་དུ། །ང་ཡིས་བསྟན་པའི་དོན་འདི་ནི། །བྱང་ཆུབ་སེམས་ཀྱི་ལུང་ཆེན་ཡིན། །རྒྱུད་དང་མདོ་སྡེའི་སྤྱི་འགྲེལ་ཡིན། །མན་ངག་ཀུན་གྱི་རྩ་བ་ཡིན། །གསུང་རབ་ཀུན་གྱི་སྙིང་པོ་ཡིན། །བསྟན་པ་ཀུན་གྱི་ཡང་རྩེ་ཡིན། །ཐེག་པ་ཀུན་གྱི་ཉིང་ཁུ་ཡིན། །མ་རིག་པ་ཡི་མུན་སེལ་ཡིན། །རྟོག་པའི་དྲ་བ་འདི་ཡིས་སེལ། །ཉོན་མོངས་འཕྲེང་ཐག་འདི་ཡིས་གཅོད། །ཡེ་ཤེས་ཆེན་པོའི་སྣང་བ་འདིས། །ལྷག་མ་མེད་པའི་རྫོགས་ཆེན་ཏེ། །སྣང་སྲིད་སྣོད་བཅུད་ཐམས་ཅད་དང་། །སངས་རྒྱས་སེམས་ཅན་ཐམས་ཅད་དང་། །བསྟན་པའི་ཐེག་པ་ཐམས་ཅད་ཀུན། །སེམས་ཉིད་རྫོགས་ཆེན་འདི་ལ་འདུས། །འདི་ལ་གནས་ཤིང་འདི་དོན་སྟོན། །འདི་ནི་ཀུན་བཟང་ང་ཡིན་ཏེ། །སངས་རྒྱས་ཀུན་གྱི་སྟོན་པ་ཡིན། །འདུས་པའི་ཚོགས་ལ་འདི་གཏད་དོ། །ཞེས་བཀའ་སྩལ་ཏོ། །བསྟན་པ་ཡོངས་སུ་གཏད་པའི་ལེའུའོ།། །།བྱང་ཆུབ་སེམས་ཀྱི་མདོ་ཐེག་པ་ཀུན་གྱི་འགྲེལ་པ་འབུམ་སྡེ་བཞུགས་པ་ལས་བྱང་ཆུབ་སེམས་ཀྱི་མདོ་འགྲེལ་ཆེན་པོ་བཅུ་པ་རྫོགས་སྷོ། །བར་འདིར་ལ་ཟློ་གསང་བའི་འཁོར་ལོ་འཛུད །།

ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་ཡི་གེ་མེད་པའི་རྒྱུད།


DNG006_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དྷརྨཱ་མ་ཧཱ་སནྟི་བོ་དྷི་ཙིཏྟ་སཾ་ས་ར་མཱུ་ལ་ཙྪེ་ད་ཨཱ་ཀ་ཤ་ས་མཱ་ན་ཀྵ་ར་ཏནྟྲ། བོད་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་ཡི་གེ་མེད་པའི་རྒྱུད།


DNG006_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀུན་རིག་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་རྟོགས་པའི་དུས་གཅིག་ན། །མཁའ་ཀློང་རྣམ་དག་ཆོས་ཀྱི་དབྱིངས། །ཀུན་བཟང་ཡངས་པ་སྐྱེ་མེད་ཀློང་། །ཡེ་ཤེས་ལྔ་རྫོགས་འོད་ཟེར་འཕྲོ། །རྡོ་རྗེ་སེམས་དཔའ་འདུས་མ་བྱས། །ཨེ་མ་ངོ་མཚར་རྨད་བྱུང་གཙུག །དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཀུན་གཞི་རྩད་ནས་ཅི་ལྟར་གཅད། །ཤེས་བྱའི་གྲས་ཐག་གཅད་པ་ཅི། །རིག་པའི་གནད་ནི་གང་དུ་བསྡུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གདོད་ནས་མ་སྐྱེས་སྙིང་པོ་ཨ། །འགྲོ་བ་ཀུན་ལ་རང་བཞིན་གནས། །མ་རིག་ལས་དང་རླུང་གིས་འཁོར། །རྟོགས་ན་རྫོགས་སངས་རྒྱས་སུ་ངེས། །ཨེ་མ་རྡོ་རྗེ་སེམས་དཔའ་ཉོན། །བལྟ་བས་ཕྱི་རྒྱ་རླབས་ཀྱིས་གཅད། །ཏིང་ངེ་འཛིན་ལ་འབྱུང་འཇུག་མེད། །གཉིས་མེད་རྫོང་ན་ཡངས་པའི་རྒྱ། །ཀུན་ཏུ་བཟང་པོ་བདེ་ཆེན་ས། །ཨེ་མ་སེམས་དཔའ་རྡོ་རྗེ་ཆེ། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །ནམ་མཁའ་བཞིན་དུ་སྤྲོས་དང་བྲལ། །སྣ་ཚོགས་རང་བཞིན་མི་གཉིས་ཆེ། །ཐིག་ལེར་རྫོགས་པས་མཚོན་དུ་མེད། །ཨེ་མ་ཀུན་བཟང་བཅོམ་ལྡན་ཆེ། །སྐྱེ་བ་མེད་པའི་ཆོས་ཉིད་ལ། །སྐྱེ་བའི་ཆོ་འཕྲུལ་ཅི་སྟེ་འོང་། །ཀུན་ལ་དེ་བཞིན་ཉིད་ཡོད་ན། །འབད་པ་མེད་པར་གྲོལ་བར་རིགས། །འཁྲུལ་པས་འཁོར་བ་ཇི་ལྟ་བུ། །རྟོགས་པའི་ཐབས་སུ་གང་ཆེ་ལགས། །ལྟ་བསྒོམ་སྤྱོད་འབྲས་བྱེ་བྲག་གོང་། །ཐམས་ཅད་སེམས་ཉིད་ཤར་བ་ལ། །བར་དོ་ཞེས་པ་ཡོད་དམ་མེད། །རིག་པ་སྤྲོས་དང་བྲལ་བ་ལ། །བསྒོམ་དུ་ཡོད་པ་ཡིན་ནམ་མིན། །སྣ་ཚོགས་རང་བཞིན་གཉིས་མེད་ལ། །འབྲས་བུ་ཐོབ་ཏུ་ཡོད་དམ་མེད། །མཚོན་མེད་ཐིག་ལེའི་ཡེ་ཤེས་ལ། །ཐུགས་རྗེ་འབྱུང་ངམ་མི་འབྱུང་ལགས། །ནམ་མཁའ་དང་


DNG006_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་ངོ་བོས་སྟོང་། །དེ་ཉིད་སྐྱེ་མེད་སྙིང་པོ་ཡིན། །གདོད་ནས་མ་སྐྱེས་ཚིག་ལས་འདས། །སྤྲོས་བྲལ་བརྗོད་མེད་ཁོ་ན་ཉིད། །མཐའ་བྲལ་གཉིས་མེད་དོན་དམ་ཀློང་། །དགག་བྱ་བསྒྲུབ་བྱ་རྣམ་པར་དག །མ་སྐྱེས་རྡོ་རྗེ་གཉིས་མེད་ངང་། །ཡིད་ལ་མི་བྱེད་བྱ་བཙལ་བྲལ། །མ་བཅོས་སྤྲོས་མེད་ཆོས་ཉིད་དབྱིངས། །མཐའ་བྲལ་མི་དམིགས་རང་བཞིན་དག །བགྲོད་མེད་ལྷུན་གྲུབ་ཡངས་པ་ཆེ། །ཀུན་གྲོལ་ཉག་གཅིག་བདེ་བ་ཆེ། །དམིགས་མེད་ཡེ་ཤེས་རང་སྣང་དང་། །བརྡལ་ཁྱབ་མཁའ་གསལ་དག་པའི་ཆོས། །སྤྲོས་མེད་བྱང་ཆུབ་སྙིང་པོའི་རྫོང་། །བསམ་འདས་བརྗོད་མེད་རང་སར་གྲོལ། །མི་འགྱུར་མཉམ་ཉིད་དཔེ་དང་བྲལ་། །དཔེ་བྲལ་ཡེ་ཤེས་མཚོན་དུ་མེད། །གཉིས་མེད་རྫོགས་པས་མཐའ་བྲལ་རྫོང་། །མི་སྐྱེ་མི་འགག་ཅིར་མི་དགོངས། །འགག་མེད་ཨཱ་ལི་ཀཱ་ལིར་རོལ། །དགག་བསྒྲུབ་མེད་པའི་ཡེ་ཤེས་ནི། །རྒྱུ་ཡིས་མ་བསྐྱེད་རྐྱེན་དང་བྲལ། །སྟོང་གསལ་དབྱེར་མེད་ཡེ་ཤེས་ཅན། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། སྐྱེ་མེད་རྣམ་པར་དག་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །རྣམ་པར་མི་རྟོག་སྙིང་པོ་འདི། །ཡོངས་ཀྱི་རྒྱུད་ལ་སྦས་པ་མེད། །དོན་དམ་ཆོས་ཉིད་སྙིང་པོ་འདི། །ཀུན་ལ་ཏིལ་མར་བཞིན་དུ་ཁྱབ། །ཟ་མ་ཏོག་གི་ནོར་བུ་བཞིན། །ལྷུན་གྱིས་གྲུབ་ཅིང་ཚང་བའོ། །མི་འགྱུར་ཀུན་རྫོགས་ནམ་མཁའ་ཆེ། །ཁྱབ་གདལ་འུབ་ཆུབ་ཐིག་ལེ་གཅིག །བརྗོད་བྲལ་རང་གྲོལ་གནས་སུ་དག །རྒྱལ་བ་རྣམས་ཀྱི་ཐུགས་དང་ནི། །སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡང་། །སྙིང་པོ་ཡེ་ཤེས་ཡོངས་ལ་ཁྱབ། །མ་ལུས་ཡེ་ཤེས་ཆེན་པོར་


DNG006_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །ཡེ་ཤེས་ཆེན་པོར་གང་འདོད་པ། །རང་གི་སེམས་ལ་བཙལ་བར་བགྱི། །སེམས་ཀྱི་ཆོས་ཉིད་སྐྱེ་བ་མེད། །ཆོས་ཅན་ཐམས་ཅད་ངོ་བོས་སྟོང་། །མ་རྟོགས་བར་དུ་ཤེས་མི་འགྱུར། །ཡང་དག་བདེན་པའི་སྙིང་པོ་འདི། །རྟོགས་ལྡན་འགའ་ཡི་སྤྱོད་ཡུལ་ཡིན། །སེམས་ཉིད་ཡེ་ནས་རྣམ་པར་དག །ཨེ་མ་རང་ལ་གནས་བཞིན་དུ། །གཞན་ནས་ཐོབ་འདོད་ནོར་བའི་ལམ། །རྟོགས་པར་གྱུར་ན་དེ་བཞིན་ཉིད། །མ་རྟོགས་མུན་པའི་མཚོ་ལ་སྤྱོད། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། ཀུན་ཁྱབ་ཡངས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །འཁོར་བ་ཐོག་མཐའ་མེད་པ་ནས། །ལྷན་ཅིག་སྐྱེས་པའི་མ་རིག་པས། །ཀུན་ནས་སློང་པའི་ས་བོན་བྱས། །ལས་དང་ཉོན་མོངས་རྐྱེན་བྱས་ནས། །ཀུན་བརྟགས་མ་རིག་པ་ཡིས་འཁོར། །གྲིབ་མ་གཟུགས་ཀྱི་དཔེ་བཞིན་ནོ། །སྐྱོད་བྱེད་ལས་ཀྱི་རླུང་གིས་བརླབས། །ཞེ་སྡང་དམྱལ་བའི་ཚ་གྲང་འཁོར། །སེར་སྣ་བཀྲེས་སྐོམ་ཡི་དྭགས་འཁོར། །གཏི་མུག་གླེན་ལྐུགས་བྱོལ་སོང་འཁོར། །ཕྲག་དོག་འགྱུར་བ་མི་རུ་འཁོར། །ང་རྒྱལ་འཐབ་རྩོད་ལྷ་མིན་འཁོར། །འདོད་ཆགས་ལྟུང་བ་ལྷ་རུ་འཁོར། །འཁོར་བ་ཟོ་ཆུའི་ཁྱུད་མོ་འདྲ། །ལྷ་མི་གཙང་མའི་ལུས་ཐོབ་ཀྱང་། །མ་རྟོགས་བར་དུ་འཁོར་བར་འཁྱམས། །ཐོག་མཐའ་མེད་ཀྱང་རྟོགས་ན་ཡོད། །ཨེ་མ་ཀུན་བཟང་བདེ་བ་ཆེ། །གཞི་དང་འཁྲུལ་པ་གང་ལས་བྱུང་། །གཅིག་པ་ཡིན་ནམ་ཐ་དད་ཡིན། །སངས་རྒྱས་སེམས་ཅན་གང་སྔ་ལགས། །ཀུན་རིག་རྒྱལ་པོས་བཀའ་སྩལ་པ། །རྐྱེན་སྣང་ག་པུར་སྨན་དུག་ཚུལ། །གསེར་གྱི་ཉ་མོ་བག་ལ་ཉལ། །ནམ་མཁའ་སྤྲིན་གྱི་དཔེ་ཡིས་མཚོན། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། འཁྲུལ་ཚུལ་གནད་ཀྱི་ལེའུ་སྟེ་བཞི་པའོ།། །།


DNG006_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ཆོས་ཉིད་རྣམ་པར་དག་པ་ལ། །མ་རིག་འཁྲུལ་པའི་གྲིབ་མས་བསྒྲིབས། །བསྒྲིབས་ཀྱང་ཆོས་ཉིད་སྤྲོས་དང་བྲལ། །ཁྱབ་གདལ་དོན་འདི་སུས་རྟོགས་པ། །རྒྱལ་སྲས་བཞིན་དུ་དབུལ་བ་སངས། །འདུ་འབྲལ་གཉིས་མེད་ཀུན་ཏུ་བཟང་། །མཚན་མ་མ་སྤངས་རང་སར་གྲོལ། །འཁོར་བ་མ་བཀག་གནས་སུ་དག །འཁྲུལ་པ་མ་བསལ་རྩད་ནས་ཆོད། །དུག་ལྔ་མ་བསྒྱུར་ཆོས་ཉིད་ཀློང་། །རྩོལ་བསྒྲུབ་མེད་པར་ཡེ་སངས་རྒྱས། །ཡིན་པའི་དོན་ལ་ཡིན་པར་ཤེས། །དཔེར་ན་གསེར་ལ་གསེར་མཐོང་བཞིན། །ཡིད་ཀྱི་རྣམ་རྟོག་ཟད་པའོ། །ནམ་མཁའ་ཆེན་པོའི་ཀློང་ཆེན་བཞིན། །ཁྱབ་གདལ་མི་འགྱུར་ཀུན་རྫོགས་གྲོལ། །ཉི་མ་སྤྲིན་མེད་སྙེད་པོ་བཞིན། །དུས་གསུམ་སྒྲིབ་མེད་དེ་བཞིན་ཉིད། །བརྒྱ་བྱིན་གཙུག་གི་ནོར་བུ་བཞིན། །འདོད་དགུ་འབྱུང་ལ་འགྲན་ཟླ་མེད། །མ་གི་ཏ་ཡི་སྨན་བཞིན་དུ། །གང་ལ་རེག་པ་སྨན་དུ་འགྱུར། །དགྲ་བཅོམ་རྒྱལ་སྲས་མི་ལུས་མཆོག །རྟོགས་ན་ཁྱད་པར་ཡོད་པའོ། །རྟོགས་པའི་ཐབས་སུ་ཐམས་ཅད་ཤར། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། རྟོགས་ལྡན་མཆོག་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ཆོས་ཉིད་རང་བཞིན་འོད་གསལ་བ། །སྒྲོ་སྐུར་ལྟ་བ་ཀུན་དང་བྲལ། །ཐམས་ཅད་གཅིག་གི་རང་བཞིན་ལ། །སྤང་འགེགས་བྱིན་པས་བསླད་པ་མེད། །དབྱེར་མེད་ཡེ་ཤེས་ལྔ་ལྡན་ལ། །སྦྱང་བགྲོད་གཉིས་བལྟ་རང་སར་གྲོལ། །སྐྱེ་འགག་གཉིས་སུ་མེད་པ་ལ། །བསྒྱུར་དང་སྤྱོད་ལྔ་རྣམ་པར་དག །དག་པའི་ཀློང་ན་བསྲུང་མཚམས་མེད། །མཉམ་པས་རིམ་པར་བཀོད་པ་མེད། །རྟོགས་པས་བལྟ་བའི་ཡུལ་ལས་འདས། །གསལ་བས་བསམ་གཏན་སྤྲོས་དང་བྲལ། །ཡུལ་ལས་འདས་པས་


DNG006_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དུ་མེད། །ལྷུན་གྱིས་གྲུབ་པས་རྩོལ་བསྒྲུབ་མེད། །མ་ཡེངས་དྲན་པས་སྤྲོས་དང་བྲལ། །སྔགས་དང་ཕྱག་རྒྱ་རྣམ་པར་དག །སྟོང་ཉིད་ངང་ལ་མཆོད་བཤགས་མེད། །འཁོར་འདས་ཁྱབ་གདལ་ཆེན་པོ་ལ། །ཕྲིན་ལས་རྣམ་བཞི་གདོད་ནས་རྫོགས། །འགྲོ་བ་མུ་སྟེགས་རིམ་དགུ་རྫོགས། །ལམ་ལྔ་ཕ་རོལ་ཕྱིན་བཅུ་རྫོགས། །འཁོར་འདས་བྱང་ཆུབ་སེམས་སུ་རྫོགས། །སྣང་སྲིད་ཐིག་ལེ་གཅིག་ཏུ་རྫོགས། །དྲན་པ་གཞི་བཞེངས་ཡོངས་སུ་རྫོགས། །རྒྱ་ཆད་ཕྱོགས་ལྷུང་མེད་པའོ། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། ནམ་མཁའ་མཛོད་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །རང་རིག་བདེ་བ་ཆེན་པོ་ལ། །བསྒོམ་ཡོད་བསྒོམ་མེད་གཉིས་སུ་མེད། །ཚིག་ཙམ་དོན་དམ་བདེ་ཆེན་དང་། །མ་བཅོས་མ་ཡངས་རང་སར་གྲོལ། །དྲན་པ་རང་གྲོལ་བདེ་ཆེན་ཀློང་། །སོ་མ་ལྷུག་པ་གྱིན་འདའ་ཙམ། །མིང་ཙམ་བསྒོམ་ཞེས་དེ་ལ་བྱ། །དྲན་རིག་ཤེས་པ་མ་འགགས་ལ། །འཛིན་རིག་ཡུལ་ལས་རྣམ་པར་གྲོལ། །མ་བྱུང་མ་སྐྱེས་གཡོས་པ་མེད། །སྤྲོས་བྲལ་བསམ་འདས་བརྗོད་མེད་རྫོང་། །མཉམ་ཉིད་རྣམ་དག་བརྡལ་བའི་ཀློང་། །མཁའ་འདྲ་ཡེ་ཤེས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞག་རྙོག་པ་མེད། །ལྷུན་གྲུབ་རྟོག་པས་བྱ་བཙལ་བྲལ། །ཡེ་ནས་རང་བྱུང་ཡེ་ཤེས་ལ། །འཁྲུལ་དང་མ་འཁྲུལ་རྟོག་ལས་འདས། །རྟོག་འདས་དོན་གྱི་ཡེ་ཤེས་ལ། །བསྒོམ་བྱ་ཆོས་ཉིད་གུད་ན་མེད། །བསྒོམ་པ་མིང་དུ་བཏགས་པས་ནོར། །ཅི་སྟེ་སྨྲ་བསམ་བརྗོད་ལས་འདས། །རྣམ་རྟོག་གཉེན་པོར་མི་རྟོག་བསྒོམ། །དེ་ཀ་རྟོག་པ་ཆེན་པོ་ཡིན། །མཐོང་ཚོར་དེ་ཉིད་ཀློང་དུ་ཤར། །ཡིད་ལ་མི་བྱེད་བདེ་བ་ཆེ། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་


DNG006_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། བདེ་ཆེན་གསལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །བླང་དོར་མེད་པའི་ཡེ་ཤེས་ནི། །སྐྱེ་མེད་འགག་མེད་ཆོས་ཉིད་ཀློང་། །བྱ་བྲལ་ལྷུན་རྫོགས་བློ་ལས་འདས། །ཨེ་མ་རང་ལ་གནས་བཞིན་དུ། །སྤྱད་པས་ཐོབ་འདོད་ཨེ་མ་འཁྲུལ། །སྤྱོད་བྱེད་བྲལ་བའི་ཡེ་ཤེས་ལ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལམ་གྱིས་བཅོས་སུ་ག་ལ་ཡོད། །ཅི་ཕྱིར་དགག་བསྒྲུབ་མེད་པ་ལ། །རྩལ་སྤྲུག་སྨོན་ཆགས་རེ་དོགས་མེད། །ངོ་མཚར་རྨད་བྱུང་རོལ་པ་འདི། །རྟག་ན་བདེ་བ་ཆེན་པོར་རྟག །ཆད་ན་འཁོར་བ་རྩད་ནས་ཆད། །བྱིང་ན་ཆོས་ཉིད་དབྱིངས་སུ་བྱིང་། །རྒོད་ན་ཡེ་ཤེས་རོལ་པར་རྒོད། །མཉམ་ན་མི་མཉམ་མཉམ་ཉིད་ཀློང་། །ཐིམ་ན་འཁྲུལ་སྣང་ཆོས་ཉིད་ཐིམ། །སྐྱེ་མེད་དོན་ཏེ་ཡི་གེ་གཅིག །བྱ་བྲལ་མཁའ་ལྟར་ཡི་གེ་མེད། །ཡི་གེ་མེད་པ་རྒྱུད་ཀུན་མཆོག །ཨེ་མ་རྣམ་དག་བྱ་བཙལ་བྲལ། །བྱ་བྲལ་ངང་ལས་རྣམ་པར་རོལ། །ཅི་སྤྱོད་དོན་ལས་མ་གཡོས་ཤིང་། །ཐུག་ཕྲད་རང་གྲོལ་རྩིས་ཟིན་ན། །མིང་ཙམ་སྤྱོད་ཅེས་དེ་ལ་བྱ། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། རྣམ་རྟོག་ཡེ་ཤེས་སུ་འབར་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །གདོད་ནས་མ་སྐྱེས་དོན་གྱི་ས། །ཐོབ་བསྒྲུབ་ཀུན་གྱི་ཡུལ་ལས་འདས། །རེ་དོགས་བློ་ལས་རྣམ་པར་གྲོལ། །གོ་བའི་ཡུལ་ནི་བདེ་བ་ཆེ། །ངང་དྭངས་རང་བཞིན་བདག་ཉིད་ཀློང་། །རང་བཞིན་རྣམ་པར་དག་པ་ལ། །རོལ་པ་འགག་པ་མེད་པར་ཤར། །མཚན་ཉིད་དབྱེར་མེད་ཆེན་པོ་ལ། །བློ་རྟོག་ཆོས་ཉིད་དབྱིངས་སུ་གྲོལ། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །བདེ་བ་ཆེན་པོ་ལོངས་སྤྱོད་སྐུ། །རྩལ་དུ་ཤར་བ་སྤྲུལ་པའི་སྐུ། །འདུ་འབྲལ་མེད་པ་རྡོ་རྗེའི་སྐུ། །ཚིག་གི་ཐ་སྙད་མ་ལགས་སམ། །


DNG006_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །སྐུ་དང་ཡེ་ཤེས་ཚིག་ལས་གྲོལ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །སྙིང་པོ་ཀློང་ནས་གྲོལ་བ་ལ། །མངོན་སུམ་རྗེས་དཔག་ལོག་པར་རྟོག །རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ། །ཅི་སྟེ་བྱ་བཙལ་བྲལ་བའི་ཕྱིར། །སྐྱེས་པ་སྐྱེ་མེད་བློ་ལས་འདས། །སྒྲ་དང་ཚིག་གི་མཐའ་ལས་གྲོལ། །སྟོང་པ་ཡེ་ཤེས་སྙིང་པོར་ཤར། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ཐམས་ཅད་བྱང་ཆུབ་སེམས་ཡིན་ཏེ། །འཛིན་པའི་ཤེས་པ་ཡོད་པའི་ཕྱིར། །ཚོར་བ་ཉམས་སུ་མྱོང་བའོ། །སྣང་བ་སེམས་ཉིད་རྒྱན་ཤར་བས། །སྣང་བའི་བར་དོ་སྟོང་རྒྱ་ཐེབ། །བསམ་གཏན་གཉིད་གཉིས་རོ་མཉམ་ཕྱིར། །རྨི་ལམ་བར་དོ་རྣམ་པར་དག །སྐྱེ་ཤི་མེད་པའི་དོན་རྟོགས་པས། །འཆི་ཀ་བར་དོ་བདེ་ཆེན་ཀློང་། །ཕྱི་མ་བདེ་བ་མཆོག་ཐོབ་པས། །སྲིད་པའི་བར་དོར་ལུས་མི་ལེན། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །སྤྲུལ་པའི་སྐུ་སྟེ་རྣམ་པར་དག །མ་རྟོགས་མོས་པའི་རྣལ་འབྱོར་ཀྱང་། །ཅི་སྟེ་ལས་ཀྱི་དབང་གྱུར་ན། །བདེ་བ་མཆོག་གི་ལས་འཕྲོ་མཐུད། །ལས་ལས་གྲོལ་ན་ཐར་པའི་མཆོག །ཇི་ཙམ་པ་ཡི་ཚིག་བརྗོད་ཀྱང་། །སེམས་ལས་གུད་ན་ཡོད་མ་ཡིན། །ཕོ་མོ་མ་ཡིན་མ་ནིང་མིན། །ཁ་དོག་དབྱིབས་དང་མཚན་མ་མེད། །འདས་དང་མ་འོངས་ད་ལྟར་མེད། །གཅིག་དང་ཐ་དད་ལས་གྲོལ་བ། །དྲན་པ་དངོས་མེད་རིག་པའི་རྒྱུན། །རླུང་ལས་བརྟེན་ཅིང་རྒྱུན་མི་ཆད། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །གཞིག་ཀྱང་རང་བཞིན་རྣམ་པར་དག །རྣམ་པར་མི་རྟོག་སྤྲོས་བྲལ་མཁའ། །ངོ་བོ་གཟུགས་མེད་ཚོར་བ་མེད། །འདུ་ཤེས་འདུ་བྱེད་རྣམ་ཤེས་སྟོང་། །དབང་པོ་ལྔ་དང་ཡུལ་ཡང་སྟོང་། །སྐྱེ་མཆེད་ཁམས་དང་རྟེན་འདྲེལ་སྟོང་། །བདེན་བཞི་བསལ་


DNG006_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྲོས་བྲལ་སྟོང་། །ལྷ་དང་ཕྱག་རྒྱ་སྔགས་ཀྱང་མེད། །ཐབས་དང་ཤེས་རབ་བདེ་བ་སྟོང་། །དབུས་མཐའ་གཉིས་མེད་ཚིག་ཀྱང་མེད། །མེད་དེ་མེད་པའི་སྙིང་པོ་ཅན། །ཡོད་དེ་རྟོག་པའི་མཐའ་ལས་འདས། །མཐའ་བྲལ་དོན་གྱི་ཆོས་སྐུ་འདི། །ཕྱོགས་མེད་རྐྱེན་རྣམས་ཀུན་དང་བྲལ། །རང་རྒྱུད་ཐབས་ཀྱི་ཡེ་ཤེས་རོལ། །ཤེས་པ་ཤེས་བྱར་རྣམ་པར་དག །སྤྲོས་བྲལ་བསམ་འདས་སྨྲ་རུ་མེད། །མཐའ་བྲལ་ཚིག་གིས་མི་ཕེབས་ལ། །བསྒོམ་ཡོད་བློ་ཡི་རྟོག་པ་ཡིན། །བསྒོམ་མེད་སྐུར་འདེབས་བལྟ་བ་ལ། །དེས་ན་གཉིས་མེད་བདེ་ཆེན་ཀློང་། །སྤང་བྱ་བླང་བྱ་གཉིས་མེད་རྫོང་། །བཏང་སྙོམས་མངོན་གྱུར་མེད་པ་ཉིད། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། ཆོས་ཉིད་སྟོང་པ་ཉིད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ཆོས་རྣམས་འོད་གསལ་གཉིས་མེད་ལ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་རྟོག་ལས་རྣམ་པར་གྲོལ། །གཉིས་མེད་བདེ་བ་ཆེན་པོ་ལ། །དཔེར་ན་གླང་ཆེན་ལྕགས་ཀྱུ་བཞིན། །མ་ཡེངས་དྲན་པས་རང་སར་གྲོལ། །གསེར་བུམ་ཏིལ་གྱི་སྒྲོན་མ་བཞིན། །འགྱུར་མེད་རིག་པ་ནང་ན་གསལ། །རྫོགས་ཆེན་རྟོག་པའི་རྣལ་འབྱོར་ནི། །གསེར་གླིང་བརྡལ་བའི་ཀླུང་ཆེན་བཞིན། །གང་བལྟས་རྫོགས་པ་ཆེན་པོའི་ཀློང་། །དུག་སྦྲུལ་འབར་བའི་མདུད་པ་བཞིན། །རྩོལ་བསྒྲུབ་མེད་པར་རང་སར་གྲོལ། །གཉིས་མེད་གཉིས་སུ་མེད་པའི་ཕྱིར། །སྐུ་གསུང་ཐུགས་ལ་རྟེན་མི་འཆའ། །འབྱུང་བ་ལྔ་ལ་རག་མ་ལུས། །སྲིད་གསུམ་ཡེ་ནས་རྣམ་པར་དག །འདོད་ཡོན་ཡེ་ཤེས་ལྔ་རུ་རོལ། །དུག་ལྔ་སྐུ་ལྔའི་ངང་དུ་ཐིམ། །སྡུག་བསྔལ་ཆོས་ཉིད་དབྱིངས་ཀྱི་རྒྱན། །རྣམ་རྟོག་ཡེ་ཤེས་ཆེན་པོར་འབར། །འཁྲུལ་པའི་འགྲོ་འོང་ཟད་པ་དང་། །འབྲས་བུ་ཐོབ་ཅེས་རེ་བ་མེད། །མེད་ནས་དོན་མེད་མ་ཡིན་ཏེ། །ལོངས་སྐུ་གཉིས་མེད་ཐམས་ཅད་རྫོགས། །


DNG006_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། འོད་གསལ་གཉིས་མེད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །མིང་ཚིག་སྒྲ་ལས་འདས་པ་ཆེ། །མ་བསླབས་ཀུན་ལས་གྲོལ་ན་མཁས། །མ་བསམས་སྐྱེ་བ་མེད་པས་ཨ། །མ་བསྒོམས་དབྱིངས་སུ་ཐིམ་པས་ཏི། །ཡོ་ག་རྫོགས་ཆེན་ཆོས་ཀྱི་རྩེ། །ཤིན་ཏུ་རྣལ་འབྱོར་ལྷ་ཡི་ལྷ། །རྫོང་བཞི་གཉིས་མེད་ཚིག་གཅིག་ལྷ། །འཕྲང་བཞི་དབྱེར་མེད་ཆིག་ཆོད་ལྷ། །ཀློང་བཞི་ཟུང་འཇུག་འདའ་ཁའི་ལྷ། །དབུལ་མོ་གཏེར་ཕྲད་སྐུ་བཞིའི་གདེང་། །རྫོགས་པ་ཆེན་པོ་ས་གཅིག་པ། །གང་གིས་དེ་རྟོགས་དེ་ཡིས་ས། །ཡོངས་སུ་རྫོགས་པས་ཆོས་ཀྱི་རྩི། །བདེ་བ་ཆེ་ལས་གཞན་མེད་དོ། །སྨྲ་བསམ་བརྗོད་མེད་ཆོས་ཀྱི་སྐུ། །གཉིས་མེད་བདེ་བ་ཆེན་པོའི་ཀློང་། །སྤྲུལ་པ་རྒྱན་དང་རོལ་པར་ཤར། །སྐུ་ལྔ་ཡེ་ཤེས་ཐིག་ལེར་རྫོགས། །མ་སྐྱེས་པ་ཡི་དབྱིངས་ཉིད་དུ། །མ་གཡོས་པ་རུ་ཡིད་གནས་པས། །མ་བསྒྲུབས་པ་ཡི་འབྲས་བུ་སྟེར། །མ་བསམས་པ་རུ་རེ་བ་བསྐང་། །ཡེ་ཤེས་ཆེན་པོའི་རོས་གང་བས། །མཚོན་དུ་ཡོད་པ་མ་ཡིན་ཏེ། །ཡེ་ཤེས་རོལ་པས་འགྲོ་དོན་རྫོགས། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། སྐུ་གསུམ་ཐིག་ལེར་རྫོགས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདི་སྐད་གསུངས། །ཅིར་སྣང་དེ་བཞིན་ཉིད་དུ་གཅིག །འདི་ལ་བཅོས་བསླད་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ། །མི་རྟོག་ཆོས་སྐུའི་དགོངས་པར་གནས། །སྐྱེ་མེད་ལྟ་བ་སྟོང་པ་ཉིད། །ཀུན་ཁྱབ་སྒོམ་པ་གཉིས་སུ་མེད། །འཁྲུལ་སྤྱོད་སེམས་ཀྱི་རྒྱན་དུ་རོལ། །རྟོགས་པའི་འབྲས་བུ་ཐིག་ལེར་གཅིག །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །གཏན་ཚིགས་བཞི་རུ་གཅིག་པའི་ཕྱིར། །ང་ལས་བྱུང་ཞིང་ང་རུ་ཐིམ། །ང་ཡི་རང་བཞིན་འོད་གསལ་ལོ། །ཨེ་མ་སེམས་དཔའ་རྡོ་རྗེ་ཆེ། །ནམ་མཁའི་མཐའ་ལྟར་ལོངས་སྤྱོད་པས། །ཆོས་དབྱིངས་
རྒྱ་མཚོ་ཟད་མི་ཤེས། །བདུད་རྩིའི་ཐིགས་པ་ལྕེ་ལ་ཞོག །རྒྱལ་པོ་བཙོན་དུ་བཟུང་བ་དང་། །གངས་རི་རྩེ་ནས་བསྙིལ་བ་སྟེ། །ཤིང་རྟའི་གཟེར་མགོ་གཅད་པར་བྱ། །མཁའ་ལྟར་ཡི་གེ་མེད་པའི་རྒྱུད། །རང་རིག་སེམས་ཀྱི་དཀྱིལ་དུ་ཆོང་། །ཐུགས་རྗེ་ཡེ་ཤེས་རོལ་པར་འཆར། །ཨེ་མ་ཀུན་བཟང་རྒྱལ་བའི་ཡག །མ་འདྲེས་ཡོངས་རྫོགས་ཟབ་ཅིང་ཡངས། །ནམ་མཁའ་ལྟ་བུའི་རྒྱུད་བསྟན་པ། །མིང་ཚིག་ཡི་གེ་མེད་པ་ལ། །བསྟན་དུ་འོང་བ་ཅི་ཡི་ཕྱིར། །བཅོམ་ལྡན་ཀུན་བཟང་བཀའ་སྩལ་པ། །མཚོན་དུ་མེད་པའི་ཆོས་ཉིད་ལ། །མཚོན་དུ་མེད་པའི་ཚིག་བརྗོད་ནས། །མཚོན་པའི་ཚིག་ལས་རྣམ་པར་གྲོལ། །ལེགས་སོ་སེམས་དཔའ་རྡོ་རྗེ་ཆེ། །དོན་དམ་ཡི་གེ་མེད་པའི་རྒྱུད། །ཁྱོད་ལ་གཏད་དོ་བདེ་བ་ཆེ། །རང་བྱུང་ཡེ་ཤེས་རྒྱས་ཐོབ་ལ། །ཐིག་ལེ་ཉག་གཅིག་ངང་ལ་ཞོག །ཀུན་ཏུ་བཟང་པོ་བདེ་བ་ཆེ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །བྱ་བ་མེད་པས་རྣམ་པར་གྲོལ། །གྲོལ་ནས་གྲོལ་བའི་ལམ་ཡང་ཤར། །ཀུན་རིག་སེམས་ལ་མངོན་པར་བསྟོད། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོས་གསུངས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིང་ཧ་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བའོ།། །།

ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་འཁོར་བ་རྩད་ནས་གཅོད་པ་རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད།


DNG006_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དྷརྨཱ་མ་ཧཱ་སནྟི་པོ་དྷི་ཙིཏྟ་སཾ་སཱ་ར་མཱུ་ལཙྪེ་ད་ན་ས་མུ་དྲ་ས་མཱ་བི་ལ་ཏནྟྲ། བོད་སྐད་དུ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་འཁོར་བ་རྩད་ནས་གཅོད་པ་རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་སྟོན་པ་གནས་འཁོར་དུས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །རྙོག་མེད་རྒྱ་མཚོ་ལྟ་བུའི་ཀློང་། །འཁོར་བའི་རྒྱ་མཚོ་རྩད་ནས་བཅད། །ཀུན་བཟང་ཐུགས་ཀྱི་བྱིན་རླབས་ཀྱིས། །ཞལ་གྱི་པདྨོ་འཛུམ་པ་ལས། །ལྗགས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས། །འཇིག་རྟེན་ཁམས་ཉིད་དྲུག་ཏུ་གཡོས། །དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །


DNG006_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཀུན་གྱི་སྔོན་རོལ་ན། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཡབ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཀུན་གཞི་རྩད་ནས་གཅད་པ་དང་། །ཤེས་བྱའི་གྲས་ཐག་ཆོད་པ་ཡིས། །རིག་པ་རང་སར་གྲོལ་བ་ནི། །སྟོན་པས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀུན་གཞི་ཕྱོགས་རིས་མེད་པའི་ཨ། །མཚོན་པའི་ཚིག་ཏུ་གཏན་ཚིགས་བཞི། །ཐམས་ཅད་འབྱུང་བ་རྒྱ་མཚོའི་ཀློང་། །ཤེས་བྱ་སྣ་ཚོགས་སྣང་བ་ཡི། །མ་རིག་འཁོར་བའི་རྒྱ་མཚོ་འདི། །ལྟ་བསྒོམ་སྤྱོད་འབྲས་རྣམ་པ་བཞིས། །གཏན་ལ་ཕབ་སྟེ་རྩད་ནས་བཅད། །དངོས་མེད་རྟག་པ་རིག་པའི་རྒྱུན། །རླུང་གིས་བསྐྱོད་པས་ཅིར་ཡང་འཆར། །འདི་ཡི་རང་བཞིན་རྟོགས་གྱུར་ན། །ཆོས་ཉིད་རྒྱ་མཚོ་ཉིད་དུ་གྲོལ། །སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ལིང་ཚེ་བཅུ་གསུམ་རྡོ་རྗེའི་རྩེ། །ཟབ་མོ་བཅུ་གསུམ་རྨད་དུ་བྱུང་། །ལྔ་ཚོམ་ལྔ་ལ་བསྡུས་རྒྱས་ལྔ། །འགྲོ་དྲུག་འཁོར་བའི་གཡང་ས་གཅད། །བཞི་སྐོར་གསུམ་ལ་གཏན་ཚིགས་བཞི། །བདུད་རྩི་ལྟ་བུ་བཞི་དང་སྦྱར། །རྒྱས་པར་བདག་ལ་བཤད་དུ་གསོལ། །རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །སྣ་ཚོགས་ཆ་ཤས་ཇི་བཞིན་བཟང་། །ཟིན་པས་ལྷུན་གྱིས་བཞག་པ་ཡིན། །ཆོས་དང་སེམས་ནི་བསྟན་དུ་མེད། །ཆོས་དང་སེམས་ནི་མི་བསྒོམ་མོ། །རྣམ་པར་རྟོག་པ་ཆོས་ཀྱི་དབྱིངས། །དེ་ལ་དེ་ལྟར་ཉིད་ལས་སུ། །ཐུགས་རྗེ་སེམས་ཅན་བསྒོམ་དོན་ནི། །བྱང་ཆུབ་རྟོགས་པའི་རྣམ་དག་ཡིན། །ཕྱི་ནང་རྣམ་དག་སངས་རྒྱས་ལམ། །བསྒྲུབ་མེད་བྱར་མེད་ཆོས་དབྱིངས་ལ། །ལོག་རྟོག་གཉིས་མེད་འཁྲུལ་པ་ཡང་། །གོང་བསྟན་མཉམ་པར་ཤེས་པས་རྗེ། །ང་བདག་བྱིས་པའི་རྣམ་རྟོག་གིས། །ཆོས་ཉིད་མ་གྱུར་རྟོག་


DNG006_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཟིན། །དེ་བས་སློབ་དཔོན་མཁས་པ་བླུ། །མི་གནས་སྤྲོས་མེད་བདེ་ཆེན་འབྱུང་། །ཟིན་པས་བདུད་རྩི་བཟང་པོ་ཡིན། །ཆེ་ཆུང་གསུངས་པ་འབྱུང་འགྱུར་གནས། །འདོད་པས་བྲོད་པ་མི་སྐྱེ་ཤིང་། །ཁྱུང་བཞིན་སྤྲོ་བསྡུ་དགོས་པ་མེད། །རྒྱ་མཚོ་ཆོས་རྣམས་ཡོན་ཏན་མཉམ། །བྱང་ཆུབ་ཏིང་འཛིན་རྒྱ་མཚོ་འབྱུང་། །རྒྱ་མཚོ་མི་རྟོག་ཀུན་ཏུ་སྐྱེ། །རྒྱུ་རྐྱེན་སྐུར་པ་སྒོ་ཙམ་དུ། །མཁས་པ་འགྲོ་བའི་ལམ་ཞེས་བྱ། །འདོད་སྤྱོད་གང་དུ་ཤན་པ་སོགས། །ཁོ་ན་ཡོངས་རྫོགས་བདེ་བ་ཆེ། །ཡང་ནི་དེ་ལྟར་ཆོས་ཡིན་ཏེ། །ཆོས་ཀྱིས་ཆོས་བཙལ་ནམ་མཁའ་འཚོལ། །ལྟོས་པ་མེ་འདྲ་རྙེད་དཀའོ། །སྙིང་པོ་ཡོངས་ཀྱི་བྱང་ཆུབ་གནས། །རྡོ་རྗེ་ཀུན་བཟང་རྣམ་དག་ཕྱིར། །མི་སྐྱེ་བྱམས་པས་སྙིང་རྗེ་ཆེ། །ཡོན་ཏན་དོན་རྣམས་བྱ་བ་མེད། །རང་བྱུང་གྲོལ་ནས་ལམ་ཡང་སྟོན། །འབྱུང་བ་འགྲོ་བ་ཕྱིན་ཅིས་ཀྱང་། །རང་བྱུང་ཡེ་ཤེས་གྲུབ་ཡང་འབྱུང་། །ཆོ་འཕྲུལ་ཡོན་ཏན་ཇི་བཞིན་དེ། །སྣང་བ་མིང་བཙལ་བཙལ་ན་མེད། །ཆོས་ཉིད་རྣ་དབང་ལྕེ་བརྗོད་མེད། །འགྲོ་ཀུན་དེ་ལ་གནས་པ་ལ། །ལས་སོ་ཅི་སྟེ་རང་བྱུང་བྲལ། །མ་སྐྱེས་གདོད་ནས་བཙལ་མི་བསྐྱོད། །ཡོན་ཏན་བསམ་གཏན་མ་བསམས་སྐྱེ། །ཕྲ་ཞིང་བསྒོམ་ཞིང་སེམས་ཞེས་བསྐྱེད། །ལམ་འདྲ་ཞེས་གསུངས་གཏི་མུག་ཀྱང་། །བྱང་ཆུབ་ཀུན་སྤྱོད་ཆོས་ཉིད་རྒྱན། །ནམ་མཁའ་རྟོག་པའི་མི་ཆགས་འབྱུང་། །རྟོག་མེད་བཟུང་བས་ཀུན་ཏུ་ཨ། །དེ་ནི་ས་དང་འཇིག་རྟེན་སངས། །འདི་བཙལ་ཡུལ་མེད་ནམ་མཁའ་བཞིན། །ཚངས་ལམ་མཐུན་མིན་བགྲོད་པ་མེད། །དེ་ལྟར་དེ་བསྟན་དེ་བས་ཆེ། །སྔོན་གྱི་དེ་བཞིན་དེ་ལྟར་རང་། །དེ་ལ་ཀུན་བལྟས་གྲུབ་པ་མེད། །བདེ་འབྱུང་དེ་ཡང་མི་བྱའོ། །དུས་གསུམ་གདོད་ནས་ཆོས་སྐུར་བདེ། །སྲིད་མིང་འཁོར་སྒྱུ་བསྡི་གནས་ཡིན། །རྣམ་སྤྱོད་འབྱུང་མི་སྨིན་པས་བཞིན། །ཅི་སྟེ་ནམ་མཁའ་མི་སྐྱེ་ཆོས། །ཕྱི་ནང་ཟབ་མོ་སྲིད་པ་དེ། །དེ་ལ་རང་


DNG006_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུས་གསུམ་མེད། །གཡོ་བསྐྱེད་ལེན་དོར་མཉམ་ཉིད་དོ། །གང་དུ་ཀུན་འཁོར་བདག་ལས་འབྱུང་། །འདི་མཉམ་འདི་གནས་ཨ་དེ་བཞིན། །སྣང་དེ་བྱང་ཆུབ་ཆུ་ཟླ་བཞིན། །མ་བསྒོམས་དཀྱིལ་འཁོར་ཡི་གེ་མེད། །རྣམ་གྲངས་གང་ལྟར་མེ་ཏོག་སྐྱེ། །མཚན་མ་མི་འགྱུར་གནས་པ་བཟང་། །མི་ཕྱེད་རོལ་པར་གནས་མཉམ་ཞིང་། །མ་ཡིན་གནས་པས་ཡེ་ཤེས་རང་། །མི་འགྱུར་མི་གནས་བསྟན་དུ་མེད། །རྨད་བྱུང་བྱ་བྲལ་ཅིར་ཡང་འབྱུང་། །འདི་འགྲོ་འཁྲུལ་པ་སྨན་པས་ཚོལ། །གོ་བ་ཉིད་ནི་དེ་ལ་ཕྱོགས། །མ་ངེས་རིགས་ཀྱི་དེ་བཞིན་འབྱུང་། །འདས་དང་མ་འོངས་ཐ་སྙད་དེ། །སྐྱེ་འགག་དེ་ཉིད་མཉམ་པས་གཅིག །ཚོགས་ཀྱི་རང་བཞིན་ལྷུན་གྱིས་དག །འདུ་བྱེད་ལྷག་པ་ཡུད་ཀྱིས་བལྟས། །མཐོང་བ་དེ་ནི་ཡུད་ཙམ་ཡིན། །དམ་ཚིག་སྦྱོར་བ་གཏོར་མ་ལས། །བགེགས་བསལ་སྔགས་ཚིག་མཆོད་དང་གཏོང་། །ཐམས་ཅད་རྟོག་མེད་ཆེན་པོར་འགྱུར། །ཉིད་ལ་སྒྲིབ་པར་རྟོགས་ན་མེད། །རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལས། ལྷུན་གྱིས་གྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །གདོད་ནས་མ་སྐྱེས་སྒྲོ་སྐུར་བྲལ། །སྤང་འགེག་སྤྱོད་པ་རང་སར་གྲོལ། །བསྒྱུར་དང་སྤྱོད་ལྔ་རྣམ་པར་དག །འདི་ནི་འགྲོ་ཀུན་བྱང་ཆུབ་སེམས། །རྣམ་དག་ནམ་མཁའ་བཞིན་དུ་གསལ། །སྐྱེ་འགག་ཡོད་མེད་མཐའ་ལས་འདས། །དངོས་བྲལ་རིག་གསལ་ཕྱོགས་མ་ལྷུང་། །སྤང་བླང་བཏང་སྙོམས་མངོན་གྱུར་མེད། །བརྗོད་བྲལ་མ་བཅོས་ལྷུན་གྱིས་གྲུབ། །དོན་དམ་བདེ་ཆེན་མཐའ་ལས་འདས། །དུས་གསུམ་ཡང་དག་ཨ་ཏི་ནི། །འདུ་འབྲལ་རྟོག་མེད་ལྷུན་གྱིས་གྲུབ། །མི་འགྱུར་བ་ཡི་བལྟ་བ་ལ། །གཡོས་པ་མེད་པའི་རྩི་ཡིས་བཟུང་། །གཡོས་པ་མེད་པའི་ཏིང་འཛིན་ལ། །མ་འགགས་པ་ཡི་རྩི་ཡིས་བཟུང་། །མ་འགགས་པ་ཡི་


DNG006_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལ། །ལྷུན་གྱིས་གྲུབ་པའི་རྩི་ཡིས་བཟུང་། །དོན་གྱི་རྩི་བཞི་གང་གནས་པ། །བལྟ་བའི་དོན་དོན་ལ་གནས་པ་ཡིན། །དེས་ན་སྲིད་གསུམ་རྣམ་པར་དག །འབྱུང་བ་དུག་ལྔ་འདོད་ཡོན་ལྔ། །ཐམས་ཅད་མི་འགྱུར་བལྟ་བར་སངས། །བལྟ་བ་མི་ཟད་ནོར་བུ་བཞིན། །ལྷུན་གྲུབ་ཀུན་རྫོགས་ནམ་མཁའ་ཆེ། །ཐིག་ལེ་བརྗོད་བྲལ་མཚོན་དུ་མེད། །གཉིས་སུ་མེད་པའི་སྙིང་པོ་ཨ། །མ་བཀག་མ་སྤངས་རང་སར་གྲོལ། །མ་བསལ་མ་བསྒྱུར་རྩོལ་བསྒྲུབ་མེད། །ཡིན་པའི་དོན་ལ་ཡིན་པར་ཤེས། །ཟབ་མོའི་མཛོད་བཞིན་དོན་རྣམས་འབྱུང་། །སྙིང་པོ་ཀུན་ཁྱབ་སུས་རྟོགས་པ། །རྒྱལ་སྲས་བཞིན་དུ་དབུལ་བ་སངས། །མཁའ་ཀློང་ཀུན་བཟང་ཡེ་ཤེས་འོད། །རྡོ་རྗེ་སེམས་དཔའ་དག་པའི་ཀློང་། །བསྲུང་མཚམས་རིམ་པར་བཀོད་པ་མེད། །བལྟ་བ་བསམ་གཏན་སྤྲོས་དང་བྲལ། །སྤྱད་དུ་མེད་པས་བསྒྲུབ་ཏུ་མེད། །རང་གྲོལ་སྔགས་དང་ཕྱག་རྒྱ་དག །མཆོད་བཤགས་ཕྲིན་ལས་གདོད་ནས་རྫོགས། །ལམ་ལྔ་ཕ་རོལ་ཕྱིན་བཅུ་རྫོགས། །འགྲོ་བ་མུ་སྟེགས་རིམ་དགུ་རྫོགས། །སྣང་སྲིད་འཁོར་འདས་ཐམས་ཅད་རྫོགས། །དད་དང་རང་བཞིན་བདག་ཉིད་གསུམ། །དབྱིངས་དང་ཀློང་དང་རྫོགས་ཆེན་ནོ། །གཞི་དང་ལམ་དང་འབྲས་བུ་གསུམ། །མ་སྐྱེས་མ་འགགས་ལྷུན་གྱིས་གྲུབ། །ལྷུན་གྲུབ་མ་ནོར་དག་པའི་རྫོང་། །ཕྱོགས་མེད་རང་གྲོལ་དོང་སྤྲུགས་དབྱིངས། །གསལ་ཁྱབ་གཉིས་མེད་བདེ་ཆེན་ཀློང་། །སྐུ་གསུམ་ལྷུན་གྲུབ་སྙིང་པོ་ཨ། །རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལས། ) ལྟ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །གདོད་ནས་གསལ་བས་བྱིང་རྒོད་བྲལ། །བསྒོམ་བྱ་ཆོས་ཉིད་གུད་ན་མེད། །འདི་ནི་དོན་དམ་བདེ་ཆེན་ངང་། །མ་བཅོས་མ་ཡེངས་རང་སར་གྲོལ། །དྲན་པ་རང་གྲོལ་དོན་དམ་དབྱིངས། །སོ་མ་ལྷུག་པ་གྱི་ན་ཙམ། །མིང་ཙམ་བསྒོམ་ཞེས་དེ་ལ་བྱ། །དྲན་


DNG006_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མ་སྐྱེས་སྤྲོས་བྲལ་ངང་། །མཉམ་ཉིད་མཁའ་འདྲ་རྙོག་པ་མེད། །ལྷུན་གྲུབ་རྟོག་པས་བྱ་བཙལ་བྲལ། །དང་པོ་ཞིག་ནས་དུས་སུ་ནི། །དྲན་པ་ཤེས་བཞིན་རྩི་ཡིས་བཟུང་། །དཔེར་ན་གླང་ཆེན་ལྕགས་ཀྱུ་བཞིན། །མ་ཡེངས་དྲན་པས་རང་སར་གྲོལ། །གཉིས་པ་མཉམ་གཞག་དུས་སུ་ནི། །ཤེས་བྱ་ཆོས་ཉིད་བུམ་པར་གཞུག །གསེར་བུམ་ཏིལ་གྱི་སྒྲོན་མ་བཞིན། །འགྱུར་མེད་རིག་པ་ནང་ན་གསལ། །གསུམ་པ་རྗེས་ཐོབ་དུས་སུ་ནི། །དབང་པོ་མི་དགག་རང་ཡན་བཞག །གསེར་གླིང་བརྡལ་བའི་ཀླུང་ཆེན་བཞིན། །གང་བལྟས་རྫོགས་པ་ཆེན་པོའི་ཀློང་། །ཐ་མ་ལྷག་མཐོང་དུས་སུ་ནི། །མཚན་མ་རང་གྲོལ་བློས་མ་རེག །དུག་སྦྲུལ་འབར་བའི་མདུད་པ་བཞིན། །རྩོལ་བསྒྲུབ་མེད་པར་རང་སར་གྲོལ། །དེ་ལྟར་དུས་བཞི་བསྒོམ་པ་ལ། །བྱིང་བ་བརྒྱད་དང་རྒོད་པ་ལྔ། །བྱིང་རྒོད་སྐྱོན་དུ་གཏང་མི་བྱ། །བྱིང་ལ་གསེང་ལ་རྒོད་ན་བསྡུ། །དེ་ལྟར་ཟླ་བ་དྲུག་བསྒོམས་ན། །གཡོ་དང་གོམས་པ་ཐོབ་དང་བརྟན། །གསལ་བ་ནམ་མཁའ་ལྟ་བུ་འབྱུང་། །ནམ་མཁའ་དྭངས་པའི་ཟླ་བ་བཞིན། །ཀུན་ལ་སྙོམས་ལ་རྟོག་སྒྲིབ་མེད། །ཁ་སྐོམ་ཟས་དང་བྲལ་བྱས་ཀྱང་། །མདངས་དང་དབང་པོ་གཏིང་ནས་གསལ། །བཟོད་ཐོབ་ཆོས་བརྒྱད་སྤང་ལེན་མེད། །འདོད་ཡོན་ལྔ་ལས་རྣམ་པར་གྲོལ། །ཉོན་མོངས་ཞེན་འཛིན་རྟོག་པ་ཟད། །ལུས་ནི་ཤིང་བལ་ལྟ་བུར་ཡང་། །དབུགས་ནི་འབྱུང་འཇུག་མེད་པའི་ཉམས། །གྲུབ་པའི་རྟགས་རྣམས་འཆར་བ་དང་། །མངོན་ཤེས་ལ་སོགས་མཚན་མ་མཐོང་། །མཁའ་འགྲོས་ལུང་བསྟན་ལ་སོགས་འབྱུང་། །དེ་ལ་དགའ་བྲོད་མི་བྱ་ཞིང་། །མེད་ཀྱང་ཇི་མི་སྙམས་པའི་ཉམས། །གཉིས་མེད་གསལ་ཁྱབ་ཁྱུང་ཆེན་རྒྱས། །ཀུན་གཞི་སྐྱེ་མེད་སྙིང་པོ་ལ། །བསྒོམ་དང་མི་བསྒོམ་རྟོག་ལས་འདས། །རྟོག་འདས་དོན་གྱི་ཡེ་ཤེས་ལ། །བསྒོམ་བྱ་ཆོས་ཉིད་གུད་ན་མེད། །བསྒོམ་པ་མིང་དུ་བཏགས་པས་ནོར། །ཅི་ཕྱིར་བརྗོད་པ་ཀུན་


DNG006_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ། །རྣམ་རྟོག་གཉེན་པོར་མི་རྟོག་བསྒོམ། །དེ་ཀ་རྟོག་པ་ཆེན་པོ་ཡིན། །རྟོག་པའི་མཚན་མ་ཅི་སྐྱེས་ཀྱང་། །དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །དུག་ལ་སྨན་དུ་ཤེས་པ་བཞིན། །ཆོས་ཉིད་གཞན་ནས་བཙལ་མི་དགོས། །གསལ་ལ་རྟོག་མེད་ཏིང་འཛིན་ལ། །བསྒོམ་བྱ་སྒོམ་བྱེད་གཉིས་མེད་ངང་། །རྟག་ཆད་གཟུང་འཛིན་ཀུན་རྫོབ་དོན། །བླང་དོར་དབྱིངས་དང་ཡེ་ཤེས་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གསལ། །ལྷུན་གྱིས་གནས་པས་བདེ་བ་ཆེ། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་བྲལ། །རང་གི་མཐུ་ཡི་རྟོགས་པ་ལས། །ཆོས་ཉིད་གཞན་ནས་མི་འབྱུང་ངོ་། །ཚིག་ཏུ་གཞན་ལ་བརྟེན་འདྲ་ཡང་། །དངོས་སུ་བདེ་ཆེན་རང་ལ་ཤར། །རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལས། སྒོམ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །གདོད་ནས་བླང་དོར་ཀུན་དང་བྲལ། །སྐྱེ་མེད་དོན་དམ་ཆོས་ཉིད་ཀློང་། །སྤྱོད་པའི་དམ་པ་ཁོ་ནའོ། །འགྲོ་འཆག་ཉལ་དང་འདུག་པ་རྣམས། །ཅི་སྤྱོད་དོན་ལས་མ་གཡོས་ཤིང་། །དོན་དམ་བདེ་བའི་རྩིས་ཟིན་ན། །སྤྱོད་པ་ཞེས་ནི་དེ་ལ་བྱ། །ཕྱི་ནང་གསང་བ་ཁོ་ན་ཉིད། །ཕྱི་རྟོག་ནང་དུ་བསྡུ་བ་དང་། །ནང་རྟོག་གསང་བར་བསྡིམ་པ་སྟེ། །གསང་རྟོག་ཁོ་ན་ཉིད་དུ་གྲོལ། །ལུས་ངག་ཡིད་གསུམ་སྤྱོད་པ་ནི། །ལུས་ནི་འབྱུང་ལྔ་འདུས་པའི་ལུས། །སྐུ་ལྔ་ཡེ་ཤེས་རོལ་པ་ཡིས། །རྟོག་མེད་བརྟུལ་ཞུགས་རྒྱན་དུ་རོལ། །འཇིགས་པ་མེད་པའི་སེང་གེ་བཞིན། །འབར་བ་ཆེན་པོ་སྤྲུལ་པའི་སྐུ། །ངག་ནི་སྔགས་དང་སྒྲ་དབྱངས་སྒྲ། །འཇིག་རྟེན་འཁྱལ་ཚིག་སྣ་ཚོགས་ཀྱང་། །དཔེར་ན་བཱི་ཎའི་སྐད་བཞིན་དུ། །འགག་མེད་གྲག་སྟོང་རོལ་པར་སྣང་། །སྣང་བ་རང་རིག་གཉིས་མེད་རྫོགས། །སེམས་ནི་ཡེ་ནས་རྣམ་པར་དག །ཉོན་མོངས་ལྔ་ཡི་སྐྱོན་དང་བྲལ། །ཨེ་མ་རང་ལ་གནས་བཞིན་དུ། །སྤྱད་པས་ཐོབ་འདོད་ཨེ་མ་འཁྲུལ། །སྤྱོད་བྱེད་བྲལ་བའི་རྒྱ་མཚོ་ནི། །དྲན་རྟོག་མེད་པའི་ཡེ་ཤེས་ལ། །ཐོབ་པར་བྱ་བའི་སངས་རྒྱས་


DNG006_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྤང་བར་བྱ་བའི་སེམས་ཅན་གཉིས། །བྱང་ཆུབ་སེམས་སུ་རོ་གཅིག་པས། །ལམ་པས་བཅོས་སུ་ག་ལ་ཡོད། །ཅི་ཕྱིར་དགག་བསྒྲུབ་མེད་པ་ལ། །རྩལ་སྤྲུགས་རེ་དོགས་ཡུལ་ལས་འདས། །མཐོ་རིས་འདྲེན་པའི་དགེ་བ་དང་། །འཁོར་བར་ལྟུང་བའི་སྡིག་པ་གཉིས། །ཆོས་ཀྱི་དབྱིངས་སུ་ཡོངས་མཉམ་པས། །རྫོགས་ཆེན་རིས་མེད་ཆོས་ཆེན་པོ། །ཐོད་རྒལ་བློ་ཡི་བདུད་རྩི་འདི། །སྐལ་མེད་རྨོངས་པའི་བདུད་དུ་འགྱུར། །དཔེར་ན་དུག་གི་རང་བཞིན་ལ། །རྨ་བྱ་དག་ལ་རྒྱན་གྱིས་མཛེས། །གཞན་རྣམས་ལ་ནི་དུག་གིས་འཇིགས། །ཐམས་ཅད་རྫོགས་པའི་བདེ་ཆེན་པོ། །སྐྱེ་འགག་མེད་པར་ལྷུན་གྱིས་གྲུབ། །ཁྱབ་གདལ་མ་བཅོས་ཡེ་སངས་རྒྱས། །སྤྲོས་བྲལ་གཉིས་མེད་ཁོ་ནའོ། །དོན་འདི་ངེས་པར་རྟོགས་ན་ནི། །རྒྱལ་བ་རྣམས་དང་མཉམ་པ་ཡིན། །སེམས་ཉིད་དོན་གྱི་ཡེ་ཤེས་ལ། །སྤྱད་པར་བྱ་བའི་གནས་དང་བྲལ། །བྱ་བྲལ་ངང་ལ་རྣམ་པར་རོལ། །མིང་ཙམ་སྤྱོད་ཅེས་དེ་ལ་བྱ། །འདའ་ཀ་མ་ཡི་སྤྱོད་པ་ནི། །ཅིར་སྣང་བྱང་ཆུབ་སེམས་སུ་སྤྱོད། །སེམས་ཉིད་ཆོས་ཀྱི་སྐུ་རུ་བྱ། །སྐུ་ཉིད་སྤྱད་བྱ་སྤྱོད་བྱེད་བྲལ། །བྱ་བྲལ་ངང་ལ་གང་གནས་པ། །སྐྱེ་མེད་དོན་གྱི་རྣལ་འབྱོར་རོ། །རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལས། སྤྱོད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །གདོད་ནས་མ་སྐྱེས་ཐོབ་བསྒྲུབ་འདས། །རེ་དོགས་བློ་ལས་རྣམ་པར་གྲོལ། །སྐྱེ་མེད་བརྗོད་མེད་ཁོ་ན་ཉིད། །མཐའ་བྲལ་གཉིས་མེད་དོན་དམ་ཀློང་། །དགག་བྱ་བསྒྲུབ་བྱ་རྣམ་པར་དག །མ་སྐྱེས་བྱ་བྲལ་ཆོས་ཉིད་ཀློང་། །ཅིར་ཡང་མི་དམིགས་ཁྱབ་གདལ་ལ། །བགྲོད་དུ་མེད་པར་ལྷུན་གྱིས་གྲུབ། །སྐྱེ་མེད་གཉིས་མེད་སྤྲོས་དང་བྲལ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་ངང་། །རྟོག་བྲལ་དམིགས་མེད་ཁྱབ་གདལ་ཀློང་། །སྤྲོས་མེད་བྱང་ཆུབ་སྙིང་པོའི་དབྱིངས། །འབྲས་བུ་བལྟ་བསྒོམ་སྤྱོད་པ་བསྟན། །རང་སྣང་གཉུག་མ་ལམ་ལས་


DNG006_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། །ཁྱབ་གདལ་འུབ་ཆུབ་ས་ཆེན་ནོན། །རྒྱལ་པོ་བཙོན་དུ་བཟུང་བ་དང་། །བདུད་རྩིའི་ཐིགས་པ་ལྕེ་ལ་བཞག །གངས་རི་རྩེ་ནས་བསྙིལ་བ་སྟེ། །ཤིང་རྟའི་གཟེར་མགོ་གཅད་པར་བྱ། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །ཅིར་ཡང་མ་འགགས་སྤྲུལ་པའི་སྐུ། །གཉིས་སུ་མེད་པས་རྫོགས་པའི་སྐུ། །སྐུ་གསུམ་རྫོགས་པས་ཐིག་ལེ་གཅིག །བསམ་འདས་བརྗོད་མེད་རང་སར་གྲོལ། །ཀུན་བཟང་དབྱེར་མེད་སྐྱེ་མེད་ས། །ཐོབ་བསྒྲུབ་མེད་པར་ཐམས་ཅད་རྫོགས། །སྣང་སྲིད་བྱང་ཆུབ་སེམས་སུ་རྫོགས། །འཁོར་འདས་ཆོས་ཀྱི་དབྱིངས་སུ་རྫོགས། །སྐུ་གསུམ་ཐིག་ལེ་གཅིག་ཏུ་རྫོགས། །ལྷག་མ་མེད་པར་ཡོངས་སུ་རྫོགས། །མི་འགྱུར་མཉམ་ཉིད་དཔེ་དང་བྲལ། །དཔེ་བྲལ་ཡེ་ཤེས་མཚོན་དུ་མེད། །ཅི་ཕྱིར་བསམ་བརྗོད་དམིགས་པ་མེད། །དམིགས་མེད་བློ་འདས་རང་སར་གྲོལ། །མི་སྐྱེ་མི་འགག་ལྷུན་གྱིས་གྲུབ། །གོ་བའི་ཡུལ་ན་བགྲོད་དུ་མེད། །བགྲོད་དུ་མེད་པས་ས་ལམ་རྫོགས། །གཉིས་མེད་རྫོགས་པས་མཐའ་བྲལ་རྫོང་། །དམིགས་མེད་མ་སྐྱེས་དེ་ཉིད་ངང་། །འགག་མེད་ཨཱ་ལི་ཀཱ་ལིར་རོལ། །བྱར་མེད་མ་བཙལ་ལྷུན་གྱིས་གྲུབ། །སྨྲ་བསམ་བརྗོད་མེད་ཚིག་ལས་འདས། །དངོས་སུ་མི་སྣང་ཀུན་ལ་ཁྱབ། །ཁྱབ་གདལ་མ་བཅོས་ཡེ་སངས་རྒྱས། །རང་བཞིན་འོད་གསལ་རྣམ་པར་དག །དགག་བསྒྲུབ་མེད་པའི་ཡེ་ཤེས་ནི། །རྒྱུ་ཡིས་མ་བསྐྱེད་རྐྱེན་དང་བྲལ། །སྟོང་གསལ་དབྱེར་མེད་ཡེ་ཤེས་ཅན། །སྐྱེ་འགག་མེད་པར་རྣམ་པར་དག །ཁྱབ་གདལ་གཉིས་མེད་ཡེ་གདལ་ཀློང་། །ཀུན་རྫོགས་བླ་མེད་ཐེག་ཀུན་གཙོ། །ས་རྣམས་ཀུན་གྱི་ངོ་བོའོ། །ཁྱབ་གདལ་ཡངས་པ་ནམ་མཁའི་ཀློང་། །རྒྱ་མཚོ་བདེ་ཆེན་ཀུན་རྫོགས་གྲོལ། །ཉི་མ་དུས་གསུམ་དེ་བཞིན་ཉིད། །ནོར་བུ་འོད་འབྱུང་འགྲན་ཟླ་མེད། །སྐྱེ་མེད་རྟོག་མེད་ལྷུན་གྱིས་གྲུབ། །འགྱུར་མེད་རང་གསལ་རྣམ་པར་དག །མཐའ་བྲལ་རང་གྲོལ་མཚོན་དུ་མེད། །དེ་ཉིད་ཤེས་ཀྱིས་རྟོགས་ན་གྲོལ། །རྒྱལ་སྲས་བཞིན་དུ་རེ་དོགས་


DNG006_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལས། འབྲས་བུའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ང་ནི་སྐྱེ་མེད་མངོན་སངས་རྒྱས། །གཟུགས་གནས་ཐམས་ཅད་ང་ལས་བྱུང་། །འཇམ་དཔལ་པདྨ་ཡང་དག་རྩི། །ཕུར་བུ་ཡུམ་སྔགས་འཇིག་རྟེན་རྫོགས། །རྨད་བྱུང་ཐེག་ཆེན་སྣ་ཚོགས་བསྟན། །བདེན་བཞི་ཡང་དག་རྣམ་རིག་དོན། །བདེན་གཉིས་གསུམ་རིག་དེ་ཉིད་བཞི། །སྐུ་ལྔ་ཐིག་ལེ་ཆོས་དབྱིངས་ཤེས། །ལྷུན་གྲུབ་རྨད་བྱུང་ཉིད་སངས་རྒྱས། །ངོ་མཚར་སྐུ་ལྔ་ཡེ་ཤེས་རྫོགས། །གཉིས་མེད་དབྱིངས་སུ་འབྲས་བུའི་ཀློང་། །མ་བསྐྱེད་དོན་ལ་རྫོགས་པ་བདེ། །དོན་དམ་རང་བཞིན་འགྱུར་བ་མེད། །རྨོངས་པ་སངས་རྒྱས་ཐིག་ལེའི་ཀློང་། །བྱང་ཆུབ་རིག་པ་བདེ་ཆེན་རྫོགས། །འབྱུང་བཞི་སངས་རྒྱས་ཡོངས་རྫོགས་སེམས། །སྙིང་པོ་ནམ་མཁའ་རྫོགས་པའི་ཐེག །འཁོར་བ་མ་ལུས་དོན་ལ་སེམས། །རང་བྱུང་འདི་རྟོགས་དམིགས་དང་བྲལ། །སེམས་ཅན་རྣལ་འབྱོར་ཐུགས་རྗེས་བསྒྲལ། །མ་བཙལ་དོན་དམ་གྲུབ་པའི་ཀློང་། །སྲིད་གསུམ་དབང་པོ་ཐམས་ཅད་གསལ། །ཐམས་ཅད་ཡེ་བརྡལ་སྤྲོ་བསྡུ་འཆིངས། །བླ་མེད་སྲིད་པའི་འཆི་བདག་མེད། །དངོས་བདེ་རིག་པ་ལོགས་ན་མེད། །གཞི་རྩ་བྲལ་བས་སྐྱེ་མེད་སྣང་། །རྒྱུད་ལུང་སེམས་ནི་མི་ནུབ་སྨྲ། །སྣང་སྲིད་ཐམས་ཅད་མི་ནུབ་དང་། །སྲིད་གསུམ་སྐྱེ་འགྲོ་བདེ་བ་ཉིད། །རྗེ་བཙན་ངས་བཤད་སྐྱོན་མེད་མཆོག །འགྲོ་ཀུན་མི་འགྱུར་ངང་གནས་མཛད། །བདེ་ཆེན་ཡ་མཚན་སྨྲ་བསམ་འདས། །དམིགས་མེད་སྣང་བ་གཡོས་པ་མེད། །རྟོག་པ་ཉམས་ཏེ་བདེ་ཆེན་སེམས། །འཁོར་བ་ཇི་ལྟར་ཆོས་ཀྱི་སྐུ། །ནམ་མཁའ་ཀུན་བསྐྱེད་དྲན་མེད་ནི། །རྩེ་མོ་དེ་ཉིད་འབྲས་བུ་སྨྲ། །མ་སོང་འབྲལ་མེད་དུས་གསུམ་བསྲུང་། །དམ་ཚིག་སྤྱོད་པ་མ་སྤངས་འགྲུབ། །རིག་པ་གང་ཡང་བདག་དོན་སྣང་། །འདུ་འབྲལ་ཀུན་ལ་སྣང་སྲིད་རྒྱུ། །ཚོགས་མཆོད་


DNG006_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་དུས་གསུམ་མཉམ། །འདུ་འབྲལ་མེད་པའི་ས་རུ་བརྟགས། །སྣ་ཚོགས་འབྱུང་བ་ནམ་མཁར་རིག །ཀུན་འདུས་བལྟ་བའི་ཐེག་བརྒྱད་འདུས། །ཡིད་ལ་མ་ལུས་རྩ་བྲལ་གནས། །མི་འགྱུར་ཡང་དག་རྒྱུ་ལ་བདེ། །འབྲས་བུ་སྣང་སྲིད་འཁོར་བ་ཆོད། །དཔལ་ལྡན་སངས་རྒྱས་སྐྱེ་མེད་གྲོལ། །ཐམས་ཅད་གཅིག་པའི་ཡེ་ཤེས་རྗེ། །བལྟ་བ་འགྲོ་དྲུག་ཐམས་ཅད་ཁྱབ། །ཡེ་ནས་བྱས་ནས་མ་བསྒྲུབས་ཏེ། །གནས་ལ་མ་བྱས་ཀུན་ལ་གསལ། །མ་ལུས་རག་ལུས་གཞན་བཅོས་མེད། །སྤྲུལ་པའི་རྒྱ་མཚོ་ངང་དུ་འདུས། །མ་བཅོས་འདི་ལ་ཀུན་ནས་སྲོག །དུས་གསུམ་འཕོ་འགྱུར་སྲོག་གི་ཀློང་། །འདི་རུ་སངས་རྒྱས་སྐྱེ་འགག་མེད། །འགྲོ་རྣམས་འཆི་མེད་སྐྱེ་ཤི་སྲིད། །སྲོག་གི་ཡུལ་ལ་སེམས་ཀྱིས་འཛིན། །སྐྱེ་མེད་དུས་གསུམ་སྣང་སྲིད་འཕགས། །དུས་གསུམ་གར་ཡང་བསམ་དུ་མེད། །བརྗོད་དུ་མེད་པའི་ཆགས་མེད་ཀློང་། །མ་ཡེངས་ཀུན་ལ་འགྱུར་མེད་འགྲུབ། །སྨྲ་བསམ་ཆགས་མེད་སྤྲོས་བྲལ་སྲོག །རྒྱུ་རྐྱེན་མྱུ་གུ་མ་བཅོས་གནས། །སྤྲོས་མེད་རིན་ཆེན་རྒྱུ་ལ་གནས། །རྐྱེན་གྱིས་སྐྱེ་འགག་དམིགས་མེད་སེམས། །ཡུལ་སེམས་སྦྱོར་བ་དེ་ལས་སེམས། །མ་སྤྲོས་བསྲུང་བསྒོམ་དེ་ལ་མེད། །མ་ཡེངས་རྟོག་མེད་གཟུང་འཛིན་མེད། །བླ་མེད་བྱང་ཆུབ་རྐྱེན་བྲལ་འབྱུང་། །སྣང་སྲིད་ཐམས་ཅད་བྱང་ཆུབ་རྒྱུ། །སྐྱེ་མེད་སྒྲིབ་མེད་ཟབ་མོ་དེ། །དུས་གསུམ་རྩད་གཅོད་འཁོར་བ་སྒྲོལ། །རིན་ཆེན་ལམ་སྟོན་མི་འགྱུར་གནས། །ཡེ་གསལ་སྙིང་པོ་ཀུན་བཟང་གྲུབ། །རྟག་ཆེན་བདེ་ལ་ལོངས་སྤྱོད་རྫོགས། །འདི་ཤེས་དྲང་སྲོང་སྤྱོད་ཡུལ་གསུངས། །བདེ་བ་འགྲོ་བའི་བྱང་ཆུབ་སྟེ། །ཀློང་རྫོགས་ཁྱབ་པས་སྔགས་པས་ཟུང་། །གཞལ་ཡས་ཡེ་ཤེས་སྐྱེ་འགག་དང་། །དོན་དུ་ནམ་མཁའ་བདེ་སངས་རྒྱས། །བྱང་ཆུབ་ཤིན་ཏུ་བདེ་ཆེན་ཀློང་། །ཐེག་པ་སྤྱི་གཅོད་འདི་ལ་ནི། །རྩལ་གསུམ་རྫོགས་པའི་གཡང་ས་གཅོད། །


DNG006_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཀྱང་མི་མཉམ་ཡོ་ག་གསུམ། །ཅི་ལྟར་སྤྱད་ཀྱང་རྒྱུ་ལ་རྩོལ། །ཨ་ཏི་ཡོངས་ལ་རྩོལ་བསྒྲུབ་བྲལ། །རིན་ཆེན་བྱང་ཆུབ་རང་སེམས་སོ། །འོག་མས་ཆོས་སྤྱོད་འབྲས་བུ་རིང་། །སེང་རྫོགས་དོན་ལ་ནེ་ཙོ་ཅོག་ཀྱང་འགལ། །མ་བཅོས་འགྱུར་མེད་ཆོས་ཉིད་ཏིག །བྱང་ཆུབ་དུས་གསུམ་ཨ་ཏི་སྣང་། །འཁོར་བ་དུས་གསུམ་མ་བསྒྲིབས་འདས། །ཡེ་ཤེས་ལྔ་རུ་གསལ་བའི་ཐུགས། །བྱང་ཆུབ་མགོ་ལ་ཐེག་ཀུན་ཆོས། །གསུམ་རྒྱུ་རྩོལ་བྲལ་ལུང་ལས་གྲོལ། །ཡོ་ག་རྣམ་གསུམ་བྱིས་རྩེད་འདྲ། །འགྱུར་མེད་ཨ་ཏིའི་ཉི་མ་དེ། །ཁམས་གསུམ་མུན་སེལ་རང་བྱུང་ཤར། །ལྷུན་གྲུབ་སྙིང་པོ་ཡེ་ནས་གསལ། །དོན་དམ་བཙལ་དུ་ཇི་བཞིན་ཀློང་། །རྣམ་དག་ཀློང་རྟོག་ཆོས་ཀྱི་སྐུ། །ལོངས་སྐུ་ཡེ་ཤེས་སྤྲུལ་པས་སྤྲུལ། །ཐུགས་རྗེ་མ་གཡོས་རང་བཞིན་མཁས། །བདེ་ཆེན་སྒྲོན་མེས་ཐུགས་རྗེ་རྫོགས། །རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལས། ཆོས་ཉིད་འགྱུར་བ་མེད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདི་སྐད་གསུངས། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་དབྱིངས་ནི་ཡི་གེ་མེད། །རང་བཞིན་འདི་གསལ་ཡོངས་སུ་དག །ནམ་མཁའི་དབྱིངས་བཞིན་དྲི་མ་མེད། །བདུད་རྩི་དྲི་མེད་བརྒྱད་ལྡན་མཚོ། །མཁའ་ལ་ཉི་ཤར་འོད་ཟེར་ལྔ། །དབུས་ན་ནམ་མཁའ་བཞི་ཡི་མཐོངས། །སྟེང་ན་རིན་ཆེན་བཅུ་གསུམ་སྟེ། །བདེ་གཤེགས་མི་མཆོད་རང་སེམས་མཆོད། །རང་སེམས་སངས་རྒྱས་ཡིན་པ་ལས། །སངས་རྒྱས་གཞན་དུ་མི་བཙལ་ཏེ། །རིག་པ་རང་གྲོལ་བྱ་བཙལ་བྲལ། །རང་སྣང་འཁོར་བའི་རྒྱ་མཚོ་འདི། །དཔེར་ན་རྨི་ལམ་ལྟ་བུ་སྟེ། །རྨི་ལམ་བདེ་སྡུག་སྣ་ཚོགས་ཀྱང་། །གཉིད་སད་དུས་ན་ཆོས་ཀྱི་སྐུ། །ཚངས་པ་ཁྱབ་འཇུག་ལ་སོགས་བསྒོམ། །ལོག་པའི་ལམ་དུ་ཞུགས་པའོ། །ནམ་མཁའ་ལྟ་བུར་སེམས་འགགས་པ། །ཉི་ཚེ་བ་ཡི་སྟོང་པར་ལྟུང་། །མི་གཙང་


DNG006_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཀེང་རུས་ལ་སོགས་བསྒོམ། །ཕྱི་ཡི་སྒྲིབ་པ་ཅན་དང་མཚུངས། །འགོག་པའི་སྙོམས་འཇུག་སྒོམ་བྱེད་པ། །སྐྱེ་མཆེད་བཞི་ལས་ཐར་ལམ་མེད། །ཕུང་པོ་གཏན་ཚིགས་གཞིག་ནས་བསྒོམ། །དེ་ཀ་རྟོག་པར་ཤེས་པར་གྱིས། །ལྷ་དང་དཀྱིལ་འཁོར་ཞལ་ཕྱག་བསྒོམ། །མེད་པར་སྒྲོ་ཡིས་བཏགས་པ་ཡིན། །རྩ་རླུང་ཐིག་ལེར་བདེ་བ་འཛིན། །རོ་མྱགས་མངལ་གྱི་སྲིན་བུར་མཚུངས། །སྐད་ཅིག་སྣང་སྲིད་ལྷ་རུ་གསལ། །འདི་ནི་རྩོལ་བའི་ནད་དུ་འགྱུར། །ཞི་གནས་འཐིབ་པོའི་སྒོམ་བྱེད་པ། །མ་ཧེ་གླང་དང་ཁྱད་པར་མེད། །གསལ་བ་ཕྱི་ནང་མེད་པར་སེམས། །རྣམ་རིག་པས་ཀྱང་ཤིན་ཏུ་གསོག །ཀུན་ཡིན་གང་མ་ཡིན་སོགས་པ། །ཨ་ཏིར་ཁས་འཆེས་མུ་སྟེགས་ཆོས། །རྫོགས་ཆེན་རིས་མེད་བྱ་བཙལ་བྲལ། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཕྱིར། །རེ་ཞིག་རྫོགས་ཆེན་རོལ་པར་མཚོན། །སེམས་དཔའ་རྡོ་རྗེ་ཁྱོད་ལ་གཏད། །སེམས་དཔའ་ཆེན་པོ་འདི་ལྟ་སྟེ། །སློབ་དཔོན་སྙིང་བཏོན་གདམས་ངག་ཐོབ། །མཚམས་མེད་གསུམ་གྱིས་རྫོགས་སངས་རྒྱས། །ཕ་མ་བསད་པས་འབྲས་བུ་སྟེར། །ལྷ་བས་དམྱལ་བ་ཤིན་ཏུ་ཆེ། །སྣང་བ་ཐམས་ཅད་རྫུན་ལམ་ཁྱེར། །ཅི་སྤྱོད་མོ་གཤམ་བུ་བཞིན་སྤྱོད། །འཁོར་བའི་ཆོས་ལ་ཆགས་པ་སྤྱད། །བྱ་ལམ་ཁམས་སུ་གཅིག་པུ་སྡོད། །འགྲོ་དྲུག་མ་གཏོགས་སེམས་ཅན་གཉིས། །སྤྲུལ་སྐུ་དམྱལ་བའི་གནས་སུ་འགྲོ། །གང་གཱའི་ཆུ་དང་སིནྡྷུའི་མཚོ། །ཁྱོད་ཀྱིས་རྟག་ཏུ་བསྲེས་ལ་འཐུང་། །ཡུམ་གྱི་བྷ་ག་རྟག་ཏུ་ལྟོས། །བཙུན་མོ་དེས་ཀྱང་མེ་ལོང་སྟོན། །ལྡེམ་པོར་དགོངས་པ་མ་གོ་བར། །སྒྲ་བཞིན་སྤྱད་ན་ལོག་པའི་ལམ། །རྡོ་རྗེ་སེམས་དཔའ་དཔའ་པོ་ཆེ། །འདས་པའི་དུས་ན་སྔོན་བྱུང་དང་། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །ཏིང་འཛིན་རྒྱ་མཚོ་འདི་ལས་འབྱུང་། །རྦ་རླབས་མེད་པའི་མཉམ་ཉིད་མཚོ། །རྙོག་པ་མེད་པའི་དྲི་མེད་ཆུ། །གདོད་ནས་དག་པའི་བདུད་རྩི་འདིས། །ཁམས་གསུམ་འཁོར་བའི་དྲི་མ་འཁྲུད། །དེ་ནས་
རྡོ་རྗེ་སེམས་དཔའ་ཡིས། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཀུན་རིག་ཐུགས་ཀྱི་དཔལ་བེའུ་ནས། །ཟབ་མོ་བདུད་རྩི་ལྟ་བུའི་ཆོས། །ཆོས་ཉིད་བྱིན་གྱིས་བརླབས་པ་ཡིས། །རྙོག་མེད་རྒྱ་མཚོའི་ཀློང་སྟོན་པ། །མཉམ་ཉིད་རྒྱ་མཚོ་ལྟ་བུ་ཡི། །ཀུན་ཏུ་བཟང་ལ་མངོན་བསྟོད་དོ། །ཆོས་ཐམས་ཅད་རྒྱ་མཚོའི་མཐའ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོས་གསུངས་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བའོ།། །།

ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད།


DNG006_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དྷརྨཱ་མ་ཧཱ་སནྟི་བོདྷི་ཙིཏྟ་སཾ་སཱ་ར་མཱུ་ལ་ཙྪེད་ན་སཱུརྱ་ཙནྡྲ་ས་མཱ་མ་ལ་ཏནྟྲ། བོད་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། ཆོས་ཉིད་ཀྱི་མཁའ། དབྱིངས་ཉིད་ཀྱི་ཀློང་།ཡེ་ཤེས་དྲི་མ་མེད་པར་དག་པ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། ཡངས་པ་ནམ་མཁའ་ལྟ་བུ། སྐྱེ་མེད་བྱ་བཙལ་བྲལ་བ། སྤྲོས་བྲལ་ཡེ་ཤེས་ཀྱི་ཀློང་ན་བཞུགས་སོ། །ཉིད་ཀྱི་རང་སྣང་རིག་པའི་འཁོར་ནི། སྐུ་གསུམ་དང་། ཡེ་ཤེས་ལྔ་དང་། ཁམས་གསུམ་དང་། འབྱུང་བ་ལྔ་དང་། དུས་གསུམ་དང་། ཉོན་མོངས་པ་ལྔ་དང་། སྣང་ཚུལ་བཅུ་བདུན་ལ་སོགས་ཏེ། གཟུགས་ནས་ཐམས་ཅད་མཁྱེན་པའི་བར་ཐམས་ཅད་འཁོར་རོ། །དེ་ནས་སེམས་དཔའ་རྡོ་རྗེས་གསོལ་པ། ཨེ་མ་ཧོ་བཅོམ་ལྡན་འདས། །ཡེ་ཤེས་ཉི་ཟླའི་སྙིང་པོ་ལ། །འཁོར་བའི་དྲི་མ་ཡོད་དམ་མེད། །གཟུང་འཛིན་བློ་ཡི་དྲ་བ་འདི། །རྩད་ནས་གཅོད་ན་ཅི་ལྟར་གཅད། །སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན། །བསྡུ་ན་རྣམ་པ་དུ་རུ་འདུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་སེམས་དཔའ་རྡོ་རྗེ་ཉོན། །ནམ་


DNG006_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཉི་ཟླ་ག་བུར་ཤེལ། །རིས་མེད་ཀུན་གྱི་དངོས་གཞི་ལ། །རྒྱུ་རྐྱེན་དབང་གིས་སྣང་བ་འདི། །གདོད་ནས་དྲི་མེད་རྣམ་པར་དག །རྟོགས་ཤིག་སེམས་དཔའ་རྡོ་རྗེ་རྟོགས། །ཚིག་དྲུག་དོན་དྲུག་རྩལ་དྲུག་སྟེ། །ཆེ་བ་དྲུག་དང་ཐིག་ལེ་དྲུག །འགྲོ་དྲུག་འཁོར་བའི་དྲྭ་བ་བཅད། །སྒོམས་ཤིས་སེམས་དཔའ་རྡོ་རྗེ་སྒོམས། །ཆོས་ཅན་སྣ་ཚོགས་སྣང་བ་ཀུན། །ཆོས་ཉིད་ངང་དུ་རོ་གཅིག་པས། །གདལ་ཁྱབ་འུབ་ཆུབ་ཐིག་ལེར་འདུས། །སེམས་དཔའ་རྡོ་རྗེས་སླར་གསོལ་པ། །ཨེ་མ་བཅོམ་ལྡན་ཀུན་བྱེད་ཆེ། །ཐོག་མཐའ་གཅོད་པ་དེ་ཡིས་འཚལ། །བསྡུས་དང་རྒྱས་དང་རྣམ་པར་རྒྱས། །ཤིན་ཏུ་རྒྱས་དང་ཡོངས་སུ་རྒྱས། །དྲུག་ཚན་ལྔ་ཡིས་བཤད་པ་ནི། །ཐུགས་རྗེ་ཐབས་ཀྱི་རོལ་པ་ལས། །སྟོན་པས་བདག་ལ་བཤད་དུ་གསོལ། །ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །སྣ་ཚོགས་རང་བཞིན་མི་གཉིས་ཀྱང་། །ཆ་ཤས་ཉིད་དུ་སྤྲོས་དང་བྲལ། །ཇི་བཞིན་པ་ཞེས་མི་རྟོག་ཀྱང་། །རྣམ་པར་སྣང་མཛད་ཀུན་ཏུ་བཟང་། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། རྡོ་རྗེའི་ཚིག་དྲུག་གི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ཆོས་དང་སེམས་ནི་ཡེ་ནས་གཉིས་སུ་མེད། །སེམས་ཀྱི་རང་བཞིན་བཙལ་ཡང་མི་རྙེད་ན། །གཞན་ལ་འདི་འདྲ་ཞེས་ནི་བསྟན་དུ་མེད། །ཆོས་དང་སེམས་ནི་ཅི་ཡང་མ་ཡིན་པས། །བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །ཆོས་ཀྱི་དབྱིངས་ཉིད་གཞན་ནས་བཙལ་མི་དགོས། །དེ་ལ་གཉེན་པོས་བཅོམ་ཞིང་དགག་ཏུ་མེད། །དེ་ལྟར་དུས་གསུམ་རྣམ་པ་ཐམས་ཅད་ཀུན། །ཉིད་ལས་མ་ཡེངས་པ་ནི་ཆོས་ཀྱི་སྐུ། །སྟོབས་སུ་གྱུར་ན་འཇིག་རྟེན་རང་བཞིན་མེད། །ཐུགས་རྗེ་སྤྲུལ་པས་


DNG006_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ཁྱབ་མཛད་ཅིང་། །སེམས་ཅན་རྣམས་ལ་བྱམས་པའི་ཆར་ཆེན་འབེབས། །བསྒོམ་དང་བསྒོམ་པར་བྱ་བ་གཉིས་མིན་ན། །དོན་དམ་ངང་ལ་བདེ་བར་གནས་པ་ནི། །བྱང་ཆུབ་སེམས་བསྒོམ་ཞེས་ཀྱང་དེ་ལ་བྱ། །རྟོགས་པའི་ཀླུང་ཆེན་མ་ཡེངས་དོན་ལྡན་ན། །རྣམ་དག་བྱང་ཆུབ་སེམས་ཀྱི་བསྒོམ་པ་ཡིན། །ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། ཟབ་མོ་དོན་དྲུག་གི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་སྤྱོད་ཡུལ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལམ་གྱིས་བཅོས་སུ་ག་ལ་ཡོད། །བསྒྲུབ་མེད་རྩལ་སྤྲུགས་སྨོན་མེད་པའི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོ། །རྟོག་དཔྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལས། །ལོག་རྟོག་ཕྱིས་པའི་སྤྱོད་པས་ཅི་ཞིག་བསླུས། །གཉིས་མེད་བདེ་ཆེན་སེམས་ཅན་ཀུན་སྤྱོད་ལ། །འཁྲུལ་པས་ནོར་བའི་ལམ་དུ་བསྟན་པ་ཡང་། །གང་བསྟན་ལམ་ཆེན་དེ་ལས་མི་གཉིས་པར། །མཉམ་པར་ཤེས་པས་སངས་རྒྱས་ཀུན་གྱི་རྗེ། །ང་བདག་འཛིན་པས་མུ་སྟེགས་འཁྲུལ་པའི་ལམ། །བྱིས་པས་བསླུས་པའི་ཆོས་སྤྱོད་སྤྱོད་པ་ཡང་། །རྣམ་པར་རྟོག་པའི་ལམ་དུ་བཙུད་པ་ནི། །ཕྱིན་པའི་ལམ་མེད་རྟོགས་དུས་མེད་པའོ། །ཆོས་ཉིད་ཆོས་ཚོལ་རྙེད་པར་ག་ལ་འགྱུར། །སློབ་དཔོན་ཚད་མར་མ་གྱུར་སྤྲེའུ་འདྲའི་ལུང་། །བརྟེན་ནས་ལམ་ནོར་རྟོག་པས་ཟིན་ཏ་རེ། །དེ་བས་གསེར་ལ་ནག་ཚུར་བཏང་འདྲ་ཡི། །སློབ་དཔོན་རིན་ཆེན་ལྟ་བུ་མཁས་པ་དེ། །རིན་ཐང་དཔག་ཏུ་མེད་པའི་རིན་གྱིས་བསླུའོ། །ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། རྩོལ་བྲལ་རྩལ་དྲུག་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །མི་གནས་དམིགས་མེད་ཆོས་ཀྱི་སྐུ། །སྤྲོས་མེད་བྱང་ཆུབ་སྙིང་པོའི་དོན། །བདེ་ཆེན་སྤྲུལ་པ་གཉིས་སུ་མེད། །གཞན་ནས་མི་བཙལ་རང་ལས་བྱུང་། །ཟིན་ཆགས་


DNG006_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་ངང་ཞི་ན། །དངོས་པོ་མེད་པས་རྣམ་པར་སྤོངས། །བདུད་རྩི་ཆེན་པོའི་རང་བཞིན་ལ། །བཟའ་བའི་ཐབས་ལ་རག་པ་མེད། །ཡངས་སོ་ཆེའོ་ཆོས་ཆེན་པོ། །ཆུང་ངུ་རྣམས་ཀྱི་གཉེན་པོ་ཡིན། །ཆེ་བ་དམིགས་པའི་ཆ་བསྙམས་ནས། །ཆུང་ངུ་དེ་རྣམས་དམིགས་དང་བྲལ། །གསུངས་དང་རྒྱས་དང་དམིགས་དང་སྣང་། །སྒྱུ་མཁན་རི་མོའི་རྣམ་པ་བཞིན། །འབྱུང་འཇུག་ཡེ་ཤེས་བྱིང་རྨུགས་དག །དེ་ཡི་དབང་ལས་སྐྱེ་བར་འགྱུར། །བཏང་ངོ་གཞག་གོ་རང་བཞིན་གནས། །འདོད་པ་མེད་ཅིང་ལེན་པ་མེད། །བྲོད་པ་རྡུལ་ཙམ་མི་སྐྱེ་ཞིང་། །ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །སྟོར་བར་མི་དོགས་བཟའ་བ་མེད། །བཟའ་བའི་ཡུལ་བྲལ་རེ་དོགས་མེད། །རྒྱ་མཚོ་འདྲ་བར་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བསྡུ་བའི་གནས་སུ་ངེས་པ་མེད། །བྱང་ཆུབ་སྙིང་པོ་དེ་མ་ཐག །ཏིང་འཛིན་རྒྱལ་པོ་ཆེན་པོ་འབྱུང་། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ། །སྐྱེ་ཤིང་འཕོ་བའི་གནས་མེད་དེ། །རྒྱུ་རྐྱེན་ཡན་ལག་བཅུ་གཉིས་ཀྱང་། །སྐུར་པ་བཏབ་སྟེ་བཤད་པ་ཡིན། །འཁྲུལ་པ་རྣམས་ཀྱི་སྒོ་ཙམ་དུ། །མཁས་པས་དེ་བཞིན་ཤེས་པར་གྱིས། །འགྲོ་བ་རྒྱུད་དྲུག་བསྟན་པ་ཡང་། །དད་པའི་ལམ་དུ་ཤེས་པར་བྱ། །འདོད་སྤྱོད་སྙིང་རྗེས་བརླན་པ་ན། །གང་དུ་དགའ་བས་བྱང་ཆུབ་སྤྱོད། །ཤན་པ་སྨད་འཚོང་མཚམས་མེད་ལྔ། །ཁ་ན་མ་ཐོ་འཇིག་རྟེན་སྤོང་། །ཡོངས་སུ་རྫོགས་པས་ཆོས་ཀྱི་རྩི། །བདེ་བ་ཆེ་ལས་གཞན་མེད་དོ། །ཡང་ནི་ཆོས་རྣམས་དེ་ལྟར་ན། །ཆོས་ཀྱི་རང་བཞིན་དེ་ཡིན་ཏེ། །ཆོས་ཀྱིས་ཆོས་ནི་བཙལ་བ་ན། །ནམ་མཁས་ནམ་མཁའ་ཚོལ་བ་ནི། །ལྟོས་པའི་ཆོས་ལ་བརྟེན་པ་ནི། །མེ་ཡིས་མེ་ནི་བསད་འདྲ་སྟེ། །ཤིན་ཏུ་རྙེད་


DNG006_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པར་དགའ་བའོ། །རྣམ་པར་མི་རྟོག་སྙིང་པོ་འདི། །ཡོངས་ཀྱི་རྒྱུད་ལ་སྦས་པ་མེད། །མི་ལེན་བྱང་ཆུབ་སྤྱོད་རྣམས་ལ། །སྣང་བ་ཀུན་ཏུ་ཇི་བཞིན་གནས། །ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། ཡངས་པ་ཆེ་བ་དྲུག་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་བགྲོད་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །བྱམས་པས་དོན་ཉིད་རྣམ་སྦྱང་ཕྱིར། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཆེ་བས་ཆེ་བའི་ཟབ་མོ་ཡིས། །ཡོན་ཏན་ཅི་ཡང་བསྔགས་པ་མེད། །དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །བྱ་བ་མེད་པས་གྲོལ་བས་གྲོལ། །རང་བྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། ཆོས་ཉིད་གཉིས་སུ་མེད་པ་ཐིག་ལེའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །གྲོལ་བ་རང་བྱུང་གཞན་ལས་མིན། །ཆེ་བའི་ཡེ་ཤེས་རྙེད་དཀའ་བས། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེ་བ་རང་ལས་འབྱུང་། །ཆོ་འཕྲུལ་ཆེན་པོ་དཀའ་བ་མེད། །ཡོན་ཏན་ཀུན་དང་སྟོབས་བཅུ་རྣམས། །ཇི་བཞིན་རྟོག་པ་ཕྲ་བ་ལས། །དེ་མ་ཐག་ཏུ་རང་ལས་འབྱུང་། །སྣང་བ་མེད་པའི་ཆོས་ཉིད་ནི། །མི་བཙལ་བཞག་ན་བསྒོམ་པ་ཡིན། །དེ་དང་དེར་ནི་རྣམ་བཙལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །མཆོག་ཏུ་གསང་བའི་ཆོས་ཉིད་ནི། །རྣ་དབང་གཞན་ལས་ཐོས་མི་འགྱུར། །དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། ཆོས་ཀྱི་དབྱིངས་ཀྱི་ཐིག་ལེའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །


DNG006_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཀུན་ཏུ་ཆུབ་པས་རྣམ་པར་རོལ། །དེ་ལ་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་བཞིན་མཉམ་པར་གནས། །ཁྱད་པར་ཅིར་ཡང་མཚུངས་པ་ལ། །ལས་སོ་དེ་ནི་རྣམ་པར་རྟོག །ཅི་སྟེ་ལས་ཀྱི་དབང་གྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །རྒྱུ་ཉིད་རྡོ་རྗེ་རྐྱེན་དང་བྲལ། །མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསམ་གཏན་ཉིད་པས་བསམ་དུ་མེད། །མ་བསམས་མ་སྦྱངས་ཆོས་ཉིད་དུ། །རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། །ཕྲ་བའི་སྒོ་མོར་མིང་བཏགས་ནས། །སེམས་ཀྱིས་དབེན་པའི་ལམ་ཚོལ་ཞིང་། །དགོན་པའི་རྒྱུད་དུ་དབེན་འཛིན་པས། །བརྟགས་ནས་རྣམ་པར་རྟོག་འགྱུར་བསྒོམ། །རྒྱུ་དང་འབྲས་བུར་མིང་བཏགས་ཤིང་། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །འཇིག་རྟེན་འདི་ལས་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་ཏུ་བསྐྱེད། །ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་བཞིན་ཏེ་བྲག་ཅ་འདྲ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། །འགྲོ་བའི་མགོན་པོ་ཆེན་པོས་གསུངས། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའ་སྔོ་བ་ལ། །རང་འོད་ཆེན་པོས་ནམ་མཁའ་བྱུང་། །ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། རྣམ་པར་རྟོག་པ་དག་པའི་ཐིག་ལེའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །རྟོག་མེད་མཉམ་པའི་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཀུན་ཏུ་བཟང་པོའི་རོལ་པ་ཡི། །ཨཱ་ལི་ཀཱ་ལི་ཟབ་ཏུ་བསྟན། །དེ་ནི་ཨ་དང་མཛེས་པའི་ཏ། །ས་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལས། །སངས་རྒྱས་གསུང་ནི་ཟབ་མོ་འབྱུང་། །ཨེ་མ་སངས་རྒྱས་སྤྱོད་


DNG006_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འདི། །བཙལ་བས་རྙེད་པའི་གནས་མེད་དེ། །དྲུག་ཡང་གི་ཆོས་བཞིན་ཡུལ་མེད་པས། །ལྡོངས་པས་ནམ་མཁར་བསྙེག་པ་བཞིན། །གོང་ནས་གོང་དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པ་མིན། །ཅི་སྟེ་ལམ་ལ་བགྲོད་གྱུར་ན། །ནམ་མཁའི་མཐའ་ལྟར་ཐུག་པ་མེད། །དེ་ལྟར་དེ་བཞིན་དེ་ཡི་ཕྱིར། །དེ་ལ་དེ་བརྟེན་དེ་ཡང་ཐོབ། །དེ་ནི་སྙིང་པོ་དེ་བས་ན། །དེ་ལས་དེ་བྱུང་ངོ་མཚར་ཆེ། །སྔོན་གྱི་དེ་དང་ད་ལྟ་ཡི། །དེ་བཞིན་དེ་ཡི་གནས་སུ་ཆེ། །དེ་ལྟར་དེ་ཡི་ལམ་འདྲ་བ། །དེ་ནི་དེ་ཡི་རང་བཞིན་ནོ། །དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཟླ་བ་ལམ་ཡང་ལས་བྱུང་རྟེན་དང་བཅས། །ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །ད་ལྟའི་བདེ་དང་ཕྱི་མའི་བདེ། །མངོན་སུམ་པ་དང་རྒྱབ་ནས་བྱུང་། །དེ་ཡང་རྣམ་པའི་སྐྱོན་ཡིན་པས། །དེ་ལ་བརྟེན་པར་མི་བྱའོ། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱུང་། །ཆོས་སྐུས་ཁྱབ་པ་གཅིག་པའི་ཕྱིར། །བདེ་བ་ཆེན་པོར་རང་བཞིན་གནས། །སྲིད་པ་གསུམ་ན་སྦྱོར་བ་ཡང་། །མིང་ཙམ་སྒྱུ་མར་སྣང་བ་སྟེ། །འཁོར་ལོས་སྒྱུར་བའི་གནས་ཆེན་ཡང་། །སྒྱུ་མ་སྦྱོང་བའི་བསྡི་གནས་ཡིན། །རྣམ་དཔྱོད་དུས་ལ་ལྟོས་པའི་གནས། །དེ་དུས་དེར་ནི་འབྱུང་མི་འགྱུར། །མ་བྲལ་སྨོན་པ་སྤྱོད་པས་ན། །སྟོང་པའི་མཚན་ཉིད་གསུངས་པ་བཞིན། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་མེད། །སྲིད་པ་མིང་ཙམ་ལོག་པའི་སྟོབས། །དེ་བས་ཏིང་འཛིན་མཉམ་དང་བྲལ། །དེ་ལ་ཐ་ཚིག་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །དུས་གསུམ་དེ་ཡང་མི་འབྲལ་བས། །ཐ་ཚིག་མིང་དུ་བཏགས་པ་མེད། །ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། ཆོས་སྐུ་ཀུན་ཏུ་བཟང་པོ་


DNG006_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །མི་གཡོ་བ་ནི་སྐུ་ཡི་རྒྱ། །མི་བསྐྱོད་པ་ནི་ཡེ་ཤེས་ཏེ། །མི་ལེན་པས་ན་བདག་མེད་ཅིང་། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །གང་དང་གང་གིས་གང་དུ་ཡང་། །ཀུན་འཁོར་ཀུན་སྤྱོད་བདག་ལས་བྱུང་། །འདི་ལ་སྐྱེས་པ་བུད་མེད་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །འདི་ལ་བརྟུལ་ཞུགས་དྲག་ཤུལ་གྱི། །གནས་སུ་བྱ་བའི་མིང་མེད་དེ། །ཨ་དང་པར་ནི་རྣམ་ལྡན་ན། །སྒྱུ་མའི་བདེ་བ་འབྱུང་བར་འདོད། །རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བལྟས་པས་དེ་ལྟར་སྣང་། །སྣང་འདོད་རྩོལ་སེམས་བདེ་བ་ཡང་། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན། །བྱང་ཆུབ་ཡན་ལག་ཀུན་གྱི་སྒོ། །ཆ་ལུགས་བསྒོམས་པས་ཆུ་ཟླ་བཞིན། །མ་གོས་མ་ཆགས་འབྱུང་འགྱུར་ཡང་། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །ཡི་གེ་མངོན་དུ་ཕྱུང་ན་ཡང་། །ཞི་བས་དེ་ཉིད་མཐོང་བ་མེད། །རྣམ་གྲངས་བརྒྱད་ཁྲི་བཞི་སྟོང་ཕྲག་ཡས་ཀྱང་། །གང་ལྟར་སྤྱད་ཀྱང་མ་རྟོག་སྐྱེ། །མཚན་མ་མེད་པའི་དབང་གིས་ནི། །བསྡི་གནས་འདི་ལས་འབྱུང་མི་འགྱུར། །གླེང་བྲལ་འདི་ལ་གང་གནས་པ། །རྣལ་འབྱོར་དེ་ནི་སྐལ་བ་བཟང་། །བདག་དང་གཞན་དོན་མི་བྱེད་ཀྱང་། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །ལྷུན་གྱིས་གནས་པས་བདེ་བ་ཆེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་ནི་གཞན་ནས་འབྱུང་མི་འགྱུར། །སླ་ཞིང་དཀའ་ལ་དཀའ་ཕྱིར་སླ། །མངོན་སུམ་མི་གནས་ཀུན་ལ་ཁྱབ། །མིང་ཙམ་འདི་ཞེས་བསྟན་པ་ནི། །སེམས་དཔའ་རྡོ་རྗེས་མཚོན་དུ་མེད། །


DNG006_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་རྨད་བྱུང་རོལ་པ་འདི། །བྱ་བྲལ་ནམ་མཁའ་ཇི་བཞིན་ཏེ། །ཅིར་ཡང་མི་དམིགས་གཏི་མུག་ལས། །དེ་མ་ཐག་ཏུ་རང་ལས་འབྱུང་། །འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་ལ་རང་བཞིན་གནས། །བྱིས་པ་བསླད་པས་འཁྲུལ་པ་ཡིས། །སྨན་ཉིད་སྨན་པས་ཚོལ་བ་བཞིན། །གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །མ་ངེས་འཇའ་ཚོན་ཁ་དོག་ལས། །རིགས་ཀྱི་ཁྱད་པར་མངོན་པར་སྣང་། །དེ་བཞིན་གཡོ་རྡུལ་མི་གཡོ་བ། །འབྱུང་བ་ལྔ་དང་གཙོ་ཆེན་ཡིན། །ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། ) ཐུགས་རྗེ་ཡེ་ཤེས་ཐིག་ལེའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །འདས་དང་མ་འོངས་ད་ལྟར་གྱི། །ཐ་སྙད་མིང་ལ་མི་གནས་ཏེ། །སྐྱེ་འགག་མེད་པར་རྣམ་བརྟགས་ཏེ། །དེ་ཉིད་དུས་གསུམ་ཆེན་པོར་སྦྱོར། །མཉམ་པས་རིམ་པར་བཀོད་པ་མེད། །གཅིག་པས་ཕྱོགས་བཅུ་བསྔོ་དང་བྲལ། །ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འགྲིབ་པ་མེད། །ལྷུན་གྱིས་གནས་པས་མི་བསྔོ་ཞིང་། །གདོད་ནས་དག་པས་བདུད་རྩི་ཡིན། །འདུ་བྱེད་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་བསམ་པས་གཟུང་དུ་མེད། །ཡུད་ཀྱིས་བསམ་པས་ཡང་དག་སྟེ། །བལྟས་པའི་སྟོབས་ནི་བཀྲམ་པའོ། །མཐོང་བར་གྱུར་པས་དངོས་གྲུབ་ལ། །དེ་ནི་མཉམ་བཞག་རྫོགས་པའོ། །ཡུད་ཙམ་བཟུང་བས་སྦྱོར་བ་ཡིན། །དགའ་བར་གྱུར་པ་དམ་ཚིག་སྟེ། །ཐབས་ཀྱི་གར་ཐབས་བསྐྱོད་པ་ཡིས། །གཉིས་མེད་སྦྱོར་བ་ཕུལ་བ་ཡིན། །མིག་ཟུང་གཏོང་བས་གཏོར་མ་སྟེ། །བྱ་བ་མེད་པའི་ལས་རྣམས་སོ། །མི་རྟོག་ཡེ་ཤེས་བགེགས་བསལ་ནས། །མི་གསུང་མཉམ་བཞག་སྔགས་ཚིག་གོ། །བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོ་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་
འགྱུར། །དེ་བས་དེ་ལུང་དེ་ཉིད་ལ། །དེ་ལ་དེ་སྦྱར་བསྒྲིབ་པར་འགྱུར། །དེ་ལྟར་དེ་ལ་དེ་རྟོགས་ན། །དེ་ལ་དེ་ཉིད་གྲུབ་པ་མེད། །ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། ལྷུན་གྲུབ་ཐིག་ལེའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདི་སྐད་གསུངས། །ནམ་མཁའ་ཀློང་ཡངས་བརྡལ་བའི་དབྱིངས། །ཡེ་ཤེས་ཉི་ཟླས་འཁོར་བ་གཅོད། །མདོ་རྒྱས་ལྟ་སྒོམ་སྤྱོད་འབྲས་དང་། །ཐུགས་རྗེ་ཆེན་པོ་ལྷུན་གྱིས་གྲུབ། །རིག་པ་མཐའ་དང་མཉམ་པའི་རྒྱུད། །ཉི་ཟླ་ལྟ་བུར་དྲི་མ་མེད། །སྒྲོན་མ་འབར་བས་གཏི་མུག་སེལ། །དྲུག་གིས་འགྲོ་དྲུག་གཡང་ས་བཅད། །སྟོན་པ་བསྟན་པ་འཁོར་གནས་དུས། །རང་སྣང་སེམས་ལ་སྨྲས་པ་ཡིན། །ལྟ་སྒོམ་སྤྱོད་འབྲས་བཞི་ཡི་རྒྱུད། །གདུལ་བྱའི་སྐབས་དང་སྦྱར་བར་བྱ། །མཁའ་གསལ་ཉི་ཟླ་ལྟ་བུ་ཡི། །དོན་དམ་དྲི་མ་མེད་པའི་རྒྱུད། །རྒྱུད་དོ་ཅོག་གི་རྒྱལ་པོ་ཉིད། །སེམས་དཔའ་རྡོ་རྗེ་ཁྱོད་ལ་གཏད། །དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་བསྟོད། །མཉམ་པའི་རྒྱལ་པོ་ལྷ་ཡི་ལྷ། །སྐྱེ་མེད་རང་བྱུང་ཆེན་པོའི་ངང་། །མཁའ་འདྲ་ཡེ་ཤེས་བརྡལ་བའི་ཀློང་། །དུས་གསུམ་རྒྱལ་བ་ཀུན་གྱི་ཡབ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་བསྟོད། །དེ་ནས་སེམས་དཔའ་རྡོ་རྗེ་དང་། །སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས། །རང་སྣང་རིག་པའི་འཁོར་ཐམས་ཅད། །དགའ་ཞིང་མགུ་ནས་རྗེས་སུ་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཆོས་ཐམས་ཅད་རིག་པ་ཉི་ཟླའི་མཐའ་དང་མཉམ་པ་དྲི་མ་མེད་པའི་རྒྱུད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོས་གསུངས་པ་རྫོགས་སོ། །ཤྲཱི་སིངྷ་དང་བཻ་རོ་ཙ་ནས་བསྒྱུར་བའོ།། །།

སྤྱོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ཀྱི་དཀའ་འགྲེལ།སྤྱོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ཀྱི་དཀའ་འགྲེལ།


DNG006_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙརྱ་སཱུརྱ་ཙནྡྲ་ས་མ་ཏནྡྲ་སྱ་བཉྫི་ཀ །བོད་སྐད་དུ། སྤྱོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ཀྱི་དཀའ་འགྲེལ། རྩ་བྲལ་རིག་པའི་ལྷ་ལ་ཕྱག་འཚལ་ལོ། །ཨེ་མ་རྒྱུད་དོན་གསུམ་དུ་བཤད། །


DNG006_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་གཞི་རྣམ་པར་དག་པ་དང་། །རྒྱུད་ཀྱི་དངོས་པོ་བསྟན་པ་དང་། །མཐར་ཕྱིན་ཡོངས་སུ་གཏད་པའོ། །གླེང་གཞི་གཉིས་སུ་བཤད་པར་བྱ། །ཕུན་སུམ་ཚོགས་དང་ཞུས་ལན་ནོ། །ཕུན་སུམ་ཚོགས་པ་ལྔར་བཤད་དོ། །གཅིག་གིས་དུས་བསྟན་བཞི་ཡིས་གནས། །བཞི་ཡིས་བསྟན་པ་དགུ་ཡིས་འཁོར། །གཅིག་གིས་སྡུད་པ་གཉིས་སུ་བསྟན། །ཞུས་ལན་ལ་ནི་གསུམ་ཡིན་ཏེ། །སེམས་དཔས་ཞུས་དང་སྟོན་པས་ལན། །ཤིན་ཏུ་རྒྱས་པར་ཞུས་པའོ། །དེ་ཡི་དང་པོ་དྲུག་དོན་གསུམ། །ཚིགས་བཤད་བརྒྱད་ལ་སྦྱར་ཏེ་བཤད། །སྟོན་པའི་ལན་ནི་གསུམ་ཡིན་ཏེ། །ཐོས་བསམ་བསྒོམ་གསུམ་ཚིགས་བཤད་ནི། །བཅུ་བཞི་དག་ལ་སྦྱར་ཏེ་བཤད། །རྒྱས་པར་ཞུས་པ་ཐ་མའི་བརྒྱད། །ཚིག་ལྔ་དག་ཏུ་ཤེས་པར་བྱ། །དེ་ནས་ཡང་དག་བཤད་པར་བྱ། །རྒྱུད་ཀྱི་དངོས་པོ་དྲུག་ཚན་ལྔ། །བསྡུས་དང་རྒྱས་དང་རྣམ་པར་རྒྱས། །ཡོངས་སུ་ཤེས་དང་ཤིན་ཏུ་རྒྱས། །དེ་ལས་བསྡུས་པ་ཚིག་དྲུག་སྟེ། །ལྟ་སྒོམ་སྤྱོད་འབྲས་ཐུགས་རྗེ་དང་། །གཞི་མའི་ཚིག་དང་རྣམ་པ་དྲུག །རིམ་དང་རིམ་པར་སྦྱར་ལ་བཤད། །དེ་ནས་ཡང་དག་བཤད་པར་བྱ། །རྒྱས་པ་ལ་ནི་དོན་དྲུག་སྟེ། །ལྟ་བའི་དོན་དང་སྒོམ་པའི་དོན། །སྤྱོད་པའི་དོན་དང་འབྲས་བུའི་དོན། །ངེས་ཚིག་དོན་དང་ལྡང་ཚད་དོན། །གསུམ་དང་གཉིས་དང་བཞི་དང་ལྔ། །གསུམ་དང་གཉིས་ལ་རིམ་གྱིས་སྦྱར། །བཞི་པ་འབྲས་བུ་གཉིས་སུ་བསྟན། །ལམ་འབྲས་གཉིས་ཀྱི་ཆོས་སྐུ་དང་། །ཐུགས་རྗེ་སྤྲུལ་པ་འཆར་བའོ། །དེ་ནས་ཡང་དག་བཤད་པར་བྱ། །རྣམ་པར་རྒྱས་པ་རྩལ་དྲུག་སྟེ། །ལྟ་བའི་རྩལ་དང་སྒོམ་པའི་རྩལ། །སྤྱོད་པའི་རྩལ་དང་འབྲས་བུའི་རྩལ། །གོལ་ས་རང་ནི་སློབ་དཔོན་རྩལ། །དང་པོ་ཐོག་མའི་གཞི་ཡིན་ཏེ། །གཉིས་པ་བཞི་འདས་བཞི་ཡིན་ནོ། །གསུམ་པ་གསུམ་པའི་གཉིས་ཡིན་ཏེ། །བཞི་པ་གཉིས་པ་གཉིས་ཡིན་ནོ། །ལྔ་པའི་ལྔ་པ་ལྔ་ཡིན་ཏེ། །དྲུག་པ་དྲུག་པའི་ལྔ་ལ་བཀྲལ། །དེ་ལ་


DNG006_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་སྐྱོན་ཡོན་གཉིས། །མཁས་པས་ཐུགས་རྗེར་ཤེས་པར་བྱ། །དེ་ནས་ཡང་དག་བཤད་པར་བྱ། །ཡོངས་སུ་རྒྱས་པ་དྲུག་ཏུ་བཤད། །ལྟ་བ་སྒྱུ་མ་ལྟ་བུར་ཆེ། །བསྒོམ་པ་རྒྱ་མཚོ་ལྟ་བུར་ཆེ། །སྤྱོད་པ་ཁྱུང་ཆེན་ལྟ་བུར་ཆེ། །འབྲས་བུ་ཀུན་བཟང་ལྟ་བུར་ཆེ། །གོལ་ས་ནམ་མཁའ་ལྟ་བུར་ཆེ། །ཀུན་གཞི་སྣང་བ་ལྟ་བུར་ཆེ། །དང་པོ་ལ་ནི་གསུམ་དུ་བཤད། །ཐེག་པ་དྲུག་གི་ལ་བཟླ་དང་། །ཨ་ཏི་ཡོ་གའི་འདུག་ཚུལ་དང་། །ཟབ་མོ་ཆོས་ཀྱི་འཆར་སྒོའོ། །དང་པོ་གཞི་མིན་གཞི་ཚད་གསུམ། །གསུམ་པོ་རིམ་གྱིས་སྦྱར་བར་བྱ། །དེ་འོག་བདུན་གྱིས་སྤྱོད་པ་སྟེ། །དེ་བཞིན་བརྒྱད་ལ་བསྒོམ་པར་བྱ། །འབྲས་བུ་ལ་ནི་གཉིས་སུ་བཤད། །དང་པོ་གཞི་བཞག་སྐུ་བཞི་ལ། །ཀུན་བཟང་མན་ཆད་བཅུ་བཞི་ནི། །ཐུགས་རྗེར་བསྟན་ཏེ་དབྱེ་ན་གསུམ། །རྟེན་འདྲེལ་ཆོས་དང་འགྲོ་བའི་ཆོས། །འཇིག་རྟེན་ཆོས་དང་བཞི་ཚོ་གསུམ། །རིམ་གྱིས་སྦྱར་ཏེ་ཀུན་བཟང་གཉིས། །གསུམ་པོའི་མགོ་ལ་རྣམ་པར་བརྒྱན། །གོལ་ས་དེ་འོག་བདུན་ཡིན་ཏེ། །ཀུན་གྱི་ཐ་མའི་གཞི་ལ་བཀྲལ། །དེ་ནས་ཡང་དག་བཤད་པར་བྱ། །ཤིན་ཏུ་རྒྱས་པ་དྲུག་ཡིན་ཏེ། །བལྟ་བ་ཆོས་ཉིད་ཐིག་ལེ་དང་། །བསྒོམ་པ་དབྱིངས་ཀྱི་ཐིག་ལེ་དང་། །སྤྱོད་པ་རྣམ་དག་ཐིག་ལེ་དང་། །འབྲས་བུ་ཀུན་བཟང་ཐིག་ལེ་དང་། །ཐུགས་རྗེ་ཡེ་ཤེས་ཐིག་ལེ་དང་། །ཀུན་གཞི་ལྷུན་གྲུབ་ཐིག་ལེའོ། །དེ་ལ་བལྟ་བ་གཉིས་སུ་བཤད། །སྐུ་གསུམ་རང་ཆས་བལྟ་བ་དང་། །ཐུགས་རྗེ་རང་བྱུང་བལྟ་བའོ། །དང་པོ་བཞི་སྟེ་གཉིས་པ་བརྒྱད། །རིམ་དང་རིམ་གྱིས་སྦྱར་ལ་བཤད། །དེ་ནས་ཡང་དག་བཤད་པར་བྱ། །བསྒོམ་པ་ལ་ནི་ལྔར་བཤད་དོ། །རང་བཞིན་གནས་པའི་ཡེ་ཤེས་དང་། །བླ་མས་བསྟན་པའི་རྟོགས་པ་དང་། །རྟོག་པའི་ཡོན་ཏན་རང་ལས་བྱུང་། །མ་བཅོས་རང་བཞག་བསྒོམ་པའི་མཆོག །དེ་ལ་བརྗོད་དུ་མེད་པའོ། །དེ་ལྔ་བཞི་ཚན་ལྔ་ལ་ནི། །རིམ་དང་རིམ་གྱིས་སྦྱར་ལ་བཤད། །དེ་ནས་ཡང་


DNG006_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དག་བཤད་པར་བྱ། །སྤྱོད་པ་རྣམ་པ་བཞིར་བཤད་དེ། །སྡུག་བསྔལ་ཆོས་ཉིད་སྤྱོད་པ་དང་། །ལས་ལས་གྲོལ་བའི་སྤྱོད་པ་དང་། །རྣམ་རྟོག་ཡེ་ཤེས་སྤྱོད་པ་དང་། །ཐེག་པ་ལ་བཟླའི་སྤྱོད་པའོ། །བཞི་དང་བརྒྱད་དང་ཡང་ནི་བཞི། །ཉི་ཤུ་དག་ལ་རིམ་གྱིས་སྦྱར། །ཐེག་པ་ལ་བཟླ་བྱེད་ལ་གཞི། །རྣམ་རྟོག་བསྒོམ་པའི་ཉན་ཐོས་དང་། །དགེ་སྡིག་སེལ་བའི་རང་རྒྱལ་དང་། །སྟོང་པར་འདོད་པའི་དབུ་མ་དང་། །དུག་ལྔ་མ་སྤངས་གསང་སྔགས་རྣམས། །བཞི་ཚན་གསུམ་དང་བརྒྱད་ལ་ནི། །རིམ་གྱིས་སྦྱར་ཏེ་བཤད་པར་བྱ། །དེ་ནས་ཡང་དག་བཤད་པར་བྱ། །འབྲས་བུ་ལ་ནི་གསུམ་དུ་བཤད། །ཆོས་སྐུ་བྱ་བཙལ་བྲལ་བ་དང་། །ལོངས་སྐུ་ཡོངས་སུ་རྫོགས་པ་དང་། །སྤྲུལ་པ་ཀུན་ལ་ཁྱབ་པའོ། །དེ་ལ་ཆོས་སྐུ་གསུམ་དུ་བཤད། །སྐུ་གསུམ་ཐུགས་རྗེའི་གཟུགས་དང་ནི། །རང་ལས་གཞན་ནས་འབྱུང་བ་མིན། །བྱ་བྲལ་བགྲོད་དུ་མེད་པའོ། །བརྒྱད་དང་བཞི་དང་བཞི་ལས་བཀྲལ། །ཡོངས་སུ་རྫོགས་པ་གཞིར་བཤད་དེ། །སངས་རྒྱས་རང་ལས་འབྱུང་བ་དང་། །དུས་གསུམ་རྒྱལ་བའི་འབྱུང་གནས་དང་། །མཉམ་ཉིད་ཕྱོགས་ཆས་མི་འགྲུབ་པས། །བདེ་བར་འདོད་ན་གོལ་བའོ། །བཞི་ཚན་བཞི་ལ་རིམ་གྱིས་སྦྱར། །ཀུན་ལ་ཁྱབ་པ་བཞིར་བསྟན་ཏེ། །དུས་གསུམ་ཆོས་སྐུར་གདོད་ནས་གཅིག །རང་བཞིན་གནས་པ་བདེ་བའི་སྐུ། །སྤྲུལ་སྐུ་སྒྱུ་མ་ལྟ་བུར་འཆར། །ཐུགས་རྗེ་ཐབས་ཀྱི་རོལ་པའོ། །གསུམ་དང་བཞི་དང་གཅིག་དང་བཞི་དང་ནི། །བཅུ་དྲུག་དག་དང་སྦྱར་ཏེ་བཤད། །དེ་ལ་ཐུགས་རྗེ་བཞིར་བཤད་དེ། །རེ་སྨོན་དྲང་དོན་ཐུགས་རྗེ་དང་། །གཅིག་ཆོས་སྒྲོ་སྐུར་བྲལ་བ་དང་། །ཟབ་མོའི་ཆོས་ལ་རྟོག་པ་གོལ། །དུས་གསུམ་དེ་ཉིད་ཐ་ཚིག་གོ། །བཞི་ཚན་བཞི་ལ་སྦྱར་ཏེ་བཤད། །དེ་ནས་ཡང་དག་བཤད་པར་བྱ། །ཐུགས་རྗེ་ལ་ནི་ལྔར་བསྟན་ཏེ། །མཉམ་ཉིད་ཐུགས་རྗེའི་སྤྲུལ་པ་དང་། །གོལ་སྒྲིབ་བསྟན་པའི་ཐུགས་


DNG006_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དང་། །ཡེ་ཤེས་སྒྱུ་མའི་ཐུགས་རྗེ་དང་། །ངོ་བོ་རྨད་བྱུང་ཐུགས་རྗེ་དང་། །མཛད་པ་ཕྲིན་ལས་ཐུགས་རྗེའོ། །མཉམ་ཉིད་སྤྲུལ་པ་དྲུག་ཏུ་བཤད། །མཉམ་པ་རིས་མེད་ཐུགས་རྗེ་དང་། །རིས་མེད་ཀུན་གྱི་འབྱུང་གནས་དང་། །དེ་ཉིད་རྩོལ་བ་བྲལ་བ་དང་། །ཤེས་རབ་ཐབས་ཀྱི་རྒྱུ་མ་རྟོགས། །མ་ངེས་སྤྲུལ་པ་འགྱེད་པ་དང་། །འགྲོ་རྣམས་རང་གི་སྒྲིབ་པའོ། །བཞི་ཚན་གཉིས་དང་གཉིས་ཚན་བཞི། །རིམ་གྱིས་སྦྱར་ལ་རྣམ་པར་བཤད། །གོལ་སྒྲིབ་རྣམ་པ་གསུམ་དུ་བཤད། །ཕྱི་པར་གོལ་དང་ནང་པར་གོལ། །རྒྱུ་འབྲས་ཆོས་ནི་བཀག་པ་མེད། །བཞི་ཚན་གསུམ་ལ་འཚོལ་བར་བཀྲལ། །ཡེ་ཤེས་སྒྱུ་མ་གཉིས་སུ་བཤད། །རྟོགས་ན་ཐུགས་རྗེ་ཞོར་འབྱུང་དང་། །ལྷུན་གྲུབ་རང་ལ་འབྱུང་བའོ། །བཞི་བཞག་ཐོག་མཐའ་བཞི་བཞི་ཡིན། །ངོ་བོ་རྨད་བྱུང་གཉིས་སུ་བསྟན། །ཆོས་ཉིད་མཚོན་དུ་མེད་པ་དང་། །ཟབ་མོ་བཞི་ཡི་གདམས་ངག་གོ། །བཞི་བཞི་ལ་ནི་སྦྱར་ལ་བཤད། །མཛད་པ་ཕྲིན་ལས་བཞིར་བཤད་དེ། །དག་པའི་ལམ་ཆེན་ཀུན་ལ་ཁྱབ། །མ་ཤེས་བསླད་པས་འགྲོ་བ་འཁྲུལ། །རྟོགས་ཏེ་ཤེས་ན་མངོན་སངས་རྒྱས། །དེ་ཡི་ཡོན་ཏན་ཕྲིན་ལས་རྫོགས། །གཉིས་དང་གཅིག་སྟེ་གསུམ་དང་དྲུག །གོ་རིམ་བཞིན་དུ་སྦྱར་ཏེ་བཤད། །དེ་ནས་ཡང་དག་བཤད་པར་བྱ། །ཀུན་གཞི་རྣམ་པ་གསུམ་དུ་བསྟན། །གནས་པ་གཞི་ཡི་ཀུན་གཞི་དང་། །སྦྱོར་བ་དོན་གྱི་ཀུན་གཞི་དང་། །ལྡོག་པ་དུས་ཀྱི་ཀུན་གཞིའོ། །གནས་པ་གཞི་ལ་བཅུ་གཅིག་སྟེ། །དཀྱིལ་འཁོར་དགོད་དུ་མེད་པ་དང་། །རིམ་པ་བསྒྱུར་དུ་མེད་པ་དང་། །མཆོད་པ་བསྔོ་རུ་མེད་པ་དང་། །ཚོགས་ལ་བསག་ཏུ་མེད་པ་དང་། །སྨོན་ལམ་བསྔོ་རུ་མེད་པ་དང་། །བདུད་རྩི་སྦྱང་དུ་མེད་པ་དང་། །ལྷ་ལ་བསྒོམ་དུ་མེད་པ་དང་། །སྡིག་པ་བཤག་ཏུ་མེད་པ་དང་། །ཐང་སྐུ་དགྲམ་དུ་མེད་པ་དང་། །དངོས་གྲུབ་བསྒྲུབ་ཏུ་མེད་པ་དང་། །ཐམས་ཅད་མཉམ་ཉིད་རྫོགས་པའོ། །འདིས་ནི་བཅུ་ལ་རྣམ་པར་བརྒྱན། །དང་པོ་གཉིས་ནི་གཅིག་


DNG006_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབྱེ། །དེ་འོག་གཅིག་ནི་དེ་ནས་གཉིས། །དེ་ནས་གཉིས་ཏེ་རེ་རེ་ལ། །ཡང་ནི་གཉིས་ཏེ་རེ་རེ་ལ། །རིམ་གྱིས་སྦྱར་ལ་བཤད་པར་བྱ། །སྦྱོར་བའི་གཞི་ལ་གསུམ་དུ་བཤད། །དུས་གསུམ་ཆོས་ཉིད་སྦྱོར་བ་དང་། །ཤེས་རབ་དམ་ཚིག་སྦྱོར་བ་དང་། །ཐབས་ཀྱི་གཉིས་མེད་སྦྱོར་བའོ། །དུས་གསུམ་ཆོས་ཉིད་ཐོག་མའི་གཞི། །གནས་པ་གཞི་ཡི་གང་ནས་བསླད། །སྦྱོར་བ་གཉིས་པ་བཅུ་གཅིག་འོག །གཉིས་གཉིས་དག་ལ་སྦྱར་ཏེ་བཤད། །ལྡོག་པའི་ཀུན་གཞི་བདུན་དུ་བཤད། །གཏོར་མ་གཏང་དུ་མེད་པ་དང་། །ཕྲིན་ལས་བཙལ་དུ་མེད་པ་དང་། །མཚམས་ལ་གཅད་དུ་མེད་པ་དང་། །བཟླས་བརྗོད་བྱ་རུ་མེད་པ་དང་། །བལྟ་བས་ཟིན་མ་ཟིན་གྱི་ཁྱད། །རྟོགས་པ་ལུང་གི་མན་ངག་དང་། །ཆོས་ཉིད་འགྱུར་བ་མེད་པའོ། །གཞི་ལ་བཞིར་བསྟན་གཅིག་ལ་བཞི། །དེ་ནི་གཅིག་ལ་བཞིར་བསྟན་གཅིག་གི་གཞི། །ཐུགས་རྗེ་གཞིར་བཞག་འདི་རུ་བླངས། །དེ་ནས་ཡང་དག་བཤད་པར་བྱ། །མཐར་ཕྱིན་ཡོངས་སུ་གཏད་པ་ནི། །རྣམ་པ་གཉིས་སུ་བཤད་པར་བྱ། །སྟོན་པས་འཁོར་ལ་གཏད་པ་དང་། །འཁོར་གྱིས་རྗེས་སུ་ཡི་རང་ངོ་། །དེ་ཡི་དང་པོ་གསུམ་དུ་བཤད། །རྒྱུད་ཀྱི་ཡོན་ཏན་བསྟན་པ་དེར། །རྒྱུད་ཀྱི་རྣམ་གྲངས་བསྟན་པ་དང་། །ཆེ་བ་དང་ལྡན་གཏད་པའོ། །དང་པོ་དང་པོའི་རྣམ་པ་བརྒྱད། །གཉིས་པ་དེ་འོག་བཞི་ཡིན་ཏེ། །གསུམ་པ་དེ་ཡི་ཡང་ནི་བཞི། །རིམ་གྱིས་སྦྱར་ཏེ་བཤད་པར་བྱ། །རྗེས་སུ་ཡི་རང་གཉིས་སུ་བཤད། །སེམས་དཔས་གཙོ་ལ་བསྟོད་པ་དང་། །འཁོར་གྱིས་རྗེས་སུ་ཡི་རང་ངོ་། །དང་པོ་ལ་ནི་བདུན་ཡིན་ཏེ། །ཐ་མ་ལ་ནི་དྲུག་ཏུ་བཤད། །རིམ་དང་རིམ་པར་སྦྱར་བྱས་ལ། །ཡང་དག་ས་རུ་བཤད་པར་བྱ། །དེ་ལས་ལུས་ན་སིདྡྷི་ཀན། །སྤྱོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ཀྱི་དཀའ་འགྲེལ། རིན་པོ་ཆེ་སྣང་བའི་འོད་ཟེར་ཞེས་བྱ་བ། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོ།། །།

ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད།


DNG006_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དྷརྨཱ་མ་ཧཱ་སནྟི་བྷོ་དྷི་ཙིཏྟ་སཾ་སཱ་ར་མཱུ་ལ་ཙྪེ་ད་ན་རཏྣ་ས་མཱ྅་ཛཱ་ཏནྟྲ། བོད་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་དུ་མ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་སངས་རྒྱས་རྡོ་རྗེ་སེམས་དཔས་གཉིས་མེད་མཆོག་གི་མཆོད་པ་ཕུལ་ནས་ཕྱོགས་གཅིག་ཏུ་འཁོད་དེ་ཞུས་པའོ། །ཨེ་མ་ཧོ་བཅོམ་ལྡན་ཀུན་ཏུ་བཟང་། །རང་སྣང་རིག་པའི་ཡེ་ཤེས་ལ། །སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན། །འདི་ཡི་མཚན་ཉིད་ཅི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རང་རིག་བློ་ཡི་སྣང་བ་ལས། །སྣང་ཚུལ་བཅུ་བདུན་སྣང་བ་འདི། །འདི་ཡི་མཚན་ཉིད་གློ་བུར་བ། །རྒྱུ་རྐྱེན་དབང་གིས་སྣང་བ་ཡིན། །དཔེར་ན་ག་བུར་སྨན་དུག་ཚུལ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཨེ་མ་བཅོམ་ལྡན་ཀུན་རིག་ལགས། །འཁོར་བ་འཁྲུལ་པའི་སྣང་བ་འདི། །རྩད་ནས་གཅད་ན་ཅི་ལྟར་གཅད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁམས་གསུམ་འཁོར་བའི་འཁྲུལ་སྣང་འདི། །རྨད་བྱུང་བདེ་འབྱམས་ནམ་མཁའ་ཉིད། །རྗེ་བཙན་རྩེ་མོ་ཀུན་འདུས་ལ། །སྲོག་དང་མྱུ་གུ་རིན་པོ་ཆེ། །བདེ་བ་སྤྱི་གཅོད་སེམས་ཀྱི་ཏིག །རིན་ཆེན་ལྟ་བུའི་སྒྲོན་མ་ཡིས། །འཁོར་བ་རྩད་ནས་གཅད་པར་བྱ། །དེ་སྐད་གསུངས་པའི་ཚིག་རྗེས་ལ། །སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཨེ་མ་བཅོམ་ལྡན་འདས་བདེ་གཤེགས་ཡབ། །འཁོར་བ་རྩད་ནས་གཅད་པའི་ཕྱིར། །རྨད་བྱུང་བཅུ་གསུམ་རིན་པོ་ཆེ། །ཡང་དག་རྒྱས་པར་བཤད་དུ་གསོལ། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་


DNG006_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་བཀའ་སྩལ་པ། །ང་ནི་རྨད་བྱུང་རིན་ཆེན་མཛོད། །སྐྱེ་མེད་ཐམས་ཅད་ང་ལས་བྱུང་། །ང་མེད་པ་ཡི་སྔོན་རོལ་ན། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །གཟུགས་ནས་ཐམས་ཅད་མཁྱེན་པའི་བར། །ཐམས་ཅད་ང་ལས་བྱུང་བ་ཡིན། །འཇམ་དཔལ་ཡེ་ཤེས་རྡོ་རྗེའི་སྐུ། །ཉོན་མོངས་དྲུག་པོ་རྣམ་ཐར་སྒོ། །པདྨ་དཀར་པོ་དྲི་མ་མེད། །འདི་དོན་རྟོག་པ་སེམས་ཀྱི་དབང་། །ཡང་དག་གྲུབ་པ་ཐིག་ལེར་གཅིག །འདི་ནི་རྣལ་འབྱོར་བདེ་བའི་མཆོག །གདོད་ནས་དྲི་མེད་བདུད་རྩི་ཆེ། །སྡུག་བསྔལ་ནད་ཀྱི་ཟུག་རྔུ་འཇིལ། །རྨད་བྱུང་རྡོ་རྗེས་ཞེ་སྡང་འཇོམས། །ཡེ་ཤེས་ཕུར་བུས་བདུད་བཞི་བསྒྲལ། །ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་། །ང་ལས་འབྱུང་ཞིང་ང་རུ་ཞི། །ང་ནི་སྲིད་ལས་སྐྱོབ་པའི་སྔགས། །ང་ཉིད་ལས་སུ་རུང་པས་ན། །འཇིག་རྟེན་གསུམ་ཡང་ང་རུ་རྫོགས། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ཐེག་པ་སྣ་ཚོགས་སྟོན་པ་པོ། །བདེན་པ་བཞི་ནི་སྟོན་པ་པོ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །གསུམ་རིག་གཙང་མ་དག་པ་སྟེ། །དེ་ཉིད་རྣམ་པ་བཞི་ཡི་ཚུལ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །རྨད་བྱུང་རྡོ་རྗེ་འདི་རྟོགས་ན། །རྡོ་རྗེ་སེམས་དཔའ་ཉིད་ཀྱང་ནི། །རྡོ་རྗེའི་གདན་ལ་ཡང་སངས་རྒྱ། །ངོ་མཚར་རྨད་བྱུང་ཀུན་གྱི་གཙུག །སྐུ་ལྔ་ཡེ་ཤེས་ཐིག་ལེའི་རྫོང་། །རྨད་བྱུང་ཐུགས་རྗེས་འགྲོ་དོན་རྫོགས། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །གཉིས་སུ་མེད་ལས་བདེ་བ་ཆེ། །དབྱིངས་སུ་ཐིམ་པས་ཀུན་ལ་བྱམས། །འབྲས་བུ་མེད་པས་བདེ་བའི་སྐུ། །ངང་དུ་གྲོལ་བས་བདེ་བའི་ཀློང་། །མི་དམིགས་རྫོགས་ཆེན་འཁོར་


DNG006_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྒྲོལ། །སྐྱེ་འགག་མེད་པས་གདོད་ནས་དག །དོན་ལ་མ་བཙལ་དམ་པ་བདེ། །རྫོགས་པ་རྫོགས་ཕྱིར་རང་བཞིན་གནས། །བདེ་འབྱམས་ལྟ་བུའི་ནམ་མཁའ་ལ། །དོན་དམ་ཉིད་དུ་སྤྲོས་དང་བྲལ། །རང་བཞིན་ལས་ནི་གུད་ན་མེད། །འགྱུར་བ་མེད་པས་བདེ་ཆེན་རྫོགས། །རྨོངས་པའི་མུན་པ་སེལ་བའི་དོན། །སངས་རྒྱས་འབྱུང་བས་བདེ་འབྱམས་ཡིན། །ཐིག་ལེ་བདེ་ཁྱབ་རྫོགས་ཆེན་པོ། །ཐིག་ལེ་རང་བྱུང་དོན་དམ་ཀློང་། །བྱང་ཆུབ་སེམས་ཆེན་བདེ་འབྱམས་འདི། །རིག་པ་སྤྲོས་མེད་རྒྱལ་པོར་རྫོགས། །རིག་པའི་རྒྱལ་པོ་བདེ་ཆེན་པོ། །མཉམ་པའི་ངང་ལ་ཐབས་ཀྱིས་རྫོགས། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། བདེ་འབྱམས་ཡངས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །འབྱུང་བཞི་ལས་རྒྱལ་ནམ་མཁའ་བཞིན། །སངས་རྒྱས་ཀུན་རྒྱལ་སྙིང་པོ་ཐུགས། །ཡོངས་པས་རྒྱལ་བའི་བལྟ་ཆེན་ནི། །རྫོགས་པའི་དོན་དུ་བཞག་པ་ཡིན། །སེམས་ཉིད་ནམ་མཁའ་ཆེན་པོ་ལ། །སྙིང་པོ་འཁོར་བ་ལས་སྒྲོལ་བས། །ནམ་མཁའི་རྒྱལ་པོ་ཡིན་པར་བྱ། །རྫོགས་པའི་རྫོགས་ཆེན་ཨ་ཏི་ནི། །ཐེག་པ་ཀུན་རྫོགས་ནམ་མཁའི་ངང་། །འཁོར་བ་གཅོད་པའི་རྒྱལ་པོ་འདི། །མ་ལུས་ཡེ་སངས་རྒྱས་པར་གསལ། །དོན་ལ་བཙལ་མེད་རྒྱལ་པོ་ཡིན། །སེམས་ལ་དོགས་མེད་ཀུན་གྱི་བླ། །རང་བྱུང་གདོད་ནས་རྣམ་པར་དག །འདི་རྟོགས་མཉམ་པའི་རྒྱལ་པོ་ཐོབ། །དམིགས་དང་བྲལ་བས་བསྒོམ་པ་ཡིན། །ལས་ལས་བྱུང་བའི་སེམས་ཅན་དེ། །དུས་ལ་བབ་པའི་རྣལ་འབྱོར་པས། །ལས་ཉིད་ཐུགས་རྗེར་ཤེས་པར་བྱ། །ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་བསྒྲལ། །མ་བཙལ་དབྱིངས་སུ་ཐིམ་པ་ཡིས། །དོན་དམ་སྤྲོས་བྲལ་ནམ་མཁའ་དེ། །གཞན་ལས་མི་འབྱུང་ཐབས་ཀྱིས་འགྲུབ། །ཐམས་ཅད་དམིགས་མེད་བདེ་བའི་ཀླུང་། །སྲིད་གསུམ་ནོན་པས་དུས་གསུམ་ཆོད། །དབང་པོ་ཡུལ་ལས་འཕྲོས་པ་རྣམས། །ཐམས་


DNG006_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཅིག་གི་ངང་དུ་གསལ། །ཐམས་ཅད་ཡེ་བརྡལ་ཆེན་པོ་ལ། །སྤྲོ་བསྡུ་བྱེད་པས་འཆིང་བའི་རྒྱུ། །བླ་མེད་བྱང་ཆུབ་ཡོངས་ལ་ཁྱབ། །སྲིད་པའི་གདར་ཤ་བཅད་པ་ཡིས། །འཆི་བདག་བདུད་ལས་རྣམ་པར་ཐར། །བདུད་བཞི་བཅོམ་པས་འཁོར་བ་མེད། །དངོས་ཉིད་དག་པ་རང་བྱུང་དེ། །བདེ་བ་གཞན་དུ་མི་འཚོལ་ཞིང་། །རིག་པ་གསལ་ལ་གསལ་འདེབས་ཏེ། །ལོགས་ནས་འབྱུང་བའི་རྒྱུ་མེད་དོ། །གཞི་རྩ་མེད་པའི་ནམ་མཁའ་ནི། །གདགས་དང་བྲལ་བས་སྤྲོས་མེད་ཀློང་། །སྐྱེ་ཤི་མེད་པའི་བྱང་ཆུབ་སེམས། །ནམ་མཁའི་རྒྱལ་པོར་ཡེ་ནས་སྣང་། །རྒྱུ་ལས་མ་བྱུང་འབྲས་བུ་དང་། །ལུང་ལས་མ་བྱུང་མན་ངག་སྟེ། །སེམས་ལས་མ་བྱུང་ཆོས་ཉིད་ནི། །མི་ནུབ་ནམ་མཁའི་རྒྱལ་པོར་སྨྲ། །སྣང་སྲིད་ཀུན་ཁྱབ་མ་ལུས་གནས། །སངས་རྒྱས་ཀུན་རྒྱལ་ཀུན་གྱི་ཡབ། །མི་ནུབ་གཏེར་འཛིན་དུས་གསུམ་ཁྱབ། །ངང་དྭངས་རང་བཞིན་ལྷུན་གྱིས་རྫོགས། །སྲིད་གསུམ་མ་ལུས་ནམ་མཁར་རྫོགས། །སྐྱེ་འགྲོ་སེམས་ཀྱི་སྤྲུལ་པར་རྫོགས། །ཅི་ལྟར་སྣང་བ་བདེ་བ་ཉིད། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། ནམ་མཁའི་རྒྱལ་པོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །བྱང་ཆུབ་སེམས་མཆོག་རྗེ་བཙན་དམ། །ང་ཡི་ཐུགས་ནས་བཏོན་ཏེ་བཤད། །སྐྱོན་གྱི་སྒོར་མེད་གདོད་ནས་དག །མ་བཙལ་བཞག་ན་བསྒོམ་པའི་མཆོག །འགྲོ་ཀུན་གནས་པའི་བྱང་ཆུབ་སེམས། །མི་འགྱུར་རྗེ་བཙན་ཆོས་ཀྱི་སྐུ། །ངང་གནས་མི་ནུབ་རྡོ་རྗེའོ། །སྣང་དང་མི་སྣང་གཉིས་མེད་དེ། །བདེ་ཆེན་ཡོངས་རྫོགས་རྗེ་བཙན་སྐུ། །ཡ་མཚན་མཁའ་ལ་རིག་པའི་ཐུགས། །སྨྲ་བསམ་ཡུལ་ལས་ཤིན་ཏུ་འདས། །དམིགས་མེད་དོན་རྟོགས་ཆོས་ཀྱི་རྗེ། །སྣང་བའི་ཡུལ་ལ་གང་གནས་ཀྱང་། །རྗེ་བཙན་སྐུ་ལས་


DNG006_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས་པ་མེད། །ཡི་གེ་འབྲུ་ལ་རྟོག་པ་རྣམས། །རྗེ་བཙན་དོན་ལས་ཉམས་ཏེ་དམན། །ཕྱི་ནང་གཉིས་ཀ་བདེ་ཆེན་པོ། །རྗེ་བཙན་དམ་པ་བྱང་ཆུབ་སེམས། །འཁོར་བ་མྱང་འདས་གཉིས་མེད་དེ། །ཇི་ལྟར་བལྟས་པས་བྱང་ཆུབ་སེམས། །ཡེ་སངས་རྒྱས་པས་ཆོས་ཀྱི་སྐུ། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། རྗེ་བཙན་དམ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ནམ་མཁའ་འབྱུང་བ་ཀུན་གྱི་རྩེ། །ཀུན་བཟང་ཆོས་རྣམས་ཀུན་གྱི་རྩེ། །སྐྱེ་འགག་མེད་པས་འཁོར་བ་ཀུན་གྱི་རྩེ། །དྲན་རྟོག་མེད་པས་བསྒོམ་པའི་རྩེ། །ཐམས་ཅད་ཡོངས་ལས་རྒྱལ་བ་ནི། །རྩེ་མོ་བྱུང་རྒྱལ་ཞེས་བཤད་དོ། །དེ་ཉིད་བྱང་ཆུབ་སེམས་ཡིན་ཏེ། །འབྲས་བུ་རང་ལ་རྫོགས་པའི་ཕྱིར། །རྩེ་མོ་བྱུང་རྒྱལ་རང་ཉིད་སྨྲ། །མ་སོང་གནས་ཕྱིན་ལམ་གྱི་རྩེ། །འདུ་འབྲལ་མེད་པའི་ངང་ཉིད་ལས། །དུས་གསུམ་མི་འབྲལ་ས་རུ་གནས། །བསྲུང་མཚམས་ཀུན་ལས་རྒྱལ་བས་ན། །དམ་ཚིག་ཀུན་གྱི་རྩེ་མོར་བཤད། །བླང་དོར་མེད་པའི་སྤྱོད་པ་ནི། །རྒྱལ་ཆེན་གང་ཡང་མ་སྤངས་རྩེ། །མི་འགྱུར་ལྷུན་གྲུབ་བལྟ་བ་ནི། །རིག་པ་སྤྲོས་བྲལ་མཉམ་པའི་རྒྱལ། །གང་ཡང་འབྱེད་པ་མེད་པས་ན། །གདགས་པའི་ཐ་སྙད་ཀུན་ལས་འདས། །དོན་ལ་དབྱེར་མེད་བལྟ་བའི་རྩེ། །སྣང་སྲིད་གསལ་བའི་བྱང་ཆུབ་སེམས། །འདུ་འབྲལ་མེད་པས་ཡོངས་སུ་ཁྱབ། །ཀུན་ལ་གསལ་བས་བཀག་པ་མེད། །སྣང་སྲིད་མ་འགགས་ཡེ་ཤེས་རྩེ། །རྒྱུ་འབྲས་གཉིས་མེད་ཕྱེ་བ་ཡིས། །ཚོགས་མཆོག་དམ་པ་ཆེན་པོ་སྟེ། །བསོད་ནམས་དམ་པའི་གཞིར་འགྱུར་རོ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀུན། །མཉམ་པའི་དབྱིངས་སུ་བཀོད་པས་ནི། །འདུ་འབྲལ་མེད་པའི་ངང་ལ་གནས། །མ་ལུས་སངས་རྒྱས་ས་རུ་བརྟགས། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། རྩེ་མོ་བྱུང་རྒྱལ་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །སྣ་ཚོགས་


DNG006_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འདུས་པའི་ངང་། །འབྱུང་བ་བཞི་ཉིད་ནམ་མཁར་འདུས། །ནམ་མཁའ་དཔེ་བསྟན་བྱང་ཆུབ་སེམས། །རིག་པ་རང་ལ་རྫོགས་པས་ན། །ཀུན་འདུས་རྒྱལ་པོ་རང་སྨྲའོ། །ལྟ་བའི་ཀློང་ཆེན་ཨ་ཏི་ལས། །ཐེག་པ་སོ་སོའི་དོན་བརྗོད་ནས། །གྲུབ་པ་གཅིག་ཏུ་ངེས་པར་འདུས། །ཡིད་ལ་མ་ཡེངས་བརྗོད་མེད་བཞག །མ་ལུས་སངས་རྒྱས་སེམས་སུ་འདུས། །རྩ་བ་བྲལ་བའི་སེམས་ཉིད་དེ། །སུས་ཀྱང་མ་བྱས་ཡེ་ནས་གནས། །མི་འགྱུར་ལྷུན་གྱིས་གྲུབ་པ་ཡི། །ཡང་དག་ཆོས་ཉིད་དབྱིངས་ཀྱི་ཀློང་། །རྒྱུ་ལ་རག་མ་ལུས་པའི་སེམས། །བདེ་ཆེན་འདུ་འབྲལ་མེད་པའི་ལམ། །འབྲས་བུ་རང་ལ་རྫོགས་པས་སུ། །སྣང་སྲིད་ཐམས་ཅད་ཡེ་སངས་རྒྱས། །བདག་དང་བྲལ་བས་འཁོར་བ་ཆོད། །དཔལ་ལྡན་སྐུ་གསུམ་རང་བྱུང་བདེ། །སངས་རྒྱས་མ་ལུས་དབྱིངས་སུ་གཅིག །སྐྱེ་མེད་དོན་ལ་ཐབས་ཀྱིས་འདུས། །མ་སྤྲོས་ངང་དུ་གྲོལ་བས་ན། །ཐམས་ཅད་ཐུགས་རྗེའི་ཐབས་ཀྱིས་བཏུལ། །གཅིག་ལས་མེད་པའི་རིན་ཆེན་འདི། །གཟུང་འཛིན་སྤངས་པས་མཉམ་པའི་རྒྱལ། །ཡེ་ཤེས་རོལ་པས་གཅིག་ཏུ་གསལ། །སྙིང་རྗེ་མེད་པར་གསོད་པ་དང་། །བལྟ་བ་མེད་པར་ཟ་བ་ཡིས། །འགྲོ་དྲུག་ཡེ་ནས་སངས་རྒྱས་ཏེ། །ཐམས་ཅད་ལྷག་མ་མེད་པར་བསྒྲལ། །ཅི་ལྟར་སྣང་བ་ཀུན་ཏུ་ཁྱབ། །ཡེ་ནས་གཅིག་གི་ངང་དུ་འདུས། །བྱས་ན་འཆིང་བའི་ལམ་ཡིན་ལ། །མ་བསྒྲུབས་འདུ་འབྲལ་མེད་པར་བསྟན། །ཡེ་ནས་ཡིན་པས་བདེ་ཆེན་དེ། །གནས་ལ་ཆགས་པ་མེད་པས་ན། །འདུས་ལས་མ་བྱས་སྣང་བ་སྟེ། །ཀུན་ལ་ཁྱབ་པས་སྤྲོ་བསྡུ་མེད། །གང་ཡང་མ་འགགས་སོ་སོར་གསལ། །མ་ལུས་འདུས་པའི་རྒྱན་དུ་ཆེ། །རག་མ་ལུས་པའི་རྒྱ་མདུད་དེ། །གཞན་གྱིས་བཅོས་སུ་མེད་པ་ཡིས། །སྤྲུལ་པའི་རྒྱ་མཚོ་ཐམས་ཅད་ཀུན། །གཞི་རྩ་མེད་པའི་ངང་དུ་བཞག །སུས་ཀྱང་མ་བྱས་ཉིད་ལ་འདུས། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། ཀུན་འདུས་རིག་པའི་ལེའུ་སྟེ་བདུན་པའོ།། །།


DNG006_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་བཀའ་སྩལ་པ། །མ་བཅོས་བདེ་བ་ཆེན་པོའི་དོན། །འདི་ལ་སྐྱེ་ཤི་མེད་པས་སྲོག །ཀུན་ནས་མ་བསྒྲིབས་བྱང་ཆུབ་སེམས། །སྣང་སྲིད་འདུ་འབྲལ་མེད་པས་སྲོག །དུས་གསུམ་མ་བསྒྲིབས་བྱང་ཆུབ་སེམས། །འཕོ་འགྱུར་གཉིས་སུ་མེད་པའི་སྲོག །སྲོག་གི་འཁོར་ལོ་སྲིད་གསུམ་བསྐོར། །འབྱུང་ལྔ་ཡུམ་གྱི་བྷ་གའི་ཀློང་། །འདི་རུ་སྣང་སྲིད་རྫོགས་སངས་རྒྱས། །སངས་རྒྱས་ཉིད་ལ་སྐྱེ་ཤི་མེད། །སྐྱེ་འགག་མེད་པས་སྲོག་ཅེས་བྱ། །འགྱུར་བ་མེད་པས་ཨ་ཏི་རུ། །འགྲོ་རྣམས་སྐྱེ་ཤི་མེད་པར་བསྒྲལ། །དེ་ཕྱིར་འཆི་མེད་སྲོག་ཅེས་བྱ། །སྐྱེ་ཤི་མེད་པས་སེམས་ཉིད་སྲོག །སྲིད་གསུམ་འཁོར་ལོ་བསྐོར་བས་ན། །སྲོག་གི་འཁོར་ལོ་ཞེས་སུ་གྲགས། །ཡུལ་ལ་ངེས་པ་མེད་པས་ན། །སེམས་ཀྱི་རེ་དོགས་རྣམ་པར་མེད། །འཛིན་ཆགས་མེད་པས་འཆིང་བ་མེད། །སྐྱེ་མེད་དེ་ལ་སྲོག་ཅེས་བྱ། །དུས་གསུམ་རྡོ་རྗེ་འདུས་མ་བྱས། །སྣང་སྲིད་ཡེ་སངས་རྒྱས་པས་སྲོག །འཕགས་པའི་དོན་ལ་དབྱེ་བ་མེད། །དུས་གསུམ་འགྱུར་བ་མེད་པས་ན། །གར་ཡང་འཕོ་བ་མེད་པས་སྲོག །བསམ་དུ་མེད་པའི་ཆོས་ཉིད་ལ། །བརྗོད་དུ་མེད་པའི་རིག་པ་བཞག །ཆགས་མེད་འདུ་འབྲལ་མེད་པས་སྲོག །སྐྱེ་ཤི་བྲལ་བས་རང་བྱུང་ཀློང་། །མ་ཡེངས་གསལ་བས་སྲོག་གི་དོན། །ཀུན་ལ་ཁྱབ་པས་བྱང་ཆུབ་དོན། །འགྱུར་མེད་ལྷུན་གྱིས་གྲུབ་པས་ན། །སྨྲ་བསམ་ཡུལ་ལས་འདས་པའོ། །གང་ལ་ཆགས་མེད་བྱང་ཆུབ་ལམ། །སྤྲོས་བྲལ་སྲོག་གི་འཁོར་ལོའོ། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། སྲོག་གི་འཁོར་ལོའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །རྒྱུ་རྐྱེན་ཚོགས་པའི་སྡོང་བུ་ལས། །མྱུ་གུ་དོན་གྱིས་འབྱུང་བ་ལྟར། །མ་བཅོས་ངང་ལ་རང་བཞིན་གནས། །གནས་པས་དམིགས་མེད་མྱུ་གུ་འབྱུང་། །སྤྲོས་མེད་བྱང་ཆུབ་སེམས་ཉིད་ལས། །རིན་ཆེན་སངས་རྒྱས་མྱུ་གུ་འབྱུང་། །རྒྱུ་ལ་ལྟོས་


DNG006_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་ཕྱིར། །རྐྱེན་གྱིས་གཞིག་ཏུ་མེད་པའོ། །སྐྱེ་འགག་མེད་པའི་མྱུ་གུ་དེ། །ཡུལ་ལ་དམིགས་པ་མེད་པས་ན། །སེམས་ལ་འཕོ་འགྱུར་ག་ལ་ཡོད། །ཡུལ་སེམས་འདུ་འབྲལ་མེད་པས་ན། །སྦྱོར་བའི་མྱུ་གུ་འབྱུང་བར་ངེས། །དེ་ལ་འགོག་མེད་སྒྲོལ་བར་བརྟག །དུས་གསུམ་འགྱུར་མེད་བྱང་ཆུབ་སེམས། །མ་བཅོས་ལྷུན་གྲུབ་ཡེ་སངས་རྒྱས། །བསྲུང་མེད་དམ་ཚིག་ཆེན་པོ་ལ། །ཡེ་བསྲུངས་གདེང་ཆོད་མྱུ་གུ་འབྱུང་། །བསྒོམ་མེད་དམིགས་པ་ཆེན་པོ་ལ། །མ་ཡེངས་མཉམ་པ་ཆེན་པོར་བཞག །རྟོག་མེད་སྤྲོས་བྲལ་བྱང་ཆུབ་སེམས། །གཟུང་འཛིན་མེད་པའི་ངང་ཉིད་ལས། །བླ་ན་མེད་པའི་མྱུ་གུ་འབྱུང་། །རྒྱུ་ལ་རག་མེད་བྱང་ཆུབ་སེམས། །རྐྱེན་བྲལ་ཡོན་ཏན་མྱུ་གུ་འབྱུང་། །འབྱུང་ལྔ་ཡེ་སངས་རྒྱས་པ་ལ། །སྣང་སྲིད་ལྷ་དལ་མྱུ་གུ་འབྱུང་། །བྱང་ཆུབ་སེམས་ཆེན་རྒྱལ་པོ་འདི། །ཐམས་ཅད་ཡེ་སངས་རྒྱས་པ་ཡིས། །རྒྱུད་དྲུག་གནས་སུ་རྣམ་དག་པས། །བཙལ་བའི་བསམ་པ་བསྐྱོད་པ་མེད། །ལུང་ལ་སྒྲིབ་པ་མེད་པས་ན། །ཟབ་མོ་དོན་གྱི་མྱུ་གུ་འདིས། །སེམས་ལ་དོགས་མེད་ཀུན་གྱི་གཞི། །དུག་གསུམ་རྩད་གཅོད་བྱང་ཆུབ་སེམས། །འཁོར་བ་ཐམས་ཅད་བསྒྲལ་བའོ། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། བྱང་ཆུབ་སེམས་མྱུ་གུའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ཁམས་གསུམ་ལས་འདས་རིན་ཆེན་དག །བགྲོད་མེད་རྣམ་གྲོལ་ལམ་སྟོན་པ། །གཞན་ནས་རྙེད་པར་མི་འགྱུར་ཏེ། །ཐིག་ལེ་ཆེན་པོ་ཀུན་ཁྱབ་གནས། །རང་བྱུང་མ་བཅོས་ཡེ་ནས་གསལ། །རྩོལ་བས་བཙལ་མེད་སྙིང་པོའི་དོན། །རྣམ་སྣང་རྟག་པར་ཀུན་ཏུ་བཟང་། །གཉིས་མེད་བདེ་མཆོག་ལྷུན་གྱིས་གྲུབ། །རྟག་ཆེན་བདེ་ལ་རྟག་སྤྱོད་པ། །བདེ་ཆེན་ལོངས་སྤྱོད་རྫོགས་པ་ནི། །འདི་ཤེས་རྣལ་འབྱོར་སྤྱོད་ཡུལ་ཏེ། །དྲང་སྲོང་ཆེན་པོ་རྣམས་ཀྱི་ནི། །སྤྱོད་ཡུལ་ཡིན་


DNG006_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ངེས་པར་གསུངས། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། ཡིད་བཞིན་ནོར་བུའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །བདེ་བ་ཆེན་པོའི་བྱང་ཆུབ་སེམས། །འགྲོ་བའི་དོན་དུ་ཕྲ་བཀོད་པས། །མ་སྐྱེས་བདེ་བའི་བྱང་ཆུབ་ལ། །ཉོན་མོངས་སྐྱོན་གྱིས་མ་གོས་ཏེ། །ཚོགས་རྣམས་མ་བསགས་སྐྱེ་མེད་ཀློང་། །བདེ་ཆེན་ཕྲ་བཀོད་ལྷུན་གྱིས་རྫོགས། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ། །སེམས་ལ་དམིགས་པའི་ཡུལ་མེད་པས། །ལྟ་བ་ཏིང་འཛིན་གསང་བའི་སྔགས། །ངོ་བོ་ཉིད་ཀྱི་ཕྲ་བཀོད་པས། །དཔལ་ཆེན་ཐུགས་རྗེས་འཁོར་བ་ཟུང་། །གཞལ་ཡས་ཁང་ཆེན་དེ་དག་གིས། །ཡེ་ཤེས་རང་ལ་འོད་གསལ་ཏེ། །སྐྱེ་འགག་གཉིས་མེད་མེ་དང་འདྲ། །དག་པའི་སངས་རྒྱས་ལམ་ཐོབ་པས། །དོན་དུ་སངས་རྒྱས་ཉིད་ལ་གནས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །བདེ་བ་ཉིད་དུ་ཡང་དག་པ། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བྱང་ཆུབ་སེམས་ཆེན་བདེ་བའི་ཀློང་། །ཤིན་ཏུ་ཕྲ་ལ་རབ་སྦྱངས་པས། །བདེ་ཆེན་དོན་ལ་བཀོད་པ་སྟེ། །ཡང་དག་དོན་གྱི་བླ་མ་ཡིས། །བདེ་བ་ཕྲ་བཀོད་ཐིག་ལེའི་ཀློང་། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། བདེ་བ་ཕྲ་བཀོད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ཐེག་པ་ཀུན་ལ་ཁྱབ་པ་ཡིས། །སྤྱི་གཅོད་རྒྱལ་པོ་རྫོགས་པའི་མཆོག །འདི་ལ་བཙལ་དུ་གདོད་ནས་མེད། །གཅན་གཟན་ཡོངས་ཀྱི་ཁྲོ་བོ་ནི། །སྤྱི་གཅོད་སེང་གེ་རྒྱལ་པོ་སྟེ། །རྩལ་གསུམ་རྫོགས་པའི་རྒྱལ་པོ་ལྟར། །རྫོགས་པ་སྤྱི་གཅོད་ཨ་ཏི་ནི། །འཁོར་བ་རྩད་གཅོད་གཟུང་འཛིན་འདས། །ཝ་སྤྲེའུ་སེང་གེར་བཅོས་ཀྱང་ནི། །ཀུན་ནས་མི་མཉམ་སྤྱི་གཅོད་ཆེ། །ཡོ་ག་རྣམ་གསུམ་ཐེག་འོག་རྣམས། །ཅི་ལྟར་དེ་ལྟར་བལྟས་དཔྱད་ཀྱང་། །རྒྱུ་ལས་རྩོལ་བར་མི་ནུས་སོ། །རྫོགས་པ་སྤྱི་གཅོད་ཨ་ཏི་ནི། །ནམ་མཁའི་ཀློང་ལྟར་ཡོངས་


DNG006_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱབ། །རྩོལ་ཞིང་བསྒྲུབ་པའི་ཡུལ་མེད་པས། །བསྒོམ་པར་བྱ་བའི་ཚིག་དང་བྲལ། །རིན་ཆེན་ནོར་ལྟར་དགོས་དགུ་འབྱུང་། །བྱང་ཆུབ་སེམས་བརྡལ་ཡངས་པའི་ཀློང་། །རང་སེམས་མི་ནུབ་རིན་ཆེན་གཏེར། །པོ་ཟིས་འཕངས་སྤྱད་སྤན་ཚེ་ཁ། །འོག་མས་ཇི་བཞིན་དོན་བརྗོད་ཀྱང་། །ཆོས་སྤྱོད་བཅུ་ལ་ཞེན་པའི་ཕྱིར། །འབྲས་བུའི་དོན་ལ་རིང་བར་འགྱུར། །སེང་གེ་གཅིག་པུར་གནས་པ་བཞིན། །རྫོགས་པ་སྤྱི་གཅོད་ཡིན་པར་སྨྲ། །དོན་ལ་མི་གནས་བསྲུང་མཚམས་བྲལ། །ནེ་ཙོས་སྨྲས་ཀྱང་དོན་མེད་ལྟར། །རང་གཞུང་སྨྲ་ཐེག་བརྒྱད་པོ་ཡང་། །སྤྱི་གཅོད་རྫོགས་ཆེན་ངང་ལས་འགལ། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། ཐེག་པ་སྤྱི་གཅོད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །མ་བཅོས་རང་བཞིན་གསལ་བས་ན། །འགྱུར་མེད་ལྷུན་གྱིས་གྲུབ་པའི་ཏིག །ཆོས་ཉིད་བདེ་ཆེན་ཀློང་ཡངས་བརྡལ། །རང་བྱུང་འགྱུར་མེད་སྤྲོས་བྲལ་ཏིག །བྱང་ཆུབ་སེམས་ཆེན་ཀུན་ཏུ་བཟང་། །དུས་གསུམ་གཅིག་ཏུ་གནས་པས་ཏིག །འཁོར་བ་ཡང་བསྒྲལ་ཨ་ཏི་ལ། །སྣང་སྲིད་ཀུན་སངས་རྒྱས་པའི་ཏིག །འཁོར་བ་ཀུན་རྒྱལ་བྱང་སེམས་མཆོག །དུག་གསུམ་གནས་ཚོལ་སྐུ་གསུམ་ཏིག །དུག་ལྔ་མ་བསྒྲིབས་མྱ་ངན་འདས། །ཡེ་ཤེས་ལྔ་རུ་གསལ་བའི་ཏིག །ཐུགས་ལ་བརྟོལ་བ་བསྟན་པ་ཡིས། །བྱང་ཆུབ་སེམས་མཆོག་བདེ་ཆེན་འདི། །མ་གྲོལ་ལུང་ལས་ཅི་བསྟན་ཏིག །ཐེག་ཀུན་གཅིག་གསལ་ཨ་ཏི་ལ། །ཆོས་རྣམས་དབྱེར་མེད་སྐྱེ་མེད་ཏིག །ཉན་ཐོས་མདོ་སྡེ་ཀྲི་ཡཱ་གསུམ། །རྒྱུ་ལས་འབྲས་བུ་ཚོལ་བའི་ཕྱིར། །རྩོལ་བྲལ་ལུང་ལས་གོལ་བར་བསྟན། །ཡོ་ག་རྣམ་གསུམ་རྩོལ་བས་སྦགས། །བྱིས་རྩེད་འདྲ་སྟེ་དོན་ལས་གོལ། །དུས་གསུམ་འགྱུར་མེད་བྱང་ཆུབ་སེམས། །སྒྲིབ་པ་ཀུན་མེད་ཨ་ཏི་ནི། །དུས་གསུམ་རྩད་གཅོད་མཉམ་ཉིད་ཏིག །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་


DNG006_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ལས། སྐྱེ་མེད་སེམས་ཏིག་གི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ཁམས་གསུམ་སྒྲོན་མ་རྐྱེན་དང་བྲལ། །མ་རིག་མུན་སེལ་བློས་མ་རེག །གཞན་ནས་བཙལ་བས་རྙེད་མི་འགྱུར། །ཐིག་ལེ་བརྡལ་བའི་རང་བྱུང་བདེ། །རིག་པ་རང་ཤར་བཅོས་སུ་མེད། །ལྷུན་གྲུབ་བཙལ་དུ་གདོད་ནས་མེད། །སྙིང་པོའི་སྙིང་པོ་གཉིས་མེད་མཆོག །ཡེ་ཤེས་ཐ་སྙད་ཀུན་དང་བྲལ། །ཇི་བཞིན་གསལ་ལ་རྟོག་མེད་དེ། །དོན་དམ་སྤྲོས་མེད་ཡང་དག་དབྱིངས། །བཙལ་དུ་མེད་པས་བསྒོམ་ཚིག་འདས། །ཇི་བཞིན་ཀློང་དུ་གྱུར་པས་ན། །རྣམ་དག་དོན་ལ་མཁས་པ་ཡིན། །གདོད་ནས་མ་སྐྱེས་བརྡལ་བའི་ཀློང་། །དོན་དམ་རྟོག་པས་ཆོས་ཀྱི་སྐུ། །ལོངས་སྤྱོད་བདེ་ཆེན་རྒྱལ་པོའི་སྐུ། །ཡེ་ཤེས་རོལ་པ་སྤྲུལ་པའི་སྤྲུལ། །ཐུགས་རྗེ་བྱང་ཆུབ་སེམས་དཔའི་ལམ། །མ་གཡོས་རྟོག་མེད་ཆོས་ཀྱི་ལམ། །རང་བཞིན་གནས་པས་བདེ་བའི་ཀློང་། །ཁམས་གསུམ་གསལ་བྱེད་སྒྲོན་མའི་མཆོག །བདེ་ཆེན་རང་བྱུང་ཐུགས་རྗེར་གསལ། །རིན་ཆེན་སྒྲོན་མས་ཐུགས་རྗེ་རྫོགས། །རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། ཁམས་གསུམ་སྒྲོན་མའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ཨེ་མ་རྡོ་རྗེ་སེམས་དཔའ་ཆེ། །རྨད་བྱུང་བཅུ་གསུམ་སྐྱེ་མེད་དོན། །འཁོར་བ་རྩད་ནས་གཅོད་པའི་ཆོས། །འདི་མ་ཤེས་པས་ངལ་བའི་ལམ། །འདི་དོན་རྟོགས་ཀྱི་རྣལ་འབྱོར་པ། །གང་ལྟར་སྤྱད་ཀྱང་བདེ་ཆེན་ཀློང་། །རྫོགས་ཆེན་ཨ་ཏིའི་བསྟན་པ་ནི། །མི་ནུབ་ནུབ་པར་མི་འགྱུར་རོ། །དོན་ལ་འགྱུར་བ་མེད་པའི་ཕྱིར། །ཡིད་བཞིན་ནོར་བུའི་རྒྱལ་མཚན་རྩེ། །རྨད་བྱུང་རིན་ཆེན་ཟ་མ་ཏོག །དོན་དམ་སྐྱེ་བ་མེད་པའི་རྒྱུད། །རིགས་ལྔ་བདེ་གཤེགས་བྱང་ཆུབ་སེམས། །རྡོ་རྗེ་སེམས་དཔའ་མཆོག་གི་ལམ། །ཀུན་བཟང་ཐུགས་ཀྱི་བཅུད་ཏིག་པ། །སེམས་དཔའ་རྡོ་རྗེ་ཁྱོད་ལ་གཏད། །བློ་ཡི་པདྨ་ཁ་ཕྱེས་ལ། །
སྙིང་གི་དཀྱིལ་དུ་བསྒོམ་པར་གྱིས། །དེ་ནས་རྡོ་རྗེ་སེམས་དཔའ་དང་། །རིགས་ལྔའི་སངས་རྒྱས་བྱང་ཆུབ་སེམས། །མགོན་པོའི་ཚོགས་དང་བཅས་པ་ཡིས། །མ་སྐྱེས་སྤྲོས་བྲལ་ཀུན་ཏུ་བཟང་། །རིན་ཆེན་སྒྲོན་མས་གཏི་མུག་སེལ། །རྨད་བྱུང་རྒྱལ་བ་ཀུན་གྱི་ཡབ། །རྡོ་རྗེ་འཆང་ཆེན་རིགས་ལྔའི་གཙོ། །ཀུན་རིག་རྒྱལ་པོ་ཐམས་ཅད་མཁྱེན། །མཉམ་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །དེ་བཞིན་ཉིད་ལ་རྟག་ཏུ་འདུད། །ཡེ་ཤེས་རྒྱལ་པོར་མངོན་པར་བསྟོད། །ཆོས་ཐམས་ཅད་རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད།བཅོམ་ལྡན་འདས་ཀུན་རིག་རྒྱལ་པོས་གསུངས་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་རོ།། །།

བྱང་ཆུབ་སེམས་རྩལ་ཆེན་གྱི་རྒྱུད།


DNG006_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་མ་ཧཱ་པ་རཱ་ཀྲ་མ་ཏནྟྲ། བོད་སྐད་དུ། བྱང་ཆུབ་སེམས་རྩལ་ཆེན་གྱི་རྒྱུད། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟག་པ་ཆེན་པོའི་ངོ་བོ་ཉིད་ཀྱིས་བཞུགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་ལོངས་སྤྱོད་པ། ཀུན་གྱི་རང་བཞིན་རྣམ་པར་དག་པ་གཅིག་ཏུ་ལྷུན་གྱིས་གྲུབ་པའི་བདག་ཉིད་གང་ཡང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་དེ་བཞིན་ཏེ། སྐྱིད། སྦྱིན་པ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་གང་ན་བ་ན་རྟག་པར་དེ་བཞིན་ནོ། །དེ་ནས་ལོངས་སྤྱོད་ཆེན་པོ་ལ་རྫོགས་པར་སྤྱོད་པ་ནི།ནོར་བུ་རིན་པོ་ཆེའི་ཞལ་རབ་ཏུ་འོད་གསལ་བ། འཁོར་བ་བཟང་པོའི་མེ་ལོང་བཞིན་འཛིན་ཅིང་སྤྱོད་པ་ཐམས་ཅད་ལ་མངའ་མཛད་པའི་མཆོག་ཏུ་བྱུང་བ་ནི་གཙོ་བོའི་ཁབ་ན། ནོར་བུ་རིན་པོ་ཆེའི་ཚུལ་དུ་འདུག་ནས་ཐམས་ཅད་ཀྱི་བསམ་པ་སྡུད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཆེན་པོ་དང་པདྨ་ཅན་ལ་སོགས་པ་རྣམས་ཀྱིས་བདུག་པ་དང་སྒེག་མོ་ལ་སོགས་པ་རྣམས་ཀྱིས་མཆོད་པས་རྒྱས་པར་མཆོད་ནས། ཤིན་ཏུ་སྙན་པའི་དབྱངས་ཀྱིས་བསྟོད་དོ། །དེ་ནས་གཡས་སུ་ལན་གསུམ་བསྐོར་ནས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྤྱོད་པ་ཐམས་ཅད་ལ་མངའ་བརྙེས་པའི་སྤྱན་སྔའི་མདུན་དུ་པུས་མོ་ས་ལ་བཙུགས་ནས་


DNG006_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་གོ། །འདུག་ནས་ཀྱང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཅང་མི་གསུང་བར་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེན་པོའི་སྤྱན་སྔ་ནས་ལངས་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་དེ་ཁོ་ན་ཉིད་རང་བཞིན་གྱིས་དབེན་པའི་དོན་ཞུ་བའི་ཕྱིར་འདི་སྐད་ཅེས་གསོལ་ཏོ། །བྱར་མེད་རྩལ་སྤྲུགས་བདག་མེད་ལམ་གྱི་འབྲས། །མ་བཅོས་རང་བཞིན་གསང་བའི་རང་བཞིན་ཉིད། །གཉིས་མེད་རྩལ་སྤྲུགས་བལྟ་སྤྱོད་རྣམ་དག་ཉིད། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ལགས་སོ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་། མཆོད་པ་རྣམས་དང་བཅས་པ་ཉིད་ཀྱི་སྐུ་ལ་བསྡིམས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་གཉིས་སུ་མེད་པར་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་འཁོར་རྣམས་སྐུ་ལས་བཏོན་ཏོ། །དེ་ནས་དེ་རྣམས་དབང་བསྐུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་དང་ནང་མེད་ཐམས་ཅད་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་སྤྱོད་ཡུལ་གཉིས་མེད་ལ། །སངས་རྒྱས་སེམས་ཅན་ཡོངས་ཀྱིས་མེད་པ་སྟེ། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །མ་ནོར་དམ་པའི་ལམ་ཆེན་ལྷུན་རྫོགས་པ། །ཙིཏྟའི་དཀྱིལ་དུ་རབ་ཏུ་བསྡིམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཞུས་པའི་དོན་ཐུགས་སུ་ཆུད་ནས་བཀའ་སྩལ་པ། །ཀུན་གྱི་རང་བཞིན་བླ་མེད་ཞི་བའི་ཆོས། །རྒྱལ་བའི་ལམ་མཆོག་རྗེ་བཙུན་དམ་པ་ཉིད། །གཉིས་མེད་བདེ་ཆེན་ཡོངས་ཀྱིས་དག་པ་ལ། །རྒྱལ་སོགས་ལྟ་སྤྱོད་འཛིན་སྒོམ་དེ་བཞིན་གནས། །ཞེས་བཀའ་སྩལ་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡིད་རབ་ཏུ་མགུ་བར་གྱུར་ནས། མཆོག་གསུམ་ལྷུན་གྱིས་རྫོགས་པ་སངས་རྒྱས་ཉིད་དེ་རྒྱལ་པོ་ཆེ། །རྟོག་དཔྱོད་རྣམ་དག་གཉིས་མེད་ཆོས་ཀྱི་དབྱིངས། །བསྟན་པའི་ལམ་ཆེན་དེ་ལ་གཉིས་མེད་གནས། །མཉམ་པར་ཤེས་ཕྱིར་ཕྱག་ཀྱང་རབ་ཏུ་འཚལ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཆེད་དུ་བརྗོད་པར་བྱ་བ་བརྗོད་པ། སྒྲོ་སྐུར་བཅིང་གྲོལ་དག་པའི་ཆོས་དབྱིངས་ལ། །


DNG006_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བློ་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུ། །རྒྱུ་འབྲས་དབྱེར་མེད་སངས་རྒྱས་སེམས་ཅན་ཞིང་། །ཀུན་གྱི་སྤྱོད་ཡུལ་གཞི་རྩ་མེད་པ་ལ། །འཁྲུལ་པས་ནོར་བའི་ལམ་དུ་བརྟགས་པ་ཡང་། །བསྟན་པའི་ལམ་ཆེན་པོ་ལས་གཞན་མེད་པས། །མཉམ་པར་ཤེས་པ་སངས་རྒྱས་ཀུན་གྱི་རྗེ། །ང་དང་བདག་ཏུ་བརྟགས་པས་རབ་ཞི་བའི། །མཆོག་ཏུ་རྨད་བྱུང་ཕྱི་དང་ནང་ཀུན་དབྱིངས། །ཡེ་ནས་རྣམ་པར་དག་པའི་སྤྱོད་ཡུལ་ལ། །སེམས་ཅན་སངས་རྒྱས་གཉིས་མེད་སྐལ་ཅན་དབང་། །བདག་གཞན་བརྟགས་པས་མུ་སྟེགས་འཁྲུལ་པའི་ལམ། །བྱིས་པས་བསླུས་པས་ཆོས་སྤྱོད་ལམ་ལ་བཙུད། །ཕྱིན་པའི་དུས་མེད་རྟོགས་པའི་དུས་མེད་པས། །གཉིས་མེད་ཆོས་ནི་རྙེད་པར་ག་ལ་འགྱུར། །བྱང་ཆུབ་སེམས་རྩལ་ཆེན་སྤྲུགས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་ཡང་ཕྱག་འཚལ་ནས། བཅོམ་ལྡན་འདས་དཔལ་ཆེན་པོ། བདག་མེད་གཉིས་མེད་རྣམ་པར་དག་པའི་ལམ། གང་ལ་བརྟེན་ཏེ་བསྒྲུབ་པར་བྱ། ཡང་དག་པ་ཡི་གཙོ་བོས་བཤད་དུ་གསོལ། ཞེས་བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་དོན་ཐུགས་སུ་ཆུད་ནས་བཀའ་སྩལ་པ། དམ་པའི་དགེ་བཤེས་ལ་བརྟེན་ཏེ་དད་སེམས་བསྐྱེད། རྒྱུ་ལམ་དེ་བགྲོད་རིམ་ཞུགས་འབྲས་རྙེད་ཚེ། །གཉིས་མེད་བདེ་བར་ཕྱིན་ཕྱིར་དེ་བཞིན་ནོ། །མི་གཡོའི་རང་བཞིན་གནས་པའི་ཆོས་ཉིད་དེ། །སྟོང་པ་ཉིད་དེ་སྟོང་པའི་ཡུལ་ལ་གནས། །བརྟགས་ན་མངོན་སུམ་མི་གནས་རྙེད་མཐའ་མེད། །ལམ་ལ་ལྟོས་པའི་གནས་མེད་བསམ་དང་བྲལ། །རང་བཞིན་ཉིད་ལས་ཡིད་མི་འཇོག་པ་ནི། །བདག་མེད་སྨན་ཆེན་གཏོང་བའི་སློབ་དཔོན་དེ། །དགེ་བཤེས་ཀུན་ལས་འབྱུང་བའི་རིན་པོ་ཆེ། །བདག་དང་གཞན་དུ་བྲལ་བའི་སྟོན་མཁན་ཉིད། །གཞན་ནས་མ་བྱུང་རང་རིག་བྱང་ཆུབ་སེམས། །དཔེའམ་ཚད་མས་གཞིག་ཏུ་ཡོད་མ་ཡིན། །ཡེ་ཤེས་འབྱུང་འཇུག་ཟད་པའི་རྨུགས་པ་ཉིད། །དད་པའི་དད་པ་སེམས་བསྐྱེད་ཡིན་པར་ནི། །དྲི་མེད་དེ་བཞིན་གཤེགས་


DNG006_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་གསུངས། །ཉིད་ཀྱིས་བརྗོད་པ་བྱ་བ་བརྗོད་པ་ཡི། །རྒྱུད་དྲུག་འགྲོ་བ་རྣམས་སུ་སྣང་བ་ཡང་། །བདག་རྟོག་པ་ཡི་འཁྲུལ་པ་དག་ལ་སྣང་། །དད་པའི་ལམ་ལས་གུད་ན་ཡོད་མ་ཡིན། །མཚམས་མེད་མི་དགེ་སྡིག་སོགས་སྣ་ཚོགས་པ། །ཁ་ན་མ་ཐོ་འཇིག་རྟེན་འདི་སངས་ཏེ། །གཉིས་མེད་ཡོངས་སུ་གྲུབ་པའི་ཆོས་ཀྱི་རྩིས། །བྱང་ཆུབ་ཚོགས་རྫོགས་ཆོས་ལས་གཞན་མིན་ནོ། །དངོས་མེད་ཆོས་ཀྱི་རང་བཞིན་ཡིན་པས་ན། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་ཀྱང་། །བྱ་བྱེད་ལྷུན་གྲུབ་སྔ་མ་དེ་བཞིན་ལས། །གུད་ན་ཡོད་པ་མ་ཡིན་བདག་ཉིད་ཆེ། །སྙིང་པོ་བྱང་ཆུབ་མཆོག་སྟེ་རྟག་པར་བཞུགས། །བྱང་ཆུབ་སེམས་རྩལ་ཆེན་སྤྲུགས་པའི་རྒྱུད་ལས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱ་བ་ལ་རིམ་གྱིས་རྟོགས་པར་བྱ་བ་དང་། དེ་ཉིད་ཀྱི་དོན་ལ་ཅིག་ཆར་འཇུག་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བརྗོད་པར་བྱ་བ་ཆེད་དུ་བརྗོད་པ། བྱ་བ་དོན་ལ་མི་གནས་གཉེན་པོས་བཅོས་སུ་མེད། །མ་བྱུང་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །གཟུང་བའི་ཡུལ་མེད་སེམས་ཀྱི་གནས་ཀྱང་མེད། །གཉིས་མེད་བདེ་ཆེན་སངས་རྒྱས་ཀུན་སྤྱོད་ལ། །ཐེག་གསུམ་འཁྲུལ་པར་བཏགས་པས་ཅི་ཞིག་བསྙད། །ཡེ་ཤེས་གཞིར་གྱུར་མི་རྟོག་ཏིང་འཛིན་འདས། །རྣམ་པ་ཅིར་མི་རྟོག་པས་བྱང་ཆུབ་སྙིང་པོ་ལ། །བཞུགས་པས་གཉིས་མེད་ཏིང་འཛིན་རྒྱལ་པོ་ཐོབ། །མི་དམིགས་དམིགས་པ་མེད་པས་ཆགས་གནས་མེད། །མངོན་སུམ་ཉིད་དུ་བརྟག་མེད་དེ་བཞིན་ཉིད། །སངས་རྒྱས་སེམས་ཅན་གཉིས་མེད་རྒྱུ་འབྲས་མེད། །ལམ་གྱིས་བཅོས་སུ་འདི་ལ་ག་ལ་ཡོད། །ཐམས་ཅད་མཉམ་གནས་སྙིང་པོའི་རང་བཞིན་ལས། །གཟའ་གཏད་ཡུལ་ལ་དྲང་སྲོང་བསྒོམ་ཡིད་འཇོག །བསྒོམ་ལས་མ་འཁྲུལ་རང་བཞིན་རྩལ་ཆེན་སྤྲུགས། །བྱང་ཆུབ་སེམས་རྩལ་ཆེན་སྤྲུགས་པའི་རྒྱུད་ལས། དོན་ལ་བློ་གཞག་པའི་ཐབས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བརྗོད་པར་བྱ་བའི་དོན་ཉིད་ཀྱིས་བརྗོད་པ། བདག་མེད་མ་བཅོས་ཕྱི་ནང་རྣམ་


DNG006_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག །ཇི་བཞིན་མེ་བསྐྱོད་མི་སྐྱེ་འགགས་པ་མེད། །དམིགས་པའི་ཡུལ་བྲལ་བསྔོ་བའི་དམིགས་པ་དག །སངས་རྒྱས་ཕྱི་ནང་མེད་པས་སངས་རྒྱས་མེད། །སྡོམ་འདུལ་དམ་ཚིག་ཆགས་པའི་ནད་ཡིན་ཏེ། །འདའ་དང་མི་འདའ་དམ་ཚིག་ལས་འདས་མེད། །བསྲུངས་ཀྱང་བདེ་ལ་རྒྱབ་ཕྱོགས་ཉམས་པ་ནི། །ས་བུམ་བམ་རྩག་རྩར་ཡང་བཅེར་བཅུག་ཀྱང་མཐར་འཇིག་ཚུལ། །ཕྱོགས་བཅུར་བརྩེ་བའི་རྒྱ་ཆད་བླང་དོར་མེད། །མི་འགྱུར་ཡངས་པའི་སྙིང་པོས་ཀུན་ལ་ཁྱབ། །ཡེ་ཁྱབ་གནས་པའི་སྨན་ཆེན་མ་བྱས་ན། །མཐོ་རིས་བགྲོད་པའི་དོན་དེས་ཟིན་པ་ནི། །ཐར་པའི་དུས་མེད་མཆིལ་པས་ཉ་ཟིན་འདྲ། །ལྟོས་པའི་ཆོས་བྲལ་བདག་མེད་གཅིག་པུ་པ། །མི་ལེན་མི་སྤང་ཀུན་ཏུ་རང་བཞིན་གནས། །བཙལ་བས་རྙེད་པའི་ཡུལ་མེད་སྟོང་པའི་སྙིང་། །རྩོལ་འདོད་རི་དྭགས་སྨིག་རྒྱུ་བསྙེག་པ་འདྲ། །ལྷུན་རྫོགས་རང་བྱུང་ཆེ་བའི་ཡུལ་ལ་གནས། །མེད་པ་མ་ཡིན་མེད་པའི་སྙིང་པོ་འབྱུང་། །གཉིས་མེད་ཉིད་ཀྱང་ཚིག་གི་མཐའ་དང་བྲལ། །སྤྱོད་པ་ལས་འདས་སྡོམ་རྩོལ་ཀུན་ལས་འཕགས། བྱང་ཆུབ་སེམས་རྩལ་ཆེན་སྤྲུགས་པའི་རྒྱུད་ལས། ལྷུན་གྱིས་གནས་པ་དམ་ཚིག་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། ཏིང་ངེ་འཛིན་གྱི་དོན་བརྗོད་པར་བྱ་བ་ཆེན་དུ་བརྗོད་པ། བསམ་འདས་བསམ་མེད་དོན་ལ་བསམ་པར་བྱ། །མཛུབ་མོས་ཟླ་ཚེས་མཚོན་མཐོང་ཇི་བཞིན་དུ། །མེད་པའི་སྙིང་པོ་ལས་ནི་ཡོད་པ་འབྱུང་། །འདུ་ཤེས་བཅོམ་པ་སྙོམས་པའི་མཚན་ཉིད་དེ། །བྱིས་པ་ཡིད་སྤྱོད་ཕྱག་རྒྱར་འཛིན་པ་ལས། །བསམ་པའི་ཏིང་འཛིན་བཅོམ་པའི་ཏིང་འཛིན་འཕགས། །ཉིད་ཀྱིས་ཉིད་ལ་བརྗོད་པར་བྱས་པ་ནི། །རང་བྱུང་ཆེ་བའི་སྐུ་ཉིད་ཇི་བཞིན་གནས། །ཀུན་ཏུ་ཁྱབ་པས་བསྣན་པའི་ཆོས་མེད་དེ། །ཡེ་ཤེས་ལྷུན་རྫོགས་དབྱིངས་ཉིད་དཔག་ཏུ་མེད། །བརྟགས་ཀྱང་མཐོང་མེད་ཡེ་ནས་རྣམ་པར་དག །གཙང་སྨེ་མེད་པར་བཟའ་དང་སྡིག་སོགས་སྤྱོད། །དུག་གསུམ་དུག་ལྔའི་སྙིང་པོ་འབར་བྱེད་པ། །ལྟོས་མེད་རྩལ་ཆེན་འདི་ཡི་དམ་ཚིག་མཆོག །


DNG006_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་རྩོལ་བ་ལས་ནི་འདས་པ་ཡི། །རང་བཞིན་དེར་མི་བཞག་སྟེ་འདྲེས་པར་བྱ། །མ་འཐུངས་ཆུ་ཡིས་སྐོམ་ལ་མི་ཕན་བཞིན། །ལྕེ་ཡི་ཚིག་དེ་དོན་དུ་མ་ཤེས་ན། །ནད་གང་ཕན་པའི་སྨན་དང་ནད་པ་དག །འགྲོགས་ཀྱང་ཁོང་དུ་མ་བཏང་མི་འཚོ་འདྲའ། །བྱང་ཆུབ་སེམས་རྩལ་ཆེན་སྤྲུགས་པའི་རྒྱུད་ལས། བསམ་གཏན་ཏིང་ངེ་འཛིན་དང་རྫོགས་པའི་རང་བཞིན་དང་། དེ་ཤེས་པར་བྱ་དགོས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་ཐལ་མོ་གདོང་དུ་བཟུང་ནས་ཅང་མི་སྨྲ་བར་པུས་བཙུག་ཏུ་འདུག་པས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཉིད་ལ་ཉིད་བརྗོད་པ། ངོ་བོ་ཉིད་ཀྱི་གཞི་རྟོགས་མ་ནོར་ལམ། །ཅི་ཡང་མི་མནོས་པ་ཡི་ཆོས་སྤྱད་ནས། །བདག་གཞན་མེད་པའི་འབྲས་ཐོབ་སྟེ། །རྟག་ཏུ་བདག་གཞན་མེད་པའི་འབྲས་བུ་ཐོབ། །བདག་གཞན་ཐམས་ཅད་ཅིར་ཡང་མི་མཐོང་ངོ་། །དུ་བས་མེ་མཚོན་བཞིན་དུ་དེ་ཡང་བྲལ། །བདེན་པ་བཞིན་དུ་རྣམ་ཤེས་མི་གཡོ་ཞིང་། །སེམས་རྒྱུན་སྐྱེ་བ་མེད་པའི་ཐེག་ཆེན་པོ། །མི་བདེན་པ་ཉིད་མ་སྐྱེས་པར་ཤེས་ན། །མི་བདེན་རྒྱུན་བཅད་བདེན་པ་ཉིད་ལ་གནས། །སེམས་ལ་སེམས་མེད་པར་ནི་ཤེས་གྱུར་ན། །སེམས་དེ་ལ་ནི་གཅད་དུ་ཅིའང་མེད། །ད་ལྟར་གྱི་ནི་རྣམ་ཤེས་མི་སྐྱེ་ཞིང་། །སེམས་ལ་སེམས་མེད་པར་ནི་ཤེས་འགྱུར་ཏེ། །ཆོས་ལ་ཆོས་མེད་པར་ཡང་ཤེས་པ་ནི། །སངས་རྒྱས་ཐམས་ཅད་དམ་པ་དེ་གསུམ་སྤྱོད། །སྙིང་པོ་འབྱུང་བས་ཆོས་སྐུ་གཞན་ན་མེད། །སྤྱོད་མེད་སྤྱད་ལས་འདས་པས་སྤྱོད་པའི་མཆོག །དེ་ལ་སྙིང་པོ་འབྱུང་སྟེ་ཆོས་ཀྱི་སྐུའོ། །གཞན་དུ་དོན་སྨྲ་མུ་སྟེགས་འཁྲུལ་པའི་ལམ། །སྐོམ་པ་ཆུས་གདུངས་སྨིག་རྒྱུ་བསྙེག་པ་འདྲ། །བྱང་ཆུབ་སེམས་རྩལ་ཆེན་གྱི་རྒྱུད་ལས། སྤྱོད་པའི་རྣམ་གྲངས་སོ་སོར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །མི་གནས་མི་དམིགས་མི་འགྱུར་བྱང་ཆུབ་སེམས། །


DNG006_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་མི་གནས་ཐབས་ཀྱིས་དེ་ལ་རོལ། །སྟོན་པས་བཤད་པ་དོན་གཉེར་རུང་མ་ཡིན། །ཐོས་པར་མི་རིགས་མཉན་པོའི་ཐ་སྙད་བྲལ། །ཆོས་དང་ཆོས་མིན་འདྲེས་པའི་ཐིག་ལེ་འདི། །ལྷག་པའི་དོན་ཡིན་པས་ན་བཤད་དུ་མེད། །ཇི་ལྟར་གྲིབ་མ་བཟུང་བར་འདོད་པས་ཀྱང་། །ལྕགས་ཀྱུས་བཟུང་ངམ་སྣོད་དུ་བྱས་ནས་ཀྱང་། །གཟུགས་བརྙན་གྲིབ་མ་གཟུགས་ལ་དག་པ་བཞིན། །སྐུ་ཡི་ཕྱག་རྒྱ་སྤྲོ་བསྡུ་གསལ་འགྱུར་བ། །ཏིང་འཛིན་བརྟན་པས་ཇི་ལྟར་བཟུང་གྱུར་ཀྱང་། །ཆོས་ཀྱི་དབྱིངས་ལ་ཡེ་ནས་རྣམ་པར་དག །རྟོག་དཔྱོད་བྱིས་པའི་ཆོས་ལས་འཛིན་པ་དེ། །འཁྲུལ་ཏེ་བྱང་ཆུབ་རྟོག་པས་ཐོབ་པ་མེད། །སངས་རྒྱས་སྟོན་པས་ཆོས་རྣམས་བཤད་པ་ནི། །སོ་སོའི་དོན་རྣམས་ཇི་ལྟར་འཛིན་གྱུར་ཀྱང་། །དེ་ཉིད་མི་འཐོབ་དོན་ཆེན་ཉིད་ལ་དག །དེ་ཕྱིར་དོན་འདི་རྙེད་པར་མ་གྱུར་ན། །སྟོན་པས་བཤད་པས་འདི་ཡི་གཏིང་མི་རྙེད། །ཀུན་ཏུ་འོད་ས་མི་ནོན་འཚང་མི་རྒྱ། །སྒྱུ་མ་མཁན་གྱིས་སྒྱུ་མ་སྤྲུལ་བྱས་ཀྱང་། །སྐད་ཅིག་ཙམ་ཡང་ཡོད་མ་མྱོང་བ་ལྟར། །སྟོན་གསུང་ཚིག་ལས་སངས་རྒྱས་མི་འབྱུང་བའི། །སྒྱུ་བཞིན་སྐད་ཅིག་ཙམ་ཡང་འགྲུབ་མི་སྲིད། །བྱང་ཆུབ་དོན་ལ་འཁྲུལ་པ་དེ་དག་ནི། །དོན་མེད་ཚིག་བསྲུང་ཆོས་ལ་ཡེ་རྔམ་ཟ། །བློ་འཆལ་ཚིག་སྒྲོན་བློ་ལ་འོད་འབར་བས། །བདེ་བ་ཆེན་པོའི་དོན་འདི་ག་ལ་སྤོག །ཡེ་ཤེས་སྙིང་པོ་མཐོང་བྱའི་སྟེགས་ཙམ་དུའོ། །བྱང་ཆུབ་སེམས་རྩལ་ཆེན་གྱི་རྒྱུད་ལས། རང་བཞིན་ངོ་བོ་དེ་ཁོ་ན་ཉིད་མ་མཐོང་ན་སངས་རྒྱས་པར་བྱ་བའི་ཐབས་མེད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཉིད་ཀྱིས་ཉིད་ལ་ཆེད་དུ་བརྗོད་པ། །ཨེ་མ་ཧོ་ཆེན་པོ་ལྔ་རོད་དག་པའི་ཆོས། །བདག་གཞན་མི་འབྱེད་རྒྱུ་འབྲས་ཡོངས་ཀྱིས་རྫོགས། །ཚིག་གི་དོན་གསེར་ནོར་བུ་རིན་པོ་ཆེ། །གཞན་ནས་བཙལ་བས་མི་རྙེད་རང་ལ་གནས། །ཡངས་སོ་ཆེའོ་ཆོས་རྣམས་རྐྱེན་གྱི་རྩེ། །བཟང་ངོ་ཞེས་སེམས་ཉིད་རྣམ་པར་དག །ཐེག་པའི་འབྲས་བུ་ཉིད་དེ་རྩ་བའང་ཡིན། །སྣང་མེད་ཆོས་ཀྱིས་མ་ཟིན་གང་ཡང་མེད། །བླང་དོར་བཟང་ངན་མི་འབྱེད་བཟང་པོའི་མཆོག །དམྱལ་རྒྱུའི་སྐྱོན་
གྱིས་མི་གོས་པདྨའི་སྐུ། །སྡིག་སྤྱད་བྱང་ཆུབ་ཆེན་པོའི་ལྷུན་ལ་དག །ཚོགས་ཆེན་གཉིས་རོལ་བསོད་ནམས་རྒྱས་པའི་སྐུར། །འདི་མ་མཐོང་བར་སངས་རྒྱས་འདོད་པ་ནི། །དམིགས་བུ་མེད་པར་ལོང་བས་དོན་བགྲོད་ཀྱང་། །གནས་སུ་མི་སོན་གྲོགས་ག་འཆི་བཞིན་ནོ། །བྱང་ཆུབ་སེམས་རྩལ་ཆེན་གྱི་རྒྱུད་ལས། ཉིད་ཀྱི་བཤད་པའི་རྒྱུད་ཀྱི་དངོས་པོ་ལ་རྔམས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་ཀུན་ཏུ་བཟང་པོ་ཉིད་ཅང་མི་གསུང་བར་བཞུགས་པ་ལ། རྡོ་རྗེ་འཛིན་པས་བསྟོད་པ། བཅོམ་ལྡན་འདས་ཀྱི་སྙིང་པོ་དཔེ་མེད་སྐུ། །རྣམ་གྲོལ་ཟག་པ་མེད་པ་ཟླ་གསལ་འདྲ། །མགོན་པོ་མཆོག་ཉིད་དཔའ་བོ་དོན་སྟོན་པའི། །དཔེ་མེད་དོན་འཛིན་ཁྱོད་ལ་ཕྱག་ཀྱང་འཚལ། །ལམ་མེད་ལམ་དང་བྲལ་བའི་སྙིང་པོའི་མཆོག །ཡེ་ནས་དག་པའི་ཆོས་ལ་ཕྱག་ཀྱང་འཚལ། །འདི་དོན་གུས་པས་སངས་རྒྱས་སྲས་རྣམས་ལའང་། །དོན་འཛིན་དཔའ་བོ་བཞིན་ཏེ་ཕྱག་ཀྱང་འཚལ། །ཆོས་ལམ་དེ་བཞིན་གསལ་བའང་བཞིན་ཕྱག་འཚལ། །འཆད་དང་འདྲི་དང་ཁ་ཏོན་དོན་བསྒོམ་ཞིང་། །འདུས་ཤིང་འཛིན་པ་ལ་འང་བཞིན་ཕྱག་འཚལ། །དེ་ནས་དཔའ་བོས་རྒྱུད་གཏད་པའི་དོན། །བདག་དང་དབྱེར་མེད་རྒྱལ་བ་ཀུན་གྱི་ཐུགས། །དེ་བཞིན་མཆོག་གིས་ས་ལ་བཞུགས་པ་ལ། །སྙིང་པོ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་པའི། །གསང་བའི་ཐིགས་པ་འདི་ནི་བཤད་བྱའི་ཕྱིར། །དེ་བཞིན་མཆོག་གི་སྣོད་ཆེན་གཟེར་པར་མཛོད། །བྱང་ཆུབ་སེམས་རྩལ་ཆེན་གྱི་རྒྱུད་ལས། རྒྱུད་ཀྱི་བདག་པོ་ལ་བསྟོད་པ་དང་། རྒྱུད་ལ་བསྟོད་པ་དང་། གཏད་པའི་ལེའུ་སྟེ་དགུ་པའོ།། །།བྱང་ཆུབ་སེམས་ཐིགས་པ་ལྟར་སྤྱོད་པ་དམ་ཚིག་དང་ཏིང་ངེ་འཛིན་རྩལ་སྤྲུགས་པའི་རྒྱུད་རྫོགས་སོ།། །།ཤྲཱི་སིངྷ་དང་བཻ་རོའི་འགྱུར་རོ།། །།

རྒྱས་པ་ཆེན་པོ་བྱང་ཆུབ་སེམས་ཁྱུང་ཆེན་གྱི་རྒྱུད།


DNG006_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་གནས་ཡུལ་མེད་ཀྱི་ལེའུ་ཉེར་གཉིས་པ་ཁྱུང་ཆེན་གྱི་རྒྱུད་ཡིན། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་ཤིན་ཏུ་གུས་པས་ཕྱག་འཚལ་ནས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྣམ་པར་གྲོལ་བའི་ལམ་ལ་བཞུགས་སོ། །བདེ་བར་གཤེགས་པ་ལེགས་སོ་ཞེས་བསྟོད་དེ། ཅང་


DNG006_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྨྲ་བར་འཁོར་རྣམས་འདུས་ཏེ་འདུག་གོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཉིད་ཆེ་བའི་ལྷུན་ལ་བཞུགས་ཏེ་བརྗོད་པ། དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ། །མི་གནས་ཐིག་ལེ་ཇི་བཞིན་ཉིད་ཀྱི་ངང་། །རང་བྱུང་ཡེ་ཤེས་ཀུན་ཏུ་ཇི་བཞིན་གནས། །ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད། །སྤྱོད་བཞིའི་དོན་ཚོལ་ཁྱད་པར་དོན་མེད་པས། །གཟུགས་མེད་ཆོས་ཀུན་བསྒོམ་དུ་ག་ལ་ཡོད། །སེམས་ནི་གཞི་སྟེ་ཆོས་རྣམས་སྣ་ཚོགས་ལམ། །མཆོག་ཏུ་སྟོང་པ་དེ་བཞིན་ཆོས་ལ་གནས། །གནས་དང་མི་གནས་རང་བཞིན་ཉིད་ཀྱི་ལམ། །ཇི་བཞིན་ཉིད་དུ་བསྒོམས་པས་རྙེད་མི་འགྱུར། །ཆགས་པས་གྲོལ་བ་འདི་ལ་འདོད་པ་མིན། །དབང་པོ་རྣོ་བརྟུལ་ཆོས་ལམ་འཛིན་པས་ཀྱང་། །རྙེད་པའི་ཡུལ་མེད་སྙིང་པོ་མི་འབྱུང་ཞིང་། །དཔག་ཅིང་གཞལ་བས་འདི་ལ་དཔོགས་པ་མིན། །ནམ་མཁའི་མཐའ་བཞིན་གང་ཡང་ཐོག་པ་མེད། །སྟོང་པའི་སྟོང་པ་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་འགྱུར་བར་མི་བྱེད་པར། །རང་བཞིན་གནས་པས་རེ་བ་ཐམས་ཅད་སྐོང་། །བརྟག་མེད་བཞག་ན་ལེགས་པའི་འབྱུང་བ་ཆེ། །དྲན་དང་ཞི་བ་འབྱེད་མེད་སྙིང་རྗེས་བསྟན། །བླ་མེད་བྱང་ཆུབ་སྙིང་པོར་འགྲོ་བའི་ལམ། །དེ་ལྟའི་ཡུལ་མེད་སངས་རྒྱས་མཐོང་བ་མེད། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སངས་རྒྱས་སྟོན་པས་མིང་དུ་བཏགས་པས་ནོར། །སངས་རྒྱས་གཞན་ནས་ཐོབ་བྱེད་ནོར་བའི་ལམ། །རང་རིག་བྱང་ཆུབ་སེམས་ཉིད་སངས་རྒྱས་སྐུ། །གཞན་གྱིས་ནོར་མིན་ཡེ་ནས་གནས་པ་ཡིན། །བདེ་བ་འདོད་པས་བདེ་ལ་རྒྱབ་ཀྱིས་ཕྱོགས། །མ་གཡོག་ནང་དུ་བཙལ་བའི་གནས་མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །ཁྱུང་ཆེན་ནམ་མཁར་ལྡིང་སྟེ་འགྲོ་བ་བཞིན། །རང་བཞིན་སྤྲོ་བ་མེད་ཅིང་བསྡུ་བ་མེད། །རྒྱ་མཚོ་ཆེན་པོ་བཞིན་དུ་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་མ་ལུས་འབྱུང་བར་བྱེད། །ཀུན་ཏུ་བཟང་པོའི་སྤྱོད་ཡུལ་དག་པ་ལ། །སྐྱེ་ཞིང་འཕོ་བའི་གནས་མེད་དེ་བཞིན་ཉིད། །བཤད་པ་བཞིན་དུ་བརྟགས་པའི་


DNG006_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་ལས། །རྙེད་པར་མི་འགྱུར་ནང་གི་སེམས་ལས་བཙལ། །འཁྲུལ་པ་རྣམས་ཀྱི་སྒོ་ཙམ་ཉིད་དུ་ནི། །ཚིག་དང་ཡི་གེར་སྟོན་པས་བཤད་པ་ཡིན། །རང་རིག་བྱང་ཆུབ་སྙིང་པོ་ཆོས་ཀྱི་དབྱིངས། །ཆོས་དབྱིངས་གཞན་ནས་མི་རྙེད་དེ་བཞིན་ཉིད། །མཁས་པ་རྣམས་ཀྱིས་དེ་བཞིན་ཤེས་པར་གྱིས། །བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། སེམས་ལས་མ་གཏོགས་པའི་ཆོས་གུད་ན་བསྟན་དུ་མེད་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཉིད་ལ་ཉིད་བརྗོད་པ། མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ། །བསྔོ་བའི་ཆ་ཤས་ཕྲ་མོ་ཡུལ་ལས་བྱུང་བ་སྟེ། །རྟོག་བསྒོམ་ཆོས་ཀྱི་ཁྱད་པར་དོན་མེད་པས། །རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད། །ལྷག་པའི་དོན་མེད་འདི་ཡི་རང་བཞིན་ལས། །སྙིང་པོའི་རང་བཞིན་འབྱུང་བས་ཆོས་སྐུ་གནས། །མངོན་སུམ་ཀུན་ཏུ་མི་རྟོག་ཡངས་པའི་སྙིང་པོ་ལ། །རྟག་ཏུ་འདུག་པར་འདོད་པའི་དྲང་སྲོང་ཉིད། །རྣམ་དག་ལམ་དེར་ཞུགས་པས་མཉམ་པའི་རྒྱལ་པོ་འཐོབ། །གང་ལ་ཐོས་པར་མི་རིགས་བསྙད་པ་ཀུན་དང་བྲལ། །ཆོས་དང་ཆོས་མིན་འདྲེས་ཤིང་དབྱེར་མེད་ལ། །དོན་དམ་ཆོས་ཞེས་ལྷག་པའི་གནས་ཞེས་བཤད་པའང་མེད། །འཁྲུལ་དང་བྱང་ཆུབ་ལམ་དེ་རྟོག་པས་འཐོབ་པའང་མེད། །བྱང་ཆུབ་ལམ་ཆེན་ཚིག་གི་མཐའ་ལས་འདས། །འདི་དང་སངས་རྒྱས་འདྲ་སྟེ་ཐམས་ཅད་མཁྱེན། །མི་ཕྱེད་རྟོག་པར་ཞུགས་ཕྱིར་བསམ་པ་ཀུན་དང་བྲལ། །དེ་ཉིད་དེ་བཞིན་ཉིད་ལ་རྟག་ཏུ་བཞུགས་པ་ཡིན། །ལམ་མེད་ལམ་དུ་འཇུག་པ་འཁྲུལ་པའི་ནད་ཆེ་བས། །བཙལ་བར་འདོད་པས་རི་དྭགས་སྨིག་རྒྱུ་བསྙེག་པ་འདྲ། །རྙེད་པའི་ཡུལ་མེད་བཙལ་བས་མི་འབྱུང་ཞིང་། །གང་ལའང་མ་ཆགས་ཡེ་ཤེས་དབྱིངས་འདས་ཕྱིར། །ས་བཅུར་ལྟོས་པའི་གནས་ཀྱང་བྱང་ཆུབ་སྒྲིབ་པ་ཡིན། །དེ་ཕྱིར་བྱང་ཆུབ་ཉིད་ལ་རྟག་ཏུ་གཞོལ་བར་བྱ། །མི་གཏང་བྱང་ཆུབ་ཉིད་ཀྱི་དྲན་པ་ཤིན་ཏུ་བསྐྱེད། །མི་གཡོ་རང་བཞིན་གནས་པས་སྨན་ཆེན་མ་


DNG006_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན། །མཐོ་རིས་བགྲོད་པའི་རྒྱུ་དེས་ཉོན་མོངས་ཟིན་པར་འགྱུར། །ལམ་མེད་ལམ་དུ་འཇུག་པས་ལམ་འདི་མི་རྙེད་དེ། །ཆུས་གདུངས་གླང་ཆེན་སྨིག་རྒྱུ་བསྙེག་པའང་། །བསྐལ་པར་བགྲོད་ཀྱང་རྙེད་པར་རབ་ཏུ་དཀའ། །བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། ཡང་དག་པའི་དོན་འདིས་མ་ཟིན་ན་སངས་རྒྱ་བར་བྱ་བའི་ཐབས་མེད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ལ་ཉིད་ཀྱིས་བརྗོད་པ། དཀྱིལ་འཁོར་སྙིང་པོ་འདི་ནི་སྐུ་རྣམས་བཞི། །ཕྱག་རྒྱའི་དཀྱིལ་འཁོར་སྐུ་ལ་ཡེ་ནས་རོལ། །ཐམས་ཅད་མ་ལུས་རྫོགས་པའི་ཀློང་ཆེན་འདི། །བལྟ་བའི་ཡུལ་མེད་བྱ་བྲལ་མྱ་ངན་འདས། །ནམ་མཁའ་ལ་ནི་ས་ཆུ་མེ་རླུང་རྫོགས། །ཡེ་ཤེས་སྙིང་པོ་འདི་ལ་ཆོས་རྣམས་མ་ལུས་རྫོགས། །སྐུ་དང་ཡེ་ཤེས་ཡོན་ཏན་ཤར་བ་རྣམས། །ཉིད་ལས་བྱུང་བའི་གཟུགས་བརྙན་ཡིན་པས་དེ། །བློ་ལ་གང་སྣང་སྙིང་པོའི་གོལ་སར་གསུངས། །བླ་མེད་མཆོག་ལ་རང་རིག་དེ་བཞིན་པ། །མི་བསམ་མི་གཡེངས་མི་དམིགས་དེ་བཞིན་ཉིད། །དམ་པར་མི་གསུང་དེ་བཞིན་དེ་བཞིན་བཞག །བརྗོད་བསམ་རྟོག་པ་ཡིན་པས་བསམ་མི་བྱ། །གྲུབ་མཐའ་མི་དཔྱོད་དེ་བཞིན་དེ་བཞིན་ཉིད། །མཐའ་མེད་ཡང་དག་མཐའ་སྟེ་མཐའ་ལས་འདས། །ཡུལ་དུ་མི་བལྟ་དེ་བཞིན་དེ་བཞིན་གཞག །གཞག་པའི་སེམས་ཀྱང་མི་གཏང་བཏང་སྙོམས་གཞག །ཕྱག་རྒྱ་སྟོང་གཞིལ་བསྒོམ་པ་གོལ་བ་ཡིན། །མི་གནས་གནས་པའི་ཡུལ་མེད་ཕྱག་རྒྱའི་མཆོག །ཡུལ་མེད་ཇི་བཞིན་ངང་ལ་བརྩོན་པར་བཞག །བླུན་པོའི་ཚུལ་དུ་ཅི་ཡང་བསམ་པ་མེད། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་སྙིང་པོ་ཉིད། །ཐམས་ཅད་མ་ལུས་སྦྱོར་བའི་ཐིག་ལེ་ཆེ། །རྒྱལ་པོའི་ཚུལ་དུ་ཆེ་བའི་ངང་ལ་གནས། །གཞན་གྱི་འཁོར་ལྡན་ཀུན་རྫོབ་འདུ་འབྲལ་མེད། །རྒྱ་མཚོའི་ཚུལ་དུ་སྡུད་འབྱུང་གཏིང་དཔག་མེད། །མྱ་ངན་འདས་འཁར་ལྷུན་རྫོགས་ངང་གིས་འབྱུང་། །དཔེ་མེད་དཔག་ཏུ་མེད་དེ་ཤིན་ཏུ་ཟབ། །རྡོ་རྗེའི་ཚུལ་དུ་མི་འཇིག་འདུ་འབྲལ་མེད། །ཡེ་ཤེས་དཀྱིལ་འཁོར་ཀུན་དང་དེ་བཞིན་གནས། །བསྐལ་པའི་མེ་


DNG006_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཚུལ་དུ་གཅིག་ཏུ་གནས། །སྣང་སྲིད་ཡེ་རྒྱས་བཏབ་ནས་གཅིག་པུར་བཞུགས། །ལྷུན་རྫོགས་ཐབས་མཁས་འཁོར་བའི་ལྟོ་བ་ཅན། །ཁྱུང་དང་སེང་གེའི་བུ་དང་རྒྱལ་པོའི་བུ། །མངལ་ནས་གཉེན་པོའི་ཚུལ་དུ་གཞན་ཟིལ་གནོན། །གཉེན་པོ་མ་བསྒྲུབས་ཡེ་ནས་གཉེན་པོ་ལྟར། །མི་གནས་གནས་མེད་དམིགས་པ་མེད་པའི་ལམ། །རྒྱུ་འབྲས་མི་འབྱེད་མཉམ་པའི་སྙིང་པོ་འདི། །འཁོར་བ་མྱ་ངན་འདས་པའི་གཉེན་པོ་ཡིན། །གཉེན་པོ་མ་བསྒྲུབས་ཡེ་ནས་གཉེན་པོར་གནས། །འཕུར་སྐྱེན་བྱ་ནི་སྒོང་བཅག་མཁའ་ལ་འཕྱོ། །ལུང་ལ་མི་ལྟོས་ཡི་གེས་མཚོན་མེད་པའི། །ཉེ་ལམ་བདེ་རྫོགས་བྱ་བྲལ་ལྷུན་རྫོགས་ནི། །འཇུག་སྒོ་ལམ་ལ་མི་ལྟོས་ཡེ་རྒྱས་ཡིན། །ཁྱུང་ཆེན་གཤོག་རྒྱས་མཁའ་ལ་མི་ཆགས་ལྟར། །ཐེག་པ་ཀུན་རྒྱལ་བླ་མེད་ཡངས་པའི་ས། །ཡེ་གནས་ས་ལ་མི་ཆགས་བདེ་ལ་ལྷུན་གྱིས་རྫོགས། །ཁྱུང་ཕྲུག་སྒོ་ངའི་ནང་ནས་ལུས་རྒྱས་ལྟར། །སྐྱེ་མེད་དེ་བཞིན་ཉིད་ཀྱི་རང་བཞིན་འདི། །དེ་བཞིན་ཐིག་ལེའི་ཀློང་ནས་དེ་བཞིན་རྒྱས། །བྱ་བྱེད་མེད་པའི་ཆོས་འདི་མི་མཐོང་ན། །ཀུན་ཏུ་འོད་ས་བསྐལ་པར་མཐོང་མི་སྲིད། །བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། བསྒོམ་པའི་ཐབས་དེ་བཞིན་ཉིད་དང་མཚན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཉིད་ལ་བརྗོད་པ། ཁྱུང་ཆེན་ནམ་མཁར་མི་གནས་ས་ལ་མི་གནས་ལྟར། །ཀུན་འདུས་ཀུན་ཀློང་ཀུན་གྱི་ཡིད་བཞིན་ནོར། །མི་དམིགས་མི་སྐྱེ་མི་འགག་སྣང་བ་མེད། །སངས་རྒྱས་འཚོལ་བར་མི་བྱེད་དེ་བཞིན་ཉིད། །ཐམས་ཅད་ལྷུན་གྱིས་གྲུབ་པས་བྱ་བྱེད་བྲལ། །ས་བཅུ་མཐར་ཕྱིན་པ་ཉིད་དེ་འཛིན་དེ་རྟོགས་པས། །དེ་ལའང་མི་གནས་གནས་པའི་གནས་དང་བྲལ། །ལམ་མེད་ལམ་དུ་འདོད་པས་འགྲོ་ས་འཁྲུལ། །འབྲས་བུ་ཐོབ་རེ་འཇིགས་པས་དོན་མི་མཐོང་། །ཡང་དག་མཐའ་ལ་བསྙེག་པས་ལུང་དང་བྲལ། །དེ་བཞིན་དབྱིངས་སུ་འདོད་པས་བདེ་མི་རྙེད། །འདོད་ཡོན་ཉོན་མོངས་སྤངས་པས་བྱང་མི་ཆུབ། །འཁོར་བ་རྒྱབ་


DNG006_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མྱ་ངན་ཡོངས་མི་འདའ། །ས་དང་ཕ་རོལ་ཕྱིན་ལམ་ཟད་མཐའ་མེད། །སྣང་སྲིད་ཕྱག་རྒྱར་བསྒོམས་པས་སངས་མི་རྒྱ། །བྱང་ཆུབ་སེམས་ལུང་ཡང་དག་དམ་པའི་ལུང་། །ལུང་གི་རྒྱལ་པོས་གཏན་ལ་མ་ཕབ་ན། །ཚིག་འཆལ་མུ་ཅོར་སྨྲ་བས་དོན་མི་རྙེད། །གང་ལའང་མི་གནས་མི་གནས་ཉིད་ཀྱང་འདས། །སྨིག་རྒྱུའི་ཆུ་རུ་བསྙེག་པས་ཆུ་མི་རྙེད། །བདེན་པ་གཉིས་འཛིན་ཡི་གེས་དོན་མི་རྙེད། །འཕུར་སྐྱེན་བྱའམ་རྒྱལ་པོའི་ཕྲུ་གུ་ལྟར། །གཞན་གྱིས་མི་བསྙད་ཡེ་ནས་དེ་བཞིན་པས། །ཚད་མས་མི་གཞིག་ལུང་གི་ཚད་མ་ཡིན། །འཁྲུལ་པའི་ཚད་གསུམ་རྟོག་པའི་ཚིག་ལམ་ཕབ། །བྱིས་པས་བསླུས་པའི་ཆོས་ལ་དེ་ཡོད་པས། །བླ་མེད་ལམ་འདིར་དོན་འདི་མི་དགོས་ཚད་མེད་ལུང་། །ཤེས་རབ་ཆུང་བས་འདི་ལ་དཔོག་ཅིང་ལམ་བགྲོད་བྱེད། །འདི་འདོད་པ་ལ་འདི་མི་གནས་ཏེ་རྟོག་པའི་ཀླུང་། །ཡང་དག་མི་སྲིད་བྱང་ཆུབ་གཏིང་ནས་མེད། །ཀུན་ཁྱབ་ཡེ་སངས་རྒྱས་ཏེ་སྒོ་ཕུག་མེད། །ཚིག་གིས་ཕེབས་པར་མི་འགྱུར་འབྲས་ཐོབ་མེད། །ཁྱུང་ཆེན་ལུས་རྒྱས་འདབ་གཤོག་རྫོགས་པ་དེ། །གཞན་ནས་མ་བཙལ་ཡེ་ནས་རྫོགས་པ་ལྟར། །རྡོ་རྗེ་སྐྱེ་འཇིག་མེད་པར་རྟོགས་པ་དེ་ཁོ་ན། །འཇུག་ལྟ་སྲུང་འཛིན་ཕྱིན་རྫོགས་ས་རྫོགས་ཤིང་། །ཕྱག་རྒྱའི་དཀྱིལ་འཁོར་སྐུ་རྣམས་རྫོགས་པ་དང་། །རང་བཞིན་ཉིད་ཀྱིས་ཡེ་ནས་རྫོགས་པ་ལས། །བཙལ་ནས་བསྡུས་ཏེ་རྫོགས་པ་མ་ཡིན་པས། །ལྷུན་རྫོགས་ཐ་སྙད་མེད་པའི་བྱང་ཆུབ་སྟེ། །གཟུགས་སྐུ་ཇི་ལྟར་སྣང་ཡང་རང་བཞིན་རྫོགས། །ཀུན་རྫོབ་སྙིང་པོ་འདི་ནི་ནོར་བུའི་ཚུལ། །འདི་མ་མཐོང་བ་རྒྱ་མཚོ་གངྒཱ་ཡི། །འགྲམ་ན་འདུག་པ་སྐོམ་དྲིར་འཆི་བཞིན་ནོ། །རྣམ་པར་མི་རྟོག་ཡེ་ཤེས་སྙིང་པོ་འདི། །ཐེག་པ་ཡོངས་ཀྱི་ཆོས་ལ་མ་སྦས་ཤིང་། །སངས་རྒྱས་གསུང་གི་རྒྱུད་ལ་སྦས་པ་མེད། །བགྲོད་རྩོལ་ལམ་ལ་སྦྱངས་པས་རྙེད་མི་འགྱུར། །མི་ལེན་མི་སྤང་བྱང་ཆུབ་སྤྱོད་རྣམས་ལ། །རྣམ་པ་ཀུན་ཏུ་རང་བཞིན་ཇི་བཞིན་གནས། །མི་རྟོག་ཡེ་ཤེས་དབྱིངས་ལས་འདས་པས་ན། །ཀུན་མཉམ་དབྱེར་མེད་རང་བཞིན་སྙིང་པོ་ལ། །སྐུ་


DNG006_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་ཏིང་འཛིན་བརྟག་མི་བྱ། །དམིགས་པའི་གཟའ་གཏད་ཞི་བའི་བྱང་ཆུབ་ལ། །ཡེ་ཤེས་རོལ་པས་ཆོས་ཉིད་བསྒོམ་མི་བྱ། །ཏིང་འཛིན་རོ་ལ་ཆགས་མེད་ཐིག་ལེར་དག །གར་སྟབས་རོལ་མོ་སྣ་ཚོགས་བསྒྱུར་བ་ཡང་། །ལུས་ལས་མ་གོས་གཞན་གྱི་ཡིད་སྡུད་ལྟར། །ཐབས་ཀྱི་རྒྱལ་པོ་ལུང་གི་སྙིང་པོ་འདི། །ངོ་བོ་ཉིད་ལས་མ་གཡོས་ཀུན་གྱི་འབྲས། །བསྒྲུབས་པས་གྲུབ་པའི་འབྲས་བུ་ཀུན་ཡིད་ཚིམ། །བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། ངོ་བོ་བསྟན་པ་དང་།ཚད་མས་གཞིག་ཏུ་མི་རུང་བ་བསྟན་པ་དང་། ལྷུན་གྱིས་རྫོགས་པར་བསྟན་པ་དང་། རྟག་ཏུ་མེད་པར་བསྟན་པ་དང་། ཀུན་གྱི་འབྲས་བུ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཉིད་དང་དབྱེར་མེད་པའི་འཁོར་རྨད་དུ་བྱུང་བ་ལ་ཉིད་ཀྱིས་བརྗོད་པ། །སྒྲིབ་པ་སྣོད་དང་ཆོས་སྤང་ལས་ཀྱི་སྒྲིབ་ཕྲ་རགས། །རྟེན་ཅིང་འདྲེལ་བར་འབྱུང་བས་འདི་ཡི་གཏིང་མི་རྙེད། །མཚན་ཉིད་གསུམ་ལྡན་ཆོས་ཀྱི་ཚོགས་ཀྱང་དག་པར་འགྱུར། །བདག་མེད་རྣམ་པ་གཉིས་ཀྱི་ཚིག་གཉིས་ཡེ་ནས་ཞི། །སྙིང་རྗེའི་རྒྱུན་ཆད་སེམས་ཅན་མ་མཐོང་སེམས་ཅན་མེད། །ཐམས་ཅད་མཉམ་པ་ཉིད་ཡིན་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ། །གཉིས་མེད་དེ་བཞིན་ཉིད་དུ་གཅིག་པའི་ཆོས་ཉིད་ཡིན། །རྡོས་པ་ཅན་གྱི་ཆོས་ཉིད་གཉེན་པོས་བཅོས་སུ་མེད། །ཏིང་འཛིན་བརྟན་པས་གཟུང་བའི་བསྒོམ་ཡུལ་བྲལ། །ཤེས་རབ་གསུམ་གྱིས་སྦྱང་དུ་འདི་ལ་ག་ལ་ཡོད། །ཐམས་ཅད་མཉམ་པའི་དཀྱིལ་འཁོར་ཀུན་གྱི་རང་བཞིན་ལ། །རང་བྱུང་ཡེ་ཤེས་དེ་ལ་འཕྱོ་བ་ཡིན་པ་ནི། །སོ་སོ་མ་ཡིན་གཅིག་གི་ངང་སྟེ་རྒྱུ་འབྲས་རྣམ་པར་དག །ཐུགས་རྗེ་བཞིན་དུ་བྱིན་གྱིས་རླབས་ཆེན་ཉིད་གྱུར་པས། །ཐམས་ཅད་བྱང་ཆུབ་ཆེན་པོ་མཆོག་ཏུ་མ་གྱུར་མེད། །སྡོམ་རྩོལ་འདུལ་དང་དམ་ཚིག་བསམ་ཡས་པ། །མི་ཤེས་བྱིས་པས་བསླད་པས་འཁྲུལ་པ་ཡིན་པའི་ཕྱིར། །ཅི་ཡང་མི་དགོས་བསྲུང་ང་མི་དགོས་བསྒོམ་མི་དགོས། །འདི་ལ་སྤྱོད་པ་མི་དགོས་འདི་ལས་གཞན་མི་དགོས། །སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས་ཉིད་དེ། །ཐམས་ཅད་ནད་གསོ་མཛད་པ་སྨན་པའི་རྒྱལ་པོ་ཡིན། །མཐོ་རིས་བགྲོད་པའི་རྒྱུད་དེས་བྱང་ཆུབ་ལམ་མི་རྙེད། །དུག་གསུམ་དུག་ལྔ་ཡེ་ནས་དག་


DNG006_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྨན་ཆེན་པོ། །ཇི་བཞིན་རང་བཞིན་གནས་པའི་སྨན་ཆེན་མ་བྱས་ན། །འཁྲུལ་རྟོག་ལམ་ལ་གནས་པའི་ཐེག་དམན་རྣམས། །དུག་གསུམ་དུག་ལྔའི་ནད་ཀྱིས་འཚོ་བའི་གླགས་ཡོངས་མེད། །ཡེ་ནས་ས་རྫོགས་ལམ་གྱི་འགྲོ་ས་གདོད་ནས་དག །གདོད་ནས་ཐོབ་ཟིན་ཐོབ་པར་བྱ་བ་ཅི་ཡང་མེད། །ཚིག་གིས་མི་ཕེབས་དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་མིན། །བསྟན་ཅིང་བརྟག་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད། །མི་དམིགས་མི་གནས་བསམ་པ་ཀུན་དང་བྲལ་བ་ནི། །འདི་ལས་བསྟན་པའི་ལམ་མེད་གཅིག་དང་དུ་མ་མེད། །བདག་དང་གཞན་དུ་བྲལ་བའི་སྟོན་མཁན་རིན་ཆེན་མཛོད། །གཅིག་ཏུ་ལྷུན་གྱིས་གྲུབ་པའི་དབང་ཕྱུག་རྡོ་རྗེ་ཉིད། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་བདག་ཉིད་འདི། །རླབས་ཆེན་ཁམས་གསུམ་འགུལ་བ་ཀུན་བསད་ཀྱང་། །རང་བྱུང་མཁའ་ཀློང་དག་པའི་དབྱིངས་སུ་རྣམ་པར་དག །སྲོག་མེད་སྲོག་བཅད་དབྱིངས་ཀྱི་ནམ་མཁར་གཅིག་པས་ན། །ནམ་མཁའི་དབྱིངས་ལ་དབྱིངས་ཉིད་རོལ་པ་མཛད། །ཁམས་གསུམ་ཀུན་བསད་མི་བསྐྱོད་ཞིང་དུ་དག་པ་ཡི། །སྲོག་དང་སྡིག་ཏུ་མཐོང་བའི་ཆོས་ལམ་གང་སྤྱོད་པའི། །ཆོས་ལམ་དེ་ཡི་བྱང་ཆུབ་བསྐལ་པའི་མཐར་ཡང་ནི། །རྙེད་པར་མི་འགྱུར་བྱ་རྗེས་ཚོལ་བ་འདྲ་བ་ཡིན། །བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། ཅིའང་ཐོབ་པར་བྱར་མེད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ལ་སྤྱན་གཟིགས་ཏེ་ཅང་མི་སྨྲ་བར་བཞུགས་པས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཉིད་ལ་བརྗོད་པ། །སྐུ་ཡི་དཀྱིལ་འཁོར་དཀྱིལ་འཁོར་མཆོག་ཏུ་འགྱུར། །དེ་བཞིན་ཉིད་དུ་འདུས་བསམ་ངོ་བོ་ཉིད། །མཆོད་བསྟོད་སྤྱན་དྲངས་ཕྱག་རྒྱ་བཟླས་པ་དང་། །ཕྱག་རྒྱའི་སྐུར་ནི་འདི་ལ་བསྒོམ་མི་དགོས། །སྒྱུ་མའི་གཟུགས་བརྙན་འདི་ལས་འབྱུང་བས་ན། །ལོ་མ་མི་བསྙད་ཤེས་པས་འབྲས་ཐོབ་མིན། །སྒྱུ་འདྲའི་ཕྱག་རྒྱ་ལུགས་མའི་ཕྱག་རྒྱ་ལ། །འབྲས་བུ་རྣམ་པར་གྲོལ་བའི་ལམ་མི་གནས། །དེ་ཡིས་རྣམ་གྲོལ་དག་པའི་ལམ་ཆེན་རྙེད་འགྱུར་ན། །མཐོང་ཐོས་


DNG006_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཕྱག་རྒྱའི་ངོ་བོར་གནས། །ཆགས་ཡོད་ཕྱིར་ན་གནས་པ་ཡོད་མ་ཡིན། །ལྷུན་གྲུབ་སངས་རྒྱས་ཀུན་ཀྱང་རྒྱས་བཏབ་པས། །ཐམས་ཅད་མ་ལུས་ཀུན་ཏུ་བཟང་པོའི་ངང་། །ཡེ་ཤེས་སྙིང་པོ་ཕྱག་རྒྱ་ཐམས་ཅད་ཟུང་། །བླང་དོར་མེད་པའི་སྐྱེས་མཆོག་བླ་མེད་ས། །འདི་འདྲའི་དོན་ཉིད་བྱིས་པས་མི་ཤེས་ཕྱིར། །ཅི་ཡང་མི་དམིགས་གཏི་མུག་ངང་ཉིད་འདི། །འཁྲུལ་པའི་ཆོས་ལམ་དག་པ་ཡོངས་མི་གནས། །ཟངས་ལ་གསེར་རྩིས་གསེར་དུ་འགྱུར་རུང་གིས། །ཟངས་རྩི་གསེར་དུ་བསྒྱུར་དུ་ཡོད་མ་ཡིན། །འདི་ཡི་རྩི་ཡིས་གཞན་གྱི་འབྲས་རུང་གིས། །གཞན་གྱི་དོན་གྱིས་འདི་ཡི་དོན་མི་རུང་། །འདི་ནི་གང་དང་བསྒྲུན་དུ་ཡོད་པ་མ་ཡིན་པས། །བྱང་ཆུབ་བདེ་ཆེན་རྒྱལ་བའི་ཡུམ་ཞེས་བྱ། །རིན་ཆེན་སྒྲོམ་བུ་ཐེབ་རྒྱས་བཏབ་པ་བཞིན། །རང་བཞིན་གནས་པས་འདི་ནི་བསྟན་པར་དཀའ། །སྲིད་གསུམ་དབང་བསྒྱུར་དེ་བཞིན་ཉིད་དུ་གནས། །འདུ་མཆེད་ལྷག་པར་གནས་པའི་དབང་ཡང་རྫོགས། །དཀའ་ཐུབ་མི་དགོས་སྙིང་པོ་དེ་མ་ཐག་པ་ཉིད། །སྡུག་བསྔལ་དེས་ནི་བུཌྜྷའི་ལམ་མི་རྙེད། །སྡོམ་སྲུང་ལ་སོགས་རྩ་བ་བྱང་ཆུབ་རིང་། །གང་ཡང་མ་ཡིན་རང་རིག་དེ་ཁོ་ཡིན། །དཀའ་ཐུབ་སྤྱོད་པ་ཡིས་ནི་དོན་འཚོལ་བ། །གླང་པོ་ཞོན་ནས་གླང་རྗེས་གཅོད་དང་འདྲའོ། །ནང་ནས་མི་བཙལ་ནང་གི་རང་བཞིན་ཉིད། །ཕྱི་ནས་མི་བཙལ་ཕྱི་ཡི་རང་བཞིན་ཉིད། །གཉི་གར་མི་གནས་གནས་མེད་གནས་ལ་གནས། །གནས་མཆོག་རྒྱལ་བའི་དཀྱིལ་འཁོར་དེ་ཉིད་ནི། །བྱང་ཆུབ་སྙིང་པོའི་ངོ་བོར་ཐམས་ཅད་གཅིག །གང་དུའང་མ་སོང་གང་ཡང་མི་འགྲོ་ཞིང་། །ཡུལ་ན་མི་གནས་ཕྱོགས་ན་གནས་མིན་ཏེ། །འདི་འདྲར་བསྟན་དུ་མེད་པའི་རང་རིག་དེ། །བྱང་ཆུབ་སྙིང་པོ་ཉིད་ན་དེ་བཞིན་ཉིད། །གང་དུའང་མ་སོང་རང་ལ་རབ་ཏུ་གནས། །བྱ་བྲལ་ནམ་མཁའ་ཇི་བཞིན་ལྷུན་གནས་པས། །ཁ་དོག་དབྱིབས་ཀྱིས་མཚོན་དུ་ག་ལ་ཡོད། །ཡི་གེ་རྒྱུད་མེད་བསྒོམ་དུ་མེད་པ་ཡིན། །བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་བཙལ་ཐབས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཉིད་ལ་ཉིད་ཀྱིས་བརྗོད་པ། བཞི་བཅུ་རྩ་གཉིས་འོད་འབར་དངོས་འབྱུང་བས། །ཐམས་ཅད་ཀུན་གཡོས་སྟོང་


DNG006_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་སོགས་གྲགས། །འབྱུང་བ་ལྔ་སོགས་ཐམས་ཅད་ཀུན་ཏུ་གཡོས། །གསུམ་ཤར་གསུམ་གྱིས་སྣ་ཚོགས་མ་ལུས་སྡུད། །དཀྱིལ་འཁོར་འོད་འབར་གསུམ་དུ་བསམ་ཡས་ཏེ། །ཡི་གེའི་འཁོར་ལོ་དཀྱིལ་འཁོར་ཕྱག་རྒྱར་བསྟན། །སྣ་ཚོགས་འདོད་ཡོན་མཆོག་ཏུ་རྨད་གྲགས་པ། །བྱེད་པ་གཙོ་བོར་དམིགས་པ་དེ་ལ་འདུད། །མེད་ལ་ཡོད་པར་བརྟགས་པའི་རྟོགས་པའི་རྒྱུན། །བསྐལ་པར་བྱང་ཆུབ་ཐོབ་དཀའ་འཁྲུལ་པའི་ལམ། །བྱིས་པའི་ལམ་བཞིན་འབྲས་བུར་འགྱུར་བར་དཀའ། །མཚན་མའི་ཡུལ་ལ་ཆགས་པས་ཡང་དག་དོན། །རྙེད་པའི་ཡུལ་མེད་ཆགས་ཕྱིར་ཆགས་ལ་གནས། །སྣང་མེད་བྱང་ཆུབ་སེམས་ཀྱི་ཐིག་ལེ་འདི། །ཅིས་ཀྱང་བཤིག་ཏུ་མེད་པ་རྡོ་རྗེའི་སྐུ། །འཁོར་ལོ་རབ་བསྐོར་ཐིག་ལེ་གཅིག་ཏུ་བཟླུམས། །གང་ཡང་མི་འབྱེད་མཉམ་པ་ཆེན་པོའི་ངང་། །མཉམ་ཉིད་སྙིང་པོ་རྟོག་པ་ལས་འདས་པས། །སྐུ་གསུང་ཐུགས་ཀྱི་སྙིང་པོ་རྟོག་མི་བྱེད། །རང་བཞིན་འོད་གསལ་ཡི་གེའི་རྣམ་པར་ཞི། །དབྱིངས་ལ་དབྱིངས་ཀྱི་འོད་ནི་རྣམ་གསལ་བས། །ཡི་གེ་མིང་ཚིག་འདས་པའི་ཡི་གེ་མཆོག །སྟོང་གསུམ་རྒྱ་ཆད་སྟོང་ཉིད་རྣམ་པར་དག །གང་ལའང་མི་གནས་སུས་ཀྱང་དངོས་གྲུབ་ཉིད། །གཞན་ནས་ཐོབ་མེད་སྙིང་པོ་དེ་བཞིན་ཉིད། །དེ་ལྟ་དེ་ལྟར་གནས་པ་གྲོལ་བའི་ལམ། །ཡེ་སངས་རྒྱས་པས་སངས་རྒྱས་བསྒྲུབ་མི་དགོས། །གདོད་ནས་བྱས་ཟིན་རྩོལ་བའི་ལས་མི་དགོས། །ལྷུན་རྫོགས་བདེ་བ་ཉིད་ལ་ཡེ་བཞུགས་པས། །འབྲས་བུའི་ས་ཐོབ་མི་ལྟོས་རང་བཞིན་ལ། །མཉམ་ཉིད་སྙིང་པོ་ངང་གི་ཇི་བཞིན་ལ། །བསྐྱེད་པའི་ཕྱག་རྒྱ་མི་དགོས་བསྐྱེད་མི་དགོས། །མི་གསུང་མཉམ་གཞག་གསང་སྔགས་བཟླས་པའི་གསུང་། །མ་ཆགས་པ་ལ་ཤིན་ཏུ་ཆགས་པ་དང་། །ཆགས་པ་ཉིད་ན་དེ་ལ་ཆགས་མེད་པ། །དེ་ནི་ཆགས་པའི་རྒྱལ་པོ་ཆེན་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན་པར་གྲགས། །ཅི་ལའང་མི་གནས་བསམ་པ་ལས་འདས་པ། །ཏིང་འཛིན་བདེ་བའི་རོ་ལ་ཆགས་པ་མེད། །གཞི་རྩ་མེད་པའི་བྱང་ཆུབ་སེམས་ཉིད་འདི། །ཆོས་རྣམས་མ་ལུས་ཀུན་གྱི་རྩ་བ་ཡིན། །


DNG006_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་དབྱིབས་མེད་མཚན་མ་རིགས་རྒྱུད་མེད། །ཡོད་མེད་མཐའ་འདས་དབུ་མ་ཡོད་མ་ཡིན། །ཕོ་མོ་མ་ཡིན་མ་ནིང་ཉིད་ཀྱང་མིན། །གང་ཡང་མ་ཡིན་གང་གི་མཐར་མི་གནས། །མཐར་ཡང་མི་གནས་ཡང་དག་མཐའ་ལས་འདས། །ཁྱུང་ཆེན་མཁའ་ལྡིང་བྱ་ལམ་རྗེས་མེད་འདྲ། །ཁྱུང་ཆེན་གཤོག་རྒྱས་མཁའ་ལ་མི་ཆགས་ཚུལ། །བསོད་ནམས་རྫོགས་པའི་ཐིག་ལེར་རྒྱུ་འབྲས་མེད། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འོད་གསལ་བས། །རིགས་ཀྱི་ཕྱག་རྒྱ་གསལ་བ་བསྒོམ་མི་དགོས། །མཆོག་གསུམ་ཆོས་སྐུའི་དཀྱིལ་འཁོར་བདག་ཡིན་པས། །སངས་རྒྱས་སྲས་ཚོགས་བཅས་ལ་ཕྱག་མི་འཚལ། །ཡེ་ཤེས་འབར་བའི་ཧོམ་ཁུང་བདག་གི་ཁར། །ཁམས་གསུམ་སྲིད་གསུམ་མ་ལུས་ཀུན་བསྲེགས་པས། །ཕྲིན་ལས་རྣམ་བཞི་བསྲེག་པའི་ལས་མི་དགོས། །སྐྱེ་མེད་ཐིག་ལེས་འཁོར་བ་ཀུན་བསད་དེ། །ཡེ་ཤེས་སྙིང་པོས་འཁོར་བ་ཀུན་སྦྱངས་ནས། །རྒྱུ་འབྲས་མེད་པའི་ངང་དུ་རོ་གཅིག་པས། །གཉིས་མེད་སྦྱོར་བ་འདི་ལ་བྱ་མི་དགོས། །ཕྱོགས་བཅུར་རྒྱ་ཆད་སྟོང་གསུམ་ཡེ་ནས་མེད། །སྲིད་གསུམ་མ་ལུས་ཡེ་ནས་དག་པའི་ཞིང་། །ཇི་བཞིན་བཙན་པའི་ཡེ་རྒྱས་ཀུན་ལ་བཏབ། །ཀུན་བཟང་བརྡལ་བའི་ཞལ་བཟང་ཡངས་པ་ཡིན། །ཁམས་གསུམ་སྣོད་བཅུད་མ་ལུས་དུས་གཅིག་གསོལ། །འཁོར་བའི་མིང་མེད་དཔེ་མེད་ཆེན་པོས་བསྒྲལ། །སངས་རྒྱས་སེམས་ཅན་བྱང་ཆུབ་ཆེན་པོར་འཁྱིལ། །ཐམས་ཅད་ཀུན་བསྒྲལ་གྲོལ་བའི་ལམ་གནས་པས། །གནས་སྦྱང་སྦྱོར་སྒྲོལ་ཕྲིན་ལས་བྱ་མི་དགོས། །བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། མ་ཧཱ་ཡོ་གའི་རྩོལ་བསྒྲུབ་ལ་ཚི་ཆད་དེ་བྱ་མི་དགོས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ། ཨེ་མ་ཧོ་དེ་བཞིན་གཤེགས་པའི་གཙོ། །ཐེ་ཚོམ་ཐམས་ཅད་


DNG006_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་མཛད་ཆེ་བའི་མཆོག །ཆོས་ཀྱི་ཆོས་ཉིད་དེ་བཞིན་ཉིད། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཉིད་དང་དབྱེར་མེད་པའི་དཔའ་བོ་རྡོ་རྗེ་འཛིན་པ་ལ་བཀའ་སྩལ་པ། གང་ཡང་ཤེས་པར་མ་གྱུར་ཅིང་། །ཅིའང་ཤེས་པ་མེད་པ་ནི། །རྣམ་པའི་དེ་བཞིན་མ་ཡིན་དེ་མ་ཡིན། །གཞན་ནས་ཡོད་འོང་མ་ཡིན་དེ་བཞིན་ཉིད། །ཡེ་ཤེས་མི་གནས་པའང་དེ་ཉིད་ཡུལ་ཡང་མེད། །རྟག་མཐའ་མི་རྟག་མཐའ་གཉིས་འཇིག་པའི་ལམ། །མཐའ་མེད་མཐའ་ལ་དཔྱོད་པས་དབུས་མི་མཐོང་། །བསམ་གཏན་བསམ་གཏན་གཉིས་ལ་འཇུག་པའང་། །འབྱུང་འཇུག་ལས་སྒོ་གཞན་ཟད་ཅིག་ཆར་འཇུག །དབང་པོ་བརྟུལ་པོ་མ་རབས་རིམ་གྱིས་འཇུག །དམ་པ་ཅིག་ཆར་དེ་བཞིན་ཉིད་གནས་པས། །རིམ་གྱིས་གནས་པ་སྒྲིབ་པ་ཆེན་པོར་གསུངས། །དུག་གི་རིགས་ཤེས་པས་ནི་དུག་མཐོང་ན། །ཟ་བར་མི་བྱེད་དེ་ཡིས་སྐྲག་པར་བྱེད། །ཁོང་དུ་མི་གཏོང་ལྷན་ཅིག་གནས་མི་བྱེད། །ལྟ་ངན་ལ་སྤྱོད་ཞིབ་པའི་ཐེག་དམན་རྟགས། །ས་བཅུ་ཕ་རོལ་ཕྱིན་བཅུའི་ལམ་སྤྱོད་པ། །རྒྱུ་འབྲས་ལྷུན་གྲུབ་མཉམ་ཉིད་མཆོག་གི་ལམ། །ཡེ་གྲོལ་མཉམ་གནས་སྒྲོ་སྐུར་ཞི་བ་ཡི། །ཡེ་ནས་བྱར་མེད་འདི་ཡི་དོན་མཐོང་ན། །འཇུག་པར་མི་ནུས་འདི་ཡིས་སྐྲག་འགྱུར་ནས། །ཆུད་པར་མི་བྱེད་ལྷན་ཅིག་འགྲོགས་མི་བྱེད། །འདི་ལ་ལྟ་བ་བཟང་སྟེ་ཡེ་ཁྱབ་ཀུན་ལ་གདལ། །སྤྱོད་པ་ཟབ་སྟེ་ཆུས་གདུངས་གླང་འཐུང་བཞིན། །ཅི་ལའང་མི་སྤྱོད་དེ་བཞིན་བདེ་བར་གནས། །ཕྱི་དང་ནང་མེད་ཡེ་ཤེས་ཡངས་པའི་མཁའ། །དུས་གསུམ་དུས་མེད་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་དག་པ་ཡིན། །ལྟ་བས་བལྟར་མེད་ལྟ་བའི་ཚིག་ལས་འདས། །ཡིད་ཀྱིས་འཇོག་མེད་སྒོམ་


DNG006_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་ཀློང་། །གདོད་ནས་དག་པའི་བདུད་རྩི་དེ་ལྟར་གནས། །རྣམ་རྟོག་འཁོར་བ་བཅད་པ་དེ་ཡི་ལས། །རྒྱུ་འབྲས་རོ་གཅིག་མཉམ་གནས་མཆོག་ཏུ་གནས། །གང་ནའང་མི་གནས་བྱང་ཆུབ་སེམས་ལ་གནས། །རྒྱུ་དང་རྐྱེན་ལས་མ་བྱུང་སྐྱེ་ཤི་མེད། །རང་བཞིན་འོད་གསལ་བདུད་རྩི་ཆེན་པོ་འདི། །སུ་ཡིས་རྟོགས་པས་དངོས་གྲུབ་ཆེན་པོར་གསུངས། །མཆོག་གི་དངོས་ལ་མཆོག་གྱུར་གང་གནས་པ། །རྒྱལ་མཆོག་ལྷུན་གྱིས་གྲུབ་པའི་དངོས་གྲུབ་པས། །ལྷ་ཀླུ་མཐུ་ཆེན་རྣམས་ཀྱིས་འཕྲོག་ཏུ་མེད། །འཇིག་རྟེན་འདས་ནས་འཇིག་རྟེན་འདི་ཉིད་ཀྱི། །དགོས་པ་ཐམས་ཅད་འདི་ལས་འབྱུང་བར་འགྱུར། །འཇིག་རྟེན་དངོས་གྲུབ་ལ་སོགས་ཅི་རུ་རུང་། །དངོས་གྲུབ་གཞན་ལ་བདུད་རྩི་མེད་པར་གྲགས། །སྟོན་པ་ཐབས་ལ་མཁས་པས་བཤད་པས་ཀྱང་། །དངོས་གྲུབ་འདི་ནི་སྟེར་བར་སྟོན་མི་དཔྱོད། །སངས་རྒྱས་ཉིད་ལའང་འདི་ནི་མངའ་བ་མེད། །དེ་ཕྱིར་སངས་རྒྱས་ཀྱིས་ཀྱང་འདི་ནི་སྟེར་མི་སྤྱོད། །བསམ་གཏན་བརྗོད་མེད་མཆོག་གི་བདུད་རྩི་འདི། །ཕལ་གྱིས་མི་ཐོབ་རིས་སུ་ཆད་མེད་དེ། །རྣམ་པ་ཅན་ལ་ཤིན་ཏུ་གསང་བར་འགྱུར། །བལྟ་ཡང་མི་དགོས་ལྟ་བ་མཆོག་ཏུ་གྲགས། །ཅི་སྤྱོད་མི་རྟོག་སྐྱེ་བ་འདི་ཡི་དོན། །ཉམ་ང་སྐྱོན་གྱིས་མི་སྒྲིབ་འདི་ཡི་ལམ། །གཙང་སྨེའི་བློ་རྟོག་བོར་ནས་དོན་ལ་བསྙེགས། །མ་སྲིང་ཀུན་སྦྱར་མཚམས་མེད་ཀུན་སྤྱོད་ཅིང་། །ཆ་ཤེས་ཕྲ་བའང་མ་རིག་ཉན་ཐོས་ནི། །ཤིན་ཏུ་གསང་བ་འདི་ནི་དམ་ཚིག་མཆོག །ཆུ་སྲིན་རྫས་འཛིན་ཚུལ་དུ་མི་གཏོང་ན། །ཁྱད་པར་གྱུར་པའི་བདུད་རྩི་མཆོག་ཉིད་གྲུབ། །བྱས་ཟིན་བདེ་བ་ལྷུན་གྱིས་གྲུབ་པ་ཡི། །ཉེ་ལམ་བདེ་རྫོགས་ལྷུན་གྲུབ་པ་ཡིས། །བློ་འཆལ་འདི་ལྟར་དོན་ལ་མི་སྤྱོད་པ། །མཆིང་བུ་བྱི་དོར་བྱས་ཀྱང་རིན་ཆེན་མིན། །སོལ་བ་སྒེག་པར་བྱས་ཀྱང་ཙནྡན་མིན། །སེང་གེའི་སྐད་ཀྱིས་གཞན་ཟིལ་གནོན་པ་དང་། །ནམ་མཁའི་ཁམས་ནས་ཐམས་ཅད་འབྱུང་བ་བཞིན། །མ་མནན་མ་བྱུང་ངང་གིས་རང་བཞིན་འབྱུང་། །བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས།


DNG006_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོ་ལ་འཇུག་པའི་ཐབས་དང་། ཞུགས་པ་ལ་སྐྱོན་མེད་པ་དང་། བདུད་རྩི་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཉིད་ལ་བརྗོད་པ། སྐྱེ་བོ་མོས་པའི་ཉོན་མོངས་དེ་ཉིད་ནི། །སེམས་ཀྱི་ཚུལ་ཁྲིམས་ཡིན་པར་ང་སྨྲ་ཞིང་། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད་ཀྱང་དེ་ཉིད་ཡིན། །གཞན་ན་མེད་དེ་དེ་ཉིད་དེ་ལྟའི་ངང་། །སེམས་ཅན་སངས་རྒྱས་གཉིས་ཀྱི་ངོ་བོ་ཉིད། །གཅིག་མིན་ཐ་དད་མིན་ཏེ་བརྟག་པར་དཀའ། །ཉོན་མོངས་ལྔ་ཉིད་བྱང་ཆུབ་ཆེན་པོའི་ལམ། །གཞན་གྱིས་མ་བསླད་དེ་ཉིད་དེ་ལྟར་ཡིན། །ཤེས་རབ་ཐབས་མེད་ཤེས་རབ་ཐབས་བསམ་ཡས། །ཅིའང་མ་ཡིན་ཐམས་ཅད་ཀུན་གྱི་སྐུ། །ངོ་མཚར་རྨད་བྱུང་ཨེ་མ་ཧོ་ཁྱད་པར་ཅན། །ཉིད་ལ་ཉིད་ཀྱིས་ཡང་དག་དོན་བཤད་པ། །སེམས་ཅན་དོན་དུ་མ་གསུངས་སངས་རྒྱས་ཅིར་བསྟན་ཏོ། །ཨེ་མ་ཧོ་སངས་རྒྱས་དམ་པ་ཉིད་ལ་རོལ་པས་ཀྱང་། །ངོ་མཚར་རྨད་ཀྱི་ཆོས་འདི་གཏད་མི་བྱ། །རྟག་པ་ཆེན་པོ་རྟོགས་པར་རོལ་པ་ཆེ། །འདི་ལ་གནས་པའི་སྐལ་ལྡན་ལེགས་པ་ཆེ། །འདི་ལ་སྤྱོད་པའི་སྐལ་ལྡན་སྤྱོད་པ་བཟང་། །འདི་ལ་བལྟ་བའི་སྐལ་ལྡན་བལྟ་བ་བཟང་། །འདི་ལ་གནས་པའི་སྐལ་ལྡན་འདུག་ས་བཟང་། །ལམ་འདིར་འགྲོ་བ་རྣམས་ཀྱི་ས་རྣམས་རྫོགས། །ཕ་རོལ་ཕྱིན་བཅུ་ས་རྣམས་ཡེ་ནས་དག །འདུག་སར་འདུག་པས་སངས་རྒྱས་ས་ལ་གནས། །གང་དུའང་མ་ཕྱིན་དེ་བཞིན་ཉིད་ཀྱི་ངང་། །ཉེ་ལམ་འདི་ལས་བདེ་བའི་ཉེ་བ་མེད། །གང་ཡང་མ་བསྒྲུབས་འབྲས་བུའི་ངོ་བོ་ཉིད། །རེ་མཛེས་ངོ་མཚར་ཆེ་བའི་གནས་ཆེན་འདི། །བདག་ཉིད་ཆེན་པོ་སྐལ་ལྡན་ཉག་གཅིག་ལས། །སུས་ཀྱང་འདི་ཉིད་རིག་པར་དཀའ་བའི་ཕྱིར། །ཉིད་ལ་ཉིད་ཀྱིས་བསྟན་པ་ངོ་མཚར་ཆེ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྒྱས་པའི་སྒོ། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། ཆོས་ཉིད་ཀྱི་དོན་བསྟན་པར་དཀའ་བ་དང་། ཉིད་ལ་ངོམས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཆེན་པོ་རྒྱུད་ཀྱི་དོན་བཤད་པས་མཉེས་པར་གྱུར་ཏོ། །མཉེས་ནས་རྒྱུད་ཀྱི་བདག་པོ་ལ་བསྟོད་པ། དཔལ་གྱི་སྐུ་མངའ་བཅོམ་ལྡན་ཉག་གཅིག་གཙོ། །བཟང་པོ་བླ་མེད་ཆེན་པོའི་དོན་མཛད་པ། །དོན་ཆེན་ཁྱད་པར་


DNG006_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རྒྱུད་ཀྱི་དོན། །ཉིད་ཀྱིས་ཉིད་ལ་བཤད་བྱས་རེ་མཛེས་མཆོག །ཡང་དག་ཉིད་ཀྱིས་ཡང་དག་ཉིད་གསུངས་པ། །ཡང་དག་ཉིད་ལ་སྣང་བའི་མཆོག་གི་དོན། །རྒྱལ་བ་ཐུབ་པ་ཁྱོད་ལ་ཕྱག་ཀྱང་འཚལ། །དཔའ་བོ་ཐར་ལམ་སྟོན་མཛད་ཁྱོད་ཉིད་ལ། །ཡང་ནས་ཡང་དུ་འདུད་ཅིང་ཕྱག་ཀྱང་འཚལ། །ཨེ་མ་ཧོ་རེ་མཛེས་ངོ་མཚར་ཆེ་བའི་དོན། །སངས་རྒྱས་གསུངས་པ་མ་ཡིན་བདག་མེད་ཆོས། །རྒྱུ་འབྲས་གཉིས་ཟད་རྣམ་གྲོལ་དག་པའི་སྐུ། །ཟླ་རྒྱས་སྐུ་འདྲའི་སྐུ་ལ་འདུད་པར་བགྱིད། །དམ་ཆོས་བདག་མེད་རྣམ་པར་དག་པའི་ཆོས། །དཔལ་གྱི་ཐུགས་ལས་གསུང་དུ་རབ་ཏུ་བསྒྲགས་པ་ཡི། །དྲི་མེད་གསུང་མཆོག་ཁྱོད་ལ་ཕྱག་ཀྱང་འཚལ། །འདི་འཆང་ཀློག་དང་ཁ་ཏོན་སེམས་པ་ཡི། །རྒྱལ་སྲས་འཁོར་བཅས་གང་ཡང་འདི་འཛིན་པའི། །སྐལ་ལྡན་ཉག་གཅིག་དེ་ལ་བཞིན་ཕྱག་འཚལ། །དེ་རྗེས་བལྟ་ཞིང་དེ་བཞིན་གང་འཆང་བའི། །མ་རབས་ཐ་མལ་པ་ལ་སངས་རྒྱས་སུ། །བལྟ་ཞིང་བལྟ་ཞིང་དེ་བཞིན་ཕྱག་ཀྱང་འཚལ། །འདི་ལ་གང་མོས་ཁས་དང་ཁྱི་ལ་སོགས། །དེ་ཡང་སངས་རྒྱས་ཉིད་དེ་ཀུན་ལས་འཕགས། །འཕགས་རྒྱལ་ཁྱེད་རྣམས་ལ་ནི་དེ་བཞིན་བཞིན་ཕྱག་འཚལ། །མཆོག་གསུམ་མཆོག་ཏུ་གྱུར་པའི་རྒྱལ་པོ་ལ། །ཁྱད་པར་བསྟོད་པ་རེ་མཛེས་དོན་དང་ལྡན། །དེ་ནས་རྒྱུད་ཀྱི་བདག་པོ་ལ་གཏད་པ། །ཆོས་འཕགས་ཆོས་རྒྱལ་བླ་མེད་སྙིང་པོ་འདི། །ཡོངས་ལ་ཁྱབ་པའི་ཁྱད་པར་མཛེས་པས་ན། །ཐུགས་ཀྱི་གཟེར་བསྐྱེད་དམ་པ་རྣམས་ཀྱི་དོན། །ཡང་དག་བསྟན་པ་དེ་ལ་ཡེ་ནས་གནས། །སངས་རྒྱས་ས་ལ་རྟག་པར་བཞུགས་པ་ཡི། །ལྷུན་གྲུབ་མཆོག་ལ་འདི་ཡིས་བཞག་པར་བྱས། །བྱང་ཆུབ་སེམས་ཀྱི་ག་བུ་ཀློང་ཆེན་དུ། །སངས་རྒྱས་སེམས་ཅན་མ་ལུས་བསྲེལ་ཏེ་ཞོག །བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས། བདག་པོ་ལ་བསྟོད་པ་དང་། ཆོས་ལ་བསྟོད་པ་དང་། དེ་འཛིན་པ་ལ་མཆོག་གསུམ་གྱི་ཚུལ་དུ་བསྟོད་པ་དང་།རྒྱུད་གཏད་པའི་ལེའུ་སྟེ་བཅུ་པའོ། །རྒྱས་པ་ཆེན་པོ་བྱང་ཆུབ་སེམས་ཁྱུང་ཆེན་གྱི་རྒྱུད་རྫོགས་སོ།། །། ཤྲཱི་སིངྷ་དང་བཻ་རོའི་འགྱུར།

རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཡི་གེ་མེད་པའི་རྒྱུད།


DNG006_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཡི་གེ་མེད་པའི་རྒྱུད། རྒྱལ་པོའི་རྒྱུད་དུ་གསུངས་པ། ཡི་གེ་མེད་པ་འདི་གསུངས་པའི་ཚེ་ན། ཉིད་དང་ཐ་མི་དད་པ་རྣམས། སྔོན་མ་ཐོས་པ་འདི་ཐོས་པས་སྐྲག་པར་གྱུར་ཏེ། དེ་ནས་རྡོ་རྗེ་འཛིན་པ་ལ་སོགས་པ་འདུས་པ་རྣམས་དང་། སེམས་དཔའ་དང་།སེམས་མ་དང་། སྒོ་བ་དང་། སྒོ་མ་དང་། དམ་པའི་སྒོ་སྲུང་གཤིན་རྗེ་གཤེད་པོ་ལ་སོགས་པ་དང་། བཅོམ་ལྡན་འདས་དཔལ་མི་བསྐྱོད་པ་ལ་སོགས་པ་དང་།བཙུན་མོ་རྣམས་དཔེར་ན་ཏིལ་གྱི་གོང་བུ་བཞིན་དུ་ཁྱབ་པར་གནས་སོ། །དེ་ནས་འཁོར་རྣམས་ཀྱིས་ཞུ་བ་ཞུས་པ། དེ་བཞིན་གཤེགས་པ་ཉག་གཅིག་གི། །ཐུགས་སུ་ཆུད་པའི་དོན་མཆོག་དེ། །གཟུ་བོ་ཆེན་པོས་བཤད་དུ་གསོལ། །མཚན་མ་རྣམས་ནི་སྤངས་པ་ཡི། །ཐབས་མཆོག་དམ་པ་བཤད་དུ་གསོལ། །ཡི་གེ་མེད་པ་བཤད་དུ་གསོལ། །ཡི་གེ་མེད་པ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བདག་པོའི་མཆོག་རྣམ་པར་སྣང་མཛད་ཀྱི་སྐུར་བྱུང་ནས། བཀག་པར་མ་མཛད་འཛུམ་པར་མཛད། །འཁོར་གྱི་དོན་དེ་ཐུགས་ཆུད་ནས། །རིགས་ཀྱི་བུ་ཁྱོད་ཅེས་གསུངས་ཏེ། །ཁྱེད་རྣམས་ལེགས་པར་མཉན་འདོད་ན། །རྒྱུད་འདི་ཤིན་ཏུ་བརྟག་དཀའ་སྟེ། །མཚན་མ་ཀུན་དང་བྲལ་བས་སོ། །དཔའ་བོ་ཆེན་པོ་འཇོམས་པ་ནི། །ཤིན་ཏུ་བཟློག་པར་དཀའ་ན་ཡང་། །རེད་པའི་ཚུལ་གྱིས་རྣམ་པར་སྦྱང་། །འདུན་པ་དང་པོ་སྐྱེས་པ་ཡང་། །ཤིན་ཏུ་བཟློག་པར་རབ་ཏུ་དཀའ། །དེ་ནས་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་དོན་ཞུས་པ། བདེ་བར་གཤེགས་པའི་དོན་རྟོགས་པ། །མཚན་མ་མེད་པ་དོན་གྱི་མཆོག །ཡི་གེ་མེད་པའི་དོན་མ་འཚལ། །བདེ་བར་གཤེགས་པ་ཡི་གེ་མེད། །གང་ཟག་ནོངས་པ་ཡི་གེ་ཅན། །བདག་ཅག་མཚན་མ་ལས་ལྡོག་པ། །རྟགས་རྣམས་ལྔ་ནས་གྲོལ་བར་ཆད། །དེ་ནས་ཐམས་ཅད་མཁྱེན་པ་དེས། །བཀའ་ཡི་དོན་དམ་ཡི་གེ་མེད། །གསུངས་པ་ལས་ནི་མ་ལོག་པ། །དང་པོར་རྒྱུད་ལ་བློ་སྦྱངས་པ། །བར་དུ་བསམ་པ་ཐག་ཆོད་པ། །ཡང་ན་ཡང་རབ་བློ་ཡི་རྩལ། །དོན་དམ་མགོ་སྨོས་གོ་བ་དང་། །ཐབས་མ་ནོར་


DNG006_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསླབ་པ་དང་། དེ་ལ་ཏ་ཀྱི་ཉིད་དུ་སྣང་། །ཁ་གསལ་བླ་བློ་ཚོགས་པའོ། །དོན་དམ་རིག་པ་སློབ་མ་ལ། །གྲོལ་བ་བདག་ཉིད་རིན་ཆེན་རིགས། །བདག་པོ་རབ་ཏུ་མཉེས་པ་སྟེ་ལེའུ་གཉིས་པའོ།། །། དེ་ནས་བདག་པོ་མཆོག་གིས། ཡེ་ཤེས་ཀྱི་རིག་པ་གསུངས་པ། །ཡེ་ཤེས་མ་བསྐྱེད་དབྱིངས་མ་བསྐྱེད། །རང་སེམས་རང་གིས་མཐོང་བ་ནི། །མཚན་མ་ཡིན་ཏེ་དོན་དམ་མིན། །བཀག་པ་ཐ་མ་བྱུང་བ་དེ། །སེམས་བཅོས་ཐབས་ནི་དེ་ལ་རིག །སྤྱོད་པ་ཆོས་དབྱིངས་ཟད་མི་ཤེས། །སྡེ་སྣོད་གསུམ་ཡང་མ་བཀག་སྟེ། །ཆོས་གཅིག་ངོ་བོ་དེ་ལ་མེད། །གལ་ཏེ་མཚན་མ་སྣང་བ་ལས། །ཏིང་ངེ་འཛིན་དེ་རེད་ན་ནི། །མ་རིག་པ་དང་ཐར་པ་ཐོབ། །བྱང་ཆུབ་ལམ་དང་དམིགས་པ་གཉིས། །ཏིང་ངེ་འཛིན་གྱི་ཁྱད་པར་རོ། །བདེ་བར་གཤེགས་པ་ཡི་གེ་མེད་པ་ལས། ཡེ་ཤེས་རིམ་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བདག་པོའི་མཆོག་ལ་བདེ་བར་གཤེགས་པའི་འཁོར་གྱིས་ཞུས་པ། ཀྱེ་མ་བདེ་བར་གཤེགས་པའི་གཙོ། །དམ་པ་ཡི་གེ་མེད་པ་ནི། །ནམ་ཡང་མ་ཁུམས་དི་རིད་ཁུམས། །དོག་ས་རྣམས་ཀྱང་ཆེར་གཡོས་པ། །འཁོར་ཀྱང་སྔོན་མ་ཐོས་པས་དངངས། །ཡི་གེ་མེད་པ་འདི་ཡི་དོན། །ཤེས་རབ་ཁྱད་པར་ཇི་ལྟར་ལགས། །གཙོ་བོ་དམ་པས་བཀའ་སྩལ་པ། །ཡི་གེ་མེད་པའི་ཤེས་རབ་ནི། །དམིགས་པ་མེད་པའི་ཤེས་རབ་སྟེ། །ཆོས་དབྱིངས་ཟད་མ་མ་བཅོས་ལ། །ཡེ་ཤེས་སྤྱི་བླུགས་སྐད་ཅིག་མས། །རང་བྱུང་རིག་པ་དེ་ཡི་བཅད། །དབྱིངས་དང་ཡེ་ཤེས་ངོ་ཏི་ཕྲད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ཡེ་ཤེས་ཡི་གེ་མེད་པའི་རྒྱུད་མཆོག་ལས། ཤེས་རབ་དམིགས་པ་མེད་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཁྱད་པར་དུ་ཞུས་པ། བརྗོད་མེད་རྣམ་པར་མི་རྟོག་པ། །ཡི་གེ་མེད་པའི་གསུང་མཆོག་འདི། །སྒྲ་ཡི་རྣམ་པ་སྤང་སླད་དུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་འཚལ། །ཡང་ཆེད་དུ་བརྗོད་པ་བཀའ་སྩལ་པ། རང་བཞིན་གནས་པའི་ཆོས་ཉིད་དེ། །ཞི་བ་བླང་དོར་བྲལ་བའོ། །ཆོས་ཀྱི་རང་


DNG006_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྟོང་པ་སྟེ། །སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཏེ། །མངོན་སུམ་མཐོང་བ་ག་ལ་ཡིན། །གང་ཡང་མཐོང་བ་མེད་པ་ནི། །དེ་ནི་མཐོང་བ་ཆེན་པོའོ། །ཀ་ཡིས་དག་པ་ཆོས་དབྱིངས་སོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་། །སྐད་ཅིག་ཙམ་ཡང་བྱས་པ་མེད། །དེ་དོན་རྟོགས་པ་དམིགས་མེད་དོ། །ཡི་གེ་མེད་པའི་རྒྱུད་མཆོག་འདི། །དཔེར་ན་རྒྱལ་པོ་ལྟ་བུ་སྟེ། །རྒྱུད་རྒྱལ་ཡི་གེ་མེད་པ་ལས། རང་བཞིན་གནས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡི་གེ་མེད་པའི་གཙོ་མཆོག་དེས། །འཁོར་གྱི་ཞུ་བ་ཐུགས་ཆུད་ནས། །ཐེག་ཆེན་འདི་ནི་སྦྱིན་པའི་གནས། །བྱང་ཆུབ་སྙིང་པོ་ཆེ་ཡིས་ཀྱང་། །རིན་ཆེན་རིགས་སུ་གང་ལྡན་པས། །བླ་མའི་ཁ་ནས་ཤེས་པར་བྱའོ། །ལམ་གྱི་ནང་ནས་ཉེ་ལམ་སྟེ། །ཐབས་ཀྱི་མཆོག་ཏུ་གྱུར་པས་ན། །ཡི་གེ་མེད་པར་གྲགས་པའོ། །རྣམ་པ་དང་ནི་རྨད་གྲགས་པ། །ཐེག་པ་ཀུན་ལས་འདས་པ་དེ། །ཡི་གེ་མེད་པར་གྲགས་པའོ། །འདི་ཡི་ཚུལ་ནི་མ་ཤེས་ན། །ཡི་གེ་མེད་པ་དབྱེ་བ་མེད། །འདི་ཡི་དོན་དང་གང་ལྡན་པ། །དེ་ཡིས་ཐེག་ཆེན་འབྲས་བུ་ཐོབ། །རྒྱལ་པོ་ཆེན་པོ་ཡི་གེ་མེད་པ་ལས། བདག་པོ་མཉེས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བདག་པོའི་མཆོག་ལ་བྱང་ཆུབ་སེམས་དཔའ་དགྱེས་པ་ལ་སོགས་པའི་འཁོར་རྣམས་མགྲིན་གཅིག་ཏུ་ཞུས་པ། དཔལ་ཆེན་འཁྲུལ་པའི་རྣམ་རྟོག་འཇོམས། །རྨོངས་པའི་མདུད་ལས་ཐར་པའི་མཆོག །ཉག་གཅིག་ཐུགས་ཆུད་དོན་དམ་དེ། །ཁྱོད་ཀྱིས་བླ་མེད་བཤད་དུ་གསོལ། །དེ་ནས་སེམས་དཔའ་དགྱེས་པ་ལ་སོགས་པའི། རྣམ་པར་རྟོག་པ་མཁྱེན་ནས་བཀའ་སྩལ་པ། ཁྱེད་ཅག་ལེགས་པར་ཉན་འདོད་ན། །ཉག་གཅིག་ཐུགས་ཀྱི་དགོངས་པ་དེ། །བཤད་ཀྱིས་སེམས་ཉིད་ལྡན་པར་གྱིས། །དབྱེར་མེད་པ་ཡི་ནམ་མཁའ་དེ། །དང་པོའི་ཚིག་ན་ནམ་མཁའ་ཀུན། །བསམ་པ་ཡིན་ཆོད་རུང་བའོ། །ཐ་མ་ལ་ནི་མི་དམིགས་ལ། །ནམ་མཁའ་གཞན་ནི་བཀག་པའོ། །དོན་དམ་དབྱེར་མེད་ནམ་མཁའ་དེ། །གང་ལ་བཀག་པ་མེད་པ་སྟེ། །བཀག་པ་
མེད་པའི་གཏན་ཚིགས་སོ། །དེས་ན་ཡོད་ན་བཀག་པར་འགྲོ། །མེད་པས་ནམ་མཁའི་མེ་ཏོག་ཚུལ། །དགོངས་པའི་མཐའ་ནི་བཀག་མེད་དོ། །ཡི་གེ་མེད་པའི་རྒྱུད་ལས། རྣལ་འབྱོར་མཐོང་དུ་མེད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བདག་པོའི་མཆོག་ལ་ཡང་ཞུས་པ། །མཚན་མ་འདི་ནི་མིང་དུ་ཡང་། །སྨོས་པ་དེ་ཡང་འགལ་ལགས་སམ། །མངའ་བདག་ཁྱོད་ཀྱི་མཁྱེན་པ་རུ། །བློ་རྣམས་སྦྱང་ཕྱིར་བཀའ་སྩལ་འཚལ། །ཁྱེད་ཅག་བསམ་པ་དམན་པ་ལ། །ཟབ་མོའི་རྒྱུད་རྒྱལ་ཡི་གེ་མེད། །གུས་དང་བཅས་པས་མཉན་པར་གྱིས། །ཐོ་རངས་ཚེ་ན་གཅད་པར་བྱ། །དེ་ནས་རེད་ཅིང་གོམས་པ་ནི། །ཡི་གེ་མེད་པའི་ཡན་ལག་ཡིན། །མཛད་སྤྱོད་གཏད་རྒྱ་དང་བཅས་པ། །རིན་ཆེན་རིགས་ནི་གདམས་བྱས་ལ། །བཀའ་ཡི་སྣོད་ནི་ཤེས་པ་ལ། །རྒྱུད་ནི་རིམ་པ་བཞིན་དུ་སྦྱིན། །ཡི་གེ་མེད་པ་རྒྱལ་པོ་ཆེན་པོ་ལས། འཁོར་ལ་གཏད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འཁོར་ལ་གདམས་ངག་ཏུ་གནང་བ། བསྒོམ་བསྒྲུབ་ཀུན་དང་བྲལ་བ་ཡི། །ཏིང་འཛིན་འདི་ནི་བཙལ་བ་དང་། །དང་པོའི་འདུ་བ་ཆུད་མ་ཟོས། །བར་དུ་བསམ་པ་ཐག་ཆོད་པ། །ཐ་མར་སེམས་ཆོས་ཤེས་པ་སྟེ། །མི་དམིགས་པ་ལ་གད་གནས་པ། །དེ་ནི་བཙལ་དང་བྲལ་བའོ། །བདེ་བར་གཤེགས་པས་གཏད་རྒྱ་དང་བཅས་པ་རྫོགས་སོ།། །།བོད་ཀྱི་དགེ་སློང་བཻ་རོ་ཙ་ན་དང་། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

རྫོགས་ཆེན་བདེ་འབྱམས།


DNG006_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་བདེ་འབྱམས། བདེ་འབྱམས་དབྱིངས་ཕྱུག་བྷ་ག་ལ། །དབྱེར་མེད་ལྷུན་རྫོགས་ཐིག་ལེའི་དབྱིངས་ཉིད་ཆེ། །བསྐྱེད་པ་མི་མངའ་ཡེ་ཤེས་རིན་པོ་ཆེ། །བྱ་བ་མེད་པ་ལྷུན་རྫོགས་ཐིག་ལེ་ཆེ། །ཐམས་ཅད་མ་བཀག་དབྱེར་མེད་བདག་ཉིད་ཆེ། །སྐྱེ་མེད་དབྱིངས་ལས་ཐམས་ཅད་སྐྱེས། །དོན་དམ་ཉིད་དུ་སེམས་དཔའ་ཆེ། །བསྒྲུབ་ཏུ་མེད་པས་ཡེ་ནས་གནས། །བཙལ་དུ་མེད་པས་མངོན་སུམ་དབྱིངས། །སྨོན་དུ་མེད་པས་རང་ལ་རྫོགས། །ཐ་སྙད་མེད་པས་རྣལ་འབྱོར་བདག །གོ་འཕང་གཅོད་པས་ཀུན་གྱི་དབྱིངས། །
ལམ་རྣམས་ཐམས་ཅད་ཅི་སྤྱད་ཀྱང་། །ཐིག་ལེ་ཉིད་ལས་སྤང་དུ་མེད། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །སྤང་དུ་མེད་པས་བདག་གི་རྒྱུ། །གཏི་མུག་མེད་པས་བསམ་དུ་མེད། །རྣམ་གྲངས་མེད་པས་དབྱིངས་ཉིད་ཀློང་། །གཟུགས་རྣམས་མེད་པས་བྱང་ཆུབ་སྐུ། །ཐིག་ལེ་མེད་པས་ཡེ་ནས་དམ་ཚིག་པས། །དམ་ཚིག་མིང་དུ་བཏགས་པ་མེད། །འཆི་བ་མེད་པས་བདུད་རྩིའི་དབྱིངས། །ཁྱད་པར་ཉིད་ལས་ཡེ་ཤེས་ཆེ། །རི་རབ་རྩེ་ལ་ཉི་མ་སྟོང་ཤར་བས། །ཡེ་ཤེས་ཐུགས་ཀྱི་ཉི་མ་གཅིག་ཤར་དྲོ། །ཤར་བ་ཉིད་ནས་ནུབ་པ་མེད། །བསྒོམ་པ་ཉིད་ནས་བསྒོམ་དུ་མེད། །བསྒོམ་པའི་དམིགས་པ་མེད་པའོ། །བསྒྲུབས་པས་གཞན་ནས་ཆོས་མི་རྙེད། །རྡོ་རྗེ་རིན་ཆེན་འབར་བ་ལྟར། །ཐམས་ཅད་ཀུན་ཀྱང་དེ་བཞིན་ནོ། །འགྱུར་བ་མེད་པས་བལ་ནག་བཞིན། །འགྱུར་དུ་བཏུབ་པ་བལ་དཀར་བཞིན། །བརྟགས་པ་བལ་ནག་ཉིད་ཀྱི་དབྱིངས། །ལྷུན་གྱིས་གནས་པས་གོ་འཕང་གཅོད། །གདོད་ནས་དག་པས་པདྨ་བཞིན། །འགྱུར་བ་མེད་པ་ཐིག་ལེ་བདེ། །བྱ་བ་མེད་པས་ཐིག་ལེ་བདེ། །དུས་གསུམ་མེད་པས་ཐིག་ལེ་བདེ། །བཙལ་དུ་མེད་པས་ཐིག་ལེ་བདེ། །རྩོལ་བར་འདོད་པས་དབྱིངས་མི་བསྐྱོད། །དྲ་བ་མེད་པས་མུ་ཁྱུད་མེད། །ཐིག་ལེ་མེད་པས་ཐིག་ཕྲན་བདེ། །རྩེ་རྒྱལ་རྟོགས་ན་གནས་ཆེན་བདེ། །ཐོགས་མེད་ཡོངས་སུ་སྦྱངས་པའི་བྷ་ག་ལ། །དབྱེར་མེད་ལྷུན་རྫོགས་ཐིག་ལེའི་དབྱིངས་ཉིད་ཆེ། །སྐུ་གསུང་ཐུགས་ཤར་མུ་ཁྱུད་འཁྱིལ། །རྣམ་པར་དག་པས་བྱང་ཆུབ་སྐུ། །འགྲོ་བའི་ལམ་ཆེན་བྱང་ཆུབ་སྐུ། །ཐིག་ལེ་ཡེ་ནས་རྡོ་རྗེ་དབྱིངས། །རྡོ་རྗེ་ཉིད་ལ་འདུ་འབྲལ་མེད། །དེ་ལས་ཐིག་ལེ་བརྡལ་བའི་དབྱིངས། །བརྡལ་བ་ཉིད་ལ་ནུབ་པ་མེད། །བྱང་ཆུབ་ཀྱི་སེམས་ཀློང་ཡངས་པའི་དཀྱིལ་འཁོར་རྫོགས་སོ།། །།

ནམ་མཁའི་རྒྱལ་པོ།


DNG006_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་རྒྱལ་པོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ནམ་མཁའི་རྒྱལ་པོ་ཡེ་ཤེས་


DNG006_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐལ་བ་དང་ལྡན་པ་ལ། སེམས་ཆོས་ཉིད་དུ་འགྱུར་བར་ཚིགས་སུ་བཅད་དེ་གསུངས་པ། ཆོས་ཉིད་བསམ་དུ་མེད་པས་ནམ་མཁའ་ཆེ། །ནམ་མཁའི་བསམ་པ་དེ་དག་ཀུན་དང་བྲལ། །བསམ་དུ་མེད་པས་ནམ་མཁའ་དེ་དག་ཉིད། །ནམ་མཁར་མི་དམིགས་པར་ཡང་དམིགས་སུ་མེད། །ནམ་མཁའི་མཚན་ཉིད་ཀུན་ལ་རབ་འདས་པ། །མེད་པས་ནམ་མཁའ་ལ་ཡང་ནམ་མཁའ་མེད། །ནམ་མཁའ་དེ་ཉིད་བསྒོམ་དུ་མེད་པ་ནི། །བརྗོད་མེད་ནམ་མཁའ་བསྒོམ་དུ་མེད་ལས་འདས། །འདས་པ་བརྗོད་དུ་མེད་དེ་མི་གནས་ན། །ནམ་མཁའི་ལུས་མེད་ནམ་མཁའི་སེམས་དང་བྲལ། །མཉམ་དང་མི་མཉམ་ནམ་མཁའ་ལས་འདས་པ། །ནམ་མ་ཁའ་མེད་པས་ནམ་མཁའ་ཁྱབ་པ་མེད། །དེ་ཉིད་མཚོན་པར་འདི་ཞེས་མི་ནུས་སོ། །ཚེག་མེད་ཀུན་ཁྱབ་སྒྲ་མེད་ཚིག་དང་བྲལ། །དགེ་སྡིག་སྙིང་པོ་མེད་ཅིང་དབུས་མཐའ་མེད། །དབང་པོ་རང་གི་བླ་མེད་སྤྱོད་ཡུལ་བྲལ། །ཡུལ་མེད་ཡུལ་ལ་སྒྱུ་མར་སྤྱོད་པའང་འཁྲུལ། །ཆོས་ཉིད་མེད་དེ་ཚིག་ཕྱིར་འབྲང་བའང་མེད། །གང་ཟག་སྒྱུ་མས་བཀྲི་དོན་བདེན་གཉིས་མེད། །བག་ཙམ་གཏོང་སེམས་དེ་དག་གཡང་ས་ཆོད། །དོན་བྲལ་དེ་ལ་སེམས་མེད་ཆད་པའང་མེད། །ཏིང་འཛིན་ཆེ་བའི་ལུང་དེ་ངེས་དོན་ཆེ། །སྐྱེ་འགག་མེད་པ་དེ་ཉིད་ཉན་པ་ཡིན། །སེམས་མེད་མ་སྐྱེས་དོན་མེད་བྲལ་བ་ཡིན། །དོན་ལ་བརྩོན་པར་རྒྱལ་བས་གང་གསུངས་པ། །མཚོན་ཞིང་རྟོགས་པར་བྱ་བ་དེ་ཉིད་ནི། །ཚད་མར་གཟུང་ཕྱིར་འཛིན་པ་དེ་སྐྱེས་ཏེ། །དེ་བས་མཚོན་བྱེད་སེམས་ཀྱི་རྒྱུད་ཁ་འཁོར། །ཏིང་འཛིན་བདེ་བའི་རོ་ལ་ཆགས་གནས་པ། །ཡོད་མེད་རྒྱུ་ལ་མ་ལྟོས་ཆོས་ཉིད་ཡིན། །དེ་བས་ཆགས་པའི་གནས་ལ་ཏིང་འཛིན་ན། །ཞི་བའི་ས་དེ་མྱ་ངན་དེ་མི་འདའ། །རང་སེམས་མ་བཅོས་མ་སྦྱངས་ཆོས་ཉིད་དེ། །ཏིང་འཛིན་སྒྱུ་མས་སྦྱོང་ན་སྒྱུ་མའི་ནད། །རང་བྱུང་ཡེ་ཤེས་དབང་ལ་མི་བརྟེན་པས། །རེ་ཞིང་དོགས་པའི་མཐའ་ཀུན་རྣམ་པར་ཞི། །ནམ་མཁའི་མཐའ་ཀུན་མེད་དེ་ཕྱོགས་མེད་ན། །ཞི་དང་མ་ཞི་མེད་དེ་ཆོས་རྣམས་བྲལ། །ཡེ་ནས་དག་དང་མ་དག་ཞི་བའང་མེད། །ཞི་བས་དགྲ་མེད་


DNG006_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་མཐའ་ལས་འདས། །རེ་མེད་ཐོབ་མེད་དོགས་མེད་མཐོང་བའང་མེད། །དག་དང་མ་དག་ཡེ་ཤེས་ཚིག་མཐའ་བྲལ། །ཚིག་ཏུ་འཛིན་མེད་ཡེ་ནས་ཡེ་ཤེས་བདེན། །ཚིག་དང་དུ་མར་ཞི་བས་རང་བཞིན་མེད། །འདི་ཐོས་མི་སྔངས་གང་མོས་ནམ་མཁའ་ཆེ། །དངོས་པོ་མེད་ཕྱིར་ཞི་བས་ཆགས་པའང་མེད། །ཀུན་ཏུ་ཁྱབ་པས་རྟག་པའི་ངོ་བོ་བྲལ། །རྟག་ཆད་དབྱེར་མེད་སྣང་ཐོས་ཀུན་མེད་དོ། །སྐྱེ་འཇིག་འབྱུང་ཕྱིར་བདག་མཐའ་ཡེ་ནས་མེད། །སྐུ་གསུང་ཐུགས་དང་བྲལ་བས་བདེ་བའི་མཆོག །སྔགས་དང་ཕྱག་རྒྱ་བྲལ་བས་ཉམས་པ་མེད། །ཕྱི་ནང་སྒོ་ཕུག་བྲལ་བས་རྒྱ་ཆེ་ཉིད། །དབུས་མཐའ་ཀུན་དང་བྲལ་བས་སྙིང་པོ་ཉིད། །བདེ་དང་མི་བདེ་མཉམ་ཉིད་ཡེ་ནས་མེད། །འཛིན་མེད་བློ་ནི་གང་དུའང་མི་སྐྱེ་ན། །བྲལ་དང་མི་བྲལ་དངོས་མེད་གཟུང་དུ་མེད། །སེམས་ཉིད་ཆོས་པས་སེམས་ལ་སྐུ་མི་མངའ། །སྒྲ་ལས་འདས་པས་སྒྲ་ཉིད་ཡེ་ཤེས་ཏེ། །ཞི་བའི་འོད་གསལ་གདོད་ནས་ལྷུན་གྱིས་གྲུབ། །བྱང་ཆུབ་སེམས་ཅན་དོན་ནི་བཅོས་སུ་མེད། །མི་གནས་འགྱུར་བ་ཆགས་པའི་ཡུལ་མེད་དེ། །མི་འགྱུར་སངས་རྒྱས་ཡེ་ཤེས་ངོ་བོ་མེད། །མི་འབྱུང་མི་འཇུག་ཡུལ་མེད་དབང་པོ་སྟེ། །མཚན་མ་འཇིལ་བའི་སྐུ་མེད་དག་བསྟན་སྟོང་། །རོ་གཅིག་བདེ་ན་དབྱིངས་སུ་རོལ་པ་ཡང་། །དབྱེར་མེད་བདེ་ལ་ཆགས་དང་མ་བྲལ་ན། །དུས་གསུམ་མཉམ་པ་ཉིད་ཀྱང་འབྱུང་འཇུག་གོ། །ལེན་མེད་འཛིན་དང་ཡོངས་སུ་བྲལ་བས་ན། །དུས་གསུམ་བདག་ཉིད་རྡོ་རྗེ་སེམས་དཔའ་ཆེ། །ཀུན་གྱི་བདག་ཉིད་དུས་གསུམ་དབྱིངས་མི་གཡོ། །ལྟ་བ་འདི་མེད་སྤྱོད་པའི་སྒྱུ་མ་འཆིང་། །ལྟ་བ་འདིས་མ་ཟིན་ན་འཁོར་བ་ལས་མི་འདའ། །ཕྱིན་ཅི་ལོག་དང་མ་ལོག་བྱང་ཆུབ་སྟེ། །བྱང་ཆུབ་


DNG006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ལོག་དང་མ་ལོག་མེད། །བསམ་དང་བྲལ་བའི་སེམས་དེ་ནམ་མཁའ་ཉིད། །ནམ་མཁའ་འདྲ་བའི་སེམས་དེ་ཉིད་དང་བྲལ། །ཡོད་མེད་དབུ་མའང་མི་དམིགས་བརྗོད་མེད་ན། །ནམ་མཁའ་མི་གནས་བརྗོད་དུ་མེད་ལས་འདས། །སེམས་ལ་ཚིག་ཏུ་བརྗོད་མེད་སྐུ་ཡང་མེད། །སེམས་ཉིད་ཚིག་ལས་འདས་པས་སྦྱོར་བས་ན། །མངོན་སུམ་མི་གནས་མི་འབྲང་སྟོང་པས་དབེན། །ཡེ་ཤེས་དེ་ཉིད་བསམ་ལས་འདས་ཞེས་འབྱུང་། །ཡེ་ཤེས་རྣམ་པར་དག་པས་གཅིག་ཕྱིར་ཏེ། །གྲོལ་བའི་ལམ་ནི་མཚན་ཉིད་ཡོད་མ་ཡིན། །གཅིག་དང་དུ་མའི་མཐའ་ལས་འདས་པ་ནི། །ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་བཀྲི་བ་མེད། །གཟུགས་ཀྱི་མཚན་ཉིད་མེད་ན་བཀྲི་བ་གང་། །སྒྲ་དང་རྟོག་པའི་ངང་དུ་མ་གྲུབ་ན། །ཐོས་པ་ལམ་གྱི་སྨོན་ལམ་དེ་གང་ལ། །མི་རྟོག་ཆོས་སྐུ་གཅིག་པས་ཅི་ཞེས་བྱ། །འཇའ་ཚོན་སྒྱུ་མར་འཕགས་པའི་སྐུར་བསྐྱེད་ཀྱང་། །བསོད་ནམས་བསྐྱེད་ཀྱང་སྒྱུ་མ་མི་རྟག་ན། །རྣམ་དག་ལམ་ཆེན་ལྷུན་གྱིས་གྲུབ་པ་ལ། །བསོད་ནམས་མེད་ཀྱང་གྲུབ་ཅེས་རྒྱལ་བས་གསུངས། །ཆོས་ཀྱི་དབྱིངས་ན་མ་བསྐྱེད་གཅིག་ཆེ་བ། །ཀུན་ཏུ་ཁྱབ་པའི་སྒྲ་མེད་ཉིད་ལས་འདས། །སྤྲུལ་པ་བྱེ་བ་བརྒྱ་མང་ཚོགས་ཆེན་ཡང་། །བྱ་བྱེད་ངང་ལ་འདུལ་བར་མི་ནུས་བཞིན། །ཞི་བ་ལྟ་སྟེ་མངོན་སུམ་རྙེད་དཀའ་བ། །རྟོག་གེའི་ཡུལ་མིན་འཁྲུལ་པས་ཤེས་མི་ནུས། །སྤྱོད་པར་མི་སྤྱོད་སྒྱུ་མ་མི་རྟག་ཡིན། །མཚན་ཉིད་ནམ་མཁའ་ལས་ཀྱང་འདས་པའོ། །ཡེ་ནས་ལྷུན་གྱིས་གྲུབ་པའི་ཐབས་ཆེན་ལ། །སྒྱུ་བཅོས་སྤྱོད་པ་ཐབས་ཆེན་མ་ཡིན་ཏེ། །སྒྱུ་འཆང་ཐབས་ཀྱིས་བཅོས་དང་མ་བྲལ་ན། །མི་རྟོག་ཐབས་ཆེན་དེ་ཡིས་ཅི་ཞིག་བྱ། །མཚན་ཉིད་མེད་པའི་ཆོས་ཉིད་ཆེན་པོ་འདི། །ཆོས་ཀྱི་དབྱིངས་
པ་སྒྱུ་མའི་གར་བསྒྱུར་ཀྱང་། །སྒྱུ་མའི་ལམ་དུ་རྒྱལ་བས་མ་བསྔགས་ཀྱང་། །མི་གནས་ཆོས་སྐུ་བརྗོད་མེད་ལས་འདས་ཀྱང་། །དབུ་མའང་བརྗོད་དུ་མེད་དེ་དོན་དང་བྲལ། །ཡིད་བཞིན་ཡེ་ཤེས་དབྱིངས་ཀྱི་མཐའ་ཀླས་པ། །སྣང་མེད་བརྗོད་པ་མེད་པ་ལས་འདས་པའོ། །ཆོས་ཀྱི་དབྱིངས་ལས་ཡང་དག་དོན་བསྟན་ཏེ། །ཡེ་ཤེས་ནམ་མཁའི་རྒྱལ་པོ་འདི་བསྟན་པས། །ཐེ་ཚོམ་མེད་པའི་བློ་མཆོག་རྣམས་ཀྱིས་ནི། །གཉིས་མེད་བྱང་ཆུབ་སྙིང་པོ་རྟོགས་གྱུར་ཅིག །རྫོགས་སོ།། །།ཆོས་ཀྱི་དབྱིངས་ལས་བསྡུས་ཏེ་རྣམ་བཤད་པ། །སྐལ་ལྡན་སྐྱེས་བུ་ཐེ་ཚོམ་མེད་པས་བསྒྲུབ། །གྲོལ་ཞིང་རྟོགས་པའི་བློ་ལྡན་རྣམས་ཀྱིས་བརྩོན་པས་ཉོན། །ཡང་དག་པའི་ཡེ་ཤེས་ཀྱི་དབྱིངས་ལས། བདེ་བ་ཆེན་པོར་རོལ་པ་ཨ་ཏི་ཡོ་གའི་མདོའོ།། །། བར་འདིར་རྗེ་བཙུན་དམ་པ་འཛུད།

རྩེ་མོ་བྱུང་རྒྱལ།


DNG006_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོ་བྱུང་རྒྱལ། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་བདེ་བ་ཆེན་པོའི་ཐུགས། །སྣ་ཚོགས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་སྐུ། །རྣམ་དག་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སྔོན་ཚེ་འདས་པའི་བསྐལ་པའི་མཐའ་རིང་ནས། །འཁྲུལ་འཁོར་བླུན་རྨོངས་མདོངས་པའི་འགྲོ་བ་རྣམས། །ང་དང་བདག་བཅས་མཚན་མས་བཅིངས་པ་ཡིས། །ཁམས་གསུམ་རྒྱུད་ལས་འཁོར་བའི་འགྲོ་དོན་དུ། །སྙིགས་མའི་དོན་ལ་གདམས་པའི་གསུང་བརྗོད་འདི། །རྒྱལ་སྲས་གང་འདོད་དབང་ཕྱུག་སྐལ་ལྡན་ལ། །ཐུགས་རྗེའི་དཀྱིལ་འཁོར་རྨད་བྱུང་བསམ་ཡས་པ། །རྣལ་འབྱོར་ཕྱི་རབས་དོན་དུ་གསུངས། །སྐལ་བཟང་སྣོད་ལྡན་ཤིན་ཏུ་རྣལ་


DNG006_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དོན། །ལྷུན་གྲུབ་བྱང་ཆུབ་རྫོགས་ཏེ་དབང་དམ་ཅན། །བླ་མའི་མན་ངག་སྙན་ཐུགས་བརྒྱུད་པ་འདི། །དད་ཅན་རྒྱལ་རིགས་ཐུགས་དང་འདྲ་རྣམས་ཁྱེར། །སྐུ་དང་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི། །ཐུགས་ཀྱི་དཀྱིལ་འཁོར་རིན་ཆེན་སྒོ་ཕྱེ་ནས། །བདེ་གཤེགས་དཔལ་གྱི་མགུར་ནས་གསུང་བསྒྲགས་པ། །གསང་སྔགས་རྣལ་འབྱོར་དབང་ཕྱུག་རྒྱལ་པོ་ཡིན། །མཉམ་སྦྱོར་ཀུན་ཏུ་བཟང་པོ་ཉིད་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་དགོངས་པའི་ཐུགས། །བགྲོད་མེད་རྣལ་འབྱོར་རྫོགས་པ་ཆེན་པོའི་ལམ། །བྱར་མེད་ལྷུན་རྫོགས་སྐྱེ་མེད་ཆོས་ཀྱི་དབྱིངས། །ཐེག་པའི་རྣམ་གྲངས་གྲལ་ཐབས་ཆ་སྙོམས་པ། །མ་འདྲེས་ཆོས་རྣམས་ཡོངས་སུ་རྫོགས་པའི་རྒྱན། །ཀླུང་ཡངས་རྒྱ་མཚོར་ཆུ་བོའི་འཕྲོ་འདུ་བཞིན། །རྒྱལ་ཐབས་སྤྱི་བླུགས་དབང་ཕྱུག་རྣམས་ཀྱིས་མཛད། །ཤེས་བྱ་ཤེས་བྱེད་ཀུན་གྱི་གཞིར་གྱུར་པ། །ཀུན་གཞི་གནས་གྱུར་རྫོགས་པའི་དཀྱིལ་འཁོར་ནི། །རྣམ་ཤེས་གདེང་ཀའི་ནམ་མཁའི་རྒྱས་མཉམ་པ། །རྩེ་མོ་བྱུང་རྒྱལ་བདེ་བ་ཆེན་པོའི་དབྱིངས། །སྡེ་རྒྱུད་ཡང་ཐོག་བླ་ན་མེད་པ་ཡིས། །ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས། །གཅིག་ཏུ་རབ་ཏུ་ཆེ་མཆོག་ཆོས་ཀྱི་སྐུ། །ལྷུན་རྫོགས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེ། །བླ་ན་མེད་པའི་གོ་འཕང་མཆོག་ལ་གནས། །ཆོས་དབྱིངས་མ་སྐྱེས་སེམས་ཅན་མེད་པའི་ཕྱིར། །སྲིད་པའི་ཆོས་རྣམས་ཡེ་ནས་ལྷུན་གྱིས་གྲུབ། །དེ་རྒྱུ་ལྷུན་རྫོགས་བྱང་ཆུབ་སེམས་ཀྱི་དབྱིངས། །མི་གནས་མྱ་ངན་འདས་པའི་འབྲས་བུར་གནས། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་བ། །ཡེ་ནས་རྒྱ་མཚོ་འཁྱིལ་པའི་དབྱིངས་དང་མཚུངས། །སྤྲོས་ཀྱང་དེ་བཞིན་བསྡུས་ཀྱང་དེ་བཞིན་པ། །བསོད་ནམས་ཡེ་ནས་སྐུ་གསུང་ཐུགས་ལ་རྫོགས། །ལྟ་བ་ནམ་མཁའི་རྒྱལ་པོའི་འཕང་གཅོད་པ། །བཏང་སྙོམས་ཆེན་པོ་ལྷུན་རྫོགས་ཆོས་ཀྱི་དབྱིངས། །མ་སྐྱེས་མི་གནས་ནམ་མཁའི་རང་བཞིན་ལས། །ཐུགས་རྗེའི་ཆོ་འཕྲུལ་ཡ་མཚན་ཆེན་པོར་སྟོན། །ཁྱུང་ཆེན་གཤོག་རྫོགས་


DNG006_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་ལྡིང་བ་བཞིན། །ཆུ་རླུང་རི་བྲག་གྱེན་ཐུར་ཉམ་མི་ང་། །བར་སྣང་ནམ་མཁའི་ཁམས་ཀུན་ལམ་དུ་བདེ། །གང་དུ་དམིགས་པའི་ས་ཀུན་གཅོད་པར་བྱེད། །དེ་བཞིན་ཡེ་ནས་བློ་སྦྱངས་རྣལ་འབྱོར་ཐུགས། །བྱང་ཆུབ་སྙིང་པོར་འགྲོ་བའི་སྐལ་ལྡན་པོ། །སངས་རྒྱས་མངོན་དུ་གྲུབ་པའི་མན་ངག་ཅན། །བྱང་ཆུབ་སེམས་རྟོགས་ཡོན་ཏན་ཁྱད་པར་འཕགས། །བདག་དང་གཞན་དོན་ལྷུན་གྲུབ་མ་སྤངས་པ། །སྤྱོད་པ་རྒྱ་མཚོ་སྣ་ཚོགས་ཅི་བདེར་སྤྱོད། །པདྨ་སྐྱེ་བའི་རྒྱུ་ནི་འདམ་ཡིན་ཏེ། །པདྨ་ལ་ཡང་འདམ་གྱིས་གོས་པ་མེད། །ཆོས་ཉིད་ཆགས་པ་མེད་པར་རྟོགས་གྱུར་ན། །ཡེ་ཤེས་ཆགས་མེད་ཉམས་པ་རྡུལ་ཙམ་མེད། །ཐུགས་རྗེ་སྤྱོད་པ་བསམ་ཡས་ཇི་སྙེད་པ། །རྣལ་འབྱོར་ཐབས་ཀྱིས་སྤྱོད་པ་ཇི་བཞིན་སྤྱོད། །རྣམ་རྟོག་སྤྲོས་བྲལ་གཟུང་འཛིན་མི་མངའ་བ། །མཁའ་མཉམ་རྒྱལ་པོས་འདོད་དགུའི་རེ་བ་སྐོང་། །སྐྱེ་མེད་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ་རྣམས། །རྣམ་དག་བྱང་ཆུབ་སེམས་ཀྱི་དབྱིངས་ནས་འཕྲོ། །མཁའ་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་ནི། །ལྷུན་གྲུབ་ཡིད་བཞིན་རིན་ཆེན་གཞལ་ཡས་ཁང་། །ཕྱོགས་དུས་ཀུན་ནས་འཁྱིལ་པའི་རྒྱལ་པོའི་ཚོགས། །རྒྱལ་བ་ཉིད་ལ་རྒྱལ་བའི་སྐུར་སྟོན་པ། །རྒྱལ་ཚོགས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྣམས། །འགྲོ་དོན་རྒྱལ་བའི་དཀྱིལ་འཁོར་བསྟན་པའི་ཕྱིར། །འགྲོ་འདུལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འཕྲོ། །སྤྲིན་མེད་མཁའ་ལ་སྐར་ཚོགས་རྒྱས་པ་བཞིན། །བཀྲག་གསལ་ལོངས་སྤྱོད་རྫོགས་པའི་འཁོར་དང་བཅས། །ཀུན་བཟང་རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཤེས་རབ་དབྱིངས་ནས་ཐབས་ཀྱི་ཕྱག་རྒྱ་གསལ། །སང་ངེ་ས་ལེ་མཉམ་ལ་མ་འདྲེས་པ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣལ་འབྱོར་ཚོགས། །ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་མཆོག་ཆོས་ཀྱི་སྐུ། །ལྷུན་རྫོགས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེ། །ཡེ་ནས་ལྷུན་གྲུབ་བྱང་ཆུབ་སྙིང་པོར་ནི། །བླ་མེད་རྒྱལ་བའི་གོ་འཕང་མཆོག་ལ་བཞུགས། །བདག་དང་གཞན་དུ་རྟོག་པ་མི་མངའ་བ། །འཇིག་རྟེན་རྡོ་རྗེའི་


DNG006_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ཤར་བ་བཞིན། །ལྷན་ནེ་ལྷམ་མེར་ལྡན་པའི་དཀྱིལ་འཁོར་ཅན། །རྣམ་པར་ཐར་པའི་ཞལ་གསུམ་ཕྱག་དྲུག་ནི། །སྐུ་གསུམ་ཡེ་ཤེས་དྲུག་དང་ཆོས་ཀྱི་དབྱིངས། །ཇི་ལྟར་སྐར་ཚོགས་བཞིན་དུ་མ་འཕྲོས་ཀྱང་། །ཉི་མའི་དཀྱིལ་འཁོར་འབར་བས་ཟིལ་གྱིས་གནོན། །དེ་བཞིན་ཀུན་བཟང་རྡོ་རྗེ་སེམས་དཔའ་ཡང་། །ཉི་མ་སྟོང་གི་གཟི་བརྗིད་འབར་བས་བརྗིད། །རྒྱལ་བའི་ཚོགས་ཆེན་འདུས་པའི་གཙོ་བོ་སྟེ། །ཕྱི་ནང་གསང་བའི་དཀྱིལ་འཁོར་ཀུན་གྱི་བདག །རྣམ་པར་ཤེས་པའི་གཙོ་བོ་ཀུན་གྱི་གཞི། །རང་བྱུང་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །སྟོང་ཁམས་ཡོངས་སུ་སྙོམས་པའི་ཐུགས་རྗེ་ཅན། །འགྲོ་བའི་དཔལ་མགོན་སྣ་ཚོགས་ཀུན་ཏུ་བཟང་། །དབྱེ་བསལ་བླང་དོར་གཉིས་མེད་དོན་དུ་གཅིག །ཕྱི་དང་ནང་ཀུན་ཐམས་ཅད་ཆོས་ཀྱི་དབྱིངས། །རྣམ་པར་ཐར་པའི་སྤྱོད་ཡུལ་ཐམས་ཅད་ན། །སངས་རྒྱས་སེམས་ཅན་བླང་དོར་གཉིས་མེད་དེ། །ལམ་དང་གཉེན་པོས་བཅོས་སུ་ག་ལ་ཡོད། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་བདེ་གཤེགས་དེ་བཞིན་ཏེ། །རྟོག་དཔྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ། །ལོག་རྟོག་འཁྲུལ་པའི་དབང་དུ་ག་ལ་འགྱུར། །རྟོག་དང་མི་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །མཐར་ཐུག་མེད་ཅིང་དབྱིངས་ལ་བྲི་བ་མེད། །སྐྱེ་མེད་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ་རྣམས། །གང་ཡང་མ་ཡིན་སྣ་ཚོགས་ཆོས་ཀྱི་དབྱིངས། །ཁམས་གསུམ་རྣམ་དག་མ་བྱུང་མ་སྐྱེས་ན། །དབུས་མཐའ་མི་གཟིགས་རྣམ་པར་རྟོག་ལས་འདས། །རྣམ་རྟོག་གཉན་པོས་རྣམ་པར་མི་རྟོག་པ། །མི་རྟོག་འདོད་པས་རྟོག་པ་ཆེན་པོ་ཡིན། །ཆོས་ཀྱི་དབྱིངས་ཉིད་མི་རྟོགས་མཐའ་ལས་འདས། །རྟོག་དང་མི་རྟོག་གཉི་ག་ཚིག་གི་མཐའ། །རྣམ་རྟོག་སྤྲོས་མེད་བྱང་ཆུབ་སྙིང་པོ་ནི། །ཀུན་གཞི་རྣམ་དག་རྣམ་ཤེས་རྣམ་པར་དག །ཡེ་ཤེས་རྣམ་དག་ཆོས་དབྱིངས་རྣམ་པར་དག །བདག་ཉིད་རྣམ་དག་གཞན་ཡང་རྣམ་པར་དག །བལྟ་བ་རྣམ་དག་སྤྱོད་པ་རྣམ་པར་དག །སེམས་ཅན་རྣམ་དག་སངས་རྒྱས་རྣམ་པར་དག །རྒྱུ་རྣམས་རྣམ་དག་འབྲས་བུ་རྣམ་པར་དག །རྟེན་


DNG006_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་རྣམ་དག་འདྲེལ་བ་རྣམ་པར་དག །བདག་མེད་གཉིས་མེད་བྱང་ཆུབ་སྙིང་པོ་ལས། །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་མ་རྟོགས་པ། །ཆོས་ཉིད་ཆོས་ཚོལ་ཆོས་རྣམས་གཞན་ན་མེད། །རྒྱུ་འབྲས་དོན་རྟོགས་ཐབས་དང་ཤེས་རབ་སྟེ། །མཁྱེན་པ་མུན་སེལ་བྱང་ཆུབ་སེམས་དང་མཉམ། །དཀྱིལ་འཁོར་བྱང་ཆུབ་སེམས་ལས་རང་བྱུང་བ། །སྐྱེ་མེད་འགག་མེད་ཆོ་འཕྲུལ་སྣ་ཚོགས་འབྱུང་། །མཐུན་འཇུག་འཚམས་པའི་སྤྱོད་པ་རྒྱ་མཚོ་ནི། །བདག་དང་གཞན་དོན་ཡེ་ནས་ལྷུན་གྲུབ་ཀྱང་། །ཐུགས་རྗེ་ཆེན་པོས་འགྲོ་དོན་རྫོགས་པར་མཛད། །མིང་ཚིག་སྒྲོན་མས་དོན་གྱི་གསེར་མཚོན་པ། །ཚིག་གི་རྣམ་གྲངས་གསུང་གི་འཁོར་ལོ་ཅན། །ཡོད་མེད་མཐའ་ལས་འདས་པའི་ཀུན་གཞི་ནི། །མིང་ཚོགས་ཚིག་གི་རྣམ་གྲངས་སྡུད་པའི་བདག །ཡོད་ཀྱང་མ་ཡིན་དེ་བཞིན་མེད་མ་ཡིན། །རྟག་པ་མ་ཡིན་ཆད་པའི་མཐའ་རུ་མིན། །བདག་ཏུ་མ་ཡིན་མཚན་མར་འཛིན་པ་མེད། །ཕྱི་ནང་གཟུང་འཛིན་དངོས་པོར་གང་རྟོག་པ། །མི་མཁས་རྨོངས་པ་མུ་སྟེགས་ལྟ་ལ་ཞེན། །སྣ་ཚོགས་རང་བཞིན་མེད་པར་གང་སྨྲ་བ། །མེད་པར་མཐོང་བས་མུ་སྟེགས་ཆད་པའི་ལམ། །རྟག་ཆད་གཉིས་ཀར་གང་གི་བློ་ཞེན་པ། །དོན་གྱི་སྙིང་པོའི་བཞེད་ལས་གོལ་སར་གསུངས། །གང་ཡང་མ་ཡིན་སྣ་ཚོགས་ཆོས་ཀྱི་དབྱིངས། །བདེ་གཤེགས་རིགས་ཅན་བྱང་ཆུབ་སྙིང་པོ་ནི། །གཉིས་མེད་དོན་རྟོགས་རྫོགས་ཆེན་རྣལ་འབྱོར་པའི། །ཡེ་ཤེས་རྣམ་དག་ལྷུན་སྦྱོར་གྲུབ་པའི་མཐའ། །རེ་དོགས་མེད་པས་དབྱིངས་ལས་དབྱིངས་ཉིད་གསལ། །སངས་རྒྱས་གཞན་ནས་ཚོལ་བའི་གྲུབ་མཐའ་མེད། །ཀུན་གཞི་རྣམ་ཤེས་ཡེ་ནས་ཆོས་ཀྱི་དབྱིངས། །ཡེ་ནས་ལྷུན་གྲུབ་སངས་རྒྱས་མངོན་སུམ་ན། །གང་ནས་སུ་ལ་སངས་རྒྱས་གསོལ་བ་འདེབས། །འཁྲུལ་འཁོར་ཉམ་ཐག་རི་དྭགས་སྨིག་རྒྱུ་བཞིན། །སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཉིད་འཆོས་པ། །རྒྱ་མཚོའི་དབྱིངས་ནས་སྨིག་རྒྱུར་བསྙེགས་པ་བཞིན། །དེ་ལྟ་བས་ན་སངས་རྒྱས་ཐོབ་འདོད་ན། །ཏིང་འཛིན་རྒྱལ་


DNG006_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱང་ཆུབ་སེམས་ལ་གསལ། །རྟོགས་ན་བདག་ཉིད་སངས་རྒྱས་མངོན་སུམ་སྟེ། །མཉམ་པའི་རྒྱལ་པོ་གཉིས་མེད་ཆོས་ཀྱི་སྐུ། །གསང་དང་གསང་ཆེན་དཀྱིལ་འཁོར་ཞེས་བྱ་བ། །སངས་རྒྱས་དཀྱིལ་འཁོར་རྟོགས་པ་ཉིད་ལ་འདུས། །འཁོར་ལྡན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་པ། །མངོན་སུམ་མཚན་དང་དཔེ་བྱད་ལྡན་པ་ཡིན། །ཆོས་ཉིད་འདུལ་དང་སྙིང་རྗེ་ཆེན་པོ་ཡི། །དབང་ཕྱུག་རྫོགས་པ་ཆེན་པོའི་དམ་ཚིག་ལ། །ཡེ་ནས་རྣམ་དག་བྱང་ཆུབ་སྙིང་པོ་ནི། །རྒྱལ་བའི་དཀྱིལ་འཁོར་མཉམ་དང་མི་གཉིས་གཅིག །མཉེས་ལྡན་དངོས་གྲུབ་བླང་མེད་ཐོབ་པར་ངེས། །འཇིག་རྟེན་གསལ་བྱེད་ཉི་མའི་དཀྱིལ་འཁོར་བཞིན། །གྲགས་ལྡན་སྟོང་ཁམས་ཡོངས་སུ་འབྱུང་བར་འགྱུར། །རྒྱ་མཚོ་ཨུ་དུམ་ཝ་རའི་དཔེ་བཞིན་དུ། །བྱང་ཆུབ་སེམས་ལྡན་བརྒྱའམ་ལན་ཅིག་ན། །མི་དམིགས་ཏིང་འཛིན་གོམས་ན་འགྲུབ་པར་འགྱུར། །གལ་ཏེ་ཆགས་སྡང་བླང་དོར་བློ་སྐྱེས་ཏེ། །འཁྲུལ་སེམས་སྐད་ཅིག་རྐྱེན་གྱིས་ཁྲོས་འགྱུར་ན། །བླ་མེད་བྱང་ཆུབ་དོན་ལས་འགལ་བའི་ཕྱིར། །སྐད་ཅིག་མ་ལས་གྲུབ་གྱུར་སེམས་འདི་ལ། །ལོག་རྟོག་གསོག་ཞུགས་ཁྲོས་པའི་དབང་གིས་བརླག །འབེན་ཐག་ཆད་འགྱུར་ཉེ་བར་འགྲུབ་མི་འགྱུར། །བློ་ལྡན་ནམ་ཞིག་འགྱོད་པ་དྲག་སྐྱེས་ནས། །རང་སེམས་དབང་དུ་བཙུག་ནས་མི་གཏོང་བ། །བྱང་ཆུབ་སེམས་མཆོག་བློ་ལ་ཤར་བ་ཡིན། །བསྐལ་པར་བསགས་པའི་མུན་ནག་ཐིབས་པོ་ཡང་། །རིགས་པའི་རྒྱལ་པོ་ཡེ་ཤེས་ཉི་ཟེར་གྱིས། །སྐད་ཅིག་ཡུད་ཙམ་ཉིད་ལ་གསལ་བར་འགྱུར། །མི་ཤེས་བླུན་རྨོངས་སྐལ་མེད་སྐྱེ་བོ་རྣམས། །བདག་དང་གཞན་དུ་འཛིན་པའི་སེམས་རྒྱུད་ཀུན། །རང་བཞིན་རྒྱལ་བའི་ཆོས་སྐུར་གཅིག་པ་ལས། །འཁྲུལ་པས་སོ་སོར་བརྟགས་ཏེ་མཐོང་བས་ནོར། །ཡེ་ཤེས་སྐུ་ལ་རྒྱལ་བ་རྒྱ་མཚོ་དང་། །ལོག་རྟོག་སྒྱུ་མ་རྒྱུད་ལྔའི་སེམས་ཅན་རྣམས། །ཀུན་རྫོབ་སྒྱུ་མར་ཁྱད་པར་བསམ་ཡས་ཀྱང་། །དོན་དམ་དབྱིངས་སུ་རང་བཞིན་ཡོངས་ཀྱིས་མཉམ། །ཆོས་རྣམས་ཐམས་ཅད་


DNG006_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་སྟོང་པའི་ཕྱིར། །དེ་ཙམ་ཉིད་ལའང་མི་གནས་མྱ་ངན་འདས། །སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ། །རང་གི་སེམས་ཉིད་སངས་རྒྱས་མངོན་སུམ་ན། །གཞན་ནས་བསྒྲུབས་པའི་རྒྱལ་བ་རྡུལ་ཙམ་མེད། །འགྲོ་བ་སྐལ་ལྡན་རྣམས་ཀྱི་དོན་ཙམ་དུ། །བསྒོམ་ཞིང་བསྒྲུབ་པའི་ཐ་སྙད་ལུང་དུ་བསྟན། །དེ་ལྟ་བས་ན་མི་འགྲུབ་པ་ཡང་མེད། །དེ་ལྟར་དེ་བཞིན་ཆོས་ཀྱི་དབྱིངས་རིག་ན། །མ་རིག་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །སྙིང་རྗེ་སྐྱེས་ནས་སྒྱུ་མའི་ཏིང་འཛིན་གྱིས། །འགྲོ་དོན་ཐབས་ལ་སྤྱོད་པ་སྣ་ཚོགས་སྟོན། །བདག་དང་གཞན་དུ་རྟོག་པ་མེད་པའི་ཕྱིར། །ཡེ་ནས་གཉིས་མེད་དོན་གཅིག་ཆོས་ཀྱི་སྐུ། །ཆོས་སྐུ་སྐྱེ་མེད་རྟོགས་ནས་འགྲོ་དོན་དུ། །སྐྱེ་བའི་ཆོ་འཕྲུལ་ཡང་ནས་ཡང་དུ་བསྟན། །མཛད་པ་བཅུ་གཉིས་འགྲོ་དོན་མཐར་ཕྱིན་པ། །ཅིར་ཡང་འགྱུར་བའི་གཟུགས་ཅན་སྤྲུལ་པའི་སྐུ། །ཐུགས་རྗེ་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་གསལ། །ཐུགས་རྗེའི་སྤྲུལ་པས་གདུལ་བྱ་ཀུན་འདུལ་བས། །སྒྱུ་མའི་བློ་ལྡན་རློམ་སེམས་རྡུལ་ཙམ་མེད། །སངས་རྒྱས་རྣམས་ཀྱི་དགོངས་རྒྱུད་ཇི་ལྟ་བུ། །རང་གི་མཚན་ཉིད་མ་བཅོས་དེ་བཞིན་ཉིད། །ཆོས་རྣམས་སྒྱུ་མར་མངོན་སུམ་གསལ་བའི་ཕྱིར། །ཏིང་འཛིན་སྒྱུ་མའི་ཆོ་འཕྲུལ་སྣ་ཚོགས་རྣམས། །ཅིར་ཡང་མི་དམིགས་གང་ཡང་ངེས་པ་མེད། །རང་བྱུང་རྨད་གྲགས་བྱང་ཆུབ་སྙིང་པོ་འདི། །སྐྱེ་འགྲོ་ཕྱི་ནང་གཟུགས་རྣམས་ཐམས་ཅད་ནི། །སྐུ་མཆོག་མི་ཟད་རྒྱན་གྱི་འཁོར་ལོ་རྫོགས། །སྒྲ་སྐད་ཐ་མ་རབ་འབྲིང་མ་ལུས་པ། །གསུང་དབྱངས་མི་ཟད་རྒྱན་གྱི་འཁོར་ལོ་ཟབ། །ཐམས་ཅད་མ་ལུས་དབྱིངས་སུ་རོ་གཅིག་ཕྱིར། །ཐུགས་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་འདུས། །མཉམ་སྦྱོར་ཐིམ་འགྱུར་གསལ་ནས་མི་མངོན་པའི། །ཆོས་ཀྱི་སྐུ་མཆོག་བྱང་ཆུབ་སྙིང་པོར་ཐིམ། །གསང་སྔགས་དབང་ཕྱུག་གོ་འཕང་ཆེན་པོ་འདིར། །ཕྱི་ནང་གསང་བའི་དོན་དང་མི་ལྡན་པར། །ལ་ལ་མཁས་འདོད་དྲེགས་པའི་ང་རྒྱལ་ཅན། །རང་གི་ལྟ་བ་ཡ་རབས་མཐོང་བཞེད་དེ། །གཏི་མུག་དབང་གིས་བག་ཟོན་མ་ཆགས་


DNG006_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པར། །དྲག་འདོད་ཡས་བཞག་བཙན་ཐབས་དྲེགས་པ་ཡིས། །བདག་ལ་གཞན་མེད་དཔེ་ཟླ་འཕགས་འདོད་པ། །གཞན་ལ་བརྙས་བཙུགས་བདག་གིས་ལྷར་བསྒོམས་ཀྱང་། །མཉམ་པའི་རྒྱལ་པོའི་དོན་ལས་འགལ་བའི་ཕྱིར། །ལྟ་སྤྱོད་ཡ་ཆའི་བདུད་ཀྱི་ལས་སུ་འགྱུར། །མཐོ་དམན་རློམ་སེམས་དབང་གྱུར་མཉམ་པའི་བཅུགས། །ངའོ་སྙམ་པའི་ང་རྒྱལ་རང་བཞིན་ཏེ། །ཆགས་པའི་བློ་ལྡན་བླ་མའི་ལུང་བཞིན་དུ། །སྐྱོན་སྤོང་དགེ་རྩ་འཕགས་དྲལ་ཁྱད་པར་འཕགས། །ཚིག་ལ་མཉམ་སྦྱོར་མཁས་པ་ཟླ་མེད་ཀྱང་། །དམ་ཚིག་ཕྱལ་པས་བྱང་ཆུབ་སེམས་སྤངས་ནས། །རྡོ་རྗེ་ལྟ་བུར་འགྲུབ་འགྱུར་སེམས་འདི་ལ། །ལོག་འདྲེན་གསོག་ཅན་བདེན་ཚིག་ཅི་སྨྲས་ཀྱང་། །འཁྲུལ་པའི་སེམས་ཉིད་ལོག་འདྲེན་དབང་དུ་འགྱུར། །གསང་སྔགས་རྒྱ་མཚོའི་སྒོ་འདི་ཡངས་པ་རུ། །འཇུག་འདོད་རྒྱལ་བའི་སྐུ་བསླུས་སླར་ལོག་པ། །བདུད་རྩི་མྱངས་ནས་དུག་ཏུ་འཁྲུལ་པ་གང་། །བཛྲ་ཡཀྴ་དྲག་པོ་སྙིང་ལ་གནས། །ལུས་སྲོག་སྒྱུ་མ་རྡུལ་དུ་བརླགས་ནས་ཀྱང་། །དམྱལ་བར་ངེས་འགྲོ་གཏན་དུ་སྙིང་རེ་རྗེ། །གནམ་ལྕགས་མཁའ་ལས་འདམ་དུ་བྱིང་བ་བཞིན། །རི་དྭགས་མི་ཡུལ་སོ་མཚམས་འདས་དང་འདྲ། །རྒྱུད་ཀྱི་དོན་ལ་བསྙེག་པས་ལུང་ཞེས་བྱ། །ཐམས་ཅད་བྱང་ཆུབ་སེམས་དཔས་རྩེ་མོ་སྟེ། །མཁས་པའི་ཐུགས་ལས་བྱུང་བས་བྱུང་རྒྱལ་ཉིད། །བྱུང་རྒྱལ་ཉིད་ན་རྩེ་མོ་ཤར་བ་ཡང་། །རྣམ་གྲངས་རྒྱན་དུ་བཀོད་པས་ཕྲེང་བ་སྟེ། །དབྱེ་བསལ་བླང་དོར་མེད་པས་དམ་པའོ། །ཚད་མེད་བཞི་དང་ལྡན་པའི་རྣལ་འབྱོར་པ། །བདག་དང་གཞན་དོན་བསྒྲུབ་པར་བརྩོན་པའི་སེམས། །སྦྱོར་སྒྲོལ་དུས་ལྡན་སྙིང་རྗེ་གནས་རྣམས་ལ། །སེམས་བྲོད་ལུང་ནོད་འཁོར་དང་རྫས་ལ་སོགས། །ཕུན་སུམ་ཚོགས་འཛིན་རྒྱལ་བའི་ཐུགས་རྗེ་ཅན། །དམིགས་པའི་དོན་དུ་རྩེ་གཅིག་ཁུར་ལྡན་ན། །རྣལ་འབྱོར་ཆེ་མཆོག་གྲུབ་པའི་རིག་འཛིན་ཐོབ། །སྙིང་རྗེ་མེད་པའི་ལས་ཀྱི་གཞི་རྣམས་ནི། །ཀུན་ཏུ་བཟང་པོའི་ཚིག་ཙམ་སྨྲ་འདྲ་བས། །སྙིང་པོའི་དོན་ལས་འགལ་གྱུར་འགྲུབ་མི་འགྱུར། །ཀུན་ཏུ་བཟང་མོར་སྦྱོར་ལྡན་དངོས་གྲུབ་ཅན། །
རྣལ་འབྱོར་གྲུབ་པའི་ཕྲིན་ལས་རྒྱ་མཚོ་རྣམས། །སྐྱེ་མེད་དོན་དམ་ཀུན་རྫོབ་རྣམ་པར་སྤངས། །ཐེག་ཆེན་སྤྱི་བླུགས་རང་བཞིན་རྣལ་འབྱོར་དོན། །ལྷུན་གྲུབ་རྫོགས་ཆེན་ས་རྣམས་ཀུན་གྱི་བླ། །དེ་ལྟར་ཤེས་ལྡན་བདུད་བཞི་རྣམ་པར་སྤངས། །སྡིག་འཛེམ་ཆེར་བསྐྱེད་བསོད་ནམས་ཁྲི་ཕྲག་ལས། །ལྟ་བ་དགོངས་པའི་འབྲས་བུ་མཐར་ཕྱིན་པར། །ལུང་དང་མན་ངག་ངེས་དོན་གསལ་བར་བྱ། །རྫོགས་སོ།། །། བར་འདིར་རིན་ཆེན་ཀུན་འདུས་འཛུད།

སྲོག་གི་འཁོར་ལོ།


DNG006_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་འཁོར་ལོ། བཅོམ་ལྡན་འདས་ཏེ་མ་ལུས་ཀུན་གྱི་དཔལ། །ཐུགས་རྗེ་ཐབས་ཀྱི་འགྲོ་དོན་མཐར་ཕྱིན་པ། །བདེ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངང་། །སྐུ་གསུང་ཐུགས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས། །བྱང་ཆུབ་སེམས་ཀྱི་སྲོག་གི་འཁོར་ལོ་འདི། །མཉམ་ཉིད་འདུས་པའི་གཏེར་ལ་ཕྱག་འཚལ་ལོ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སྦྱོར་བ། །རྒྱལ་བ་རྣམས་ཀྱི་གསང་ཆེན་འཁོར་བཟློག་པ། །མྱ་ངན་འདས་པའི་དམ་ཚིག་ལུ་གུ་རྒྱུད། །ཆོས་དབྱིངས་རྣལ་འབྱོར་ཡོངས་ཀྱི་གཏེར་ཆེན་པོས། །རྣ་བརྒྱུད་ཐུགས་ཀྱི་གཏེར་ཆེན་སྐལ་ལྡན་ལ། །མི་ནུབ་ཡོངས་ཀྱི་བཙས་སུ་བཞག་པ་ཡིན། །སྐུ་གསུང་ཐུགས་ལས་བསྡུས་པའི་སྙིང་པོ་འདི། །དུས་གསུམ་རྒྱལ་བའི་ཆོས་དབྱིངས་སྐུ་གསུང་ཐུགས། །མཉམ་ཉིད་འགྲོ་དོན་མན་ངག་ཀུན་གྱི་གཏེར། །སྐལ་ལྡན་ཚད་མ་རང་རིག་དབང་ཕྱུག་གིས། །དེ་ཡི་རྗེས་སོབ་ཐུགས་ཀྱི་སྲས་མཆོག་ལ། །ཙིཏྟའི་དཀྱིལ་འཁོར་ཡངས་པར་གསལ་གྱུར་ཅིང་། །ཆོས་དབྱིངས་སྐྱེ་མེད་མི་གནས་མྱ་ངན་འདས་མེད་དག །མི་སྐྱེ་མི་འགག་འཁོར་བ་སྤང་ལེན་མེད། །ང་མེད་བདག་དང་བྲལ་བ་རྒྱལ་བའི་ཐུགས། །རྣལ་འབྱོར་གསང་བའི་སྙིང་པོ་བསམ་ཡས་པ། །རིན་ཆེན་གཏེར་འདུས་རྒྱལ་བས་བརྗོད་མི་ལང་། །མ་སྤངས་མ་བསྒྲུབས་ནམ་མཁའི་ངང་དུ་གནས། །ཁམས་གསུམ་བརྟགས་ན་འཁོར་བ་མྱ་ངན་མེད། །ཕྱོགས་ཆར་བཅས་ན་བདེ་གཤེགས་སྙིང་པོ་མིན། །ཀུན་གྱི་རང་བཞིན་འཇའ་ཚོན་སྣང་བཞིན་མེད། །དེ་ལ་མེད་བཞིན་འབྱུང་བ་རྒྱ་མཚོ་འདྲ། །ཆོས་དབྱིངས་སྐྱེ་བ་མེད་པ་ཡུམ་གྱི་ངང་། །རྒྱལ་བའི་ཕྱག་རྒྱ་རྒྱལ་བའི་ཆོ་འཕྲུལ་ཅན། །འཁོར་བ་མྱ་ངན་འདས་ལ་དགོད་པའི་ཕྱིར། །རང་བྱུང་ཡེ་ཤེས་དབྱིངས་ལས་མ་གཡོས་


DNG006_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །སྟོང་ཁམས་ཡོངས་ལ་སྙོམས་པའི་ཐུགས་རྗེ་འབྱུང་། །ང་མེད་བདག་དང་བྲལ་བའི་སྙིང་པོ་རྫོགས། །དོན་དམ་ཡེ་ཤེས་དབྱིངས་འདི་རྫོགས་པ་ཆེ། །སྙིང་པོ་ཉི་མ་བཞིན་ཏེ་འོད་ཀྱི་མཆོག །སྐྱེ་འགྲོ་ཕྱི་ནང་གཟུགས་རྣམས་ཐམས་ཅད་ནི། །སྐུ་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །སྒྲ་སྐད་ཐ་མ་རབ་འབྲིང་མ་ལུས་པ། །གསུང་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །དབྱེར་མེད་དོན་དམ་དབྱིངས་སུ་རོ་གཅིག་པས། །ཐུགས་མཆོག་མི་ཟད་རྒྱན་འཁོར་ཡོངས་སུ་རྫོགས། །ཐམས་ཅད་སྐུ་གསུང་ཐུགས་ཏེ་དབྱེར་མེད་པ། །སྐྱེ་མེད་ནམ་མཁའི་ཀློང་ཡངས་རྒྱ་མཚོ་བཞིན། །འདུ་འབྲལ་མེད་པའི་དབྱིངས་མཆོག་རབ་འབྱམས་ན། །ཆེན་པོ་བཞི་ཡི་ཆོ་འཕྲུལ་གྲངས་མེད་པ། །བརྟགས་སམ་རྟོགས་ན་འབྱུང་བའི་འབྲས་བུར་འདུས། །འཆི་བ་མེད་པའི་སྨན་ཆེན་བདུད་རྩི་འདི། །ཡེ་ནས་རྫོགས་པས་གཞན་ནས་བཙལ་མི་དགོས། །ཀུན་ཀྱང་རྒྱུ་གཅིག་ཆོས་དབྱིངས་ངང་དུ་མཉམ། །གཞན་ནས་འོངས་མེད་གར་ཡང་འགྲོ་མི་སྲིད། །ཐམས་ཅད་རང་བཞིན་བྱང་ཆུབ་སེམས་སུ་གསལ། །སྣང་སྲིད་ཐབས་ཀྱི་རང་བཞིན་རྒྱལ་བའི་ཡབ། །དེ་ལ་རང་བཞིན་མེད་པ་ཡུམ་གྱི་དབྱིངས། །ཐབས་དང་ཤེས་རབ་ལྡན་པར་མ་འདུས་མེད། །ཐབས་དང་ཤེས་རབ་འདྲེལ་བའི་རང་བཞིན་པས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བསམ་མི་ཁྱབ། །ཆོས་དབྱིངས་རྒྱུ་གཅིག་རང་བཞིན་ཅིར་སྣང་ཡང་། །བྱང་ཆུབ་རྣམ་གཉིས་ངང་དུ་ཐམས་ཅད་འདུས། །མཁའ་དབྱིངས་རྣམ་དག་ཡངས་པའི་རྒྱ་མཚོ་ལ། །འབྱུང་བའི་སྐར་ཚོགས་མང་པོ་བསམ་མི་ཁྱབ། །དེ་བཞིན་མཁའ་མཉམ་དབང་ཕྱུག་ཆེན་པོའི་ཐུགས། །ཡོན་ཏན་རྒྱ་མཚོ་སངས་རྒྱས་ཀུན་གྱི་ངང་། །བདག་མེད་ཕྱོགས་བྲལ་ཆོས་དབྱིངས་མཁའ་དང་མཉམ། །སེམས་ཅན་ཀུན་འདྲེན་བྱང་ཆུབ་དབྱིངས་ལ་འགོད། །སྡེ་སྣོད་རྒྱུད་དང་གལ་པོ་ཐུགས་ལ་རྫོགས། །མཐོ་དམན་ཕྱོགས་མཚམས་བྱང་ཆུབ་སེམས་དང་ལྡན། །ཆོས་དབྱིངས་དྲི་མེད་རྒྱ་མཚོ་དྭངས་འདྲ་བ། །སྲིད་
གསུམ་འགྲན་ཟླ་མི་མངའ་དབང་ཕྱུག་ཆེ། །ཡོངས་ཀྱི་སྲོག་འདུས་ཆོས་ཀྱི་འཁོར་ལོ་འདི། །རང་རིག་དབང་ཕྱུག་རྡོ་རྗེ་ལེགས་རྩལ་གྱིས། །རྣལ་འབྱོར་ཡོངས་ཀྱི་དོན་དུ་བསྒྲགས་པ་དག །གཉིས་མེད་མན་ངག་སྲོག་གི་འཁོར་ལོ་ཞེས། །ཐུགས་ལས་ཕྱུང་བ་འགྲོ་བ་ཡོངས་ལ་བསྔོ། །རྫོགས་སོ།། །།

བྱང་སེམས་མྱུ་གུ།


DNG006_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་མྱུ་གུ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རྒྱུ་རྐྱེན་ཚོགས་པའི་སྡོང་བུ་ལ། །མྱུ་གུ་དོན་གྱིས་འབྱུང་བ་ལྟར། །མ་བཅོས་ངང་དུ་རང་བཞིན་གནས། །གནས་པས་དམིགས་མེད་མྱུ་གུ་འབྱུང་། །སྤྲོས་མེད་བྱང་ཆུབ་སེམས་ལ་མྱུ་གུ་འབྱུང་། །རྒྱུ་ལ་ལྟོས་པ་མེད་པས་རྐྱེན་གྱིས་གཞིག་ཏུ་མེད། །སྐྱེ་འགག་མེད་པའི་མྱུ་གུ་དེ། །ཡུལ་ལ་དམིགས་པ་མེད་པས་སེམས་ལ་འཕོ་འགྱུར་མེད། །ཡུལ་སེམས་འདུ་འབྲལ་མེད་པའི་སྦྱོར་བས་མྱུ་གུ་འབྱུང་། །དེ་ལ་འགག་པ་མེད་པས་སྒྲོལ་བ་ཆེན་པོར་བརྟགས། །དུས་གསུམ་འགྱུར་བ་མེད་པས་བྱང་ཆུབ་སེམས། །མ་ལྟོས་ལྷུན་གྱིས་གྲུབ་པས་སྣང་སྲིད་ཡེ་སངས་རྒྱས། །བསྲུང་དུ་མེད་པའི་དམ་ཚིག་ཆེན་པོ་ལ། །ཡེ་བསྲུངས་གདེང་གིས་ཆོད་པའི་མྱུ་གུ་འབྱུང་། །བསྒོམ་དུ་མེད་པའི་དམིགས་པ་ཆེན་པོ་ལས། །ངང་ལས་མ་ཡེངས་མཉམ་པ་ཆེན་པོར་བཞག །རྣམ་རྟོག་སྤྲོས་བྲལ་བྱང་ཆུབ་ཆེན་པོ་ལ། །གཟུང་འཛིན་མེད་པའི་བླ་མེད་མྱུ་གུ་འབྱུང་། །རྒྱུ་ལ་རག་མ་ལུས་པའི་མྱུ་གུ་ཆེན་པོ་ལ། །རྐྱེན་དུ་བྲལ་བའི་ཡོན་ཏན་མྱུ་གུ་འབྱུང་། །འབྱུང་བ་ལྔ་ཉིད་ཡེ་ནས་སངས་རྒྱས་ལ། །སྣང་སྲིད་ལྷ་ཡི་འཁོར་ལོའི་མྱུ་གུ་འབྱུང་། །བྱང་ཆུབ་སེམས་ཅན་མན་ངག་རྒྱལ་པོ་འདི། །ཐམས་ཅད་ཡེ་ནས་སངས་རྒྱས་པའི། །རྒྱུད་དྲུག་གནས་སུ་དག་པས་བཙལ་བའི་བསམ་པ་དེ། །ལུང་ལ་སྒྲིབ་པ་མེད་པས་མན་ངག་མྱུ་གུ་ཡིན། །སེམས་ལ་དོགས་པ་མེད་པས་སངས་རྒྱས་ཀུན་གྱི་གཞི། །དུག་གསུམ་རྩད་ནས་བཅད་པས་བྱང་ཆུབ་སེམས། །འཁོར་བ་ཐམས་ཅད་སྒྲོལ་བའོ། །བྱང་ཆུབ་སེམས་ཀྱི་མྱུ་གུ་རྫོགས་སོ།། །།

བདེ་བ་ཕྲ་བཀོད།


DNG006_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཕྲ་བཀོད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སེམས་ལ་མཐའ་དབུས་མེད་པས་ཕྱི་ནང་མ་བྲལ་ཏེ། །སེམས་ལ་སྤང་ལེན་མེད་པས་བདེ་ལ་བཀོད་པའོ། །མ་བཙལ་ལྷུན་གྱིས་གྲུབ་པའི་དོན་དེ་ཡང་། །སྐྱེ་མེད་ངང་ལས་གནས་པས་བདེ་ལ་ཕྲ་བཀོད་པའོ། །སྐྱེ་བ་མེད་པའི་བྱང་ཆུབ་སེམས་ཅན་ལ། །རྫོགས་པ་ཡོངས་རྫོགས་བདེ་བའི་ཀློང་ན་འཕྱོ། །རྟེན་པའི་གནས་མེད་ཆགས་པའི་ཡུལ་དང་བྲལ། །འཁོར་བ་མེད་པའི་དོན་དེ་ཕྲ་བཀོད་པའོ། །བསྲུང་དུ་མེད་པས་འབྲས་བུ་ལྷུན་གྱིས་གྲུབ། །བསྒྲུབ་ཏུ་མེད་པས་ལྷ་རྣམས་མྱ་ངན་འདས། །མཚོན་དུ་མེད་པས་ཡི་གེས་བཀྲི་རུ་མེད། །བདག་བསྐྱེད་ཀུན་དང་བྲལ་ན་བདེ་བ་རང་ལ་སྣང་། །མི་སྐྱེ་དེ་རུ་ཆུད་པས་འདུ་འབྲལ་ཡེ་ནས་མེད། །མཐའ་དང་དབུས་མེད་བརྡལ་བའི་ཕྲ་བཀོད་པའོ། །གཉིས་སུ་མེད་པའི་རང་བཞིན་ཕྲ་བཀོད་པའོ། །སྣང་མེད་རིག་པ་ཤེས་པས་དངོས་པོ་ཀུན་དང་བྲལ། །སྐྱེ་མེད་དབྱིངས་སུ་ཐུག་པས་སྤང་ལེན་མེད་པ་ཡིན། །མ་བཅོས་ལྷུན་གྱིས་གྲུབ་པས་རང་ལ་ཤར། །བརྟན་པའི་གནས་སུ་འབྱུང་བ་ལྔ་ཉིད་ཆོས། །གྲུབ་པའི་སྐུ་མཆོག་ཆོས་སྐུ་བརྡལ་བ་ཆེ། །ཡིན་པའི་རྟགས་སུ་ཆགས་དང་བྲལ་བས་ན། །འཕོ་འགྱུར་མེད་པས་མི་སྐྱེ་གདེང་དུ་གྱུར། །དུག་ལྔ་སྤངས་པས་སྐུ་ལྔ་ཕྲ་བཀོད་པའོ། །སྤྱོད་པས་སྤྱད་དུ་མེད་དེ་ཆགས་སྡང་ཡུལ་ལས་འདས། །བསྒྲུབས་པས་བསྒྲུབ་ཏུ་མེད་དེ་ལྷ་ལ་རྟེན་མི་འཆའ། །བསྒོམས་པས་བསྒོམ་དུ་མེད་དེ་སྒོམ་པའི་ཡུལ་དང་བྲལ། །བསྲུང་བའི་ཚུལ་ཁྲིམས་བྱ་བ་ཡེ་མེད་དེ། །མི་བསྲུང་གདེང་དང་ལྡན་ནས་ཕྲིན་ལས་བཙལ་དུ་མེད་དེ་འཁོར་བ་མྱ་ངན་འདས། །སེམས་ལ་སྐྱེ་ཤི་མེད་པས་བདེ་བ་ཕྲ་བཀོད་པའོ། །མ་གཡོས་དབྱིངས་ན་གནས་པས་གང་ཡང་འགྱུར་བ་མེད། །སྣང་སྲིད་ཀུན་ལ་ཁྱབ་པས་མཐའ་དང་དབུས་མེད་ཡིན། །གང་ཡང་བཀག་པ་མེད་པས་གསལ་བའི་ཕྲ་བཀོད་པའོ། །བདེ་བའི་ཀློང་ན་གནས་པས་སྡུག་བསྔལ་བྲལ་བ་ཡིན། །འབྲས་བུ་ཆོས་སྐུར་གྲུབ་པས་མཚོན་པ་མྱ་ངན་འདས། །ཡེ་བརྡལ་འབྲས་བུ་ཡིན་པས་ཆོས་སྐུ་འགྲུབ། །བལྟ་བར་བསྟན་པས་ཡེ་ནས་
གོས་པ་མེད། །སྣང་བ་རང་ལ་ཤར་བས་སེམས་ལ་ནུས་པ་མེད། །མི་ནུབ་རྒྱལ་མཚན་རྩེ་རུ་ཕྱིན་ན་ལྟུང་བ་མེད། །དམིགས་པ་ཡུལ་མེད་རྟེན་པའི་གཞི་དང་བྲལ། །ཆགས་སྡང་མེད་ན་སྡུག་བསྔལ་བྲལ་བ་ཡིན། །མི་འགྱུར་ལྷུན་གྱིས་གྲུབ་པའི་བདེ་བའི་ཀློང་ན་གནས། །མཉམ་ཉིད་དོན་དུ་རྟོགས་པས་ཕྲ་བཀོད་པའོ། །མི་སྐྱེ་དབྱིངས་ནས་རིག་པ་རང་ལ་ཤར། །དོན་དམ་ངེས་པ་རྟོགས་ནས་མཉམ་པའི་ཀློང་ན་འཕྱོ། །བསྒོམ་བསྒྲུབ་མཐའ་ལས་འདས་པས་མཉམ་པའི་ཀློང་ན་གནོས། །རང་བཞིན་ལྷུན་གྱིས་གྲུབ་པས་རྒྱུ་དང་འབྲས་བུ་མེད། །སྣང་བ་རང་ལ་ཤར་བས་ཉིན་དང་མཚན་མོ་མེད། །མ་བཀག་ཀུན་ལ་ཁྱབ་པས་ཡེ་བརྡལ་ཕྲ་བཀོད་པའོ། །མི་སྐྱེ་དབྱིངས་ནས་རིག་པ་རང་ལ་ཤར། །དོན་དམ་ངེས་པ་རྟོགས་ནས་མཉམ་པའི་ཀློང་ན་འཕྱོ། །མཉམ་པའི་ངང་ལ་བཞག་ན་དུས་གསུམ་གཅིག་ཏུ་ངེས། །བྱུང་ཚོར་བྱིང་རྨུགས་ཐར་ལམ་མི་འཐོབ་མཉམ་པར་བཞག་པའོ། །སྐྱེ་མེད་དབྱིངས་ནས་རིག་པའི་བཅུད་ཤར་བའོ། །དངོས་པོ་ཀུན་དང་བྲལ་བས་སྣང་བ་རང་ལ་ཤར། །གཟུང་འཛིན་རྣམ་རྟོག་བྲལ་བས་བདེ་བ་རང་ལ་སྣང་། །ཆགས་དང་བྲལ་བས་རྟོགས་པའི་མཐར་ཐུག་པའོ། །སེམས་ལ་བསྒོམ་དུ་མེད་པས་ཚིག་གི་མཐའ་ལས་འདས། །བསྒྲུབ་ཏུ་མེད་པས་ཡི་གེ་སྒྲ་དང་བྲལ། །བསྲུང་དུ་མེད་དེ་ཡེ་བསྲུངས་ཕྲ་བཀོད་པའོ།། །།

བྱང་ཆུབ་ཀྱི་སེམས་ཏིག


DNG006_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་རྫོགས་པ་སྤྱི་གཅོད་ཀྱང་ཟེར་ཏིག །ཆོས་རྣམས་མ་ལུས་དབྱིངས་སུ་རྒྱུ་གཅིག་པས། །འཁོར་བ་མྱ་ངན་འདས་པ་གཉིས་མེད་དེ། །ཇི་ལྟར་བལྟས་པ་ཀུན་ཏུ་བཟང་པོའི་ཀློང་། །དབྱེར་མེད་ཀློང་ལས་མ་ཉམས་བདེ་བའི་སྐུ། །སྣང་སྲིད་མ་ལུས་ཡེ་ནས་དག་པས་ན། །སེམས་ཅན་སེམས་ཉིད་རྒྱལ་བ་སངས་རྒྱས་ཡིན། །རྡོ་རྗེ་སེམས་དཔའ་དབྱེར་མེད་ཡེ་སངས་རྒྱས། །ཡེ་ནས་དག་པས་ཆོས་སྐུ་བདེ་བའི་མཆོག །བཙལ་དུ་མེད་པས་བསྒོམ་པའི་ཚིག་དང་བྲལ། །ཚིག་ལས་འདས་པས་བརྗོད་པའི་ཐ་སྙད་མེད། །ཡེ་སངས་རྒྱས་པས་བལྟ་བའི་དམིགས་མེད་དེ། །སྙིང་པོ་བྱང་ཆུབ་དགོངས་སུ་མེད་པའོ། །རྣལ་འབྱོར་བལྟ་དམིགས་ཚོལ་བ་དོན་ལས་ཉམས། །མི་བལྟ་མི་ཚོལ་དོན་དེ་ཉིད་ཡིན་པས། །དོན་ལ་མི་བལྟ་བལྟར་མེད་འཁྲུལ་པ་མེད། །བདེ་བ་ཆེན་པོ་གང་ཞིག་ཚོལ་བ་འཁྲུལ། །རྣལ་འབྱོར་སྟོང་བསྒོམ་ལྕགས་ནས་བཀྲོལ་བ་ཡིན། །རྫོགས་སོ།། །། བར་འདིར་ཁམས་གསུམ་སྒྲོན་མ་འཛུད།

རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་རྡོ་རྗེ་ཐེག་པ་རྩ་བའི་རྒྱུད།


DNG006_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏནྟྲ་རཱ་ཛསྭརྞྞ་ཀཱུརྨྨ་བཛྲ་ཡ་ན་མཱུ་ལ་ཏནྟྲ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་རྡོ་རྗེ་ཐེག་པ་རྩ་བའི་རྒྱུད། མཁྱེན་ལྡན་སྟོན་པའི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་གསུངས་པའི་དུས་གཅིག་ན། །རྣམ་པ་ཐམས་ཅད་མཁྱེན་པའི་སྟོན་པ་དེས། །ཐུགས་རྗེ་ཆེ་མངའ་འགྲོ་བའི་དོན་བྱའི་ཕྱིར། །སྐྱེ་བ་མེད་ལས་སྐྱེ་བའི་ཆོ་འཕྲུལ་བསྟན། །ནམ་མཁའ་ལྟ་བུའི་ཆོས་སྐུ་མཚོན་བྲལ་བས། །གཟུགས་སྐུར་བཞེངས་ནས་འགྲོ་དོན་མཐར་དབྱུང་ཕྱིར། །ཡེ་སངས་གནས་སུ་ཤེས་རབ་བློ་རྩལ་བསྐྱེད། །འོག་མིན་གནས་སུ་འགྲོ་འདུལ་ཆོས་ལུང་མནོས། །སུམ་ཅུ་རྩ་གསུམ་འཁོར་རྣམས་ཀུན་ལ་བཤད། །འོད་གསལ་གནས་སུ་བློ་ཡི་རྩལ་རྣམས་འབྱོངས། །འདུལ་བའི་དུས་ལ་བབ་པ་ཐུགས་ཀྱིས་མཁྱེན། །ཡབ་ཀྱི་བལྟ་བས་ཕབ་ཅིང་ཡུམ་གྱི་ལྷུམས་སུ་ཞུགས། །ཟླ་དགུ་ངོ་བཅུ་སྐྱེ་བ་བཞེས་ཚུལ་བསྟན། །ཤིན་ཏུ་མཚན་བཟང་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུར་ཡོངས་སུ་བསྟན། །ད་ལྟར་སེམས་ཅན་ཡོངས་སུ་སྤྲོ་བསྐྱེད་ཕྱིར། །དགུང་ལོ་རིམ་པས་མཛད་པ་མཐའ་རུ་ཕྱིན། །འགྲོ་བ་སེམས་ཅན་གང་གིས་གང་འདུལ་བ། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཕྱེ་སྟེ་བསྟན། །དེ་བསྟན་གནས་ནི་རྣམ་པ་གསུམ་དུ་བཤད། །ཁ་ཅིག་སྟོབས་ལྡན་བློ་གསལ་དད་ཆེ་ལ། །ཀུན་གྲགས་རྒྱ་ཆེན་ཡོངས་སུ་འཕེལ་ཏེ་བསྟན། །ཁ་ཅིག་འཕྲོ་ཅན་སྣོད་དང་ལྡན་པ་ལ། །མདོ་ཡི་དོན་རྣམས་ངེས་པར་བསྡུས་ལ་བསྟན། །ཁ་ཅིག་དད་མོས་ངེས་པར་འཛིན་འཆང་ལ། །རྩ་བའི་མན་ངག་ལྷུག་པ་ཉིད་དུ་བསྟན། །སྤྱིར་ནི་འདི་ལ་འདི་ལྟར་བཤད་མི་ལང་། །བྱེ་མའི་ལེ་བཞིན་གྲངས་ལས་འདས་པ་སྟེ། །བག་ཕྱེ་ལ་སོགས་སྐྲ་ཤད་ལྡེར་བཞིན་སྣང་། །འོག་ཏུ་གཏོར་བཞིན་འདྲ། འགྲོ་བའི་དོན་ཕྱིར་དགོས་ཆེད་ངས་བསྟན་ཏོ། །གང་ཞིག་གསོན་གཤིན་འགྲོ་དོན་བྱེད་པ་ལ། །གནམ་འགྲེང་ཕྲེད་ཉལ་ཁ་སྦུབ་དོན་རྣམས་ཡང་། །ངེས་པར་ཐར་ཆགས་ལ་ཤན་ཕྱེ་སྟེ་བསྟན། །གང་ཞིག་བསྟན་པ་འཛིན་སྐྱོང་དད་པ་ལ། །རྒྱུད་ལུང་བྱེ་བྲག་མང་དུ་བསྟན་པ་ཡང་། །ཡ་མ་ཀི་ལ་མདོ་ཡིས་ཕྱེ་སྟེ་བསྟན། །གང་ཞིག་དགེ་བཅུ་སྤྱོད་ཅིང་འདུལ་ཁྲིམས་བསྲུང་དད་ལ། །འདུལ་ཁྲིམས་སྡོམ་པ་མང་དུ་བསྟན་པ་ཡང་། །ཉན་ཐོས་བྱང་ཆུབ་སེམས་དཔའི་མདོ་ཡིས་ཕྱེ་སྟེ་བསྟན། །གང་ཞིག་སྤྱི་རྒྱུད་གསང་སྔགས་ལ་དད་པར། །རྩ་བའི་དཀྱིལ་འཁོར་མང་དུ་བསྟན་པ་ཡང་། །བྱ་བ་གཉིས་ཀ་རྣལ་འབྱོར་རྒྱུད་ཀྱིས་ཕྱེ་སྟེ་བསྟན། །གང་


DNG006_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གསང་སྔགས་ནང་ལ་དད་པ་ལ། །བསྙེན་སྒྲུབ་རིམ་པ་མང་དུ་བསྟན་པ་ཡང་། །བསྐྱེད་རྫོགས་རྣམ་པ་གཉིས་སུ་ཕྱེ་སྟེ་བསྟན། །གང་ཞིག་ཐེག་ཆེན་ཉིད་ལ་མོས་པ་ལ། །སེམས་ཕྱོགས་བྱེ་བྲག་མང་དུ་བསྟན་པ་ལ། །ཨ་ཏི་ཡོ་གའི་མདོ་ཡིས་ཕྱེ་སྟེ་བསྟན། །དེ་ལྟར་བྱེ་བྲག་མང་དུ་བསྟན་གྱུར་ཀྱང་། །དེ་དོན་དེ་ལས་དེ་ཉིད་ཤིན་ཏུ་འབྱུང་བ་དཀའ། །འབྱུང་བ་དཀོན་ཕྱིར་ཐུགས་ཀྱི་དཀྱིལ་འཁོར་ནས། །ངེས་པའི་སྙིང་པོ་རྩ་བའི་རྒྱུད་དང་ནི། །རྒྱུད་ཀྱི་རྣམ་པ་ཡོངས་སུ་བསྟན་པ་ཡང་། །རྒྱུད་དང་ཕྱི་མ་ཀལྦ་དུམ་བུར་བསྟན། །རིན་ཆེན་རིགས་ཅན་བུམ་པའི་བློ་ཅན་ལ། །རྒྱུད་འདི་རྒྱུད་ཀྱི་རྒྱུད་དེ་རུས་སྦལ་རྩ་བའི་རྒྱུད། །ལྟ་བས་ཐག་བཅད་སྤྱོད་པས་ལ་དོར་ཕྱི་རུ་བསྟན། །ཙན་དན་རིགས་ཅན་པདྨའི་བློ་ཅན་ལ། །བྱང་སེམས་ཐེག་པ་ཕྱི་མའི་རྒྱུད། །ཤེས་པ་ངེས་པ་གཅིག་ལ་གཞག་ཕྱིར་བསྟན། །མ་ངེས་ཐ་དད་སོ་སོའི་བློ་ཅན་ལ། །བཀོལ་བ་སོ་སོའི་རྒྱུད་ཆུང་བཅུ་གཉིས་པོ། །གང་ཟག་མཚན་རྟགས་རྒྱུད་ཀྱི་མཚན་རྣམས་བསྟན། །གང་ཞིག་རྫོགས་ཆེན་ལ་ཟློས་ཤན་མ་ཕྱེད་པ་ལ། །རྫོགས་པ་སྤྱི་གཅོད་རྒྱུད་ཉིད་བསྟན་པར་བྱ། །གང་ཞིག་སྙིང་པོའི་དོན་བྲལ་ལོ་མའི་ཚོགས་ཕྱོགས་ལ། །རྩ་བ་བསྡུས་པའི་རྒྱུད་རྣམས་བསྟན་པར་བྱ། །གང་ཞིག་རྟོག་འཛིན་གཉིས་སུ་བལྟ་བ་ལ། །ཉན་གཅིག་དགོངས་པའི་རྒྱུད་ཉིད་བསྟན་པར་བྱ། །གང་ཞིག་མཚོན་པ་ཚིག་གི་དོན་བྱེད་ལ། །ཡི་གེ་མེད་པའི་རྒྱུད་ཉིད་བསྟན་པར་བྱ། །གང་ཞིག་རྟག་ཆད་གཟུང་འཛིན་གཉིས་སུ་བལྟ་བ་ལ། །མཐའ་རུ་སེལ་བའི་རྒྱུད་ཉིད་བསྟན་པར་བྱ། །གང་ཞིག་གསེར་དང་བོང་ཉིད་རྟོག་ཅན་ལ། །དྲི་མེད་དག་པའི་རྒྱུད་ཉིད་བསྟན་པར་བྱ། །གང་ཞིག་སྙིང་པོའི་དོན་ལ་འགྱུར་བའི་བློ་ཅན་ལ། །ལྟ་བ་རྡོ་རྗེའི་རྒྱུད་ཉིད་བསྟན་པར་བྱ། །གང་ཞིག་དགོངས་པའི་དོན་གོལ་སྒྱུ་མའི་ལུས་ལ་བདེ་བ་ཅན། །བསམ་གཏན་ཙོག་པུའི་རྒྱུད་ཉིད་བསྟན་པར་བྱ། །གང་ཞིག་བལྟ་བའི་ལྟ་བ་མ་རྟོགས་ལ། །ཐུགས་ཀྱི་ཡང་གཏེར་རྒྱུད་ཉིད་བསྟན་པར་བྱ། །གང་ཞིག་མན་ངག་གིས་མན་ངག་མ་རྫོགས་པ་ལ། །གསང་བ་ཡང་གཏེར་རྒྱུད་ཉིད་བསྟན་པར་བྱ། །གང་ཞིག་འཁྲུལ་པའི་ཡིད་


DNG006_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བྲལ་བ་ལ། །མུ་ཏིག་ཕྲེང་བ་ཐབས་ཀྱི་རྒྱུད་ཉིད་བསྟན་པར་བྱ། །གང་ཞིག་ལྟ་སྤྱོད་ཡ་བྲལ་གྱུར་པ་ལ། །རྗེས་འཇུག་སྤྱོད་པའི་རྒྱུད་ཉིད་བསྟན་པར་བྱ། །དེ་བཞིན་བློ་ཡི་ཁྱད་པར་སོ་སོ་ལ། །མན་ངག་རྡོ་རྗེ་ཐེག་པ་གཅིག་ཏུ་བབས། །ཞེས་སྟོན་པ་ཉིད་སྐུ་ཆེ་བའི་ཡོན་ཏན་དང་ལྡན་ནས་ཐུགས་རྗེས་ཕྱི་རབས་ཀྱི་དོན་དུ་བསྟན་པ། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་སྟོན་པ་ཉིད་སྐུ་རྡོ་རྗེ་ལྟ་བུའི་ངོ་བོར་བཞུགས་ཏེ། དེའི་ཚེ་དེའི་དུས་ན། འཁོར་རྣམས་ཀྱི་ནང་ནས། སེམས་དཔའ་རྡོ་རྗེས་ཞུས་པ། ཁམས་གསུམ་འཁོར་བའི་སེམས་ཅན་སྐྱེ་དང་འཆི་ལ་བརྟག །ཟོ་ཆུའི་འཁྱུད་མོ་ཤིང་རྟའི་འཕང་ལོ་འདྲ། །སྡུག་བསྔལ་བཞི་ལས་ཐར་པའི་དུས་མཐའ་མེད། །འཁོར་བ་འདི་ལས་ཐར་པ་ཐོབ་ཐབས་ཤིག །ཐུགས་ཀྱི་དཀྱིལ་ནས་ངེས་པའི་བཅུད་ཕྱུང་བ། །ཕྱི་རབས་དོན་དུ་བསྟན་པ་གཞག་ཏུ་གསོལ། །ཞེས་ཞུས་པ་དང་། དེ་ཡི་སྟོན་པས་བཀའ་སྩལ་པ། །སེམས་དཔའ་རྡོ་རྗེ་ལ་སོགས་ཀུན། །ཤིན་ཏུ་ལུས་ཐུད་དབང་པོ་བརྟན་པར་ཉོན། །ཕྱི་རབས་དོན་དུ་གསེར་གྱི་རུས་སྦལ་འདི། །རྡོ་རྗེ་ཐེག་པ་རྩ་བའི་རྒྱུད། །ཚིགས་སུ་བཅད་དེ་ཡོངས་སུ་དྲངས་པ་འདི། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །སྐྱེ་དང་འཆི་ལ་བརྟག་ཅིང་འཁོར་བར་བརྒྱུད་པ་ཡང་། །ཇི་བཞིན་དེ་བཞིན་མ་རྟོགས་པས་སུ་བརྒྱུད་པ་ཡིན། །ཁམས་གསུམ་འཁོར་བའི་སེམས་ཅན་ཐར་པ་འཐོབ་བྱའི་ཕྱིར། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གྲངས་མང་ཡང་། །ཐུགས་ཀྱི་དཀྱིལ་ནས་ངེས་པའི་བཅུད་ཕྱུང་ལ། །རྩ་བ་ཡོངས་སུ་བསྡུས་ནས་བསྟན་པ་འདི། །མ་ནོར་ངེས་པ་ཐུགས་ཀྱི་དཀྱིལ་དུ་ཞོག །ངེས་པར་མ་བཞག་ཁམས་གསུམ་འཁོར་བར་འགྱུར། །ཁམས་གསུམ་འཁོར་བའི་སེམས་ཅན་སྐྱེ་དང་འཆི་ལ་བརྟག་པ་ཡང་། །ཇི་བཞིན་པ་ལ་དེ་བཞིན་མ་བཞག་པར། །དེ་དང་མི་མཐུན་རྣམ་པར་རྟོག་པར་འགྱུར། །དེ་བརྟག་རྒྱུ་བསགས་ཁམས་གསུམ་འཁོར་བར་འགྱུར། །རྣམ་རྟོག་དེ་ཡི་རྒྱུ་རྐྱེན་བཤད་མི་ལང་། །བག་ཆགས་


DNG006_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་སྐྲ་ཤད་གཏོར་བཞིན་སྣང་། །དེ་ཡི་རྒྱུ་རྐྱེན་དེ་ལ་དེ་དོན་སྣང་མི་འགྱུར། །མ་བརྟགས་ཇི་བཞིན་གནས་པ་དེ་བཞིན་ཉིད། །མི་རྟོག་མི་རྟག་བརྟག་པའི་ཡུལ་ལས་འདས། །བརྟག་མེད་ཡུལ་ལས་འདས་པ་མཁའ་གསལ་ནམ་མཁའི་ཀློང་། །ནམ་མཁའི་ཀློང་ནི་ཡེ་ནས་དེ་བཞིན་ཉིད། །བརྟགས་པས་དངོས་པོ་དབྱིབས་དང་ཁ་དོག་སྟེ། །འདི་ལ་དབྱིབས་དང་ཁ་དོག་མ་འགྲུབ་དངོས་མེད་ནམ་མཁའི་ཀློང་། །ཅིར་ཡང་བསྒྱུར་དུ་མེད་པ་དེ་བཞིན་ཉིད། །དེ་བཞིན་ཉིད་ནི་མཚོན་པ་ཡོངས་དང་བྲལ། །མཛུབ་ཁྲིད་ཟླ་བ་ལྟ་བུར་བསྟན་པ་དེ། །དེ་བསྟན་ཟླ་མཛུབ་མི་གཅིག་ཐག་རིང་འགྱུར། །དེ་བཞིན་དེ་དང་དེ་གཉིས་ཐག་རིང་ཡང་། །ཇི་བཞིན་པ་ཉིད་ངེས་པར་རང་ལ་འཆར། །དེ་བཞིན་རྟོགས་པ་སངས་རྒྱས་ཉག་གཅིག་མ། །རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱིས། །དེ་བསྟན་དེ་ཉིད་ཡོངས་སུ་ཤེས་པར་གྱིས། །ཐེག་པའི་བྱེ་བྲག་གྲངས་སུ་མང་བསྟན་ཀྱང་། །བསྡུས་པས་སྒོ་བཞི་སྤྱི་ཏི་ཡིད་དང་ལྔ། །སྒོ་བཞི་འདི་ནི་དྲང་དོན་ཙམ་དུ་ངས་བསྟན་ཏེ། །འདིར་ཞུགས་རྣམ་རྟོག་ཉིད་དང་འགྲོགས་པར་འགྱུར། །རྣམ་རྟོག་དེ་ལས་དེ་ཉིད་འབྱུང་བར་དཀའ། །སྐྱེ་བ་བརྒྱུད་ནས་འབྲས་བུ་འབྱུང་བར་བཤད། །ཕྱི་ནང་སྡེ་སྣོད་ཡོངས་ཀྱི་སྤྱི་ཏི་འདི། །ངེས་པའི་དོན་དུ་ངས་བསྟན་ཀུན་རྫོགས་ཏེ། །གདུལ་བྱ་ཆུད་ཟོས་མགོ་ལ་བསྟན་པར་དཀའ། །འདི་ཉིད་ཡེ་ནས་ཚོགས་གཉིས་རྫོགས་ཕྱིར་སྒྲིབ་གཉིས་དག །དག་པའི་དོན་ཉིད་ཡེ་ནས་དེ་བཞིན་ཉིད། །དེ་བཞིན་ཉིད་ནི་དབུ་མར་ཡང་དག་བཤད། །མི་དམིགས་བདེ་བ་གཉིས་ལས་འདས། །ཅིར་ཡང་བརྟག་དཀའ་བརྟགས་པས་རྟོགས་པར་དཀའ། །ལྕགས་ཀྱི་སྒྲོམ་བུ་འཐེབ་རྒྱས་བཏབ་པ་བཞིན། །དེ་བཞིན་ཉིད་དོན་འདི་ཞེས་བསྟན་པར་དཀའ། །གཏིང་དཔག་བཅད་དཀའ་མན་ངག་རྒྱ་མཚོའི་ཚུལ། །གཅེས་པས་བཙལ་དཀའ་ཤེལ་སྒོང་དག་པའི་ཚུལ། །དཀོན་ལ་བཙལ་དཀའ་བསམ་འཕེལ་ནོར་བུའི་ཚུལ། །འདི་རྟོགས་གང་ཟག་ཨུ་དུམ་ཝཱ་རའི་ཚུལ། །འདི་མཐོང་དཀའ་


DNG006_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསེར་གྱི་རུས་སྦལ་ཚུལ། །འདི་དོན་མཐོང་བ་རྣམས་ཀྱིས་འདི་མི་མཐོང་། །མ་མཐོང་མཐོང་བ་ཡེ་ནས་དེ་བཞིན་ཉིད། །མ་བསླད་ཇི་བཞིན་གནས་པ་དེ་བཞིན་ལ། །གཉིས་མེད་སངས་རྒྱས་གནས་པ་བསྒོམ་པའི་ཀློང་། །བསྒྲུབ་འཚོལ་སྨོན་པ་རྟོག་གེ་བྱིས་པ་འདྲ། །ས་ལམ་གཉིས་མེད་བགྲོད་དུ་ཕུགས་མཐའ་མེད། །སྒོ་ཕུག་གཉིས་མེད་ཐམས་ཅད་དེ་བཞིན་ཉིད། །ལམ་མེད་ལམ་འདོད་གླང་ཆེན་རྨིག་བསྙེག་འདྲ། །བསྐལ་པ་ཙམ་བགྲོད་འདི་ཐོབ་རབ་ཏུ་དཀའ། །ཐམས་ཅད་དེ་བཞིན་ཉིད་དེ་དེར་གནས་པ། །རྡོ་རྗེ་ཀློང་རྒྱ་ཐམས་ཅད་ཡེ་སངས་རྒྱས། །འདི་དོན་སྒྲ་དང་ཚད་མས་གཞིག་པས་བརྡ་མི་འཕྲད། །གཉིས་འཛིན་མུ་སྟེགས་རྟག་ཆད་བགྲོད་དུ་འགྱུར། །འདི་དོན་འདི་ལ་སུ་བརྗོད་རྟོག་པའི་རྒྱུན། །རྣམ་རྟོག་དེ་ལ་བླ་མེད་ཕྱོགས་ན་མེད། །མ་བརྟགས་མ་རྟོགས་རྟོག་མེད་དེ་བཞིན་ཉིད། །དེ་དོན་ཤིན་ཏུ་གཏིང་དཔག་བཅད་པར་དཀའ། །ཚད་མས་མི་ཤིགས་དཔེས་ཀྱང་མཚོན་དུ་མེད། །བདེན་པ་གཉིས་མེད་ཚིག་མེད་ཡི་གེ་མེད། །བསྒྲིབ་མེད་བཙལ་མེད་སྨོན་དུ་རྡུལ་ཙམ་མེད། །ལུང་ལ་མི་རྟོག་ཐེག་པ་མི་འཚོལ་བའི། །ཡེ་ཁྱབ་ཡེ་ནས་ཡེ་སངས་རྒྱས་པ་འདི། །རྟོགས་མ་ཐག་ཏུ་སངས་རྒྱས་ཡིན་པར་བཤད། །ཅེས་རྩ་བའི་རྒྱུད་ལས། ཐམས་ཅད་དེ་བཞིན་ཉིད་དུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །རྫོགས་ཆེན་ལ་ཉིད་བཟླས་ཏེ་བསྟན། །རང་བཞིན་ལྷུན་རྫོགས་རྫོགས་ཆེན་ཉིད། །རྫོགས་པ་ཆེན་པོར་ཡེ་ནས་གནས། །ཐམས་ཅད་རྫོགས་པའི་རང་བཞིན་ལ། །བཟང་ངན་བླང་དོར་གཉིས་སུ་མེད། །ཐེག་པ་ལམ་དང་བསྒོམ་བསྒྲུབ་བརྩོན། །རྫོགས་ཆེན་འདི་ལས་འགལ་བར་བཤད། །རྒྱུ་འབྲས་གཉིས་མེད་རྡོ་རྗེའི་སྐུ། །སྐྱེ་ཤི་མེད་པར་ལྷུན་གྱིས་གནས། །གནས་པའི་དོན་ལ་གཉིས་སུ་མེད། །དཔེར་ན་ཆོས་དང་སངས་རྒྱས་མེད། །ལྟ་བས་བལྟས་པས་འཁྲུལ་པར་སྣང་། །རྒྱུ་འབྲས་ཐེག་པ་བརྟགས་པས་ནོར། །ལམ་གྱི་རིམ་པ་གཏིང་ནས་མེད། །ལམ་ནི་ཉེ་ལམ་རྫོགས་པའོ། །འཇུག་


DNG006_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དང་བལྟ་དང་སྐྱོང་བསྲུང་རྣམས། །མ་བཙལ་ཡེ་ནས་ལྷུན་གྱིས་རྫོགས། །བསྒོམ་དང་བློ་ཡི་ཐེ་ཚོམ་མེད་པས་རྫོགས་ཆེན་ནམ་མཁའི་ཀློང་། །ནམ་མཁའི་ཀློང་ལ་བསྲུང་དང་བསྒོམ་འཇུག་ལྟ་སྤྱོད་བྱ་མི་དགོས། །ཅིས་ཀྱང་དཔག་ཏུ་མེད་པ་རྫོགས་ཆེན་ཀློང་། །ཀློང་ཆེན་འདི་ནི་ཡིད་བཞིན་ནོར་བུའི་ཚུལ། །འདི་ཚོལ་རྣམས་ཀྱིས་གཞན་ནས་འདི་མ་བཙལ། །རང་ལ་གནས་ཤིང་གཞན་ནས་འདི་འཚོལ་ན། །བསྐལ་པ་གསུམ་དུ་འདི་བཙལ་རྙེད་མི་འགྱུར། །གང་ཞིག་སངས་རྒྱས་རྣམས་ཀྱིས་འདི་མ་བཙལ། །དེ་བཞིན་སེམས་ཅན་འདི་ཚོལ་བཙལ་མི་རྙེད། །མི་ཚོལ་ངོ་བོ་ཉིད་དུ་ཐམས་ཅད་གནས། །རྩོལ་བསྒྲུབ་ལམ་ལ་གནས་པའི་གང་ཟག་རྣམས། །དངུལ་ལ་གསེར་ཞུན་བྱས་ཀྱང་གསེར་མི་བཏུབ། །མཚོན་པ་ཚིག་ཏུ་སྟོན་པ་ལམ་ལས་ཉམས། །རྫོགས་ཆེན་འདི་ཡི་དོན་དུ་ག་ལ་འགྱུར། །མི་སྣང་སྣང་བ་མེད་པའི་ཆོས་ཉིད་ལ། །རང་བློས་གང་ལྟར་ཅི་བསམ་འཁྲུལ་པར་འགྱུར། །བསམས་པ་ཉིད་ལ་མི་འཇོག་ན། །དེ་ནི་སྙིང་པོ་ཉག་གཅིག་མ། །མངོན་སུམ་མི་གནས་རྫོགས་ཆེན་འདི། །སངས་རྒྱས་ཀྱིས་ཀྱང་མཚོན་དུ་མེད། །དེ་བཞིན་ལྟ་བས་བལྟ་རུ་མེད། །མ་བལྟས་བཞག་ན་ལྟ་བ་ཡིན། །རང་བཞིན་དེ་ལ་མི་འཇོག་ན། །དེ་དག་བྱང་ཆུབ་རྫོགས་ཆེན་ཉིད། །མངོན་སུམ་མི་གནས་རྫོགས་ཆེན་འདི། །སངས་རྒྱས་ཉིད་ཀྱིས་མཚོན་དུ་མེད། །བཙལ་ནས་རྩོལ་ནད་སངས་མི་སྲིད། །མ་བཙལ་བཞག་ན་རྫོགས་ཆེན་ཉིད། །སྒོ་ཕུག་མེད་ཅིང་བལྟར་མེད་མི་གནས་དོན། །མཛད་སྤྱོད་རྣམ་པར་དག་པའི་རྫོགས་ཆེན་ལ། །འཇུག་བལྟ་བསྲུང་བརྗོད་གཉིས་ནི་འཁྲུལ་པ་སྟེ། །མི་འཇུག་མི་བལྟ་མི་བསྲུང་སྟེ། །བསྒྲུབ་རྩོལ་ལམ་ལ་མི་གནས་ན། །དེ་ཡི་རང་བཞིན་རྫོགས་ཆེན་ཉིད། །གང་ལ་མི་བསྟན་མི་བསྒོམ་ཅིར་ཡང་མི་བཙལ་བཙལ་དུ་མེད། །ཐམས་ཅད་ལྷུན་རྫོགས་ཡེ་ནས་རྫོགས་ཆེན་པས། །སངས་རྒྱས་ཉིད་ཀྱིས་རོལ་པ་གཅིག་ཏུ་བཤད། །ཅེས་རྩ་བའི་རྒྱུད་ལས། རྫོགས་ཆེན་ལ་བཟླ་ཞིང་རྩོལ་བསྒྲུབ་ལས་འདས་པར་


DNG006_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །ལམ་གྱི་ཉེ་རིང་བསྟན་པ་ནི། །ཅི་སྤྱད་ཅི་བལྟ་ཅི་བསྒོམས་ཀྱང་། །ལམ་མེད་ལམ་ལ་བགྲོད་པས་གོལ། །རྫོགས་ཆེན་འདི་ལ་སྒོ་ཕུག་མེད། །ཐམས་ཅད་ཉག་གཅིག་རྡོ་རྗེའི་སྐུ། །གཉིས་མེད་མི་འགྱུར་ཡང་དག་ལམ། །ལམ་གྱིས་བགྲོད་པར་འདོད་རྣམས་དག །ལམ་མེད་ལམ་འཇུག་འཁྲུལ་པ་སྟེ། །ས་བཅུར་བརྟོལ་ཡང་བྱང་ཆུབ་ཉིད་ལ་བསྒྲིབ། །མི་བགྲོད་རང་བཞིན་གནས་པའི་དོན་མེད་ན། །མཐོ་རིས་བགྲོད་པའི་རྒྱུ་ལ་ཉོན་མོངས་ཟིན་པར་འགྱུར། །ལམ་མེད་ལམ་དུ་ཞུགས་པས་ཡུལ་རྙེད་རབ་ཏུ་དཀའ། །ཆུས་གདུངས་གླང་ཆེན་སྨིག་རྒྱུ་བསྙེག་པ་ལྟར། །བསྐལ་པར་བགྲོད་ཀྱང་མི་ཐོན་རབ་ཏུ་དཀའ། །ཐེག་པ་གཅིག་གི་སྙིང་པོ་འདི། །རྟོག་གེས་ཐེག་ལམ་མང་དུ་ཕྱེ། །མང་དུ་ཕྱེ་བ་འདི་ཉིད་ཡིན། །འདི་མིན་པར་ནི་ལམ་མི་རྙེད། །ལམ་རྙེད་གྱུར་ཀྱང་འཁྲུལ་པའི་ལམ། །གླང་ཆེན་རྫབ་ཏུ་ཆུད་པ་འདྲ། །ལམ་བགྲོད་དག་ནས་ཐོབ་བྱེད་པ། །བྱ་བྲལ་ཆོས་དང་མི་མཐུན་ཏེ། །འདི་ཞེས་མཐོང་བ་བྱང་མེད་པས། །ལམ་གྱི་ཕུལ་དུ་ཕྱིན་པ་མེད། །གང་དུ་མ་ཕྱིན་དེ་བཞིན་ཉིད་ཀྱི་ངང་། །ངེས་ལམ་འདི་ལས་བདེ་བའི་ལམ་མེད་ཡིན། །ཞེས་རྩ་བའི་རྒྱུད་ལས། ཐེག་པ་གོང་འོག་གི་ལམ་གྱི་ཉེ་རིང་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །འདུས་བྱས་ལུས་ངག་གི་ལས་ཀྱིས། །བྱང་ཆུབ་འབྲས་བུ་ཐོབ་དཀར་བསྟན། །དེ་བཞིན་དེ་དོན་ཡེ་ནས་འདུས་མ་བྱས། །དུས་གསུམ་འཇིག་བྲལ་མེད་པས་རྡོ་རྗེའི་སྐུ། །རྒྱུད་ལས་བསྟན་པ་འདི་ཡིས་འབྲས་མི་འགྲུབ། །ཇི་སྟེ་ལུགས་མ་ལ་སོགས་ཕྱག་རྒྱ་ལ། །རྣམ་པ་གྲོལ་བ་ཉིད་ཀྱི་ལམ་ནི་མི་གནས་པས། །གཞི་དེས་དུས་གསུམ་སངས་རྒྱས་རྣམས་ཀྱིས་ལམ་རྙེད་ན། །ཐམས་ཅད་ཆོས་ཉིད་ཕྱག་རྒྱའི་ངོ་བོར་གནས། །སྒྱུ་མའི་ཕྱག་རྒྱ་ལུགས་མའི་ཕྱག་རྒྱར་དུལ། །འབྲས་བུ་རྣམ་པར་གྲོལ་བའི་ལམ་ལ་གནས། །དེ་བཞིན་རྣམ་པར་དག་པའི་ལམ་རྙེད་ན། །


DNG006_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཐོས་ལ་སོགས་ཕྱག་རྒྱའི་ངོ་བོར་གནས། །མཆོད་དང་གཏོང་བ་ལ་སོགས་པས། །རྡོ་རྗེའི་སེམས་ཀྱིས་མ་ཟིན་ན། །ཆེ་བའི་ང་རྒྱལ་ཆེན་པོ་ཡིས། །འཆིང་བ་ལས་ནི་གྲོལ་མི་འགྱུར། །དགེ་རྩས་སྡུག་བསྔལ་སྐྱེ་གཞིར་འགྱུར། །ངན་སོང་དུ་ཡང་སྐྱེ་བར་བྱེད། །ཅེས་རྩ་བའི་རྒྱུད་ལས། བསོའི་འབུར་དང་། གསེར་དངུལ་གྱི་ལུགས་དང་། རུས་སྦལ་གྱི་རིས་དང་། འཇིམ་པའི་ལྷ་དང་། འདུས་བྱས་ཐམས་ཅད་ཀྱིས་བྱང་ཆུབ་འབྲས་བུ་འཐོབ་པར་དཀའ་བར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །ཐེག་པ་འོག་མའི་སྡོམ་པ་ཡིས། །བྱང་ཆུབ་འབྲས་བུ་ཐོབ་དཀར་བསྟན། །ཉག་གཅིག་སངས་རྒྱས་ལམ་ཉིད་ལ། །འགལ་བ་མེད་པའི་མཐའ་ལས་འདས། །སྡིག་པ་བཅུ་སྤྱད་འདི་མི་བསྒྲིབ། །སྡིག་པ་ཉིད་ཀྱང་བྱང་ཆུབ་ཉིད། །སྡིག་སྒྲིབ་མི་གནས་དོན་ལ་གཉིས་སུ་མེད། །དེ་ཕྱིར་དཀའ་ཐུབ་སྡོམ་པ་བསྲུངས་པ་རྫོགས་ཆེན་དོན་ལས་གོལ། དཀའ་ཐུབ་བགྲོད་རྩོལ་འབད་རྩོལ་གྱིས། །ཡང་དག་སངས་རྒྱས་ལམ་མི་རྙེད། །སྡོམ་པས་རྩ་བ་བྱང་ཆུབ་རིང་། །མི་བསྲུང་མི་སྡོམ་རྫོགས་ཆེན་མཆོག་གི་ལམ། །རྫོགས་ལམ་འདི་ལ་སྤང་བླང་མེད་པའི་ལམ། །གཉིས་མེད་ཐམས་ཅད་མ་སྤངས་པ་ཡི་ལམ། །དགེ་སྡིག་གཉིས་མེད་སྤང་བླང་མེད་པར་ཉག་གཅིག་སངས་རྒྱས་ལམ། །དགེ་སྡིག་གཉིས་སྤྱོད་གསེར་དང་བོང་བའི་སེམས། །འཁྲུལ་པའི་ལམ་ཡིན་རྫོགས་ཆེན་ལམ་རིང་འགྱུར། །རྫོགས་ཆེན་འདི་ནི་གཉིས་མེད་རྡོ་རྗེ་མི་འགྱུར་སྤང་བླང་མེད། །གཉིས་མེད་མཆོག་གི་ལམ་ཆེན་འདིར་ཞུགས་པས། །མི་ལེན་མི་སྤང་རྡོ་རྗེ་ཡང་དག་ལམ། །དགེ་སྡིག་གཉིས་མེད་སྙིང་པོ་ཐིག་ལེ་གཅིག །རང་རིག་དེ་བཞིན་ཉིད་ཀྱི་ཡེ་ཤེས་བལྟས། །ཞེས་རྩ་བའི་རྒྱུད་ལས། ཐེག་པ་འོག་མའི་དཀའ་ཐུབ་སྡོམ་པ་བསྲུང་བས། བྱང་ཆུབ་འབྲས་བུ་འགྲུབ་པར་དཀའ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །སྔགས་ནི་ཕྱི་དང་ནང་གིས་


DNG006_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །བྱང་ཆུབ་འབྲས་བུ་འཐོབ་པར་དཀའ་བར་བསྟན། །གཟུགས་བྲལ་ཉག་གཅིག་རྡོ་རྗེ་མཆོག་གི་སྐུ། །རྩོལ་བསྒྲུབ་མཐའ་ལས་འདས་པ་རྫོགས་ཆེན་མཐའ་རུ་ཕྱིན། །བདེན་གཉིས་གང་ལ་གནས་པའི་བློ་དང་བྲལ། །ཟླ་ཅན་ཟུང་འཇུག་པ་ཡིས་འདི་མི་མཐོང་། །གཉིས་མེད་སྤྲོས་བྲལ་རྫོགས་ཆེན་བདེ་བའི་ངང་། །གཟུང་འཛིན་མཚན་མ་པ་ལ་འདི་དོན་རིང་། །ཅི་ཕྱིར་ཡེ་ཤེས་འཁོར་བའི་གཞལ་ཡས་ཁང་། །གཟུགས་སྐུ་གདན་དང་མཆོད་པར་གནས། །དམ་པ་དེ་མཐོང་མཆོད་བྱས་ཀྱང་། །ཏིང་ངེ་འཛིན་གྱིས་གསལ་འགྱུར་ཀྱང་། །རང་རིག་མཉམ་པའི་ངང་རྟོག་ཆེ། །ཞི་བ་མ་ཡིན་རྣམ་རྟོག་སྒོམ། །རྣམ་པར་རྟོག་ཉིད་འཁྲུལ་པ་སྟེ། །ཡང་དག་སངས་རྒྱས་ལམ་མི་རྙེད། །ཡེ་ཤེས་སེམས་དང་དམ་ཚིག་སེམས། །ལམ་གྱིས་ཁྱད་པར་བྱིན་བརླབས་ཤིང་། །སྤྱན་དྲངས་བཞུགས་གསོལ་མཆོད་བྱས་ཀྱང་། །མ་ཡིན་དོན་རྟོག་འཁྲུལ་པ་སྟེ། །ཤིན་ཏུ་བྱིས་པའི་སྤྱོད་ཡུལ་འདྲ། །མཉམ་པ་དོན་གྱི་ངོ་བོ་ལ། །གཟུགས་མེད་གཟུགས་སུ་འཛིན་པ་མེད། །རྣམ་རྟོག་ཉིད་ཀྱང་ཡེ་ཤེས་ལ། །ལྷ་སྐུ་ཉིད་ཀྱང་དེ་བཞིན་ཉིད། །བླུན་པོ་རྟོག་གེའི་སྤྱོད་ཡུལ་མིན། །མཆོད་དང་མཆོད་པར་བྱ་བ་མེད། །དེ་རྣམས་རྣམ་རྟོག་འཁོར་བའི་རྒྱུ། །ཡང་དག་སངས་རྒྱས་ལམ་འདོད་རྣམས། །རྟོག་བྲལ་ཉག་གཅིག་རྡོ་རྗེ་ལས། །དེ་བཞིན་ཉིད་དུ་གནས་པར་བྱ། །ཞེས་རྩ་བའི་རྒྱུད་ལས། སྔགས་ཕྱི་ནང་གཉིས་ཀྱིས་བྱང་ཆུབ་འཐོབ་པར་དཀའ་བར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །རྫོགས་ཆེན་འདི་དོན་དགོས་པར་བསྟན། །དུག་ལྔ་ནད་སེལ་བླ་མེད་རྫོགས་པའི་དོན། །འདི་དོན་མ་རྟོགས་གསལ་བས་དམ་པར་བཅིངས། །བཅིངས་པའི་དོན་ནི་ཉོན་མོངས་བརྒྱད་ཁྲི་སྟེ། །གཉེན་པོ་རྫོགས་ཆེན་འདི་ཡིས་གྲོལ་བར་འགྱུར། །འཁོར་བ་གཉིས་ལས་མི་ཐར་ཐར་པ་མེད་པ་ཡང་། །རྫོགས་ལམ་འདི་ཉིད་རྙེད་ནས་ཐར་བར་འགྱུར། །རྫོགས་ཆེན་ལམ་ནི་ཀུན་གྱི་ནད་སེལ་སྨན། །མ་གཡོས་གཡོས་པ་མེད་པ་ཐམས་ཅད་


DNG006_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ངང་དུ་གནས། །འདི་འདོད་གཉིས་འཛིན་མ་བྲལ་ལམ་མི་རྙེད། །ཤིན་ཏུ་ནད་གདུང་གསོ་བའི་གླགས་ཡོངས་མེད། །ཁུ་བྱུག་དུས་བཟུང་ཟླ་ཁོངས་སྙེགས་པ་ལྟར། །གཞན་གྱིས་རང་རྒྱུད་སྦྱངས་ཏེ་གཞུང་བསྙེགས་ཀྱང་། །དགོས་འདོད་རྫོགས་ཆེན་མ་ཐོབ་བར་དུ་བྱང་མི་ཆུབ། །འཇུག་པའི་སྒོ་བཞིར་ཞུགས་ཤིང་ལམ་སྦྱངས་ཀྱང་། །སྤྱི་ཡི་དོན་མཆོག་མ་རྟོགས་བར་དུ་སངས་མི་རྒྱ། །སྤྱི་ཕུག་འདི་ཉིད་ཀུན་གྱི་གཞི་མོ་ཡིན། །ཐམས་ཅད་གཞི་མོ་ཉིད་དུ་ཤེས་པར་བྱ། །རྫོགས་ཆེན་འདི་དོན་རྩོལ་བསྒྲུབ་མཐའ་ལས་འདས། །འདས་པའི་དོན་ནི་བླ་མེད་འབྲས་བུའི་མཆོག །བཤད་བརྗོད་རྩོལ་བས་འདི་དོན་རྙེད་པར་དཀའ། །དུས་གསུམ་བླ་མེད་སངས་རྒྱས་རྣམས་ཀྱིས་ཀྱང་། །བཤད་བརྗོད་བྲལ་བའི་དོན་ཉིད་འདི་མཐོང་ནས། །བླ་མེད་སངས་རྒྱས་འབྲས་བུ་གྲུབ་པ་ཡིན། །རྫོགས་ཆེན་ལམ་འདི་ཀུན་གྱི་ཕུག་ཡིན་ཏེ། །བློ་འཁྲུལ་འདི་དོན་ཉིད་ལ་མི་སྤྱོད་ན། །མཆིང་བུ་བྱི་དོར་བྱས་ཀྱང་རིན་ཆེན་མེད། །ཤུག་པས་སྒེག་པར་བྱས་ཀྱང་ཙནྡན་མིན། །སྙིང་པོའི་དོན་འདི་མ་མཐོང་ན། །རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་འཆི། །ཞེས་རྩ་བའི་རྒྱུད་ལས། ཐེག་པ་གཞན་གྱི་གཞུང་ལ་མཉན་པའི་སྔགས་པ་ཡང་། ཐ་མ་རྫོགས་ཆེན་སྤྱི་དོན་དགོས་པར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །བླ་མེད་རྫོགས་པ་ཆེན་པོའི་དོན། །ཁ་ཚིག་དག་ལ་མི་བརྟེན་པར། །ཅི་ལའང་མི་བརྟེན་པ་རུ་བསྟན། །བླ་མེད་རྫོགས་ཆེན་བརྗོད་འདས་ནི། །མཚོན་པ་ཚིག་ལ་མི་གནས་ཏེ། །གལ་ཏེ་གནས་ན་ཚིག་ལ་གོལ། །ལམ་མེད་སྙིང་པོའི་དོན་ཉིད་ལ། །རྣ་ཐོས་ཙམ་གྱིས་ཡོན་ཏན་ལ། །ཡིན་སྙམ་དེ་སྨྲ་དགེ་སྡིག་སྤྱོད། །རྟག་ཆད་དོན་དང་དེ་མི་འགལ། །མཉམ་མེད་དོན་འབྲལ་ཚིག་བརྗོད་ཀྱང་། །ཟིལ་གྱིས་མི་ནོན་གྲོལ་མི་འགྱུར། །ཡེ་མཉམ་གདེང་དང་མི་ལྡན་ན། །ཚིག་མཉམ་རྟོག་ཙམ་རླུང་མི་བཟློག །རྣམ་པར་དག་དོན་མི་ཤེས་པར། །ཚིག་ཙམ་ཐོས་པས་འཇུག་བྱེད་ཅིང་། །


DNG006_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དོན་བསོད་ནམས་མི་བསག་པར། །གང་ཡང་མི་འགྲུབ་ཆད་པར་འགྱུར། །བླ་མེད་རྫོགས་ཆེན་དོན་འདི་ལ། །བསྒོམ་དུ་མེད་ཅེས་བརྗོད་པ་ཡང་། །ཁ་ཚིག་ཚིག་དེས་དོན་བྱེད་པ། །དེ་ནི་མུ་སྟེགས་ལྟ་བའི་མཆོག །རྟག་ཆད་གཉིས་ལྡན་ཆད་པའི་མཆོག །བདེན་པར་བསྐལ་པ་ཁྲིར་བཏགས་ཀྱང་། །འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །ཆད་པའི་དབང་གནས་མཆོག་སྨིན་ཏེ། །སྡིག་མ་བསྐྱེད་པའི་བྱ་བ་ཡང་། །ཇི་ཙམ་བསགས་ཀྱང་ཁམས་གསུམ་གནས། །ཞེས་རྩ་བའི་རྒྱུད་ལས། ཐེག་པ་གཞན་གྱི་གོ་དགག་པ་དེ་ལ་ཚིག་ཏུ་མ་བཏང་ཞིང་ཁ་ཚིག་ཏུ་མ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །བསྒོམ་པའི་བསམ་པ་དགོས་པར་བསྟན། །སྙིང་པོ་འདི་དང་མ་འདྲེལ་བའི། །ཚིག་གི་དྲང་སྲོང་དགོན་པ་མཁན། །ཉམས་དེ་མེད་པར་སྙིང་པོ་ཉིད། །མ་བསྒོམས་པར་ནི་མཐོང་མི་སྲིད། །མཐོང་སྙམ་པ་ནི་གོལ་ས་ཡིན། །མཐོང་མེད་དག་གི་ཡེ་ཤེས་དེ། །བྱིན་གྱི་རླབས་ཀྱིས་བསྒོམ་པར་བྱ། །རྟོག་འཛིན་སེམས་ལ་མི་གནས་པར། །ཡང་དག་དོན་ཉིད་མ་བསྒོམས་ན། །བླ་མེད་ཐར་པ་ཐོབ་མི་སྲིད། །དགོན་པ་དབེན་ཟུང་དེ་དོན་བསྒོམ། །དྲི་མེད་དག་པའི་ཡེ་ཤེས་ཀྱིས། །བརྗོད་དུ་མེད་པའི་དོན་ཉིད་སྒོམས། །བླ་མེད་ཐར་པ་ཐོབ་པར་འགྱུར། །ངེས་པའི་དོན་ཉིད་མ་བསྒོམས་ན། །ཡང་དག་སངས་རྒྱས་ལམ་རིང་བས། །བྱང་ཆུབ་ཉིད་ལ་ཐོག་མཐའ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་། །གཉིས་མེད་ཡེ་ཤེས་དོན་བསྒོམས་ནས། །སངས་རྒྱས་ས་ལ་གནས་པ་ཡིན། །བདེ་བའི་འབྲས་བུ་གང་འདོད་པར། །གཉིས་སུ་མེད་པའི་སྙིང་པོ་བསྒོམ། །ཞེས་རྩ་བའི་རྒྱུད་ལས། བསྒོམ་དགོས་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །བསྒོམ་པ་དག་གི་ཐབས་རྣམས་བསྟན། །བླ་མེད་ཐར་པ་ཐོབ་དགའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །མིང་ཙམ་ཐབས་ལ་བརྟེན་ནས་སུ། །བདེ་བའི་དོན་ཉིད་རང་ལས་བྱུང་། །


DNG006_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མེད་ཤེས་རབ་དང་བྲལ་བ། །གླང་ཆེན་ཆུ་འདོད་སྨིག་བསྙེག་འདྲ། །དད་མོས་འཕྲོ་ཅན་སྣོད་ལྡན་ལ། །གང་ཟག་མཚན་རྟགས་གཟུང་ཐབས་བསྟན། །ཞེ་སྡང་དག་གི་ཤས་ཆེ་ལ། །དངུལ་དཀར་ཞུན་མའི་སེམས་འཛིན་བསྟན། །གཏི་མུག་དག་གི་ཤས་ཆེ་ལ། །སྣང་གསལ་སྒྲོན་མེའི་སེམས་འཛིན་བསྟན། །ང་རྒྱལ་དག་གི་ཤས་ཆེ་ལ། །ཞི་བ་ལྷ་ཡི་སེམས་འཛིན་བསྟན། །འདོད་ཆགས་དག་གི་ཤས་ཆེ་ལ། །བདུད་རྩི་བུམ་པའི་སེམས་འཛིན་བསྟན། །ཕྲག་དོག་དག་གི་ཤས་ཆེ་ལ། །ཡི་གེ་འབྲུ་ཡི་སེམས་འཛིན་བསྟན། །རྣམ་ལྔ་འདི་ལ་བསྟེན་ནས་ཀྱང་། །ངོ་བོ་ཉིད་ནི་ཤིན་ཏུ་བསྒོམ། །བྱང་ཆུབ་དམ་པ་སངས་རྒྱས་རང་གི་སེམས། །སྣ་ཚོགས་གློག་བཞིན་སྣང་ཡང་གྱི་ནར་བཞག །བསམས་ཤིང་བསྒོམ་དེ་བསྒོམ་པའི་ཡུལ་ལས་འདས། །བདེ་གཤེགས་རང་རིག་རང་བྱུང་རང་ཞིར་གཞག །ཁོང་ཀློང་ཡངས་པར་གཞག་པ་དེ་བཞིན་ནོ། །ཡུལ་དྲུག་རྐྱེན་གྱིས་མི་ནོན་འཁྲུལ་མི་འགྱུར། །འདུ་ཤེས་དག་གིས་བསམ་དུ་མེད་པས་ན། །གང་ཡང་མི་སེམས་མི་བསམ་མཉམ་པར་ཞོག །བསམས་ཤིང་བསྒོམ་དེ་བསྒོམ་པའི་ཡུལ་ལས་འདས། །གོང་དུ་ཡང་བྱུང་དེ་ཉིད་རང་རིག་རང་བྱུང་རང་ཞིར་གཞག །བཞག་པའི་དངོས་པོ་སངས་རྒྱས་ཉིད་ཀྱི་ཐུགས། །འདི་ཞེས་བསྟན་དུ་སངས་རྒྱས་ཉིད་ཀྱིས་མེད། །ཅེས་རྩ་བའི་རྒྱུད་ལས། བསྒོམ་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །ངེས་པའི་དོན་གྱི་ངོ་བོ་བསྟན། །རྫོགས་པ་ཆེན་པོའི་ངོ་བོ་ནི། །དྲན་པའི་རྟོག་པ་མི་འབྱུང་བས། །རི་ནི་ཡོངས་སུ་རྫོགས་པ་ཡིན། །རྣམ་ཤེས་ཡུལ་ལ་མ་ཆགས་པར། །ཤེས་རབ་ཡོངས་སུ་རྫོགས་པ་ཡིན། །གཏིང་ནི་ཤེས་རབ་ཡོངས་རྫོགས་པས། །རྟོག་པ་མེད་པའི་ཤེས་རབ་སྐྱེ། །ཁམས་གསུམ་ལས་སུ་འདས་པར་འགྱུར། །གང་ལ་སེམས་མེད་དེ་བཞིན་ཉིད། །གང་ཡང་མི་དམིགས་ཅིར་མི་རྟོག །ཅིར་ཡང་མི་བསྒྲུབ་མི་སེམས་པ། །སེམས་ཀྱིས་དམིགས་ཞེས་བྱ་བ་


DNG006_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །བསྒོམ་པ་མ་ལུས་རྫོགས་པ་ཡིན། །རྟོག་དཔྱོད་མེད་པས་བདེ་བའི་མཆོག །ཤེས་པ་གཟུང་འཛིན་དང་བྲལ་བ། །བསྟན་པ་ངོ་བོ་ཉིད་ཀྱི་སྐུ། །དེ་ལ་དམིགས་བྱ་རྡུལ་ཕྲན་མེད། །དེ་ཕྱིར་དམིགས་སུ་ཅི་ཞིག་ཡོད། །དམིགས་སུ་མེད་པ་ཅི་ཞིག་དམིགས། །དེ་ལ་དེ་བཞག་དེ་གནས་པ། །པདྨའི་སྤྱན་དེ་དེས་མཐོང་འགྱུར། །ཤེས་པ་མེད་པ་ཤེས་རབ་མཆོག །གསལ་བ་མེད་པ་ཡེ་ཤེས་ངང་། །འཛིན་པ་མེད་པ་ཏི་ནི་རླུང་། །རྩོལ་བ་མེད་ན་ཚུལ་ཁྲིམས་རྫོགས། །ཤེས་ནས་མི་ཕྱེད་གཏི་མུག་དང་། །མི་བསྒོམ་བསྒོམ་པ་འདུ་འབྲལ་མེད། །མི་ཤེས་པས་ནི་ཤེས་རབ་བསྟན། །མི་འཛིན་འཛིན་པའི་གཏིང་ནས་བསྟན། །མི་བལྟ་བ་དེ་སྙམ་པར་ངེས་བསྟན་ནོ། །སྣང་བ་མེད་ན་དངོས་མེད་པས། །དེ་ཉིད་ཉག་གཅིག་མཆོག་གི་སྐུ། །དེ་བཞིན་སྐུ་ལ་མཚོན་དུ་མེད། །དེ་ཉིད་དབྱིངས་ཏེ་མཚོན་དུ་མེད། །མི་མཐོང་བ་ཉིད་མཐོང་བ་ཡིན། །ཅིར་ཡང་མི་དམིགས་གཏི་མུག་སྟེ། །མ་རིག་པ་ནི་ཡེ་ཤེས་གསལ། །རིག་པའི་ཡེ་ཤེས་གང་ལྡན་པས། །ཡི་གེ་མེད་པའི་དོན་ལ་བལྟ། །འཛིན་ཡང་རྟོག་དང་དམིགས་དང་བྲལ། །གང་ལ་མི་བརྟེན་བསྒོམ་པའི་མཆོག །ཉོན་མོངས་ཉིད་ཀྱང་བྱང་ཆུབ་གཞི། །གཞི་དེ་ཙམ་ཡང་བསམ་དུ་མེད། །གང་ལ་རྟག་ཏུ་མེད་པའི་བྱང་ཆུབ་སེམས་ཀྱི་ལམ། །དོན་ལ་འཇུག་ཏུ་མེད་པའི་རྫོགས་ཆེན་བལྟ་བའི་ཀློང་། །འདི་ལྟར་དྲན་མེད་སྟོབས་ལྡན་དགོངས་པའི་མཆོག །བདེ་དང་མི་བདེ་སེམས་ལ་གཉིས་མེད་དེ། །སྟོན་པ་སྐྱོན་དུ་མཐོང་བ་གང་ལགས་པ། །བདེན་པའི་དོན་ལ་མ་ཉམས་དགོངས་པའི་མཆོག །ཤེས་རབ་ཆེན་པོ་ཡུལ་དང་དབང་པོར་བལྟ་སྟེ་མཐོང་ན་བལྟ་མི་བྱ། །དང་པོ་ཤེས་རབ་རྣམ་གསུམ་གྱིས། །ཆོས་ཉིད་ཉམས་སུ་བླངས་པའི་མིས། །བལྟ་བ་ནམ་མཁའི་དབྱིངས་ཉིད་ལ། །དེ་བཞིན་སེམས་ནི་དེ་དང་འདྲ། །དེ་ལ་བསྒོམ་ཞིང་རེད་པ་དང་། །མཁའ་ལ་མཁའ་ཉིད་རྣམ་པར་བསྒོམ། །བསྒོམ་པའི་དུས་ནི་མཐོང་བ་ནི། །ཅུང་ཟད་ཙམ་ཡང་མཐོང་དུ་མེད། །དེས་


DNG006_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མཆོག་ཆེན་པ་དེ་ལ། །སྐད་ཅིག་ཙམ་ཡང་མ་ཕུལ་ན། །ཅི་ཙམ་གྲུབ་པ་མཉམ་པ་ཉིད། །མཉམ་པའི་འཁོར་ལོ་ཞེས་བྱར་བཤད། །ཅེས་རྩ་བའི་རྒྱུད་ལས། ངེས་དོན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །ལྟ་བ་སྤང་བླང་མེད་པར་བསྟན། །ཐམས་ཅད་ངོ་བོ་དེ་བཞིན་ཉིད། །ལམ་ནི་ཉེ་ལམ་བདེ་བར་རྫོགས། །ཐམས་ཅད་མཉམ་པོར་ཐིག་ལེ་གཅིག །ངོ་བོ་མེད་པའི་སྙིང་པོ་ལ། །ངོ་བོ་མེད་པའི་རྟོག་བྱུང་ན། །ངོ་བོ་མེད་པར་ཤིན་ཏུ་བརྟགས། །སྙིང་པོའི་ངོ་བོ་ངོ་བོ་མེད། །ངོ་བོ་དང་པོ་ངོ་བོ་ནི། །འོ་ན་ཅི་དགར་གཞག་དེ་ཡང་། །ཡང་དག་འཛིན་པའི་རྣལ་འབྱོར་པས། །མ་བཟློག་མ་བླན་ངོ་བོ་ཉིད། །རང་བྱུང་རང་ཞི་ཉིད་དུ་བཞག །གཉིས་མེད་ངོ་བོ་ཐིག་ལེ་གཅིག །དབང་པོ་ཡུལ་ལ་འགག་མིན་པས། །ཡུལ་འགགས་ལོག་ན་སྙིང་པོ་མེད། །ཕྱི་ནང་གཉིས་མེད་དེ་བཞིན་ཉིད། །ཤེས་པ་ཡུལ་ལ་ཡན་དུ་བཏུབ་པ་མིན། །ཡུལ་ལ་ཤེས་པ་གཞིག་མི་བྱ། །ཐམས་ཅད་གཉེན་པོས་བཅོས་སུ་མེད། །འདུ་ཤེས་མི་སྤང་རིག་པ་མི་བླང་སྟེ། །བླང་དོར་སེམས་དང་གང་བྲལ་བསྒོམ་པ་ཡིན། །བག་ཆགས་ཆེ་ཕྲ་རྒྱུན་སྲིད་པས། །མི་སྐྱེ་མི་འགག་རང་སར་བཞག །བསྐྱེད་ན་འདུ་ཤེས་བསྐྱེད་པ་སྟེ། །བཀག་ན་བྱིང་བར་འགྱུར་བས་ན། །རང་བྱང་རང་ཞི་རང་གཞག་པ། །ངོ་བོ་ཉིད་ཀྱི་དོན་དང་མཇལ། །ཞེས་རྩ་བའི་རྒྱུད་ལས། ལྟ་བ་སྤང་བླང་མེད་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །མཐའ་རུ་ཕྱིན་པའི་ཚད་རྣམས་བསྟན། །ཐམས་ཅད་སངས་རྒྱས་རང་བཞིན་ལ། །རང་བློ་སྤང་བླང་གང་མེད་པ། །བསམ་གཏན་མཐའ་རུ་ཕྱིན་པའི་ཚད། །གཉིས་མེད་གཉིས་སུ་མི་འཛིན་ཅིང་། །གསེར་བོང་ཕྱོགས་ཆར་མི་འཛིན་མི་བལྟ་ན། །བསམ་གཏན་མཐའ་རུ་ཕྱིན་པའི་ཚད། །མི་རྟོག་མི་སེམས་མི་དམིགས་ན། །བསམ་གཏན་


DNG006_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་རུ་ཕྱིན་པའི་ཚད། །འབྱུང་བ་ནམ་མཁའི་ངང་ཉིད་ལས། །སྤྲིན་དང་ཁུ་རླངས་འབྱུང་བ་ཡང་། །རང་བྱུང་རང་ཞི་ནམ་མཁའི་ཀློང་། །དེ་བཞིན་རང་གི་བྱང་ཆུབ་སེམས། །དེ་གཡོས་མ་ཡིན་མཚན་རྟོག་ཀུན། །རང་བྱུང་རང་ཞི་སེམས་ཀྱི་ངང་། །དེ་ལྟར་བྱུང་ཚེ་བསམ་གཏན་ཚད། །བདེ་བར་རྩོལ་ན་དེ་བཞིན་ཉིད། །མཚན་མ་དག་པ་བསམ་གཏན་ཚད། །གདེང་སེམས་ལྡན་ཞིང་འགྱུར་བ་མེད། །དེ་ལྟར་གྱུར་ཚེ་བསམ་གཏན་ཚད། །དེ་མིན་ལངས་པའི་སེམས་བྱུང་ན། །ཕྱིན་ཅི་ལོག་གི་རྣམ་རྟོག་སྟེ། །དེ་དག་དེ་ལ་དེ་དོན་མེད། །བལྟ་བ་མེད་པའི་ལྟ་བ་ནི། །ལྟ་བ་མཐའ་རུ་ཕྱིན་པའི་ཚད། །ཤིན་ཏུ་བླུན་པ་མི་གསལ་བ། །དྲན་པའི་འབྱུང་འཇུག་ཉམས་པ་སྟེ། །རྟོག་དཔྱོད་བག་ལ་ཉལ་བའི་ཚད། །བླུན་པོ་དམ་དུ་ཟིན་པ་ནི། །ཏིང་རྣམས་དོན་ལ་ཞེན་པའི་ཚད། །གང་ལ་ཆགས་པའི་སེམས་མེད་ན། །བསམ་གཏན་ལྷུན་གྱིས་གྲུབ་པའི་ཚད། །རྟག་ཏུ་འདི་ལྟར་གང་གནས་པ། །སངས་རྒྱས་ས་ལ་གནས་པ་ཡིན། །ཞེས་རྩ་བའི་རྒྱུད་ལས། བསམ་གཏན་མཐར་ཕྱིན་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །བསྒོམ་ཆགས་ནད་རྣམས་བསལ་ཏེ་བསྟན། །དེ་བཞིན་ཉིད་ནི་མི་གཉིས་ཐིག་ལེ་གཅིག །དམིགས་པའི་ཡུལ་ནི་རྡུལ་དང་རི་རབ་འདྲ། །འདྲ་བ་རྟོག་པ་རླུང་ཆེན་ཙམ། །གནས་མེད་གནས་ལ་སྤྱོད་ཆགས་བསྒོམ་པ་གོལ། །མི་རྟོག་ཅི་ལའང་ཆགས་མེད་པས། །ཏིང་རྣམས་རི་ལ་ཆགས་མི་བྱ། །དེ་བཞིན་ཉིད་ལ་གཟུགས་མེད་པས། །དམིགས་བྱའི་ཡུལ་ནི་ཅི་ཞིག་ཡོད། །གཉིས་སུ་མེད་པའི་དམིགས་པ་ནི། །བསྒོམ་ཆགས་ནད་དེ་འཁོར་བའི་རྒྱུ། །དམ་པ་ཉིད་མཐོང་དེ་ལ་ཞེན་པ་ནི། །བསྒོམ་ཆགས་ནད་ཀྱིས་ཟིན་པ་ཞེས་བྱའོ། །དོན་མཐོང་ཤེས་པ་ཡོད་གྱུར་ན། །དེས་ནི་མ་མཐོང་བསྒོམ་ཆགས་ནད། །མི་རྟོག་ཟབ་མོ་ཉམས་མྱོང་ན། །མྱོང་བ་ཉིད་ཀྱིས་བསྒོམ་ཆགས་ནད། །རྟག་ཆད་གོལ་སར་མཐོང་གྱུར་ན། །དུས་གསུམ་དག་དང་དེ་དང་ལྡན། །


DNG006_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་རོ་ལ་ཆགས་གྱུར་ན། །རྟག་ཆད་མུ་གཉིས་མཐའ་མི་སེལ། །མ་རབས་བུས་པ་ཐ་མའི་སེམས། །འདུ་ཤེས་མེད་པའི་ཁྲོད་དུ་སྐྱེ། །ཞེས་རྩ་བའི་རྒྱུད་ལས། བསྒོམ་ཆགས་ཀྱི་ནད་བསལ་བར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །འདི་ཞེས་བསྟན་དུ་མེད་པས་བསྟན། །དེ་བཞིན་ཉིད་ཀྱི་སྙིང་པོ་ཉིད། །འདི་ཞེས་པ་ནི་བསྟན་དུ་མེད། །སུས་ཀྱང་འདི་འདྲ་གསུངས་པ་མིན། །འདི་ཞེས་བསྟན་དུ་སངས་རྒྱས་ཉིད་ཀྱིས་མེད། །ལྕགས་ཀྱི་སྒྲོམ་བུ་ཐེབ་རྒྱས་བཏབ་པ་བཞིན། །ནོར་གཟུང་དམ་པ་གྱད་པར་བསྟན་པ་དཀའ། །དེ་བཞིན་ཉིད་ལ་དབྱིབས་དང་ཁ་དོག་མེད། །མེད་པའི་དོན་ལ་ཡེ་ནས་བལྟར་མེད་འདི་ཞེས་མཐའ་ལས་འདས། །བསམ་འདས་དེ་དོན་སངས་རྒྱས་ཉིད་ཀྱི་ཐུགས། །འདི་འདྲ་བསྟན་དུ་སངས་རྒྱས་ཉིད་ཀྱིས་མེད། །དེ་བཞིན་དེ་ལ་བཤད་བརྗོད་མཐའ་དང་བྲལ། །འདི་འདྲས་བསྟན་མེད་སྙིང་པོ་དོན་གྱི་མཆོག །མཚོན་ཅིང་དཔག་དཀའ་སྙིང་པོ་རྡོ་ཡི་ཚུལ། །དེ་བཞིན་གཏིང་དཔག་བཅད་དཀའ་འདི་ཞེས་བསྟན་དུ་མེད། །ཡོད་མེད་མཐའ་ལས་འདས་པ་སྙིང་པོ་མཆོག །ཅིར་ཡང་བསྟན་མེད་ནམ་མཁའི་ངང་། །དེ་བཞིན་དེ་ལ་འདི་ཞེས་བསྟན་དུ་མེད། །ཡོད་མེད་མཐའ་བྲལ་སྙིང་པོ་དོན་གྱི་མཆོག །ཅིར་ཡང་བསྟན་མེད་ནམ་མཁའ་དག་པའི་ངང་། །དེ་བཞིན་དེ་ལ་འདི་ཞེས་བསྟན་དུ་མེད། །ཅེས་རྩ་བའི་རྒྱུད་ལས། འདི་ཞེས་བསྟན་དུ་མེད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །བླ་མེད་རྫོགས་ཆེན་དོན་འདི་ལ། །རིག་པ་ཚུར་འཆར་དགོས་པ་འདི་ལྟར་བསྟན། །དེ་བཞིན་ཉིད་ཀྱི་སྙིང་པོ་ལ། །ཅིས་ཀྱང་མཚོན་དུ་མེད་པ་སྟེ། །ཇི་ཙམ་ཟབ་པའི་ཚོགས་བརྗོད་ཀྱང་། །དོན་དང་མཐུན་པར་ཡོངས་མི་འགྱུར། །བྱང་ཆུབ་ནམ་མཁའི་མཚན་ཉིད་ནི། །སུས་ཀྱང་མཐོང་བར་མི་འགྱུར་ཏེ། །མཁས་བཙུན་གཞན་དང་འདྲེལ་མི་བྱ། །རང་རིག་ཡེ་ཤེས་ཁོང་ནས་མ་ཤར་ན། །མི་ཤེས་


DNG006_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་པས་སངས་རྒྱས་ལམ་མི་རྙེད། །མེ་ལོང་གཟུགས་བརྙན་ཚུལ་དུ་ཚུར་སྣང་འགྱུར། །ཡང་དག་བྱང་ཆུབ་ཤིན་ཏུ་རྙེད་པར་དཀའ། །ཁྱད་པར་ཅན་གྱི་ཐབས་ལ་བརྟེན་པས་འགྲུབ། །མིང་གི་ཐ་སྙད་ཙམ་དུ་བདེན་མོད་ཀྱི། །མངོན་སུམ་བདེ་བའི་དོན་ལ་རང་ཆས་འཆར་བར་འགྱུར། །མཚོན་པ་ཚིག་ཏུ་ཅི་ཙམ་བསྟན་གྱུར་ཀྱང་། །མཚོན་པ་དེ་དང་དེ་ཉིད་མི་མཐུན་ཏེ། །ཡང་དག་རིག་པ་ཁོང་ནས་མ་ཤར་ན། །དེ་བཞིན་ཉིད་ཀྱི་དོན་དེ་ག་ལ་དཔོག །ཡང་དག་དོན་གྱི་རིག་པ་ཤར་བའི་ཚེ། །ཐམས་ཅད་མ་བསྒྲིབས་ངོ་བོ་ཉིད་དུ་གནས། །གང་ཞིག་སངས་རྒྱས་འབྲས་བུ་ལམ་འདོད་པས། །དགོན་པ་དབེན་གཟུང་གཟུང་འཛིན་གཉིས་སྤངས་ལ། །རང་རིག་གསལ་བའི་ཡེ་ཤེས་བཙལ་བར་བྱ། །ཞེས་རྩ་བའི་རྒྱུད་ལས། ཡང་དག་པའི་དོན་ལ་རིག་པ་ཚུར་འཆར་དགོས་པར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །འཁོར་ཐར་གཉིས་སུ་མེད་པར་བསྟན། །ཐམས་ཅད་སྙིང་པོ་དེ་བཞིན་ཐིག་ལེ་གཅིག །འཁོར་འདས་གཉིས་མེད་བདེ་བ་ཆེན་པོའི་ངང་། །གཉིས་མཐར་གསེར་བོང་སུས་ཀྱང་གསུང་བ་མིན། །ཐམས་ཅད་ཐིག་ལེ་གཅིག་སྟེ་དབྱེ་བའི་ཐ་སྙད་མེད། །བླ་མེད་ངེས་པའི་སྙིང་པོའི་དོན་ཚོལ་ན། །འཁོར་ཐར་གཉིས་མེད་བཟུང་སྟེ་དེ་བཞིན་ཉིད་དུ་ཤེས་པར་བྱ། །ཁ་ཅིག་དམྱལ་འཇིགས་རྣ་བརྒྱུད་ཐོས་མ་ཐག །དེ་འཇིགས་ཤིན་ཏུ་སྐྲག་གྱུར་ནས། །བསམ་ཕྱིར་དགེ་བའི་ཚོགས་སྤྱོད་ཀྱང་། །བསམ་ལ་བརྟེན་ཕྱིར་ཐར་མི་འགྱུར། །དམྱལ་འཇིགས་བླ་མེད་ཐོབ་པའི་བསམ་མེད་ན། །ཚ་གྲང་དམྱལ་སྲུང་ཤལ་མ་རི། །བསམ་པ་ཇི་ལྟར་བསམ་པ་ལྟར། །མི་བཟོད་སྡུག་བསྔལ་དེ་ཡིས་མཐོང་། །འཇིགས་པ་གང་བསམ་དེ་ཡིས་བཤེད། །དེས་ན་འཁོར་ཐར་གཉིས་སུ་མེད། །མ་བཅོས་ཐིག་ལེ་གཅིག་གི་ངང་། །མཉམ་པ་ཉིད་ཡང་སངས་རྒྱས་ལ། །འཇིགས་པ་མེད་པ་ལམ་གྱི་མཆོག །མ་སྤངས་མི་སྤང་མཆོག་གི་ས། །ཐམས་ཅད་རང་བཞིན་ལྷུན་གྱིས་རྫོགས། །གཉིས་མཐར་མི་འབྱུང་


DNG006_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་ངང་། །མ་བཅོས་ཐིག་ལེ་གཅིག་ལ་བཞག །ཞེས་རྩ་བའི་རྒྱུད་ལས། འཁོར་ཐར་གཉིས་སུ་མེད་པར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །སྤྱོད་པ་སྤང་བླང་མེད་པར་བསྟན། །དེ་བཞིན་ཉིད་ཀྱི་དོན་འདི་ལ། །ཅིས་ཀྱང་བསྒྲིབ་པ་མི་འགྱུར་བས། །གང་ལྟར་སྤྱོད་ཀྱང་དེ་བཞིན་ཉིད། །ཅི་ཡང་མི་སྤྱོད་བླ་མེད་སྤྱོད་པའི་མཆོག །ཅི་སྤྱད་མི་རྟོག་སྐྱེ་བ་འདི་ཡི་དོན། །སྤྱོད་པ་བཟང་སྟེ་གླང་ཆེན་ཆུར་ཞུགས་བཞིན། །ཅི་ལ་མི་སྤྱོད་དེ་བཞིན་མེད་པར་གནས། །ཐམས་ཅད་དེ་བཞིན་ཉིད་དུ་ཡང་གནས་པས། །གང་སྤྱོད་ཅི་སྤྱོད་ཐམས་ཅད་སྤྱོད་པའི་མཆོག །མ་འགགས་མི་འགག་ཐམས་ཅད་དེ་བཞིན་ཉིད། །རིགས་དྲུག་བདུད་དང་མུ་སྟེགས་སྲིན་པོའི་སྤྱོད། །རྫོགས་ཆེན་སྤྱོད་པར་མ་གྱུར་གང་ཡང་མེད། །ཅི་མི་སྤྱོད་པའི་སྤྱོད་པ་ཆེ། །ཤིན་ཏུ་མཆོག་ས་དག་ཏུ་བཤད། །ཅེས་རྩ་བའི་རྒྱུད་ལས། སྤྱོད་པ་སྤང་བླང་མེད་པར་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །གཉིས་སུ་དབྱེ་བ་མེད་པར་བསྟན། །དེ་བཞིན་ཉིད་དོན་སྙིང་པོ་ཐིག་ལེ་གཅིག །གཉིས་མེད་ཡེ་ཤེས་ཁྱབ་གདལ་ཡོངས་སུ་འདུས། །གཉིས་མེད་མཐོང་བའི་ལྟ་བ་མ་རབས་བུས་པ་ལྟར། །རང་གི་ཤེས་པ་དམ་པར་བྱས་ཏེ་དེ་བསྙེམས་པ། །ཆགས་སྡང་ཞེ་སྡང་བསྐྱེད་ན་གཏི་མུག་ཡིན་ཏེ་དེ་མི་མཐོང་། །བརྗོད་དུ་ཡོད་པ་ཐམས་ཅད་རྟོག་པའི་རྒྱུན། །རྣམ་རྟོག་དེ་ལ་བླ་མེད་ཕྱོགས་ན་མེད། །མ་བསླད་ཇི་བཞིན་གནས་པའི་ངང་ཉིད་ལ། །ཐམས་ཅད་རྫོགས་པས་གཉིས་སུ་མེད། །དབྱིངས་དང་ཡེ་ཤེས་གཉིས་སུ་འཛིན་པ་ཡང་། །དེ་ནི་སྒྲིབ་པའི་སྐྱོན་ཆེན་ཡིན། །བླང་དོར་བདེ་ལ་རབ་གནས་པ། །བྱང་ཆུབ་མཆོག་ཏུ་འགྲོ་མི་འགྱུར། །རྣ་དབང་གཞན་ནས་ཐོས་མི་འགྱུར། །ངག་གིས་བརྗོད་དུ་མེད་པའི་ཕྱིར། །ཡེ་ཤེས་དབྱིངས་སུ་མཐོང་བ་མེད། །འཁྲུལ་པའི་ལམ་ལ་གཉིས་བལྟ་མོད། །དེ་ནི་མུ་སྟེགས་ལྟ་བའི་མཆོག །


DNG006_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་སངས་རྒྱས་ལམ་ཉིད་ལ། །གཉིས་སུ་མེད་པ་བདེ་བའི་ལམ། །མ་བཅོས་ཐིག་ལེ་གཅིག་གི་ངང་། །གཏན་ལ་མི་ཕེབས་སེམས་ཉིད་དེ། །བསྡུས་མེད་སྤྲོས་མེད་རང་བྱུང་ཉིད། །དེ་ལ་དྲན་དང་མི་དྲན་དང་། །རྟག་དང་ཆད་དང་བསྒོམ་བསྒྲུབ་དང་། །སྨྲ་བརྗོད་འཁྲུལ་པའི་འཁྲུལ་པ་དེ། །སྟོང་གསུམ་སེམས་ཅན་བསད་པ་བས། །སྡིག་པའི་མཆོག་ཏུ་འགྲོ་བར་འགྱུར། །ཞེས་རྩ་བའི་རྒྱུད་ལས། གཉིས་སུ་དབྱེར་མེད་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་སྟོན་པར་འཁོར་རྣམས་ལ། །ཤིན་ཏུ་རྩོལ་བསྒྲུབ་དགོས་པར་བསྟན། །བླ་མེད་འབྲས་བུ་གང་འདོད་པ། །ཤིན་ཏུ་ལས་རྣམས་འདུ་འཛི་སྤངས། །མཆོད་ན་མགྲོན་དུ་བྱ་བ་མེད། །ལུས་ལངས་རྟོག་པ་ལངས་པ་སྟེ། །རྣལ་འབྱོར་ཡང་རབ་བློ་ལྡན་ལ། །ཤིན་ཏུ་རྩོལ་བསྒྲུབ་དགོས་པར་བསྟན། །བླ་མེད་འབྲས་བུ་གང་འདོད་པ། །ཤིན་ཏུ་ལས་རྣམས་འདུ་འཛི་སྤངས། །གསང་ཆེན་མཉམ་པའི་སྙིང་པོ་འདི། །ཐོབ་པའི་སྐལ་བ་བྱ་ཚེ་ན། །བགྲོད་དང་འདུག་དང་ཉལ་བ་དང་། །མཉམ་པ་དེ་ཡི་ངང་དུ་གནས། །དུས་མེད་རྟག་ཏུ་མ་ཡེངས་བསྒོམ། །ཆུ་སྲིན་རྫས་ཟིན་ཚུལ་དུ་མ་བཏང་ན། །ཁྱད་པར་བདུད་རྩི་མཆོག་ཏུ་དེ་ཉིད་འགྲུབ། །མཐོང་བས་བལྟར་མེད་ཚོལ་འདོད་ན། །མགོ་ལ་མེ་ཤོར་ལྟ་བུའི་བརྩོན་འགྲུས་བསྐྱེད། །དེ་མིན་ཉལ་འདུག་དེ་ཉིད་འདི་དང་མི་ལྡན་ན། །སྐྱེ་བའི་བློ་འཆལ་མུ་སྟེགས་ཡིན། །རང་བཞིན་མེད་པའི་དོན་ཉིད་འདི། །བླུན་པོས་རྫོགས་པའི་དུས་མ་ཡིན། །དེ་བཞིན་ཉིད་ལ་རྣམ་རྟོག་མེད། །ཡང་དག་སངས་རྒྱས་ལམ་འདོད་པས། །ཤིན་ཏུ་བརྩོན་འགྲུས་དོན་བསྒོམས་ན། །བླ་མེད་འབྲས་བུ་འཐོབ་པར་འགྱུར། །ཞེས་རྩ་བའི་རྒྱུད་ལས། བརྩོན་འགྲུས་བསྐྱེད་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །བླ་མེད་ཐེག་ཆེན་འདི་རྟོགས་ན། །ཡོན་ཏན་ཤུགས་ཀྱིས་འབྱུང་བར་བསྟན། །སེམས་ནི་


DNG006_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་དེ་བཞིན་ཉིད་དུ་བསྟན། །གང་དུ་ཡང་མཐོང་བ་མེད་པ་མི་འགྱུར་བས། །དྲང་བའི་རླུང་གིས་བདུད་བཞི་རོལ། །དེ་བཞིན་ཉིད་དུ་ཐམས་ཅད་གནས། །ཉོན་མོངས་མ་སྤངས་བྱང་ཆུབ་ཉིད། །སྤང་བླང་མེད་དེ་ཡེ་ཤེས་ངང་། །ལྷུན་རྫོགས་ཐ་སྙད་མེད་པར་འགྱུར། །ཐམས་ཅད་བྱང་ཆུབ་ངོ་བོ་ཉིད། །ངོ་བོ་ཉིད་གསལ་རེད་པ་དེས། །རྒྱལ་པོ་ཉིད་དུ་དམངས་གྲོགས་འགྱུར། །སངས་རྒྱས་སེམས་ཅན་མི་བྱེད་གང་ཡང་དབྱེར་མེད་ན། །བླ་མེད་སངས་རྒྱས་ངང་ངམ་ཤུགས་ཀྱིས་འཆར། །བུང་བས་མེ་ཏོག་འཇིབས་ཀྱང་སྦྲང་རྩིའི་སྙིང་པོ་འབྱུང་བ་ལྟར། །སེམས་ཉིད་ཇི་ལྟར་དག་ཀྱང་མ་རྟོགས་སྤྲུལ་པའི་སྙིང་པོ་འབྱུང་། །འབྱུང་བ་ནམ་མཁའི་ངང་ལས་ནི། །སྤྲིན་དང་ཁུ་རླངས་འབྱུང་བ་བཞིན། །དེ་བཞིན་གཉིས་མེད་ངང་ལས་ནི། །བླ་མེད་སངས་རྒྱས་ཤུགས་ཀྱིས་འབྱུང་། །ཀུན་འབྱུང་སྙིང་པོ་ཐེག་མཆོག་འདི་ནི་ཡིད་བཞིན་ནོར་བུའི་ཚུལ། །དགོས་འདོད་རེ་བ་ངང་ངམ་ཤུགས་ཀྱིས་འབྱུང་། །ཡོན་ཏན་ཀུན་འབྱུང་ཡིད་བཞིན་ནོར་བུའི་སྐུ། །སྐུ་ཉིད་འདི་རྟོག་ཐམས་ཅད་ཤུགས་ཀྱིས་འབྱུང་། །ཞེས་རྩ་བའི་རྒྱུད་ལས། ཐེག་མཆོག་འདི་དང་ལྡན་ན་ཡོན་ཏན་ཤུགས་ཀྱིས་འབྱུང་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །གཉིས་མེད་ཡེ་ཤེས་རྟོགས་གྱུར་ན། །རིག་པ་རང་དབང་ཐོབ་པར་བསྟན། །དེ་བཞིན་ཉིད་དོན་གང་གནས་པ། །གཉིས་མེད་ཡེ་ཤེས་ཐོབ་པའི་དབང་། །ཐམས་ཅད་ཀུན་ལ་དབང་བསྒྱུར་ནས། །རིག་པ་རང་དབང་ཐོབ་པའི་དོན། །རང་རིག་ཅི་ལ་མི་གནས་པ། །བླང་དོར་མི་མཉམ་སེམས་མེད་ན། །ཐམས་ཅད་ཀུན་ལ་དབང་བསྒྱུར་བའི། །རིག་པ་རང་དབང་ཐོབ་པའི་དབང་། །ངོ་བོ་ཉིད་དུ་ཉིད་གནས་པ། །ངོ་བོ་ལྷུན་གྱིས་རྫོགས་པའི་དབང་། །གཉིས་མེད་ཡེ་ཤེས་འོད་གསལ་ན། །མི་འགྱུར་རྡོ་རྗེ་ཉག་གཅིག་སྐུ། །མི་འགྱུར་རིག་པ་རང་དབང་ཐོབ། །ཅི་ལ་མི་སེམས་རྟོག་བྲལ་ན། །དེ་བཞིན་ཉིད་དུ་ལྷུན་རྫོགས་པས། །རང་


DNG006_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཡེ་ཤེས་རྫོགས་པའི་དབང་། །སྙིང་པོ་ཇི་བཞིན་དེ་བཞིན་དུ། །རྩོལ་བསྒྲུབ་མཐའ་ལས་འདས་གྱུར་ན། །རིག་པའི་ཡེ་ཤེས་རང་དབང་ཐོབ། །ཞེས་རྩ་བའི་རྒྱུད་ལས། གཉིས་མེད་ཀྱི་དོན་རྟོགས་ན་རིག་པ་རང་དབང་ཐོབ་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །དེ་བཞིན་ཉིད་ཀྱི་དོན་རྟོགས་ན། །མཆོག་གི་དངོས་གྲུབ་འཐོབ་པར་བསྟན། །དེ་བཞིན་ཉིད་ནི་དངོས་པོ་ཀུན་དང་བྲལ། །འབྲལ་མེད་དོན་འདི་མཚོན་དུ་མེད་པ་སྟེ། །རང་རིག་ཡེ་ཤེས་འོད་གསལ་ནི། །དངོས་པོ་དངོས་སུ་དག་པ་དངོས་གྲུབ་མཆོག །བྱང་ཆུབ་ངོ་བོ་ཉིད་དུ་ཀུན་གནས་པས། །རྟོག་པའི་དབང་གིས་ཀུན་དང་འདྲེལ་མ་ཡིན། །མི་རྟོག་རྟོག་པའི་ཡུལ་ལས་འདས། །གཟུང་འཛིན་རྟོག་མཐའ་ལས་འདས་ན། །མཆོག་གི་དངོས་གྲུབ་གྲུབ་པར་འགྱུར། །གཟུང་འཛིན་གཉིས་ལྟ་མུ་སྟེགས་འཁྲུལ་པའི་ལྟ། །དངོས་པོ་ཉིད་དུ་གནས་པས་དངོས་མི་འགྲུབ། །མི་འཛིན་མི་རྟོག་གཉིས་མེད་འོད་གསལ་ན། །དངོས་པོའི་གནས་ལུགས་དག་པས་དངོས་གྲུབ་མཆོག །རང་བྱུང་འོད་གསལ་བདུད་རྩི་ཆེན་པོ་འདི། །སུ་ཡིས་རྟོགས་ན་དངོས་གྲུབ་ཆེན་པོ་མཆོག །ཡང་དག་ངེས་པའི་སྙིང་པོ་འདི་རྟོགས་ན། །རྒྱལ་མཆོག་ལྷུན་གྱིས་གྲུབ་པའི་དངོས་གྲུབ་པས། །འཇིག་རྟེན་མཐུ་ཆེན་རྣམས་ཀྱིས་ཕྲོག་ཏུ་མེད། །སྙིང་པོ་དོན་མཆོག་དངོས་གྲུབ་རང་གི་སེམས། །འཇིག་རྟེན་དངོས་གྲུབ་མཚན་མའི་རྣམ་པ་སྟེ། །དངོས་གྲུབ་དེ་ལ་བདུད་རྩི་མེད་པར་བཤད། །ཅེས་རྩ་བའི་རྒྱུད་ལས། རྫོགས་ཆེན་ཉིད་ཀྱི་དོན་རྟོགས་ན། མཆོག་གི་དངོས་གྲུབ་ཡིན་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །ཐེག་ཆེན་འདི་དང་ལྡན་གྱུར་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ་བར་བསྟན། །མཉམ་པའི་ངང་ལ་གནས་པའི་ཚེ། །རང་བྱུང་ཡེ་ཤེས་འོད་གསལ་ན། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །གཉིས་མེད་ཡེ་ཤེས་ཁྱབ་གདལ་བས། །


DNG006_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་ཀུན་ལས་རྣམ་པར་གྲོལ། །སྡིག་སྤྱད་སྡིག་པ་མ་བསགས་ན། །སྡིག་པ་ཀུན་ལས་ངེས་གྲོལ་ཏེ། །ཞི་བའི་ཀླུང་ལས་ཡེ་ཤེས་འཕྱོ། །ཉམ་ངའི་རྐྱེན་གྱིས་མི་བསྒྲིབ་འདི་ཡི་ལམ། །ལམ་ཆེན་འདི་ལ་དགེ་སྡིག་གཉིས་མི་མངའ། །བདག་གཞན་མི་མཐོང་མི་འཛིན་ན། །ཉོན་མོངས་ཀུན་ལ་འབྱོལ་ཉོག་ཀྱང་། །རྣམ་གྲོལ་ལམ་ལ་བསྒྲུབ་མི་འགྱུར། །ཐེག་ཆེན་འདི་དང་ལྡན་གྱུར་ན། །དགེ་དང་སྡིག་པ་གཉིས་མེད་དེ། །སྡིག་པ་ཀུན་ལས་ངེས་པར་གྲོལ། །བླ་མེད་འབྲས་བུ་འཐོབ་པར་འགྱུར། །འདི་དོན་དེ་བཞིན་ཉིད་རྟོགས་ན། །ཐམས་ཅད་ངོ་བོ་དེ་ཉིད་པས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཞེས་རྩ་བའི་རྒྱུད་ལས། ཐེག་པ་ཆེན་པོའི་དོན་དང་ལྡན་ན་སྡིག་པ་ཀུན་ལས་ངེས་པར་གྲོལ་བར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །ཐེག་ཆེན་འདི་དང་ལྡན་གྱུར་ནས། །ཕྲ་མོ་བསྒྱུར་དུ་རུང་བར་བསྟན། །བླ་མེད་ཐེག་ཆེན་འདི་རྟོགས་ན། །ཐམས་ཅད་དེ་བཞིན་ཉིད་གནས་པས། །ཐེག་པ་ཐམས་ཅད་འདི་རུ་འདུས། །ཐེག་པ་ཕྲ་མོ་འདི་རུ་འདུས་རུང་གིས། །ཐེག་པ་འདི་ཉིད་ཕྲ་མོར་ཤོང་མི་འགྱུར། །ཟངས་ལ་གསེར་རྩིས་གསེར་དུ་བསྒྱུར་རུང་གིས། །ཟངས་རྩིས་གསེར་དུ་བསྒྱུར་དུ་འདོད་པ་མེད། །འདི་ཡི་དོན་གྱིས་གཞན་གྱི་འབྲས་རུང་གིས། །གཞན་གྱི་དོན་གྱིས་འདི་ཡི་དོན་མི་རུང་། །སྙིང་པོ་དོན་མཆོག་ཁྱད་པར་འདི་ཉིད་ནི། །བླ་མེད་ཐེག་ཆེན་ཕྲ་མོ་གདོད་ནས་མེད། །ཐམས་ཅད་ཇི་བཞིན་དེ་བཞིན་ཉིད་དུ་གནས། །འདི་ལ་ཡོན་ཏན་ཐམས་ཅད་ཤུགས་ཀྱིས་འབྱུང་། །ལམ་ནི་ཉེ་ལམ་བགྲོད་མེད་བདེ་བར་རྫོགས། །ལམ་གྱི་མཆོག་ཏུ་གྱུར་པའི་མིང་སོ་འདིས། །སྟོང་པ་ཉིད་ཀྱི་སེམས་དེ་གཟུགས་ཡོད་མེད། །ཤེས་རབ་མོས་ལ་འདི་ཚོལ་རབ་ཏུ་བླ། །ཞེས་རྩ་བའི་རྒྱུད་ལས། ཐེག་ཆེན་འདི་དང་ལྡན་ན་ཕྲ་མོ་བསྒྱུར་དུ་བཏུབ་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །རྩིང་པོ་ཤེས་


DNG006_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཅད་པར་བསྟན། །རྫོགས་ཆེན་འདི་ཡི་རང་བཞིན་ནི། །རྩིང་པོ་ཤེས་པས་མ་བཅད་ན། །ཕྲ་མོའི་ཤེས་པས་གྲངས་རླབས་མི་ཆོད། །དོན་ཀུན་བློ་ལ་མི་སྣང་བར། །སྨྲ་ཕྱིར་འདྲེང་བ་དོན་མེད་པས། །རྒྱ་ཆེ་རྩིང་པོའི་དྲ་བཅད་ལ། །ཕྲ་མོ་བག་ལ་ཉལ་བ་དབབ། །གཏན་ཚིགས་ཀྱིས་ནི་མ་ཡིན་ནོ། །ཕྲ་མོའི་ཤེས་པ་གྲངས་ལས་འདས། །དོན་ཀུན་སོ་སོ་རང་རང་པའོ། །དེ་བཞིན་བལྟ་བ་སོ་སོར་བལྟ། །རྫོགས་ཆེན་འདི་ནི་རབ་རྩིང་སྟེ། །དོན་འདི་ཆ་རིམ་ཉག་གཅིག་ཏུ། །ཐམས་ཅད་ཀྱིས་ནམ་བུས་ཆུབ་བོ། །རྩིང་པོ་འདི་དང་མ་སྤྱད་མ་ལྡན་ན། །ལམ་མེད་ལམ་ཞུགས་སོ་སོར་གོལ། །འཇུག་དང་བལྟ་དང་སྲུང་མ་དང་། །དེ་བཞིན་འཇུག་སྒོ་སོ་སོ་ལ། །འཁྲུལ་པའི་ལམ་ཡིན་མཐའ་ལས་གོལ། །ཉེ་ལམ་རྩོལ་བྲལ་ནད་འདིས་སེལ། །རབ་ཏུ་རྩིང་སྟེ་གཅིག་སྟེ་བསྟན། །ཉེ་ལམ་ཉག་གཅིག་ཡོངས་སུ་རྫོགས། །ཐམས་ཅད་ཐིག་ལེ་གཅིག་ཏུ་གནས། །ཞེས་རྩ་བའི་རྒྱུད་ལས། རྩིང་པོ་ཤེས་པས་བཅད་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །འདི་ལ་མོས་པའི་གང་ཟག་ལ། །ཕྱོགས་དང་རིས་སུ་མེད་པར་བསྟན། །དེ་བཞིན་ཉིད་ཀྱི་སྙིང་པོ་ཉིད། །འགྲོ་བ་ཀུན་ལ་རང་བཞིན་གནས། །རྐྱེན་གྱིས་མི་བཙལ་གཞན་ལས་མིན། །ཐམས་ཅད་ཡེ་ནས་སངས་རྒྱས་པས། །འགྲོ་བ་ཀུན་ལ་ཕྱོགས་རིས་མེད། །འདི་འཛིན་འདི་འཆང་འདི་འདོན་ན། །གང་གོམས་སངས་རྒྱས་ས་ལ་གནས། །འདི་ལ་མོས་པ་ཐ་དད་ཀྱིས། །མུ་སྟེགས་སྲིན་པོའི་རིགས་དྲུག་རྣམས། །ཕྱོགས་དང་རིས་སུ་མ་ཆད་དེ། །གང་གོམས་དེ་ཡིས་འབྲས་བུ་ཐོབ། །ཐམས་ཅད་རང་བཞིན་སངས་རྒྱས་ཉིད། །རང་གི་དེ་ཉིད་མ་རྟོགས་ན། །འཁྲུལ་པར་གྱུར་ཏེ་སོ་སོར་སྣང་། །འཁོར་བ་ཉིད་ལས་ཐར་མཐའ་མེད། །རང་སངས་རྒྱས་པ་དེ་རྟོགས་ན། །རིག་པ་ཡེ་ཤེས་ལྡན་པས་ན། །བླ་མེད་ཤེས་རབ་ཉག་གཅིག་ལམ། །དེས་ནི་བླ་མེད་ཐར་པ་ཐོབ། །


DNG006_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྩ་བའི་རྒྱུད་ལས། ཐེག་ཆེན་འདི་ལ་མོས་པའི་གང་ཟག་ལ་ཕྱོགས་རིས་མེད་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །ཀུན་གྱི་ཐུན་མོང་མིན་པར་བསྟན། །བླ་མེད་རྫོགས་པ་ཆེན་པོའི་དོན། །ཤིན་ཏུ་དོན་དམ་རྟོགས་པར་དཀའ། །བརྟགས་པས་མི་རྟོག་རྣམ་པར་རྟོག །ཤིན་ཏུ་འདི་དོན་ལྡན་པར་དཀའ། །འདི་དོན་ལྡན་པ་བརྒྱ་ནང་ན། །གཅིག་མེད་བརྒྱ་ལ་ཡོད་སྲིད་ན། །བདེ་གཤེགས་སྲས་ཀྱི་ཐུ་བོ་ཡིན། །འདི་དོན་འདོན་པ་རིན་ཆེན་རིགས། །རིན་ཆེན་རིགས་ནི་ཤིན་ཏུ་དཀོན། །ཡང་རབ་ཉག་གཅིག་ཨུ་དུམ་བར། །འདི་དོན་མིན་པས་མཐོང་བ་མིན། །རབ་ཏུ་བརྟག་དཀའ་རྟོགས་པར་དཀའ། །འདི་ཞེས་ཉིད་དུ་དེ་ཉིད་མེད། །ཡང་དག་སངས་རྒྱས་སྲས་འདོད་པ། །བཙལ་མེད་ངང་ལ་དེ་བཞིན་བཞག །ཡང་ན་ཐབས་ཆེན་ལྔ་ལ་བརྟེན། །དགོན་པར་ཡུན་རིང་མཉམ་བཞག་ན། །འདི་ཉིད་སྙིང་པོ་དོན་དང་ལྡན། །དེ་ཡང་གསེར་བོང་མ་ཡིན་པར། །ཉག་གཅིག་སྐུ་ལ་བརྟེན་པས་ན། །དེ་བཞིན་ཉིད་ཀྱི་དོན་དང་ལྡན། །ཞེས་རྩ་བའི་རྒྱུད་ལས། འདི་དོན་ཀུན་གྱི་ཐུན་མོང་མ་ཡིན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་སྟོན་པས་འཁོར་རྣམས་ལ། །ཀུན་ལ་བསྟན་པ་མིན་པར་གསུངས། །བྱ་བྲལ་བླ་མེད་རྫོགས་ཆེན་འདི། །བཤད་དང་བརྗོད་དང་རྩོལ་བསྒྲུབ་དང་། །འདི་ཞེས་མཐའ་ལས་འདས་པ་སྟེ། །དེ་བཞིན་ཀུན་ལ་བསྟན་པར་བྱ་བ་མིན། །ངེས་པའི་སྙིང་པོ་རྒྱུད་མཆོག་འདི། །ཆུ་སྲིན་མགྲིན་ཆུད་རིན་ཆེན་བཞིན། །ཀུན་ལ་བསྟན་པར་བྱ་བ་མིན། །རིན་ཆེན་རིགས་ལ་ཁད་ཀྱིས་སྦྱིན། །དད་ལྡན་སྐལ་ཅན་གང་ཟག་རྣམས། །འདི་འཕྲད་འདི་དང་གང་ལྡན་པ། །སངས་རྒྱས་ས་ལ་གནས་པ་ཡིན། །དེས་ཀྱང་ངེས་པར་འདི་བཟུང་སྟེ། །ཀུན་ལ་བསྟན་པར་བྱ་བ་མིན། །དད་ལྡན་རྣམས་ལ་ཁད་ཀྱིས་སྦྱིན། །ཞེས་རྩ་བའི་རྒྱུད་ལས། ཀུན་ལ་བསྟན་པ་མིན་པར་གསུངས་པའི་ལེའུ་སྟེ་སུམ་ཅུ་
པའོ།། །།རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་རྡོ་རྗེ་ཐེག་པ་རྩ་བའི་རྒྱུད་ཀྱི་མ་མོ། སེམས་ཕྱོགས་ཀྱི་ཕྱི་མོ། ལྟ་བ་ཐམས་ཅད་ཀྱི་ཕུག །དགོངས་པའི་གདེང་རྫོགས་ཏེ། ས་མ་ཡ་སོ་ཕག་ཤི་ཁ་ཐམ། ནོར་འདོད་བུ་ཕོ་དགེ་སློང་བདག་འདྲ་ཡིས། །རིན་ཆེན་སྣ་ལྔའི་སྙིང་པོ་གསེར་ཁྱེར་ནས། །རིན་ཆེན་སྲོག་ལ་མ་འཛེམ་དཀའ་བའི་ལམ་རྣམས་བརྒལ། །ངེས་པའི་སྙིང་པོ་བྱང་སེམས་རྒྱུད་སྨད་རྩེ་གཉིས་བཙལ། འཇམ་དཔལ་བཤེས་གཉེན་བླ་མ་དང་། བདག་འདྲ་བཻ་རོ་ཙ་ན་ཡིས། སྒྲ་སྐད་བསྟུན་ཏེ་མཚན་ལ་ཕབ་ནས་ཀྱང་། བོད་ཀྱི་ཡུལ་དུ་རྨོངས་པ་ཚན་གསུམ་འབྱུང་བ་ཆ་མཆིས་ནས། །འདིར་དྲངས་མངའ་བདག་རྒྱལ་པོ་ཉིད་ཀྱི་ཕྱག་ཏུ་ཕུལ། །རྨོངས་པོ་ཚན་གསུམ་དུས་ན་དར་བར་ཤོག །དང་པོ་བཻ་རོ་ཙ་ནས་བསྒྱུར། དེ་ནས་ལྷོ་བྲག་ནས་ཁྱུང་གྲགས་ཀྱིས་གཏེར་ནས་བཏོན་པའོ།། །། བར་འདིར་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པ་དང་། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལེའུ་ཞེ་གཉིས་པ་འཛུད།

བྱང་ཆུབ་ཀྱི་སེམས་བསྒོམ་པ།


DNG006_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སྐད་དུ། བྱང་ཆུབ་ཀྱི་སེམས་བསྒོམ་པ། བཅོམ་ལྡན་འདས་དཔལ་བདེ་བའི་མཆོག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་བདེ་བ་ཆེན་པོ་དེ། ཐམས་ཅད་ཆོས་ཉིད་ཟབ་མོ་ལ་གཟུད་པར་དགོངས་ནས། ཆོས་དབྱིངས་གཏིང་དཔག་དཀའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་བཞིན་གྱི་འཁོར་ཉིད་དང་ཐ་མི་དད་པ་རྣམས་ལ། རང་བཞིན་གསུང་དུ་མེད་པ་འདི་བཀའ་སྩལ་པ་དེ་ཡི་ཚེ་ན་ཐམས་ཅད་ཆོས་ཉིད་སྟོང་པའི་ངང་དུ་གྱུར། བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །བསམ་མེད་དྲན་མེད་མི་གཡོ་བ། །བསམ་པ་བསྟན་དུ་མེད་པའོ། །ཐ་སྙད་གདགས་སུ་ག་ལ་ཡོད། །འདི་ནི་བརྗོད་མེད་སྤྲོས་ལས་འདས། །དིག་མའི་རྨི་ལམ་ལྟ་བུའོ། །རྣལ་འབྱོར་དམ་པའི་ལམ་ཞེས་བྱ། །གྲུབ་མཐའ་མ་ཉམས་ཡོངས་སུ་དག །སངས་རྒྱས་ས་ལ་རང་བཞིན་གནས། །རྫོགས་པ་ཆེན་པོའི་དོན་ཞེས་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ལས། རང་བཞིན་གསུང་དུ་


DNG006_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་དོན་གསུངས་པའི་སྐབས། །བདེ་བའི་མཆོག་གི་ཡེ་ཤེས་གསུང་དུ་མེད་པ་འདི་བཀའ་སྩལ་པ། ཆོས་ཉིད་ཇི་བཞིན་པ་དེ་ལ། །བློ་ཡང་དེ་འདྲ་བཞག་གྱུར་ན། །སེམས་ཀྱི་སྐད་ཅིག་དང་པོ་ལ། །ལུས་ཆོས་གནས་པ་དོན་ལ་རེག །དེ་དུས་འབྱུང་ཚོར་ཤེས་འཇུག་མེད། །བག་ཆགས་རྒྱུན་ཆད་རང་བྱུང་ཤར། །ཡེ་ཤེས་མེད་དེ་སྐད་ཅིག་མ། །དེ་བཞིན་དབྱིངས་ཀྱང་སྐད་ཅིག་མ། །དེ་དང་དེ་ཞེས་དབྱེར་མེད་པ། །དེ་ནི་རྒྱུན་ཆགས་ཐམས་ཅད་སྤངས། །ཤེས་པ་ཡེ་ཤེས་ཉིད་དུ་འགྱུར། །དེ་བཞིན་སྦྱོར་བའི་ལམ་པ་ཡི། །ཡེ་ཤེས་ལ་རེག་མི་རྣམས་ལ། །རང་རྒྱུད་དུ་ནི་བདུད་བཞི་འབྱུང་། །འཇིགས་པ་གཟུགས་དང་གྲགས་པ་སྒྲ། །འོད་ཀྱི་བདུད་དང་བསླུ་བ་རྣམས། །བྱུང་ཚེ་དེ་ལ་རེག་བྱས་ལ། །མི་ཞེན་མི་ཆགས་ལམ་རྒན་བསམ། །ཀུན་འོང་འགྲོ་བ་དེ་ཉིད་ལམ། །ཤེས་པ་ཁྱད་པར་ཅན་ཞེས་བྱ། །ཡེ་ཤེས་གཟུང་དུ་མེད་པའི་སྐབས།། །།དེ་ནས་ཡང་བདེ་བའི་མཆོག་དེས་དབྱིངས་ཟད་མ་བཀའ་སྩལ་པ། ཞི་བའི་དབྱིངས་ཏེ་འདུས་མ་བྱས། །རང་བཞིན་བཟང་དང་རབ་འདྲེས་པ། །བཙལ་མེད་ཚུལ་དུ་བྱུང་བ་སྟེ། །གང་གིས་མ་བསླད་རང་བཞིན་དབྱིངས། །ཐོག་མཐའ་མེད་པའི་རྒྱལ་པོའོ། །སྐད་ཅིག་རྒྱུ་འབྲས་མེད་པར་དབྱིངས། །རྒྱུན་ཆད་རིག་པའི་དབྱིངས་མ་ཡིན། །བཙལ་ན་རྩོལ་ནད་སངས་མི་སྲིད། །བཙལ་བ་མེད་པ་དབྱིངས་ཀྱི་གཙོ། །དེ་ལྟ་བུ་ཡི་དབྱིངས་དེ་ལ། །དེ་ལྟ་བུ་ཡི་ཡེ་ཤེས་དབབ། །ཡང་ན་དབབ་དང་མི་དབབ་མེད། །ཤེས་རིག་བག་ཆགས་རྒྱུན་དེ་ཡང་། །གཉེན་པོའི་སྒོ་ནས་མི་གཅོད་དེ། །རང་བཞིན་རང་གིས་རྟོགས་གྱུར་པ། །དེ་ཡིས་བག་ཆགས་རང་བཞིན་དག །རང་ཁའི་བསམ་པ་གྱ་གྱུ་ལ། །དེ་རེག་པ་ཡང་བདེ་བར་གཤེགས། །གཅིག་ཏུ་གཟུང་བར་ངས་མ་བཤད། །ཡེ་ཤེས་དེ་ཡང་བསམ་པའི་དབང་། །བསམ་པ་རང་ཁ་མ་ཡིན་ཏེ། །དབྱིངས་དང་ཡེ་ཤེས་རབ་འབྱོར་ན། །རིག་པ་ཅན་གྱིས་ཆར་བཟུང་སྟེ། །རིམ་པ་མེད་པའི་དོན་དེ་ནི། །ཡང་དག་པ་ཡི་


DNG006_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའོ། །བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་དབྱིངས་ཟད་མའི་སྐབས།། །།དེ་ནས་རང་བཞིན་མཐོང་དུ་མེད་པ་བཀའ་སྩལ་པ། །རང་བཞིན་རང་གི་རྟོགས་པ་ནི། །དྲ་སྙིག་མེད་པའི་ཟབ་མོ་སྟེ། །རང་ཁའི་ཚེ་ན་ཡོད་མེད་ན། །བསམ་པ་མཚན་མ་ཅན་གྱིས་ནི། །དེ་ལ་མི་དཔོག་གྱ་གྱུ་ཅན། །གསལ་བ་མེད་པར་རང་བཞིན་གསལ། །གསལ་བ་ཉིད་ནི་གྲུབ་མཐའི་སྐྱོན། །རང་བཞིན་མཁའ་ལ་རང་བཞིན་སེམས། །བསམ་པ་རང་བཞིན་རང་བཞིན་གནས། །ཤེས་རྒྱུན་དེ་ཡང་རང་བཞིན་ཙམ། །དེ་ནི་ཉམས་མེད་ཉམས་ཞེས་བྱ། །ལྟ་བ་རིམ་པ་མ་ཡིན་ལ། །སྒོམ་པ་རིམ་པ་མ་ཡིན་པ། །ལྟ་སྤྱོད་གཉིས་ཀ་རང་བཞིན་ཙམ། །ཁྱད་པར་འཕགས་པའི་རང་བཞིན་ནོ། །བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་རང་བཞིན་གྱིས་མཚོན་དུ་མེད་པའི་སྐབས།། །།དེ་ནས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཡིན་པ་འདི་བཀའ་སྩལ་པ། ཐམས་ཅད་དབྱིངས་ལས་ཕྱེད་ཡིན་པས། །དབྱིངས་དང་ཡེ་ཤེས་དབྱེར་མེད་སྟེ། །ཡེ་ནས་མ་བཅོས་དབྱིངས་དེ་ལ། །མ་བཅོས་རིག་པ་ཀློང་དུ་ཡན། །རང་བཞིན་དོན་དང་ལྡན་བྱས་ཏེ། །རྟོག་གེའི་སྤྱོད་ཡུལ་མ་ཡིན་པས། །དབྱིངས་དང་ཡེ་ཤེས་གཉིས་མེད་དེ། །གཉིས་མེད་བདེ་བའི་མཆོག་རྒྱལ་པོ། །དེ་ལྟར་མ་ཡིན་རྟོག་གེ་པས། །བསམ་པ་དེ་ལ་གནས་པ་ན། །གལ་ཏེ་སེམས་ལ་གཏད་ཡོད་པས། །བཏང་བ་མི་མཐོང་འཆིང་བའི་རྒྱུ། །གཏོང་མི་དགོས་པའི་སྐྱེས་བུ་ཡིས། །ནམ་མཁའ་བཞིན་དུ་ནང་དུ་བསྡུས། །དང་པོའི་ཚེ་ན་འདི་གཉིས་སྒྲིམས། །དབང་པོ་ཡུལ་ལ་འཕྲོས་པ་ཡང་། །དེ་ཁ་དབྱིངས་ཟད་ཤེས་རབ་མོད། །ཁ་ཅིག་རྫོགས་ཆེན་དོན་འདོད་པ། །རང་བཞིན་བདེ་བ་ཉམས་སུ་བླང་། །བདེ་བ་སྙོམས་ཏེ་མ་ཚོར་འཆོར། །དེ་བས་ཆད་པ་ཞི་བར་བཞག །དེར་བཞག་གསེར་འདོད་བོང་བ་བཞིན། །དབྱིངས་དང་ཡེ་ཤེས་སྐད་ཅིག་ལ། །མེད་པ་ཤེས་རབ་ཐབས་རྫོགས་པ། །དེ་ནི་སངས་རྒྱས་ས་ལ་གནས། །གཉིས་སུ་མེད་པར་མི་བལྟ་བར། །དེ་ནི་སངས་


DNG006_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ས་ལས་འདས། །དེ་ཀ་གཏིང་དཔག་དཀའ་བའི་དོན། །བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པ་ལས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྐབས།། །།དེ་ནས་མཐོང་བས་བལྟར་མེད་པའི་དོན་འདི་བཀའ་སྩལ་པ། མཐོང་བས་བལྟ་རུ་མེད་པ་ནི། །ཆུ་སྲིན་གྲེ་བའི་རིན་ཆེན་བཞིན། །ནམ་ཡང་བསྟན་དུ་མེད་པའོ། །མཚན་མ་ཀུན་དང་བྲལ་བས་ན། །བཙལ་དང་བྲལ་བའི་ཡི་གེ་མེད། །རྩོལ་དང་བྲལ་བ་ཉམས་ཀྱི་གཙོ། །མི་དམིགས་སྐུ་ལ་བལྟར་མེད་དེ། །མི་དམིགས་གསུང་ཐུགས་དེ་བཞིན་ཡིན། །མ་མཐོང་བས་ན་མཐོང་བ་ཆེ། །ཐབས་ཀྱི་ཐབས་ཏེ་དངོས་གྲུབ་རྨད། །ཤིན་ཏུ་ངོ་མཚར་རྫོགས་ཆེན་པོ། །སངས་རྒྱས་ཐུགས་ལ་མི་མངའ་བ། །འདི་རྟོག་གོ་བ་བརྒྱ་ནང་ན། །གཅིག་མི་འོང་བར་ཤིན་ཏུ་གྲགས། །ལུང་དུ་བསྒོམ་བསྒྲུབ་ཀུན་དང་བྲལ། །ཁྱབ་པས་བདེ་ཆེན་དོན་ཞེས་བྱ། །མཐོང་མེད་བསམ་པས་ཐམས་ཅད་མཐོང་། །དེ་ནི་ངེས་བསྒོམ་མཆོག་ཆེན་པོ། །ས་དང་ཕ་རོལ་ཕྱིན་ལས་འདས། །དེ་ཡི་སྣང་བ་རང་བཞིན་མེད། །རང་བཞིན་མེད་པ་མི་བསམ་སྟེ། །སྨྲ་བསམ་ཡུལ་ལས་འདས་པའོ། །སེམས་ཀྱི་འབྱུང་ཚོར་བྱུང་བ་ན། །དེ་ཀ་རང་བཞིན་རང་ཞི་བ། །ངེས་དོན་སྙིང་པོ་བླ་ན་མེད། །རྣམ་རྟོག་བསགས་པའི་ཕྲ་རྒྱས་ཀྱིས། །ལོག་ཁྲིག་དོན་མིན་བརྟས་པའི་མཐུ། །བཟློག་དཀའ་གཉེན་པོས་བཟློག་པ་མིན། །རྒྱལ་ལས་དམངས་བྱུང་ཐ་མར་རྒྱལ། །རྒྱལ་པོ་ཐུ་བོ་མི་ཡི་མཆོག །རྒྱལ་བཟུང་རྒྱལ་ཁམས་ཆམ་ལ་ཕབ། །ངེས་པར་བསད་པས་སྡིག་མི་འོང་། །འདི་ནི་སླར་འཚོ་ཤིན་ཏུ་རྒྱལ། །མཁས་པས་རྒྱལ་པོ་བསད་གྱུར་ན། །ཤིན་ཏུ་རྒྱལ་འཁོར་བཟང་བར་འོང་། །ལུག་བཟློག་བདེ་ཆེན་ས་ལ་འདས། །བྱང་ཆུབ་སེམས་བསྒོམ་པ་ལས་མཐོང་བ་བལྟར་མེད་པའི་སྐབས།། །།དེ་ནས་ཆོས་ཉིད་ཇི་བཞིན་པའི་དོན་བཀའ་སྩལ་པ། སེམས་མི་གཡོ་བ་སངས་རྒྱས་སོ། །གང་ཡང་མ་བསྐྱེད་དོན་


DNG006_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ། །གང་གནས་ཆོས་ཉིད་ཡིན་པར་བཤད། །གནས་དང་མི་གནས་གཉིས་མེད་དོ། །དེ་ཕྱིར་རྣམ་པ་ཐམས་ཅད་མཁྱེན། །འདི་ནི་སྐུ་ཡི་དངོས་གྲུབ་ཡིན། །ཆོས་ཉིད་ཅིར་ཡང་མ་མཐོང་བ། །ཐུགས་ལ་ཡང་དག་དོན་མ་ལོག །བཟླས་ཤིང་གསལ་བར་མ་གྱུར་པ། །གསུང་གི་དངོས་གྲུབ་ཤིན་ཏུ་ཡིན། །ས་ལ་མི་བརྟེན་ལྷུན་གྱིས་གྲུབ། །འདི་ནི་ལམ་རྒན་ཀུན་འོང་འགྲོ། །ཐམས་ཅད་འདུས་པའི་དངོས་གྲུབ་ཡིན། །རང་བཞིན་རང་ལ་རང་བཞིན་ཡིན། །རང་བྱུང་རིག་པ་ཞེས་བྱའོ། །འདི་མི་སྣང་བ་གཞན་སྣང་མེད། །གལ་ཏེ་བློ་ལ་སྣང་བ་དེ། །དོན་སྣང་མ་ཡིན་མཚན་མའོ། །དེ་ནི་རང་བྱུང་རིག་པ་མིན། །བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། ཆོས་ཉིད་ཇི་བཞིན་པའི་སྐབས།། །། དེ་ནས་རྨད་དུ་བྱུང་བ་འདི་བཀའ་སྩལ་པ། སེམས་མི་གཡོ་བ་བདེ་བ་སྟེ། །སེམས་ཀྱི་སེམས་འཆིང་མི་འཆོར་བས། །སེམས་ལ་ཞིབ་པས་བརྟག་དཔྱད་བྱ། །ཤེས་བཞིན་གྱིས་ནི་ཐང་བཅད་དེ། །སེམས་ཀྱི་སེམས་ལ་བལྟས་པས་ན། །ཅིར་ཡང་མ་མཐོང་མ་ཡེངས་པ། །བསྒོམས་ན་མ་བསྒོམས་བསྒྲུབས་ན་ཉམས། །དེ་བས་འབྱུང་ཚོར་ཅི་བྱུང་ཡང་། །རང་བྱུང་རང་ཞི་བསྒོམ་པའི་གཙོ། །རང་བྱུང་རང་ཞི་ཙམ་མི་གདགས། །སེམས་ཀྱི་སྤྱོད་འཇུག་ཐམས་ཅད་ཀྱང་། །ཡི་གེ་མེད་པའི་ངང་དུ་བཞག །དེ་ནི་རྒྱལ་པོའི་རྒྱལ་སའོ། །མན་ངག་སྙིང་པོའི་རྒྱུད་ཅེས་བྱ། །བདེ་གཤེགས་ཉག་གཅིག་དགོངས་པ་ལ། །ཕྱི་རབས་རྣལ་འབྱོར་དོན་ལ་ནི། །ཡང་རབ་བསམ་པའི་ཏིང་ངེ་འཛིན། །རབ་ཀྱི་རབ་ཀྱིས་དོན་ལ་དཔྱད། །བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པ་ལས། རྨད་དུ་བྱུང་བར་བསྟན་པའི་སྐབས།། །།དེ་ནས་སྐུ་གསུང་ཐུགས་སུ་འཁོར་རྣམས་རང་བཞིན་དུ་བཏོན་ནས་བཀའ་སྩལ་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པའི་རྒྱུད་འདི་མཐོང་ངམ།ཐོས་སམ་ཉམས་སུ་བླངས་སམ། དོན་རྟོགས་སམ། དེ་སྐད་ཅེས་བཀའ་སྩལ་པ་ལས། འཁོར་
རྣམས་ཀྱི་མགྲིན་གཅིག་པས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་ཀྱི་སེམས་ཡི་གེ་མེད་པ་འདི། བདག་ཅག་གི་ཇི་ལྟར་འཚལ་ལོ། །ཞེས་གསོལ་པ་ལས་བདེ་བར་གཤེགས་པ་རྣམས་སླར་ཡི་གེ་མེད་པའི་རང་བཞིན་དུ་འདུས་སོ། །བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པ་ཞེས་པའི་སྐབས་རྫོགས་སོ། །འདི་གོང་འོག་གཉིས་མིང་དང་སྐབས་གྲངས་འདྲ་ཡང་གསན་ཡིག་ན་བཞུགས་རྒྱུ་གོང་མ་འདི་ཡིན་འདྲ།། །།

བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པའི་རྒྱུད།


DNG006_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སྐད་དུ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པའི་རྒྱུད། དཔལ་བདེ་བའི་མཆོག་ལ་ན་མོ། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་རང་བཞིན་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་བཞིན་གྱི་འཁོར་ལ་རང་བཞིན་གྱི་སྟོན་པས་རང་བཞིན་གསུང་དུ་མེད་པ་བཀའ་སྩལ་པ། རང་བཞིན་རང་བཞིན་ཙམ་མིན་ཏེ། །དེ་ནི་རང་བཞིན་མི་བཟུང་བ། །རང་བཞིན་གབ་པ་བག་ལ་ཉལ། །རང་བཞིན་གྱི་སྐབས།། །།དབྱིངས་དང་ཡེ་ཤེས་གཉིས་མེད་དེ། །གཉིས་ན་རིམ་པ་ཅན་ཞེས་བྱ། །རིམ་པའི་ཆ་ལ་མི་བརྟེན་པར། །དེ་ཀ་ཡི་གེ་མེད་པའོ། །ཡི་གེ་མེད་པའི་སྐབས། རང་བཞིན་ཙམ་ཡང་མ་ཡིན་པ། །དེ་ནི་རང་བཞིན་ཆེན་པོའོ། །རང་བཞིན་རང་གིས་རྟོགས་ན་རྟོགས། །ཐམས་ཅད་མེ་དང་རང་བཞིན་སྣང་། །བལྟར་མེད་བག་ལ་ཉལ་བ་དེ། །འབད་པས་མི་རྙེད་བཏང་སྙོམས་ཙམ། །དེ་ཡང་མིན་ཏེ་ཅིང་མི་གནས། །ཡི་གེ་མེད་པའི་སྐབས། འདི་ལྟར་སྣང་བའི་ཁྱད་པར་ལས། །བདུད་བཞི་མི་འབྱུང་རྟོག་པ་ཟད། །ངེས་ཐོབ་ས་ཆེན་ཁྱད་པར་འཕགས། །སྐྱོན་བྲལ་རྫོགས་ཆེན་དོན་ལས་འདས། །སྟོང་དང་མི་སྟོང་ཚིག་ལས་འདས། །སངས་རྒྱས་ཆོས་དང་དགེ་འདུན་མེད། །ཡི་གེ་མེད་པའི་སྐབས། མན་ངག་གསུམ་དང་གསང་བ་གསུམ། །ཡི་གེ་མེད་པས་འདི་མི་བརྟག །སྟོང་པ་ཆེན་པོའི་རང་བཞིན་སྟོང་། །དེ་ནི་ཀུན་ལས་འཕགས་པ་ཡིན། །མཆོག་འཕགས་ཁྱད་པར་ཆེན་པོའོ། །ཡི་གེ་མེད་པའི་སྐབས། མི་དམིགས་
མི་རྟོག་ཀུན་བཟང་དང་། །རང་ཀ་མ་ལ་རང་བཞིན་ཡང་། །བག་ཆགས་ཀུན་བཟང་ལྷུན་གྱིས་གྲུབ། །གསེར་མེད་བོང་བ་མེད་པའི་སེམས། །དྲན་རྟོག་བག་ཆགས་ཅི་བྱུང་ཡང་། །དེ་ཉིད་རང་བཞིན་ཡིག་མེད་དང་། །མཚོན་པ་ལས་འདས་དཔེ་མེད་པ། །དེས་ན་སྒྲུབ་པ་ཆེན་པོའོ། །ཡི་གེ་མེད་པའི་སྐབས། གང་ཡང་མི་བསམ་ཅིར་མི་བཏགས། །མཚན་བསམ་ཉམས་ཏེ་ཆགས་ན་འཁོར། །བྱང་ཆུབ་སེམས་སུ་གདགས་པ་མེད། །འདི་ལྟར་སྤྱོད་པའི་ཁྱད་པར་ལ། །སེམས་དང་ཡིད་དུ་རྣམ་མི་དབྱེ། །ཕྱེ་བས་ཆགས་པའི་མཚན་མའོ། །འདི་ཞེས་གང་ལའང་གནས་མི་བྱ། །བསྒོམ་ཆགས་སྐྱོན་དུ་ཏིང་འཛིན་འགྲོ། །ཡི་གེ་མེད་པའི་སྐབས། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཏེ། །ཡེ་ཤེས་ཀུན་གྱི་ཐུ་བོ་ཡིན། །ཆོས་སྐུ་བདེ་བའི་མཆོག་ཡིན་པས། །ནམ་མཁའ་ཆེའོ་ཏིང་འཛིན་གཙོ། །ཡི་གེ་མེད་པའི་སྐབས། རིགས་ཀྱི་བདེ་བར་གཤེགས་པ་རྣམས། །ཏིང་འཛིན་འབུམ་སྡེའི་དོན་འདི་ནི། །རབ་ཏུ་རྟོགས་དང་དཔྱད་དཀའ་བས། །རྒྱ་ཆེན་རྩིང་པོར་རབ་དཔྱད་ལ། །ཕྲ་མོ་བག་ལ་ཉལ་བ་དབབ། །གཏན་ཚིགས་ཀྱིས་ནི་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པ་ལས། བསྡུ་བ་གསུངས་པའི་སྐབས་རྫོགས་སོ།། །།

བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་ཡེ་ཤེས་བདུན་འབྱུང་བའི་རྒྱུད།


DNG006_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་མ་ཧཱ་སནྟི་ཛྙཱ་ན་སཔྟཱ་ཀ་ར་ཏནྟྲ།བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་ཡེ་ཤེས་བདུན་འབྱུང་བའི་རྒྱུད། དཔལ་ཡེ་ཤེས་རྫོགས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་རང་བཞིན་ཡེ་ཤེས་རྫོགས་པ་ཆེན་པོ།གསང་བའི་འོད་གསལ་བ་བདེ་བའི་ངང་ཉིད། ལྷུན་གྱིས་གྲུབ་པའི་བདག་ཉིད། མ་ལུས་པ་གཅིག་གི་རང་བཞིན་ཐིག་ལེ་ཆེན་པོ་ཉིད། འོག་མིན་གྱི་གནས། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་དེ་བཞིན་ཉིད། རིག་པ་འཕོ་འགྱུར་མེད་པའི་གཞལ་ཡས་ཁང་། ཅིར་


DNG006_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསལ་བའི་རྒྱན་གྱིས་བཀླུབས་པ་ན། བཅོམ་ལྡན་འདས་རང་བཞིན་རྫོགས་པ་ཆེན་པོ་དེ། རང་བཞིན་གྱི་འཁོར་དང་།རང་བཞིན་ལ་ལྟ་བའི་འཁོར་དང་། རང་བཞིན་ཉིད་ལ་གནས་པའི་འཁོར་དང་། རང་བཞིན་མངོན་དུ་གསལ་བར་གྱུར་པའི་འཁོར་དང་ཐབས་ཅིག་གོ། །དེའི་ཚེ་ན་བརྒྱ་བྱིན་ལྷའི་དབང་པོས། གདུལ་བྱའི་དོན་ཤེས་ནས། ཕྱོགས་བཅུའི་རྒྱལ་བ་ལ་འདི་སྐད་ཅེས་བསྐུལ་ཏོ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཐུན་མོང་བྱ་བ་མཐར་བཏོན་ནས། །གང་ལ་ཉེ་བར་མཛེས་པ་ཡི། །དམ་པའི་གསང་བ་གསུང་དུ་གསོལ། །རྩོལ་བྲལ་རིག་པའི་ཁྱད་པར་ལ། །གཉིས་པའི་དོན་དེ་མི་གནས་ཏེ། །དེ་ཉིད་སྣང་བའི་བྱིན་རླབས་ལས། །ཇི་ལྟར་འདོད་པ་སོ་སོར་གསལ། །ཞེས་བསྐུལ་ཏོ། །དེ་ནས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་མགྲིན་གཅིག་ཏུ་འདི་སྐད་བསྐུལ་ལོ། །རང་གསལ་རིག་པ་མཆོག་གི་སྐུ། །རྩོལ་བྲལ་བསྟན་པ་ཐུགས་ལ་རྫོགས། །འདོད་འབྱུང་འབར་བའི་ནོར་བུ་ལྟར། །གདོད་ནས་ཀུན་རྫོགས་བདག་ཏུ་གསལ། །རིག་པ་ལྷུན་རྫོགས་དབྱིངས་ལ་བཞུགས། །བདག་གཞན་མི་མངའ་ཕྱོགས་རིས་བྲལ། །ནམ་མཁའ་མི་འགྱུར་རྟག་པར་བལྟ། །རང་གསལ་ལྷུན་གྲུབ་རིག་པ་ཁྱོད། །གང་ལ་རྐྱེན་གྱིས་བསྐུལ་བ་ལྟར། །ཐུགས་རྗེས་སེམས་དཔར་བསྟན་དུ་གསོལ། །ཞུས་སོ། །དེ་ནས་རྡོ་རྗེ་སེམས་དཔའ་ལ་བསྐུལ་པས། ལྷའི་དབང་པོའི་ངོ་ལ་གསང་བའི་བདག་པོར་སྣང་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་བ་ཀུན་གྱི་གསང་བའི་ཐུགས། །ཀུན་འདུས་བྱང་ཆུབ་སེམས་ཀྱི་ངང་། །རང་གསལ་ཉག་གཅིག་དྲི་མེད་པ། །བདེ་ཆེན་ཁྱེད་ཀྱི་སྐུ་མཆོག་གིས། །བརྗོད་བྲལ་གསང་བའི་ཆོས་ཉིད་འདི། །ཚིག་དང་ཡི་གེ་ཀུན་བྲལ་ཡང་། །དེ་ཉིད་བརྗོད་པས་གོ་བྱའི་ཕྱིར། །ཡེ་ཤེས་གསལ་བར་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་


DNG006_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེ་དེ་ཉིད་རང་གི་ཡེ་ཤེས་གསལ་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། རང་ཉིད་ལྟ་བུའི་འཁོར་རྣམ་པར་བཀོད་པ་ལས། རྣམ་པར་ལངས་ནས་འདི་སྐད་ཅེས་བསྐུལ་ཏོ། །རང་བྱུང་རིག་པའི་འོད་འབར་བས། །ཀུན་གསལ་ཉམས་མྱོང་བྲལ་བ་འདི། །བརྗོད་མེད་རིག་པའི་དོན་གོ་ནས། །རྩོལ་བྲལ་དོན་ལ་དགོད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་སྐྱེས་བུ་དམ་པ་དེས། འདི་སྐད་ཅེས་བཀའ་སྩལ་ཏོ། །རང་བྱུང་རིག་པ་མཆོག་གི་དོན། །རང་རིག་འོད་གསལ་གསང་བའི་ཉམས། །འཛིན་པའི་དྲི་མ་ཀུན་གྱིས་དབེན། །བརྗོད་བྲལ་རིག་པ་དབྱིངས་ལ་བཞུགས། །འབར་བའི་འོད་ཀྱི་རྣམ་པ་ལྟར། །ཀུན་ཏུ་གསལ་ཞིང་ཉིད་དུ་གནས། །རང་གསལ་རིག་པ་ཆོས་དབྱིངས་ལ། །ཆོ་འཕྲུལ་བདག་རྫོགས་གཉིས་པ་མེད། །རྣ་བརྒྱུད་དག་གི་སྒྲ་ཚིག་གིས། །འཕྲུལ་གྱི་མེ་ལོང་ཇི་བཞིན་དུ། །གཞན་མི་བཙལ་ཏེ་རང་ལ་རྫོགས། །ཅི་ཡང་མ་ཡིན་ཅིར་མི་དགོངས། །བསམ་མེད་མི་གཡོ་མཆོག་གི་ལུང་། །ཇི་བཞིན་ཉིད་ལ་ཇི་བཞིན་གསལ། །རྐྱེན་བྲལ་བརྡ་ཕྲད་དོན་གྱི་ལུང་། །བརྗོད་མེད་གསང་བའི་ཉམས་ཀྱིས་སོ། །རང་བྱུང་མཆོག་གི་སྙིང་པོ་ལ། །ཡེངས་པ་མེད་པའི་སེམས་ཀྱིས་གནས། །རང་གསལ་དམིགས་བྲལ་ཅིར་མི་དགོངས། །ཤེས་མེད་གསལ་བ་མར་མེ་ལྟར། །ཡིན་ནོ་གང་དུའང་སེམས་པ་མེད། །འགྱུར་མེད་ཆོས་ཀྱི་གཡུང་དྲུང་ལ། །ཅི་དགར་བཞག་པས་གཡོ་མེད་ལུང་། །ཡུལ་མེད་བསམ་བྲལ་སྒྲོ་སྐུར་ཅན། །ཏིང་འཛིན་རིག་པའི་འཁོར་ལོ་ཡིན། །བག་ཆགས་འཛིན་པ་རྣམ་པར་གཅོད། །ནམ་མཁའ་གསལ་བའི་མར་མེ་ལྟར། །གསལ་ལ་དམིགས་པ་རྣམ་པར་བཅད། །འབྱུང་འཇུག་མེད་པའི་ཐིག་ལེ་ཡིས། །གསང་བ་རིག་པའི་འཁོར་ལོ་དང་། །མ་རིག་གསལ་བའི་མེ་ལོང་གིས། །ཁྱབ་པས་ནམ་མཁའ་རྗེས་སུ་བལྟ། །རང་བྱུང་རིག་པ་རང་གསལ་སྐྱེས། །རྒྱུ་རྐྱེན་བྲལ་བའི་དབྱིངས་ལ་རྫོགས། །


DNG006_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་སྤངས་ཏེ་དབྱིངས་ལ་གནས། །མི་འབྱུང་མི་འཇུག་གཉིས་མེད་ངང་། །སྤྱད་མེད་དེ་ལྟར་རང་བཞིན་གཞག །བཙལ་བྲལ་ཆུ་ཡི་རང་བཞིན་ལྟར། །མ་བསྐྱེད་དེར་བཞག་དོན་གྱིས་གསལ། །དེ་ཉིད་ངེས་པའི་དོན་འདི་ནི། །བསམ་གྱིས་མི་ཁྱབ་དུས་ནས་ཤེས། །མི་ཚོལ་འོད་ཀྱི་སྙིང་པོ་ལྟར། །འདུ་འབྲལ་མེད་པར་ཡེ་ནས་རྫོགས། །དེ་ཁོ་ན་ཉིད་ཡུལ་མེད་ལ། །གཉིས་མེད་རིག་པ་གཅིག་ཏུ་འབར། །གཏི་མུག་སྒོ་ནས་བདེ་བ་རྒྱས། །ཀུན་འཇོམས་རེ་བའི་སྙིང་པོ་འདྲ། །མཐའ་བྲལ་མངོན་པར་མཐོ་བ་ལ། །མཚན་བྲལ་མི་ཚུད་གཅིག་ལས་མེད། །དེས་ན་རང་བཞག་དགོངས་པས་གནས། །ཀུན་ལ་བསལ་ཏེ་གཅིག་ལ་སོན། །འགྱུར་མེད་སེམས་ཀྱི་དགོངས་པའོ། །ཡེ་ཤེས་བདུན་འབྱུང་གི་རྒྱུད་ལས། གླེང་གཞི་གསང་བའི་ལེའུ་སྟེ་དང་པོའོ།། །།ཀྱེ་སེམས་དཔའ་ཆེན་པོ། རང་བཞིན་ཐམས་ཅད་ཉམས་ཀྱིས་ནི། །བསྡུས་ཏེ་ཐིག་ལེ་གཅིག་ཏུ་གསལ། །རང་གསལ་འགྱུར་མེད་ཡེ་ཤེས་ཀྱིས། །ཇི་བཞིན་ཀློང་དུ་གསལ་བར་གནས། །འཁོར་བ་རང་གསལ་ཉིད་དུ་བདེ། །ནམ་མཁའ་ཁྱབ་པའི་འོད་དང་ལྡན། །གསལ་བ་ནམ་མཁའི་སྙིང་པོ་ལྟར། །ཁྱབ་པ་ཀུན་གྱི་རྗེས་སུ་སོང་། །སྣང་བ་ནམ་མཁའི་མཐའ་ལྟར་ཡངས། །འཕྲུལ་གྱི་མེ་ལོང་གསལ་བའི་འོད། །ཕྱོགས་རིས་མེད་པར་ཀུན་ལ་འཆར། །རྒྱ་མཚོ་གསལ་བས་ཡིད་བརྟགས་པས། །ཁྱབ་པར་གསལ་བས་དབྱིངས་ལ་བསྡུ། །མ་བཅོས་རང་བྱུང་སྙིང་པོ་ལ། །སྒྲོ་སྐུར་དག་པའི་དབྱིངས་ལ་འདས། །བསམ་པ་མེད་པའི་འདུ་ཤེས་ཅན། །རྒྱུ་བའི་ཡུ་བ་རྣམ་པར་བཅད། །ཀུན་སྣང་འོད་གསལ་ཉག་གཅིག་པོ། །ཅི་ཡང་ཡིན་ནོ་གང་ཡང་རུང་། །མ་བཀག་ཡོན་ཏན་དེ་ལྟར་གསལ། །རང་རིག་ཡུལ་མེད་ཆོས་ཀྱི་དབྱིངས། །རང་གསལ་ཡེ་ཤེས་ཀུན་ཏུ་བཟང་། །རང་བྱུང་རྐྱེན་བྲལ་འཇིག་པ་མེད། །ཡེ་ཤེས་སྣང་བ་རྣམ་


DNG006_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག །རྫོགས་པའི་ཡེ་ཤེས་ཀློང་དུ་ཐིམ། །མཁྱེན་བྲལ་གཏི་མུག་ཆེན་པོ་ལ། །ཤེས་དང་མི་ཤེས་ཡོངས་ཀྱིས་མེད། །རང་གསལ་ལུང་ལ་ཀུན་རྫོགས་པས། །གཉིས་པའི་ཆོས་དང་གདོད་ནས་བྲལ། །རང་བཞིན་འདུ་འབྲལ་མེད་པ་ཉིད། །ཐིག་ལེ་གཅིག་ཏུ་ཀུན་རྫོགས་སོ། །གསང་བའི་མེ་ལོང་ཐབས་ཀྱིས་ཤེས། །ཀུན་འབྱུང་ཡེ་ཤེས་ཕུང་པོ་ལ། །གསང་བའི་ཐབས་ཀྱིས་རྟོགས་གྱུར་ན། །བཙལ་བྲལ་འོད་ལྟར་ཁྱབ་པར་འབྱུང་། །ཀུན་ལ་ཕྱོགས་རིས་མེད་པར་སྣང་། །ཕྲད་དང་མ་ཕྲད་ནུས་པ་ལས། །དེ་ལྟར་དེ་ལྟ་ཉིད་དུ་སྣང་། །ཕྲད་དང་ཐོབ་པ་མེད་པ་ཡིས། །མི་སྣང་མི་གསལ་རང་བཞིན་གསང་། །སྔོན་འགྲོའི་ཤེས་རབ་སྦྱངས་པ་ཡིས། །ལུས་དང་སྲོག་ལ་མི་དཔྱད་དེ། །རྣ་བརྒྱུད་ཐོབ་ཕྱིར་དབུལ་བར་བྱ། །ཡེ་ཤེས་རང་གསལ་ཐབས་རྫོགས་པས། །མ་བརྗོད་རིག་པའི་ཐབས་ཀྱིས་གོ། །རང་བཞག་རིག་པའི་ཐབས་ཀྱིས་འདི་གཉིས་མེད་པའང་གོ། །རང་བཞག་རིག་པའི་ཤུགས་ཀྱིས་གོ། །རང་བཞག་རིག་པ་ཤུགས་ཀྱིས་གསལ། །འགྱུར་མེད་གསང་བའི་དོན་ལ་བཞུགས། །ཀུན་འདུས་རིག་པ་གསལ་བའི་ཉམས། །བརྗོད་པར་མི་རྟོག་ཉམས་ཀྱིས་གསལ། །གསང་བའི་མེ་ལོང་གསལ་རྫོགས་པས། །བརྗོད་བྲལ་བླ་མའི་ཐབས་ཀྱིས་ཤེས། །གསལ་བའི་མར་མེ་དབྱིངས་ལ་ཁྱབ། །རིག་པའི་འོད་གསལ་མཆོག་གི་ཐུགས། །གཏད་མེད་ཡུལ་ལ་དུས་གཅིག་རྫོགས། །གསལ་བ་མི་མངོན་དུས་གཅིག་མཆོག །ངེས་པ་དུས་ཚོད་དེ་ཁོ་ན། །གསལ་མེད་འདུ་ཤེས་བྲལ་བ་མེད། །རིག་པའི་ཀློང་ལ་ཀུན་ཏུ་བཞུགས། །གང་ཡང་མ་ཡིན་འོད་གསལ་ཡིན། །མི་འབྲངས་མི་སྤྱོད་ཡུལ་དང་བྲལ། །བརྡ་ཕྲད་རིག་པ་ཤུགས་ཀྱིས་གོ། །ཡང་ན་ནམ་མཁའི་ས་ལའོ། །ཡང་ན་ཆུ་བོའི་རྒྱུན་ལའོ། །ཡང་ན་གསལ་བ་ཉིད་ལའོ། །ཡང་ན་མཚན་མའི་སྒྲ་ལའོ། །ཡང་ན་དེ་ཉིད་གང་མིན་པར། །རང་བཞིན་རིག་པ་གཞག་པས་


DNG006_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཆུ་ལ་ཆུ་ལྟར་གསལ་བར་གནས། །མི་ཤེས་པ་ཉིད་མ་ཡིན་པས། །འབྱེད་པ་མེད་པའི་ཡེ་ཤེས་འགྲུབ། །རང་གི་ཉམས་མྱོང་ཀུན་བྲལ་བས། །བརྗོད་བྲལ་བསྟན་པ་རྒྱ་མཚོའི་མཛོད། །སྒྲ་བྲལ་རིག་པ་ཐུགས་ལ་རྫོགས། །གསལ་ལ་བསམ་དུ་མེད་པས་ན། །དམིགས་མེད་རིག་པ་རང་གསལ་ལུང་། །ཐམས་ཅད་རིག་པས་མངོན་པར་ཤེས། །བསམ་དུ་མེད་པས་འཛིན་དང་བྲལ། །ས་ལེ་དམིགས་བྲལ་གཅིག་གི་ངང་། །མི་སྤྱད་མི་འཛིན་བསམ་དུ་མེད། །མཐའ་ཡི་འདུ་ཤེས་རྒྱུ་བ་མེད། །བསམ་པས་བསྒྲིབས་པས་དོན་མི་ཤེས། །གང་དུའང་མི་བསམ་མི་སྤྱད་དེ། །རང་གཞག་རིག་པ་ཉིད་ཀྱིས་གསལ། །ཉམས་མྱོང་བསམ་རྟོག་ཡུལ་ཞེས་བྲལ། །རང་བྱུང་ཉིད་ལ་ཉིད་མི་འབྱུང་། །རྗེས་མི་འབྲང་ཞིང་ཡུལ་མི་ཚོལ། །མི་འཕྲོ་མི་སྡུད་མི་བཅོས་ཏེ། །མཐའ་དབུས་དེ་བཞིན་ཉིད་མི་འཚོལ། །དེ་བཞིན་ཉིད་དུ་རང་བཞིན་གནས། །ཀུན་ཀྱང་རང་གསལ་ཐིག་ལེ་ཉིད། །སྤྲོ་བསྡུ་མེད་པའི་དབྱིངས་ལ་འདུ། །འདས་དང་མ་འདས་ཆོས་ཀུན་ཀྱང་། །རྩོལ་བྲལ་འོད་ལ་རྟག་ཏུ་བཞུགས། །ཆུ་ཡི་གཉེར་མ་ཇི་བཞིན་ཏེ། །རིག་པ་འོད་གསལ་དབྱིངས་ལ་ཐུག །རང་ལ་སྨོ་ཞིང་དབྱིངས་ལ་འདུ། །ཉི་མ་གསལ་བའི་སྙིང་པོ་ལྟར། །གསལ་ལ་མ་འདྲེས་ལྷུན་གྱིས་རྫོགས། །ཀུན་ཀྱང་ཤི་ལེན་ན་ལེན་འདྲ། །གང་ཡང་མ་ཡིན་གཅིག་ཏུ་གནས། །མ་ཡིན་ཀུན་ཀྱང་རིག་པ་སྟེ། །རིག་པ་མིན་ལ་མ་རིག་མིན། །རི་བོ་མེས་བསྲེགས་ཀུན་ཚིག་ལྟར། །རྟོགས་པའི་རིག་པ་རང་གསལ་བ། །འཛིན་པ་མི་གནས་རང་གསལ་བར། །སྤང་བ་མེད་པ་མཉམ་དུ་གནས། །གཅིག་པོ་ཡེ་ཤེས་རྫོགས་ལུང་ལ། །དོན་བྲལ་མཉམ་པའི་སེམས་ཀྱིས་བལྟ། །དེ་ཉིད་རིག་པ་འོད་འབར་ལུང་། །བརྗེད་མེད་གསལ་བའི་དོན་ཡིན་ནོ། །ཡེ་ཤེས་བདུན་འབྱུང་གི་རྒྱུད་ལས། ཡེ་ཤེས་སྣང་བའི་ལེའུ་སྟེ་གཉིས་


DNG006_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།ཀྱེ་སེམས་དཔའ་ཆེན་པོ། རང་གསལ་ཡེ་ཤེས་མཉམ་ཉིད་ལ། །སྒྲ་ཚིག་བརྗོད་པའི་རིག་པ་ཡིས། །རྫོགས་པའི་ཡེ་ཤེས་མངོན་གྱུར་ན། །ཡེ་ཤེས་འོད་གསལ་ཉིད་དུ་ངེས། །མ་བསླད་རྐྱེན་བྲལ་ཉག་གཅིག་པོ། །རིམ་པ་མ་ཡིན་དུས་གཅིག་གསལ། །རྩོལ་བྲལ་རིག་པ་ཅིར་མི་དགོངས། །ཅིར་སྣང་རང་གསལ་ཉིད་ཀྱི་དབྱིངས། །མ་བཙལ་མ་སྦྱངས་ཡེ་ནས་གྲུབ། །རིག་པ་མ་བཙལ་མངོན་སུམ་དབྱིངས། །སྨོན་དུ་མེད་པ་རང་ལ་རྫོགས། །དུས་མེད་རང་རིག་གསལ་བའི་ལུང་། །བསྐྱོད་མེད་ཆོས་དབྱིངས་དམ་པ་ཉིད། །ཀུན་ཀྱང་རིག་པ་ཉམས་སུ་སྐྱེས། །འབྱུང་འཇུག་མི་གནས་ཅིར་མི་དགོངས། །མ་བསླད་མ་བཅོས་ཡེ་ནས་འབྱུང་། །བརྒྱ་བྱིན་ནོར་བུ་ཅི་བཞིན་དུ། །མ་བཙལ་གདོད་ནས་ལྷུན་གྱིས་གྲུབ། །རིག་པ་ཡེ་ཤེས་འོད་གསལ་དུ། །མཉམ་དང་མི་མཉམ་ཆོས་མི་གནས། །མཐའ་དང་དབུས་མེད་ཡེ་ཤེས་ཀློང་། །ཕྱི་དང་ནང་མེད་ཆོས་ཀྱི་དབྱིངས། །མ་སྐྱེས་པ་དང་མི་གནས་པས། །མ་ཆགས་པ་དང་ལྷུན་གྱིས་གྲུབ། །གདོད་ནས་དག་པ་ཆེན་པོ་ལ། །སྦྱང་ཞིང་བགྲོད་པ་ག་ལ་ཡོད། །དུས་གསུམ་རྒྱལ་བའི་སྙིང་པོ་ནི། །རིག་པའི་ཡེ་ཤེས་རང་གསལ་ཡིན། །ཟབ་མོ་གསང་བའི་ངེས་དོན་ལ། །ཕྱོགས་དང་ཕྱོགས་མིན་ཆོས་མི་གནས། །རིག་པ་རང་གསལ་ཡེ་ཤེས་ཉིད། །སྦྱང་བ་མ་ཡིན་གདོད་ནས་གྲུབ། །གཉེན་པོས་མ་བཙལ་དེ་བཞིན་ཉིད། །མ་བཅོས་མི་གནས་རང་བཞག་པས། །ཇི་བཞིན་རང་བྱུང་གནས་པས་གསལ། །སྣང་སྲིད་འཁོར་དང་འདས་པ་ཀུན། །རང་བྱུང་རིག་པར་རང་གསལ་བས། །སྒྲོ་དང་སྐུར་པའི་ཆོས་མི་གནས། །བཙལ་མེད་ཡེ་ཤེས་གསལ་བ་ནི། །ཁྱབ་པར་གསལ་བའི་དམིགས་དང་བྲལ། །འདུ་འབྲལ་མེད་པར་ཡེ་ནས་འབྱུང་། །དམིགས་བསམ་མི་སྤྱད་རང་བྱུང་ཉིད། །རང་གསལ་རྫོགས་པ་ཉག་གཅིག་པོ། །དུ་མའི་ཆོས་


DNG006_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོགས་པའི་ངང་། །ཆེ་ཆུང་མེད་པར་ཡེ་ནས་མཉམ། །རང་བྱུང་དབྱིངས་ལས་མ་གཡོས་པར། །ཀུན་ལ་སྙོམས་པའི་ཐུགས་རྗེ་འཆར། །ཅི་ཡང་ཡིན་ནོ་གང་ཡང་རུང་། །བསལ་མེད་རིག་པའི་ངང་ལ་བཞུགས། །བརྗོད་བྲལ་མི་གནས་ཚིག་དང་བྲལ། །དེ་རྟོགས་སྒྲ་ཡི་འཁོར་ལོ་ཡིས། །རིག་པའི་ཡེ་ཤེས་འོད་དུ་འབར། །གསལ་འཛིན་མཐའ་ཡི་ཐག་པ་བཅད། །རང་གསལ་བརྡ་ཡིས་གསལ་བར་བྱེད། །སྦྱང་མེད་ཤེས་རབ་རྣམ་གསུམ་གྱིས། །རིག་པ་བདེ་མཆོག་གསལ་བར་ཤེས། །གང་ཞིག་དེ་ཡི་རྗེས་འབྲངས་ན། །རིག་པ་རང་གསལ་དོན་མི་མཐོང་། །ཡེ་ཤེས་གསང་བའི་དོན་ལས་གོལ། །བདེ་མཆོག་གསང་བའི་ལམ་དང་བྲལ། །མཚན་མ་འཁོར་བའི་ལམ་དུ་བརྒྱུད། །རང་བྱུང་གསལ་བའི་ལམ་མ་ཤེས། །རང་བཞག་རིག་པའི་རྒྱུད་ཚིག་གིས། །ཇི་བཞིན་མ་བཅོས་ངོ་བོ་ལ། །བརྗོད་བྲལ་རང་བཞག་དགོངས་པ་ཡིན། །རང་བྱུང་དབྱིངས་ལས་གསལ་བར་བྱེད། །མ་བཅོས་གསང་བའི་དགོངས་པ་ལ། །བཅོས་མའི་རྣལ་འབྱོར་ལོག་པའི་ལམ། །མཚན་བྲལ་བཅོས་མེད་སྙིང་པོ་ལ། །འཛིན་པའི་རྣམ་རྟོག་ལོག་པའི་ལུང་། །གང་དག་རང་འདོད་ཕྱོགས་ཆ་ཡིས། །འཛིན་པ་སོ་སོར་མཐོང་བ་ཡིས། །ཕྱོགས་བྲལ་ཡེ་ཤེས་ཆེན་པོ་ལ། །བཙལ་ཞིང་སྤྱད་པས་དོན་མི་མཐོང་། །ཅིར་སྣང་གཅིག་གི་ངོ་བོ་ལ། །ཡེངས་པ་མེད་པས་ཀུན་ཏུ་གསལ། །ཉམས་མྱོང་བརྗོད་བྲལ་བསལ་འཛིན་མེད། །འདི་ལ་ཕྱོགས་རིས་གདོད་ནས་མེད། །རང་བཞག་རིག་པ་ཤུགས་ཀྱིས་གོ། །མ་བརྗོད་བརྡ་ཡིས་གསལ་བར་ཤེས། །དུས་གཅིག་ཡེ་ཤེས་རང་གསལ་བས། །གཉིས་འཛིན་ཕྲ་རགས་ཀུན་གྱིས་དབེན། །འཛིན་མེད་མཁའ་ལ་ཉི་ཤར་ལྟར། །གསལ་ལ་སྟོང་པ་འདུ་ཤེས་མེད། །གང་ཡང་མི་གསལ་འབྱེད་མེད་ལུང་། །མི་བསམ་རིག་པ་ཅིར་མི་


DNG006_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས། །རང་བཞག་དགོངས་པ་བསམ་མི་ཁྱབ། །ཡུལ་བྲལ་ཤེས་པ་འཛིན་རྩོལ་མེད། །མ་ཡེངས་བསམ་མེད་བརྗོད་བྲལ་ལུང་། །རང་གི་ཉམས་ཀྱིས་གསལ་བར་ཤེས། །དབུས་མཐའ་མེད་པའི་རིག་པ་ལ། །མི་འཇུག་བསམ་པའི་སེམས་ཀྱིས་གནས། །གང་དུའང་མི་བཞག་རྟེན་བྲལ་བས། །གཞག་ཏུ་མེད་པའི་དོན་འདི་ལ། །དེ་བཞིན་ཉིད་ལ་གོམས་པ་ཡིས། །དུས་གསུམ་མ་བཅོས་དགོངས་པས་གཞག །རྡོ་རྗེ་སེམས་དཔའི་དགོངས་པའི་དོན། །མ་བཅོས་རིག་པས་གསལ་བར་ཤེས། །ཚིག་མིན་དོན་དུ་མཉམ་སྦྱར་ནས། །གང་ལྟར་བལྟས་པས་དེ་ལྟར་བཞག །འདི་ནི་རིག་པའི་ཉམས་སུ་བརྗོད། །གདོད་ནས་མ་བཅོས་ལྷུན་གྲུབ་ལ། །མཚན་མའི་བརྡ་ཡིས་མཉམ་སྦྱར་ནས། །ཡེངས་མེད་རང་གསལ་བདེ་ཆེན་ལ། །ཡེ་ནས་དེ་ལྟར་གནས་བཞིན་བྱ། །བདེ་བ་དེ་ཡི་དོན་གོ་ན། །བཙལ་མེད་འདི་ནི་རང་ལ་ཤར། །རྒྱལ་བའི་དགོངས་པ་དབྱིངས་ལ་གཏུགས། །སྤྱོད་ལམ་གང་ལྟར་བདེ་བ་བཞིན། །རང་རིག་གསལ་ལ་མཉམ་པར་བསྒོམ། །མ་སྤངས་མ་བཙལ་ཤུགས་ཀྱིས་གསལ། །བུམ་པའི་རླན་ལྟར་དེ་བཞིན་ན། །མ་བཙལ་རིག་པས་འགྲུབ་པར་འགྱུར། །བཙལ་ན་འཛམ་ཆུ་རྡོ་གཟུགས་ལྟར། །འོད་གསལ་འཁོར་བའི་ཁམས་སུ་འགྱུར། །མི་བསམ་མི་དཔྱད་དགོངས་པའི་ཀློང་། །ཡེངས་མེད་མཚན་མའི་སྒྲོ་སྐུར་བཅས། །གཅིག་གིས་ཀུན་གྱི་རང་བཞིན་གསལ། །དང་པོ་དེ་ཉིད་རང་ཉམས་རྫོགས། །མ་བཅོས་ཉམས་མྱོང་ཏིང་འཛིན་ཏེ། །འཁོར་བ་རང་གསལ་སྙིང་པོར་གྲུབ། །ཐམས་ཅད་གསལ་བའི་མཎྜ་ལ། །གསལ་ལ་འཛིན་མེད་རང་བཞག་བློ། །མ་བཅོས་མཉམ་པར་གནས་པར་བྱ། །ཡེ་ཤེས་བདུན་འབྱུང་གི་རྒྱུད་ལས། རང་བཞག་རིག་པའི་ཡེ་ཤེས་མཉམ་པར་རྟོགས་པའི་ལེའུ་སྟེ་གསུམ་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། ཡེ་ཤེས་གོམས་དང་རྟགས་ཉིད་དང་། །ཚུལ་དང་བློ་ཡི་ཚུལ་ཉིད་དོ། །རང་


DNG006_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཐུག་ཕྲད་མཉམ་ཉིད་དེ། །རང་བྱུང་རང་གི་ཉམས་ལ་ཤེས། །རང་གསལ་མ་ཡིན་གཞན་ལས་མིན། །གཉིས་ཀས་མ་ཡིན་ཁྱད་པར་གསལ། །རང་རིག་ཡུལ་མེད་དུས་གཅིག་གསལ། །ཡིན་དང་མ་ཡིན་ཕྱོགས་མེད་ཀློང་། །ཀུན་གསལ་རིག་པའི་སྒོ་ཕྱེ་ནས། །ཡེངས་མེད་མ་བཅོས་དོན་ལ་ཞུགས། །སྙིང་རྗེ་བསམ་མེད་ཕྱོགས་སུ་བརྡལ། །ཡུལ་མེད་མ་བཅོས་དེ་བཞིན་ཉིད། །མ་བསམས་མི་གནས་ཁྱད་པར་འགྲོ། །ཡེ་ནས་རིག་པའི་ཀློང་དུ་ཞུགས། །བརྗོད་བྲལ་གསང་བའི་གཏེར་ལ་སྤྱོད། །གསང་བའི་རིག་པ་ལུང་གི་ཚུལ། །འདི་དང་གཞན་ཞེས་འཛིན་སེམས་བྲལ། །བློ་ཡི་རིག་པས་ཅིར་མི་དགོངས། །གཉིས་མེད་རང་གསལ་ཡེ་ཤེས་ལ། །དྲན་བསམ་རིག་པས་ཅི་བརྟགས་ཀྱང་། །བྱ་བྲལ་རིག་པ་ཅིར་མི་འཛིན། །བསམ་པའི་བློ་ཡིས་ཅིར་མི་སྤྱད། །རང་བཞིན་འཁོར་ལོ་རིམ་པར་བསྐོར། །འཇུག་མེད་འཇུག་བྲལ་དགོངས་པས་གནས། །བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས། །མཚོན་པ་ལམ་གྱི་རྒྱུད་དང་བྲལ། །གསལ་བར་ཤེས་ཏེ་རྒྱུ་བ་བྲལ། །ཅིར་ཡང་མི་འཛིན་དེ་བཞིན་ཉིད། །གདོད་ནས་ལྷུན་གྱིས་གྲུབ་པའི་ངང་། །རང་བྱུང་འོད་གསལ་གཅིག་ལ་རྫོགས། །མི་གནས་རིག་པའི་དཀྱིལ་འཁོར་ལ། །མ་བསལ་མ་བསྒྲུབས་གདོད་ནས་གསལ། །འབྱུང་འཇུག་མེད་པའི་ཡེ་ཤེས་ཀྱིས། །ཡེངས་མེད་དབྱིངས་ལ་ཐབས་ཀྱིས་འཇུག །འཁོར་བ་ཡེ་ནས་སངས་རྒྱས་པས། །འོད་གསལ་དག་པ་ཉིད་དུ་གསལ། །མ་བསྒྲིབས་ཀུན་ལ་ཁྱབ་པའི་འོད། །ཐམས་ཅད་གསལ་བར་རང་བཞིན་འཆར། །འདི་ལ་སྦྱང་བགྲོད་ཡུལ་དང་བྲལ། །འདི་ལ་བསམ་དཔྱོད་མཐའ་དང་བྲལ། །འདི་ལ་རྩོལ་བསྒྲུབ་མཐའ་དང་བྲལ། །འདི་ལ་དགག་བསྒྲུབ་ཀུན་ལས་འདས། །ཀུན་གྱི་སྙིང་པོ་རང་བྱུང་ལ། །རིག་པ་གསལ་བར་ཉམས་མྱོང་ལ། །ཀུན་ཀྱང་རང་གསལ་མཉམ་པར་


DNG006_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན། །ཡུལ་མེད་རང་གསལ་གཅིག་གི་ལུང་། །དུ་མ་གཅིག་ཏུ་གསལ་བར་ཤེས། །ཀུན་ཀྱང་ལྷུན་གྲུབ་སྙིང་པོ་ཉིད། །དུ་མར་འཛིན་པའི་ཆོས་མི་གནས། །མི་བསམ་མི་དཔྱད་རང་བཞིན་གཞག །ནམ་མཁའི་རྡོ་རྗེ་རྣལ་འབྱོར་པས། །སྣང་སྲིད་ཐིག་ལེར་མཉམ་སྦྱོར་ཞིང་། །ནམ་མཁའ་འོད་གསལ་མཉམ་པར་མཁྱེན། །ཆགས་པ་མི་མངའ་ཞེན་པ་དག །མི་འཕྲོ་རང་གསལ་གནས་པ་དང་། །འཁོར་བ་ལྷུན་གྲུབ་སྙིང་པོར་གསལ། །མ་བཅོས་གསང་བའི་སྒོ་ཕྱེ་ནས། །དམ་པ་ལུང་དང་རིགས་པ་འཕྲད། །རྒྱལ་ཐབས་རིག་པ་གདེང་གིས་འཕགས། །སྙིང་རྗེ་ཕྱོགས་རིས་མེད་པར་འཆར། །ཏིང་འཛིན་རིག་པ་ཀློང་དུ་སོན། །མ་ཆགས་དག་པའི་སྤྱོད་པ་ཡིས། །ཀུན་བཟང་མཛད་པའི་ངེས་པ་ཅན། །ཁམས་གསུམ་སྐུ་གསུང་ཐུགས་གསལ་བས། །སྐུ་གསུམ་ཞིང་དུ་རིག་པས་སྦྱོར། །ཡེ་ཤེས་རོལ་པ་རང་འཆར་བས། །ཕྱོགས་རིས་མེད་པ་ཀུན་ལས་འབྱུང་། །རྫོགས་པའི་འོད་གསལ་མཉམ་སྦྱོར་བས། །ཐུགས་རྗེའི་དཀྱིལ་འཁོར་རང་བཞིན་འཆར། །བྱིན་རླབས་ཡེ་ཤེས་འོད་འཆང་བས། །མ་ལུས་སྙིང་པོ་ཉིད་དུ་མཐོང་། །གདོད་ནས་མ་བཅོས་འོད་གསལ་བས། །མ་ཡེངས་གསལ་བའི་གདེང་གིས་བཞག །དཔལ་ལྡན་ནམ་མཁའ་རྒྱལ་བའི་སྐུ། །མ་བཅོས་ཉི་མའི་སྙིང་པོ་ལྟར། །དྲོད་རྟགས་ཆོ་འཕྲུལ་རང་བཞིན་ཐོབ། །དམིགས་མེད་ལྷུན་གྲུབ་རོལ་པ་ནི། །མཛད་པའི་གར་ཐབས་སྣ་ཚོགས་པ། །རིག་པ་གསལ་བར་ཐབས་ཀྱིས་ཤེས། །ཉམས་མྱོང་མི་སེལ་བསམ་པ་སྤངས། །སྐུ་གསུང་རང་བཞིན་དུས་གཅིག་རྫོགས། །སྙིང་པོ་རང་བཞིན་ཁྱབ་པ་ནི། །གཅིག་གིས་ཀུན་གྱི་རྣམ་པ་འཛིན། །བསམ་གྱིས་མི་ཁྱབ་དུས་གཅིག་འདྲེལ། །ཚུལ་ནི་གང་དུའང་མི་སྤྱོད་པ། །ཡེངས་པ་མེད་པའི་རང་བཞིན་གྱིས། །བསམ་གྱིས་མི་ཁྱབ་དབྱིངས་ལ་གསལ། །བདག་མིན་གཞན་མིན་གང་ཡང་མིན། །མ་བཅོས་ཆུ་ལ་ཆུ་བཞག་ལྟར། །


DNG006_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞག་རིག་པས་གསལ་བར་ཤེས། །སྒྲ་བྲལ་རིག་པའི་ཡེ་ཤེས་ཀྱིས། །མ་བཙལ་གྱིན་འདར་བཤད་པ་གོ། །མ་བཅོས་གསང་བའི་རྣལ་འབྱོར་པས། །མ་བརྗོད་རྫོགས་པའི་ཤུགས་ཀྱིས་གོ། །མི་སྤྲོ་མི་བསྡུ་གསལ་བར་གནས། །ཚིག་བྲལ་བསྟན་པ་རྒྱ་མཚོའི་མཛོད། །དབྱིངས་ལས་དབྱིངས་གསལ་སྒྲིབ་པ་མེད། །མ་བཅོས་རྫོགས་པའི་རྣལ་འབྱོར་ལ། །འདི་ཡིན་འདི་མིན་ཕྱོགས་རིས་མེད། །བློ་ཡི་རང་བཞིན་མ་སྐྱེས་པ། །རིག་པའི་རང་བཞིན་བསམ་དང་བྲལ། །ཕྱི་དང་ནང་མེད་བདེ་བའི་ཀློང་། །གསལ་ལ་དམིགས་འཇུག་མི་གནས་པ། །ཟག་མེད་མཁྱེན་པ་ཉིད་ཀྱི་ངང་། །མ་ཡེངས་མ་བཙལ་སེམས་ཀྱི་གནས། །འདི་ནི་རང་རིག་སེམས་ཀྱི་ལུང་། །བརྗོད་བྲལ་རིག་པ་ཉམས་ཀྱིས་གསལ། །དྲུག་ཐུག་ཀྱང་འཕྲད་དྲན་རིག་མེད་པར་གསལ། །ཡེ་ཤེས་བདུན་འབྱུང་གི་རྒྱུད་ལས། ཡེ་ཤེས་རང་གསལ་གྱི་ལེའུ་སྟེ་བཞི་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། གང་གི་རང་བཞིན་གསལ་བ་ལ། །ལོག་པའི་ཕྱོགས་ཀྱིས་བསྒྲིབ་པ་དེ། །རང་གསལ་བརྡ་དོན་ཕྲད་པ་ཡིས། །བཙལ་བྲལ་རིག་པ་འཆར་བར་འགྱུར། །ཀུན་འབྱུང་སྙིང་པོ་བྱང་ཆུབ་ནི། །རྣམ་པར་མི་རྟོག་རྒྱ་ཆེན་ཟབ། །དམིགས་བྲལ་རིག་པའི་ཀློང་དུ་འདས། །དྲུག་གི་ཆོས་དབྱིངས་བཞིན་ཡང་ཡུལ་མེད་པ། །རང་བྱུང་སྙིང་པོ་གཅིག་ལ་རྫོགས། །ཡེ་ཤེས་མཁའ་མཉམ་སྒྲ་དོན་མེད། །གསང་བའི་ཡེ་ཤེས་རིག་པའི་ལུང་། །སྒྲོ་སྐུར་མེད་པ་ཉིད་དུ་བསྟན། །ཕྱོགས་མེད་ཡེ་ཤེས་ཁྱད་པར་གསལ། །ཀུན་འབྱུང་སྒྲ་བརྗོད་བྲལ་བ་ལ། །ཐིག་ལེ་སྤྲོས་བྲལ་མཁའ་ལྟར་དག །རང་བྱུང་དག་གི་སྙིང་པོ་ལ། །གང་ལྟར་བརྟགས་པ་ཕྱིན་ཅི་ལོག །ཞེན་དྲུག་ལོག་པའི་རྩོལ་བརྒྱད་ཀྱིས། །མ་བཅོས་གསང་བའི་དགོངས་པ་བསླད། །འཛིན་སེམས་ལོག་པའི་ལྕགས་ཀྱིས་བཅིངས། །མཚན་མ་འཁོར་བའི་


DNG006_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འདམ་དུ་བཟུང་། །ཞེན་ཆགས་ལོག་པའི་མདུད་པས་བཅིངས། །ཕྱོགས་བྲལ་ཕྱོགས་སུ་བསླབ་པས་འཁོར། །ལོག་པའི་རི་བོས་མངོན་དུ་བཀག །སྤྲོས་བྲལ་འབར་བའི་ཡེ་ཤེས་ལ། །མཐའ་ཡི་ཞེན་པ་མི་གནས་ཀྱང་། །དོན་ལ་ལོག་པའི་བྱིས་པ་ཡིས། །རྣམ་རྟོག་འཁོར་བའི་ཁམས་སུ་བརྟགས། །དུད་ལ་སེར་པོར་འཛིན་པ་ལྟར། །དངོས་ལ་གནས་པ་མ་ཡིན་ཀྱང་། །ལོག་པར་མངོན་པར་ཞེན་པའི་མཐུས། །རང་སྣང་མ་བཅོས་ཞེན་པར་བརྟགས། །ཡོད་མེད་མཐོང་བ་འཁྲུལ་པའི་ལམ། །དེ་ཉིད་མཐོང་བས་གྲོལ་བར་འགྱུར། །སྤང་འགེག་འཁྲུལ་པ་ངལ་བའི་ལམ། །མ་བཅོས་རྟོགས་པས་གྲོལ་བར་འགྱུར། །གཟུང་འཛིན་ལྟ་བ་གཉིས་ཀྱི་ཆོས། །གཉིས་འཛིན་བྲལ་བས་གྲོལ་བར་འགྱུར། །གཉིས་ཀྱིས་གཅིག་པའི་ཉེས་མེད་ལམ། །གཅིག་ཏུ་རྟོག་པས་གྲོལ་བའི་ལམ། །སྤོང་ལེན་མཐོང་བ་ཆེ་ཆུང་ལ། །གསང་བའི་ངེས་བསྟན་གཅིག་གིས་གྲོལ། །བསྙེན་བསྒྲུབ་དག་པས་དག་པ་བསྒྲུབ། །ཡེ་ནས་ཟིན་པས་གཟོད་སྒྲུབ་རྩོལ། །བཙལ་མེད་རྟོག་པས་གྲོལ་བར་འགྱུར། །རྒྱུ་འབྲས་འཛིན་པ་གཉིས་ཀྱི་ལམ། །གཉིས་མེད་རིག་པ་འགྲུབ་པར་འགྱུར། །བརྡ་དོན་ཕྲད་པའི་རིམ་པ་ཡིས། །རིག་པ་གསལ་བའི་དོན་རྟོགས་ན། །མི་རྟོག་རྣམ་གྲོལ་བདེ་བར་གཤེགས། །གསལ་ལ་ཉམས་མྱོང་གང་ཡང་མིན། །འདུ་ཤེས་ཀུན་བྲལ་དབྱིངས་ཉིད་དུ། །རིག་པ་མཁའ་ལྟར་གནས་པར་བྱ། །ཚད་མ་མངོན་སུམ་ཆེན་པོ་ལ། །རྗེས་དཔག་ཤེས་པ་ཕྱིན་ཅི་ལོག །མངོན་འབྱུང་རང་གསལ་རིག་པ་ལ། །རྗེས་འཇུག་མཚན་མ་ཅིར་མི་དགོངས། །གཉིས་མེད་གསལ་བར་རྟོགས་པ་ལ། །མི་བསམ་མི་སྤྱད་གནས་ན་གྲོལ། །ཇི་ལྟར་གནས་པས་བཞག་པར་བདེ། །རང་བཞག་རིག་པ་ཆེན་པོ་ལ། །ཡེངས་པ་མེད་པས་ཡང་སངས་རྒྱས། །ཡེ་ཤེས་གསལ་བར་གནས་པ་ཡིས། །ཆེ་མཆོག་བླ་ན་མེད་པའི་ས། །དེས་རྟོགས་ལུང་གིས་


DNG006_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མ་ཐག །རང་བྱུང་བྱིན་རླབས་ངོ་མཚར་ཆེ། །གསང་བའི་མེ་ལོང་ཐབས་ཀྱི་ཚུལ། །འདུ་ཤེས་བྲལ་བས་རབ་ཏུ་བདེ། །ཡེ་ཤེས་བདུན་འབྱུང་གི་རྒྱུད་ལས། ཡེ་ཤེས་གསང་བའི་ལེའུ་སྟེ་ལྔ་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། རང་བྱུང་རིག་པ་མཆོག་ཉོན་ཅིག །རྡོ་རྗེ་གསང་བ་རང་བྱུང་བ། །རྒྱུ་མེད་རྐྱེན་བྲལ་ཆོས་ཀྱི་སྐུ། །རིག་པའི་འཁོར་ལོ་བསམ་མི་ཁྱབ། །གསང་བའི་འཁོར་ལོ་རྟོགས་པར་དཀའ། །ཡེ་ཤེས་འཁོར་ལོ་གསང་བའི་ངང་། །ཏིང་འཛིན་གསལ་བའི་མར་མེ་ལ། །བསམ་པའི་འཛིན་པ་ཀུན་དང་བྲལ། །ཀུན་ལ་གནས་ཀྱང་བསམ་དང་བྲལ། །མཁའ་གསལ་མཉམ་པ་རིག་པའི་དཀྱིལ། །སྣང་འབྱུང་རིག་པ་འབུམ་ཕྲག་ཡས། །གསལ་ལ་དམིགས་པ་མེད་པས་ན། །བསམ་མེད་དྲན་མེད་མི་གཡོ་བ། །རྣམ་པར་མི་རྟོག་མཆོག་གི་ལུང་། །སྤྱོད་ལམ་རྣམ་བཞིར་མི་གནས་པས། །མི་ལྡོག་ཡེ་ཤེས་ངོ་བོར་གསལ། །སྣང་བ་རྣམ་རྟོག་ཅིར་མི་བལྟ། །དྲན་འབྱུང་རྟོག་པའི་རྗེས་མི་འབྲང་། །མ་བསྒུལ་མ་རྙོགས་ཆུ་བཞིན་དུ། །མ་བསལ་བཞག་པས་སྒྲིབ་པ་འབྱང་། །མི་རྟོག་མཁའ་ལྟར་གསལ་བ་ལ། །ཡེ་ཤེས་ཉི་མ་ཕྱོགས་བརྡལ་བས། །ཇི་བཞིན་རང་བཞིན་རྣམ་པར་དག །རྒྱ་མཚོ་གཡོ་མེད་ཇི་བཞིན་དུ། །རྣམ་རྟོག་མི་གཡོ་ཅིར་མི་དགོངས། །རང་བྱུང་གསལ་བ་ནམ་མཁའ་ཆེ། །མ་ལུས་གསང་བ་ཉིད་ལ་འདུས། །གསང་བ་ཀུན་འདུས་རིག་པའི་གཏེར། །མཁའ་ཁྱབ་རིག་པའི་སེམས་ཉིད་ནི། །ཁྱབ་པར་གསལ་ལ་འཛིན་པ་མེད། །རང་བྱུང་རིག་པ་རང་ཤར་བ། །ཁྱབ་པར་གསལ་ལ་དངོས་པོ་མེད། །རང་རིག་གསལ་བའི་ཡེ་ཤེས་ཀྱིས། །མ་བསྒྲིབས་གསལ་བ་ཉིད་དུ་མཁྱེན། །རྟོག་མེད་འོད་གསལ་


DNG006_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་དབྱིངས། །གསང་བ་རང་བྱུང་རིག་པའི་ཀློང་། །རྫོགས་ཆེན་ཐིག་ལེ་ཇི་བཞིན་ལ། །མཉམ་པར་དགོངས་མེད་རིག་པས་གཞག །བྱུང་ཚོར་གཡོ་འགོག་ཇི་སྙེད་པ། །གསལ་མེད་རིག་པ་ཉིད་ཀྱི་གསལ། །རྫོགས་ཆེན་མ་བཅོས་དགོངས་པ་ལ། །གང་ལྟར་བཅོས་པ་ལོག་པའི་ལམ། །མ་བཅོས་རིག་པ་མཉམ་སྦྱར་ན། །སྒྲོ་བྲལ་རིག་པའི་འཁོར་ལོ་ལས། །ཐུགས་རྗེ་རིག་པའི་བྱིན་རླབས་ནི། །མ་བཙལ་ཉི་མའི་འོད་ལྟར་འབྱུང་། །གསལ་བ་མཐའ་དབུས་མེད་པ་ལ། །རིག་པ་མཉམ་པའི་སེམས་ཀྱིས་བལྟ། །གཏང་འཛིན་མེད་པའི་རིག་པ་ཡིས། །རང་བྱུང་ལྷུག་པར་གཞག་པར་བྱ། །རང་བྱུང་རིག་པ་ཅིར་མི་དགོངས། །རང་གསལ་འཁོར་ལོ་རྒྱུན་མི་གཅད། །ཡེ་ཤེས་བདུན་འབྱུང་གི་རྒྱུད་ལས། ཡེ་ཤེས་འཁོར་ལོའི་ལེའུ་སྟེ་དྲུག་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། རང་བཞག་རིག་པའི་དགོངས་པ་ནི། །ཇི་བཞིན་མངོན་དུ་གསལ་བྱས་ནས། །རིན་ཆེན་འབར་བའི་འོད་གསལ་བས། །སེམས་ཀྱི་དཀྱིལ་འཁོར་འབར་བར་བྱེད། །འཛིན་བྲལ་རིག་པའི་ཆོས་དབྱིངས་ལ། །བསམ་མེད་འགྱུར་མེད་མཁའ་ལྟར་གནས། །བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས། །གང་དག་བྱིས་པའི་འདུ་ཤེས་ཀྱིས། །རང་བྱུང་རིག་པའི་ཡེ་ཤེས་ལ། །བསམ་བྲལ་རིག་པའི་མཚན་ཉིད་དེ། །བསྟན་པ་དོན་གྱིས་གོ་བར་ཟད། །དངོས་གྲུབ་རིན་ཆེན་འོད་ལྟར་འབྱུང་། །ཟག་མེད་ཕྲ་བཀོད་མཁའ་དཀྱིལ་ལ། །ཉི་ཟླ་གཟའ་སྐར་བཀྲམ་པ་ལྟར། །མ་འདྲེས་རིག་པ་དབྱིངས་ལ་གསལ། །དེ་ཉིད་མི་གནས་རང་བཞིན་ནི། །ཀུན་འབྱུང་རིན་ཆེན་ཕྱོགས་མེད་ཤར། །འཕེལ་འགྲིབ་རྟོག་པ་མི་གནས་པས། །ཉི་མའི་འོད་ལྟར་ལྷུན་གྲུབ་པ། །ཀུན་ལ་ཇི་ལྟར་འདོད་པར་འཆར། །མཁའ་ལྟར་ཁྱབ་ལ་གསལ་བ་ཆེ། །མི་རྟོག་དབྱིངས་ཀྱི་ངང་ལ་གསལ། །འོད་དང་འོད་ཅན་ཇི་བཞིན་དུ། །མ་བཙལ་ལྷུན་གྱིས་གྲུབ་པའོ། །མ་ཡེངས་ཡལ་བཞག་དགོངས་


DNG006_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བསམ་མེད་རིག་པའི་གདེང་གིས་ཞི། །སྦྱངས་པ་མ་ཡིན་གདོད་ནས་དག །མ་བགྲོད་བླ་མའི་ས་མཆོག་ནི། །དུས་གཅིག་གནས་པས་བགྲོད་དུ་མེད། །ཕྱག་རྒྱ་མི་འཆིང་སྔགས་མི་ཟློས། །ཚོགས་དང་མཆོད་པ་མི་བྱེད་དེ། །ཁ་དོག་བྲི་དང་མཆོད་པ་ཡང་། །མ་བྱས་དངོས་གྲུབ་མཆོག་ཏུ་གྱུར། །ཇི་སྲིད་རྩོལ་བའི་རྣམ་གྲངས་དགའ། །དེ་སྲིད་ལོག་པའི་གྲོང་ཁྱེར་ཏེ། །མ་བཙལ་མ་སྦྱངས་གདོད་ནས་དག །སྙིང་པོ་རིག་པའི་ཕྱག་རྒྱ་ཅན། །གསང་བ་འོད་གསལ་ཀློང་ལ་འཇུག །བརྗོད་བྲལ་སྒྲ་ཡི་དཀྱིལ་འཁོར་ལ། །ཉན་བྲལ་རིག་པའི་ཚུལ་གྱིས་གསལ། །གསལ་བ་ཉིད་ན་མི་དམིགས་པས། །རྟོག་བྲལ་ནམ་མཁའ་དབྱིངས་ཀྱི་ཀློང་། །འདི་ཞེས་བྱ་ཞིང་དམིགས་པ་མེད། །ཇི་ལྟར་གནས་པ་དེ་བཞིན་གནས། །རང་བཞག་རིག་པ་ཡེངས་མེད་ཀློང་། །ཕྱོགས་མེད་ཡེ་ཤེས་ཁྱབ་པར་གསལ། །གཉིས་མེད་ནམ་མཁའི་དབྱིངས་ལྟར་གསལ། །ཡེ་ཤེས་བདུན་འབྱུང་གི་རྒྱུད་ལས། ཡེ་ཤེས་གྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གསང་བའི་བདག་པོས། འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས། རང་གསལ་ལྷུན་གྱིས་གྲུབ་པས་རྩོལ་བ་ཀུན་དང་བྲལ། །བསམ་མེད་དཔྱད་འཛིན་བྲལ་བས་དགོངས་པ་དམ་པ་མཆོག །ཅི་ཡང་མི་བསམ་བསམ་པ་རྟོགས་པའི་རྒྱུན། །དགོངས་པ་རང་བྱུང་ལྷུན་གྲུབ་ཁྱོད་ཕྱག་འཚལ། །བལྟར་མེད་སྤྱད་མེད་མཐོང་མེད་ཡེ་ནས་དེ་བཞིན་ཉིད། །ལྔ་པའི་རྒྱལ་པོར་ཕྱག་འཚལ་གཉིས་མེད་ཁྱོད་ལ་འདུད། །མཐོང་བར་མི་རིག་བརྡ་ཚིག་ཀུན་དང་བྲལ། །མ་བྱས་མ་བསྒྲུབས་མ་བཙལ་ལྷུན་གྱིས་གྲུབ་པའི་ངང་། །རང་གསལ་མ་བཅོས་རིག་པ་གང་ཡང་མིན། །ཐིག་ལེ་འཕྲོ་འདུ་མ་ཡིན་བདག་ཉིད་ལྷུན་གྱིས་གྲུབ། །ཕྱོགས་བྲལ་ལྷུན་གྲུབ་འོད་གསལ་རིག་པ་རང་བྱུང་དབྱིངས། །རྩོལ་
འཇིག་མི་གནས་གསལ་བའི་མར་མེ་འདྲ། །བསྟན་པའི་རྒྱལ་པོ་ཡང་གསང་རིག་པའི་གཏེར་ལ་འདུད། །དེ་ནས་གསང་བའི་ཡང་གཏེར་འདི། །རིན་ཆེན་གསལ་བའི་གླེགས་བམ་འདི། །སྟོན་པ་རྡོ་རྗེ་སེམས་དཔའ་ཡིས། །གསལ་བའི་རིག་པ་རྒྱས་བཏབ་ནས། །མཁའ་དཀྱིལ་སྦས་པ་ལྷ་དབང་གི། །སྤྱིས་བླང་ཡང་དག་དབང་ཐོབ་ནས། །སྤྲུལ་པ་ཉིད་ལ་རབ་ཏུ་བཤད། །དེ་ནས་རྡོ་རྗེའི་གདན་སྟེངས་སུ། །ཡང་སྤྲུལ་ཐུགས་ཀྱི་སྲས་རྣམས་ལ། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས། །མ་བགྲོད་རྟོག་པའི་འཇིག་ལས་བསྒྲལ། །རྣམ་གྲོལ་ས་ལ་བདེ་བར་གཤེགས། །དེ་བཞིན་འོད་གསལ་རྣལ་འབྱོར་ལ། །ཤེས་རབ་དག་པས་མཉམ་སྦྱོར་ན། །རྫོགས་ཆེན་ལྷུན་གྲུབ་ས་ལ་སྦྱོར། །གང་ཞིག་དད་པས་འཛིན་ཀློག་ལ། །བསོད་ནམས་བརྗོད་པར་མི་ནུས་ཏེ། །སྐལ་བ་དམན་པའི་ཡུལ་མིན་ལ། །སྲོག་དང་བྲལ་བའི་ཁ་བཞིན་བྱ། །རྒྱལ་ཚབ་ངེས་པ་གཅིག་ལ་གཏད། །སྦས་པ་ཐུགས་ཀྱི་ཉི་མ་འདི། །ཡང་གསང་རིག་པའི་གཏེར་དུ་གཞག །གནས་ཀྱང་སྒྲོམ་དུ་ངེས་པར་སྦ། །ཡེ་ཤེས་བདུན་གྱི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བརྒྱད་པའོ།། །། ཡེ་ཤེས་བདུན་འབྱུང་བའི་རྒྱུད་སེམས་ཀྱི་མེ་ལོང་ཆེན་པོ་རྫོགས་སོ། །འདི་མཚམས་རྣ་བརྒྱུད་ཟམ་པ་འཛུད།། །།

རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་ཅེས་བྱ་བ།


DNG006_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་སནྟི་དྷརྨ་ཏཱ་བོ་དྷི་ཙིཏྟ་མངྒ་ལ་ནི་ཡཱ་མ་པྲ་ཀ་ཊ་སྠོ་ཏ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཀྱི་དབྱིངས་ཀྱི་ངང་ཆེན་ལས། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སངས་རྒྱས་ཀུན་ཏུ་བཟང་པོ་དཔལ། །རྡོ་རྗེ་སྐུ་གསུང་ཐུགས་ཀྱི་བདག །བདེ་ཆེན་ལྷུན་གྱིས་རྫོགས་པ་ཡིས། །ཕྱོགས་དུས་བདེ་གཤེགས་ཀུན་བདག་ཉིད། །དཀྱིལ་འཁོར་ཆེན་པོས་མཛེས་པར་བརྒྱན། །སྣང་


DNG006_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམ་པར་འཕྲུལ་པ་ཡིས། །མ་འགགས་ཆེ་བར་རབ་ཏུ་བཀོད། །དཀྱིལ་འཁོར་ཀུན་འབྱུང་བཟང་མོའི་མཁའ། །ཀུན་བཟང་ཆོ་འཕྲུལ་མ་འགགས་པར། །སྣ་ཚོགས་ཁ་དོག་རྣམ་གསལ་ཞིང་། །སྣ་ཚོགས་དབྱིབས་བརྒྱན་ཐ་དད་པའི། །སོ་སོའི་བྱ་རྩལ་འགག་མེད་ཆོས། །སྒྲིབ་མེད་ནོར་བུའི་མདངས་ལྟ་བུ། །ཐམས་ཅད་ཡིད་ལ་མི་གཞག་པའི། །དེ་ཉིད་གསུམ་དུ་སངས་རྒྱས་པའོ། །ཟབ་མོའི་མཚན་ཉིད་བརྗོད་པའི་ཚིག །སྨྲ་ལས་འདས་པའི་ཚུལ་འཇུག་ཅིང་། །ཆོས་རྣམས་ཐམས་ཅད་དེ་ལྟ་བུ། །དཔེ་ཡི་ཐ་སྙད་ཀུན་ཏུ་བྲལ། །རང་ཉིད་ངོ་བོས་སྟོན་བྱེད་པའི། །མཐར་ཐུག་ཆོས་ཀུན་རྒྱལ་བའི་གསུང་། །ཐེག་པའི་བྱེ་བྲག་རྒྱ་ཆེན་པོ། །མ་ལུས་ལུས་པ་མེད་པར་སྒྲོགས། །སོ་སོའི་མཚན་ཉིད་གསལ་སྟོན་ཅིང་། །ཐབས་མཁས་འགྲོ་བའི་རྒྱུད་སྨིན་མཛད། །ཐམས་ཅད་གཟོད་ནས་ཞི་བའི་ཆོས། །ནམ་མཁའ་ལྟ་བུར་སྐྱེ་འགག་བྲལ། །རང་བཞིན་ལྷུན་གྲུབ་འགྱུར་བ་མེད། །གཅིག་ཏུ་མ་ངེས་སྣ་ཚོགས་དངོས། །མ་འདྲེས་ཡོངས་རྫོགས་གསལ་བ་ཡི། །ཡུལ་སེམས་གཉིས་མེད་མེ་ལོང་ལྟར། །གཉིས་ཅན་དངོས་ཅན་མ་ལུས་པ། །མཐའ་རྣམས་ཀུན་ལས་གྲོལ་བ་ཡིས། །ཟུང་འཇུག་གཉིས་མེད་གཉིས་སུ་གསལ། །བདག་དོན་རྫོགས་པའི་སྟོབས་རྫོགས་པའོ། །གདུལ་བྱའི་དབང་པོ་ཁམས་རྣམས་དང་། །སྐྱེ་མཆེད་བྱེ་བྲག་ཅི་ལྟ་བུ། །དུས་ཕྱོགས་རྒྱུན་ཀུན་བསྡུས་པ་རྣམས། །སོ་སོར་རྟོགས་གསལ་རྒྱུ་འབྲས་བཞིན། །རྫོགས་པའི་རྩལ་གྱིས་ཀུན་དོན་སྤྱོད། །བྱ་བ་མཐར་ཕྱིན་སྐྱོ་ངལ་མེད། །བདག་ཉིད་ཆེན་པོའི་རང་བཞིན་ལ། །སྤྲོས་མེད་སྙིང་པོ་བྱང་ཆུབ་སྐུ། །རྩོལ་སེམས་ཡུལ་བྲལ་བདེ་ཆེན་རྒྱལ། །ཐམས་ཅད་མཁྱེན་པ་ལྷ་ཡི་ལྷ། །གཞལ་ཡས་ཁྱད་པར་འཕགས་པའི་ཚུལ། །མཚན་མཆོག་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན། །བདེ་བའི་ཡེ་ཤེས་ཀུན་འབྱུང་གནས། །སྟོབས་བཅུ་ཁྱུ་


DNG006_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལྟར་མཛེས་ཤིང་། །དྲག་པོའི་ལས་སྟོབས་འཇོམས་པར་བྱེད། །མི་འཇིགས་བཞི་ལྡན་སེང་གེའི་ཚུལ། །དཔའ་བོ་ཆེན་པོ་གཞན་གནས་འཇོམས། །དམ་པའི་ལོངས་སྤྱོད་རྒྱན་བཀླུབས་ཤིང་། །དབང་བཅུས་བཙུན་མོ་ལྟ་བུར་གཤེགས། །བྱིན་རླབས་འཁོར་ལོ་བསྒྱུར་རྒྱལ་བཞིན། །སྣ་ཚོགས་ཆོས་ལ་ལོངས་སྤྱོད་རྫོགས། །ཀུན་འབྱུང་རོལ་པ་ཀུན་ཏུ་བཟང་། །ཕྱོགས་བཅུའི་སྣང་བ་མཐའ་ཡས་ལས། །རང་གི་དཀྱིལ་འཁོར་ཚུལ་བཞིན་སྟོན། །ཀུན་མཛེས་འཁོར་ལོ་ཀུན་འབྱུང་ཞིང་། །རབ་བཞག་མེ་ཏོག་རྒྱ་མཚོའི་རླབས། །འོད་ཟེར་སྣང་བ་སྤྲིན་གྱི་ཤུགས། །ལས་རབ་རྡོ་རྗེ་ཆེ་བའི་སྡེ། །གོ་ཆ་སྲ་བ་ཐེག་མཆོག་བརྒྱན། །དཔལ་གྱི་ནམ་མཁའ་འདྲ་བའི་འོད། །ཡེ་ཤེས་སྙིང་པོ་གླུ་ཡི་དབྱངས། །ཕྱོགས་གནོན་གཟི་བརྗིད་ཕྲེང་རྒྱལ་བ། །བྱང་ཆུབ་བརྩེགས་མཛད་སྙིང་པོ་ཅན། །ལས་ཚོགས་འཇུག་པ་ཐར་པའི་གྲུ། །རྡོ་རྗེ་སྣང་བ་ཚུལ་རྣོན་པོས། །ཕྱོགས་རྣམས་ཀུན་ནས་བསྐུལ་མཛད་དོ། །འབྲུ་ཡི་ཕུང་པོ་ཚུལ་མཆོག་ཤིས། །རང་གནས་ཞིང་ཁམས་དཀྱིལ་འཁོར་ཀུན། །མ་ལུས་འདུས་པའི་ཐིག་ལེ་ཆེ། །གཞན་ཡང་བྱང་ཆུབ་སེམས་དཔའི་ཚོགས། །ཕྱོགས་བཅུ་ཀུན་ནས་འདུས་པ་དག །བདེ་གཤེགས་སྐུ་ལས་སྣང་བ་སྟེ། །བྱང་སེམས་ཆོས་ཉིད་རྩལ་རྫོགས་པ། །བྱམས་པ་འཇམ་དཔལ་ལ་སོགས་པའི། །རྡུལ་ཕྲན་གྲངས་མེད་དཀྱིལ་འཁོར་ཀུན། །བཀོད་པ་ཆེན་པོ་ཚུལ་བཞིན་དུ། །རང་རིག་ཕྱོགས་མཚམས་གནས་ཏེ་འཁོད། །དེ་ལྟར་ཆོས་དབྱིངས་རྒྱ་ཆེན་པོ། །བདེ་གཤེགས་སྲས་བཅས་མ་ལུས་དང་། །རང་བཞིན་ལྷུན་གྲུབ་སངས་རྒྱས་ཀྱི། །འོག་མིན་གནས་བཞིན་ཀུན་ཏུ་ཁྱབ། །དེ་དག་གསང་བ་བླ་མེད་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྐུ་གསུང་ཐུགས་ལ་སྟོན་པར་མཛད། །བདེ་གཤེགས་ཐུགས་ཀྱི་ཐུགས་མཆོག་ནས། །རིམ་བཞིན་བརྒྱུད་པའི་


DNG006_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་དུ། །ཟབ་ཅིང་རྒྱ་ཆེ་གཉིས་མེད་པའི། །རྒྱུད་འདི་བསྟན་པའི་ཚུལ་འབྱུང་བའོ། །བློ་མཆོག་བྱང་ཆུབ་སེམས་དཔའ་དག །རྒྱལ་བའི་ཡུལ་ལ་འཇུག་བྱའི་ཕྱིར། །ངེས་དོན་ཚིག་གིས་མཚོན་བྱེད་པ། །རྣམ་འཕྲོས་སྙན་ནས་སྙན་དུ་གྲགས། །སྤྱི་ཡི་སྟོན་པ་གནས་མཆོག་འཁོར། །ཁྱད་པར་རྒྱུད་ཀྱི་ཚུལ་འབྱུང་བས། །དུས་ལྡན་སྡུད་པོ་ཆེད་མ་ཏེ། །ཕུན་སུམ་ཚོགས་པའི་རྒྱུར་གྱུར་པའོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བ་གསལ་བར་གནས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།བདེ་ཆེན་ཀུན་ཏུ་བཟང་པོ་ཉིད། །རང་གི་ཏིང་འཛིན་གནས་བཞུགས་ཏེ། །འཁོར་ཚོགས་ཀུན་ལ་ལོངས་སྤྱོད་མཛད། །འདི་དག་ཉིད་ཀྱི་དཀྱིལ་འཁོར་ཆེ། །ཡོན་ཏན་ཀུན་འབྱུང་མ་འགགས་པ། །སྣ་ཚོགས་རོལ་པས་ཚིམ་གྱུར་ནས། །དུས་གསུམ་སྟོན་པའི་ཚུལ་མངའ་བའོ། །ཐམས་ཅད་ཆོས་ཀྱི་དེ་བཞིན་ཉིད། །བདེ་གཤེགས་བྱིན་རླབས་རྨད་བྱུང་བ། །དགྱེས་པས་འཁོར་ཚོགས་ཐམས་ཅད་ལ། །གཉིས་མེད་ཚུལ་དུ་བསྟན་པར་མཛད། །དེ་ཚེ་སྐུ་ལས་འོད་ཟེར་དང་། །འཛུམ་མདངས་བྱིན་རླབས་ཕྱག་རྒྱའི་ཚོགས། །རོལ་པའི་ཕྲིན་ལས་ཀུན་ཏུ་བཟང་། །སྟོང་གསུམ་གཡོ་ཞིང་གསལ་བར་མཛད། །སྣོད་བཅུད་སངས་རྒྱས་ཐམས་ཅད་ཀྱང་། །ཀུན་ནས་འདུན་པས་ཕྱག་འཚལ་ཞིང་། །བདེ་གཤེགས་བྱིན་རླབས་རོལ་པའི་རྒྱན། །སྣ་ཚོགས་ཡོན་ཏན་གསལ་བར་སྣང་། །རྡོ་རྗེ་སེམས་མཆོག་གཙོ་བོ་ཡིས། །མི་གཉིས་ཡེ་ཤེས་ཀུན་བརྟགས་ཏེ། །རང་གི་གནས་ལས་བཞེངས་མཛད་ནས། །ཁྱུ་མཆོག་མི་འཇིགས་ཚུལ་གཟིགས་ཤིང་། །ཆོས་ཀུན་འབྲས་བུའི་ངོ་བོར་བཞུགས། །རོལ་པའི་བྱིན་རླབས་བསམ་མི་ཁྱབ། །ཕྲིན་ལས་སྣ་ཚོགས་རྣམ་ཀུན་སྤྱོད། །དྲག་པོའི་གཏུམ་ཚོགས་ཞི་མཛད་ཅིང་། །ཚེ་དབང་འབྱོར་རྣམས་རྒྱས་པའི་ཚུལ། །གཞན་དག་འདོད་དོན་དབང་གི་ལས། །


DNG006_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་གནས་ཀུན་གསད་པས་འདུལ། །ལས་ཚོགས་ཕྲིན་ལས་མཐའ་ཡས་པ། །སྐད་ཅིག་ཡུད་ལ་གྲུབ་པར་མཛད། །བྱ་བ་རྫོགས་པའི་མཛད་པ་ཡིས། །ཡུལ་ལས་གྲོལ་བའི་ཕྲིན་ལས་བདག །སངས་རྒྱས་ཀུན་འདུས་སྟོན་པའི་གཙོ། །ཆེ་བ་མངའ་བརྙེས་ཚུལ་གྱིས་བརྒྱན། །ཀུན་ཏུ་ཆོས་སྐུ་འདུ་འབྲལ་མེད། །ཀུན་ཏུ་ལོངས་སྤྱོད་གནས་སུ་རྟགས། །ཀུན་ཏུ་སྤྲུལ་སྐུའི་རྒྱུན་ལྡན་པ། །ཀུན་ཏུ་འཁོར་བ་མྱ་ངན་འདས། །ཆོས་དབྱིངས་གྲོང་ཁྱེར་ཉམས་དགའ་བ། །འོག་མིན་མངོན་པར་མཐོ་བའི་ཞིང་། །གནས་མཆོག་སྟུག་པོ་བཀོད་པའི་ཁམས། །གནས་ཀུན་ཟིལ་གྱིས་གནོན་བྱེད་པའི། །རྣམ་པར་འཕགས་པའི་ཐེག་པས་བསྟོད། །ཡོན་ཏན་མ་འགགས་པ་ཡི་བརྒྱན། །དུས་གསུམ་སངས་རྒྱས་བཞུགས་པ་ཡི། །གནས་མང་འདུས་པའི་མཆོག་རྒྱན་ཅན། །དམ་པ་རིན་ཆེན་ཚོགས་ཀྱིས་སྤྲས། །འདོད་ལོངས་བསམ་པས་འགྲུབ་པ་དང་། །དཀྱིལ་འཁོར་ལྷ་མོའི་རྒྱན་བཅས་པའི། །ཁང་པ་གྲུ་བཞི་སྒོ་ཁྱུད་ཅན། །སྒོ་ཁང་རྟ་བབས་རྒྱན་གྱིས་མཛེས། །ཏྭ་ར་ཎ་བཞིའི་ཚོགས་བཀོད་པ། །རྡོ་རྗེ་འཁོར་ལོ་རིན་ཆེན་གཟུགས། །པདྨ་སྣ་ཚོགས་མཚན་མ་ཡིས། །ཀ་གདུང་ཕྲེང་བ་སྟེང་འོག་ལོགས། །པ་ཏྲའི་ཕྲེང་བ་ཕྱོགས་དང་མཚམས། །རྣམ་གསལ་ཤར་བུ་དོ་ཤལ་དང་། །འཕན་གདུགས་རྒྱལ་མཚན་རྔ་ཡབ་དྲིལ། །རིན་ཆེན་འབར་བའི་ཁྲི་སྟེང་ལ། །ཟླ་བ་ཉི་མ་པདྨའི་གདན། །སྟོབས་མཆོག་མི་འཇིགས་རྫུ་འཕྲུལ་དང་། །ཐོགས་མེད་ཤེས་བྱའི་གང་ཆེན་མཚོ། །རང་གི་དེ་བཞིན་ཉིད་ལ་བཞུགས། །དེ་ཚེ་འཁོར་ཚོགས་རྒྱ་ཆེན་པོ། །གཉིས་མེད་མཉམ་པར་འཁོད་པ་ཡི། །རང་བཞིན་རྣམ་དག་ངོ་བོ་ཉིད། །དམིགས་མེད་གསལ་བའི་ཡུལ་འཇུག་པ། །མཉམ་ཉིད་ཟུང་འཇུག་གཉིས་སུ་མེད། །ཀུན་གསལ་རྟོགས་པ་སྣ་ཚོགས་རྒྱུད། །མཛད་པས་དོན་ཀུན་མཐར་ཕྱིན་ཚུལ། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །བདུད་བཞིས་མི་བསྐྱོད་ཐུགས་ཀྱི་དངོས། །


DNG006_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་སྣང་མཛད་སྐུ་ཡི་མཆོག །ཀུན་འབྱུང་ཕུང་པོ་ཡོན་ཏན་ཆེ། །རྣམ་དག་དྲི་མེད་ཆགས་མཛད་གསུང་། །ཀུན་ཏུ་ཕྲིན་ལས་དོན་ཡོད་པ། །བདེ་གཤེགས་ཐམས་ཅད་ཚུལ་འཇུག་པའོ། །ཆོས་དབྱིངས་ཀུན་ཏུ་སྐྱོན་དང་བྲལ། །གནས་ཀུན་རྣམ་དག་གཟིགས་པའི་སྤྱན། །འདོད་པས་སྡུད་བྱེད་ཡོན་ཏན་བསྐྱེད། །དྲི་མེད་ན་བཟའ་སྨིན་པའི་སྐུ། །ཀུན་སྤྱོད་ཐུགས་རྗེས་སྒྲོལ་བར་བྱེད། །བཅོམ་ལྡན་གཉིས་མེད་འདྲེལ་བའི་གཟུངས། །ཕ་རོལ་ཕྱིན་དེ་གྲོལ་བའི་ཟླ། །ཡོན་ཏན་བཀོད་དེས་རྒྱལ་པོ་དཔལ། །པདྨ་རྣམ་དག་འཇིག་རྟེན་སྤྱན། །རྔ་སྒྲ་སྒྲོགས་བྱེད་སྟོབས་མཆོག་ལས། །བྱམས་ཆེན་མྱ་ངན་དྲི་མ་མེད། །ཡོན་ཏན་ཀུན་འབྱུང་སྤོབས་པ་བརྩེགས། །དཔལ་གྱི་སེང་གེ་བདུད་དཔུང་འཇོམས། །གཟི་བྱིན་ཕུང་པོ་རིན་ཆེན་མཛོད། །པདྨོའི་མཚན་མཆོག་རྒྱ་མཚོ་མཆོག །འཁོར་ཚོགས་གཞན་དག་བསྐུལ་བར་བྱེད། །ཐམས་ཅད་བློ་གྲོས་གཅིག་པར་གྱུར། །གསུང་གཅིག་ཚུལ་གྱིས་གསོལ་འདེབས་ཤིང་། །སྣ་ཚོགས་མཆོད་པ་རང་ལ་འབུལ། །ཕྱག་འཚལ་ཡང་ཡང་གསོལ་བ་འདེབས། །གུས་པས་ཐལ་སྦྱར་རྩེ་གཅིག་པའོ། །རྒྱལ་བ་ཀུན་གྱི་དེ་བཞིན་ཉིད། །ཡེ་ཤེས་སྙིང་པོའི་གནས་བཞུགས་པ། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཚོགས། །རྒྱུ་རྐྱེན་མེད་པར་སྟོན་མི་མཛད། །བདེ་བ་རབ་སྟོན་གཙོ་བོ་མཆོག །ཐུགས་རྗེ་དྲི་མེད་དངོས་པོའི་དོན། །ཕྱོགས་བཅུའི་དཀྱིལ་འཁོར་ཀུན་སྣང་བ། །རྒྱུ་རྐྱེན་གང་ལས་བྱུང་བ་ཡིན། །འགོག་པ་མི་མངའ་ཐུགས་རྗེ་ཅན། །པདྨའི་སྤྱན་རིང་ཀུན་ཏུ་གཟིགས། །རྒྱལ་བ་རྒྱ་མཚོའི་དགོངས་དོན་གསང་། །དུས་འདིར་སྣང་བའི་སྐབས་ལ་སོགས་སོ། །དེ་ནས་ཀུན་བཟང་བདེ་ཆེན་དཔལ། །ཐམས་ཅད་ཆོས་ཀྱི་དོན་མངའ་བས། །རང་གནས་མ་གཡོས་ཀུན་ཏུ་སྣང་། །ཕྱོགས་བཅུར་སྟོན་པའི་ཚུལ་བཞུགས་ཤིང་། །པདྨའི་གར་གྱིས་གདུལ་བྱའི་ཚོགས། །ཀུན་


DNG006_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཡེ་ཤེས་བསྐྱེད་པར་མཛད། །ཐམས་ཅད་གསང་བའི་དཀྱིལ་འཁོར་འདིར། །བྱང་སེམས་བདེ་བས་དབང་བསྐུར་ཞིང་། །དམ་ཚིག་ཆེན་པོའི་གནས་བསྟན་ཏེ། །བློ་གྲོས་སྣོད་ཀྱི་ཁྱད་པར་བཞིན། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་དོན། །ཐབས་མང་སྒོ་ནས་བསྟན་པར་དགོངས། །འདི་དག་ཐམས་ཅད་སངས་རྒྱས་ཉིད། །བྱང་སེམས་བདེ་བའི་སྙིང་པོ་ཅན། །ཡེ་ནས་གནས་ཏེ་འགྱུར་བ་མེད། །ཡོན་ཏན་ཚོགས་ཀྱིས་བརྒྱན་པའི་གཞི། །རྒྱུ་ཉིད་དག་སྟེ་རྐྱེན་འབྲས་བུ། །རྣམ་དག་བདེ་གཤེགས་དཀྱིལ་འཁོར་ལས། །གློ་བུར་འཁྲུལ་པའི་རིགས་རྣམས་ཀྱིས། །བྱང་ཆུབ་སེམས་ལས་རྟོགས་པའི་ཆོས། །ཆུ་ཡི་རླབས་ཀྱིས་རྒྱ་མཚོ་བཞིན། །མ་གཡོས་རང་སར་གནས་མ་རྟོགས། །རྒྱུ་རྐྱེན་འབྲས་བུའི་གནས་ལས་གཞན། །བྱང་ཆུབ་བདེ་ཆེན་དོན་བྲལ་བ། །དུས་འདིར་ཐུགས་རྗེ་ཆེན་པོའི་ཤུགས། །ཐབས་མང་ཐེག་བསྡུས་ངེས་མཆོག་དོན། །སྟོན་པའི་ཚུལ་ལྡན་ཁྱེད་རྣམས་ཀྱིས། །ལེགས་པར་བཟུང་བྱོས་བདག་གཞན་དོན། །སྔོན་གྱི་སངས་རྒྱས་རྣམས་ཀྱི་བཀའ། །དགོངས་པའི་དོན་མཆོག་གཉིས་མེད་པ། །ད་ལྟ་མ་འོངས་རླབས་པའི་ལམ། །གཉིས་མེད་འབྲས་བུ་ཐེག་པའི་མཆོག །ངེས་པར་ཆོས་ཀུན་སྔོན་གྱི་གནས། །བདེ་གཤེགས་འབྱུང་གནས་ཚུལ་ཀུན་ལྡན། །དེ་ལས་ལྷག་པའི་གནས་མེད་དེ། །རང་བྱུང་ཡེ་ཤེས་གསལ་བའི་རྒྱུན། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བ་གསལ་བར་གནས་པའི་རྒྱུད་ལས། གླེང་སློང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ལ། །རིགས་བཞིའི་རྒྱལ་བ་བདེ་གཤེགས་བཅས། །ཡུམ་ཚོགས་འཁྲིལ་པས་བསྟོད་བྱས་ཏེ། །མཆོད་ཅིང་ཕྱག་འཚལ་འདུན་པས་གནས། །ཨེ་མ་ཧོ་བདེ་གཤེགས་ཀུན་གྱི་སྐུ། །མཚན་བཟང་དཔེ་བྱད་ཕུན་སུམ་ཚོགས། །ཀུན་འབྱུང་སྣང་བ་འགག་མེད་པའི། །ཡོན་ཏན་


DNG006_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱི་རིན་པོ་ཆེ། །དཔེ་བྲལ་དཔེ་ཉིད་གྲངས་ལས་འདས། །རྡོ་རྗེ་ལྟ་བུར་འགྱུར་བ་མེད། །མཚོན་ཆ་སྣ་ཚོགས་ཐོགས་པ་ཡིས། །ཡོན་ཏན་ཕྲིན་ལས་གཡུལ་ལས་རྒྱལ། །བརྗོད་འབྱུང་གསུང་སྙན་གསང་སྔགས་ཕྲེང་། །མི་རྟོག་ཡེ་ཤེས་ཀུན་ནས་གསལ། །དུས་ཀུན་བདུད་རྩིའི་ཚོགས་བྲལ་ཞིང་། །ཐམས་ཅད་མཛད་པར་རྣམ་པར་རོལ། །ཁྱོད་མིག་ཡེ་ཤེས་དྲི་མ་མེད། །ཀུན་འབྱུང་རྒྱ་མཚོ་གནས་མཁྱེན་པས། །ཐམས་ཅད་ཆོས་ཀྱི་དེ་བཞིན་ཉིད། །བྱང་ཆུབ་གསང་བའི་སྔགས་དོན་མཆོག །སྟོན་པ་ཇི་ལྟར་སངས་རྒྱས་པའི། །རྣམ་གྲོལ་གསང་འབྱུང་ལམ་འབྲས་བུ། །བྱིན་རླབས་རང་གི་ངོ་བོ་སྐུ། །ཚུལ་འབྱུང་གླེང་གཞི་ཇི་ལྟར་ཆགས། །གསང་གསུམ་དམ་ཚིག་གཙོ་བོ་ཡི། །དཀྱིལ་འཁོར་ཉམས་དགའ་མཐོང་བ་ལས། །རབ་ཏུ་གྲོལ་བའི་སངས་རྒྱས་གང་། །རིམ་པར་བྱུང་བ་ཚུལ་ཇི་ལྟར། །ཡེ་ནས་ལྷུན་གྱིས་གྲུབ་པའི་དབྱིངས། །རང་བཞིན་གནས་པའི་རྒྱལ་བ་མཆོག །དེ་ལས་རབ་ཏུ་གསལ་བྱས་པའི། །བྱིན་རླབས་ཆོ་འཕྲུལ་ཇི་ལྟར་སྣང་། །སྣ་ཚོགས་ངང་ཉིད་རང་བཞིན་སྐུ། །བདག་ཉིད་ཆེན་པོ་མི་དམིགས་པའི། །སོ་སོར་བརྟགས་པའི་ཆ་ཤས་ཉིད། །ཤེས་རབ་གདམས་དོན་སྤྱོད་པའི་ཡུལ། །སྤྲོས་བྲལ་དེ་བཞིན་ཉིད་རྟོགས་པའི། །དམ་པའི་ཤེས་པ་ཇི་ལྟར་སྐྱེས། །གང་ལ་མི་རྟོག་ཇི་བཞིན་ཉིད། །བསྒོམ་བྱ་འཇུག་པ་བདག་ཉིད་ཆེ། །མི་རྟོག་གནས་པ་མ་འགགས་ཆོས། །གསལ་བར་དྲོད་རྟགས་རྣམ་སྣང་སྐུ། །ཀུན་ཏུ་བཟང་པོ་འགྱུར་བ་མེད། །ཡོན་ཏན་མ་འགགས་སྒྲིབ་བྲལ་ཆོས། །དོན་བཞིན་སྤྱོད་པའི་རྒྱན་གྱིས་སྤྲས། །ལྟ་བསྒོམ་འབྲས་བུ་བྱང་ཆུབ་ལམ། །ཐེག་པའི་ཚུལ་ཀུན་ལས་དཔགས་པའི། །བྱ་བརྩལ་རྩོལ་བའི་ནད་མེད་པ། །ཀུན་གྱི་དབང་ཕྱུག་ལྷུན་གྲུབ་གནས། །ཆོས་ཀུན་འབྲས་བུ་ཆེན་པོའི་སྐུ། །བྱ་བའི་ཚུལ་སྤང་མྱ་ངན་འདས། །བྱང་ཆུབ་འཁོར་


DNG006_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས་ལ་བཞུགས། །ཀུན་གྱི་ཐུན་མོང་མ་ཡིན་པའི། །དཔེ་ཡི་འཐད་པ་ཅི་ལྟ་བུས། །དོན་གྱི་སྙིང་པོ་བཙལ་བར་བྱ། །བདག་གཞན་ངོ་བོ་ཇི་ལྟར་འཚལ། །ཐམས་ཅད་སྐུ་མཆོག་ཡེ་ཤེས་ཆེ། །བརྒྱན་ཆས་གཏན་ལ་དབབ་པའི་ཚེ། །དུས་འདིར་འཁོར་ལོ་གནས་ཀུན་ལ། །དྲི་མེད་འབྲས་བུ་ཐེག་པའི་མཆོག །རིགས་མཆོག་ཤེས་རབ་ནམ་མཁའི་དབྱིངས། །བྱང་ཆུབ་སེམས་ཉིད་བཤད་པར་མཛོད། །རྫོགས་པ་ཆེན་པོ་ཆོས་ཉིད་བཀྲ་ཤིས་མི་འགྱུར་བ་གསལ་བར་གནས་པའི་རྒྱུད་ལས། དེ་ཁོ་ན་ཉིད་ཞུས་པའི་ལེའུ་སྟེ་གསུམ་པའོ།། །།སངས་རྒྱས་ཀུན་གྱི་དངོས་གྲུབ་མཆོག །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་དབྱིངས། །ཤེས་རབ་ཆེན་པོས་བརྟགས་དཀའ་བའི། །གཉིས་མེད་ཏིང་འཛིན་དམ་པ་ལས། །སྟོབས་མཆོག་གཙོ་བོ་ཞི་མཛད་དེ། །ཆོས་ཀུན་སྣང་གསལ་སྟོན་པར་མཛད། །ཐབས་དང་ཤེས་རབ་འདྲེལ་བའི་གཟུགས། །གཟུངས་ཀྱང་མ་སྐྱེས་སྐྱེ་བ་ཆོ་འཕྲུལ་སྒོ། །མ་འགགས་ཕྱག་རྒྱ་ཆེན་པོའི་ཆོས། །སྣང་མེད་དཀྱིལ་འཁོར་སྣ་ཚོགས་བྱུང་། །བརྗོད་མེད་ཟབ་མོ་རྒྱ་ཆེན་སོགས། །རང་བྱུང་ཡེ་ཤེས་ཀུན་གསལ་གཞི། །ཡོན་ཏན་རྒྱན་གྱི་དཀྱིལ་འཁོར་ལས། །མཛད་པ་སྣ་ཚོགས་ཀུན་ཏུ་སྣང་། །དེ་ནས་ཀུན་ཏུ་བཟང་པོ་དཔལ། །ཤེས་རབ་གཟུངས་དང་འཁྲིལ་སྦྱོར་ཞིང་། །ཕྱོགས་དུས་ཀུན་ཏུ་གཟིགས་དགོངས་ནས། །ཆོས་ཀུན་ཇི་ལྟར་སངས་རྒྱས་པ། །རང་གི་ངོ་བོ་བཤད་པར་མཛད། །སྟོན་པའི་བྱེ་བྲག་གྲངས་མེད་མོད། །གཉིས་སྣང་ཐུན་མོང་ཁྱད་པར་ཚུལ། །སྤྱི་ཡི་སངས་རྒྱས་སྣང་སྲིད་དངོས། །ཁྱད་པར་རྒྱུད་ཚུལ་རྟོགས་པའི་དོན། །རྒྱུ་ཚོགས་ཀྱང་འབྲས་གདུལ་བྱའི་སྣང་བ་བཞིན། །རིགས་མཆོག་དཀྱིལ་འཁོར་བླ་ན་མེད། །དངོས་པོར་གཟུངས་ཀྱང་། བྱུང་བའི་ཚུལ་གྱིས་ནི། །བསྟན་པའི་དཀྱིལ་འཁོར་རིག་པའི་མཆོག །སྟོང་གསལ་རྡོ་རྗེ་ཐུགས་ཀྱི་དངོས། །སྲ་བརྟན་བདེ་གཤེགས་སྐུ་ཡི་མཆོག །བསྲེག་སྨིན་པདྨར་


DNG006_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་གསུངས། །གཤེད་སྡུད་རིན་ཆེན་ཡོན་ཏན་ཚོགས། །གཡོ་ཡང་ལས་རབ་ཕྲིན་ལས་ཆེ། །ཡེ་ཤེས་ཆེན་པོའི་རྣམ་འཕྲུལ་ལས། །རེག་པ་སྟོང་པ་བྱིན་རླབས་ཏེ། །བདེ་ཆེན་བྱང་ཆུབ་སེམས་ཀྱིས་བརྒྱན། །ཀུན་སྣང་སྟོང་པ་གོ་སྙོམས་སྐྱེས། །ཟུང་དུ་འཇུག་པའི་མཚན་ཉིད་ཅན། །དེ་དག་སོ་སོར་མ་འགགས་པའི། །དཀྱིལ་འཁོར་གསང་བའི་ཐིག་ལེ་ཉིད། །འགྲོ་འདི་ཡེ་ནས་སངས་རྒྱས་ཏེ། །ཀུན་སྣང་རིགས་ཀྱི་དཀྱིལ་འཁོར་གསལ། །འདོད་ཆགས་གསང་གསུམ་དབང་མདོ་གསུངས། །ཞེ་སྡང་ཐུགས་རྗེ་རྡོ་རྗེའི་རྒྱལ། །གཏི་མུག་མི་འབྱེད་ཆོས་སྐུ་གཤེགས། །ང་རྒྱལ་བདག་བྲལ་ཡོན་ཏན་རིན། །ཕྲག་དོག་རྟོག་བྲལ་ལས་ཉིད་དུ། །ཡེ་ནས་རྣམ་དག་ལྷུན་གྱིས་གྲུབ། །གཟུགས་ཕུང་བདེ་གཤེགས་སངས་རྒྱས་སྐུ། །ཚོར་བ་རིན་ཆེན་བཀོད་པའི་ཚོགས། །འདུ་ཤེས་མཐའ་ཡས་སྣ་ཚོགས་རྒྱུན། །འདུ་བྱེད་དོན་གྲུབ་ཚོགས་པའི་བདག །རྣམ་ཤེས་རྡོ་རྗེ་འགྱུར་བ་མེད། །སྣང་བ་རང་རྒྱུད་མཐའ་བྲལ་བའི། །རིགས་མཆོག་ལྷ་མོ་གཉིས་མེད་སྦྱོར། །ཟུང་འཇུག་གསང་བའི་སྔགས་ལྡན་པ། །བསྐྱེད་པའི་དུས་ན་སྐྱེ་མེད་ཅིང་། །ཟག་མེད་ཡེ་ཤེས་ལྷག་པའི་རྒྱུན། །ལྦུ་བ་རྡོས་མཚུངས་ཆུ་བུར་བཞིན། །སྨིག་རྒྱུ་ཆུ་ཤིང་སྙིང་པོ་ཉིད། །སྣང་གྲག་དྲི་རྒྱུན་རོ་ཡི་རྫས། །རེག་བྱའི་བདེ་བ་ཆོས་རྣམས་ཀུན། །ཡུམ་གྱུར་ལྷ་མོ་སྟོང་པ་ཉིད། །གཉིས་མེད་ལྷུན་གྲུབ་ཆོས་རྣམས་ཀུན། །བདེ་ཆེན་བླ་ན་མེད་པའི་སྐུ། །ཟབ་མོ་གསང་བའི་དཀྱིལ་འཁོར་ཆེ། །རང་བཞིན་ལྷུན་གྲུབ་བདེ་ཆེན་དབྱིངས། །ཡེ་ཤེས་ལྷུན་གྲུབ་རྟོགས་གསལ་བ། །དམ་པའི་བརྒྱུད་རིམ་དགོངས་པའི་དོན། །གཉིས་མེད་རྫོགས་པ་བྱང་ཆུབ་སེམས། །དུས་གསུམ་གཅིག་པར་རྟག་བཞུགས་པའི། །བཅོམ་ལྡན་བདུད་བཞིས་མི་ཤིགས་པས། །རྣམ་དག་དཀྱིལ་འཁོར་ཀུན་འབྱུང་སྐུ། །མཚན་བཟང་དཔེ་


DNG006_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་གཙོ་འཁོར་ལྡན། །གསང་གསུམ་དམ་ཚིག་འདའ་མི་བྱེད། །ཐམས་ཅད་ཀུན་མཁྱེན་སྒྲིབ་བྲལ་སྐུ། །རིགས་མཆོག་བཀོད་པའི་གྲོང་ཁྱེར་དབུས། །གཉིས་མེད་གཟུགས་སྐུ་འཁྲིལ་བ་ལས། །དབང་ཚོགས་ཞིང་ཁམས་བཀོད་པ་དང་། །བྱང་ཆུབ་སེམས་དཔའི་འཁོར་སྐྱོང་ཞིང་། །མི་གཉིས་ཡེ་ཤེས་ཆེ་ལྔ་ལྡན། །སྤྲུལ་སྐུའི་མཛད་པ་རྒྱུན་མི་གཅད། །རང་གི་ཡོན་ཏན་ལོངས་སྤྱོད་རྫོགས། །ཐུགས་རྗེས་གཞན་ལ་ཀུན་སྟོན་ཅིང་། །སྟོང་གསུམ་ཏིལ་གྱི་གོང་བུ་ལྟར། །ཐམས་ཅད་མ་ལུས་མེད་པར་སྣང་། །དེ་དག་གསང་བའི་དཀྱིལ་འཁོར་འདིར། །དབང་བསྐུར་བྱིན་རླབས་སྔགས་ཀྱི་མཐུས། །རང་གི་དམ་ཚིག་མཆོག་ལ་གནས། །ཐམས་ཅད་ཆོས་ཀྱི་དེ་བཞིན་ཉིད། །དམ་པའི་བཀའ་ཐོབ་འཇིགས་ལས་གྲོལ། །གྲོང་ཁྱེར་གསང་བའི་གནས་མཐོང་ནས། །ཤེས་རབ་ཆེན་པོ་ངེས་པར་གནས། །ཕུང་པོ་ཁམས་སོགས་སྐྱེ་མཆེད་རྒྱུན། །ཐམས་ཅད་ནམ་མཁའི་མཚན་ཉིད་དུ། །བྱང་ཆུབ་སེམས་ཀྱིས་གཅོད་བྱེད་ཅིང་། །དེ་ཡི་རང་བཞིན་དེ་ཉིད་དེ། །གཉིས་མེད་ཟུང་དུ་འཇུག་པའི་ཚུལ། །གསང་བ་བཞི་ལས་ལམ་འབྲས་བུ། །རེས་ཀྱི་དམིགས་པའི་དུས་ན་སྣང་། །རྒྱུ་རྐྱེན་འབྲས་བུ་མི་འདོགས་ཤིང་། །མཚོན་བྱེད་ལམ་གྱི་རིམ་པར་བྱུང་། །བདེ་གཤེགས་སྐུ་ལྔ་ཡེ་ཤེས་ལྔ། །འབྲས་བུ་གསང་ཆེན་ཡེ་ནས་གནས། །མ་རྟོག་རྟོགས་པའི་ཐབས་སྟོན་ཀྱང་། །ཁྱད་པར་ཆོས་ལས་གཞན་ན་མེད། །དེས་ན་རྒྱལ་བ་ཀུན་གྱིས་ཀྱང་། །བྱང་ཆུབ་སེམས་ལས་འདའ་བ་མེད། །འདི་ཉིད་ཀུན་གྱི་ཡུམ་གྱུར་ཡུམ། །ཆོས་མཛོད་ཀུན་གྱི་གཞིར་གྱུར་པའོ། །དེ་རྟོགས་གནས་ལས་འགྱུར་མེད་ཅིང་། །ཆོས་ཀུན་བྱང་ཆུབ་ཆེན་པོའི་ལམ། །སྨིན་ཅིང་གྲོལ་བའི་ཐབས་དམ་པ། །ཐེག་པ་ཀུན་གྱི་རྩེ་མོ་མཆོག །གསང་བ་བདུད་རྩི་འཐུང་བྱེད་པ། །རྒྱལ་བ་ཀུན་གྱི་སྲས་མཆོག་ཡིན། །རང་གི་རང་བཞིན་གསང་བ་ལས། །བདེ་གཤེགས་སྐུ་དང་ཡེ་ཤེས་ལ། །ཉོན་མོངས་རྣམ་དག་བྱང་ཆུབ་


DNG006_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །ཆོས་ལྔ་ལྡན་པའི་སངས་རྒྱས་ནི། །གཞན་ནས་འབྱུང་ཞིང་ཐོབ་མིན་ཏེ། །བསོད་ནམས་ཡེ་ཤེས་གཏེར་ལས་སྐྱེས། །ཐམས་ཅད་རང་གི་ངོ་བོས་སྟོང་། །དངོས་གཅིག་སྒྱུ་མ་ཆེན་པོའི་དངོས། །ཡ་མཚན་རྨད་དུ་བྱུང་བ་ལས། །སངས་རྒྱས་རྣམས་ནི་གཟིགས་མོ་མཛད། །དབང་པོ་དྲུག་ལ་བརྟེན་བྱ་སྟེ། །ནང་གི་རྣམ་ཤེས་སྐད་ཅིག་རྒྱུན། །གཟུགས་ཀྱི་ཆོས་སྐུ་སྣང་སྲིད་སྟོང་། །སྒྲ་ཡི་ཆོས་སྐུ་གྲགས་སུ་སྟོང་། །དྲི་ཡི་ཆོས་ཉིད་ཚོར་བ་སྟོང་། །རོ་ཡི་ཆོས་ཀུན་མྱོང་བས་སྟོང་། །རེག་བྱའི་ཆོས་ཀུན་རེག་པས་སྟོང་། །ཆོས་ཀུན་བསམ་པས་རྣམ་པར་སྟོང་། །རབ་འབྲིང་ཐ་མའི་དངོས་ཀུན་གང་། །བདེ་ཆེན་ཡེ་ཤེས་ཉིད་ཀྱི་དངོས། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །ནམ་མཁའི་མཐར་ཐུག་ཁྱབ་པར་གནས། །ཁ་དོག་དབྱིབས་རྒྱན་ཡོན་ཏན་ཚོགས། །དུས་གསུམ་རང་གི་མཚན་ཉིད་སྟོན། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱི། །རང་བཞིན་ངོ་བོ་རྣམ་པར་འཕྲུལ། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་ཉིད། །རྟག་ཏུ་རང་གི་གནས་ན་གསལ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །དབྱིངས་དང་ཡེ་ཤེས་བདེ་བའི་རྒྱུན། །ཟབ་མོ་གསལ་བའི་སྔགས་ལམ་ནས། །རྒྱ་ཆེ་རྣམ་པར་འཕྲུལ་པ་འབྱུང་། །ཐམས་ཅད་ཀུན་ཏུ་བཟང་མོའི་མཁའ། །ཀུན་བཟང་མ་འགགས་གཉིས་མེད་ལ། །དེ་ནས་བདེ་གཤེགས་ཐམས་ཅད་དང་། །སྲས་བཅས་བྱང་ཆུབ་སེམས་ཀུན་གྱིས། །རྒྱལ་བའི་བཀའ་ལ་ཡི་རང་ནས། །མངོན་པར་བསྟོད་ཅིང་མཆོད་པ་མཛད། །ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་སྐུ། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཀུན་ཏུ་ཆོས་འཁོར་རྒྱུན་མི་འཆད། །དཀྱིལ་འཁོར་སྣ་ཚོགས་འཁོར་ལོ་མཛེས། །ཞེས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་ལས། སངས་རྒྱས་ཀྱི་བྱིན་གྱིས་རླབས་སྟོན་པའི་ལེའུ་སྟེ་བཞི་པའོ།། །།གཞན་དུ་


DNG006_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཕྲུལ་པའི་སྒོ། །གྲངས་མེད་ཀུན་གྱིས་གཟིགས་པ་དག །སངས་རྒྱས་ཀུན་གྱིས་བཀོད་པ་དེ། །བྱིན་རླབས་ཡོན་ཏན་རྒྱུད་ལས་བྱུང་། །དེ་དག་འཁོར་གྱིས་ཐེ་ཚོམ་ལས། །སྟོན་པའི་སྣང་བ་སྒོ་དབྱེ་མཛད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །དུས་གསུམ་སྣང་བའི་ལུང་བསྟན་མཆོག །སྟོང་གསུམ་འཇིག་རྟེན་མཐའ་ཡས་པ། །རྡུལ་སྙེད་བགྲང་བའི་མཐའ་ལས་འདས། །དབྱིབས་རྒྱན་སྣང་བ་སྣ་ཚོགས་ཀུན། །བརྟན་གཡོ་སངས་རྒྱས་ཞིང་ཁམས་མཆོག །རིན་ཆེན་བཀོད་པའི་གནས་འདི་ཡི། །ཕྱོགས་བཅུ་རབ་འབྱམས་བསྐལ་པའི་དུས། །བགྲང་འདས་གསུམ་གྱི་བར་མཚམས་སུ། །སྟོན་པ་ཇི་ལྟར་སངས་རྒྱས་ཞིང་། །བསྟན་པའི་འདུལ་བའི་སྣོད་ཇི་ལྟར། །བྱུང་ཚུལ་གསང་བའི་ཁྱད་པར་དོན། །འདི་ཡི་ཐོག་མ་གྲངས་མེད་ནས། །སྐྱོབས་པ་ཅན་གྱིས་སྦྱིན་པའི་ཀློང་། །གང་ཟག་འཕགས་པའི་རིགས་མཚུངས་པའི། །ཆོས་སྐྱོང་རྒྱལ་པོའི་བློ་གྲོས་དང་། །ཆོས་ཀྱི་སེམས་དཔའ་སེམས་བསྐྱེད་དོ། །ཡུན་རིང་སྦྱིན་སོགས་འགྲོ་བའི་དོན། །རེ་ཞིག་ན་ཡང་རང་སངས་རྒྱས། །རྫུ་འཕྲུལ་མགྱོགས་པ་ཞེས་བྱ་བས། །གྲོང་ཁྱེར་ཀུན་ཏུ་རྣམ་འཕྲུལ་སྟོན། །མྱ་ངན་འདས་པའི་སྐུ་གདུང་ལ། །འོད་བྱུང་རྐྱེན་གྱིས་སེམས་ཀྱི་དོན། །ཆོས་ཉིད་སྙིང་པོ་འདུ་འབྲལ་མེད། །རྟོགས་ཚིག་སྒྲོགས་ཤིང་གནས་བྱས་ཏེ། །དུས་ཀུན་འགྱུར་མེད་གསལ་བ་ལས། །ཐམས་ཅད་མཁྱེན་པའི་ཡུམ་སྦྱོར་ཏེ། །སྒྲིབ་ཚོགས་བག་ཆགས་གནས་སུ་དག །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས། །ཕྱོགས་བཅུའི་དཀྱིལ་འཁོར་ས་ལེ་བར། །རྒྱུ་རྐྱེན་འདྲ་བར་འབྲས་བུའི་ཆོས། །སྟོབས་བཅུ་མི་འཇིགས་བཞིར་བཅས་པའི། །མཚན་དཔེ་རྒྱན་སོགས་སྤྱོད་ཡུལ་དང་། །ཞིང་ཁམས་ཡོངས་སུ་དག་པར་འགྱུར། །དེ་ཡི་ཚེ་ན་སྟོང་གསུམ་འདི། །ལན་གྲངས་དུ་མར་གཡོ་ཞིང་བསྐྱོད། །ལྷ་ཡི་རོལ་ཆེན་མེ་ཏོག་ཆར། །འོད་བཅས་ཕྱོགས་


DNG006_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་འཁྲིགས་པར་འགྱུར། །མེ་ཏོག་སྙིང་པོ་འཇིག་རྟེན་ཁམས། །སྙིང་པོ་དུས་ཞེས་བྱ་བ་རུ། །འགྲོ་ཀུན་བྱང་ཆུབ་ལམ་ལ་བཀོད། །ཁྱད་པར་གསང་བའི་རྒྱུད་དོན་སྒྲོགས། །ཐེག་པ་ཆེན་པོར་འཇུག་འདོད་པའི། །ཤེས་རབ་སྙིང་རྗེའི་བདག་ཉིད་ཅན། །འགྲོ་རྣམས་གསང་བའི་གནས་མཆོག་འདིར། །དབང་བསྐུར་དམ་ཚིག་སྦྱིན་པར་མཛད། །གསང་མཆོག་རྣམ་པར་ཐར་པའི་སྒོ། །ཟབ་ཅིང་རྒྱ་ཆེ་ཐེག་པའི་མཆོག །བདེན་གཉིས་ཟུང་དུ་འཇུག་པའི་ཐབས། །འབྲས་བུ་ལམ་དུ་སྟོན་པའོ། །རྩྭ་ཤིང་རི་རྡོ་ས་སོགས་ལས། །བྱང་ཆུབ་སེམས་ཉིད་མཚོན་བྱེད་པ། །རྒྱལ་བའི་མཐུ་ཡིས་སྟོན་བྱེད་པར། །ཐམས་ཅད་བདེ་ཆེན་བྱང་ཆུབ་སེམས། །རྫོགས་པའི་ཆོས་ཉིད་སྐྱེ་འགག་མེད། །རང་བྱུང་ཡེ་ནས་ལྷུན་གྱིས་གྲུབ། །ཡོན་ཏན་དཀྱིལ་འཁོར་མ་འགགས་པའོ། །རྒྱུ་ཉིད་རྣམ་དག་རྐྱེན་དང་བྲལ། །རྡོ་རྗེ་ལྟ་བུར་འགྱུར་བ་མེད། །རང་བཞིན་དངོས་ཚོགས་མ་འགགས་པའི། །ཡེ་ཤེས་ཆེན་པོར་རྩལ་སྣང་བའི། །ཕྱི་ནང་བར་གྱི་ཐ་སྙད་དང་། །ཡོད་མེད་དབུས་སུ་འཛིན་པའི་ཆོས། །ཐམས་ཅད་མཚན་བཅས་གློ་བུར་བ། །མཉམ་ཉིད་དབྱིངས་སུ་འགྱུར་བ་མེད། །དགོངས་དོན་མ་མཐུན་འགལ་བའི་ཚིག །གསང་སྔགས་ཚུལ་ཉིད་བརྗོད་པ་དཀའ། །རང་བཞིན་བདེན་པའི་གཏན་ཚིགས་ཀྱིས། །ཀུན་རྫོབ་ཚུལ་དང་འབྱུང་འཇུག་སྒོ། །གསང་མཆོག་གསང་བ་རྨད་དུ་བྱུང་། །སངས་རྒྱས་ཀུན་གྱིས་བསྟོད་པའི་གནས། །དེ་ནས་འཁོར་གྱི་གཙོ་བོ་མཆོག །དཔའ་བོ་རྒྱལ་མཚན་ཞུས་པའི་ཚིག །རབ་དགའ་གྲོལ་བའི་སྡེ་བཅས་པས། །བདེ་གཤེགས་བསྟན་པ་གཟུང་བར་བྱ། །ཡུན་རིང་ཤེས་རབ་མཐུ་རྩལ་ཅན། །ཐར་པའི་གྲོང་ཁྱེར་གསལ་བར་འགྱུར། །བར་གྱི་བསྐལ་པ་གཉིས་ཀྱི་དུས། །བྱ་དཀའ་གྲོང་ཁྱེར་པདྨའི་མཚོ། །ཀུན་རྒྱལ་ཉི་མའི་རིགས་ལས་སྐྱེས། །རིག་འཛིན་བྱམས་ལྡན་བཅུ་དྲུག་གིས། །སོ་སོར་


DNG006_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གྱི་འབྱུང་གནས་ལ། །སྔོན་དང་བྱང་ཆུབ་མཆོག་སེམས་བསྐྱེད། །གསང་སྔགས་དཀྱིལ་འཁོར་འཇུག་པའི་ཐབས། །དབང་བསྐུར་དམ་ཚིག་དྲི་མ་མེད། །ཤེས་རབ་རྣམ་དག་རྒྱས་པའི་མཐུས། །མཐོང་བའི་ཚེ་ལ་རྣམ་པར་གྲོལ། །སྒྲིབ་ཚོགས་བག་ཆགས་གནས་ངན་ལེན། །རང་བྱུང་བདེ་ཆེན་རྫོགས་པའི་སྐུ། །སྐུ་མཆོག་མཚན་དང་དཔེ་བྱད་གསལ། །གསུང་མཆོག་སྤྲུལ་པའི་ཡི་གེར་ལྡན། །ཐུགས་མཆོག་སྐྱེ་མེད་དབྱིངས་སུ་རྟོགས། །ཡོན་ཏན་མ་འགགས་ཕྲིན་ལས་རྫོགས། །དུས་མཚུངས་སྐུ་གསུམ་ཡེ་ཤེས་ཀྱིས། །ཞིང་ཁམས་བཅུ་དྲུག་སྦྱོར་བར་མཛད། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །གྲངས་མེད་བཀོད་པ་ཀུན་ཏུ་གསལ། །རི་རབ་རྒྱ་མཚོ་གྲགས་པའི་གླིང་། །མུ་ཁྱུད་མཐའ་ཅན་གསེར་གླིང་དང་། །གཤོག་མཐའ་མཚོན་ཆ་ཞི་བའི་གནས། །འོད་བཀོད་སཱ་ལའི་འབྱུང་གནས་སྐྱེ། །དོན་མཆོག་ཨུཏྤལ་བཟང་པོ་ཅན། །དཔལ་ལྡན་པདྨའི་ཕྲེང་བས་མཛེས། །ལྷ་ཡི་བཀོད་པ་ཡན་ལག་སྐྱེས། །མཁས་རྩེ་ཡོན་ཏན་ལྷ་ཡི་རིགས། །སངས་རྒྱས་གསེར་ཅན་མེ་ཏོག་ཅན། །དབང་ཕྱུག་དྲག་པོ་བདེ་ཡང་རྡོ་རྗེའི་སྙིང་། །རིན་ཆེན་ཕྱག་རྒྱ་ཡོན་མཆོག་ལྷ། །ཐུགས་རྗེ་ཆེན་པོས་ས་བསྲུང་མཛད། །སེང་གེ་བདེ་གསལ་འགུགས་བྱེད་དབང་། །ཞི་བའི་བཤེས་གཉེན་ཀུན་ཏུ་བརྒྱན། །གྲོལ་ཏེ་དཔལ་གྱི་ཟླ་བའི་འོད། །རང་གི་ཞིང་ཁམས་གྲངས་མེད་པར། །ཐེག་པ་སྣ་ཚོགས་འཇུག་པའི་ཐབས། །འཁོར་གྱི་གཙོ་བོ་གསང་བའི་སྣོད། །སྨིན་མཛད་གྲོལ་བའི་དབང་མཆོག་བསྟན། །ཐམས་ཅད་གདོད་ནས་མ་སྐྱེས་ལ། །སྣང་བའི་དངོས་ཀུན་གདང་མ་འགགས། །རང་བཞིན་བྱང་ཆུབ་སེམས་ཀྱིས་བརྒྱན། །ཡེ་ཤེས་ཆེན་པོའི་གནས་ལ་སྐྱེས། །མན་ངག་སྙིང་པོ་དེ་བཞིན་ཉིད། །ཆོས་ཀུན་འབྱུང་བའི་རྩ་བས་ཏེ། །དུས་གསུམ་གཅིག་པར་འགྱུར་མེད་པར། །གསང་བའི་རྒྱུད་དུ་འདྲེལ་བའོ། །དེ་ནས་བྱང་ཆུབ་


DNG006_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་མཆོག །ཡེ་ཤེས་བློ་གྲོས་སྡེ་བས་སྡེ་ཡང་བཟང་ཁ་བ། །གུས་བཏུད་སྙན་པས་བླངས་བྱས་ཏེ། །འགྲོ་ལ་ཕན་ཕྱིར་གཟུང་མེད་ཅིང་། །བྱང་ཆུབ་སེམས་ཀྱི་གནས་འཇུག་པའོ། །ལྔ་ཡི་སངས་རྒྱས་དགོངས་པའི་རྒྱུད། །མི་གཉིས་རིམ་བཞིན་བརྒྱུད་པའོ། །དེ་ལས་བསྐལ་པ་ལྔ་ཡི་དུས། །ཞིང་ཁམས་སེང་གེའི་རྩལ་ཞེས་པར། །ཀུན་མཚུངས་སྔོན་འཕགས་གྲགས་པ་ཅན། །གདུལ་བྱ་ཁྱད་པར་འཕགས་པའི་རིགས། །སངས་རྒྱས་ཀྱིས་འཇིགས་སེང་གེའི་དྲེགས། །མར་མེ་སྔོན་འཕགས་རྒྱལ་པོའི་སྤྲིན། །ཙནྡན་བཀོད་པའི་སྡེ་བཅས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །རང་རིག་སྣང་བའི་ཞིང་ཁམས་ཀུན། །འོད་བཅས་ཐེག་པའི་འཁོར་ལོ་སྤྱོད། །གྲངས་མེད་བསྐལ་པར་ཚོགས་བསགས་ཤིང་། །ཡུན་རིང་ཐེག་པས་རྒྱུད་སྦྱངས་པའི། །དཔལ་གྱི་སྙིང་པོའི་འོད་ཟེར་ཅན། །སྐར་མ་སྟོབས་བསྐྱེད་དྲ་བའི་སྡེ། །རང་གི་སྟོན་པའི་ཞལ་ནས་སུ། །ངེས་པའི་སྙིང་རྗེ་ཆེན་པོ་ཡིས། །གསང་སྔགས་ཟབ་མོ་ལམ་གཉེར་ཞིང་། །རྩེ་གཅིག་བརྩོན་པས་འདུད་པར་འགྱུར། །དཀྱིལ་འཁོར་གསང་བར་དབང་བསྐུར་ཏེ། །ཐེག་ཆེན་དམ་ཚིག་མཆོག་ལ་བཞག །ངེས་པའི་ཕྱག་རྒྱ་གསང་བ་ཡིས། །བསྐལ་པ་མང་པོ་སྒྲིབ་སྤངས་ཤིང་། །འབྲས་བུ་བྱང་ཆུབ་སེམས་ལ་སྦྱོར། །ཡོན་ཏན་ཀུན་འབྱུང་བདག་པོར་འགྱུར། །རྡོ་རྗེ་ལྟ་བུས་ཀུན་བཅོམ་ནས། །ཀུན་ཏུ་འོད་བཟང་མ་ཆགས་སྤྱན། །ཡི་གེ་འཁོར་ལོ་བླ་མེད་གནས། །སྐུ་ལྔ་ཡེ་ཤེས་ཆེ་རྒྱུད་སྦྱོར། །རིམ་བཞིན་དེ་འོག་བསྐལ་པ་ལྔར། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང་། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །གསང་མཆོག་ཐེག་པ་སྟོན་པར་བྱེད། །བྱང་ཆུབ་སེམས་དཔའ་ཉི་མའི་བཤེས། །རབ་བདག་འོད་ཟེར་སྣང་བའི་སྒོ། །བསྟན་པའི་རྒྱུད་ཆེན་བཟུང་བྱེད་ཅིང་། །རྣལ་འབྱོར་དབང་ཕྱུག་འཁོར་བཅས་སྐྱོང་། །འདི་ལྟར་སྣང་


DNG006_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྲིད་པའི་ཆོས། །རྒྱལ་བའི་བསྟན་པ་དགོངས་པའི་དོན། །མ་འགགས་གསལ་བ་སྐུ་དང་གསུང་། །ཐུགས་ཀྱི་སྒོ་ནས་ངང་ཚུལ་སྟོན། །ཡ་མཚན་བདེ་གཤེགས་དཀྱིལ་འཁོར་ལས། །དངོས་པོའི་རིགས་ཀུན་སྣ་ཚོགས་ལ། །རྟོགས་པའི་རྒྱུད་ཀྱིས་གཉིས་སུ་བརྟགས། །མི་རྟོག་ཡེ་ཤེས་མི་འགག་པའོ། །འབྲས་བུ་ཡེ་ནས་གནས་པའི་ཆོས། །ཐམས་ཅད་དོན་གྱི་རང་བཞིན་ཡིན། །གསང་མཆོག་བྱང་ཆུབ་སེམས་ཀྱི་དབྱིངས། །སངས་རྒྱས་ཀུན་གྱི་དགོངས་པ་ཉིད། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ལ། །ཐབས་མང་ཕྱག་རྒྱའི་སྒོ་ནས་སྟེན། །དེ་འོག་བསྐལ་པ་དྲུག་ཅུ་ན། །སྐར་མ་འཚོགས་པའི་འཇིག་རྟེན་དུ། །མྱ་ངན་མུན་འཇོམས་ཆོས་ཀྱི་གྲོང་། །སངས་རྒྱས་མི་ཐུབ་ཟླ་བ་འགྱུར། །རྒྱལ་སྲས་འབར་བའི་བློ་གྲོས་ཀྱིས། །ཐེག་ཆེན་གསང་བའི་བློ་སྐྱེས་ནས། །བསམ་པ་བརྟན་པོས་གསོལ་བཏབ་ཅིང་། །ཚད་མེད་གོ་ཆ་བགོས་པའི་མཐུས། །དཀྱིལ་འཁོར་གསང་བར་དབང་བསྐུར་ཅིང་། །རྒྱུད་རིག་དམ་ཚིག་འབོགས་པར་མཛད། །གཉིས་མེད་མཉམ་པར་བཞག་པའི་མཐུས། །ཀུན་གྱི་ཆོས་ཉིད་དོན་གསུམ་ལ། །བདེ་ཆེན་རྟོགས་པའི་བྱིན་རླབས་ཤར། །སྒྲིབ་བྲལ་སངས་རྒྱས་རྒྱན་གྱིས་བརྒྱན། །དུས་གཞན་སྤོས་ངད་ལྡན་པ་ཡི། །གནས་སུ་འགྲོ་བའི་དོན་ལ་གཤེགས། །ཐུབ་པ་ཆེན་པོ་ཕྱོགས་བཅུ་ཡི། །སངས་རྒྱས་ཀུན་བྱོན་དབང་བསྐུར་འགྱུར། །འཁོར་གྱི་སངས་རྒྱས་བྱང་ཆུབ་སེམས། །འཁོར་བཅས་ཀུན་ལ་ཐེག་པའི་གཞུང་། །དུས་གསུམ་གསང་བའི་གདམས་ངག་མཆོག །ཆོས་ཀྱི་ཞིང་ཁམས་སྐྱོང་བར་མཛད། །བྱང་ཆུབ་སེམས་དཔའ་བློ་གྲོས་མཛད། །གང་ཕྱིར་དངོས་འདི་སྣ་ཚོགས་པ། །ཐམས་ཅད་ཆོས་ཀྱི་དེ་བཞིན་ཉིད། །སྨིག་རྒྱུ་ཆུ་ཟླའི་དཀྱིལ་འཁོར་དང་། །སྤྲུལ་པ་དྲི་ཟའི་གྲོང་ཁྱེར་ཚོགས། །སྒྱུ་མ་རྨི་ལམ་སྣ་ཚོགས་ཡུལ། །མིག་ཡོར་མེ་ལོང་བཞིན་ལྟ་བུར། །བྲག་ཆ་


DNG006_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་སྙན་གཞན་གྱི་དབང་། །ནམ་མཁའི་མེ་ཏོག་མོ་གཤམ་བུ། །ཚིག་དབང་དོན་ལ་དེ་མ་སྐྱེས། །ཀུན་སྣང་ནམ་མཁའི་ལྦུ་བ་བཞིན། །རྩ་བ་མེད་པའི་བྱང་ཆུབ་སེམས། །ཆགས་མེད་དབྱིངས་ཀྱི་དཀྱིལ་འཁོར་ན། །ཀུན་བཟང་ཡེ་ཤེས་རྣམ་པར་འཕྲོ། །འཁོར་བ་ཉིད་ན་མྱ་ངན་འདས། །ཉོན་མོངས་རྟོག་ཚོགས་བྱང་ཆུབ་ལམ། །འཁོར་བ་ཉིད་ན་མྱ་ངན་འདས། །དེ་བཞིན་རྣམ་པར་ཐར་པའི་ཐེག །དད་ལྡན་མཆོག་ལ་སྟོན་པར་མཛད། །དེ་འོག་བསྐལ་པ་ཉི་ཤུ་ན། །གྲངས་སྤྱོད་འཇིག་རྟེན་མངོན་རྒྱུ་བར། །སངས་རྒྱས་མི་གཡོ་གཙུག་ཏོར་ཅན། །སྙན་པ་ཀུན་གྲགས་འཁོར་དང་བཅས། །དུས་དེར་དགའ་བ་ཆེན་པོའི་ཤུགས། །འབད་པ་ཆེན་པོ་བརྩེ་བ་ཅན། །ཁྱིམ་བདག་སྐྱབས་མགོན་མྱ་ངན་མེད། །བཀའ་ནས་གཞོན་ནུ་སྙིང་སྟོབས་ཅན། །བཞི་པོ་དུས་མཚུངས་ཐེག་ཆེན་བྱང་ཆུབ་སེམས། །བསྡོམས་སྔོན་ནས་འགྲོ་བ་མང་ལ་བརྒྱུད། །དཀྱིལ་འཁོར་གསང་བར་དབང་ཐོབ་ཅིང་། །སྙིང་པོ་འདའ་དཀའ་འཇིགས་མེད་གཉིས། །དཀའ་སྤྱོད་གྲགས་པ་མཐའ་ཡས་དུས། །མྱ་ངན་གནས་བྲལ་བདེ་བ་ཅན། །སྟོབས་རྒྱུ་དང་བའི་རྒྱལ་མཚན་དུ། །ངེས་པར་སངས་རྒྱས་ཆོ་འཕྲུལ་ཚོགས། །སྟོང་གསུམ་འཇིག་རྟེན་གནས་ཀུན་གཡོ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །ཆོས་ཀུན་གདོད་ནས་དྲི་མེད་པར། །བྱང་ཆུབ་སེམས་དཔའི་རྒྱན་གྱིས་མཚན། །རྒྱུད་ཆེན་གསང་བའི་དོན་རྣམས་ཀུན། །སྐལ་ལྡན་མོས་པའི་རིམ་བཞིན་བསྟན། །དེ་ལས་བྱང་ཆུབ་སེམས་དཔའི་སྡེ། །རྡོ་རྗེ་རྒྱལ་མཚན་ལ་སོགས་ཀྱིས། །བྱིན་རླབས་ཡོན་ཏན་རྗེས་སུ་གྲོལ། །བསམ་འདས་དྲི་མེད་གཟུང་བར་བྱེད། །དེ་ལྟར་དཔལ་དེ་ཆོས་ཀྱི་གདུགས། །དད་སྒྲོལ་འོད་ཟེར་ཕྲེང་བ་ཅན། །རྒྱལ་བ་ཀུན་གྱི་གྲོགས་མཛད་ཅིང་། །ཐར་པའི་གྲོང་ཁྱེར་བདག་པོར་འགྱུར། །དམིགས་མེད་ཡུལ་ཚོགས་གཉིས་མེད་སེམས། །རྫོགས་ཆེན་བྱང་ཆུབ་ཆེན་པོའི་


DNG006_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས། །སངས་རྒྱས་ཀུན་གྱིས་གཟིགས་པའི་ཡུལ། །བདེ་ཆེན་སྙིང་པོ་རང་བཞིན་ཉིད། །ཕྱོགས་བཅུ་དུས་ཚོགས་བསམ་ཡས་པར། །ཐམས་ཅད་ཐམས་ཅད་འདུད་པའི་གནས། །ཉོན་མོངས་སྡུག་བསྔལ་རྒྱུད་རྣམས་ཀུན། །གློ་བུར་ཉིད་དེ་བདེ་བའི་ཞིང་། །སྤྲུལ་པ་མ་འགགས་དཀྱིལ་འཁོར་ཀུན། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཐུགས། །རྒྱ་མཚོ་གསལ་བའི་ཉི་ཟླ་བཞིན། །ཕྱོགས་བཅུ་ཁྱད་པར་མཚུངས་པའི་མདོས། །ཀུན་རྟོགས་རླུང་གིས་མི་འགྱུར་བའི། །མཚོ་གཏིང་གསལ་བའི་རིན་པོ་ཆེ། །ཇི་ལྟར་གནས་པ་དེ་ལྟ་བུ། །སངས་རྒྱས་ཐམས་ཅད་དགོངས་པར་མཛད། །སླད་ཀྱི་འགྲོ་གཞན་གཞུག་པའི་ཕྱིར། །མཚོན་རྒྱུད་ཚིག་གིས་གཏན་ལ་དབབ། །ཡུན་རིང་བརྟན་པའི་གཟུགས་བརྙན་གྱིས། །རྒྱལ་བའི་དགོངས་སྤྱོད་སྟོན་པར་བྱེད། །མཐར་གནས་བསྐལ་པ་བཅུ་གཅིག་ན། །མཆོད་འོས་བདེ་བའི་ཞིང་ཁམས་དེར། །རྒྱལ་པོ་ཡོན་ཏན་ལག་གི་གནས། །བཀོད་རྒྱལ་གནས་སྲུང་ཉི་ཤུ་གཅིག །གྲོགས་མཚུངས་ཡུན་རིང་ཚངས་པར་སྤྱོད། །བྱང་ཆུབ་སྙིང་པོར་སེམས་བསྐྱེད་པས། །སངས་རྒྱས་འབྲུག་སྒྲའི་བསྟན་པ་ལ། །དད་བརྩོན་ཅིག་ཆར་རབ་ཏུ་བྱུང་། །དཀྱིལ་འཁོར་གསང་བར་དབང་ཐོབ་ནས། །ཟུང་འཇུག་ཐེག་པ་དམ་ཚིག་གནས། །ཤེས་རབ་ཏིང་འཛིན་འགྱུར་མེད་པར། །སངས་རྒྱས་ས་མཆོག་སྒྲིབ་མེད་གནས། །དུས་ནས་འགྲོ་གཞན་དོན་གྱི་ཕྱིར། །མཐོང་དགའ་མཐོང་བ་ལ་སོགས་པ། །ཡོན་ཏན་ཀུན་གྱིས་མངོན་འཕགས་པའི། །སྨོན་པའི་མཆོག་ཆེན་ལ་སོགས་བྱུང་། །ཡོན་ཏན་དུས་རིང་སྦྱངས་པ་ཡི། །འཁོར་ཚོགས་ཀུན་ལ་གསང་བའི་རྒྱུད། །རིམ་བཞིན་བསྟན་པས་གྲོལ་བར་མཛད། །མཉམ་ཉིད་གསུང་བྲལ་སྔགས་ཀྱི་ཚིག །བྱང་ཆུབ་སེམས་དཔའ་ནམ་མཁའི་ཤུགས། །རང་གི་སྡེ་དང་དཔུང་འཁོར་བཅས། །རྒྱལ་བའི་བསྟན་པ་གཟུང་བྱེད་ཅིང་། །


DNG006_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དེད་དཔོན་བཟང་པོ་ལ་སོགས་པས། །རབ་བསྟོད་གསང་བ་མཚོན་པར་བྱེད། །རང་བཞིན་གསུང་ཚིག་བརྗོད་པའི་རྒྱུད། །དེ་ཚེ་རྒྱལ་བའི་བྱིན་རླབས་ཀྱིས། །འབྱུང་ཚོགས་ཕྱི་རོལ་རྫུ་འཕྲུལ་པའོ། །རྒྱུད་ཆེན་གཉིས་མེད་ཟུང་འཇུག་པའི། །མེ་ལོང་དཀྱིལ་འཁོར་རྣམ་པ་བཞི། །ཆོས་འབྱུང་མཚན་བཅས་མ་འགགས་པ། །སྣ་ཚོགས་རང་བཞིན་བྱང་ཆུབ་སེམས། །གཟུངས་སོགས་ངོ་བོར་གང་བཟུང་བའི། །དོན་སྣང་མ་བཅོས་རིག་པའི་ཚོགས། །ཕྱི་རོལ་ཚུལ་འབྱུང་ཡེ་ཤེས་ནང་། །གོམས་པའི་མཐུ་ལས་སྣང་བའོ། །དེ་འོག་སུམ་ཅུ་འཕོ་བའོ། །སྲུང་བྱེད་གནས་ཀྱི་གཞོན་ནུའི་སྡེ། །རྒྱལ་པོ་སྨྲ་བའི་མཆོག་འཛིན་པ། །སངས་རྒྱས་བཻ་ཌཱུར་རྒྱལ་བ་བྱུང་། །བྲམ་ཟེའི་རིག་བྱེད་གཙོ་བོ་མཆོག །དུང་ཕྲེང་གཉེན་པའི་སྟོན་པ་ཡིས། །དང་པོ་ཐེག་པ་རྒྱ་ཆེར་ཚུལ། །དགའ་བས་གོང་མའི་གནས་བགྲོད་ཀྱང་། །ངེས་པའི་ཏིང་འཛིན་ཡུལ་མ་རྟོགས། །དུས་འདས་སེམས་ཀྱི་དེ་བཞིན་ཉིད། །ཆགས་མེད་སྒྲིབ་ཚོགས་ཀུན་དང་བྲལ། །བསོད་ནམས་ཡེ་ཤེས་ཚོགས་ལས་སྐྱེས། །ཐམས་ཅད་མཁྱེན་པས་ཆོས་ཀུན་གཟིགས། །རང་བྱུང་སྟོན་པ་གཙོ་བོ་ལ། །སངས་རྒྱས་མི་འཁྲུགས་ལ་སོགས་པས། །དབང་བསྐུར་མངོན་པར་བསྟོད་ཅིང་མཆོད། །འཇུག་སེལ་ཁྱབ་པའི་གཙོ་བོ་དུས། །མི་འཁྲུགས་དཔལ་གྱི་ཏོག་ཏུ་འགྱུར། །དུས་གསུམ་དེ་བཞིན་གཤེགས་ཀུན་དང་། །སྲས་བཅས་དགོངས་པ་འགྲོ་བར་བྱེད། །སྐལ་ལྡན་རྣལ་འབྱོར་གསར་བ་ཀུན། །སེམས་བསྐྱེད་གསང་བའི་གདམས་ངག་མནོས། །ཚེགས་མེད་རྟོགས་པས་ཆོས་རྣམས་ཀུན། །ཟབ་ཅིང་རྒྱ་ཆེ་འདུ་འབྲལ་མེད། །ཡེ་ཤེས་ཆེན་པོས་ཡུལ་ཀུན་སྦྱངས། །ཡོན་ཏན་ཀུན་ནས་འབྱུང་བའི་སྐུ། །ཐམས་ཅད་མཁྱེན་པའི་གཉིས་མེད་སྒོ། །སྐུ་གསུང་ཐུགས་མཆོག་རྒྱན་གྱིས་སྤྲས། །དེ་ཚེ་ཞིང་ཁམས་ཐམས་ཅད་ནས། །རང་བཞིན་མེ་ཏོག་ཕྲེང་


DNG006_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤོས། །རོལ་མོས་བར་སྣང་གང་གྱུར་ཅིང་། །འགྱུར་བའི་ལྟས་ཆེན་བཅུ་དྲུག་བྱུང་། །ཐམས་ཅད་ཡ་མཚན་ངོ་མཚར་གྱིས། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས། །འདི་ལྟར་རྣམ་འཕྲུལ་གང་ལགས་པ། །འཇིག་རྟེན་མགོན་གྱིས་ལུང་བསྟན་མཛོད། །འདི་ནི་རྣལ་འབྱོར་སྐལ་ལྡན་དཔལ། །ཉི་འོད་ཟླ་བའི་གཟི་བརྗིད་འདྲེལ། །རི་རྒྱལ་བཀྲ་ཤིས་མཛེས་པ་ཅན། །སོར་ཕྲེང་མུ་ཏིག་དཔལ་རབ་འབྱོར། །ཆོས་རྒྱལ་མཚན་བཟང་དཔའ་བོ་སྐྱེས། །གྲོགས་བྱེད་བརྩེ་བའི་ཡིད་གཞུངས་བརྩེགས། །དུས་མཚུངས་བཅོ་ལྔ་ཕྱོགས་གཅིག་ཏུ། །མཉམ་གྲོལ་རྒྱལ་བའི་ཡུམ་ལ་སྦྱོར། །ཕྱི་དུས་སྟོབས་འཕེལ་དག་བྱེད་གནས། །རིམ་བཞིན་འགྲོ་བའི་ཚོགས་ལ་གཤེགས། །ཀུན་གྱིས་བདག་གི་བསྟན་པ་འདི། །འགྲོ་བ་ཀུན་ལ་གསང་བར་སྟོན། །མ་ལུས་འཇིག་རྟེན་འདིར་སྣང་བའི། །འབྱུང་ཆེན་ཕུང་ཁམས་སྐྱེ་མཆེད་དང་། །ཉོན་མོངས་འགྲོ་བའི་ཚོགས་བཅས་ཀུན། །ཡེ་ནས་མ་བཅོས་འགྱུར་བ་མེད། །རིགས་མཆོག་ལྷུན་གྱིས་གྲུབ་པའི་དཀྱིལ། །ཡེ་ཤེས་ཆེན་པོ་མངོན་གསལ་བ། །ཕྱོགས་མཚམས་དུས་ཀྱི་རྣམ་ཕྱེ་ཡང་། །རྒྱན་གྱི་བཀོད་པ་གཉིས་མེད་པ། །འཆི་འཕོ་འདུ་འབྲལ་རྣམ་པའི་ཡུལ། །བྱང་ཆུབ་བདེ་ཆེན་དབྱིངས་སུ་ཞི། །དམིགས་པའི་ཡུལ་ལ་ཡེ་ཤེས་ཆེ། །གསང་རྒྱུད་གསང་ཆེན་གསང་བའི་མཆོག །སེམས་ཉིད་ཆོས་སྐུ་རྣམ་བཅས་ཀུན། །གཟུགས་སྐུ་ནམ་མཁའི་མཚན་ཉིད་ཅན། །རྣམ་གསུམ་གསང་བའི་སྔགས་བརྗོད་པས། །དོན་གཅིག་རོ་མཉམ་སྦྱོར་བའི་རྒྱ། །ཡེ་ཤེས་དབྱིངས་ཀྱི་བདག་ཉིད་ལ། །ཡེ་ཤེས་རྒྱན་ཚོགས་གསལ་བར་འབྱུང་། །དེ་ལས་དེ་འབྱུང་དེ་གནས་པའི། །དེ་ཉིད་དེ་བཞིན་དེ་ཀུན་དངོས། །ཟུང་དུ་འཇུག་པའི་མཚན་ཉིད་ནི། །ཚིག་བྲལ་དཔེ་ཡིས་སྟོན་པར་དཀའ། །རང་རྒྱུད་དག་པའི་ཡེ་ཤེས་དེ། །རྟོགས་པའི་དུས་ན་གྲོལ་བ་ཡིན། །དེ་ལ་བདུན་གྱི་དུས་ཆེན་པོ། །གཞན་དག་གཟི་


DNG006_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་ཆེར་འབར་བ། །ཞིང་ཁམས་བཅུ་ལྡན་གྲགས་པ་ཅན། །མཐུ་སྟོབས་གཞན་གྱིས་སྡེ་འཇིག་པའི། །ས་སྲུངས་རྒྱལ་པོ་བུ་ལྔ་བཅུ། །ལེགས་སྦྱངས་སངས་རྒྱས་རིན་ཆེན་མང་། །མཛད་པའི་སྒོ་ནས་འཇུག་བྱེད་པ། །དེས་བསགས་གཅིག་ལ་གཅིག་བསྐུལ་ཞིང་། །ཐེག་པ་ཆེན་པོར་སེམས་བསྐྱེད་པས། །སྔོན་ཆད་རྟོགས་པའི་བཀའ་དྲིན་གྱིས། །མངོན་པར་ཤེས་པ་ལྔ་གསལ་གྱུར། །འགྲོ་ཀུན་ལས་རྒྱུ་གང་ལས་བྱུང་། །རྒྱལ་བའི་བསྟན་པ་དྲི་མེད་དོན། །གཉིས་མེད་ཆོས་ལ་འདུན་པར་གནས། །དུས་གཞན་དགེ་བའི་བཤེས་གཉེན་ལ། །དབང་ཐོབ་གདམས་ངག་ཇི་ལྟ་བར། །མངོན་གསལ་དག་ཅིང་དྲི་མ་མེད། །ཡེ་ཤེས་ཆེན་པོའི་སྟོབས་རྫོགས་ནས། །རྫོགས་ལྡན་རིན་ཆེན་ཡོད་པའི་གནས། །ཕྱོགས་བཅུའི་སངས་རྒྱས་མཚན་མཐུན་པར། །རྒྱལ་བའི་དགོངས་པ་མར་མེ་མཛད། །ཞིང་ཁམས་དག་པར་རྫོགས་ལོངས་སྤྱོད། །སྤྲུལ་སྐུ་རྫོགས་པར་ཚུལ་འཛིན་པར། །འཁོར་གྱི་སངས་རྒྱས་བྱང་ཆུབ་སེམས། །གདུལ་བྱ་དག་པ་སྣ་ཚོགས་ལ། །བྱིན་རླབས་བཀོད་དོན་རོལ་པའི་ཚུལ། །བདེ་གཤེགས་ཀུན་གྱིས་དབང་བསྐུར་ཏེ། །ཐུགས་རྗེའི་དཀྱིལ་འཁོར་འཕྲུལ་པར་མཛད། །ཕྱག་རྒྱའི་དཀྱིལ་འཁོར་སྣ་ཚོགས་པས། །གསང་བ་བླ་ན་མེད་པའི་རྒྱུད། །ཕྱོགས་རྣམས་ཀུན་ཏུ་རྣམ་སྤྲོས་ཏེ། །སྐལ་ལྡན་འཇུག་པའི་དོན་བཞིན་བཤད། །རྡོ་རྗེ་མི་དམིགས་འཇིགས་པ་མེད། །བདུད་བཞི་ལ་སོགས་ཚོགས་ཀུན་འཇོམས། །རྣམ་དག་ཆོས་ཀུན་སྣང་བའི་གཞི། །ཕྱག་རྒྱ་ཆེན་པོའི་རང་བཞིན་གནས། །འདི་དག་རྨད་བྱུང་སྐུ་དང་གསུང་། །ཐུགས་ཀྱི་དཀྱིལ་འཁོར་རྣམ་སྣང་བ། །བྱིན་རླབས་ཆོ་འཕྲུལ་འདུས་མ་བྱས། །རྣམ་སྟོང་སྟོང་ཉིད་བདེ་བའི་མཆོག །གཉིས་སུ་རྟོག་པས་གང་སྤྱོད་པ། །དེར་འཛིན་མཐའ་ལ་ལྟུང་བར་འགྱུར། །གཅིག་པུར་བརྟགས་པས་འཆིང་ཞིང་གྲོལ། །གཉིས་


DNG006_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གསུམ་ལ་དེ་བཞིན་ཏེ། །བཞི་ནས་གྲངས་མེད་མཐའ་ཡི་བར། །གོལ་སྒྲིབ་བྱང་ཆུབ་སེམས་དཔའི་ལམ། །ཕྱོགས་བལྟས་འཛིན་པའི་སྡུག་བསྔལ་ནད། །ཆགས་བྲལ་བདུད་རྩིའི་རྒྱ་མཚོ་ཉིད། །དུས་གཞན་འདུས་པ་བརྒྱད་ཀྱི་ཚེ། །རྒྱ་མཚོ་གནས་གྲོལ་འོད་རྒྱན་དུ། །བྱང་ཆུབ་སེམས་དཔའ་གསེར་སྡོང་གིས། །དམ་བཅས་འཇིག་རྟེན་སྒྲོན་མའི་དུས། །སྦྱིན་བདག་དུས་ཀྱི་ཕྲེང་བ་ཅན། །དམ་པའི་ཐེག་ཆེན་བློ་སྐྱེས་ཏེ། །དགེ་བའི་བཤེས་གཉེན་དམ་པ་ལས། །བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས། །དགོན་པའི་ཕྱོགས་སུ་གནས་བཅས་ཏེ། །རྩེ་གཅིག་ཤེས་རབ་ཏིང་ངེ་འཛིན། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །ཆོས་ཀུན་སེམས་ཉིད་འོད་གསལ་བར། །ངེས་པར་སངས་རྒྱས་དམ་པ་དང་། །ལེགས་ཕྲད་གསོལ་འདེབས་ཇི་ལྟ་བར། །དབང་བསྐུར་དམ་པས་ཟུང་འཇུག་ཚུལ། །གསང་བ་དམ་པའི་རྒྱུད་འཛིན་པའི། །ཞིང་ཁམས་བཀོད་པ་གདུགས་མཛེས་སུ། །འཁོར་ལོ་རྒྱུན་དུ་སངས་རྒྱས་བསྐོར། །ཡིད་བཞིན་རྒྱལ་པོ་ཆོས་སྐྱོང་འཁོར། །རྒྱལ་བ་སྲས་བཅས་མང་པོ་ཀུན། །རྣམ་གྲོལ་ཕུང་པོ་མཚོ་ཆེན་གྱིས། །ཡང་དག་དངོས་བཅས་གཏན་ལ་ཕབ། །རིན་ཆེན་མཛོད་ཀྱི་སྒོ་འབྱེད་ཅིང་། །དད་དགུའི་ནོར་བུ་སྣང་བར་མཛད། །གང་འདི་རྣམ་པར་འཕྲུལ་པར་མཛད། །ཆོས་ཉིད་བྱང་ཆུབ་སེམས་རྫོགས་པར། །རང་བྱུང་སྐུ་མཆོག་འགག་མེད་པར། །བྱིན་རླབས་ཀུན་ཏུ་བཟང་པོའི་རྩལ། །དུས་འདིར་རྫོགས་པའི་འབྲས་བུ་ནི། །རང་བཞིན་ངོ་བོ་དབྱིངས་ན་གནས། །རྩོལ་བྲལ་འབད་པའི་ཤུགས་ལས་སྐྱེས། །སྐུ་གསུམ་གཉིས་མེད་གནས་པའི་ཚུལ། །སྨོན་ལམ་ལས་ཀྱི་སྟོབས་གནོན་པའི། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེ། །གོ་བའི་དུས་ཉིད་གྲོལ་བའི་ཚུལ། །ཡོན་ཏན་འབྲས་བུ་གཞན་རྒྱུད་བྲལ། །སླད་མ་དུས་འགྱུར་གཞི་ཆེ་བ། །རོལ་པ་ཆེན་པོ་འགྱུར་བའི་སྐབས། །ཞིང་ཁམས་


DNG006_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྡོང་ཆེན་པོ་རུ། །སངས་རྒྱས་སྒྲོན་གསལ་སྟོབས་མཆོག་ལྡན། །རིགས་ན་བཟོ་གནས་ལ་སྤྱོད་པ། །རིག་པའི་རྒྱུད་སྦྱངས་གཞོན་ནུ་བདུན། །སྔོན་གྱི་སྐྱེ་བ་དྲན་པ་མཐུན། །ཕྱོགས་གཅིག་སྨོན་ལམ་བཏབ་ནས་གསོལ། །དཔལ་གྱི་རིར་གནས་སེམས་བསྐྱེད་པས། །བདེ་གཤེགས་ཐུགས་རྗེས་བཟུང་བར་མཛད། །དཀྱིལ་འཁོར་ཆེན་པོར་རང་ཞུགས་ནས། །དབང་ཐོབ་དམ་ཚིག་ལ་གནས་ཤིང་། །ཐམས་ཅད་ཆོས་ཀྱི་དེ་ཉིད་གསལ། །རང་བྱུང་ཡེ་ཤེས་ཀུན་ལ་གསལ། །རྣམ་གྲོལ་གསང་བ་བླ་མེད་སྒོ། །ས་བཅུའི་དབང་ཕྱུག་དེ་བཞིན་གཤེགས། །ཚེ་གཅིག་སྔོན་སྦྱངས་འབྲས་བུའི་མཆོག །སྐུ་གསུང་ཡེ་ཤེས་མངའ་བརྙེས་པའི། །དུས་འདིར་འཇིག་རྟེན་ངོ་མཚར་ཆེས། །འཇིག་སྟོངས་ཆགས་ཤིང་གནས་པ་དག །འོད་ཀྱི་དཀྱིལ་འཁོར་བདེ་བས་ཁྱབ། །ཀུན་གྱི་མངོན་ཤེས་ཟག་པ་མེད། །ཕྱོགས་བཅུའི་སངས་རྒྱས་ཀུན་བྱོན་ཏེ། །ཡ་མཚན་དགོངས་པ་བགྲོ་བར་བྱེད། །ཨེ་མ་ཁྱེད་རྣམས་རང་བྱུང་སྐུ། །དད་བརྩོན་སྙིང་རྗེ་ཆེ་ལས་བྱུང་། །རིམ་གྱིས་བརྒྱུད་རིམ་མ་བརྟེན་པར། །སེམས་ཀྱི་དཀྱིལ་འཁོར་གསང་བར་གྱུར། །ཐམས་ཅད་ཆོས་ཀྱི་དེ་ཉིད་མཆོག །རྒྱལ་བ་ཀུན་གྱིས་བྱིན་གྱིས་བརླབས། །རྣམ་ཐར་འདི་ལ་ངེད་ཀྱང་གྲོལ། །རང་བྱུང་སྦྱངས་པའི་སྟོབས་ལས་འཁྲུངས། །དོན་འདི་གདུལ་བྱ་གཞན་གྱི་ཕྱིར། །ཡུན་རིང་གནས་པ་བསྟན་པ་ལེགས། །དེ་དག་མཆོད་སྡོང་ཞིང་ཁམས་མཆོག །བདེ་གཤེགས་དཔལ་གྱི་རྒྱལ་མཚན་དང་། །བློ་རྩལ་སྨན་ཆེན་མུན་པ་སེལ། །རྒྱལ་བའི་སྡོམ་པ་དཔག་མེད་སྟོབས། །རིམ་བཞིན་གདུལ་བ་ཡིད་འོང་བའི། །ཞིང་ཁམས་བཀོད་པ་འཁོར་ཚོགས་དང་། །བསྟན་པ་ཐམས་ཅད་རྣམ་གྲོལ་ཞིང་། །སྙིང་པོ་མཆོག་གི་ཏིང་འཛིན་གནས། །གསང་སྔགས་རྒྱུད་ལས་རྣམ་སྤྲོས་ཏེ། །ཐུགས་རྗེ་ཡེ་ཤེས་གཉིས་མེད་ཚུལ། །སྣ་ཚོགས་རྣམ་པར་སྤྲོས་


DNG006_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱང་། །ཟབ་མོ་བྱང་ཆུབ་སེམས་ཉིད་བརྒྱན། །ཀུན་འབྱུང་འདོད་པའི་ཡོན་ཏན་ཀུན། །མ་བཀོད་དཀྱིལ་འཁོར་རོལ་པའི་གནས། །རང་བཞིན་དབྱིངས་ཀྱི་རྒྱན་ཚོགས་ཀུན། །ཞེན་པ་གཉིས་འཛིན་ཆགས་པའི་ལམ། །དེ་ནས་རྩོལ་བྲལ་བདེ་ཆེན་སྐུ། །འགྲོ་ཀུན་རང་བྱུང་ཡིན་མོད་ཀྱང་། །རྣལ་འབྱོར་གསུམ་གྱིས་གཏན་ལ་དབབ། །དེ་ཉིད་འདྲེལ་ཚུགས་ཐེག་པའི་མཆོག །ཅེས་གསུངས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་ལས། འདས་པའི་དུས་སུ་བྱུང་བ་སྟེ་ལྔ་པའོ།། །།དེ་ནས་ཀུན་བཟང་བདེ་གཤེགས་ཉིད། །བཟང་མོའི་ཡུམ་དང་སྦྱོར་མཛད་ཅིང་། །རྒྱལ་བའི་ཐུགས་ནས་བརྒྱུད་པ་དག །བྱིན་གྱི་རླབས་ཀྱིས་བཤད་པའི་ཕྱིར། །དཔའ་བོ་རིགས་ཀྱི་དཀྱིལ་འཁོར་ཚོགས། །ཀུན་ལ་ཚུལ་འདི་སྟོན་ཅིང་གདམས། །བཟང་མོ་མེ་ཏོག་ཕྲེང་བ་གྲགས། །ཟླ་ཚེས་རྒྱལ་པོའི་སྲས་བཅས་པར། །བཅུ་བཞིའི་ཕྱོགས་དུས་གནས་བཅས་ཏེ། །སྨོན་ལམ་སྣང་བ་བཞི་བཞིར་བྱུང་། །དེ་དག་སྔ་མའི་སངས་རྒྱས་མཆོག །ཡུན་རིང་མཉེས་པར་རིམ་གྲོ་བྱས། །ཕྱོགས་བཅུའི་དགེ་བའི་བཤེས་བཟུང་ཞིང་། །འགྲོ་ཀུན་གནས་སུ་སེམས་བསྐྱེད་དོ། །བསོད་ནམས་ཚོགས་མཆོག་རྒྱ་ཆེན་པོ། །རྣམ་གྲོལ་ཡེ་ཤེས་ཚོགས་བསྐྱེད་མཛད། །བར་སྐབས་གསང་བའི་ཐེག་པར་ཞུགས། །དབང་ཐོབ་དམ་ཚིག་ལ་གནས་ཤིང་། །བསྟན་པའི་གདམས་ངག་བཟུང་བར་བྱེད། །འབྲས་བུའི་ལམ་དེ་དེ་འབྲས་བུ། །དེ་སྟོབས་དུས་དེར་སངས་རྒྱས་མཆོག །མང་པོ་ཕྱོགས་བཅུར་བཞུགས་ཀུན་ལ། །སོ་སོར་སེམས་བསྐྱེད་སྨོན་ལམ་བཏབ། །ཕྱོགས་བཅུའི་དེ་བཞིན་གཤེགས་ཀུན་གྱིས། །དབང་བསྐུར་གདམས་ངག་ཇི་ལྟ་བར། །རྣམ་གྲོལ་ཡེ་ཤེས་ཟག་པ་མེད། །སྐུ་གསུང་ཡེ་ཤེས་ཆེན་པོའི་ཚུལ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་གནས། །གདུལ་བྱའི་དོན་འབྱུང་སངས་རྒྱས་པ། །ཞིང་ཁམས་ཆེན་


DNG006_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྣང་བ་འཕྲུལ། །ཤར་གྱི་སྤོས་དང་འོད་ཟེར་ཅན། །ཟླ་མདངས་འདོད་བཞིན་རིན་ཆེན་དུང་། །སངས་རྒྱས་དམ་པ་དྲི་མེད་སྐུ། །གཙུག་ཏོར་འོག་མིན་གནས་ཀྱི་བདག །ཕ་རོལ་ཕྱིན་དེ་རྡོ་རྗེའི་དཔུང་། །གྲོལ་བ་ཟླ་བ་རིན་ཆེན་ཚོགས། །ཡོན་ཏན་བཀོད་པ་པདྨའི་གདུང་། །དཔལ་གྱི་རྒྱལ་པོ་ལས་རབ་སྟོན། །བདེ་གཤེགས་ཆོས་དབྱིངས་སྣང་བ་ཡི། །ཡོན་ཏན་རྒྱལ་པོའི་སྡེ་དཔུང་བཞིན། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །ཡེ་ཤེས་ཆེན་པོའི་རྣམ་སྤྲུལ་ལས། །མ་འདྲེས་རྣམ་པར་སྲུངས་པ་ཡི། །རང་བཞིན་བདེན་གཉིས་ཆོས་ཀྱི་རྒྱ། །དུས་དེར་ས་ཡི་རྒྱལ་པོ་བ། །བདག་དང་ཡུལ་དེའི་འཇིགས་བྱེད་ཆས། །རབ་སྐྱོང་དཀའ་ཐུབ་ལུ་མའི་གནས། །རྒོལ་བའི་དབང་ཕྱུག་དེ་བཅས་པས། །འདུལ་བྱེད་རྒྱལ་པོ་འཇིག་རྟེན་དུ། །དག་པ་བཞི་ལྡན་དགོངས་པ་བཞི། །ཐེག་པ་གསང་བའི་སྒོ་འབྱེད་ཅིང་། །རྣལ་འབྱོར་དབང་ཕྱུག་བསྐྱེད་པར་མཛད། །ཕུན་སུམ་ཚོགས་པ་ཀུན་རྫོགས་ཏེ། །དེ་ཉིད་ཡོན་ཏན་གཞན་ལ་སྣང་། །ཐེག་ཆེན་གསང་བ་སྦྱོར་བ་ཡིས། །མ་ལུས་ལུས་མེད་རྒྱུད་ཀྱི་དོན། །ཤར་ལྷོ་དགའ་དབྱངས་དགོད་བྱེད་སྣང་། །ས་ཡི་མེ་ཏོག་འགོག་པའི་ཚལ། །པདྨ་རྣམ་དག་འཇིག་རྟེན་སྤྱན། །རང་བྱུང་གསང་སྔགས་སྒོ་ནས་འཁྲུངས། །རྔ་སྒྲ་སྒྲོག་བྱེད་སྟོབས་མཆོག་ལས། །མཛད་ཚུལ་རྒྱ་ཆེན་ཐེག་པའི་ཚུལ། །བྱང་ཆུབ་སེམས་ཉིད་དོན་ལ་སྣང་། །བཅུ་གཉིས་མཛད་སོགས་འགྲོ་དོན་སྤྱོད། །འོད་གསལ་ཡེ་ཤེས་ཆེན་པོའི་སྒོ། །རིགས་ཀྱི་དཀྱིལ་འཁོར་རྡོ་རྗེ་ལས། །བདེ་གཤེགས་རིན་ཆེན་པདྨའི་ཆོས། །ལས་རབ་རྡོ་རྗེ་ཀུན་སྤྱོད་པའོ། །དག་པའི་འཁོར་ཚོགས་བདེ་གཤེགས་སོགས། །རང་སྣང་གཞན་ལས་འོངས་པ་རྣམས། །གཉིས་སུ་མེད་ཀྱི་བཀྲ་ཤིས་བརྒྱད་ཀྱང་བརྒྱུད། །འདོད་པ་ལོངས་སྤྱོད་ཀུན་གྱིས་སྤྲས། །དེ་ཚེར་ཚར་ཆར་ཀ་ཡང་ག་སྟོབས་ཆེན་དགའ་བའི་དཔལ། །འཁོར་ལོས་སྒྱུར་བ་གནས་སྤྱོད་པ། །


DNG006_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་ཆེན་པོའི་དཔུང་རྒྱས་པའོ། །དེ་འདུལ་ཐེག་པ་མཆོག་བསྟན་ཅིང་། །རྫོགས་ཆེན་བྱང་ཆུབ་སེམས་སུ་སྦྱོར། །དེ་ཡི་བསྟན་པ་མཆོག་འཛིན་པའི། །སྡེ་བ་མང་པོ་གྱེས་པར་འགྱུར། །ཡུན་རིང་གནས་པའི་རྒྱུད་སྡེ་ཀུན། །བྱིན་རླབས་རང་གིས་ཆོས་བསྟན་པའོ། །ལྷོ་ཕྱོགས་རིན་ཆེན་ཡོད་པའི་ཚལ། །ཉི་འོད་ཀུན་ཁྱབ་དཔེ་འོད་བཞིན། །སྣང་བའི་པདྨོ་ཡིད་འོང་མཆོག །ཐམས་ཅད་རིན་ཆེན་རྒྱན་གྱིས་མཛེས། །བྱམས་པའི་རྒྱལ་པོ་རིན་ཆེན་མཆོག །མྱ་ངན་དྲི་མ་རྣམ་པར་སེལ། །ཡོན་ཏན་ཀུན་འབྱུང་འདོད་པའི་ཚུལ། །སྤོབས་པ་བརྩེགས་པའི་རི་བོ་མཆོག །མཉམ་ཉིད་རིན་ཆེན་སྔགས་ལས་སྐྱེས། །རྡོ་རྗེ་བདེ་གཤེགས་པདྨ་ལས། །ཚུལ་ཆེན་སྣང་བས་སྡེ་དཔུང་འཇོམས། །བདེ་གཤེགས་བྱང་སེམས་རིགས་ཀུན་འཇོམས། །ཡུལ་བདག་རྒྱལ་པོ་དགྱེས་མཆོད་དང་། །ལག་བཟང་འགྲོས་མཛེས་ལ་མཚོའི་རྒྱལ། །བཙུན་མོ་གནས་ཀུན་ལོངས་སྤྱོད་ཅིང་། །རིན་ཆེན་ཞིང་ཁམས་རྒྱན་དང་བཅས། །ཕྱི་རོལ་གཞན་དུ་མི་འཛིན་པར། །ཐབས་མཆོག་ནང་གི་གནས་ཀུན་སྤྱོད། །བསྟན་པའི་རྒྱུད་སྡེ་དོན་ཞི་བས། །དམ་པའི་གནས་ཀུན་གསལ་བར་སྟོན། །བྱང་ཆུབ་སེམས་དཔའི་ཆོས་ཀྱི་མཆོག །ཤེས་རབ་སྙིང་རྗེ་ཆེ་མངའ་བའི། །བློ་གྲོས་རྒྱ་མཚོ་གྲངས་མེད་ཀུན། །ཕྱག་རྒྱ་གསང་སྔགས་སྟོབས་ཀྱིས་འཕགས། །རྒྱལ་པོ་གདུག་ཅན་གངས་རི་མཆོག །ཡིད་འོང་ཙནྡན་སྦྱིན་པའི་ལྷ། །སྡེར་བཅས་ཐེག་པ་ཆེན་པོའི་ལམ། །འབྲས་བུ་གསང་བའི་གནས་ལ་བཀོད། །ལྷོ་ནུབ་འོད་གསལ་ཅན་གྱི་གནས། །གྱ་ནོམ་དབང་པོའི་གྲོང་ཁྱེར་མཚོ། །འགག་པའི་འཁོར་ལོ་བྱང་ཆུབ་ཤིང་། །འོད་བཟང་དཔལ་འབྱུང་ལྷ་མོའི་གྲོང་། །དཔལ་གྱི་སེང་གེ་འཇིགས་པ་སེལ། །བདུད་དཔུང་འཇོམས་པའི་སྟོབས་མཆོག་རྒྱལ། །གཟི་བརྗིད་ཕུང་པོ་རིན་ཆེན་མཆོག །རིན་ཆེན་མཛོད་གནས་གདུང་བ་སེལ། །ཞིང་ཁམས་བཟོད་པའི་མཆོག་དག་ཏུ། །


DNG006_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པའི་འཁོར་དང་བཅས། །ཡུན་རིང་འགྲོ་བའི་དོན་ལ་དགོངས། །བསྟན་པའི་གསང་སྔགས་སྣ་ཚོགས་མཆོག །སླར་ཡང་སྤྲུལ་པ་འགྲོ་བའི་ཚུལ། །ཐེག་པའི་ལམ་ཀུན་རྣམ་པར་སྦྱོར། །གཉིས་མེད་གཉིས་སུ་མེད་པའི་སྒོ། །བྱ་བྲལ་བྱ་བས་བགྲོད་པའི་ལམ། །རང་བཞིན་བྱང་ཆུབ་སེམས་ཀྱིས་བརྒྱན། །འབྱུང་བ་ཆེན་པོའི་གཟུགས་རྩལ་ཅན། །མི་མཉམ་མཉམ་ཉིད་སྔགས་ཀྱི་རྒྱུན། །བསྟན་པའི་དུས་མཚུངས་སྣང་བའོ། །ནུབ་ཕྱོགས་བདེ་སྒོ་འཇིག་རྟེན་དུ། །ཕྱོགས་བཞི་སྣང་བས་བདེ་གཤེགས་གནས། །རྒྱུན་འབྱུང་དྲག་པ་གྲགས་ཀྱང་། སྤྱད་པའི་ཡུལ། །འོད་བྱེད་ཉི་མ་འབྲས་བུའི་ཞིང་། །པདྨའི་མཚན་མཆོག་གནས་ཀུན་མཛེས། །རྒྱལ་མཚན་བརྩེགས་པ་བདུད་དཔུང་འཇོམས། །དགུ་མཛེས་འཁོར་ལོའི་འོད་ཀྱི་ཕྲེང་། །ཀུན་འབྱུང་ཞི་བ་སྙིང་པོའི་ཆོས། །པདྨའི་རིགས་མཆོག་འཁོར་ཀུན་ཀྱང་། །དེ་བཞིན་བྱང་ཆུབ་བདེན་པའི་གནས། །ཡེ་ཤེས་སྟོབས་མཆོག་འཇིགས་པ་མེད། །ཁམས་གསུམ་ཁྱབ་པར་མཛད་པའི་ཚུལ། །གྲོང་ཁྱེར་མཆོག་ཏུ་ཡང་སངས་རྒྱས། །སྙིང་པོ་གསེར་ལྡན་དཔུང་བཞི་དག །འབར་འོད་ལྡན་པའི་ཕྱོགས་འཛིན་ལ། །མྱང་བར་རབ་ཏུ་བདུད་རྩི་ཅན། །ཁམས་རྣམས་མཛད་པར་རབ་ཏུ་བརྩོན། །རྒྱས་པར་མཛད་པའི་ཚུལ་སྟོན་པའོ། །རྒྱལ་པོ་ས་སྲུངས་ཁྲོ་བྱེད་སྡེ། །གཞི་འབྱུང་གཉེན་པོ་མིང་འབྱེད་སྐྱེས། །རབ་བརྩོན་བརྟུལ་ཞུགས་འཁོར་ལོའི་བདག །ཐེག་ཆེན་གསང་བའི་ཚུལ་འཛིན་པའོ། །སེམས་དཔའ་ཆེན་པོ་ཡེ་ཤེས་བློས། །རང་བཞིན་གསལ་བའི་རྒྱུད་འཛིན་ཅིང་། །སྤྲུལ་པའི་སྣང་བས་ཀུན་ཁྱབ་པར། །ཡུན་རིང་སྣང་བ་སྟོན་པར་བྱེད། །ནུབ་བྱང་གྲོང་ཁྱེར་ཀུན་གྲགས་བརྩེགས། །ལྷ་མིང་དབང་པོ་འཕྲུལ་པའི་ཡུལ། །མདངས་ཆེན་རབ་གུས་རྩེ་མོ་དང་། །གདུགས་མཛེས་པདྨའི་ཕྲེང་བ་ཅན། །སངས་རྒྱས་རབ་བཞད་མེ་ཏོག་ཅན། །ཡུལ་དག་སྒྲོལ་བའི་རྒྱ་


DNG006_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་རླབས། །འོད་ཟེར་སྣང་བ་གཙུག་ཏོར་ཅན། །བྱམས་པའི་སེང་གེ་སྤྲིན་གྱི་ཤུགས། །བདེ་གཤེགས་བྱང་ཆུབ་སེམས་དཔའི་འཁོར། །རྫུ་འཕྲུལ་གྲགས་པ་ཆེར་ལྡན་པ། །རང་གི་ཞིང་ཁམས་སྣང་མཛད་ཅིང་། །སྣ་ཚོགས་ཐེག་པས་འདུལ་བའི་ཚུལ། །དགོངས་པས་གཞན་བརྒྱུད་ཞིང་ཁམས་མཆོག །མང་པོར་བཀུར་བ་ཡུམ་ཆེན་པོར། །ཐུབ་པ་ཆེན་པོའི་འོད་དཔལ་ལ། །སྔོན་གྱི་བྱ་བ་ཇི་ལྟ་བར། །བདེ་སྦྱིན་བདུད་རྩི་གྲོང་མཆོག་དང་། །དཔའ་བོ་རྩེར་གནས་རྡུལ་ཞི་བར། །དུས་མཚུངས་འགྲོ་བའི་སྟོན་པ་མཆོག །སྟོབས་མཆོག་གསུང་བཅུས་འཁོར་ལོས་སྒྱུར། །ཐམས་ཅད་ཐེག་པ་ཆེན་པོ་ཡིས། །བྱང་ཆུབ་སེམས་ཀྱིས་ཚིམ་པར་མཛད། །དེ་ཡི་བསྟན་པ་ཡུན་རིང་དུ། །སྐལ་ལྡན་རྣམས་ཀྱིས་འཛིན་པར་འགྱུར། །བྱང་ཕྱོགས་རྔ་སྒྲ་སྒྲོག་བྱེད་པའི། །ཆོས་རྒྱལ་རབ་ཏུ་ཞི་བའི་འཕྲུལ། །བལྟ་སྡུག་རིན་ཆེན་གླང་པོའི་རི། །རི་སྐྱབས་མེ་ཏོག་སྤུངས་པའི་ཞིང་། །ལས་རབ་རྡོ་རྗེ་ཀུན་སྤྱོད་པ། །མཆེ་བའི་སྡེ་བཅས་ཕྱོགས་ལས་རྒྱལ། །གོ་ཆ་སྲ་བ་སྡུག་པར་བྱེད། །ཐེག་མཆོག་རྒྱན་ཆེན་འོད་ཀྱི་ཕྲེང་། །ལས་ཀྱི་རིགས་མཆོག་ཆེ་ལས་བྱུང་། །བྱ་གྲུབ་ཕྲིན་ལས་ཀུན་གྱི་བདག །བརྩོན་འགྲུས་གཞན་གྱི་སྡེ་གནོན་པའི། །མཐུན་བྱེད་རིག་པའི་དཔུང་ཚོགས་ཀྱང་། །སངས་རྒྱས་ཀུན་གྱིས་རྗོད་བྱེད་ཅིང་། །བྱང་ཆུབ་སེམས་དཔའ་ཀུན་གྱིས་བཀུར། །གྲོང་ཁྱེར་ཆེན་པོ་ཇི་ལྟ་བར། །དཔུང་བཅས་ཐེག་པས་ཡང་དག་བགྲོད། །ཐུགས་རྗེ་དྲི་མེད་སྨོན་ལམ་བཅས། །རྒྱལ་པོའི་ཁབ་ཀྱིས་གྲོང་གནས་བྱོན། །ཟླ་གཤེགས་འོད་ཟེར་ལྷུན་པོས་བརྒྱན། །གསལ་རྒྱལ་ཀ་ལའི་གྲོང་མཆོག་བདག །ཡུལ་འཁོར་བཅུ་དྲུག་བཅུ་དྲུག་སྐྱོང་། །འདོད་པའི་ཡོན་ཏན་ལོངས་སྤྱོད་བརྒྱན། །དཔུང་ཚོགས་སྡེ་བཅས་རབ་ཏུ་སྣང་། །གཞན་ནས་འཇོམས་བྱེད་གཞོན་ནུའི་སྡེ། །དྲི་མེད་སངས་རྒྱས་རྣམ་བཞིའི་བདག །གསང་བའི་མཛད་པས་ཆོས་ཀུན་སྐྱོང་། །འཁོར་


DNG006_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣལ་འབྱོར་དབང་ཕྱུག་ཀུན། །སྐུ་ཡི་སྣང་བས་འདུལ་འགྱུར་ཞིང་། །ཤེས་རབ་ཆེན་པོས་དོན་མཐར་ཕྱིན། །ཡེ་ཤེས་དྲི་མ་མེད་པའི་རྒྱན། །རྒྱན་ཆེན་མ་འགགས་བཀོད་པ་ཉིད། །ཟབ་མོའི་དབྱིངས་ལས་གཞན་མི་དམིགས། །བསྟན་པའི་ཆོས་ཀྱིས་གཞན་སྐྱོང་ཞིང་། །ཕྱི་ནང་རང་བཞིན་རྣམ་པར་གྲོལ། །ཡུན་རིང་ངེས་པར་སྦྱངས་པ་ཡིས། །བློ་ལྡན་དག་གིས་གཟུང་བར་བྱེད། །བྱང་ཤར་འོད་རྒྱན་བཀོད་པ་ཡིས། །ཐུབ་དཀའ་འཇིགས་པའི་ཕྱོགས་ཀུན་ལས། །གློག་འོད་མྱུར་བ་མང་པོའི་གནས། །བསིལ་ཁང་རྒྱ་མཚོ་མི་ཐུང་མགོན། །ཕྱོགས་རྣམས་ཀུན་ལ་གཟི་བརྗིད་ཅན། །བཀྲ་ཤིས་རྫས་ཀྱིས་སྤྲས་པ་རུ། །དཔལ་གྱི་ནམ་མཁའ་སྙིང་སྟོབས་མཆོག །དྲ་བའི་འོད་ཟེར་སྒྱུ་མའི་བདག །ཡེ་ཤེས་འོད་ཟེར་འདོད་པའི་བླ། །གླུ་བླངས་སེང་གེའི་རྩལ་འཆང་བ། །རང་བྱུང་ཡེ་ཤེས་ཆེན་པོའི་སྐུ། །ཆོས་ཀུན་བདེ་བ་ཆེན་པོའི་དབྱིངས། །ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ། །གཉིས་མེད་ཆོས་ཀྱི་དབྱིངས་སུ་སྦྱོར། །དེ་བཞིན་གཤེགས་པའི་ཚོགས་རྣམས་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཟབ་མོ་གསང་བའི་སྔགས་ལམ་རྫོགས། །ཐམས་ཅད་ཡོངས་སུ་དག་པའི་འཁོར། །བདེན་པ་གཉིས་སུ་མེད་པ་ཡིས། །རྫོགས་ཆེན་བྱང་ཆུབ་སེམས་ཀྱིས་བརྒྱན། །རང་བཞིན་དངོས་པོའི་བྱིན་རླབས་ཀྱིས། །ཡུལ་དུས་རིག་མཐའ་ཀུན་ཏུ་སྟོན། །ཆགས་པ་ཆེན་པོ་བཅོམ་ལྡན་འདས། །བྱ་བྲལ་རྩོལ་བས་མི་གཡོ་བའི། །སྙིང་པོའི་གྲོང་ཁྱེར་ཕྱག་རྒྱ་ཆེ། །ཀུན་ཏུ་མི་འགྱུར་རང་བཞིན་གནས། །བླ་ན་མེད་པའི་ཐེག་པ་འདི། །གསང་དོན་གསང་མཆོག་གསང་བའི་གནས། །འདའ་དཀའ་རྒྱལ་བ་མི་ཤིགས་པའི། །སྐུ་གསུང་གཉིས་སུ་མེད་པའི་མཆོག །ཐུགས་རྗེ་སྤྲུལ་པས་སྟོན་མཛད་པ། །གཞན་སྣང་སངས་རྒྱས་གཉིས་པའི་ཚུལ། །མུ་ཏིག་དཔལ་སྤྲས་གྲུ་མོ་མདངས། །མི་འཇིགས་སྒྲོལ་བའི་


DNG006_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཚལ། །སྐྱབས་ངས་གངས་རི་འོད་རྒྱུན་འཆར། །གཙུག་ཕུད་སྙིང་པོ་ལག་མྱུར་སྟོབས། །སྡེ་དཔོན་དཔུང་ཚོགས་བཞི་ལྡན་པས། །གྲོང་ཁྱེར་ཀུན་ཏུ་རྒྱས་པར་བྱེད། །གདུལ་བྱའི་མོས་པ་ཇི་ལྟ་བར། །ཐབས་མཁས་ཐུགས་རྗེས་འདུལ་བར་བྱེད། །བླ་ན་མེད་པ་ཐེག་པའི་མཆོག །བླ་ན་མེད་པའི་ཚུལ་གྱིས་འཛིན། །དེ་དག་ཡུན་རིང་གཞན་གྱི་དོན། །བསྟན་པའི་སྙིང་པོ་གནས་པར་འགྱུར། །སྟེང་ཕྱོགས་སྤོབས་པ་མཐའ་ཡས་གྲགས། །གསལ་བར་བྱེད་པའི་ཞིང་ཁམས་སུ། །སྤྱི་ལས་ཁྱད་པར་དགའ་བའི་ཚལ། །འདྲེན་པ་ཆེན་པོ་ས་ཡི་བདག །སྐྱོ་དཀའ་སྐྱེ་དགའ་ཡང་རིང་དུ་སོང་བ་ཡིས། །མི་འཇིགས་གནས་ཀུན་འཛིན་པ་འཕེལ། །ཡུལ་ཆེན་ཆོས་སྐྱོང་གྲོང་ཁམས་སུ། །རིན་ཆེན་རྒྱན་ཚོགས་རྣམ་སྤྲས་པ། །རྒྱལ་པོ་གྲགས་ཅན་མི་ཡི་མཆོག །སྐྱེ་དགུའི་མགོན་པོ་ལྷ་གནས་སྐྱེས། །གཞན་འཇོམས་དེད་དཔོན་ཁ་ལོ་བསྒྱུར། །བཀྲ་ཤིས་རིན་ཆེན་གནས་ཀུན་སྐྱོང་། །ཕྱོགས་གནོན་འགྲོ་བ་ཀུན་གྱི་སྐྱབས། །གཟི་བརྗིད་ཕྲེང་བ་རྒྱལ་བའི་སྡེ། །བྱང་ཆུབ་སེམས་བསྐྱེད་བརྩེགས་པའི་དཔལ། །མཁའ་མཛོད་ཡེ་ཤེས་སྙིང་པོའི་མཆོག །བདུད་དཔུང་འཇོམས་པའི་མཐུ་མངའ་བའི། །བྱ་རྫོགས་ཕྲིན་ལས་ཀུན་གྱི་སྒོ། །སངས་རྒྱས་གྲངས་མེད་གསལ་མཛད་ཅིང་། །བྱང་ཆུབ་སེམས་དཔའི་འཁོར་སྐྱོང་བ། །རྣམ་པར་ཡང་དག་གནས་ལས་བྱུང་། །ཀུན་ཏུ་ཐམས་ཅད་འོད་འདས་པའི། །བརྩེ་བ་འདི་དག་ཡེ་ཤེས་ཐབས། །མཁའ་སྣང་གཟུགས་ཀྱི་གནས་ལ་སྤྱོད། །སླར་ཡང་རྣམ་འཕྲུལ་སངས་རྒྱས་ཉིད། །གྲོང་ཁྱེར་ཆེན་པོ་གཞན་དུ་བྱུང་། །རིན་ཆེན་མེ་ཏོག་གྲགས་པའི་སྒྲ། །གཟུགས་ཆེན་དཀའ་སྤྱོད་འབྱུང་བའི་ཞིང་། །གྲགས་པ་མཚན་ལྡན་རྒྱལ་པོའི་ཁབ། །ས་སྲུངས་ལག་ན་རིན་ཆེན་སྐྱེས། །དཔལ་གྱི་ཕྲེང་བ་རྒྱ་མཚོའི་ཁྲོམ། །དེ་བཞིན་བཙུན་མོ་གཡོག་འཁོར་དག །བདེ་གཤེགས་དཀོན་མཆོག་རྒྱལ་མཚན་དབྱངས། །


DNG006_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་སེང་གེ་སྒྲུབ་བྱེད་གནོག །ཡོངས་སུ་བརྒྱུད་ཀྱི་སྲས་ཀུན་དང་། །གསང་བའི་རྒྱུད་མཆོག་སྟོན་པར་བྱེད། །སྤོབས་པ་ཆེན་པོ་མཛེས་པའི་རྒྱས། །དངོས་མཆོག་ཀུན་ཏུ་རྣམ་པར་སྤེལ། །རྒྱལ་བ་མྱ་ངན་འདས་འཇིགས་པའི། །ཚུལ་དཀའི་གཞན་གྱི་རྒྱུན་གཅོད་པའི། །བྱང་ཆུབ་སེམས་དཔའ་གྲགས་ཀུན་གྱིས། །བསྟན་པའི་སྙིང་པོ་རྒྱས་པར་བཟུང་། །མི་བསྐྱོད་བྱང་ཆུབ་བདེ་བའི་རྒྱ། །ཆོས་རྣམས་ཀུན་གྱི་མཚན་ཉིད་ཡིན། །འོག་གི་འཁོར་ལོ་ཀུན་སྤྱོན་གསལ། །ཚུལ་མ་རི་བོ་བརྩེགས་པ་ཡིས། །བུམ་པའི་གཟུགས་བྱེད་གདུགས་ཁྱབ་པ། །རྣམ་སྤྱོད་མང་པོ་མཐའ་ཡས་པའི། །བརྩོན་འགྲུས་བླ་མ་དེ་འབྱུང་བར། །རང་གི་ཡུལ་འཁོར་གནས་རྣམས་སྐྱོང་། །བྲམ་ཟེའི་རིགས་ཀྱི་ཕྱོགས་རྒྱས་དག །ཆོས་ཀྱི་རྒྱལ་པོ་གདན་ལ་བཞུགས། །དུས་ཀུན་དགའ་བའི་ལོངས་སྤྱོད་དང་། །སྡེ་དཔུང་རིས་སུ་འཛིན་མེད་པར། །སཱ་ལའི་ཤིང་ཆེན་རྒྱས་པའི་མཆོག །རིན་ཆེན་ཚོགས་ལ་ལོངས་སྤྱོད་གནས། །རྒྱལ་པོ་ནམ་མཁའི་བློ་གྲོས་དཔལ། །ས་ཡི་དབང་པོ་སྐྱབས་སྦྱིན་མཆོག །ཟས་བཟང་བདུད་རྩི་བདག་པོའི་བདག །བདུན་རྒྱུད་ཁ་ལོའི་ལས་ཀུན་སྤྱོད། །ལས་ཚོགས་འཇུག་པའི་རྒྱུ་ཡི་སྟོབས། །ཐར་པའི་གྲུ་བོ་གནས་དག་པ། །རྡོ་རྗེ་སྣང་བ་ཐབས་ཆེན་མཆོག །ཚུལ་ཀུན་མྱུར་བ་གནོན་པ་ཉིད། །འདི་དག་རང་གི་ངང་ཚུལ་བཟང་། །ཐོག་མཐའ་ཕྱོགས་རྒྱས་བདེན་པའི་དོན། །བདེ་གཤེགས་བྱང་ཆུབ་མེ་ཏོག་ཕྲེང་། །སྲས་ཀྱི་དམ་པས་འདུད་པའི་གནས། །ཞིང་ཁམས་ཆེན་པོ་ཀུན་གསལ་བ། །རྫུ་འཕྲུལ་འཇིགས་མེད་གཙོ་བོའི་ཚུལ། །དམ་ཆོས་གནས་ལ་ལེགས་བཞུགས་ཏེ། །འོད་ཟེར་སྣང་བས་ཐམས་ཅད་བསྐུལ། །སངས་རྒྱས་དཀྱིལ་འཁོར་ཚོགས་ཆེན་ཀུན། །ཏིང་འཛིན་རབ་ཏུ་ཞི་བས་གནས། །བྱང་ཆུབ་སེམས་དཔར་འདུས་པ་ཆེ། །མི་འབྱེད་རྒྱུད་ཀྱི་སྙིང་པོ་སྟོན། །དེ་ཡི་བསྟན་


DNG006_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀུན་ཁྱབ་པར། །ཐེག་ཆེན་གསང་སྔགས་རྒྱས་པར་མཛད། །སྦྱིན་པ་ཆེན་པོ་མངའ་མཛད་པ། །བྱང་ཆུབ་ཡན་ལག་འདྲེལ་བའི་གནས། །བསོད་ནམས་ཡེ་ཤེས་ཚོགས་ལས་སྐྱེས། །སྐུ་གསུམ་ཡེ་ཤེས་འབྱུང་བའི་ཞིང་། །གྱད་ཀྱི་ཉེ་གནས་ཀུ་ཤའི་ཞིང་། །མདངས་གསལ་ཉེ་བར་སྤྱོད་པ་ན། །ཐར་པའི་བདག་པོ་རིགས་མཆོག་སྟོབས། །རྒྱལ་རིགས་སཱ་ལའི་དབང་བྱེད་གནས། །ཡུལ་སྐྱོང་བཟང་པོ་ཕན་པའི་གཞུང་། །ཉམ་ང་སེལ་བ་གྲགས་པའི་སྟོབས། །འཁོར་ལོས་སྒྱུར་བའི་གླིང་ཀུན་དང་། །རིན་ཆེན་ཀུན་སོགས་ཉེ་བར་སྤྱོད། །སྐྱེས་བུ་ཆོས་ཀྱི་གྲོང་སྐྱོང་བའི། །གདན་ས་ཉིད་ལ་བདེ་གཤེགས་མཆོག །རྒྱལ་བ་སྐྱོབ་པའི་མཐུ་མངའ་བས། །རྣམ་དག་ཡེ་ཤེས་འཕྲུལ་པར་བྱེད། །དཔའ་བོ་ཉི་མའི་སེང་གེ་གནོན། །སྣང་བ་ཁྱབ་པ་ཞི་བར་གཉེན། །སངས་རྒྱས་བྱང་ཆུབ་སེམས་ཀུན་དང་། །ཞིང་ཁམས་ཆེན་པོ་རྒྱས་པར་མཛད། །བློ་ལྡན་རྣལ་འབྱོར་ལམ་བརྩོན་དག །གསང་བའི་ཐེག་པས་གྲོལ་བར་མཛད། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །གཉིས་མེད་ཡུལ་དང་སྦྱོར་མཛད་ཅིང་། །རྟག་ཏུ་ཐུགས་རྗེའི་འཁོར་ལོ་ཉིད། །ཆོས་རྣམས་ཀུན་ནས་སྟོན་པའོ། །མི་གཉིས་ཡེ་ཤེས་ཆེན་པོའི་རྒྱ། །ཡེ་ཤེས་སྒྲིབ་པ་མེད་པའི་མདངས། །གསང་བའི་དོན་མཆོག་སྟོན་པའི་རྒྱུད། །གསུང་གཅིག་སྒོ་ནས་སྩལ་བའོ། །ཨེ་མ་ཧོ་ཡ་མཚན་རྨད་དུ་བྱུང་། །ཐམས་ཅད་བྱང་ཆུབ་སེམས་ཉིད་སྐུ། །ཡེ་ཤེས་ཆེན་པོ་རང་སྣང་བས། །དཀྱིལ་འཁོར་གསང་བའི་འཁོར་ལོ་ཉིད། །རྒྱུ་རྐྱེན་འབྲས་བུ་ལ་སོགས་ཆོས། །མིང་ཙམ་བདེ་བ་ཆེན་པོའི་དབྱིངས། །ཐམས་ཅད་སྙིང་པོ་འབྲས་བུའི་མཆོག །ཡེ་ཤེས་མ་སྐྱེས་འཇིག་མེད་གནས། །ཐ་སྙད་འཛིན་པའི་ཆོས་གཉིས་ཀུན། །མ་བྱུང་མ་སྐྱེས་རང་གི་དངོས། །འཕོ་འགྱུར་འཇིག་པའི་རྐྱེན་དང་བྲལ། །རྡོ་རྗེ་སྙིང་པོ་རྒྱན་ལྡན་པ། །གང་གིས་གང་ལ་


DNG006_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་གནས། །གང་ཕྱིར་གང་ཞིག་གང་བརྟན་ཅིང་། །འཇིག་ཆགས་ཚུལ་ལ་མི་གནས་པའི། །ལྷུན་གྱིས་གྲུབ་པའི་ཆོས་འདི་ནི། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །ཐམས་ཅད་རྫོགས་པའི་ཡོན་ཏན་རྒྱལ། །ཨེ་མ་ཡ་མཚན་རྨད་བྱུང་ཆོས། །དེ་ལས་སྣ་ཚོགས་ཅིར་ཡང་སྣང་། །ཤེས་པ་རྒྱུན་ཆགས་འཁོར་ལོའི་གཞི། །མི་མཐུན་གནས་རིས་གཅིག་པ་དང་། །བདེ་སྡུག་ལོངས་སྤྱོད་བདག་གཞན་ཀུན། །ཆ་མཉམ་མི་མཉམ་སྟོབས་རྒྱས་པ། །གཉིས་གཅིག་སྣ་ཚོགས་སྣང་བའི་ཚུལ། །ཡུན་རིང་གོམས་ཤུགས་ལས་སྐྱེས་ཀྱང་། །དེས་ན་རྒྱ་མཚོའི་རྦ་རླབས་བཞིན། །འོད་གསལ་ཀུན་སྣང་ཡེ་ཤེས་རྒྱན། །སླར་ཉིད་རོལ་པ་མ་འགག་པས། །ཁ་དོག་དབྱིབས་བཅས་འབྱུང་བའི་རྩལ། །ཡུལ་དུས་བྱེ་བྲག་ཕུན་སུམ་ཚོགས། །བདེ་གཤེགས་དཀྱིལ་འཁོར་སྙོམས་ཞུགས་པའི། །ཞིང་ཁམས་སྤྱོད་ཡུལ་ཡོངས་སུ་དག །དགག་བསྒྲུབ་མེད་པའི་མཐུ་ལས་སྣང་། །སྐྱེ་མེད་བཟང་མོའི་བྷ་ག་ལས། །ཀུན་འབྱུང་སྐྱེ་འགག་ལ་སོགས་རྒྱུན། །གཉིས་མེད་དེ་བཞིན་ཉིད་ཀྱི་སྐུ། །ཟུང་འཇུག་བདེ་བ་ཆེན་པོར་སྦྱོར། །ཞེན་པའི་མཐའ་རྣམས་དགག་པའི་ཕྱིར། །མཚོན་དང་ཐ་སྙད་དཔག་མེད་ཀྱང་། །དེ་བཞིན་ཉིད་སྐུ་ཚིག་དང་བྲལ། །ཀུན་འབྱུང་ཀུན་གྱི་མཐའ་བྲལ་བའོ། །ཁམས་གསུམ་སྐྱེ་འགྲོའི་གནས་རྣམས་ཀྱིས། །ཕུང་ཁམས་སྐྱེ་མཆེད་ཕྱི་ནང་ཚོགས། །ཡེ་ཤེས་དོན་སྣང་སངས་རྒྱས་སྐུ། །རང་བྱུང་ལྷུན་གྱིས་གྲུབ་པར་གནས། །ཡེ་ཤེས་ཆེན་པོ་གསལ་བྱས་པའི། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་སྐུ། །དུས་གསུམ་སྒྲིབ་པ་མེད་མཁྱེན་པ། །རིམ་བཞིན་ཡོན་ཏན་ཕྲིན་ལས་རྩལ། །ཐམས་ཅད་བྱང་ཆུབ་མཆོག་གི་དབྱིངས། །སེམས་ཉིད་བདེ་བ་ཆེན་པོའི་སྐུ། །ཆོས་ཅན་ཇི་སྙེད་མ་འགགས་པའི། །ཆོས་ཉིད་ཟབ་མོའི་དོན་སྣང་བའི། །རང་ཉིད་རྟོགས་


DNG006_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱེ་བྲག་གིས། །ཆོས་དབྱིངས་མེ་ལོང་ལྟ་བུ་དང་། །མཉམ་ཉིད་སོ་སོར་ཀུན་རྟོགས་པ། །བྱ་བ་གྲུབ་པའི་ཡེ་ཤེས་སྐུ། །མི་གཉིས་སོ་སོར་གསལ་བ་ཡིས། །ཉི་ཤུ་རྩ་ལྔ་ལ་སོགས་རྒྱུན། །ཉི་མའི་དཀྱིལ་འཁོར་ཇི་ལྟ་བར། །གཉིས་མེད་གཉིས་སུ་རྣམ་པར་སྣང་། །ཤེས་བྱའི་དཀྱིལ་འཁོར་ཇི་སྙེད་ཀུན། །གསང་ཆེན་དེ་བཞིན་ཉིད་ཀྱི་དབྱིངས། །རྣམ་པ་སྤྲོས་པ་ཀུན་སྤྱོད་པའི། །ཐ་སྙད་ཡུལ་ལས་བརྟགས་པ་ཡི། །དེ་ལྟར་རང་རིག་གསལ་བ་ནི། །རང་བཞིན་མཁའ་ལ་སྣང་བའོ། །མ་བཙལ་ཡོན་ཏན་རྒྱན་སྣང་བའི། །བདེ་གཤེགས་རྒྱལ་བ་ཀུན་གྱི་དངོས། །གཅིག་དང་གཉིས་མིན་དཀྱིལ་འཁོར་ཚུལ། །སྣ་ཚོགས་རྣམ་པར་ངེས་པའོ། །གཏི་མུག་ཆེན་པོ་རྣམ་སྣང་མཛད། །འདོད་ཆགས་ཆེན་པོ་མཐའ་ཡས་སྐུ། །ཞེ་སྡང་ཆེན་པོ་མི་བསྐྱོད་པ། །ང་རྒྱལ་ཐུབ་ཆེན་རིན་འབྱུང་སྟེ། །ཕྲག་དོག་ཆེན་པོ་དོན་ཡོད་གྲུབ། །ཐམས་ཅད་རིགས་ཀྱི་དཀྱིལ་འཁོར་ཆེ། །དེ་དག་འཁོར་ལོ་པདྨ་དང་། །རྡོ་རྗེ་རིན་ཆེན་སྣ་ཚོགས་ཀྱིས། །རིགས་མཆོག་གཙོ་དང་སྤྲུལ་པར་བཅས། །ཐབས་དང་ཤེས་རབ་སྙོམས་འཇུག་པའོ། །གང་དུ་དམིགས་པར་བྱ་བའི་ཡུལ། །ཕྱི་རོལ་འབྱུང་ཆེན་མཐུ་རྩལ་སྟོབས། །ཐམས་ཅད་ནང་གི་སྣང་བའི་ཚོགས། །རྒྱུ་ཉིད་ཟབ་མོའི་བྱང་ཆུབ་སེམས། །དེ་དག་ལ་བརྟེན་འགྲོ་ཀུན་དང་། །སྤྱོད་ཡུལ་ཡེ་ཤེས་ཆེན་པོའི་རྒྱ། །རང་བཞིན་ཀུན་ཏུ་བཟང་མོའི་མཁའ། །རང་གི་ཆོ་འཕྲུལ་སྣ་ཚོགས་འཆར། །ཀུན་བཟང་བཀོད་པ་རོལ་པའི་ཆོས། །རྒྱུ་རྐྱེན་དོན་བཞིན་རྣམ་དག་པས། །གཉིས་མེད་འབྲས་བུ་བདག་ཉིད་ཆེ། །འདས་དུས་ལ་སོགས་འགྱུར་བ་མེད། །ཐམས་ཅད་མི་ཚིག་རྟག་པའི་ཆོས། །དེ་དག་ཐ་སྙད་ལས་འདས་ཏེ། །ལུས་རྟོགས་ཕྱི་རོལ་དོན་གྱི་རྒྱུན། །ཕྱོགས་ཆས་སྣང་བ་རིས་མ་གྲུབ། །རྟོགས་དུས་བརྟགས་པ་རི་བོའི་མཆོག །ཉི་མའི་དཀྱིལ་འཁོར་ཟེར་དང་བཅས། །བར་སྣང་གསལ་བར་ཁྱབ་པ་ཡིས། །


DNG006_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་བདེ་བ་ཆེན་པོའི་དབྱིངས། །སྙིང་པོ་མཆོག་གི་མཆོག་གྱུར་པའི། །ཡེ་ཤེས་འཇིག་པ་མེད་པའི་དོན། །རབ་ཏུ་མི་གནས་སངས་རྒྱས་ཀུན། །སྒྱུ་མ་ལྟ་བུར་ཚོགས་པའོ། །མི་ཤིགས་སྣང་བའི་འབྲས་བུ་ཀུན། །རྣམ་གྲོལ་ཡེ་ཤེས་ཟག་པ་མེད། །དེ་དག་སྐྱེ་འཆི་རྒྱུན་འབྱུང་བའི། །གློ་བུར་ཆོས་ལ་དབེན་པའི་དོན། །རང་བྱུང་རྒྱན་གྱི་འཁོར་ལོ་ཆེ། །མིང་ཙམ་ཐ་སྙད་གདགས་པའི་གཞི། །ཕྱོགས་བཅུའི་རྒྱལ་བ་ཀུན་གྱིས་ཀྱང་། །སྙིང་པོའི་དོན་ལས་འདའ་མ་ཡིན། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་ལས། ད་ལྟར་གྱི་དུས་སུ་བྱུང་བ་སྟེ་ལེའུ་དྲུག་པའོ།། །།དེ་ནས་ཀུན་བཟང་ཡེ་ཤེས་མཆོག །ཐམས་ཅད་སྣང་བ་རྣམ་རྟོག་ཅིང་། །ཟབ་མོ་བྱང་ཆུབ་དཀྱིལ་འཁོར་རྫོགས། །གཉིས་མེད་འཁྲིལ་བ་སྦྱོར་བ་ལས། །གདུལ་བྱའི་རྟོག་ཚོགས་ལྷུན་གྲུབ་སྐུ། །རྨད་བྱུང་བཀྲ་ཤིས་མི་འགྱུར་བའི། །ངོ་མཚར་ཡུལ་འདི་སྟོན་པར་བྱེད། །མ་འོངས་བསྐལ་པ་གཟི་རྒྱན་གྱི། །དུས་བདུན་མཐོང་བ་བདེ་བ་ཅན། །ལྷ་མཛེས་མི་གཡོ་ཉི་ཤུ་ལྔ། །རྒྱལ་པོ་གྲགས་པ་ཁང་བཟངས་སུ། །འདོད་པའི་ཡུལ་ཀུན་སྤྱོད་པས་རྒྱས། །སྔོན་ཚེ་རིགས་ཚོགས་དོན་བརྩོན་པའི། །དཔའ་བོ་མེ་ཏོག་གཟུགས་འཛིན་པས། །དང་པོར་རྒྱལ་བ་འབྱུང་བྱེད་ཅིང་། །ཚུལ་གཉིས་སྤྲུལ་པ་སངས་རྒྱས་པ། །མི་མཆོག་སེང་གེ་ཡང་དག་སྐྱེས། །ལས་ཀུན་རྣམ་པར་འབྱེད་བྱེད་ཅིང་། །བདེ་བའི་བདེ་ཆེན་རྒྱུད་གསལ་བ། །ཡོན་ཏན་ཕྱག་རྒྱའི་དཀྱིལ་འཁོར་གྱིས། །སངས་རྒྱས་ཏིང་འཛིན་མངའ་བརྙེས་པའོ། །དེ་ཚེ་བདེ་གཤེགས་རིགས་ཀུན་དང་། །བྱང་ཆུབ་སེམས་དཔའ་གྲགས་ཆེན་ཀུན། །རང་གི་སྣང་བ་ཇི་ལྟ་བར། །ཆོས་ཀྱི་ཉམས་དགའ་ལོངས་སྤྱོད་མཛད། །བློ་གྲོས་གྲོལ་བའི་མཁས་པ་དག །བསྟན་པའི་གཟུགས་


DNG006_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདུལ་འགྱུར་ཞིང་། །དུས་རིང་བརྒྱུད་པའི་སྒོ་གསལ་བས། །སངས་རྒྱས་ཕ་རོལ་ཕྱིན་པ་མཆོག །ཕྱི་མའི་སུམ་བརྩེགས་གངས་རི་ཅན། །འོད་རྒྱས་གྲོང་ཁྱེར་སྟོབས་དུས་སུ། །བུ་རམ་ཤིང་པའི་རིགས་ལས་སྐྱེས། །སྔོན་དུས་སངས་རྒྱས་མཉེས་བྱས་པས། །རིན་ཆེན་འཁོར་ལོའི་མཚན་མངའ་བ། །ཡང་དག་སངས་རྒྱས་སྤྲུལ་པའི་ཚོགས། །རྒྱལ་བ་ཀུན་གྱི་གསང་བའི་མཛོད། །དག་པའི་འཁོར་ལ་སྟོན་པར་བྱེད། །ཤེས་རབ་ཐུགས་རྗེ་ཉི་ཟླའི་འོད། །སྲིད་གསུམ་རང་རྒྱུད་རྣམ་དག་ཆོས། །ངོ་བོ་ཉིད་ཀྱི་དོན་སྟོན་པ། །ཐེག་པ་ཆེན་པོ་གསང་བའི་རྒྱུད། །དུས་དེར་བསྟན་པའི་གླེགས་བམ་ལས། །སྣོད་ལྡན་རྣམས་ཀྱིས་དོན་འབྱུང་འགྱུར། །བྱང་ཆུབ་སེམས་དཔའ་མཁའ་ཁྱབ་པས། །དེ་དག་བསྡུ་ཞིང་གཟུང་བྱེད་དེ། །དུས་ཀུན་བཀོད་པའི་མཆོད་པ་དང་། །སྲི་ཞུས་གུས་པར་རབ་ཏུ་སྟོན། །མི་མཆོག་སངས་རྒྱས་སྤྲུལ་པའི་སྐུ། །བྱ་བ་ཐམས་ཅད་མཐར་ཕྱིན་པའོ། །བསྐལ་པ་བཅུ་ལས་འདས་པའི་འོག །སྤྲུལ་པ་ཀུན་འབྱུང་ཕྱོགས་རྣམས་སུ། །གསལ་བ་ཉེར་དགའ་རྒྱལ་པོའི་ཁབ། །རོལ་མོ་ཐམས་ཅད་ཚོགས་པའི་དུས། །སྔོན་ལྡན་སྙིང་པོ་རྒྱལ་བའི་སྲས། །བདེ་གཤེགས་གྲོང་ཁྱེར་ཞི་བ་ལ། །སེམས་བསྐྱེད་ཚོགས་མང་བསགས་པའི་མཐུས། །རང་བྱུང་སེམས་ཀྱིས་བདེ་བ་རྟོགས། །རིན་ཆེན་བཙུན་མོ་ལ་སོགས་སྟོབས། །ཚོགས་བཅས་དཀའ་ཐུབ་ཆེན་པོས་གནས། །དེ་ཚེ་མཁའ་ལས་རྒྱུད་ཀྱི་དོན། །རྒྱལ་བའི་བྱིན་རླབས་སྟོན་པར་འགྱུར། །ཐམས་ཅད་བདེ་ཆེན་ངང་ལས་བྱུང་། །ཡེ་ཤེས་འདི་ཉིད་ཟག་པ་མེད། །ཀུན་འབྱུང་གནས་ཀྱི་རྒྱ་མཚོ་ལས། །འབྲས་བུ་དོན་ཀུན་རྣམ་པར་མཛེས། །དེ་ཉིད་འོད་དཔལ་སྒྲ་དབྱངས་ཀྱིས། །སྟོབས་ཆེན་སངས་རྒྱས་གཙོ་བོ་མཆོག །ཕྱོགས་བཅུའི་རྒྱལ་བ་ཀུན་བྱོན་ནས། །བྱིན་བརླབ་དབང་བསྐུར་བསྟོད་པའི་གནས། །རྫོགས་པ་


DNG006_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཆོས་ཉིད་རྒྱ། །བྱང་ཆུབ་སེམས་ཀྱི་དོན་སྟོན་པའི། །གསང་བའི་རྒྱུད་སྡེ་མི་གཉིས་མཆོག །སྐུ་གསུང་ཐུགས་ཀྱི་ཚུལ་ཀུན་སྣང་། །ཐེག་ཆེན་སྙིང་པོ་ལ་དགའ་བས། །བསྟན་པ་ཡུན་རིང་གཟུང་བར་བྱེད། །སྐད་ཅིག་གཅིག་ལ་རྣམ་གྲོལ་མཆོག །ཐམས་ཅད་མཚུངས་པར་ས་མཆོག་སྦྱོར། །སླད་ཀྱི་བསྐལ་པ་གཉིས་འདས་པར། །གྱད་ཀྱི་རྒྱལ་པོ་དམག་ལྡན་པའི། །སྟོབས་སྡེ་ཡུལ་མཆོག་འཇིགས་མེད་རྒྱལ། །སངས་རྒྱས་བསྟན་པའི་གཞུང་མེད་པར། །དཔའ་བོ་གཞུ་འཛིན་རལ་པ་ཅན། །སྔོན་དུས་ཡུན་རིང་སྦྱངས་པའི་མཐུས། །སྙིང་རྗེ་ཆེན་པོ་ཤེས་རབ་སྟོབས། །གཡུལ་ངོའི་འཇིགས་སུ་མཚུངས་པར་དྲན། །རང་བཞིན་མཚན་ཉིད་རྣམ་བརྟགས་ཏེ། །ཐུགས་རྗེ་ཡེ་ཤེས་ཉི་ཤར་ལྟར། །བྱང་ཆུབ་སེམས་ཉིད་ཟླ་བའི་ཟེར། །ངེས་པར་འབྱུང་བའི་ངང་ཚུལ་བརྟགས། །གང་དུ་ཕྱོགས་འཛིན་མཐའ་བྲལ་བའི། །གཉིས་རྒྱུད་བདེ་བ་གསལ་བའི་མཐུས། །སྐད་ཅིག་སངས་རྒྱས་ས་ཆེན་འདིར། །ངོ་མཚར་ཡ་མཚན་ཆོས་ཀུན་འབྱུང་། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས། །ཀུན་གྱིས་ངོ་མཚར་མཆོད་ཅིང་བསྟོད། །དེད་དཔོན་བཟང་པོ་ཞེས་བྱ་བའི། །སྐྱེས་བུ་མཆོག་དེས་ཐེག་ཆེན་རྒྱུད། །ཟབ་ཅིང་རྒྱ་ཆེ་སྒོ་ཀུན་ནས། །འདྲེན་ཅིང་ངེས་པའི་དོན་ལ་འཛུད། །བྱང་སེམས་རྣལ་འབྱོར་དབང་ཕྱུག་ཚོགས། །རྒྱལ་བའི་རྗེས་སུ་འཇུག་པར་འགྱུར། །དེ་ལས་བསྐལ་པ་དྲུག་གི་མཐའ། །རང་གནས་བཀོད་པ་མི་འཇིག་དུས། །རབ་དཔལ་གཟུགས་ཅན་སྲས་ཀྱི་མཆོག །པདྨ་གཞོན་ནུ་རྒྱན་མཛེས་པ། །སྔོན་གྱི་དམ་བཅས་སྨོན་ལམ་མཐུས། །བྱང་ཆུབ་སྙིང་པོར་མོས་བསྐྱེད་པས། །སངས་རྒྱས་དཀྱིལ་འཁོར་ཀུན་གསལ་བའི། །སེམས་ཀྱི་ཆོས་ཉིད་རྟོགས་པར་འགྱུར། །ཚུལ་མཐུན་སྣང་བ་བསམ་མི་ཁྱབ། །འཇིག་རྟེན་ཁམས་ཀུན་གཡོ་ཞིང་འབར། །བདེ་གཤེགས་ཞིང་ཁམས་ཀུན་གསལ་བདག །མཆོད་


DNG006_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་བཀའ་བཞིན་འབྲང་བར་བྱེད། །སྣོད་ལྡན་བྱང་ཆུབ་སེམས་དཔའ་ལ། །གསང་བའི་རྒྱུད་ཆེན་འདི་བསྟན་ཅིང་། །བྱིན་རླབས་མཐའ་ཡིས་གྲོལ་བ་དག །མི་ཤིགས་རྡོ་རྗེའི་གནས་སུ་སྦྱོར། །དོན་རབ་ཡུལ་འཁོར་སྐྱོང་བ་ཡིས། །ཕྱི་མའི་རྣལ་འབྱོར་བསྐང་བའི་ཕྱིར། །སྨོན་ལམ་ཐུགས་རྗེ་ཆེན་པོའི་ཤུགས། །གསང་སྔགས་སྙིང་པོའི་རྒྱུད་སྟོན་པ། །དེ་དག་རྣལ་འབྱོར་དོན་ལྡན་པ། །བླ་ན་མེད་པས་བཟུང་བྱེད་ཅིང་། །མ་འདྲེས་པ་ཡི་སྒོ་ཀུན་གྱིས། །མྱ་ངན་འདས་པའི་ཐེག་པ་མཆོག །སླར་ཡང་རྙོག་མེད་གཞི་ཡི་འོག །ས་སྲུང་གནས་འཛིན་གྲོང་ཁྱེར་མཆོག །གསང་བ་འཕེལ་བའི་དུས་ལྔ་རུ། །རིམ་པས་མཚུངས་པའི་སྟོན་པ་མཆོག །རྒྱལ་བ་མྱ་ངན་མེད་སྟོབས་དཔལ། །རྡོ་རྗེ་སྙིང་པོ་གསང་བའི་སྡེ། །སྣང་བ་རབ་སྟོན་དྲི་མ་མེད། །ཡེ་ཤེས་དབང་ཕྱུག་རྒྱལ་བ་ཤེས། །མཛད་པའི་དྲ་བ་ཡོན་ཏན་ལེགས། །ལྷ་ཡི་དབང་པོ་རྣོན་པོའི་མདངས། །ས་སྲུང་རྒྱལ་པོ་ཆར་འབེབས་དང་། །བཟོད་དཀའ་ཐུབ་པའི་བླ་མ་ཉིད། །ཕྱག་རྒྱའི་འཁོར་ལོ་ཤུགས་ཆེན་པོ། །གསང་བདག་སྦས་པ་རབ་ཀྱི་རྩལ། །ཀླུ་ལས་རྒྱལ་བ་གོ་ཆའི་མཆོག །ཞིང་ཁམས་དག་པ་ཆོས་ཀུན་སྐྱོང་། །གཟི་བརྗིད་གཙོ་བོ་ཞེས་གྲགས་པའི། །སངས་རྒྱས་སྟོན་མཆོག་ཁ་ལོ་འདྲེན། །ཕྱོགས་དབུས་གསལ་བྱེད་སྐྱེས་བུ་མཆོག །ཉི་ཤུ་རྩ་ལྔ་འབྱུང་བར་འགྱུར། །དེ་དག་དེ་བཞིན་གནས་འདི་ན། །རྒྱལ་བ་པོ་འང་བཟང་པོ་ཉེ་གནས་པའི། །ཁྱིམ་བདག་འཇིག་པའི་བུ་རྣམས་དེ། །སྔོན་དུ་ཕྱོགས་གཅིག་ལས་སྦྱངས་ཤིང་། །སངས་རྒྱས་ཚོགས་བཅས་བསྙེན་བསྐུར་བྱས། །རྣམ་གྲོལ་དགེ་སོགས་མཐའ་ཡས་སྒོ། །དེ་ལྟར་སངས་རྒྱས་སྲས་ཚོགས་ཀྱིས། །བྱ་བྲལ་ཚུལ་དག་རབ་ཏུ་བསྔགས། །མི་མཉམ་མཉམ་པའི་སྔགས་ཀུན་ལས། །རྣམ་པར་བརྩེ་བའི་ཐེག་པ་མཆོག །བསོད་ནམས་ཡེ་ཤེས་གཉིས་མེད་པའི། །རྒྱལ་བས་ལུང་བསྟན་མཐའ་ལས་འདས། །དཀྱིལ་འཁོར་ཆེན་པོ་གསང་ཐོབ་ཅིང་། །གདམས་པས་རྗེས་སུ་གྲོལ་བར་འགྱུར། །ལས་ཀྱི་སྟོབས་ཀུན་དག་མཛད་པའི། །འཇིག་རྟེན་སྒྲོན་མ་དེ་དག་གིས། །


DNG006_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་སྒོ་མཐུན་འཇུག་པའི་ཚེ། །གནས་ཀུན་འབྲལ་ལྡེག་གཡོ་བར་གྲུབ། །ཕྱོགས་བཅུའི་སངས་རྒྱས་ཀུན་འདུས་པས། །སོ་སོར་དཔལ་གྱི་ཕྱོགས་བསྐྱེད་ཅིང་། །སྨོན་ལམ་ཡོངས་སུ་དག་པ་ལས། །ཞིང་ཁམས་དག་པའི་སྣང་བ་གནས། །ཐུགས་རྗེ་ཆེན་པོ་མི་གཉིས་པས། །ཐམས་ཅད་ཐམས་ཅད་རྣམ་པར་སྦྱོར། །བྱང་ཆུབ་སེམས་དཔའ་མཐུ་ལྡན་པའི། །ཟབ་མོ་རྒྱ་ཆེན་གནས་པའི་དོན། །གསང་བ་གསང་ཆེན་གསང་བའི་མཆོག །ཐམས་ཅད་རྒྱུན་ཆེན་སྟོན་བྱེད་པའོ། །རྣམ་པར་ཐར་པ་དེ་འཛིན་པའི། །རྣམ་པར་འཇིགས་པ་ཀུན་གྲོལ་ཞིང་། །རང་གི་སྣང་བ་སྟོན་བྱེད་ཅིང་། །རྣལ་འབྱོར་མཆོག་ཏུ་སངས་རྒྱས་གསལ། །བདེ་གཤེགས་ཐུགས་ཀྱི་གནས་བརྒྱུད་པ། །བརྩོན་ལྡན་རྣལ་འབྱོར་དབང་ཕྱུག་གིས། །སྙན་ཚུལ་གླེགས་བཅས་གདམས་པའི་དོན། །དུས་རིང་བྱང་ཆུབ་སེམས་དཔའ་སྤྱོད། །ཐེག་པའི་མཆོག་འདི་ཟབ་མོ་ཉིད། །ཡུལ་ཀུན་སྐྱེ་ཞིང་འགག་མེད་རྒྱུན། །དེ་དག་དེ་ལས་དེ་འབྲས་བུ། །གང་ཞིག་གང་གིས་གང་བདེན་འཇུག །ང་ལས་མ་བྱུང་ཆོས་མེད་ཕྱིར། །ཀུན་འབྱུང་རྒྱུ་ཡི་ཡེ་ཤེས་དངོས། །ཕྱོགས་ཆོས་རིས་སུ་མ་གྲུབ་པའི། །བདེ་བ་བྱང་ཆུབ་སེམས་ཀྱི་རྒྱན། །རྒྱ་ཆེན་སྣང་བའི་བྱེ་བྲག་ཀུན། །དེར་སྣང་དེར་འཇུག་དེ་ཡི་ཆོས། །ཇི་སྲིད་ཐོག་མཐའི་བར་གནས་ཚོགས། །ཉིད་ལས་འཕྲུལ་པའི་དཀྱིལ་འཁོར་ཆེ། །སྨིག་རྒྱུ་སྣང་བའི་དུས་བཞིན་དུ། །མ་བཅོས་གདོད་ནས་དངོས་མ་གྲུབ། །ཟླ་བའི་གཟུགས་ཀྱིས་ཁྱབ་པའི་དངོས། །མ་འགགས་སྔོན་དུ་གསལ་བའི་དོན། །རྒྱུ་རྐྱེན་ལས་གྲུབ་རྒྱུ་མེད་པ། །སྒྱུ་མའི་ཚོགས་ལ་ཞེན་པ་མེད། །དེ་དག་འཇའ་ཚོན་རིས་ཀྱི་ཆོས། །སོ་སོར་མ་འགགས་དབྱེར་མེད་ཅིང་། །རྣམ་གསལ་དེ་ལ་བརྟེན་པའི་མཐུས། །མེ་ལོང་གསལ་བའི་ཡུལ་ལས་འདས། །རེས་འཇུག་དྲི་ཟའི་གྲོང་ཁྱེར་རྒྱུན། །རང་བཞིན་མི་གནས་འགྱུར་བའི་དངོས། །མིག་ཡོར་སྣ་ཚོགས་དངོས་གཅིག་བདག །མཚོན་བྱེད་བྲག་ཆའི་རྒྱུ་ལས་བྱུང་། །གནས་སྐབས་དགོས་ཆེད་ལས་སྐྱེས་པས། །མི་མཐུན་རིས་རྣམས་བདག་གྲུབ་པའི། །


DNG006_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པས་ཡུལ་རྣམས་རབ་ཏུ་སྤྱོད། །དུས་གསུམ་མ་འགགས་རྒྱུན་འདྲེལ་བའི། །རྨི་ལམ་གོམས་པའི་ཤུགས་ཀྱིས་གསལ། །ཕྱོགས་འཛིན་ཕྱི་རོལ་དོན་གཞལ་ཡས། །འདྲེལ་མེད་བརྒྱུད་པས་བསྒྲུབ་པ་ཉིད། །ཟབ་མོའི་དབང་དུ་འཛིན་གཉིས་ཤུགས། །རབ་ཏུ་རྩོལ་བས་འཆིང་བར་འགྱུར། །བདེ་བ་ཆེན་པོ་ཡེ་ཤེས་རྒྱུན། །དབང་པོ་དྲུག་གི་གནས་སུ་འཇུག །དེ་དག་ནང་གི་རྣལ་འབྱོར་གྱིས། །ལྷན་ཅིག་སྐྱེས་པའི་སྐྱབས་རྒྱས་ཤིང་། །ཁམས་གསུམ་ཆོས་ཀྱི་ཕྱག་རྒྱ་རྣམས། །གཉིས་མེད་བསྒྲུབ་པའི་དོན་འཇུག་པས། །རབ་ཏུ་ཞི་བ་བདག་མེད་པའི། །གཉིས་མེད་ཤུགས་ཀྱིས་གསལ་བར་འགྱུར། །ཆོས་ཀུན་རང་གི་དངོས་འཛིན་པའི། །ཆོས་ཉིད་དངོས་བྲལ་བྱང་ཆུབ་སེམས། །ཇི་ལྟར་གནས་པའི་དོན་བཞག་པས། །ནམ་མཁའི་ཁམས་དངོས་ཐོབ་པ་མེད། །གང་དག་ཕྱག་རྒྱ་གཞན་ནས་འཇུག །རྒྱུ་འབྲས་ལྟོས་པས་རྣམ་པར་དབེན། །བཞག་པས་བདག་ཉིད་རབ་ཏུ་རྟོགས། །མུ་མཐའ་མི་འཛིན་འགོག་པ་མེད། །མ་ལུས་སྤྱོད་པའི་རྒྱུན་འཇུག་པའི། །བསམ་མཐའི་རྒྱ་མཚོ་ཁྲོན་པའི་ཆུ། །ཇི་ལྟར་འབྱུང་ཆེན་ནམ་མཁའི་དབྱིངས། །སྙིང་པོ་མ་འགགས་རྩལ་རྫོགས་པའི། །རྣམ་པར་རྟོག་ཚོགས་ཡེ་ཤེས་རྒྱུན། །དེ་མཐའ་དེ་རྒྱུན་དེ་ཡི་ཆོས། །མ་ལུས་བྱང་ཆུབ་སེམས་ཀྱི་རྒྱན། །ཉོན་མོངས་སྡུག་བསྔལ་ཀུན་ཏུ་བཟང་། །དེ་ནས་འཇུག་པའི་ཡན་ལག་བཟུང་། །ཨཱ་ལི་ཀཱ་ལི་ལ་སྤྱོད་ཅིང་། །བདུད་རྩི་བཅུད་རྒྱས་དེ་དག་ལས། །རྟག་ཏུ་མི་གཉིས་མཁས་པའི་སྒོ། །ཀུན་སྤྱོད་ཚུལ་མང་བདག་སྤྱོད་པའི། །མ་ལུས་དེ་དོན་སྣང་བ་རྒྱ། །སྤང་བླང་མེད་པ་འཛིན་ཆགས་བྲལ། །རེ་དོགས་བཅད་པའི་སྐྱོན་བྲལ་བའོ། །ཐམས་ཅད་དཀྱིལ་འཁོར་སྣང་བའོ། །སྐུ་མཆོག་ཡེ་ཤེས་བཟང་པོ་ཉིད། །ཇི་པ་ཇིས་འང་སྟོབས་ཀྱི་ཡན་ལག་ཀུན། །མ་འདྲེས་ཆོས་ཀྱི་རྒྱུ་ལས་བྱུང་། །དོན་ཀུན་གསལ་བའི་བདག་ཉིད་ཀྱིས། །ཕྱག་རྒྱ་ཆེན་པོ་ཀུན་སྟོན་ཅིང་། །གསེར་འགྱུར་རྩི་ཡི་རྣམ་པ་ལྟར། །སྟོང་གསུམ་རིན་ཆེན་རྒྱན་གྱིས་མཛེས། །རྣལ་འབྱོར་རྫོགས་


DNG006_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ཆེན་འདི། །སངས་རྒྱས་ཀུན་གྱིས་བཤད་པའི་མདོ། །ཐམས་ཅད་དེ་ལས་བྱུང་བ་དང་། །ཡང་དག་གནས་པ་ཉིད་ཀྱི་ཕྱིར། །མཆོག་ཏུ་བསྔགས་པའི་དབང་བ་ཀུན། །བླ་ན་མེད་པའི་དེ་བཞིན་ཉིད། །རྒྱལ་བས་བསྟོད་པའི་འཁོར་ལོ་འདི། །བསྐལ་པར་སྐལ་ལྡན་རྣམས་ཀྱི་དོན། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་ལས། མ་བྱུང་བའི་དུས་སུ་འབྱུང་བ་སྟེ་ལེའུ་བདུན་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཉིད། །གཉིས་མེད་སྦྱོར་བའི་སྙོམས་འཇུག་ལས། །རིགས་ཀྱི་དཀྱིལ་འཁོར་གསལ་མཛད་ཅིང་། །ཐམསཅད་དབྱིངས་ཀྱི་རྒྱན་དུ་སྟོན། །བྱིན་རླབས་སྐུ་གསུང་ཐུགས་ཉིད་ལས། །རང་སྣང་བྱང་ཆུབ་སེམས་ཀྱི་དོན། །མ་བྱུང་སྐྱེ་བ་ཀུན་སྟོན་ཅིང་། །མ་འགགས་གཉིས་མེད་ནམ་མཁའི་ངོས། །བདེ་གཤེགས་སྙིང་པོ་སེམས་ཀྱི་དབྱིངས། །རྟག་ཏུ་མི་འགྱུར་དངོས་ཉིད་བྲལ། །སྟོང་པའི་མཚན་ཉིད་གདོད་ནས་དག །ཕྱོགས་འཛིན་རིགས་ཀྱི་ཆོས་ཀུན་གསལ། །འགྲོ་བ་སྣ་ཚོགས་འཁོར་བའི་རྒྱུན། །ཟབ་མོ་རང་སྣང་དཀྱིལ་འཁོར་ཆེ། །འདོད་ཡོན་སྤྱོད་པའི་དཀྱིལ་འཁོར་ལས། །ཀུན་བཟང་ཆོས་སྐུའི་རྣམ་པར་འཕྲུལ། །སྐྱེ་བ་བཞི་རྫོགས་བཅུད་རྒྱས་ཤིང་། །ནང་གི་ཆོས་ཀུན་རབ་ཏུ་གསལ། །ཕྱོགས་བཅུ་དུས་གསུམ་ནས་བཀོད་པའི། །སྒྲིབ་ཚོགས་དེ་ཉིད་ཤེས་པ་གྲོལ། །བསོད་ནམས་ཡེ་ཤེས་ཚོགས་མཐའ་ཡས། །རང་བཞིན་སྟོབས་ཀྱིས་གྲོགས་རྒྱས་པའི། །རྟོགས་མཆོག་ཀུན་བཟང་ཟུང་འཇུག་བློ། །ཐམས་ཅད་མཁྱེན་པའི་གནས་བརྒྱས་སྤྱོད། །ཆོས་ཀུན་སྣང་བ་མ་འདྲེས་གསལ། །ཐེག་མཆོག་ཚུལ་མང་འཇུག་པའི་དོན། །འབྱུང་ཆེན་ཕྱི་ནང་མ་འགགས་པའི། །སྣང་བའི་ཡོན་ཏན་ཕྲིན་ལས་ཚོགས། །རིགས་ཀྱི་དཀྱིལ་འཁོར་ཀུན་འདུས་ཏེ། །ཀུན་ཏུ་བཟང་པོ་རོལ་སྟོན་དང་། །ཀུན་འདུས་བྱང་ཆུབ་སེམས་ཀྱི་གཞི། །སྟོང་པའི་རང་བཞིན་


DNG006_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོའི་མཁའ། །ནང་ལས་ཕྱི་རོལ་ཕྱི་རོལ་ནང་། །གཅིག་གིས་ཕྱོགས་ཀུན་ཇི་བཞིན་པར། །ཀུན་བཟང་ལས་བྱུང་ཀུན་བཟང་ཉིད། །སྒྱུ་མ་ཀུན་གྱི་སྒྱུ་མར་རོལ། །འོད་གསལ་ཐིག་ལེའི་རྒྱུ་འབྲས་དག །ཟུང་དུ་འཇུག་པའི་བདག་ཉིད་དོ། །ཐམས་ཅད་ཡེ་ཤེས་སངས་རྒྱས་པར། །ཁྱད་པར་བསྟན་པ་ཡེ་ཤེས་ཚུལ། །སྒྲ་རྒྱུན་བསམ་དོན་འདྲེལ་བའི་ཆོས། །བྱ་བ་རབ་ཏུ་རྟོག་པའི་སྒྲོན། །ཤེས་རབ་རྣམ་གསུམ་རྒྱུ་འབྲས་དོན། །ཐམས་ཅད་གཉིས་མེད་བདག་ཉིད་ཆེ། །རང་བཞིན་རྒྱུན་གྱི་ཡོན་ཏན་ལས། །ཆ་ཤས་སོ་སོར་བརྟགས་པས་དབེན། །གདམས་ངག་མངོན་སུམ་གནང་བ་ཡིས། །ཉམས་སུ་མྱོང་བ་སྐྱེ་བར་འགྱུར། །བསྟན་པར་ཡིད་ཆེས་མཐའ་བྲལ་བའི། །མ་འགགས་སྐུ་གསུམ་ཁྱབ་པའི་དངོས། །གང་དུ་བསྒྲུབ་པའི་ཕྱོགས་བྲལ་བའི། །དེ་དག་ཞེན་ཆགས་ཡུལ་ལས་འདས། །འདི་དག་ཡེ་ཤེས་ཆེན་པོའི་རྒྱ། །བྱང་ཆུབ་སེམས་ཉིད་རོལ་པའི་དབྱིངས། །གསང་སྔགས་ངོ་བོ་བརྟག་དཀའ་བ། །ཤེས་འཇུག་རྣམ་པའི་དོན་སྟོན་བྱེད། །རྣམ་ཤེས་བརྒྱད་རྟོགས་ཡེ་ཤེས་ཉིད། །སྤྲོས་པའི་དོན་འཇུག་ཚོགས་ཀུན་བྲལ། །དེ་བཞིན་ཉིད་དབྱིངས་རྟོགས་པ་ལས། །དམ་པའི་ཤེས་པ་སྐྱེ་བར་འགྱུར། །གང་གིས་གང་ལ་གང་ལྟར་འཇུག །དེ་དག་དེ་ཉིད་དེ་མཚུངས་ཆོས། །མེད་དང་ཡོད་རྟོགས་ཐ་སྙད་རྒྱུད། །ཇི་བཞིན་པ་ཡི་དོན་འཇུག་པའི། །དམ་པ་སངས་རྒྱས་དེ་བཞིན་ཉིད། །མི་རྟོག་དམིགས་པའི་མཐའ་ཡངས་པའི། །སྤྱི་ཉིད་སྣང་བཀོད་ནམ་མཁའི་ཆོས། །མི་རྟོག་འཇུག་པའི་ཡུལ་མ་ཡིན། །གཉིས་ཅན་གཉིས་སུ་མི་གནས་པའི། །སེམས་ཉིད་ཆོས་ཉིད་ལ་གནས་པའོ། །དེ་ལྟར་དེ་བཞིན་ཉིད་བཞག་པས། །དོན་གསལ་བྱང་ཆུབ་ཡན་ལག་སྒོ། །ཕྱི་རོལ་སྣང་སྲིད་སྨིག་རྒྱུའི་དངོས། །སྟོང་འཛིན་དྲན་གསལ་ཡུལ་ཀུན་གྲོལ། །ཕྱི་ནང་སྒྱུ་འཕྲུལ་རྣམ་པར་དབེན། །རྣམ་པར་སྣང་མཛད་རྒྱལ་བའི་དྲོད། །དེ་ལས་དེར་སྣང་རྣམ་པའི་ཆོས། །རྒྱན་ཉིད་རང་ལས་མི་གཞན་པ། །ཕ་རོལ་


DNG006_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པའི་ཆ་ཤས་རྫོགས། །ཀུན་ཏུ་བཟང་པོའི་མཚན་ཉིད་ཅན། །ཡོན་ཏན་མ་འགགས་སྒྲིབ་ཚོགས་བྲལ། །དུས་ཀུན་འགྱུར་བ་མེད་པའི་མཆོག །ཤིན་ཏུ་གོམས་པར་གྱུར་པའི་མཐུས། །ངོ་བོ་ཉིད་ཀྱི་ཆོ་འཕྲུལ་འགྱུར། །སྤྱོད་ལམ་མཉམ་ཉིད་ལས་འཇུག་པ། །ཟིན་ཆགས་ལྟ་བསྒོམ་འདྲེལ་བའི་རྒྱན། །ཐེག་པའི་བྱེ་བྲག་ཕྱི་ནང་གིས། །གོལ་སྒྲིབ་བྱང་ཆུབ་ཆེན་པོའི་ལམ། །དད་པའི་ལམ་ལ་གནས་པ་ཡིས། །མཚན་བཅས་རྣམ་པར་དཀར་བའི་ཆོས། །ལུས་ངག་འབད་པ་ལས་བྱུང་བས། །སེམས་ཉིད་ཟག་མེད་གནས་སྦྱོར་བྱ། །དོན་འཛིན་བསྟོད་པའི་སྟོང་པ་ཉིད། །སྣང་བ་རྣམ་པའི་རྒྱུན་ཉམས་པས། །ཐམས་ཅད་ཡུལ་ཀུན་སྤྱོད་བྱེད་པ། །དེས་ནི་དེ་ཉིད་འཆིང་བར་འགྱུར། །རང་རྒྱུད་ཉམས་ཀྱི་ཏིང་ངེ་འཛིན། །བསོད་ནམས་ཡེ་ཤེས་ཚོགས་འགྱུར་བའི། །གཟུང་བྲལ་མཐའ་ལས་རྣམ་གྲོལ་མཆོག །བྱ་བ་ཀུན་གྱིས་ཡང་དག་ཉིད། །གང་ཕྱིར་དངོས་ཀུན་མ་སྐྱེས་པས། །དེར་གནས་བྱ་བ་ཀུན་བྲལ་སྒོ། །སྤང་གཞི་དོར་བས་དགག་བསྒྲུབ་མེད། །གཞན་གྱི་གནས་ཀུན་སྟོབས་ཀྱིས་འཇུག །རྣལ་འབྱོར་ཆེན་པོའི་ཆོས་རྒྱུན་དུ། །ཟིན་པའི་ཡུལ་རྟོགས་གྲོལ་བའི་ཐབས། །གཉིས་སྤྱོད་གཉིས་སུ་མེད་པའི་གནས། །རིམ་གྱིས་ཅིག་ཆར་འབྱུང་བའི་ཆོས། །ཐེག་མཆོག་གཞན་ལས་འཕགས་པའི་དོན། །མི་དམིགས་ཏིང་འཛིན་ཡེ་ཤེས་རྒྱ། །བལྟ་བ་དགག་བསྒྲུབ་གཟའ་གཏད་མེད། །དཀྱིལ་འཁོར་བདག་སོགས་བཀོད་པ་མེད། །རང་རིག་བདེ་ཆེན་དབང་རྫོགས་པས། །དམ་ཚིག་གཉིས་མེད་ལྷུན་གྱིས་གྲུབ། །རྟག་ཏུ་རང་གི་དོན་བསྒྲུབ་ཅིང་། །ཡོན་ཏན་ཆོས་ཀུན་མ་འགགས་པས། །སྣ་ཚོགས་ཕྲིན་ལས་ཀུན་ཏུ་རོལ། །མཉམ་ཉིད་སྤྱོད་པའི་སྟོབས་མཆོག་དང་། །རང་སྣང་མཆོད་པའི་སྤྲིན་གྱིས་མཉེས། །དེ་དག་མཉམ་ཉིད་འབྲས་བུའི་ཚུལ། །རང་བཞིན་ལྷུན་གྲུབ་བདེ་བ་ཆེ། །ཡེ་ཤེས་ལྷུན་གྲུབ་ཟུང་འཇུག་གསལ། །བདག་ཉིད་ཆོས་ཀུན་འབྲས་བུའི་མཆོག །ལོངས་སྤྱོད་ཐམས་ཅད་རྫོགས་པའི་


DNG006_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ། །སྤྲུལ་པས་གནས་ཀུན་གསལ་བྱས་པའི། །ཐམས་ཅད་མཁྱེན་པའི་ལས་ཀུན་སྟོན། །རིགས་རྣམས་གཉིས་སུ་མེད་པར་སྒྲོལ། །ནམ་མཁའི་དཀྱིལ་འཁོར་འོད་གསལ་བའི། །སྒོ་རྣམས་རྒྱས་པའི་ཏིང་ངེ་འཛིན། །དབང་བཅུ་བསྙེལ་བ་མི་མངའི་ཆོས། །མ་འདྲེས་སྟོབས་བཅུ་མི་འཇིགས་བཞི། །ཡེ་ཤེས་གསལ་བའི་དཀྱིལ་འཁོར་ཚོགས། །བྱ་བ་ཆེན་པོའི་དོན་སྤྱོད་པའོ། །བྱ་མེད་རྩོལ་བ་ལས་འདས་པའི། །སངས་རྒྱས་ཀུན་གྱི་ཐེག་པའི་མཆོག །རྣལ་འབྱོར་དབང་ཕྱུག་དགོངས་པའི་དོན། །སྣ་ཚོགས་རང་བཞིན་མིག་ཉིད་ཀྱང་། །ཆ་ཤས་ཉིད་དུ་སྤྲོས་དང་བྲལ། །ཇི་བཞིན་པ་ཞེས་མི་རྟོག་པས། །རྣམ་པར་སྣང་མཛད་ཀུན་ཏུ་བཟང་། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་ལས། ཆོས་ཐམས་ཅད་དེ་ཁོ་ན་ཉིད་སྟོན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །དགའ་མགུ་དང་བས་མཆོད་བྱས་ནས། །ཕྱག་འཚལ་རྩེ་གཅིག་སྟོན་པ་མཆོག །ཀུན་བཟང་ལྷ་ལ་གསོལ་བ་འདེབས། །ཨེ་མ་ཧོ་དོན་ཆེན་གསང་བའི་རྒྱུད། །ཐམས་ཅད་ཡུལ་མིན་རྟོགས་དཀའ་བ། །བསྡུ་བ་གཏན་ལ་དབབ་པའི་ཚུལ། །དཔེ་བཅས་ཆོས་འབྱུང་ཚུལ་ཉིད་དོ། །དེ་དག་དགོངས་པའི་དོན་བཞིན་དུ། །བྱིན་རླབས་ཐུགས་ཀྱི་གསང་བ་མཆོག །རང་བཞིན་གནས་ཀྱི་ཕྱག་རྒྱ་ཆེ། །དོན་མཆོག་གསང་བའི་སྤྱོད་ཡུལ་ཉིད། །སྣ་ཚོགས་སྤྲོས་ཚིག་མ་བཤད་ཀྱང་། །ཆོས་ཀུན་དེ་བཞིན་ཉིད་ཀྱི་ངང་། །རྣལ་འབྱོར་བློ་མཆོག་འཇུག་དོན་དུ། །ཡི་གེ་བརྡ་དོན་རྣམ་པ་གསུམ། །ཡེ་ནས་གནས་པ་དེ་བཞིན་ཉིད། །རྣམ་པར་འཇུག་པའི་དེ་བཞིན་ཉིད། །རང་བཞིན་གསལ་བའི་དེ་བཞིན་ཉིད། །གཅིག་གི་གཅིག་དོན་གསལ་བར་བྱེད། །ངོ་མཚར་དོན་ཀུན་རྨད་བྱུང་བའི། །མི་ཚོགས་རྒྱ་མཚོའི་གནས་བགྲོད་པ། །དགོངས་པའི་དངོས་འཇུག་ཐམས་ཅད་བདག །ཐུན་མོང་ཁྱད་པར་སྣ་ཚོགས་པའི། །བཅོམ་ལྡན་ཡོན་ཏན་བསྔགས་པའི་གནས། །བྱང་ཆུབ་སེམས་དབྱིངས་


DNG006_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་གཞི། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱོད། །སྐལ་ལྡན་འདབ་ཆགས་ཁུ་བྱུག་མཆོག །རིག་བྱེད་སྣང་བའི་རྒྱན་དུ་སྟོན་པ་ནི། །རྫོགས་པ་ཆེན་པོའི་ཆོས་ཉིད་ལས། །བྱང་ཆུབ་སེམས་དཔའི་བཅུད་རྫོགས་པས། །བཀྲ་ཤིས་མི་འགྱུར་གསལ་བར་གནས། །དཔེ་ཡིས་དགོངས་དོན་གསལ་བྱེད་ཅིང་། །དེས་ནི་སངས་རྒྱས་རྣམ་པར་འབྱེད། །རྒྱ་མཚོའི་ཁམས་ལས་ཀུན་གྱི་རྗེ། །རང་བཞིན་དབྱེར་མེད་གནས་པའི་ཆོས། །རིགས་གཙང་གདངས་སྙན་སྐྱོན་མེད་པའི། །ཆ་ཤས་སྤྲོས་བྲལ་དམིགས་པའི་ཐབས། །ལྷུན་གྲུབ་རིགས་མཚུངས་མི་འགྱུར་བའི། །རྩེ་གཅིག་བསྟན་པས་འཇུག་བྱེད་གནས། །དུས་བཞིན་འབྱུང་བ་མི་འདོར་བས། །གསལ་བའི་ཡོན་ཏན་མ་འགགས་པའོ། །དུབ་པ་དབུགས་འབྱིན་མཁའ་བསྐྱོད་བརྩོན། །གྲོལ་བྱེད་དོན་བཞིན་འཕགས་པ་ཡི། །ལས་ཀུན་ཕུན་སུམ་ཚོགས་པའི་གཞི། །འབྲས་བུ་བྱ་བ་སྤངས་པའི་ཆོས། །དེ་དག་ཁྱད་པར་མཚན་ཉིད་ཀྱིས། །གསང་བ་བླ་ན་མེད་པའི་རྒྱུད། །དུས་གཞན་རྣལ་འབྱོར་རྣལ་འབྱོར་ཆེ། །ཐམས་ཅད་གསང་སྔགས་ཐེག་པའི་དོན། །དེ་ཉིད་སྙིང་པོ་བྱང་ཆུབ་སེམས། །བདག་གཞན་ངོ་བོ་ལས་སྐྱེས་པ། །གཅིག་ལས་དུ་མར་འཆར་བ་དང་། །དུ་མ་གཅིག་ཏུ་སྣང་བའི་དངོས། །ཉི་མ་མར་མེའི་ཆོས་བཞིན་དུ། །གཞི་རྩ་མེད་དེ་ཀུན་གསལ་བའོ། །དེའི་ཕྱིར་ཐམས་ཅད་འབྲས་བུའི་ཆོས། །ཡེ་ཤེས་ཡང་དག་རྣམ་པར་རྒྱལ། །དོན་ཀུན་འབྱུང་བའི་དཀྱིལ་འཁོར་ཆེ། །མ་བཙལ་ལྷུན་གྱིས་རྒྱུད་ཚོགས་སྟོན། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་ལས། ཆོས་ཐམས་ཅད་སྒྲུབ་པར་བྱེད་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་རིགས་མཆོག་སངས་རྒྱས་ཀྱིས། །བསྟན་པའི་རྒྱུད་ནི་གསལ་བའི་ཚེ། །ཇི་སྙེད་འདུས་པ་རྣམ་གྲོལ་ཆོས། །བྱིན་རླབས་སྣང་ཆེར་འཕགས་པ་ཡིས། །རང་གི་ངོ་བོས་དོན་སྟོན་པ། །ཐམས་ཅད་ཉི་ཟླའི་དཀྱིལ་འཁོར་བཞིན། །མ་ལུས་རྒྱུན་ཆེད་ཀུན་འདུས་པ། །


DNG006_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཟུང་། །གཉིས་མེད་ཡེ་ཤེས་ཚུལ་རྒྱུན་འདྲེལ། །དོན་འདི་ཀུན་ཏུ་སྣང་བྱེད་ལ། །ཐབས་དང་ཤེས་རབ་གཉིས་མེད་པའི། །གསང་བ་རྒྱ་མཚོ་ཀུན་གྱི་གནས། །དེ་དག་དགའ་དང་དང་བའི་ཤུགས། །ཡང་དང་ཡང་དུ་ཕྱག་འཚལ་འདུད། །མཆོད་པ་རྒྱ་ཆེན་རྣམ་བཀོད་པ། །མ་ལུས་མཉེས་པ་ཆེན་པོར་སྦྱོར། །དམ་ཚིག་ཆེན་པོ་གསང་སྔགས་ཆེ། །གསང་བའི་སྒོ་ཀུན་གཡོ་བའི་ཚུལ། །རྒྱལ་བའི་བཀའ་གཞན་གཟུང་བྱེད་ཅིང་། །དམ་པའི་ཡི་གེ་རྣམ་གསུམ་བསྲེལ། །རྒྱལ་བ་ཐམས་ཅད་མཁྱེན་པའི་གཙོ། །བཀྲ་ཤིས་ཡི་གེ་བཟང་པོའི་གནས། །དོན་ཀུན་ཕྱག་རྒྱའི་ཚོགས་བཅས་སྟོན། །རྣམ་གྲོལ་ཡེ་ཤེས་འགྱུར་བ་མེད། །ཐབས་མཆོག་རིགས་ཀུན་གྲངས་མེད་བཞིན། །བྱང་ཆུབ་སེམས་ཉིད་བསྟོད་པའི་གནས། །རྟག་ཏུ་རང་གི་གནས་ལོངས་སྤྱོད། །སྤྲུལ་པ་གྲངས་མེད་ཀུན་གཟུགས་མཆོག །ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་། །ཁྱོད་ཀྱི་མཚན་ཉིད་མཚོན་པར་དཀའ། །རྟོགས་པས་ཐམས་ཅད་གྲོལ་བའི་འབྲས། །རྡོ་རྗེ་ནམ་མཁའི་མཚན་ཉིད་ཅན། །བསྟོད་པ་ཀུན་ཏུ་ཞི་བའི་ཕྱིར། །བདེ་གཤེགས་ཡོན་ཏན་བསྔགས་པའི་མཆོག །དོན་རབ་འབྱེད་པའི་གསལ་བ་ཡིས། །རང་བཞིན་དཀྱིལ་འཁོར་སྟོན་པར་བྱེད། །ཚོགས་བྲལ་རྡོ་རྗེ་གསང་བའི་སྔགས། །ནམ་མཁའི་མཐའ་བཞིན་བརྗོད་པའི་ཚུལ། །མཚན་རབ་དཔག་པར་དཀའ་བའི་མཆོག །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་ལས། བསྟན་པ་གཏད་ཅིང་རྗེས་སུ་བསྟོད་པའི་ལེའུ་སྟེ་བཅུ་པའོ།། །། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་གཡུ་སྒྲ་སྙིང་པོས་བསྒྱུར་བའི་འགྲེལ་པ་དང་བཅས་པར་བཤད་པའོ། །བར་འདིར་ཐིག་ལེ་རྒྱ་མཚོར་གནས་པ་འཇུག་པའི་རྒྱུད་དང་། བང་མཛོད་འཕྲུལ་གྱི་ལྡེ་མིག་ལེའུ་མེད་པ་འཛུད།

བྱང་ཆུབ་སེམས་ཀྱི་མན་ངག་རིན་པོ་ཆེའི་ཕྲེང་བ་བང་མཛོད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ།


DNG006_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཨུ་པ་དེ་ཤ་རཏྣ་མཱ་ལཱ། པེ་ཊ་ཀ་ཀོ་ཥ་ཀུཉྩི་ཀཱ་ནཱ་མ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་མན་ངག་རིན་པོ་ཆེའི་ཕྲེང་བ་བང་མཛོད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།འོག་མིན་གྱི་གནས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། མཁའ་ཀློང་ཡངས་པའི་གནས། རྒྱ་ཡོངས་སུ་མ་ཆད་པ་ན། བཅོམ་ལྡན་འདས་གསང་བའི་བདག་པོ་དེས། འཁོར་སངས་རྒྱས་དང་སེམས་ཅན་ཡི་དྭགས་དང་། འདྲེ་སྲིན་ལ་སོགས་པ་འབྱེད་པ་མེད་པའི་འཁོར་གྱིས་བསྐོར་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པར་འགྲེལ་ཅིང་། དུས་གསུམ་དུ་ཅི་བཞིན་པར་བཞུགས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་ལ་སོགས་པ་འདུས་པའི་འཁོར་ཚོགས་རྣམས། དང་བའི་སེམས་ཀྱིས་ལུས་བཏུད་དེ། དགའ་བའི་མདངས་ཕྱུང་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་ཅང་མི་སྨྲ་བར་འཁོད་དོ། །གསང་བའི་བདག་པོས་འཁོད་པ་མཁྱེན་ནས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཁྱོད་ལ་སོགས་པའི་འཁོར་རྣམས་ཀྱིས། །དད་པའི་སེམས་ཀྱིས་ལུས་བཏུད་དེ། །དགའ་བའི་མདངས་ཀྱིས་འཁོད་པ་དེ། །འདོད་པའི་དོན་ནི་སྒོ་སོལ་ཅིག །ཅེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ནས། གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཞེས་གསོལ་ཏོ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཉིད་དོན་གྱི་ངོ་བོ་དེ། །ཚིག་དང་ཡི་གེ་ལས་འདས་ཤིང་། །བརྗོད་པས་ཐོག་ཏུ་མི་ཕེབ་སྟེ། །རང་གི་ངོ་བོ་བརྗོད་མེད་ཀྱང་། །མཐུན་པའི་ཚིག་གིས་མ་མཚོན་ན། །དོན་གྱི་ངོ་བོ་རྟོགས་མི་འགྱུར། །ཆོས་རྣམས་ཐམས་ཅད་བརྡར་བསྟན་གྱིས། །ཡིད་ཀྱི་དབང་པོ་རྣ་བར་ཆུག །རྣ་བའི་དབང་པོས་སྒྲ་ལ་ཉོན། །དཔེར་ན་མེ་ཉིད་འདོད་པས་ཀྱང་། །མེ་འདོད་ཚིག་ཏུ་མ་བརྗོད་ན། །མེ་དང་འཕྲད་པ་ཤིན་ཏུ་དཀའ། །མེ་འདོད་ཚིག་ཏུ་བརྗོད་པས་ན། །མེ་དང་འཕྲད་པར་


DNG006_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་མེད། །དེ་བཞིན་ཆོས་ཉིད་རྟོགས་འདོད་པས། །རང་བཞིན་མེད་པའི་ཆོས་ཉིད་ལ། །རང་བཞིན་མེད་པས་མཚོན་ཏེ་བསྟན། །བརྗོད་མེད་པ་ཡི་ཆོས་ཉིད་དེ། །བརྗོད་མེད་ཚིག་གིས་མཚོན་ཏེ་བསྟན། །དམིགས་སུ་མེད་པའི་ཆོས་ཉིད་དེ། །དམིགས་མེད་ཚིག་གིས་མཚོན་ཏེ་བསྟན། །ནམ་མཁའ་ལྟ་བུའི་ཆོས་ཉིད་དེ། །ནམ་མཁའི་དཔེ་ཡིས་མཚོན་ཏེ་བསྟན། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེ་མིག་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་ཉིད་རང་གི་ངོ་བོ་དེ། །མ་བཤད་གོ་བར་མི་འགྱུར་ཏེ། །དེ་ཡི་བཤད་ལུགས་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །མན་ངག་དོན་གྱི་བཤད་ལུགས་ནི། །དོན་གྱི་བཤད་ལུགས་ལྔ་ཡིས་བཤད། །ལོ་རྒྱུས་དོན་གྱིས་བཤད་ལུགས་དང་། །རྩ་བའི་དོན་གྱིས་བཤད་ལུགས་དང་། །ཡོ་གའི་དོན་གྱིས་བཤད་ལུགས་དང་། །དགོས་ཆེད་དོན་གྱིས་བཤད་ལུགས་དང་། །ཚིག་གི་དོན་དང་ལྔ་ཡིས་བཤད། །ཅེས་གསུངས་སོ། །ཡང་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །གཏན་ཚིགས་དོན་གྱི་བཤད་ལུགས་ལྔས། །མ་བཤད་སྐྱོན་ནི་ཅི་ལྟར་ལགས། །བཤད་པའི་ཡོན་ཏན་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །ཞེས་ཞུས་སོ། །གསང་བའི་བདག་པོས་གསུངས་པ། །ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལོ་རྒྱུས་དོན་གྱིས་མ་བཤད་ན། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །རྩ་བའི་དོན་གྱིས་མ་བཤད་ན། །ཆོས་རྣམས་སེམས་སུ་མི་འདུ་བས། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་གའི་དོན་གྱིས་མ་བཤད་ན། །ཐེག་པའི་ཤན་ཐང་མི་ཕྱེད་པས། །ཁྱད་མི་ཕྱེད་པའི་སྐྱོན་དུ་འགྱུར། །དགོས་ཆེད་དོན་གྱིས་མ་བཤད་ན། །རྩོལ་བསྒྲུབ་བྱ་བཙལ་མ་བྱས་པར། །སངས་རྒྱས་ས་ལ་དོན་མེད་འགྱུར། །ཚིག་གི་དོན་གྱིས་མ་བཤད་ན། །ཚིག་དང་དོན་དུ་མི་བསྡེབ་པས། །འབྲུ་མི་ཆོམ་པའི་སྐྱོན་དུ་འགྱུར། །དེ་བཟློག་བཤད་པའི་ཡོན་ཏན་ཡིན། །


DNG006_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །ཡང་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ལོ་རྒྱུས་དོན་གྱིས་ཅི་ལྟར་བཤད། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། །སེམས་དཔའ་ཆེན་པོ་ཉོན་ཅིག །ལོ་རྒྱུས་དོན་གྱིས་བཤད་པ་ལ། །ཆོས་ཀྱི་སྐུ་ཡི་བཤད་ལུགས་ནི། །ངེས་པའི་དོན་ལ་དགོངས་ནས་སུ། །མི་རྟོག་ཐུགས་ཀྱི་སྒོ་ནས་ནི། །བྱིན་གྱི་རླབས་ཀྱིས་བཤད་པ་ཡིན། །དེ་ཡང་ཅི་ལྟར་བཤད་ཅེ་ན། །ཀུན་ཏུ་བཟང་པོས་ཆོས་ཀྱི་དབྱིངས་ནས་བཤད། །རྡོ་རྗེ་སེམས་དཔས་ནམ་མཁའི་དཀྱིལ་ནས་མཉན། །རྡོ་རྗེ་སེམས་དཔས་ནམ་མཁའི་དཀྱིལ་ནས་བཤད། །དགའ་རབ་རྡོ་རྗེས་རི་རབ་རྩེ་ནས་མཉན། །དགའ་རབ་རྡོ་རྗེས་རི་རབ་རྩེ་ནས་བཤད། །འཇམ་དཔལ་བཤེས་གཉེན་རི་རབ་སྐེད་ནས་མཉན། །འཇམ་དཔལ་བཤེས་གཉེན་རི་རབ་སྐེད་ནས་བཤད། །དགའ་བོ་འཇོག་པོས་རྒྱ་མཚོའི་གཏིང་ནས་མཉན། །མཉན་ནས་ཐོས་པ་མ་ཡིན་ཏེ། །བྱིན་གྱི་རླབས་ཀྱིས་གོ་བར་ཟད། །བྱིན་གྱི་རླབས་ཀྱིས་བཤད་ཅེས་དེ་ལ་བྱ། །ལོངས་སྤྱོད་རྫོགས་པའི་བཤད་ལུགས་ནི། །རང་གི་ངོ་བོས་བཤད་པ་སྟེ། །ལྡེམ་དགོངས་དོན་ལ་དགོངས་ནས་ནི། །མཚན་དང་ལྡན་པ་སྐུའི་སྒོ་ནས། །དེ་བཞིན་གསུང་མཆོག་མི་སྨྲ་ཡང་། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །འབྱུང་ཆེན་བརྒྱན་པའི་སྐུ་ལྔས་ཀྱང་། །ཚིག་དང་ཡི་གེར་མི་སྨྲ་སྟེ། །རང་གི་ངོ་བོས་ཆོས་སྟོན་པ། །བདག་ཏུ་མི་རྟོག་གཞན་མི་རྟོག །རང་སྣང་ངོ་བོས་ཆོས་སྟོན་ཏོ། །སྤྲུལ་པའི་སྐུ་ཡིས་བཤད་ལུགས་ནི། །རིག་བྱེད་གསུང་གི་སྒོ་ནས་ནི། །བཀྲི་བའི་དོན་ལ་དགོངས་ནས་ནི། །ཚིག་དང་ཡི་གེར་བསྡེབས་ཏེ་བཤད། །དེ་ཡང་ཅི་ལྟར་བཤད་ཅེ་ན། །ཁྱུང་ཆེན་ནམ་མཁར་ལྡིང་བའི་བློས། །དོན་གྱི་སྤྱི་ཁོག་ཕུབ་སྟེ་བཤད། །སྟག་མོའི་མཆོང་སྟབས་ལྟ་བུའི་བློས། །དོན་གྱི་ས་བཅད་བྱས་ཏེ་བཤད། །རུས་སྦལ་ནུར་འགྲོས་ལྟ་བུའི་བློས། །ཡི་གེའི་འབྲུ་ནི་ཚོམས་པར་བཤད། །ནམ་མཁའ་ཀློང་ཡངས་ལྟ་བུའི་བློས། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །བརྡལ་ཁྱབ་ཆེན་པོའི་ངོ་བོར་བཤད། །རྒྱ་མཚོ་གཏིང་ཟབ་ལྟ་བུའི་


DNG006_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བློས། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །ཟབ་ཅིང་གཏིང་དཔག་དཀའ་བར་བཤད། །སེང་གེའི་གདངས་སྐད་ལྟ་བུའི་བློས། །ཐེག་དམན་ཟིལ་གྱིས་མནན་ཏེ་བཤད། །མུ་ཏིག་བསྟར་བརྒྱུས་ལྟ་བུའི་བློས། །མན་ངག་ཁྲིགས་སུ་བསྡེབས་ནས་བཤད། །གན་འུ་བྲག་འཛེགས་ལྟ་བུའི་བློས། །མི་འཚམས་པ་ནི་འཚམ་པར་བཤད། །རིག་པ་སྒུམ་ཐུན་ལྟ་བུའི་བློས། །བསྒོམ་པའི་དམིགས་ནི་བཙལ་ཏེ་བཤད། །རྒྱལ་པོའི་བང་མཛོད་ལྟ་བུའི་བློས། །དགོས་དགུ་རང་ལ་ཚང་བར་བཤད། །ངང་མོ་གཞིབ་འགྲོས་ལྟ་བུའི་བློས། །སྔ་ཕྱིའི་ཚིག་གི་དོན་འགྲེལ་བཤད། །ཕོ་རོག་སོ་རྟོག་ལྟ་བུའི་བློས། །གོལ་སྒྲིབ་གདར་ཤ་བཅད་ནས་བཤད། །སྤུ་གྲི་སོ་འདེབས་ལྟ་བུའི་བློས། །ཐེག་པའི་ཤན་ཐང་ཕྱེས་ཏེ་བཤད། །གླང་ཆེན་ཆུར་འཇུག་ལྟ་བུའི་བློས། །སྤྱོད་པ་བླང་དོར་མེད་པར་བཤད། །མི་སྐྱོལ་བར་ཡང་མི་བཤད་ཅིང་། །ཐལ་དྲགས་པར་ཡང་བཤད་མི་བྱ། །ཞེས་གསུངས་སོ། །ཡང་གསོལ་པ། སྟོན་པའི་འཆད་སྟངས་དེ་ལྟར་ན། །ཉན་པའི་དབང་དུ་ཇི་ལྟར་བྱ། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །དབང་པོ་ཡང་རབ་གྱུར་པ་ཡི། །ཤེས་རབ་ཅན་ལ་འཆད་ཙམ་ན། །རྒྱུད་དང་ལུང་དང་མན་ངག་གསུམ། །དོན་གྱི་སྤྱི་ཁོག་ཕུབ་སྟེ་བཤད། །ཆོས་ཉིད་ཉམས་སུ་ལེན་པ་ཡི། །རྣལ་འབྱོར་པ་ལ་འཆད་ཙམ་ན། །ལྟ་བསྒོམ་སྤྱོད་པ་འབྲས་བུ་བཞི། །རང་རང་མཚན་ཉིད་ངོས་བཟུང་ནས། །རྒྱལ་བའི་ལུང་དང་ངོ་སྤྲད་དེ། །བྱང་ཆུབ་སེམས་དང་དོན་སྦྱར་ནས། །དགོངས་པ་མཆོག་བསྡེབ་དག་ཏུ་བཤད། །དགོངས་མཆོག་སྡེབ་པ་དྲུག་ཏུ་ཡང་། །ཐུན་མོང་ཚོགས་ལ་བཤད་ཙམ་ན། །དཀྱུས་འགྲོས་བསྲང་ཞིང་ཚིག་འབྲུ་གཉེར། །ཁྱད་པར་སློབ་མར་ཁྲིད་ཙམ་ན། །མན་ངག་གནང་བསྡེབ་ཁྲིགས་སུ་བཤད། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། བྱང་ཆུབ་སེམས་བཤད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། །རང་སེམས་བླ་མར་སྣང་བའི་དོན། །དེ་དོན་བདག་ལ་བསྟན་དུ་གསོལ། །


DNG006_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་བདག་པོས་གསུངས་པ། །རང་སེམས་བླ་མར་སྣང་བ་ལ། །དེ་ལ་རྣམ་པ་གསུམ་ཡོད་དེ། །སེམས་ཉིད་རྒྱུ་ཡི་བླ་མ་དང་། །འབྲས་བུ་སེམས་ཀྱི་བླ་མ་དང་། །རང་སྣང་ཆོས་ཀྱི་བླ་མའོ། །སེམས་ཉིད་རྒྱུ་ཡི་བླ་མ་ནི། །རྟོག་གེ་སྒམ་པོ་རིགས་ཆད་པ། །ལོག་སྲེད་ཅན་ནི་མ་ཡིན་ཏེ། །རྟོག་པ་ཡེ་ཤེས་བློ་དམན་གྱི། །འཁོར་འདས་གཉིས་ལ་བརྟགས་བྱས་པས། །བདེ་དང་སྡུག་བསྔལ་གཉིས་སུ་མཐོང་། །བདེ་སྡུག་གཉིས་ལ་བརྟགས་བྱས་པས། །དགེ་སྡིག་གཉིས་ལས་བྱུང་བར་དྲན། །དྲན་པའི་སེམས་ཀྱིས་དད་པ་བསྐུལ། །དད་པའི་སེམས་ཀྱིས་བརྩོན་འགྲུས་བསྐུལ། །བརྩོན་འགྲུས་ཆེན་པོའི་བླ་མ་དེས། །ཤེས་རབ་རྣམ་གསུམ་བློ་བྱས་ཏེ། །ཏིང་འཛིན་དོན་ལ་ནན་ཏན་བསྒོམ། །ཏིང་འཛིན་མཐུ་བརྟས་ཡེ་ཤེས་རྒྱས། །ཡེ་ཤེས་མངོན་གྱུར་ཆོས་ཀྱི་སྐུ། །དེ་ལས་གཟུགས་སྐུ་རྣམ་པ་གཉིས། །ཉི་ཟླའི་འོད་དང་གཟུགས་བརྙན་བཞིན། །ཐོགས་པ་མེད་པར་ཤུགས་ཀྱིས་འབྱུང་། །བསྟན་པ་ཐེག་པ་དགུར་བཀོད་ནས། །གང་འཐད་ཡུལ་ལ་འདེབས་སུ་གཞུག །འབྲས་བུ་སེམས་ཀྱི་བླ་མ་ནི། །ཤེས་པ་སོ་མ་མ་བཅོས་པ། །འབྲས་བུ་རང་སྣང་སྐུ་གསུམ་ཚུལ། །རང་བཞིན་ཆོས་ཀྱི་སྐུ་རུ་སྣང་། །ངོ་བོ་ལོངས་སྤྱོད་རྫོགས་སྐུར་སྣང་། །ཐུགས་རྗེ་སྤྲུལ་པའི་སྐུ་རུ་སྣང་། །སེམས་རྒྱུད་གཅིག་གི་ངོ་བོ་ལ། །སྟོན་པ་སྐུ་གསུམ་རང་བཞིན་གནས། །རང་སྣང་ཆོས་ཀྱི་བླ་མ་ནི། །འབྱུང་ཆེན་ལྔ་ཡི་བླ་མ་དང་། །འདོད་ཡོན་ལྔ་སོགས་བླ་མ་ཡིས། །ཚིག་དང་ཡི་གེས་མི་སྟོན་པར། །རང་གི་ངོ་བོས་ཆོས་སྟོན་པ། །བདག་གཞན་གཉིས་སུ་མི་རྟོག་པ། །རང་སྣང་ངོ་བོས་ཆོས་སྟོན་ཏོ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རང་སེམས་སྟོན་པ་འབྱུང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །སྦས་པ་གབ་པའི་དོན་ཅི་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། །ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཅན་མཚན་མ་རྒྱ་མཚོའི་ཀློང་དཀྱིལ་ན། །ཆོས་ཉིད་གསེར་གྱི་


DNG006_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཉ་མོ་གབ་ནས་བག་ལ་ཉལ། །ཀུན་རྫོབ་སྒྱུ་མ་རྒྱ་མཚོའི་ཀློང་དཀྱིལ་ན། །དོན་དམ་གསེར་གྱི་ཉ་མོ་གབ་ནས་བག་ལ་ཉལ། །འཁོར་བ་རྒྱ་མཚོ་སེམས་ཀྱི་ཀློང་དཀྱིལ་ན། །སངས་རྒྱས་གསེར་གྱི་ཉ་མོ་གབ་ནས་བག་ལ་ཉལ། །འགྲོ་དྲུག་སྡུག་བསྔལ་རྒྱ་མཚོའི་ཀློང་དཀྱིལ་ན། །བདེ་ཆེན་གསེར་གྱི་ཉ་མོ་གབ་ནས་བག་ལ་ཉལ། །མ་རིག་འཁྲུལ་པའི་རྒྱ་མཚོའི་ཀློང་དཀྱིལ་ན། །ཡེ་ཤེས་གསེར་གྱི་ཉ་མོ་གབ་ནས་བག་ལ་ཉལ། །རྒྱལ་བའི་མདོ་རྒྱུད་རྒྱ་མཚོའི་ཀློང་དཀྱིལ་ན། །དགོངས་པ་གསེར་གྱི་ཉ་མོ་གབ་ནས་བག་ལ་ཉལ། །རྡོ་རྗེ་སློབ་དཔོན་ཐུགས་ཀྱི་ཀློང་དཀྱིལ་ན། །གདམས་ངག་གསེར་གྱི་ཉ་མོ་གབ་ནས་བག་ལ་ཉལ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། གསེར་གྱི་ཉ་མོ་གབ་ནས་བག་ལ་ཉལ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །གབ་པ་ངོས་བཟུང་ཅི་ལྟར་བཟུང་། །གསང་བའི་བདག་པོས་བསྟན་ཏུ་གསོལ། །གསང་བའི་བདག་པོས་བསྟན་པ། ཆོས་ཅན་མཚན་མར་སྣང་བ་ལ། །ཆོས་ཉིད་ངོ་བོ་གབ་པ་ནི། །དཔེར་ན་འཇའ་ཚོན་ཆུ་ཟླ་འདྲ། །ཀུན་རྫོབ་སྒྱུ་མའི་བདེ་བ་ལ། །དོན་དམ་བདེ་བ་གབ་པ་ནི། །དཔེར་ན་རྨི་ལམ་གཟུགས་དང་འདྲ། །ཁམས་གསུམ་འཁོར་བའི་སེམས་ཅན་ལ། །དུས་གསུམ་སངས་རྒྱས་གབ་པ་ནི། །དཔེར་ན་མར་དང་འོ་མ་འདྲ། །ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ། །བདེ་བ་ཆེན་པོ་གབ་པ་ནི། །དཔེར་ན་དུག་དང་དུག་སྨན་འདྲ། །མ་རིག་པ་ཡི་འཁྲུལ་རྟོག་ལ། །རང་བྱུང་ཡེ་ཤེས་གབ་པ་ནི། །རིན་ཆེན་འདམ་གྱིས་གཡོགས་པ་འདྲ། །རྒྱལ་བས་གསུངས་པའི་མདོ་རྒྱུད་ལ། །དགོངས་པ་ཟབ་མོ་གབ་པ་ནི། །དཔེར་ན་མེ་ཤེལ་ཆུ་ཤེལ་འདྲ། །བླ་མ་རྡོ་རྗེའི་ཐུགས་མཛོད་ལ། །གདམས་ངག་ཟབ་མོ་གབ་པ་ནི། །བུམ་པའི་ནང་གི་མར་མེ་འདྲ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། གབ་པ་ངོས་བཟུང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་ཡང་གསོལ་པ། ཀྱེ་ཀྱེ་


DNG006_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་བདག་པོ་ལགས། །རྩ་བའི་དོན་ནི་ཅི་ལྟར་བཤད། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །ཡོད་ནི་གཅིག་ལས་མེད་པ་ལ། །བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང་། །ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ། །བསྟན་ནི་ཐེག་པ་དགུ་རུ་བསྟན། །འདུས་ནི་བྱང་ཆུབ་སེམས་སུ་འདུས། །ཡིན་ནི་ཆོས་ཀྱི་སྐུ་ཡིན་ཏེ། །བསྟན་དུ་མེད་པས་དངོས་པོ་མེད། །གཟུང་དུ་མེད་པའི་ཡུལ་ལས་འདས། །མཚོན་དུ་མཚུངས་པ་གང་ཡང་མེད། །ཅེས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྩ་བ་དོན་གྱི་བཤད་ལུགས་ཀྱི་ལེའུ་སྟེ་དྲུག་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཡོ་གའི་དོན་ནི་ཅི་ལྟར་བཤད། །རྣལ་འབྱོར་བཞི་ཡི་བྱེ་བྲག་ཅི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཡུལ་དང་དབང་པོ་རྣམ་པར་མི་རྟོག་སེམས། །དེ་ནི་སེམས་དཔའི་རྣལ་འབྱོར་ཡིན། །བྱང་ཆུབ་ཡན་ལག་ཆོ་འཕྲུལ་འབྱིན་པ་ནི། །དེ་ནི་རྣལ་འབྱོར་ཆེན་པོ་ཡིན། །ཕྱག་རྒྱ་བཞི་དང་ལྡན་པ་ནི། །དེ་ནི་ཡོངས་སུ་རྣལ་འབྱོར་ཡིན། །ཡེ་ཤེས་དམ་ཚིག་རང་བཞིན་མེད་བལྟ་བ། །དེ་ནི་ཤིན་ཏུ་རྣལ་འབྱོར་ཡིན། །ཞེས་གསུངས་སོ། །ཡང་གསུངས་པ། རང་རྒྱུད་དག་པའི་ཡེ་ཤེས་དེ་ནི་སེམས་དཔའི་རྣལ་འབྱོར་ཡིན། །ཏིང་འཛིན་རྣམ་གསུམ་རིམ་གྱིས་སུས་བསྒོམ་པ། །དེ་ནི་རྣལ་འབྱོར་ཆེན་པོ་ཡིན། །བསྙེན་བསྒྲུབ་བཞི་ཡི་འཕྲོ་འདུ་རྫོགས་བྱེད་པ། །དེ་ནི་ཡོངས་སུ་རྣལ་འབྱོར་ཡིན། །སརྦ་བདག་ཉིད་ཆེན་པོར་བལྟ་བ་ནི། །དེ་ནི་ཤིན་ཏུ་རྣལ་འབྱོར་ཡིན། །ཞེས་གསུངས་སོ། །ཡང་གསུངས་པ། ཏིང་འཛིན་རྣམ་གསུམ་རིམ་གྱིས་མི་བསྒོམ་པར། །རང་རྒྱུད་དག་པས་ཡེ་ཤེས་བལྟ་བྱེད་པ། །དེ་ནི་སེམས་དཔའི་རྣལ་འབྱོར་ཡིན། །ཡབ་ཡུམ་ཐབས་དང་ཤེས་རབ་མི་བསྒོམ་པར། །སྙིང་པོ་ཙམ་གྱིས་དཀྱིལ་འཁོར་རྫོགས་བྱེད་པ། །དེ་ནི་རྣལ་འབྱོར་ཆེན་པོ་ཡིན། །རྒྱུ་དབྱིངས་འབྲས་བུ་ཡེ་ཤེས་ལྟ་བྱེད་པ། །དེ་ནི་ཡོངས་སུ་རྣལ་འབྱོར་ཡིན། །དབྱིངས་དང་ཡེ་ཤེས་གཉིས་མེད་པ། །དེ་ནི་ཤིན་ཏུ་


DNG006_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ཡིན། །ཞེས་གསུངས་སོ། །ཡང་གསུངས་པ། བླང་དོར་མེད་པའི་བྱང་ཆུབ་སེམས། །དེ་ནི་སེམས་དཔའི་རྣལ་འབྱོར་ཡིན། །རྩོལ་བསྒྲུབ་འདས་པའི་བྱང་ཆུབ་སེམས། །དེ་ནི་རྣལ་འབྱོར་ཆེན་པོ་ཡིན། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །དེ་ནི་ཡོངས་སུ་རྣལ་འབྱོར་ཡིན། །སྒྲོ་སྐུར་འདས་པའི་བྱང་ཆུབ་སེམས། །དེ་ནི་ཤིན་ཏུ་རྣལ་འབྱོར་ཡིན། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཡོ་གའི་དོན་གྱི་བཤད་ལུགས་ལས། རྣལ་འབྱོར་རྣམ་བཞིའི་བྱེ་བྲག་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དངོས་དང་བསམ་གྱི་བྱེ་བྲག་ཅི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བརྟགས་པ་ཐམས་ཅད་བློ་ཡིས་བརྟགས། །བཟུང་བ་ཐམས་ཅད་བློ་ཡིས་བཟུང་། །ཕྱེ་བ་ཐམས་ཅད་བློ་ཡིས་ཕྱེ། །བརྗོད་པ་ཐམས་ཅད་བློ་ཡིས་བརྗོད། །སྣང་བ་ཐམས་ཅད་བློ་ལ་སྣང་། །གྲུབ་པ་ཐམས་ཅད་བློ་ལས་གྲུབ། །སྐུ་དང་ཡེ་ཤེས་དོན་དམ་བདེན། །བསམ་དབང་ཕྱོགས་ན་གྲགས་པ་ལས། །དངོས་དབང་ཕྱོགས་ན་དེ་མི་གྲག །ཅི་སྣང་ཅི་སྲིད་ཐམས་ཅད་ཀུན། །བསམ་དབང་འཁྲུལ་པའི་ངོས་ལ་སྣང་། །སངས་རྒྱས་སྐུ་དང་ཡེ་ཤེས་དང་། །སེམས་ཅན་ལུས་དང་བག་ཆགས་ནི། །འཁྲུལ་པ་རང་གི་ངོ་བོ་ཡིན། །དེ་བརྟགས་བློ་ལ་སྣང་བ་ནི། །འཁྲུལ་པ་འཁྲུལ་ནས་འཁྲུལ་པའི་ཡུལ་དུ་སྣང་། །ཐོ་མི་ཐག་སྦྲུལ་སྨིག་རྒྱུ་ཆུར། །ལོག་པའི་ཀུན་རྫོབ་གསུམ་འཁྲུལ་ཡིན། །དེ་བཟློག་པ་ནི་དངོས་ཀྱི་དབང་། །ཡིན་མིན་ཐ་སྙད་སྒྲོ་སྐུར་ཀུན་དང་བྲལ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། དངོས་བསམ་གྱི་ཁྱད་པར་འབྱེད་པའི་ལེའུ་སྟེ་བརྒྱད་པའོ།། །། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །སེམས་ཉིད་ཐིག་ལེ་ཉག་གཅིག་ལ། །ཐེག་པ་དགུ་རུ་ཕྱེ་བ་ཡི། །དེ་ཡི་གཏན་ཚིགས་ཅི་ལྟར་ལགས། །གསང་བའི་བདག་པོས་གསུངས་པ། །སེམས་དཔའ་ཆེན་པོ་ཉོན་ཅིག །སེམས་ཀྱི་རང་བཞིན་གཅིག་མོད་ཀྱང་། །


DNG006_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་མཚན་ཉིད་མི་འདྲ་སྟེ། །དབང་པོ་རབ་འབྲིང་གསུམ་དུ་འབྱུང་། །དབང་པོ་རབ་ཀྱི་དོན་དུ་ནི། །ནང་བའི་བསྐྱེད་རྫོགས་གསུམ་དུ་བསྟན། །དབང་པོ་འབྲིང་གི་དོན་དུ་ནི། །ཕྱི་ཡི་ཀྲི་ཡོག་རྣམ་གསུམ་བསྟན། །དབང་པོ་ཐ་མའི་དོན་དུ་ནི། །སྡེ་སྣོད་གསུམ་གྱི་ཐེག་པ་བསྟན། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཐེག་པ་དགུའི་གཏན་ཚིགས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །སྡེ་སྣོད་གསུམ་གྱི་ཐེག་པ་ལ་མཚན་ཉིད་དགུ་རུ་བསྟན་པ་ཅི་ཕྱིར་ལགས། །ནང་པ་སྔགས་ཀྱི་ཐེག་པ་ལ། །འབྲས་བུ་རྡོ་རྗེར་ཅི་ལྟར་བཏགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །མཚན་ཉིད་རྒྱུ་ཡི་ཐེག་པ་ནི། །དགེ་སྡིག་ལས་ཀྱིས་རྒྱུ་བྱས་པས། །འབྲས་བུ་བདེ་དང་སྡུག་བསྔལ་འདོད། །ཆོས་སྤྱོད་དགེ་བས་རྒྱུ་བྱེད་ནས། །དེ་ཉིད་ལམ་དུ་འཁྱེར་བའི་ཕྱིར། །རྒྱུ་ཡི་ཐེག་པར་བསྟན་པ་ཡིན། །འབྲས་བུ་རྡོ་རྗེའི་ཐེག་པ་ནི། །ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས། །འབྲས་བུ་དེ་ཉིད་ལམ་དུ་ཁྱེར། །རང་གི་ལུས་ངག་ཡིད་གསུམ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྦྱོར། །དེ་ཕྱིར་རྡོ་རྗེ་ཐེག་པར་བཏགས། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཐེག་པའི་ངེས་ཚིག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པའི་འཇུག་སྒོ་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཐེག་པའི་འཇུག་སྒོ་བཞི་ཡོད་དེ། །མུན་པ་དག་གི་འཁོར་སྒོ་དང་། །སྤྱོད་པའི་འདྲེན་སྒོ་དེ་དང་གཉིས། །ཐབས་ཀྱི་སྦྱོར་སྒོ་དེ་དང་གསུམ། །ངེས་པའི་གསང་སྒོ་དེ་དང་བཞི། །མུན་པའི་འཁོར་སྒོ་ཕྱེ་བ་ནི། །ཉོན་མོངས་དུག་གསུམ་སྒོ་ཡིས་བཅད། །ཉོན་མོངས་དུག་གསུམ་སྒོ་ཕྱེ་བས། །ཀུན་གཞི་སེམས་ཀྱི་ཁང་བུ་ན། །རང་ལ་ཡོད་པའི་རིན་པོ་ཆེ། །གཟུང་འཛིན་རྣམ་རྟོག་མཚན་མས་སྦས། །ནོར་བུ་རིན་ཆེན་ད་རུ་སྟོར། །སྤྱོད་པའི་འདྲེན་སྒོ་ཕྱེ་བ་ནི། །མདོ་སྡེ་འདུལ་


DNG006_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བ་མངོན་པ་གསུམ། །སྡེ་སྣོད་གསུམ་གྱི་སྒོ་ཡིས་བཅད། །སྡེ་སྣོད་གསུམ་གྱི་སྒོ་ཕྱེ་ནས། །ཆོས་སྤྱོད་དགེ་བའི་ལྡེ་མིག་གིས། །མཚན་ཉིད་ཐེག་པའི་སྒོ་ཕྱེ་སྟེ། །ལ་ལ་བདེན་བཞིའི་སྒོ་ནས་འཇུག །ལ་ལ་རྟེན་འདྲེལ་སྒོ་ནས་འཇུག །ལ་ལ་བདེན་གཉིས་སྒོར་ཞུགས་ནས། །ཀུན་གཞི་སེམས་ཀྱི་ཁང་བུ་ན། །ནོར་བུ་རིན་ཆེན་ཡོད་པ་དེ། །ཕྲ་རགས་ཤེས་པའི་སྒྲིབ་པས་བསྒྲིབས། །ནོར་བུ་རིན་ཆེན་དེ་རུ་སྟོར། །ཐབས་ཀྱི་སྦྱོར་བའི་སྒོ་ཕྱེ་བས། །དག་པ་གསུམ་གྱི་སྒོར་ཞུགས་ཏེ། །ཀུན་གཞི་སེམས་ཀྱི་ཁང་བུ་ན། །ནོར་བུ་རིན་ཆེན་ཡོད་པ་དེ། །གཟུང་འཛིན་ཕྲ་མོའི་རྟོག་པས་བསྒྲིབས། །ནོར་བུ་རིན་ཆེན་དེ་རུ་སྟོར། །ལྟ་སྤྱོད་གཉིས་ཀྱི་སྒོར་ཞུགས་ནས། །ཀུན་གཞི་སེམས་ཀྱི་ཁང་བུ་ན། །ནོར་བུ་རིན་ཆེན་ཡོད་པ་དེ། །ཡེ་རྔམས་ཆོས་ཀྱི་སྒྲིབ་པས་བསྒྲིབས། །ནོར་བུ་རིན་ཆེན་དེ་རུ་སྟོར། །ཕྱག་རྒྱ་བཞི་ཡི་སྒོར་ཞུགས་ནས། །ཀུན་གཞི་སེམས་ཀྱི་ཁང་བུ་ན། །ནོར་བུ་རིན་ཆེན་ཡོད་པ་དེ། །བླང་དོར་གཉིས་ཀྱི་རྟོག་པས་བསྒྲིབས། །ནོར་བུ་རིན་ཆེན་དེ་རུ་སྟོར། །ཐབས་དང་ཤེས་རབ་སྒོ་ཕྱེ་ནས། །ཀུན་གཞི་སེམས་ཀྱི་ཁང་བུ་ན། །ནོར་བུ་རིན་ཆེན་ཡོད་པ་དེ། །རྩོལ་ཞིང་བསྒྲུབ་པའི་སྒྲིབ་པས་བསྒྲིབས། །ནོར་བུ་རིན་ཆེན་དེ་རུ་སྟོར། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །ཀུན་གཞི་སེམས་ཀྱི་ཁང་བུ་ན། །ནོར་བུ་རིན་ཆེན་ཡོད་པ་དེ། །རྒྱུ་འབྲས་འདས་པའི་སྒྲིབ་པས་བསྒྲིབས། །ནོར་བུ་རིན་ཆེན་དེ་རུ་སྟོར། །རིམ་པ་བརྒྱད་ཀྱི་བལྟ་བ་ཡིས། །རང་ལ་ཡོད་པའི་རིན་པོ་ཆེ། །རང་རང་ལྟ་སྤྱོད་རྩོལ་བས་བསྒྲིབས། །ནོར་བུ་རིན་ཆེན་མཐོང་བ་མེད། །ངེས་པའི་གསང་སྒོ་ཕྱེས་ནས་ནི། །གཉིས་མེད་ཡེ་ཤེས་སྒོར་ཞུགས་ཏེ། །རང་བྱུང་ཡེ་ཤེས་ཆེན་པོ་ཡིས། །མ་བཅོས་མཉམ་གཞག་མིག་གིས་བལྟས། །སྣང་མེད་སེམས་ཀྱི་དོན་མཐོང་བས། །མ་མཐོང་བ་ཡི་མཐོང་བའི་མིག །བརྒྱད་ཀྱིས་མ་མཐོང་རིན་པོ་ཆེ། །ཤིན་ཏུ་རྣལ་འབྱོར་ཆེན་པོའི་མིག་གིས་མཐོང་། །མཐོང་ཡང་དེ་ལ་ངོས་གཟུང་མེད། །ཐེག་པ་རིམ་པ་བརྒྱད་པོ་ཡིས། །རང་གི་གམ་དུ་བཞག་ནས་གཞན་དུ་བཙལ། །བསྐལ་པར་བཙལ་ཡང་


DNG006_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྙེད་པས། །མདོངས་པས་ནམ་མཁར་བསྙེགས་པ་འདྲ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཐེག་པའི་འཇུག་སྒོ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པའི་བསྲུང་མཚམས་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཉན་ཐོས་རང་རྒྱལ་བསྲུང་མཚམས་ནི། །ཉིས་བརྒྱ་ལྔ་བཅུའི་ལྔ་ཡང་འདུལ་ཁྲིམས་རྣམས། །དཀའ་ཐུབ་དྲག་པོས་བསྲུང་བར་བྱེད། །མདོ་སྡེའི་ཐེག་པའི་བསྲུང་མཚམས་ནི། །རྩ་བའི་སྡོམ་པ་བཞི་པོ་ལ། །ཕྱེ་བས་སྡོམ་པ་ཉི་ཤུ་བསྲུང་། །བྱ་བའི་རྒྱུད་ཀྱི་ཐེག་པ་ནི། །མི་ཉམས་ཡན་ལག་བདུན་པོ་བསྲུང་། །ཡོ་ག་པ་ཡི་ཐེག་པ་ནི། །རྩ་བ་གསུམ་དང་ཡན་ལག་བདུན། །རྩ་བའི་ལྟུང་བ་བཅུ་བཞི་བསྲུང་། །མ་ཧཱ་ཡོ་གའི་ཐེག་པ་ནི། །རྩ་བ་གསུམ་དང་ཡན་ལག་ལྔ། །ཕྱེ་བས་ཉི་ཤུ་རྩ་བརྒྱད་བསྲུང་། །ཨ་ནུ་ཡོ་གའི་ཐེག་པ་ནི། །སྣང་སྲིད་ཕྱག་རྒྱའི་དཀྱིལ་འཁོར་ནི། །མི་འདའ་རྒྱན་གྱི་དམ་ཚིག་བསྲུང་། །ཨ་ཏི་ཡོ་གའི་ཐེག་པ་ནི། །མེད་པ་དང་ནི་ཕྱལ་པ་དང་། །གཅིག་པུ་དང་ནི་ལྷུན་གྱིས་གྲུབ། །ཨ་ཏི་ཡོ་གའི་དམ་ཚིག་སྟེ། །དེ་ལས་འདས་ན་ཚིག་པར་འགྱུར། །སྤྱིར་ན་གསང་སྔགས་དམ་ཚིག་ནི། །བསྲུངས་ན་བསམ་གྱིས་མི་ཁྱབ་སྟེ། །ས་མ་ཡ་ནི་འབུམ་སྡེ་ཡོད། །ཅི་བཞིན་པ་ཡི་ཆོས་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །གཉིས་སུ་མེད་པའི་ཡེ་ཤེས་ཏེ། །མཉམ་ཉིད་གཡོ་བ་མེད་པ་ནི། །དམ་ཚིག་ཐམས་ཅད་བསྲུང་བ་ཡིན། །ཉམས་པའི་ཆད་པ་བྱུང་བ་ལས། །མགོན་སྐྱབས་དེ་ལས་ཆེ་བ་མེད། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཐེག་པ་སོ་སོའི་བསྲུང་མཚམས་དང་། གསོ་ཐབས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །འཇིག་རྟེན་པ་ཡི་ཐེག་པ་དང་། །འཇིག་རྟེན་འདས་པའི་ཐེག་པ་ཡི། །སྤྱོད་པའི་ཕྲིན་ལས་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་


DNG006_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཆད་པར་ལྟ་བའི་སྤྱོད་པ་ནི། །རྒྱུ་ཡོད་འབྲས་བུ་མེད་བརྟགས་ནས། །དགེ་བ་བཅུ་སྤང་མི་དགེ་བཅུ། །གང་ལ་ཐོགས་པ་མེད་པར་སྤྱོད། །རྟག་པར་ལྟ་བའི་སྤྱོད་པ་ནི། །མི་དགེ་བཅུ་སྤང་དགེ་བ་བཅུ། །དཀའ་ཐུབ་ཆེན་པོས་སྤྱོད་པར་བྱེད། །ཉན་ཐོས་དགྲ་བཅོམ་སྤྱོད་པ་ནི། །དགེ་བ་བཅུ་དང་མི་དགེ་བཅུ། །བདེ་སྡུག་ལས་ཀྱི་རྒྱུར་བརྟགས་ནས། །མི་དགེ་བཅུ་སྤང་དགེ་བ་བཅུ། །རང་གི་དོན་དུ་སྤྱོད་པར་བྱེད། །རང་རྒྱལ་གཉིས་ཀའི་དོན་དུ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། །མི་དགེ་བཅུ་སྤང་དགེ་བ་བཅུ། །གཞན་གྱི་དོན་དུ་སྤྱོད་པར་བྱེད། །ཕ་རོལ་ཕྱིན་པ་བཅུ་དག་ནི། །བདག་གཞན་གཉིས་ཀའི་དོན་དུ་སྤྱོད། །བྱ་བའི་རྒྱུད་དང་གཉིས་ཀའི་རྒྱུད། །ཞི་རྒྱས་དབང་དང་མངོན་སྤྱོད་བཞི། །བདག་གཞན་གཉིས་ཀའི་དོན་དུ་སྤྱོད། །རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ནི། །སྙིང་རྗེ་ལ་སོགས་ཚད་མེད་བཞི། །གཞན་གྱི་དོན་དུ་སྤྱོད་པར་བྱེད། །བསྐྱེད་པ་མ་ཧཱ་ཡོ་ག་ནི། །ཏ་ན་དང་ནི་གྷ་ན་དང་། །དམ་རྫས་བདུད་རྩི་ལྔ་པོ་ལ། །ཐབས་ཆེན་བལྟ་བའི་སྤྱོད་པས་སྤྱོད། །རྫོགས་པ་ཨ་ནུ་ཡོ་ག་ནི། །དབྱིངས་དང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཨ་ཏི་ཡོ་གའི་སྤྱོད་པ་ནི། །ལྟ་བསྒོམ་སྲོག་དང་ལྡན་པ་ཡི། །ཤུགས་ལས་བྱུང་བའི་སྤྱོད་པ་ནི། །ཅི་ལྟར་སྨྱོན་པའི་སྤྱོད་པ་བཞིན། །གང་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པའི་གོལ་སྒྲིབ་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །གོལ་སྒྲིབ་རང་གི་ངོ་བོ་ནི། །འོག་མ་འོག་མའི་བལྟ་བས་ནི། །གོང་མ་མ་མཐོང་སྒྲིབ་པ་ཡིན། །གོང་མ་གོང་མས་སྤྱོད་པ་ནི། །འོག་ལྟར་སྤྱད་པས་གོལ་ས་བྱུང་། །སྤྱིར་ན་གོལ་སྒྲིབ་དབྱེ་བ་ནི། །ལྟ་བའི་གོལ་སྒྲིབ་དབྱེ་བ་དང་། །ཐེག་པའི་གོལ་སྒྲིབ་བསྟན་པ་ནི། །གོལ་ས་


DNG006_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ན་བཅོ་བརྒྱད་དེ། །སྒྲིབ་པ་སྐོར་གསུམ་སྦྱིར་བཅུ་གཉིས། །བསྡོམས་པས་སུམ་ཅུ་ཐམ་པའོ། །ལྟ་བའི་གོལ་སྒྲིབ་བསྟན་པ་ནི། །ལྟ་བ་དང་ནི་དམ་ཚིག་དང་། །ཕྲིན་ལས་དང་ནི་ཡེ་ཤེས་དང་། །ས་དང་ལམ་གྱི་རིམ་པ་དང་། །ཕྲ་བ་དང་ནི་རྒྱུད་དང་ནི། །ལུང་དང་མན་ངག་རྣམ་པ་བཅུ། །དེ་ལས་ཕྱེ་བས་གོལ་སྒྲིབ་ནི། །སུམ་ཅུ་དྲུག་ཅུའི་གྲངས་སུ་ཡོད། །ལ་ལ་དག་ལ་གོལ་ས་མང་། །ལ་ལ་གོལ་སྒྲིབ་མཉམ་པར་འདོད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གོལ་དང་མ་གོལ་གཉིས་སུ་མེད། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། གོལ་སྒྲིབ་རྣམ་པར་དབྱེ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །འཇིག་རྟེན་པ་ཡི་ཐེག་པ་དང་། །འཇིག་རྟེན་འདས་པའི་ཐེག་པ་ཡི། །ལྟ་བའི་ཁྱད་པར་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །ཡང་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །འཇིག་རྟེན་པ་ཡི་ཐེག་པ་ནི། །སུམ་བརྒྱ་དྲུག་ཅུའི་གྲངས་སྙེད་ཡོད། །དེ་ལ་ལྟ་བ་བསྡུས་པ་ནི། །འཇིག་ཚོགས་དྲུག་ཅུའི་གྲངས་སྙེད་ཡོད། །སྔོན་གྱི་མཐར་གཏོགས་བཅོ་བརྒྱད་དང་། །ཕྱི་མའི་མཐའ་ལ་གཏོགས་པ་ནི། །བཞི་བཅུ་རྩ་བཞིའི་གྲངས་སུ་ཡོད། །བསྡོམས་པས་དྲུག་ཅུ་རྩ་གཉིས་ཡོད། །དེ་ལས་བསྡུས་ན་ཉི་ཤུ་ཡོད། །དེ་ལས་བསྡུས་པས་རྣམ་པ་བཞི། །བལྟ་བ་དེ་དག་རྒྱས་པ་ནི། །ཚངས་པའི་དྲ་བའི་མདོ་ལས་གསལ། །དེ་ལས་བསྡུས་པ་རྣམ་པ་གཉིས། །རྟག་པ་དང་ནི་ཆད་པའོ། །མུ་སྟེགས་ཆད་པའི་ལྟ་བ་ནི། །རྒྱུ་ཡོད་འབྲས་བུ་མེད་པ་ནི། །ལུང་དང་རིག་པ་གཉིས་ཀྱིས་འདོད། །རྟག་པར་ལྟ་བའི་ལྟ་བ་ནི། །རྒྱུ་ཡོད་འབྲས་བུ་ཡོད་པར་བལྟ། །སེམས་ཅན་ཀུན་གྱི་སྙིང་དཀྱིལ་ན། །བདག་ཅེས་བྱ་བའི་དངོས་པོ་ཞིག །ཆེ་སྟེ་ཆེ་ན་མཐེ་བོང་ཙམ། །ཆུང་སྟེ་ཆུང་ན་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །ལུས་ཀྱི་བོངས་དང་སྦྱར་ཏེ་ཡོད། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང་། །མ་ཡི་རྐྱེན་གྱིས་མ་བསྐྱེད་དེ། །ཤེས་ཤིང་རིག་པའི་ངོ་བོ་རུ། །དུས་གསུམ་འཕོ་འགྱུར་མེད་པ་ནི། །བདག་ཉིད་རྟག་པ་ཆེན་པོར་འདོད། །


DNG006_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། འཇིག་རྟེན་པའི་བལྟ་བ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཉན་ཐོས་ལྟ་བ་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན། །ཉན་ཐོས་ལྟ་བ་རྣམ་གཉིས་ཏེ། །བྱེ་བྲག་པ་དང་མདོ་སྡེའོ། །བྱེ་བྲག་དོན་དམ་རྡུལ་ཕྲན་ཆ། །ཆ་མེད་ཕྱོགས་དང་བཅས་པར་འདོད། །མདོ་སྡེ་གཡག་རྔ་ནེ་སེང་ཚུལ། །ཀུན་རྫོབ་སྒྱུ་མའི་ཚུལ་དུ་འདོད་པ་ཡིན། །རང་རྒྱལ་ཕྱོགས་གཅིག་དེ་དང་མཐུན། །དེ་ལས་ཁྱད་པར་འཕགས་པ་ནི། །རྣམ་པར་རིག་བྱེད་མ་ཡིན་པའི། །གཟུགས་ལ་བདག་མེད་ཁྱད་པར་འཕགས། །ནང་གི་ཤེས་པ་སྐད་ཅིག་མ། །སྐྱེ་འགག་ཅན་དེ་རྒྱུ་འབྲས་མེད། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཉན་ཐོས་རང་རྒྱལ་གྱི་ལྟ་བ་མདོར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །མདོ་སྡེ་བྱང་ཆུབ་སེམས་དཔའ་ཡི། །དེ་ཡི་ལྟ་བ་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །མདོ་སྡེའི་ལྟ་བ་གསུམ་ཡོད་དེ། །སེམས་ཙམ་ཡོད་པའི་དབུ་མ་དང་། །མདོ་སྡེ་སྤྱོད་པའི་དབུ་མའོ། །རྣལ་འབྱོར་སྤྱོད་པའི་དབུ་མའོ། །སེམས་ཙམ་ལ་ཡང་གཉིས་ཡོད་དེ། །རྣམ་བཅས་དང་ནི་རྣམ་མེད་དོ། །རྣམ་བཅས་ལ་ཡང་གཉིས་ཡོད་དེ། །རྣམ་པ་བདེན་རྫུན་གཉིས་སུ་འདོད། །རྣམ་པ་བདེན་པའི་ལྟ་བ་ན། །ཕྱི་ཡི་ཡུལ་དང་ནང་གི་སེམས། །དོན་དམ་དུ་ནི་འདྲེལ་མེད་ཀྱང་། །ཀུན་རྫོབ་ཏུ་ནི་འདྲེལ་བར་འདོད། །ནང་གི་ཤེས་པ་སྐད་ཅིག་མ། །སྐད་ཅིག་ཆ་ཡིས་མི་རྟག་སྟེ། །དེ་ཉིད་རྒྱུན་གྱིས་རྟག་པའོ། །སྔ་མ་སྔ་མས་རྒྱུ་བྱས་ནས། །ཕྱི་མ་ཕྱི་མ་འབྲས་བུར་འདོད། །རྣམ་པར་རྫུན་པའི་བལྟ་བ་ནི། །ཤེས་པ་བདེན་ཏེ་རྣམ་པ་རྫུན། །རྣམ་པར་ཤེས་དང་མགོ་སྙོམས་པ། །ཡང་དག་ཡོད་


DNG006_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ཏེ། །དོན་དམ་དུ་ན་ཨ་ཅང་ཆེས། །ཀུན་རྫོབ་ཏུ་ཡང་འདྲེལ་མེད་འདོད། །ཤེས་པ་རང་རིག་གསལ་བ་ཙམ། །དེ་ལས་གཞན་པའི་ཆོས་མི་འདོད། །རྣམ་མེད་དག་གི་ལྟ་བ་ནི། །གཉིས་མེད་ཡེ་ཤེས་ཤེལ་ལྟ་བུ། །རང་རིག་གསལ་བའི་ངོ་བོར་འདོད། །མདོ་སྡེ་སྤྱི་ཡི་དབུ་མ་ནི། །ཆོས་རྣམས་ཡུལ་སེམས་གཉིས་སུ་འདོད། །ཡུལ་གྱི་རྒྱུ་ནི་ཕྲ་རབ་རྡུལ། །ཕྱོགས་ཆར་གཞིག་ན་གཅིག་མ་གྲུབ། །གཅིག་མ་གྲུབ་པའི་གཏན་ཚིགས་ཀྱིས། །གཅིག་གིས་བསགས་པའི་དུ་མ་ཡང་། །ཡང་དག་ཉིད་དུ་མི་འདོད་དེ། །རང་གི་རང་བཞིན་སྟོང་པར་འདོད། །ནང་གི་ཤེས་པ་སྐད་ཅིག་མ། །སྔ་མ་འདས་ཏེ་མི་གནས་སྟོང་། །ཕྱི་མ་མ་འོངས་མི་གནས་སྟོང་། །ད་ལྟར་འགགས་པར་གྱུར་པས་སྟོང་། །དུས་གསུམ་ཆ་ཡིས་སྟོང་པར་འདོད། །རྣལ་འབྱོར་སྤྱོད་པའི་ལྟ་བ་ནི། །ཕྱི་ཡི་ཡུལ་ལྟར་སྣང་བ་ནི། །ཀུན་རྫོབ་སྒྱུ་མའི་ཚུལ་ཙམ་དུ། །འཇའ་ཚོན་སྒྱུ་མའི་ཚུལ་དུ་སྣང་། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། མདོ་སྡེའི་ཐེག་པའི་ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །གསང་སྔགས་ལྟ་བ་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ།སེམས་དཔའ་ཆེན་པོ་ཉོན་ཅིག །གསང་སྔགས་ཐུན་མོང་ལྟ་བ་ནི། །བདེན་པ་གཉིས་ཀྱིས་མུ་བཟུང་སྟེ། །དོན་དམ་སྐྱེ་འགག་མེད་པར་འདོད། །ཀུན་རྫོབ་ཕྱག་རྒྱའི་དཀྱིལ་འཁོར་འདོད། །ཅུང་ཟད་ཕྱོགས་ཆ་མི་མཐུན་པ། །བྱ་བའི་རྒྱུད་ཀྱི་ཐེག་པ་ནི། །ཆོ་ག་ཡན་ལག་བཅུ་གཅིག་གིས། །བྱིན་གྱིས་བརླབས་ནས་ལྷ་རུ་འདོད། །དེ་ཡང་རྗེ་དང་ཁོལ་གྱི་ཚུལ། །གཉིས་ཀ་རྒྱུད་ཀྱིས་དཔོན་གཡོག་ཚུལ། །རྣལ་འབྱོར་རྒྱུད་ཀྱི་ཐེག་པས་ནི། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞིས། །ཡོངས་སུ་བརྟགས་ནས་ལྷ་རུ་འདོད། །དེ་ཡང་སྤུན་དང་གྲོགས་པོའི་ཚུལ། །བསྐྱེད་པ་མ་ཧཱ་ཡོ་ག་ནི། །ཏིང་འཛིན་གསུམ་དང་བསྙེན་བསྒྲུབ་བཞིས། །ཡོངས་སུ་བརྟགས་ནས་ལྷ་རུ་འདོད། །ཡེ་ཤེས་དམ་ཚིག་ཚུལ་


DNG006_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཛིན། །རྫོགས་པ་ཨ་ནུ་ཡོ་ག་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། སྔགས་ཐུན་མོང་གི་བལྟ་བ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་ཨ་ཏི་ཡོ་ག་ཡི། །བྱེ་བྲག་རྣམ་པར་ཕྱེ་བ་ལས། །དང་པོ་བལྟ་བ་མདོར་བསྟན་པའི། །རང་གི་ངོ་བོ་ཅི་ལྟར་ལགས། །གསང་བའི་བདག་པོས་བཤད་དུ་གསོལ། །གསུངས་པ། ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྫོགས་པ་ཆེན་པོའི་ལྟ་བ་ནི། །མ་འདྲེས་ཡོངས་སུ་རྫོགས་པ་ཡིན། །ཀུན་བྲལ་ཅི་མ་སྤངས་པ་ཡིན། །རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན། །ཡིན་ཚུལ་ངེས་པ་མེད་པ་ལ། །སྣང་ཚུལ་ཅིར་ཡང་སྣང་བ་ཡིན། །རང་བཞིན་གཅིག་ཏུ་མ་ངེས་པ། །བལྟ་བ་ངོས་བཟུང་མེད་པ་ཡིན། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དེ་ཡི་གཏན་ཚིགས་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །བརྒྱད་ཀྱི་ལྟ་སྤྱོད་མ་འདྲེས་པ། །རྫོགས་ཆེན་ལམ་གྱི་ཡེ་ཤེས་ལ། །དེ་ཉིད་མ་འདྲེས་ཡོངས་སུ་རྫོགས། །བློས་བརྟགས་ཆོས་ནི་ཀུན་དང་བྲལ། །རང་སྣང་ངོ་བོ་ཅི་མ་སྤངས། །རང་བཞིན་གཅིག་ཏུ་མ་ངེས་ཤིང་། །གང་གི་ཕྱོགས་སུ་མ་ལྷུང་བས། །ལྟ་བ་དངོས་པོ་མེད་པ་ཡིན། །མི་མཐུན་བསམ་པ་སོ་སོ་ལ། །སྣང་ཚུལ་ཅིར་ཡང་སྣང་བའི་ཚུལ། །གང་ཡང་རྒྱ་མ་ཆད་པ་ཡིན། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ལྟ་བ་མདོར་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།ཡང་སེམས་དཔའ་རྡོ་རྗེས་གསོལ་པ། །དེ་ཡི་སྣང་ཚུལ་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ།སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་ལ་ཀུན་བརྟེན་པས། །བྱང་ཆུབ་སེམས་ནི་ས་ལྟར་སྣང་། །བྱང་ཆུབ་སེམས་ཀྱིས་ཀུན་སྡུད་པས། །བྱང་ཆུབ་སེམས་ནི་ཆུ་ལྟར་སྣང་། །ཀུན་ལ་སྙོམས་


DNG006_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྨིན་བྱེད་པས། །བྱང་ཆུབ་སེམས་ནི་མེ་ལྟར་སྣང་། །གཟུགས་མེད་མཁའ་ལ་རྒྱུ་བའི་ཕྱིར། །བྱང་ཆུབ་སེམས་ནི་རླུང་ལྟར་སྣང་། །སྣང་མེད་ཀུན་ལ་ཁྱབ་པའི་ཕྱིར། །བྱང་ཆུབ་མཁའ་ལྟར་སྣང་ཞེས་གསུངས། །ཀུན་གཞི་སེམས་ནི་ནམ་མཁའ་ལ། །རང་བྱུང་ཡེ་ཤེས་རང་ཤར་བས། །བྱང་ཆུབ་སེམས་ནི་ཤར་ཕྱོགས་ཡིན། །ཆོས་སྐུ་རང་ལ་ཡོད་པ་སྟེ། །མ་བཅོས་མཉམ་པར་བཞག་པས་ལྷོ། །བྱང་ཆུབ་སེམས་ནི་ལྷོ་ཕྱོགས་ཡིན། །མཚན་མའི་རྣམ་པར་རྟོག་པ་ཀུན། །གཉིས་མེད་ཡེ་ཤེས་ངང་དུ་ནུབ། །བྱང་ཆུབ་སེམས་ནི་ནུབ་ཕྱོགས་ཡིན། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །ཉོན་མོངས་སྐྱོན་གྱིས་མ་གོས་པས། །བྱང་ཆུབ་སེམས་ནི་བྱང་ཕྱོགས་ཡིན། །ཆོས་རྣམས་རྩ་བ་སེམས་སུ་འདུས། །བྱང་ཆུབ་སེམས་ནི་དབུས་ཀྱང་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་དེ། །ཡེ་ཤེས་ཀུན་གྱི་བླར་གྱུར་པས། །བྱང་ཆུབ་སེམས་ནི་སྟེང་ཡང་ཡིན། །མི་རྟོག་པ་ཡི་ཡེ་ཤེས་ཆེན་པོ་དེས། །རྣམ་རྟོག་མཚན་མ་ཟིལ་མནན་པས། །བྱང་ཆུབ་སེམས་ནི་འོག་ཀྱང་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཉག་གཅིག་བྱང་ཆུབ་སེམས། །ཟླུམ་ཞིང་རྣམ་པ་མ་འཕྲོས་པས། །བྱང་ཆུབ་སེམས་ནི་ཟླུམ་པོ་ཡིན། །ནམ་མཁའི་མཐའ་ལྟར་ཀུན་ཁྱབ་པས། །བྱང་ཆུབ་སེམས་ནི་གྲུ་བཞི་ཡིན། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ནི། །ཆོས་རྣམས་མ་ལུས་དབང་དུ་སྡུད། །བྱང་ཆུབ་སེམས་ནི་ཟླ་གམ་ཡིན། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱིས། །བྱང་ཆུབ་སེམས་ནི་ཟུར་གསུམ་ཡིན། །ཞེས་སོ། །ཡང་གསུངས་པ། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །ཉོན་མོངས་སྐྱོན་གྱིས་མ་གོས་པས། །བྱང་ཆུབ་སེམས་ནི་དཀར་པོ་ཡིན། །ཆེ་བའི་ཡོན་ཏན་འབྱུང་བའི་ཕྱིར། །བྱང་ཆུབ་སེམས་ནི་སེར་པོ་ཡིན། །ཐུགས་རྗེ་ཀུན་ལ་ཆགས་པའི་ཕྱིར། །བྱང་ཆུབ་སེམས་ནི་དམར་པོ་ཡིན། །གང་ལ་ཐོགས་མེད་སྤྱོད་པའི་ཕྱིར། །བྱང་ཆུབ་སེམས་ནི་ལྗང་གུ་ཡིན། །སྣ་ཚོགས་ཅིར་ཡང་སྣང་བའི་ཕྱིར། །


DNG006_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ནི་ཁྲ་བོ་ཡིན། །གཞན་གྱིས་བསྒྱུར་དུ་མི་བཏུབ་ཕྱིར། །བྱང་ཆུབ་སེམས་ནི་ནག་པོ་ཡིན། །ཞེས་སོ། །ཡང་གསུངས་པ། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ནི། །མ་སྐྱེས་སྟོང་པ་སྐྱེ་བ་མེད། །དེ་ནི་གཟུགས་མེད་ཁམས་ཡིན་ནོ། །སྐྱེ་བའི་ཆོ་འཕྲུལ་གཟུགས་སྣང་བ། །དེ་ནི་གཟུགས་ཀྱི་ཁམས་ཡིན་ཏེ། །འདོད་སྤྱོད་སྙིང་རྗེས་ཀུན་འདུས་པ། །དེ་ནི་འདོད་པའི་ཁམས་སུ་ཡིན། །ཞེས་སོ། །ཡང་གསུངས་པ། སྣང་བ་ཐམས་ཅད་སེམས་ལ་སྣང་། །དེས་ན་སེམས་ཉིད་གཟུགས་ཀྱང་ཡིན། །གྲགས་པ་སརྦ་སེམས་ལ་གྲག །དེས་ན་སེམས་ཉིད་སྒྲ་ཡང་ཡིན། །དྲི་མཆོག་སརྦ་སེམས་ལ་མནམ། །དེས་ན་སེམས་ཉིད་དྲི་ཡང་ཡིན། །རོ་མཆོག་སརྦ་སེམས་ལ་བྲོ། །དེས་ན་སེམས་ཉིད་རོ་ཡང་ཡིན། །རེག་བྱ་སརྦ་སེམས་ལ་ཚོར། །དེས་ན་སེམས་ཉིད་རེག་ཀྱང་ཡིན། །ཞེས་སོ། །ཡང་གསུངས་པ། འདོད་པ་སྲིད་གསུམ་སངས་རྒྱས་འདོད། །ཐུགས་རྗེ་ངང་གིས་དེ་ལ་ཆགས། །སེམས་ནི་འདོད་ཆགས་ཡིན་པར་འདོད། །ཞི་བ་བྱང་ཆུབ་སེམས་ལ་ཞེ། །སྡང་བ་འཁོར་བའི་ཆོས་ལ་སྡང་། །སེམས་ནི་ཞེ་སྡང་ཡིན་པར་འདོད། །གཏི་བ་ཆོས་ཀྱི་དོན་ལ་གཏི། །མུག་པ་མཚན་མའི་ཆོས་ལ་མུག །སེམས་ནི་གཏི་མུག་ཡིན་པར་འདོད། །ང་ནི་ཆོས་ཀྱི་བྱང་ཆུབ་སེམས། །རྒྱལ་བ་འཁོར་བའི་ཆོས་ལས་རྒྱལ། །སེམས་ནི་ང་རྒྱལ་ཡིན་པར་འདོད། །ཕྲག་ནི་ཆོས་ཀྱི་དབྱིངས་ལ་ཕྲག །དོག་ནི་མཚན་མའི་ཆོས་ལ་དོག །སེམས་ནི་ཕྲག་དོག་ཡིན་པར་འདོད། །ཅེས་གསུངས་སོ། །རང་བྱུང་ཡེ་ཤེས་སྒྲིབ་མེད་པ། །སྟོན་པ་ཕུན་སུམ་ཚོགས་པ་ཡིན། །རིག་པ་འདུ་འབྲལ་མེད་པ་ཡིས། །དེ་འཁོར་ཕུན་སུམ་ཚོགས་པ་ཡིན། །སེམས་ཉིད་མ་བཅོས་རྣལ་བཞག་པ། །བསྟན་པ་ཕུན་སུམ་ཚོགས་པ་ཡིན། །ཞེས་སོ། །ཡང་གསུངས་པ། སེམས་རྟོག་སངས་རྒྱས་བྱུང་བའི་ཕྱིར། །དེས་ན་སེམས་ཉིད་རྒྱུ་ཡང་ཡིན། །མ་ཡེངས་གནས་པ་ལམ་ཡིན་པས། །དེས་ན་སེམས་ཉིད་ལམ་ཡང་ཡིན། །མངོན་དུ་གྱུར་པ་འབྲས་བུ་བས། །དེས་ན་


DNG006_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་འབྲས་བུ་ཡིན། །ཞེས་སོ། །ཡང་གསུངས་པ།བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །མ་བཅོས་རྣལ་དུ་བཞག་པ་ནི། །དེ་ནི་ཆོས་དབྱིངས་ཡེ་ཤེས་ཡིན། །གསལ་བ་རྟོག་པ་མེད་པ་ནི། །དེ་ནི་མེ་ལོང་ཡེ་ཤེས་ཡིན། །སེམས་ལ་དབྱེ་བ་མེད་པ་ནི། །དེ་ནི་མཉམ་ཉིད་ཡེ་ཤེས་ཡིན། །སྣང་ཚུལ་ཅིར་ཡང་སྣང་བ་ནི། །དེ་ནི་ཀུན་རྟོག་ཡེ་ཤེས་ཡིན། །སེམས་ཀྱིས་ཀུན་ལ་དབང་བསྒྱུར་བས། །དེ་ནི་བྱ་གྲུབ་ཡེ་ཤེས་ཡིན། །ཞེས་སོ། །ཡང་གསུངས་པ། སེམས་ཉིད་ཅི་ལྟར་སྣང་བ་རྣམ་པར་སྣང་མཛད་ཡིན། །དུས་གསུམ་འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའ་ཡིན། །ཆེ་བའི་ཡོན་ཏན་འབྱུང་བས་རིན་ཆེན་འབྱུང་ལྡན་ཡིན། །སེམས་ཀྱིས་ཀུན་ལ་ཁྱབ་པས་སྣང་བ་མཐའ་ཡས་ཡིན། །བྱ་བཙལ་མེད་པར་གྲུབ་པས་དོན་ཡོད་གྲུབ་པ་ཡིན། །ཞེས་སོ། །ཡང་གསུངས་པ། མི་གཡོ་རང་བཞིན་གནས་པས་ཆོས་སྐུ་ཡིན། །གསལ་ལ་རྟོག་པ་མེད་པས་ལོངས་སྐུ་ཡིན། །སེམས་ལ་དབང་ཐོབ་ཅིར་ཡང་བསྒྱུར་ནུས་པས། །དེ་ནི་ཐུགས་རྗེ་སྤྲུལ་པའི་སྐུ། །རང་རིག་མངོན་དུ་གྱུར་པས་ནི། །མངོན་པར་བྱང་ཆུབ་སྐུ་རུ་འདོད། །གཉེན་པོས་འཕོ་འགྱུར་མེད་པ་ནི། །རྡོ་རྗེ་ལྟ་བུའི་སྐུ་རུ་འདོད། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། སྣང་ཚུལ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ལྟ་བ་ཕྱོགས་ལྷུང་མེད་པའི་དོན། །དེ་དོན་བདག་ལ་བསྟན་དུ་གསོལ། །ཞེས་ཞུས་པས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཅི་ལྟར་ནམ་མཁའི་མཚན་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །ཁ་དོག་དབྱིབས་དང་རིགས་མ་ཡིན། །ཕྱོགས་བཞི་མཚམས་དང་བླ་འོག་མིན། །ཕྱི་ནང་མ་ཡིན་སྣང་མུན་མིན། །གཅིག་དང་ཐ་དད་ཡོད་མེད་མིན། །སངས་རྒྱས་སྡུག་བསྔལ་བདེ་སྡུག་བསྔལ། །བཟང་ངན་ཆེ་ཆུང་སྐྱོན་ཡོན་ཏན། །གང་གི་ཕྱོགས་སུ་ལྟུང་བ་མེད། །བྱང་ཆུབ་སེམས་ཀྱང་དེ་དང་མཚུངས། །ཞེས་གསུངས་སོ། །


DNG006_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ལྟ་བ་ཕྱོགས་ལྷུང་མེད་པར་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །། གཟུགས།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །མ་འདྲེས་ཡོངས་སུ་རྫོགས་པའི་དོན། །དེ་དོན་བདག་ལ་བསྟན་དུ་གསོལ། །གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །མཁའ་ལ་གཟུགས་སོགས་མ་འདྲེས་པ། །ཆུ་ནང་ཕྱོགས་སུ་ཡོངས་སུ་རྫོགས། །འབྱུང་བ་རྣམ་བཞི་མ་འདྲེས་པ། །ནམ་མཁའི་ངང་དུ་ཡོངས་སུ་རྫོགས། །སྣ་ཚོགས་སྣལ་མ་མ་འདྲེས་པ། །ཟ་འོག་སྣམ་བུར་ཡོངས་སུ་རྫོགས། །ཚོན་རྩི་སྣ་ལྔ་མ་འདྲེས་པ། །དཀྱིལ་འཁོར་ཆེན་པོར་ཡོངས་སུ་རྫོགས། །རིན་ཆེན་སྣ་ལྔ་མ་འདྲེས་པ། །མཆོག་རབ་རི་ལ་ཡོངས་སུ་རྫོགས། །ཆོས་ཅན་ཕྱོགས་ནས་མ་འདྲེས་པ། །ཆོས་ཉིད་ཕྱོགས་སུ་ཡོངས་སུ་རྫོགས། །བསམ་དབང་ཕྱོགས་ནས་མ་འདྲེས་པ། །དངོས་དབང་ཕྱོགས་སུ་ཡོངས་སུ་རྫོགས། །ཀུན་རྫོགས་ཕྱོགས་ནས་མ་འདྲེས་པ། །དོན་དམ་ཕྱོགས་སུ་ཡོངས་སུ་རྫོགས། །འཁྲུལ་རྟོག་ཕྱོགས་ནས་མ་འདྲེས་པ། །གཉིས་མེད་ཡེ་ཤེས་ཡོངས་སུ་རྫོགས། །བརྒྱད་ཀྱི་ལྟ་སྤྱོད་མ་འདྲེས་པ། །ཨ་ཏི་ཡོ་གར་ཡོངས་སུ་རྫོགས། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། མ་འདྲེས་ཡོངས་སུ་རྫོགས་པའི་བལྟ་བ་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དཔེར་མཚོན་ཚིག་གི་ལྡེ་མིག་གིས། །དོན་དམ་གསང་སྒོ་དབྱེ་བྱ་བ། །དེ་དོན་བདག་ལ་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །མཁའ་ལ་ཤར་བའི་གཟུགས་སོགས་རྣམས། །དྭངས་པའི་རྒྱ་མཚོ་ཆེན་པོ་རུ། །དེ་ཉིད་མ་འདྲེས་ཡོངས་སུ་རྫོགས། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །དམིགས་མེད་ཡེ་ཤེས་ངོ་བོ་ཆུ། །དེ་ཉིད་མ་འདྲེས་ཡོངས་སུ་རྫོགས། །མཁའ་ལ་ཤར་བའི་གཟུགས་སོགས་རྣམས། །དྭངས་པའི་རྒྱ་མཚོ་ཆེན་པོ་


DNG006_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །བླང་བ་མེད་ཅིང་དོར་བ་མེད། །གཟུང་བ་མེད་ཅིང་གཏང་བ་མེད། །ལྡན་པ་མེད་ཅིང་བྲལ་བ་མེད། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །གཉིས་མེད་ཡེ་ཤེས་ཆེན་པོ་ཡིས། །བླང་བ་མེད་ཅིང་དོར་བ་མེད། །གཟུང་བ་མེད་ཅིང་གཏང་བ་མེད། །ལྡན་པ་མེད་ཅིང་བྲལ་བ་མེད། །མཁའ་ལ་ཤར་བའི་གཟུགས་སོགས་དང་། །ཆུ་ནང་དག་གི་གཟུགས་བརྙན་གཉིས། །གཅིག་པ་མེད་ཅིང་ཐ་དད་མེད། །དཔེར་ན་ནམ་མཁའི་གཟུགས་སུ་གཅིག །ཆུ་ནང་གཟུགས་བརྙན་བསམ་མི་ཁྱབ། །དེ་བཞིན་རིག་པ་གཅིག་པ་ལས། །རིག་པའི་རྩལ་ཤུགས་བསམ་མི་ཁྱབ། །མཁའ་ལ་གཟུགས་སོགས་ཤར་བ་ལ། །ཆུ་ནང་གཟུགས་བརྙན་ཤུགས་ཀྱིས་འབྱུང་། །ཀུན་གཞིའི་མཁའ་ལ་རིག་པ་ཤར། །རིག་པའི་རྩལ་ཤུགས་ཤུགས་ཀྱིས་འབྱུང་། །དཔེར་ན་ཆུ་ནང་གཟུགས་བརྙན་ཡང་། །སྣང་བ་དེ་ཡང་རང་བཞིན་མེད། །ཚོན་ལྔ་འདྲེས་པའི་ཁ་དོག་ལ། །འདི་ཞེས་གཅིག་ཏུ་ངོས་གཟུང་མེད། །དེ་བཞིན་སོ་སོར་དབྱེར་ཡང་མེད། །ཀུན་བྲལ་ཅི་ཡང་མ་སྤངས་པའོ། །ཆོས་རྣམས་འདུས་པའི་ཡེ་ཤེས་ལ། །འདི་ཞེས་གཅིག་ཏུ་ངོས་གཟུང་མེད། །དེ་བཞིན་སོ་སོར་དབྱེར་ཡང་མེད། །ཀུན་བྲལ་ཅི་ཡང་མ་སྤངས་པའོ། །སྣ་ཚོགས་དར་གྱིས་སྣལ་ཚོགས་ལ། །ཟ་འོག་སྣམ་བུར་བྱས་ཙམ་ན། །སྣ་ཚོགས་དར་གྱི་མིང་བྲལ་ནས། །ཟ་འོག་སྣམ་བུར་གཅིག་པ་བཞིན། །དེ་བཞིན་ཆོས་རྣམས་ཐ་དད་ཀྱང་། །གཉིས་མེད་ཡེ་ཤེས་བསྡུས་ཙམ་ན། །སྣ་ཚོགས་ཆོས་ཀྱི་མིང་བྲལ་ནས། །གཉིས་མེད་ཐིག་ལེ་ཆེན་པོར་གཅིག །གསེར་ལས་བྱས་པའི་རྫས་རྣམས་ཀུན། །མིང་དབྱིབས་ལ་སོགས་ཐ་དད་ཀྱང་། །ངོ་བོ་གསེར་ལ་གཅིག་པ་བཞིན། །སེམས་ཀྱིས་བརྟགས་པའི་ཆོས་རྣམས་ཀུན། །མིང་གི་རྣམ་གྲངས་ཐ་དད་ཀྱང་། །ཆོས་ཉིད་ངོ་བོར་དབྱེར་མེད་ཅིང་། །དཔེར་ན་རས་སྣམ་ཡུག་གཅིག་ལ། །ཚོན་གྱི་སྐྱོན་གྱིས་


DNG006_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་སྣང་། །སྣང་ཡང་རས་སུ་དབྱེར་མེད་ཅིང་། །དེ་བཞིན་སེམས་ཉིད་གཅིག་པ་ལས། །ཡུལ་དབང་རྐྱེན་གྱིས་སོ་སོར་སྣང་། །སྣང་ཡང་སེམས་ཀྱི་སྣང་བར་གཅིག །ཤེལ་སྒོང་དག་གི་དྲུང་དུ་ནི། །ཁ་དོག་སྣ་ཚོགས་པ་བཞག་པས། །གང་བཞག་རྐྱེན་གྱིས་དེ་ལྟར་སྣང་། །སྣང་ཡང་ཤེལ་དུ་འགྱུར་བ་མེད། །དེ་བཞིན་ཆོས་ཉིད་རྒྱུ་གཅིག་པས། །འགྲོ་བ་རིགས་དྲུག་སོ་སོ་ནས། །བག་ཆགས་རྐྱེན་གྱིས་སོ་སོར་སྣང་། །ཆོས་ཉིད་རང་ལ་འགྱུར་བ་མེད། །རྒྱུ་ཉིད་གསེར་དུ་གཅིག་པ་ལས། །བཟོ་ཡི་ལས་ཀྱིས་བསྒྱུར་བྱས་ཏེ། །ཆོལ་ཟངས་དྲོ་སྣོད་བྱས་ཙམ་ན། །གསེར་ཡང་ངན་པའི་རྒྱུ་རུ་སྣང་། །སྐུ་གཟུགས་མཆོད་རྟེན་བྱས་ཙམ་ན། །གསེར་ཡང་བཟང་པོའི་རྫས་སུ་སྣང་། །གསེར་གྱི་རྒྱུ་ལ་བཟང་ངན་མེད། །དེ་བཞིན་ཆོས་ཉིད་རྒྱུ་གཅིག་པས། །རྣམ་རྟོག་འཁྲུལ་པས་བརྟགས་ཙམ་ན། །ཡུལ་ཡང་མ་དག་འཇིག་རྟེན་ཁམས། །ངམ་གྲོག་གཡང་ས་ལུང་ཁུང་སྣང་། །ཡེ་ཤེས་ཅན་གྱི་ངོ་གང་ལ། །ཡུལ་ཡང་ཞིང་ཁམས་དག་པ་སྟེ། །བདེ་བ་ཅན་གྱི་གནས་སུ་སྣང་། །ཆོས་ཉིད་རང་གི་ངོ་བོ་ལ། །སྣང་དང་མི་སྣང་གཉིས་སུ་མེད། །སྨན་དང་དུག་ཏུ་གཅིག་པ་ལ། །ལ་ལའི་སྨན་ལ་ལ་ལའི་དུག །ཧ་ལ་ནག་པོའི་དུག་དག་ཀྱང་། །ཐབས་མཁས་བཟའ་ལེགས་སྨན་གྱི་མཆོག །སྨན་གྱི་རྒྱལ་པོ་བཅུད་ལེན་ཡང་། །ཐབས་མ་མཁས་ཤིང་བཟའ་ཉེས་ན། །ཧ་ལ་ནག་པོའི་དུག་ཏུ་འགྱུར། །དེ་བཞིན་འདོད་ཆགས་ཞེ་སྡང་ཡང་། །རྣམ་རྟོག་རླུང་གིས་མ་བསྐྱོད་ན། །དེ་ནི་རང་བྱུང་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་ཡང་། །རྣམ་རྟོག་རླུང་གིས་བསྐྱོད་ཙམ་ན། །འདོད་ཆགས་ཞེ་སྡང་གཏི་མུག་ཡིན། །ས་འོག་གནས་པའི་གསེར་དག་ནི། །བདག་པོ་མེད་ན་རྡོ་དང་འདྲ། །བདག་དང་འཕྲད་ན་མི་ཟད་གཏེར། །དགོས་འདོད་རེ་བ་དེ་ལས་འབྱུང་། །ཀུན་ལ་ཡོད་པའི་བྱང་ཆུབ་སེམས། །ཡེ་ཤེས་མེད་ན་འཁྲུལ་རྟོག་སེམས། །དགོས་པ་ཅི་ཡང་ཆེ་རྒྱུ་མེད། །གཉིས་


DNG006_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡེ་ཤེས་ཤར་ཙམ་ན། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །བྱིན་རླབས་ཡིད་བཞིན་ནོར་བུའི་ཚུལ། །དཔེར་ན་གཟུགས་རྣམས་སྣ་ཚོགས་ཀྱང་། །རི་རབ་ངོས་ལ་ཕྱིན་ཙམ་ན། །ཁ་དོག་གཅིག་ཏུ་འགྱུར་བ་བཞིན། །དེ་བཞིན་རྣལ་འབྱོར་སོ་སོ་ནས། །མ་བཅོས་ངང་ལ་བློ་བཞག་ནས། །དེ་ཉིད་མངོན་དུ་གྱུར་ཙམ་ན། །ཆོས་སྐུ་བདེ་ཆེན་ཐོབ་པར་འགྱུར། །རྒྱུ་ནི་འབྱུང་ཆེན་རྣམ་ལྔ་ལ། །འབྲས་བུ་ཁམས་གསུམ་སེམས་ཅན་རྣམས། །རྒྱུ་ནི་ཁམས་གསུམ་སེམས་ཅན་ལ། །འབྲས་བུ་དུས་གསུམ་སངས་རྒྱས་སོ། །ཤིང་ནི་མེ་ཡི་རྒྱུ་ཡིན་ཏེ། །མ་གཙུབས་བར་དུ་མེ་མི་འབྱུང་། །འོ་མ་མར་གྱི་རྒྱུ་ཡིན་ཏེ། །མ་དཀྲོགས་བར་དུ་མར་མི་འབྱུང་། །ཏིལ་འབྲུ་དག་ལ་མར་ཡོད་ཀྱང་། །མ་བཙིར་བར་དུ་མར་མི་འབྱུང་། །སེམས་ཅན་སངས་རྒྱས་རྒྱུ་ཡིན་ཏེ། །མ་བསྒོམས་བར་དུ་སངས་མི་རྒྱས། །ཞེས་རྒྱུ་འབྲས་གཉིས་ཀྱི་ཐེག་པ་ལ་དགོངས་ནས་གསུངས་པའོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། དཔེས་མཚོན་ཚིག་གི་ལྡེ་མིག་གི་ལེའུ་སྟེ་ཉེར་གསུམ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པའི། །ལྟ་བའི་ཁོང་སྐྲན་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །སྔ་ཕྱི་མེད་པར་ཕྱང་ཆད་ན། །ཆད་པར་བལྟ་བའི་ལྟ་ངན་ཡིན། །གཞི་མི་སྤངས་ཤིང་རྟག་ཞེན་ན། །རྟག་པར་བལྟ་བའི་ལྟ་ངན་ཡིན། །རྡུལ་ཕྲན་ཆ་རུ་ཕྱོགས་ཞེན་ན། །ཉན་ཐོས་རང་རྒྱལ་ལྟ་ངན་ཡིན། །འདི་ཞེས་སེམས་སུ་གཅིག་འཛིན་ན། །མཚན་མར་རྟོགས་པའི་ངོ་བོ་སྟེ། །རྣམ་པར་རིག་པའི་ལྟ་ངན་ཡིན། །ཕྱོགས་ཆ་དྲུག་གི་གཏན་ཚིགས་དང་། །རྡོ་རྗེ་གཟེགས་མའི་གཏན་ཚིགས་དང་། །མུ་བཞི་སྐྱེ་འགོག་གཏན་ཚིགས་དང་། །གཅིག་དང་དུ་བྲལ་གཏན་ཚིགས་ཀྱིས། །གཞིགས་ནས་སྟོང་པར་འདོད་པ་དང་། །སྐད་ཅིག་


DNG006_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་ཆས་སྟོན་པ། །དེ་ནི་སྟོང་པ་བཟོ་མ་སྟེ། །མདོ་སྡེ་སྤྱོད་པའི་ལྟ་ངན་ཡིན། །མ་བཅོས་ཅི་བཞིན་ཆོས་ཉིད་ལ། །ལ་ལས་སྤངས་པའི་རྒྱུ་རུ་འདོད། །ལ་ལས་སྦྱངས་པའི་རྒྱུ་རུ་བལྟས། །མཚན་ཉིད་ཐེག་པའི་ལྟ་ངན་ཡིན། །གཟུང་འཛིན་མཐའ་ལ་གང་གནས་པ། །བྱ་བ་རྒྱུད་ཀྱི་ལྟ་ངན་ཡིན། །ལྟ་སྤྱོད་ཟུང་དུ་མ་ཆོམ་པ། །གཉིས་ཀ་རྒྱུད་ཀྱི་ལྟ་ངན་ཡིན། །བླང་དོར་མཐའ་ལ་གང་ཞེན་པ། །རྣལ་འབྱོར་རྒྱུད་ཀྱི་ལྟ་ངན་ཡིན། །རང་རྒྱུད་དག་པའི་ལྷར་འཛིན་པ། །རྣལ་འབྱོར་ཆེན་པོའི་ལྟ་ངན་ཡིན། །རྒྱུ་འབྲས་དབྱེ་བ་མེད་པ་ལ། །རྒྱུ་དང་འབྲས་བུ་གཉིས་བལྟ་བ། །ཨ་ནུ་ཡོ་གའི་ལྟ་ངན་ཡིན། །ཐུན་མོང་སྔགས་ཀྱི་ཐེག་པ་རྣམས། །བདེན་པ་གཉིས་ཀྱི་མུ་བཟུང་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གྲངས་སམ་རྟགས་ཀྱིས་ལྷར་འདོད་པ། །ལ་ལ་བྱིན་གྱིས་བརླབས་ནས་འདོད། །ལ་ལ་ཡོངས་སུ་བརྟགས་ནས་འདོད། །ལ་ལ་རང་རྒྱུད་དག་པར་འདོད། །ལ་ལ་མ་བསྐྱེད་རྫོགས་པར་འདོད། །ཐུན་མོང་སྔགས་ཀྱི་ལྟ་ངན་ཡིན། །སེམས་དཔའ་ཆེན་པོ་ཉོན་ཅིག །དཔེར་ན་མཁའ་ཟླའི་གཟུགས་གཅིག་ལས། །མིག་རྫི་ཅན་གྱིས་གཉིས་མཐོང་ཡང་། །མཁའ་ཟླ་ཉིད་ལ་གཉིས་སུ་མེད། །ཞོ་དཀྲོགས་རྐོག ནང་དུ་ཆུ་བླུགས་པ། །མར་གྱི་མི་སྐྱོན་དར་བའི་སྐྱོན། །གང་དུ་བསྟན་པའི་ལྟ་ངན་རྣམས། །རང་རང་ཤེས་པ་འཁྲུལ་པ་ཡིན། །གཉིས་སུ་མེད་ལས་གཉིས་སུ་ཕྱེ། །ཅི་སྲིད་གཉིས་འཛིན་ཡོངས་ཀྱི་བར། །གཉིས་མེད་དོན་དང་འཕྲད་མི་འགྱུར། །སེམས་དཔའ་ཆེན་པོ་ཉོན་ཅིག །ནམ་མཁའི་ཆ་ལ་བགོས་དོག་པ་མེད་ཀྱང་མ་བྱེད། །བྱང་ཆུབ་སེམས་ལ་ཐུག་པ་མེད། །ཆོས་ཉིད་ཟབ་མོར་ངོས་མི་འཛིན། །གང་ལ་ཕྱོགས་ཞེན་མེད་པར་ཐོང་། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ལྟ་བ་ངན་པའི་དུག་འཇོམས་པའི་ལེའུ་སྟེ་ཉེར་བཞི་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་ལྟ་བའི་དོན་རྟོགས་པར། །ཡིད་ཆེས་དད་པ་ཅི་ལྟར་འབྱུང་། །གསང་


DNG006_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། སེམས་དཔའ་ཉོན་ཅིག །ཅི་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཡིན། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་པ། །ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས། །རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །རང་བཞིན་བཅུ་ཡིས་བཙལ་དུ་མེད་པའི་ཕྱིར། །མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པར་ཡིད་ཀྱང་ཆེས། །ཆོས་རྣམས་ཐམས་ཅད་གཏན་ལ་ཕེབས་པའི་ཕྱིར། །སྟོན་པའི་སྒྲོན་མ་ཡིན་པར་ཡིད་ཀྱང་ཆེས། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་འབེབས་པའི་ཕྱིར། །ཀུན་གྱི་སྤྱི་འགྲེལ་ཡིན་པར་ཡིད་ཀྱང་ཆེས། །རྒྱུ་འབྲས་ཐེག་པ་ཀུན་ལས་ཁྱད་འཕགས་པས། །ཐེག་པའི་ཡང་རྩེ་ཡིན་པར་ཡིད་ཀྱང་ཆེས། །དུས་གསུམ་སངས་རྒྱས་ཀུན་གྱི་ལམ་ཡིན་པས། །རྣམ་དག་ལམ་ཆེན་ཡིན་པར་ཡིད་ཀྱང་ཆེས། །ཆོས་རྣམས་ཐམས་ཅད་སེམས་སུ་འདུས་པའི་ཕྱིར། །ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས། །ཐམས་ཅད་སེམས་ལ་གནས་པའི་ཕྱིར། །ཀུན་གྱི་གཞི་མ་ཡིན་པར་ཡིད་ཀྱང་ཆེས། །ཐམས་ཅད་སེམས་ལས་འབྱུང་བའི་ཕྱིར། །ཀུན་གྱི་འབྱུང་གནས་ཡིན་པར་ཡིད་ཀྱང་ཆེས། །ཐམས་ཅད་སེམས་ཀྱིས་བྱས་པའི་ཕྱིར། །ཀུན་གྱི་མཁན་པོ་ཡིན་པར་ཡིད་ཀྱང་ཆེས། །སརྦ་སེམས་ལས་མེད་པའི་ཕྱིར། །ཀུན་གྱི་ངོ་བོ་ཡིན་པར་ཡིད་ཀྱང་ཆེས། །སྣང་བ་མེད་པར་ཀུན་ལ་ཁྱབ་པའི་ཕྱིར། །གདལ་བ་ཆེན་པོ་ཡིན་པར་ཡིད་ཀྱང་ཆེས། །གཅིག་དང་དུ་མར་བགྲང་དུ་མེད་པའི་ཕྱིར། །ཐིག་ལེ་ཉག་གཅིག་ཡིན་པར་ཡིད་ཀྱང་ཆེས། །དུས་གསུམ་འཕོ་འགྱུར་མེད་པའི་ཕྱིར། །མི་ནུབ་རྒྱལ་མཚན་ཡིན་པར་ཡིད་ཀྱང་ཆེས། །ཆོས་ཀྱི་རང་བཞིན་མ་ངེས་པས། །ལྟ་བ་ངོས་གཟུང་མེད་པར་ཡིད་ཀྱང་ཆེས། །རང་ལ་ཡོད་ཀྱང་རྟོགས་པར་དཀའ་བའི་ཕྱིར། །གསང་བའི་མན་ངག་ཡིན་པར་ཡིད་ཀྱང་ཆེས། །ཞེས་


DNG006_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྫོགས་པ་ཆེན་པོའི་ལྟ་བ་ལ་ཡིད་ཅི་ལྟར་ཆེས་པ་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །གདེང་དང་ལྡན་པའི་རྣལ་འབྱོར་ལ། །རེ་དོགས་ཉམ་ང་ཡོད་དམ་མེད། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཁྱུང་ཆེན་གཤོག་རྫོགས་མཁའ་ལ་ལྡིང་བ་ལ། །ངམ་གྲོག་གཡང་ས་རྒྱ་མཚོའི་འཇིགས་པས་ཉམ་མི་ང་། །སེང་གེ་རྩལ་རྫོགས་གངས་གོང་ཉལ་བ་ལ། །གཅན་གཟན་ཕལ་པའི་འཇིགས་པས་ཉམ་མི་ང་། །རྣལ་འབྱོར་རིག་པའི་གདེང་ཆེན་ལྡན་པ་ལ། །ཁམས་གསུམ་འཁོར་བའི་གཡང་སས་ཉམ་མི་ང་། །གདེང་དང་ལྡན་པའི་རྣལ་འབྱོར་པས། །རང་བཞིན་མེད་པའི་དོན་རྟོགས་ན། །མཚན་མ་སྣང་རུང་མི་སྣང་རུང་། །སྐྱེ་ཤི་མེད་པའི་དོན་རྟོགས་ན། །འདུས་བྱས་རྟག་རུང་མི་རྟག་རུང་། །ཡེ་ནས་ཡིན་པའི་དོན་རྟོགས་ན། །ད་གདོད་རྩོལ་རུང་མ་རྩོལ་རུང་། །གཉིས་སུ་མེད་པའི་དོན་མཐོང་ན། །དུ་མར་འབྱེད་རུང་མ་འབྱེད་རུང་། །མཉམ་པ་ཉིད་ཀྱི་དོན་རྟོགས་ན། །བཟང་ངན་འབྱེད་རུང་མ་འབྱེད་རུང་། །བགྲོད་དུ་མེད་པའི་ལམ་རྙེད་ན། །གནས་ཀྱང་མཐོ་རུང་མ་མཐོ་རུང་། །གསལ་སྒྲིབ་མེད་པའི་དོན་རྟོགས་ན། །མུན་ཀྱང་སྲོས་རུང་མ་སྲོས་རུང་། །བརྗོད་དུ་མེད་པའི་ལམ་རྙེད་ན། །ཐ་སྙད་མཁས་རུང་མ་མཁས་རུང་། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྫོགས་པ་ཆེན་པོའི་ལྟ་བའི་གདེང་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །སྙིང་པོ་དོན་གྱི་མན་ངག་འདི། །གང་ཟག་གང་གི་སྤྱོད་ཡུལ་ལགས། །བསྟན་དུ་གསོལ། གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །སེང་གེ་དཀར་མོའི་འོ་མ་ཡང་། །རིན་ཆེན་སྣོད་དུ་བཞོ་བ་ལས། །སྣོད་ངན་དག་ཏུ་བཞོས་གྱུར་ན། །སྣོད་བཅུད་གཉིས་ཀ་


DNG006_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བརླག་པར་འགྱུར། །ཟས་ཀྱི་རྒྱལ་པོ་བདུད་རྩི་ཡང་། །ལུས་སྟོབས་ཅན་གྱིས་བཟའ་བ་ལས། །ཕོ་བ་སྣོད་ངན་མི་འཇུ་སྐྲན། །ཆོས་ཀྱི་བལྟ་བའི་བདུད་རྩི་འདི། །བློ་ལྡན་འགའ་ཡི་སྤྱོད་ཡུལ་ལས། །བློ་དམན་དག་ལ་བསྟན་གྱུར་ན། །སྣོད་བཅུད་གཉིས་ཀ་བརླག་པར་འགྱུར། །ཞེས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྫོགས་པ་ཆེན་པོ་ལྟ་བ་ཀུན་གྱི་ཐུན་མོང་མ་ཡིན་པར་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་པ་ཆེན་པོའི་བལྟ་བ་ཡིས། །ཆོས་རྣམས་སྤྱི་ནི་ཅི་ལྟར་བཅིང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ་ཉོན་ཅིག །ལམ་གྱི་སྤྱི་ནི་གྲོང་གིས་བཅིངས། །ཆུ་བྲན་སྤྱི་ནི་རྒྱ་མཚོས་བཅིངས། །རི་བདུན་སྤྱི་ནི་རོ་བོས་བཅིངས། །འབྱུང་བཞིའི་སྤྱི་ནི་ནམ་མཁས་བཅིངས། །ཐེག་བརྒྱད་སྤྱི་ནི་ཨ་ཏིས་བཅིངས། །སྐུ་གསུམ་སྤྱི་ནི་ཆོས་སྐུས་བཅིངས། །ཡེ་ཤེས་ལྔ་ཡི་སྤྱི་དག་ནི། །རང་བྱུང་ཡེ་ཤེས་ཆེན་པོས་བཅིངས། །སྣང་སྲིད་ཀུན་གྱི་སྤྱི་དག་ནི། །ཆོས་ཉིད་བྱང་ཆུབ་སེམས་ཀྱིས་བཅིངས། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྫོགས་པ་ཆེན་པོའི་བལྟ་བས་ཆོས་ཐམས་ཅད་ཀྱི་སྤྱི་ཅི་ལྟར་བཅིངས་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེར། །སངས་རྒྱས་དགོངས་པ་ཅི་ལྟར་འདུས། །གསང་བའི་བདག་པོས་བསྟན་དུ་གསོལ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེར། །སངས་རྒྱས་ཀུན་གྱི་དགོངས་འདུས་པ། །སྤྱི་འདུས་སྒོས་འདུས་ཐམས་ཅད་འདུས། །དཔེ་ཡིས་འདུས་ལ་དོན་གྱིས་འདུས། །རྟགས་དང་གཏན་ཚིགས་མཐུན་པར་འདུས། །སྤྱི་ཡི་འདུས་པ་བསྟན་པ་ནི། །རབས་འདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་ཀྱི་དགོངས་པ་ཡང་། །ཆོས་ཉིད་བྱང་ཆུབ་སེམས་སུ་འདུས། །སྒོས་ཀྱི་འདུས་པར་བསྟན་པ་ནི། །


DNG006_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་པོའི་དགོངས་འདུས་པ། །བཟང་ངན་བླང་དོར་མེད་པར་འདུས། །རྡོ་རྗེ་སེམས་དཔའི་དགོངས་འདུས་པ། །སྐྱེ་འགག་འཕོ་འགྱུར་མེད་པར་འདུས། །རྣམ་པར་སྣང་མཛད་དགོངས་འདུས་པ། །ཡེ་ཤེས་ཀུན་གྱི་ལུས་ཅན་འདུས། །རིན་ཆེན་འབྱུང་ལྡན་དགོངས་འདུས་པ། །ཟག་མེད་གཏེར་གྱི་དགོངས་པར་འདུས། །སྣང་བ་མཐའ་ཡས་དགོངས་འདུས་པ། །ཁྱབ་གདལ་ཆེན་པོའི་དགོངས་པར་འདུས། །དོན་ཡོད་གྲུབ་པའི་དགོངས་འདུས་པ། །ཐོགས་མེད་ཡེ་ཤེས་དགོངས་པར་འདུས། །དཔེ་ནི་ཀུན་དཔེ་ནམ་མཁར་འདུས། །དོན་ནི་ཀུན་དོན་ཆོས་ཉིད་འདུས། །རྟགས་ནི་བྱང་ཆུབ་སེམས་ཉིད་འདུས། །གཏན་ཚིགས་རང་བྱུང་ཡེ་ཤེས་འདུས། །ཞེས་སོ། །ཡང་གསོལ་པ། དུས་གསུམ་སངས་རྒྱས་དགོངས་པ་ནི། །ནམ་མཁའ་ལྟ་བུར་གསུངས་པ་དེ། །དེ་དོན་བདག་ལ་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཉོན་ཅིག །ཅི་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་ཀྱི་སྣང་བ་སྟེ། །དེ་ལ་ལྟ་བའི་ཡུལ་མ་མཆིས། །མི་རྟོག་པས་ན་མཉམ་པ་ཉིད། །དེ་བཞིན་ནམ་མཁའི་དགོངས་པར་བཤད། །དབང་པོའི་ངོ་ལ་གང་སྣང་བ། །གང་སྣང་དེ་ལ་མི་རྟོགས་ན། །དེ་བཞིན་ནམ་མཁའི་དགོངས་པར་བཤད། །ཚིག་དང་ཡི་གེའི་དོན་རྟོགས་ན། །ཚིག་དང་ཡི་གེའི་དོན་ལ་གནས་མེད་པ། །དེ་བཞིན་ནམ་མཁའི་དགོངས་པར་བཤད། །བསམ་དུ་མེད་པའི་ཆོས་ཉིད་ནི། །ཀུན་ལ་ཁྱབ་པའི་བདག་ཉིད་དུ། །ནམ་མཁའ་བཞིན་དུ་ཡེ་གནས་པ། །དེ་བཞིན་ནམ་མཁའི་དགོངས་པར་བཤད། །ཅི་བཞིན་པ་ཡི་ཆོས་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །མི་གཡོ་མཉམ་པའི་སེམས་གནས་པ། །དེ་བཞིན་ནམ་མཁའི་དགོངས་པར་བཤད། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དུ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པར་བསྟན་པའི་ལེའུ་སྟེ་ཉེར་དགུ་


DNG006_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་ཀྱི་སྐུ་དང་ཆོས་ཀྱི་དབྱིངས། །གཅིག་པ་ལགས་སམ་ཐ་དད་ལགས། །ཆོས་ཀྱི་སྐུ་དང་གཟུགས་སྐུ་གཉིས། །གཅིག་པ་ལགས་སམ་ཐ་དད་ལགས། །ཆོས་ཀྱི་སྐུ་དང་ཡེ་ཤེས་གཉིས། །གཅིག་པ་ལགས་སམ་ཐ་དད་ལགས། །མ་རིག་པ་དང་ཡེ་ཤེས་གཉིས། །གཅིག་པ་ལགས་སམ་ཐ་དད་ལགས། །ཆོས་ཅན་མཚན་མར་སྣང་བ་དང་། །ཆོས་ཉིད་རང་གི་ངོ་བོ་གཉིས། །གཅིག་པ་ལགས་སམ་ཐ་དད་ལགས། །དུས་གསུམ་བཞུགས་པའི་སངས་རྒྱས་དང་། །ཁམས་གསུམ་འཁོར་བའི་སེམས་ཅན་གཉིས། །གཅིག་པ་ལགས་སམ་ཐ་དད་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། ཉོན་ཅིག །ཆོས་ཀྱི་སྐུ་དང་ཆོས་ཀྱི་དབྱིངས། །ཉི་མ་དང་ནི་འོད་ཟེར་བཞིན། །གཅིག་པ་མ་ཡིན་ཐ་དད་མིན། །ཆོས་ཀྱི་སྐུ་དང་གཟུགས་སྐུ་གཉིས། །མཁའ་ཟླ་དང་ནི་ཆུ་ཟླ་བཞིན། །གཅིག་པ་མ་ཡིན་ཐ་དད་མིན། །ཆོས་ཀྱི་སྐུ་དང་ཡེ་ཤེས་གཉིས། །མར་མེ་དང་ནི་འོད་བཞིན་དུ། །གཅིག་པ་མ་ཡིན་ཐ་དད་མིན། །རང་བཞིན་གཅིག་གིས་འདྲེལ་བ་ཡིན། །མ་རིག་པ་དང་ཡེ་ཤེས་གཉིས། །མེ་ལོང་གཡའ་དང་མཁའ་སྤྲིན་བཞིན། །གཅིག་པ་མ་ཡིན་ཐ་དད་མིན། །ཆོས་ཅན་མཚན་མར་སྣང་བ་དང་། །ཆོས་ཉིད་རང་གི་ངོ་བོ་གཉིས། །སྣང་བ་དག་དང་མ་དག་པ། །དེ་ཡི་ཁྱད་པར་གཉིས་སྣང་སྟེ། །གཅིག་པ་མ་ཡིན་ཐ་དད་མིན། །དུས་གསུམ་བཞུགས་པའི་སངས་རྒྱས་དང་། །ཁམས་གསུམ་འཁོར་བའི་སེམས་ཅན་གཉིས། །འཁྲུལ་པ་བཟང་ངན་ཁྱད་པར་ཏེ། །གཅིག་པ་མ་ཡིན་ཐ་དད་མིན། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུམིག་ལས། རྫོགས་པ་ཆེན་པོའི་ལྟ་བའི་གནད་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་རྣམས་ཐིག་ལེ་དྲུག་བརྒྱད་བྱུང་འདུས་ན། །ཐིག་ལེའི་དོན་ནི་གང་དུ་སྐྱེལ། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་


DNG006_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པ། སེམས་དཔའ་ཆེན་པོ་ཉོན་ཅིག །སྤྲོས་མེད་ཆོས་ཀྱི་ཐིག་ལེ་ནི། །བྱས་པ་མེད་པའི་བྱང་ཆུབ་སེམས། །རང་བཞིན་གནས་པའི་ཐིག་ལེར་བསྡུ། །སྤྲོས་མེད་དབྱིངས་ཉིད་གཉིས་མེད་པ། །འབྱེད་པ་མེད་པའི་ཐིག་ལེར་བསྡུ། །སྤྲོས་མེད་རྣམ་དག་བྱང་ཆུབ་སེམས། །གཉིས་སུ་མེད་པའི་ཐིག་ལེར་བསྡུ། །སྤྲོས་པ་མེད་པའི་བྱང་ཆུབ་སེམས། །སྤྲོས་མེད་ཡེ་ཤེས་ཐིག་ལེར་བསྡུ། །སྒྲིབ་པ་མེད་པའི་བྱང་ཆུབ་སེམས། །འགག་པ་མེད་པའི་ཐིག་ལེར་བསྡུ། །སྤྲོས་མེད་ཀུན་བཟང་བྱང་ཆུབ་སེམས། །བླང་དོར་མེད་པའི་ཐིག་ལེར་བསྡུ། །མཉམ་པ་ཉིད་ཀྱི་བྱང་ཆུབ་སེམས། །སྤྲོས་མེད་ལྷུན་གྲུབ་ཐིག་ལེར་བསྡུ། །རྩོལ་བསྒྲུབ་འདས་པའི་བྱང་ཆུབ་སེམས། །གཡོ་བ་མེད་པའི་ཐིག་ལེར་བསྡུ། །ཐིག་ལེ་དྲུག་གི་དོན་བསྡུས་པ། །མ་བཅོས་སེམས་ཀྱི་ཐིག་ལེར་བསྡུ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། བྱང་ཆུབ་སེམས་ཀྱི་དོན་རྣམ་པར་འགྲེལ་ཞིང་བསྡུས་པའི་ལེའུ་སྟེ་སོ་གཅིག་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཚོགས་བསགས་འབྲས་བུ་མ་ལགས་པ། །ཁྱད་པར་སྐུ་གཅིག་ཡོད་དམ་མེད། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །སངས་རྒྱས་ཀུན་གྱི་མེས་ཆེན་པོ། །མཚོན་ཅིང་ངོས་གཟུང་མེད་པ་གཅིག །དུས་གསུམ་འདུས་མ་བྱས་པ་རུ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པར། །ཆོས་རྣམས་ཀུན་གྱི་སྙིང་པོ་རུ། །རང་བཞིན་ལྷུན་གྱིས་གྲུབ་ནས་བཞུགས། །རྣམ་པ་ཀུན་ལྡན་རྣམ་པ་མེད། །དག་དང་མ་དག་རྣམ་པ་ཅན། །ཡོད་ཀྱང་རང་གིས་རང་མ་མཐོང་། །སྐྱེས་བུའི་ལུས་དང་བྱད་འགྲོགས་འདྲ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྫོགས་པ་ཆེན་པོའི་ཁྱད་པར་གྱི་སྐུ་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པ། །ཅི་བཞིན་པ་ཡི་ཆོས་ཉིད་ལ། །མ་བཅོས་རྣལ་དུ་བཞག་པ་དེར། །འོག་མའི་རྩོལ་བསྒྲུབ་འདུས་མ་


DNG006_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། ཉོན་ཅིག །མ་བཅོས་རྣལ་དུ་བཞག་པ་དེ། །ཐེག་དམན་རྩོལ་བསྒྲུབ་ཀུན་འདུས་ཏེ། །འོག་མའི་བྱང་ཆུབ་དེ་ལ་རྫོགས། །ལེགས་པར་བསྔོ་བའི་སྨོན་ལམ་ཀུན་ཀྱང་དེ་ལ་རྫོགས། །ཉེས་པ་བཤགས་པའི་འགྱོད་པ་ཀུན་ཀྱང་རྫོགས། །འཕགས་པ་མཉེས་པའི་ཕྱི་ནང་མཆོད་པ་རྫོགས། །སྡོམ་དང་ཚུལ་ཁྲིམས་དམ་ཚིག་བསྲུང་མཚམས་རྫོགས། །དཀྱིལ་འཁོར་ཞུགས་དང་དབང་དང་དངོས་གྲུབ་རྫོགས། །སངས་རྒྱས་ས་དང་ཕ་རོལ་ཕྱིན་དྲུག་རྫོགས། །ཚོགས་བསགས་སྒྲིབ་སྦྱངས་རྩོལ་བསྒྲུབ་འབྲས་བུ་རྫོགས། །འགྲོ་དོན་མཐར་ཕྱིན་ཕྲིན་ལས་རྣམ་བཞི་རྫོགས། །སེམས་ཅན་དོན་བྱེད་ཚད་མེད་རྣམ་བཞི་རྫོགས། །ལུས་ཀྱི་བསྐོར་བ་ཕྱག་རྒྱ་གར་ཡང་རྫོགས། །ངག་གི་འདོན་བཟླས་དབྱངས་དང་བསྟོད་པ་རྫོགས། །ཡིད་ཀྱི་ཏིང་འཛིན་ཕྱག་རྒྱ་དཀྱིལ་འཁོར་རྫོགས། །དེ་ཕྱིར་དགོས་ཆེད་དོན་གྱིས་བཤད་པ་ཡིན། །ཞེས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ལམ་ཡོངས་སུ་རྫོགས་པའི་ལེའུ་སྟེ་སོ་གསུམ་པའོ།། །། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་པ་ཆེན་པོའི་རྣལ་འབྱོར་པས། །སྤྱོད་པ་ཅི་ལྟར་སྤྱད་པར་བགྱི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། ཉོན་ཅིག །བཅོས་པའི་སྤྱོད་པ་མ་ཡིན་པ། །སྲོག་ལྡན་ཤུགས་ལས་བྱུང་བ་ཡི། །དགག་དབྱེ་མེད་པའི་སྤྱོད་པ་སྤྱད། །རེ་དོགས་བཅས་པའི་སེམས་ཕྲལ་བས། །བླང་དོར་མེད་པར་ཀུན་སྤྱད་ན། །སྤྱོད་པ་གླང་ཆེན་ཆུར་ཞུགས་ཡིན། །ཅི་ལྟར་ནམ་མཁའི་མདུང་བསྐོར་བཞིན། །དཔེ་གསུམ་དོན་དང་མཐུན་སྤྱད་ན། །ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན། །མཉམ་པའི་ངང་ནས་མི་གཡོ་ཞིང་། །ལུས་ངག་ཡིད་གསུམ་རྩོལ་སྤངས་པ། །ཤིན་ཏུ་རྣལ་འབྱོར་སྤྱོད་པ་ཡིན། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཤིན་ཏུ་རྣལ་འབྱོར་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། །།


DNG006_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པས། །བླ་མེད་བྱང་ཆུབ་ཆེན་པོ་འདི། །བཅོས་པས་གྲུབ་བམ་མ་བཅོས་གྲུབ། །བཙལ་བས་གྲུབ་བམ་མ་བཙལ་གྲུབ། །བསོད་ནམས་ཚོགས་ལ་བརྟེན་མི་བརྟེན། །སྒྲིབ་སྦྱང་དྲི་མ་བཀྲུ་མི་བཀྲུ། །ལམ་ལ་བགྲོད་པས་ཕྱིན་མི་ཕྱིན། །འདོད་པས་འགྲུབ་བམ་མི་འདོད་འགྲུབ། །གསང་བའི་བདག་པོས་བསྟན་དུ་གསོལ། །སེམས་དཔའ་ཆེན་པོ་ཉོན་ཅིག །བླ་མེད་བྱང་ཆུབ་ཆེན་པོ་དེ། །བཅོས་པས་གྲུབ་པ་མ་ཡིན་ཏེ། །མ་བཅོས་རྣལ་དུ་བཞག་པས་འགྲུབ། །དེ་ལ་གང་ཞིག་འཆོས་བྱེད་པ། །མི་ཤེས་སྨིག་རྒྱུ་འཆོས་པ་འདྲ། །བཙལ་བས་གྲུབ་པ་མ་ཡིན་ཏེ། །མ་བཙལ་མཉམ་པར་བཞག་པས་གྲུབ། །དེ་ལ་གང་ཞིག་རྩོལ་བྱེད་པ། །མདོངས་པས་ནམ་མཁའ་བསྙབ་པ་འདྲ། །བསོད་ནམས་ཚོགས་བསག་མི་དགོས་ཏེ། །གང་ཞིག་བསོད་ནམས་ཚོགས་གསོག་པ། །བྱིས་པས་རྩེད་མོ་བྱེད་པ་འདྲ། །སྦྱངས་པས་འབྱོངས་པར་མི་འགྱུར་ཏེ། །སོལ་བ་བྱི་དོར་བྱེད་པ་འདྲ། །བཀྲུས་པས་དག་པར་མི་འགྱུར་ཏེ། །དྲི་ཆུས་ལག་པ་བཀྲུ་བ་འདྲ། །བགྲོད་པས་ཕྱིན་པར་མི་འགྱུར་ཏེ། །ཁྱུང་ཆེན་ནམ་མཁའི་མཐའ་འཚོལ་འདྲ། །འདོད་པས་རྙེད་པར་མི་འགྱུར་ཏེ། །རི་དྭགས་སྨིག་རྒྱུ་བསྙེག་པ་འདྲ། །དེས་ན་ཤིན་ཏུ་རྣལ་འབྱོར་པས། །རྒྱལ་པོ་བཞིན་དུ་ཙན་ནི་སྡོང་། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། སྤྱོད་པ་བླ་ན་མེད་པའི་ལེའུ་སྟེ་སོ་ལྔ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །སྐད་ཅིག་དུས་ཀྱིས་གང་རྣམས་བསྡུ། །དངོས་པོ་གཞི་ཡིས་གང་རྣམས་བསྡུ། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་རྣམས་མཚན་མར་སྣང་བ་དང་། །ཆོས་ཉིད་དོན་གྱི་ངོ་བོ་ལ། །དངོས་པོ་གཞི་ལ་ཐ་དད་མེད། །དུས་གསུམ་བཞུགས་པའི་སངས་རྒྱས་དང་། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །གཞི་ལ་ཐ་དད་བྱེ་བྲག་མེད། །མ་རིག་


DNG006_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་འཁྲུལ་པ་དང་། །རང་བྱུང་ཡེ་ཤེས་ཆེན་པོ་གཉིས། །གཞི་ལ་ཐ་དད་བྱེ་བྲག་མེད། །ཁམས་གསུམ་རྒྱུད་དྲུག་སྡུག་བསྔལ་དང་། །དུས་གསུམ་སངས་རྒྱས་བདེ་བ་གཉིས། །སེམས་ཀྱི་གཞི་ལ་ཐ་དད་མེད། །ཆོས་ཅན་མཚན་མའི་ཀུན་རྫོབ་དང་། །དོན་དམ་མཚན་མ་མེད་པ་གཉིས། །ཆོས་ཉིད་གཞི་ལ་ཐ་དད་མེད། །ཅེས་དང་། སེམས་དཔའ་ཆེན་པོ་ཉོན་ཅིག །རང་སེམས་རྟོགས་པས་སྤྱོད་པ་དང་། །མ་རིག་འཁྲུལ་པ་བྱུང་བ་ལ། །དུས་ལ་སྐད་ཅིག་བྱེ་བྲག་མེད། །མ་རིག་འཁྲུལ་པ་འབྱུང་བ་དང་། །ཁམས་གསུམ་འཁོར་བ་བླངས་པ་གཉིས། །སྐད་ཅིག་དུས་ལ་སྔ་ཕྱི་མེད། །མ་རིག་འཁྲུལ་པ་ལོག་པ་དང་། །རང་བྱུང་ཡེ་ཤེས་ཤར་བ་ལ། །སྐད་ཅིག་དུས་ལ་སྔ་ཕྱི་མེད། །རང་བྱུང་ཡེ་ཤེས་ཤར་བ་དང་། །འཁྲུལ་པ་ཆོས་ཉིད་མཐོང་བ་ལ། །སྐད་ཅིག་དུས་ལ་སྔ་ཕྱི་མེད། །ཡེ་ཤེས་མངོན་དུ་གྱུར་པ་དང་། །འབྲས་བུ་ཆོས་སྐུ་ཐོབ་པ་ལ། །སྐད་ཅིག་དུས་ལ་སྔ་ཕྱི་མེད། །འབྲས་བུ་ཆོས་སྐུ་ཐོབ་པ་དང་། །གཟུགས་སྐུ་རྣམ་གཉིས་འབྱུང་བ་ལ། །སྐད་ཅིག་དུས་ལ་སྔ་ཕྱི་མེད། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། སྐད་ཅིག་མའི་དུས་དང་གཞི་བསྡུ་བའི་ལེའུ་སྟེ་སོ་དྲུག་པའོ།། །། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །ཆེ་བ་ལྔ་ཡིས་ཁྱད་པར་འཕགས། །དེ་ཡི་འཕགས་ལུགས་ཅི་ལྟར་ལགས། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །མངོན་པར་སངས་རྒྱས་ཆེ་བ་ནི། །སྤྲོས་པ་མེད་པའི་བྱང་ཆུབ་སེམས། །སྣང་སྲིད་ཀུན་ལས་ཁྱད་པར་འཕགས། །ཨ་ཏི་ཡོ་གའི་ཆེ་བར་བཤད། །ཆོས་ཀྱི་དབྱིངས་ལས་ཆེ་བ་ནི། །ཐམས་ཅད་འབྱུང་བའི་བྱང་ཆུབ་སེམས། །འབྱུང་གནས་ཀུན་ལས་ཁྱད་པར་འཕགས། །ཨ་ཏི་ཡོ་གའི་ཆེ་བ་ཡིན། །བདག་ཉིད་སངས་རྒྱས་ཆེ་བ་ནི། །ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས། །རྩོལ་བསྒྲུབ་ཀུན་ལས་ཁྱད་པར་འཕགས། །ཨ་ཏི་ཡོ་གའི་ཆེ་བ་ཡིན། །


DNG006_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་སངས་རྒྱས་ཆེ་བ་ནི། །མ་ནོར་བ་ཡི་བྱང་ཆུབ་སེམས། །གཏན་ཚིགས་ཀུན་ལས་ཁྱད་པར་འཕགས། །ཨ་ཏི་ཡོ་གའི་ཆེ་བ་ཡིན། །སངས་རྒྱས་མེད་པའི་ཆེ་བ་ནི། །སྒྲོ་སྐུར་བྲལ་བའི་བྱང་ཆུབ་སེམས། །བསམ་བརྗོད་ཀུན་ལས་ཁྱད་པར་འཕགས། །ལ་བཟླ་བ་ཡི་ཆེ་བ་ཡིན། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཁྱད་པར་འཕགས་པའི་ལེའུ་སྟེ་སོ་བདུན་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་ཉིད་དོན་གྱི་ངོ་བོ་དེ། །སྟོང་པ་ཡང་དག་ལགས་མ་ལགས། །སྟོང་པ་ཉིད་ཀྱི་ཁྱད་ཕྱེ་བ། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ།སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཉིད་དོན་གྱི་ངོ་བོ་དེ། །བློས་བརྟགས་ཆོས་ཀྱིས་སྟོང་པ་ལས། །རང་སྣང་ངོ་བོས་སྟོང་མ་མྱོང་། །ཆོས་ཉིད་རང་གི་ངོ་བོ་ལ། །སྟོང་དང་མི་སྟོང་གཉིས་སུ་མེད། །ཕྱོགས་གཅིག་སྤང་བའི་སྟོང་པ་དང་། །ཕྱོགས་བྲལ་སྟོང་པ་ཆེན་པོ་གཉིས། །སྟོང་པའི་མིང་དུ་འདྲ་མོད་ཀྱང་། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །ཕྱོགས་གཅིག་སྤང་བའི་སྟོང་པ་དེ། །ཕྱོགས་གཅིག་ཡིན་ཏེ་ཕྱོགས་གཅིག་མིན། །ཐམས་ཅད་མ་ལུས་ཀུན་ལྡན་པའི། །ཕྱོགས་བྲལ་སྟོང་པ་ཆེན་པོ་ནི། །ཀུན་བྲལ་དྲི་མ་སྤངས་པ་དང་། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཕྱིར། །ཅི་ཡང་མིན་ལ་ཅི་ཡང་ཡིན། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། སྟོང་པ་ཉིད་ཀྱི་ཁྱད་པར་དབྱེ་བའི་ལེའུ་སྟེ་སོ་བརྒྱད་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་གསང་བའི་ངེས་ཚིག་ཅི་ལྟར་ལགས། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཅི་ལྟར་ནམ་མཁའི་མཚན་ཉིད་དུ། །སྣང་སྲིད་ཐམས་ཅད་ཤོང་བ་བཞིན། །སེམས་ཉིད་ཐེག་པ་ཆེན་པོ་འདིར། །ཡོད་པའི་ཆོས་དང་མེད་པའི་ཆོས། །དེ་བཞིན་སྲིད་དང་མི་སྲིད་དང་། །སངས་རྒྱས་སེམས་ཅན་བདེ་སྡུག་བསྔལ། །བཟང་


DNG006_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཆེ་ཆུང་སྐྱོན་ཡོད་ཏན། །ལྷག་མ་མེད་པར་ཡོངས་རྫོགས་པས། །དེ་ཕྱིར་དེ་ལ་རྫོགས་ཞེས་བྱ། །རིན་པོ་ཆེ་ཡི་གསེར་གླིང་ན། །ཐམས་ཅད་གསེར་ལས་མེད་པའི་ཕྱིར། །དོར་དུ་རུང་བ་ཡོད་མ་ཡིན། །རྫོགས་པ་ཆེན་པོའི་ཆོས་ཉིད་ལ། །སྤང་བ་གང་ཡང་མེད་པའི་ཕྱིར། །དོར་དུ་རུང་བ་ཡོད་མ་ཡིན། །ངོས་གཟུང་མེད་པའི་ལྟ་བ་ལ། །བླང་དུ་རུང་བ་ཡོད་མ་ཡིན། །དེས་ན་བླང་དོར་ཡོད་པ་ཡིན། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྫོགས་པ་ཆེན་པོའི་ངེས་ཚིག་ལ་གཞི་རྫོགས་པ་ཆེན་པོར་ལྷག་མ་མེད་པར་ལ་བཟླ་བའི་ལེའུ་སྟེ་སོ་དགུ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པས། །ཕྱོགས་ཆ་སྤྱོད་པའི་ལྟ་བ་ལ། །དེ་ལ་བརྟེན་པར་མི་བྱ་ཞེས། །བདེར་གཤེགས་གསང་བའི་བདག་པོ་ཡིས། །ཕྱོགས་ཆ་ཅན་དུ་གསུངས་པ་དེ། །ངེས་དོན་ལགས་སམ་དགོངས་བཤད་ལགས། །སེམས་ཀྱིས་སེམས་ལ་བལྟ་མི་བལྟ། །ཡེ་སངས་རྒྱས་པ་ལགས་མ་ལགས། །གསང་བའི་བདག་པོས་གསུངས་པ།སེམས་དཔའ་ཆེན་པོ་ཉོན་ཅིག །ཕྱོགས་གཅིག་སྤངས་ནས་ཕྱོགས་གཅིག་བླང་། །ཕྱོགས་མཐུན་ཕྱོགས་ལ་ཐུག་པ་མེད། །ལྟ་བ་ངན་པའི་མཐའ་ཡིན་པས། །དེ་ལ་བརྟེན་པར་མི་བྱའོ། །ཁྱོད་ལ་སོགས་པའི་འཁོར་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ང་ཡི་བཀའ་འདི་དགོངས་པ་ཅན། །ཡོད་མཐའ་དགྲོལ་ཕྱིར་མེད་ཅེས་བཤད། །མེད་མཐའ་དགྲོལ་ཕྱིར་ཡོད་ཅེས་བཤད། །གཉིས་འཛིན་དགྲོལ་ཕྱིར་ཉག་གཅིག་བཤད། །ཉག་གཅིག་མཐའ་དགྲོལ་སྤྲོས་བྲལ་བཤད། །སྤྲོས་བྲལ་དགྲོལ་ཕྱིར་བརྗོད་མེད་བཤད། །བརྗོད་མེད་དགྲོལ་ཕྱིར་ཁོང་འབྱམས་བཤད། །ལྟ་བ་འཕྲུལ་གྱི་ཁོང་འབྱམས་ཀྱི། །ཅི་ལྟར་ནམ་མཁའི་མདུང་བསྐོར་བཞིན། །གང་ལྟར་བསྐོར་ཡང་དོག་པ་མེད། །ཅི་ལྟར་འདམ་གྱི་


DNG006_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་བཞིན། །གང་ལྟར་བསྒུལ་ཀྱང་བསྒུལ་དུ་བཏུབ། །པགས་པ་རློན་པའི་མཐའ་བཞིན་དུ། །གང་ལྟར་འཐེན་ཡང་འཐེན་དུ་བཏུབ། །ཅི་ལྟར་སྨོན་པའི་ཚིག་བཞིན་དུ། །གང་ལྟར་སྨྲ་ཡང་སྨྲ་དབང་ཆེ། །ཅེས་གསུངས་སོ། །གསོལ་པ། འགྲོ་བའི་སེམས་རྒྱུད་གཉིས་མེད་པས། །སེམས་ཀྱིས་སེམས་ལ་བལྟ་རུ་མེད། །བལྟས་ཀྱང་མི་མཐོང་ས་མི་དམིགས། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །རྒྱུ་རྐྱེན་གཞན་གྱིས་མ་བསྐྱེད་ཅིང་། །རྩོལ་བསྒྲུབ་དག་གིས་མི་འབྱུང་བས། །རང་བཞིན་ལྷུན་གྱིས་གྲུབ་པ་ཡིན། །དེ་ལ་དགོངས་ནས་སྟོན་པས་ཀྱང་། །ཡེ་སངས་རྒྱས་པར་མིང་དུ་བཏགས། །སེམས་ཉིད་རང་གི་ངོ་བོ་ལ། །སངས་རྒྱས་དང་ནི་སེམས་ཅན་གཉིས། །གང་དུ་ཡང་ནི་སེམས་མེད་དོ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ལྟ་བའི་དུག་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དེ་དག་རྫོགས་ཆེན་ལྟ་བ་ནི། །མཐར་ཐུག་མེད་པར་མི་འགྱུར་རམ། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཐུག་པ་མེད་པའི་མཐའ་ཡིན་ཏེ། །ཡང་དག་མཐའ་ལ་ཐུག་པ་མེད། །ཐུག་པ་མེད་པ་ཐུག་པའི་མཆོག །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྫོགས་པ་ཆེན་པོའི་ལྟ་བ་མཐར་ཐུག་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པའི་རིམ་པར་ཕྱེ་བ་ནི། །དེ་ཡི་སྣང་ཚུལ་ཅི་ལྟར་ལགས། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །རྫོགས་ཆེན་ཨ་ཏིའི་སྣང་ཚུལ་ནི། །ཅི་སྣང་ཅི་སྲིད་ཐམས་ཅད་ཀུན། །ཀུན་ཏུ་བཟང་པོའི་རོལ་པར་སྣང་། །རང་སྣང་ཡེ་ཤེས་རྒྱན་དུ་སྣང་། །ཐུན་མོང་སྔགས་ཀྱི་སྣང་ཚུལ་ནི། །རང་རང་མཐུན་པའི་ཡེ་ཤེས་སྣང་། །ཐེག་ཆེན་དབུ་མའི་སྣང་ཚུལ་ནི། །ཀུན་རྫོབ་དབུ་མའི་ཚུལ་དུ་སྣང་། །རྣམ་རིག་ཙམ་གྱི་སྣང་ཚུལ་ནི། །རང་རང་འཁྲུལ་པའི་ངོ་བོར་སྣང་། །ཉན་ཐོས་རང་རྒྱལ་སྣང་ཚུལ་ནི། །ཀུན་ཀྱང་རྡུལ་གྱི་ཕུང་པོར་སྣང་། །


DNG006_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དྲུག་སེམས་ཅན་སྣང་ཚུལ་ནི། །སོ་སོའི་ལས་དང་བག་ཆགས་སྣང་། །ཞེས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ཀྱི་སྣང་ཚུལ་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པ་རིམ་པར་ཕྱེ་བ་ནི། །ཏིང་འཛིན་སྒོམ་ཐབས་ཅི་ལྟར་ལགས། །གསང་བའི་བདག་པོས་གསོལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཉན་ཐོས་ཐ་མའི་དམིགས་པ་ནི། །སེམས་ཀྱི་ཆགས་པ་སྤང་བའི་ཕྱིར། །ཀེང་རུས་ལ་སོགས་བསྒོམ་པར་བྱེད། །ཉན་ཐོས་འབྲིང་གི་དམིགས་པ་ནི། །དབུགས་དང་རྩོལ་བ་བགྲང་བར་བྱེད། །ཉན་ཐོས་རབ་ཀྱི་དམིགས་པ་ནི། །འདུ་ཤེས་མེད་པར་སྙོམས་ཞུགས་ནས། །ཞི་བ་ཕྱོགས་གཅིག་མུ་ལ་གནས། །ཉན་ཐོས་མདོ་སྡེའི་བསྒོམ་པ་ནི། །རང་སེམས་སྣ་རྩེར་གཏད་བྱས་ནས། །མ་ཡེངས་རྟག་ཏུ་གནས་པར་བྱེད། །རང་རྒྱལ་དག་གི་ཏིང་འཛིན་ནི། །འཁོར་ལོ་སེམས་སུ་བསྡུས་བྱས་ནས། །སེམས་ཉིད་ལ་ནི་གནས་པར་བྱེད། །རྣམ་རིག་ཙམ་གྱི་དམིགས་པ་ནི། །ཤེས་པ་རང་རིག་གསལ་བ་ལ། །གཟུང་འཛིན་རྟོག་པ་སྤྱོད་རྒྱུད་ཆད་པ་ཡིན་ནམ་བྲལ་བར་གནས། །ཐེག་ཆེན་དབུ་མའི་བཞག་ཐབས་ནི། །སྒོ་ལྔ་གསལ་བའི་ཡེ་ཤེས་ལས། །ཡིད་ནི་རྟོག་པ་མེད་པར་གནས། །བྱ་བ་རྒྱུད་ཀྱི་ཐེག་པ་ནི། །ཡན་ལག་བཅུ་གཅིག་ཆོ་ག་ཡིས། །བྱིན་གྱིས་བརླབས་ནས་ལྷ་རུ་འདོད། །རྣལ་འབྱོར་ཡོ་གའི་ཐེག་པ་ནི། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞིས། །ཡོངས་སུ་བརྟགས་ནས་ལྷ་རུ་བསྒོམ། །མ་ཧཱ་ཡོ་གའི་ཐེག་པ་ནི། །ཏིང་འཛིན་གསུམ་དང་བསྙེན་བསྒྲུབ་བཞིས། །རང་རྒྱུད་དག་པའི་ལྷ་རུ་བསྒོམ། །ཨ་ནུ་ཡོ་གའི་ཐེག་པ་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་ནས། །མ་བསྐྱེད་པ་ཡི་ལྷ་རུ་བསྒོམ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་


DNG006_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལས། ཐེག་པ་ཐུན་མོང་གི་སེམས་ཀྱི་བཞག་ཐབས་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་པ་ཆེན་པོའི་བསྒོམ་གྱི་བཞག་ཐབས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པས། སེམས་དཔའ་ཆེན་པོ་ཉོན་ཅིག །རང་ལ་ཡོད་ཀྱིས་གཞན་ལ་བལྟ། །འགྲོ་ས་མེད་ཀྱིས་ཅོག་གེ་སྡོད། །ཡེ་ནས་ཡིན་གྱིས་གདོད་མ་རྩོལ། །ཕུག་ན་འདུག་གིས་སྒོར་མ་འབྱུང་། །རང་བྱུང་ཡེ་ཤེས་ཕུག་ནས་སྒོར་ཕྱུང་བས། །མཚན་མ་སྣ་ཚོགས་ཆོས་དང་ཏུག་གིས་ཕྲད། །དེ་ལ་བརྟགས་ཤིང་དཔྱད་པས་འཁོར་བའི་སྙིང་པོར་གྲུབ། །ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བྱས་པའི་སྤྱོད་པ་སྤྱོད་པ་ཟང་མ་ཡིན། །དམིགས་པའི་བསྒོམ་པ་བསྒོམ་པ་ཟང་མ་མིན། །གསལ་བའི་ཡེ་ཤེས་ཡེ་ཤེས་ཟང་མ་མིན། །བསྒྲུབ་པའི་འབྲས་བུ་འབྲས་བུ་ཟང་མ་མིན། །ཕྱོགས་སུ་ལྷུང་བའི་བལྟ་བ་བལྟ་བ་ཟང་མ་མིན། །ཤུགས་ལས་བྱུང་བའི་སྤྱོད་པ་སྤྱོད་པ་ཟང་མ་ཡིན། །དམིགས་གཏད་མེད་ན་བསྒོམ་པ་ཟང་མ་ཡིན། །གསལ་འགྲིབ་མེད་ན་ཡེ་ཤེས་ཟང་མ་ཡིན། །ལྷུན་གྱིས་གྲུབ་ན་འབྲས་བུ་ཟང་མ་ཡིན། །ཕྱོགས་ལྷུང་མེད་ན་བལྟ་བ་ཟང་མ་ཡིན། །ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཉིད་ཇི་བཞིན་པ་ལ། བློ་ཅི་བཞིན་པ་བཞག་སྟེ། དབང་པོ་རྒྱ་ཡན། རིག་པ་ཁྱབ་གདལ། ལུས་སེམས་བཅོས་པ་མེད་པར་གཞག་པར་བྱ། །དབང་པོ་ཡུལ་ལ་ཡན་པ་བསྡུ་མི་བྱ། །ཡུལ་དང་དབང་པོ་མི་དབྱེ་ལྷུག་པར་བཞག །ཆོས་ཉིད་ངོ་ཡིས་མི་བཟུང་རང་སྣང་ངོ་བོར་བཞག །མ་ཡེངས་མཉམ་པར་བཞག་ཅིང་རྗེས་ཐོབ་རྟ་ལྟར་བཙའ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། བྱང་ཆུབ་སེམས་ཀྱི་བཞག་ཐབས་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་ལམ་གྱི་དགོངས་པ་གང་། །གསང་བའི་བདག་པོས་


DNG006_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །སྔོན་དུ་འགྲོ་བའི་ཆོ་ག་རུ། །ཤེས་རབ་རྣམ་གསུམ་བློ་སྦྱང་འཚལ། །སྤང་བ་མེད་པའི་ཆོས་ཉིད་ལ། །རང་བྱུང་ཡེ་ཤེས་གཞི་བཙལ་འཚལ། །ཕྱོགས་ལྷུང་མེད་པའི་ལྟ་བ་ལ། །རྣལ་འབྱོར་བློ་ཡིས་རྒྱབ་བརྟེན་འཚལ། །གསལ་ལ་མི་རྟོག་རྣམ་གཉིས་ཀྱིས། །གཡས་གཡོན་གཉིས་ན་གཞོག་སྐོར་འཚལ། །མཚན་མ་སྤྲོ་རུ་མི་གཞུག་འཚལ། །ཉ་རྟ་བུ་ཤི་མ་བཞིན་དུ། །སེམས་ཉིད་ཐུབ་པར་བཙལ་ཡང་འཚལ། །རྣམ་རྟོག་མཚན་མ་འཕྲོ་སྲིད་ན། །མཁའ་དང་མཁའ་ཡི་སྤྲིན་བཞིན་དུ། །རང་བྱུང་རང་ཞིང་བཞག་ཀྱང་འཚལ། །ཏིང་འཛིན་ལས་སུ་རང་བ་ཡི། །དྲོད་རྟགས་མཚན་མ་བྱུང་ཡང་འཚལ། །བར་ཆད་ཆོ་འཕྲུལ་བཟློག་པའི་ཕྱིར། །བདུད་ཀྱི་གཅོད་ཡུལ་ཤེས་ཀྱང་འཚལ། །བལྟ་བསྒོམ་སྲོག་ལྡན་ཤུགས་བྱུང་བའི། །དགག་བསྒྲུབ་མེད་པའི་སྤྱོད་པ་འཚལ། །པ་ན་སེ་ཡི་འབྲས་བུ་བཞིན། །འབྲས་བུ་གཞི་ནས་སྨིན་ཡང་འཚལ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྫོགས་ཆེན་ལམ་གྱི་དགོངས་པ་མདོར་བསྡུས་པའི་ལེའུ་སྟེ་ཞེ་ལྔ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པ་རིམ་པར་ཕྱེ་བ་ཡི། །འབྲས་བུ་ཐོབ་དུས་ཅི་ལྟར་ལགས། །གསང་བའི་བདག་པོས་གསུངས་པ། ཀྱེ་ཉོན་ཅིག །དུག་གསུམ་སྤངས་པའི་ཉན་ཐོས་དང་། །མ་རིག་འགེག་པའི་རང་རྒྱལ་དང་། །རྣམ་རྟོག་སྦྱང་བའི་མདོ་སྡེ་གསུམ། །བསྐལ་པ་གསུམ་གྱིས་སངས་རྒྱས་ས་ལ་སྦྱོར། །ལས་དང་བྱ་བ་གཙོར་བྱེད་པའི། །བྱ་བ་རྒྱུད་ཀྱི་ཐེག་པས་ནི། །མི་ཚེ་བདུན་གྱིས་རིག་འཛིན་སྦྱོར། །ཕྱག་རྒྱ་བཞི་ལ་གཙོར་བསྒྲུབ་པའི། །རྣལ་འབྱོར་རྒྱུད་ཀྱི་ཐེག་པས་ནི། །མི་ཚེ་གསུམ་གྱིས་སངས་རྒྱས་ས་ལ་སྦྱོར། །མ་ཧཱ་ཡོ་གའི་ཐེག་པས་ནི། །ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །


DNG006_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་ལྔ་ནི་རྫོགས་བྱས་ནས། །སྔགས་ཀྱི་ཡན་ལག་ལྔ་རྫོགས་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་ན། །ཚེ་ལ་དབང་བའི་དངོས་གྲུབ་ཐོབ། །ལོ་ནི་ཉིས་སྟོང་ལྔ་བརྒྱ་རུ། །ལོངས་སྤྱོད་རྫོགས་པའི་ཚུལ་བཟུང་ནས། །དོ་གཅིག་སངས་རྒྱས་ས་ལ་འགྲོ། །སྐུ་གསུམ་ལྷུན་གྱིས་གྲུབ་པར་འགྱུར། །ཨ་ནུ་ཡོ་གའི་ཐེག་པ་ནི། །བར་མ་ཆོད་པའི་ཚེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །རྣལ་འབྱོར་དུས་ལ་མི་ལྟོས་ཏེ། །ཅི་བཞིན་པ་ཡི་ཆོས་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །ཤེས་པ་སོ་མ་མ་བཅོས་པར། །འབྲས་བུ་རང་བཞིན་སྐུ་གསུམ་ཚུལ་ཡང་བཞག་སྐུ་གསུང་ཐུགས། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཐེག་པའི་འབྲས་བུ་འཐོབ་དུས་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པ་རིམ་པར་ཕྱེ་བ་ཡི། །འབྲས་བུ་ཐོབ་ཚུལ་ཅི་ལྟར་ལགས། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཐེག་པ་སོ་སོའི་འབྲས་བུ་ནི། །ལ་ལས་དགྲ་བཅོམ་འབྲས་བུ་ཐོབ། །ལ་ལས་བསེ་རུ་ལྟ་བུར་ཐོབ། །ལ་ལས་སྐུ་གསུམ་ཡེ་ཤེས་བཞི། །ལ་ལས་རིགས་གསུམ་གོ་འཕང་ཐོབ། །ལ་ལས་རིགས་བཞིའི་གོ་འཕང་ཐོབ། །ལ་ལས་རྣམ་སྣང་གོ་འཕང་ཐོབ། །ལ་ལས་སྐུ་ལྔ་ཡེ་ཤེས་ལྔ། །ལ་ལས་དབྱིངས་གཅིག་ཡེ་ཤེས་གཅིག །རྫོགས་པ་ཨ་ཏིའི་འབྲས་བུ་ནི། །ཐོབ་མེད་འབྲས་བུ་རང་བཞག་སྟེ། །མ་བཅོས་སེམས་ཀྱི་ངང་དུ་སྨིན། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཐེག་པའི་འབྲས་བུ་ཐོབ་བྱ་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་པ་ཆེན་པོའི་ཡེ་ཤེས་དང་། །ཐེག་པ་ཐུན་མོང་ཡེ་ཤེས་གཉིས། །དེ་ཡི་ཁྱད་པར་ཅི་ལྟར་ལགས། །གསང་བའི་བདག་པོས་གསུངས་པ།


DNG006_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་ཉོན་ཅིག །རྫོགས་པ་ཆེན་པོའི་ཡེ་ཤེས་ནི། །རང་བཞིན་ནམ་མཁར་གནས་པ་འདྲ། །ཐེག་པ་ཐུན་མོང་ཡེ་ཤེས་ནི། །ཐེན་རྩེར་མིག་གི་ནམ་མཁའ་འདྲ། །ཐེན་རྩེར་མིག་གི་ནམ་མཁའ་རུ། །རང་བཞིན་ནམ་མཁའ་ཤོང་མི་འགྱུར། །རང་བཞིན་ནམ་མཁར་གནས་པ་ལ། །ཐེན་རྩེར་མིག་གི་ནམ་མཁའ་ནི། །རང་བཞིན་ནམ་མཁའི་ཆ་ལས་བྱུང་། །རང་བཞིན་ནམ་མཁར་གནས་པ་ལ། །ཐེན་རྩེར་ནམ་མཁར་ལྟོས་པ་མེད། །ཐེན་རྩེར་མིག་གི་ནམ་མཁའ་རུ། །ཕྲ་རགས་ཐེན་རྩེར་ཆུད་པ་ཡང་། །དབྱིངས་ལ་ཡེ་ཤེས་འཇུག་པའི་ཚུལ། །ཤེས་བྱ་ཤེས་བྱེད་གཉིས་ཀྱི་ཚུལ། །ཐོབ་བྱ་འཐོབ་བྱེད་གཉིས་ཀྱི་ཚུལ། །རྫོགས་པ་ཆེན་པོའི་ཡེ་ཤེས་ནི། །གདལ་བ་ཆེན་པོར་གནས་པའི་ཕྱིར། །དབྱིངས་དང་ཡེ་ཤེས་མི་འཇུག་སྟེ། །ཤེས་བྱ་ཤེས་བྱེད་གཉིས་སུ་མེད། །རྟོག་བྱ་རྟོགས་བྱེད་གཉིས་སུ་མེད། །མཐོང་བྱ་མཐོང་བྱེད་གཉིས་སུ་མེད། །བསྒྲུབ་བྱ་སྒྲུབ་བྱེད་གཉིས་སུ་མེད། །ཐོབ་བྱ་འཐོབ་བྱེད་གཉིས་སུ་མེད། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཡེ་ཤེས་ཁྱད་པར་འབྱེད་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རང་བྱུང་ཡེ་ཤེས་ཞེས་བགྱི་བ། །རང་བྱུང་ཞེས་ནི་གང་ལ་བགྱི། །རྒྱུ་རྐྱེན་གཞན་གྱིས་མ་བསྐྱེད་པའི། །ཡེ་ཤེས་ཞེས་ནི་གང་ལ་བགྱི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་བྱུང་རྒྱུ་རྐྱེན་མེད་པ་ཡིན། །ཡེ་ཤེས་སྒྲིབ་པ་མེད་པ་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་དེ། །རྒྱུ་རྐྱེན་གཞན་གྱིས་མ་བསྐྱེད་ཅིང་། །རྩོལ་བསྒྲུབ་དག་ལས་མི་འབྱུང་བས། །རང་བྱུང་གཞན་ལ་རག་མ་ལུས། །ཡུལ་ལས་བྱུང་བའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཡུལ་ལ་འཕེལ་འགྲིབ་ཡོད་པའི་ཕྱིར། །ཡེ་ཤེས་དེ་ཡང་གསལ་འགྲིབ་བཅས། །ཞེས་


DNG006_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གསུས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རང་བྱུང་ཡེ་ཤེས་ངོས་བཟུང་བའི་ལེའུ་སྟེ་ཞེ་དགུ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རང་བྱུང་ཡེ་ཤེས་ཆེན་པོ་དང་། །མ་རིག་པ་ཡི་འཁྲུལ་རྟོག་གཉིས། །ཀུན་གཞི་སེམས་ཀྱི་གཞི་མོ་ལ། །གང་གི་ངོ་བོར་ངེས་མ་ངེས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །མ་རིག་པ་དང་ཡེ་ཤེས་གཉིས། །ཀུན་གཞི་སེམས་ཀྱི་གཞི་མོ་ལ། །གང་དུ་ངེས་པ་མེད་པ་ལ། །རྐྱེན་གྱིས་སོ་སོར་བསླད་ནས་ནི། །མ་རིག་ཡེ་ཤེས་གཉིས་ཀྱི་ཚུལ། །ཤེས་རབ་ཐབས་སམ་ལུང་དག་ལ། །བརྟེན་ནས་ཡེ་ཤེས་སྐྱེ་བའི་ཚུལ། །ཕྱི་ནང་རྟོགས་པའི་རྐྱེན་བཞི་དང་། །ཡུལ་དུས་བསྐལ་པ་གསུམ་པོ་ལ། །བརྟེན་ནས་མ་རིག་འབྱུང་བའི་ཚུལ། །ཆོས་ཉིད་རང་གི་ངོ་བོ་ལ། །མ་རིག་ཡེ་ཤེས་གཉིས་སུ་མེད། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། མ་རིག་པ་དང་ཡེ་ཤེས་གཉིས། ཀུན་གཞི་སེམས་ལ་ངེས་པ་མེད་པར་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྟོགས་པ་ཅན་གྱིས་གང་ཟག་ལ། །མི་རྟོག་ཡེ་ཤེས་འཆར་མི་འཆར། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། ཉོན་ཅིག །ཉི་མ་འོད་ཀྱི་རང་བཞིན་ཡང་། །སྤྲིན་ཚོགས་སྟུག་པོས་བསྒྲིབས་ཙམ་ན། །འཇིག་རྟེན་དག་ཏུ་འོད་མི་གསལ། །མ་ཤར་ཕ་དང་ཅིས་མ་འདྲ། །རྟོག་པ་སྔ་ཕྱི་གཉིས་བར་ནས། །མི་རྟོག་ཡེ་ཤེས་འཆར་མོད་ཀྱང་། །རྒྱུ་འབྲས་རྒྱུད་དང་ཡེ་ཤེས་ཀྱང་བསམ་པ་ངོས་མ་ཟིན། །ཉོན་མོངས་སྡུག་བསྔལ་གྲོལ་བ་མེད། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྟོག་པ་ཅན་ལ་ཡེ་ཤེས་ཀྱིས་ཕན་མི་ཐོགས་པའི་ལེའུ་སྟེ་ང་གཅིག་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །


DNG006_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུ་དང་རྣམ་པ་གསུམ། །ཚུལ་གྱིས་བསྡུ་ན་གང་གིས་བསྡུ། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །སྟོན་པ་སྐུ་གསུམ་ཚུལ་བསྡུ་ན། །རྒྱུ་ཡི་དུས་ན་བྱང་ཆུབ་སེམས་སུ་ཀུན་ཀྱང་གཅིག །འབྲས་བུའི་དུས་ན་སངས་རྒྱས་ཡིན་པར་ཀུན་ཀྱང་གཅིག །འདུས་པའི་དུས་ན་སྔ་ཕྱི་མེད་པར་ཀུན་ཀྱང་གཅིག །ཆོས་སྐུའི་རང་བཞིན་ངོ་བོར་རང་བཞིན་མེད་པར་གཅིག །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། སྐུ་གསུམ་གྱི་ཚུལ་བསྡུ་བའི་ལེའུ་སྟེ་ང་གཉིས་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཕྱག་རྒྱ་བཞུགས་ཚུལ་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ་ཉོན་ཅིག །བྱང་ཆུབ་སེམས་ཀྱི་ཆོས་ཉིན་ནི། །འཁྲུལ་པའི་བློ་རུ་གནས་ཙམ་ན། །ཅི་ལྟར་སྣང་བའི་ཆོས་རྣམས་ཀུན། །བདེན་རྫུན་བློ་ཡིས་བཟུང་ནས་བཞུགས། །བྱང་ཆུབ་སེམས་སུ་བཞུགས་ཙམ་ན། །ཅི་ལྟར་སྣང་བའི་ཆོས་རྣམས་ཀུན། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་པས། །ཆོས་རྣམས་ཀུན་གྱི་སྙིང་པོར་བཞུགས། །ཆོས་ཀྱི་སྐུ་རུ་བཞུགས་ཙམ་ན། །མི་རྟོག་མཉམ་པའི་ངོ་བོར་བཞུགས། །ལོངས་སྤྱོད་རྫོགས་སྐུར་བཞུགས་ཙམ་ན། །སྣ་ཚོགས་ཆོས་ལ་ལོངས་སྤྱོད་ཅིང་། །མ་སྤངས་ཡེ་ཤེས་རྒྱན་དུ་བཞུགས། །སྤྲུལ་པའི་སྐུ་རུ་བཞུགས་ཙམ་ན། །གང་ལ་གང་དགོས་དེར་སྤྲུལ་ནས། །དགོངས་པ་ཕུན་སུམ་ཚོགས་པར་བཞུགས། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཕྱག་རྒྱ་བཞུགས་ཚུལ་གྱི་ལེའུ་སྟེ་ང་གསུམ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་སྐུས་ཁྱབ་པའི་ཁྱབ་ཚུལ་གྱི། །ཁྱད་པར་བྱེ་བྲག་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །


DNG006_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་སྐུ་ཐིག་ལེ་ཉག་གཅིག་གིས། །ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས། །མནར་མེད་དམྱལ་བ་ཡན་ཆད་དུ། །ཏིལ་ལ་མར་གྱིས་ཁྱབ་པ་བཞིན། །ཀུན་ལ་ཁྱབ་པར་གནས་མོད་ཀྱང་། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །སངས་རྒྱས་དབུས་ན་བཞུགས་ཙམ་ན། །དྲི་མེད་ཆོས་ཀྱི་སྐུ་རུ་བཞུགས། །མིང་ཡང་ཀུན་གཞི་བྱང་ཆུབ་སེམས། །རྣམ་དག་དེ་བཞིན་གཤེགས་པ་ལ། །ཀུན་གཞི་མིང་ཡང་མི་གྲགས་སོ། །འགྲོ་དྲུག་དབུས་ན་བཞུགས་ཙམ་ན། །དྲིར་བཅས་ཆོས་ཀྱི་སྐུ་རུ་བཞུགས། །མིང་ཡང་ཀུན་གཞི་བྱང་ཆུབ་སེམས། །ཡོད་ཀྱང་རང་གི་ངོ་མ་ཤེས། །དབུལ་མོའི་ནོར་དང་གྱད་ནོར་འདྲ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཆོས་སྐུའི་ཁྱབ་ཚུལ་བསྟན་པའི་ལེའུ་སྟེ་ང་བཞི་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །བྱར་མེད་བྱང་ཆུབ་སེམས་ཆེན་དེ། །བཅོས་པས་གྲུབ་བམ་མ་བཅོས་འགྲུབ། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །བྱར་མེད་བྱང་ཆུབ་ཆེན་པོ་དེ། །བཅོས་པས་གྲུབ་པ་མ་ཡིན་ཏེ། །མ་བཅོས་རྣལ་དུ་བཞག་པས་གྲུབ། །སྔར་འདས་སངས་རྒྱས་ཐམས་ཅད་ཀྱིས། །ཅི་བཞིན་པ་ལས་བཅོས་མ་བྱས། །ད་ལྟའི་སངས་རྒྱས་ཐམས་ཅད་ཀྱང་། །ཅི་བཞིན་པ་ལས་བཅོས་མི་མཛད། །མ་འོངས་སངས་རྒྱས་ཐམས་ཅད་ཀྱང་། །ཅི་བཞིན་པ་ལ་བཅོས་མི་འགྱུར། །གསང་བའི་བདག་པོ་ང་ཡིས་ཀྱང་། །ཅི་བཞིན་པ་ལ་བཅོས་མ་མྱོང་། །སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་། །ཅི་བཞིན་པ་ལ་བཅོས་མ་བྱེད། །ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆུ་མ་རྙོགས་ན་དྭངས། སེམས་མ་བཅོས་ན་གསལ། ལམ་མ་བགྲོད་ན་ཉེ། འབྲས་བུ་མ་དམིགས་ན་འཐོབ། ཉོན་ཅིག །རང་ལུས་མ་བཅོས་ལྷ་མ་བསྒོམས། །སྨྲ་བའི་ཚིག་དང་ངག་མ་


DNG006_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འཆོས། །ཏིང་འཛིན་མ་བྱེད་སེམས་མ་འཆོས། །བཅོས་པས་རྣལ་དུ་འབྱོར་བ་མེད། །རྣལ་དུ་མ་འབྱོར་དོན་མི་འགྲུབ། །ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཅི་ལྟར་སྣང་བའི་ཆོས་རྣམས་དེ་བཞིན་ཉིད་དུ་གཅིག །དེ་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་ཀྱི་དགོངས་པ་དེ་ལ་ལྡན། །ཅི་བཞིན་པ་ལ་སུས་འཆོས་པ། །དེ་བཞིན་མྱ་ངན་མི་འདའ་སྟེ། །དེ་ནི་འཁོར་བའི་སྙིང་པོར་འགྲུབ། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། བྱང་ཆུབ་སེམས་བཅོས་སུ་མེད་པའི་ལེའུ་སྟེ་ང་ལྔ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །བླ་མེད་བྱང་ཆུབ་ཆེན་པོ་འདི། །བཙལ་བས་གྲུབ་བམ་མ་བཙལ་འགྲུབ། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །བླ་མེད་བྱང་ཆུབ་ཆེན་པོ་འདི། །བཙལ་བས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་རྣལ་དུ་བཞག་པས་གྲུབ། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་ཀྱང་དབྱིངས་ལས་བསྐྱོད་པ་མེད། །བཙལ་ན་རྩོལ་བའི་ནད་དུ་འགྱུར། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། བྱང་ཆུབ་སེམས་ལ་བཙལ་དུ་མེད་པའི་ལེའུ་སྟེ་ང་དྲུག་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་པ་ཆེན་པོའི་ཆོས་ལུགས་ཀྱིས། །བསོད་ནམས་ཚོགས་ལ་བརྟེན་མི་བརྟེན། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བསོད་ནམས་ཚོགས་བསག་མི་དགོས་ཏེ། །མ་བསགས་འབྲས་བུ་གཞི་ལས་སྨིན། །དེང་འདིར་བསོད་ནམས་ཚོགས་བསགས་ནས། །ཕྱི་མར་འབྲས་བུ་ཐོབ་འདོད་པ། །བྱེ་མ་ལ་ནི་མར་བཙིར་འདྲ། །


DNG006_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཆེན་པོས་མ་ཟིན་ན། །བསགས་ཀྱང་སྒྲིབ་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། བསོད་ནམས་ཚོགས་བསག་པ་ལ་རག་མ་ལུས་པར་བསྟན་པའི་ལེའུ་སྟེ་ང་བདུན་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་ལམ་གྱི་རྣལ་འབྱོར་པ། །ལམ་ལ་བགྲོད་དུ་ཡོད་དམ་མེད། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །བགྲོད་པས་ཕྱིན་པར་འདོད་པ་ནི། །ཁྱུང་ཆེན་ནམ་མཁའི་མཐའ་འཚོལ་འདྲ། །བགྲོད་པས་འབྲས་བུ་ཐོབ་འདོད་པ། །མདོངས་པས་ནམ་མཁར་བསྙེགས་པ་འདྲ། །ས་དང་ལམ་ལ་བགྲོད་བྱེད་པ། །བྱ་བྲལ་དོན་དང་མཐུན་པ་མེད། །རང་བཞིན་གནས་པ་ཉིད་ཀྱི་ཕྱིར། །ས་དང་ལམ་ལ་བགྲོད་མི་དགོས། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ལམ་བགྲོད་དུ་མེད་པའི་ལེའུ་སྟེ་ང་བརྒྱད་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་ལ། །སྒྲོ་སྐུར་འདེབས་པ་འབྱུང་སྲིད་ན། །རྒོལ་རྩོད་ཐེ་ཚོམ་མན་ངག་ནི། །སྨྲ་བའི་མཚོན་ཆ་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཐོག་མར་རྩོད་པ་འཆའ་དུས་སུ། །དགོངས་པ་མི་གཉིས་སྤྱི་བོར་བཞག །རྡོ་རྗེ་རིག་པའི་གཏན་ཚིགས་རྣམས། །རང་གི་རྒྱལ་ས་འཛིན་དུ་གཞུག །དྲི་བ་གསུམ་པོ་བརྟག་བྱ་སྟེ། །འདྲི་ན་འཕྲང་བསྒུག་ཟུར་གྱིས་སྒྲ། །བཟློག་ན་བརྫུས་ཏེ་སླར་ལ་འདྲི། །གྲུབ་མཐའ་མ་ལོངས་ལན་མི་གདབ། །གློན་ན་མྱུར་མགྱོགས་མཚོན་ཆ་བརྡེག །ཡང་ན་འགལ་འདྲེལ་གཡུལ་ངོར་འཇུག །དམན་པའི་ཐེག་པར་ཁས་ལེན་ན། །དཔེ་ཡིས་བརྟགས་ཤིང་སྤྱི་ནས་འདྲི། །རྫོགས་ཆེན་ལྟ་བར་ཁས་ལེན་ན། །དགོས་པ་དྲི་སྟེ་གན་རྐྱལ་


DNG006_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གནན། །རྫོགས་ཆེན་ལྟ་བ་ཁ་འབྱམས་ནི། །ཡུལ་གཅིག་དུས་གཅིག་ངོ་བོ་གཅིག །གཟུགས་སྒྲ་དྲི་རོ་རེག་ལ་སོགས། །ཁ་དོག་དབྱིབས་དང་བཅོས་པ་རྣམས། །བརྟགས་ན་ཕྱོགས་སུ་ལྷུང་སྲིད་པས། །དེ་ལ་རྫོགས་ཆེན་ཁ་མི་འབྱམ། །རྒྱུ་མཚན་མི་ལྡན་དམ་མི་བཅའ། །ཆོས་ཉིད་དོན་གྱི་ངོ་བོ་དེ། །ཡིན་ཚུལ་ངེས་པ་མེད་པ་ལ། །མི་མཐུན་བསམ་ངོ་སོ་སོ་ལ། །སྣང་ཚུལ་ཅིར་ཡང་སྣང་བའི་ཕྱིར། །ལུང་མེད་བསྙོན་པ་རང་གི་ནི། །གྲུབ་མཐའ་དག་ལ་སྐྱོན་ཡོད་ནས། །གཞན་སྐྱོན་འོང་བ་ཤེས་ན་འབྱམས། །ཁོངས་ནས་སྤངས་པའི་རྗེས་ཤུལ་དུ། །རླུང་གིས་ས་བོན་བསྐུར་ནས་ནི། །དབང་གསུམ་ཚུལ་གསུམ་ཡུལ་དང་དུས། །སྤྱི་དང་བྱེ་བྲག་ཤེས་པར་དབྱེ། །འགལ་འདྲེལ་ཡན་ལག་རྣམ་བཞི་པོས། །རང་གཞུང་བསྐྱབ་ཅིང་གཞན་སུན་འདོད། །འདྲེལ་བ་གྲུབ་ན་འགལ་བ་ལྡོག །གལ་ཏེ་འདྲེལ་བ་མ་གྲུབ་ན། །འགལ་བའི་རི་བོ་མཐོང་བར་འགྱུར། །རྫོགས་ཆེན་ལྟ་བ་ཁ་འབྱམས་ཡང་། །ཡང་ན་དབང་གསུམ་ཚུལ་གྱིས་འབྱམས། །ཡང་ན་དཔེ་དོན་གཉིས་ཀའི་འབྱམས། །ཡང་ན་ཕན་ཚུན་བལྟས་པས་འབྱམས། །ཡང་ན་ངོ་གའི་སྣང་ཚུལ་འབྱམས། །དེས་ནི་གཉིས་འགེག་འཕྲང་མི་ལྷུང་། །ཕྱིར་རྒོལ་དག་གིས་ཚུག་མི་འགྱུར། །གལ་ཏེ་འབྲོས་སར་མ་ཐར་ན། །དོན་དེ་བཟློག་སྟེ་སླར་ལ་འདྲི། །ཡང་ན་བླ་མའི་བཀའ་རྒྱས་གདབ། །རྡོ་རྗེ་རིག་པའི་གཏན་ཚིགས་ལ། །ཆོས་ཉིད་རིག་པའི་རྒྱ་ཡིས་གདབ། །མཐུན་པར་སྣང་བའི་ཆོས་གཅིག་ལ། །མི་འདྲ་བ་ཡི་ནད་འདྲི་ན། །ཆོས་ཉིད་ཡིན་པར་ལན་ཡང་གདབ། །དེས་ཀྱང་བདེན་པ་མ་མཐུན་ན། །མི་མཐུན་མགོ་བསྒྲེས་སླར་ལ་བཟློག །མི་རིགས་པ་གཅིག་འདྲི་བྱེད་ན། །དེ་ཡང་དེ་ལྟར་གོང་མ་བཞིན། །འདྲི་ན་སུན་དབྱུང་གུས་ཕྱག་འཚལ། །བཟློག་ན་བརྫུས་


DNG006_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འཕྲང་སྡོད་བྱ། །བརྫུས་ཏེ་གྲུབ་མཐའ་གཏན་ལ་དབབ། །གལ་ཏེ་རློམ་པར་འདོད་པ་ན། །སྐྱོན་གཉིས་ཚང་བའི་ཚིག་གཅིག་ལ། །རྫོགས་ཆེན་གྲུབ་མཐའ་འཆའ་རུ་གཞུག །གཡས་གཡོན་འབྲོས་པའི་འཕྲང་བཅད་ལ། །གཉིས་འགག་འཕྲང་དུ་བཙུད་དེ་བརྡབ། །གང་དུ་སླེབ་པར་དབྱུག་པས་བཏགས། །འོག་མའི་བལྟ་བའི་མཆོག་བཙལ་ལ། །མགོ་བསྒྲེ་བྱས་ཏེ་གཡང་དུ་བསྐྱུར། །མཐུན་པར་སྣང་བའི་ཆོས་གཅིག་ལ། །མི་འདྲ་བ་ཡི་ནད་ཀ་འདྲི། །ཆོས་གཅིག་ཡོད་པར་ཁས་བླངས་ནས། །སྨྲ་བར་མི་བྱེད་གསང་བྱེད་ན། །དེ་ཡི་གསང་ཁུང་བྲུ་བའི་ཕྱིར། །མི་རིགས་པ་གཅིག་ཁས་བླངས་ལ། །མགོ་བསྒྲེ་དེ་དང་བསྟུན་པར་བྱ། །ཞེས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྒོལ་རྩོད་ཐེ་ཚོམ་གྱི་མན་ངག་བསྟན་པའི་ལེའུ་སྟེ་ང་དགུ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཚིག་གི་དོན་གྱིས་ཅི་ལྟར་བཤད། །གསང་བའི་བདག་པོས་བསྟན་དུ་གསོལ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཚིག་གི་དོན་གྱི་བཤད་ལུགས་ནི། །གོང་གི་ཤུགས་དང་འོག་གི་ཤུགས། །ཚེག་མིག་ཚིག་ཏུ་མི་བཏང་བཤད་ན་བགྲང་བགྲང་ཞིང་ཤད་རྟ་ཞོན། །ཡན་ལག་ཤུགས་ཀྱིས་འབྲུ་རྣམས་བརྡའ། །ཚིག་འབྲུ་གར་འགྲོ་ཡན་ལག་དབང་། །རྩོད་པ་གྲོགས་ཀྱི་ཡི་གེ་ནི། །གཙོ་ལ་ཅུང་ཟད་ཙམ་ཞིག་ཡོད། །གྲོགས་ལ་ཆེད་དུ་འབོད་པར་བྱེད། །ཡན་ལག་ཤུགས་ཀྱི་འབྲུ་རྣམས་ལ། །ཡན་ལག་གྲོགས་ཀྱི་དབང་དུའོ། །སྡེ་དོན་ལྔ་ཡི་ཀླད་རྒྱས་ནི། །རང་རང་ཐ་མར་ཤེས་པར་བྱ། །འབྲུ་དགུ་དང་པོའི་ཐ་མར་རོ། །དེ་ལྟར་དེ་བཞིན་དེ་འདྲ་གསུམ། །དཔེ་རུ་བསྟན་པའི་ཡི་གེ་ཡིན། །ཅི་ཕྱིར་གང་ཕྱིར་དེ་ཕྱིར་གསུམ། །དམིགས་ཀྱིས་གཏན་ཚིགས་དྲིས་པ་ལས། །གཅིག་གིས་གཏན་ཚིགས་བསྟན་པའོ། །དེ་ནི་འདི་ནི་ད་ནི་གསུམ། །དེ་ནི་ཞེས་པའི་ཡི་གེ་


DNG006_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འོག་ཏུ་གཏན་ལ་ཕབ་སྟེ་སྟོན། །འདི་ནི་ཞེས་པའི་ཡི་གེ་ནི། །གོང་ལས་བཟློག་པའི་ཆོས་ཤིག་སྟོན། །ད་ནི་ཞེས་པའི་ཡི་གེ་ནི། །དོན་གཅིག་གོང་དུ་རྫོགས་ནས་ནི། །གཉིས་པ་སྟོན་པའི་རྐྱེན་ཞེས་བྱ། །དེ་ཡང་ཞེས་པའི་ཡི་གེ་ནི། །གོང་དུ་བསྟན་པའི་ཡི་གེའི་དོན། །འོག་གིས་གཏན་ལ་ཕབ་སྟེ་སྟོན། །འདི་ཡང་ཞེས་པའི་ཡི་གེ་ནི། །གོང་དང་འོག་དག་མཐུན་པར་སྟོན། །ཐར་ན་ངར་ན་མདོར་ན་གསུམ། །ལ་བཅད་པ་ཡི་ཡི་གེར་བཤད། །དེ་ལ་ཞེས་པའི་ཡི་གེ་ནི། །གཞི་ལ་དགར་བའི་ཡི་གེ་སྟེ། །དང་གིས་རྣམ་གྲངས་བཤད་པ་ལ། །སོགས་པ་རྣམས་ཀྱིས་སྡེ་ཚན་པས། །ཐམས་ཅད་ཀུན་ནི་ལྷག་མེད་པའོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཚིག་གི་དོན་གྱི་བཤད་ལུགས་བསྟན་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་གསང་བའི་བདག་པོས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །མན་ངག་འདི་ཡི་མཚན་ཟུང་ཞིག །མན་ངག་འདི་ཡི་མཚན་བཟུང་ན། །ཆོས་རྣམས་ཐམས་ཅད་བཟུང་དང་མཚུངས། །ཞེས། དེ་ནས་སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །མན་ངག་དམ་པའི་ཡི་གེ་འདི། །མཚན་ཟུང་ཞིག་པར་བསྒོ་བ་དེ། །མཚན་ནི་ཅི་ལྟར་གཟུང་བར་བགྱི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག །མན་ངག་འདི་ཡི་མཚན་ཉིད་ནི། །རྒྱལ་པོའི་བང་མཛོད་དང་འདྲ་བའི་ཕྱིར། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ཅེས་བྱ་བ་ཟུང་ཞིག །ཐེག་པ་ཐམས་ཅད་ཀྱི་དོན་སྟོན་པའི་ཕྱིར། །ཐེག་པའི་སྤྱི་ཁོག་ཅེས་བྱ་བར་ཡང་ཟུང་ཞིག །མན་ངག་གཞུང་བསྡེབས་ནས་བསྟན་པའི་ཕྱིར། །རིན་པོ་ཆེ་གསེར་གྱི་ཕྲེང་བ་ཞེས་བྱ་བར་ཡང་ཟུང་ཞིག །དགོས་དགུ་རང་ལ་ཚང་པའི་ཕྱིར། །རིན་པོ་ཆེ་སྤུངས་པའི་མན་ངག་ཅེས་བྱ་བར་ཡང་
ཟུང་ཞིག །མདོ་སྡེ་རྣམས་ཀྱི་མིག་སེལ་བའི་ཕྱིར། རིན་པོ་ཆེ་མིག་སེལ་ཞེས་བྱ་བར་ཡང་ཟུང་ཞིག །ཐམས་ཅད་བྱང་ཆུབ་སེམས་ཀྱི་སྣང་བར་ཤར་བའི་ཕྱིར། རང་བཞིན་དོན་ལྡན་གྱི་སྣང་བ་བཀོད་པ་ཞེས་བྱ་བར་ཡང་ཟུང་ཞིག །མན་ངག་གི་དཀའ་བ་བསྡུས་ཏེ་བཤད་པའི་ཕྱིར། རིན་པོ་ཆེ་རྒྱ་མདུད་བཀྲོལ་བ་ཞེས་བྱ་བར་ཡང་ཟུང་ཞིག །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། མན་ངག་གི་དོན་ཡོངས་སུ་གཏད་པའི་ལེའུ་སྟེ་རེ་གཅིག་པའོ།། །།ལྟ་བ་ཐམས་ཅད་ཀྱི་གནད། མན་ངག་ཐམས་ཅད་ཀྱི་ཐེམ། བསྟན་པ་ཐམས་ཅད་ཀྱི་བཅུད་བཅུས་པ། དོན་མན་ངག་ལ་སྡེབས་པ། བང་མཛོད་འཕྲུལ་གྱི་ལྡེའུ་མིག་ཅེས་བྱ་བ། གསང་བའི་བདག་པོ་རྡོ་རྗེ་སེམས་དཔའ་ལ། མན་ངག་རིམ་པར་བཀོད་པའི་མདོ་རྫོགས་སོ། །ལེའུ་དྲུག་ཅུ་གཉིས་པའོ།། །། རྒྱལ་པོའི་མཛོད་ན་གང་ཡོད་པ། །རྒྱལ་པོ་ཉིད་ལས་གཞན་གྱིས་མིན། །བང་མཛོད་ཉིད་ལས་ཅི་བསྟན་པ། །ལྡེའུ་མིག་གཉིས་ལས་གཞན་གྱིས་མིན། །ཞེས་གསུངས་སོ། །རྫོགས་སོ།། །།

ཡང་འབྱེད་འཕྲུལ་གྱི་ལྡེའུ་མིག་ཅེས་བྱ་བ།


DNG006_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་ཏི་བྷེད་ནི་རྨ་ཎ་ཀུཉྩི་ཀཱ་ནཱ་མ། བོད་སྐད་དུ། ཡང་འབྱེད་འཕྲུལ་གྱི་ལྡེའུ་མིག་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བའི་བདག་པོ་དེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཁའ་ཀློང་དག་པ། རྒྱ་ཡོངས་སུ་མ་ཆད་པ་ན། འབྱེད་པ་མེད་པའི་འཁོར་གྱིས་བསྐོར། བྱང་ཆུབ་སེམས་ཀྱི་དོན་རྣམ་པར་འགྲེལ་ཞིང་དུས་གསུམ་ཅི་བཞིན་པར་བཞུགས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །བདེ་བར་གཤེགས་པའི་སྙིང་པོ་འདིས། །འགྲོ་བ་ཀུན་ལ་ཁྱབ་ཅེས་པ། །འགྲོ་ཀུན་མ་གྲོལ་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་


DNG006_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་ཉོན་ཅིག །བདེ་བར་གཤེགས་པའི་སྙིང་པོ་ཡིས། །འགྲོ་བ་ཀུན་ལ་ཁྱབ་མོད་ཀྱང་། །རང་རང་བག་ཆགས་སྒྲིབ་པས་བསྒྲིབས། །སྐྱེས་བུའི་ལུས་དང་བྱད་འགྲོགས་འདྲ་མོད་ཀྱང་། །རང་གི་བྱད་མ་མཐོང་བཞིན་དུ། །སྙིང་པོ་རང་ལ་ཡོད་མོད་ཀྱང་། །རང་གི་རྣམ་པར་རྟོག་པས་བསྒྲིབས། །དེ་ཡི་ཁམས་གསུམ་འཁོར་བར་འཁོར། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ངེས་པའི་གསང་མཛོད་ཆེན་པོ་ན། །མི་ཟད་རིན་ཆེན་གཏེར་ཡོད་ཀྱང་། །མ་རིག་ཐ་རམ་སྔོན་པོ་དམ། །དེ་འབྱེད་འཕྲུལ་གྱི་ལྡེ་མིག་སྟོར། །ཡེ་ཤེས་འཕྲུལ་གྱི་བཟོ་བོ་ཡིས། །དང་པོ་ལྕགས་བཙལ་མགར་བ་བཀུག །བར་དུ་གྱོང་བཏུལ་འཐར་ཡང་བྱས། །ལྔ་གཉིས་གསུམ་དང་བཅས་པ་ཡིས། །མན་ངག་ལུས་ཚད་ལྡེ་མིག་གིས། །ངེས་པའི་གསང་སྒོ་ཕྱེ་ནས་ནི། །མི་ཟད་རིན་ཆེན་གཏེར་ཆེན་ལེན། །ཐོབ་མེད་འབྲས་བུ་རང་ལ་སྨིན། །ཞེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། གླེང་གཞི་དང་གླེང་སློང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན། །མ་བཤད་གོ་བར་མི་འགྱུར་ན། །དེ་ཡི་བཤད་ལུགས་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཁྱུང་ཆེན་གཤོག་རྫོགས་ལྟ་བུའི་བློས། །དོན་གྱི་སྤྱི་ཁོག་ཕུབ་སྟེ་བཤད། །སྟག་གི་མཆོངས་སྟབས་ལྟ་བུའི་བློས། །དཀྱུས་ཀྱི་ས་རྣམས་བཅད་སྟེ་བཤད། །རུས་སྦལ་ནུར་འགྲོས་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་ཆོམས་པར་བཤད། །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དོན་གྱི་སྤྱི་ཁོག་ཅི་ལྟར་དབུབ། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། །དོན་གྱི་སྤྱི་ཁོག་དབུབ་པ་ནི། །སྔོན་དུ་འགྲོ་བའི་ཡན་ལག་


DNG006_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །ཆོས་གཏམ་རིམ་པར་དབུགས་དབྱུང་འཚལ། །དགོངས་པ་ཉེ་བར་བཞག་ནས་ནི། །བསྟན་པ་རིམ་པར་དགོད་ཀྱང་འཚལ། །འདོད་པར་རང་རྐྱེན་འཚམས་པ་རུ། །རང་སྣང་ངོ་བོའི་ཆོས་བསྟན་དགོས། །བྱིན་རླབས་སྣང་བ་མི་ནུབ་ཕྱིར། །ཐེག་པའི་བབས་ཚུལ་བསྟན་ཡང་དགོས། །ལོ་རྒྱུས་ཡིད་ཆེས་བྱ་བའི་ཕྱིར། །བཀའ་དང་བསྟན་བཅོས་ཁུངས་བསྟན་དགོས། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དཀྱུས་ཀྱི་ས་རྣམས་ཅི་ལྟར་བཅད། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལྔ་གཉིས་གསུམ་གྱི་ཡན་ལག་གིས། །དཀྱུས་ཀྱི་ས་རྣམས་བཅད་དེ་བཤད། །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཡི་གེའི་འབྲུ་རྣམས་ཅི་ལྟར་གཞོམ། །གསང་བའི་བདག་པོས་བསྟན་དུ་གསོལ། ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གོང་གི་ཤུགས་དང་འོག་གི་ཤུགས། །རྒྱལ་བའི་ལུང་དང་དོན་སྦྱར་ནས། །ཡི་གེའི་འབྲུ་ནི་ཆོམས་པར་བཤད། །ཅེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། བྱང་ཆུབ་ཀྱི་སེམས་བཤད་ཐབས་ཀྱི་ལེའུ་སྟེ་གཉིས་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པའི་འཇུག་སྒོ་གང་དང་གང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཉན་ཐོས་བདེན་བཞིའི་སྒོ་ནས་འཇུག །རང་རྒྱལ་རྟེན་འདྲེལ་སྒོ་ནས་འཇུག །མདོ་སྡེ་བདེན་གཉིས་སྒོ་ནས་འཇུག །ཀྲི་ཡ་ངག་གསུམ་སྒོ་ནས་འཇུག །ཨུ་པ་ཡ་ལ་ངེས་པ་མེད། །ཡོ་ག་དག་གི་འཇུག་སྒོ་ནི། །མངོན་པར་བྱང་ཆུབ་ལྔ་སྒོ་ནས། །མ་ཧཱ་ཡོ་གའི་འཇུག་སྒོ་ནི། །ཏིང་འཛིན་རྣམ་གསུམ་སྒོ་ནས་འཇུག །རྫོགས་པ་ཨ་ནུ་ཡོ་ག་ནི། །དབྱིངས་དང་ཡེ་ཤེས་སྒོ་ནས་འཇུག །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །


DNG006_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་མེད་དག་པའི་སྒོ་ནས་འཇུག །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པའི་བསྲུང་མཚམས་གང་དང་གང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ།ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཉན་ཐོས་རང་རྒྱལ་བསྲུང་མཚམས་ནི། །ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་ཡིན། །ཐེག་ཆེན་མདོ་སྡེའི་བསྲུང་མཚམས་ནི། །རྩ་བའི་སྡོམ་པ་ཉི་ཤུ་བསྲུང་། །བྱ་བའི་རྒྱུད་ཀྱི་བསྲུང་མཚམས་ནི། །རྩ་བ་དང་ནི་ཡན་ལག་བསྲུང་། །དེ་ཡང་ཅི་ལྟར་བསྲུང་ཞེ་ན། །དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །སྔགས་དང་ཕྱག་རྒྱ་མི་སྤང་ཞིང་། །རྡོ་རྗེ་དྲིལ་བུ་སྤང་མི་བྱ། །ལྷ་དང་བླ་མ་དེ་བཞིན་ནོ། །དེ་ནི་ཡན་ལག་དམ་ཚིག་ཡིན། །རྩ་བའི་དམ་ཚིག་ལྔ་པོ་ནི། །ཁྲི་ལ་ཉལ་བར་མི་བྱ་ཞིང་། །ཤ་མི་བཟའ་ཞིང་ཆང་མི་བཏུང་། །སྒོག་པ་ལ་ཕུག་བཟའ་མི་བྱ། །རྣལ་འབྱོར་རྒྱུད་ཀྱི་བསྲུང་མཚམས་ནི། །གོང་གི་བསྲུང་མཚམས་སྟེང་དུ་ནི། །ལུང་གཅིག་ཆུ་ལ་མི་བཏུང་ཞིང་། །ཉམས་དང་ཁ་མི་བསྲེ་བ་བསྲུང་། །རྣལ་འབྱོར་ཆེན་པོའི་བསྲུང་མཚམས་ནི། །རྩ་བའི་དམ་ཚིག་གསུམ་པོ་དང་། །ཡན་ལག་ཉི་ཤུ་རྩ་ལྔ་བསྲུང་། །ཡན་ལག་དམ་ཚིག་བསྟན་པ་ནི། །སྤང་དང་མི་སྤང་དང་དུ་བླང་། །ཤེས་དང་བསྒྲུབ་པར་བྱ་བའོ། །ཨ་ནུ་ཡོ་གའི་བསྲུང་མཚམས་ནི། །དབྱིངས་ལས་མི་འདའ་དམ་ཚིག་བསྲུང་། །ཨ་ཏི་ཡོ་གའི་དམ་ཚིག་ནི། །མེད་པ་དང་ནི་ཕྱལ་པ་དང་། །གཅིག་པུ་དང་ནི་ལྷུན་གྱིས་གྲུབ། །དེ་ཡི་དོན་ལས་འདའ་མི་བྱ། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པའི་བགྲོད་ལམ་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཐེག་པའི་བགྲོད་ལམ་བསྟན་པ་ནི། །སྤང་འགེག་


DNG006_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་དང་བསྒྱུར་བའི་ལམ། །ཤེས་པར་བྱེད་པའི་ལམ་དང་ལྔ། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པ་རྣམས་ཀྱི་བལྟ་བ་གང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཉན་ཐོས་ཐེག་པའི་ལྟ་བ་ནི། །ཆོས་ལ་བདག་མེད་མ་རྟོགས་ཏེ། །དོན་དམ་ཕྲ་རབ་རྡུལ་ཕྲན་ཆ། །ཀུན་རྫོབ་གཡག་རྔ་ནེའུ་སིང་ཚུལ། །སྡེ་པ་གཉིས་ཀྱི་འདོད་གཞུང་ཡིན། །གང་ཟག་ལ་ནི་བདག་མེད་རྟོགས། །ཕྱི་ནང་གཟུང་འཛིན་གཉིས་སུ་འདོད། །རང་རྒྱལ་འཛིན་པའི་སེམས་སུ་འདོད། །སེམས་ཙམ་ལྟ་བ་གཉིས་ཡོད་དེ། །སེམས་ཙམ་རྣམ་བཅས་ལྟ་བ་ནི། །ཕྱི་རོལ་དཀར་དམར་ལ་སོགས་པ། །དབང་པོའི་ཡུལ་དུ་སྣང་བ་ཀུན། །སེམས་ལས་ལོགས་གཅིག་མ་ཡིན་ཞིང་། །ཤེས་པའི་བདག་ཉིད་བདེན་པར་འདོད། །རྣམ་མེད་དག་པའི་ལྟ་བ་ནི། །རྣམ་པར་ཤེས་དང་མགོ་མཉམ་དུ། །ཡང་དག་ཡོད་པ་མ་ཡིན་ཏེ། །ཤེས་པ་བདེན་ཏེ་རྣམ་པ་རྫུན་པར་འདོད། །དབུ་མའི་ལྟ་བ་མི་མཐུན་ཏེ། །ལ་ལ་བདེན་པ་གཉིས་སུ་འདོད། །ལ་ལ་རང་རིག་འོད་གསལ་འདོད། །ལ་ལ་དག་གི་བལྟ་བ་ནི། །ཆོས་ཉིད་སྟོང་པ་ནམ་མཁར་འདོད། །ལ་ལ་རབ་ཏུ་མི་གནས་པར། །སེམས་དང་སེམས་ལས་བྱུང་བའི་ཆོས། །ཡེ་ཤེས་རྒྱུན་ཆད་ལྟ་བར་འདོད། །གསང་སྔགས་ཐུན་མོང་ལྟ་བ་ནི། །དོན་དམ་སྐྱེ་འགག་མེད་པར་མཐུན། །ཅུང་ཟད་ཀུན་རྫོབ་མི་མཐུན་ཏེ། །དམ་ཚིག་ཡེ་ཤེས་སེམས་དཔའ་གཉིས། །ལ་ལ་རྗེ་དང་བྲན་གྱི་ཚུལ། །ལ་ལ་དཔོན་དང་གཡོག་གི་ཚུལ། །ལ་ལ་སྤུན་དང་གྲོགས་ཀྱི་ཚུལ། །བསྐྱེད་པ་མ་ཧཱ་ཡོ་ག་ནི། །ཡེ་ཤེས་དམ་ཚིག་ཚུལ་མི་འཛིན། །རང་རྒྱུད་དག་པའི་ལྷ་རུ་འདོད། །རྫོགས་པ་ཨ་ནུ་ཡོ་ག་ནི། །མ་བསྐྱེད་རྫོགས་པའི་ལྷ་རུ་འདོད། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི། །ཀུན་བྲལ་ཅི་མ་སྤངས་པ་དང་། །རྒྱ་ཆད་ཕྱོགས་ལྷུང་མེད་པ་དང་། །ལྷུན་


DNG006_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཡོངས་སུ་རྫོགས་པར་འདོད། །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ས་དང་ས་ཡི་རིམ་པ་གང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །མཚན་ཉིད་སྡེ་གསུམ་ས་བསྟན་པ། །བརྒྱད་དང་བཅུ་རྣམས་སྦྱངས་ནས་ནི། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །ཐུན་མོང་སྔགས་ཀྱི་ས་བསྟན་པ། །མ་ཆགས་པདྨ་ཅན་གྱི་ས། །རྫོགས་པ་ཆེན་པོའི་ས་བསྟན་པ། །རང་བཞིན་ལྷུན་གྲུབ་མངོན་དུ་སྣང་། །དེ་ཉིད་མངོན་དུ་གྱུར་པའི་ས། །འཁོར་ལོ་ཚོགས་ཆེན་ས་རུ་འདོད། །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པ་རིམ་པར་ཕྱེ་བ་ཡི། །འབྲས་བུ་ཐོབ་ཚུལ་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལ་ལ་དགྲ་བཅོམ་འབྲས་བུ་ཡིན། །ཟུང་བཞི་ཡ་བརྒྱད་གོ་འཕང་ཐོབ། །ལ་ལ་བསེ་རུ་ལྟ་བུ་སྟེ། །ལ་ལ་སྐུ་གསུམ་ཡེ་ཤེས་བཞི། །ཐུན་མོང་སྔགས་ཀྱི་འབྲས་བུ་ནི། །ཐུན་མོང་ཕྱག་རྒྱའི་རིག་འཛིན་ཐོབ། །རྫོགས་ཆེན་ཨ་ཏིའི་འབྲས་བུ་ནི། །གདོད་ནས་སྙིང་པོ་བྱང་ཆུབ་ཏུ། །ཐོབ་མེད་འབྲས་བུ་རང་ལ་སྨིན། །ཞེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། སྒོ་མོ་ཀུན་ནས་བསྡུས་པའི་ཡན་ལག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དམ་ཚིག་ཅེས་བྱ་ཅི་ལྟར་ལགས། །བསྲུང་བའི་ཐབས་ནི་ཅི་ལྟར་ལགས། །ཉམས་པའི་གསོ་ཐབས་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དམ་ཚིག་དམ་ཚིག་ཅེས་བགྱི་བ། །རང་རང་རྟོགས་པའི་ལྟ་བ་སྟེ། །དེ་


DNG006_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་ན་འཚིག་པར་འགྱུར། །ས་སྟེང་ཀོ་བས་གཡོགས་འདོད་ན། །དེ་ཉིད་གཡོགས་པར་ག་ནས་ལངས། །རྐང་མཐིལ་གང་གི་ཀོ་བ་ཡིས། །ས་སྟེང་གཡོགས་དང་ཅི་མ་འདྲ། །སྡོམ་དང་དམ་ཚིག་བསྲུང་མཚམས་ཀུན། །ཐམས་ཅད་བསྲུང་བར་ག་ནས་ལངས། །ཅི་བཞིན་པ་ཡི་ཆོས་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །དེ་ཡི་ངང་ལ་མ་ཡེངས་ན། །དམ་ཚིག་ཐམས་ཅད་བསྲུང་བ་ཡིན། །ཉམས་ཀྱི་ཆད་པ་བྱུང་བ་ལ། །གསོ་བའི་ཐབས་སུ་དེ་ཉིད་ཆེ། །དམན་པའི་ཐེག་པ་ཐམས་ཅད་ཀྱིས། །བསྲུང་དུ་མེད་ལ་བསྲུངས་པས་ཉམས། །མཉམ་རྫོགས་ཨ་ཏི་ཡོ་ག་ལ། །ཉམས་དང་མ་ཉམས་གཉིས་མེད་པས། །མ་ཡེངས་གསལ་བའི་ངང་དུ་བརྡལ། །ཞེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། དམ་ཚིག་འཕྲུལ་གྱི་ཡན་ལག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །བརྡ་མཐུན་དོན་གྱི་ཁྱད་པར་ཅི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་སྣ་ཚོགས་ལུས་ཅན་དང་། །འཁྲུལ་པ་སྣ་ཚོགས་ལུས་ཅན་གཉིས། །སྣ་ཚོགས་ལུས་སུ་འདྲ་མོད་ཀྱང་། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །ཡེ་ཤེས་སྒྱུ་མར་སྣང་བའི་སངས་རྒྱས་དང་། །ལོག་རྟོག་སྒྱུ་མར་སྣང་བའི་སེམས་ཅན་གཉིས། །སྒྱུ་མ་ཙམ་དུ་མིང་དུ་འདྲ་མོད་ཀྱང་། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །འགྲོ་དྲུག་ལུས་དང་བག་ཆགས་ངན་འཁྲུལ་དང་། །སྔགས་ལམ་སྐུ་དང་ཡེ་ཤེས་བཟང་འཁྲུལ་གཉིས། །འཁྲུལ་པ་ཙམ་གྱི་མིང་དུ་འདྲ་མོད་ཀྱང་། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །བཟང་རྟོག་ངན་རྟོག་ལོག་རྟོག་གསུམ། །ངོ་བོ་ཉིད་ཀྱི་རྟོག་པ་བཞི། །རྟོག་པས་བསྡུས་པར་འདྲ་མོད་ཀྱང་། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །རྫོགས་ཆེན་ཤུགས་འབྱུང་སྤྱོད་པ་དང་། །ཐེག་དམན་བྱས་པའི་སྤྱོད་པ་གཉིས། །སྤྱོད་པ་


DNG006_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་འདྲ་མོད་ཀྱང་། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །རྫོགས་ཆེན་རང་བྱུང་ཡེ་ཤེས་དང་། །ཐེག་དམན་གནས་འགྱུར་ཡེ་ཤེས་གཉིས། །ཡེ་ཤེས་ཙམ་དུ་འདྲ་མོད་ཀྱང་། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །རྫོགས་ཆེན་ལྷུན་གྲུབ་འབྲས་བུ་དང་། །ཐེག་དམན་ཚོགས་བསགས་འབྲས་བུ་གཉིས། །འབྲས་བུ་ཙམ་གྱིས་འདྲ་མོད་ཀྱང་། །བྲ་སྲན་འབྲས་ཀྱི་དཔེ་བཞིན་ནམ། །རོ་ཉེ་དང་ནི་གསེར་སྐུ་བཞིན། །སྐུ་གཟུགས་ཙམ་དུ་འདྲ་མོད་ཀྱང་། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །ངོས་བཟུང་ཙམ་གྱི་ལྟ་བ་དང་། །ངོས་གཟུང་མེད་པའི་ལྟ་བ་གཉིས། །ལྟ་བ་ཙམ་དུ་འདྲ་མོད་ཀྱང་། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །ཕྱོགས་མཚམས་འཛིན་པའི་སྙིང་རྗེ་དང་། །ཕྱོགས་རིས་མེད་པའི་སྙིང་རྗེ་གཉིས། །སྙིང་རྗེ་ཙམ་དུ་འདྲ་མོད་ཀྱང་། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །ཞེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། བརྡ་མཐུན་དོན་འཕགས་ཀྱི་ཡན་ལག་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །སངས་རྒྱས་སེམས་ཅན་གཟིགས་མི་གཟིགས། །འགྲོ་དོན་ཆེད་དུ་མཛད་མི་མཛད། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སངས་རྒྱས་སེམས་ཅན་སོ་སོ་རུ། །ཡེ་ཤེས་ཆེན་པོས་ཡོངས་མི་གཟིགས། །དེས་ན་སྙིང་རྗེ་ཅིར་མི་མཛད། །ཆོས་སྐུ་མངོན་དུ་གྱུར་ཙམ་ན། །གཟུགས་སྐུ་རྣམ་གཉིས་ཤུགས་བྱུང་ནས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །སངས་རྒྱས་སེམས་ཅན་མི་གཟིགས་ན། །ཀུན་ཏུ་བདེ་གཤེགས་སྐལ་བཟང་གིས། །འགྲོ་རྣམས་སྣ་ཚོགས་སྣ་ཚོགས་ལ། །སྤྲུལ་པ་སྣ་ཚོགས་སྣ་ཚོགས་པས། །འདུལ་བ་སྣ་ཚོགས་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་


DNG006_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་ཏུ་བདེ་གཤེགས་སྐལ་བཟང་གིས། །འགྲོ་བ་སྣ་ཚོགས་འདུལ་བ་ཡང་། །སྣ་ཚོགས་འགྲོ་རྣམས་རང་རང་གི། །ལས་འཕྲོའི་དབང་གིས་སྣང་བར་ཟད། །བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱིས། །དངོས་པོ་རྡུལ་ཡང་མི་གཟིགས་པས། །ཆེད་དུ་རྣམ་པར་མི་སྤྲུལ་ཡང་། །སེམས་ཅན་ལྟ་སྤྱོད་ཐ་དད་པས། །བདེ་གཤེགས་སྐུ་ཡང་སྣང་མཐའ་ཡས། །དེས་ན་གདུལ་བྱ་སྣ་ཚོགས་དང་། །བདེ་གཤེགས་སྒྱུ་འཕྲུལ་སྣ་ཚོགས་ཀྱང་། །འཁྲུལ་པའི་དབང་གིས་སྣང་བར་མཛད། །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཐེག་པ་ཐུན་མོང་འབྲས་བུ་དང་། །རྫོགས་པ་ཆེན་པོའི་འབྲས་བུ་ལ། །དོན་ལ་ཁྱད་པར་ཡོད་དམ་མེད། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཐེག་པ་ཐུན་མོང་སངས་རྒྱས་དང་། །རྫོགས་ཆེན་འབྲས་བུའི་སངས་རྒྱས་གཉིས། །ཐུན་མོང་མཆོག་གི་དངོས་གྲུབ་སྟེ། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །ཐུན་མོང་བསྡི་གནས་ས་ལ་གནས། །རྫོགས་ཆེན་ལྷུན་གྲུབ་ས་ལ་གནས། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དུས་གསུམ་སངས་རྒྱས་གཅིག་མི་གཅིག །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དཔེར་ན་གཟུགས་རྣམས་སྣ་ཚོགས་ཀྱང་། །རི་རབ་ངོས་ལ་ཕྱིན་ཙམ་ན། །ཀུན་ཀྱང་གསེར་གྱི་མདོག་ཏུ་གཅིག །དཔེར་ན་ཆུ་རྣམས་ཐམས་ཅད་ཀྱང་། །རྒྱ་མཚོ་ཆེན་པོར་ཕྱིན་ཙམ་ན། །ཀུན་ཀྱང་ལན་ཚྭའི་རོ་རུ་གཅིག །དེ་བཞིན་དུས་གསུམ་སངས་རྒྱས་ཀྱང་། །མ་བཅོས་སེམས་ཀྱི་ལམ་ཞུགས་ནས། །ཆོས་སྐུ་ནམ་མཁའ་ལྟ་བུར་གཅིག །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་


DNG006_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདག་པོ་ལགས། །རྟོགས་དང་མ་རྟོགས་ཁྱད་པར་ཅི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྟོགས་དང་མ་རྟོགས་ཁྱད་པར་ནི། །དམུས་ལོང་དང་ནི་གླང་ཆེན་བཞིན། །ཕྱོགས་རྟོགས་ཅི་བཞིན་ཉིད་མ་རྟོགས། །མིག་ཅན་རྣམས་ཀྱིས་ཅི་བཞིན་རྟོགས། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་ཙམ་རྟོགས་དང་ཅི་བཞིན་པ། །ལོག་པར་རྟོག་པ་མུ་སྟེགས་ཏེ། །ཉན་ཐོས་རང་རྒྱལ་མ་རྟོགས་པ། །ཐེག་པ་དྲུག་གིས་ཕྱོགས་ཙམ་རྟོགས། །རྫོགས་ཆེན་རྟོགས་པ་ཇི་བཞིན་རྟོགས། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །འཁྲུལ་དང་ཡེ་ཤེས་བདེ་སྡུག་བསྔལ། །རྒྱུན་དང་དུམ་བུ་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཡེ་ཤེས་རྒྱུན་དུ་གནས་པ་ཡིན། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །འཁྲུལ་པ་རྒྱུན་དུ་གནས་པ་ཡིན། །ལམ་ལ་གནས་པའི་རྣལ་འབྱོར་ལ། །འཁྲུལ་དང་ཡེ་ཤེས་དུམ་བུར་གནས། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བདེ་བ་རྒྱུན་དུ་གནས་པ་ཡིན། །ངན་སོང་རྣམ་པ་གསུམ་པོ་ལ། །སྡུག་བསྔལ་རྒྱུན་དུ་གནས་པ་ཡིན། །མཐོ་རིས་མི་དང་ལྷར་བཅས་པ། །བདེ་དང་སྡུག་བསྔལ་དུམ་བུར་གནས། །ཆོས་ཉིད་རང་གི་ངོ་བོ་ལ། །བདེ་དང་སྡུག་བསྔལ་དབྱེར་མེད་མཉམ། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ལྷ་ཞེས་བྱ་བ་གང་ལ་བགྱི། །འདྲེ་ཞེས་བྱ་བ་གང་ལ་བགྱི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡ་མ་དམ་སྲི་ལ་སོགས་པ། །མ་རྟོགས་ལོག་པའི་འདྲེ་ཡིན་ཀྱང་། །


DNG006_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་རྟོགས་པ་དེ་ཡི་ལྷ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་། །རྟོགས་པ་རྣམས་ཀྱི་ལྷ་ཡིན་ཏེ། །གང་གིས་མ་རྟོགས་དེ་ཡི་འདྲེ། །ཆོས་ཉིད་རང་གི་ངོ་བོ་ལ། །རྟོགས་དང་མ་རྟོགས་གཉིས་སུ་མེད། །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །འཁོར་འདས་གཉིས་ཀྱི་ཐོག་མཐའ་གང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ།ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཅི་བཞིན་པ་ལ་ཐོག་མཐའ་མེད། །འཁོར་བ་ལ་ནི་ཐོག་མཐའ་མེད། །མྱ་ངན་འདས་ལ་ཐོག་མཐའ་མེད། །མ་རིག་འཁྲུལ་པ་ལོག་པ་དང་། །རང་བྱུང་ཡེ་ཤེས་ཤར་བ་དང་། །འཁོར་འདས་གཉིས་ཀྱི་ཐོག་མཐར་གཅིག །ཅེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། གནད་བསྡུ་བའི་ལེའུ་སྟེ་དྲུག་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །སྣང་བ་རྐྱེན་གྱི་ཡན་ལག་གིས། །གང་དང་གང་གི་རྒྱུ་རྐྱེན་བྱེད། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྣང་བ་རྟེན་འདྲེལ་འཁོར་ལོ་གཉིས། །བླ་མའི་གདམས་ངག་དྲན་ཙམ་ན། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་བྱེད། །རང་བྱུང་ཡེ་ཤེས་ཆེན་པོ་དེས། །རྟོགས་པ་མངོན་དུ་གྱུར་པ་ཡིས། །བདེ་ཆེན་ཆོས་སྐུའི་རྒྱུ་རྐྱེན་བྱེད། །བླ་མའི་གདམས་ངག་མ་དྲན་ན། །མ་རིག་འཁྲུལ་པའི་རྒྱུ་རྐྱེན་བྱེད། །མ་རིག་པ་ཡི་འཁྲུལ་རྟོག་གིས། །ཁམས་གསུམ་འཁོར་བའི་རྒྱུ་རྐྱེན་བྱེད། །ཆོས་ཉིད་རང་གི་ངོ་བོ་ལ། །རྟོགས་དང་མ་རྟོགས་ཁྱད་པར་ལས། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ཅེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། སྣང་བ་རྐྱེན་གྱི་ཡན་ལག་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དྲན་པ་རྒྱུན་གྱི་ཐེག་པ་ཡིས། །གང་ལ་


DNG006_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལྟར་བསྡམ་པར་བྱ། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལྟ་བས་རྟོགས་པར་བྱེད་དུས་སུ། །བླ་མའི་གདམས་ངག་དྲན་བྱས་ནས། །རང་བྱུང་ཡེ་ཤེས་གསལ་འཕང་བསྟོད། །བསྒོམ་པ་ཉམས་སུ་ལེན་དུས་སུ། །ལྟ་བའི་སྲོག་དང་མ་བྲལ་བར། །དེ་ཡི་རླན་དང་ལྡན་པར་བྱ། །མར་མེ་འབར་བའི་རྩེ་མོ་འམ། །ཆུ་བོ་འབབ་པའི་རྒྱུན་བཞིན་དུ། །ཏིང་འཛིན་འབྱུང་འཇུག་མེད་པ་ཡི། །རྒྱུན་མི་ཆད་པའི་བསམ་གཏན་བྱ། །རྗེས་ཤེས་པ་ཡི་དུས་ཉིད་དུ། །བལྟ་བསྒོམ་གྲོགས་དང་ལྡན་པ་ཡིས། །དྲན་པའི་ཐེག་པས་གདགས་པར་བྱ། །ཞེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། དྲན་པ་རྒྱུན་གྱི་ཡན་ལག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དྲོད་རྟགས་ཚད་ཀྱི་ཡན་ལག་གང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྟགས་ནི་རྣམ་པ་བཞི་ཡིན་ཏེ། །ཆུ་བོ་དག་ལས་བརྒལ་བ་དང་། །རྫིང་ཆེན་དག་ལ་ཁྲུས་བྱེད་དང་། །གཞན་གྱིས་བུམ་པས་ཁྲུས་བྱད་རྣམས། །བག་ཆགས་སྦྱངས་པའི་སྔ་ལྟས་ཡིན། །མས་ཡར་གྱེན་དུ་འགྲོ་བ་དང་། །རིན་ཆེན་སྐས་ལ་འཛེག་པ་དང་། །ཕལ་པའི་སྐས་ལ་འཛེག་པ་ནི། །ས་རྣམས་བགྲོད་པའི་སྔ་ལྟས་ཡིན། །ཏོག་དཀར་རྩེ་ལ་ཕྱིན་པ་དང་། །རི་བོའི་རྩེ་ལ་འདུག་པ་དང་། །ཉི་ཟླ་གདན་ལ་བཏིང་བ་ནི། །ས་རྣམས་ནོན་པའི་སྔ་ལྟས་ཡིན། །གཉིད་ཀྱི་རྟོག་པ་ཆོམས་པ་དང་། །ཤིག་དང་སྲིན་བུ་མེད་པ་དང་། །ཁམས་ཀྱི་ཟས་དང་བྲལ་མོད་ཀྱང་། །དབང་པོའི་གཟི་མདངས་མི་ཉམས་ཤིང་། །གང་ལ་ཞེན་ཆགས་མི་སྐྱེ་ན། །ནང་རྟགས་ཕྱི་རུ་བྱུང་བ་ཡིན། །སྔ་རྟགས་དེ་དག་བྱུང་བ་ཡང་། །རེ་བ་མ་བསྐྱེད་ཤུགས་ལས་བྱུང་། །ཏིང་འཛིན་ཚད་དུ་བརྟན་པ་ནི། །མཚན་མར་གཡོ་བ་མེད་པ་ནི། །རྒྱ་མཚོའི་གཏིང་གི་ཆུ་བཞིན་ནོ། །རྣམ་རྟོག་གཡོ་བ་མི་འབྱུང་བ། །སྐྱེས་བུ་སྙིང་ཕྱུང་


DNG006_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའོ། །ཏིང་འཛིན་བརྟན་པར་གྱུར་པ་ནི། །རུས་སྦལ་འཁར་གཞོང་བཅུག་པ་འདྲ། །རྣལ་འབྱོར་ཉམས་ཀྱི་དྲོད་བསྟན་པ། །ཕྱི་དང་ནང་དང་གསང་བའོ། །ལུས་ཀྱང་རས་བལ་འདབ་མའམ། །ཤིང་བལ་འདབ་མ་བཞིན་འགྱུར་ཏེ། །ཤིན་ཏུ་ཡང་ཞིང་ཡོད་མི་ཚོར། །འགྲོ་ན་གཡང་སར་ལྟུང་སྙམ་བྱེད། །དེ་ནི་ཕྱི་ཡི་དྲོད་དུ་བསྟན། །ཕྱི་ནང་རྒྱུ་བའི་དབུགས་དག་ཀྱང་། །རྒྱུ་བར་རང་གིས་མ་ཚོར་ན། །དེ་ནི་ནང་གི་དྲོད་དུ་བསྟན། །དཔེར་ན་རིག་མའི་འདོད་ཆགས་བཞིན། །བརྗོད་དུ་མེད་པའི་བདེ་བ་གཅིག །བགས་ཀྱི་ཉམས་སུ་མྱོང་བར་འགྱུར། །དེ་ནི་གསང་བའི་དྲོད་དུ་བསྟན། །ཞེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། དྲོད་རྟགས་ཡན་ལག་གི་ལེའུ་སྟེ་དགུ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་ཉིད་དོན་གྱི་ངོ་བོ་དེ། །གང་གི་ངོ་བོར་ངེས་པ་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཉིད་དོན་གྱི་ངོ་བོ་དེ། །ཡེ་ནས་རང་ལ་ཡོད་པར་ངེས། །རང་བཞིན་ལྷུན་གྱིས་གྲུབ་པར་ངེས། །དུས་གསུམ་འདུས་མ་བྱས་པར་ངེས། །འཕོ་ཞིང་འགྱུར་བ་མེད་པར་ངེས། །སྐྱེ་ཞིང་འགག་པ་མེད་པར་ངེས། །གཉེན་པོས་གཞིག་ཏུ་མེད་པར་ངེས། །ཤེས་ཤིང་རིག་པའི་ངོ་བོར་ངེས། །སྣང་ཚུལ་ཅིར་ཡང་སྣང་བར་ངེས། །ཡིན་ཚུལ་ངེས་པ་མེད་པར་ངེས། །རྒྱ་ཆད་ཕྱོགས་ལྷུང་མེད་པར་ངེས། །ཀུན་བྲལ་ཅི་མ་སྤངས་པར་ངེས། །ཀུན་གྱི་འབྱུང་གནས་ཡིན་པར་ངེས། །དོན་ལ་གོལ་བ་མེད་པར་ངེས། །ལྟ་བ་ངོས་གཟུང་མེད་པར་ངེས། །སྒོམ་པ་དམིགས་གཏད་མེད་པར་ངེས། །སྤྱོད་པ་བླང་དོར་མེད་པར་ངེས། །འབྲས་བུ་སྤང་ཐོབ་མེད་པར་ངེས། །ཉམས་སུ་ལེན་དུ་མེད་པར་ངེས། །དམ་ཚིག་བསྲུང་དུ་མེད་པར་ངེས། །ཕྲིན་ལས་བཙལ་དུ་མེད་པར་ངེས། །ས་ལ་སྦྱང་དུ་མེད་པར་ངེས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཅིར་སྣང་ཅིར་སྲིད་ཐམས་ཅད་ཀུན། །བྱང་ཆུབ་


DNG006_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སྣང་བ་སྟེ། །སེམས་ལས་མ་གཏོགས་ཆོས་གཞན་མེད། །ཅིར་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱུང་ཡང་བྱང་ཆུབ་སེམས་ལས་བྱུང་། །བྱས་ཀྱང་བྱང་ཆུབ་སེམས་ཀྱིས་བྱས། །སྣང་ཡང་བྱང་ཆུབ་སེམས་ལ་སྣང་། །འདུས་ཀྱང་བྱང་ཆུབ་སེམས་སུ་འདུས། །རྫོགས་ཀྱང་བྱང་ཆུབ་སེམས་ལ་རྫོགས། །ཡིན་ཀྱང་བྱང་ཆུབ་སེམས་ཉིད་ཡིན། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །སྣང་བ་མེད་པར་ཀུན་ལ་ཁྱབ། །བཙལ་བ་མེད་པར་ལྷུན་གྱིས་གྲུབ། །བགྲོད་པ་མེད་པར་ས་རྣམས་ནོན། །བྱས་པ་མེད་པར་ལས་རྣམས་ཟིན། །ཞེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། ངེས་པ་དོན་གྱི་ཡན་ལག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །མཐུན་པའི་དཔེ་ཡིས་མ་མཚོན་ན། །དོན་གྱི་ངོ་བོ་རྟོགས་མི་འགྱུར། །དེ་ལ་མཐུན་དཔེ་རྟོགས་མི་འགྱུར། །དེ་ལ་མཐུན་དཔེ་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ།ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་ཀྱི་མཐུན་དཔེ་ནི། །ནམ་མཁའ་རྡོ་རྗེ་རིན་པོ་ཆེ། །རྒྱ་མཚོ་དང་ནི་རི་བོ་སྟེ། །བརྡའ་བཏགས་མིང་ལ་ངེས་པ་མེད། །ནམ་མཁའི་དཔེ་ཡང་མ་ངེས་ཏེ། །དཔེ་ཡང་དོན་དུ་འགྲོ་བ་ཡོད། །འབྱུང་བ་ནམ་མཁའ་དཔེ་ཡིན་ཏེ། །ཆོས་ཉིད་ནམ་མཁའི་དོན་དུ་འགྲོ། །རྒྱ་མཚོ་དཔེ་ཡང་མ་ངེས་ཏེ། །འབྱུང་བའི་རྒྱ་མཚོ་དཔེ་ཡིན་ཏེ། །ཆོས་ཉིད་རྒྱ་མཚོའི་དོན་དུ་འགྲོ། །ནོར་བུའི་དཔེ་ཡང་མ་ངེས་ཏེ། །འཇིག་རྟེན་ནོར་བུའི་དཔེ་ཡིན་ཏེ། །ཆོས་ཉིད་ནོར་བུའི་དོན་དུ་འགྲོ། །རྡོ་རྗེའི་དཔེ་ཡང་མ་ངེས་ཏེ། །རྡོ་རྗེ་ཕ་ལམ་དཔེ་ཡིན་ཀྱང་། །སེམས་ཉིད་རྡོ་རྗེའི་དོན་དུ་འགྲོ། །ཕྱག་མཚན་རྡོ་རྗེ་རྟགས་སུ་འགྲོ། །བཏགས་པའི་མིང་གི་རྡོ་རྗེ་ནི། །དེ་ཡི་ལུང་དུ་བསྟན་པ་མིན། །རི་བོའི་དཔེ་ནི་ཡང་མ་ངེས། །འབྱུང་བའི་རི་བོ་དཔེ་ཡིན་ཏེ། །ཆོས་ཉིད་


DNG006_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོའི་དོན་དུ་འགྲོ། །དཔེར་ན་ནམ་མཁའི་མཚན་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །ཕྱོགས་བཞི་དབུས་དང་བླ་འོག་མིན། །ཕྱི་ནང་མ་ཡིན་སྣང་མུན་མིན། །གཅིག་པ་མ་ཡིན་ཐ་དད་མེད། །སྐྱེ་འགག་མེད་ཅིང་འཕེལ་འགྲིབ་མེད། །སྣང་བ་མེད་པར་ཀུན་ལ་ཁྱབ། །དུས་གསུམ་འདུས་མ་བྱས་པ་ཡིན། །མེད་པ་ཡོད་པས་འགོག་མི་བྱེད། །ཐམས་ཅད་ཀུན་གྱི་གཞི་མ་ཡིན། །བྱང་ཆུབ་སེམས་ཀྱང་དཔེ་དང་མཚུངས། །ཀུན་ནས་འདྲ་བའི་དཔེ་མེད་པས། །ཕྱོགས་ཆ་འདྲ་བའི་དཔེ་རུ་བླངས། །ནམ་མཁའ་རིག་མེད་སྟོང་པ་ཡིན། །སེམས་ནི་རིག་བཅས་སྟོང་པ་སྟེ། །དོན་ལ་ཁྱད་པར་ཤིན་ཏུ་ཆེ། །རྡོ་རྗེ་དཔེ་རུ་བསྟན་པ་ཡང་། །དུས་གསུམ་འཕོ་འགྱུར་མེད་པ་དང་། །གཉེན་པོས་བཤིག་པར་དཀའ་བ་ཡིན། །བྱང་ཆུབ་སེམས་ཀྱང་དེ་དང་མཚུངས། །དེ་ཡང་ཕྱོགས་ཆ་འདྲ་བའི་དཔེ། །ཐམས་ཅད་ཀུན་ཏུ་མི་འདྲ་སྟེ། །ཁྱི་ལུད་ལན་ཚྭ་ར་གཞོབ་རྐྱེན། །འདུས་ཤིང་ཤིན་ཏུ་འཇིག་པར་སླ། །བྱང་ཆུབ་སེམས་ལ་འཇིག་རྐྱེན་མེད། །དེ་ཕྱིར་དོན་ལ་ཁྱད་པར་ཆེ། །རྒྱ་མཚོ་དཔེ་རུ་བླངས་པ་ཡང་། །དཔེར་ན་རྒྱ་མཚོ་ཆེན་པོ་ལས། །ཆུ་བྲན་རྣམ་པ་མང་པོ་ཡང་། །བྱུང་ཡང་རྒྱ་མཚོ་ཉིད་ལས་བྱུང་། །བྱུང་ཡང་རྒྱ་མཚོ་འགྲིབ་པ་མེད། །འདུས་ཡང་རྒྱ་མཚོ་ཉིད་དུ་འདུས། །འདུས་ཀྱང་དེ་ལ་འཕེལ་བ་མེད། །དེ་བཞིན་བྱང་ཆུབ་སེམས་ཉིད་ལ། །ཆོས་རྣམས་སྣ་ཚོགས་བྱུང་བ་ཡང་། །བྱུང་ཡང་བྱང་ཆུབ་སེམས་ལས་བྱུང་། །བྱུང་ཡང་བྱང་ཆུབ་སེམས་ལ་འགྲིབ་པ་མེད། །འདུས་ཀྱང་བྱང་ཆུབ་སེམས་སུ་འདུས། །འདུས་ཀྱང་བྱང་ཆུབ་སེམས་ལ་འཕེལ་བ་མེད། །དེ་ཡང་ཕྱོགས་ཆ་འདྲ་བའི་དཔེ། །དཔེར་ན་རྒྱ་མཚོ་ཆེན་པོ་ནི། །བསྐལ་པའི་ཆ་འགྱུར་བྱུང་ཙམ་ན། །རྒྱ་མཚོ་གཏིང་ནས་བསྐམ་པར་འགྱུར། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ན། །བསྐལ་པར་དཀྲུགས་ཀྱང་མེད་མི་འགྱུར། །དེ་ཕྱིར་མི་མཐུན་ཁྱད་པར་ཆེ། །ནོར་བུ་དཔེ་རུ་བླངས་པ་ཡང་། །དགོས་འདོད་ཟད་མེད་དེ་ལས་བྱུང་འགྱུར་ཀྱང་། །འདམ་གྱིས་གཡོགས་ནས་སྣང་མི་ནུས། །ལེགས་པར་བྱི་དོར་བྱས་ཙམ་ན། །


DNG006_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་འདོད་རེ་བ་ཟད་མེད་འབྱུང་། །བྱང་ཆུབ་སེམས་ཀྱི་ཆོས་སྐུ་ལ། །ཆེ་བའི་ཡོན་ཏན་འབྱུང་མོད་ཀྱང་། །རྣམ་རྟོག་མཚན་མས་བསྒྲིབས་ཙམ་ན། །ཆེ་བའི་ཡོན་ཏན་འབྱུང་མི་ནུས། །རང་བྱུང་ཡེ་ཤེས་ཆེན་པོ་ཡིན། །སེམས་ཀྱི་བྱི་དོར་ལེགས་བྱས་ནས། །རྣམ་རྟོག་ཡེ་ཤེས་ལངས་ཙམ་ན། །ཆེ་བའི་ཡོན་ཏན་ཟད་མེད་འགྱུར། །དེ་ཡང་ཕྱོགས་ཆ་འདྲ་བའི་དཔེ། །ཐམས་ཅད་ཀུན་ཏུ་མི་འདྲ་སྟེ། །དེ་བཞིན་ནོར་བུ་རིན་ཆེན་ལ། །འཇིག་རྟེན་དགོས་འདོད་འབྱུང་མོད་ཀྱང་། །སངས་རྒྱས་ཆེ་ཡོན་འབྱུང་མི་སྲིད། །སེམས་ཉིད་ཡིད་བཞིན་ནོར་བུ་ལ། །སངས་རྒྱས་ཆེ་ཡོན་རྒྱུན་ཆད་མེད། །དོན་ལ་ཁྱད་པར་ཤིན་ཏུ་ཆེ། །རི་བོ་དཔེ་རུ་བསྟན་པ་ཡང་། །རི་བོ་མི་འགྱུར་བརྟན་པ་བཞིན། །བྱང་ཆུབ་སེམས་ཀྱང་འགྱུར་བ་མེད། །དེ་ཡང་ཕྱོགས་ཆ་འདྲ་བའི་དཔེ། །ཐམས་ཅད་ཀུན་ཏུ་མི་འདྲ་སྟེ། །རི་བོ་ཤིན་ཏུ་བརྟན་པ་ཡང་། །བསྐལ་པའི་རླུང་གིས་འཇིག་པར་འགྱུར། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ནི། །དུས་གསུམ་འགྱུར་བ་མེད་པར་གནས། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་ཙམ་མཚན་མར་སྣང་བ་དང་། །ཆོས་ཉིད་རང་གི་ངོ་བོ་གཉིས། །དེ་ཡི་མཐུན་དཔེ་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུང་མཐོང་དུང་ལ་བལྟས་དུས་སུ། །དུང་གི་དཀར་པོ་འཛིན་པ་ལས། །གསེར་འཛིན་སེར་པོ་སྐྱེ་མི་སྲིད། །གསེར་མཐོང་གསེར་ལ་བལྟས་དུས་སུ། །གསེར་གྱི་སེར་པོ་འཛིན་པ་ལས། །དུང་གི་དཀར་པོ་འཛིན་མི་སྲིད། །མ་རིག་འཁྲུལ་པ་ཤར་ཙམ་ན། །ཆོས་ཅན་མཚན་མར་འཛིན་པ་ལས། །ཆོས་ཉིད་ཟབ་མོ་རྟོགས་མི་སྲིད། །ལྷག་མཐོང་ཤེས་རབ་ཤར་ཙམ་ན། །ཆོས་ཉིད་ཟབ་མོ་རྟོགས་པ་ལས། །ཆོས་ཅན་མཚན་མར་འཛིན་མི་སྲིད། །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །


DNG006_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞི་ཞེས་ནི་གང་ལ་བགྱི། །དེ་ཡི་མཐུན་དཔེ་ཅི་ལྟར་ལགས། །ཅི་ལྟར་སེམས་ཅན་ཐམས་ཅད་ལ། །ཆོས་སྐུས་ཁྱབ་པར་གནས་པ་ལ། །དེ་ལ་ཀུན་གཞི་ཞེས་བགྱི་འམ། །མ་རིག་འཁྲུལ་པར་གནས་པ་ལ། །དེ་ལ་ཀུན་གཞི་ཞེས་བགྱི་འམ། །འོན་ཏེ་དེ་དག་འདྲེས་ལ་བགྱི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་གཞི་ཀུན་གཞི་ཞེས་བགྱི་བ། །ཐམས་ཅད་ཀུན་གྱི་གཞིར་གྱུར་པས། །དེ་ཕྱིར་ཀུན་གཞི་མིང་དུ་བཏགས། །དཔེར་ན་ས་ལ་རྙོག་མི་ཟེར། །དེ་བཞིན་ཆུ་ལ་རྙོག་མི་ཟེར། །ས་ཆུ་འདྲེས་ལ་རྙོག་མར་བཏགས། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །ཆོས་སྐུས་ཁྱབ་པར་གནས་པ་ལ། །དེ་ལ་ཀུན་གཞིར་མིང་མ་བཏགས། །རྣམ་རྟོག་མཚན་མར་གནས་པ་ལ། །དེ་ལ་ཀུན་གཞིར་མིང་མ་བཏགས། །ཆོས་སྐུ་ཆུ་དང་འདྲ་བ་ལ། །བག་ཆགས་ས་འདྲས་བསླད་པ་ལ། །ཀུན་གཞི་ཞེས་ནི་མིང་དུ་བཏགས། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་སྐུ་དྲི་མེད་ཡོད་ས་ན། །ཀུན་གཞིའི་རྣམ་ཤེས་ཡོད་དམ་མེད། །ཀུན་གཞིའི་རྣམ་ཤེས་ཡོད་ས་ན། །ཆོས་སྐུ་དྲི་མེད་ཡོད་དམ་མེད། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དཔེར་ན་དུང་ཉིད་ཡོད་པ་ན། །དེ་བཞིན་དཀར་པོ་ཡོད་པར་ངེས། །དེ་བཞིན་དཀར་པོ་ཡོད་ས་ན། །དུང་ཉིད་ཡོད་པར་ངེས་པ་མེད། །ཀུན་གཞིའི་རྣམ་ཤེས་ཡོད་ས་ན། །ཀུན་གཞི་ཆོས་ཀྱི་སྐུ་ཡང་ཡོད། །ཆོས་སྐུ་དྲི་མེད་ཡོད་ས་ན། །ཀུན་གཞིའི་རྣམ་ཤེས་ཡོད་མ་ཡིན། །རྣམ་དག་དེ་བཞིན་གཤེགས་པ་ལ། །ཀུན་གཞིའི་མིང་ཡང་མི་གྲག་གོ། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་ཀྱི་སྐུ་དང་ཀུན་གཞི་གཉིས། །གང་གིས་གང་ལ་ཁྱབ་པ་ལགས། །


DNG006_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དཀར་པོས་དུང་ལ་ཁྱབ་མོད་ཀྱང་། །དུང་གིས་དཀར་ལ་ཁྱབ་པ་མེད། །ཆོས་སྐུས་ཀུན་གཞི་ལ་ཁྱབ་ཀྱང་། །ཀུན་གཞིས་ཆོས་སྐུར་ཁྱབ་པ་མེད། །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་ཀྱི་སྐུ་དང་ཀུན་གཞི་གཉིས། །གཅིག་ལྡོག་གཅིག་གི་ལྡོག་མི་ལྡོག །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དཔེར་ན་དཀར་པོ་ལོག་ཙམ་ན། །དེ་བཞིན་དུང་ཡང་ལོག་པར་འགྱུར། །དུང་ལོག་ཙམ་ན་དཀར་མི་ལྡོག །ཆོས་སྐུ་ལོག་པས་ཀུན་གཞི་ལྡོག །ཀུན་གཞིའི་རྣམ་ཤེས་ལོག་གྱུར་པས། །དེ་བཞིན་ཆོས་སྐུ་ལྡོག་མི་འགྱུར། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྣམ་རྟོག་གཉེན་པོས་བཅོས་མི་བཅོས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཅི་ལྟར་གྲོང་གང་བྱིས་པ་དག །སྤྲིན་འདུས་པ་ཡི་ཕུང་པོ་ལ། །ཁ་ཡི་དབུགས་ཀྱིས་དེངས་པར་འདོད། །འབྱུང་ཆེན་རླུང་གིས་མ་གཏོར་ན། །དེ་ཉིད་དེངས་པར་ག་ལ་འགྱུར། །དེ་བཞིན་རྣལ་འབྱོར་བྱིས་པའི་བློས། །གཟུང་འཛིན་རྣམ་རྟོག་སྤྲིན་འདྲ་བ། །མི་རྟོག་གཉེན་པོས་དེངས་པར་འདོད། །རྣམ་རྟོག་ཡེ་ཤེས་མ་ཤར་ན། །མི་རྟོག་གཉེན་པོས་གཏན་མི་ཞི། །ཞེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། མཚོན་དཔེའི་ཡན་ལག་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པས། །དོན་ཉིད་གཏན་ལ་ཅི་ལྟར་དབབ། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྫོགས་ཆེན་སྤྱོད་པའི་རྣལ་


DNG006_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པས། །ལྟ་སྒོམ་སྤྱོད་འབྲས་ལ་སོགས་པ། །དེ་དག་གཏན་ལ་དབབ་པར་བྱ། །ལྟ་བ་གཏན་ལ་ཕབ་ནས་ནི། །གདེང་དང་ཡིད་ཆེས་ལྡན་པར་བྱ། །སྒོམ་པ་གཏན་ལ་ཕབ་ནས་ནི། །བློ་དངོས་སེམས་ཀྱིས་ཞུན་འཐར་བྱ། །སྤྱོད་པ་གཏན་ལ་ཕབ་ནས་ནི། །གང་ལ་ཐོགས་པ་མེད་པར་སྤྱོད། །འབྲས་བུ་གཏན་ལ་ཕབ་ནས་ནི། །རྫོགས་ཆེན་ལྷུན་གྲུབ་རྩོལ་བ་ཡང་། །རྟོགས་པར་བྱེད་པའི་ལྟ་བ་ནི། །རིན་ཆེན་གཏེར་ཁུངས་རྙེད་པ་འདྲ། །ཉམས་སུ་བླངས་པའི་སྒོམ་པ་ནི། །རིན་ཆེན་ཞུན་ཁུ་བཞུས་པ་འདྲ། །ཏིང་འཛིན་ཉམས་ཀྱི་མན་ངག་ནི། །ཞུན་གྱི་དྲོད་ཚད་སྙོམས་པ་འདྲ། །མངོན་དུ་གྱུར་པའི་འབྲས་བུ་ནི། །རིན་ཆེན་ཡང་ཞུན་སྦྲམ་བུ་འདྲ། །རྣལ་འབྱོར་པ་ཡི་སྤྱོད་པ་ནི། །གླང་ཆེན་རྒྱ་མཚོར་འཇུག་པ་འདྲ། །ལྟ་བ་གཏན་ལ་མ་ཕེབས་ན། །ཚོང་པ་ལམ་རྒྱུས་མེད་པ་འདྲ། །སྒོམ་པ་གཏན་ལ་མ་ཕེབས་ན། །ལག་རྡུམ་བྲག་ལ་འཛེགས་པ་འདྲ། །སྤྱོན་པ་གཏན་ལ་མ་ཕེབས་ན། །དོན་གཉེར་ཐེ་ཚོམ་ཟ་བ་འདྲ། །འབྲས་བུ་གཏན་ལ་མ་ཕེབས་ན། །སྒོ་ང་རུལ་བའི་བྱེའུ་ཕྲུག་འདྲ། །ལྟ་བ་གཏན་ལ་ཕེབས་ཙམ་ན། །གང་ལ་ཡང་ནི་རྟོག་མི་སྐྱེ། །སྒོམ་པ་གཏན་ལ་ཕེབས་ཙམ་ན། །བློ་དངོས་མི་འབྲལ་ཐ་དད་མེད། །སྤྱོད་པ་གཏན་ལ་ཕེབས་ཙམ་ན། །རེ་དང་དོགས་པའི་བློ་མི་སྐྱེ། །འབྲས་བུ་གཏན་ལ་ཕེབས་ཙམ་ན། །རང་རིག་སེམས་ཀྱི་སྙིང་པོ་དེ། །རྩོལ་ཞིང་བསྒྲུབ་པའི་ནད་དང་བྲལ། །གང་ལ་རྟོག་པ་མེ་སྐྱེ་ན། །ལྟ་བ་ཁྱུང་ཆེན་ལྡིང་བ་ཡིན། །རྟོགས་པའི་ངང་ལ་མ་ཡེངས་ན། །སྒོམ་པ་གསེར་ཕུར་བཏབ་པ་བཞིན། །གང་ལ་བླང་དོར་མི་བྱེད་ན། །སྤྱོད་པ་གླང་ཆེན་ཆུར་ཞུགས་ཡིན། །གང་ལ་ཞེན་ཆགས་མི་སྐྱེ་ན། །ནང་རྟགས་ཕྱི་རུ་བྱུང་བ་ཡིན། །རྟོགས་ལ་བརྟེན་ནས་ལམ་གྱི་བར་ཆད་སེལ། །རང་གི་སེམས་ལ་གསོག་མེད་ན། །དམ་ཚིག་ཤེལ་སྒོང་ཕྱིས་པ་ཡིན། །ཞེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། དོན་དམ་གཏན་ལ་


DNG006_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །གནས་པ་ཚད་ཀྱི་ཡན་ལག་གིས། །ཏིང་འཛིན་དོན་ལ་ཅི་ལྟར་བསྒོམ། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གནས་པའི་ཏིང་འཛིན་ཚད་བསྟན་པ། །རབ་དང་འབྲིང་དང་ཐ་མའོ། །རབ་ཀྱིས་དངོས་པོ་ལྟ་བུར་ཟིན། །འབྲིང་གིས་ཉིན་པར་ལྟ་བུར་ཟིན། །ཐ་མས་ཟིན་པའི་ཚད་བསྟན་པ། །ནམ་ལངས་ཉི་མ་ཤར་བ་དང་། །ཉི་ནུབ་མུན་པས་མ་ནོན་པ། །དེ་ལྟ་བུ་ཡིས་ཚད་དུ་ཕྱིན། །རབ་ཀྱི་ཚད་དུ་ཕྱིན་པ་ལ། །གདམས་ངག་མྱུར་དུ་དབོག་པར་བྱ། །ཏིང་འཛིན་རབ་ལ་ལུང་བསྟན་པ། །གསེར་རི་གཡུ་ཡིས་བརྒྱན་པ་འདྲ། །ཡེ་ཤེས་གསལ་ལ་གདུགས་བརྡལ་འདྲ། །རྡོ་རྗེ་སེམས་དཔར་དེ་མ་ཐག །སངས་རྒྱས་ཀུན་གྱི་སྙིང་པོར་འགྱུར། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིན། །འབྲིང་གི་དོན་དུ་གྱུར་པ་ལ། །ཁམས་དང་སྦྱར་ལ་གདམས་པ་དབོག །ཡང་ནས་ཡང་དུ་བསྟན་དུ་གཞུག །གོམས་དང་རབ་ཀྱི་ཚད་དུ་འགྲོ། །ཏིང་འཛིན་འབྲིང་ལ་ལུང་བསྟན་པ། །རིན་ཆེན་གསེར་གླིང་ཕྱིན་པ་འདྲ། །ཏིང་འཛིན་ཐ་མར་གྱུར་པ་ལ། །ལུང་བསྟན་གདམས་ངག་དབོག་ན་ནི། །གསེར་གྱི་ཉག་ཐག་ཟིན་པ་འདྲ། །འདྲེན་པའི་གནས་སུ་ཉམ་མི་ང་། །དེ་ནི་རྗེས་འཇུག་རྣལ་འབྱོར་དེ། །གོང་ནས་གོང་དུ་བརྟོལ་བར་འགྲོ། །ཏིང་འཛིན་རྩལ་གསུམ་མ་རྫོགས་པར། །ལུང་བསྟན་གང་དུ་རྫོགས་བྱེད་པ། །ཁ་མེད་བཟའ་བཅས་ཚོལ་བ་འདྲ། །ཤེས་རབ་ཏིང་འཛིན་མ་རྫོགས་པར། །སངས་རྒྱས་ཡིན་ཞེས་ཁས་ལེན་པ། །ནོར་བུས་རྒྱལ་པོར་ཁས་ལེན་འདྲ། །སྙིང་པོའི་དོན་དམ་མ་ཤེས་པར། །རྫོགས་ཆེན་ཨ་ཏིར་ཁས་ལེན་པ། །རང་ལ་མེད་པའི་ནོར་རྣམས་ནི། །དེ་ལ་ཡིད་སྨོན་འདིངས་པ་འདྲ། །ཤེས་རབ་ཏིང་འཛིན་མི་ལྡན་པར། །རྣལ་འབྱོར་ཡིན་ཞེས་ཁས་


DNG006_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ། །བྱེའུ་ཕྲུག་གཡང་ལ་བཏང་བ་འདྲ། །ལྷ་སྲིན་དྲག་པོའི་སྲོག་འཕྲོག་པ། །སྲོག་གི་སྒོ་ལྕགས་མི་ཤེས་པར། །དྲག་པོའི་ལས་སྤྱོད་བྱེད་པ་ཡང་། །སྤྲིན་མེད་མཁའ་ལ་ཆར་སྡོད་འདྲ། །ཏིང་འཛིན་ཚད་དང་མི་ལྡན་ཞིང་། །བླ་མའི་གདམས་ངག་མ་དྲན་ན། །ཐོས་པ་མང་པོའི་བློ་སྦྱངས་ཀྱང་། །དམུས་ལོང་ལག་ཏུ་གསེར་ཕྱིན་འདྲ། །སེར་པོའི་ཕྱོགས་ཙམ་མི་ཤེས་པར། །གསེར་གྱི་སེར་པོ་གང་ལ་རྟོགས། །དོན་གྱི་ཉམས་བག་རྟོགས་མི་ནུས། །དེས་ན་བླ་མའི་གདམས་ངག་དང་། །ཏིང་འཛིན་ཐོབ་པ་ཤིན་ཏུ་གཅེས། །གདམས་པ་འབོག་པ་དངོས་དེ་ལ། །ཐ་མའི་ཚད་དུ་ཕྱིན་པ་ལ། །ཉི་མའི་དཀྱིལ་འཁོར་བསམ་པ་དང་། །སྦྱོར་བ་དོན་དུ་གཉེར་བ་དང་། །རྩ་རླུང་ཐིག་ལེ་ན་ཚ་སོགས། །མཁས་པས་དེ་ལ་གདམས་ངག་བྱིན། །ཐ་མའི་ཚད་ཀྱང་མེད་པ་ན། །དེ་ལ་གདམས་ངག་སྦྱིན་མི་བྱ། །ཅི་ལྟར་ཁྱི་ལ་གསེར་བྱིན་བཞིན། །རིན་ཆེན་སྙིང་པོ་ངོ་མི་ཤེས། །སྒྲོ་སྐུར་མང་པོའི་གནས་སུ་འགྱུར། །ཞེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། གནས་པ་ཚད་ཀྱི་ཡན་ལག་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །མི་མཐུན་སྐྱོན་གྱི་ཡན་ལག་ཅི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །མི་མཐུན་སྐྱོན་གྱི་ཡན་ལག་ནི། །འཁྲུལ་དང་གོལ་སྒྲིབ་བྱིང་དང་རྒོད། །བར་ཆད་ལམ་གྱི་ཆོ་འཕྲུལ་ལོ། །ཞེས་གསུངས་སོ། །ཡང་གསོལ་པ། འཁྲུལ་པའི་བྱེ་བྲག་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ།ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འཁྲུལ་པའི་བྱེ་བྲག་བསྟན་པ་ནི། །གཞི་དུས་རྒྱུ་རྐྱེན་ངོ་བོ་ལས། །དཔེ་དང་དབྱེ་བ་ཡོད་ལུགས་ཡུན། །ལོག་པའི་ཡོན་ཏན་མ་ལོག་སྐྱོན། །འབྲས་བུ་དག་དང་བཅུ་གསུམ་མོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་པའི་བདག་པོ་ལགས། །འཁྲུལ་པའི་


DNG006_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དབྱེ་བའི་དོན། །ལྔ་གཉིས་གསུམ་གྱིས་བསྟན་པ་སྟེ། །དེ་དོན་ལེགས་པར་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གཞི་ནི་ཆོས་སྐུ་དྲི་བཅས་ཡིན། །དུས་ནི་ཐོག་མེད་དུས་ནས་འཁྲུལ། །མ་རིག་འཁྲུལ་པའི་རྒྱུ་བསྟན་པ། །ལྷན་ཅིག་སྐྱེས་པའི་མ་རིག་པ། །ཕྱི་ནང་རྟོགས་པའི་རྐྱེན་གཞི་དང་། །ཡུལ་དུས་བསྐལ་པ་གསུམ་པོ་ནི། །མ་རིག་འཁྲུལ་པའི་རྒྱུ་རྐྱེན་ཡིན། །འཁྲུལ་པ་རང་གི་ངོ་བོ་ནི། །ནང་དུ་ངར་འཛིན་ཕྲ་ཞིང་རློམ། །ཕྱིར་ནི་གཟུང་འཛིན་རྟོག་པ་རྒྱས། །དེ་ནི་འཁྲུལ་པའི་ངོ་བོ་ཡིན། །ལས་ཀྱི་དགེ་སྡིག་རྣམ་པ་གཉིས། །ཐོ་མི་ཐག་སྦྲུལ་སྨིག་རྒྱུ་ཆུ། །དེ་ནི་མ་རིག་འཁྲུལ་པའི་དཔེ། །དབྱེ་བ་བཟང་འཁྲུལ་ངན་འཁྲུལ་གཉིས། །ཡོད་ལུགས་རྣམ་པ་བཞི་ཡིན་ཏེ། །བདག་དང་ཡུལ་དང་གཉིས་ཀ་དང་། །འཁྲུལ་པ་རྐྱེན་ལ་ཡོད་པའོ། །ལུང་ལྡན་རྐྱེན་དང་མ་ཕྲད་ཅིང་། །ལྷག་མཐོང་ཤེས་རབ་མ་ཤར་ན། །གཏན་དུ་མི་ལྡོག་འཁྲུལ་ཡང་སྲིད། །རྐྱེན་དང་མ་ཕྲད་བར་དུ་འཁྲུལ། །འཁྲུལ་པ་ལོག་པའི་ཡོན་ཏན་ནི། །མྱ་ངན་འདས་པའི་འབྲས་བུ་ཡིན། །ཁམས་གསུམ་འཁོར་བ་མ་ལོག་སྐྱོན། །འཁྲུལ་པའི་འབྲས་བུ་བསྟན་པ་ནི། །ལས་ཀྱི་རྒྱུ་མཐུན་འགྲོ་དྲུག་ཡིན། །དེ་ནི་ཐེག་པ་ཐུན་མོང་དབང་། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འཁྲུལ་པ་སྐྱོན་དུ་ཆེ་རྒྱུ་དང་། །ཡེ་ཤེས་རྩིས་སུ་ཆེ་རྒྱུ་མེད། །འཁྲུལ་དང་མ་འཁྲུལ་གཉིས་ཀ་ཡང་། །བྱང་ཆུབ་སེམས་ཀྱི་ངོ་བོར་མཉམ། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །གོལ་སྒྲིབ་སྐྱོན་དུ་ཅི་ལྟར་འགྱུར། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དམན་པའི་ཐེག་པ་བརྒྱད་པོ་ཡིས། །རང་རང་རྟོགས་པའི་ལྟ་བ་ཡིས། །གོང་མ་མ་མཐོང་བསྒྲིབས་


DNG006_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ལུས་ངག་ཡིད་ཀྱི་རྩོལ་བ་ཡིས། །ཐེག་པ་གོང་ནས་འོག་ཏུ་གོལ། །བལྟས་པས་བསྒྲིབས་ལ་བསྒོམས་པས་འཁྲུལ། །བསྲུངས་པས་ཉམས་ལ་བཙལ་བས་གོལ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །རིག་པ་ཤར་བས་བསྒྲིབ་ཏུ་མེད། །ཆོས་ཉིད་བཀོལ་བ་མེད་པས་གོལ་ས་མེད། །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །བྱིང་རྒོད་སྐྱོན་དུ་ཅི་ལྟར་འགྱུར། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དམན་པའི་ཐེག་པ་ཐམས་ཅད་ལ། །བྱིང་རྒོད་ཏིང་འཛིན་དགྲ་ཡིན་ཏེ། །བྱིང་བའི་རྒྱུ་ནི་ཕྲ་རགས་གཉིས། །བློང་བློང་པོ་དང་མུག་མུག་པོ། །ཟིང་ཟིང་པོ་དང་ལོང་ལོང་པོ། །ངལ་དུབ་གཉིས་ཀྱིས་བྱིང་བའི་རྒྱུ། །ཡུལ་གྱི་བྱ་བ་རྒོད་པའི་རྒྱུ། །བྱིང་ན་རྒོད་བྱེད་འོད་ལ་བལྟ། །རྒོད་ན་ལྷག་མཐོང་ཕུར་པར་བརྟོད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བྱིང་རྒོད་སྐྱོན་དུ་མི་ཕྱེ་སྟེ། །བྱིང་བ་མི་གཡོ་ཆོས་ཉིད་དང་། །རྒོད་པ་ལྷག་མཐོང་ཤེས་རབ་གསལ། །ཆོས་ཉིད་ངང་དུ་དབྱེར་མེད་མཉམ། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཡང་དག་ལམ་དུ་ཞུགས་པ་ལ། །བདུད་ཀྱི་ཆོ་འཕྲུལ་འབྱུང་སྲིད་ན། །བདུད་ནི་རྣམ་པ་དུ་ཞིག་ཡོད། །བདུད་ཀྱི་ཆོ་འཕྲུལ་ཅི་ལྟར་སྟོན། །ཟློག་པའི་ཐབས་ནི་ཅི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བདུད་ལ་རྣམ་པ་བཞི་ཡོད་དེ། །ཉོན་མོངས་བཞི་དང་མ་རིག་འཁྲུལ། །ཕྱི་རོལ་རྐྱེན་དང་བར་ཆད་ལམ། །ཉོན་མོངས་བཞི་ཡིས་རྒྱུ་བྱས་ནས། །མ་རིག་འཁྲུལ་པའི་འབྲས་བུ་ཤར། །ཐམས་ཅད་བཟང་ངན་གཉིས་སུ་བརྟགས། །ངན་ལ་ཞེ་སྡང་སྤང་བར་འདོད། །བཟང་ལ་འདོད་ཆགས་བླང་བར་འདོད། །གཉིས་སུ་ཕྱེ་བས་གཏི་མུག་བྱུང་། །དུག་གསུམ་ནད་ཀྱི་གཅོང་སྐྲན་
ཞུགས། །དེ་ཡིས་ཁམས་གསུམ་གནས་སུ་འཁོར། །བསྟན་པའི་བར་དུ་གཅོད་བྱེད་དང་། །འབྱུང་བ་མི་མཐུན་རྐྱེན་གྱི་དགྲས། །ཕྱི་རོལ་རྐུན་གྱི་བདུད་དུ་བྱེད། །བར་ཆད་ལམ་གྱི་བདུད་བསྟན་པ། །དང་པོ་སོ་སོའི་སྐྱེ་བོ་བསྐུལ། །བར་དུ་མི་མ་ཡིན་གྱི་གདོན། །ཐ་མར་རང་དང་སྡེར་བཅས་འཁོར། །བདུད་ཀྱི་སྤྱོད་ཡུལ་སྣ་ཚོགས་སྟོན། །རེ་དང་དོགས་པའི་བློ་སྐྱེས་ནས། །བདུད་ཀྱིས་བར་དུ་གཅོད་པར་འགྱུར། །ཡིད་ཆེས་གདེང་ལྡན་རྣལ་འབྱོར་པས། །ཏིང་འཛིན་དོན་ལས་མ་ཉམས་ཤིང་། །རེ་དོགས་གཉིས་ཀྱི་སེམས་སྤངས་ན། །དེ་ནི་ཡང་དག་གྲུབ་པའི་ལམ་དུ་འགྲོ། །རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པས། །བདུད་ཀྱི་ཆོ་འཕྲུལ་ཅི་སྟོན་ཡང་། །བྱང་ཆུབ་སེམས་སུ་ཐག་ཆོད་ན། །ཐམསཅད་ཆོས་ཉིད་ངོ་བོར་འགྱུར། །བདུད་ཅེས་བྱ་བ་མིང་ཡང་མེད། །ཐམས་ཅད་གཉེན་དུ་སོང་ཙམ་ན། །དགྲ་ཞེས་བྱ་བ་བཙལ་མི་རྙེད། །ཅེས་གསུངས་སོ། །ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། མི་མཐུན་སྐྱོན་གྱི་ལེའུ་སྟེ་བཅུ་བཞི་པའོ།། །།ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། མན་ངག་ལུས་ཚད་རྒྱུད་ཕྱི་མར་བྱས་པའོ། །དགོངས་པ་མདོར་བསྡུས་པ་ཚིག་ལེའུར་བྱས་པ་རྫོགས་སོ།། །།

བང་མཛོད་འཕྲུལ་གྱི་མེ་ལོང་།


DNG006_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བྱ་བྲལ་རྫོགས་པའི་ངང་ལ་ཕྱག་འཚལ་ལོ། །དེ་ནས་གསང་བའི་བདག་པོས་ཆོས་ཉིད་ཀྱི་ངང་ལས་བཞེངས་ཏེ། ཕྱོགས་བཅུར་ཞལ་རྣམ་པར་གཟིགས་ནས། འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག །ཁྱོད་ལ་སོགས་པའི་འཁོར་རྣམས་ཀྱིས། །ཀུན་ཏུ་བཟང་པོའི་དོན་མཆོག་སྟེ། །ང་ཡི་དོན་འདི་རྟོགས་མི་འདྲ། །རྟོགས་མི་འདྲ་བས་ཡིད་མི་ཆེས། །ང་ཡི་དོན་འདི་རྟོགས་པར་གྱིས། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་འཁོར་གྱི་ནང་ནས་ལངས་ཏེ། འདི་སྐད་ཅེས་གསོལ་ཏོ། །འཁོར་ལོས་སྒྱུར་རྒྱལ་མ་མཐོང་ན། །ཆེ་ཞིང་གཉེན་པོར་ཡིད་མི་ཆེས། །འཁོར་ལོས་སྒྱུར་རྒྱལ་མཐོང་ཙམ་ན། །གཟོད་ཅིག་ཆེ་ཞིང་གཉེན་


DNG006_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བློ་སྐྱེས། །བུ་རམ་ཁར་བཅུག་མ་མུར་ན། །བུ་རམ་མངར་བའི་རོ་མི་ཚོར། །བུ་རམ་ཁར་བཅུག་མུར་ཙམ་ན། །གཟོད་ཅིག་མངར་བའི་རོ་དང་ཕྲད། །ཀུན་ཏུ་བཟང་པོ་ཉིད་ཀྱི་དོན། །མ་བཤད་བར་དུ་གོ་མི་འགྱུར། །བཤད་ན་གཟོད་ཅིག་གོ་བ་སྐྱེ། །དེ་དོན་བདག་ལ་བསྟན་དུ་གསོལ། །ཞེས་གསོལ་པས། གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རི་རྣམས་ཐམས་ཅད་བལྟ་འདོད་ན། །ལྷུན་པོའི་རྩེ་ནས་ཅིག་ཆར་ལྟོས། །ཆུ་རྣམས་ཐམས་ཅད་འཐུང་འདོད་ན། །རྒྱ་མཚོའི་ཆུ་ལ་ངོམས་པར་འཐུངས། །རྫོགས་ཆེན་འབྲས་བུ་འཐོབ་འདོད་ན། །རྩོལ་མེད་སེམས་ཀྱི་ངང་ལ་ཞོག །སངས་རྒྱས་ས་རུ་འགྲོ་འདོད་ན། །གཉིས་མེད་ལམ་ལ་ཞུགས་ལ་སོང་། །ཟད་མེད་ཟས་ལ་སྤྱོད་འདོད་ན། །ཡེ་ཤེས་མངོན་གྱུར་ཟས་ལ་སྤྱོད། །ཆོས་ཉིད་ངོ་བོ་རྟོགས་འདོད་ན། །འཕྲུལ་གྱི་མེ་ལོང་འདི་ལ་ལྟོས། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་མེ་ལོང་ལས། ཆོས་ཉིད་ཀྱི་དོན་ཞུས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གསང་བའི་བདག་པོ་ལགས། །རྟག་ཆད་གཉིས་ཀྱི་མཐའ་གང་ལགས། །རྟག་ཆད་མཐའ་ནི་གང་གིས་བསལ། །འཇིག་རྟེན་སྣང་ཚུལ་ཇི་ལྟར་ལགས། །འཁྲུལ་པའི་འབྲས་བུ་ཇི་ལྟར་ལགས། །འཁྲུལ་པའི་སྣང་ཚུལ་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །མངོན་སུམ་རྟོག་དང་བྲལ་བ་ཅན། །མངོན་སུམ་ཉིད་དུ་གྲུབ་པ་ཡིན། །མངོན་སུམ་ཉིད་ལས་དགག་མི་རིག །གང་གིས་འགེག་ན་ཆད་པའི་མཐའ། །མངོན་སུམ་སྣང་ཡང་རྨི་ལམ་བཞིན། །སྣང་ཡང་དངོས་པོར་གྲུབ་པ་མེད། །གང་ཞིག་མངོན་འཛིན་རྟག་པའི་མཐའ། །རང་བཞིན་གནས་པའི་ཆོས་ཉིད་ལ། །ཡོད་མེད་སྒྲོ་དང་སྐུར་མ་འདེབས། །མ་དམིགས་ཕྱིར་ན་ངང་གིས་སྟོང་། །ཞེས་གསུངས་སོ། །ཡང་གསུངས་པ། མངོན་སུམ་རྟེན་འདྲེལ་རྐྱེན་གྱིས་སྣང་། །རྐྱེན་མ་འདུས་པར་སྣང་མི་སྲིད། །


DNG006_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་མདུང་ཁྱིམ་ལྟ་བུའོ། །རྨི་ལམ་སྔར་ཞེན་བག་ཆགས་ཡིན། །མཐོང་ཐོས་བྱས་ཕྱིན་བག་ཆགས་རྣམས། །སྔར་ཞེན་སེམས་ལ་ཡོད་པའི་ཕྱིར། །རྨི་ལམ་དག་ཏུ་སྣང་བ་ཡིན། །སྔར་ཞེན་མེད་ན་སྣང་མི་སྲིད། །ཅེས་གསུངས་སོ། །ཡང་གསུངས་པ། ཏིང་འཛིན་རྟོགས་པ་སྔོན་ལ་བཅུག །ཕྱི་མས་ལོང་བཏགས་གསལ་བཏབ་པས། །ཏིང་འཛིན་ཕྱག་རྒྱར་གསལ་བ་ཡང་། །དེ་ཡང་རྟོགས་པའི་འབྲས་བུ་ཡིན། །ཞེས་གསུངས་སོ། །ཡང་གསུངས་པ། ཐོ་མི་ཐག་སྦྲུལ་སྨིག་རྒྱུ་ཆུ། །འདྲ་གཞི་ཙམ་ལ་བརྟེན་ནས་ནི། །སྔར་ཞེན་ཡིད་ཀྱི་འཁྲུལ་སྣང་ཡིན། །སྔར་ཞེན་མེད་ན་འཁྲུལ་མི་སྲིད། །གལ་ཏེ་མེད་ཀྱང་འཁྲུལ་ན་ནི། །རི་བོང་རྭ་དང་མོ་གཤམ་བུ། །རུས་སྦལ་སྤུས་ཀྱང་འཁྲུལ་པར་རིགས། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་མེ་ལོང་ལས། འཇིག་རྟེན་གྱི་སྣང་ཚུལ་རང་རྟག་ཆད་ཀྱི་མཐའ་བསལ་བར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །མི་རིགས་རིགས་པར་བཤད་པ་གང་། །རྒྱུ་ལས་མ་བྱུང་འབྲས་བུ་དང་། །སེམས་ལས་མ་བྱུང་སངས་རྒྱས་དང་། །ལུང་ལས་མ་བྱུང་མན་ངག་དང་། །ཆོས་སྐུ་དྲི་མ་ཡོད་པ་དང་། །སྐུ་དང་ཡེ་ཤེས་འཁྲུལ་སྣང་དང་། །སངས་རྒྱས་རྟོག་པ་ཡོད་པ་དང་། །འབྱུང་བཞིས་མ་བསྐྱེད་སེམས་ཅན་དང་། །འགྲོ་བ་དྲུག་ལ་མ་གཏོགས་པའི། །སེམས་ཅན་ཡོད་ནི་མི་སྲིད་ན། །གལ་ཏེ་ཡོད་ན་དེ་ཉིད་གང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །ཡེ་ནས་སངས་རྒྱས་ཡིན་པས་ན། །བསོད་ནམས་རྒྱུ་ལས་མ་བྱུང་བས། །རྒྱུ་ལས་མ་བྱུང་འབྲས་བུ་ཡང་། །མི་རིགས་རིགས་པར་བཤད་པ་ཡིན། །སེམས་ཀྱི་རང་བྱུང་ཡེ་ཤེས་དེ། །ཤེས་དང་དྲན་ལས་བྱུང་བ་མེད། །སེམས་ལས་མ་བྱུང་སངས་རྒྱས་


DNG006_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །མི་རིགས་རིགས་པར་བཤད་པ་ཡིན། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །ཉམས་སུ་བླང་བའི་མན་ངག་སྟེ། །རྒྱལ་བའི་ལུང་ལ་མི་ལྟོས་པར། །ལུང་ལ་མ་བརྟེན་མན་ངག་ཀྱང་། །མི་རིགས་རིགས་པར་བཤད་པ་ཡིན། །ཆོས་སྐུས་འགྲོ་བ་ཀུན་ཁྱབ་པས། །ཆོས་སྐུ་དྲི་མ་ཡོད་པ་ཡང་། །མི་རིགས་རིགས་པར་བཤད་པ་ཡིན། །སྐུ་དང་ཡེ་ཤེས་བཟང་འཁྲུལ་པས། །སྐུ་དང་ཡེ་ཤེས་འཁྲུལ་སྣང་བར། །མི་རིགས་རིགས་པར་བཤད་པ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །སྣང་བ་ཐུན་མོང་མི་འགོག་པས། །སངས་རྒྱས་རྟོག་པ་ཡོད་པ་ཡང་། །མིང་གིས་རིགས་པར་བཤད་པ་ཡིན། །སྐྱེ་མཆེད་མུ་བཞིའི་ལྷ་རྣམས་ཀྱང་། །འབྱུང་བ་བཞི་ལ་མ་ལྟོས་པས། །འབྱུང་བ་བཞི་ཡིས་མ་བསྐྱེད་པའི། །འགྲོ་དྲུག་སེམས་ཅན་ཡོད་པ་ཡང་། །མི་རིགས་རིགས་པར་བཤད་པ་ཡིན། །བར་མ་དོ་ཡི་སྲིད་པ་ཡིས། །འགྲོ་བ་གང་གི་རྒྱུད་མ་བཟུང་། །འགྲོ་དྲུག་མ་གཏོགས་སེམས་ཅན་ཡང་། །མི་རིགས་རིགས་པར་བཤད་པ་ཡིན། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་མེ་ལོང་ལས། མི་རིགས་རིགས་པར་བཤད་པའི་ལེའུ་སྟེ་གསུམ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །སངས་རྒྱས་སེམས་ཅན་བདེ་སྡུག་བསྔལ། །བཟང་ངན་ཆེ་ཆུང་སྐྱོན་ཡོན་ཏན། །ཆོས་དང་ཆོས་ཉིད་བདེན་རྫུན་གཉིས། །ཕྱི་ཡི་ཡུལ་དང་ནང་གི་སེམས། །གཅིག་པ་ལགས་སམ་ཐ་དད་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གོང་དུ་དྲིས་པའི་དོན་དེ་དག །མ་རྟོགས་པ་ལ་ཐ་དད་སྣང་། །བྱང་ཆུབ་ཀྱི་ནི་དོན་རྟོགས་ན། །ཐམས་ཅད་དབྱེར་མེད་གཅིག་གི་ངང་། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་མེ་ལོང་ལས། གཅིག་ལ་ཐ་དད་པའི་མཐའ་བསལ་བའི་ལེའུ་སྟེ་


DNG006_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའོ།། །། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་ཉིད་བཀོལ་བ་མེད་པ་ལ། །ཐིག་ལེ་དྲུག་ཕྱེ་མི་འགལ་ལམ། །ཆེ་བ་ཡོན་ཏན་བསམ་ཡས་ལ། །ཆེ་བ་ལྔར་འདུས་མི་འགལ་ལམ། །ཆོས་ཉིད་ངོས་གཟུང་མེད་པ་ལ། །ཡིན་པ་གསུམ་པོ་མི་འགལ་ལམ། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཉིད་བཀོལ་བ་མེད་པ་ལ། །ཐིག་ལེ་དྲུག་ཏུ་ཕྱེ་བ་ཡང་། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཀྱི། །ཡོན་ཏན་ཆ་ལ་བརྩིས་ནས་ཕྱེ། །དེ་ཕྱིར་དེ་ལ་འགལ་བ་མེད། །ཆེ་བའི་ཡོན་ཏན་བསམ་ཡས་ལ། །ཆེ་བ་ལྔ་རུ་བསྡུས་པ་ཡང་། །གཞི་ནི་ཡོ་ག་བཞི་དང་སྦྱར། །གཅིག་ནི་ཀུན་གྱི་ལ་བཟླ་བས། །དེ་ཕྱིར་དེ་ལ་འགལ་བ་མེད། །ཆོས་ཉིད་ངོས་གཟུང་མེད་པ་ལ། །ཡིན་པ་གསུམ་དུ་བསྟན་པ་ཡང་། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །ཀུན་དང་འདྲེལ་བས་རྒྱུད་ཀྱང་ཡིན། །ཡང་དག་ལམ་དུ་ཞུགས་པ་ཡིས། །བཟུང་དུ་རུང་བས་ལུང་ཡང་ཡིན། །ཉམས་སུ་བླང་བའི་ཆོས་ཉིད་དུ། །བྱང་ཆུབ་སེམས་ལས་མེད་པའི་ཕྱིར། །དེ་ཕྱིར་མན་ངག་དམ་པ་ཡིན། །དེས་ན་དེ་ལ་འགལ་བ་མེད། །སེམས་ཀྱི་ཆོས་ཉིད་ཅི་བཞིན་ལ། །དེ་ནི་ཀུན་ཏུ་བཟང་མོ་ཡིན། །རྩལ་དང་ནུས་པ་མ་འགགས་པ། །དེ་ནི་ཀུན་ཏུ་བཟང་པོ་ཡིན། །ཇི་ལྟར་མཚོ་དང་རླབས་བཞིན་ནམ། །དུང་དང་དཀར་བའམ་གསེར་དང་སེར། །དོན་ལ་བཀོལ་བ་མེད་པར་གནས། །དེ་ཕྱིར་དེ་ལ་འགལ་བ་མེད། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་མེ་ལོང་ལས། གལ་པོ་བློ་རྡེག་གི་ལེའུ་སྟེ་ལྔ་པའོ།། །།ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཆོས་ཞེས་བགྱི་བ་གང་ལ་བགྱི། །ཉིད་ཅེས་བགྱི་བ་གང་ལ་བགྱི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་


DNG006_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་བའི་ཆོས་རྣམས་ལ། །ཆོས་ཞེས་མིང་དུ་བཏགས་པ་ཡིན། །རང་བཞིན་མེད་པ་ཆོས་ཉིད་ཡིན། །ཆོས་ནི་ས་ཡིན་ཆོས་ཉིད་སྲ་བ་ཡིན། །ཆོས་ནི་ཆུ་ཡིན་ཆོས་ཉིད་གཤེར་བ་ཡིན། །ཆོས་ནི་མེ་ཡིན་ཆོས་ཉིད་ཚ་བ་ཡིན། །དེ་ལ་སོགས་པ་གཞན་ཡང་བརྩི་བར་བྱ། །ཆོས་ནི་བྱང་ཆུབ་སེམས་ཡིན་ཏེ། །ཆོས་ཉིད་རིག་ཅིང་གསལ་བའོ། །དེ་སོགས་བཤད་པའི་དོན་རྣམས་ནི། །ཆོས་དང་ཆོས་ཉིད་གཏན་ལ་དབབ། །ཅེས་གསུངས་སོ། །བང་མཛོད་འཕྲུལ་གྱི་མེ་ལོང་ལས། ཆོས་དང་ཆོས་ཉིད་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཉན་བསམ་བསྒོམ་པའི་ཁྱད་པར་ཅི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དོན་ཉིད་ཉམས་སུ་མ་བླངས་ན། །ཅི་ཙམ་ཟབ་མོའི་ཚིག་བརྗོད་ཀྱང་། །དོན་དང་མཐུན་པར་དེ་མི་འགྱུར། །བཤད་པ་ཚིག་གི་ཐན་པ་ཡིན། །ཟུར་ཀའི་འཇག་མ་འཕྱུར་བ་འདྲ། །བསྒོམས་པས་ཆོས་ཉིད་དོན་དང་ལྡན། །ཚིག་ཏུ་བརྗོད་ནས་བཤད་པ་ནི། །བུ་རམ་ལོ་རྒྱུས་བཤད་པ་འདྲ། །བསྒོམས་པའི་གདམས་ངག་ཕོག་པ་ནི། །བུ་རམ་ལག་ཏུ་གཏད་པ་འདྲ། །དོན་ཉིད་ཉམས་སུ་བླངས་པ་ནི། བུ་རམ་ཁར་བཅུག་མྱོང་བ་འདྲ། །ཞེས་གསུངས་སོ། །ཡང་གསུངས་པ། ཏིང་འཛིན་དོན་དང་མི་ལྡན་ན། །ཐོས་པ་མང་པོའི་ཚིག་བསགས་ཀྱང་། །བྱིས་པས་རྩིས་སོགས་བྱེད་པ་འདྲ། །དེ་ཡང་ཡེ་རྔམ་ཆོས་ལ་ཟ། །ཆོས་ཉིད་དོན་དང་འབྱོར་བ་མེད། །མཉན་པས་ཚིག་གི་གོ་བ་སྐྱེ། །བསམས་པས་དཔྱོད་པའི་ཤེས་རབ་སྐྱེ། །བསྒོམས་པས་དོན་གྱི་གོ་བ་སྐྱེ། །དེ་ཕྱིར་ཉམས་སུ་བླང་བ་གཅེས། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་མེ་ལོང་ལས། མཉན་


DNG006_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བསྒོམ་པའི་ཁྱད་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་རང་བྱུང་ཡེ་ཤེས་དེར། །ཕ་རོལ་ཕྱིན་དྲུག་ཇི་ལྟར་འདུས། །ཞི་གནས་ལྷག་མཐོང་ཇི་ལྟར་འདུས། །ཕྲིན་ལས་རྣམ་བཞི་ཇི་ལྟར་འདུས། །སྐུ་གདུང་རིང་བསྲེལ་ཇི་ལྟར་འདུས། །སྔགས་ཀྱི་དོན་རྣམས་ཇི་ལྟར་འདུས། །ཐབས་དང་ཤེས་རབ་ཇི་ལྟར་འདུས། །བསྙེན་བསྒྲུབ་རྣམ་བཞི་ཇི་ལྟར་འདུས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རིག་པ་ཁྱབ་གདལ་སྙོམས་པ་ནི། །སྦྱིན་པའི་ཕ་རོལ་ཕྱིན་པ་འདུས། །ཆོས་ཉིད་ངང་ལས་མ་ཡེངས་པས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་འདུས། །མཚན་མའི་ཆོས་ལ་མི་སྐྲག་པས། །བཟོད་པའི་ཕ་རོལ་ཕྱིན་པ་འདུས། །ཤེས་རིག་དྲན་པ་མ་ཉམས་པས། །བརྩོན་འགྲུས་ཕ་རོལ་ཕྱིན་པ་འདུས། །མི་གཡོ་བརྟན་པར་གནས་པས་ན། །བསམ་གཏན་ཕ་རོལ་ཕྱིན་པ་འདུས། །དམིགས་མེད་བསམ་དང་བྲལ་བས་ན། །ཤེས་རབ་ཕ་རོལ་ཕྱིན་པ་འདུས། །ཞེས་གསུངས་སོ། །ཡང་གསུངས་པ། སེམས་ཀྱི་རང་བྱུང་ཡེ་ཤེས་དེ། །རིག་པ་ཕྱི་ནང་གསལ་བས་ལྷག་མཐོང་ཡིན། །གསལ་བ་དོན་ལ་མ་ཡེངས་ཞི་གནས་ཡིན། །ཞེས་གསུངས་སོ། །ཡང་གསུངས་པ། སེམས་ཀྱི་རང་བྱུང་ཡེ་ཤེས་དེ། །གཟུང་འཛིན་མེད་པས་ཞི་བ་ཡིན། །ཀུན་ལ་ཁྱབ་པས་རྒྱས་པ་ཡིན། །སེམས་ལ་དབང་ཐོབ་དབང་ཡིན་ཏེ། །རྣམ་རྟོག་འཇོམས་པས་དྲག་པོ་ཡིན། །ཞེས་གསུངས་སོ། །ཡང་གསུངས་པ། སྐུ་ནི་སྟོན་པ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་ཆོས་སྐུ་ཡིན། །ང་ཡི་ངོ་བོ་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་སྤྲུལ་པའི་སྐུ། །གདུང་ནི་སངས་རྒྱས་ཀུན་གྱི་ཐུགས། །མ་ཡེངས་གནས་པ་རིང་བསྲེལ་ཡིན། །ཞེས་གསུངས་སོ། །ཡང་གསུངས་པ། སྔགས་ནི་


DNG006_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གསུམ་ཡིན་ཏེ། །རིག་སྔགས་གསང་སྔགས་གདུངས་སྔགས་སོ། །སེམས་ཀྱིས་ཀུན་ལ་ཁྱབ་མོད་ཀྱང་། །ཀུན་གྱིས་རྟོགས་པར་དཀའ་བའི་ཕྱིར། །གསང་སྔགས་ཞེས་སུ་བཏགས་པ་ཡིན། །དེ་དོན་ཕྱིན་ཅི་མ་ལོག་པ། །རིག་སྔགས་ཞེས་སུ་བཏགས་པ་ཡིན། །རྟོགས་པའི་ངང་ལས་མ་ཡེངས་པ། །གཟུང་སྔགས་ཞེས་སུ་བཏགས་པ་ཡིན། །དེ་ཕྱིར་སེམས་ནི་སྔགས་ཀྱང་ཡིན། །ཞེས་གསུངས་སོ། །ཡང་གསུངས་པ། སྣང་བ་ལམ་དུ་ཁྱེར་བ་ཐབས་ཡིན་ཏེ། །ཞེན་ཅིང་ཆགས་པ་མེད་པ་ཤེས་རབ་མིན། །སེམས་ནི་ཐབས་དང་ཤེས་རབ་ཚུལ་དུ་གནས། །ཞེས་གསུངས་སོ། །ཡང་གསུངས་པ། བྱང་ཆུབ་སེམས་ནི་བསྙེན་པ་སྟེ། །རྟོགས་པའི་བལྟ་བ་ཉེ་བསྙེན་ཡིན། །ཉམས་སུ་བླངས་པ་སྒྲུབ་པ་ཡིན། །མངོན་དུ་གྱུར་པ་སྒྲུབ་ཆེན་ཡིན། །དེ་ནི་བསྙེན་སྒྲུབ་ཚུལ་དང་ལྡན། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །སློབ་དཔོན་དོན་དང་ཇི་ལྟར་ལྡན། །སློབ་བུ་དོན་དང་ཇི་ལྟར་ལྡན། །དཀྱིལ་འཁོར་དོན་དང་ཇི་ལྟར་ལྡན། །གཞལ་ཡས་ཁང་དང་ཇི་ལྟར་ལྡན། །བག་ཆགས་ཚུལ་དུ་ཇི་ལྟར་གནས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སློབ་དཔོན་མ་མཐོང་སེམས་ཉིད་མཐོང་། །རང་སེམས་བླ་མར་གནས་པས་ན། །ཀུན་གྱི་སློབ་དཔོན་སྐལ་བ་བཟང་། །གཉིས་མེད་སློབ་དཔོན་དམ་པ་སྟེ། །ལོག་སྲེད་ཅན་ལ་བཀའ་མི་སྩོལ། །བསམ་གྱིས་མི་ཁྱབ་ཡུལ་སློབ་བུ། །རྡོ་རྗེ་སེམས་དཔའི་སྤུན་ཡིན་པས། །རྒྱལ་བས་སྲས་ཀྱི་དམ་པར་གསུངས། །རང་རིག་སེམས་ཀྱི་སློབ་བུར་གནས། །ཞེས་གསུངས་སོ། །ཡང་གསུངས་པ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པར་ཐུགས་ཆུད་པ། །དེ་ནི་དཀྱིལ་འཁོར་ཆེན་པོར་གསུངས། །


DNG006_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་བྱང་ཆུབ་སེམས་དཀྱིལ་ན། །རང་རིག་ཡེ་ཤེས་འཁོར་གྱིས་བསྐོར། །རྡོ་རྗེ་རང་འཁྲུངས་དཀྱིལ་འཁོར་ཡིན། །ཀུན་གཞི་དཔལ་གྱི་མཎྜལ་ལ། །རྣམ་ཤེས་སྲད་བུས་ཐིག་ཆེན་བརྒྱད། །ཡེ་བཏབ་དཀྱིལ་འཁོར་རྒྱུན་མི་འཆད། །ཅེས་གསུངས་སོ། །ཡང་གསུངས་པ། མ་བཅོས་ཇི་བཞིན་ས་གཞི་ལ། །གསལ་ལ་མི་རྟོག་ཕྱི་ནང་རྨང་། །སྣང་སྲིད་ས་རྡོར་སྤུངས་པ་ལ། །དྲན་པ་རྒྱུན་གྱི་རྩིག་པ་བརྩིགས། །དྲན་པ་ཡང་དག་ཐེམ་སྐས་བརྒྱད། །བསྡུ་བ་རྣམ་ཐར་ཚད་མེད་སྒོ། །རྫུ་འཕྲུལ་རྟ་བབས་དག་གིས་བརྒྱན། །ཡང་དག་བརྒྱད་ཀྱི་ཀ་བ་བཙུག །མི་འཇིགས་རིག་པའི་གདུང་ཆེན་དྲེས། །རང་བྱུང་ཡེ་ཤེས་དབུ་རྩེ་འཕགས། །ཡེ་ཤེས་ལྔ་དཀར་མཐོང་ནས་བཅལ། །ཐེག་ཆེན་གསང་སྔགས་སིལ་སྙན་སྒྲོགས། །བདེན་གཉིས་ཁྱམས་ཀྱིས་ངེས་པར་མཛེས། །བློ་ཡི་རིམ་དང་སྦྱར་ནས་ནི། །འོག་ཁང་བར་ཁང་གསུམ་ཐོག་རྩེ། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །རང་བྱུང་སེམས་ཀྱི་གཞལ་མེད་ཁང་། །ཞེས་གསུངས་སོ། །ཡང་གསུངས་པ། བག་ཆགས་རྒྱུ་རུ་བསྟན་པ་ནི། །ལྷན་ཅིག་སྐྱེས་པའི་མ་རིག་པ། །རྐྱེན་ནི་འདོད་ཡོན་རྣམ་པ་ལྔ། །ངོ་བོ་ལུས་ངག་ཡིད་ཀྱི་ལས། །དབྱེ་བ་དགེ་སྡིག་དཀར་ནག་ཆོས། །གསོག་པའི་གཞི་ནི་ཀུན་གཞི་ལ། །དགོད་པའི་བདག་པོ་ཡིད་གཉིས་ཏེ། །འབྲས་བུ་འགྲོ་བ་དྲུག་ཏུ་སྨིན། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་མེ་ལོང་ལས། དོན་རྣམ་པར་བརྩེ་བའི་ལེའུ་སྟེ་བརྒྱད་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པས། །ཆོས་རྣམས་ཀུན་གྱི་ངོ་བོ་ལ། །རྒྱ་གཟེར་རྩི་ཡིས་ཇི་ལྟར་བཏབ། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པས། །དོན་གྱི་ངོ་བོ་རྟོགས་འདོད་ན། །བསེ་སྒྲོམ་གསུམ་པའི་ལྡེ་མིག་གིས། །


DNG006_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའི་གསང་སྒོ་དབྱེ་བར་བྱ། །ངེས་པའི་གསང་སྒོ་ཕྱེ་ནས་ནི། །ཀུན་གཞི་སེམས་ཀྱི་ནམ་མཁའ་ལ། །རང་བྱུང་ཡེ་ཤེས་འོད་ཤར་བ། །ངེས་པའི་གསང་མཛོད་ཆེན་པོ་ན། །མི་ཟད་གཏེར་ཆེན་ཡོད་པ་མཐོང་། །སེམས་ཀྱི་རང་བྱུང་ཡེ་ཤེས་དེ། །ཆོས་རྣམས་ཀུན་གྱི་ངོ་བོར་ཤར། །དཔེར་ན་ཟངས་སྲང་བརྒྱ་དག་ལ། །གསེར་སྲང་གཅིག་གི་རྩི་བཏང་བས། །ཐམས་ཅད་གསེར་དུ་འགྱུར་བ་བཞིན། །ཆོས་རྣམས་ཀུན་གྱི་ངོ་བོ་ལ། །བྱང་ཆུབ་སེམས་ཀྱི་རྩི་བཏང་བས། །རང་བྱུང་ཡེ་ཤེས་ཆེན་པོའམ། །ཆོས་ཉིད་མིན་པ་གང་ཡང་མེད། །དཔེར་ན་རིན་ཆེན་གསེར་གླིང་ན། །ཐམས་ཅད་གསེར་ལས་མེད་པའི་ཕྱིར། །ས་རྡོ་བཙལ་ཀྱང་མི་རྙེད་འགྱུར། །དེ་བཞིན་རྫོགས་ཆེན་རྣལ་འབྱོར་པས། །སྣང་སྲིད་སེམས་སུ་ཐག་ཆོད་ན། །བྱང་ཆུབ་སེམས་ལས་མ་གཏོགས་པའི། །ཆོས་རྣམས་གཞན་ནས་འཚོལ་བ་ནི། །རྒྱལ་བས་བཙལ་ཡང་མི་རྙེད་དོ། །རྒྱུ་འབྲས་སྣང་སྟོང་ལ་སོགས་པ། །གཅིག་ལ་གཅིག་གིས་རྒྱ་ཡིས་གདབ། །བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། །སངས་རྒྱས་སེམས་ཅན་གཉིས་མེད་མཉམ། །བདེ་དང་སྡུག་བསྔལ་གཉིས་མེད་མཉམ། །བཟང་ངན་ཆེ་ཆུང་གཉིས་མེད་མཉམ། །སྐྱོན་དང་ཡོན་ཏན་གཉིས་མེད་མཉམ། །ཆོས་དང་ཆོས་ཉིད་གཉིས་མེད་མཉམ། །དོན་དམ་ཀུན་རྫོབ་གཉིས་མེད་མཉམ། །ཕྱི་ནང་ཡུལ་སེམས་གཉིས་མེད་མཉམ། །མཉམ་པས་རིམ་པར་བཀོད་པ་མེད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་སུ་གསལ་ཐེབས་ན། །རང་རྒྱུད་འཛིན་པའི་ཞེན་པ་ལྡོག །ཆོས་རྣམས་ཀུན་གྱི་ངོ་བོ་ལ། །ཚད་གསུམ་གཏན་ལ་ཕེབས་པ་ན། །གདེང་དང་ཡིད་ཆེས་དེ་ལ་སྐྱེ། །དེ་ནི་མི་འགྱུར་བརྟན་པའི་གཟེང་། །ཞེས་གསུངས་སོ། །བང་མཛོད་འཕྲུལ་གྱི་མེ་ལོང་ལས། དོན་གཉིས་གཏན་ལ་དབབ་པའི་ལེའུ་སྟེ་དགུ་པའོ།། །།ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །འཇིག་རྟེན་འཇིག་རྟེན་འདས་པའི་གསུང་། །


DNG006_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་བྱེ་བྲག་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྙན་པར་སྨྲ་བ་ཚངས་པའི་དབྱངས་ཀྱི་གསུང་། །བདུད་ཀྱི་བུ་མོ་ལ་སོགས་པ། །ཀུན་ཀྱང་ཆགས་པ་སྐྱེ་བར་བྱེད། །བློ་ལྡན་སྐྱེས་བུ་གང་དག་གིས། །གསུང་བཞིན་གཏན་ལ་ཕེབས་གྱུར་ན། །སྨྲ་བའི་གཏན་ཚིགས་རྨོངས་མི་འགྱུར། །བདེ་གཤེགས་རྒྱལ་བ་སངས་རྒྱས་ཀྱིས། །བློ་ཡི་རིམ་པར་དགོངས་ནས་ནི། །རང་རང་མཐུན་པའི་ཚིག་དགུ་སྨྲས། །གང་འཐད་ཡུལ་ལ་ལྡེམ་དུ་བཅུག །བདེ་གཤེགས་རྒྱལ་བ་སངས་རྒྱས་ཀྱིས། །སྐུ་དྲུག་རྣམ་པར་སྤྲུལ་ནས་ནི། །གསུང་དྲུག་བརྗོད་ནས་འགྲོ་དྲུག་འདྲེན། །བདེ་གཤེགས་རྒྱལ་བ་སངས་རྒྱས་ཀྱིས། །གསུང་དྲུག་དགོངས་པའི་བཤད་པ་ནི། །ཅི་བཞིན་མ་ཡིན་དགོངས་པ་བཤད། །དགོངས་བཤད་མ་ཡིན་ཅི་བཞིན་པ། །ངེས་དང་མ་ངེས་རྣམ་པ་ཅན། །ཞལ་ནས་གསུངས་ཤིག་སྦྲེད་སངས་ལ། །འགྲོ་བས་དོན་རྣམས་སོ་སོར་གོ། །གོང་ནས་གོང་གི་ཞེན་བློ་ལྡོག །བདེ་གཤེགས་རྒྱལ་བ་སངས་རྒྱས་ཀྱི། །ཐུགས་ཉིད་ཞི་ལས་མ་གཡོས་ཀྱང་། །འཇིགས་ཚུལ་རྔམ་པའི་སྐུར་སྤྲུལ་ནས། །འདར་འགྱེལ་འཇིགས་སྐྲག་དངངས་པར་བྱེད། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི། །སྒྲ་སྐད་བསམ་གྱིས་མི་ཁྱབ་པ། །ཀུན་ཀྱང་གསང་སྔགས་གསང་བའི་ཚིག །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །རྫོགས་ཆེན་ཨ་ཏི་ཡོ་གའི་གསུང་། །མཆོག་ཏུ་གསུང་བའི་ཆོས་ཉིད་ནི། །མི་གསུང་མཉམ་བཞག་བརྗོད་པ་སྟེ། །ཡི་གེ་མེད་པ་དོན་གྱི་གསུང་། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་གཞི་ཡིན། །ཚིག་གི་དབང་པོ་ཚིག་གི་བདག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །རི་རབ་རི་ཡི་རྩེ་མོ་ན། །མཚན་དང་ལྡན་པའི་དཔེ་བྱད་ཅན། །ཞལ་གྱི་སྒོ་ནས་མི་བརྗོད་ཀྱང་། །རང་གི་ངོ་བོས་ཆོས་རྣམས་སྟོན། །ཞེས་གསུངས་སོ། །
བང་མཛོད་འཕྲུལ་གྱི་མེ་ལོང་ལས། གསུང་གི་ཡན་ལག་རྣམ་པར་ཕྱེ་བའི་ལེའུ་སྟེ་བཅུ་པའོ།། །། བང་མཛོད་འཕྲུལ་གྱི་མེ་ལོང་ལས། རྒྱུད་ཕྱི་མའི་ཕྱི་མར་བྱས་པ། མ་ཚང་བ་ཁ་སྐོང་བ་རྫོགས་སོ།། །།འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ་། དེས་བི་མ་ལ། དེས་གཡུ་སྒྲ་སྙིང་པོ། དེས་ཛྙཱ་ན་ཀུ་མཱ་ར། དེས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། དེས་སྒྲགས་ཀྱི་ཡང་རྫོང་དུ། སུ་ལ་ཡང་མ་སྤེལ་བར་ཐུགས་ཀྱི་དགོངས་པ་དེ་ལ་མཛད་དོ། །ཐ་མ་འགར་སྲས་ལ་ཡང་ཐུགས་མ་ཆེས་པར། མན་ངག་བཞག་པའི་སྣོད་མ་རྙེད་ནས། དར་དྲིལ་བུ་ཚིགས་སུ་བཅད་ནས་སྦས་སོ། །ལས་འཕྲོ་ཅན་དང་འཕྲད་པར་ཤོག །བར་འདིར་ཐག་རིང་དུ་འགྲོ་བ་ནམ་མཁའ་དང་མཉམ་པ་འཛུད།

འཁོར་ལོ་རྡོ་རྗེ།འཁོར་ལོ་རྡོ་རྗེ།


DNG006_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙཀྲ་བཛྲ། བོད་སྐད་དུ། འཁོར་ལོ་རྡོ་རྗེ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཡང་དག་གསང་བ་ཆེན་པོ་ཡུམ་གྱི་མཁའ་ན། སྙིང་པོའི་རྡོ་རྗེའི་འོད་ཟེར་རབ་འབར་རོ། །ཀུན་ཏུ་བཟང་པོ་དང་། རྡོ་རྗེ་སེམས་དཔའ་རྣམས་ཀྱང་འོད་ཟེར་འབར་རོ། །བཅོམ་ལྡན་འདས་གསང་བ་ཆེན་པོའི་དཀྱིལ་འཁོར་ན། རྡོ་རྗེའི་དཀྱིལ་འཁོར་ཤིན་ཏུ་དག་པར་རོལ་ཏོ། །ཡང་དག་པར་རྫོགས་པའི་བཅོམ་ལྡན་འདས་ནི།དགྱེས་པ་ཆེན་པོའི་རོལ་པའི་ལྷུན་ལ་འདུ་འབྲལ་མེད་དོ། །ཡེ་ཤེས་ཐིག་ལེའི་སྙིང་པོ་ལ། །སངས་རྒྱས་སེམས་ཅན་ཡོངས་ཀྱི་མེད། །རྟོག་པས་བརྟགས་པ་ལས་བྱུང་བ། །ཆོས་སོ་ཅོག་པ་མཐའ་ཡས་མཆོག །རྣམ་ཤེས་ཕྱི་ནང་ཡུལ་རོལ་ན། །ལམ་ལྔས་བསྡུས་པ་ཟག་པའི་ཆོས། །བརྗོད་ཀྱིས་མི་ལངས་རྟོག་པའི་རྡུལ། །དེ་བཞིན་དབྱིངས་ལས་བསམ་ཡས་འཆར། །སྟོང་པ་ཞི་བའི་རྣམ་ཤེས་ཀྱིས། །ཆོས་རྣམས་མ་ལུས་ཐམས་ཅད་བསྡུས། །རྟོག་པའི་དབང་དང་མཐུ་ཉིད་ལ། །སྟོང་གཞི་དེ་ལས་འགྱུར་བ་མེད། །ཀུན་གྱི་རང་བཞིན་ལམ་མཆོག་འདི། །སྤྱོད་ཡུལ་གང་དུ་འང་བཏག་མེད་པས། །ཇི་ལྟར་བརྟགས་པས་གྲུབ་པ་ཀུན། །རྟོག་པའི་རྒྱུན་ཆགས་ཟད་མཐའ་མེད། །མ་བཅོས་པ་ཡི་ཆོས་ཉིད་ལ། །ཚད་མས་བཅོས་པས་བསླད་


DNG006_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ། །ཡེ་ཤེས་དབྱིངས་ལས་མ་བསྐྱེད་ན། །བདེ་ཆེན་འཁོར་ལོ་དྲག་ཏུ་བསྐོར། །རྒྱུད་དྲུག་འཁོར་བ་རྣམས་སེམས་ཉིད། །ཨ་ཡིས་ཨ་སྤྱད་ཨ་ལ་རོལ། །རྡོ་རྗེ་ཞེ་སྡང་རྡོ་རྗེ་གཅོད། །ཡི་གེའི་ཚོགས་དང་བྲལ་བྱའི་ཕྱིར། །ཡི་གེ་ལ་ནི་ཡི་གེ་མེད། །ཡི་གེ་དང་ནི་ཡི་གེའི་རྒྱུ། །གཉི་ག་ཡོད་པ་མ་ཡིན་ཏེ། །ཤེས་རབ་ཐབས་ལ་བརྟེན་པ་ཡིས། །ཡི་གེ་འདོད་ལ་སྣང་བར་ཟད། །མི་དཔོག་པ་ཡི་ཆོས་མཆོག་ལ། །དབང་བསྒྱུར་ཆེན་པོའི་རྡོ་རྗེ་རོལ། །རྡོ་རྗེའི་ལྟེ་བར་ཡན་པ་སྟེ། །འདྲེལ་ཏེ་གཅིག་ཏུ་གྱུར་པ་ནི། །ཀཱ་ལིའི་སྙིང་པོར་གྱུར་པ་དེ། །ཡི་གེ་མེད་པའི་ཡི་གེ་ཡིན། །ཤེས་པ་ཤེས་བཞིན་མ་འཁྱམས་པར། །རང་གི་ངོ་བོར་གནས་པ་ནི། །རང་རིག་ཡེ་ཤེས་ཞེས་བརྗོད་དོ། །ཤེས་ཀུན་དེར་འཁྱིལ་ཕུར་པ་དམ། །དྲང་པོ་དེ་ནི་བྱང་ཆུབ་སེམས། །རྡོ་རྗེ་ཁྲོས་པས་ལྔ་གཉིས་བཏུལ། །ཡི་གེའི་སྙིང་པོ་ཉིད་དུ་གསལ། །ཞེ་སྡང་གསལ་བའི་རྡོ་རྗེ་ཡིས། །རྡོ་རྗེ་ཁྲག་འཐུང་རྣལ་འབྱོར་སྤྱད། །ཡེ་ཤེས་གཏི་མུག་ཡི་གེར་དག །གཏི་མུག་འཁོར་ལོ་དག་པའི་ཀློང་། །སྙིང་པོ་རྡོ་རྗེ་རྩེན་པའི་གནས། །དུར་ཁྲོད་ཆེན་པོ་བརྡལ་བ་ནི། །ཡེ་ཤེས་རོལ་མོ་གཟིགས་ཤིང་དཔྱོད། །ཡེ་ཤེས་ཆེན་པོ་ཁྲོས་པ་ཡིས། །དགྱེས་པའི་རོལ་མོ་དབྱིངས་ཉིད་རོལ། །རྣམ་པ་ཉིད་དུ་མི་གནས་པ། །ཆོས་སུ་བཟུང་བ་གང་ཡང་མེད། །ཤེས་པའི་གཏི་མུག་སྣ་ཚོགས་པ། །མི་ཤེས་རྡོ་རྗེ་ཤེས་པ་ནི། །སྦྱིན་པ་རྒྱ་ཆེན་ཤེས་རབ་གཏེར། །ཡེ་རྒྱས་བཏབ་པའི་ཕྱག་རྒྱ་ཡིན། །རྣམ་སེམས་རྟོག་དཔྱོད་བྲལ་བ་ནི། །བྱང་ཆུབ་སྙིང་པོ་ཐིག་ལེ་ཡིན། །གལ་ཏེ་འདོད་པས་མ་བཏང་ན། །རྟེན་མེད་རང་བྱུང་ཡེ་ཤེས་བསམ། །དེ་ནི་འཛིན་པའི་ནད་ཡོད་པས། །བསམ་ལས་འདས་པའི་ཤེས་རབ་བསྐྱེད། །ཤེས་རབ་


DNG006_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་པོའི་དོན་ཉིད་ལ། །ཡེ་ཤེས་མཆོག་གི་ཐིག་བཏབ་པ། །སྣ་ཚོགས་དཀྱིལ་འཁོར་འཁོར་ལོ་ལྡན། །འབྱུང་འཇུག་དཀྱིལ་འཁོར་ཟད་མི་ཤེས། །རྣམ་སེམས་དབེན་པར་དབེན་གནས་ན། །སེམས་སུ་འདུ་ཤེས་གང་ཡང་མེད། །དེ་ཉིད་རང་བྱུང་ཡེ་ཤེས་ཉིད། །བཙལ་བས་རྙེད་པར་མི་འགྱུར་ཏེ། །མ་བཙལ་བ་ན་ཡེ་ཤེས་ཉིད། །སེམས་མི་ཤེས་ལ་རྟག་ཏུ་གནས། །ཐམས་ཅད་མ་ལུས་ཆོས་སོ་ཅོག །རང་བྱུང་ཡེ་ཤེས་ཉིད་ལས་མེད། །ཡེ་ཤེས་དེ་ལས་གཞན་པའི་ཆོས། །ཡེ་ཤེས་ཉིད་ཀྱིས་མི་རྙེད་དོ། །གལ་ཏེ་མཐོང་ཆོས་སྣ་ཚོགས་པ། །རྟོག་པའི་རྒྱུན་གྱིས་མཐོང་བར་ཟད། །ཅི་སྟེ་མཐོང་བ་བདེན་གྱུར་ན། །སངས་རྒྱས་རྒྱུན་འབྱུང་འབྱུང་མི་སྲིད། །ཁམས་གསུམ་ཡེ་སངས་རྒྱས་པ་ལ། །སྟོང་པས་སྟོང་པའི་སྦྱིན་པ་གཏོང་། །ཡེ་ཤེས་ཆེན་པོའི་སྦྱིན་པ་གཏོང་། །ཡེ་ཤེས་ཆེན་པོའི་ཐིག་ལེ་ལ། །ཆོས་ཀྱི་དབྱིངས་ཀྱིས་བརྒྱན་པ་ཡིན། །འདུད་བྱེད་མེད་པའི་དཀྱིལ་འཁོར་ནི། །ཤིན་ཏུ་ཡེ་ཤེས་རྔམ་པའི་ཞལ། །མི་རྟོག་པ་ལས་བྱུང་བའི་གསུང་། །གསུང་གི་འབྲུག་ནི་ཀུན་ཏུ་གྲགས། །བལྟས་པས་སྲེག་པ་རྡོ་རྗེའི་སྤྱན། །ཡེ་ཤེས་ཆེན་པོ་སྤྱན་གདངས་པས། །གསང་བ་རྒྱ་མཚོའི་རྡོ་རྗེའི་སྐུ། །མདངས་ལྡན་མ་ཡིས་སྤྱན་ཁེངས་པ། །དྲང་པོ་མ་ཆགས་རྡོ་རྗེའི་ས། །ཡེ་ཤེས་སྤྱན་དེ་པདྨ་ཅན། །ཡི་གེ་ཕྲེང་ཚོགས་འོད་ཟེར་ཚུལ། །གསང་བ་མཆོག་གི་རོལ་མོ་ཡིས། །ཟག་མེད་ཡེ་ཤེས་ཆོམས་གྱུར་པ། །ཐམས་ཅད་བྱང་ཆུབ་སྙིང་པོའི་སྐུ། །ཀུན་ཏུ་བཟང་པོ་རྡོ་རྗེའི་ས། །རྡོ་རྗེ་མིང་གི་ཚོགས་བཅོམ་ནས། །ཨ་ལ་སོགས་པའི་ཚོགས་ཟད་པ། །སེང་གེ་ལྟ་བུའི་ཆོས་ཆེན་པོ། །ཆུང་ངུ་སྣ་ཚོགས་ཉིད་ལ་རྫོགས། །ཉིད་ལས་ཆོས་སུ་མ་གྱུར་པ། །གསང་མཆོག་རྨད་བྱུང་སྣང་བ་མེད། །སྣང་མེད་སྣང་བ་དངོས་


DNG006_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། །སྣང་དང་མི་སྣང་མི་དམིགས་ན། །ཐམས་ཅད་བྱང་ཆུབ་ཕུར་པས་བཏབ། །འཁོར་ལོ་རྡོ་རྗེ་ལས། ངོ་བོའི་ངེས་པར་བསྟན་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་ཤིན་ཏུ་བརྟན་པའི་ཆོས། །འདོད་ཆགས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །ཉིད་ལ་ཉིད་ཀྱི་ངོ་མཚར་བ་བཀའ་སྩལ་པ། ཨེ་མའོ། རྡོ་རྗེ་དངོས་གྲུབ་རྡོ་རྗེའི་ལས། །སྤྱོད་ལ་གྱུར་པ་མེད་བཞིན་དུ། །བདག་དང་གཞན་དུ་རྟོག་པ་ལས། །ཉེས་དམིགས་ལ་སོགས་སྣ་ཚོགས་འབྱུང་། །ཁམས་གསུམ་འཁོར་ལོ་ཆུ་འབབ་བཞིན། །རྒྱུན་ཆགས་ཉིད་དུ་འབབ་པར་འགྱུར། །བྱང་ཆུབ་སྙིང་པོ་རྡོ་རྗེ་ལས། །བག་ཆགས་འཁོར་ལོའི་རྟོག་པས་འཁྲུལ། །སྣ་ཚོགས་པ་ཡི་ཆོས་རྣམས་དང་། །སངས་རྒྱས་སེམས་ཅན་སོ་སོར་འཛིན། །རྣམ་རྟོག་མདུད་པས་བསྡམས་པ་ལས། །ཡང་དག་དབྱིངས་ལས་གཡོས་པ་མེད། །མ་གཡོས་པ་ལས་བྱུང་རྣམས་ཀྱང་། །བཅོམ་ལྡན་འདས་ཀྱི་འོད་ཀྱི་ཚུལ། །འཁོར་ལོ་རྡོ་རྗེ་བསྡུས་པ་ཡང་། །རང་བྱུང་ཡེ་ཤེས་ཐིག་ལེའི་ངང་། །ཡེ་ཤེས་གཏི་མུག་མི་འབྱེད་པ། །ཆོས་ཀྱི་དབྱིངས་སུ་ག་ལ་མཐོང་། །མིང་དུ་བཏགས་པ་འཁྲུལ་པས་ན། །དེ་བཞིན་ཉིད་ལ་གཉིས་པ་ཡིན། །སྔོན་དུ་སངས་རྒྱས་བྱུང་མེད་པས། །སངས་རྒྱས་སྣ་ཚོགས་འཁྲུལ་པའི་སྒྲ། །ཆོས་ཀྱི་སྙིང་པོ་གསུང་དུ་མེད། །དེ་ཕྱིར་བརྗོད་དུ་རྡུལ་ཙམ་མེད། །གསང་མཆོག་དགྱེས་པ་ཞེས་བྱ་བ། །རྡོ་རྗེ་རྩེན་པ་དེ་ལ་བརྗོད། །སྐུ་གསུང་ཐུགས་དང་མཉམ་པ་ཉིད། །འཛིན་པའི་དབང་ལས་ཕྱག་རྒྱ་མིན། །ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་ནི། །མ་བརྟགས་ལྷུན་གྱིས་གྲུབ་པར་གནས། །ལམ་རྒན་བྱ་བྲལ་བྱར་མེད་ལམ། །རྩ་བ་མེད་པའི་སྙིང་པོའོ། །མ་བྱུང་མི་སྐྱེའི་སྙིང་པོ་ལ། །མིང་གིས་བརྒྱན་པ་སྒྲོ་


DNG006_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་ཡིན། །ཚིག་ཏུ་བརྗོད་པ་རྣམས་སེམས་དབང་། །རྣམ་སེམས་སྒྱུ་མས་བཟུང་བའི་ཆོས། །ཡེ་ཤེས་སྒྱུ་མས་བསྒྱུར་ཤེས་ནས། །སྒྱུ་མ་སྨིག་རྒྱུའི་དྲན་དབང་ནི། །དམིགས་བྱ་དམིགས་པར་དྲན་དབང་བསྒྱུར། །ཐབས་ཀྱི་རྒྱལ་པོ་སྒྱུ་མའི་སྟོང་། །ཤེས་པ་གང་ཡང་མི་འབྱུང་ཞིང་། །སྣང་བ་གང་ཡང་མ་མཐོང་བ། །དེ་བཞིན་བདེ་བ་ཆེན་པོའི་ས། །ཡེ་ཤེས་དབྱིངས་ལ་མི་བརྩོན་པ། །དྲན་མེད་ཡེ་ཤེས་ཀླུང་གནས་པ། །མཉམ་དང་མི་མཉམ་དོན་ལས་འདས། །ཕ་རོལ་ཕྱིན་པ་བཅུ་ཡི་མཚོ། །ཟབ་མོ་ཟབ་པས་བརྒྱན་པར་ནི། །ཤེས་པ་སྙིང་པོར་ཐིམ་པས་ན། །ཡེ་ཤེས་སྙིང་པོ་ཡིན་པའི་ཕྱིར། །ཡོན་ཏན་ཅི་ཡང་བསྔག་པ་མེད། །སྟོབས་ཆེན་སྟོབས་ཀྱི་དབང་བསྒྱུར་ལ་། །སྟོབས་བྲལ་སྟོབས་མཆོག་འདི་ལྡན་པར། །ཡང་དག་མཁྱེན་པས་སྟོབས་པོ་ཆེ། །མི་འཛིན་སྟོང་པས་སྡུག་བསྔལ་དག །ཆོས་སྐུ་བདེ་བ་ཆེན་པོ་ཡང་། །བསག་པ་མེད་ན་རང་བྱུང་སྐུ། །པདྨ་དག་པས་སྣང་བ་མེད། །མི་སྣང་བ་ཡི་དོན་དེ་ལ། །བསྒོམ་པ་མེད་ན་བསྒོམ་པ་ཡིན། །ཤེས་པ་གང་ལ་མི་འཇུག་པ། །ཡེ་ཤེས་སྙིང་པོའི་ཐིག་ལེ་ཡིན། །རྒྱལ་བ་ཀུན་གྱི་གཤེགས་ཤུལ་བདེ། །བྱང་ཆུབ་ཉིད་ཀྱང་མི་སྣང་བས། །བྱང་ཆུབ་ཉིད་ཀྱང་མཐོང་བ་མིན། །ཆོས་ལས་རྒྱུ་ཡི་ཆོས་གནས་པ། །འབྲས་བུའི་རྒྱུ་དང་རྒྱུ་ཡི་རྒྱུད། །མེད་དང་ཡོད་པ་གཉིས་ཀར་འདྲེལ། །དེ་ལ་མཉམ་དང་མི་མཉམ་མཉམ། །བཤད་པས་ཐོས་མེད་བྱ་བྲལ་ཆོས། །ཡང་དག་ཆོས་ལས་བྱུང་བ་མེད། །འཁྲུལ་པའི་སངས་རྒྱས་ཆོས་ཀྱིས་བྱེད། །བྱས་པའི་གནས་དང་བྱ་མ་ཡིན། །འབྱོར་འདུལ་མེད་པ་ས་ཡི་ས། །སྙིང་པོའི་དོན་ལ་མཉམ་པའོ། །འདོད་ཆགས་ཉིད་ལ་འདོད་ཆགས་ཀྱི། །མཚན་མ་ཅི་ཡང་མ་ཐོབ་ཅིང་། །འདོད་ཆགས་ཉིད་ཀྱི་ཆོས་མཐོང་བ། །སྡུག་བསྔལ་ཉིད་ལ་སྡུག་བསྔལ་གྱིས། །མཚན་མ་རྡུལ་ཙམ་མ་མཐོང་ཞིང་། །


DNG006_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཉིད་ཀྱི་ཆོས་མཐོང་བ། །བྱང་ཆུབ་མཆོག་ཆེན་ཀུན་གྱི་གཞི། །ཐིག་ལེ་ཙམ་མིན་ཉེ་བར་བཤད། །སེམས་ནི་ལམ་གྱི་ངོ་བོ་ཉིད། །སེམས་ནི་ངོ་བོ་ཉིད་མེད་པ། །བསམ་གྱིས་མི་ཁྱབ་མཐའ་ཡས་ཆོས། །ངོ་བོ་མེད་ཕྱིར་ཡོད་མ་ཡིན། །རྐྱེན་ལས་སྐྱེས་ཕྱིར་མེད་མ་ཡིན། །སེམས་ཀྱི་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་སེམས་ཉིད་འདྲ། །ཆོས་རྣམས་ཀུན་གྱི་སྙིང་པོ་ནི། །རྩ་བ་མེད་པའི་རྩ་བ་ཡིན། །ཁ་དོག་མ་ངེས་འཇའ་ཚོན་འདྲ། །ཆེ་ཆུང་རིམ་པ་དེ་བཞིན་པ། །ཆོས་ཞེས་བཏགས་པ་ཆོས་ཀྱི་ཆོས། །ཆོས་ཀྱི་ཆོས་དང་ཁྲིམས་ཀྱི་ཆོས། །བསླབ་པ་མེད་པའི་ཆོས་བསླབ་ཕྱིར། །ཆོས་མེད་པས་ན་ཆོས་ཞེས་བྱ། །རྣམ་གྲངས་དག་ནི་ཕྲག་ཡས་ཆོས། །སྒྱུ་མའི་སྒྱུ་ཡིས་བསྒྱུར་ཤེས་པ། །མི་སྐྱེ་སྒྱུ་མ་སྒྱུ་བྲལ་ན། །འདས་པ་མེད་པའི་མྱ་ངན་འདས། །བྱང་ཆུབ་ནམ་མཁའ་མི་སྐྱེ་བས། །ནམ་མཁའི་བྱང་ཆུབ་རྩ་བ་བཅད། །དཔའ་བོ་ཡིས་ནི་དཔའ་བོ་བསྒྲལ། །རང་བྱུང་ཡེ་ཤེས་གཅིག་པུ་པ། །ཆོས་རྣམས་ཕྱི་མོ་མེད་པ་ནི། །སེམས་ཅན་རྣམས་ཀྱི་ངོ་བོ་ཉིད། །རྣམ་པར་དག་བྱ་མེད་པས་ནི། །ཡེ་ཤེས་སྙིང་པོ་བདེ་གནས་ཏེ། །མི་གཡོ་རྣམ་པར་མི་བྱམས་པ། །ཆོས་རྣམས་ཀུན་གྱི་ཕྱི་མོར་གསུངས། །ཐམས་ཅད་བདེན་མེད་རྒྱུར་ཤེས་ན། །བྱང་ཆུབ་སེམས་ལ་ཨ་ཡིས་བརྒྱན། །ཡ་མཚན་ཆེ་བའི་ལྷག་པའི་ཆོས། །བློ་རུ་བྱུང་ཙམ་མཐོང་བའོ། །སྨན་ཉིད་འཆི་མེད་བྱང་ཆུབ་ཏུ། །ཕྱོགས་སུ་འཁྱམས་པ་རྡོ་རྗེར་འདྲེལ། །ཕྱོགས་ཀྱི་འདྲེལ་བ་མེད་པ་ནི། །སྐྱེ་བ་མི་སྐྱེ་སྐྱེ་བས་སྐྱེ། །ས་མ་ཡ་ན་ཨ་དང་ཏའོ། །བླུན་པོའི་ཡེ་ཤེས་གཏི་མུག་དང་། །སྟོང་པའི་སེམས་ཉིད་སྐྱེ་མེད་ཅིང་། །སེམས་ཉིད་སྟོང་པ་སྐྱེ་མེད་པ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ཏེ། །ཡེ་ཤེས་ཐིག་ལེ་དྲང་པོའི་ལམ། །བླང་བྱ་ལྷ་མོ་འཁྲིལ་མའི་སྒྲ། །ལེན་པ་ཟ་བྱེད་རྡོ་རྗེའི་དྲི། །ཁྲག་འཐུང་རྡོ་རྗེས་དུས་མེད་རྡུབ། །ཟིན་པ་བརྟན་པས་ཡབ་ཡུམ་འཁྲིལ། །དོན་ཆེན་རྒྱལ་བར་གྱུར་པ་ནི། །


DNG006_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྒྱལ་པོ་ལྷ་མོར་རོལ། །རྡོ་རྗེ་རྩེན་པ་བདེ་བའི་རྒྱ། །དེ་བཞིན་ཉིད་ཀྱི་ངང་ལ་རོལ། །ཀུན་ཏུ་བཟང་པོ་རང་བྱུང་དབྱིངས། །ཐིག་ལེ་གཅིག་པས་བསླད་པ་མེད། །ཤེས་རབ་ཡུལ་མེད་ཤེས་རབ་སྐུ། །རྡོ་རྗེ་དྲི་རོ་སྒྲ་མེད་སྒྲ། །རང་བྱུང་རྡོ་རྗེ་དབྱིག་གི་ལྷ། །དམ་པས་མིང་དང་མཚན་མ་མེད། །མྱ་ངན་འདས་པ་ཟག་ཉིད་པ། །སེམས་ཀྱི་དམིགས་པ་བསྡུས་མ་ཡིན། །ཡང་དག་ཉིད་ཀྱང་མི་མངའ་བས། །ངག་གི་བཤད་པ་རྡུལ་ཙམ་མེད། །གཡོས་ཏེ་མཚན་མ་བྱུང་བ་ན། །མཚན་མའི་རྒྱུ་ལས་མིང་བཏགས་ཏེ། །དངོས་པོ་ཉིད་དང་འདྲེལ་བའི་ཕྱིར། །མིང་དང་མཚན་མ་ཞེས་སུ་བཤད། །རྣམ་པར་རྟོག་པས་ལན་ཆགས་ནས། །སྒྱུ་མ་མི་བདེན་བསླུ་བའི་ལམ། །མིང་དང་མཚན་མ་གང་ཡང་ནི། །མེད་པར་རྟོགས་པ་དེ་ཁོ་ན། །ཡང་དག་དག་པའི་ཡེ་ཤེས་ཡིན། །གཟུགས་སྒྲ་དྲི་རོ་རྡུལ་སྣ་ཚོགས། །རང་གི་སེམས་ཉིད་ལས་སྣང་བར། །ཚོར་ཞིང་ཤེས་ན་མི་བདེན་པའི། །འདུ་ཤེས་འདུ་ཤེས་མི་སྐྱེའོ། །མི་བདེན་འདུ་ཤེས་མ་སྐྱེས་ན། །དེ་ཉིད་དེ་བཞིན་གཤེགས་པའི་མཛོད། །ངོ་བོ་ཉིད་ཀྱི་ཆོས་ཉིད་ལ། །ཡང་དག་ཉིད་ཀྱང་སྐྱེ་མེད་ཅིང་། །མིང་དང་མཚན་མ་མ་སྐྱེས་པ། །དེ་ཉིད་དེ་བཞིན་ཉིད་ཅེས་གསུངས། །སྐྱེ་མེད་ཡང་དག་ཉིད་མཁྱེན་ནས། །མི་བདེན་པ་ཡི་ཆོས་སྣ་ཚོགས། །མིང་དང་མཚན་མ་ཚིགས་བཅད་དང་། །བྲལ་བ་ཡང་དག་ཡེ་ཤེས་སྣོད། །དོན་དམ་པ་ཡི་བདེན་པ་ཉིད། །རྣམ་པར་ཤེས་པ་མི་གཡོ་ཞིང་། །སེམས་ཀྱི་རྒྱུན་གྱིས་སྐྱེ་བ་མེད། །ཡེ་ཤེས་དབྱིངས་ཀྱི་ཟག་པ་ཆད། །རྡོ་རྗེ་ཕུར་པ་མི་འགུལ་ན། །ཐེག་པ་ཆེན་པོ་ཀུན་གྱི་རྒྱུ། །མི་བདེན་པ་ན་མཚན་སྣ་ཚོགས། །མི་བདེན་ཆོས་རྣམས་སྐྱེ་མེད་ན། །མཚན་མའི་ཚོགས་དང་འདྲེལ་བ་བས། །མི་བདེན་རྒྱུན་ནི་བཅད་དུ་མེད། །སེམས་ལ་སེམས་ནི་མེད་མཁྱེན་ན། །སེམས་ཞེས་བྱ་བར་གཅད་དུ་མེད། །དེ་ནི་རང་བྱུང་ཡེ་ཤེས་ཉིད། །རྣམ་ཤེས་ཡུལ་ལ་མི་སྐྱེ་བ། །རྣམ་པར་རྟོག་པ་མེད་པ་སྟེ། །ཆོས་ཀྱི་མིག་ནི་པདྨའི་སྤྱན། །སེམས་ལ་སེམས་མེད་པར་ཤེས་ཤིང་། །ཆོས་ལ་ཆོས་མེད་པར་ཤེས་ཏེ། །མིང་དང་


DNG006_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྒྲ་ཆོས་ཚོགས་པ། །དེ་བཞིན་གཤེགས་པ་སངས་རྒྱས་སྤྱོད། །རྡོ་རྗེ་ང་རྒྱལ་ཐིག་ལེའི་འོད། །ཟབ་མོ་ཡངས་པ་ཆོས་ཀྱི་དབྱིངས། །སྐྱེ་མེད་མི་སྐྱེ་ཅིར་མི་དགོངས། །ཚིག་ཏུ་བརྗོད་པ་རྡུལ་ལས་འདས། །བྱང་ཆུབ་ཉིད་ནི་དེ་བྱང་ཆུབ། །ཡེ་སངས་རྒྱས་པའི་དེ་བཞིན་ནོ། །སེམས་ཞེས་བྱ་བ་གཟུགས་མེད་ལ། །ཤེས་པ་ཡོད་པ་ཉིད་ཡིན་ཏེ། །སེམས་ལ་ཤེས་པ་ཡོད་པ་ཡིན། །ཆོས་ལ་གཟུགས་ནི་མེད་པ་སྟེ། །ཤེས་པ་མི་ཤེས་མེད་པར་གསུངས། །བྱང་ཆུབ་ཐིག་ལེ་ཉིད་མེད་འདྲེལ། །རང་རིག་ཡེ་ཤེས་ཉིད་དབྱིངས་ནི། །ཡིན་དང་མ་ཡིན་མི་རྟོག་པས། །ཐམས་ཅད་ཡེ་ཤེས་སྙིང་པོ་ཉིད། །སྡིག་ཏུ་མཐོང་བ་མེད་པས་ན། །ཐམས་ཅད་བསད་པ་བྱང་ཆུབ་སྐུ། །ཐམས་ཅད་ཆོས་ནི་མི་སྐྱེ་ཞིང་། །ཐམས་ཅད་གང་ལའང་མི་སྐྱེ་ཞིང་། །གང་ལའང་མི་འགོག་མི་བཙལ་ཏེ། །ཅི་བྱེད་གཡོ་བར་མ་མཐོང་ན། །སྤྱོད་པ་སྤྱད་པ་ཡོངས་མི་དགོས། །ཅི་སྤྱད་པ་ནི་བྱང་ཆུབ་ཉིད། །སངས་རྒྱས་ཐིག་ལེ་ཡངས་པའི་སྤྱན། །བྱང་ཆུབ་ཀྱི་སེམས་འཁོར་ལོ་རྡོ་རྗེ་ལས། སྒོ་སྣ་ཚོགས་གླེང་གཞིའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཀུན་ཏུ་བཟང་པོས། ཤིན་ཏུ་རྔམ་པའི་ཚིག་གསང་བ། །མི་འབྱུང་མི་འཇུག་པ་ཡི་སེམས། །རྡོ་རྗེ་ཁྲག་འཐུང་རྔམས་པའི་ཞལ། །ཡང་དག་པ་ཡི་ཆོས་ལམ་དྲངས། །ཕོ་མོ་ཁྱིམ་པ་ལ་སོགས་དང་། །ཕ་རོལ་ཕྱིན་བཅུ་མི་འབྱེད་པ། །ཚུལ་ཁྲིམས་མེད་པའི་ཚུལ་ཁྲིམས་མཆོག །ནམ་མཁའ་སྟོང་པ་སེམས་ཡོད་ན། །ཆོས་རྣམས་སྐྱེ་འགག་མེད་པ་ཡིན། །བྱང་ཆུབ་ཉིད་ཀྱང་སྐྱེ་མེད་པས། །བྱང་ཆུབ་ཉིད་ལས་གཞན་ཡོད་མིན། །མྱ་ངན་འདས་དང་འཕགས་པ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་གང་། །མིང་བཏགས་དོན་དུ་འདོད་པ་ནི། །སྐུར་བཏབ་སངས་རྒྱས་མཐོང་མི་སྲིད། །ཡང་དག་བརྟན་པ་དྲངས་གྱུར་ན། །རྨི་ལམ་རྨི་བ་སད་འདྲ་སྟེ། །དངོས་པོའི་ཆོས་ནི་ཅི་མཐོང་བ། །མཐོང་བ་ཉིད་ནི་རྨི་ལམ་ཚུལ། །སེམས་ཅན་དེ་བཞིན་ཡིན་པ་ལས། །སྲོག་


DNG006_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ་ཡིས་སྡིག་པ་ཐོབ། །མ་མཐོང་རྨི་ལམ་ལྟ་བུ་དང་། །གལ་ཏེ་མཐོང་བ་བསད་པ་མེད། །ཡང་དག་ཉིད་ལ་རྡུལ་མེད་ན། །ཡང་དག་ཉིད་ལས་ཡང་དག་མེད། །མི་ཡི་ཕྱི་མོ་སེམས་ཉིད་དེ། །རྡུལ་མ་ལངས་ན་གྲོལ་བའི་ལམ། །སེམས་ཅན་སངས་རྒྱས་དེ་ལ་མེད། །མཉམ་དང་མི་མཉམ་མཉམ་མི་འཛིན། །གྲོལ་དང་མ་གྲོལ་ཡེ་ནས་གྲོལ། །རྩོལ་བསྒྲུབ་གཉེར་བས་དེ་མི་མཐོང་། །ཅི་ཡང་མི་དགོས་སྤྱད་བྱས་ན། །བདག་དང་གཞན་མེད་འབྲས་བུ་ཐོབ། །ངོ་བོ་ཉིད་ཀྱི་གཞི་རྟོགས་ན། །མ་ནོར་པ་ཡི་ལམ་ན་གནས། །མཐོང་ཐོས་དག་པ་ཞི་བའི་ཆོས། །བསྒོམ་པ་མེད་ན་བསྒོམ་པ་ཡིན། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །མ་བཙལ་བཞག་པ་བསྒོམ་པ་ཡིན། །དེ་ལ་དེ་བཞིན་ཉིད་འཛིན་ན། །དེ་ལ་དེ་བཞིན་ཉིད་མི་གནས། །བདེ་བ་ཆེན་པོའི་ཆོས་དབྱིངས་ནི། །མཐོང་བར་རུང་བ་མ་ཡིན་ཞིང་། །མི་མཐོང་བར་ཡང་རུང་མ་ཡིན། །དེ་བཞིན་ཉིད་དུ་སེམས་བྱེད་པ། །རང་བྱུང་ཉིད་ལས་གཡོ་བ་ཡིན། །འཛིན་པ་གཡོས་པ་མིན་པ་ན། །ཕལ་པའི་རྣམ་ཤེས་དག་དང་མཚུངས། །བྱང་ཆུབ་ནམ་མཁའ་ཡོད་མ་ཡིན། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དངོས་པོ་མཐོང་བ་ཡོད་མོད་ཀྱི། །དངོས་པོ་ཡང་དག་མ་ཡིན་པར། །སྟོང་པ་ཉིད་དུ་སྟོང་པར་ཤེས། །ཡེ་ཤེས་སངས་རྒྱས་དེ་ལ་མེད། །མིང་ཙམ་འཛིན་པའི་སྟོབས་བྲལ་ན། །ཤེས་རབ་གང་དུའང་མི་འགྲོ་བ། །དེ་ནི་བྱང་ཆུབ་སྙིང་པོ་ཉིད། །ལོག་པའི་སྟོབས་ཀྱིས་གཡེང་བ་ཆེ། །རྟོག་པའི་དབང་གིས་འབྱུང་བ་ལས། །ཆགས་པའི་སྟོབས་བྲལ་ཐིག་ལེའི་སྐུ། །བདེ་བ་ཆེན་པོ་གཡོས་པ་མེད། །རྡོ་རྗེ་ཁྲག་འཐུང་རོལ་པའི་སྐུ། །རྡོ་རྗེ་བྱང་ཆུབ་དབང་ཕྱུག་མར། །སྦྱར་ཏེ་དགྱེས་པའི་ལྷུན་མཉམ་པ། །རྡོ་རྗེ་ཀུན་ཏུ་འོད་ཀྱི་ས། །དེ་ཡང་འཛིན་པའི་སྐྱོན་ཡིན་པར། །རིག་པའི་བྱིན་རླབས་ཆེན་པོ་འབྱུང་། །རྡོ་རྗེ་བྱེད་པ་པོ་ཡིད་ཀྱིས། །ཡང་དག་པ་ཡི་སེམས་ཤེས་ན། །གཡོ་དང་མི་གཡོ་མི་འབྱུང་ཞིང་། །ཐོབ་དང་མ་ཐོབ་མི་མཐོང་ངོ་། །དེ་ཚེ་མཚམས་མེད་ལ་སོགས་དང་། །ཉན་ཐོས་བསད་དང་ཆོས་ལ་སྐུར། །སངས་རྒྱས་ཀུན་ཀྱང་


DNG006_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པ་དང་། །དགེ་སློང་བསམ་གཏན་བཤིག་ཅིང་དཀྲུགས། །བྱང་ཆུབ་སྙིང་པོ་ཉིད་དུ་འགྱུར། །ཆེ་བའི་ཡེ་ཤེས་ཉམས་པ་མེད། །བློ་གྲོས་སྙིང་པོ་རྡོ་རྗེའི་བློ། །སྟོང་པ་ཉིད་དུ་དབེན་འཛིན་དེ། །སྟོང་པའི་སྟོང་པ་སྐྱེ་བས་ན། །འཛིན་པའི་ལྕགས་ཀྱུས་ཟིན་པ་དེ། །སྟོང་པའི་སྟོང་པས་བཅིངས་པའོ། །ཡེ་ཤེས་ཆེན་པོའི་རླུང་གཡོས་ན། །ཆོས་རྣམས་མི་མཉམ་སོ་སོའི་རླུང་། །ཡང་དག་ཉིད་དུ་མི་འགྱུར་བས། །འགྲོ་བ་གྲོལ་བར་ཡོངས་མི་འགྱུར། །ཡུལ་ལ་རྣམ་པར་མི་སྐྱེ་བ། །མི་སྐྱེ་བ་ཡི་སྐྱེ་བ་སྟེ། །མི་སྐྱེ་བས་ནི་མི་འགྲོལ་བའོ། །ཆོས་རྣམས་ཡོད་པ་མ་ཡིན་ཏེ། །ཡོད་པ་ལས་ནི་མེད་གྱུར་ན། །མེད་ལས་ཡོད་པར་གྱུར་པ་ནི། །ཡོད་པས་མེད་པ་བཅིངས་པའོ། །རང་བྱུང་བྱང་ཆུབ་སྙིང་པོ་ནི། །ཡོད་མེད་གྲོལ་དང་མ་གྲོལ་མེད། །ཡེ་ནས་དག་པས་སྦྱང་མི་དགོས། །ནམ་མཁའ་ཉིད་དང་མ་འདྲེལ་བས། །ཆོས་དབྱིངས་ནམ་མཁའ་མ་བཅིངས་ཏེ། །མིང་ལ་མི་གནས་ཅང་མི་སྐྱེ། །སྐྱེ་དང་མི་སྐྱེ་ལས་གྲོལ་བས། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །བྱམས་པའི་ཐིག་ལེ་སྙིང་བརྩེར་བཞག །དངོས་མེད་མི་རྟོག་མཐོང་བ་ནི། །མཐོང་བས་མཐོང་བ་སྐྱེ་བས་ན། །དངོས་དང་མི་རྟོག་དངོས་དང་རྟོག །བྱ་བྲལ་ཆོས་ནི་མ་ཡིན་པས། །གྲོལ་བ་རང་བྱུང་གཞན་མ་ཡིན། །གྲོལ་བའི་གྲོལ་བ་ཡང་མི་གྲོལ། །བྱང་ཆུབ་ཀྱི་སེམས་འཁོར་ལོ་རྡོ་རྗེ་ལས། རྣམ་གྲངས་ངེས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། ཉིད་ཀྱི་ཆེ་བའི་ཡོན་ཏན་ལ་ངོ་མཚར་བ་ཉིད་ལ་བརྗོད་དེ། །དྲང་པོ་དབེན་པ་རྡོ་རྗེའི་ལམ། །མི་ཚོར་མི་ཤེས་གཏི་མུག་སེམས། །ཚིག་ཏུ་སྨྲ་བས་ལན་མི་དྲན། །མ་འཇལ་སྨྲས་ན་གཡོས་པ་ཡིན། །ཕྱི་ནང་ཡུལ་དང་མ་འཇལ་ན། །སྐུ་གསུང་རྫོགས་པ་རྡོ་རྗེའི་སྐུ། །དྲང་སྲོང་རྣམས་ཀྱི་རྩེན་པའི་ས། །ཅིས་ཀྱང་མ་བཅིངས་གྲོལ་བའི་ལམ། །བྱང་ཆུབ་སེམས་སུ་ཆོས་རྣམས་མཉམ། །མཉམ་པས་རིམ་པ་བཅིང་པ་མེད། །


DNG006_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་གཞན་དུ་མི་འབྱེད་པས། །ལན་བཏབ་གཞན་ལ་ཡོད་པར་འགྱུར། །དྲང་སྲོང་སེམས་ནི་སྤྱོད་ཡུལ་གཟུང་། །སྨྲ་ན་བཅིངས་ཤིང་ཆགས་པ་སྟེ། །སྨྲར་མེད་སྨྲས་པས་བཅིང་མེད་པ། །རྒྱལ་བའི་རྒྱལ་བ་རྒྱལ་བའི་གཙོ། །ཆོས་མ་ཤེས་དང་བྱ་བ་དང་། །མཐོང་བྱ་བརྟན་བྱ་མེད་པས་ན། །ལན་བཏབ་པ་ན་ཆོས་ཉམས་ཏེ། །ཤེས་པ་མཐོང་བར་ཡོད་པར་འགྱུར། །ཡང་དག་ཡང་དག་ཡིན་པས་ན། །སྨྲས་ན་ཡང་དག་ཉིད་མ་ཡིན། །རྒྱུ་ལ་འབྲས་བུའི་རྟེན་བྱེད་པ། །འཁྲུལ་པ་བྱིས་པ་རྣམས་ཀྱི་ལས། །སྟོང་པ་མཐར་གཏུགས་རྒྱུ་ཡི་ཆོས། །སྟོང་པར་ཞི་བ་ཞི་བས་བཅིངས། །ཚོར་བ་ཡང་དག་མ་ཚོར་བ། །ཞི་བའི་ཆོས་ལ་ཞི་བྱ་མེད། །ཡང་དག་ཉིད་དང་འདྲེལ་བྱ་དགོས། །དངོས་པོ་རྣམ་པ་མཐོང་ན་ཡང་། །རྣམ་པ་ཅིར་ཡང་མི་དམིགས་ན། །དངོས་པོ་དངོས་མེད་བསྒོམ་པའོ། །དེ་མ་ཐག་ཏུ་དེ་ཚོར་ན། །དེ་ལས་ཡང་དག་ནམ་མཁའ་འབྱུང་། །དགོངས་པ་མཆོག་ཏུ་གྱུར་པའོ། །ཟིན་པའི་ལྟ་བས་མི་བལྟ་ན། །ལྟ་བ་ཐལ་བར་འགྱུར་བ་སྟེ། །ལྟ་བའི་འདུ་ཤེས་ཟད་པས་ན། །བྱང་ཆུབ་མཆོག་ཏུ་ལྟ་བའོ། །སེམས་ལ་བསྟོད་པས་ཕམ་རྒྱལ་དང་། །གཟུགས་སྒྲ་དངོས་ཡོད་བལྟར་རུང་ན། །བསྟོད་དང་སྨད་པའི་བདེན་མེད་པས། །བསྒོམ་བྱའི་གཟའ་གཏད་དང་བྲལ་བ། །དྲང་སྲོང་གྲོལ་བའི་ཤུལ་ལམ་སྟེ། །རྣལ་འབྱོར་པ་ནི་རྟག་ཏུ་བསྟེན། །བྱང་ཆུབ་སྙིང་པོ་མི་ལེན་ཅིང་། །བྱང་ཆུབ་སངས་རྒྱས་མི་འཚོལ་ན། །མི་ལེན་པས་ན་མཉམ་པ་ཉིད། །མ་བསྒྲུབས་པར་ནི་རང་བཞིན་གྲུབ། །ཆོས་རྣམས་གང་ཡང་མི་འཛིན་ཅིང་། །ཤེས་པས་གང་ཡང་མི་ཤེས་པ། །མི་རྟོག་ཡེ་ཤེས་ཕུར་བུ་ནི། །མི་འགྱུར་འོད་གསལ་མཁའ་ན་དམ། །དེ་ཚེ་ཕུར་པ་བསྒུལ་མི་བྱ། །དྲང་པོ་ཡིས་ནི་ལས་རླུང་བསད། །སངས་རྒྱས་ཐམས་ཅད་དེ་ལ་གནས། །བྱང་ཆུབ་ཀྱི་སེམས་འཁོར་ལོ་རྡོ་རྗེ་ལས། གསང་བ་མན་ངག་གི་ལེའུ་སྟེ་བཞི་པའོ།། །།འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་རྒྱུད། རྒྱ་གར་གྱི་པཎྜི་ཏ་ཛྙཱ་ན་གརྦྷ་དང་། བོད་ཀྱི་དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ་རྫོགས་སོ། །ཕྱིས་སྐད་གསར་བཅད་ཀྱིས་ཀྱང་ལོཙྪ་བས་བཅོས་སོ།། །།

བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ཞེས་བྱ་བའི་རྒྱུད།


DNG006_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་སཏྭ་རཏྣ་ཙཀྲ་ཏནྟྲ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ཞེས་བྱ་བའི་རྒྱུད། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་འཁོར་ལོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། འོག་མིན་གྱི་གནས། སེམས་ཉིད་གདལ་བ་ཆེན་པོའི་ཞིང་ཁམས་ན། རང་བྱུང་རྫོགས་པའི་བཅོམ་ལྡན་འདས་དགོངས་པ་རང་བྱུང་གི་དོན་ལ་བཞུགས་སོ། །ཡང་དེའི་ཚེ་སྨིན་པ་ཆེན་པོའི་འཁོར་འདི་ལྟ་སྟེ།རང་བཞིན་གྱིས་གནས་པ་དང་། རང་བཞིན་ལ་བལྟ་བ་དང་། རང་བཞིན་གྱིས་རྟོགས་པ་ཆེན་པོ། རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མངོན་པར་དགའ་བ་འབའ་ཞིག་དག་འདུས་སོ། །དེ་ནས་རིག་པའི་རྒྱལ་པོས་སྣ་ཚོགས་བསམ་བྲལ་གྱི་ཏིང་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་འདུས་པའི་ཚོགས་ཀྱིས་ཐམས་ཅད་རང་བྱུང་དུ་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །རང་བྱུང་དག་པས་ཡེ་སངས་རྒྱས། །ཆོས་དང་ཆོས་ཉིད་སྣ་ཚོགས་པ། །རིག་པ་ཉིད་ཡིན་རྣམ་པར་དག །སྨིན་པའི་འཁོར་ཚོགས་རང་སེམས་ཀྱིས། །སྣ་ཚོགས་རང་བྱུང་ཉིད་དུ་ལྟོས། །ཞེས་གསུངས་སོ། །དེ་ནས་སྨིན་པ་ཆེན་པོའི་ནང་ནས། སེམས་དཔའ་རྡོ་རྗེ་བྱུང་སྟེ། འདི་སྐད་ཅེས་གསོལ་ཏོ། །རིག་པ་རྣམ་དག་བཅོམ་ལྡན་འདས། །སྐུ་གསུང་རྫོགས་པའི་ཡེ་ཤེས་ཆེ། །མཛད་པ་ཕྱོགས་བཅུ་མུ་མཐའ་ཡས། །ཐུགས་རྗེ་རང་སྣང་ཕྱོགས་རིས་མེད། །བཏང་སྙོམས་ཆེན་པོ་ཀུན་ཏུ་བཟང་། །རིག་པ་མཆོག་གི་དཀྱིལ་འཁོར་ནས། །རྫོགས་པའི་ཡེ་ཤེས་ཐབས་ཆེན་གྱིས། །གསལ་བའི་ཡེ་ཤེས་སྒོ་ཕྱེ་ནས། །དཔལ་གྱི་མགུར་ནས་གསུང་བསྒྲགས་པས། །འདུས་པའི་འཁོར་ལ་གསལ་བར་གསུངས། །ཞེས་གསོལ་ཏོ། །དེ་ནས་རིག་པའི་རྒྱལ་པོས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡེ་ཤེས་རྫོགས་པ་བདེ་བ་ཆེ། །མཐའ་ཡས་འགྲོ་བ་ཀུན་ལ་ལྡན། །རིག་པ་དབྱེར་མེད་ཀུན་ཏུ་བཟང་། །གང་ཡང་མ་ཡིན་རིག་པར་


DNG006_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །རྩོལ་བའི་སེམས་བྲལ་མངོན་སངས་རྒྱས། །རྒྱུ་འབྲས་གཉིས་མེད་འགྱུར་བ་བྲལ། །རྣམ་སྣང་ཤེས་པ་རང་གནས་པ། །བྱེད་པ་གཉིས་ཀྱིས་མཐོང་བར་གྱིས། །ཤེས་པའི་རྣམ་གྲངས་གང་སྐྱེས་ཀྱང་། །རྣམ་བྱང་ཉིད་ལས་གཞན་མ་ཡིན། །བསམ་གྱིས་མི་ཁྱབ་དུས་ན་ཤེས། །འཁོར་བའི་ཤེས་པ་གློ་བུར་བ། །རང་བཞིན་མ་ཡིན་རྐྱེན་གྱིས་སྣང་། །བརྗོད་པའི་སྙན་པ་ཉིད་དང་མཚུངས། །རྣམ་པར་བརྟགས་པའི་སེམས་ཉིད་ནི། །གང་ལྟར་བཏགས་པ་དེ་བཞིན་མཐོང་། །དུ་མའི་རིགས་ཀྱི་རྟོག་པ་དག །སྒོ་རྣམས་ཀུན་ཏུ་རྒྱུ་བ་སྟེ། །མི་གཅིག་སྐར་ཁུང་དུ་མ་བཞིན། །དོན་གྱི་རྣམ་བྱང་དུ་མ་མིན། །རིག་པ་དབྱེར་མེད་དཀྱིལ་འཁོར་འདིར། །མཐའ་བྲལ་ལྟ་བའི་དོན་ལྡན་གྱིས། །རང་བཞག་དགོངས་པས་གནས་པར་བྱ། །རང་བྱུང་ཐུགས་རྗེ་གཡོ་མེད་ཀྱིས། །འགྲོ་དོན་མ་ལུས་རྫོགས་པར་མཛད། །སྐུ་གསུམ་ལྷུན་གྲུབ་འབྲས་བུ་ནི། །གཞན་མ་ཡིན་ཏེ་དེ་ཉིད་རྫོགས། །རིགས་དྲུག་དབང་པོ་ཆིག་ཆོད་དམ། །སྦྱངས་པའི་འཕྲོ་ཅན་གང་ཡང་རུང་། །སེམས་ཀྱི་རྣམ་གྲངས་གང་སྒོ་ནས། །སྤྱི་བླུགས་དབང་ལ་གནས་བྱས་ཏེ། །རྣ་བརྒྱུད་གདམས་ངག་ནོད་པར་བྱ། །བགྲོད་མེད་ལམ་ལ་གནས་བྱས་ལ། །སྦྱང་མེད་པ་ཡི་ཡོན་ཏན་སྤེལ། །རིམ་མེད་ཅིག་ཅར་འཇུག་པ་ཡི། །རང་བྱུང་ཡེ་ཤེས་བླ་མ་ཡིས། །རབ་ཏུ་ཆེ་མཆོག་ཆོས་ཀྱི་སྐུ། །བཙལ་མེད་རྟག་པ་མངོན་སངས་རྒྱས། །འགྲོ་བ་རིག་པ་གང་དག་འོང་། །བསམ་བྲལ་ཉིད་དུ་འདུག་པར་བྱ། །ཤེས་པ་རང་ལུགས་ཐལ་བྱུང་བ། །དུས་གསུམ་མི་གཡོ་གནས་གྱུར་ན། །རྒྱལ་བའི་ཡེ་ཤེས་གསལ་མཐར་ཕྱིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རིག་པའི་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྣ་ཚོགས་འཁོར་བའི་རྟོག་པ་དང་། །རྫོགས་པའི་ཡེ་ཤེས་རང་བཞིན་གཅིག །རྫོགས་པའི་ཡེ་ཤེས་རྟོགས་པ་ཉིད། །རྟོགས་པ་གང་ཡིན་ཡེ་ཤེས་


DNG006_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །ཐ་དད་ཡོད་པ་མ་ཡིན་ཏེ། །ཡེ་ཤེས་རྫོགས་པའི་རང་བཞིན་ནི། །ཀུན་སྤངས་ཀུན་གྱི་དངོས་གཞི་ཅན། །འཛིན་པ་དུ་མའི་རྟོག་པ་འདི། །བྱང་ཆུབ་སེམས་སུ་བརྗོད་པ་ཡིན། །བརྗོད་མེད་སེམས་ཀྱི་རང་བཞིན་ལ། །མ་བརྗོད་གོ་བར་མི་འགྱུར་བས། །བརྗོད་མེད་དོན་གྱིས་མཚོན་པར་བྱ། །ཀུན་བཟང་སེམས་ཀྱི་རྣམ་དག་ལ། །མཚོན་བྱ་མཚོན་བྱེད་གང་ཡང་མེད། །བཙལ་མེད་རང་བཞིན་ཉིད་ཀྱིས་མཚོན། །ཐ་མལ་སྣང་བའི་ཤེས་པ་དག །བཀའ་ཡི་ཤེས་པས་དྲན་བྱས་ཏེ། །གཏོང་འཛིན་མེད་པའི་ངང་ལ་བཞག །ཡིད་ལ་མི་བྱེད་བྱ་བ་བཏང་། །བློ་ཡིས་མ་དཔྱད་རང་བཞིན་གསལ། །འཛིན་པའི་རྒྱུ་འབྲས་གང་ཡང་མིན། །འབྲས་བུ་ཉིད་ཀྱིས་འབྲས་བུ་གྲུབ། །རེ་འདོད་རྩོལ་བས་མཐའ་རུ་འགྱུར། །འཛིན་མེད་རང་བཞིན་སྨན་ཆེན་གྱིས། །འཁོར་བའི་གཅོང་རྙིང་ཀུན་དང་བྲལ། །རྣམ་རྟོག་ཡེ་ཤེས་འོད་གསལ་ཉིད། །རང་གནས་ཡེ་ཤེས་ཡེ་ནས་དག །རིན་ཆེན་དག་པའི་གླིང་བཞིན་དུ། །སེམས་ཀྱི་ཡེ་ཤེས་ཡེ་ནས་དག །རིམ་མེད་སེམས་ཀྱི་རང་བཞིན་ལ། །བགྲོད་པའི་ལམ་གྱིས་ཐོབ་པ་མེད། །རྣམ་གྲོལ་འབྲས་བུ་རང་བྱུང་ཉིད། །བགྲོད་མེ་རྣམ་གྲོལ་རྫོགས་པའི་ལམ། །འདོད་དང་རྩོལ་མེད་ལྷུན་གྱིས་གྲུབ། །ཡེ་ཤེས་ཉི་མའི་སྙིང་པོར་ཤར། །མ་ལུས་གཟུང་འཛིན་མི་གཡོ་བ། །རྒྱུ་དང་འབྲས་བུར་རྟོག་འཛིན་ཅིང་། །ཡེ་ཤེས་སྒྱུ་མའི་འཛིན་པས་བཅིངས། །སེམས་ཉིད་མཁའ་འདྲ་ལྟ་བའི་ཀློང་། །ཡེ་ཤེས་ཡངས་པ་བརྡལ་བ་ཆེ། །བླང་དོར་གཉིས་མེད་རྩོལ་དང་བྲལ། །བྱང་ཆུབ་སེམས་ཀྱི་ལྟ་ཐག་བཅད། །ཏིང་འཛིན་ཞི་བས་ཉམས་སུ་བླངས། །བྱང་ཆུབ་སེམས་ཀྱི་ལྟ་བ་ནི། །གང་ལྟར་ཅི་ཡང་མ་ཡིན་པས། །རང་བྱུང་ཡེ་ཤེས་མཚན་ཉིད་གསལ། །མི་བསམ་གྱི་ནར་བཞག་པའོ། །བསམ་གྱིས་མི་ཁྱབ་ཡེ་ཤེས་མཐོང་། །རང་བྱུང་རྫོགས་པའི་ལྟ་བ་ནི། །མཐའ་གསུམ་བྲལ་ལ་ཡེ་སངས་རྒྱས། །རྩོལ་བྲལ་དབུ་མ་དྲང་པོའི་ལམ། །འཆིང་བྲལ་ལྟ་བ་


DNG006_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་གཏད་མེད། །རིན་ཆེན་འཁོར་ལོ་ཀུན་བཟང་འདིས། །རང་སེམས་གཉིས་མེད་རྟོགས་པར་གྱིས། །བཏང་སྙོམས་ལྟ་བ་བླང་དོར་མེད། །ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །སྤྲོ་བསྡུ་གཉིས་མེད་བཏང་བཞག་བྲལ། །རང་བཞིན་གནས་པས་རེ་དོགས་བྲལ། །སྤྱོད་ཡུལ་མ་ལུས་སེམས་སུ་ཤེས། །སྣ་ཚོགས་འཁོར་བའི་རང་བཞིན་དང་། །ཡེ་ནས་རང་བཞིན་གཉིས་སུ་མེད། །གཉིས་ལས་གཞན་སེམས་གྲུབ་པ་མེད། །རིག་པ་ཅི་ཡང་མ་ཡིན་པས། །འདོད་པའི་སེམས་པ་ཀུན་དང་བྲལ། །ཤེས་པ་མཐའ་བྲལ་སྟོང་པ་ཉིད། །ཡེ་ཤེས་འོད་གསལ་རང་གནས་པ། །ཡིད་ལ་འཛིན་མེད་ཡེ་ཤེས་གསལ། །རོལ་པ་སྣང་ཡང་གྲུབ་པ་མེད། །སྒྱུ་མའི་ཡེ་ཤེས་རྩལ་དུ་འཕྲོ། །མ་བཅོས་སྒྱུ་མ་ལྷུན་གྲུབ་ལ། །འཛིན་པའི་སེམས་དང་ངོས་གཟུང་མེད། །ཡེ་ཤེས་རྒྱལ་བ་རྣམ་པར་དག །འཛིན་པའི་སེམས་བྲལ་རིག་པ་གསལ། །སེམས་ཉིད་ནམ་མཁའི་ལྟ་བ་ལ། །ནམ་མཁའ་ལྟ་བུར་བསམ་དུ་མེད། །ནམ་མཁའ་བསམ་དུ་མེད་པ་བཞིན། །ཡེ་ཤེས་བསམ་དུ་མེད་པའང་ཡིན། །ཅིར་ཡང་མི་དགོངས་རང་བཞག་པ། །དུས་གསུམ་རྒྱལ་བའི་ལྟ་བ་ཡིན། །ལྟ་མེད་རང་གཞག་བལྟ་བ་ནི། །དུས་གསུམ་གང་ཡང་མ་ཡིན་ཏེ། །འགྱུར་མེད་དབྱིངས་ཀྱི་ལྟ་བ་ཡིན། །འདོད་པའི་བྱ་བ་གང་ཡང་མིན། །ངོ་བོ་ཉིད་ལ་ཡངས་དོག་མེད། །སེམས་ཉིད་དྲི་མ་ཀ་དག་ལ། །འགྱུར་མེད་རིན་ཆེན་གསེར་བཞིན་ནོ། །འཛིན་པའི་རླུང་གིས་གཡོས་གྱུར་ཀྱང་། །རིག་པའི་ངོ་བོ་འགྱུར་བ་མེད། །རྒྱ་མཚོ་ཆེན་པོའི་སྣང་བ་བཞིན། །ཕྱི་ནང་མི་མངའ་ཡེ་ཤེས་གསལ། །མཐའ་དབུས་མི་མངའ་ཕྱོགས་དང་བྲལ། །ཡེ་ཤེས་སེམས་ཉིད་ལྟ་བ་ལ། །རྒྱུ་དང་རྐྱེན་གྱིས་རྩོལ་བ་མེད། །རྡོ་རྗེ་ཉིད་འདྲ་འཇིག་པ་མེད། །ཉི་མ་རིན་ཆེན་འབར་བ་ལྟར། །རང་གསལ་རྣམ་པར་རྟོག་དང་བྲལ། །འཁོར་བ་ཉིད་ནས་ཡེ་སངས་རྒྱས། །རང་སེམས་རིག་པ་གང་ཡང་རུང་། །བསམ་པ་དང་བྲལ་ཡེ་ཤེས་ཉིད། །ཆོས་དང་


DNG006_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་གང་ཡང་མིན། །མཐའ་བྲལ་ཡེ་ཤེས་རྫོགས་པ་འདི། །རྟག་པ་མ་ཡིན་མི་རྟག་མིན། །ཤེས་པ་མི་དགག་འདོད་པ་མིན། །བྱ་བྱེད་མི་རྩོལ་རང་བཞིན་དག །དབུ་མ་ཆེན་པོ་དྲང་པོའི་སེམས། །ཕྱོགས་ཀྱི་ཡུལ་ལ་འཇུག་པ་མེད། །སེམས་ཉིད་ཡུལ་ལ་གང་འཇུག་ན། །འཛིན་པའི་ཕྱོགས་བཅས་འདོད་པ་ཉིད། །དབུ་མའི་སེམས་དང་མི་ལྡན་པར། །བག་ཆགས་འཛིན་པའི་སེམས་ཀྱིས་དཀྲུག །བསམ་མེད་རིག་པ་བརྗོད་མེད་འདི། །ཐ་སྙད་མིང་ལ་མི་གནས་ཏེ། །གདུལ་བྱ་དམན་པའི་སེམས་དག་ལ། །ཐ་སྙད་སྒྲ་ཡི་འཁོར་ལོས་བསྟན། །སྣང་སྲིད་སྣང་བ་སྣ་ཚོགས་པ། །སྐུ་གསུང་ཐུགས་ལས་མ་གཡོས་ཏེ། །དྲན་རྟོག་ཏིང་འཛིན་རིག་པའི་ཐུགས། །ནམ་མཁའ་ལྟ་བུར་མི་ཟད་པ། །བདེ་ཆེན་རིག་པ་སེམས་ཀྱི་རྒྱན། །རྣམ་པར་རྟོག་པའི་སྒྲོ་འདོགས་གཅོད། །འོད་གསལ་རིག་པའི་འཁོར་ལོ་ཡིན། །ལུས་ཅན་རྣམས་ཀྱི་སྒྲ་རྣམས་ནི། །སྔགས་ཀྱི་གསུང་དུ་གྲགས་པ་ཡིན། །སྣང་སྟོང་གཉིས་མེད་རིག་པའི་གསུང་། །ཁ་དོག་དབྱིབས་སུ་གང་སྣང་བ། །སྐུ་མཆོག་རྒྱན་གྱི་འཁོར་ལོས་ཟབ། །རྡོ་རྗེ་ལྟ་བུར་དབྱེར་མེད་པ། །སེམས་ཀྱི་རང་བཞིན་ཀུན་ཏུ་བཟང་། །སྐུ་གསུང་རྫོགས་པའི་བདེ་བ་ཆེ། །བསམ་མེད་རང་བཞག་ཉིད་ཀྱིས་གོ། །རིག་པའི་མཆོག་ལྡན་ཀུན་ཏུ་བཟང་། །བཀའ་ཡི་འཁོར་ལོ་འབུམ་ཕྲག་ལས། །ཏིང་འཛིན་མི་རྟོག་རང་བཞིན་གསལ། །རང་རིག་འགྱུར་མེད་རྡོ་རྗེའི་ལུང་། །ཡེ་ཤེས་རྫོགས་པའི་ལུང་གིས་ནི། །ཐམས་ཅད་ཡེ་ཤེས་ངོ་བོར་གསལ། །ཞེན་པའི་སྒྲོ་སྐུར་མ་ལུས་པ། །ཡེ་ཤེས་རིག་པའི་འཁོར་ལོས་གཅོད། །དྲན་གསལ་རིག་པའི་སྣང་བ་ལ། །གང་ལྡན་གསལ་བའི་རིག་པ་མཐོང་། །རང་གནས་ཡེ་ཤེས་འོད་གསལ་བ། །སྤྱན་དྲང་མ་ཡིན་ཡེ་གནས་པ། །ཡེ་ཤེས་ཀུན་ཏུ་འཕོ་འགྱུར་མེད། །ལྷུན་གྲུབ་རིག་པ་བཙལ་མེད་པས། །སྤྲོ་དང་བསྡུ་བ་རང་གིས་ཞི། །རང་བྱུང་ཁྱད་པར་ལམ་ཆེན་ཡིན། །བླང་དོར་གཉིས་མེད་རིག་པའི་ངང་། །


DNG006_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབུ་མ་མཐའ་བྲལ་ལ། །བགྲོད་པའི་ལམ་མེད་ཡེ་སངས་རྒྱས། །རིམ་པ་ཀུན་བྲལ་ཆོས་ཉིད་ལ། །རང་གསལ་འོད་ལ་གང་གནས་ལ། །རིམ་པར་མ་ཡིན་ཅིར་མི་དགོངས། །ཡེ་ཤེས་ཀུན་བཟང་ལམ་ཆེན་ལ། །བློ་ཡི་སྟོབས་ཀྱིས་གང་འཇུག་པ། །སྦྱོར་ལྡན་ཀུན་གྱི་ལམ་དང་བྲལ། །བཙལ་མེད་རང་བྱུང་བདེ་ཆེན་ནི། །འདོད་པའི་རྩོལ་བ་གང་འཕགས་པའི། །རིམ་འཇུག་རྒྱུ་འབྲས་མ་ལུས་སྟོང་། །ཀུན་བཟང་རང་རིག་འོད་གསལ་ལ། །འདོད་པའི་སྦྱོར་བ་གང་འཇུག་ན། །ཕྱོགས་བྲལ་རང་བྱུང་དོན་དང་བྲལ། །རྩ་བ་རྣམ་དག་མཁའ་ལྟར་ཁྱབ། །རྣམ་རྟོག་འཛིན་པའི་སྤྱོད་ཡུལ་མིན། །བགྲོད་མེད་སྟོང་པའི་ཐིག་ལེ་ནི། །རྣམ་པ་དང་མེད་གསང་བའི་སེམས། །བཏགས་པ་སྣ་ཚོགས་ངོ་བོ་ལ། །མི་གཡོ་རང་བཞིན་དཀྱིལ་འཁོར་ནས། །ཡེ་ཤེས་ཉི་མ་ཀུན་མཐོང་ཡང་། །ཤིན་ཏུ་སྦྱོར་ལྡན་རྣལ་འབྱོར་ལ། །བཏགས་པའི་སྣང་བ་མཐོང་བ་མེད། །བསམ་གྱིས་མི་ཁྱབ་གང་དུས་ན། །འོད་གསལ་ཡེ་ཤེས་དོན་སྣང་ཡང་། །གང་མཐོང་སྣ་ཚོགས་སེམས་དང་བྲལ། །རང་བྱུང་དག་པའི་དཀྱིལ་འཁོར་ལ། །རང་གཞག་རིག་པ་ཀུན་རྟོགས་ཀྱང་། །སྦྱོར་འདོད་སྣ་ཚོགས་མཐོང་བ་མེད། །གསང་བའི་འཁོར་ལོ་རྫོགས་པ་འདི། །རྒྱུ་རྐྱེན་མཐར་འགྱུར་རང་གནས་པ། །དྲི་མེད་སྙིང་པོ་རང་གསལ་བས། །རྒྱུ་རྐྱེན་འདོད་པའི་ངོ་བོས་སྟོང་། །གང་ཞིག་རྒྱུ་འབྲས་ངོ་བོ་ཉིད། །དཔེར་ན་རི་བོང་རྭ་བཞིན་ནོ། །རྒྱུ་མེད་རྒྱུས་བསྐྱེད་དེ་དང་འདྲ། །རང་གནས་ཡེ་ཤེས་གདོད་ནས་གྲུབ། །གང་དག་པ་ཡི་འཁོར་ལོ་ལ། །སྦྱོར་འདོད་རྒྱུས་རྩོལ་གང་ཞིག་ན། །མཐུན་པ་ཉིད་ན་མི་མཐུན་པ། །ཐུག་པ་མེད་དེ་གང་ལ་འཐད། །ཁྱད་མེད་པདྨའི་རང་བཞིན་དག །འདུ་བྱེད་ལས་ཀྱི་རྡོ་རྗེ་འཆང་། །འདུལ་མཛད་ཏིང་འཛིན་འབུམ་ཕྲག་ཡས། །བསམ་བྲལ་ཏིང་འཛིན་འོད་གསལ་སེམས། །ཐབས་འཇུག་སྒྲུབ་པ་མ་ལུས་ཡིན། །མི་གཡོ་ཐིག་ལེ་བྱང་ཆུབ་སེམས། །ཡོངས་སུ་སྟོན་པའི་ངོ་བོ་ཉིད། །རང་རིག་


DNG006_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་མཆོག་གི་སྐུ། །བྱང་ཆུབ་སེམས་ལ་ངོ་བོ་གཅིག །རིག་པ་མཆོག་གི་བསྟན་པ་ནི། །བརྗོད་མེད་ཀུན་ལ་རང་བཞིན་སྟོན། །རྣམ་དག་རིན་ཆེན་ལྟ་བུར་གསུངས། །མི་གཡོ་ཐིག་ལེ་ཉིད་དུ་གསལ། །ཡི་གེ་ཐ་དད་ཀུན་དང་བྲལ། །མ་འགགས་རང་སྣང་དོན་དུ་བཤད། །སྣ་ཚོགས་སྣང་བའི་རང་བཞིན་དག །རང་རིག་ངེས་དོན་ཉིད་དུ་བསྟན། །རྣམ་བཤད་རང་བྱུང་བསྟན་པའི་མཆོག །རང་རྩོལ་བྲལ་བའི་རང་བཞིན་གྱིས། །དེ་འཁོར་བསམ་པ་ཇི་བཞིན་བསྟན། །བསྟན་པའི་ཡན་ལག་འབུམ་ཕྲག་ལས། །རང་བྱུང་དག་པའི་ཤུགས་ཀྱིས་འབྱུང་། །འདོད་རྩོལ་བློ་ལ་དྲང་བ་དང་། །ཐུགས་ཀྱི་དགོངས་པ་ངེས་པའི་དོན། །གདུལ་བྱ་རབ་འབྲིང་དོན་དུ་བཤད། །ངེས་པའི་སྙིང་པོ་གསང་བ་ཉིད། །དྲང་བའི་དོན་མིན་རང་བྱུང་བཤད། །ཆོས་སྐུ་རང་བྱུང་བསྟན་པའི་མཆོག །དེར་འདུས་འཁོར་དང་བསྟན་པ་དག །ཉིད་ལས་མི་གཞན་རང་བྱུང་ཉིད། །རིག་པ་མཆོག་གི་སྦྱོར་བ་ལ། །སོ་སོ་མ་ཡིན་བརྗོད་བྱ་གཅིག །ཐ་སྙད་དུ་མའི་བརྗོད་བྱ་གང་། །ཀུན་བཟང་རིག་པའི་གསང་དོན་སྟོན། །བརྗོད་པ་དམན་པའི་སྐུ་ཡིས་བསྟན། །རང་བྱུང་རིག་པ་མཆོག་གི་སྐུ། །རང་བྱུང་མཆོག་གི་སྐུ་གསུམ་རྫོགས། །མ་བཅོས་རང་བཞིན་སྙིང་པོ་ལ། །འདོད་པ་རྣམ་པ་གང་ཡང་མིན། །བསྒྲུབ་བྱ་མ་ལུས་ཀུན་གྱི་བདག །ཡེ་ཤེས་ཉི་མ་སྒྲིབ་མེད་གསལ། །སྣང་བ་མ་ལུས་རང་བྱུང་སེམས། །རིག་མཆོག་ལྡན་པ་བདེ་གཤེགས་བཀའ། །རང་བྱུང་ཚད་མ་མངོན་སུམ་གསལ། །འཁོར་བའི་རྟོག་པ་གཅོང་རྙིང་དག །ཡེ་ཤེས་རང་རིག་ཉིད་དུ་འབར། །སྤྱི་བླུགས་ཚངས་པའི་ཐབས་ཀྱིས་གསལ། །གསང་བའི་དོན་མྱོང་འོད་གསལ་ལུང་། །གཟེར་ཆེན་མན་ངག་ཐེབ་པའི་སྒྲས། །རིག་པའི་བརྡ་འཇལ་ཚིག་དང་བྲལ། །མངོན་སུམ་ཡེ་ཤེས་གསལ་བ་ཡིས། །རྗེས་སུ་རང་གཞན་ཡེ་ནས་དཔགས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། འཁོར་བ་


DNG006_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རིག་པའི་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་བཀའ་སྩལ་པ། རང་བྱུང་རྫོགས་པ་ལྟ་བའི་ཀློང་། །མཉམ་ཉིད་ཡེ་ཤེས་རིག་པའི་སེམས། །སྣང་བ་ཡེ་ཤེས་རྫོགས་པ་ཉིད། །ནམ་མཁའ་རྡོ་རྗེ་ལྟ་བའི་མཆོག །བལྟ་མེད་རང་བྱུང་སེམས་ལ་བལྟ། །རྩོལ་མེད་རིག་པའི་རྣལ་འབྱོར་ཡིན། །འཇུག་པ་གཉིས་མེད་རིག་པའི་ཀློང་། །ཡེ་ཤེས་མཁའ་མཉམ་སྒྲ་དོན་མེད། །རང་གསལ་ཡུལ་ལ་མི་རྟོག་པས། །ཡེ་ཤེས་ཐིག་ལེ་ཉི་མ་ཤར། །སྣང་མེད་མ་འགགས་ཅིར་མི་དགོངས། །སྣང་བ་རིག་པའི་ཐིག་ལེར་བསྡུས། །སྡུག་བསྔལ་བདེ་བའི་ངང་དུ་གནས། །རེ་འདོད་ཀུན་བྲལ་ཐོབ་སྤང་མེད། །རང་བྱུང་བདེ་བའི་སེམས་ཉིད་ལ། །སྣང་བ་ཉིད་དུ་གྲུབ་པ་མེད། །བདེ་ཆེན་རིག་པ་མཚོ་ལྟར་ཟབ། །ཡེ་ཤེས་རིག་པ་མཁའ་ལྟར་མཉམ། །དངོས་གྲུབ་རིན་ཆེན་འོད་ལྟར་འབྱུང་། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རིག་པའི་རྒྱལ་པོས་རང་བཞིན་བསྟན་པའི་དོན་གསུངས་པ། རིག་པའི་སེམས་ཉིད་སྣང་མེད་ལ། །ཏིང་འཛིན་མི་གཡོ་འཇུག་པ་མེད། །རྩོལ་མེད་རིག་པ་བསམ་དང་བྲལ། །ཡེ་ཤེས་རྫོགས་པའི་འཁོར་ལོ་ལ། །ཐིག་ལེ་བདེ་ཆེན་བསམ་མི་ཁྱབ། །རོལ་པ་བདེ་ཆེན་ཆུ་རླབས་ལྟར། །ཡེ་ཤེས་ཇི་བཞིན་མི་བསྐྱོད་པ། །ཡེ་ནས་ཡིན་ཕྱིར་བྱ་མི་དགོས། །ཡེ་ཤེས་གསལ་བའི་ཕྱག་རྒྱ་ཡིས། །མཚན་མ་ཡེ་ཤེས་འཁོར་ལོ་བསྐོར། །འཛིན་པའི་རང་བཞིན་ཀུན་དང་བྲལ། །རང་བྱུང་སྙིང་པོ་གཡོ་མེད་ན། །དབང་བསྒྱུར་རྒྱལ་བའི་ཐུགས་དང་མཉམ། །ཏིང་འཛིན་རང་བཞག་མཁའ་དང་མཉམ། །མི་འགྱུར་ཡེ་ཤེས་མཁའ་ལྟར་ཁྱབ། །རྩོལ་བྲལ་རིག་པའི་ཡེ་ཤེས་ལ། །ཡེངས་པ་མེད་པར་རང་བཞིན་བཞག །དབང་པོའི་ངོ་ལ་སྣང་བ་ལ། །མི་རྟོག་རང་བཞིན་རིག་པར་གསལ། །ཡེ་ཤེས་ཀུན་བཟང་འཕྲོ་འདུ་མེད། །


DNG006_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་མི་འཛིན་རང་བྱུང་སེམས། །མཚན་མའི་སྤྱོད་པས་འགྱུར་བ་ནི། །བརྡ་སྒོ་འཇུག་པའི་གདམས་ངག་སྦྱིན། །ཏིང་འཛིན་འཁོར་ལོས་སྒྲོ་སྐུར་གཅོད། །ཡེ་ཤེས་འཁོར་ལོ་མཐའ་དབུས་མེད། །རང་རིག་འཁོར་ལོ་གཟུང་འཛིན་བྲལ། །ཤེས་རིག་ཡེ་ཤེས་ཉིད་དུ་འཆར། །འཛིན་པའི་རིམ་འཇུག་ཐེག་ཁྱད་ཀྱིས། །ངོས་བཟུང་རྟོག་དང་དམིགས་འབྱེད་པ། །འདོད་འཛིན་མ་ལུས་དེ་དག་སྟོང་། །རང་རིག་སྟོང་ཉིད་རྣམ་མཉམ་པས། །བདེ་ཆེན་ལྷུན་གྲུབ་རང་རིག་གསལ། །ཡེ་ཤེས་རིག་པའི་འཁོར་ལོ་ལ། །གང་ཡང་ཡིན་ནོ་རྣམ་ཀུན་བཅས། །ཡེ་ཤེས་རང་གསལ་མ་བསྒྲིབས་གསལ། །རྣམ་དག་ཡེ་ཤེས་རང་སྣང་ལ། །ཞེན་པའི་རྟོག་པས་བཟློག་ཏུ་མེད། །ལྷུན་གྲུབ་འབྲས་བུ་བཙལ་མི་དགོས། །ཀུན་བཟང་འབར་བའི་ཡེ་ཤེས་ལ། །གཟུང་འཛིན་གཉེན་པོ་བསྟེན་མི་དགོས། །ཐོགས་མེད་རང་བྱུང་ཕྱོགས་དང་བྲལ། །བྱང་ཆུབ་རང་སེམས་ཁོ་ན་བས། །ལམ་གྱིས་མ་བཅོས་ཡེ་སངས་རྒྱས། །གང་ཡང་རྣམ་པ་ཅིར་རྟོག་ཀྱང་། །རང་རིག་བདེ་ཆེན་མངོན་སུམ་གསལ། །འདོད་པའི་སྐབས་བྲལ་གང་མཐོང་ཚོར། །རང་བཞག་ཡེ་ཤེས་རྫོགས་པ་མཐོང་། །བཙལ་མེད་རང་བྱུང་རྡོ་རྗེའི་བདག །སྐྱེ་མེད་རྡོ་རྗེ་མི་འགྱུར་འཆང་། །ལྷུན་གྲུབ་རིན་ཆེན་འབར་བའི་འོད། །དྲི་མེད་པདྨ་རང་བྱུང་བདག །བཙལ་མེད་ལམ་གྱི་འཛིན་དང་བྲལ། །འཛིན་མེད་འཁོར་ལོ་འབར་བའི་སྐུ། །དུས་གསུམ་ཉིད་དུ་འདའ་བ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། ཏིང་འཛིན་ཡེ་ཤེས་སུ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རིག་པའི་རྒྱལ་པོས་ཡང་སེམས་ཉིད་ཕུན་སུམ་ཚོགས་པའི་དོན་གསལ་བར་བྱ་བའི་ཆེད་དུ་འདི་སྐད་ཅེས་གསུངས་སོ། །རང་བྱུང་རྣམ་དག་ཡེ་ཤེས་སྐུ། །བརྗོད་མེད་རིག་པའི་བསྟན་པ་བཀྲམ། །རང་སྣང་རིག་པ་སྨིན་པའི་འཁོར། །ཡེ་ཤེས་རྫོགས་པའི་རོལ་པ་བཤད། །རང་བྱུང་འོད་གསལ་གཅིག་ལ་རྫོགས། །རྩོལ་བྱས་དམན་པའི་


DNG006_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་འཁོར་ལ། །བློ་དང་མཐུན་པར་བསྟན་པ་བསྔགས། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །ཡེ་ཤེས་ཀུན་བཟང་སྟོན་པའི་ཐུགས། །དབྱེར་མེད་རང་བྱུང་ངོ་བོ་ཉིད། །བདེ་ཆེན་ལྷུན་གྲུབ་ཆོས་ཀྱི་དབྱིངས། །རྣམ་རྟོག་ཕྱི་ནང་ཇི་སྙེད་པ། །རང་བྱུང་གསལ་བའི་དོན་ལ་འདུས། །རྣམ་དག་རྫོགས་པ་དེ་ཉིད་ཀྱང་། །དྲན་བཞིན་ལོག་པའི་རྨོངས་པས་བཅིངས། །སྣང་མེད་རང་བྱུང་བདེ་ཆེན་ལ། །སྣ་ཚོགས་དངོས་པོར་རང་སེམས་འཁྲུལ། །བདེ་འབྱམས་དབྱིངས་ལས་མ་གཡོས་ཀྱང་། །འཁྲུལ་རྟོག་སྡུག་བསྔལ་སྣ་ཚོགས་མྱོང་། །རྣམ་དག་མི་གཡོ་ཐུགས་རྗེས་ཤོད། །ཅེས་ཞུས་སོ། །དེ་ནས་རིག་པའི་རྒྱལ་པོས་བཀའ་སྩལ་པ། ཡེ་ཤེས་རང་བྱུང་ཆོས་ཀྱི་སྐུ། །ཀུན་བཟང་ཡེ་ཤེས་ཆོས་ཀྱི་སྒོ། །བསྟན་པ་མ་ལུས་ཇི་སྙེད་པ། །བྱར་མེད་རང་བྱུང་སེམས་སུ་བཤད། །དེ་ཉིད་གང་ལ་དེ་དག་སྟེ། །གང་ལ་བཤད་པ་ཤུགས་ཀྱིས་གོ། །སྣང་དང་སྲིད་པའི་ཆོས་རྣམས་ཀུན། །རང་བྱུང་སེམས་ལས་མ་གཡོས་པས། །རང་རིག་རྫོགས་པ་ཤུགས་ཀྱིས་གསལ། །གང་ལ་གང་གསལ་ངོ་བོ་བསྟན། །ཤུགས་ཀྱིས་བརྒྱུད་ནས་དེ་མཐོང་བ། །རང་བྱུང་ཉི་མའི་འོད་ཀྱི་མཆོག །མ་བཅོས་གསལ་བའི་འཁོར་ལོ་ལ། །འཛིན་པའི་དྲི་མ་ཀུན་གྱིས་དབེན། །མན་ཤེལ་འོད་ལྟར་རིག་པ་འཆར། །བདེ་ཆེན་རིག་པའི་འཁོར་ལོར་བཤད། །བརྡ་དོན་སྒོ་ཡིས་རྒྱུད་དོན་རྟོགས། །རིག་པའི་གདེང་ལྡན་ཡེ་ཤེས་ཀློང་། །གསང་བའི་ཡེ་ཤེས་དགོངས་པ་ལ། །ཐུགས་རྗེ་རིན་ཆེན་འོད་ལྟར་འཕྲོ། །ཚིག་གི་དོན་བྲལ་ཡེ་ཤེས་རྫོགས་པ་ཆེ། །བརྡ་སྒོ་ལམ་གྱི་ཞེན་པ་གང་བཟློག་ཀྱང་། །བརྡའ་དང་ཐ་སྙད་རིག་པའི་སྙིང་པོར་འཆར། །རང་བྱུང་རྩ་བ་མ་ལུས་གཅིག་ཏུ་རྟོགས། །སྦྱོར་ལྡན་ལམ་གྱིས་རྟོག་པ་མ་ལུས་འདུལ། །དངོས་གྲུབ་རང་བྱུང་དགོས་གཅེས་བསམ་མི་ཁྱབ། །སྒྲོན་མེས་གསལ་བཞིན་ཡི་གེའི་དོན་དུ་བཤད། །བརྡ་བྲལ་སྟོང་ཉིད་རང་ལ་བཟློག་པར་བྱ། །དེ་


DNG006_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཞིན་ཏེ་ཐམས་ཅད་ཀུན་ལ་ཡིན། །རང་བྱུང་བདེ་ཆེན་འཁོར་ལོ་ལ། །ཡེ་ཤེས་དོན་དུ་རང་གསལ་ཞིང་། །འཛིན་མེད་རིག་པའི་མཁའ་ལ་བཞག །རྒྱུ་བ་མེད་པའི་ཡེ་ཤེས་བསྐྱེད། །རང་བཞིན་གསལ་དོན་འོད་ལ་བཞུགས། །སྐུ་གསུང་གསལ་བའི་དོན་ལྡན་ན། །ལྷུན་རྫོགས་ཡེ་ཤེས་ཐིག་ལེར་བཤད། །ཐ་སྙད་སྒྲ་ཡི་རྣམ་པ་ཀུན། །ཡེ་ཤེས་མཚོན་པས་འདྲེས་པའི་བརྡ། །དོན་ལ་བརྗོད་བྲལ་ཡེ་ཤེས་རྫོགས། །རིག་པའི་བརྡ་སྒོ་དོན་གསལ་བ། །ངེས་མེད་སྦྱོང་ལྡན་བློ་བཞིན་ནོ། །བདེ་ཆེན་རིག་པའི་རྒྱལ་པོ་ལ། །འོད་གསལ་རིག་པའི་འཁོར་ལོ་བསྐོར། །ཡི་གེ་མེད་པའི་རང་གསལ་ལ། །ཡེ་ཤེས་སྲོག་གི་ཕུར་པ་ཐེབས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། གཏན་ལ་ཕབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རིག་པའི་རྒྱལ་པོས། རང་རིག་པའི་ཕུན་སུམ་ཚོགས་པ་འདི་བཀའ་སྩལ་ཏོ། །ཡེ་ཤེས་ཁྱབ་བདག་རིག་པའི་སྐུ། །རང་བྱུང་རིག་པ་མ་འགགས་གསལ། །བརྗོད་མེད་སེམས་ཀྱི་དེ་ཁོ་ན། །རང་བྱུང་སྟོན་པ་ཐུགས་རྗེའི་བདག །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །རང་སེམས་སྟོན་པར་མ་ཤེས་ན། །རང་བྱུང་མཐོང་བར་ཡོངས་མི་འགྱུར། །དེས་ན་ཡེ་ཤེས་རྫོགས་པའི་དོན། །རང་རིག་བདེ་བར་ཤེས་པར་གྱིས། །རང་བྱུང་རྒྱལ་པོ་སྟོན་པའི་མཆོག །ཡེ་ཤེས་མ་འགགས་ཅིར་ཡང་གསལ། །རིག་པ་ཀློང་གི་འཁོར་དུ་རྫོགས། །རང་སེམས་བདེ་ལ་ཀུན་རྫོགས་པས། །བསྟན་པ་རྒྱ་མཚོ་རིག་པའི་ཀློང་། །རྣམ་དག་རང་སེམས་སྐྱེ་མེད་པས། །འགྱུར་མེད་འཁོར་ལོ་རིག་པའི་གནས། །ཡེ་ཤེས་རྩལ་མེད་གནས་ཀྱི་མཆོག །རང་བྱུང་སྟོན་པ་འོད་གསལ་ཐུགས། །འཛིན་པ་མེད་པའི་ཉི་མ་ཤར། །མེ་ཤེལ་འོད་ལྟར་བྱིན་རླབས་འཁྲིགས། །འོད་གསལ་རིག་པའི་བསྟན་པ་སྒྲོགས། །རང་བྱུང་རྐྱེན་བྲལ་གནས་ཀྱི་མཆོག །རང་བྱུང་བདེ་ཆེན་ཡེ་ཤེས་རོལ་པའི་སྐུ། །ཡི་གེ་བརྡ་བྲལ་ཡེ་ཤེས་རིག་པའི་གསུང་། །ཚིག་གི་ལམ་ཆད་


DNG006_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྒྲོན་མེ་འབར། །ལེན་མེད་འཛིན་མེད་བདེ་མཆོག་གསང་བའི་ལམ། །བརྡ་ཡི་འཇུག་པས་གསང་བའི་དོན་མི་གསལ། །མིང་དང་དོན་མེད་རང་བྱུང་ཡེ་ཤེས་གསལ། །རིག་པ་ཐིག་ལེ་གསལ་བ་གསུངས། །བརྗོད་མེད་ཡེ་ཤེས་འཁོར་ལོ་བདག །ཐ་སྙད་ཀུན་བྲལ་བརྗོད་བྱ་བདག །བདག་མེད་རང་བྱུང་ཡེ་ཤེས་ཉིད། །རིག་པའི་འཁོར་ལོ་དག་ལ་འཆར། །བདེ་ཆེན་འོད་འབར་ཐིག་ལེའི་མཐའ། །རང་བྱུང་གཟེར་ཆེན་རང་ལ་འདེབས། །རང་བྱུང་འཁོར་ལོ་རང་ལ་གཅོད། །རིག་པའི་ཕྱག་རྒྱ་འགྱུར་བ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། ཕུན་སུམ་ཚོགས་པའི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རིག་པའི་རྒྱལ་པོས་བཙལ་བ་མེད་པའི་ཆོས་དང་ཆོས་ཅན་མི་དམིགས་པ་འདི་བཀའ་སྩལ་ཏོ། །བཙལ་མེད་རང་བཞིན་ཡེ་སངས་རྒྱས། །རྣམ་དག་རང་བྱུང་སྙིང་པོ་ལ། །ཐམས་ཅད་ཡེ་ཤེས་སྙིང་པོར་གསལ། །ཡེ་ཤེས་འཁོར་ལོ་སྣང་བ་མེད། །ཡེ་ཤེས་རིན་ཆེན་རྩོལ་དང་བྲལ། །རང་བྱུང་མི་འགྱུར་ཀུན་ཏུ་བཟང་། །སེམས་ཉིད་བྱང་ཆུབ་རིགས་བདག་ལ། །ལུས་ངག་སེམས་ཀྱི་རྩོལ་མེད་པས། །ཏིང་འཛིན་མི་གཡོ་འཇུག་དང་བྲལ། །རང་བྱུང་འཁོར་ལོ་རོལ་པར་རོལ། །ཡེ་ཤེས་སྤྱོད་པ་པདྨ་ལྟར། །སྤྱོད་བཞིན་མ་ཆགས་ཡེ་ནས་དག །བསམ་དང་བྲལ་བའི་ཆོས་ཉིད་ལ། །ཡེ་ཤེས་འཁོར་ལོ་རང་བཞིན་ཏེ། །དུས་གསུམ་གཡོ་བ་མེད་པར་གནས། །རྟོག་པའི་དངོས་པོ་སྣང་བ་ཡང་། །རང་བྱུང་རིག་པའི་འཁོར་ལོས་གཅོད། །རིག་པ་རྒྱ་མཚོ་མཁའ་ལྟར་ཟབ། །མངོན་སུམ་སྣང་བའི་ཡེ་ཤེས་ལ། །སངས་རྒྱས་སེམས་ཅན་ཁྱད་མེད་ཀྱང་། །རང་དབང་སེམས་ལ་མི་གནས་ན། །སེམས་ཉིད་བདེ་བར་སྤྱོད་མི་ནུས། །འཛིན་མེད་དག་གི་ལྕགས་བཀྲོལ་ཡང་། །གོམས་པའི་བག་ཆགས་བཅིངས་དང་འདྲ། །ཡེ་ཤེས་འཁོར་ལོ་རབ་དབང་ན། །ཇི་ལྟར་གནས་ཀྱང་བྱ་རྩོལ་མེད། །རིག་པ་མཐའ་བྲལ་དཀྱིལ་འཁོར་ལ། །ལུས་ཀྱིས་རྩོལ་


DNG006_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དཀྱིལ་འཁོར་གསལ། །རང་སྣང་རིག་པ་འོད་གསལ་ལ། །ངག་གི་རྩོལ་མེད་རིག་པའི་གསུང་། །མི་འགྱུར་ཀུན་བཟང་ཡེ་ཤེས་ལ། །ཐུགས་ཀྱི་རྩོལ་མེད་བསམ་དང་བྲལ། །སྣང་བ་གཟུགས་ཀྱི་སྣང་བ་ཀུན། །མཉམ་ཉིད་ཆོས་ཀྱི་སྐུ་རུ་ཐིམ། །གྲག་པ་སྒྲ་ཡི་སྣང་བ་ཀུན། །མཚོན་པའི་རང་རྟགས་གསུང་དུ་ཐིམ། །ཤེས་རིག་མ་ལུས་ཇི་སྙེད་པ། །ཐུགས་ཀྱི་མཚོན་པའི་རང་རྟགས་ཏེ། །ཡེ་ཤེས་རིག་པའི་ཐུགས་སུ་ཐིམ། །རིག་པ་འགྱུར་མེད་རྡོ་རྗེ་ལྟར། །དབྱེར་མེད་ཡེ་ཤེས་བྱ་བཙལ་བྲལ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཞུས་སོ། །རྣམ་དག་ཡེ་ཤེས་དཀྱིལ་འཁོར་ན། །འགྲོ་དྲུག་ཡེ་ནས་སངས་རྒྱས་ཀྱང་། །ལམ་སྟོབས་དྲག་པོས་བདག་ཞུགས་ཏེ། །རང་རྐྱེན་ལོག་པའི་ཤུགས་ཀྱིས་དཀྲུགས། །རང་བཞིན་རིན་ཆེན་ནོར་བྲལ་བས། །རིགས་དྲུག་གནས་སུ་འཁོར་བར་འཁྱམས། །དུས་འདིར་ཐུགས་རྗེའི་བྱིན་རླབས་ཀྱིས། །རྫོགས་པའི་སེམས་ལ་མོས་བསྐྱེད་པ། །དེ་བས་རྩོལ་བྲལ་འབྲས་བུ་ཡོད། །རྣམ་རྟོག་གཡོ་བ་ཅི་འགྱུ་བ། །རིག་པའི་དོན་ལ་གང་གིས་བསྟན། །ངེས་པའི་གསང་མཛོད་གང་གིས་མཐོང་། །ཞེས་གསུངས་སོ། །དེ་ནས་རིག་པའི་རྒྱལ་པོས་བཀའ་སྩལ་པ། ཡེ་ཤེས་རྫོགས་པའི་སེམས་བསྐྱེད་བཟུང་། །སྤྲོས་པའི་སེམས་ལྡན་དོན་ལ་སྦྱོར། །རང་གཞག་རིག་པ་མ་ཡིན་པར། །བརྡ་སྒོ་དྲག་པོའི་རྗེས་མ་འབྲང་། །བདེ་ཆེན་གསང་བའི་འཁོར་ལོ་ལ། །གཉིས་སུ་མེད་པའི་རང་བཞིན་པས། །ཆོས་ཅན་ཆོས་གཉིས་གང་ཡང་མིན། །འདོད་པའི་བློ་ཡིས་གང་སྦྱར་བ། །དམན་པའི་སེམས་ལ་བསྟན་པར་ཟད། །བསམ་བྲལ་ཡེ་ཤེས་འཁོར་ལོ་ལ། །ཆོས་དང་ཆོས་ཉིད་གང་འདོད་པ། །རང་བྱུང་གསང་བའི་སེམས་མ་ཤེས། །བདེ་མཆོག་འཁོར་ལོའི་དོན་མ་རྙེད། །མི་འགྱུར་གསལ་བའི་སེམས་དང་བྲལ། །ཡེ་ཤེས་རིན་ཆེན་འོད་ཀྱང་ནུབ། །འཁོར་བའི་ལྕགས་ལས་ཐར་བ་མེད། །སྣ་ཚོགས་འཁོར་ལོའི་རང་བཞིན་ལ། །རྨོངས་པའི་བློ་ཡིས་བླང་


DNG006_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དོར་མེད། །གཉིས་མེད་རང་འོད་གསལ་བ་ལ། །སྒྲོ་དང་སྐུར་བས་རང་སེམས་སྤོང་། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། རྩོལ་བ་མེད་པ་ཆོས་དང་ཆོས་ཅན་མ་གྲུབ་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་རིག་པའི་རྒྱལ་པོས་ཡེ་ཤེས་རིག་པའི་སྤྱོད་པ་འདི་གསུངས་སོ། །ཡེ་ཤེས་བདེ་མཆོག་ཀུན་ཏུ་བཟང་། །རང་བྱུང་ནམ་མཁའ་རྡོ་རྗེ་ཉིད། །ཅི་ལ་སྤྱོད་ཀྱང་ཆགས་པ་མེད། །སྒོ་གསུམ་བག་ཡངས་ལྷུག་པ་ཉིད། །སྣང་མེད་རང་བྱུང་ཡེ་ཤེས་གསལ། །རང་གཞག་ཡེ་ཤེས་སྤྱོད་པ་ལ། །བླང་དོར་གཉིས་མེད་བདེ་ཆེན་ངང་། །མཁའ་མཉམ་ཡེ་ཤེས་རང་བྱུང་ལ། །དུས་གསུམ་འདའ་བ་མེད་པར་གནས། །རང་འབར་ཡེ་ཤེས་དཀྱིལ་འཁོར་ནས། །དངོས་གྲུབ་རིན་ཆེན་འོད་ལྟར་འབྱུང་། །ཡེ་ཤེས་རྒྱ་མཚོ་མུ་མཐའ་མེད། །འོད་གསལ་རིག་པའི་གདེང་ལྡན་ལ། །མཚོན་པ་ལམ་གྱི་རྒྱུ་དང་བྲལ། །རང་བྱུང་ལུང་གི་དོན་མཐོང་བས། །ལུང་ཆེན་ཚད་མ་ཀུན་གྱི་བདག །རིག་པའི་ཡེ་ཤེས་བརྗོད་བྲལ་བས། །བརྗོད་པའི་ལུང་ལ་སེམས་མི་འཇུག །སེམས་ཉིད་རིག་པའི་སྒྲོན་མ་ནི། །རིན་ཆེན་མེ་ཤེལ་ལྟར་གསལ་བས། །རིན་ཆེན་མན་ངག་ཀུན་གྱི་བདག །ཀུན་གསལ་མེ་ལོང་མཐོང་ཐོབ་པས། །རྣ་བརྒྱུད་སྒྲ་ལ་རག་མ་ལས། །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །རང་བྱུང་གསལ་བའི་ཉི་མ་ཤར། །བསམ་སྦྱོར་བློ་ཡི་དྲི་མ་དག །འདོད་འཇུག་རིམ་རྩོལ་ཀུན་དང་བྲལ། །བསམ་མེད་རང་བཞག་སྤྱོད་པར་གནས། །སྐུ་གསུམ་རིག་པའི་དཀྱིལ་འཁོར་ནས། །ཐུགས་རྗེ་ཉི་མའི་ཟེར་ཤར་ནས། །འགྲོ་འདུལ་སྤྱོད་པ་ཅི་བདེར་སྤྱོད། །ཐབས་ཀྱི་རིག་པ་རང་ཤར་ནས། །ཡེ་ཤེས་གསལ་བར་འགྲོ་དོན་མཛད། །ཡེ་ཤེས་རང་བྱུང་འདྲེན་སྐུར་ཤར། །སྣ་ཚོགས་སྤྲུལ་སྐུར་རིན་ཆེན་སྤྲོས། །གང་དག་དམན་པའི་འཁོར་དག་ལ། །བློ་དང་མཐུན་པའི་བསྟན་པ་བཀོད། །འདོད་པའི་བློ་ཡིས་དཔག་མེད་ཀྱང་། །ཐིག་ལེ་གཅིག་ལས་འདས་པ་མེད། །སྦྱོར་ལྡན་བློ་ཡི་ཐེག་པ་རྣམས། །ཡེ་ཤེས་ཐུགས་ཀྱི་སྐུར་བྱུང་


DNG006_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རང་བྱུང་གཅིག་ལ་བསྟན་པར་ཟད། །རིམ་འཇུག་བློ་ཡི་ཐེག་པ་རྣམས། །འདྲེན་པའི་སྐུ་ཡིས་དྲང་དོན་བསྟན། །ངེས་པའི་ཐེག་གཅིག་སྙིང་པོ་ལ། །འདོད་པའི་ཡན་ལག་ཀུན་དང་བྲལ། །བསྟན་པའི་རྣམ་པ་མ་ལུས་ཀུན། །ཡེ་ཤེས་རིག་པའི་བཀའ་ལ་རྫོགས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་རིག་པའི་རྒྱལ་པོས། རང་བྱུང་རྫོགས་པའི་དཀྱིལ་འཁོར་འདི་བཀའ་སྩལ་ཏོ། །སེམས་ཉིད་རང་བྱུང་དཀྱིལ་འཁོར་ལ། །མ་བཅོས་རིག་པ་ལྷུན་གྲུབ་སྟེ། །མཐའ་དབུས་མེད་པའི་གཞལ་ཡས་ན། །རང་དབང་ཡེ་ཤེས་རྫོགས་སངས་རྒྱས། །རང་བྱུང་རིག་པ་འཁོར་མཐའ་མེད། །ལྷུན་གྲུབ་ཕོ་བྲང་ཆེན་པོ་ནི། །སྤྱན་དྲངས་མ་ཡིན་ཡེ་སངས་རྒྱས། །རང་བྱུང་གསལ་བའི་སྔགས་ལྡན་པའི། །ལྷ་ཡི་སྙིང་པོ་དབུལ་མི་དགོས། །བདེ་ཆེན་གསལ་བའི་དོན་ལྡན་པས། །ཡེ་ཤེས་གསང་བའི་དཀྱིལ་འཁོར་མཉེས། །རང་བྱུང་གསང་བའི་སེམས་ཉིད་ཀུན་གྱི་ལྷ། །དུས་གསུམ་འདུ་འབྲལ་མེད་པ་ཐུགས་དམ་མོ། །རྣམ་དག་རིག་པ་ཀ་དག་ལ། །ཉེས་པའི་དྲི་མ་དང་བྲལ་བའི། །ཡེ་ཤེས་དམ་ཚིག་རྣམ་པར་དག །བརྗོད་མེད་རིག་པའི་དོན་མཐོང་ན། །རང་བྱུང་གསལ་བའི་དམ་ཚིག་ཐོབ། །རང་བཞག་སེམས་ལས་མི་འདའ་ན། །མི་རྟོག་དམ་ཚིག་ཉིད་ཡིན་པས། །རང་བྱུང་དམ་ཚིག་རྣམ་པར་དག །མི་རྟོག་ཡེ་ཤེས་འཛིན་བྲལ་ལ། །བསོད་ནམས་ཡེ་ཤེས་ལྷུན་གྱིས་གྲུབ། །རྡོ་རྗེ་གསང་བའི་དཀྱིལ་འཁོར་ནི། །འགྱུར་མེད་རང་བྱུང་ཀུན་ཏུ་བཟང་། །ཡེ་ཤེས་གསང་བའི་དཀྱིལ་འཁོར་རོ། །མཐའ་དབུས་མེད་པའི་སྙིང་པོ་ལ། །སྤང་ལེན་མེད་པའི་སེམས་ཀྱིས་འཇུག །རང་བཞིན་རྣམ་དག་དབྱེ་བ་མེད། །ལྷུན་གྲུབ་རང་བཞིན་ཡེ་སངས་རྒྱས། །རང་རིག་འོད་གསལ་རྣམ་པར་དག །ཡེ་ཤེས་གང་མཚོན་མཚན་ཉིད་མཚན། །ལྷུན་གྲུབ་རང་རིག་ཀུན་ཏུ་བཟང་། །ཡེ་ཤེས་རྫོགས་པའི་


DNG006_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བལྟ། །གཟུང་འཛིན་དང་བྲལ་དྲི་མ་མེད། །ཡེ་ཤེས་སྒྱུ་མ་ཀུན་ཏུ་བཟང་། །རང་བྱུང་སྒྱུ་མ་ངོས་བཟུང་མེད། །རྣམ་དག་རང་བྱུང་དཀྱིལ་འཁོར་གསུམ། །མ་སྐྱེས་ལྷུན་གྲུབ་བྱ་བ་མེད། །དོན་ལ་གང་འཇུག་སྦྱོར་ལྡན་རྣམས། །ཡི་གེ་བརྡ་མེད་གཉིས་མེད་གསལ། །སྒྱུ་མ་བྱ་བྲལ་རིག་པས་རྟོགས། །རང་སྣང་རིག་པའི་འོད་ལ་བཞུགས། །བསམ་མེད་རང་བཞག་ས་ལེ་བ། །ཅི་ཡང་མ་ཡིན་གྱི་ན་བ། །རང་གསལ་ཡེ་ཤེས་ཉི་མའི་འོད། །ཀུན་བཟང་རྒྱལ་བའི་ཐུགས་དམ་མོ། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །སྣང་མེད་རང་སྣང་བདེ་ཆེན་ལ། །བརྟགས་པའི་སྣང་བས་གཉིས་སུ་མཐོང་། །རང་བཞིན་རྣམ་དག་གསེར་བཞིན་ཡང་། །ཐོག་མེད་དུས་ནས་དོན་མ་མཐོང་། །དུས་འདིར་སྦྱོར་འཇུག་གང་དག་ནི། །གསང་བའི་དོན་ལ་མོས་པས་འཇུག །གསལ་བྱེད་རིན་ཆེན་སྒྲོན་མ་གང་། །འཛིན་པའི་དྲི་མ་གང་གིས་དག །བདེ་ཆེན་གསང་བ་གང་གིས་མཉེས། །ཞེས་ཞུས་སོ། །དེ་ནས་རིག་པའི་རྒྱལ་པོས་བཀའ་སྩལ་པ། བསམ་གྱིས་མི་ཁྱབ་དུས་གང་ལ། །གང་ལྡན་རིག་པའི་ལྡེ་མིག་གིས། །རིན་ཆེན་སེམས་ཉིད་ཁོང་དུ་ཆུད། །སྣང་བའི་སྣང་བ་ཅི་འགྱུར་ཡང་། །ཡིད་ལ་མི་བྱེད་རང་བཞག་ན། །འཛིན་པའི་དྲི་མ་རྣམ་པར་དག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། དཀྱིལ་འཁོར་གསང་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རིག་པའི་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཉིད་གསང་བ་སྔགས་ཀྱི་ལྷ། །རང་བཞིན་དག་པས་སྦྱང་མི་དགོས། །ལྡན་པ་དེ་ཉིད་ཙམ་དུ་ཟད། །རང་རིག་རྫོགས་པའི་ཡེ་ཤེས་ལ། །ངོ་བོར་གྲུབ་པ་གང་ཡང་མེད། །རྟོག་པའི་མཐུ་ཡིས་ཅིར་ཡང་མཐོང་། །མེ་ལོང་དག་པའི་གཟུགས་བརྙན་ལྟར། །ཡེ་ཤེས་གསང་བའི་གདམས་པ་ཡིས། །རིག་པའི་ཡེ་ཤེས་ཀུན་ཏུ་བཟང་། །ཡི་གེ་མེད་པའི་དོན་དུ་མཐོང་། །


DNG006_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རང་གསལ་རྗེས་སུ་རང་བཞག་ན། །ཡེ་ཤེས་རྫོགས་པ་རྗེས་སུ་དཔག །རང་རིག་རྫོགས་པ་ཉིད་ན་གསལ། །ཡེ་གསལ་རིག་པའི་འཁོར་ལོ་ལ། །འདོད་པའི་བློ་ཡིས་གང་རྩོལ་བ། །རང་འདོད་ཐེག་པའི་ཁྱད་པར་ནི། །གསང་བའི་དོན་ལ་མ་ལུས་སྟོང་། །འདོད་པའི་སྟོབས་ཀྱིས་ཕོངས་ནས་རྩོལ། །རང་གསལ་འཁོར་ལོའི་དོན་དང་འགལ། །འདོད་རྒྱུས་གསལ་བའི་ཡེ་ཤེས་ཀྱང་། །རྩོལ་བ་ཉིད་ལས་འདའ་བ་མེད། །རྫོགས་པའི་ཡེ་ཤེས་བདེ་ཆེན་ནི། །རང་བཞིན་རིག་པའི་འཁོར་ལོས་དག །རྣམ་དག་རང་བྱུང་འོད་གསལ་ལ། །གློ་བུར་སྒྲིབ་པ་ངང་གིས་མེད། །རང་བཞིན་མ་ཡིན་རྐྱེན་གྱིས་སྣང་། །རང་བཞིན་ངོ་བོ་གང་དག་ནི། །གློ་བུར་རྐྱེན་ལ་རག་ལས་མིན། །རང་གསལ་རིག་པའི་རང་བཞིན་དང་། །འཁོར་བའི་རྟོག་པའི་རང་བཞིན་གཅིག །གང་ལ་སྤང་བྱ་མ་ཡིན་ཏེ། །གང་གི་རྣམ་པ་དེ་གང་བཞིན། །དེ་བཞིན་འགྱུར་བ་དེ་ཉིད་མེད། །སེམས་ནི་ཇི་བཞིན་མཉམ་པ་ཉིད། །སངས་རྒྱས་ཐུགས་ཀྱི་རྣལ་འབྱོར་རོ། །ཡང་དག་ལམ་ལ་ཡི་གེ་མེད། །སྙིང་པོ་ཉིད་དུ་བདག་འཇུག་པས། །ཐོབ་པ་མེད་ཅིང་སྤང་བ་མེད། །རིག་པའི་ཐུགས་ལ་གསལ་བས་གསང་། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་ནི། །རྣམ་ཤེས་དམིགས་པའི་ཡུལ་ལས་འདས། །རིག་པ་འོད་གསལ་གཟུང་འཛིན་མེད། །བྱང་ཆུབ་སྙིང་པོར་བཞུགས་པའི་ཚེ། །ངོ་བོ་ཉིད་ནི་དམིགས་སུ་མེད། །ཡེ་ཤེས་ཀུན་བཟང་རྣམ་པར་དག །འབར་བའི་ཏིང་འཛིན་ངོ་མཚར་ཆེ། །རང་གསལ་རིག་པ་ཅིར་མི་དགོངས། །བདེ་གཤེགས་འཁོར་ལོ་ངོ་བོ་ནི། །མི་འཇོམས་པ་ཡི་རྡོ་རྗེ་འཆང་། །ཀུན་བྱུང་རིན་ཆེན་ལྟ་བུའི་འོད། །སྐྱོན་ཁྱད་མ་གྲུབ་འོད་གསལ་ཉིད། །བཅོས་མེད་དགོངས་པ་ཅི་ཡང་མིན། །གཞན་ན་དེ་ལ་དེ་བཞིན་པ། །ཤེས་པ་དུ་མ་གང་མ་ངེས། །དེ་འོད་ཉིད་ལ་དེ་ལྟར་འགྱུར། །རྩོལ་འཇུག་གང་དག་དེ་དོན་ལ། །མཐར་འགྱུར་དེ་བཞིན་དེ་ལ་
འབྱུང་། །དེས་ན་གནས་པའི་དོན་ཡིན་ན། །བདེ་ལྡན་རིག་པའི་སངས་རྒྱས་ལ། །རྟོག་པའི་རྣམ་པ་ཀུན་མེད་པས། །གང་ཞིག་འབྲས་བུ་ཇི་ལྟར་འདོད། །སྦྱོར་ལྡན་དོན་ལ་ཡིན་པས་ན། །དེ་བཞིན་ཐམས་ཅད་དག་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། རིག་པ་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ལེའུ་སྟེ་བཅུ་པའོ།། །། བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །། བར་འདིར་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་རྣལ་འབྱོར་པའི་རྒྱུད་འཛུད།

རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་རྣལ་འབྱོར་མ་ཡི་རྒྱུད།


DNG006_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་རྣལ་འབྱོར་མ་ཡི་རྒྱུད། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད། སྐུ་གསུང་ཐུགས་ཀྱི་རང་བཞིན། བདེ་བའི་མཆོག །བཙུན་མོ་དམ་པ་བདེ་བའི་མཆོག་གི་པདྨ་ལ་རྣམ་པར་བཞུགས་སོ། །དེ་ཡི་བྱིན་གྱིས་རླབས་ལས་བྱུང་བ། ལོངས་སྤྱོད་རྫོགས་པར་མཛད་པའི་ལོངས་སྤྱོད་ཆེན་པོ། བཙུན་མོ་དམ་པའི་པདྨ་གཞལ་ཡས་ཁང་བརྩེགས་པ། དབྱིབས་དང་ཚད་དཔག་ཏུ་མེད་པ། རྡོ་རྗེ་རྣམ་པར་སྣང་མཛད་དང་། རྡོ་རྗེ་མི་བསྐྱོད་པ་དང་། རྡོ་རྗེ་དཀོན་མཆོག་དཔལ་དང་། རྡོ་རྗེ་ཚེ་མཐའ་ཡས་དང་། རྡོ་རྗེ་གྲུབ་པ་གདོན་མི་ཟ་བ་དང་། བཙུན་མོ་དམ་པ་ཡངས་པའི་སྤྱན་དང་། མི་བསྐྱོད་མ་དང་། དོན་རིན་ཆེན་དཔལ་མ་དང་། ཚེ་དཔག་མེད་མ་དང་། གྲུབ་མ་གདོན་མི་ཟ་བ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། བྱམས་པ་དང་། འཇམ་པའི་དབྱངས་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་དང་། བཙུན་མོ་དམ་པ་སྒེག་མོ་དང་། ཕྲེང་བ་མ་དང་། དབྱངས་མ་དང་། གར་བྱེད་མ་དང་། བདུག་སྤོས་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། དྲི་ཆབ་མ་དང་། དམ་པའི་སྒོ་


DNG006_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་གཤིན་རྗེ་གཤེད་པོ་དང་།རྣམ་པར་རྒྱལ་བ་དང་། པདྨ་མཐར་བྱེད་དང་། བདུད་རྩི་ཐབ་སྦྱོར་དང་།བཙུན་མོ་དམ་པ་གཤིན་རྗེ་གཤེད་མོ་དང་། རྣམ་པར་རྒྱལ་མ་དང་། པདྨ་མཐར་བྱེད་མ་དང་། བདུད་རྩི་ཐབ་སྦྱོར་མ་དང་། དེ་དག་ལ་སོགས་པ་འཁོར་རྣམས་དང་གཉིས་སུ་མེད་པར་བཞུགས་སོ། །དེ་ཡང་དཔེར་ན་ཏིལ་འབྲུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་པ་སྟེ། དེ་དག་གི་འོད་ཀྱིས་འཇིག་རྟེན་གྱི་ཁམས་སྣང་བར་བྱས། གང་བར་བྱས། ཁྱབ་པར་བྱས་ནས། ལྷན་ནེ་ལྷང་ངེ་བ་ཇི་ལྟ་བ་བཞིན་དུ་གནས་པར་གྱུར་ཏོ། །དེ་ནས་ལོངས་སྤྱོད་པར་མཛད་པའི་ལོངས་སྤྱོད་ཆེན་པོའི་བྱིན་རླབས་ལས། ཐུབ་པ་ཆེན་པོ་རྣམས་སྟོང་གསུམ་གྱི་སྟོང་ཆེན་པོ་རྣམས་སུ་འབྱུང་བར་གྱུར་ཏེ། དེ་དག་གི་མཐུས་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས། ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་འུར་འུར། དེ་ནས་མཐའ་དང་དབུས་ཀྱང་མཉམ་པར་གྱུར་ནས། སེམས་ཅན་ཐམས་ཅད་འདུལ་བར་མཛད་དོ། །དེ་ཡང་སྨོན་ལམ་གྱི་དབང་གིས་སྐུ་སྣ་ཚོགས་པ་དང་། གསུང་སྣ་ཚོགས་པ་དང་།ཐུགས་སྣ་ཚོགས་པས་འདུལ་བར་མཛད་དོ། །སྐུའི་འདུལ་བ་ནི་མིའི་ཆ་བྱད་དུ་གྱུར་ནས། བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་དང་། གཞན་ཡང་སེང་གེའི་ཆ་བྱད་དང་། གླང་པོ་ཆེའི་ཆ་བྱད་ལ་སོགས་པས་འདུལ་བར་མཛད་དོ། །གསུང་གི་འདུལ་བ་ལ་ནི་ལྷ་ལ་ལྷའི་སྐད་དང་། ཀླུ་ལ་ཀླུའི་སྐད་དུ་འདུལ་བར་མཛད་དོ། །ཐུགས་ཀྱི་འདུལ་བ་ལ་ནི་ཏིང་ངེ་འཛིན་གྱི་འོད་ཟེར་དང་། རྫུ་འཕྲུལ་གྱིས་ཆོ་གས་འདུལ་བར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པའི་རྒྱུད་


DNG006_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལོངས་སྤྱོད་པར་མཛད་པའི་ལོངས་སྤྱོད་ཆེན་པོ་དེས། རྒྱལ་པོ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།འཁོར་གྱི་ནང་དུ་ཞལ་འཛུམ་པར་མཛད་ནས་མི་སྣང་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ། མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་པོ་མཆོག །ཐབས་མཁས་ཐུགས་རྗེས་གཟུང་སླད་དུ། །སྐུ་ཡི་དབྱིག་ཏུ་བདག་སྦྱོར་ཅིག །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེས། ཀུན་ཏུ་བཟང་པོའི་གཟུགས་སུ་བྱུང་ནས། ཞལ་གསུམ་ཕྱག་དྲུག་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ལ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པས། ཕྱི་ནང་གསང་བའི་མཆོད་པས་ཡང་དག་པར་མཆོད་དེ། ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བདག་ཅག་རྣམས་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བར་མཛད་དེ། མཚན་མ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས་བརྗོད་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡང་མཉེས་པས་ཁྱབ་པར་གྱུར་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ་རྒྱུད་འདི་རྟོགས་དཀའ་བས། དེ་དག་གི་ཐབས་ཞུ་འདོད་པ། ལེགས་སོ་ལེགས་སོ་བྱང་ཆུབ་ཆེ། །ལེགས་སོ་ལེགས་སོ་གུས་པར་ཉོན། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་དགའ་བའི་སྤྱན་རྒྱས་པས་ཡང་ནས་ཡང་དུ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་ཀྱི་


DNG006_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས། །ཨེ་མ་ཧོ་སངས་རྒྱས་གསུངས་པ་ལེགས། །ཨེ་མ་ཧོ་བྱང་ཆུབ་ཆེན་པོའི་མཆོག །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཨེ་མ་ཧོ་སེམས་ཅན་ཐམས་ཅད་ནི། །བྱང་ཆུབ་ཏུ་ནི་སྒྲུབ་པའི་ཐབས། །ཤིན་ཏུ་སྦྱོར་བའི་ཏིང་འཛིན་མཆོག །གཟུ་བོ་ཆེན་པོས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་བྱང་ཆུབ་སྒྲུབ་པའི་ཐབས། །ཡང་དག་ཤིན་ཏུ་རྣལ་འབྱོར་འདི། །མྱུར་དུ་བླ་མེད་འདོད་པའི་ཕྱིར། །ཉོན་ཅིག་ང་ཡིས་བཤད་པར་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། ཟིལ་གྱིས་གནོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཁོར་རྣམས་གསང་བའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བར་མཛད་དོ། །དེ་ནས་གདོད་ཆོས་འཆད་དོ། །ཀུན་གྱི་རང་བཞིན་དེ་བཞིན་ཉིད། །ཀུན་གྱིས་བསྒྲུབ་པར་བྱ་བ་སྟེ། །ཐབས་སུ་ཡེ་ཤེས་བསྐྱེད་པ་ལ། །ཕྱོགས་སུ་བལྟས་པས་མཐོང་བ་མེད། །དེ་བཞིན་ཉིད་ཀྱི་རང་བཞིན་ནི། །སུས་ཀྱང་མཐོང་བར་མི་ནུས་ཏེ། །སངས་རྒྱས་ཀྱིས་ཀྱང་མ་གཟིགས་པས། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །དེ་ཉིད་ཕྱིར་ན་རང་བཞིན་མེད། །མེད་ལས་མེད་པའི་འབྲས་བུ་འབྱུང་། །ཡོད་དང་མེད་པ་གཉིས་མེད་པས། །རྟོག་མེད་དབུ་མ་ཞེས་བྱའོ། །རང་བཞིན་དེ་ཉིད་ཁོ་ན་ལ། །བརྗོད་པའི་རང་བཞིན་ཅི་ཡང་མེད། །དབང་པོའི་ཡུལ་དུ་གང་གྱུར་པ། །དེ་དག་ཚད་མ་མ་ཡིན་ནོ། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །སྐྱེ་བ་མེད་ཅིང་འགགས་པ་མེད། །རྟག་དང་ཆད་པའང་ཡོད་མིན་ཏེ། །ཐ་དད་མ་ཡིན་དོན་གཅིག་མིན། །འོང་བ་མེད་ཅིང་འགྲོ་བ་མེད། །སྤྲོས་པ་ཉེ་བར་ཞི་བའོ། །དམ་པའི་དོན་ལ་དངོས་མེད་དེ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ལ་སོགས་པ་ཡི། །


DNG006_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་རྣམས་ཀྱིས་མཐོང་མིན་ཏེ། །མཐོང་བ་བློ་ཡིས་བསླད་པ་ཡིན། །ཡང་དག་མ་རྟོགས་འཁོར་བ་དང་། །མྱ་ངན་འདས་པར་རློམས་སེམས་ཡོད། །ཡང་དག་རྟོགས་ན་འཁོར་བ་དང་། །མྱ་ངན་འདས་པ་རློམ་སེམས་མེད། །དེ་བཞིན་ཉིད་ལ་གནས་བཅས་ན། །གཡོ་དང་མི་གཡོ་རྣམ་པར་དག །གཟུང་དང་འཛིན་པ་རྣམ་དག་ནས། །ཕྲ་རྒྱས་འགགས་ཤིང་སྐྱེ་བ་མེད། །བརྗོད་མེད་རྣམ་པར་མི་རྟོག་པ། །ཡི་གེ་མེད་པའི་གསུང་མཆོག་སྟེ། །སྒྲ་ཡིག་རྣམ་པར་སྤངས་ནས་ནི། །སེམས་ཀྱི་རྒྱུ་བའང་བཀག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། རང་བཞིན་གནས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། འཁོར་རྣམས་ཀྱིས་གོང་དུ་གསོལ་བ་བཏབ་པ་མཁྱེན་ནས་ཡང་ཆེད་དུ་བརྗོད་པ་འདི་བརྗོད་དོ། །རང་བཞིན་གནས་པའི་ཆོས་ཉིད་ནི། །ཞི་བ་བླང་དོར་མེད་པ་སྟེ། །བརྟག་པར་དཀའ་ལ་བསྟན་པར་དཀའ། །བརྗོད་པའི་ཐ་སྙད་རྣམས་དང་བྲལ། །རྡོ་རྗེའི་སྐུ་དེ་འདུས་མ་བྱས། །སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །དུས་གསུམ་འདུས་མ་བྱས་པ་སྟེ། །རྟག་པ་ཆེན་པོ་ཀུན་ཏུ་འོད། །འདི་ཞེས་བསྟན་ཞིང་མཚོན་དུ་མེད། །ངས་ཀྱང་མཐོང་བར་མི་ནུས་སོ། །མངོན་སུམ་མི་གནས་ཀུན་ཏུ་ཁྱབ། །ཟད་མི་ཤེས་པའི་གཏེར་དུ་འགྱུར། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །སྟོང་པ་ཉིད་ལས་གཞན་མིན་པས། །འཁོར་བ་དང་ནི་མྱ་ངན་འདས། །བྱེ་བྲག་དབྱེ་བ་གཅིག་ཀྱང་མེད། །དེ་དག་གཉིས་ཀྱི་ཁྱད་པར་ནི། །ཆ་ཤས་ཙམ་ཡང་ཡོད་མིན་ཏེ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །རྟེན་ཅིང་འདྲེལ་འབྱུང་ལ་སོགས་པ། །སྟོང་པ་ཉིད་ལས་གཞན་མིན་ཏེ། །ཆོས་རྣམས་རང་བཞིན་སྟོང་པ་ལ། །སྐྱེ་བོ་རྣམས་ཀྱིས་མཐོང་བ་མིན། །དེ་ཕྱིར་ཆོས་རྣམས་རང་བཞིན་ནི། །དེ་བཞིན་གཤེགས་པ་ཞེས་བྱ་བས། །ཆོས་རྣམས་


DNG006_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་དང་འདྲ། །གཞན་ནས་བཙལ་བས་རྙེད་པ་མིན། །ཡང་དག་ཉིད་དུ་གང་བལྟ་བས། །ཡང་དག་མཐོང་བར་མི་ནུས་ཏེ། །འགའ་ཡང་མཐོང་བ་མེད་པ་ནི། །དེ་ཉིད་མཐོང་བ་ཆེན་པོ་འོ། །མྱ་ངན་འདས་དང་སངས་རྒྱས་པ། །གང་གིས་མཐོང་བར་མི་ནུས་ཏེ། །པདྨ་སྤྱན་གྱི་ཡེ་ཤེས་ཀྱིས། །སྐད་ཅིག་གཅིག་ལ་མངོན་བྱང་ཆུབ། །རང་བཞིན་གཅིག་གི་བདག་ཉིད་ལ། །རྣམ་པ་ཐ་དད་དུ་མར་སྣང་། །ལོག་པར་བརྟགས་པའི་བདག་ཉིད་པས། །འགྲོ་བ་འཁྲུལ་པ་རྒྱར་ཆུད་འདྲ། །རྣམ་རྟོག་མེད་པའི་སེམས་ལ་ནི། །འབྱུང་བ་ལ་སོགས་བཅོམ་ལྡན་འདས། །ཆུབ་པར་གནས་པས་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །སངས་རྒྱས་ཀུན་གྱི་རྒྱུ་ཉིད་པས། །འགྲོ་བ་རང་བྱུང་གཞན་ལས་མིན། །དེ་བས་སེམས་ཅན་ཐམས་ཅད་ནི། །སངས་རྒྱས་སྙིང་པོ་ཅན་རྣམས་ལས། །མ་རིག་རྟོག་པའི་ཕྲ་རྒྱས་ཀྱིས། །སྡུག་བསྔལ་སྣ་ཚོགས་མྱོང་བར་གྱུར། །སེམས་ཅན་ཀུན་གྱི་རང་བཞིན་ནི། །ཆོས་ཀྱི་དབྱིངས་ཀྱི་བྷ་ག་ཏེ། །ཀུན་ལ་ཁྱབ་པའི་ནམ་མཁའ་འོ། །དེ་མ་མཐོང་བས་དེ་མི་མཐོང་། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན། །ཡངས་ལ་རྒྱ་ཆེ་གཏིང་ཟབ་པ། །ཤེས་རབ་ཅན་གྱིས་རྟོགས་གྱུར་ཏེ། །གང་ནས་མ་འོངས་གར་མི་འགྲོ། །འོང་དང་འགྲོ་བར་བྱ་བ་མིན། །ཇི་སྙེད་ཐེག་པ་རྣམ་མང་ཡང་། །ཡང་དག་དོན་གྱི་སྙིང་པོ་ནི། །གང་ནས་བཙལ་ཀྱང་མི་རྙེད་དེ། །རང་རིག་སྒྲིབ་མེད་དག་པ་ཡིན། །དངོས་པོ་འདི་དག་སྐྱེ་མེད་དེ། །ཡང་དག་མ་ཡིན་ཀུན་བརྟགས་ཡིན། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང་། །དེ་ཉིད་ལོག་པའི་ངོ་བོ་ལས། །ཁྱད་པར་འགའ་ཡང་ཡོད་པ་མིན། །དེ་བཞིན་ཉིད་ནི་ཆགས་མེད་དེ། །མ་སྐྱེས་མི་འགགས་མི་དམིགས་ཤིང་། །མི་རྟོག་བདེ་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཆོས་ཉིད་མི་འགྱུར་བ་བསྟན་པའི་ལེའུ་སྟེ་


DNG006_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོས། ཉིད་ཀྱི་ཆེ་བ་དབྱུང་བར་བཞེད་ནས། སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་འདི་ལྟ་བུ་གསུངས་སོ། །ཀུན་ལ་ཁྱབ་པ་རང་བཞིན་ནི། །སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཏེ། །མངོན་སུམ་མི་གནས་ཀུན་ཏུ་ཁྱབ། །ཀུན་ཏུ་འོད་དེ་འདུས་མ་བྱས། །རྟག་པ་ཉིད་དེ་རྡོ་རྗེའི་སྐུ། །ཀཱ་ཡ་དག་པའི་སྐུ་མཆོག་དེ། །ཆོས་ཉིད་སྐུ་ཞེས་བཤད་པ་ཡིན། །དེ་རྟོགས་གསལ་བར་བཤད་པ་ནི། །རང་བྱུང་ཡེ་ཤེས་ཆེན་པོ་སྟེ། །ཀུན་གཞི་ལ་སོགས་གྱུར་པ་ལས། །ཐབས་ཀྱི་རིམ་པ་བྱུང་བ་ནི། །པདྨ་སྤྱན་ཏེ་འདུས་བྱས་སོ། །མི་རྟོག་མངོན་བྱང་ཆུབ་པའི་སྐུ། །ག་ཎ་བསགས་པའི་སྐུ་མཆོག་སྟེ། །སྟོང་པ་ཉིད་ཀྱི་ཡེ་ཤེས་པས། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །གཉིས་སུ་མེད་པ་ཆོས་ཀྱི་སྐུའོ། །བྱིན་གྱིས་རླབས་ལས་བྱུང་བ་ཡི། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ཀུན་རྫོབ་དོན་དུ་སེམས་བསྐྱེད་ནས། །སྣང་བ་མི་འགོག་པ་ཡི་ཐབས། །སྔགས་དང་ཕྱག་རྒྱ་རབ་བསྟན་པས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཤར། །ལོངས་སྤྱོད་སྐུ་དེ་རྟེན་འདྲེལ་མཆོག །ཡི་གེ་འཁོར་ལོ་ཚོགས་ཆེན་ཏེ། །མཚན་དང་དཔེ་བྱད་ལྡན་པར་གནས། །རྒྱུན་གྱིས་རྟག་པ་བསོད་ནམས་སྐུ། །ཡེ་ཤེས་རྣམ་དག་ཡང་དག་ལྡན། །མགོན་པོ་བདག་ཉིད་ཆེན་པོས་ནི། །རྡོ་རྗེ་འཁོར་ལོ་བསྐོར་བ་ན། །ལྗགས་ཀྱི་དབང་པོ་བཀྲམ་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད། །རིག་པའི་སྐྱེས་བུ་ཆེན་པོ་ལ། །སྨོན་ལམ་ལས་ནི་རྟེན་འདྲེལ་བས། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སྤྲུལ་པའི་སྐུ་ནི་སྣང་བར་བྱེད། །ཡེ་ཤེས་རྣམས་དང་ཡང་དག་ལྡན། །མི་རྟག་ཉིད་དེ་འདུས་བྱས་པས། །བལྟམས་ནས་མྱ་ངན་འདའ་བར་སྟོན། །ལོག་པར་རྟོག་པ་ཐམས་ཅད་ལ། །ཐུགས་རྗེའི་ཞིང་དུ་འདྲེལ་བས་ན། །སྐུ་གསུང་ཐུགས་ཀྱི་རིམ་པས་ནི། །འགྲོ་བའི་རྒྱུད་རྣམས་སྨིན་པར་མཛད། །


DNG006_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། འབྲས་བུའི་བདག་ཉིད་སྐུ་དང་ཡེ་ཤེས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བསྒྲུབ་པར་བྱ་བའི་དོན་གྱི་ཐབས། སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་འདི་རྣམས་གསུངས་སོ། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །སྐུ་གསུང་ཐུགས་ཀྱི་རྒྱུད་ཡིན་ཏེ། །མེད་པ་མ་ཡིན་མེད་པ་ཡི། །འབྲས་བུ་འབྱུང་བས་སྙིང་པོ་ཡོད། །ཀུན་ཏུ་ཁྱབ་པའི་དབྱིངས་ཉིད་ལས། །དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལངས། །ཆོས་དང་ལོངས་སྤྱོད་རྫོགས་སྐུ་དང་། །བསམ་ཡས་སྤྲུལ་སྐུ་སྣ་ཚོགས་པས། །རྣམ་པར་འཕྲོ་ཡང་སྤྲོས་པ་མེད། །རྣམ་དག་སྐུ་སྟོན་མ་ཡིན་ཏེ། །སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །ཇི་ལྟར་འདུལ་བའི་སྐུ་སྟོན་ཡང་། །སྟོང་ཉིད་དབྱིངས་ལས་གཡོས་པ་མེད། །ཅེས་བརྗོད་པས། སྐུའི་དཀྱིལ་འཁོར་ཐམས་ཅད་ཅི་ཡང་མི་སྣང་བར་གྱུར་ཏོ། །དེ་ནས་ཡང་གསུང་གི་དཀྱིལ་འཁོར་འདི་དག་གསུངས་སོ། །བརྗོད་དུ་མེད་པའི་བདག་ཉིད་ལས། །འདུལ་བའི་དབང་གིས་ཇི་སྙེད་པ། །རྟོག་འདུལ་སྒྲ་སྐད་དེ་སྙེད་འཕྲོ། །ཐེག་གཅིག་ཐེག་གཉིས་ཐེག་པ་གསུམ། །ཐེག་པ་ལྔ་དང་བསམ་མི་ཁྱབ། །ཐེག་པ་མཐའ་དག་ངས་བསྟན་ཏེ། །དབུས་མཐའ་རྣམ་པར་བཀག་པའོ། །གསུང་གཅིག་དཀྱིལ་འཁོར་ཡང་དག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་འཕྲོ། །ཐམས་ཅད་གསུང་གི་དཀྱིལ་འཁོར་མཆོག །བརྒྱད་ཁྲི་བཞི་སྟོང་མཐའ་ཡས་པ། །གསང་བའི་དབྱིངས་སུ་ཐིམ་མཛད་དོ། །ཞེས་བརྗོད་པས། གསུང་གི་དཀྱིལ་འཁོར་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ་ནས་མི་གསལ་བར་གྱུར་ཏོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །དེ་བཞིན་


DNG006_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཕྱག་རྒྱ་ལས། །ཕྱག་རྒྱ་ཆེན་པོ་རྣམ་འཕྲོ་བས། །དེ་བཞིན་རིགས་དང་རྡོ་རྗེའི་རིགས། །རིགས་ཆེན་རིགས་ལ་སོགས་པ་ཡི། །ཕྱག་རྒྱ་ཆེན་པོ་འོད་དུ་འབར། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ལ་ནི་རེ་འགའོ། །སྒྱུ་མའི་དཀྱིལ་འཁོར་ཐམས་ཅད་ཀྱང་། །རང་བཞིན་སྣང་བའི་རིག་པ་སྟེ། །གཞན་ན་ཡོད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བའི་རྒྱུད་ལས། སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་མི་རྟོག་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ། ལན་གསུམ་བསྐོར་བ་བྱས་ཏེ། ཕྱག་འཚལ་བས་འདུན་པའི་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །སྐུ་གསུང་ཐུགས་ཀྱི་བདག་པོ་མཆོག །མ་འོངས་རྣམས་ཀྱི་དོན་སླད་དུ། །ཐབས་ཀྱི་མཆོག་ཏུ་གང་གྱུར་པ། །གཟུ་བོ་ཆེན་པོས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། ཞལ་འཛུམ་པ་མཛད་དེ་ཤིན་ཏུ་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་དམ་པ་འདི་ལྟ་བུ་གསུངས་སོ། །གང་ཞིག་བསྒྲུབ་པར་འདོད་པ་ནི། །ཐོས་བསམ་བསྒོམ་ལ་རབ་གནས་ཤིང་། །ཤེས་རབ་ཅན་དུ་གང་གྱུར་པ། །སྙིང་རྗེའི་མཐུ་ལས་བྱུང་བ་ལ། །བྱང་ཆུབ་སེམས་དཔའ་ཡང་དག་ལྡན། །གཏོང་དང་ཚུལ་ཁྲིམས་ལ་སོགས་པ། །སྤྱོད་པ་རྒྱ་མཚོའི་གཞིར་གྱུར་ཏེ། །དབང་བསྐུར་ཆོ་ག་ཕུན་སུམ་ལྡན། །རྣལ་འབྱོར་རྒྱུ་ནི་ཐམས་ཅད་ལས། །ཐབས་ཀྱི་རིམ་པར་གང་གྱུར་པ། །རིན་ཆེན་རིགས་སུ་གང་ལྡན་པས། །བླ་མའི་ཁ་ནས་རྟོགས་པར་བྱ། །གང་དག་བསྒྲུབ་པར་འདོད་པ་ལ། །ཇི་སྐད་གསུངས་པའི་ཡོན་ཏན་ལྡན། །མང་དུ་ཐོས་ཤིང་ཤེས་རབ་ལྡན། །འཁོར་གྱི་འཇིགས་བྲལ་སྐྱེ་བ་མེད། །སེང་གེའི་ཐུགས་རྗེ་རབ་ལྡན་པས། །དམ་པའི་དོན་ཉིད་མ་ནོར་བསླབ། །


DNG006_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐེག་པའི་མཆོག་སྟེ་བླ་ན་མེད། །མཆོག་ཏུ་གྱུར་པ་བསྒྲུབ་པར་བྱ། །ཡང་དག་མཐོང་བས་རྟོགས་གྱུར་ནས། །རང་བཞིན་མེད་ལས་ཅིར་ཡང་སྣང་། །རང་བཞིན་མེད་པའི་དོན་དེ་ནི། །བླུན་པོ་རྟོག་གེའི་སྤྱོད་ཡུལ་མིན། །རང་བཞིན་རང་བཞིན་མེད་མཐོང་ན། །སྒྲིབ་པ་ཀུན་ལས་ངེས་གྲོལ་ཏེ། །ཏིང་ངེ་འཛིན་གྱི་བདེ་བ་ལས། །རང་བཞིན་ཀུན་ངམ་ལྷུན་གྱིས་གྲུབ། །དངོས་པོའི་དབང་གི་འདི་ཞེས་ནི། །རྡོ་རྗེ་སེམས་དཔས་མ་གསུངས་ཏེ། །སེམས་ཅན་བསམ་པའི་དབང་གིས་ན། །གསང་བ་རྣམ་པ་དུ་མ་གསུངས། །གསང་བ་དབྱིངས་ཀྱི་དབུས་དག་ཏུ། །ཉི་ཟླ་པདྨར་བཅས་པའི་གདན། །བསྐྱེད་དང་རྫོགས་དང་གང་ལྡན་པས། །དཀྱིལ་འཁོར་ཐམས་ཅད་བསྒོམ་པར་བྱ། །མཚོན་ཆ་རྣམས་ཀྱིས་དྲངས་ནས་ནི། །ས་ཧཱུཾ་འཁྲིལ་བའི་བདེ་བར་གནས། །རིམ་པ་རིམ་པ་མ་ཡིན་པའི། །རིན་ཆེན་སྟེང་དང་འོག་གི་སྒོ། །རབ་བརྟན་པ་ལས་ཨ་དཀར་ཏེ། །ཏིལ་འབྲུ་ཙམ་དུ་བསྒོམ་པར་བྱ། །ཡང་ན་ཡུངས་ཀར་ཙམ་དུ་སྟེ། །མཁས་པས་ཆོ་ག་བཞིན་དུ་བསྒོམ། །ཡང་དག་ཉིད་དེ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཡང་དག་མ་མཐོང་འཇིག་རྟེན་སེམས། །མི་ཤེས་བླུན་པས་བྱིས་པ་འདྲ། །བྱིས་པ་རྣམས་ལ་བརྗོད་པ་བཤད། །རྣལ་འབྱོར་པ་ལ་གདམས་ངག་གོ། །ཤེས་རབ་ཐབས་ལ་བརྟེན་ནས་ནི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པ་ཡིན། །གསང་བ་དག་ལ་འཇུག་པ་ན། །འདོད་པའི་དགའ་བ་མ་ཡིན་ཏེ། །ཏིང་ངེ་འཛིན་ལས་སྐྱེས་པ་ཡིས། །དགའ་བ་དག་ནི་བླང་བར་བྱ། །དེ་ནི་དགའ་བ་ཆེན་པོ་སྟེ། །ཡང་དག་བདེ་བ་ཆེན་པོ་ཡིན། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་ནས་འགྲུབ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་རོལ་མོ་རྣམ་འཕྲོ་བ། །འོད་ཟེར་ལྕགས་ཀྱུས་དྲངས་པ་རྣམས། །རིམ་པ་རིམ་པ་མ་ཡིན་པས། །སྙིང་གའི་


DNG006_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པདྨར་ཡང་དག་གཞུག །ཡང་དག་མཱུཾ་ནི་དྲི་མེད་དཀར། །ཙ་ན་ཀ་ཡི་འབྲུ་ཙམ་ལ། །འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡི། །དབང་པོ་ལ་སོགས་གཡོ་བ་ཀུན། །དྲི་མེད་ནང་དུ་ངེས་སྦྱར་ནས། །ཐུགས་ཀྱི་ཡེ་ཤེས་ལྔས་བལྟ་ཞིང་། །ཡང་དག་དྲི་མ་མེད་མཐོང་ན། །དེ་བཞིན་གཤེགས་པས་དེ་བཞིན་གཤེགས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །དྲི་མེད་འདི་ལས་གཞན་མི་མངའ། །འདས་དང་ད་ལྟར་འབྱུང་བ་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྔགས་ཀྱི་སྙིང་པོ་ཀུན་བསྡུས་པ། །ཨཱོཾ་ཧཱུཾ་སྭཱ་དང་ཨཱཾ་ཧཱ་སྟེ། །གནས་ལྔ་དག་ཏུ་རྣམས་བཀོད་ནས། །འོད་ཟེར་ལྕགས་ཀྱུས་དྲངས་ནས་སུ། །ཡེ་ཤེས་རྣམས་ཀྱིས་གཟུགས་སུ་བསྒྱུར། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཐམས་ཅད་རྫོགས་པའི་དཀྱིལ་འཁོར་ལ། །ཏིང་ངེ་འཛིན་གྱི་མཆོད་པ་འབུལ། །མཉེས་ནས་དགྱེས་པའི་ཚུལ་འཆང་བ། །ཡོན་ཏན་མི་ཟད་གཏེར་འགྱུར་ཏེ། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་དང་ཡེ་ཤེས་འཐོབ་པར་འགྱུར། །ཤེས་རབ་གསུམ་ལ་སྦྱངས་པ་ཡིས། །ཡེ་ཤེས་མྱུ་གུ་བསྐྱེད་པར་བྱེད། །ས་ཐོབ་འཇིགས་པ་ལྔ་དང་བྲལ། །འཁོར་བ་ལས་ནི་མྱ་ངན་འདས། །སྒྲིབ་པ་མཐའ་དག་གཅོད་བྱེད་པའི། །དྲི་མ་མེད་པའི་ཡེ་ཤེས་ཀྱིས། །ད་ལྟ་ཉིད་དུ་སངས་རྒྱས་འགྱུར། །ཡེ་ནས་གནས་པའི་དེ་བཞིན་ནི། །རྒྱལ་བས་མཛད་པ་མ་ཡིན་ལ། །འགྲོ་བས་བྱས་པ་མ་ཡིན་ཏེ། །ཡེ་ནས་སངས་རྒྱས་ཆེན་པོའོ། །དེ་བཞིན་ཉིད་དེ་འདུས་མ་བྱས། །རང་བྱུང་ཡིན་ཏེ་ཀུན་ངོ་བོ། །མེད་པ་མ་ཡིན་མེད་པ་ཡོད། །ཡོད་པ་མིན་ཏེ་དངོས་ཡོད་མིན། །བྱ་མེད་བྱ་དང་རྣམ་པར་བྲལ། །ལྷུན་གྲུབ་བདེ་བའི་ངང་དུ་གནས། །དེ་བཞིན་གཤེགས་ཞེས་མི་རྟོག་ཀྱང་། །བཞག་ཏུ་མེད་པའི་ངང་ལ་བཞག །དེ་ཡང་རྣལ་འབྱོར་རྒྱུད་རྣམས་དང་། །བླ་མའི་ཁ་ནས་ཤེས་པར་བྱ། །བླ་


DNG006_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མ་སངས་རྒྱས་ཀུན་དང་མཉམ། །དམ་པ་འདི་ཉིད་གང་བསྒྲུབ་པ། །བླ་མ་མཉེས་ན་གྲུབ་པའི་མཆོག །ཐོག་མར་བླ་མ་མཉེས་བྱས་ཏེ། །དབང་བསྐུར་གནང་བ་ཐོབ་པ་དང་། །སྐུ་གསུང་ཐུགས་ཀྱི་གསང་བ་རྣམས། །ལྡན་པར་བྱས་ཏེ་སྔགས་བསྒྲུབ་པའོ། །ཤིན་ཏུ་དབེན་པའི་རི་དགོན་དང་། །རྣམ་པའི་མཆོག་རྣམས་ལྡན་པ་དང་། །རྣམ་པ་སྣ་ཚོགས་ཆུ་ཀླུང་དང་། །དགྲ་ཡི་འཚེ་བ་མེད་པ་ཡིས། །ཉམས་དགའི་གནས་སུ་བསམ་གཏན་བྱ། །ཤིན་ཏུ་སྦྱངས་ཤིང་གོམས་གྱུར་པས། །དེ་ཚེ་ཉིན་མཚན་དགུ་ཡིས་ནི། །བྱང་ཆུབ་ཐོབ་པར་གདོན་མི་ཟ། །ཀུན་ཏུ་འོད་ཀྱི་ས་ལ་གནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཕྲ་མོའི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེ་ཡང་ཤིན་ཏུ་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བསྒྲུབ་པའི་ཐབས་ནི་ཐིག་ལེའི་རྣལ་འབྱོར་དུ་བྱ་བ་འདི་གསུངས་སོ། །རི་རྩེ་ཉམས་ནི་དགའ་བ་དང་། །ཤིན་ཏུ་གསང་བའི་བྲག་ཕུག་ཏུ། །བདེ་བའི་སྟན་ལ་འདུག་ནས་ནི། །གསང་བ་དམ་པ་འདི་བསྒོམ་མོ། །གསང་བ་དབྱིངས་ཀྱི་དབུས་དག་ཏུ། །གཞལ་ཡས་བརྩེགས་པ་བསྒོམས་ནས་ནི། །རང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཡན་ལག་བཞི་དང་རབ་ལྡན་ཞིང་། །དཀྱིལ་འཁོར་བཞི་ནི་བསྐྱེད་བྱ་སྟེ། །ཙཀྲ་བཞི་དང་གང་སྦྱོར་བས། །ཕྱག་རྒྱ་བཞི་པོ་རྣམ་པར་བསྒོམ། །དེ་ཉིད་གསུམ་དང་རབ་ལྡན་དེ། །ཤེས་རབ་མ་ཡི་རྗེས་འབྲང་ནས། །སྦྱོར་བའི་ཆོ་ག་མཁས་པས་བསླབ། །སྦྱོར་བའི་ཆོ་ག་ལས་བྱུང་བའི། །ཡང་དག་དྲི་མེད་དབུས་སུ་བལྟ། །ཤིན་ཏུ་ཕྲ་བའི་དམ་ཚིག་སྟེ། །མི་གསལ་གསལ་བའི་དམ་ཚིག་ཅན། །དཀྱིལ་འཁོར་ཀུན་གྱི་བདག་ཉིད་ཡིན། །ཡོན་ཏན་ཀུན་གྱི་གཏེར་གྱུར་ཏེ། །མཆོག་ཏུ་གྱུར་པ་འགྲུབ་པར་ཤོག །གསང་བ་དབྱིངས་ཀྱི་དབུས་དག་ཏུ། །བསྐྱེད་པའང་


DNG006_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་གང་འདོད་པས། །རང་གི་དཀྱིལ་འཁོར་རྣམས་བསྒོམས་ཏེ། །ཐུགས་ཀའི་གསུང་གི་ཕྱག་རྒྱ་ལས། །རྡོ་རྗེ་ཀྱོ་བ་མང་འཕྲོས་ཏེ། །ཡེ་ཤེས་འཁོར་ལོ་རབ་བསྐུལ་ནས། །མཆོད་རྟེན་རྩེ་མོར་གསུང་དུ་འགྱུར། །རྡོ་རྗེ་ལམ་བྱུང་ཡུམ་གྱི་མཁའ། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །དེ་ཉིད་བཟུང་བས་གསུང་དང་ནི། །རིན་ཆེན་འཛིན་པ་ཞེས་བྱའོ། །བཟུང་བ་རྡོ་རྗེ་འཛིན་པ་སྟེ། །དེ་ལ་རྟོག་དང་དཔྱོད་པ་དང་། །དགའ་དང་དེ་བཞིན་བདེ་བ་དང་། །རྩེ་གཅིག་པ་ནི་རྣམ་ལྡན་པའོ། །རིན་ཆེན་རྒྱུན་གྱི་ཤེས་པ་ནི། །མི་རྟོག་པ་ཡི་ཤེས་པ་ནི། །མོས་ལས་བྱུང་བའི་མི་དམིགས་པའོ། །ཤེས་རབ་དབང་དང་རྣམ་ལྡན་པས། །ཤེས་པར་གྱུར་པ་ཡེ་ཤེས་སོ། །དོན་དམ་མཐོང་བར་འདོད་པ་ན། །འདི་ལ་མཐོང་བ་དེ་མི་མཐོང་། །འདི་ཡིས་ཡེ་ཤེས་པ་བསྐྱེད་དེ། །དེ་ཡི་དོན་དམ་རྣམ་པར་མཐོང་། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་ཐབས་འདི་ལྟ་བུ་གསུངས་སོ། །ནམ་མཁའ་དབྱིངས་ནས་བྱུང་བ་ཡི། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་ཕྲ་མོའི་འབྲུ་ཙམ་སྟེ། །ཕྱི་ནང་གསུམ་གྱི་སྣ་རྩེར་ནི། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བསྒོམ། །རང་སྣང་བ་ཡི་ཏིང་འཛིན་ཏེ། །གཟུགས་བརྙན་སྒྱུ་མ་སྒྲ་སྙན་དང་། །སྨིག་རྒྱུ་ལ་སོགས་རྣམ་པ་ཅན། །སྣང་དང་མི་སྣང་དབྱེར་མེད་དེ། །ཡོད་དང་མེད་དང་དབྱེར་མེད་པའོ། །སྣང་དུ་འདྲ་ཡང་ཐ་དད་དེ། །དོན་དང་རྟགས་ལ་སོགས་པ་རྣམས། །རྣམ་པ་ཐ་དད་གཉིས་སུ་སྣང་། །ཡང་དག་ཡང་དག་མ་ཡིན་པས། །བསམ་པའི་དབང་གི་དེར་འགྱུར་རོ། །དེ་ནི་དེ་བཞིན་གཤེགས་པ་ཡི། །བརྡ་ཞེས་རྣམ་པར་བསྟན་པ་ཡིན། །གང་ཞིག་རྩེ་གཅིག་མ་གྱུར་པས། །མཐའ་རུ་མ་སྐྱེས་ཏིང་འཛིན་བསྒོམ། །དངོས་པོ་འདི་རྣམས་མ་སྐྱེས་པས། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པས། །ཡེ་ནས་སྟོང་པའི་རང་བཞིན་ནོ། །སྟོང་པའི་རང་བཞིན་མཚན་མ་


DNG006_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དེ་ནས་སྨོན་པ་དེས་འདྲེལ་ལོ། །རྣམ་པར་ཐར་པ་གསུམ་དང་ལྡན། །ཆགས་མེད་བཞི་ཡི་ལམ་ནས་འཇུག །སྟོང་པ་ཉིད་དུ་རྣམ་རིག་ན། །རང་བྱུང་ཡེ་ཤེས་ངང་གིས་འཆར། །འབྲས་བུ་ཀུན་ཏུ་འོད་ས་ཐོབ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཆེ་བའི་ཆེ་བ་ཟབ་མོ་ཡིན། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསམ་གཏན་ཉིད་པས་བསམ་དུ་མེད། །མ་བསམས་མ་སྦྱངས་ཆོས་ཉིད་ལ། །རང་དོན་ཆེན་པོའི་ནམ་མཁའ་འབྱུང་། །ཀུན་ཏུ་འོད་ཀྱི་ས་ཐོབ་ནས། །ཞིང་ཁམས་རྒྱ་དང་བྲལ་བ་ཡི། །དཀྱིལ་འཁོར་ཐམས་ཅད་འབར་བས་སྣང་། །དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱང་། །རེག་ཅིང་གཟུང་དུ་མེད་པ་ལས། །འཇའ་ཚོན་ལྟ་བུར་ཀུན་ཏུ་སྣང་། །སྣ་ཚོགས་ཡོན་ཏན་བརྗོད་མི་ལངས། །མི་ཟད་རྒྱན་གྱི་འཁོར་ལོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཐིག་ལེའི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། ཤིན་ཏུ་རྣལ་འབྱོར་གྱི་དོན་འདི་ལྟ་བུ་གསུངས་སོ། །ཡེ་ནས་རྣམ་པར་གྲོལ་བའི་ལམ། །ལྷུན་གྱིས་གནས་པའི་བདེ་ཆེན་ཏེ། །དགེ་དང་སྡིག་ལས་རྣམ་པར་གྲོལ། །སངས་རྒྱས་བྱང་ཆུབ་སྙིང་པོ་འདི། །ལྷག་མ་མེད་པས་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །དཔག་ཅིང་མཚོན་དུ་མེད་པའི་ཕྱིར། །བྱང་ཆུབ་ཉིད་ལས་བྱང་ཆུབ་མེད། །གང་ལ་བསོད་ནམས་སྡིག་མེད་ན། །དེ་ལ་བྱང་ཆུབ་རབ་ཏུ་གསུངས། །ཨེ་མ་ཧོ་ཤིན་ཏུ་ངོ་མཚར་ཆེའོ། །གཟུགས་མེད་གཟུགས་སྐུ་འབྱུང་བ་རྨད། །འདི་མ་མཐོང་བར་གཞན་མི་མཐོང་། །སྙིང་པོ་འདི་ལ་མ་ལུས་རྫོགས། །དེ་ཕྱིར་རྫོགས་ཆེན་ཞེས་བྱ་སྟེ། །རང་བྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་མེད། །ཉོན་མོངས་པ་ཉིད་བྱང་ཆུབ་


DNG006_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ལམ། །ཅིར་ཡང་མི་དམིགས་གཏི་མུག་སྟེ། །མ་རིག་པ་ཉིད་ཡེ་ཤེས་གསལ། །རིག་པའི་ཡེ་ཤེས་གང་ལྡན་པས། །ཡི་གེ་མེད་པའི་དོན་ལ་བལྟ། །སྣང་མེད་དོན་ལ་དཔག་མི་ལངས། །སྣང་མེད་སྙིང་པོ་མཆོག་གི་སྐུ། །འབྲས་བུ་ཀུན་གྱི་ལམ་གྱུར་པ། །སྟོན་པ་རྡོ་རྗེ་ཀུན་གྱི་ཐུགས། །མཚོན་དུ་མེད་པས་རྒྱལ་བའི་ལམ། །བྱར་མེད་སྒྲོས་སྤངས་ཐིག་ལེ་ལ། །མི་རྟོག་བཏང་སྙོམས་མཉམ་པར་བཞག །སྣང་བ་མེད་པའི་ཆོས་ཉིད་ལ། །མ་བཙལ་བཞག་ན་བསྒོམ་པ་ཡིན། །གཞན་ལ་བསྟན་དུ་མེད་པའི་ཕྱིར། །རང་རིག་རང་བྱུང་རང་ཞིར་བཞག །མི་ཆགས་མི་རྟོག་མི་གནས་པས། །ཏིང་འཛིན་རོ་ལ་ཆགས་མི་བྱ། །དངོས་མེད་མིང་ཡང་མེད་པས་ན། །ཡི་གེས་བསྟན་ཅིང་མཚོན་དུ་མེད། །སྟོང་ཉིད་སྤྲོས་མེད་གཞི་གནས་ལ། །འདུ་ཤེས་མེད་པར་མཉམ་བཞག་ལ། །ཞི་གནས་ལྷག་མཐོང་འདྲེལ་བའོ། །མོས་པ་སྤྱོད་པའི་ས་ལ་གནས། །མི་རྟོག་པ་ཡི་ཤེས་རབ་སྟེ། །བསླབ་པ་གསུམ་དང་རྣམ་ལྡན་པའོ། །ཟག་པ་མེད་པའི་ཕུང་པོར་ལྡན། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི། །མཚོན་ཅིང་དཔག་ཏུ་མེད་པ་སྟེ། །གསང་བ་དམ་པ་འདི་ལྟ་བུས། །མཉམ་པར་བཞག་སྟེ་བསྒྲུབ་པར་བྱ། །རང་བཞིན་ཉིད་ནི་ནམ་མཁའ་སྟེ། །ཀུན་གྱི་རྗེས་སུ་སོང་བའོ། །དེ་ནི་རྡོ་རྗེའི་སྐུ་མཆོག་སྟེ། །སེམས་དཔའ་ཉིད་ཀྱང་ནམ་མཁའོ། །ནམ་མཁའ་ནམ་མཁའ་ལས་བྱུང་བས། །ནམ་མཁའ་རྟོགས་པ་སྐྱེ་མེད་ཅིང་། །ནམ་མཁའ་འདི་ནི་ནམ་མཁའ་བསྒོམ། །སྤྱི་དང་འཇིག་རྟེན་ནམ་མཁའ་དང་། །ནང་དང་ཕྱི་ཡི་ནམ་མཁའ་དང་། །ལུས་དང་ཤེས་པའི་ནམ་མཁའོ། །ནམ་མཁའ་ཉིད་ནི་ནམ་མཁར་བསྒོམ། །འབྲས་བུ་ནམ་མཁའ་ཆེན་པོ་འབྱུང་། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མ་སྐྱེས་མི་འགགས་ཅིར་མི་དགོངས། །དེ་བཞིན་གཤེགས་པ་


DNG006_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ། །དམ་པ་འདི་ལས་གཞན་མི་མངའ། །འདས་དང་ད་ལྟར་བྱུང་བ་ཀུན། །འདི་ཉིད་བརྙེས་ནས་ལྷུན་གྱིས་གྲུབ། །ཐབས་དང་རྣམ་པར་བྲལ་བ་ནི། །ནན་གྱིས་མཁའ་ལ་མདུད་པ་དོར། །ཞེས་བརྗོད་དོ། །དེ་ནས་ཡང་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དེས། །མི་རྟོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཡང་ཐབས་ཟབ་མོ་འདི་གསུངས་སོ། །དངོས་པོ་མེད་པར་བསྒོམ་བྱས་ལ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །ངོ་བོ་སེམས་ཀྱི་རང་བཞིན་ཏེ། །དངོས་པོ་གང་ཡང་ཡོད་མ་ཡིན། །སེམས་དང་སེམས་ལས་བྱུང་བ་རྣམས། །ནམ་མཁའ་ཉིད་དེ་རང་བཞིན་མེད། །ཀུན་ལ་ཁྱབ་པས་ཀུན་ཏུ་འོད། །སེམས་ལས་སེམས་ཀྱིས་རབ་ཏུ་བསྒོམ། །བལྟས་པས་མཐོང་བ་མེད་པ་ནི། །དེ་ཉིད་མཐོང་བ་ཆེན་པོ་སྟེ། །ཤེས་བྱེད་དམ་པར་གྱུར་པའོ། །སེམས་ཉིད་རྟོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །སངས་རྒྱས་གཞན་ནས་བཙལ་བ་ནི། །མར་འདོད་ཆུ་ལ་བསྲུབ་པ་འདྲ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་དམ་པ་འདི་མེད་པར། །གང་ཞིག་ལམ་གཞན་འཇུག་པ་དེ། །བསྐལ་པ་དག་ནི་སྟོང་དུ་ཡང་། །སྔགས་ཀྱི་འབྲས་བུ་མི་ཐོབ་པོ། །དབང་དང་དམ་ཚིག་ལྡན་པ་ལ། །ཐབས་མཁས་སྙིང་རྗེ་རབ་ལྡན་པས། །ཡིད་གཉིས་ཐེ་ཚོམ་མེད་པ་ན། །ངེས་པར་ལེགས་པའི་དགོས་པ་འགྲུབ། །འདི་ལ་མི་བྱ་ཅི་ཡང་མེད། །མི་བཟའ་བ་ནི་ཡང་མེད་དོ། །སྨྲ་བར་མི་བྱ་ཅུང་ཟད་མེད། །བདུད་རྩི་ལྔ་དང་ཤ་ལྔ་དང་། །བཟའ་བཏུང་ཐམས་ཅད་རིས་མེད་བྱ། །དབང་པོ་གཡོ་བ་ནང་དུ་སྦྱར། །མཉམ་པར་བཞག་པ་བརྟུལ་ནས་སུ། །ལུས་སེམས་ཁོང་ཀློད་གྱི་ནར་བཞག །ལུས་སེམས་ཚད་མར་གང་འཇོག་པ། །དེ་ལ་འཛིན་པའི་ཕུར་པ་དམ། །དངོས་གྲུབ་མཆོག་ཏུ་གྱུར་པའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དེས།


DNG006_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཉིད་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དངོས་པོའི་རང་བཞིན་སྐྱེ་མེད་ཅིང་། །སྟོང་པ་ཉིད་ཀྱི་རང་བཞིན་ལས། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །འཁོར་བ་ལ་སོགས་འབྲས་བུ་རྣམས། །སྐད་ཅིག་ལས་ནི་བྱེད་གྱུར་ཏེ། །རྟེན་ཅིང་འདྲེལ་བར་འབྱུང་བའོ། །སྐད་ཅིག་རྒྱུ་འབྲས་མེད་པའི་དབྱིངས། །དེ་མོས་རྒྱུན་དུ་ཆད་མི་བྱ། །དེ་བས་དེ་བཞིན་ཉིད་མིན་བཞག །གལ་ཏེ་དེ་བཞིན་དེ་ལ་སྒྲིབ། །དེ་ནི་སྙིང་པོ་དེ་བས་མེད། །དེ་ལས་དེ་བྱུང་ངོ་མཚར་ཆེ། །འཁོར་བ་དང་ནི་མྱ་ངན་འདས། །སྐད་ཅིག་མ་ལ་རྟེན་འབྱུང་སྟེ། །ནུས་པ་སྐྱེས་པ་གདོན་མི་ཟ། །རྟོག་པའི་རྒྱུན་ནི་ཇི་སྙེད་པ། །སྐད་ཅིག་མས་ནི་བྱེད་གྱུར་ཏེ། །རྒྱུ་འབྲས་རྣམ་པ་ཞི་བ་ནི། །ངེས་བསྒོམ་ཡིན་ཏེ་མཆོག་གི་ས། །སྔ་མའི་རྒྱུ་ནི་འགགས་པ་ལ། །ཕྱི་མའི་སྟོབས་ནི་ཆུད་བྱེད་པ། །སྐད་ཅིག་མ་ལ་བརྟག་པར་བྱ། །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །ཐབས་ཀྱི་མཆོག་ཏུ་གསུངས་པ་སྟེ། །བསྒོམ་ལས་བྱུང་བའི་ཤེས་རབ་ལྡན། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བསྒོམ། །དེ་དང་དེ་ཡི་ཁྱད་པར་ལས། །ནམ་མཁའི་དངོས་གྲུབ་ཆེན་པོ་ཐོབ། །སྐུ་དང་གསུང་དང་ཐུགས་ཀྱི་མཆོག །ཡོན་ཏན་མི་ཟད་ཐོབ་པར་བྱེད། །དེ་ཉིད་སངས་རྒྱས་ཀུན་དང་མཉམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །སྲས་དང་སྤུན་དུ་དགོངས་པར་འགྱུར། །ཞིང་ཁམས་དཀྱིལ་འཁོར་ཐམས་ཅད་ནི། །ཟད་མི་ཤེས་པའི་གཏེར་དུ་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཤིན་ཏུ་རྣལ་འབྱོར་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དེ། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཤིན་ཏུ་རྣལ་འབྱོར་གྱི་ཐབས་འདི་གསུངས་སོ། །དངོས་པོ་མེད་པར་དངོས་པོར་གྲགས། །དངོས་རྣམས་ཉིད་ན་དངོས་མེད་པའོ། །ཨེ་མའོ་ཀུན་ཏུ་བཟང་པོ་ཡི། །རྡོ་རྗེའི་གསུང་དང་


DNG006_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་ཐུགས། །སྐྱེ་བ་མེད་པའི་ཚུལ་གྱིས་སུ། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གང་ཞིག་གཡོ་དང་མི་གཡོ་བ། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །མི་ཟད་རྒྱན་གྱི་འཁོར་ལོ་ལྡན། །ཟད་པར་བྱ་བའི་དོན་དུ་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། གྲུ་བཞི་པ་ལ་སྒོ་བཞི་པ། །ལྟེ་བ་རྩིབས་སུ་བཅས་པ་ལ། །དཀྱིལ་འཁོར་འབར་བ་བསྒོམ་པར་བྱ། །རྒྱུན་དུ་དཀྱིལ་འཁོར་མ་ལུས་བསྒོམ། །སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཡན་ལག་བཞི་དང་རབ་ལྡན་པས། །གསང་བའི་པདྨར་མེ་ཏོག་རླན། །བྱང་ཆུབ་སེམས་ནི་འབྱུང་བའི་ཚེ། །མཁས་པས་སྔགས་ནི་ཕཊ་ཅེས་བརྗོད། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། སྔགས་དེ་རྣམས་ནི་གསུང་མ་ཐག །སྣང་བའི་དངོས་པོ་ཀུན་འགགས་ནས། །ཐ་མར་ཉམས་སུ་མྱང་བ་མེད། །ཆོས་རྣམས་གང་ཡང་མཐོང་བ་མེད། །བཙལ་བ་མེད་པས་བྱང་ཆུབ་ཆེ། །དེ་ཉིད་དངོས་གྲུབ་མཆོག་གི་ས། །ཐམས་ཅད་ལྟ་བས་རྒྱས་བཏབ་པས། །སྤྱོད་པས་ཅི་ལ་ཡང་ཆགས་པ་མེད་པའོ། །བལྟ་བ་དང་ནི་སྤྱོད་པ་དང་། །གཉིས་སུ་མེད་པར་བྱས་ཏེ་བསྒྲུབ། །ཐམས་ཅད་ཟིལ་གྱིས་གནོན་པ་ཡི། །ངོ་བོ་ཉིད་ཀྱི་རང་བཞིན་གྱིས། །ཐམས་ཅད་མ་ལུས་ཕྱག་རྒྱས་བཏབ། །ངོ་བོ་ཉིད་ཀྱི་རང་བཞིན་ལ། །དམིགས་སུ་རྡུལ་ཕྲ་མེད་པས་ན། །དེ་དམིགས་ཤེས་པའང་ཡོད་མི་རུང་། །རང་བཞིན་རང་བཞིན་མེད་པ་ལ། །རང་བཞིན་མེད་པར་ཡོངས་སུ་བསྒོམ། །རང་བཞིན་མེད་པའི་རྒྱུ་ཉིད་ལས། །འབྲས་བུ་རང་བཞིན་མེད་པ་འབྱུང་། །སྤྲོས་པ་ཉེ་བར་ཞི་བ་དེ། །གསང་བ་དམ་པ་འདི་ཡིས་བསྒྲུབ། །དེ་མ་ཐག་ཏུ་ཡེ་ཤེས་འགྱུར། །དབྱིངས་དང་ཡེ་ཤེས་གཉིས་མེད་ན། །ཆོས་སྐུ་བདེ་བ་ཆེན་པོར་


DNG006_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་དེས། དམ་པའི་དོན་སྒྲུབ་པའི་ཐབས།གསང་བ་ཆེན་པོ་འདི་གསུངས་སོ། །ཀུན་ལ་ཁྱབ་པའི་རང་བཞིན་ནི། །ཐ་དད་དུ་མ་མེད་པ་སྟེ། །ཅིར་ཡང་དམིགས་སུ་མེད་པའོ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱར་ལྡན། །བདག་གི་དེ་ཉིད་རིགས་ཀྱི་ནི། །རླུང་གི་རིམ་པ་ཡང་དག་འཇུག །སྦྱོར་བའི་ཡན་ལག་བཞི་དང་ལྡན། །མཚམས་ཀྱི་འོད་ཟེར་ལྕགས་ཀྱུ་ཡིས། །རྒྱལ་བའི་ཚོགས་རྣམས་སྤྱན་དྲངས་གྱུར། །ཆོས་ཀྱི་དབྱིངས་སུ་ཞུ་མཛད་དོ། །ཞུ་བས་མྱོས་ནས་མི་རྟོག་བདེ། །འཁོར་བ་མྱ་ངན་འདས་པ་ཡིས། །མཐའ་ནི་གང་ལའང་མི་གནས་སོ། །ཤེས་རབ་ཡེ་ཤེས་དབང་ཆེ་སྟེ། །ཤེས་རབ་ཅེས་པ་མྱ་ངན་འདས། །ཡེ་ཤེས་ཞེས་པས་འཁོར་བ་གསུངས། །དགའ་དང་གཞན་དགའ་དཔའ་བོ་དགའ། །དགའ་བ་འདུས་པའི་བདག་ཉིད་ཅན། །དགའ་བ་ཡང་དག་ལས་བྱུང་བའི། །མི་རྟོག་བདེ་དང་ལྡན་པའོ། །སྟོང་པ་ཤིན་ཏུ་སྟོང་པ་སྟེ། །དངོས་མེད་སྟོང་པ་ཆེན་པོ་ལ། །དངོས་དང་དངོས་མེད་གཉིས་ཀ་མེད། །སྟོང་པའི་རང་བཞིན་མཚན་མ་མེད། །དེ་ཡི་ཕྱིར་ན་སྟོང་པ་མིན། །མི་སྟོང་པ་ཡང་མ་ཡིན་ཏེ། །མཐའ་དབུས་གང་ཡང་མ་ཡིན་པའོ། །མཚན་ཉིད་མེད་པའི་ཕྱག་རྒྱ་དང་། །ལྡན་པས་ཡོན་ཏན་བསྐྱེད་པར་བྱེད། །གསང་བའི་པདྨ་ལས་བྱུང་བའི། །མེ་ཏོག་ཉི་ཟླར་བཅས་པ་ལས། །དབྱིབས་དང་ཁ་དོག་ལྡན་པ་ཡི། །ཕྱག་རྒྱ་ཆེན་པོ་རྫོགས་པ་ལ། །ལྷུན་གྲུབ་བདེ་བའི་ངང་གནས་ན། །ཅི་ལའང་ཐོགས་པ་མེད་པར་སྤྱད། །རང་བཞིན་གྲུབ་པ་མེད་པས་ན། །ཆོས་རྣམས་གང་ཡང་གྲུབ་པ་མེད། །ཀུན་ཏུ་བཟང་མོའི་བྷ་ག་ལ། །ཀུན་ཏུ་བཟང་པོ་རོལ་པ་ཡིས། །སྒྱུ་མ་ལྷུན་གྲུབ་ཡུམ་ལ་རོལ། །བླུན་པོ་རྟོག་གེའི་ཤེས་པ་ནི། །ཡོད་དང་མེད་པའི་ཆོས་ལ་སྤྱོད། །དེ་ཡིས་རྣམ་པར་མི་གྲོལ་ཏེ། །འདོད་པ་དངོས་སུ་སྤྱོད་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཤིན་ཏུ་རྣལ་འབྱོར་དམ་པ་བསྟན་


DNG006_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོ་དེས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།གསང་བའི་དོན་འདི་ལྟ་བུ་རྡོ་རྗེའི་ཚིག་ཏུ་གསུངས་སོ། །བརྗོད་དུ་མེད་པའི་བདག་ཉིད་ཆོས། །ཡི་གེ་ཐ་སྙད་རྣམ་པར་དག །མིང་དང་ཚིག་ལས་འདས་པ་ཡི། །དེ་ཁོ་ན་ཉིད་ཤེས་པར་བྱ། །དེ་ཁོ་ན་ཉིད་སྒྲུབ་པའི་ཐབས། །ཐོས་བསམ་བསྒོམ་ལ་རབ་སྦྱངས་པས། །མཉམ་པའི་དོན་ལ་དམིགས་པར་བྱ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཀུན་རྫོབ་སེམས་བསྐྱེད་ཚད་མེད་བཞི། །རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཉན་ཐོས་བྱང་ཆུབ་སེམས་དཔའ་དང་། །བླ་ན་མེད་པའི་ཐེག་པ་ཡི། །ཚད་མེད་བཞི་པོ་ཐ་དད་འགྱུར། །བླ་མེད་ཐེག་པའི་ཚད་མེད་དག །དོན་ལ་དམིགས་པ་ཞེས་བྱ་སྟེ། །བཏང་སྙོམས་ཆེན་པོར་བསྒོམ་པར་བྱ། །ཡོད་དང་མེད་པ་དབྱེར་མེད་ཅིང་། །ཆགས་སྡང་གཉིས་དང་བྲལ་བ་ཡི། །དབུ་མ་ཆེན་པོ་བསྒོམ་པར་བྱ། །བླ་མེད་དོན་ལ་གནས་བཅས་པ། །ཉོན་མོངས་ལས་རྣམས་ཀུན་སྤྱད་ཀྱང་། །བྱས་པ་མི་སོགས་ཚོགས་གྱུར་ཏེ། །ཕྱི་ནང་སྣོད་བཅུད་རྣམ་པར་དག །གང་ལའང་ཆགས་དང་མ་ཆགས་མེད། །བཏང་སྙོམས་ཆེན་པོའི་ངང་གནས་ན། །ཡུལ་གྱིས་མོས་སྐྲག་མི་འབྱུང་ཞིང་། །མཉམ་ཉིད་མི་འཕྲོག་བྱ་དང་བྲལ། །བསྒོམས་པས་མི་རྙེད་འགྲུབ་མི་འགྱུར། །དེ་ཕྱིར་གསང་བ་འདི་བསྒོམ་མོ། །རྣམ་གསུམ་པོ་ཡང་བདུད་ཀྱི་ལས། །འཁོར་བ་ཉིད་ཀྱི་རང་བཞིན་ལས། །དོན་དམ་བཙལ་བས་རྙེད་མི་འགྱུར། །དྲུག་གིས་ཡང་དག་དོན་མི་མཐོང་། །ཤེས་རབ་ཐབས་སུ་གང་འདྲེལ་བ། །ཡོད་མེད་དབུ་མ་མི་དམིགས་ཤིང་། །མཉམ་བཞག་བཏང་སྙོམས་ཆེན་པོར་བསྒོམ། །ཞེས་བརྗོད་ནས་དངོས་པོ་ཐམས་ཅད་སྒྱུ་མ་དང་འདྲ་བར་གཟིགས་ཏེ། གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་སྟོང་


DNG006_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམས་ཀྱང་རང་བཞིན་གྱིས་སྟོང་པའོ། །ཐ་མི་དད་པའོ། །དབྱེར་མེད་པའོ། །དབེན་པའོ། །ཞི་བའོ། །སྤྲོས་པ་དང་བྲལ་བའོ། །དེ་ལྟ་བས་ན། ཆོས་ཐམས་ཅད་ནི་སེམས་སུ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ཅི་ལའང་མི་གནས་སོ། །ཞེས་གསུངས་སོ། །སྤྲོས་པ་ཉེ་བར་ཞི་བའོ། །ཆོས་ཀྱི་དབྱིངས་ཀྱིས་ཀུན་ཏུ་ཁྱབ། །ཐ་དད་དུ་མ་མེད་པ་ནས། །ཀུན་ཏུ་ཁྱབ་པའི་སྤྱི་ཉིད་དོ། །སེམས་ཉིད་ཡེ་ཤེས་གཟུགས་བསྒྱུར་བ། །ཐབས་ཀྱི་རིམ་པ་འབྱུང་འགྱུར་ཏེ། །ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །འདྲེལ་བ་བདུན་གྱི་རིམ་པ་ཡི། །སྐུ་དང་ཡེ་ཤེས་རྫོགས་པར་འགྱུར། །ཐབས་ལ་བརྟེན་པའི་ཏིང་ངེ་འཛིན། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །དོན་དམ་བླ་མེད་བསྒྲུབ་པའི་ཐབས། །སྲོག་དང་རྩོལ་བ་ཞེས་བྱ་སྟེ། །དབུགས་དགག་བཏང་བ་ཅེས་སུ་བཤད། །དགའ་བ་དང་ནི་གཏོང་བ་དང་། །གཉིས་ཀ་གཉིས་ཀ་མ་ཡིན་པར། །བརྟགས་པ་རྣམ་པ་གསུམ་ཞེས་བྱ། །ཕྱི་རོལ་རྩོལ་བའི་དུས་སུ་ནི། །ཕྱི་ཡི་ནམ་མཁའ་བསྡིམ་པ་སྟེ། །སྲོག་གི་ནང་ནི་དུས་སུ་ནི། །གཞི་རླུང་ཉིད་ལ་ཐིམ་པར་བྱ། །གཞི་རླུང་དེ་ཉིད་ནམ་མཁའ་ནི། །དབྱིངས་ཀྱི་དབང་ཕྱུག་ཅེས་བྱ་སྟེ། །རྣམ་པ་བཅུ་པའི་རྒྱུད་ཡིན་ནོ། །དེ་ནི་དབང་ཕྱུག་ལྔ་ཉིད་དེ། །ཕྱི་རོལ་གཡོ་བ་རྣམ་པ་ཀུན། །དབུགས་ཉིད་ལ་ནི་ངེས་སྦྱར་ཏེ། །རྟེན་དང་བརྟེན་པའི་བདག་ཉིད་པས། །རྟ་དང་རྒྱལ་པོའི་ཚུལ་དུ་གནས། །ཐམས་ཅད་གཡོ་བ་རླུང་དུ་སྦྱར། །རླུང་ཉིད་ཕྱི་ནང་མཁའ་ལ་ཐིམ། །དེ་ཉིད་རྡོ་རྗེ་སེམས་དཔའ་སྟེ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ནམ་མཁའ་ཉིད་ལ་ཉིད་སྐྱོད་དེ། །གཞན་དུ་བྱ་བ་ཅི་ཡང་མེད། །མཁའ་ལ་རླུང་བྱུང་ན་བུན་ཚུལ། །བྱུང་ཡང་ནམ་མཁའ་ལས་བྱུང་སྟེ། །མཐར་


DNG006_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནམ་མཁའ་ཉིད་ལ་ཐིམ། །གཉིས་དང་དྲུག་ལ་སོགས་པ་ཡི། །རྣམ་པ་ཐ་དད་དུ་མ་ཡང་། །སྲོག་དང་རྩོལ་བ་ཉིད་དུ་འདུས། །རླུང་གི་རྒྱུ་འཕྲུལ་གཞི་ལ་བསྡིམ། །ལངས་ནས་མཁའ་རླུང་ཉིད་ལ་རྟོག །བརྟགས་པས་དངོས་པོ་མེད་མཐོང་བ། །དེ་ཉིད་ཡང་དག་མཐོང་བ་ཡིན། །དེ་ནས་སྟོན་པ་ཀུན་མཁྱེན་གྱིས། །རྡོ་རྗེའི་གསུང་དུ་བཀའ་སྩལ་པ། །དོན་གྱི་རང་བཞིན་ངོ་བོ་ཞིག །དངོས་པོའི་དབང་གི་ཆོས་དབྱིངས་ཏེ། །སེམས་ཅན་བསམ་པའི་དབང་གིས་ན། །ཆོས་ཀྱི་དབྱིངས་དང་ཞི་གནས་དང་། །ཡེ་ཤེས་ཤེས་རབ་རྣམ་བཞིར་སྣང་། །དངོས་པོའི་དབང་གིས་ཀུན་ཏུ་འོང་། །བསམ་པས་ཐ་དད་དུ་མར་སྣང་། །རྣམ་གྲངས་དོན་དམ་ཞེས་བྱ་སྟེ། །རིམ་པ་རིམ་པས་འཇུག་པའོ། །ཤིན་ཏུ་རྣལ་འབྱོར་འདི་ཉིད་ནི། །གཞན་ལ་བརྟེན་པ་མ་ཡིན་པས། །ལམ་གྱི་ནང་ན་ཉེ་ལམ་སྟེ། །ཐབས་ཀྱི་མཆོག་ཏུ་གྱུར་པས་ན། །ཅིག་ཆར་འཇུག་པ་ཞེས་བྱའོ། །ཡེ་ནས་གནས་པའི་དེ་བཞིན་ཉིད། །ཡེ་སངས་རྒྱས་པ་ཞེས་བྱ་སྟེ། །ཆོས་རྣམས་མ་ལུས་དབྱིངས་སུ་རྫོགས། །ཐམས་ཅད་ཀུན་འདུས་རྣམ་པར་དག །ཡོད་མེད་དབུ་མ་མི་དམིགས་ཤིང་། །མི་འགྱུར་མི་ཤིགས་རྡོ་རྗེ་སྟེ། །ཡངས་ལ་རྒྱ་ཆེ་ཀུན་ཏུ་བཟང་། །འགྱུར་བ་མ་ཡིན་ཀུན་ཏུ་བཟང་། །འགྱུར་བ་མ་ཡིན་དྲང་པོར་གནས། །རྣལ་འབྱོར་བལྟ་བར་ཤེས་པར་བྱ། །བར་དུ་བསྒོམ་པའི་ཐབས་གསུངས་པ། །ཏིང་ངེ་འཛིན་དང་སྤྱོད་པའོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི། །གསང་བའི་དོན་ལ་འཇུག་པ་སྟེ། །སྤྱོད་པ་དངོས་སུ་གསུངས་པ་ནི། །མ་དང་བུ་མོ་སྲིང་མོ་སོགས། །རྟག་ཏུ་སེམས་ནི་སྦྱར་བར་བྱ། །གླང་ཆེན་ཤ་དང་ཤ་ཆེན་དང་། །རྟ་ཤ་ཁྱི་ཤ་བ་གླང་ཤ །བྱང་ཆུབ་སེམས་ལ་སོགས་པ་རྣམས། །བཟའ་ཞིང་སྤྱད་པར་བྱ་བ་སྟེ། །འདི་ལ་མི་བྱ་ཅི་ཡང་མེད། །ཐབས་ལ་བརྟེན་པར་གྱུར་པ་དང་། །མི་བཟའ་བ་ཡང་ཅི་ཡང་མེད། །ཐམས་ཅད་བལྟ་བས་གཉིས་མེད་ཅིང་། །ཏིང་ངེ་


DNG006_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལ་གནས་གྱུར་ན། །མི་སྤྱད་པ་ནི་གང་ཡང་མེད། །ཐབས་ལ་བརྟེན་པར་གྱུར་པ་དང་། །ཐ་མར་སེམས་ནི་བཅོས་དགོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཟབ་མོའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དགྱེས་པ་ཆེན་པོ་དེས། མ་འོངས་པའི་རྣལ་འབྱོར་པ་ཤེས་རབ་ཀྱིས་རྒྱགས་པ་རྣམས་དང་། ཚུལ་བཞིན་དུ་དབང་བསྐུར་བའི་སྒྲུབ་པ་པོ་རྣམས་ཀྱི་དོན་དུ།གསང་བ་དང་། གསང་ཆེན་དང་། ཡེ་ཤེས་སྙིང་པོ་གསུམ་རྫོགས་པར་བྱས་ཏེ།ཟབ་མོའི་ཐབས་འདི་གསུངས་སོ། །རང་བཞིན་གནས་པའི་དེ་བཞིན་ཉིད། །ཡེ་ནས་གནས་པའི་ཆོས་ཉིད་དེ། །ས་ལ་མི་བགྲོད་སྦྱང་དུ་མེད། །ལྷུན་རྫོགས་རང་བྱུང་གཅིག་པུར་གནས། །དཔའ་བོ་དངོས་པོ་ཐམས་ཅད་ཟད། །སྟོང་པ་ཉིད་ཀྱི་རང་བཞིན་ལས། །ཏིང་ངེ་འཛིན་དུ་མཉམ་བཞག་པས། །ལུས་ཀྱི་ཆོས་ཀྱི་རང་བཞིན་ལ། །ཀླད་པ་དང་ནི་ཀླད་རྒྱས་དང་། །སྐྲ་དང་སྤུ་དང་སེན་མོ་དང་། །ཤ་དང་པགས་པ་ཚིལ་བུ་དང་། །རྒྱུ་མ་གཉེ་མ་ལ་སོགས་པ། །མི་གཙང་བ་ཡི་རང་བཞིན་ཅན། །བལྟས་པས་དངོས་པོ་མེད་མཐོང་སྟེ། །སྒྱུ་མ་མིག་ཡོར་ཚུལ་ཤེས་ཤིང་། །བདེན་པ་ཉིད་དུ་མ་མཐོང་སྟེ། །དེ་ཉིད་ཡང་དག་མཐོང་བ་ཡིན། །མི་རྟོག་ཤེས་རབ་གང་སྐྱེ་བ། །གསང་བའི་དོན་ལ་ཞུགས་པ་ཡིན། །ངག་གི་ཆོས་སུ་སྣང་བ་ཀུན། །ཇི་སྙེད་སྒྲ་དང་ཐ་སྙད་དང་། །ཡི་གེ་སྐད་དང་བརྡའ་ལ་སོགས། །གདགས་བྱ་དང་ནི་འདོགས་བྱེད་དང་། །གདགས་པའི་ཚིག་ལ་སོགས་པ་ཡི། །དངོས་པོ་གང་ཡང་མ་རྙེད་དེ། །འགའ་ཡང་མཐོང་བ་མེད་པ་ནི། །དེ་ཉིད་མཐོང་བ་ཆེན་པོ་ཡིན། །ཚིག་ལ་མི་རྟོག་ཤེས་རབ་སྐྱེ། །དངོས་པོ་མེད་པར་གྲགས་པ་ཡིན། །སེམས་ཀྱི་ཆོས་སུ་གང་གསུངས་པ། །སེམས་དང་སེམས་ལས་བྱུང་བ་ཡི། །དྲན་དང་རྟོག་པ་ལ་སོགས་པ། །བརྟགས་པ་དངོས་པོ་


DNG006_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཐོང་བ། །ཟག་པ་མེད་པའི་ཤེས་རབ་སྟེ། །ཡེ་ཤེས་མྱུ་གུ་སྐྱེད་པའོ། །ལམ་ལྔ་རྫོགས་པའི་རིམ་པ་ལ། །སྟོང་ཉིད་ཡེ་ཤེས་ཆེན་པོ་སྟེ། །པདྨའི་སྤྱན་དུ་རྣམ་པར་གྲགས། །ཤིན་ཏུ་སྦྱོར་བ་ངེས་མཐོང་བས། །ཆོས་སྐུ་བདེ་བ་ཆེན་པོ་ཐོབ། །དེ་ནས་དགྱེས་པ་ཆེན་པོས་འདི་སྐད་གསུངས་སོ། །ཕྱོགས་བཅུ་ན་བཞུགས་པའི་དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཐུགས་རྗེ་རོ་གཅིག་པ་རྣམས་ཀྱང་ཟབ་མོའི་ཐབས་འདི་བལྟ་བར་འཚལ་ལོ། །འདས་པ་དང་ད་ལྟ་དང་མ་འོངས་པའི་སངས་རྒྱས་རྣམས་ཀྱང་། ཐབས་ཟབ་མོ་འདིས་མངོན་པར་འཚང་རྒྱའོ། །རིགས་ཀྱི་བུ་རྣམས་ཀྱིས་ཀྱང་ཚུལ་འདི་བཞིན་དུ་ཡིད་ལ་བྱའོ། །ལྟ་བ་ངན་པའི་འདུ་ཤེས་མ་སྐྱེད་ཅིག །ཤེས་རབ་འཆལ་བ་ལ་སོགས་པར་གྱུར་ཏ་རེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་དགོངས་པ་ནི་ནམ་མཁའ་དང་མཉམ་མོ། །ཟླ་མེད་དོ། །གཞན་གྱིས་མི་དཔོག་པའོ། །མི་མཉམ་པ་དང་མཉམ་པའོ། །ཆོས་ཉིད་དང་བྲལ་བའོ། །དེ་བས་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ་ཀུན་ལ་ཁྱབ་པའོ། །སངས་རྒྱས་ཀྱི་བདག་ཉིད་དང་། དེ་བཞིན་ཉིད་དེ་མཐོང་བ་ནི་སངས་རྒྱས་སོ། །ངའོ་ང་དང་འདྲ་བ་ཉིད་དོ། །གྱ་ནོམ་པའོ། །བླ་ན་མེད་པའོ། །དེ་ནས་སངས་རྒྱས་པའི་བདག་ཉིད་ཆེན་པོ་སྒྲུབ་པ་འདི་གསུངས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་རྫོགས་པ་ཆེན་པོ་སློབ་པར་འདོད་པས། ཤིན་ཏུ་རྣལ་འབྱོར་གྱི་དོན་འདི་བསྒོམ་པར་བྱའོ། །དེ་བས་ན་ཆོས་ཐམས་ཅད་ཀྱིས་རང་མི་ཤེས་ཏེ།གཟུགས་ཀྱིས་གཟུགས་མི་ཤེས་སོ། །སྒྲ་ཡིས་སྒྲ་མི་ཤེས་སོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་རང་རང་གི་ངོ་བོ་ལ་བལྟ་བར་བྱའོ། །དེ་ཉིད་མཐོང་བ་ནི་མ་རིག་པའི་སྒྲིབ་པ་བྲལ་བ་སྟེ། བརྟགས་པའི་ཚིག་མི་སྐྱེ་བའོ། །བདེན་པ་མཐོང་བའོ། །བྱང་ཆུབ་སེམས་དཔའི་


DNG006_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་གནས་པའོ། །དེ་ཉིད་མ་མཐོང་བའི་ཚུལ་གྱིས་མཐོང་བ་ནི་སངས་རྒྱས་ཀྱི་ས་ལ་གནས་པའོ། །བདེ་བར་གཤེགས་པའོ། །མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རབ་ཏུ་དགའ་བའི་སྤྱན་རྒྱས་པས་གཟིགས་མོས་མཉེས་པར་གྱུར་ཏོ། །དེ་ནས་བདག་ཉིད་ཆེན་པོས། དེ་བཞིན་གཤེགས་པ་དེ་དག་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཡོ་དང་མི་གཡོའི་རྣམ་པ་ཀུན། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། །སྲིད་དང་ཞི་བ་དབྱེར་མེད་ཕྱིར། །ཐམས་ཅད་ནམ་མཁའི་རང་བཞིན་ནོ། །དང་པོ་གནས་ཁང་ཉམས་དགའ་བར། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །འདུ་འཛི་ཐམས་ཅད་སྤངས་ནས་སུ། །ལུས་ཀྱི་བཅའ་བ་རྣམ་ལྡན་བྱ། །ལུས་ངག་ལྟེང་ཀ་བཞིན་གནས་ན། །སེམས་ཀྱང་ལྟེང་ཆུ་བཞིན་དུ་གནས། །གཟུགས་ལ་སོགས་པའི་དངོས་པོ་རྣམས། །རང་བཞིན་གྱིས་ནི་སྟོང་པ་སྟེ། །དངོས་པོའི་མཐའ་ནི་མེད་ཤེས་ན། །གང་ཡང་རང་བཞིན་མེད་བརྟགས་ན། །ཐམས་ཅད་ཆོས་ཉིད་ཕྱག་རྒྱ་ཡི། །བལྟ་བའི་རྒྱས་ནི་བཏབ་བྱས་ལ། །དེ་ནས་བཞི་ཡི་སྙིང་པོ་བསྒོམ། །སྤྱོད་པས་གང་ཡང་ཐོགས་མེད་ཅིང་། །ཏིང་ངེ་འཛིན་དུ་མཉམ་བཞག་ན། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །སེམས་ལ་དམིགས་པར་བདག་མེད་པར། །སལ་ལེ་སང་ངེ་བསམ་བྱ་བ། །རང་བཞིན་གྱིས་ནི་འོད་གསལ་ཏེ། །སྟོང་པ་ཉིད་ཀྱི་བདག་ཉིད་དོ། །འཇིག་རྟེན་པ་ཡི་ལམ་དུ་ནི། །རྗེས་སུ་དཔོག་པའི་ཤེས་པ་སྟེ། །ཤེས་པ་གསུམ་པོ་གྱུར་པ་ནི། །བསམ་མེད་དྲན་མེད་སྒྱུ་མའང་མེད། །ཏིང་འཛིན་ཚུལ་ཁྲིམས་ཤེས་རབ་པོ། །དེ་ཉིད་མྱོས་པ་སྤྱོད་པའི་ས། །ས་ཡི་རིམ་པ་ཐ་དད་དེ། །ས་རྣམས་ཡོངས་སུ་བཀོད་པ་ཡང་། །སྟོང་ཉིད་ཡེ་ཤེས་བསྐྱེད་པ་སྟེ། །ཏིང་ངེ་འཛིན་གྱི་རིམ་པ་ཡང་། །ཏིང་ངེ་འཛིན་གྱི་ཁྱད་པར་ལས། །ས་ན་སར་འཕར་མངོན་བྱང་ཆུབ། །དེ་དང་དེ་ཡི་རིམ་པ་ཡིས། །ཀུན་


DNG006_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྟགས་པའི་མ་རིག་དང་། །ལྷན་ཅིག་སྐྱེས་པའི་མ་རིག་པ། །སྒྲིབ་པ་གཉིས་ནི་ཞེས་བྱ་སྟེ། །བྱང་ནས་ཚོགས་གཉིས་རྫོགས་པ་ཡི། །སྐུ་ལྔ་ཡེ་ཤེས་རྣམ་ལྡན་པ། །ད་ལྟ་ཉིད་དུ་ཐོབ་པར་འགྱུར། །ཡོན་ཏན་རྣམ་པར་འཕེལ་བ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཟབ་མོའི་མན་ངག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་གང་ཡིན་པ། །དོན་དམ་ཅི་ཡང་མེད་པ་ལས། །ཀུན་རྫོབ་དག་ཏུ་བཤད་པར་བྱ། །ཞེས་བརྗོད་པས་དེ་བཞིན་ཉིད་ཀྱི་དོན་ལ་རོལ་ཅིང་དགྱེས་ཏེ། དགྱེས་པ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁ་ཅིག་ཀུན་གྱི་རང་བཞིན་ཞི་བ་ལ། །ཕྱོགས་སུ་བལྟས་པས་གྲུབ་མེད་དེ། །རང་བཞིན་གྱིས་ནི་རྟོགས་པ་དང་། །གཉེན་པོའམ་ཡང་ན་གཏན་ཚིགས་ཀྱིས། །ཤིན་ཏུ་ཞིབ་པར་བརྟག་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་བདག་པོས། །གཏན་ཚིགས་ཀྱི་སྒོ་ནས་བསྒྲུབ་པ། དབུ་མའི་བརྟགས་པ་འདི་ལྟ་བུ་གསུངས་སོ། །ཁ་ཅིག་གཡོ་དང་མི་གཡོ་ཀུན། །དམ་པ་ཉིད་དུ་རང་བཞིན་མེད། །རང་བཞིན་མེད་ལས་ཅིར་ཡང་སྨོན། །བདག་དང་གཞན་དུ་གཉིས་ཀ་མེད། །རྒྱུ་མེད་པ་ལས་སྐྱེ་བྲལ་ཕྱིར། །ནམ་མཁའི་མེ་ཏོག་ཇི་བཞིན་ནོ། །ནམ་ཡང་སྐྱེ་བར་མི་འགྱུར་རོ། །གང་ཞིག་རྫོགས་ཆེན་འདོད་པ་ཡིས། །ཏིང་ངེ་འཛིན་དུ་མཉམ་གཞག་ནས། །སྤྱོད་པ་མ་རབས་ལྡན་པ་ལས། །གསང་བའི་དོན་ཉིད་བསྒོམ་པར་བྱ། །ལངས་ནས་ཕྱི་རོལ་ཡུལ་ལས་འདས། །འཁོར་ལོ་ཉིད་དུ་ཤེས་པར་བྱ། །དོན་དམ་ཀུན་རྫོབ་སེམས་བསྐྱེད་ནས། །མཚན་མེད་མཚན་མ་རྣམས་བསྒོམས་པས། །ཆོས་ཀྱི་སྐུ་དང་གཟུགས་སྐུ་འགྲུབ། །ཞི་དང་ཐུགས་རྗེར་འདྲེལ་བའོ། །ཡང་


DNG006_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཅིག་དང་དུ་མ་ཡི། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །དངོས་པོ་གང་དང་གང་ལ་ཡང་། །མཚན་མ་ཡོད་པ་མ་ཡིན་ནོ། །རང་བཞིན་རང་བཞིན་མེད་མཐོང་བ། །ངོ་བོ་ཉིད་དུ་གནས་པ་ཡིན། །མུ་བཞི་སྐྱེ་བ་རྣམ་བྲལ་ཕྱིར། །རང་བཞིན་མེད་དེ་སྐྱེ་མེད་བལྟ། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྟེན་ཅིང་འདྲེལ་བ་གང་བྱུང་བ། །རང་བཞིན་མེད་པས་གཟུགས་བརྙན་འདྲ། །སྔོན་དང་ཕྱི་མའི་མཐའ་སྤངས་ཏེ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང་། །ངོ་བོ་ཉིད་ཀྱིས་མ་སྐྱེས་པས། །སྐྱེ་དང་འགག་པ་མི་འགྱུར་ཏེ། །མཐོང་བའི་ཆོས་ཉིད་དེ་བཞིན་གཤེགས། །རྟེན་ཅིང་འདྲེལ་བ་དེ་བཞིན་གཤེགས། །རྟེན་ཅིང་འདྲེལ་བ་ཟབ་མོའི་དོན། །དམ་པའི་དོན་དུ་བསྒོམ་པར་བྱ། །སྲིད་གསུམ་རང་བཞིན་མེད་མཐོང་ན། །ཁམས་གསུམ་འགྲོ་རྣམས་དབང་དུ་གྱུར། །གསང་བ་ཟབ་མོའི་དོན་ཉིད་ལ། །འཛིན་པ་མེད་པར་མེད་པ་ཡི། །ཡོད་པ་མེད་པར་ཤེས་འདུག་ན། །ད་ལྟ་ཉིད་དུ་ས་གསུམ་རྫོགས། །བྱ་མེད་བྱ་དང་རྣམ་པར་བྲལ། །ཁམས་གསུམ་ལས་འདས་རིན་པོ་ཆེ། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཟད་མི་ཤེས་པའི་གཏེར་དུ་འགྱུར། །མི་རྟོག་གསང་བ་ཀུན་འདུས་ཕྱིར། །རྟོག་པ་ཐམས་ཅད་དགག་པ་ཡིན། །གཟུང་དང་འཛིན་པ་ལས་བྱུང་སྟེ། །ཕྲ་རྒྱས་ཐམས་ཅད་གང་ཡིན་པ། །ལྷུན་གྱིས་གནས་པས་བཀག་པ་ཡིན། །འདི་ནི་ཨི་དང་མཛེས་པའི་ས། །ཏ་ལས་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལས། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །སྲོག་དང་རྩོལ་བ་ལས་བྱུང་བའི། །སྤྲོ་དང་བསྡུ་བ་དེ་བཞིན་ཏེ། །དབུགས་ནི་ཕྲ་མོ་ཉིད་དུ་བྱ། །དེ་ནས་མ་སྐྱེས་ཏིང་འཛིན་བསྒོམ། །ཀུན་གྱིས་བགྲོད་པའི་ལམ་རྒན་ཕྱིར། །ཅིག་ཆར་འཇུག་པའི་དོན་ཉིད་པས། །གཞན་དུ་འཇུག་པར་མི་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐེག་པ་གཞན་རྣམས་ངོ་མཚར་དུ་གྱུར་རྨད་དུ་གྱུར་ཏེ་ངུས་རབ་ཏུ་ངུས་སོ། །དེ་ནས་དེ་བཞིན་གཤེགས་


DNG006_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་བདག་པོས། བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤིན་ཏུ་རྣལ་འབྱོར་གྱི་དོན་འདི་ནི། ནམ་མཁའ་དང་མཉམ་པ་སྟེ། སངས་རྒྱས་ཀྱི་སྤྱོད་ཡུལ། ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ལགས་པ། མཆོག་ཏུ་གསང་བ་ཉིད་པས། ཁྱེད་རྣམས་ཀྱང་མ་སྐྲག་མ་དངངས་དངངས་པར་མ་བྱེད་ཅིག །སྤྱོད་ཡུལ་འདི་ལས་འདའ་བར་དཀའོ། །དེ་བཞིན་ཉིད་ཀུན་ལ་གནས་སུ་ཟིན་ཀྱང་། ཤེས་རབ་དང་སྙིང་རྗེར་མི་ལྡན་ཅིང་སྐལ་བ་མེད་པ་རྣམས་འཇུག་པར་མ་བྱེད་ཅིག །དེ་ནི་ཉམས་པར་འགྱུར་ཏེ། ཟབ་མོའི་དོན་མི་རྟོག་ཅིང་གནས་མེད་པ་ཡིན་ཏེ། དཔེར་ན་དེ་བྱི་སུ་དྲ་བཞིན་ནོ། །དེ་བས་ན་རིགས་གང་ཡིན་པ་མཚན་ལས་ཡོངས་སུ་བཟུང་ངོ་། །ཞེས་བརྗོད་པས་ཐམས་ཅད་རང་རང་གི་གནས་གལ་བར་འཁོད་པར་གྱུར་ཏོ། །དེ་ནས་ཐམས་ཅད་ཀྱི་བདག་པོས། ཤིན་ཏུ་རྣལ་འབྱོར་གྱི་དོན་དུ་རྩོལ་བ་དང་བྲལ་བའི་ཐབས་འདི་གསུངས་སོ། །ཐམས་ཅད་བལྟ་བས་བཀབ་ནས་སུ། །སྙིང་རྗེའི་མཐུ་ལས་བྱུང་བ་ཡི། །བྱང་ཆུབ་སེམས་ལྡན་གསང་སྔགས་པས། །སྣང་བ་དགག་པ་མ་ཡིན་ཏེ། །དབང་པོ་སྤྱོད་ཡུལ་ཡན་པར་བཞག །བལྟས་པས་མ་མཐོང་ཅིར་ཡང་མེད། །དངོས་ཀུན་སྒྱུ་མར་འདྲ་ཤེས་ནས། །མ་མཐོང་མཐོང་བའི་རྣམ་པ་ཅན། །བྱ་བྲལ་ལྷུན་གྲུབ་ཇི་བཞིན་གནས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཇི་བཞིན་པ་ཞེས་མི་རྟོག་ཀྱང་། །རྣམ་པར་སྣང་མཛད་ཀུན་ཏུ་བཟང་། །རྣམ་རྟོག་ཉིད་དུ་ཀུན་འདུས་ཕྱིར། །ཚོར་བ་བསྒོམ་པ་ཅི་ཞིག་ནད། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །བསྒོམ་པ་རྩོལ་བའི་ནད་ཡིན་ཏེ། །རྩོལ་སེམས་བདེ་བ་རང་ལས་བྱུང་། །སྣང་བ་མེད་པའི་ཆོས་ཉིད་ནི། །བཙལ་བ་མེད་པའི་བཙལ་བས་འགྲུབ། །ཕྱི་ནང་གཡོ་དང་མི་གཡོ་ཀུན། །བྱང་ཆུབ་སྙིང་པོ་ཉིད་ཡིན་པས། །བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །མ་བཙལ་བཞག་ན་བསྒོམ་


DNG006_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །དེ་དང་དེ་རུ་རྣམ་བཙལ་ནས། །དེ་ལས་དེ་བཞིན་དོན་མི་འབྱུང་། །དེ་ནི་སྙིང་པོ་དེ་བས་ན། །དེ་ལས་དེ་འབྱུང་ངོ་མཚར་ཆེ། །ཕུང་པོ་ལྔ་ཉིད་སངས་རྒྱས་གཙོ། །འབྱུང་བ་ལྔ་ཉིད་རིགས་ཀྱི་ཡུམ། །དབང་པོ་ཡུལ་དུས་རིག་པ་རྣམས། །བྱང་ཆུབ་སེམས་དང་ཁྲོ་བོའི་ཚོགས། །ཉོན་མོངས་ལྔ་པོ་བྱང་ཆུབ་ལམ། །ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་། །སངས་རྒྱས་ཉིད་ལས་གཞན་མ་ཡིན། །དམ་པ་ཉིད་དུ་བཙལ་མེད་དེ། །ཀུན་རྫོབ་ཏུ་ཡང་བཙལ་མེད་དེ། །དམ་པའི་དོན་ལ་གང་འཇུག་པས། །གསང་བ་ཨཱཿཡི་དོན་ཉིད་ལས། །གསང་བ་ཨཱོཾ་ཉིད་དམིགས་པ་ན། །གདམས་ངག་ངེས་པ་ཟབ་མོ་ཡིས། །བཙལ་བ་མེད་པའི་བཙལ་བ་དང་། །མི་བསྒོམ་པ་ཡི་བསྒོམ་པ་དང་། །མི་གནས་པ་ཡི་ཚུལ་དུ་གནས། །མཉམ་གཞག་མེད་པའི་ཚུལ་གྱི་ནི། །རྟག་པར་ཉིད་དུ་མཉམ་པར་བཞག །དགེ་དང་མི་དགེ་གཉིས་མེད་དེ། །བྱང་ཆུབ་ནམ་མཁའི་མཚན་ཉིད་དོ། །བྱང་ཆུབ་བཙལ་བས་རྙེད་མིན་ཏེ། །བྱང་ཆུབ་འདོད་ལ་བྱང་ཆུབ་མེད། །ཡང་དག་དོན་གྱི་སྙིང་པོ་འདི། །བསྒོམས་པས་རྙེད་པར་མི་འགྱུར་ཏེ། །མ་བསྒོམས་པས་ཀྱང་རྙེད་མི་འགྱུར། །བཙལ་བ་མེད་པའི་བསྒོམ་པ་ཡིས། །ཉལ་བའི་འཁོར་ལོ་ཉིད་དུ་བྱ། །ཆོས་རྣམས་མ་ལུས་སེམས་ཀྱི་ངང་། །སེམས་དེ་རང་བཞིན་གཞན་ན་བསྒོམ། །དངོས་མེད་བྱང་ཆུབ་སེམས་ཀྱི་ངང་། །འདུས་མ་བྱས་པས་བདེ་བའི་ཀློང་། །སེམས་ཉིད་བསམ་མེད་བློ་ལས་འདས། །ཡེ་སངས་རྒྱས་པས་བསྒོམ་དུ་མེད། །དྲང་སྲོང་མཁས་པའི་རིག་པ་ཡིས། །དེ་ལ་མ་བཙལ་ཕབ་ན་བསྒོམ། །རིག་པ་དབྱིངས་ལ་ཡན་པ་ནི། །བཙལ་བའི་ནད་བྲལ་བསྒོམ་པ་ཡིན། །དེ་བས་གསང་བ་དྲི་མ་མེད། །ཡང་དག་འོད་གསལ་བསྒོམ་པར་བྱ། །འོད་གསལ་ཟུང་འཇུག་གནས་གྱུར་ན། །མཚན་མ་སྣ་ཚོགས་བག་ལ་བསད། །ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཀུན་ཏུ་བཟང་པོའི་རོལ་པ་འགྲུབ། །དངོས་མེད་དངོས་ལ་མི་གནས་ཤིང་། །དབུ་མ་མི་དམིགས་མིང་


DNG006_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད། །སེམས་ཀྱི་རྒྱུ་བའང་མེད་པས་ན། །ཐམས་ཅད་ཐམས་ཅད་སྟོང་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན།ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཟབ་མོའི་མན་ངག་རྩོལ་བ་དང་བྲལ་བར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བདེན་པ་གཉིས་སོ་སོར་བསྟན་པའི་ཆེད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་པ་ཡི་ངོ་བོ་ཉིད། །ཐ་དད་དུ་མ་མ་ཡིན་ཏེ། །སེམས་ཅན་བསམ་པའི་དབང་གིས་ན། །ཐབས་ཀྱི་རིམ་པ་དུ་མར་འགྱུར། །ལོག་པ་རྟོག་པའི་བདག་ཉིད་ཅན། །བྱེད་པ་པོ་ལ་སོགས་པ་ཡི། །རྒྱུད་འདོད་མཐའ་རུ་འཛིན་པ་དང་། །ལྟ་བ་དྲུག་ཅུ་རྩ་གཉིས་ལྡན། །ཀུན་རྫོབ་ཡིན་ཏེ་དོན་དམ་མིན། །ཚིག་ཏུ་སྤྲོས་བྲལ་ཞེས་བྱའོ། །ཕྱི་རོལ་དོན་དུ་ལྟ་བ་གཉིས། །བདག་ཏུ་འཛིན་པ་ལ་སོགས་པ། །ཀུན་རྫོབ་ཡིན་ཏེ་དོན་དམ་མིན། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །རྟེན་ཅིང་འདྲེལ་བ་ལ་སོགས་པ། །ཡང་དག་རྫས་སུ་འདོད་པ་དེ། །རྡུལ་ལས་གྲུབ་པའི་མཚན་ཉིད་དང་། །དེ་ལས་དེ་བྱུང་ཆོས་བདག་ཉིད། །དོན་དམ་པ་ཡི་རང་བཞིན་ནོ། །གཟུང་དང་འཛིན་པ་རྣམ་སྤངས་པའི། །ཤེས་བྱ་ནང་གི་འདོད་པ་དག །རྡུལ་ཉིད་ཕྱོགས་ཆས་མི་འགྲུབ་ཅིང་། །གཅིག་མིན་དུ་མ་མ་ཡིན་ནོ། །ཀུན་ཏུ་བརྟགས་པའི་བདག་ཉིད་ནི། །ཡང་དག་མིན་ཏེ་ཀུན་རྫོབ་ཡིན། །གཞན་གྱི་དབང་གི་ངོ་བོ་ཉིད། །ཡོངས་སུ་གྲུབ་པ་ཞེས་བྱ་བ། །དོན་དམ་བདེན་པ་ཞེས་བྱའོ། །སྟོང་པ་ཆེན་པོའི་རང་བཞིན་ནི། །ཆོས་བདག་མེད་པར་མཉམ་ཉིད་པས། །རང་སེམས་གཟོད་ནས་མ་སྐྱེས་པ། །རང་བཞིན་ཅན་གྱི་ཀུན་རྫོབ་སྟེ། །དོན་དམ་སྟོང་པ་ཉིད་ཡིན་པས། །རང་བཞིན་རང་བཞིན་མེད་པའོ། །བྱ་བ་དང་ནི་གཉིས་ཀའི་རྒྱུད། །ཕྱི་རོལ་སྤྱོད་པའི་བྱ་བ་དག །ཁྲུས་དང་གཙང་སྦྲ་ལ་སོགས་


DNG006_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཀུན་རྫོབ་ཡིན་ཏེ་དོན་དམ་མིན། །མཚན་མ་དག་ལ་རྟེན་བཅས་ནས། །མཚན་མ་མེད་པ་འགྲུབ་པ་དང་། །ནང་གི་དག་པར་སྦྱོར་བ་ནི། །ཡང་དག་བདེན་པ་ཞེས་བྱའོ། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་ཀུན། །སྣང་ལ་རང་བཞིན་མེད་པ་སྟེ། །འཁོར་ལོ་བདག་ཉིད་ཐམས་ཅད་ཀུན། །ཀུན་རྫོབ་ཡིན་ཏེ་འགོག་པ་ཡིན། །དོན་དམ་བདེན་པ་ཞེས་བྱ་བ། །གསང་བ་ཡིན་ཏེ་རང་བཞིན་མེད། །གསང་བའི་ཐིག་ལེ་ཀུན་གྱི་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་དམ་པ་དྲི་མ་མེད། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐམས་ཅད་རང་བཞིན་མེད་པའོ། །ཤིན་ཏུ་རྣལ་འབྱོར་ཆེན་པོ་ནི། །ཏིང་ངེ་འཛིན་དང་སྤྱོད་པ་དང་། །ཐབས་ཀྱི་རིམ་པ་ཀུན་རྫོབ་སྟེ། །ཐེག་པ་ཐེག་པ་ཞེས་བྱའོ། །དོན་དམ་སྟོང་པ་ཉིད་ཡིན་པས། །རང་བཞིན་རང་བཞིན་མེད་པའོ། །བལྟ་དང་ཏིང་འཛིན་སྤྱོད་པར་བྲལ། །ལམ་གྱི་ནང་ན་ཉེ་ལམ་སྟེ། །ཐབས་ཀྱི་མཆོག་ཏུ་གྱུར་པས་ན། །རྫོགས་པ་ཆེན་པོ་ཞེས་བྱའོ། །ཕྱི་རོལ་ཡུལ་ལས་ལོག་ནས་ནི། །ཇི་བཞིན་པ་ཡི་ཡུལ་ལ་འཇུག །འདུ་ཤེས་མེད་པའི་ཤེས་པ་ཅན། །ནང་དུ་འདུལ་བའི་རྟོག་མེད་བསྒོམ། །རྩོལ་བ་མེད་པའི་སེམས་དཔའ་ཡིས། །བཙལ་བ་མེད་པའི་རྡོ་རྗེ་བསྒོམ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། བདེན་པ་གཉིས་སོ་སོར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། ཤིན་ཏུ་རྣལ་འབྱོར་གྱི་དོན་གསང་བ་བསྡུས་པ་འདི་གསུངས་སོ། །དངོས་པོའི་རང་བཞིན་ཐམས་ཅད་ནི། །ཆོས་ཀྱི་དབྱིངས་ཀྱི་ཐིག་ལེ་སྟེ། །དེ་ཉིད་བསྒོམ་པའི་ཐབས་སུ་ནི། །མེ་ཤེལ་གཟུགས་བརྙན་ལ་སོགས་བརྟགས། །བརྟགས་པས་དངོས་པོ་མེད་མཐོང་སྟེ། །ཡང་དག་མཐོང་ན་རྣམ་པར་གྲོལ། །གཟུགས་དང་སྒྲ་ལ་སོགས་པ་རྣམས། །ཡང་དག་མིན་ཏེ་ཀུན་བརྟགས་ཡིན། །ཤེས་རབ་ཐབས་


DNG006_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐམས་ཅད་བྱུང་། །གང་ཞིག་དངོས་མེད་ཤེས་རབ་སྟེ། །རང་གི་མཚན་ཉིད་ཐབས་ཡིན་ནོ། །བདེ་བའི་བསམ་གཏན་ཆེན་པོ་ཡིན། །སྒྱུ་མའི་རོ་ལ་མ་ཆགས་ན། །དེ་ནི་ཆགས་པ་ཆེན་པོ་ཡིན། །སྲོག་དང་མ་བྱིན་ལེན་པ་དང་། །རྫུན་དང་རྩུབ་པའི་ངག་ལས་སོགས། །ཐམས་ཅད་མ་ལུས་སྤྱད་བྱ་སྟེ། །སྦྱར་ན་ཡེ་ཤེས་ཐོབ་པར་འགྱུར། །སྐུ་གསུང་ཐུགས་སུ་གང་སྒྲུབ་པས། །ཕྲ་མོ་ཐིག་ལེ་རྫོགས་པར་བསྒོམ། །དེ་ནས་གྲུབ་པ་མཐོང་མ་ཐག །མ་སྐྱེས་པ་ཡི་ཏིང་འཛིན་བསྒོམ། །དེ་ཡང་རང་བཞིན་མཚན་མ་མེད། །གཉིས་མེད་གཉིས་སུ་མེད་མིན་ཞི། །མི་འགྱུར་བ་དང་དྲི་མ་མེད། །ནམ་མཁའ་ལྟ་བུར་བདག་མེད་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས། ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ། །རིགས་ཀྱི་བུ་གང་ལ་ལས་ཤིན་ཏུ་རྣལ་འབྱོར་གྱི་དོན་འདི། ཐོས་པ་མེད་པའི་ཚུལ་དུ་ཐོས་པ་དང་། མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་ལ་སོགས་པར་རྟོགས་ཤིག །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དོན་ཟབ་མོ་ཡི་གེ་མེད་པའི་རྒྱུད་ཅེས་བྱའོ། །དེའི་དོན་ནི་བླ་མའི་ཁ་ནས་ཤེས་པར་བྱ་སྟེ། དངོས་གྲུབ་ཀྱང་བླ་མ་ལ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན།ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཤིན་ཏུ་རྣལ་འབྱོར་གྱི་དོན་བསྡུས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ། འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟོད་པ། ཐམས་ཅད་སྐུ་ཡི་བདག་པོ་མཆོག །མཚན་དང་དཔེ་བྱད་རྫོགས་པར་ལྡན། །ཤིན་ཏུ་རྣལ་འབྱོར་དོན་འཆང་བ། །ཐམས་ཅད་སྐུ་ཁྱོད་ཕྱག་འཚལ་ལོ། །ཐམས་ཅད་གསུང་གི་བདག་པོ་མཆོག །ཡི་གེ་མེད་པའི་གསུང་མཆོག་སྟེ། །གསང་བ་ཟབ་མོའི་དོན་འཆང་བ། །ཐམས་ཅད་གསུང་ཁྱོད་ཕྱག་འཚལ་ལོ། །ཐམས་ཅད་ཐུགས་ཀྱི་བདག་པོ་མཆོག །ཡེ་ཤེས་ལྔ་ཡི་བདག་ཉིད་
ཅན། །རྫོགས་པ་ཆེན་པོའི་དོན་འཆང་བ། །ཐམས་ཅད་ཐུགས་ཁྱེད་ཕྱག་འཚལ་ལོ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཉིད་མཉེས་པར་གྱུར་ཏེ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བོས་ནས། ཁྱེད་ཀྱིས་ཤིན་ཏུ་རྣལ་འབྱོར་གྱི་དོན་འདི་བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་འགྲོ་བ་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར་ཅིག །ཅེས་གསུངས་པས། ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་དུ་བགྱིའོ་ཞེས་བརྗོད་དོ། །དེ་ནས་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་དབང་བསྐུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་ཤིན་ཏུ་རྣལ་འབྱོར་གྱི་དོན་ལ་ཞུགས་ཏེ། ཅང་མི་སྨྲ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། བདག་པོ་ཡོངས་སུ་མཉེས་པ་དང་། ཡོངས་སུ་བཟུང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་སྟེ། མན་ངག་གི་སྙིང་པོ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད། རྫོགས་པ་ཆེན་པོའི་ཡང་རྫོགས་པ། ཟབ་མོའི་ཡང་ཟབ་མོ་ཤིན་ཏུ་རྣལ་འབྱོར་གྱི་དོན་མཐར་ཐུག་པའི་ས་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། བོད་ཀྱི་དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཅིང་གཏན་ལ་ཕབ། ཕྱིས་སྐད་གསར་བཅད་ཀྱིས་ཀྱང་བཅོས་སོ།། །།

རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ཅེས་བྱ་བ།


DNG006_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣ་ཙཀྲ་ཀཱུ་ཊ་ཏནྟྲ་ནཱ་མ། བོད་སྐད་དུ།རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་བདེ་ཆེན་བརྡལ་བའི་ཕོ་བྲང་རིག་པ་ཟང་ཐལ་གྱི་གཞལ་ཡས་ཁང་ན་བཞུགས་པའི་སྐུ་བདེ་བ་ཆེན་པོས་ཉིད་ལ་ཉིད་ཀྱི་གཟིགས་ནས་སྣང་བ་ཟག་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞུགས་མ་ཐག་ཏུ་རང་སྣང་དག་པའི་བདེ་བར་གཤེགས་པ་རྣམས་དང་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་མ་ལུས་པ་དང་། བདག་ཉིད་རང་སྣང་གི་འཁོར་ཐམས་ཅད་དབྱེར་མེད་དེ། བདག་ཉིད་ཀྱི་མཚན་ཉིད་ལས་བྱུང་


DNG006_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དེ་དག་ཐམས་ཅད་རང་ཉིད་ཡིན་པ་དང་། རང་གི་ཆོ་འཕྲུལ་ལས་བྱུང་བའི་འཁོར་རོལ་པའི་མཚན་ཉིད་དོན་ཐུགས་སུ་ཆུད་པའི་ཚུལ་དེ་ཡང་རང་གི་ཆོས་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རང་གི་ངོ་བོ་ལ་གཟིགས་ཏེ། གསང་བ་ཡེ་ཤེས་ཀྱི་མཐོངས་བསལ་ཏེ། མ་རིག་པའི་ལྕིབས་ཕྱུང་ནས་རིག་པའི་ཡེ་ཤེས་ཀྱི་བདེ་བ་ཆེན་པོའི་དོན་ལ་གསལ་བར་ཕྱུང་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་དོན་ཅི་ལྟར་ཡིན་པ་དང་།སྣོད་བཅུད་འཛིན་པའི་དོན་ཇི་ལྟ་བ་ཡིན་པ་མཚན་ཉིད་ཐ་དད་ཀྱང་རང་གི་རྒྱན་དུ་སྣང་བར་བྱས་ནས། རང་གི་ངོ་བོ་དང་རང་བཞིན་དང་། རང་གི་སྤྱོད་ཡུལ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་རང་གི་མཚན་ཉིད་དབྱེར་མི་ཕྱེད་པའི་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཡིན་པ་དང་། དེ་ཉིད་ཀྱི་ཤར་ལུགས་ལས་བདེ་བར་གཤེགས་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རྣམ་པར་དག་པ་འབྱུང་བ་དང་། དེ་ཉིད་ཅི་ལྟར་ཡང་སྤྲུལ་ཞིང་སྐུ་གསུང་ཐུགས་ཡེ་ཤེས་ལྔའི་རང་བཞིན་ཅིར་ཡང་སྟོན་ཅིང་། ཆོས་ཉིད་དོན་ལ་གཡོ་བ་མེད་པར་གྱུར་པ་དང་། མ་ངེས་པའི་འཇའ་ཚོན་ལྟར་ཅིར་ཡང་གསལ་བདེ་བའི་དུས་ན་ཡང་བྱང་ཆུབ་སེམས་རིག་པ་དབྱེར་མེད་རང་གི་ངོ་བོར་འདུས་ཏེ་གཞན་དུ་མ་མཐོང་བའོ། །དེ་ནས་ཉིད་ཀྱི་རང་བཞིན་ལས་ངོ་བོ་ཉིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ལྷུན་གྱིས་གྲུབ་གཞི་ཡེ་ཤེས་དོན། །རང་སྣང་གཞིར་ཤེས་ཡེ་སངས་རྒྱས། །མཚན་ཉིད་སོ་སོར་སྟོན་པར་མཛད། །ཉིད་ཀྱི་ཐུགས་ཏེ་ཡེ་སངས་རྒྱས། །གང་གིས་སངས་རྒྱས་མ་རིག་པ། །རང་གི་སེམས་ཉིད་རང་གིས་བསྒྲིབ། །སྒྲིབ་གཡོགས་མཐོང་ན་སྒྲིབ་པ་དག །བདག་གིས་སྔོན་ཆད་སྒྲིབ་གཡོགས་མཐོང་། །མཐོང་མེད་མཐོང་ལས་འདས་དང་བྲལ། །རིག་པ་འགྱུར་མེད་ཡེ་སངས་རྒྱས། །ཡང་དག་ཉིད་དུ་ང་ཡིས་མཐོང་། །དེ་མ་ཐག་ཏུ་བདེ་དོན་རྟོགས། །རྟོག་པས་རིན་ཆེན་ཉིད་ལས་འདུས། །ཐུགས་ཀྱི་གཏེར་མཛོད་གཏེར་དུ་བཀླུབས། །རྣལ་འབྱོར་ཆེན་པོ་གང་དག་གིས། །རྟོགས་པར་ནུས་པ་བྱུང་གྱུར་ན། །ཐུགས་ཀྱི་ཉི་ཟེར་སྤྲོ་


DNG006_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བསྡུ། །ཀུན་གྱིས་རང་རིག་རྟོགས་གྱུར་ནས། །ཀུན་ཀྱང་གཅིག་སྟེ་ལྷུན་གྲུབ་སྟེ། །ཐ་སྙད་ཉིད་ནའང་གཞན་མ་གྲུབ། །མ་གྲུབ་དོན་དེ་རྟོགས་པར་དཀའ། །ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ། །ཀུན་བཟང་དགོངས་པ་གཏིང་མཐའ་མེད། །རིག་པའི་རྡོ་རྗེ་བཤིག་པར་དཀའ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །དམིགས་གཏད་མེད་ཅིང་མཉམ་པའི་ངང་། །དེ་ནས་གཡོ་བར་མ་གྱུར་ན། །ཀུན་བཟང་དགོངས་པ་དེ་ཁོ་ནའོ། །བདེ་བ་ཆེན་པོ་ཟག་པ་མེད། །མ་སྤངས་རང་གྲོལ་དོན་གྱི་གཏེར། །གང་ཡང་སྤང་དུ་མེད་ན་བདེ། །སྤང་བླང་མེད་པའི་དོན་རྟོགས་ན། །རིག་པ་འགྱུར་མེད་རྒྱས་བཏབ་ནས། །རྒྱ་ལས་མི་མདའ་གཡོ་མེད་ན། །མཚན་ཉིད་ཐ་དད་དོན་དུ་གཅིག །བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི། །སེམས་ཅན་ཀུན་གྱི་མཚན་ཉིད་དེ། །ཡེ་ནས་འཛིན་པའི་དྲི་མ་དག །བདེ་ཆེན་ཀློང་དུ་ཡེ་ནས་གྲོལ། །ཟག་པ་མེད་ཅིང་རང་བཞིན་སྟོང་། །བདེ་ཆེན་སྤྲོས་བྲལ་ཟག་མེད་ལ། །དག་པའི་སེམས་མེད་མ་དག་མེད། །འདི་འདྲ་མེད་ཅིང་རྟོག་པ་མེད། །ཞིང་ཁམས་དག་ཀྱང་ཡོད་མ་ཡིན། །མེད་ཙམ་ཉིད་ནས་སྣ་ཚོགས་འབྱུང་། །མཚན་ཉིད་མི་འགྱུར་གཡོ་བ་མེད། །གཉིས་མིན་གཉིས་ནི་ཐ་སྙད་བྲལ། །མི་གཉིས་པ་ཉིད་གཉིས་མེད་སྤྱན། །ལྷུན་གྲུབ་མ་འགགས་ཀུན་ཏུ་གསལ། །ཨེ་མ་ཧོ་བདེ་བ་ཆེན་པོའི་རང་བཞིན་ནི། །ཡང་དག་པར་ནི་ཀུན་བཟང་གི། །སྐུ་གསུང་ཐུགས་ལས་གཡོ་བ་མེད། །སེམས་ཅན་གྱི་ལུས་ངག་ཡིད་གསུམ། །ཁྱད་རྡུལ་ཙམ་ཡང་མེད་ཅིང་འདྲ། །རང་སྣང་མཚན་ཉིད་ཐ་དད་འདུག་པའོ། །འདུག་ཙམ་ཉིད་ནས་རང་གི་ཆོ་འཕྲུལ་ཏེ། །ཆོ་འཕྲུལ་ཆེན་པོར་རང་ཤར་བས། །མཐའ་ལ་མི་གནས་པ་ཞེས་བྱའོ། །མཐའ་ཐམས་ཅད་རབ་ཏུ་འདུས་པ་ཞེས་བྱའོ། །འདུ་འཕྲོ་སེམས་སུ་ཤར་བའོ། །མཐའ་ཡས་གཅིག་ཏུ་སྣང་བའོ། །གཅིག་ཏུ་ཀུན་ཏུ་ཤར་བའོ། །གཞི་འཛིན་པ་ཡི་རིག་པའོ། །བཀག་པས་མི་ཁེག་པ་ཡི་ཡེ་ཤེས་ལ། །བསླད་པས་མི་བསླད་པ་ཡི་ཆོས་སྐུའོ། །ཐམས་ཅད་མཁྱེན་པའི་སྤྲུལ་སྐུ་ལ། །མཉམ་


DNG006_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་འབྲས་བུའོ། །དངོས་པོ་མཚན་མ་མེད་པའི་ཆོས་ཉིད་ལ། །དམིགས་གཏད་གང་ལའང་བཅར་མེད་པའོ། །བསྟན་མེད་ལུང་བྲལ་ཆོས་ཉིད་ནི། །རང་བཞིན་མ་བཅོས་པ་ཡི་འདུ་འཕྲོ་སྟེ། །རང་ལས་བྱུང་བའི་ཆོ་འཕྲུལ་མི་འགག་པ། །བདེན་རྫུན་ཤར་བའི་སྣང་བ་དང་། །ཐམས་ཅད་བདེན་རྫུན་མེད་པ་ཡི། །བྱང་སེམས་ཀུན་ཏུ་བཟང་པོའོ། །ཉག་གཅིག་གི་ཆོས་ཉིད་དོ། །ཞེས་ཉིད་ལ་ཉིད་ཀྱིས་གསུངས་པའོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། གླེང་གཞི་གྲུབ་ཚུལ་དང་བཅས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་ཉིད་ཀྱི་རང་བཞིན་བདེ་བ་ཆེན་པོའི་དོན་ལ་ཉིད་ཀྱིས་ཞུས་པར། ཨེ་མ་ཧོ་གང་འདོད་པ་དང་བཅས་པ་ལ་ནི། མཐའ་རང་གིས་མ་བསྒྲིབས་ཤིང་མ་གྲུབ་པའི་དོན་ཅི་ལྟར་ཡིན་ཞེ་ན། བདག་མཐའ་མེད་པའི་ཆོས་ཉིད་ལ། །གཡོ་བ་མེད་པར་གང་གནས་པ། །མ་སྐྱེས་པ་ཡི་ཆོས་ཉིད་ཡིན། །དངོས་པོ་སྒྱུ་མ་ལྟར་ཤེས་ན། །དངོས་མེད་དོན་ཉིད་རང་སར་གོལ། །ཀུན་ཏུ་བཟང་པོའི་དགོངས་པ་ནི། །མཚན་མ་གང་ཡང་བྲི་ཐོབ་མེད། །སེམས་ཀྱི་རང་བཞིན་ནམ་མཁའ་འདྲ། །ཐམས་ཅད་འབྱུང་བཞི་རིན་པོ་ཆེ། །དངོས་སུ་མི་སྣང་ཕྱོགས་དང་བྲལ། །ཕྱོགས་བྲལ་དོན་ལ་ཕྱོགས་སུ་བྱུང་། །མ་སྐྱེས་པ་ཡི་ཆོས་ཉིད་ལ། །ཕྱོགས་ཀྱི་ཐ་སྙད་གང་ལ་འདོགས། །རྟེན་དང་བྲལ་ཕྱིར་གདགས་གཞི་མེད། །ནམ་མཁའི་སྣང་བ་གཏིང་ཕྱིན་ན། །གསེར་གྱི་རེ་ཐག་རྟོད་ཕུར་གྲོལ། །འབྱུང་བ་རླུང་ཆེན་མཁའ་ལ་དྭངས། །འོད་གསལ་ཆེན་པོ་ཟུང་དུ་འཇུག །རྒྱ་ཆེན་འོད་གསལ་ཡང་བ་བདེ། །དངོས་པོའི་མཚན་ཉིད་རྣམ་པར་དག །སྒྱུ་མའི་གཟུགས་སུ་རྨི་ལམ་ཉིད། །རྟོག་པ་མེད་ལ་བན་བུན་ཙམ། །དེ་ཉིད་མི་རྟོག་དགོངས་པ་སྟེ། །རང་གསལ་ཤེས་པའི་ཆོས་སྐུ་ནི། །རང་གསལ་ཡིན་ཕྱིར་རྩོལ་བྱེད་བྲལ། །སྣང་བ་ཁ་ཡེད་ཁོག་སྟོང་ལ། །རྣམ་ཤེས་བུན་ནེ་ལིང་ངེར་བཞག །གང་ལ་བཞག་པ་རང་ན་བདེ། །བདེ་བར་ཤེས་ན་མི་བདེ་མེད། །ཤེས་ཤིང་རྩོལ་


DNG006_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྡུག་བསྔལ་ཡིན། །ཞེས་གསུངས་སོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། ཉིད་ཀྱི་དགོངས་པ་རྣམ་པར་དག་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ཉིད་ཀྱི་རང་བཞིན་གྱིས་ཉིད་ཀྱི་ངོ་བོ་ལ་རང་བཞིན་གྱིས་ཆེ་བའི་དོན་བསྟན་པའི་ཕྱིར། ཨེ་མ་ཧོ་ངོ་བོ་ཉིད་བདེ་ཆེན་པོ། འབྱུང་བ་ནམ་མཁའི་སྣང་བ་ལ་ཡེ་ཤེས་ཀྱི་འོད་ཆེན་པོ་ཤར་ཞིང་རྩི་ཤིང་ནགས་ཚལ་དུ་འཁྲུངས་པ་དང་། སྐྱེ་འགྲོ་གཟུགས་སུ་སྣང་བ་ཐམས་ཅད་རང་བཞིན་ཀུན་ཏུ་བཟང་པོའི་རྩལ་དུ་རང་ཤར་བ་ཡིན་ཏེ་འདུས་ཀྱང་རང་རིག་པ་ཁོ་ནའི་ཚུལ་དུ་འདུས་སོ། །སྣང་བ་རྒྱ་ཡན་ལ་སེམས་ཀྱི་མེ་ལོང་རང་གསལ་ཡང་སེམས་ཉིད་རིན་པོ་ཆེའི་སྒྲོན་མ་རང་གསལ་བས་རང་ལ་ངོ་བོ་ཉིད་ཀྱི་རྒྱུད་རྫོགས་ཤིང་ཡེ་ཤེས་ཀྱི་སྣང་བར་ལྷག་གེ་འདུག་པའོ། །སེམས་ཉིད་རིན་པོ་ཆེ་ལྟ་བུའི་དོན་རྟོགས་ན་མེ་ལོང་གསལ་བ་ལ་བྱི་དོར་བྱས་ཏེ་གཡའ་དག་པའི་རང་བཞིན་དུ་སྣང་བ་ལྟར་རང་བཞིན་གྱིས་རྣམ་པར་དག་པ་ལ་སྣང་བ་ཀུན་མཁྱེན་དུ་རང་ཤར་བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནའོ། །འཁོར་འདས་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་ཀུན་ཏུ་བཟང་པོ་ཡིས་ཁྲོག་བརླག་མེད་ཅིང་དབྱིངས་སྟོར་བས་འཁོར་འདས་ཀྱི་སྟོར་སར་མི་འགྱུར་བའི་དབྱིངས་ཞེས་བྱའོ། །སྟོར་ཙམ་ཉིད་ན་ཡང་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་དང་བཅས་པར་དེ་ནས་བྱུང་བ་མི་ཟད་པའི་མཛོད་ཆེན་པོ་ཞེས་དེ་ལ་བྱའོ། །ཆོས་ཉིད་ཐལ་བྱུང་དཀྱིལ་འཁོར་དུ་མངོན་དུ་བྱུང་བའི་རིག་པ་མ་བཙལ་བར་ཤར་ཏེ་ཐམས་ཅད་མཁྱེན་པའི་སྤྲུལ་པར་རོལ་ཞིང་མཛད་པ་ཐམས་ཅད་མི་འགོག་ཅིང་སྐུ་གསུང་ཐུགས་ཀྱི་རོལ་པ་ཇི་ཙམ་དུ་ཤར་བ་ཉིད་ནི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལས་མ་གཡོས་པའོ། །སངས་རྒྱས་སེམས་ཅན་གཉིས་སུ་བརྗོད་ཀྱང་བདག་ཉིད་ཆོས་སྐུ་ཉག་གཅིག་ལ་དབྱེར་མེད་དོ། །དེ་ཉིད་ཀུན་ཏུ་ཤེས་པ་རང་གསལ་ལོ། །མི་གསལ་བ་གཅིག་བྱུང་ན་ཡང་མི་གསལ་བར་བརྟགས་པ་ཉིད་ཀྱང་རང་གསལ་ལོ། །ངོ་བོ་ཉིད་བདེ་བ་ཆེན་པོར་རང་གསལ་ཉིད་དུ་རང་གནས་པས། མ་གསལ་


DNG006_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་གང་ཡང་མེད། །འོད་ཟེར་ཉི་ཆེན་འབར་བ་ལྟར། །རིག་པའི་འོད་ཟེར་ཀུན་ཏུ་ཁྱབ། །དེ་ཉིད་བྱང་ཆུབ་སེམས་ཆེན་པོ། །དོན་ལྡན་རྣལ་འབྱོར་ཆེན་པོ་བས། །ངོ་བོ་ཉིད་ལ་ཡང་མི་གནས་ཏེ། །ཐམས་ཅད་ཐམས་ཅད་དབྱེར་མེད་སེམས། །སེམས་ཀྱི་མཐའ་ལ་སེམས་མི་གནས། །ཞེས་གསུངས་སོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། རང་བཞིན་གྱི་ལེའུ་སྟེ་གསུམ་པའོ།། །།ཉིད་ཀྱི་རང་བཞིན་གྱིས་ཁྱད་པར་ཆེན་པོ་གསུངས་པ། ཨེ་མ་ཧོ་ངོ་བོ་བདེ་བ་ཆེན་པོ་སྣང་དང་མི་སྣང་ཆོས་རྣམས་ཐམས་ཅད་རང་གསལ་ཉིད་དུ་མངོན་བྱུང་བས། འཁྲུལ་རྟོག་གི་གཏིང་ཕྱིན་ཏེ་ཀུན་བརྟགས་ཀྱི་འཁྲུལ་པ་ཡེ་ནས་མེད་དོ། །དེ་ཕྱིར་མ་ནོར་བའི་ཆོས་ཉིད་ནི། རང་གསལ་གང་ལ་ཡང་མ་ལྟོས་པ་ཉིད་ཡིན་ནོ། །དེ་ཉིད་ཐམས་ཅད་དུ་རང་སྤྲུལ་པས་སྤྲུལ་པའི་སྐུ་ཞེས་ཀྱང་བྱའོ། །རང་ལ་རང་སྣང་དག་པར་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་དུས་སུ་སྣང་གཞི་གང་དུ་ཡང་འགོག་པ་མེད་པས་མི་གཡོ་བ་ཆོས་ཀྱི་སྐུའོ། །འགྱུར་མེད་ཀྱི་ཤེས་པ་ལ་སྙིང་པོ་མེད་པ་ནི། རྟོག་མཐའ་དང་བྲལ་བ་སྟེ་རང་བྱུང་གི་ཡེ་ཤེས་སོ། །རྣམ་པར་ཤེས་པ་རླུང་ལ་རྒྱུ་བའི་དུས་ན་རླུང་འཕོ་བ་མེད་པ་ནི། རྒྱུན་མི་འཆད་པའི་བསམ་གཏན་ནོ། །འབྱུང་བ་མེད་པའི་སྔོན་རོལ་དུ་རང་བྱུང་གི་གདངས་ཤར་བ་ནི། གསང་བ་འགག་མེད་ཀྱི་ནམ་མཁའ་ལ། ཁོ་ན་རིག་པ་མ་འགགས་པར་ཤར་བའོ། །ཆགས་སྡང་གང་ལ་ཡང་མ་ཆགས་པའི་དུས་ཉིད་ན་དུག་ལྔ་ཡེ་ཤེས་ཀྱི་ལམ་དུ་བྱུང་བ་ནི། ད་ལྟ་ཉིད་དུ་ཆགས་སྡང་རྒྱུད་ལ་རང་ཆས་སུ་སྣང་བ་ཡིན་ནོ། །འཁོར་འདས་གང་དུ་ཡང་མི་སྣང་བའི་དུས་ཉིད་ན་ཡང་ཆོས་ཉིད་གཞིར་གྲུབ་པས། །ཆོས་སྐུ་རང་ཆས་སུ་གསལ་བའོ། །གསལ་བའི་ངང་ལ་བསྟན་ནུས་ན། །འཁོར་བའི་གཏིང་ནས་བཟློག་པ་སྟེ། །དེ་ཉིད་བྱང་བ་དང་བཅས་ཤིང་། །རླུང་འབའ་ཞིག་གིས་བསྐྱེད་པ་ནི། །འཁོར་བར་འགྲོ་བའི་འདྲེ་མ་ལྷ་སྟེ། རླུང་འབྱུང་ལྡོག་གིས་འཁོར་བའི་ལམ་འདྲེན་ཅིང་ཡེ་ཤེས་ཀྱི་མེ་གསོད་


DNG006_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ཕྱིར་བཏང་སྙོམས་མི་བསྒྲིམ། བྱུང་ཚོར་གློད་ལ་བཞག་གོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། རང་བཞིན་ཁྱད་པར་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་ཉིད་ཀྱི་རང་བཞིན་གྱིས་ངོ་བོ་བདེ་བ་ཆེན་པོ་ལ་བཀའ་སྩལ་པ། གཞི་འཛིན་ཅིང་རྩལ་འཆར་བའི་བྱང་ཆུབ་སེམས་ནི། འཁོར་འདས་གང་ཡང་རྒྱ་མ་ཆད་ལ་གང་གིས་ཀྱང་གཏན་ལ་ཕེབས་པ་དཀའ་སྟེ། དེ་ཅིའི་ཕྱིར་ཞེ་ན།དངོས་པོར་མ་གྲུབ་ཅིང་སྣ་ཚོགས་སུ་འབྱུང་བས་རྒྱུ་རྐྱེན་དང་བྲལ་ཏེ་སྙིང་པོ་མེད་པའོ། །དེ་ཡང་ནི་རང་གི་རིག་པའོ། །སྔོན་རོལ་དུ་རིག་པའི་ཡེ་ཤེས་སུ་མཁྱེན་ཟིན་ཏེ། དོན་མ་རིག་པའི་གནས་སྐབས་ཙམ་གྱིས་ཀྱང་བར་མ་ཆད་དེ། རིག་པ་ཐོད་རྒལ་དུ་སངས་རྒྱས་ཟིན་པའོ། དུག་རྣམ་པ་ལྔར་སྣང་ཡང་མ་འཁྲུལ་པའི་ཡང་ཁོང་དུ་ཡེ་ཤེས་ཀྱི་རང་བཞིན་དུ་གསལ་བས་དུག་ལྔ་མ་སྤངས་པར་རང་དག་ཟིན་པའོ། །ད་ལྟ་འཁྲུལ་པ་ལྟར་སྣང་བ་ཡང་ངོ་ཤེས་ཤིང་རྟོགས་པས་གྲོལ་བ་ཡང་སྔར་གྱི་རང་སའོ། །སྣང་བ་དང་མི་སྣང་བའི་ཆོས་ཐམས་ཅད་ཀྱང་རིག་པའི་ཀློང་ཆེན་པོར་ཕེབས་ན། མཉམ་པ་ཉིད་རང་རིག་པའི་ཀློང་ལམ་ཆེན་པོ་ལས་མ་བྱུང་བའི་ཆོས་ནི་གང་ཡང་མེད་པ་ལ། སེམས་ཀྱི་སྣང་ཚུལ་བསམ་གྱིས་མི་ཁྱབ་པ་ཡང་། རིག་པ་ཉིད་ཀྱི་རྩལ་ལས་བྱུང་ཞིང་གཞན་མེད་དེ། བདེ་བར་གཤེགས་པའི་རིགས་ཐམས་ཅད་དང་། རིགས་ལྔར་གྱུར་པའི་སངས་རྒྱས་དང་། ཡབ་ཡུམ་སྲས་དང་བཅས་པའི་འཁོར་ཕུན་སུམ་ཚོགས་པ་ཡང་། རང་གི་རིག་པའི་རྩལ་དང་དེ་རུ་བྱུང་བ་ལས་གཞན་མེད་དོ། །རྒྱུ་རྐྱེན་ནུས་པའི་མཐུ་རུ་སྣང་བ་ཉིད་ཀྱང་། བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཡིན་ཏེ། སྣང་བ་ཐམས་ཅད་རང་གི་རིག་པ་བྱང་ཆུབ་ཀྱི་སེམས། ཡུལ་སེམས་དབྱེར་མེད་པར་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ། རིག་པ་རང་གི་ངོ་བོ་བརྗོད་པ་དང་བྲལ་བའི་མཐུས་གསང་བ་རྣམ་གསུམ་གྱི་དཀྱིལ་འཁོར་དུ་གྱུར་པ་ཐམས་ཅད་མི་འགལ་བར་རང་ལས་བྱུང་བ། ཡེ་ཤེས་ཀྱི་སྣང་བ་དང་། ཡུལ་གྱི་སྣང་གཞི་དང་། མངོན་པར་ཤེས་པའི་རྫུ་འཕྲུལ་ནམ་མཁའ་རི་བྲག་གཡང་ས་གང་ལ་ཡང་ཐོགས་པ་མེད་པར་འགྲོ་བ་དང་། སྤྲུལ་པ་སྣ་ཚོགས་ཇི་ལྟར་འཚམས་པ་


DNG006_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྤྲུལ་ནུས་པ་དང་། གསུང་དབྱངས་ཡན་ལག་དྲུག་ཅུའི་སྒོ་ནས་བསྟན་པ་རྒྱ་མཚོ་སྒྲོགས་པ་དང་། ཁམས་མང་ཞིང་རྒྱ་ཆེ་བའི་སྟོང་གསུམ་ཐམས་ཅད་ཀྱང་ཕྱོགས་མེད་རིག་པའི་ཡེ་ཤེས་རང་ཤར་བའོ། །སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་མཐུ་ལས་གྱུར་པའོ། །རིག་པ་འགྱུར་མེད་ཀྱི་ཤེས་པ་རླུང་གི་རྟས་བསྐྱོད་ཅིང་སྣང་བ་ནི། གང་དུ་ཡང་འཆར་ཏེ་ཅི་སྲིད་འཁོར་བའི་ཆོས་དང་མྱ་ངན་ལས་འདས་པའི་ཞིང་དུ་ཡང་འཆར་དུ་རུང་བ་ནི་རྩལ་ཉིད་དོ། །རིག་པ་ཉིད་ཆོས་ཐམས་ཅད་ལ་དབྱེ་བསལ་མེད་པ་ནི། ཡོངས་སུ་རྫོགས་པའི་ཆོས་ཉིད་དོ། །རང་བཞིན་གཅིག་ལས་མ་གཡོས་པར་རང་སྣང་ཅིར་ཡང་འགྱུར་བ་ནི་སངས་རྒྱས་ཉིད་ཀྱི་སྤྲུལ་པའོ། །རིག་པ་ཉིད་ཅིར་ཡང་འཆར་བ་མི་འགག་པ་ལ་སྐྱེ་བ་མེད་པའི་རྒྱས་ཐེག་པ་ནི་མི་སྐྱེ་བ་ལ་མ་འགགས་པའོ། །སྣ་ཚོགས་སུ་སྣང་ཡང་རིག་པའི་ཆོ་འཕྲུལ་ལས་བྱང་ཆུབ་སེམས་ནི་གཞན་དུ་སྐྱེ་བའི་ས་མེད་དོ། །སྣང་བ་ཐམས་ཅད་ཡེ་སངས་རྒྱས་པ་ཡང་རིག་པ་རང་གི་སྟོབས་ཀྱིས་ཤར་བའོ། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ་ནི། སྣང་རྟགས་གང་དུ་ཡང་མ་ཕྱེ་བར་གསལ་ལ་དབྱེར་མེད་པའོ། །ཆོས་ཉིད་བདེ་བ་ཆེན་པོ་བསམ་རྟོག་དང་བྲལ་བར་ཅིར་ཡང་སྣང་བ་ནི། རིག་པ་བྱང་ཆུབ་ཀྱི་སེམས་གཟུང་དུ་མེད་པའི་ཆོས་ཉིད་དོ། །དེ་ཉིད་བདེ་བ་ཆེན་པོའི་དོན་དུ་ཉམས་སུ་མྱོང་ཞིང་གསང་བ་བླ་ན་མེད་པར་གྲུབ་པ་ནི་ཡེ་སངས་རྒྱས་པ་ཞེས་བྱའོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། ཁྱད་པར་ཆེན་པོའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ཉིད་ཀྱི་རང་བཞིན་གྱིས་དོན་གསང་བར་གསུངས་པ། ཨེ་མ་ཧོ། ངོ་བོ་བདེ་བ་ཆེན་པོ་རྫོགས་པ་ཆེན་པོའི་རྣལ་འབྱོར་པས་ནི་རྩོལ་བ་ཐམས་ཅད་མ་སྤངས་རང་སར་དག་ཅིང་དོན་ཐམས་ཅད་རང་ལ་འདུས་པར་ཤེས་པར་བྱའོ། །གཞན་གང་དུ་ཡང་སེམས་བསྐྱེད་ཅིང་འཇུག་པར་བྱེད་པ་ནི་ཉིད་ལས་གཞན་དུ་རིང་པར་ཤེས་པར་བྱའོ། །རྒྱུད་ཀྱི་དམ་པ་ནི་སེམས་ཀྱི་དངོས་པོ་གཞི་རིག་པ་རང་ལ་


DNG006_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་དོན་ཐམས་ཅད་སྡུད་པའོ། །དངོས་གྲུབ་ཐམས་ཅད་ཀྱང་རིག་པ་རང་གི་བསླབ་ལས་བྱུང་བའོ། །སངས་རྒྱས་ཐམས་ཅད་བསྐྱེད་ཅིང་བགེགས་དང་རྟོག་པ་ཐམས་ཅད་རང་གིས་རང་གཞོམ་པའོ། །མཆོག་དང་མཆོག་མ་ཡིན་པའི་འདོད་པ་ཐམས་ཅད་ནོར་བུ་རིན་པོ་ཆེ་རང་རིག་པ་ལས་འཕེལ་བའོ། །ཡོན་ཏན་མ་ལུས་པའི་ཚོགས་ཐམས་ཅད་གསང་བ་མཆོག་གི་རང་བཞིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདག་ཉིད་ནི་ཆོས་ཐམས་ཅད་མི་ཕྱེད་པའི་རང་བཞིན་ཅན་ནོ། །རིག་པ་བྱང་ཆུབ་ཀྱི་སེམས་ནི་སྔོན་གྱི་རྒྱལ་བ་ཀུན་གྱིས་མྱེས་ཆེན་པོ་ཡང་ཡིན། ད་ལྟ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱང་ཡིན་ཏེ་མི་ཟད་པའི་འཁོར་ལོ་ཐམས་ཅད་རང་ལ་བསྐོར་བའོ། །དེ་ཉིད་ཀྱང་རང་སྣང་གཞན་དུ་མི་གནས་པ་ནི་སྣང་བ་རྒྱ་ཡན་ཆེན་པོ་ཞེས་བྱ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་རིག་པའི་གའུ་ནས་འོད་གསལ་ཆགས་པ་མེད་པར་རང་སྣང་ཞིང་ཆགས་པ་མེད་པར་འདུག་པའོ། །དྲན་པ་དང་རིག་པ་ཅིར་གསལ་ཐམས་ཅད་མ་བཀོད་བཞིན་རིག་པ་རྒྱ་ཡན་པའོ་རིག་པ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ་ནི་གང་དུ་བསམས་ཤིང་བརྟགས་པ་ལས་འདས་པའོ། །དེ་ཡང་ཉིད་ཀྱི་སྤྱོད་ཡུལ་ནི། དེ་ཉིད་མུ་སྟེགས་ནས་གསང་ཆེན་མན་ཆད་དུ་རང་ཤར་བའོ། །གསང་བ་ཆེན་པོ་སྒྲ་སྐད་དུ་ཇི་སྙེད་པར་སྒྲོགས་པ་ཡང་གསང་བ་ཆེན་པོའི་ལམ་ཡིན་ཏེ་གང་དུ་ཡང་རང་ལས་གཞན་དུ་ཐོས་སུ་མེད་པ་ཉིད་དོ། །རང་གི་རིག་པ་གསང་བ་ཉིད་ཆོས་ཀྱི་སྐུར་ངོ་སྙོམས་པ་ནི་ཀུན་གྱིས་མ་རིག་པའོ། །སེམས་ཉིད་ཀུན་ལ་ཁྱབ་ཅིང་ཆོས་ཀྱི་སྐུ་རང་གསལ་བ་ནམ་མཁའ་དང་ཉི་མ་ལྟ་བུའོ། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ་རང་བྱུང་ཡེ་ཤེས་ཀྱི་སྐུ་ལྔར་རྫོགས་པ་ནི། རིག་པ་ཉིད་ཀྱི་སྣང་གཞི་མི་འགོག་པའོ། །སྣང་སྲིད་འབྱུང་ལྔར་ཤར་བ་ཡང་རང་བྱུང་ཡེ་ཤེས་ཆེན་པོའི་ཡོན་ཏན་ནོ། །འབྱུང་བ་ཐམས་ཅད་ཀྱི་སྙིང་པོའམ་བཅུད་དུ་གྱུར་པ་ནི་སེམས་ཉིད་དག་པ་ཆེན་པོའི་དགོངས་པ་ཉིད་དོ། །སྙིང་པོ་དེ་ཉིད་ཤིན་ཏུ་བཙལ་དཀའ་བའི་དོན་ཡིན་ཏེ་གཞན་ལས་མི་རྙེད་པའོ། །གང་ཞིག་དང་དུ་བླང་


DNG006_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་འབྱུང་སྟེ་རང་ཉིད་ཡིན་པས་སོ། །སྐྱེ་གནས་རྣམ་པ་བཞིའི་ཡུལ་དང་རྒྱུད་ལྔའི་འཁོར་བའི་སེམས་ཅན་ཐམས་ཅད་ཀྱང་འཛིན་པ་རང་གི་རླུང་ལོག་པ་ལ་སྣང་བའོ། །འཛིན་པའི་དྲི་མ་ཉིད་དྲི་མ་ཉིད་ཀྱིས་ཀར་དག་པའོ། །འཇིག་རྟེན་གྱི་ཁམས་ཡང་དག་པར་རྫོགས་པའི་སངས་རྒྱས་འདས་པ་དང་མ་བྱུང་བ་དང་། ད་ལྟར་བཞུགས་པ་ཐམས་ཅད་རིག་པའི་རྩལ་ལས་མ་བྱུང་བའི་ཆོས་སྐད་ཅིག་ཙམ་ཡང་མེད་པས། རིག་པ་གཅིག་པུར་འདུས་པ་ནི་ཉི་མའི་ཟེར་བཞིན་ནོ། །དེ་ཉིད་ཀྱང་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་ངང་ལས་འདའ་བར་མི་བྱེད་ཅིང་ཐབས་ཀྱི་ཆོ་འཕྲུལ་ཅིར་ཡང་སྟོན་པའོ། །སྟོང་པ་ཉིད་ན་ཡང་གཅིག་ལ་ཀུན་འདུས་པའོ། །དགོངས་པ་རང་བཞིན་གྱི་ཀློང་ནས་མི་བསྐྱོད་པའི་རླབས་རང་གསལ་བའི་ཏིང་ངེ་འཛིན་ཉིད་དོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། དོན་གསང་བར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་ཉིད་ཀྱི་རང་བཞིན་གྱིས་གསང་བ་སྐྱོན་དང་བྲལ་བའི་དོན་གསུངས་པ། ཨེ་མ་ཧོ། ངོ་བོ་བདེ་བ་ཆེན་པོ་དུག་ལྔ་ལ་སྤྱོད་པའི་གང་ཟག་ལ་ནི་བཅས་བཅོས་གང་ཡང་བྱར་མེད་དེ། འདམ་གྱི་མུན་ཁུང་ན་པདྨའི་མེ་ཏོག་རང་འབར་བ་ལ་ནི་བཟོ་ཡིས་བཅོས་སུ་མེད་པའོ། །གསལ་བྱེད་ཀྱི་ཉི་མ་ཤར་བ་ལས་འཇའ་ཚོན་གྱི་འོད་བཀྲ་བ་ལ་ནི་སུས་ཀྱང་བསལ་དུ་མེད་པའོ། །དུག་ལྔའི་སྙིང་པོ་ལ་ཡེ་ཤེས་ཀྱི་མར་མེ་གསལ་བ་ནི་ང་རང་ཉིད་ཀྱིས་ཀྱང་བསལ་དུ་མེད་པའོ། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་མི་འདོད་པའི་འདོད་ཆགས་ཆེན་པོ་རང་ཤར་ནས་རྟོག་པའི་མཚན་མ་ཞེས་སྟོང་པའོ། །མཚན་རྟོག་དབྱེར་མེད་པར་ཆོས་ཉིད་ཀྱི་ཀློང་ན་ཉལ་བ་ནི་མི་འབྱེད་པའི་གཏི་མུག་ཆེན་པོ་དེའོ། །དེ་ལས་གཞན་གྱི་སྤྲོས་པ་བཅད་པ་ནི་གཞན་ན་མེད་པའི་ང་རྒྱལ་ཏེ། རང་ལས་གཞན་དུ་རྟོག་པའི་བླུན་པོས་བལྟ་བ་ལ་ཕྲག་དོག་པ་ནི་གང་གིས་ཀྱང་སྤང་དུ་མེད་པའོ། །དུག་ལྔ་ལམ་དུ་ཁྱེར་བ་ནི། འབྲས་བུ་ཆིག་ཆོད་ཀྱི་ས་པ་སྟེ་ཡེ་ཤེས་ཆེན་པོའི་རང་བཞིན་དུ་ཁྱབ་གདལ་བའོ། །ཡེ་ཤེས་ཆེན་པོའི་ཀློང་ནི་ཐམས་ཅད་ཀྱི་འབྱུང་


DNG006_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སམ་འབྱུང་གཞི་སྟེ་རྒྱུ་རྐྱེན་འབྲས་བུ་གང་ཡང་མ་འགགས་པའི་སའོ། །ཐར་པའི་ལམ་ནི་ཐམས་ཅད་ནས་ཐམས་ཅད་དུ་འབྱུང་གཞི་མ་འགགས་པ་ཐམས་ཅད་ལ་བྱའོ། །ཨེ་མ་ཧོ་བདེ་བ་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འབྱུང་གཞི་ནི་རིག་པ་མི་འགག་པ་སྟེ་དུས་དེར་བྱང་ཆུབ་ཀྱི་སེམས་སྐྱེས་སོ་ཅོག་ཇི་སྲིད་འཁོར་བའི་ཆོས་སུ་སྣང་བ་ཡང་དེ་ཉིད་དོ། །ཕུང་པོ་དང་སྐྱེ་མཆེད་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའ་དང་། ནམ་མཁའ་དང་མཁའ་དག་པའི་རྒྱལ་བ་ཐམས་ཅད་ཀྱང་རིག་པ་རང་གི་མཐོང་སྣང་རྣམ་པར་ཤར་བའོ། །ས་དང་ལམ་ཐ་དད་པར་བགྲང་བ་ནི་བློ་ཆུང་བའི་གང་ཟག་སྟེ་ནམ་མཁའ་ལ་སྟེགས་ཚོལ་བ་དང་འདྲའོ། །རྐྱེན་འགྱུར་ལས་ཀྱི་དབང་གིས་སོ་སོར་སྣང་བ་ནི་ནམ་མཁའི་ཟླ་བ་དང་འདྲའོ། །ཡན་ལག་གང་ཡང་མེད་པར་སྣ་ཚོགས་སུ་འགྲོ་བ་ནི་རླུང་ཡིད་ཀྱི་ཤུགས་ཅན་ནོ། །རྟོགས་པའི་བློ་དང་ལྡན་པ་ནི་སངས་རྒྱས་ཉིད་ཀྱི་དགོངས་པའོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱང་རང་གི་རྒྱན་དུ་ཤར་ནས་རང་ལ་རང་རོལ་པའོ། །ཆགས་པ་དང་བྲལ་བའི་བདེ་བ་ནི། ཡིད་མི་དམིགས་པའི་ཡིད་ལ་གནས་པ་ནི་ཤེས་རབ་དམ་པའོ། །སེམས་བརྟགས་པར་དཀའ་ཞིང་ཆ་ཕྲ་ལ་ཟག་པ་མེད་པ་ནི་བདེ་བ་ཆེན་པོའོ། །རང་གི་སེམས་དྲི་མ་དང་བྲལ་ཞིང་ཀ་དག་གི་ཡེ་ཤེས་ལ་ནི་ཀུན་མཁྱེན་གྱི་སངས་རྒྱས་དང་སེམས་ཅན་གྱི་ཐུགས་སེམས་ལ་དབྱེར་མེད་དོ། །འདི་ལས་མ་བྱུང་བའི་སངས་རྒྱས་དང་སེམས་ཅན་གང་ཡང་མེད་དོ། །ཨེ་མ་ཧོ་ངོ་བོ་བདེ་བ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འདི་བཞིན་ཤེས་པར་བྱ་སྟེ་སྣང་བ་མི་དམིགས་པའི་ལུས་ཀུན་ཏུ་སྤྲུལ་པ་སྟེ་སྐུ་རང་ལ་བཞུགས་ཤིང་གསུང་སྨྲ་བརྗོད་མེད་པའི་ཟེར་ལ་རོལ་ཅིང་ཐུགས་མི་འགྱུར་བདེ་བའི་དབྱིངས་ནི་རྒྱ་ཁྱོན་མེད་པར་ནམ་མཁའ་དང་འདྲ་བའི་སྐུ་གསུང་ཐུགས་སོ། །དེ་ཅི་ལྟ་བར་རང་བཞིན་ཤེས་པ་ཁ་ཡན་ནམ་མཁའ་དང་མཉམ་པར་རང་བཞག་ན་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་ཡིན་ནོ། །རིས་སུ་མ་ཕྱེ་བར་བཞག་ན་ཡང་དེ་ཁོ་ནའོ། །དོན་དང་ལྡན་པའི་རྣལ་འབྱོར་ལ་ནི་གང་གིས་ཀྱང་མི་འགོག་པའོ། །རང་སྣང་གི་གདངས་


DNG006_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་ཤར་བ་ནི་གཡོ་བ་དང་ཡིད་ཀྱི་རང་བཞིན་ནོ། །འབྱུང་བ་ལྔ་སོ་སོར་མ་འདྲེས་པ་ནི། དྭངས་མ་ཆེན་པོ་ལྔའི་རང་བཞིན་ཏེ། ཡེ་ཤེས་ལྔའི་རང་བཞིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མི་གནས་པའི་སྐུའི་འོད་ཀྱིས་ཀུན་ལ་ཁྱབ་པ་ནི་ནམ་མཁའི་དངོས་སུ་གསལ་བ་ནི་དེ་ཁོ་ནའོ། །རང་གི་སེམས་ཉིད་ཅི་ལྟར་སྣང་བ་ནི་ནམ་མཁའ་ཁོ་ན་བཞིན་ནོ། །ནམ་མཁའི་ཆོ་འཕྲུལ་ལ་ཅི་ལྟར་ཤར་བ་ཡང་། སེམས་ཉིད་མི་འགག་པའི་ཆོ་འཕྲུལ་དབྱེར་མི་ཕྱེད་པའོ། །བར་སྣང་ཡངས་པའི་རང་བཞིན་ཡང་སེམས་ཉིད་གང་དུ་ཡང་གོ་ཕྱེད་པའོ། །གསུང་སྨྲ་བརྗོད་དང་བྲལ་བའི་རང་བཞིན་ལས་མཚན་མ་མེ་འགག་པའི་ཡེ་ཤེས་རོལ་པའོ། །བར་སྣང་ལ་འཇའ་ཚོན་གྱི་རོ་མོ་སོ་སོར་གསལ་བ་ཡང་སྐུ་དང་ཡེ་ཤེས་མི་འགག་པའི་རྣམ་འཕྲུལ་ཤར་བའོ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ནི་སེམས་ཅན་གྱི་ལུས་ངག་ཡིད་གསུམ་ཉིད་ལ་ཡིན་དེ་ཉིད་ནི་མཁའ་དང་གོ་མཉམ་པར་འདུག་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ནི་རང་གི་ཤེས་རིག་ཡུལ་དུ་འབྱོར་བ་ལས་བྱུང་བའོ། །འབྱུང་བ་དང་འབྱུང་བ་ལས་བསྐྱེད་པའི་སྐུ་གསུང་ཐུགས་རྣམ་པར་དག་པ་ཐམས་ཅད་དང་རྒྱུད་ལྔ་འཁོར་ཞིང་སེམས་ཅན་ཐམས་ཅད་ཀྱང་ཤེས་རིག་ཡུལ་དུ་སྣང་བ་ལས་བྱུང་བའོ། །སྟོང་གསུམ་མི་མཇེད་མ་ལུས་པ་ཐམས་ཅད་ཀྱང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅིར་ཡང་སྟོན་ཅིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་མངའ་མཛད་ཅིང་ཉིད་ལ་ཉིད་ཀྱིས་ལོངས་སྤྱོད་རྟག་ཏུ་མཛད་པའོ། །མཛད་ཙམ་ཉིད་ན་ཡང་པདྨའི་མེ་ཏོག་བཞིན་ནོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། གསང་བ་སྐྱོན་དང་བྲལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་ཉིད་ཀྱི་ཉིད་རང་བཞིན་གྱིས་ཉིད་ཀྱི་ངོ་བོ་ལས་རིག་པའི་ཡེ་ཤེས་ཀྱི་དོན་བསྟན་པ། ཨེ་མ་ཧོ་ངོ་བོ་བདེ་བ་ཆེན་པོ་རང་རིག་པའི་ཡེ་ཤེས་རང་ལ་ཤར་བ་ལ་ནི་འཛིན་པའི་རླུང་ལོག་པ་ཞེས་བྱ་སྟེ། གཟུང་འཛིན་དག་པའི་སྐུ་གསུང་ཐུགས་


DNG006_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་མི་རྟོག་པའི་ཡེ་ཤེས་ཀྱི་ཤེས་པ་རང་གསལ་དེ་ཁོ་ནའོ། །རྣམ་པར་གྲོལ་བའི་ཕུང་པོ་ལ་སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་ཡེ་ཤེས་སོ། །གཟུང་འཛིན་རྣམ་པར་དག་པའི་ཆོས་ཉིད་དོ། །དེ་ལ་རིག་པ་རླུང་གི་སྙིང་པོ་ཅན་རླུང་ཀུན་ཏུ་འཕྱོ་བའི་ཡིད་ཅན་ནོ། །འཁོར་བ་ཀུན་འདུས་ཀྱི་བདག་ཉིད་ཡོད་པ་དང་སྣོད་བཅུད་ཀུན་གྱི་བདག་ཉིད་དུ་གྱུར་པའོ། །དེ་ཉིད་སྙིང་པོ་རང་ས་ཟིན་པ་ནི། རིག་པ་ཁོང་སྟོང་སྟེ་གར་ཡང་འཇུག་པའི་རྒྱུ་མེད་དེ་ལྷུན་གྱིས་གྲུབ་པའི་རིག་པ་ཞེས་བྱའོ། །ཀུན་གཞི་སྟོང་པས་ཡེ་ཤེས་སུ་གནས་གྱུར་པ་ཞེས་བྱའོ། །སྙིང་པོ་མེད་པའི་ཡེ་ཤེས་ལ་ཆོས་སྐུ་རང་གསལ་ཞེས་བྱའོ། །མེད་པའི་ངང་ལ་སྐུ་དང་ཡེ་ཤེས་སྣ་ཚོགས་ཅིར་ཡང་འབྱུང་བས་ཀུན་ཏུ་ཁྱབ་པ་ཞེས་བྱའོ། །ཨེ་མ་ཧོ་བདེ་བ་ཆེན་པོ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང་སྐྱེ་འགྲོ་གཟུགས་སུ་སྣང་བ་ཐམས་ཅད་ནི་ཤེས་པ་ཆོས་སྐུ་རང་གསལ་བ་ལས་མ་བྱུང་བ་གཅིག་ཀྱང་མེད་དེ། དེ་ཕྱིར་རིག་པའི་ཡེ་ཤེས་སུ་མ་གྱུར་པ་གང་ཡང་མེད་པ་ནི་ཀུན་ཏུ་བཟང་པོའི་དགོངས་པ་མེ་ཀློང་ཆེན་པོ་ཞེས་བྱའོ། །ཀུན་ཏུ་སྣང་བར་མཛད་པས། རྣམ་པར་སྣང་མཛད་ཅེས་བྱའོ། །རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཆེན་པོ་ནི་ཅིར་ཡང་སྤྲུལ་ཞིང་གང་དུ་ཡང་འགྱུར་བས་ཀུན་ཏུ་འགྱུར་བའི་རིག་པའོ། །ཡེ་ཤེས་ལྔ་ལས་གྱུར་པའི་ཆོས་ཉིད་ལ་སྐུ་འགག་པ་མེད་པར་རོལ་པ་ལ་རང་བཞིན་འགྱུར་བ་མེད་པ་ནི། རྟག་པ་ཆེན་པོར་བཞུགས་པའི་ཆོས་ཉིད་དོ། །དབྱིངས་མི་འགྱུར་བ་ལ་ཐུགས་རྗེའི་རོལ་པ་ནི་ཅིར་ཡང་སྣང་བའོ། །སྣང་ཙམ་ན་ཡང་དེའི་རང་བཞིན་ངེས་པ་མེད་པའོ། །རོལ་པ་ཆེན་པོའི་ཆོས་ཉིད་ལ་མཛད་པ་ནི་ཅིར་སྣང་ཡང་སྐུའི་ཆོ་འཕྲུལ་དུ་སྟོན་ལ་མ་ངེས་པའི་ཆོ་འཕྲུལ་ཅིར་ཡང་སྟོན་ནོ། །རོལ་པ་ཆེན་པོའི་ཆོ་འཕྲུལ་གྱི་སྐུ་ཅིར་ཡང་སྣང་བ་ལ་ལོངས་སྤྱོད་ཅིང་རྟག་པར་བཞུགས་པ་ནི་སྤྱོད་ཡུལ་ཐམས་ཅད་དུ་རང་ཤར་བའོ། །འཇིག་རྟེན་པས་བསྡུས་པའི་ཆོས་ཐམས་ཅད་དེ་བཞིན་གཤེགས་པའི་དགོངས་སྤྱོད་རྒྱ་ཆེ་བའི་ཞིང་ངོ་། །


DNG006_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་མ་བྱུང་བའི་ཆོས་ནི་རྡུལ་ཙམ་ཡང་མེད་དོ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་རིག་པ་བྱང་ཆུབ་ཀྱི་སེམས་སོ། །སེམས་ཅིར་ཡང་སྣང་བའོ། །སྣང་བ་ཉིད་ན་འགོག་པ་མེད་པའོ། །སེམས་ཅིར་ཡང་བསྟན་པའོ། །བསྟན་ཙམ་ཉིད་ན་ཐེར་ཟུག་པ་གང་ཡང་མེད་པའོ། །སེམས་ཟད་མི་ཤེས་པར་བསྟན་པའོ། །བསྟན་ཙམ་ཉིད་ན་ཟད་པའི་རྒྱུ་མེད་པའོ། །ཐེག་པའི་རིམ་པར་བགྲང་བའོ། །དེའི་དོན་བསྟན་པ་ཡང་རིམ་པ་བཞིན་དུ་བསྟན་པའོ། །རིག་པ་ནམ་མཁའ་ལ་ཟད་མི་ཤེས་པར་རོལ་པའི་ཆོ་འཕྲུལ་ནི་རིག་པ་རླུང་ལ་རྒྱུ་བའི་ཆོ་འཕྲུལ་ལོ། །དོན་དུ་གང་དུ་ཡང་ཕྱིན་པ་མེད་ཅིང་གང་དུ་ཡང་སོང་བ་མེད་དེ་འདས་པའི་ཡུལ་དུ་ལྟུང་བའི་ས་ནི་རིག་མ་རིག་ངོ་བོ་གཅིག་ལ་རྐྱེན་གཉིས་སོ། །རྐྱེན་གྱུར་ལས་ཀྱང་ཐུགས་རྗེའི་དབང་གིས་ཡུལ་དང་ཡུལ་ཅན་སོགས་ཀྱི་རྐྱེན་གྱིས་མི་ཕྱེ་ཡང་རིག་པའི་ཡེ་ཤེས་ལ་ལས་དང་ལས་ལས་བྱུང་བ་རང་ཡང་མེད་དེ་རྒྱུ་རྐྱེན་ལས་ལས་མ་བྱུང་བའི་ཤེས་པ་ཆོས་སྐུ་རང་གསལ་དུ་གདོད་ནས་གནས་པའོ། །དེ་ལས་ཡེངས་པའམ་བརྗེད་པའི་ཚུལ་གྱིས་ནི་འཁོར་བར་འཁྱམས་པ་ཡིན་པ་ལ་དྲན་པའམ་རིག་པའི་ངོ་ཤེས་པའི་ཚུལ་གྱིས་ནི་མྱ་ངན་ལས་འདས་པའོ། །དེ་ཡང་གསལ་བྱེད་ཀྱི་རླུང་དང་སྒྲིབ་བྱེད་ཀྱི་རླུང་རྒྱུ་བ་ཕྲ་མོ་ལས་འགྱུར་བྱེད་ཀྱི་རླུང་དང་ཤེས་བྱེད་ཀྱི་རླུང་རྒྱུ་བ་སྦོམ་པོར་བྱུང་སྟེ། དེ་ལས་ཞི་བྱེད་ཀྱི་རླུང་དང་རྩུབ་བསྣོལ་གྱི་རླུང་ཆ་རགས་པར་བྱུང་བས་འཁོར་འདས་ཀྱི་དམིགས་ཕྱེ་སྟེ་རྐྱེན་ནི་རིག་མ་རིག་ཁོ་ནའོ། །རིག་པའི་ཡེ་ཤེས་ཇི་ལྟ་བ་ཐམས་ཅད་མཁྱེན་པ་དང་ཇི་སྙེད་པ་ཀུན་མཁྱེན་པ་ནི་མྱ་ངན་ལས་འདས་པའི་ཡེ་ཤེས་སོ། །ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པ་ནི་དུག་ལྔ་འཁོར་བའི་རྐྱེན་གྱི་རྒྱུའོ། །རྐྱེན་གྱིས་རྐྱེན་བྱས་འབྲས་བུ་སྡུག་བསྔལ་དུ་བྱུང་བ་ནི། ཤིང་རྟའི་འཕང་ལོའམ། ཟོ་ཆུའི་ཁྱུད་མོ་ལྟར་འཁོར་བའོ། །ཨེ་མ་ཧོ་བདེ་བ་ཆེན་པོ་དེས་ན་འཁོར་འདས་ནི་ངོ་བོ་གཅིག་ལ་རྐྱེན་གཉིས་ཁོ་ནའོ། །རང་བཞིན་གཅིག་ལ་སྣང་བ་གཉིས་ཁོ་ནའོ། །མཚན་


DNG006_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གཅིག་ལ་ཡུལ་གཉིས་ཁོ་ནའོ། །གཅིག་ཏུ་ཤེས་ན་ཡེ་ཤེས་དེ་ཁོ་ནའོ། །བྱུང་ས་ཤེས་ན་ཕུ་ཐག་ཆོད་པ་ཁོ་ནའོ། །ཕུ་ཐག་ཆོད་ན་འགྲོ་ས་མེད་པའོ། །འགྲོ་ས་མེད་ན་གཡང་ས་བྲལ་བའོ། །གཡང་ས་མེད་ན་འཕོ་འགྱུར་མེད་པའོ། །དེ་ལྟར་ཤེས་ན་རྟག་ཆད་བྲལ་བའོ། །བྲལ་བར་ཤེས་ན་མ་བྲལ་མེད་པའོ། །མ་བྲལ་བ་ཉིད་ན་བྲལ་བ་མེད་པའོ། །བྲལ་དང་མ་བྲལ་ཀུན་ཏུ་ཁྱད་མེད་པའོ། །ཨེ་མ་ཧོ་བདེ་བ་ཆེན་པོ་མི་གནས་པའི་ཆོས་ཉིད་ལ། གཉིས་སུ་འཛིན་པའི་སྒྲོས་མི་གདགས། །འདུ་འབྲལ་མེད་པའི་ཡེ་ཤེས་ལ། །མཁྱེན་དང་མི་མཁྱེན་བསྙད་མི་འདུག །རང་བྱུང་ཡེ་ཤེས་རིག་པ་ལ། །འཁོར་འདས་གཉིས་སུ་བརྟགས་པས་ནོར། །རང་སེམས་ངོ་བོ་ཉིད་ཀྱི་དབྱིངས། །གཟུང་དུ་མེད་པས་ཆུ་ཟླ་འདྲ། །སྣང་ལ་ཞེན་རྟོག་མེད་པས་བདེ། །སྡུག་བསྔལ་བདེ་བ་ཆེན་པོ་ལ། །རྐྱེན་གྱི་ཁྱད་པར་ཉིད་དུ་འགྱུར། །ཞེས་གསུངས་སོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། རིག་པ་ཡེ་ཤེས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་ཉིད་ཀྱི་རང་བཞིན་གྱིས་ཉིད་ཀྱི་ངོ་བོ་ལ་གདམས་པའི་དོན་བསྟན་པ། ཨེ་མ་ཧོ་བདེ་བ་ཆེན་པོ་ཆོས་ཐམས་ཅད་རིག་པའི་རྩལ་ལས་མ་བྱུང་བ་ནི་གང་ཡང་མེད་དེ་ནམ་མཁའ་ལ་ཉི་མ་ཤར་བ་དང་འདྲ་སྟེ་འདིར་གསལ་འདིར་མི་གསལ་མེད་པའོ། །དེ་བཞིན་དུ་ལུང་དང་མན་ངག་བལྟ་བསྒོམ་རྣམ་པ་གཉིས་ཀྱི་ཐག་བཅད་ནས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་བདེ་བརྡལ་བའི་དོན་དུ་ཁྱབ་གདལ་བའོ། །ཆོས་ཐམས་ཅད་དབྱིངས་མི་འགྱུར་བའི་ཀློང་ན་གབ་པ་དེ་མན་ངག་དང་དགོངས་པ་རྣམ་པར་དག་པས་རང་ལུགས་ཆེན་པོའི་དོན་མངོན་དུ་ཕྱུང་བ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་དམུས་ལོང་མིག་ཕྱེ་བ་བཞིན་ཏེ། སེམས་ཅན་གྱི་ཤེས་པ་ཉིད་མ་བསླད་པའི་ཆོས་ཉིད་དུ་རྟོགས་པ་འཆར་བའོ། །རིག་པ་གང་ལ་ཡང་མ་ཆགས་པར་རང་བྱུང་ཡེ་ཤེས་སུ་ཐོལ་བྱུང་བ་ནི་ངོ་བོ་གཞི་ལ་རིག་པ་ཉིད་ཅིར་ཡང་མི་གནས་པ་ལ། ལམ་ཅན་གྱི་ཆོས་གང་ལ་ཆགས་པ་མེད་དེ་གླང་པོ་


DNG006_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་སྨྱོན་པ་བཏགས་ན་འཕྲོས་ཤིང་བཏང་ན་འདུག་པ་དང་འདྲ་སྟེ། རིག་པ་བྱང་ཆུབ་ཀྱི་སེམས་བསྡུས་ན་འགྲོ། ཡན་པར་བཏང་ན་རང་ལྡོག་པ་སྟེ་རང་བྱུང་རང་ཤར་མི་འགག་པའོ། །རིག་པ་ཅིར་སྣང་ཡང་གང་ཡང་མི་སྤང་ཐུག་ཕྲད་པ་ནི།རིག་པའི་གཞི་རང་སར་གྲོལ་བ་ལ་རྐྱེན་ཐམས་ཅད་སྐུལ་མར་ཤེས་ན་མེ་འབར་བ་ལ་ཤིང་བསྣན་པ་ལྟ་བུའོ། །ངོ་ཤེས་པའི་མི་དང་འཕྲད་པས་ཐེ་ཚོམ་མི་ཟ་བ་བཞིན་དུ་དྲན་པ་དང་རིག་པ་ཅི་འགྱུས་པ་ཐམས་ཅད་ཡེ་ཤེས་ཟང་ཐལ་ཆོས་ཉིད་ཐུག་ཕྲད་དགག་བསྒྲུབ་མེད་པའི་རིག་པ་ལ་བཏང་བཞག་མེད་པར་ཅོག་གིས་གཞག་པ་ནི། གཞི་གང་ལའང་མ་ཞེན་རང་གསལ་བར་སྣང་བ་ལ་དེ་ཆེད་དུ་བྱེད་པའི་རྩོལ་བ་མ་ཞུགས་ཏེ། རྒྱ་མཚོ་དྭངས་པའི་ནང་ན་སྣང་སྲིད་གསལ་བ་དང་འདྲ་སྟེ་དྲན་པ་དང་རིག་པ་མ་བཀོད་བཞིན་དུ་ཅིར་ཡང་གསལ་བ་ལ་མིང་འདི་ཞེས་གདགས་སུ་མེད་པའོ། །རིག་པ་ནམ་མཁའི་བྱ་ལམ་དང་འདྲ་བ་ལ་བཙལ་བས་རྗེས་མེད་པ་ནི། བཙལ་བར་བྱ་བའི་ཡུལ་རང་གི་སེམས་ཉིད་ཡིན་ལ་རྩོལ་བར་བྱེད་པའི་སྒོ་སེམས་ཉིད་གཞན་ལ་བརྟེན་པ་ལྟར་བྱས་ནས། བཙལ་བས་རྗེས་མེད་པ་ནི་ཁྱི་རྐུན་གྱིས་ཁང་སྟོང་བཅོལ་ནས་བཟའ་རྒྱུ་ཅང་མི་རྙེད་པ་བཞིན་རང་གི་སེམས་ཤེས་པ་ཁ་ནང་དུ་ལྡོག་ནས་བཙལ་བས་ཅིར་ཡང་མ་མཐོང་ལ་མིང་གར་ཡང་མ་ཐོགས་ཏེ་གདགས་གཞི་དང་བྲལ་བའོ། །རིག་པ་དངོས་མཚན་དང་བྲལ་ལ་གང་དུ་ཡང་དམིགས་པ་རྗེས་མེད་པ་ནི་དམིགས་པའི་ཡུལ་མཚན་བཅས་དང་མཚན་མེད་ལ་ནི་དམིགས་པར་བྱེད་པའི་ཐབས་ཤེས་པ་གཏད་པས་དྲན་པའི་རྗེས་མེད་པ་ནི་གང་ཡང་རུང་བ་ལ་དགག་གཞི་དང་བྲལ་བ་མིག་འབྲུ་ཚུགས་སུ་ཧ་རེ་བ་ལྟས་པས་ཐོག་མར་མཐོང་ལ་ཐ་མར་མི་གསལ་བ་སྟེ། མིག་ནད་ཅན་གྱི་རྒྱང་མིག་ལྟ་བུ་སྟེ་དམིགས་གཏད་གང་ཡང་མེད་པའོ། །སེམས་ཉིད་འདི་ཁོ་ན་ཅི་ལྟར་ཡང་བསྒྱུར་དུ་བཏུབ་པ་ནི། རྟོད་ཕུར་དུ་གཟུང་བར་བྱ་བའི་རྟེན་དམིགས་བཅས་ལ་འཛིན་པར་བྱེད་པའི་ཐབས་ཤེས་པ་གཏད་པས་


DNG006_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཕྲོ་བ་ནི་ཁྱི་སར་གདུང་ལ་བཏགས་པས་འགྲོ་མི་ཤེས་པ་བཞིན། མཚན་བཅས་དང་མཚན་མེད་ལ་སེམས་བཟུང་བས་གང་དུ་ཡང་མི་འགྱུ་བ་སྟེ་ཤེས་པ་བཙོན་དུ་བཟུང་བས་ཐིག་ལེ་འཁྱིལ་པའི་དོན་ལ་རོ་སྙོམས་པའོ། །ཨེ་མ་ཧོ་ངོ་བོ་བདེ་བ་ཆེན་པོ་ལ་གདེང་ལྔ་དོན་ཐོག་གཅིག་ཏུ་དྲིལ་བ་ནི། རིག་པའི་རྩལ་གྱིས་ནི་ཅིར་སྣང་སེམས་ཉིད་རང་སྣང་བར་གདེང་གིས་ཟིན་པ་དང་ཐུག་ཕྲད་ཀྱིས་ནི་སྣང་སྲིད་གྲག་ཚད་ཐམས་ཅད་ཆོས་ཉིད་དུ་རང་ཤར་བའི་གདེང་གིས་ཟིན་པ་དང་། གབ་པ་མངོན་དུ་ཕྱུང་བས་ནི་ཆོས་སྐུ་རང་ཤར་བའི་གདེང་གིས་ཟིན་པ་དང་ཡེ་ཤེས་ཟང་ཐལ་གྱི་རིག་པ་ནི་ཤར་ཡང་ངོས་བཟུང་མེད་པར་གདེང་གིས་ཟིན་པ་དང་། ལྷུན་གྲུབ་ཅོག་བཞག་གིས་ནི་ངོས་བཟུང་བ་རང་སར་གྲོལ་བར་གདེང་གིས་ཟིན་པ་སྟེ། དོན་ཀུན་ཏུ་བཟང་པོའི་དགོངས་པ་ཆོས་སྐུ་རང་གསལ་གྱི་འབྲས་བུར་རང་གྲོལ་བའོ། །ཨེ་མ་ཧོ་ངོ་བོ་བདེ་བ་ཆེན་པོ་ཚོལ་བ་རྗེས་མེད་ཀྱིས་གང་དུ་ཡང་མ་རྙེད་པ་དངོས་པོ་མེད་པའི་གདེང་ངོ་། །དམིགས་པ་རྗེས་མེད་ཀྱིས་གང་དུ་ཡང་མ་དྲན་པ་འཛིན་པ་དང་བྲལ་བའི་གདེང་སྟེ། རྟོད་ཕུར་གྱིས་གང་ཡང་རུང་བ་ལ་ཟིན་པ་ནི། ཉམས་མྱོང་ཡིད་ཆེས་པའི་གདེང་ཡིན་ཏེ་གདེང་གསུམ་དབྱེར་མེད་པ་ནི་ཀུན་ཏུ་བཟང་པོའི་དགོངས་པ་སྟེ། གདེང་ལྔ་དོན་གྱི་ཐོག་ལས་གང་དུ་ཡང་མ་གཡོས་པའོ། །དགོས་ཆེད་དམིགས་པ་སྦྱོར་སོ་དང་། ཡིད་ཆེས་དང་། ཐག་ཆོད་དང་། ལ་བཟླ་དང་། ཤན་འབྱེད་རང་གྲོལ་དོན་ལ་སྦྱོར་བ་ནི་འཁོར་ལོ་གཏིང་གི་གནད་ལ་བརྡེག་པའོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། གདམས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཉིད་ཀྱི་རང་བཞིན་གྱིས་ཉིད་ཀྱི་ངོ་བོ་ལ་སེམས་ཉིད་ཡེ་ཤེས་སུ་འཆར་བའི་དོན་བསྟན་པ། སྣང་ཞིང་སྲིད་པའི་ཆོས་སུ་ཤར་བ་ཀུན་ཐམས་ཅད་རང་གི་ཡེ་ཤེས་ཀྱི་འབྱུང་འཇུག་ལ་འདུས་སོ། །འབྱུང་བ་ནི་སྣང་སྲིད་ལ་འཇུག་པ་ནི་ཐམས་ཅད་སེམས་ཀྱི་རང་བཞིན་ནོ། །སེམས་ཀྱི་སྟོབས་ལས་སངས་རྒྱས་ཀྱི་ཞིང་དུ་མ་བསྐྱེད་ནུས་སོ། །སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་། །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛོད་ཆེན་པོའི་རིག་པ་ལ་ཟད་མི་ཤེས་སོ། །རིག་པ་ནི་ནོར་བུ་བརྩེགས་པའི་ཁང་བཟངས་ནས་ངེས་པའི་དོན་དང་། དོན་མ་ཡིན་པ་ཐམས་ཅད་མ་བཙལ་བར་བྱུང་བའོ། །ཀུན་ལ་ཁྱབ་པས་ནམ་མཁའ་ལྟ་བུ་རིས་མེད་པ་ལས་དངོས་པོ་


DNG006_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྒྱུ་མའི་གཟུགས་བརྙན་བཞིན་གསལ་ལ་ངེས་པ་མེད་པའོ། །ཕྱི་ནང་མེད་པའི་གཞལ་ཡས་ཁང་ཀུན་ཏུ་ཡངས་ཤིང་རྒྱ་ཆེ་བ་ནི། ཡེ་ཤེས་རང་སྣང་གི་ཡུལ་སྣང་བ་དག་པའི་ཞིང་རྡུལ་སྙེད་སངས་རྒྱས་ཀྱི་གཟུགས་བརྙན་དུ་བྱུང་བ་ཡང་རང་སྣང་དག་པའི་སྐུའི་དཀྱིལ་འཁོར་རོ། །འདོད་ཡོན་རིས་མེད་དུ་ཤར་བ་མ་སྤངས་པ་ནི་གསང་སྔགས་ཐབས་ཀྱིས་ཟིན་པས་ཉེ་ལམ་དུ་འདུག་པའོ། །མ་དག་པའི་སྐྱོན་དང་བཅས་པའི་དམན་པ་ཐམས་ཅད་ཀྱང་རང་གི་ལམ་ལ་དགོངས་ཏེ་དོར་བར་མི་བྱའོ། །བླང་དོར་མེད་པ་ཉིད་ཆོས་རྣམས་ཀྱི་ནང་ནས་མཆོག་དང་ཕུལ་དུ་བྱུང་བའོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི་ཡོངས་སུ་རྒྱ་ཆེ་བའོ། །ནམ་མཁའ་བཞིན་དུ་ཚད་གཟུང་དུ་མེད་དོ། །དབྱིབས་བརྟགས་པས་མི་རྟོགས་སོ། །ཁ་དོག་གསལ་བར་མི་མཐོང་སྟེ། །དོན་དཔག་པས་མི་དཔོག་གོ། །ཐམས་ཅད་ཀྱི་དངོས་གཞི་ཡིན་པས་མཚོན་བརྗོད་ཀྱིས་འདི་ཁོ་ནར་བརྗོད་པར་མི་ནུས་ཏེ་བརྗོད་པ་ཐམས་ཅད་རང་ལ་རང་སྨྲས་པའོ། །སྨྲ་བརྗོད་མེད་པ་ཉིད་ལས་མཚོན་ཚུལ་གྱི་སྒོ་མི་འགག་པ་ནི་ཐམས་ཅད་ཀྱི་དངོས་པོའོ། །སངས་རྒྱས་ཐམས་ཅད་ཀྱི་མཐར་ཐུག་ཡེ་ཤེས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་གསང་བ་དམ་པའོ། །ཐུགས་ཅིར་ཡང་སྤྲུལ་པའི་ཆོ་འཕྲུལ་གྱིས་ངོ་བོ་ཉིད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །འཁྲུལ་པར་སྣང་བ་ཡང་གཡེངས་པའི་ཚུལ་གྱིས་འཁོར་ལ་འཁོར་བ་ཉིད་ཀྱང་ཆོས་ཉིད་ལ་འཁོར་ཞིང་ཡེ་ཤེས་ལ་གནས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱང་སེམས་ཀྱི་ཆོ་འཕྲུལ་དུ་རང་ཤར་བ་ལས་མ་རྟོགས་པའི་ལས་དང་ཉོན་མོངས་པ་རང་རྒྱུད་པའི་མིང་ཡང་གདོད་ནས་མེད་དོ། །སེམས་ཅན་སྐྱེ་འགུལ་ཅི་འཁྲུངས་ཡང་སངས་རྒྱས་ཉིད་ཀྱི་སྲས་ཡིན་པས་སེམས་ཅན་བྱ་བའི་མིང་གི་གདགས་གཞི་ཡིན་ནོ། །ཐམས་ཅད་ཆོས་ཀྱི་སྐུ་དང་རང་བྱུང་ཡེ་ཤེས་འབའ་ཞིག་ལ་མ་དག་པའི་སྒོ་བཙལ་དུ་གང་ནས་ཀྱང་མི་རྙེད་པའོ། །ཟག་པ་མེད་པའི་བདེ་བ་ཆེན་པོའི་རོ་ཡང་ཀུན་ལ་སེམས་ཉིད་དུ་ཡོད་པའོ། །མྱང་བ་དང་མ་མྱངས་པའི་ཁྱད་པར་ཀྱང་སེམས་ཉིད་རང་རིག་གིས་ཕྱེ་བའོ། །འཁོར་བ་དང་སྡུག་


DNG006_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཡིན་པར་ཤེས་པས་མི་ལེན་མི་སྤང་བའོ། །དེ་ཉིད་བཀྲུས་པས་ཀྱང་མི་འདག་ལ་སྤངས་ཀྱང་མི་སྤོང་སྟེ་ནམ་མཁའ་ཉིད་དོ། །རྩེ་གཅིག་སངས་རྒྱས་ཀྱིས་ཕུན་སུམ་ཚོགས་པ་ཡང་དབྱེ་བ་མེད་པའི་ས་འདི་ཉིད་དོ། །སེམས་ཉིད་ཀྱི་ཆ་ལུགས་ནི་ཅིར་ཡང་སྟོན་ཅིང་ཆ་ལུགས་ཐམས་ཅད་པ་སྟེ་སྣ་ཚོགས་ནོར་བུ་རིན་པོ་ཆེ་ལྟ་བུའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་ཁོ་ན་སངས་རྒྱས་ཀྱི་ཐུགས་དང་དབྱེར་མེད་དོ། །དེ་ཉིད་གནས་གང་དུའང་གནས་པ་ལ་ཆགས་གང་དུའང་མ་ཆགས་པའོ། །དབྱིབས་དང་ཁ་དོག་གང་དུ་ཡང་མི་གནས་ཤིང་ཅིར་ཡང་སྟོན་པ་ནི་ནོར་བུ་ཆུ་དྭངས་དངོས་ལྟ་བུ་སྟེ། རིན་པོ་ཆེ་ཉིད་ལྟར་སྣང་ཡང་རིན་པོ་ཆེ་ཁོ་ན་སྟེ། སེམས་ཉིད་གང་དུ་ཤར་ཡང་གཅིག་པོ་ཁོ་ན་ཀུན་འཆར་བའོ། །ཨེ་མ་ཧོ་བདེ་བ་ཆེན་པོ། །ཤར་ནུབ་མེད་པའི་ཉི་མ་ལ། །རང་བྱུང་ཡེ་ཤེས་འོད་དུ་འབར། །རང་འོད་རང་ལ་བསྒྲིབ་སྟེ་མཆིའོ། །དག་པར་ལྟོས་ཤིག་བདེ་བ་ཆེ། །མཐོང་བ་མེད་ན་རྣམ་པར་གྲོལ། །མཐོང་རྒྱུ་བྱུང་ན་ཡ་མཚན་ཆེ། །མཐོང་མེད་མཐོང་ན་མཐོང་བ་ཡིན། །བགྲོད་དང་བྲལ་ཕྱིར་གང་ཡང་མིན། །ཞེས་གསུངས་སོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། སེམས་ཉིད་ཡེ་ཤེས་སུ་ཤར་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་ཉིད་ཀྱི་རང་བཞིན་གྱིས་ཉིད་ཀྱི་ངོ་བོ་ལ་སྣང་བ་མི་འགོག་པའི་དོན་བསྟན་པ། ཨེ་མ་ཧོ་ངོ་བོ་བདེ་བ་ཆེན་པོ་ཆོས་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོའི་ཐུགས་ལས་བྱུང་ཞིང་ཐུགས་ཀྱི་སྒྲོན་མ་རིན་པོ་ཆེའི་བྱུང་ཁུངས་སོ། །ཐུགས་ཡེ་ཤེས་ཀྱི་རང་བཞིན་མི་ཟད་པའི་མཛོད་དོ། །སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཟད་མཐའི་ཡུལ་དང་བྲལ་བའོ། །སྟོང་གསུམ་མི་མཇེད་ཀྱི་ཁམས་ཐམས་ཅད་སྟོངས་པའི་དུས་མེད་པ་ཡང་ཀུན་ཏུ་བཟང་པོའི་སེམས་ཉིད་འཕོ་འགྱུར་དང་བྲལ་བའོ། །རིན་པོ་ཆེ་ཙིཏྟ་བརྩེགས་པའི་གའུ་ནས་ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དྭངས་མ་ཆེན་པོའི་རང་བཞིན་དུ་གསལ་བའོ། །དེ་ཉིད་ཀྱི་རང་བཞིན་ནི་ཀུན་ལ་གསལ་བར་འབྱུང་བ་ནི། མངོན་སུམ་དུ་གསལ་བ་འདི་གའོ། །ཡང་


DNG006_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ལ་མ་གཏོགས་པར་སྲིད་པ་གསུམ་གྱི་ཆོས་གཞན་ནི་མེད་དོ། །འགྲོ་བ་རྣམས་ཀྱི་དོན་སོ་སོར་ཅི་ལྟ་བར་གསལ་བར་གོ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་སོ། །གསུང་མི་ཟད་པ་ལས་སྣང་བ་ནི་སྒྲ་སྐད་ཅི་ལྟར་ཡང་གྲགས་པ་དང་ཚིག་དང་ཚིག་མིན་མང་པོ་རྣམས་ལ་གསུང་མི་ཟད་པའི་ཡན་ལག་གིས་ཁྱབ་ཅིང་གསུང་དུ་མ་གྱུར་པ་དང་དབྱངས་མ་ཡིན་པ་གཅིག་ཀྱང་མེད་དོ། །སྣ་ཚོགས་སུ་གསལ་ཡང་གཉིས་སུ་མེད་པའི་ཡེ་ཤེས་གཅིག་ཁོ་ནའོ། །གཅིག་པུ་རང་ཁོ་ན་ལས་མི་གཡོ་བར་གསལ་བ་ནི་མི་དམིགས་པའི་བསམ་གཏན་ནོ། །སེམས་ཉིད་མི་གཡོ་བ་ནི་གཡོ་བའི་ཡུལ་མེད་པས་སོ། །ཡུལ་མེད་ལ་ཡུལ་སྣང་དུ་སྣང་བ་ནི། བྱང་ཆུབ་ཀྱི་སེམས་སྤྱོད་ཡུལ་དང་བྲལ་བའོ། །རིས་མེད་པའོ། །ཁྱབ་གདལ་བའོ། །གཟུང་འཛིན་དང་བྲལ་བའོ། །རྣམ་རྟོག་དང་ཀུན་བརྟགས་ཀྱིས་མ་བསླད་པའི་ཆོས་ཉིད་ནི་སེམས་ཉིད་དག་པའོ། །རྟོག་པའི་མཚན་མ་ཐམས་ཅད་སྤངས་ཤིང་མ་འདྲེས་པ་ལ་ཀུན་ཏུ་དབྱེར་མེད་པར་ས་ལེར་གསལ་བ་ནི་དགོངས་པ་ཡངས་དོག་མེད་པའི་ཀླུང་ངོ་། །གཟུགས་ལ་སོགས་པ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ནི་སེམས་ཉིད་མི་འགག་པའི་ཡེ་ཤེས་ཤར་བ་སྟེ་རང་བྱུང་ཡེ་ཤེས་ལ་ནི་སྣ་ཚོགས་སུ་ཤར་ཡང་དབྲི་བསྣན་མེད་པའོ། །ཡེ་ཤེས་གཟུགས་ཅན་མ་ཡིན་པ་ནི་དངོས་པོ་ངོ་བོ་ཉིད་ཀྱིས་སྟོང་པས་རྒྱུ་རྐྱེན་མེད་པའོ། །ངོ་བོ་ཉིད་འདི་ཞེས་བྱ་བའི་མཐའ་ལས་འདས་པས་གང་གི་ངོ་བོར་ཡང་མ་གྲུབ་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉག་གཅིག་གི་སྐུ་རུ་གནས་པས་བཅོས་སུ་མེད་པ་མཐའ་ཐམས་ཅད་དང་བྲལ་བ་ཀུན་ལ་ཁྱབ་ཅིང་ཡེ་ནས་བརྡལ་བ་མཚོན་ཅིང་བརྗོད་ལས་འདས་པ་འཛིན་རྟོག་རྣམ་པ་གཉིས་དང་བྲལ་ཞིང་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་དོན་གྱི་མཆོག་གོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། སྣང་བ་མི་འགོག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཉིད་ཀྱི་རང་བཞིན་


DNG006_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཉིད་ཀྱི་ངོ་བོ་ལ་ཐིག་ལེའི་དོན་མན་ངག་གཅོད་པའི་དོན་བསྟན་པ། གཞི་གཅིག་ཐིག་ལེ་ཆེན་པོ་ལ། མཐོང་སྣང་བསམ་གྱིས་མི་ཁྱབ་ཀྱང་། ལོག་པར་མཐོང་བ་དང་། ཕྱོགས་སུ་མཐོང་བ་དང་། མ་རྟོགས་པ་དང་། ཡང་དག་པའི་སྣང་བའོ། །ལྷུན་གྱིས་གྲུབ་པ་དང་ཕྱོགས་གཅིག་པ་རྣམས་ནི་ཕྱོགས་ཆས་འདོད་པའི་བློ་ཙམ་མོ། །གཞིའི་ངོ་བོ་དོན་བདག་ཉིད་ལྷུན་གྱིས་གྲུབ་པ་ངེས་པ་མེད་ཅིང་གཉིས་སུ་མེད་ཅིང་རང་གྲོལ་བ་ནི་དོན་གཏན་ལ་ཕབས་པའོ། །གཞི་ལམ་འབྲས་བུ་སེམས་གནས་པ། གཡོ་བར་སྨོན་པ། འཇུག་པར་སྨོན་པ། བྱང་ཆུབ་སེམས་ཀྱི་དོན་ལ་སྦྱོར་བའོ། །མ་སྐྱེས་པ་དང་།མི་འགག་པ་དང་། མི་མཉམ་པ་དང་། རང་གྲོལ་བ་ནི་རང་བཞིན་དང་།རོལ་པ་དང་། མཚན་ཉིད་ཀྱིས་དངོས་སུ་གྲོལ་བའོ། །གོལ་བར་བྱ་བའི་གཞི་དང་། གོལ་བ་རང་གི་རྐྱེན་གྱིས་དང་། འདོད་པ་གོང་འོག་ཏུ་སུན་འབྱིན་པ་དང་། རང་བྱུང་ཡེ་ཤེས་སུ་ལ་བཟླ་བ་ནི་དོན་གྱི་གཟེར་གདབ་པའོ། །སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་ནི། སངས་རྒྱས་ཀྱི་ངོ་བོ་ཉིད་དེ་དེ་བཞིན་ཉིད་ཀྱི་སྙིང་པོ་ཡིན་ནོ། །སྣང་ཞིང་སྲིད་པས་བསྡུས་པ་ཕྱི་ནང་གཉིས་སུ་མེད་པ་ཐམས་ཅད་ལ་གདོད་མ་ནས་སངས་རྒྱས་ཉིད་དུ་ཤེས་པ་ན་གོལ་མ་གོལ་གཉིས་སུ་མེད་དེ་གཡང་ས་ཆོས་ཉིད་དུ་གྲོལ་བའོ། །ཆོས་ཉིད་རྒྱུ་རྐྱེན་ལས་མ་བྱུང་བའི་དོན་ནི་སྐྱེ་ཤི་དང་བྲལ་ལོ། །དེ་ཉིད་ལ་རྩོལ་སེམས་དང་རྣམ་པར་རྟོག་པའི་མཚན་མས་ནི་གང་དུ་ཡང་བསླད་དུ་མེད་པའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་ཅི་ལྟ་བར་རྫོགས་པ་ནི་སེམས་ཉིད་འཁོར་འདས་གཉིས་ལ་ཆེ་བའི་དོན་ཡིན་ནོ། །ཆོས་ཐམས་ཅད་ཐིག་ལེ་བྱང་ཆུབ་ཀྱི་སེམས་ལ་སྡུད་པ་ནི། སེམས་ཉིད་ཀྱི་ངོ་བོས་ཀུན་ལ་ཁྱབ་པར་གནས་པའོ། །ཁྱབ་བཞིན་ཏུ་གཞན་དུ་སྤྲོས་པ་གང་ཡང་མེད་པའོ། །རང་གི་བྱང་ཆུབ་ཀྱི་སེམས་མ་བཅོས་པའི་རང་བཞིན་ནི་དོན་གྱི་རྣལ་འབྱོར་ཆེན་པོ་ཞེས་བྱའོ། །སེམས་ཀྱི་རྩོལ་བསྒྲུབ་


DNG006_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་ནི། གནད་དུ་སྐྱེལ་བའི་རིག་པ་ཞེས་བྱའོ། །འགགས་དང་མ་འགགས་ལ་རག་ལས་པ་ལས་ཀུན་གྱི་སྤྱོད་ཡུལ་མ་ཡིན་ནོ། །རིག་པ་ཕྱི་ནང་མེད་པར་འོད་གསལ་བ་ནི། །ཀུན་གཞི་འཕྲུལ་གྱི་མེ་ལོང་ཞེས་བྱའོ། །སེམས་ཉིད་གང་གི་མཐའ་ལ་ཡང་གནས་པ་མེད་ཅིང་འགྱུར་བ་མེད་པ་ནི་རང་བྱུང་གི་ཡེ་ཤེས་མི་བསྐྱོད་པའི་དབྱིངས་ཆེན་པོ་ཞེས་བྱའོ། །བགྲོད་ཅིང་ལམ་ལ་བཙལ་ཀྱང་རང་བཞིན་གྱི་དོན་ལས་གོང་དུ་ཡང་འདའ་བ་མེད་པ་བདེ་བ་ཆེན་པོར་ཤེས་ན་གོལ་ས་དང་སྒྲིབ་པར་མི་འགྱུར་རོ། །ཀྱེ་ངོ་བོ་ཉིད་ཀྱིས་སྟོང་པ་ཆེན་པོ་རོལ་པ་སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་སུ་སྣང་བ་བདེ་ཙམ་ན་གབ་པ་མངོན་དུ་ཕྱུང་བའི་ཡེ་ཤེས་ཟང་ཐལ་དུ་ཐུག་ཕྲད་པའོ། །དེ་ཉིད་ཆོས་ཐམས་ཅད་སེམས་ཉིད་དུ་མ་འགགས་པ་ལ་མ་ཞེན་ན་སྣང་བ་རང་སར་བཞག་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་སྔོན་འདས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཀྱང་བྱང་ཆུབ་ཀྱི་སེམས་རང་གི་ཡེ་ཤེས་སོ། །ད་ལྟར་བཞུགས་པའི་སངས་རྒྱས་དང་། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་ཆོས་སྐུ་རང་གསལ་གྱི་དབྱིངས་ནས་ལོངས་སྤྱོད་ལ། མ་བྱོན་པའི་རྒྱལ་བ་དང་འགྲོ་བ་ཐམས་ཅད་ཀྱི་ལམ་དུ་ཡང་རིག་པའི་རླུང་སྒོ་ཆེན་པོ་ཉིད་བདེ་བའོ། །ཞེས་གསུངས་སོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། ཐིག་ལེའི་དོན་མན་ངག་གིས་གཅོད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཉིད་ཀྱི་རང་བཞིན་གྱིས་ངོ་བོ་ཉིད་ལས་དབྱེར་མི་ཕྱེད་པའི་འཁོར་ལ་རྒྱུད་གཏད་པ་འདི་གསུངས་སོ། །ཨེ་མ་ཧོ་འདུས་པའི་ཚོགས་ཆེན་པོ་རང་རང་གི་རང་བཞིན་བསྟན་པའི་རྒྱུད་ཆེན་པོ་འདི་ཟུང་ཞིག །བྱང་ཆུབ་ཀྱི་སེམས་འཁོར་ལོ་བརྩེགས་པ་འདི་ཉིད་དུ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དང་། སྟོན་པའི་རང་བཞིན་ཀུན་ཏུ་བཟང་པོ་དང་། ངོ་བོ་རྡོ་རྗེ་སེམས་དཔའ་ལས། བསྟན་པ་ཆོས་ཉིད་བྱང་ཆུབ་སེམས་སུ་བསྟན་པ་ཡིན་པའི་ཕྱིར་འཁོར་དུ་གཏོགས་པ་རྣམས་ཀྱིས་ངའི་བསྟན་པའི་རྒྱུད་འདི་ནི་མ་བཏང་བར་ཟུང་ཞིག །ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་
ནོ། །བསྟན་པ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ། །གསུང་རབ་ཐམས་ཅད་ཀྱི་ཉིང་ཁུ་ཡིན་ནོ། །སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་དམ་པ་རིན་པོ་ཆེ་སེམས་ཉིད་ནོར་བུའི་རྟོགས་པ་ལ་འདུས་སོ། །ཞེས་གསུངས་པས་འཁོར་ཐམས་ཅད་རྗེས་སུ་ཡི་རང་སྟེ་མགུ་བར་གྱུར་ཏོ། །རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། རྒྱུད་གཏད་པ་དང་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ཅེས་བྱ་བ། ཐུན་མོང་མ་ཡིན་པའི་རྒྱུད་ཆེན་པོ་རྫོགས་སོ།། །།

བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ།


DNG006_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྙིང་པོའོ། །ཆོས་དབྱིངས་དག་པ་མཚན་མེད་ཀུན་ཏུ་བཟང་། །དུས་དང་མཉམ་མེད་དུས་ཆེན་མཉམ་པ་མེད། །མ་བཅོས་དེ་བཞིན་ཉིད་ན་དེ་བཞིན་ཀུན་ཏུ་བཟང་། །དེ་ཉིད་ཉིད་ལ་དེ་ཉིད་དེ་བཞིན་པ། །དེ་ལ་དེ་སྟོན་དེ་ཉིད་དེ་བཞིན་དེ། །དེ་དུས་དེ་ཐོབ་དེ་ཉིད་དེ་ཚེའོ། །ཀུན་གྱི་རང་བཞིན་ཉ་མོ་བག་ལ་ཉལ་ལ་ཕྱག་འཚལ་ལོ། །དེ་ལ་འདུན་པ་མཛད་པ་ཆེ་བ་ཡང་དག་ཀླུང་ཆེན་ཡིན། །གང་གིས་བསྙད་པ་མ་ཡིན་དཔེ་བྲལ་དྲི་མེད་ལམ། །གང་ཡང་མི་གནས་ཅིར་ཡང་མ་ངེས་འཇའ་ཚོན་རི་མོའི་ཚུལ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་བྱང་ཆུབ་སྙིང་པོ་ཉིད། །ཆོས་ཀྱི་ཉམས་བག་ལོན་པའི་ཆོས་རྣམས་མ་ལུས་སྙིང་པོར་གནས། །རྣལ་འབྱོར་མཆོག་གི་ལམ་འདི་ཀུན་གྱི་ལམ་གྲོལ་ལམ། །ཕྱག་བྱར་འོས་པ་བླ་མའི་མཆོག་ལ་ཕྱག་ཀྱང་འཚལ། །དེ་ཕྱིར་རྣམ་གྲོལ་མཆོག་གི་ལམ་འདི་ཀུན་ཀྱང་བཙལ། །བླང་དོར་མེད་པ་རྒྱལ་བའི་ལམ་འདི་ཁྱད་པར་ལམ་ཆེན་ཏེ། །མི་འབྱེད་མི་སྤང་གང་ཡང་མི་ལེན་པ་ཉིད་སྨན་པའི་རྒྱལ་པོ་ཉིད། །སྦྱང་ཞིང་བགྲོད་མི་དགོས་པས་ལམ་མཆོག་དམ་པར་བསྔགས། །དེ་བཞིན་ཉིད་དུ་ཡེ་ཤེས་འབྱུང་འཇུག་འུབ་པས་དབྱེར་མེད་པས། །ཆོས་གཅིག་ཐིག་ལེས་ཐམས་ཅད་བསྡུས་པས་རྣམ་པ་ཆད། །རྣམ་པའི་བསམ་པས་དབེན་པས་གསང་བ་བྱང་ཆུབ་


DNG006_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །ཡེ་ཤེས་དབྱིངས་སྒྲོལ་ཞི་བས་བདེ་བ་ཆེན་པོའི་ཀློང་། །སྐྱེད་པའི་ས་གཞིར་གྱུར་པས་རྒྱལ་དང་ཆགས་པའི་ཡུམ། །སྲིད་རྩེའི་ས་བོན་བསྲེགས་པའི་ཡེ་ཤེས་མེ་ཆེན་པོ། །སེམས་དང་སེམས་ལས་བྱུང་བ་མ་ལུས་ཀུན་རྫོགས་སོ། །བསླབ་པའི་གནས་མིན་ཅིར་ཡང་བྱ་བའི་ལས་དང་བྲལ་བའི་ཆོས། །དགོན་པ་གསང་བའི་གསང་ཆེན་ཉིད་ན་དེ་བཞིན་གསལ། །ཤེས་བྱ་ཤེས་བྱེད་དམ་པ་མ་ཡིན་གཉིས་མེད་དང་། །རྡོ་རྗེ་རྡོ་རྗེ་འདུ་འབྲལ་མེད་པ་བདེ་མཆོག་བདེ་ལ་གནས། །ཡུལ་མེད་ཡེ་ཤེས་དམ་པའི་ཡུལ་ལས་བྱ་བྱེད་ཡེ་ཤེས་དག །ཡེ་ཤེས་སྙིང་པོ་སྙིང་པོ་ཅན་རྣམས་ཀུན། །སུས་ཀྱང་མ་བྱས་རང་བྱུང་བཙལ་མེད་བདེ་བ་དམ་པའི་དོན། །ཀུན་ལ་རང་ཆས་གནས་ཀྱང་སུས་ཀྱང་མ་མཐོང་ཕྱིར། །རྣམ་ཤེས་རི་མོ་རྣམ་ཤེས་ཉིད་ལ་ཕྲི། །སྒོ་ཀུན་ཕྱག་རྒྱས་བསྡུས་ནས་རང་བཞིན་ཉིད་ལ་རི་མོས་བལྟ། །རི་མོའི་རྒྱུ་ལ་རི་མོ་བྲིས་ནས་རི་མོར་གསལ། །འཁོར་ལོ་བསྐོར་ལྟར་བྲིས་བཞིན་གསལ་ཞིང་དྲིལ། །སྒོ་ཀུན་འཇུག་པའི་སྨིག་རྒྱུའི་ཚུལ་དུ་བྱ་བྱེད་མཁན། །མུན་ནག་སྐར་ཁུང་ཁྲི་རུ་མེ་སྒྲོན་གཅིག་གསལ་ཚུལ། །ཀུན་ཏུ་སྣང་བའི་སར་ཁུང་ཉིད་དེ་མེ་གཅིག་སོ་སོར་འཛིན། །དེ་བཞིན་རྣམ་ཤེས་གཅིག་པོས་སྒོ་རྣམས་སོ་སོར་འཛིན། །ཉིད་ལ་ཉིད་ཀྱིས་རྒྱས་བཏབ་ཉིད་ཀྱང་རྒྱ་ཡིས་བཏབ། །རྒྱ་ཉིད་རྒྱར་གྱུར་རྒྱ་དེ་མ་ཉམས་རྒྱ། །མི་འགྱུར་བཏབ་བཞིན་སྣང་བའི་ངན་པའི་རྒྱ། །འཐོབ་སླ་འཐོབ་དཀའ་ཁྱད་པར་འཐོབ་དཀའ་རྣམས། །ཕྱག་རྒྱ་ཆེན་པོའི་རྒྱ་ཡིས་བཙན་པར་བྱས། །འཐོབ་དཀའ་འཐོབ་པས་འབྲས་སྦྱངས་འཁྲུལ་ནད་ཆེ། །ཀིམ་པའི་འབྲས་ལྟར་དེ་ཡིས་དེ་ཉིད་ཟ། །དེ་ཕྱིར་སངས་རྒྱས་ཡང་དག་བྱང་ཆུབ་ལམ་ལ་སྦྱང་མི་བྱ། །བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ་ལས། ཉིད་དང་ཉིད་ལྡན་པའི་དོན་དམ་པའི་གླེང་གཞིའི་ལེའུ་སྟེ་དང་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། འཁོར་བ་དང་ནི་མྱ་


DNG006_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པ་གཉིས་མེད་པ་ཉིད་ལ་ཉིད་ཀྱིས་བརྗོད་པ། ཤེས་བྱ་དམ་པ་ཀུན་དང་འཕྱོས་པའི་དུག་ལྔ་བྱས་ཤིང་ཟོས་པས་ཟོ་ཆུའི་རྒྱུད་ལྟར་འཁོར། གནས་ལྔ་ནས་ནི་སྡུག་ཅིང་སྙན་པ་ལ་སོགས་བླངས་ཏེ་ཟོས་པས་དེ་བཞིན་འཁོར། །དེ་བཞིན་སྡུག་བསྔལ་སོ་སོར་ཟོས་པའི་དེ་དབང་མཐུས། །དེ་སྨིན་དེ་འཇོམས་སྤོང་བྱེད་དེ་ཡང་ཤིན་ཏུ་འཁོར། །འཁོར་བར་བལྟ་བའི་འཁོར་བའི་ཡུལ་འཇོམས་དེ་ནི་ཁྱད་པར་འཁོར། །གཟུགས་སྒྲ་ལ་སོགས་དེ་ཡི་རིགས་པས་བརྟགས་པས་ནི། །ཕུང་པོ་ལ་སོགས་འཁོར་དང་བཅས་པ་མེད་བཞིན་བརྟགས་ཤིང་འཁོར། །དེ་ཕྱིར་འཁོར་བ་འཁོར་བ་ཞེས་ནི་སྔ་ཕྱི་མེད་པའི་འཁོར་བ་ལས་ནི་བཏགས། །དེ་ལ་འཁོར་བ་ཞེས་ནི་ཀུན་གྱིས་བོས་པའོ། །དེ་བཞིན་ཉིད་དང་དབྱིངས་དང་མྱ་ངན་འདས་པ་སུས་མཐོང་བ་ཉིད་འཁོར་བ་སྟེ། །སེམས་དང་སེམས་ལས་བྱུང་བའི་ཆོས་མཐོང་བ་ནི་སྨྲོས་ཅི་དགོས་ཏེ་འཁོར་བ་ཆེན་པོ་ཡིས། །མ་བཅོས་ཐིག་ལེའི་ཆོས་གཅིག་ཅིར་ཡང་མི་སྣང་བས། །སྣང་ཞིང་བརྟག་པའི་ཆོས་ནི་གང་ནས་ཀྱང་ནི་བཙལ་དུ་མེད། དེ་མེད་པ་ལ་འཁོར་བ་མི་གནས་མྱ་ངན་འདས་བྲལ་མེད། །དཔྱད་དུ་མེད་པའི་ས་ལ་སུས་ཀྱང་སྦྱང་དུ་མེད་དེ་ཀུན་བཟང་ཉིད་ཀྱིས་བརྟགས་པར་རབ་ཏུ་དཀའ། །ཡེ་ནས་བྱ་མ་དགོས་པའི་ཆོས་ལ་ཅིར་ཡང་མཐོང་དུ་མེད་པས་ཅི་ཡང་བསམ་མི་བྱ། །འཁོར་བ་ཡུད་ཙམ་གྲུབ་མ་མྱོང་བས་མྱ་ངན་འདས་པའང་མེད། །མྱ་ངན་འདས་མེད་པ་ཉིད་མི་རྟོག་རྣལ་འབྱོར་ལམ་ཆེན་པོ། །དེ་ཉིད་གཡོ་བ་མེད་པས་ཡེ་ཤེས་གསལ་རིག་དག་ཅིང་རྣམ་པའི་འབྱུང་འཇུག་ཞི། །མི་རྟོག་མི་གཡོ་བ་དེ་ཡང་དག་སངས་རྒྱས་ཉིད། །དེ་ནི་ཐིག་ལེ་གཅིག་གིས་བསྡུས་པའི་ཆོས་ཉིད་ཀུན་ཏུ་བཟང་པོའི་ཆོས་འདི་ཉིད་ལས་ཆོས་རྣམས་གང་ཡང་མེད། །འཁོར་བའི་ཀླུང་ཆེན་རྒྱ་མཚོ་ནམ་མཁའ་ལྟ་བུར་ཆེ་བའང་། །མི་རྟོག་མི་གཡོའི་ངང་དུ་བཅོམ་སྟེ་གཉིས་མེད་ཐིག་ལེ་བྱང་ཆུབ་བདེ་བའི་ལམ་ཆེན་འདི་ལ་ལ་འཕྲང་མེད། །དེ་ཕྱིར་བྱང་ཆུབ་སྙིང་པོའི་ཆོས་འདི་ཉིད་ལས་ཆོས་


DNG006_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གང་ཡང་མེད། །དམིགས་སུ་ཡོད་པའི་ཆོས་དང་དམིགས་སུ་མེད་པའི་ཆོས་རྣམས་མ་ལུས་པ། །དམིགས་པ་ཉིད་དང་མི་དམིགས་པ་ཡང་མཉམ་ཉིད་དོ། །ཕྱི་རོལ་གྱི་ནི་ཡུལ་རྣམས་སྒྱུ་མར་ཡིད་ཆེས་པས་ན་ནང་གི་སེམས་ཀྱང་མ་གྲུབ་པས་ན་རྣམ་པར་མི་རྟོག་པའོ། །སྒྱུ་མ་གཉིས་ཀར་དབྱེར་མེད་པས་ན་གཉིས་མེད་མཉམ་པའི་ངང་། །ཡིད་ཀྱི་རྒྱུ་བ་སྒོ་ལྔར་འབྱུང་བ་རྒྱུན་མི་ཆད་པ་དེ་བཞིན་དུ། །ཆོས་འདི་ཐམས་ཅད་ཀྱིས་ནི་ངོ་བོ་མེད་པས་གྲུབ་པ་མེད་པའི་སྒོ་རྣམས་མི་ཚོལ་བས། །ཅི་ལའང་མི་སེམས་མ་རྟོག་མི་དམིགས་གང་ལའང་མི་གནས་པར་བསྒོམ་མོ། །དེ་ལ་དམིགས་པ་བྱར་མེད་པས་ནི་མཉམ་ཉིད་ཡིན་ཏེ་ཆོས་རྣམས་ངོ་བོ་ཉིད་ཀྱི་སྐུའོ། །བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ་ལས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཆེན་པོས་ཉིད་ཀྱི་བྱ་བྱེད་ཀྱི་ཆོས་ཐམས་ཅད་བརྗོད་པ། མཉམ་པའི་རྒྱལ་པོ་བྱ་བྱེད་མེད་པའི་ཀློང་དེ་ཉིད། །སུས་ཀྱང་མི་བཅིང་བཅིང་བར་བྱ་བ་ཡེ་ནས་ཡོད་མ་ཡིན། །ཐམས་ཅད་མཁྱེན་པའི་དབང་བསྒྱུར་དེ་ཡི་མ་བཟུང་མེད། །གཟུང་མེད་ཐམས་ཅད་དེ་ཡིས་བྱས་པ་མེད་པར་རིགས། །ཞི་བའི་སྙིང་པོ་དེ་ལ་གཡོ་བ་གང་ཡང་མེད། །དེ་བཞིན་འཕོ་འགྱུར་མེད་པའི་ཆོས་དེ་ཀུན་གྱི་འབྲས། །སྙིང་པོའི་སྙིང་པོ་ཡིན་པས་སྙིང་པོ་ཀུན་གྱི་མཆོག །འདུས་བྱས་རྣམ་པར་དག་པའི་ལམ་གྱི་ཕུགས་ཆེན་ཡིན། །སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཀྱང་དེ་ལ་བརྟག་ཏུ་ག་ན་ཡོད། །ཆོས་དང་ཆོས་རྣམས་འཁྲུལ་པ་རྣམས་ཀྱིས་དེ་ལས་གཟུང་བ་དབེན། །སུས་ཀྱང་མ་མཐོང་མཐོང་བ་མེད་དེ་རྣམ་པར་དག །ཆོས་སོ་ཅོག་པ་འཁྲུལ་པ་རྣམས་ནི་དེ་ལ་ལམ་དུ་འདོད། །ལམ་འདོད་དེ་ལ་ལམ་མི་གནས་ཏེ་ལམ་མཐའ་རིང་། །རྣམ་གྲོལ་ལམ་ནི་སུས་ཀྱང་བཙལ་དུ་མེད་པའི་ལམ་ཆེན་ཡིན། །དེ་ལ་མི་གནས་པ་ལ་གནས་པའི་ཆོས་དེ་ཡེ་ནས་ཡོད། །རྒྱལ་ལོ་རྒྱས་སོ་དེ་རྒྱས་ཐམས་


DNG006_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྒྱས། །ཐ་དད་མེད་པར་ཀུན་ལྡན་དེ་དང་ལྡན། །དེ་ནི་ཡོངས་ཀྱི་ལམ་སྟེ་དེ་ལ་བགྲོད་དུ་མེད། །མ་བསལ་དྲི་མ་རྣམ་པར་དག་པ་རང་བཞིན་ཆོས། །གཡོ་བའི་འབྱུང་འཇུག་རྣམ་པར་སྤངས་པས་འདུ་ཤེས་ཟད། །ཡང་དག་སངས་རྒྱས་དམིགས་པ་མེད་པ་ནི། །ཡེ་ཤེས་ཡོངས་ཀྱི་ཡེ་ཤེས་སྙིང་པོ་ཡིན། །མ་གཡོས་ལྷུན་གྱིས་གྲུབ་པས་ཐིག་ལེ་ཆེན་པོ་ཉིད། །སྤྲོས་མེད་སྤྲོས་དང་བྲལ་བས་བྱང་ཆུབ་སྙིང་པོའི་སྐུ། །བདེ་ཆེན་ཡོངས་ཀྱི་ལམ་དེ་སངས་རྒྱས་དང་། །སྒྱུ་མའི་སྒྱུ་མར་གནས་ཏེ་སྒྱུ་མའང་མེད། །སྒྱུ་མ་རྫུན་ཕྱིར་ཆོས་རྣམས་སྒྱུ་མ་འདྲ། །སྒྱུ་མས་སྒྱུ་མར་བརྟགས་ཏེ་སྒྱུ་མའང་མེད། །སྐད་ཅིག་ཙམ་ཡང་སྒྱུ་མས་སྒྱུ་མ་མ་མཐོང་ཕྱིར། །ཆོས་རྣམས་མ་ལུས་དེ་འདྲར་མཐོང་བ་མེད། །འདུ་ཤེས་ཟད་པས་བྱང་ཆུབ་སྙིང་པོ་མཐོང་། །རྣམ་པར་མི་སེམས་རང་རིག་ཉིད་ཀྱི་དབང་། །ཅི་ཡང་མི་བསྒོམ་པ་ནི་བསྒོམ་པའི་མཆོག་ཅེས་བྱ། །ཅི་ཡང་མི་དྲན་པ་ནི་ཡང་དག་སངས་རྒྱས་དྲན། །རྟག་ཏུ་སངས་རྒྱས་དྲན་ཞིང་དམིགས་པ་མི་འབྱུང་ན། །མཉམ་སྙོམས་ཡང་དག་དེ་བཞིན་ཉིད་ཅེས་བརྗོད། །ཅི་ཙམ་དམིགས་པའི་ཡུལ་མེད་ཆོས་སུ་བརྟགས་དང་བྲལ། །ཡུལ་ལ་མི་དམིགས་ཡུལ་ཉིད་དེ་བཞིན་རྫུན། །རྫུན་ཕྱིར་ཤེས་པའང་རྫུན་ཏེ་སངས་རྒྱས་ཉིད་ཀྱང་རྫུན། །རྫུན་ཞེས་གདགས་པའང་རྫུན་ཏེ་རྫུན་ཉིད་ཡོད་མ་ཡིན། །སྨིག་རྒྱུ་ཆུར་འཁྲུལ་པའང་དེ་འདྲ་མོད། །འཁྲུལ་ཕྱིར་ཡང་དག་ཉིད་ཀྱང་སྐད་ཅིག་མཐོང་མི་སྲིད། །སྣང་སྟོང་ངོ་བོས་དབེན་ཕྱིར་དེ་བཞིན་དེ་བཞིན་ཉིད། །ཐིག་ལེ་གཅིག་གིས་བསྡུས་ཕྱིར་དེ་བཞིན་ཡོད་མ་མྱོང་། །ཡང་དག་ཉིད་ལ་ཡང་དག་ཡང་དག་མེད། །ཡང་དག་མེད་ཕྱིར་ཆོས་རྣམས་ཐམས་ཅད་མེད། །དེ་མེད་པ་ལ་སངས་རྒྱས་གནས་དེ་སངས་རྒྱས་ཉིད་ཀྱིས་ཀྱང་། །སངས་རྒྱས་ཉིད་ཀྱང་རྣམ་པར་དག་པའི་དབྱིངས་ཏེ་དབྱིངས་ཀྱི་རྒྱུ། །ཡོད་མེད་རྟག་ཆད་གཉིས་སུ་མེད་པའི་ལམ། །འཁོར་བ་མྱ་ངན་འདས་པ་གཉིས་མེད་


DNG006_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཆར་རོ། །གཅིག་མེད་གཅིག་ཏུ་འཛིན་པ་རྣམ་རྟོག་རྒྱུན། །འཛིན་མེད་དེ་ལ་རྟོག་པ་འདུལ་ཕྱིར་ཡང་དག་མིན། །ཡང་དག་མེད་པར་ཤེས་པ་དེ་ཉིད་འདུ་ཤེས་མེད་པའི་ལམ། །དེ་ཡིས་སངས་རྒྱས་ཀུན་བསྡུས་ཕོ་བྲང་ཆེན་པོར་གནས། །ལམ་གྱི་ཕུལ་ཏེ་ལམ་ནད་ཐམས་ཅད་སེལ། །སྤྲོས་བྲལ་ཐིག་ལེ་ཐིག་ཕྲན་ཀུན་གྱི་མཆོག །མིང་ཙམ་ཉིད་དུ་བདག་མེད་མཚོན་པའི་མིང་དང་བྲལ། །མི་སྐྱེ་མི་འགག་ཅིར་མི་དགོངས་པ་རྣམ་དག་ལམ་ཆེན་ཡིན། །མི་གཡོ་གཡོ་རྡུལ་མེད་པས་རྣམ་མི་རྟོག །མི་རྟོག་ཉིད་ལ་གང་མི་གནས་པ་དེ་ནི་ཐམས་ཅད་མཁྱེན། །ཡེ་ཤེས་སྤྱན་ཆེན་སྤྱན་གྱི་ནང་ན་མཆོག་ཏུ་གྱུར་པའི་སྤྱན། །མཐའ་དབུས་ཁྱབ་པར་འཛིན་པའི་སངས་རྒྱས་སྤྱན་ཞེས་དེ་ལ་གདགས། །རྒྱལ་བའི་རྒྱལ་བ་མ་རྒྱལ་བ་ཀུན་ཉིད་ལས་རྒྱལ། །བྱང་ཆུབ་ཆེན་པོའི་ཚུལ་མཆོག་རྣམ་པར་དག་པ་ཉིད། །རྒྱལ་བའི་རྒྱལ་བར་གྱུར་པ་རྒྱལ་བའི་རྒྱལ་མཆོག་གོ། །སྟོང་ཉིད་རང་བཞིན་ཡེ་ཤེས་ཆེན་པོའི་རང་ཉིད་ལས། །སྐུ་གསུང་ཐུགས་ཕྱུང་དེ་ལ་རབ་གནས་པའི། །དེ་ལས་སྙིང་པོ་མཆོག་ཕྱུང་དཀྱིལ་འཁོར་གསང་བའི་ལྷ། །བྱེད་པོས་བྱེད་པར་འདོད་པའི་རྟོག་པའི་སྐུ་ཕྱག་རྒྱ། །སྐུ་གསུང་ཐུགས་རྟགས་མཚན་མའི་དབུ་ཕྱག་ཅན། །མཚན་ཅན་རྟོག་པ་དཀར་དམར་ནག་ལྗང་སེར། །མི་བརྟག་མི་དམིགས་མཉམ་སྦྱོར་དོན་འཚོལ་བས། །སྨིག་རྒྱུ་ཆུ་རུ་བསྙེག་པ་ལྟ་བུར་འགྲུབ་མི་སྲིད། །བྱང་ཆུབ་ཆེན་པོ་རྣམ་ཐར་ཀུན་གྱི་ལམ་ལ་གནས། །དེར་འགྲོ་ཡེ་ཤེས་བརྩེགས་པའི་རིན་ཆེན་རྒྱན་ཕྲེང་ཅན། །སྲིད་གསུམ་མ་ལུས་ལུས་པ་མེད་པའི་རྒྱས་བཏབ་པས། །ཐིག་ལེ་ཆེན་པོར་སྙོམས་འཇུག་ཆེན་པོས་ཆེ་བ་ལྔ། །ཕྱག་རྒྱ་ཉི་ཤུ་རྩ་ལྔས་ལུས་བཅིངས་བྱ་བྱེད་མེད། །འཇིག་རྟེན་གསུམ་གདུལ་མེད་དེ་དེ་བཞིན་ཉིད་དུ་འདུལ། །ཆུང་ཆེ་ཕྱག་རྒྱའི་སྙིང་པོས་བཙན་པར་བཏབ་པའི་རྒྱ། །དེ་ཡིས་མ་ཕྱུང་དེ་ལས་ཐམས་ཅད་དེ་བཞིན་ཕྱུང་མེད་ཕྱུང་། །ཐམས་


DNG006_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཕྱག་རྒྱས་བཏབ་ཀྱང་ཆེ་བ་གཅིག་གི་ངང་། །ཆེ་བ་ལྔ་ལྡན་སྙིང་པོ་མེད་པའི་དོན་ཉིད་ནི། །སྤྱི་མཐུན་ལས་ཀྱིས་མི་བསྒྲིབ་གཡོ་མེད་རང་བཞིན་གནས། །ཡེ་ཤེས་རྣམ་གྲངས་བསམ་ཡས་དཔག་མི་ལངས། །ཡེ་ཤེས་ཉིད་ལས་གཞན་དུ་གཡོས་པ་མེད། །ནོར་བུ་རིན་ཆེན་ཚུལ་དུ་འབྱིན་པའི་རྒྱུ། །གང་ཡང་མི་སྐོར་མི་ལེན་ཐིག་ལེ་ཡོངས་ཀྱི་ལམ། །ཟླ་བ་ལྟ་བུར་རྣམ་གྲོལ་དམ་པའི་སྐུ། །ཕྱག་རྒྱ་ཆེན་པོའི་ངང་དུ་ཐམས་ཅད་བརྩོན་པར་གནས། །ཡེ་ཤེས་འོད་གསལ་སྟོང་སྨོན་མཚན་མེད་གསལ། །སུས་ཀྱང་མ་བཅོས་ཐིག་ལེ་ཉིད་ལས་ཉམས་པ་ཡང་མེད། །གང་ཡང་དེ་ཡོད་པ་ལ་འཛིན་པའི་རྟོག་པ་ཡོད་ཕྱིར་བྱང་ཆུབ་མེད། །དེ་ཡིས་དེ་བྱས་བྱང་ཆུབ་དེ་ལས་ཉམས་ཏེ་དེ་མ་ཡིན། །དེ་ཡང་དེ་ཡི་སྐྱོན་ཅན་ཡིན་ཏེ་སུས་ཀྱང་བསྡུར་ཡང་མེད། །མ་བསྡུས་དེ་བྱས་དེ་ཡོད་མིན་ཕྱིར་དེ་ཡང་མེད། །དེ་ལ་དེ་སྦྱར་བཙལ་བས་ནད་དུ་གྱུར་ཏེ་འགྲོ། །དེ་མ་ཐག་པ་རྣམས་ཀྱིས་དེ་བརྟགས་དེ་ལས་ཉམས། །དེ་ལ་སྙིང་པོ་གང་ཡང་མེད་དེ་རྩ་བ་སྟོངས། །དེས་སྨིན་འབྲས་བུ་ཡོད་པར་མི་འགྱུར་ས་བོན་རུལ། །དེ་གྱུར་པ་ན་ཐིག་ལེ་ཉིད་མེད་པ་སྟེ་སྟོང་པའི་སྟོང་པ་ཉིད་དེ་ཡེ་ནས་སྟོང་། །རྟག་ཆད་ཁྱད་པར་ཉམས་ཏེ་སྟོང་པར་གནས་པ་མིན། །དེ་ཉིད་ཡེ་ཤེས་བཞི་འབྲས་སྨིན་པའི་རྒྱུ་ནི་སྙིང་པོའོ། །དེ་ལྟར་ཡོངས་ཀྱི་བདག་ཉིད་ཐམས་ཅད་མཚུངས་པའི་ལམ། །སུས་ཀྱང་མ་འབྱིན་དེ་ནས་རང་བཞིན་ཐམས་ཅད་གནས། །དེ་ཉིད་བགྲོད་མེད་ལམ་དུ་སྙིང་པོ་དེ་མ་ཐག །རྒྱལ་བའི་ཡུམ་དེ་བྱང་ཆུབ་ཆེན་པོར་ཀུན་མཚུངས་ཀློང་། །རྣམ་པར་མི་རྟོག་མེད་པ་ཆོས་ཀྱི་སྐུ་ཡང་ཡིན། །རྫོགས་ཆེན་ཀུན་རྫོགས་ཁྱད་པར་གཉིས་རྫོགས་རྫོགས། །འཁོར་བ་མྱ་ངན་འདས་མེད་ཐིག་ཕྲད་ཡོངས་ཀྱི་ལམ། །བདག་མེད་ཕྱོགས་བྲལ་རྣམ་རྟོག་རྣམ་པར་ཟད། །ཁྱད་པར་གཅིག་ཏུ་མཚུངས་ཤིང་བྱ་བྱེད་རྣམ་པར་དག །བྱེད་སྤྱོད་རྣམ་སྤྱོད་ཐམས་ཅད་ཡེ་ནས་དག་པ་ཡིན། །དུས་དང་རྒྱུ་དང་


DNG006_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་བྱས་པ་ལྟ་བུའི་ཐར་ལམ་མིན། །རང་བྱུང་ཉིད་དུ་ཀུན་གྱི་རྒྱུ་ཉིད་དེ་རྒྱུར་གནས། །རྒྱུ་ཡི་རྒྱུ་སྟེ་ས་བོན་ཐམས་ཅད་རྣམ་པར་དག་པའི་རྒྱུ། །རྒྱུ་མེད་རྒྱུ་དང་བྲལ་བ་བྱང་ཆུབ་སྙིང་པོའི་རྒྱུ། །སྙིང་པོ་ཡོད་པ་མ་ཡིན་དེ་རྒྱུ་ཡེ་ནས་མེད། །མེད་པའི་སྙིང་པོ་ཡོད་པ་མཆོག་གི་སྐུ། །འདུ་འབྲལ་མེད་པར་ཐམས་ཅད་ལྡན་གནས་པས། །མེད་པའི་སྙིང་པོ་དེ་ལ་མེད་པའི་མེད་པ་ལོག །ཡོད་པ་དེ་ལ་མེད་པའི་ཡོད་པ་ཡོད། །དེ་ལ་འཁྲུལ་པ་ཡོད་ཕྱིར་ཡོད་མེད་གཉིས་ཀ་མེད། །དེ་ཕྱིར་དབུས་མེད་མཐའ་མེད་ཡང་དག་ཉིད་ཀྱི་མཐའ། །ཡང་དག་ཉིད་ཀྱང་སྙིང་པོ་ཉིད་དེ་ཡེ་ནས་དེ་བཞིན་གསོག །ཆོས་སྐུ་སངས་རྒྱས་མིང་བཏགས་དེ་ལྟར་དེ་བཞིན་ནོ། །ཡེ་ཤེས་རིགས་སུ་གསོག་ཕྱིར་བླང་མི་བྱ། །རྒྱལ་བ་མངོན་བྱུང་མཚན་དཔེ་བརྒྱན་པ་ཡང་། །དེ་བཞིན་གསོག་ཕྱིར་རྒྱལ་བ་ཡང་མི་འདོད། །རྒྱལ་བས་ཀུན་བསླུས་རྒྱལ་བ་ཉིད་ཀྱང་བསླུས། །རྒྱལ་བའི་རྒྱལ་བ་མེད་རྒྱལ་རྒྱལ་མི་གནས། །སྒྱུ་འདྲ་དེ་ནི་འཁྲུལ་ཕྱིར་སྒྱུ་དངོས་འདྲ། །སྒྱུ་མའི་རང་བཞིན་གང་དུའང་མ་གྲུབ་ཕྱིར། །ཆོས་རྣམས་ཡོངས་མེད་དེ་གསུངས་གསུངས་པ་སོགས། །དེ་ལྟར་གསོག་ཕྱིར་དེ་བཞིན་ཉིད་ཀྱང་གསོག །དྲི་བྲལ་སངས་རྒྱས་ཡང་སངས་རྒྱས་པ་དེར་མི་གནས། །དེ་ནི་བྱང་ཆུབ་སྙིང་པོ་སངས་རྒྱས་མེད་པ་ཡིན། །དེ་ལ་སྒྲོས་བཏགས་ཆོས་མེད་སྐུར་ཡང་དེ་བཞིན་མེད། །རྟོགས་པས་བསགས་པ་དེ་ལས་བྱུང་ཕྱིར་རྒྱལ་བར་སྣང་། །བག་ཆགས་བརྟས་པས་རྟོགས་ལ་ཞེན་བྱས་དེ་ལྟར་ཉིད། །གང་ལྟར་བརྟགས་པ་དེ་ལྟར་སྣང་བ་རྟོགས་པའི་དབང་། །རྟོགས་པའི་དབང་ལས་མི་རྟོག་ཡེ་ཤེས་སྐྱེ། །རྣམ་མི་རྟོག་པའི་དབང་དུ་ཐམས་ཅད་མ་ལུས་འདུན། །མཚན་མ་མ་ལུས་འདུད་ཕྱིར་ཆེན་པོ་ཉིད་ཀྱི་དབང་། །ཇི་ལྟར་མཚན་མ་དེ་དག་ཡོངས་སུ་རྣམ་པར་དག་གྱུར་པ། །སྣང་བ་ཉིད་ནི་ཡིད་ལ་མི་ཕྱེད་པའོ། །མཚན་མ་དེ་བཞིན་དེ་ལས་ཡེ་ཤེས་


DNG006_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་བྱུང་། །དེ་ཉིད་མཚན་མར་འདུས་ཏེ་མཚན་ཉིད་སྙིང་པོ་ཉིད། །མི་རྟོག་པ་ཡི་སེམས་ཀྱི་ཆོས་ཉིད་དེ་ཉིད་དབང་། །ཅིས་ཀྱང་བསླད་པས་མི་བསླད་རིན་ཆེན་གསེར། །གྱོ་མོ་ཤིང་བུ་གསེག་མར་མི་གནས་པས། །ཤིང་བུ་རྩོལ་བས་ཀུན་ཏུ་ཞིབ་བརྟགས་ན། །འཁྲུལ་པ་གྲུར་ཞུགས་སྨྱོན་པ་རླུང་ཆེན་དང་། །ར་རོ་ཚུལ་ཙམ་རྣམས་ལ་མི་སྣང་སྲིད་འགྱུར་ཀྱང་། །བརྟགས་པ་དེ་ལ་སྦྱང་བ་གསེར་དུ་སྣང་། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཉིད་བདུན་བཅས་པའང་། །ཏིང་ངེ་འཛིན་གྱིས་ཡོངས་སུ་སྦྱངས་པ་ཡིས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་དེ་མཐོང་འགྱུར། །མི་རྟོག་པ་ཉིད་ཡེ་ཤེས་ཀུན་གྱི་ཡེ་ཤེས་སྙིང་། །སྐྱེ་ཞིང་འཇིགས་པ་སྤྲེའུ་འདྲའི་རྣམ་ཤེས་དེ། །མི་སྐྱེ་མི་འཇིག་དེ་བཞིན་པ་ནི་ཡེ་ཤེས་སྐྱོད། །ཡེ་ཤེས་ཉིད་འཁྲུལ་རྣམས་ལ་སྣང་ཕྱིར་ཡེ་ཤེས་མེད། །ཡེ་ཤེས་མེད་ཕྱིར་དེ་བཞིན་ཉིད་ཀྱང་ཡོད་མི་འགྱུར། །མི་རྟོག་པ་ཉིད་ཚུལ་ཁྲིམས་ཉིད་དེ་ཁྲིམས་འཆལ་མིན། །ཚུལ་ཁྲིམས་ཉིད་དུ་ཚུལ་ཁྲིམས་དེ་གནས་སོ། །ཡོངས་ཀྱི་སྙིང་པོ་དེ་ལ་དེ་མེད་འཁྲུལ་པར་སྣང་། །འཆལ་བའི་ཚུལ་ཁྲིམས་མེད་པར་གང་རྟོགས་པས། །གཉིས་ཀ་ཚུལ་ཁྲིམས་ལོག་པས་ཡེ་ཤེས་ཆེན་པོ་ཡིན། །གཉིས་མེད་ཡེ་ཤེས་སྙིང་པོ་སངས་རྒྱས་ཀུན་གྱི་ལམ། །ཚུལ་བཞིན་ཐིག་ལེ་ཡིད་ལ་བྱེད་པ་སྐད་ཅིག་གིས། །ལས་དང་ལས་ཀྱི་རྣམ་སྨིན་མ་ལུས་རྣམས། །བྱང་ཆུབ་ཆེན་པོར་མཚུངས་ཤིང་ཁྱད་པར་མེད། །མི་རྟོག་པ་ཉིད་ཆོས་རྣམས་ཐམས་ཅད་ཉིད་དུ་ངེས། །ཐམས་ཅད་དམིགས་སུ་མེད་པ་མི་རྟོག་ཐིག་ལེ་ཉིད། །དེ་ཉིད་མཉམ་པར་གནས་པས་མཉམ་པ་ཆེན་པོའི་ངང་། །དེ་ཉིད་གང་ཡིན་མི་གནས་དེ་ཉིད་གང་མི་གནས། །མི་གནས་མི་འཆལ་དེ་ཕྱིར་མི་གཡོ་བར་ཡང་མཚུངས། །དེ་ཡང་མི་གནས་ཕྱིར་མི་ལྡོག་པ་སྙིང་པོ་ཡིན། །དེ་ནི་ཐིག་ལེའི་སྙིང་པོ་ཡིན་ཏེ་ཐིག་ལེ་ཉིད་དུ་བཤད། །ཐམས་ཅད་མ་ལུས་མཉམ་པ་ཆེན་པོའི་ངང་ཞེས་དེ་ལ་


DNG006_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས། །ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་མཆོག་ཏུ་བཤད། །རྣམ་པར་མི་རྟོག་དེ་ལ་མི་རྟོག་སྙིང་པོའི་སྙིང་པོ་ཡོད། །འཛིན་པའི་འཛིན་པ་མེད་པའི་ཏིང་འཛིན་སྙིང་པོའི་ས། །དེ་ཉིད་མི་རྟོག་ལམ་ལ་གནས་ཏེ་མི་རྟོག་ཡེ་ཤེས་སྐུ། །ཞི་ལ་ཕྲ་སྟེ་ཆ་ཤས་ཟབ་པ་མེད་ཕྱིར་བལྟ་དཀའ་བ། །མཚན་མར་འཛིན་པའི་འདུ་ཤེས་ཐམས་ཅད་བཅོམ་པས་ན། །ལྷུན་གྲུབ་ཡེ་ཤེས་ཆེན་པོའི་ཏིང་ངེ་འཛིན། །མི་རྟོག་པ་ཉིད་ཐམས་ཅད་མཁྱེན་པའི་སངས་རྒྱས་ཉིད། །གང་ལ་དམིགས་པ་མེད་པ་དམ་པས་དབང་བསྒྱུར་བ། །ཞི་བ་རྣམ་ལྡན་མཚན་ཉིད་མེད་པའི་མཚན་ཉིད་ནི། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཡིན་ཏེ། །ཡེ་ཤེས་སྙིང་པོར་སངས་རྒྱས་ས་རྣམས་མ་ལུས་བསྡུས། །ཆེ་བའི་ཆེ་བ་ཡང་དག་དོན་གྱི་སྒོ་ཉིད་ནི། །རྣམ་པའི་གྲངས་དང་དམིགས་པ་གཉིས་པོ་སྤངས། །སྣང་མེད་ཆོས་ལ་སྣང་བ་མེད་པར་ཡེ་གནས་པས། །མཚན་མའི་རྣམ་རྟོག་ཐེག་པ་རྣམས་ལ་ག་ལ་བརྡོག །སེམས་ཅན་སེམས་ཅན་ཙམ་ཡང་མི་སྣང་ན། །སངས་རྒྱས་སངས་རྒྱས་ཀུན་གྱི་ས་ལ་དེ་བཞིན་གནས། །མི་རྟོག་བྱང་ཆུབ་སྙིང་པོ་མི་རྟོག་མྱ་ངན་འདས། །སྣ་ཚོགས་མཚན་མ་འཛིན་པའི་འདུ་ཤེས་དང་བྲལ་བ། །རྒྱལ་བའི་བཅོམ་ལྡན་འདས་ཏེ་བཅོམ་ལྡན་འདས། །ཐེག་ཆེན་སྙིང་པོ་རྣམ་མི་རྟོག་པའི་མཆོག །གང་ལ་མི་གནས་མི་རྟོག་བྱང་ཆུབ་བོ། །བྱང་བ་དང་ནི་མཚན་ཉིད་ཐམས་ཅད་མ་ལུས་ཀུན། །དངོས་པོར་མྱ་ངན་འདའ་བར་གྱུར་པ་ཡོངས་མི་སྲིད། །རྣམ་རྟོག་མཚན་འཛིན་རྣམ་པར་ཤེས་པ་ལ། །ཡེ་བཟློག་མྱ་ངན་འདའ་བའི་ཐིག་ལེ་བྱང་ཆུབ་བོ། །དེ་བཞིན་རྣམ་པར་མི་རྟོག་སྙིང་པོས་དོན་མཛད་པ། །དེ་བཞིན་གཤེགས་པའི་དགོངས་པ་རྣམ་མི་རྟོག །རྟོག་པའི་དྲི་མ་ཟད་ཕྱིར་ཅིར་ཡང་སྟོན། །སེམས་ཅན་རྣམ་རྟོག་དེ་ཡིས་བསྐང་བས་ན། །དེ་བཞིན་ཉིད་ནི་དོན་མཛད་སེམས་ཅན་མགོན། །བདག་


DNG006_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞན་གྱི་དབང་ལ་གནས་པའི་རིགས་དྲུག་མ། །མི་རྟོག་བྱིན་རླབས་རྒྱུན་མི་འཆད་པར་རྟག་ཏུ་སྟོན། །ཇི་ལྟར་ཡིད་བཞིན་སྒྲུབ་པའི་ནོར་བུའི་རྒྱལ་པོ་ཆེན་པོ་ནི། །ཡིད་བཞིན་འདོད་པའི་རེ་བ་རྫོགས་པར་བྱེད། །དེ་བཞིན་རྣམ་པར་མི་རྟོག་པ་ཡི་ཆོས་ཉིད་ཀྱང་། །རྟོག་མཐའ་ཟད་པའི་སྨོན་ལམ་མ་ལུས་རྫོགས་པར་གནས། །མཐའ་དང་དབུས་མེད་གང་ལའང་མི་སྤྱོད་མཉམ་གནས་པ། །མཉམ་པའི་རྒྱལ་པོ་སངས་རྒྱས་ཉིད། །ཚོར་བ་དེ་བཞིན་གཤེགས་པ་ནི། །ཡང་དག་དོན་དམ་འདི་ལ་བསམ་བྱ་གང་ཡང་མེད། །གཞག་པར་བྱ་བའང་ཡེ་ནས་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ཉིད་གནས་ཕྱིར། །དོན་དམ་ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་ཐམས་ཅད་རྣམ་པར་གྲོལ། །ཡང་དག་དོན་ཆེན་རྣམ་པར་དབྱེ་བ་ལ། །གཡོ་བར་བྱ་བའི་ཡིད་ཀྱང་མི་གཡོ་མེད་པ་སྟེ། །ཉོན་མོངས་རྣམ་ཤེས་སྤྲུལ་དེས་སྒོ་ལྔར་འགྱུས། །ཀུན་ཏུ་ངེས་པར་བཟང་བའི་གནས་ངན་ལེན། །མི་བཟད་སྲིད་པའི་རྒྱ་མཚོ་འཁོར་བའི་འོབས་ན་གནས། །དེར་བརྟགས་གནས་ལས་དབེན་པས་ཡེ་ཤེས་སྙིང་། །དེ་ལྟའི་མི་རྟོག་བྱང་ཆུབ་སྙིང་པོའི་ལམ། །ཡིན་གྱིས་རྣམ་ཤེས་གང་གི་རྗེས་མི་འབྲང་། །རྣམ་པར་མི་རྟོག་ཉམས་སུ་དེས་མྱོང་ཀློང་། །དེ་ཉིད་ཚོར་བ་ཉིད་དེ་ཚོར་བའི་རྒྱལ་པོ་ཡིན། །དངོས་པོ་གང་དུའང་མི་གནས་མི་དམིགས་ཤིང་། །ཇི་ལྟར་བསམ་པ་བསམ་རྟོགས་ཉིད་ཡིན་ཏེ། །ཆོས་རྣམས་མ་ལུས་སྣང་རྟོག་གང་བྲལ་བྱེད། །དེ་ནི་སངས་རྒྱས་ཉིད་མཉེས་ས་ཆེན་ལྷུན་གྱིས་གྲུབ། །བདག་མེད་པ་ནི་བདག་མེད་ཀུན་བདག་མེད། །མི་རྟོག་མི་རྟོག་པ་ལ་མི་རྟོག་རྟོགས། །སྡུག་བསྔལ་པ་ལ་སྡུག་བསྔལ་མ་ཡིན་བལྟ། །གཙང་དང་མི་གཙང་གཉིས་ཀར་མི་ཚོར་བ། །ཐམས་ཅད་མ་ལུས་ཆོས་རྣམས་ཉམས་སུ་ལེན། །འཁྲུལ་པའི་སྡུག་བསྔལ་མེད་ཕྱིར་ཚོར་བ་དམ་པར་བསྔགས། །བྱང་ཆུབ་ཆེན་པོའི་ལམ་དེར་གནས་འདྲལ་མི་ཕོད་དོ། །


DNG006_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ་ལས། བྱང་ཆུབ་སེམས་དཔའི་དགོངས་པ་བག་ལ་ཉལ་བ་དང་། ཀུན་ཏུ་བཟང་པོའི་དགོངས་པ་བག་ལ་ཉལ་གཉིས་ལྟག་སྤྲོད་དུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། མི་གཡོ་བ་འདོད་ཆགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱིས་ཉིད་ལ་བཤད་པ། འདུ་ཤེས་ཐམས་ཅད་འདུ་མི་ཤེས་པར་ཡང་རྟོག་པ། །མཚན་མ་ཟད་ཕྱིར་གཡོ་བའི་འབྱུང་འཇུག་དག །རང་རིག་ཡེ་ཤེས་གང་དུའང་མི་གསལ་བས། །མི་གཡོ་ཐིག་ལེ་དཀྱིལ་འཁོར་ལྡན་པའི་མཆོག །མི་གནས་མི་སེམས་ཚུལ་ཁྲིམས་ཕ་རོལ་ཕྱིན། །མི་དྲན་མི་གཡོ་བ་ནི་ཏིང་འཛིན་དམ་པའི་བསམ་པའོ། །སྒྱུ་མ་སྒྱུ་འདྲའི་སེམས་མི་འབྱུང་བ་ཤེས་རབ་ཡིན། །སེམས་ནི་ཡིད་ཀྱི་རྟེན་ཏེ་འབྱུང་འཇུག་མེད་སྣང་ན། །ཡང་དག་ཡང་དག་ཉིད་དེ་ཆོས་སྐུ་མི་གཡོའི་རྒྱ། །དེ་ལྟར་དེ་བཞིན་མཉམ་པ་དཀྱིལ་འཁོར་ཆེན་པོའི་ལམ། །གཡོ་བ་རྗེས་དྲན་བསམ་ལས་ཡུལ་གཞན་དམིགས་པ་ལ། །བརྟུལ་བ་ཇི་ལྟར་བྱས་ཀྱང་མི་གཡོ་བ་ཡི་འབྱུང་འཇུག་གསལ། །ཇི་ལྟར་གསལ་བ་དེ་ཉིད་འཁྲུལ་པའི་འཁྲུལ་པ་ཡིན། །རྣལ་འབྱོར་ལམ་བྱེད་ལམ་རྣམས་མཉམ་པར་ནི། །དུས་གསུམ་སངས་རྒྱས་རྣམས་ཀྱིས་ཁྱད་པར་གསུངས། །རྩ་བ་མེད་པའི་དངོས་མེད་སེམས་ཉིད་ནི། །ཕྲ་བར་སྦྱངས་པས་ཀུན་གྱི་སྤྱོད་ཡུལ་ལས་འདས་ཏེ། །འཕགས་པའི་སྤྱན་གྱིས་གཟིགས་ཤིང་ཤེས་སུ་རུང་མ་ཡིན། །ཅིར་ཡང་མཐོང་བ་མེད་པས་སེམས་ཀྱི་ངོ་བོ་མཐོང་། །མི་མཐོང་མཐོང་ཕྱིར་རྣམ་པར་མི་རྟོག་མཐོང་། །མིང་དུ་གདགས་སུ་ཚོར་བའི་ངོ་བོར་གསལ། །ཡེ་ཤེས་སྒྱུ་མའི་ཐིག་ལེ་ཆེར་གྲགས་པས། །ཁམས་གསུམ་དུས་གསུམ་ཀུན་བཟང་ཉིད་ཀྱི་རོལ། །ཆོས་རྣམས་ཟག་མེད་ཐམས་ཅད་མ་ལུས་ཀུན། །དངོས་པོ་ཉིད་མེད་དངོས་པོས་བསྡུས་


DNG006_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་བཞིན་ཉིད་རིག་ན། །ཡེ་ཤེས་དག་པའི་ཚོགས་ཆེན་བསྒོམ་པ་དེ་ཡིན་ཏེ། །ལམ་མཆོག་འབྲས་བུ་ཆོས་སྐུ་དེ་མཐོང་བས། །ངོ་བོ་ཉིད་ཀྱི་ངོ་བོ་ཉིད་རོལ་རྣམ་དག་ནས། །དེ་དང་དུས་གསུམ་མི་འབྲལ་དེ་ལ་དེ་བཞིན་གནས། །ཉེ་ལམ་ཉིད་རྫོགས་ཕ་རོལ་ཕྱིན་འཚང་རྒྱ། །ངོ་བོ་ཉིད་ཀྱིས་ཆོས་རྣམས་གནས་པའི་ངོ་བོ་ཉིད། །ངོ་བོ་ཉིད་མེད་དེ་ཡང་མེད་རིག་པས། །ཆོས་རྣམས་ཐམས་ཅད་གྲགས་པ་མེད་པ་ཡིན། །གྲགས་ཀུན་སྤངས་པ་ཆོས་ཀྱི་རྒྱལ་པོ་དེ་བཞིན་ཉིད། །ཆོས་སྐུའི་ཏིང་འཛིན་རིན་ཆེན་ལ་བརྟེན་ནས། །སངས་རྒྱས་ཆོས་སྐུ་དཔག་ཏུ་མེད་པ་འབྱུང་བར་འགྱུར། །ཆོས་སྐུའི་རྣམ་པར་མི་རྟོག་རྟག་ཆད་མ་ཡིན་པས། །ཡང་དག་དབུ་མའི་ལམ་དུ་ཁྱད་པར་བསྟན་པ་ནི། །བླ་མེད་བྱང་ཆུབ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སྐུ། །མཚན་མ་རྣམས་དང་ཡེ་ཤེས་དེ་བཞིན་ཉིད་དེ་འདྲེས་མ་ཡིན། །མངོན་པར་འདུ་བྱེད་མཚན་རྣམས་ཐམས་ཅད་ཀྱིས། །སངས་རྒྱས་ལྷུན་གྲུབ་མཚན་ལྡན་མ་ཡིན་ནོ། །དེ་དག་མ་ལུས་འཁོར་ལོས་སྒྱུར་ཡོན་ཏན། །དེས་ནི་སངས་རྒྱས་མི་མཐོང་དེ་བཞིན་ཉིད་དང་ལྡན། །ཉེ་ལམ་བདེར་རྫོགས་ཡོན་ཏན་དཔག་མེད་དེ། །ཆོས་རྣམས་མ་ལུས་ངོ་བོ་གཅིག་གི་ངང་དུ་གནས་པ་ལ། །ངོ་བོ་དེ་ཉིད་དེ་བཞིན་རྣམ་རིག་ན། །ཡེ་ཤེས་ཆེན་པོའི་ཚོགས་ཆེན་རྣམ་པར་དག །ལམ་གྱི་ལམ་མཆོག་མངོན་དུ་རྙེད་པའོ། །ངོ་བོ་ཉིད་ཀྱིས་རྣམ་པར་དག་ལ་བྱང་ཆུབ་ཀློང་། །བསོད་ནམས་ཀློང་ཆེན་བཙུག་པ་ཡེ་ཤེས་དག་པའི་རྒྱུ། །སྦྱིན་པ་ཚུལ་ཁྲིམས་བསླབ་པའི་གནས་འཛིན་པ། །ཡེ་ཤེས་ཆེན་པོ་ཚོགས་ཆེན་སྐྱེད་པའི་རྒྱུ་ཡིན་ནོ། །འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་གང་སྤྱོད་པ། །འཇིག་རྟེན་ལས་འདས་ཕ་རོལ་ཕྱིན་པའི་རྒྱུ་མཆོག་གོ། །གང་ཡང་གཏོང་བ་མངོན་དུ་བྱུང་ནས་བསགས་པ་མཐར་ཕྱིན་པ། །ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པའི་ལམ་མཆོག་གོ། །གང་གཏོང་བ་ལ་ལེ་ལོ་སྙོམས་པ་གཡེངས་པ་མེད་གྱུར་ན། །ངོ་བོ་ཉིད་ཀྱི་ཆོས་


DNG006_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དེ་བཞིན་ཉིད་ཀྱང་འབྲས་བུར་འགྱུར། །འདུས་བྱས་བསོད་ནམས་ཚོགས་ལ་བརྟུལ་ཕོད་ན། །འཁོར་ལོས་སྒྱུར་རྒྱལ་ལམ་དེ་ནས་ནི་འབྲས་བུར་འབྱུང་། །ཡེ་ཤེས་ཚོགས་ཆེན་འབྲས་བུའི་ལམ་གྱུར་ངེས་བྱེད་འགྱུར། །གཏོང་ལ་སོགས་པ་བསོད་ནམས་དོན་དུ་བསྒྲུབ་བདེ་བ། །དེ་བཞིན་གཤེགས་པ་ཐམས་ཅད་དོན་དུ་གཉེར་བའི་བྱ་བྱད་བྱེད། །བུད་མེད་སྦྲུམ་མ་བུ་བཙས་ཉེ་བ་བཞིན་དུ་ཉེ་བར་འགྱུར། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་བསམ་གཏན་ཤེས་རབ་ལྡན། །ལྔ་པོ་ཤེས་རབ་ཉིད་ཀྱིས་དབང་བསྒྱུར་ཆོས་ཀྱི་སྐུ་ལ་སྦྱོར། །མར་མེ་དགོངས་ནས་མུན་ཁོང་འཇུག་ཆ་འདྲ་བར་འགྱུར་བ་ཡིན། །བསོད་ནམས་ཚོགས་ཀྱི་དོན་དེ་ཆུ་སྐོམ་འཐུང་བའི་ཚུལ་དུ་སྦྱོར་བྱེད་པ། །ཤིང་གཉིས་གཙུབ་པའི་མེ་ཡིས་ཀུན་བསྲེགས་བཞིན། །ཉོན་མོངས་མ་ལུས་ལུས་པ་མེད་པར་ཀུན་བསྲེགས་ནས། །ཡེ་ཤེས་ཆེན་པོའི་ལམ་ན་དེ་གནས་དེ་འགྲེས་བྱེད། །བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ་ལས། རྫོགས་པ་ཆེན་པོ་མི་གཡོ་བའི་དོན་བསྟན་པས། མདོ་སྡེའི་གཡོ་བ་གོལ་སར་བསྟན་པ་དང་། ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་མི་གཡོ་བ་མཐོང་དུ་རུང་བར་བསྟན་པ་དང་། བསོད་ནམས་ཀྱི་ཚོགས་ཀྱིས་ཡེ་ཤེས་ཀྱི་ཚོགས་བསགས་ནས་དེ་བཞིན་ཉིད་ཐོབ་དུ་རུང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཆོས་ཐམས་ཅད་བདེན་པ་གཉིས་སུ་འདུས་པའི་དོན་དམ་པའི་བདེན་པ་ནི་རྒྱུ། ཀུན་རྫོབ་ནི་འབྲས་བུར་སྟོན་པ་ཉིད་ཀྱིས་ཉིད་ལ་བཤད་པ། ཆོས་གཅིག་ལ་ནི་རིམ་གྱིས་བདེན་པ་གཉིས་རྟོག་པ། །མུ་སྟེགས་བྱེད་ཀྱིས་ཀུན་རྗེས་འཁྲུལ་པའི་བདེན་པར་རབ་བརྟགས་པ། །ཐམས་ཅད་བདག་དང་གཙོ་བོར་རྟོག་པ་བསྟན་པ་ངེས་པ་ཉིད། །དམ་པའི་དོན་ནི་ཐམས་ཅད་མཐའ་བརྒྱད་སྤྲོས་དང་བྲལ་བ་ཉིད་བལྟ་བ། །དེ་ཡང་རྟག་གོ་སྙམ་པའི་རྟོག་དང་མ་བྲལ་བ་ནི་དེ་ལྟར་བྱེད། །


DNG006_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་པ་ནི་བརྟགས་པས་རྣམ་པར་བདེན་པ་གཉིས་སུ་རྟོགས། །སོ་སོར་སྨྲ་བས་འཁྲུལ་པ་ཉིད་དུ་རྣམ་པར་བརྟགས་པ་ཉིད། །བརྟགས་པས་དོན་གཉིས་འགྲུབ་པར་འདོད་དེ་མིན། །དམ་པར་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀུན། །དུས་གསུམ་རྫས་སུ་འདོད་དེ་སོ་སོར་སྨྲ་བའི་དོན་དམ་རང་བྱུང་ངོ་། །སྡེ་བའི་འཁྲུལ་པ་རྟག་པའི་དོན་ཉིད་སྟེང་དུ་འདུས་མ་བྱས་དང་རིག་བྱེད་མ་ཡིན་པ། །སེམས་དང་མི་ལྡན་འདུ་བྱེད་བཅུ་བཞི་འདོད་པ་རྣམས་ནི་འཁྲུལ་པའོ། །དམ་པར་ཕུང་པོ་ཁམས་དང་སྐྱེ་མཆེད་ཙམ་ཞིག་རྫས་སུ་འདོད་པ་དོན་དུ་བལྟ། །རྣམ་ཤེས་ཙམ་དུ་སྨྲ་བས་ཐམས་ཅད་བདེན་པ་གཉིས་སུ་འདོད་དེ་འཁྲུལ་པ་ནི། །ཕྱི་རོལ་ཕུང་པོ་ཁམས་དང་སྐྱེ་མཆེད་སེམས་དང་མི་ལྡན་རིག་བྱེད་མ་ཡིན་པ། །དེ་རྣམས་རྫས་སུ་འདོད་པ་རྣམས་ནི་འཁྲུལ་པ་ཡིན་ཏེ་དོན་དམ་ངེས་པ་མིན། །དམ་པར་མཚན་ཉིད་གསུམ་གྱི་ཀུན་བརྟགས་པ་ནི་འཁྲུལ་པ་ཉིད་ཡིན་ལ། །གཞན་དབང་གྲུབ་པ་གཉིས་ནི་དོན་དམ་པ་སྟེ་འཁྲུལ་པ་ཡེ་ནས་མིན། །དེ་ལ་ངོ་བོ་ཉིད་གསུམ་རྫོགས་ཏེ་བདེན་པ་བཞི་ཡང་ཚད་མར་གནས། །དོན་དམ་པ་ལ་སྐུ་གསུམ་ཡེ་ཤེས་བཞི་ཡང་ཚད་མར་གནས། །མཐའ་གཉིས་སྤངས་པས་ཐམས་ཅད་བདེན་པ་གཉིས་སུ་འདོད་དེ་འཁྲུལ་པ་ནི། །རྣམ་བཞིར་འདོད་དེ་ངེས་ཚིག་མཚན་ཉིད་དབྱེ་བ་དང་། །འཇོག་པའི་ཡུལ་དང་རྣམ་བཞིར་འཁྲུལ་པར་འདོད་པ་དེ་ནི་དམ་པ་ཡིན། །དམ་པའི་རང་བཞིན་རྣམ་པ་བཞི་སྟེ་ངེས་པ་དང་ནི་མི་བསླུ་བ། །བཅོས་མ་མ་ཡིན་པ་དང་བརྟགས་པའི་དོན་མིན་གང་ཡིན་པ། །དམ་པར་འདོད་དེ་འཁྲུལ་པ་མིན་ལ་སྐྱེ་མེད་རྟག་པ་མེད། །གཞིག་ནས་རང་བཞིན་མེད་པར་གྱུར་པ་འཁྲུལ་པ་ཡིན་ཕྱིར་དོན་དམ་མིན། །དམ་པར་སྒྱུ་མ་ཙམ་དུ་ཡིན་ཏེ་དེ་ལ་དངོས་པོར་སྣང་བ་གང་ཡང་མིན། །ཚིག་ཏུ་དངོས་པོར་མི་བལྟ་རིག་པ་རིམ་གྱིས་སྐྱེ་བར་འདོད་དེ་སྒྱུ་མ་ཙམ། །ཨ་ཏི་ངེས་མེད་ཐེག་པའི་སྙིང་པོའི་རང་བཞིན་འདི། །སུས་ཀྱང་དཔག་པར་ནུས་པ་མ་


DNG006_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་བདེན་གཉིས་ཡེ་ནས་མེད། །བདེན་པ་གཉིས་འདོད་པ་ནི་འདི་ན་ག་ན་ཡོད་དེ་ཡེ་ནས་མེད་པ་ཡིན། །བདེན་དང་མཚན་མར་གཏན་ཚིགས་རྗེས་སུ་དཔག་པ་ཡིས། །ཡ་མཚན་རྨད་ཀྱི་ཆོས་འདི་རྟོགས་པར་ནུས་པ་ག་ལ་ཡོད། །འཁོར་བ་མྱ་ངན་འདས་མེད་ཐིག་ལེ་ཆེན་པོའི་ཀློང་། །བྱར་མེད་ཀློང་ལས་འདས་པས་བྱ་བཙལ་རྫོགས་པའི་སྐུ། །ཐིག་ལེ་ཆེན་པོར་ཐམས་ཅད་ཆུབ་པས་རྒྱ་མཚོའི་ཚུལ། །མ་སྐྱེས་དབྱིངས་སུ་རྫོགས་པས་ཡུམ་གྱི་མཁའ། །སྟོང་པ་བཙལ་ཀྱང་རྙེད་པར་གྱུར་པ་མེད་པས་མཁའ་ལྟར་དག །རྡོ་རྗེ་འདུ་འབྲལ་མེད་དེ་བདེ་ལ་གནས་པས་སྡུག་བསྔལ་ཡེ་ནས་ཞི། །ཕྱག་རྒྱའི་འབྱུང་འཇུག་ཉིད་ལ་འཆར་བས་སྙིང་པོར་གནས། །ཡོན་ཏན་སྐུ་ལས་འབྱུང་བས་གང་ལའང་བསྔགས་སུ་མེད། །ཤེས་རབ་ཚོགས་ཀྱི་སྙིང་རྗེའི་རླན་དང་མ་བྲལ་ཐམས་ཅད་སྤངས། །ཐམས་ཅད་ཀུན་གྱི་རྒྱུད་སྡེ་འབྲས་བུར་གནས་པས་ལྟ་བའི་མིག །ཐམས་ཅད་མ་ལུས་བསྡུས་ཀྱང་དོག་འཇེར་མེད་པས་ཆོས་རྣམས་ཀུན་གྱི་གཞི། །ཐམས་ཅད་མ་ལུས་བསྡུས་ཤིང་བརྟན་པར་གནས་པས་ཕ་རོལ་ཕྱིན་བཅུ་རྫོགས། །སྤང་ལེན་མེད་པའི་ཆོས་འདི་སྒྱུ་མར་གནས་པས་མིང་དུ་བཏགས་པ་རྫུན། །ཡང་དག་ཐིག་ལེར་ཐམས་ཅད་བསྡུས་པས་བྱ་བཙལ་བྱ་མི་དགོས། །ཡེ་བསྲུངས་ཕྱག་རྒྱས་ཀུན་ལ་བཏབ་པས་ཕྱག་རྒྱར་བསྒོམ་པ་གོལ། །གཞན་དང་མ་འདྲེས་རྒྱལ་པོ་བཞིན་པས་ས་ལ་སྦྱར་མི་དགོས། །འདི་འདྲའི་དོན་དེ་རབ་ཏུ་ཤེས་པར་གྱུར་པ་མང་དུ་ཐོས་པའི་མཆོག །སྨྲ་བ་རྣམས་ནི་ཉམས་པའི་སྨྲས་པ་དག་ལ་དེ་བཞིན་ཡོངས་མི་གནས། །བཤད་དུ་ཡེ་ནས་མེད་པས་བཤད་པ་འཁྲུལ་པ་སྟེ། །ཡང་དག་ཉིད་ལ་བཤད་དུ་མཚོན་པའི་ཡི་གེ་མེད། །འཕུང་བར་རྒྱུ་བྱེད་རྣམས་ནི་བཤད་ལ་མོས་ཤིང་དགའ་བར་འགྱུར། །ཡང་དག་བྱང་ཆུབ་ཐོབ་པར་ཡོངས་མི་འགྱུར། །རྣམ་དག་ཐིག་ལེ་ཀུན་ལ་ཁྱབ་པའི་ཡབ་ཆེན་པོ། །ཚིག་ཏུ་


DNG006_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པས་དེ་ཉིད་རྙེད་པར་ག་ལ་འགྱུར། །ཡེ་ནས་བྱ་མེད་བྱ་མི་དགོས་པའི་ལམ་མཆོག་འདི། །རྒྱུ་རྐྱེན་ཟད་པའི་བྱང་ཆུབ་རྩ་བ་རྣམ་པར་དག །མཐོང་བས་དོན་ལ་མཁས་པ་ཐོས་པའི་མཆོག་ཡིན་ནོ། །རྣམ་པར་མི་རྟོག་ཚིག་གི་རྗེས་སུ་མི་འབྲང་ཆོས་གཅིག་དབང་བསྒྱུར་ན། །ཆོས་རྣམས་ཐམས་ཅད་ཐོས་ཤིང་ཤེས་པའི་རབ་ཏུ་གསུངས། །ཁྲུས་ཆུས་ལུས་ལ་རེག་ཏུ་ཚ་བ་ཇི་བཞིན་གནས། །མི་སྐྱེ་མི་འགག་དངོས་པོར་ཅིར་ཡང་དགོངས་སུ་མེད། །དྲང་སྲོང་ཐིག་ལེའི་ལམ་དུ་ཞུགས་པའི་རྣལ་འབྱོར་པས། །ཡིད་ཀྱི་དཀྱིལ་འཁོར་ཉིད་ཀྱི་ཐིག་ལེར་ཐིམ། །ཐིག་ལེའི་དཀྱིལ་འཁོར་ཉམས་སུ་ལེན་པ་ཐོས་པའི་མཆོག །ཡིད་ཀྱི་ཐིག་ལེ་མ་ཉམས་ཆོས་ཉིད་ཐིག་ལེར་གསལ། །ཡིད་ཀྱི་དཀྱིལ་འཁོར་ཉིད་ཀྱི་ཐིག་ལེ་ཐིག་ལེར་ཐིམ། །ཐིག་ལེའི་དཀྱིལ་འཁོར་ཉམས་སུ་ལོན་པ་ཐོབ་པའི་མཆོག །ཡིད་ཀྱི་མ་ཉམས་ཐིག་ལེའི་ཆོས་ཉིད་ཐིག་ལེར་གསལ། །ཟབ་མོ་གཏིང་མཐའ་མེད་པའི་དེ་བཞིན་དེ་ལ་བསྐོར། །དེ་ལས་འགྱུར་མེད་དེ་བཞིན་དེ་གནས་པ། །ཆོས་རྣམས་མ་ལུས་ཚོར་བས་ཐོས་པའི་མཆོག་ཏུ་ཁྱད་པར་གྱུར། །མང་དུ་ཐོས་པའི་མཆོག་ནི་དེ་བཞིན་ཐུགས་ཀྱི་དཀྱིལ་འཁོར་དུ་འུབ་པའོ། །ཚིག་ཏུ་ཐོས་པ་དོན་ལས་ཉམས་སུ་མྱངས་ཤིང་ཐེ་ཚོམ་གནས། །སྙིང་པོ་ཉིད་དུ་སེམས་མི་གཡོ་བ་ལམ་གྱི་གཏེར། །དེ་ལྟའི་ལམ་ལ་གནས་པས་ཕ་རོལ་ཕྱིན་དྲུག་འདུས། །གང་དུའང་སེམས་མི་གཡོ་བ་སྦྱིན་པའི་མཆོག །གང་ལའང་ཡིད་མི་གནས་པ་ཚུལ་ཁྲིམས་དག་པ་ཡིན། །སྣ་ཚོགས་བྱེ་བྲལ་མི་མཇེད་བཟོད་པ་དཔའ། །བཟང་ངན་བླང་དོར་མི་འབྱེད་བརྩོན་འགྲུས་མྱུར། །ཡང་དག་ཡང་དག་དག་ལ་མ་ཆགས་བསམ་གཏན་ལྡན། །གང་རྗེས་མི་འགྲོ་མི་གཡོ་བ་ནི་ཤེས་རབ་གསལ། །མི་གཡོ་བརྟན་པ་ཆེ་ཐོབ་བདེ་བའི་ཀློང་ཆེན་ཡིན། །ལམ་གྱི་ནང་ན་ལམ་རྒན་ལམ་པོ་ཆེ། །ཡེ་ཤེས་ལམ་ཡང་ཡིན་ཏེ་ཚུལ་ཁྲིམས་ལམ་དུ་བཤད། །བཟོད་པ་ཆེན་པོའི་ལམ་ཞེས་ཀྱང་


DNG006_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེ་ལ་གདགས། །མི་གཡོ་ལམ་གྱི་གཏེར་ཆེན་འདིར་ནི་མ་ལུས་ཆོས་རྣམས་མེད། །རྣམ་དག་ལམ་ཆེན་འདི་ཡིས་མ་བསྒྲལ་གང་ཡང་མེད། །དེ་ཕྱིར་ཡེ་ཤེས་ལམ་ཆེན་དེ་བཞིན་ཉིད་ཀྱི་ངང་། །ཆོས་དབྱིངས་མི་གཡོ་མངོན་དུ་གྱུར་ནས་གཞན་ལ་མི་བརྟེན་པ། །ཅིག་ཆར་ཞུགས་ཤིང་མངོན་དུ་ཞུགས་པ་ཡིན་ཞེས་བསྒྲགས། །བཟང་ངན་བླང་དོར་དྭངས་སྙིགས་མི་འབྱེད་པ་ཉིད་ཆོས་ཀྱི་དབྱིངས། །དེར་ཞུགས་དེར་ཤེས་པ་ན་ཅིག་ཆར་ཞུགས་ཏེ་ཕ་རོལ་ཕྱིན། །དེ་ལ་དེ་བཞིན་དེ་ཞུགས་མཉམ་ཉིད་མྱ་ངན་འདས་འཁོར་མེད། །མྱ་ངན་འདས་པ་བརྗོད་པ་ཙམ་སྟེ་ཁམས་གསུམ་པ་ཡང་བརྗོད་པ་ཙམ། །དམིགས་སུ་མེད་པའི་དབྱིངས་སུ་ཐམས་ཅད་མཉམ་པར་ཐ་མི་དད། །རྣམ་པར་དག་དབྱིངས་མྱ་ངན་འདས་པ་དང་དུ་ལེན་མི་བྱེད། །འཁོར་བ་སྐྱུར་བྱེད་མི་གཙང་བ་ཡང་སྤང་བར་བྱེད་མི་འགྱུར། །རྣལ་འབྱོར་ལམ་འདོད་ཞུགས་པ་དེ་ལྟར་ཤེས་པས་ཚོར་བའི་ཚོར་བ་ཆེ། །ཅིར་ཡང་ཚོར་མེད་ཚོར་བའི་མཆོག་ཡིན་དེ་བཞིན་ཉིད། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་དག་པའི་སྤྱོད་ཡུལ་གྱུར་པའང་མ་ཚོར་བྱ་བྱེད་ཅན། །སངས་རྒྱས་མཚན་དཔེས་བརྒྱན་དང་ཕྱག་རྒྱར་གང་གསལ་ཚོར་བ་མེད། །དེ་ལ་གཉིས་མེད་དཀྱིལ་འཁོར་མི་ལྡན་མི་གཡོ་བ་ལས་ཉམས། །དེ་ལྟར་ཅིག་ཆར་གོ་བ་གོ་བ་མེད་པ་ཡིན་ཏེ་གཉིས་སུ་མེད་པར་གོ། །འདུ་ཤེས་མ་སྤངས་གོ་བའི་མཚན་ཉིད་མཚན་མ་མི་རྟོག་པ་དེ་ཅིག་ཆར་ཆུད། །གང་དུ་མི་འཇོག་ཕྱག་རྒྱར་མི་འཛིན་ཡིད་ལ་ཆོས། །རྣམ་པ་འཛིན་པ་མེད་ན་ཡེ་ནས་ཞུགས། །བསམ་པས་མི་གཡོ་མི་སེམས་པ་ནི་ཤེས་རབ་ཀློང་། །རྟོག་པས་བརྟགས་པའི་སྤྱོད་ཡུལ་ཉིད་དུ་འདི་ནི་གྱུར་པ་མེད། །བསྒོམ་པས་དོན་འདི་བརྡའ་ཕྲད་མ་ཡིན་ཉིད་དུ་འགྱུར། །འཇུག་ལྟ་རྩོལ་སྤྱོད་བྱེད་པས་ཐིག་ལེའི་ལམ་མི་རྙེད། །ཡེ་ཤེས་རང་བྱུང་ཡུལ་ལ་ཆགས་པས་གྲོལ་མི་འགྱུར། །


DNG006_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཐོས་སྒོ་ལྔའི་བྱ་བྱེད་འཁོར་བའི་ཀློང་ཆེན་ཡིན། །སེམས་དང་སེམས་ལས་བྱུང་བ་འཁྲུལ་པའི་འཁྲུལ་པ་ཡིན། །དམིགས་པའི་ཡུལ་འཛིན་བྱེད་པ་ཡུལ་ཉིད་ཡེ་ནས་མཉམ། །གསང་སྔགས་རིག་སྔགས་ཕྱག་རྒྱར་བྱས་པས་ཕྱག་རྒྱ་ཆེན་པོར་གྲགས། །སྤྲོ་བསྡུ་ཕྱག་རྒྱར་བྱས་པས་མ་བཅོས་ཐིག་ལེ་བསླད། །རིགས་དང་ཡེ་ཤེས་བརྟགས་པས་ཡང་དག་གྲོང་ཆེན་ཞི། །ས་དང་ལམ་ལ་བརྟགས་པས་ཕ་རོལ་ཕྱིན་པ་ཁྱད་པར་ཉམས། །རྩོལ་སྦྱོང་འཕྲོ་འདུའི་ཕྱག་རྒྱར་བྱས་པས་སྒྱུ་མཆོག་འཕགས། །ཆེ་བ་ལྔ་ལྡན་ཕྱག་རྒྱར་བསྒོམས་པས་སྡུག་བསྔལ་ཟད། །བདེ་བ་ཟད་ཕྱིར་སྡུག་བསྔལ་རྒྱ་མཚོ་ཉིད་ལ་གནས། །ཐིག་ལེའི་སྒོ་སྤངས་པས་ནི་བདེ་བ་ཆེན་པོ་བསྒོམ། །ཏིང་འཛིན་རོ་ལ་ཆགས་པས་རོ་མེད་རོ་དང་བྲལ། །སྐུ་ཡི་ཕྱག་རྒྱར་བརྟགས་པས་སྡུག་བསྔལ་སྐུ་མེད་སྐུ་དང་བྲལ། །བཙལ་མེད་བཙལ་བར་བྱས་པས་བྱང་ཆུབ་ཆེན་པོ་སྐམ། །བདེ་བའི་ཕྱག་རྒྱས་བཏབ་པས་བདེ་མཆོག་གཏིང་ནས་འགགས། །དཀྱིལ་འཁོར་སྤྱོད་ཡུལ་བརྟགས་པས་སྤྱོད་ཡུལ་རྒྱུན་མི་ཆད། །འདོད་ཡོན་ཆོས་སུ་བརྟགས་པས་བྱང་ཆུབ་ཆེན་པོ་མེད། །སྣོད་བཅུད་ལྷ་རུ་བརྟགས་པས་དམིགས་མེད་ཐིག་ལེ་བརྟུལ། །སྣང་སྟོང་ཞི་ཁྲོའི་ཕྱག་རྒྱས་བརྩོན་པའི་ཕྱག་རྒྱ་བཅག །སྦྱོར་སྒྲོལ་གནས་སུ་མ་ཆུད་ལོག་སྤྱོད་བསྒྲལ། །རྩ་བ་ཡན་ལག་བསྲུངས་པས་དམ་ཚིག་ཆེན་པོ་འདས། །ཐམས་ཅད་ཆོས་སུ་བརྟགས་པས་ཆོས་མཆོག་གཏིང་མཐའ་སྟོངས། །སྔགས་བཟླས་ཕྱག་རྒྱ་བཅས་པས་རྒྱལ་མཆོག་ཕྱག་རྒྱ་བཤིག །མཆོད་བསྟོད་སྤྱན་དྲངས་བྱས་པས་མཚོན་ཆེན་ཉིད་ལས་ཉམས། །སྤྱན་དྲངས་གཉིས་མེད་བསྡིམ་པས་གཉིས་མེད་ཆོས་གཅིག་བསད། །གནས་དང་གནས་ཡིན་བརྟགས་པས་གནས་མཆོག་དམ་པ་སྤངས། །ཁ་ཟས་གཙང་སྣེར་བཏགས་པས་གྲོལ་བ་རང་བྱུང་ཞིག །མ་དང་སྲིང་མོར་བརྟགས་པས་བྷ་གའི་གཏིང་ཆེན་འགགས། །ཡེ་ཤེས་དབྱིངས་སུ་མཐོང་བས་བདེ་བའི་རྟོགས་མཐའ་རྒྱ་མཚོ་འདྲ། །གྲུབ་པའི་མཐའ་ལས་བྱང་ཆུབ་ཀློང་ཆེན་ཉིད་ལ་གནས། །བརྟགས་པས་ཡེ་ཤེས་སྐྱེ་བ་འཁྲུལ་གནད་སེལ་བ་ཡིན། །


DNG006_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ཞི་ལ་གནས་ནས་བྱང་ཆུབ་ཆེན་པོར་མི་མཚུངས་མཚུངས་མེད་གནས། །བདེན་གཉིས་མཐོང་ཞིང་བྱང་ཆུབ་མཆོག་ཏུ་བརྟན་པར་དེ་གནས་པ། །བདེ་ཆེན་ཚུལ་མཆོག་བརྟན་པར་གནས་པ་བྱང་ཆུབ་ལམ། །མི་གཡོ་སྙིང་པོའི་དྲི་བྲལ་དྲི་མེད་དག་པའི་སྐུ་ནི་དག །སངས་རྒྱས་ས་མེད་བྱ་བྲལ་ལམ་ལ་མི་གནས་གཉེན་པོ་ཉིད་དུ་གནས། །ཆོས་སྐུ་བདག་མེད་གཞན་ལ་ལྟོས་པའི་ཆོས་མིན་གང་ལའང་ལྟོས་པ་མིན། །རང་སེམས་རྣམ་དག་དབྱིངས་མེད་བྱང་ཆུབ་ལམ་ཆེན་པོ། །གང་ནས་མ་འོངས་གང་ན་མེད་དེ་ཕྱི་རོལ་ནང་རོལ་གཉིས་ཀ་མིན། །ཡོན་ཏན་ཚོགས་ཀྱིས་བརྒྱན་པའི་བློ་གྲོས་ཐབས་ཆེན་སྐུ། །སྙིང་རྗེ་ཆེན་པོའི་སྙིང་རྗེ་རླན་དང་མ་བྲལ་ཐམས་ཅད་བསྣུམས། །ཤེས་རབ་དག་པ་སེམས་ཀྱི་ངང་ཉིད་ཀུན་ལ་ཁྱབ་པར་གནས། །ལོག་རྟོག་མཚན་མའི་འདུ་ཤེས་ཐམས་ཅད་དེ་ལས་བྱུང་། །སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་པ་བཅུར་ཡང་རང་བཞིན་ཡེ་ནས་རྫོགས། །ལམ་བསྡུས་རིམ་པ་པ་དང་འཇུག་བལྟ་ཐམས་ཅད་ཁྱད་པར་འགྲུབ་པ་ནི། །སྤང་ལེན་མེད་པའི་ཆོས་འདི་སྒྱུ་མར་གནས་པས་ན། །ཆོས་རྣམས་མ་ལུས་དེ་བཞིན་དེ་བཞིན་དེ་ཡང་གནས། །སྒྱུ་མའི་རང་བཞིན་གང་དུའང་གྲུབ་པ་མེད་པར་ཡིན་པའི་ཕྱིར། །སྒྱུ་མས་སྒྱུ་མ་བསླུ་ཕྱིར་སྒྱུ་མར་གནས། །མེད་པའི་སྒྱུ་མས་ཡོད་པའི་དངོས་གསལ་འཚལ། །འཇའ་ཚོན་འདི་བཞིན་གང་དུའང་གྲུབ་མི་འགྱུར། །སངས་རྒྱས་སངས་རྒྱས་ཞེས་བྱ་སྒྱུ་འདྲ་སྒྱུ་གནས་པས། །ཆོས་རྣམས་མ་ལུས་དེ་འདྲ་དེ་བཞིན་གནས། །སངས་རྒྱས་ཆོས་ལ་གུས་ཤིང་རྙེད་འདོད་ཤེས་རབ་འཆལ། །གཏོང་བ་སེམས་དཔའ་ཤེས་རབ་འཁྲུལ་པ་བྱིང་བ་མེད། །ཚུལ་ཁྲིམས་དེ་ནི་ཚུལ་ཁྲིམས་འཆལ་པ་ལམ་རིང་འགྱུར། །བཟོད་པ་བསྒོམ་པ་བཟོད་པ་ལ་མི་གནས་ཏེ་བཟོད་པ་མིན། གཏོང་དང་ཚུལ་ཁྲིམས་ཆོས་སེམས་ཕྱིན་བཅུ་དེ་བཞིན་བསྒྲུབ་ལ་ཕྱིན་བཅུ་མེད། །


DNG006_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་ཆོས་སེམས་དཔའ་ལ་དེ་མེད་སྦྱིན་བྱ་མེད། །དཔྱད་པས་ཡང་དག་དོན་མི་རྙེད་དེ་བྱང་ཆུབ་ལམ། །བསྒྲུབ་པའི་འབྲས་བུ་དེ་བས་བརྩོན་འགྲུས་སྙིང་པོ་བསལ། །སྦྱངས་པས་སྦྱངས་པར་བལྟས་པས་བྱར་མེད་བལྟ་བ་བརྟུལ། །རྟོགས་པའི་ཡེ་ཤེས་སྐྱེས་པས་རྟོག་མཐའ་སྤང་མི་སྲིད། །གྲུབ་མཐའི་འབྲས་བུ་བཙལ་བས་ཡང་དག་ལམ་མི་རྙེད། །བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ་ལས། ཐེག་པ་རྣམས་ཀྱི་ངེས་པའི་ཚིག་དང་བལྟ་བ་མདོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། སོམ་ཉི་སྤངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཉིད་ཀྱིས་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཡོ་བའི་འབྱུང་འཇུག་ཡིད་ཆེས་དངོས་མེད་དེ་བཞིན་ཉིད་དུ་བཞག །སུས་ཀྱང་མ་བཅོས་ཚོགས་བརྒྱད་བརྟེན་པ་འཇའ་ཚོན་ཚུལ། །དེ་ལ་མི་དམིགས་ཚོགས་བརྒྱད་ལ་རྟེན་དེ་ཉིད་མེད། །སེམས་ཅན་མིང་ནི་སེམས་ཅན་སེམས་ཅན་མེད། །སངས་རྒྱས་སངས་རྒྱས་སེམས་ཅན་ཡོངས་ཀྱི་ངང་། །གཏི་མུག་རྣམ་པར་དག་པ་ཡེ་ཡིན་རྣམ་སྣང་མཛད། །འདོད་ཆགས་འདོད་ཆགས་ཡེ་ཡིན་ཆགས་མཆོག་ཡས། །ཞེ་སྡང་རྣམ་པར་དག་པས་མ་སྤངས་དེ་བཞིན་སྡང་བ་མི་འཁྲུགས་པ། །ང་རྒྱལ་ཁྱད་པར་ང་རྒྱལ་ཡོན་ཏན་ཅན་དེ་འབྱུང་ལྡན་ཉིད། །ཕྲག་དོག་མི་འདའི་དམ་ཚིག་དོན་ཡོད་གྲུབ། །ཐམས་ཅད་མ་ལུས་ལུས་པ་མེད་པར་དབང་དུ་འདུས་ཕྱིར་སྣང་མཐའི་དམ། །འདོད་པ་ཐེ་ཚོམ་མེད་ན་དམ་ཚིག་དམ་པ་གཙོ། །མ་རིག་དོར་མིན་རིག་པ་བླང་མེད་རོ་གཅིག་ཕྱིར་ན་རྣམ་སྣང་སོམ་ཉི་མེད། །འདའ་ཀའི་དེ་འདའ་མི་བྱེད་དེ་ལ་གནས། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཐམས་ཅད་འདུས་པའི་ཕྱིར་ན་རྒྱ། །དམ་ཚིག་དམ་པ་དེ་ལ་མི་འདའ་བ་ནི་མི་འཁྲུགས་བླ། །དགེ་དང་མི་དགེ་མཉམ་པ་ཉིད་དུ་གནས་པས་རིག་པ་ཕྲག་དོག་དམ། །ལྔ་པོ་ཡིན་གཞན་བདེ་བ་དེ་མིན་སྤོང་ཞིང་ཞི་བྱེད་འཁྲུལ་པའི་


DNG006_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལམ། །གང་ལ་སོམ་ཉི་མེད་པ་དེ་ལ་ཚུལ་ཁྲིམས་ལྡན། །ཐེ་ཚོམ་ཟད་པས་བཅོམ་ལྡན་འདས་ཀྱི་བཅོམ་ལྡན་འདས། །དགེ་སྡིག་ཐེ་ཚོམ་ཟད་པ་བྱང་ཆུབ་ཆེན་པོ་ཉིད། །རྟོག་མཐའ་རྟོག་མཐའ་སྤང་མེད་ཟད་པ་ཡང་དག་མཐའ། །ཆགས་མེད་ཆགས་པའི་ལམ་ལ་མི་གནས་མཉམ་པ་ཉིད། །མི་དམིགས་དབྱིངས་ཀྱི་མ་མཐོང་མཐོང་མིན་ཟིན་པ་དེ་མི་གཏོང་བ་བསྒོམ་པའི་མཆོག །བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །སྟོན་པའི་མཆོག་ལ་ཕྱག་འཚལ་ལོ། །ཀུན་གྱིས་རབ་བསྔགས་དཔེ་མེད་ལམ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྙིང་པོར་གྱུར་པའི་ཇི་བཞིན་ཉིད་ལ་ཕྱག་འཚལ་ལོ། །བྱ་བྲལ་མཁྱེན་ལྡན་ཀློང་ལ་ཕྱག་འཚལ་ལོ། །ཇི་བཞིན་ཡེ་གནས་མཁྱེན་ལྡན་སྐུ་ལ་ཕྱག་འཚལ་ལོ། །ས་ལས་ཚུལ་ཁྲིམས་ལ་སོགས་ཀུན། །སྤྱོད་པ་མཆོག་གྱུར་བདེ་གཤེགས་རྣམས་ཀྱི་ཡུམ། །ཀུན་མཚུངས་རྣམ་གྲོལ་མཆོག་གི་ལམ་དེ་སངས་རྒྱས་ཉིད། །ཕྲ་ཞིང་ཤེས་དཀའ་ཀུན་གྱི་ལམ་དེ་མི་རྟོག་རྟོག་ལས་འདས། །དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ། །མི་དམིགས་མི་གནས་བསམ་པ་ཀུན་དང་བྲལ། །ཚིག་གིས་མི་ཁེབས་དབྱིངས་དང་ཁ་དོག་བཟང་པོའི་སྤྱོད་ཡུལ་མིན། །བསྟན་ཅིང་བརྟགས་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད། །འདི་ཞེས་བསྟན་པའི་ལམ་མེད་གཅིག་མེད་དུ་མ་མེད། །ཚད་ལ་གཞིག་ནས་དོན་གྱིས་གྲུབ་པར་བྱ་བ་ཉིད། །ཁྱད་པར་གྲོལ་ཞིང་དེ་མིན་དེ་མེད་དེ་ལ་རྩོལ་བྲལ་ན། །སྔོན་གྱི་དྲང་སྲོང་བསྒོམ་མཁན་བསྒོམ་པ་ཉིད་དུ་གང་འདོད་པ། །བསྒོམ་ཆགས་ལམ་གྱི་ནད་ཀྱིས་ཟིན་པ་ཡིན། །དཔྱོད་པའི་མཐའ་ལ་དོན་གྱི་ལུང་མེད་འཁྲུལ་པ་ཡིན། །ཚིག་གི་མཐའ་དཔྱོད་ལམ་དུ་འདོད་ཅིང་རེ་མཐོང་བ། །དེ་ཉིད་རྟོག་པའི་རྒྱུ་འབྲས་སྨིག་རྒྱུ་བསྙེག་པ་འདྲ། །ཤེས་རབ་ཟབ་མོས་བླ་མེད་སངས་རྒྱས་ཚོལ་བར་རབ་ཏུ་སླ། །གཞན་


DNG006_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མ་ཡིན་དེ་ཉིད་ཡིན་ཏེ་མཆོག་ཏུ་འདོད། །ཡང་དག་ལམ་ནི་ཚིག་གིས་མཚོན་དུ་མེད། །ཡང་དག་ཉིད་དུ་མཐོང་ན་འཁྲུལ་པ་སྟེ། །དག་དང་མ་དག་མཐོང་མེད་མཚུངས་པའི་ལམ། །རྣམ་པར་ཅི་ཡང་མི་འབྱེད་ཡེ་ཤེས་གཏི་མུག་དང་། །རང་གིས་མི་གཡོ་མི་བསྐྱོད་ཏིང་འཛིན་རྒྱལ་པོར་གནས། །འདི་ལྟར་མཐོང་ཞེས་མཐོང་བའི་དམིགས་མེད་མངོན་སུམ་མཐོང་བའི་ལམ། །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་དེ་ལ་བྱ། །མཐའ་དང་དབུས་མེད་ཡངས་པའི་རང་བཞིན་ཞེས། །མི་ལེན་མི་སྤང་མཉམ་པའི་རྒྱལ་པོ་འཐོབ། །སེམས་དང་བག་ཆགས་གཉིས་མེད་འདྲེས་ཤིང་མཚུངས། །འཛིན་པས་སྣང་ཞིང་བརྟགས་པའི་ཆོས་རྣམས་ཀུན་ལ་ནི། །མི་འདོར་མི་སྤང་རང་བྱུང་དེ་ཉིད་དེ། །རྣམ་པ་ཅིར་ཡང་མི་དགོངས་ཐབས་ཀྱིས་དེ་ལ་རོལ། །ཀུན་དང་མི་མཐུན་ཡོངས་ཀྱིས་སྤངས་པའི་ཆོས། །ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ་ཡི། །རྣམ་དག་ལམ་དེར་ཞུགས་པས་མཉམ་པའི་རྒྱལ་པོས་འཐོབ། །བུད་མེད་ལ་སོགས་ཀུན་ཀྱང་སྤང་མི་བྱེད། །ལོ་རྒྱུས་དོན་ཉིད་ཚང་མར་བློ་བཞག་ནས། །ཏིང་འཛིན་གསུམ་པོ་བཏགས་ཤིང་གྲུབ་པའི་མཐའ་དཔྱོད་པ། །རྩོལ་བསྒྲུབ་ལུང་ལས་གྲོལ་ཏེ་འཁྲུལ་པ་ཡིན། །བྱ་བྲལ་ལྷུན་རྫོགས་བདེ་བའི་ཡུལ་ལ་གནས། །ཡེ་ཤེས་རང་བྱུང་ཆེན་པོའི་སྙིང་པོ་ཉིད། །མི་དམིགས་མི་གཡོ་བསྙད་པ་ཀུན་དང་བྲལ། །བྱ་བྲལ་ཟིན་པའི་ཡུལ་ལ་ཀུན་ཏུ་ཇི་བཞིན་གནས། །མ་སྐྱེས་མི་འགག་ནམ་མཁའ་ལྟ་བུའི་ངང་། །འདི་ཞེས་བསྟན་དུ་མེད་དེ་ཐིག་ལེ་གཅིག་གི་སྐུ། །སྤྲོ་ཞིང་བསྡུ་བ་མེད་དེ་ཐར་ལམ་དམ་པ་ཡིན། །མ་རྟོགས་རྟོགས་པ་མེད་དེ་ཤེས་རབ་ཐབས་བྲལ་བས། །མཐའ་མེད་དབུས་མེད་སྙིང་པོར་གདགས་པའང་མེད། །མཁའ་བཞིན་མ་བཅོས་སྨྲ་བསམ་ཡུལ་ལས་འདས། །ཚད་མས་དོན་གཞིག་དཔེ་བྲལ་རྒྱལ་བའི་ཐུགས། །ཡང་དག་བྱང་ཆུབ་ཀློང་ནི་འདི་ཞེས་
བསྟན་པར་དཀའ། །ཆོས་ཀྱི་སྙིང་པོ་རང་རིག་བྱང་ཆུབ་སེམས་ཉིད་ཆེ། །བྱང་ཆུབ་སེམས་ནི་འདི་ཞེས་རབ་ཏུ་རྙེད་པར་དཀའོ། །ཕོ་མོ་མ་ནིང་ཁ་དོག་དབྱིབས་མེད་ཕྱིར། །ཆོས་རྣམས་ཀུན་གྱི་རང་བཞིན་དེ་ཁོ་ནར་གསུངས་པས། །དངོས་པོ་མཚན་འཛིན་དེ་ཡི་རང་བཞིན་དེ་ལ་མི་གནས་པས། །མེད་དེ་མེད་ནས་སྟོབས་སོགས་ཅི་ཡང་མེད་པ་མ་ཡིན་གནས་ཏེ་གསལ་བ་དེ་མིན་ནོ། །རྩོལ་བྲལ་རྒྱལ་བའི་བཀའ་འདི་གཞན་དུ་དད་མོས་མིན། །འཇུག་ཀྱང་མཚན་མ་དབྱིངས་སྟོང་རང་བཞིན་ཉིད་དེ་འཇུག །སེམས་ཀྱང་དེར་བསྐྱེད་འབྲས་བུ་དེར་ཐོབ་པས། །དཔྱོད་མཐའ་ཐམས་ཅད་འཁོར་བ་དེ་ཉིད་ཁོ་ནར་ཟད། །བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ་ལས། དོན་དགོངས་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། གསང་བའི་དོན་མེད། བཻ་རོའི་འགྱུར་ཡིན་ནོ།། །།

རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ཅེས་བྱ་བ།


DNG006_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣཱ་ཧྟཱསྐ་ར་ཏནྟྲ་ནཱ་མ། བོད་སྐད་དུ།རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་བྱ་བྲལ་ངང་ལ་ཕྱག་འཚལ་ལོ། །ཀྱེ་ཀྱེ་ཆོས་ཀྱི་སྐུ་འདི་གང་ནས་བྱུང་། །ལོངས་སྤྱོད་སྐུ་འདི་གང་ནས་བྱུང་། །སྤྲུལ་པའི་སྐུ་འདི་གང་ནས་བྱུང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཀྱི་སྐུ་འདི་སེམས་ཉིད་ངང་ལས་བྱུང་། །ལོངས་སྤྱོད་སྐུ་འདི་ཡེ་ཤེས་ངང་ལས་བྱུང་། །སྤྲུལ་པའི་སྐུ་འདི་རིག་པའི་ངང་ལས་བྱུང་། །ཞེས་གསུངས་སོ། །རིན་ཆེན་སྣང་བྱེད་ཀྱི་རྒྱུད་ལས། སྐུ་གསུམ་བྱུང་བའི་ལེའུ་སྟེ་དང་པོའོ།། །།ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །གཅིག་པ་ལགས་སམ་ཐ་དད་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ།ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ནམ་མཁའི་ཟླ་དང་ཆུ་ཟླའི་ཚུལ། །གཅིག་པ་མ་ཡིན་ཐ་དད་མིན། །རྟོགས་ན་བྱང་ཆུབ་སེམས་སུ་


DNG006_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །མ་རྟོགས་སེམས་ཅན་ཐ་དད་སྣང་། །ཞེས་གསུངས་སོ། །གཅིག་པ་དང་ཐ་དད་ལས་གྲོལ་བའི་ལེའུ་སྟེ་གཉིས་པའོ།། །།ཆོས་ཀྱི་སྐུ་རུ་ཅི་ཕྱིར་བཏགས། །ལོངས་སྤྱོད་སྐུ་རུ་ཅི་ཕྱིར་བཏགས། །སྤྲུལ་པའི་སྐུ་རུ་ཅི་ཕྱིར་བཏགས། །དེ་ཡི་ངེས་ཚིག་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་ཡང་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་དཔའི་ཆོས་ཉིད་དེ། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་པས། །ཆོས་ཀྱི་སྐུ་རུ་བཏགས་པ་ཡིན། །འབྱུང་བ་ལྔ་དང་འདོད་ཡོན་ལྔ། །དུག་ལྔའི་ཡེ་ཤེས་ལོངས་སྤྱོད་པས། །ལོངས་སྤྱོད་སྐུ་རུ་བཏགས་པ་ཡིན། །འབྱུང་བ་ལྔ་རུ་སྐུ་སྤྲུལ་ནས། །ཐམས་ཅད་རིག་པའི་དབང་བསྐུར་ཞིང་། །གང་ལ་གང་འཚམས་སྤྲུལ་མཛད་པས། །སྤྲུལ་པའི་སྐུ་རུ་བཏགས་པ་ཡིན། །ཞེས་སྐུ་གསུམ་ངེས་ཚིག་གི་ལེའུ་སྟེ་གསུམ་པའོ།། །། སྐུ་གསུམ་གནས་ལུགས་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རིགས་དྲུག་དབྱིངས་ན་གནས་ཙམ་ན། །ཆོས་སྐུ་དྲི་བཅས་ཆོས་ཀྱི་སྐུ་རུ་གནས། །རྟོགས་ལྡན་དབྱིངས་ན་གནས་ཙམ་ན། །རྒྱུན་དང་དུམ་བུའི་ཚུལ་དུ་གནས། །རྟོག་མེད་དབྱིངས་ན་གནས་ཙམ་ན། །དྲི་མེད་ཆོས་ཀྱི་སྐུ་རུ་གནས། །ཞེས་སྐུ་གསུམ་རང་གནས་ཀྱི་ལེའུ་སྟེ་བཞི་པའོ།། །། སྐུ་གསུམ་བཞུགས་ཚུལ་ཇི་ལྟར་བཞུགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཀྱི་སྐུ་ནི་མི་སྣང་ལ་རང་བཞིན་ཡོད་པར་བཞུགས། ལོངས་སྐུ་སྣང་ལ་རང་བཞིན་མེད་པར་བཞུགས། སྤྲུལ་སྐུ་སྣང་ཡང་སྣང་ལ་རང་བཞིན་ཡང་ཡོད་པར་གསུངས། ཞེས་སྐུ་གསུམ་བཞུགས་ཚུལ་གྱི་ལེའུ་སྟེ་ལྔ་པའོ།། །། དོན་གྱི་རྒྱུད་འདི་གང་ནས་


DNG006_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །ཉོན་མོངས་སྐྱོན་གྱིས་མ་གོས་པས། །དྲི་མེད་རྣམ་དག་རྒྱུད་དུ་བྱུང་། །ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས། །སྟོང་པ་ཀུན་འབྱུང་རྒྱུད་དུ་བྱུང་། །རིག་པས་ཐམས་ཅད་བཅད་པ་ཡིས། །འཛིན་པ་སྡུག་བསྔལ་རྒྱུད་དུ་བྱུང་། །ཞེས་དོན་གྱི་རྒྱུད་དུ་བྱུང་བའི་ལེའུ་སྟེ་དྲུག་པའོ།། །། དྲི་མེད་རྣམ་དག་ཇི་ལྟར་ལགས། །སྟོང་པ་ཀུན་འབྱུང་ཇི་ལྟར་ལགས། །འཛིན་པ་སྡུག་བསྔལ་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གཞི་ལ་སྐྱོན་གྱིས་མ་གོས་ན། །དེ་ནི་ཕྱི་ཡི་དྲི་མེད་ཡིན། །དུག་ལྔ་སེལ་དུ་མི་འཛིན་ན། །དེ་ནི་ནང་གི་དྲི་མེད་ཡིན། །དབྱིངས་ལ་སྐྱེ་འབྲི་མི་བྱེད་ན། །དེ་ནི་གསང་བའི་དྲི་མེད་ཡིན། །བྱས་པའི་ཆོས་ལ་མི་ལྟོས་ན། །དེ་ནི་ཕྱི་ཡི་སྟོང་ཉིད་ཡིན། །མཚན་མའི་ཆོས་ལ་མི་གནས་ན། །དེ་ནི་ནང་གི་སྟོང་ཉིད་ཡིན། །ཆོས་ཉིད་ངོ་ཡིས་མི་འཛིན་ན། །དེ་ནི་གསང་བའི་སྟོང་ཉིད་ཡིན། །འབྱུང་བ་ལྔ་ལ་མི་འཛིན་ན། །དེ་ནི་ཕྱི་ཡི་རིག་པ་ཡིན། །སྒོ་ལྔར་འཛིན་པ་མ་ཞུགས་ན། །དེ་ནི་ནང་གི་རིག་པ་ཡིན། །ཡེ་ཤེས་རྒྱུན་དུ་མི་གཅོད་ན། །དེ་ནི་གསང་བའི་རིག་པ་ཡིན། །ཞེས་སོ། །རྒྱུད་གསུམ་བཀྲོལ་བའི་ལེའུ་སྟེ་བདུན་པའོ།། །།རྒྱུད་ཀྱི་ངོ་བོ་ངེས་ཚིག་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །ཀུན་ཏུ་འདྲེལ་བས་རྒྱུད་ཀྱང་ཡིན། །ཡང་དག་ལམ་དུ་ཞུགས་པ་ཡི། །གཟུང་དུ་རུང་བས་ལུང་ཡང་ཡིན། །ཉམས་སུ་བླངས་པའི་ཆོས་ཉིད་དུ། །བྱང་ཆུབ་སེམས་ལས་མེད་པའི་ཕྱིར། །དེ་ཕྱིར་མན་ངག་དམ་པ་ཡིན། །འདྲེལ་དང་མ་ཆད་


DNG006_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡིས། །ཕུན་སུམ་ཚོགས་ཞེས་དེ་ལ་བྱ། །གདོད་ནས་སྙིང་པོ་བྱང་ཆུབ་སེམས། །དེ་ནི་འབྲས་བུའི་རྒྱུད་དུ་བསྟན། །ཞེས་རྒྱུད་ཀྱི་ངོ་བོ་ངེས་ཚིག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།ཆོས་རྣམས་ཐམས་ཅད་གང་ནས་བྱུང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་རྣམས་ཐམས་ཅད་རྐྱེན་ལས་བྱུང་། །རྐྱེན་ནི་སྣང་བ་དངོས་ལས་བྱུང་། །སྣང་བ་དངོས་ནི་ཡི་གེའི་གཟུགས་སུ་བྱུང་། །ཞེས་ཡི་གེ་བྱུང་བའི་ལེའུ་སྟེ་དགུ་པའོ།། །།ཆོས་རྣམས་ཐམས་ཅད་གང་དུ་འདུས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་རྣམས་ཐམས་ཅད་མིང་དུ་འདུས། །མིང་རྣམས་ཐམས་ཅད་ཡི་གེར་འདུས། །ཡི་གེ་རྣམས་ནི་སྒྲ་རུ་འདུས། །སྒྲ་རྣམས་ཀུན་བཟང་གསུང་དུ་འདུས། །ཞེས་ཆོས་རྣམས་ཚིག་དང་ཡི་གེར་འདུས་པའི་ལེའུ་སྟེ་བཅུ་པའོ།། །།ཀུན་བཟང་ལྟ་བསྒོམ་སྤྱོད་པ་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །མ་འཕངས་རྒྱང་གསུམ་ལྟ་བ་ཡིན། །སྲོག་གཅོད་གསུམ་པོ་བསྒོམ་པ་ཡིན། །མི་འགེག་གསུམ་པོ་སྤྱོད་པ་ཡིན། །དེ་ཡི་དོན་རྣམས་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །མིག་གིས་མ་འཕངས་ཀུན་ཏུ་གསལ། །དེ་ནི་ཕྱི་ཡི་ལྟ་བ་ཡིན། །སེམས་ཀྱིས་མ་འཕངས་ཀུན་ལ་ཁྱབ། །དེ་ནི་ནང་གི་ལྟ་བ་ཡིན། །ཡེ་ཤེས་མ་འཕངས་ཀུན་ཏུ་རྟོགས། །དེ་ནི་གསང་བའི་ལྟ་བ་ཡིན། །སྣང་ལ་ཞེན་པ་མེད་ན་ཕྱི་སྲོག་ཆོད། །དེ་ནི་ཕྱི་ཡི་སྒོམ་པ་ཡིན། །གསལ་ལ་འཛིན་པ་མེད་ན་ནང་སྲོག་ཆོད། །དེ་ནི་ནང་གི་སྒོམ་པ་ཡིན། །ཡེ་ཤེས་རྒྱུན་ཆད་


DNG006_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་གསང་སྲོག་ཆོད། །དེ་ནི་གསང་བའི་སྒོམ་པ་ཡིན། །རོལ་པ་གང་ཡང་མི་འགེག་པ། །དེ་ནི་ཕྱི་ཡི་སྤྱོད་པ་ཡིན། །དྲན་རིག་གང་ཡང་མི་འགེག་པ། །དེ་ནི་ནང་གི་སྤྱོད་པ་ཡིན། །དཔའ་བརྟུལ་གང་ཡང་མ་འགེག་པ། །དེ་ནི་གསང་བའི་སྤྱོད་པ་ཡིན། །ལྟ་བསྒོམ་སྤྱོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། ཀུན་བཟང་ཆེ་ཆུང་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འཕེལ་བ་མེད་པའི་ཆོས་སྐུ་ཆེ། །འགྱུར་ལྡོག་མེད་པའི་ཆོས་ཉིད་ཆེ། །སྐྱེ་ཤི་མེད་པས་སེམས་ཉིད་ཆེ། །སེམས་ཉིད་དམིགས་སུ་མེད་པས་སངས་རྒྱས་སྟན་ལྟོར་ཆུང་། །ཕུང་པོ་ལྷག་མ་མེད་པས་འཁོར་བ་རང་རླག་ཆུང་། །ཡེ་ཤེས་རང་ས་ཟིན་པས་གློ་བུར་རྣམ་རྟོག་ཆུང་། །ཞེས་རྣམ་རྟོག་ཆེ་ཆུང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཆེ་ཆུང་དོན་ལ་ཤར་བ་གཅེས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཕྱོགས་མེད་ཤར་ན་ལྟ་བ་གཅེས། །འཛིན་མེད་ཤར་ན་སྒོམ་པ་གཅེས། །འགག་མེད་ཤར་ན་སྤྱོད་པ་གཅེས། །ཤར་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཤར་བའི་དོན་ལ་བག་ཆགས་གཅེས། །བག་ཆགས་ཟད་པར་བལྟ་བ་བསྐྱལ། །གསང་བའི་བདག་པོས་བསྟན་དུ་གསོལ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྣང་སྲིད་ཡུལ་གྱི་མདུད་པ་དམ་པོ་ཁྲོལ། །ནང་འཛིན་པའི་སེམས་ཀྱི་རྟོད་ཕུར་དམ་པོ་ཕྱུང་། །སེམས་ཀྱི་བག་ཆགས་འཇུར་པ་དམ་པོ་ཤིག །ཅེས་བག་ཆགས་ཟད་སར་བསྐྱལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།བག་ཆགས་ཟིལ་གྱིས་ཇི་ལྟར་མནན། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འགྲོ་བའི་


DNG006_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྒྱུན་དུ་ནོན། །ཉལ་བའི་ཡེ་ཤེས་ཀུན་ཏུ་སྟོར། །སྡོད་པའི་ཡེ་ཤེས་ཀུན་ཏུ་ཡེངས། །འགྲོ་བའི་མགོན་པོ་འོད་དཔག་མེད། །དེ་བཞིན་ལྡན་ན་བག་ཆགས་ཟིལ་གྱིས་གནན། །བག་ཆགས་ཟིལ་གྱིས་མནན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།འགྲོ་མགོན་བསྟན་ནི་ཇི་ལྟར་བསྟན། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཤེས་རབ་ཐབས་ཀྱི་ཞགས་པས་ཟུང་། །དྲན་པ་རྒྱུན་གྱི་ཐག་པས་བཏགས། །མི་བརྗེད་པ་ཡི་ལྕག་གིས་བྲབས། །ཨ་ནི་ཚུགས་ཀྱིས་མེ་བཙའ་ཐོབ། །ཅེས་འགྲོ་མགོན་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།མན་ངག་གནད་འདི་གང་དུ་འདུས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རིག་པ་སྤྱི་བླུགས་ཤེས་ན་ལྟ་བའི་གནད། །ཉམས་མྱོང་བཙན་ཐབས་སྐྱེ་ན་སྒོམ་པའི་གནད། །སྣང་བ་གྲོགས་སུ་འགྲོ་ན་སྤྱོད་པའི་གནད། །ཡེ་ཤེས་རྒྱུན་དུ་གནས་ན་འབྲས་བུའི་གནད། །ཆོས་རྣམས་ཐམས་ཅད་ལྟ་བསྒོམ་སྤྱོད་པར་འདུས། །ཞེས་མན་ངག་གནད་འདུས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།འབྲས་བུའི་གྲོལ་ཚུལ་ཇི་ལྟར་གནས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡིད་བཞིན་ནོར་བུ་བཞིན་དུ་ཐམས་ཅད་འབྱུང་། །དབུལ་མོ་གཏེར་རྙེད་བཞིན་དུ་དགོས་དགུ་རང་ལ་ཚང་། །གླང་ཆེན་རབ་བརྒལ་བཞིན་དུ་ཉམ་ང་བག་ཚ་མེད། །ཤེལ་སྒོང་གཡའ་དག་བཞིན་དུ་སེམས་ཀྱི་དྲི་མ་བྲལ། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་ཏེ། །རྨ་བྱ་མདོངས་ལ་བལྟ་བ་བཞིན། །བདག་རང་གཅིག་པུས་ཉམས་སུ་ལེན། །ཆོས་ཉིད་དབྱིངས་སུ་བྱིལ་གྱིས་བཞུད། །འབྲས་བུ་གྲོལ་ཚུལ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཆོས་ཀྱི་མཚན་ཉིད་ཇི་ལྟར་གཟལ། །གསང་
བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྐུ་གསུམ་འབྱུང་གནས་ཀྱི་རྒྱུད་ཅེས་བྱ་བར་ཟུང་ཞིག །རྒྱུད་ཐམས་ཅད་འབྱུང་བས་ན། རིན་པོ་ཆེ་གསང་བའི་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག །བལྟ་བསྒོམ་ཐམས་ཅད་ཀྱི་གནད་ཀུན་འབྱུང་བས་ན་གནད་འགྲོལ་རིན་པོ་ཆེའི་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག །ཉོན་མོངས་སྐྱོན་གྱིས་མ་གོས་པས་དྲི་མེད་རྣམ་དག་གི་རྒྱུད་ཅེས་བྱ་བར་ཟུང་ཞིག །རྒྱུ་རྐྱེན་མེད་ལས་ཀུན་འབྱུང་བས་ན་སྟོང་པ་ཀུན་འབྱུང་གི་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག །ཐམས་ཅད་གསལ་བར་བྱེད་པས་ན་རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག །མཚན་ཆེ་བའི་ལོ་རྒྱུས་བསྟན་པའི་ལེའུ་སྟེ་བཅུ་དགུ་པ་རྫོགས་སོ།། །།བི་མ་དང་གཡུ་སྒྲས་བསྒྱུར་རོ།། །།

བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། འབྲས་བུ་བླ་ན་མེད་པའི་ཐེག་པ།


DNG006_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་མ་ཡཱུ་ར་གྲཱི་བཱ་གྲ་ནཱ་ཏནྟྲ་ཕ་ལ་མ་ནུཏྟ་ར་ཡཱ་ན། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། འབྲས་བུ་བླ་ན་མེད་པའི་ཐེག་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་གྱི་གནས་སྙིང་པོ་བྱང་ཆུབ་ལ་བཞུགས་པའི་སྐུ་རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། ཀྱེ་མ། ཐུགས་རྗེ་ཆེན་པོ་བདག་གི་གདུང་བརྒྱུད་འཛིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འབྲས་བུ་བླ་ན་མེད་པའི་ཐེག་པ་ཇི་ལྟར་བསྟན་པར་བྱ་ཞེས་ཞུས་པས། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །འབྲས་བུ་བླ་ན་མེད་པའི་ཐེག་པ་ལ་སྤྱིར་ལྔ་སྟེ། དེ་ཡང་གཞི་ལམ་འབྲས་བུ་རྣམ་གསུམ་གྱིས་དོན་ངེས་པར་བྱེད་པ། དེ་གཞི་དངོས་པོའི་འདུག་ཚུལ་གྱི་ལེའུས་སེམས་ཅན་ཐམས་ཅད་ཀྱི་དོན་མི་འགྱུར་བར་བསྟན་པ་དང་། དེའི་དོན་ངེས་པར་བྱེད་པ་ལམ་ལ་གནས་པ་མཉམ་པ་ཉིད་ཀྱི་ལེའུས། ཆོས་ཇི་བཞིན་པར་བཞག་པ་བསྟན་པ་དང་། འབྲས་བུ་རང་རིག་པའི་ཡེ་ཤེས་རྟོགས་པ་མངོན་དུ་བྱེད་པ་བསྟན་པ་དང་། དེ་ཡང་སྤྱོད་པ་རྣམ་པར་དག་པ་འདམ་གྱི་པདྨ་ལྟར་


DNG006_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ལེའུ་ཡིས། འཕྲལ་བྱུང་གི་རྣམ་རྟོག་ཆོས་ཉིད་དུ་བསྟན་པ་དང་། ཡོན་ཏན་གྱི་རྩལ་མ་འགགས་པ་དང་། ནམ་མཁའ་སྤྲིན་དང་ཆར་གྱི་ཚུལ་དུ་བསྟན་པའི་ལེའུས། གཞན་དོན་མཐར་ཕྱིན་པར་བསྟན་པའི་ལེའུ་སྟེ་དང་པོའོ།། །།བཅོམ་ལྡན་འདས་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །གཞི་རྩ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས། །ཟབ་ཅིང་ཕྲ་བས་དཔག་པའི་ཡུལ་ལས་འདས། །ཡངས་ཤིང་ཁྱབ་པས་ནམ་མཁའི་མཐའ་དང་མཉམ། །སྦོམ་ཞིང་རགས་པས་སྣང་སྲིད་དབང་དུ་སྡུད། །དེ་འདྲའི་ཆོས་སྐུ་བླ་མེད་བྱང་ཆུབ་སེམས། །མ་བྱུང་མ་སྐྱེས་འོད་ཀྱི་སྙིང་པོ་ཅན། །འགྲོ་བ་ཡོངས་ཀྱི་དཔལ་མགོན་བྱང་ཆུབ་སེམས། །སྒྲ་དང་ཐ་སྙད་ཚིག་གི་སྤྱོད་ཡུལ་མིན། །དཔག་མེད་བསམ་འདས་མི་གནས་མྱ་ངན་འདས། །དོན་གྱི་སྙིང་པོ་བླ་མེད་བྱང་ཆུབ་སེམས། །སྨྲ་བསམ་བརྗོད་མེད་རིག་པས་ཕ་རོལ་ཕྱིན། །མི་སྐྱེ་མི་འགག་རང་རིག་བྱང་ཆུབ་སེམས། །མི་གནས་བདག་མེད་རྣམ་པར་དག །མ་བཅོས་ལྷུན་གྲུབ་སྙིང་པོ་བྱང་ཆུབ་མཆོག །ཅིར་ཡང་སྣང་བ་བདེ་ཆེན་ལོངས་སྤྱོད་སྐུ། །རང་བྱུང་ཡེ་ཤེས་སྤྲུལ་སྐུ་བྱང་ཆུབ་སེམས། །བདག་མེད་ཕྱོགས་བྲལ་དོན་དམ་ལྷུན་གྱིས་རྫོགས། །ཉག་གཅིག་མ་འགགས་སྙིང་པོ་བྱང་ཆུབ་སེམས། །མི་བསྐྱོད་དབྱིངས་ནས་རང་བྱུང་ཀུན་ལ་ཁྱབ། །མཁའ་ལྟར་དངོས་མེད་ཞི་བ་གཅིག་ཏུ་གྲགས། །ཉི་མའི་སྙིང་པོ་དངོས་མེད་མྱ་ངན་འདས། །རང་བྱུང་འགག་མེད་སྐར་ཚོགས་གྲངས་མང་ཡང་། །བདག་ཉིད་ཆེན་པོ་མི་འགྱུར་བདག་ཉིད་སྐུ། །ཐུགས་རྗེ་ཐབས་མཁས་ནམ་མཁའ་སྤྲིན་གྱི་ཚུལ། །ཕན་གནོད་ཡོད་མེད་སྙིང་པོ་ཡ་བྱང་ཆུབ་ལམ་ཡང་བྱུང་མ་བརླ། །ལས་དང་ཐུགས་རྗེ་ནམ་མཁའ་སྤྲིན་གྱི་ཚུལ། །གཞི་རྩ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས། །རིག་པའི་རྩལ་ཆེན་མ་འགགས་རང་བཞིན་ཡོངས་ལ་ཁྱབ། །རྡོ་རྗེ་སེམས་དཔའ་ཐུགས་རྗེ་འོད་པོ་ཆེ། །ཉི་མ་ཐག་དང་ཆུ་སྲིན་ག་བུར་བཞིན། །རྡོ་རྗེ་སེམས་དཔའི་


DNG006_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཆེམས་ཉག་གཅིག་མ། །དགའ་རབ་རྡོ་རྗེ་མཁས་པའི་སྐྱེས་མཆོག་གིས། །ལས་འཕྲོ་སྐལ་བར་ལྡན་པའི་ཐུགས་རྒྱུད་ལས། །བསྣན་འཕྲི་མེད་པའི་རིན་ཆེན་གཏེར་འདི་ཆོངས། །སྣོད་ངན་བུ་དང་རྒྱུད་ངན་སློབ་མ་ལ། །ཆུ་སྲིན་གྲེ་བ་བཞིན་དུ་དམ་དུ་སྡོམས། །ཞེས་བཀའ་སྩལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་ལ་ཞུ་བ་དྲུག་ཞུས་པ། ཀྱེ་ཀྱེ་ཐུགས་རྗེ་ཆེན་པོ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ནི། ནད་པ་ལྟ་བུའོ། །དུག་ལྟ་བུའོ། །རོ་མྱགས་ཀྱི་འདམ་རྫབ་ལྟ་བུའོ། །མུན་པ་ལྟ་བུའོ། །སྦྱོར་རྩི་ལྟ་བུའོ། །ཚེར་མ་ལྟ་བུའོ། །ཞེས་ཞུས་པས། རྡོ་རྗེ་འཛིན་པ་ཉོན་ཅིག །ངས་གདམས་པའི་ཚིག་གསུམ་བསྟན་གྱིས། ལེགས་པར་ཡིད་ལ་ཟུང་ཞིག །འཁོར་བའི་རྒྱ་མཚོ་ལས་ཐག་རིང་རྣམ་པར་དག་པའི་ཞིང་དུ་བསྒྲལ་བ་དང་། འཁོར་བའི་འདམ་རྫབ་ལ་རྡོ་རྗེའི་རྫོང་བཅའ་བ་དང་། སྡུག་བསྔལ་གྱི་བྱེ་བྲག་ནོར་བུ་རིན་པོ་ཆེར་བསྒྱུར་བ་དང་གསུམ་ལས། རིགས་ཀྱི་བུ་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འབྱུང་བ་ལྔས་བསྡུས་པ་ཐམས་ཅད་སྔོན་བྱུང་གི་དུས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། མ་བྱས་པས་སྣང་བ་བདེ་ཞིང་ཡངས་པ།ཟུག་རྔུ་མེད་པ། རྒྱ་ཡོངས་སུ་མ་ཆད་པ་ཚིག་དང་དབང་པོའི་སྤྱོད་ཡུལ་མེད་པ།བརྗོད་བྱ་ཐམས་ཅད་ལས་འདས་པ། འདས་ཞེས་བྱ་བ་ཡང་མིང་གི་རྣམ་གྲངས་ཏེ། དེ་ཅི་ལ་ཡང་མི་གནས་པའོ། །དེས་ནི་འཁོར་བའི་རྒྱ་མཚོ་མཐའ་རིང་བ་རྣམ་པར་དག་པའི་ཞིང་དུ་བསྒྲལ་བའོ། །ཁམས་གསུམ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་གྲུར་ཚུད། མ་རིག་པའི་རྒྱར་འཐུམས་ནས་སྡུག་བསྔལ་བར་གནས་ཀྱང་།


DNG006_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་བྱང་ཆུབ་ཀྱིས་སེམས་རང་བྱུང་གིས་འོད་གསལ་བ། རྒྱུ་རྐྱེན་མེད་པར་ཀ་དག་པས། རྡོ་རྗེ་ལྟ་བུའི་ཡེ་ཤེས་ལ་གནས་སུ་རུང་གིས། རྡོས་པ་ཅན་ཤེས་རབ་ཀྱི་སྙིང་པོ་མེད་པ་ནི་མ་ཡིན་ནོ། །རྒྱུད་དྲུག་གི་སེམས་ཅན་ཐམས་ཅད། རྡོ་རྗེ་ལྟ་བུའི་སྐུ་དྲི་མ་མེད་པར་གནས་པས་ཡོངས་ལ་ཁྱབ་པ། གཞན་དབང་དུ་མ་གྱུར་པ། ཟད་ཅིང་བྲི་བ་མེད་པས་རྒྱ་མ་ཆད་པ། ཐབས་ཀྱི་རྒྱལ་པོ་སྟོབས་ཀྱི་རིག་པ་ཤར་བས། འཁོར་བ་ཉིད་རང་བྱུང་གི་ཡེ་ཤེས་སུ་ཀ་དག །སྡུག་བསྔལ་གྱི་འདམ་རྫབ་ཉིད་ཆོས་ཉིད་བདེ་བ་ཆེན་པོར་རང་དག་པས། འཁོར་བའི་འདམ་རྫབ་ལ་རྡོ་རྗེའི་རྫོང་བཅའ་བའོ། །རིགས་ཀྱི་བུ་ཉོན་ཅིག །སེམས་ཅན་ཐམས་ཅད་ལ་ལུས་གསུམ་དུ་ཤེས་པར་བྱའོ། །ཡེ་ཤེས་ཀྱི་ལུས་སྡུག་བསྔལ་གྱི་མཐའ་ལས་གྲོལ་བའོ། །བག་ཆགས་མིན་པའི་ལུས་ཤ་ཁྲག་གི་རྡོས་པ་ཅན།གཉིས་འདྲེལ་གྱི་ལུས་སེམས་བདེ་སྡུག་གཉིས་འཛིན། གཞི་ཤེས་པ་ཆོས་ཀྱི་སྐུ་ལ། བག་ཆགས་ཀྱི་ནད་མེད་ཀྱང་། རྣམ་རྟོག་སེམས་ཀྱི་ཡུལ་ལས་བག་ཆགས་ནད་དུ་ལངས་ཀྱང་། གསོ་བྱེད་སྨན་པའི་རྒྱལ་པོས་བཟང་དྲུག་སྨན་གྱིས་གསོ་ཞེས་བྱུང་སྟེ། མ་རིག་པ་འཁོར་བའི་ནད། རིག་པ་མྱ་ངན་ལས་འདས་པས་གསོ། རྣམ་རྟོག་དུག་ལྟ་བུའི་ནད་ཆོས་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོས་གསོ། སྡུག་བསྔལ་འདམ་རྫབ་ཆེན་པོའི་ནད། བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་གསོ། གཏི་མུག་མུན་པ་ལྟ་བུའི་ནད། ཤེས་རབ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུས་གསོ། བག་ཆགས་སྦྱོར་རྩི་ལྟ་བུའི་ནད། རང་བཞིན་མེད་པ་མན་ཤེལ་ལྟ་བུས་གསོ། རྟོག་པ་རྩིང་ཞིབ་ཟུག་རྔུ་ཚེར་མ་ལྟ་བུའི་ནད། མཉམ་པ་ཉིད་མི་གཡོ་བ་རྒྱ་མཚོ་ལྟ་བུས་གསོ། དེས་ནི་སྡུག་བསྔལ་གྱི་བྱེ་བྲག་ནོར་བུ་


DNG006_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ལྟར་བསྒྱུར་བ་ཞེས་བྱའོ། །ཞེས་བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། གཞི་ཆོས་སྐུའི་རང་བཞིན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཡང་ཞུས་པ། ཀྱེ་མ་བཅོམ་ལྡན་རྡོ་རྗེ་འཆང་། །ཟག་མེད་ལམ་ལ་རབ་གནས་པའི། །དེ་བཞིན་གཤེགས་པའི་བསམ་གཏན་གྱིས། །བློ་དངོས་གཉིས་མེད་སྦྱོར་བ་ནི། །སངས་རྒྱས་ཉིད་ཀྱི་དགོངས་པ་སྟེ། །ཐབས་ལ་མཁས་པས་བསྟན་དུ་གསོལ། །ཞེས་ཞུས་པས། རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག །དྲི་བ་དྲིས་པ་ལེགས་སོ། །དེ་བཞིན་གཤེགས་པའི་དགོངས་པ་དཔག་ཏུ་མེད་ཀྱང་། སེམས་ཅན་གྱི་བློའི་བྱེ་བྲག་དང་སྦྱར་ནས། ཆོས་ཇི་བཞིན་པ་ལ་བློ་དེ་བཞིན་མི་གནས་པའི་ཆེད་དུ། མར་མེའི་སྡོང་བུ་བསྣན་པའི་ཚུལ་དུ་མ་བཅོས་ཇི་བཞིན་གནས་ན་དེ་བཞིན་ཉག་གཅིག་ཅེས་བྱའོ། །དེ་ཡང་ལུང་ལས། བསྟན་བྱ་སྟོན་བྱེད་གཉིས་ཡོད་ན། །བསྒོམ་བྱ་སྒོམ་བྱེད་ཅི་ཕྱིར་མེད། །ཞེས་འབྱུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་བྱང་ཆུབ་ཀྱི་སྙིང་པོ་བསྟན་ཏེ། སྙིང་པོ་བསྟན་པར་བྱ་བའི་དོན་དུ། དུས་རྟག་ཏུ་སྙིང་པོ་ལ་གནས་པར་བྱའོ། །རྟོགས་པའི་དོན་ཤེས་བྱ་བ་མ་རིག་ཀྱང་། བཀའ་ལུང་གི་ཕྱི་མོ་རང་རྒྱུད་ལ་མ་གསལ་གྱི་བར་དུ། ཤེས་བྱ་ལ་གསལ་གདབ་ཅིང་ཏིང་ངེ་འཛིན་ལ་གནས་པར་བྱའོ། །བྱང་ཆུབ་སྙིང་པོ་འགྱུར་མེད་ཆོས་ཀྱི་སྐུ། །གཞན་ནས་མ་བཙལ་སེམས་ཉིད་མངོན་སངས་རྒྱས། །རང་ལ་གནས་པའི་དོན་དེ་སེམས་ཀྱིས་སེམས་ལ་ལྟོས། །མ་བྱུང་མ་སྐྱེས་རང་བྱུང་ཆོས་ཀྱི་སྐུ། །མི་གཡོ་མི་འགྱུར་མཉམ་པ་ཆེན་པོར་གཞག །གསལ་བ་རྟོག་མེད་ཡེ་ཤེས་ཆོས་ཀྱི་སྐུ། །མ་བཅོས་བདེ་བ་ཆེན་པོའི་ངང་དུ་གཞག །


DNG006_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་ལྷུན་གྲུབ་བཀོད་པ་རྒྱན་གྱི་སྐུ། །བདེ་ཆེན་འདུ་འབྲལ་མེད་པའི་ངང་ལ་གཞག །ཐིག་ལེ་ཉག་གཅིག་རང་བཞིན་སྤྲོས་དང་བྲལ། །སྣ་ཚོགས་ཤར་ཀྱང་ཉག་གཅིག་ཉིད་དུ་བསྒོམ། །ནམ་མཁའི་མཐོངས་ནས་གསལ་བའི་ཉི་ཤར་བཞིན། །སྐྱེ་མེད་དབྱིངས་ནས་རང་བྱུང་འོད་གསལ་བ། །ཐུགས་རྗེ་སྤྲུལ་པའི་འོད་ཟེར་འཕྲོ་བར་བསྒོམ། །སྣང་སྲིད་རྣམ་དག་པདྨའི་དཀྱིལ་འཁོར་ན། །བསྐྱེད་རྫོགས་རྣམ་གསུམ་མ་ཆགས་མ་བཙལ་ལྷུན་གྱིས་རྫོགས། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་དག་པའི་སྐུ། །ཀུན་ཏུ་བཟང་པོའི་མཛད་སྤྱོད་རྫོགས་པར་བསྒོམ། །སྒྲིབ་གཉིས་མ་སྦྱངས་ཚོགས་གཉིས་ལྷུན་གྱིས་རྫོགས། །མན་ཤེལ་སྐུ་ལྟར་དྲི་མེད་གདོད་ནས་དག །རྣམ་རྟོག་སྐྱོན་བྲལ་ཡེ་ཤེས་ལྷུན་གྱིས་གྲུབ། །རང་བྱུང་རྡོ་རྗེ་སྙིང་པོ་ཡིན་པར་བསྒོམ། །མ་བཅོས་ཆོས་སྐུ་ཀུན་གཞི་བྱང་ཆུབ་སེམས། །ས་ལ་མ་བགྲོད་ལམ་ལ་མི་གནས་ཀྱང་། །རྟོགས་པ་གདེང་དུ་མ་གྱུར་བར་དུ་བསྒོམ། །སངས་རྒྱས་ཉག་གཅིག་ཆོས་ལ་མི་གནས་ཀྱང་། །འཁྲུལ་རྟོག་སྤང་ཕྱིར་ཆོས་ཉིད་ངང་དུ་བསྒོམ། །དུག་ལྔ་ཡེ་ཤེས་ལྔ་རུ་སངས་རྒྱས་ཀྱང་། །རྣམ་གྲོལ་ཟག་མེད་ལྔ་རུ་གསལ་བར་བསྒོམ། །འབྱུང་ལྔ་ལྷ་མོ་ལྔ་རུ་སངས་རྒྱས་ཀྱང་། །མཛེས་པའི་ལྷ་མོ་སྤྲུལ་སྐུར་གསལ་བར་བསྒོམ། །སྣང་སྲིད་རྣམ་དག་བརྗོད་པ་ལས་འདས་ཀྱང་། །ཞིང་ཁམས་རྣམ་དག་ཆོས་ཀྱི་སྐུ་ཡི་ངང་དུ་བསྒོམ། །བྱང་ཆུབ་སེམས་ལ་སྐྱེ་ཤི་མི་མངའ་ཡང་། །འདུ་འབྲལ་མེད་པའི་རྐྱེན་གྱི་ཐེག་པ་བསྒོམ། །སྣོད་བཅུད་དངོས་པོ་ཡེ་ནས་རྣམ་དག་ཀྱང་། །ཅི་ལའང་མ་ཆགས་མི་རྟོག་ཏིང་འཛིན་བསྒོམ། །འཁོར་དང་ལོངས་སྤྱོད་སྐར་ཚོགས་རྒྱས་པ་ཡང་། །ཅི་ལའང་མ་ཆགས་རང་བཞིན་རྣམ་དག་བསྒོམ། །སྒྱུ་མའི་ཕུང་པོ་ཡེ་ཤེས་གནས་ཡིན་ཀྱང་། །མ་ཆགས་མི་གནས་བཏང་སྙོམས་ཆེན་པོར་གཞག །


DNG006_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞིའི་རྣམ་ཤེས་ཀུན་ལ་མི་འཁོར་བས། །རང་བྱུང་ཡེ་ཤེས་བདག་མེད་མྱ་ངན་འདས། །རྟག་ཆད་ཚིག་ལས་འདས་པར་སུན་ཕྱུང་ནས། །མཐོ་དམན་ཀློང་དུ་ཁོད་བསྙམས་ཏེ། །མཉམ་པ་ཆེན་པོས་མཉམ་ལས་འདས་པར་བསྒོམ། །བརྗོད་པའི་ཐ་སྙད་ཀུན་ལས་འདས་རྟོགས་ན། །རྣམ་དག་བྱང་ཆུབ་དབྱིངས་ཀྱི་བསྒོམ་པ་ཡིན། །ཞེས་བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། ) གཞི་ལམ་དང་བཅས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞུས་པ། སྟོན་པ་ཐུགས་རྗེ་ཆེ་མངའ་བ། །འགྲོ་བའི་མགོན་པོ་དེ་བཞིན་གཤེགས། །གཞི་ལམ་གཉིས་སུ་མེད་པ་ཡི། །ལམ་གྱི་འབྲས་བུ་བཤད་དུ་གསོལ། །ཞེས་ཞུས་ཏེ།རིགས་ཀྱི་བུ་ཉོན་ཅིག །དྲི་བ་དྲིས་པ་དེ་ལེགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གདམས་པ་རིན་པོ་ཆེ་ནི། བརྗོད་པས་ཐོག་ཏུ་མི་ཕེབས་ཤིང་བསྟན་པར་དཀའ་ན་ཡང་། ངས་རེ་ཞིག་མཚོན་པའི་ཚིག་འགའ་ཙམ་སྨྲ་ཡིས།ལེགས་པར་ཡིད་ལ་ཟུང་ཞིག །རིགས་ཀྱི་བུ་འབྲས་བུ་བླ་ན་མེད་པ་ནི་གུད་ནས་མི་འབྱུང་ངོ་། །གཞི་ལམ་གཉིས་སུ་མེད་པར་མཉམ་པའི་དུས་ན། དེ་བཞིན་གཤེགས་པའི་བསམ་གཏན་ཞེས་བྱ་སྟེ། ལྷག་མཐོང་དང་ནི་ཞི་གནས་གཉིས་སུ་མེད་པར་རང་བྱུང་གི་ཡེ་ཤེས་མར་མེ་རླུང་གིས་མ་བསྐྱོད་པ་ལྟར། ཤེས་བྱ་ཉམས་སུ་མྱངས་ན། གཞི་ལམ་འབྲས་བུ་མཐར་ཕྱིན་སངས་རྒྱས་ཉག་གཅིག་མ་ཞེས་བྱ་སྟེ། ཡེ་ཤེས་དབྱིངས་ན་གསལ་ན་འབྲས་བུ་ཉག་གཅིག་མ། །དབྱིངས་ཉིད་རིག་པར་ཤེས་ན་འབྲས་བུ་ཉག་གཅིག་མ། །གཟུགས་སྐུ་འོད་དུ་ཤར་བ་འབྲས་བུ་ཉག་གཅིག་མ། །བདེ་ཆེན་ཟག་པ་མེད་པས་འབྲས་བུ་ཉག་གཅིག་མ། །སྣང་སྲིད་དབང་དུ་འདུས་ན་འབྲས་བུ་ཉག་གཅིག་མ། །ཏིང་འཛིན་རོ་ལ་མ་ཆགས་ན་འབྲས་བུ་ཉག་གཅིག་མ། །འཁོར་


DNG006_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བ་རང་བཞིན་མེད་ན་འབྲས་བུ་ཉག་གཅིག་མ། །མཚན་མ་ཟིལ་གྱིས་གནོན་ན་འབྲས་བུ་བདེ་བ་ཆེ། །ཞེས་པའི་དོན་ནོ། །རྒྱུ་ཆོས་ཀྱི་སྐུ་ལས། འབྲས་བུ་གཟུགས་སྐུ་གཉིས་བྱུང་བ་ཡང་། ཐིག་ལེའི་རྩལ་མ་འགགས་པ་ཡིན་ཏེ། དེ་ཡང་རྒྱུ་འབྲས་དབྱེར་མི་ཕྱེད་པའི་རྩལ་ཉིད་རྩལ་དུ་ཤེས་པའི་དུས་ན་འབྲས་བུ་སྐུ་གསུང་ཐུགས་མཐར་ཕྱིན་པའོ། །སྐུ་གསུམ་རང་བྱུང་དུ་ཤར་ནས། ཡེ་ཤེས་གཟུགས་ཀྱི་སྐུར་སྣང་ལ་གཟུགས་ཉིད་རང་བཞིན་རྣམ་པར་དག་སྟེ་མཚན་མ་ལས་འདས་ན་འབྲས་བུ་ཡེ་ཤེས་སུ་གྲུབ་པའོ། །ངོ་བོ་ཉིད་ཀྱི་སྣང་བ་སྣང་ཚོད་དང་གྲག་ཚོད་མེ་ལོང་གཡའ་དག་པ་ལྟར་བསྟན་ཀྱང་། དོན་དམ་པ་སྤྲོས་དང་བྲལ་བ་རང་བཞིན་རྣམ་པར་དག་ན་འབྲས་བུ་མི་གནས་པའི་ཡེ་ཤེས་ཆེན་པོ་ཞེས་བྱའོ། །མཚན་མ་དང་བྲལ་བ་ཆོས་ཀྱི་སྐུ་བྱ་བ་ཐམས་ཅད་དང་བྲལ་ན་འབྲས་བུ་བླ་ན་མེད་པ་ཞེས་བྱའོ། །ཕྱིར་མི་ལྡོག་པའི་ལུང་ངེས་པ་བཀའ་ལུང་གི་ཕྱི་མོ་ལས། ཡེ་ཇི་བཞིན་པའི་རྡོ་རྗེ་འཆང་ཆེན་པོ། རྒྱུད་དག་པའི་རྡོ་རྗེ་འཆང་ལ་སྣང་བའི་དུས་ན་རྒྱུ་འབྲས་དབྱེར་མི་ཕྱེད་པའི་རང་བྱུང་གི་བཅོམ་ལྡན་འདས་ཞེས་བྱ་སྟེ། རྒྱུད་དག་པའི་དབྱིངས་ཉིད་ནས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བའི་དུས་ན། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་མི་ཕྱེད་པས་སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ་ཞེས་བྱ་བར་གྲགས་ཏེ་འབྲས་བུ་མཐར་ཕྱིན་པའོ། །རང་གི་ཤེས་བྱ་མཐར་ཕྱིན་པའི་དུས་སུ་བདུད་དང་མུ་སྟེགས་ཀྱིས་གླགས་མི་རྙེད་ལ། ཕྱ་དང་དབང་ཕྱུག་གིས་གྲོགས་བྱར་མེད་དེ། རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་ཅིང་། ནོར་བུ་རིན་པོ་ཆེ་ལྟར་ཟད་མི་ཤེས་ལ།ཤེས་བྱ་རང་གི་ངོ་བོར་ཤེས་བྱ་རང་གི་ངོ་བོས་དབང་བསྒྱུར་བའི་དུས་ན་འཕགས་པ་གཙུག་ཏོར་དྲི་མ་མེད་པ་ཞེས་གྲགས་སོ། །བྱང་ཆུབ་སེམས་ལ་བྱང་ཆུབ་ཀྱི་སེམས་གནས་པའི་


DNG006_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་རྒྱ་མཚོ་ཆེན་པོར་ཆུ་བྲན་འདུ་བའི་ཚུལ་ཏེ། ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་ཆོས་ཅན་མཚན་མར་སྣང་བ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་གྲགས་སོ། །ཆོས་ཐམས་ཅད་ལ་དབྱེ་བ་མེད་ཅིང་བཟང་ངན་མི་བལྟ། བདག་གཞན་དུ་མི་བལྟ་བའི་དུས་ན། ནམ་མཁའ་དང་ཉི་མའི་ཚུལ་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ཀུན་ནས་གཟིགས་ཞེས་གྲགས་སོ། །ཆོས་ཐམས་ཅད་གང་ཡང་མི་ལེན། གང་ཡང་མི་འདོད་གང་གིས་ཀྱང་མི་བསྒྲིབ། གང་གིས་ཀྱང་གྲོགས་མི་ནུས།གང་ལ་ཡང་མི་བརྟེན། གང་དུ་ཡང་མི་གོལ། རང་བཞིན་རྣམ་པར་དག་པས་མཐའ་མེད། ཤེས་བྱའི་ངོ་བོ་ལ་མ་བསྒྲིབས་ཡོངས་སུ་གསལ་བས། ཆད་པའི་མཐའ་མེད་པས། འཕགས་པ་ནམ་མཁའི་སྙིང་པོ་ཞེས་གྲགས་སོ། །ཞེས་བྱང་ཆུབ་སེམས་དཔའ་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། གཞི་ལམ་འབྲས་བུ་རྣམ་པ་གསུམ་མཐར་ཕྱིན་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་ཞུས་པ། འཇམ་དཔལ་གཞོན་ནུ་དཔའ་བོ་མཆོག །གཞི་ལམ་འབྲས་བུ་མཐར་ཕྱིན་པས། །ཉོན་མོངས་འཁོར་བའི་རྒྱུན་བཅད་དེ། །དག་པའི་ཞིང་དུ་ཡང་དག་བསྒྲལ། །རྣམ་རྟོག་དཔའ་བོ་ཟིལ་གྱིས་ནན་པའི་ཕྱིར། །སྤྱོད་པའི་ཚུལ་ཁྲིམས་བཤད་དུ་གསོལ། །ཞེས་ཞུས་པས། རྡོ་རྗེ་འཛིན་པ་ང་ལ་ཉོན། །སྤྱོད་པ་རྣམ་པ་གསུམ་དུ་བརྟགས། གླང་པོ་ཆེ་ལམ་དུ་ཞུགས་པའི་སྤྱོད་པ་དང་། སྨྱོན་པ་སྙིང་སྟོར་དྲན་པ་མེད་པའི་སྤྱོད་པ་དང་། ཤེད་མ་བྱེའི་བུ་ཆུང་ལྟ་བུའི་སྤྱོད་པའོ། །དེའི་གྲོགས་གསུམ་ལ། འདམ་གྱི་པདྨའི་མེ་ཏོག་དང་།


DNG006_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཐི་བ་ཚང་དུ་འཇུག་པ་དང་། བུ་གཅིག་པའི་མ་ལྟ་བུ་སྟེ། དེ་ནི་རྣལ་འབྱོར་ཆེན་པོའི་སྤྱོད་པ་ཡིན། དཔའ་བརྟུལ་སྟག་གི་སྤྱོད་པ་དང་། བརྟུལ་ཞུགས་ཕག་གི་སྤྱོད་པ་དང་། ཆགས་མེད་བུང་བའི་སྤྱོད་པ་དང་། དབང་སྡུད་མུ་སྟེགས་ཀྱི་སྤྱོད་པ་དང་། བདེ་བ་མཐུན་འཇུག་གི་སྤྱོད་པའོ། །དེ་ནི་རྣལ་འབྱོར་འབྲིང་གི་སྤྱོད་པ་ཡིན་ནོ། །དམན་པ་ཕྱག་དར་ཁྲོད་པའི་སྤྱོད་པ་དང་། མཚོན་པ་ཉམས་མྱོང་གི་སྤྱོད་པ་དང་། འདོད་པ་བྱ་ཡི་སྤྱོད་པའོ། །དེ་ནི་རྣལ་འབྱོར་ཐ་མའི་སྤྱོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྟ་བ་ཀློང་དུ་གྱུར་པའི་སྤྱོད་པ་ནི། ཐ་མལ་གྱི་ཤེས་པའོ། །ཞེས་ཐུགས་ཀྱི་རྒྱུད་ནས་ཀྱང་བཤད་པའོ། །ཆོས་ཉིད་ཀློང་དུ་གྱུར་པའི་སྤྱོད་པ་ནི།ཅི་ལ་ཡང་མ་ཆགས་མ་ཞེན་པའོ། །ཉམས་མྱོང་རྒྱུད་ལ་སྐྱེས་པའི་སྟོང་པ་ནི།སྲབ་ལ་འཕྱང་བའོ། །བརྟུལ་ཞུགས་སྤྱོད་པའི་སྤྱོད་པ་ཡི། བྱ་རི་སྐྱེགས་ལྟ་བུ་སྟེ་མ་ངེས་པའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་མཐའ་ནི་མ་བཅོས་པའོ། །རང་བཞིན་རྣམ་པར་དག་པའི་དུས་ཅི་ལ་ཡང་མ་ཞེན་པའི་སྤྱོད་པ་རྣམ་པར་དག་པའོ། །བདེ་བ་ཆེན་པོའི་ཡུལ་ཤར་བའི་དུས་སུ། ཟུག་རྔུའི་མཐའ་རང་བཞིན་གྱིས་འགགས་པའོ། །ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་དུས་ན། སྙིང་རྗེ་ཆེན་པོ་ཁྱད་པར་ཅན་གྱི་སྤྱོད་པ་སྐྱེ་བར་འགྱུར་རོ། །འདོད་པ་མེད་པ་འགྲོ་བ་རིགས་དྲུག་གི་གནས་ཡུལ་སྣང་བའི་དུས་སུ། ཆོས་ཐམས་ཅད་ཅི་ལ་ཡང་མ་ཆགས་པའི་སྤྱོད་པ་སྐྱེ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡུལ་དུ་སྣང་བའི་དུས་སུ། ཐུན་མོང་གི་དངོས་པོ་འགགས་ནས་ངོ་ཚ་བ་དང་བག་ཚ་བའི་འདུ་ཤེས་མེད་དེ། ཚིག་ནམ་མཁའ་ལ་ཁུངས་འདོན་ཅིང་སྤྱན་ནམ་


DNG006_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་གཟིགས་ཏེ། མཛུབ་མོ་ནམ་མཁའ་ལ་གཏོད་པའི་སྤྱོད་པ་འཆར་རོ། །ཆོས་ཀྱི་སྐུའི་སྤྲུལ་པའི་སྐུ་ཉམས་སུ་བསྟར་བའི་དུས་སུ། ལུས་ལ་གྲང་དྲོ་དང་ན་ཚ་མེད་ཅིང་གཅེར་བུའི་སྤྱོད་པ་ཤུགས་འབྱུང་དུ་འཆར་ཏེ་ནམ་མཁའི་རི་མོ་ལ་ཁུངས་འདོན་པའོ། །ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱོང་བའི་དུས་སུ།ཟས་ཀྱི་འདུ་ཤེས་ཆུང་ཞིང་གྲོགས་ལ་མ་ཆགས་པར་རི་དྭགས་རྨས་མ་ལྟར་གཅིག་པུར་རི་སུལ་འགྲིམ་པའི་སྤྱོད་པ་འཆར་རོ། །སེམས་ཡེ་ཤེས་ཀྱི་དབང་དུ་འདུས་ཤིང་སྣང་བ་ཆོས་ཉིད་ཀྱི་དབང་དུ་འདུས་པའི་དུས་ནི། ནམ་མཁའ་ལ་འགྲོ་བ་དང་ཆུ་ལ་མི་ནུབ་པར་འགྲོ་བ་དང་། གཞན་གྱིས་མི་སྣང་བའི་རྩོལ་བ་སྤྱོད་པར་འགྱུར་རོ། །རིག་པ་དབྱིངས་ལ་ཤར་བའི་དུས་སུ། ཡུལ་གཞན་གྱི་སྣང་བ་མཐོང་བར་འགྱུར་རོ། །སེམས་ལས་སུ་རུང་བའི་དུས་སུ། གཞན་གྱི་སེམས་ཤེས་ཤིང་དངོས་པོ་ཐམས་ཅད་ལ་རྫུན་དུ་སྣང་བར་འགྱུར་རོ། །ཆོས་ཉིད་སྟོང་པ་ཉིད་ལས་སུ་རུང་བའི་དུས་སུ་ཕྱིའི་འབྱུང་བ་དང་མི་མ་ཡིན་གྱི་སྒྲ་ཐམས་ཅད་སེལ་བར་འགྱུར་རོ། །སྤྱོད་པ་རྣམ་པར་དག་པ་དེ་རྣམས་ནི་རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་ལ་སྣང་སྟེ། ལུས་མ་བོར་བར་མངོན་པར་རྫོགས་པར་སངས་རྒྱས་པའོ། །ན་མོ་བུདྡྷཱ་ཡ། ཏདྱ་ཐཱ་དྷརྨཱ་སར་བྷ་རི། མཉྫུ་ཤྲཱི་ཨཱ་པྲ་བྷ། བྷ་ག་བ་ཏི་པ་པ་རི། སུ་ཀ་ཨ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་མགུ་ཡི་རང་སྟེ། བཅོམ་ལྡན་འདས་ལ་ཐལ་མོ་མཉམ་པར་སྦྱར་ནས། ཡན་ལག་ལྔ་ས་ལ་བཙུགས་ཏེ། ཀྱེ་ལེགས་སོ་ལེགས་སོ་དཔའ་ལྡན་མགོན་པོ་ཆེ། ཞལ་ནས་ཕྱུང་བས་བཀའ་སྩལ་ཏེ། །གསུང་བ་དེ་ཉིད་དོན་གྱི་མཆོག །བདག་བློའི་མུན་པ་ཁ་འབྱེད་པའི། །སྣང་གསལ་ཐུགས་རྗེ་འོད་ཀྱི་མེ། །སེམས་


DNG006_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན་གྱི་བསྐྱབས་མཛད་པས། །མགོན་པོ་དྲི་མེད་ཡེ་ཤེས་སྐུ། །འགྲོ་བའི་དོན་དུ་སྐུར་སྤྲུལ་པའི། །རང་བྱུང་སངས་རྒྱས་རྣམ་པར་གཟིགས། །བྱམས་མགོན་ཐུགས་རྗེས་བསྐྱབས་མཛད་ཅིང་། །སངས་རྒྱས་ལོག་པར་དད་སེལ་ལ། །གུས་པའི་ཚུལ་གྱིས་སྐྱབས་སུ་མཆི། །ཞེས་བརྗོད་ནས་བསྟོད་པའོ། །བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། སྤྱོད་པ་བརྟག་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དྲི་བ་དྲིས་པ། འཇམ་དཔལ་གཞོན་ནུ་ཐུགས་རྗེ་ཅན། །ཞུ་བ་ཞུས་པ་ལེགས་གསུངས་པས། །འགྲོ་མགོན་རྡོ་རྗེ་སེམས་དཔར་བཤད། །སངས་རྒྱས་ཐུགས་ཀྱི་དཔལ་བེའུ། །སངས་རྒྱས་དབུ་ཡི་གཙུག་ཏོར་དང་། །སངས་རྒྱས་ཞལ་གྱི་ལྗགས་བཟང་ནས། །འོད་ཟེར་འབྱུང་བ་བསྟན་དུ་གསོལ། །ཞེས་དྲི་བ་དྲིས་ཏེ། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །ཁྱོད་ཀྱིས་དྲི་བ་དྲིས་པ་དེ་ལེགས་སོ། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལས་ཐུགས་རྗེ་འབྱུང་བ་ནི་ངས་བརྗོད་ཀྱིས་མི་ལངས་ཤིང་བསམ་གྱིས་མི་ཁྱབ་པ་མ་འོངས་པའི་སེམས་ཅན་ལ་མདོ་ཙམ་ཞིག་བསྟན་གྱིས་ཉོན་ཅིག །ཐུགས་རྗེའི་བྱེ་བྲག་གང་གི་ཡང་རྩལ་མ་འགགས་པ་ཡིན་གྱིས། དཔེར་ན་ནམ་མཁའ་ལས་སྤྲིན་དང་། ཆར་གྱི་ཚུལ་བཞིན་འབྱུང་སྟེ། ཐུགས་རིན་པོ་ཆེའི་དཔལ་བེའུ་ནས། སངས་རྒྱས་བྱམས་པ་མི་མཉམ་མགོན་པོ་ཞེས་བྱ་བ་བྱུང་ནས།རང་བཞིན་རྣམ་པར་དག་པའི་ཆོས་བསྟན་ཏོ། །དབུ་ཡི་གཙུག་ཏོར་ནས་འཇམ་དཔལ་དྲི་མེད་སྙིང་པོ་ཞེས་བྱ་བ་བྱུང་ནས། སྐུ་གདུང་དང་རིང་བསྲེལ་གྱི་ཆོས་བསྟན་ཏོ། །ཞལ་གྱི་ལྗགས་བཟང་ནས་སངས་རྒྱས་བྱེ་བ་རྣམ་པར་གཟིགས་ཞེས་བྱ་བ་བྱུང་ནས། རྒྱུ་འབྲས་ཀྱི་ཆོས་མ་ལུས་པ་བསྟན་ཏོ། །སངས་རྒྱས་སྟོང་གི་ཡོན་ཏན་ནི། །


DNG006_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གཅིག་པུ་ཉིད་ལ་འདུས། །གཅིག་པུར་རབ་ཏུ་སྣང་བའི་ཆོས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་འབྱུང་སྟེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་སྟེ། དེ་དག་ཀྱང་སངས་རྒྱས་འོད་དཔག་མེད་ཆེན་པོའི་རྩལ་སྣང་ངོ་། །སངས་རྒྱས་འོད་དཔག་མེད་ཉིད་འགྲོ་བ་ཡོངས་ཀྱི་སྙིང་པོར་ཤར་བས། འགྲོ་བ་སེམས་ཅན་ཐམས་ཅད་ལ། །སྙིང་པོ་རྣམ་དག་ཡེ་ཤེས་རྫོགས། །ཞེས་གསུངས་སོ། །སངས་རྒྱས་ཀུན་གྱི་གཙུག་ཕུད་ལྔ། །རྒྱལ་མཚན་རྩེ་མོ་བཞིན་དུ་གནས། །སངས་རྒྱས་ཀུན་གྱི་ཆེ་བ་ལྔ། །ནམ་མཁའ་བཞིན་དུ་ཁྱབ་པར་གནས། །རྡོ་རྗེ་སྙིང་པོ་བླ་ན་མེད། །རིན་ཆེན་གཙུག་ཏོར་དྲི་མ་མེད། །ཉེས་པའི་རྐྱེན་རྟོགས་སེལ་བར་བྱེད། །པདྨའི་སྙིང་པོ་འོད་འབར་བ། །མཐའ་ལ་མི་གནས་ཕྱག་རྒྱ་ཆེ། །མགོན་པོ་དྲི་མ་མེད་པའི་སྐུ། །ཡོན་ཏན་ཀུན་གྱི་སྙིང་པོར་བཤད། །ཐབས་མཁས་ཐུགས་རྗེ་སྟོབས་ཀྱི་བདག །བདུད་བཞི་འདུལ་མཛད་དཔའ་བོའི་མཆོག །དག་པའི་ཞིང་དུ་ཡང་དག་སྒྲོལ། །ཐུགས་རྗེའི་ཆུ་བོ་རྒྱུན་མ་ཆད། །ཤེས་རབ་གྲུ་ཡིས་སྒྲོལ་མཛད་པ། །སྤྲིན་ཆེན་གློག་གི་ཕྲེང་བ་ཅན། །རྒྱུན་གྱི་རྡོ་རྗེ་ཐུགས་རྗེའི་བདག །སྙིང་པོ་བདག་མེད་ཡ་མ་བརླ། །རྟོག་པའི་རྗེས་འབྲང་གཅོད་པའི་མཚོན། །ནམ་མཁའ་ཉི་མའི་ཚུལ་བཞིན་དུ། །སྣང་མེད་བདེ་བའི་དབྱིངས་ཉིད་ནས། །འགག་མེད་རང་བྱུང་ཡེ་ཤེས་སྐུ། །ནམ་མཁའ་སྤྲིན་གྱི་ཚུལ་བཞིན་དུ། །རང་བྱུང་སྤྲོས་མེད་མཁའ་ལ་དེངས། །རྒྱུ་འབྲས་དག་པའི་དབྱིངས་ཉིད་ལས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བའི་དུས་སུ་སྣོད་བཅུད་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་གདལ། མི་འབྱེད་པའི་བལྟ་བ་ནམ་མཁའ་དང་མཉམ་པར་རེ་དོགས་ཀྱི་འཕྲང་བཅད། ཟག་པ་མེད་པའི་ཡེ་ཤེས་རང་སྣང་བས་བདག་དང་གཞན་གྱི་དོན་མཐར་ཕྱིན། ཤེས་རབ་ཀྱི་སྟོབས་མ་འགགས་


DNG006_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པས་བདུད་དང་སྲིན་པོའི་མཐུ་བྱིན་ཟིལ་གྱིས་གནོན། ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་ཕ་མ་ཡིན་གྱིས། དེ་ཡང་དྲི་མ་མེད་པའི་དོན་གྱིས་གནས་པར་བྱའོ། །རྟོགས་པའི་དོན་ལ་རྩེ་གཅིག་ཏུ་མ་ཡེངས་པར་གནས་ན། བྱང་ཆུབ་སེམས་དཔའི་བསམ་གཏན་ཞེས་བྱ་སྟེ། རྡོ་རྗེའི་གདན་ལ་རྡོ་རྗེ་བཞག་པའོ། །འཇམ་དཔལ་དྲི་མེད་སྙིང་པོ་ངས། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །གསང་བའི་རྒྱུད་གསུམ་ཡང་དག་ཐུགས་ཀྱི་རྒྱུད། །ཐུགས་ཀྱི་ཀློང་ནས་བྱུང་ནས་གདམས་པར་བཞག །སངས་རྒྱས་ལག་ཏུ་གཏད་པའི་ཕྱིར། །སངས་རྒྱས་གཙུག་ཕུད་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཐུགས་ལས་ནོར་བུ་དྲི་མ་མེད་པའི་རྒྱུད་མཛད་དོ། །འབྲས་བུ་བླ་ན་ཡོད་པ་དང་། བླ་ན་མེད་པའི་ཐེག་པ་ཤན་ཕྱེ་བའི་ཕྱིར། ལྗགས་ཀྱི་པདྨོ་ལས་སངས་རྒྱས་བྱེ་བ་རྣམ་པར་གཟིགས་བྱ་བ་ཕྱུང་ནས། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་མཛད་དོ། །སངས་རྒྱས་ལ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་ལུས་སུ་གནས་པའི་ཕྱིར་མཛོད་སྤུའི་བུ་ག་ནས། འོད་ཟེར་ལྔ་འཕྲོས་ནས། སངས་རྒྱས་འོད་ལྡན་མགོན་པོ་སྤྱན་རས་གཟིགས་ཞེས་བྱ་བ་ཕྱུང་ནས། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་མཛད་དོ། །ལས་དགེ་སྡིག་མཐོ་དམན་མེད་པར་ལ་བཟླ་བའི་ཕྱིར་ཤངས་ཀྱི་རླུང་སྒྲོམ་ནས་མཐུ་སྟོབས་ཀྱིས་བདག་པོ་ཕྱག་ན་རྡོ་རྗེ་ཕྱུང་སྟེ། བྱ་རྩོལ་མེད་པ་ཡེ་ཤེས་བླ་མའི་རྒྱུད་ཕྱུང་སྟེ། ཆོས་ལས་འདས་པའི་སྐུ་ཡོངས་སུ་རྫོགས་པར་བསྟན་ཏོ། །ཞེས་བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཐེག་པ་ལས་ལེའུ་སྟེ་དྲུག་པའོ།། །།བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ཅེས། འཇམ་དཔལ་དྲི་མ་མེད་པའི་སྙིང་པོས་བྱང་ཆུབ་སེམས་དཔའ་རོ་ལངས་བདེ་བ་ལ་གདམས་པའོ། །རྫོགས་སོ།། །།བར་འདིར་རྨ་བྱ་མཇིང་བསྣོལ་གྱི་མཐའི་མུན་སེལ་ཆེན་པོ་ལེའུ་ལྔ་པ་འཛུད།

ཆོས་ཆེན་པོ་རྨད་དུ་བྱུང་བ།


DNG006_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཆོས་ཆེན་པོ་རྨད་དུ་བྱུང་བ་ཡིན་བཅོམ་ལྡན་འདས་དཔལ་གྱི་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་འོག་མིན་གྱི་གནས་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུས། རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་ཚེ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་དང་། བདེ་བར་གཤེགས་པ་ཐམས་ཅད་དང་། བདེ་བར་གཤེགས་པ་ཐམས་ཅད་དོན་གཅིག་སྟེ། བདག་ཉིད་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས་བྱུང་ཞིང་། དེ་དག་ཐམས་ཅད་དེ་ལས་སྐྱེས་པ་དང་། དེ་ལས་བྱུང་བའི་དཀྱིལ་འཁོར་རྨད་དུ་བྱུང་བའི་དཀྱིལ་འཁོར་ཡིན་པར་ཐུགས་སུ་ཆུད་པའི་དོན་རྡོ་རྗེ་སེམས་དཔའ་ལ་རིག་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་གཟིགས་ཏེ།ཡིད་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ནས། རང་གི་རིག་པའི་དོན་གསལ་བར་ཕྱུང་སྟེ།ཐམས་ཅད་ཀྱི་དོན་ཇི་ལྟ་བུ་ཡིན་པ་སོ་སོར་གསལ་བར་སྣང་བར་བྱས་ནས། རྡོ་རྗེ་སེམས་དཔའ་ཉིད་དང་། བདེ་བར་གཤེགས་པ་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་དང་། བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་ཡིན་པ་དང་། བྱང་ཆུབ་རྨད་དུ་བྱུང་བ་ལས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འབྱུང་བས་རྨད་དུ་བྱུང་བ་ཉིད་ཡིན་པ་དང་། ཡང་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས་བསྐྱེད་པའི་དཀྱིལ་འཁོར་སྐུ་རྨད་དུ་བྱུང་བ་སྐུའི་དཀྱིལ་འཁོར་དང་། གསུང་རྨད་དུ་བྱུང་བ་གསུང་གི་དཀྱིལ་འཁོར་དང་། ཐུགས་རྨད་དུ་བྱུང་བ་ཐུགས་ཀྱི་དཀྱིལ་འཁོར་དང་། ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་པར་སྣང་བར་བྱས་ནས། དེ་དག་ཐམས་ཅད་བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་སུ་བསྡུས་སོ། །དེ་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་མཁས་པ་རྫོགས་སངས་རྒྱས། །སངས་


DNG006_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དོན་དུ་མཛད་པ་ཡི། །ཐུགས་ཀྱི་སྒྲོན་མས་དོན་བསྟན་པ། །གང་བློ་ཐེ་ཚོམ་ཟ་བ་དང་། །གང་ཡིན་འགལ་བར་ཡིད་སེམས་པ། །འཇིགས་པ་ཐམས་ཅད་དེ་ལའོ། །མགོ་ནི་ཚལ་པ་བདུན་དུ་འགས། །རྡོ་རྗེ་སེམས་དཔའ་དེ་ལ་སྣང་། །སྔགས་འཆང་རྣམས་ཀྱིས་སྤངས་པར་འགྱུར། །སྔགས་རྣམས་ཐམས་ཅད་གསང་བ་ཡི། །ལྟ་བ་རྨད་དུ་བྱུང་བའི་དོན། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱིས། །སྔོན་ཆད་རྟོགས་པར་མ་གྱུར་པ། །ཐུགས་ཀྱི་སྒྲོན་མེས་དོན་བསྟན་པ། །གང་ལ་སངས་རྒྱས་གུས་མཛད་པ། །དོན་དེ་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ལ་བརྩེ་དགོངས་ནས། །གང་གི་དོན་དུ་མཛད་པ་ཡིས། །དོན་མཛད་དེ་ལ་ཕྱག་འཚལ་ལོ། །གང་གི་དོན་དུ་བྱས་པའི་དོན། །དེ་དག་བདག་ལ་འགྲུབ་གྱུར་ཅིག །གཞན་ཡང་མེ་འོད་འབར་བ་ལྟར། །དོན་དེ་བདག་གིས་རིག་གྱུར་ནས། །སངས་རྒྱས་ཀུན་དང་བསྐལ་མཉམ་སྟེ། །སངས་རྒྱས་ཀུན་ལས་རྒྱས་གྱུར་ཅིག །དུས་གསུམ་རྣལ་འབྱོར་གང་དག་གིས། །སྐལ་ལྡན་གང་ཞིག་འབྱུང་བ་ཡི། །དོན་དུ་བདག་གིས་བཤད་པར་འཚལ། །རྨད་བྱུང་བྱང་ཆུབ་སེམས་རྟོགས་ནས། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། །རྡོ་རྗེ་བདག་ལ་ཡང་སངས་རྒྱས། །རྨད་བྱུང་བྱང་ཆུབ་སེམས་འདི་ནི། །ཀུན་གྱིས་རིག་པ་མ་ཡིན་ཏེ། །ལྷ་རྣམས་ཀུན་གྱིས་དེ་མ་རིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། །འདི་ནི་རིག་པར་དཀའ་བའོ། །བདེ་གཤེགས་རྣམས་ཀྱིས་སྔོན་མ་རིག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་བསྒོམ་པའི་མཆོག་ཡིན་ནོ། །སེམས་དཔའ་ཆེན་པོ། ཐམས་ཅད་མཁྱེན་པ་བསྒོམ་པའི་མཆོག །ངོ་བོ་ཉིད་ནི་དམིགས་སུ་མེད། །ང་ཡི་ལུས་སུ་སྦྱོར་བ་ལ། །བྱང་ཆུབ་མེད་ཅིང་བསྒོམ་པ་མེད། །ལུས་དང་ངག་སེམས་མཚན་ཉིད་ནི། །ཡེ་ཤེས་ལྔ་ཡི་བྱང་ཆུབ་སེམས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་


DNG006_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་དྲི་མ་མེད། །ཐམས་ཅད་མ་སྐྱེས་ཟག་པ་མེད། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །ཁམས་ཀྱང་མེད་ཅིང་འབྱུང་བའང་མེད། །མཚན་མེད་མི་འགྱུར་ནམ་མཁའ་བཞིན། །གཉིས་མེད་གཉིས་སུ་མེད་མིན་ཞེས། །བྱང་ཆུབ་སེམས་འདི་རྒྱས་པའི་སྤྱན། །ཞེས་བཀའ་སྩལ་ཏོ། །ཀྱེ་སེམས་དཔའ་ཆེན་པོ། བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འདྲ་སྟེ། ངའི་བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་ཡིན་ནོ། །རིག་པ་རང་ལས་བྱུང་བའི་ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་རོལ་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངས་མཛད་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་རྨད་དུ་བྱུང་བའི་དཀྱིལ་འཁོར་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །རང་རིག་པ་ལས་བྱུང་བའི་ཆོ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །བདེ་བར་གཤེགས་པ་རྣམས་དང་། རྡོ་རྗེ་སེམས་དཔའ་ཉིད་གསང་བ་དང་། གསང་བ་ཆེན་པོ་དང་། གསང་བ་དེ་ཁོ་ན་ཉིད་དང་། ལྟ་བ་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །སྐུ་རྨད་དུ་བྱུང་བ་སྐུའི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །གསུང་རྨད་དུ་བྱུང་བ་གསུང་གི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ཐུགས་རྨད་དུ་བྱུང་བ་ཐུགས་ཀྱི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། ) བྱང་ཆུབ་སེམས་རྨད་དུ་བྱུང་བ་བསྟན་པའི་ལེའུ་སྟེ་དང་པོའོ།། །།ཆོས་ཉིད་བསྟན་པའི་ཕྱིར་སེམས་དཔའ་ཆེན་པོ། བྱང་ཆུབ་ཏུ་འདོད་དེ་ལ་བྱང་ཆུབ་མེད། །ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རིང་། །སྒྱུ་འདྲའི་ཆོས་ཉིད་གང་གིས་ཤེས་གྱུར་པ། །དེ་ཉིད་བྱང་ཆུབ་སེམས་བདག་ཡིན་པར་ངེས། །བྱང་ཆུབ་སྙིང་པོར་བདག་འདུས་པས། །ཐོབ་པ་མེད་


DNG006_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྤང་བ་མེད། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི། །ཐ་སྙད་ཡིན་ཏེ་དོན་དུ་མེད། །ཆོས་ཉིད་མཚན་ཉིད་རྣམ་པར་དག །བདག་མེད་ཆོས་ལས་ཀུན་ཏུ་འབྱུང་། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་མེད་ཅིང་བསྒོམ་པའང་མེད། །ནམ་མཁའི་ཚུལ་དུ་རང་བྱུང་བས། །དངོས་གྲུབ་ཀུན་ཏུ་རབ་ཏུ་གྲགས། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་སེམས་ཅན་མེད། །བདག་མེད་པ་ཡི་ཆོས་ལས་བྱུང་། །སངས་རྒྱས་བྱང་ཆུབ་རྫོགས་བྱེད་པ། །རྣམ་པར་མི་རྟོག་དམིགས་སུ་མེད། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། སྤྲོས་པ་མེད་པའི་ལེའུ་སྟེ་གཉིས་པའོ།། །།ཆེ་བ་བསྟན་པའི་ཕྱིར། སེམས་དཔའ་ཆེན་པོ། ཐུགས་ཀྱི་དཀྱིལ་འཁོར་རང་བྱུང་ལ། །ཡེ་ཤེས་རྫོགས་ཞུགས་མེ་ལོང་བཞིན། །ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་རྣམས་ལ་ཡེ་ཤེས་ཏེ། །བྱང་ཆུབ་སེམས་ཀྱི་དོན་རྟོགས་པས། །སངས་རྒྱས་ཀུན་གྱི་ཉིང་ཤ་ཅན། །ང་ནི་སངས་རྒྱས་ཀུན་གྱི་དུག །དུར་ཁྲོད་ཆེན་པོ་ང་བདག་ཡིན། །སེམས་ཅན་ཆེན་པོ་ཐམས་ཅད་དང་། །སེམས་ཅན་ཐམས་ཅད་ང་ལས་བྱུང་། །སེམས་ཅན་དུར་ཉིད་ང་ཡིན་ནོ། །སྐལ་ལྡན་སེམས་དཔས་རིག་པར་གྱིས། །སངས་རྒྱས་ཐམས་ཅད་ང་ཡི་ཞིང་། །སེམས་ཅན་ཐམས་ཅད་སྐུ་གསུང་གཏེར། །ཐམས་ཅད་ང་ཡི་ལོངས་སྤྱོད་རྒྱུ། །ཞེས་གསུངས་པའི་ཚིག་ཐོས་པ་དང་། སེམས་དཔས་སྐལ་ལྡན་ཞལ་མཐོང་བས། །རྨད་བྱུང་གསང་བའི་དཀྱིལ་འཁོར་འདིར། །བྱང་ཆུབ་སེམས་ཡིན་བདག་ཉིད་རིག །ཐལ་མོ་སྦྱར་ནས་འདི་སྐད་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་རོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་སྐུ་སྟེ་སྐུ་ལ་རོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་གསུང་སྟེ་གསུང་ལ་རོལ། །ཞེས་གསོལ་པ་དང་།


DNG006_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ། བསྐལ་པ་འབུམ་ཕྲག་སྔོན་རོལ་དུ། །ང་ཉིད་གཅིག་པུ་སྔོན་དུ་བྱུང་། །འབྱུང་བ་བས་ནི་ང་སྔར་བྱུང་། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ང་ལས་བྱུང་བ་དེ་ཡི་ཕྱིར། །སེམས་དཔའ་ཆེན་པོ་ཐུགས་ཉིད་ནི། །ང་ཡི་བྱིན་རླབས་ཆེན་པོ་བས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྣལ་འབྱོར་ཆེན་པོ་ཀུན་འདུས་ནས། །འོད་ཟེར་མངོན་སུམ་ཉི་བཞིན་ཤར། །སེམས་དཔའ་ཆེན་པོ་སྐལ་བཟང་ཡིན། །རྣལ་འབྱོར་གང་ཞིག་འདི་འཆད་པ། །སེམས་དཔའ་ཉིད་ཀྱི་སྐུ་གསུང་ཐུགས། །དེ་ཉིད་ཡིན་པར་ཤེས་པར་གྱིས། །དོན་འདི་རིག་པའི་རྣལ་འབྱོར་པ། །སངས་རྒྱས་ས་ལ་མི་གནས་ཏེ། །ཐམས་ཅད་པ་ཉིད་ང་ཡི་ཐུགས། །སེམས་ཅན་སངས་རྒྱས་ང་ལས་སྐྱེས། །ཞེས་གསུངས་སོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། ཆེ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།གསང་བ་ཞལ་གྱིས་བཞེས་པ། སེམས་དཔའ་ཆེན་པོ། ང་བྱེད་པ་པོ་ང་ཉིད། ང་རང་བཞིན་གྱིས་རྣམ་པར་དག་ནས་སངས་རྒྱས་པས། འདུས་བྱས་ཀྱི་ཆོས་ཡེ་ནས་མེད་དོ། །དེའི་ཕྱིར་ཆོས་ཐམས་ཅད་རྣམ་པར་དག་པ་ཉིད་ཡིན་ནོ། །ང་ཉིད་ཆོས་ཀྱི་སྐུའི་རྣལ་འབྱོར་ཡིན་པས། ངའི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའོ། །སངས་རྒྱས་ཀུན་པས་སྔར་སངས་རྒྱས་པའོ། །ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་མཚན་ཉིད་ཡེ་ནས་མེད། །གང་ལ་ཆགས་མེད་སྔོན་རོལ་ན། །ཆགས་པའི་འདོད་ཆགས་ཡོངས་ཀྱིས་མེད། །སྲིད་པ་མེད་པའི་སྔོན་རོལ་ན། །སྲིད་པའི་ཆོས་ཉིད་ཡེ་ནས་མེད། །འབྱུང་བ་མེད་པའི་སྔོན་རོལ་ན། །ཆེན་པོ་ལྔ་ཉིད་ཡེ་ནས་མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། །སེམས་ཅན་མིང་ཉིད་ཡེ་ནས་མེད། །སྔོན་དུ་འཁོར་བའི་ཆོས་ཡང་མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བའི་ཆོས་ནི་ཡེ་ནས་མེད། །དེ་ཕྱིར་འབྱུང་ལས་ང་སྔར་བྱུང་། །ཐམས་ཅད་ང་ཡིས་


DNG006_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཡིན། །ཐམས་ཅད་ང་ལས་སྐྱེས་པ་ཡིན། །ཐམས་ཅད་ང་ལས་བྱུང་བ་ཡིན། །ཞེས་བཀའ་སྩལ་ཏོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། ཞལ་གྱིས་བཞེས་པ་གསང་བའི་ལེའུ་སྟེ་བཞི་པའོ།། །།གཞི་རྩ་མེད་པའི་སེམས་ཉིད་ནི། །བཀྲུས་པས་མི་འདག་ནམ་མཁའ་བཞིན། །སྐྱེ་དང་བྲལ་བའི་བྱང་ཆུབ་ལ། །བྱང་ཆུབ་རྒྱུ་འབྲས་ཡོངས་ཀྱིས་མེད། །རྨད་བྱུང་བྱང་ཆུབ་སེམས་འདི་ནི། །རང་གི་རིག་པ་ཆེན་པོས་མཁྱེན་ནས། །རོལ་པའི་ཐབས་ཆེན་རང་ལ་རྫོགས་པར་སངས་རྒྱས་སོ། །འདོད་ཆགས་ཞེ་སྡང་གཏིམུག་ང་རྒྱལ་ཕྲག་དོག་ཡེ་ནས་ཡོད་ཅིང་མཐར་གནས་པས་ཡེ་ནས་དག་སྟེ། འདོད་ཆགས་ཉིད་ངའོ། །ཞེ་སྡང་ངའོ། །གཏི་མུག་ངའོ། །ང་རྒྱལ་ངའོ། །ཕྲག་དོག་ངའོ། །དེའི་དུས་སུ་སྔོན་བྱུང་བ་དང་། །ད་ལྟར་གཉིས་དབྱེར་མེད་པར་གནས་པའི་ཕྱིར་ལྷན་ཅིག་འབྱུང་བའི་ཆོས་འདོད་ཆགས་རང་བཞིན་གྱིས་རྣམ་པར་དག་པས་ཞེ་སྡང་ལ་སོགས་པ་རྣམ་པར་དག་གོ། །འདོད་ཆགས་སྤྲོས་པ་མེད་པས་ཞེ་སྡང་ལ་སོགས་པའི་མིང་མེད་དོ། །སེམས་ཉིད་ལས་བྱུང་བའི་ཆོས་སོ། །རང་བཞིན་གྱིས་རྣམ་པར་དག་པས་སོ་སོར་དབྱེར་མེད་པ། བརྟན་པ།མཁྲེགས་པ། མ་སྒྲགས་མ། མི་ཆོད་པ། རྡོ་རྗེ་སྙིང་པོར་སྦྱོར་བ། གཉིས་སུ་མེད་པ། སོ་སོ་མ་ཡིན་པའི་ཆོས་མཉམ་པ་ཉིད་ལས་ཆོས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་རང་གི་སེམས་ཉིད་ལས་བྱུང་ཞིང་། རིགས་དང་རིགས་ལྔར་གྱུར་པའི་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ། འཁོར་ཕུན་སུམ་ཚོགས་པ་ལས་བྱུང་ཞིང་སྤྱོད་པའོ། །རྒྱུ་རྐྱེན་རྟེན་འདྲེལ་གྱི་ནུས་མཐུ་ཉིད། སྣང་མཛད་ཀྱི་བྱང་ཆུབ་སེམས་ཉིད། ལུས་དང་ངག་དང་སེམས་དབྱེར་མེད་པར་མཉམ་པ་ཉིད་དུ་གྱུར་པ། ངོ་བོར་བསམ་པ་དང་བྲལ་བའི་མཐུས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་རྫོགས་པར་རང་ལས་བྱུང་ཞིང་འབྱུང་བ་དང་། འོད་དང་མངོན་པར་ཤེས་པ་དང་། བྲག་དང་། ཆུ་དང་། ནམ་མཁའ་


DNG006_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐོགས་པ་མེད་པར་འགྲོ་བ་དང་། སྤྲུལ་པ་སྣ་ཚོགས་ཅིར་ཡང་སྣང་བ་དང་། སྒྲ་སྐད་སྣ་ཚོགས་འབྱུང་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་སྲིད་པའི་ཆོས་དང་། མི་སྲིད་པའི་ཆོས་ཐམས་ཅད་ངའི་ལུས་ངག་ཡིད་གསུམ་གྱི་མཐུ་ལས་གྱུར་པ་ཡིན་ནོ། །དེའི་ཕྱིར་སོ་སོར་ཀུན་ཏུ་རྟོགས་པའི་ཡེ་ཤེས་ཀྱིས། སེམས་ཅན་ཇི་སྲིད་འཁོར་བའི་ཆོས་ཐམས་ཅད་དང་། མངོན་པར་རྫོགས་པར་སངས་རྒྱས་པ་དང་། འདས་པ་དང་མ་འོངས་པ་དང་།ད་ལྟར་བཞུགས་པ་དང་། སྲིད་པ་གསུམ་དང་ཁམས་གསུམ་དང་། མཆོག་གསུམ་དང་། ཡུམ་གྱི་ལྷུམས་ན་བཞུགས་པ་དང་། འབྱུང་བ་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བ་དང་། ལྷ་དང་། མི་དང་། རྒན་པ་དང་། གཞོན་པ་ལ་སོགས་པ་ཐམས་ཅད་ང་ཉིད་ཡིན་པས། ང་ཉིད་ཀྱི་ཐུགས་ལས་སྦྱར་བ་ཡང་མ་ཡིན་ནོ། །ཡིད་རང་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། དཔག་བསམ་གྱི་ཤིང་། ལྷའི་ལོངས་སྤྱོད་ཐམས་ཅད་དང་། རྒྱ་མཚོ་དང་། རི་རབ་དང་། གླིང་ལ་སོགས་པ་འདི་ངའི་བྱང་ཆུབ་སེམས་ཡིན་ནོ། །ང་གང་ན་འདུག་པ་ཉིད་ཡོངས་སུ་རྫོགས་པའི་སངས་རྒྱས་ཡིན་ནོ། །ང་ཅིར་ཡང་འགྱུར་དུ་བཏུབ་པའི་དུས་ངན་ན་ཡང་སངས་རྒྱས་སོ། །ང་སྐྱེ་བ་ཉིད་གང་དུ་སྐྱེས་པར་གྱུར་པ་ན་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །ང་རོལ་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཉིད་ཡིན་ནོ། །སེམས་ཅན་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་པ་ནི་ངའི་བྱང་ཆུབ་ཀྱི་སེམས་སོ། །མ་བྱུང་མ་གྱུར་པ་གཅིག་ཀྱང་མེད་དོ། །བྱང་ཆུབ་ཀྱི་སེམས་ལས་གྱུར་པའི་མཐུས་སངས་རྒྱས་སོ། །བྱང་ཆུབ་ཀྱི་སེམས་ཡེ་ནས་སངས་རྒྱས་སོ། །བྱང་ཆུབ་སེམས་ནི་ཅིར་ཡང་སྣང་། ཅིར་ཡང་འགྱུར་དུ་བཏུབ་པ་ཡིན་ནོ། །


DNG006_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ཆེན་པོ་ཅིར་ཡང་སྟོན་པར་མཛད་པ་ཡིན་ནོ། །བཅུད་ཀྱི་འཇིག་རྟེན་རྣམ་པར་སྣང་མཛད་ལས་བྱུང་བ་འདི་ནི། འབྱུང་བ་སངས་རྒྱས་དང་སེམས་ཅན་མང་པོ་འབྱུང་བར་འགྱུར་བ་ཉིད། ངའི་སྐུ་གསུང་ཐུགས་ལས་བྱུང་བའི་མཐུ་དང་རྫུ་འཕྲུལ་ལོ། །གསང་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཡི་གེ་རྨད་དུ་བྱུང་བའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ནི་སངས་རྒྱས་ལས་བྱུང་བས་གསང་བའི་མན་ངག་དེ་ཁོ་ན་ཉིད་དོ། །བྱང་ཆུབ་ཀྱི་སེམས་འཕྲུལ་ཆེན་པོ་བསྟན་པའི་དོན་ནི་རྣམ་པ་ལྔ་སྟེ། བྱང་ཆུབ་ཀྱི་སེམས་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང་།བྱང་ཆུབ་ཀྱི་སེམས་རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང་། བྱང་ཆུབ་ཀྱི་སེམས་རོལ་པ་ཆེན་པོ་ཡོངས་སུ་བསྟན་པའི་ཆོ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང་། བྱང་ཆུབ་སེམས་གསང་བ་རྨད་དུ་བྱུང་བའི་ཆོས་རྗེས་སུ་བསྟན་པའི་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང་། བྱང་ཆུབ་ཀྱི་སེམས་གསང་བ་ཆེན་པོའི་རྒྱུད་གསང་བའི་འཕྲུལ་ཆེན་པོ་མངོན་པར་བསྟན་པའི་ཆོས་རྨད་དུ་བྱུང་བའོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། འཕྲུལ་ཆེན་པོའི་ལེའུ་སྟེ་ལྔ་པའོ།། །།བྱང་ཆུབ་ཀྱི་སེམས་གསང་བ་རྨད་དུ་བྱུང་བའི་འཕྲུལ་ཆེན་པོ་འདི་ནི་སྐུ་གསུང་ཐུགས་ཉིད་དུ་གྱུར་པ་ཡིན་ཏེ། སྔོན་གྱི་སངས་རྒྱས་རྣམས་ཀྱིས་བཤད་པ་ཡིན་ནོ། །ཀྱེ་སེམས་དཔའ་ཆེན་པོ། སྣང་ལ་མི་གནས་པ་རྣམས་ནི་ཐུགས་གསང་བ་ཆེན་པོ་རྨད་དུ་བྱུང་བའོ། །འདི་ཡང་དག་པ་སངས་རྒྱས་ཀྱི་ལམ་ནས་ནམ་མཁའ་ཆགས་པ་མེད་པར་ཀུན་ཏུ་ཁྱབ་ཅིང་རང་ལ་འདུས་པ་ནི་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའོ། །ཀྱེ་སེམས་དཔའ་ཆེན་པོ། བཀོད་པ་མེད་པར་མངོན་པར་སྣང་བ་ནི།སྐུ་རྨད་དུ་བྱུང་བའི་དཀྱིལ་འཁོར་ཡིན་ནོ། །རང་རིག་པ་ལས་བྱུང་བའི་ཆོས་རྣམས་ལ་གང་དུ་ཡང་བསམ་དུ་མེད་དོ། །མེད་པ་ཉིད་ཀྱི་དོན་དུ་གྱུར་ནས་གནས་པ་ནི་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའོ། །ཀྱེ་སེམས་དཔའ་ཆེན་པོ། མ་སྐྱེས་མ་


DNG006_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པར་སྒྲ་སྐད་སྣ་ཚོགས་སོ་སོ་རང་རང་ལས་བྱུང་བ་ནི་གསུང་རྨད་དུ་བྱུང་བའི་དཀྱིལ་འཁོར་ཡིན་ནོ། །སྒྲ་སྐད་ལས་འདས་པའི་ཏིང་འཛིན་གྱི་སྐུ་གསུང་ཐུགས་ཉིད་དུ་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ཀྱེ་སེམས་དཔའ་ཆེན་པོ། རང་རིག་པའི་སེམས་ལས་བྱུང་བའི་ཆོས་སྐུ་མི་མངའ་བར་ཀུན་ལ་ཁྱབ་པར་གནས་པ་ནི་ནམ་མཁའ་སྟེ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ། །ཀྱེ་སེམས་དཔའ་ཆེན་པོ། སྐུ་དང་གསུང་དང་དཔེ་བྱད་ལས་འདས་པ། སྐུ་ལྔ་ལྷུན་གྱིས་རྫོགས་པར་གསལ་བར་རང་བྱུང་བ་ལས་ནི་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའོ། །ཀྱེ་སེམས་དཔའ་ཆེན་པོ། ཆེན་པོ་ལྔ་ཉིད་སྐུ་ལྔ་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་ཉིད་དོ། །ཆེན་པོ་ལྔའི་དྭངས་མ་ནི་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པ་རྨད་དུ་བྱུང་བ་ཉིད་དོ། །དྭངས་མ་དེ་གསལ་བའི་སྙིང་པོ་ཤིན་ཏུ་བརྟག་དཀའ་བའི་ཡེ་ཤེས་ཏེ་ཐུགས་ཉིད་དུ་གྱུར་པའོ། །ཀྱེ་སེམས་དཔའ་ཆེན་པོ། འབྱུང་བ་ཆེན་པོ་སོ་སོར་མ་བཅོས་མ་བྱས་བསམ་པ་མེད་པ་ལས་སྒྲ་སྐད་སྣ་ཚོགས་འབྱུང་བ་ནི་ང་ཉིད་ཡིན་ནོ། །ཀྱེ་སེམས་དཔའ་ཆེན་པོ། སྒྲ་འདི་དག་ནི་བདག་ཉིད་ལས་བྱུང་བས་གང་གི་ངོ་བོར་ཡང་མ་གྲུབ་པ་ནི་ཆོས་ཀྱི་སྐུ་སྟེ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའོ། །འབྱུང་བ་ཆེན་པོ་བཞི་ནི་སྐྱེ་བ་འབྱུང་བ་དང་སྐྱེ་བ་རྣམས་ཀྱི་རྒྱུ་ཉིད་དུ་གྱུར་པས་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ། །འབྱུང་བ་ཉིད་དོ། །འབྱུང་བ་ཆེན་པོ་བཞི་ལས་བྱུང་ཞིང་སྐྱེས་པ་དང་། སྐྱེ་བ་རྣམ་བཞིའི་སེམས་ཅན་རྣམས་བདག་ཉིད་དུ་གྱུར་པས་སངས་རྒྱས་པ་མེད་པའི་སངས་རྒྱས་པ་ཡིན་པས་བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་དོ། །ཀྱེ་སེམས་དཔའ་ཆེན་པོ། དེ་ལས་བྱུང་བ་ནི་བདག་ཉིད་ལས་བྱུང་བའི་ཆོས་ཐམས་ཅད་ཉོན་མོངས་པའི་དྲི་མ་ཡེ་ནས་མེད་པའོ། །བྱང་ཆུབ་ཅེས་བྱ་བ་ནི་འདས་པ་དང་། མ་བྱུང་བ་དང་། ད་ལྟར་བཞུགས་པ་དང་། སྟོང་གསུམ་གྱི་


DNG006_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་དོན་གཅིག་སྟེ། སྐུ་གསུང་ཐུགས་ལས་མ་གཏོགས་པའི་ཆོས་རྡུལ་ཙམ་ཡང་མེད་ལ་ཆོས་ཐམས་ཅད་ཀྱི་དོན་དབྱེར་མེད་པར་ཐུགས་སུ་ཆུད་པ་ནི་ཀུན་ཏུ་ཆུབ་པའོ། །སེམས་ནི་ཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་དབྱེར་མེད་པའི་དོན་ལས་གཡོ་བ་མེད་པར་གསལ་བའི་ཏིང་ངེ་འཛིན་ཏོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་སེམས་ཉིད་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།སེམས་དཔའ་ཆེན་པོས་ཞུས་པ། བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་ལ་རྣམ་པར་ཐར་པའི་ལམ་དུ་མངའ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། སེམས་དཔའ་ཆེན་པོ་ཉོན་ཅིག །ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྣམ་པར་ཐར་པའི་ལམ་མ་ནོར་བའི་ཆོས་ཉིད་རྣམ་པར་དག་པ་ལྔ་ཡོད་དེ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལྔའོ། །དེ་ལ་འདོད་པ་ནི་བདག་ཉིད་ལས་བྱུང་བའི་ཆོས་ལ་བདག་ཉིད་དུས་དང་རྣམ་པ་མེད་པར་ལོངས་སྤྱོད་པར་འདོད་དོ། །ཆགས་པ་ནི་འདོད་པའི་དབང་དུ་གྱུར་པའོ། །དེ་ལ་བདག་ཉིད་ལས་བྱུང་བའི་ཆོས་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའོ། །དེ་དག་ཇི་ལྟར་འདོད་ཅེ་ན། ཐམས་ཅད་བདག་ཉིད་དུ་གྱུར་པར་འདོད་ཅིང་འདོད་པ་དེ་ལ་ཆགས་པའོ། །ཞེ་སྡང་ནི་བདག་ཉིད་ལ་ཡེ་ནས་གནས་པའི་ཆོས་ཐམས་ཅད་འབྱུང་བའི་ངོ་བོ་ཉིད་དུ་གྱུར་པ། སྤོངས་ཀྱང་མི་སྤང་། བཀྲུས་ཀྱང་མི་འདག་ཆོས་ཀྱི་ཆོས་ཉིད་དུ་གྱུར་པ་འདོད་ཆགས་སྤང་བ་ལ་ཞེ་སྡང་བ། ཞེ་སྡང་སྤང་བ་ལ་ཞེ་སྡང་བ། གཏི་མུག་སྤང་བ་ལ་ཞེ་སྡང་བ། ང་རྒྱལ་སྤང་བ་ལ་ཞེ་སྡང་བ། ཕྲག་དོག་སྤང་བ་ལ་ཞེ་སྡང་བ། གཏི་མུག་ནི་བདག་ཉིད་ལས་བྱུང་བའི་ཆོས་ཅན་ལ། བལྟ་བས་སོ་སོར་དབྱེར་མེད་པར་ཐུགས་སུ་ཆུད་དེ། སོ་སོར་དབྱེ་བ་མི་མངའ་བས་གཏི་མུག་དྭངས་པ་དང་། ཆོས་ཐམས་ཅད་བདེ་བར་


DNG006_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཐུགས་རྗེའི་བདག་ཉིད་དུ་གྱུར་པས་གསང་བ་མཆོག་གི་དགེས་པ་ན་ཐམས་ཅད་གཅིག་ཏུ་བཞུགས་པས། ས་དང་སའི་རིམ་པར་བྱེད་པའི་དགོངས་པ་མི་མངའ་བས་གཏི་མུག་དང་། སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་གཅིག་སྟེ། དབྱེར་མེད་དུ་ཐུགས་སུ་ཆུད་དེ། མཉམ་པ་ཉིད་ཀྱི་སྐུར་བཞུགས་ཤིང་མཉམ་པའི་དོན་ལ་དགོངས་པས་གཏི་མུག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་ཐམས་ཅད་བདག་ཉིད་ལས་བྱུང་ཞིང་། གཞན་ལས་མ་བྱུང་མ་སྐྱེས་པའི་དོན་ཐུགས་སུ་ཆུད་པས་བདག་ཉིད་ཀྱི་སྐུ་ལས་མ་གཏོགས་པར་གཞན་དུ་གྱུར་པ་དང་། གཞན་དུ་སྐྱེ་བ་དང་། གཞན་དུ་འབྱུང་བ་དང་། གཞན་དུ་འགོག་པ་དང་། གཞན་ལས་སྐྱེས་པ་དང་། གཞན་ལས་བྱུང་བ་དང་། གཞན་དུ་གྱུར་པར་སྟོན་པ་མི་མངའ་བས་གཏི་མུག་པ་དང་། བདག་ཉིད་ལས་བྱུང་བའི་སྤྲུལ་པའི་སྐུ་རྣམ་པ་སྣ་ཚོགས་ལས་རོལ་པ་ཅིར་ཡང་མཛད་ཅིང་། སྐུ་གཅིག་ཏུ་སྟོན་པ་མི་མངའ་བས་གཏི་མུག་པའོ། །ང་རྒྱལ་ནི་བདག་ཉིད་ལས་བྱུང་བའི་ཆོས་ཐམས་ཅད་དང་། སྐྱེ་བ་ཐམས་ཅད་ལ་ང་དང་བདག་མེད་པར་ཐུགས་སུ་ཆུད་དེ་མཁྱེན་པས། དེའི་ཆོས་ཐམས་ཅད་ང་དང་བདག་མེད་པར་སྟོན་པར་མཛད་པའི་ང་རྒྱལ་དང་། བདག་ཉིད་ལས་བྱུང་བའི་ཆོས་བླ་ན་མེད་པའི་ཆེ་བ་ཐུགས་སུ་ཆུད་དེ་དུས་གསུམ་དུ་བདག་ཉིད་སྟོན་པར་མཛད་ཅིང་། བདག་ཉིད་ཀྱི་ཆེ་བ་སྟོན་པར་མཛད་པའི་ང་རྒྱལ་དང་། བདག་ཉིད་ལས་བྱུང་བའི་ཆོས་རྣམས་ལ་བདག་ཉིད་དུས་ཐམས་ཅད་དུ་ལོངས་སྤྱོད་པར་མཛད་པའི་དབང་གིས་རོལ་པའི་སྐུ་ཅིར་ཡང་སྟོན་པས་ང་རྒྱལ་བ་དང་། ཆོས་ཐམས་ཅད་དང་། སྲིད་པ་གསུམ་དང་། ཆེན་པོ་ལྔ་ལ་སོགས་པ་དང་། སྐྱེ་འགྲོ་ཐམས་ཅད་མ་ལུས་པ་ཐུགས་སུ་ཆུད་དེ། དེ་དག་ཐམས་ཅད་བདག་ཉིད་དུ་འདུས་ཤིང་བདག་ཉིད་དུ་གྱུར་པར་སྟོན་པར་མཛད་པའི་ཆེ་བའི་ང་རྒྱལ་ལོ། །ཕྲག་དོག་ནི་ཆོས་ཐམས་


DNG006_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ངོ་བོ་ཉིད་གཅིག་པ་ལས་ཐ་དད་པར་རྟོགས་པ་ལས་ཕྲག་དོག་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ཡེ་ནས་བྱང་ཆུབ་ཀྱི་སྐུ་གསུང་ཐུགས་དབྱེར་མེད་པ་ལས་མཚན་ཉིད་སོ་སོར་འཛིན་པ་ལ་ཕྲག་དོག་པ་དང་། ཡང་དག་པའི་དོན་མ་ནོར་བ་གཏན་ལ་ཕབ་པ་ལ། ཕྱིན་ཅི་ལོག་ཏུ་རྟོགས་པ་དེ་ལ་ཕྲག་དོག་པ་དང་། ཆོས་ཐམས་ཅད་བདེ་བར་གཤེགས་པ་ཡིན་པ་ལས་དེ་ལྟར་མ་རྟོགས་པ་ལ་ཕྲག་དོག་པ་དང་། ཆེ་བའི་ལམ་ཡིན་པ་ལ་རྣམ་པར་ཐར་པ་མ་མཐོང་བ་ལ་ཕྲག་དོག་པའོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་སེམས་དཔས་ཐར་པའི་ལམ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།རྡོ་རྗེ་སེམས་དཔའ་ཆེན་པོ་ཁྱོད། །ཡང་དག་སངས་རྒྱས་ལམ་རིག་པ། །ནམ་མཁའ་ལྟ་བུར་སྐྱེ་བ་མེད། །རྣམ་དག་ཕུང་པོ་ལྔ་བདེ་བ། །སྣ་ཚོགས་ངེས་པར་ཁྱོད་ལས་བྱུང་། །ཁྱོད་ལས་མ་བྱུང་གཅིག་ཀྱང་མེད། །སྣ་ཚོགས་འབྱུང་བ་ཀུན་གྱི་རྒྱུ། །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཐམས་ཅད་ལམ། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །འབྱུང་བ་རྣམས་པས་ཁྱོད་སྔར་བྱུང་། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ཏེ་འཇིག་པ་མེད། །ཁྱོད་ལས་བྱུང་བ་ཡི་གེ་མེད། །གསང་སྔགས་དོན་དུ་བསྐྱེད་རྣམས་ལ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཡན་ལག་མེད་པའི་རྩིས་ལས་འདས། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཐམས་ཅད་སངས་རྒྱས་ཉིད་ཀྱིས་མཛད། །སངས་རྒྱས་བྱང་ཆུབ་བླ་ན་མེད། །རང་གི་ལོངས་སྤྱོད་རང་ལས་སྤྲུལ། །རང་ལས་སྤྲུལ་པའི་སྐུ་རྣམས་ལ། །རང་གིས་ལོངས་སྤྱོད་ཅི་ཡང་མཛད། །སྤྲུལ་པ་སྣ་ཚོགས་ཅིར་ཡང་སྟོན། །ཁྱོད་ལས་ཆོ་འཕྲུལ་སྣ་ཚོགས་འབྱུང་། །རོལ་པའི་སྐུར་ནི་ཅིར་ཡང་རོལ། །སངས་རྒྱས་རོལ་པ་ཁྱོད་ལས་བྱུང་། །སེམས་


DNG006_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་ཐམས་ཅད་ཁྱོད་ཉིད་ལས་བྱུང་བའོ། །སེམས་དཔའ་ཆེན་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་རྨད་དུ་བྱུང་བའོ། །སེམས་དཔའ་ཆེན་པོ་ཉོན་ཅིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཐམས་ཅད་མཛད་དོ། །ཆགས་པ་དང་བྲལ་བའི་ལུས་ལས་འདས་པ་ནི་ཁྱོད་དོ། །ངའི་བྱང་ཆུབ་ཀྱི་སེམས་ཕྲ་ཞིང་ཟག་པ་མེད་པ། ས་བོན་དང་བྲལ་བ། རྡུལ་མེད་པ། རྡུལ་དང་བྲལ་བ། དྲི་མ་མེད་པ་ནི་བདེ་བར་གཤེགས་པ་རྣམས་དང་། སེམས་ཅན་ཐམས་ཅད་ལ་གནས་པ་ཡིན་ནོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་བྱང་ཆུབ་ཀྱི་སེམས་གསང་བ་དམ་པའོ། །སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ནི་འདི་ལྟར་རིག་པར་བྱའོ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་པ་དེ་ནི་སྐུའི་འོད་ལ་བཞུགས་ཤིང་། གསུང་གི་ཟེར་ལ་རོལ་ཏེ།དེའི་ཕྱིར་རྣམ་པར་དག་པ་ནམ་མཁའ་དང་འདྲ་བའི་སྐུའོ། །དེ་ཡང་ཡངས་པ་དང་། ཀུན་ལ་ཁྱབ་པར་གནས་པ་དང་། འགོག་པ་མེད་པར་སྙོམས་པར་གྱུར་པ་ནི་ནམ་མཁའོ། །གསལ་ཞིང་སྣང་བ་ཐམས་ཅད་ནི་སྐུའི་འོད་ཡིན་ཞིང་།ནམ་མཁའི་རང་བཞིན་མ་ཡིན་ནོ། །ཆེན་པོ་ལྔ་ལ་སོ་སོར་གསལ་བ་དང་། སྣང་བ་ཆེན་པོ་ཡོད་པ་ནི། ཆེན་པོ་ལྔ་ཉིད་རིགས་ལྔའི་སྐུར་གྱུར་པའི་འོད་ཡིན་གྱི།ནམ་མཁའི་ཁམས་ཀུན་ལ་ཁྱབ་པའི་འོད་དམ་ནམ་མཁའི་རང་བཞིན་ལས་བྱུང་བ་ནི་མ་ཡིན་ཏེ། སྐུ་མདོག་ཇི་ལྟ་བ་བཞིན་ནམ་མཁའི་མདོག་ཀྱང་དེ་བཞིན་གྱུར་པ་ཡིན་ནོ། །བར་སྣང་ལ་སྣང་བ་སྟོན་པ་ཉི་ཟླ་དང་སྐར་མ་ལ་སོགས་པ། རང་གི་སྣང་བའི་འོད་འབྱུང་བ་དང་། བར་སྣང་སྣང་བར་སྟོན་པ་ཡང་། སྐུ་རིན་པོ་ཆེའི་འོད་དང་། གསུང་གི་འོད་ཟེར་སྤྲོས་པའི་ཟེར་ཉིད་ཡིན་ནོ། །ཆེན་པོ་བཞི་ལས་བྱུང་བའི་ཁ་དོག་རྣམས་དང་། རྣམ་པ་སྣ་ཚོགས་སུ་སྤྲོས་པ་དང་། བར་སྣང་ལ་སྤྲིན་གྱི་ཁ་དོག་སོ་སོར་སྣང་བ། འཇའ་ཚོན་གྱི་ཁ་དོག་འབྱུང་བ་ཡང་རིགས་སོ་སོའི་


DNG006_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་འོད་ལས་བྱུང་བ་ཡིན་གྱི། ནམ་མཁའ་དང་ཁ་དོག་ཀྱང་ཆེན་པོ་བཞི་ལས་བྱུང་བ་ནི་མ་ཡིན་ནོ། །སྐུ་མདོག་དཀར་ན་ནམ་མཁའ་ཡང་དཀར། སྐུ་མདོག་ཇི་ལྟ་བ་བཞིན་དུ་ནམ་མཁའི་མདོག་ཀྱང་དེ་དང་འདྲ་བ་དང་ཆེན་པོ་བཞི་ལས་བྱུང་བའི་སྐྱེ་བ་རྣམས་ཀྱི་ཁ་དོག་ཀྱང་དེ་དང་འདྲའོ། །དེ་བཞིན་གཤེགས་པའི་སྐུ་ནི་ཆེན་པོ་ལྔ་ལས་བསྟན་ཞིང་། འབྱུང་བ་ཆེན་པོ་བཞིའི་རྒྱུད་ལས་སྐྱེས་པ་མ་ཡིན་ནོ། །འབྱུང་བ་བཞི་དང་འབྱུང་བ་ལས་གྱུར་པ་ཐམས་ཅད་དང་། སྐྱེ་བ་བཞི་ལས་སྐྱེས་པའི་སེམས་ཅན་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་མ་ལུས་པ་མེད་པ་རྣམས་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཉིད་ལས་བྱུང་ཞིང་། སྐུ་གསུང་ཐུགས་ཀྱི་རོལ་པ་ཆེན་པོ་རྣམ་པ་ཅིར་ཡང་རོལ་ཅིང་ཆོས་ཐམས་ཅད་ལ་མཛད་པ་དང་། ཆོས་ཐམས་ཅད་ལ་རོལ་པ་རྟག་ཏུ་མཛད་པའི་དོན་དུ་དེ་བཞིན་གཤེགས་པས་མཛད་དོ། །ཆེན་པོ་ལྔ་མེད་པའི་སྔོན་རོལ་ན། དེ་བཞིན་གཤེགས་པའི་སྐུ་ནི་དེ་བཞིན་དུ་རང་བྱུང་བ་སྟེ། སྐུའི་འོད་ལ་བཞུགས་ཤིང་གསུང་གི་ཟེར་ལ་རོལ་ལོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་ཀྱི་སེམས་ཡེ་ནས་མི་མཉམ་པའི་ལེའུ་སྟེ་བརྒྱད་པའོ།། །།སེམས་དཔའ་ཆེན་པོ། བྱང་ཆུབ་ཀྱི་སེམས་གསང་བ་རྨད་དུ་བྱུང་བ་འདི་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་སངས་རྒྱས་ཉིད་ཀྱིས་མཛད་པས། གསང་བ་རྨད་དུ་བྱུང་བའོ། །སངས་རྒྱས་ཉིད་ལས་གསང་བ་རྨད་དུ་བྱུང་བའོ། །སངས་རྒྱས་ཉིད་ཡེ་ཤེས་ལས་སྐྱེས་པས་གསང་བ་རྨད་དུ་བྱུང་བའོ། །བདག་ཉིད་ཀྱི་རིག་པའི་ཡེ་ཤེས་ལས་མ་སྐྱེས་པ་དང་མ་བྱུང་བ་དང་། རང་རིག་པའི་ཡེ་ཤེས་ཀྱིས་མ་ཁྱབ་པའི་ཆོས་གང་ཡང་མེད་པས་གསང་བ་རྨད་དུ་བྱུང་བའི་ཆོས་ཆེན་པོ་སྟེ། སེམས་དཔའ་ཆེན་པོ་ཉིད་དང་། བྱང་ཆུབ་སེམས་དཔའ་རྣམས་


DNG006_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྟོགས་པར་དཀའ་བའི་ཕྱིར་གསང་བ་མཆོག་གི་དམ་པའོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་དམ་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།སེམས་དཔའ་ཆེན་པོ། རྡོ་རྗེ་སེམས་དཔའི་ཐུགས་གསང་བའི་རྒྱུད་ནི། སྐུ་གསུང་ཐུགས་སུ་མ་འདུས་པ་གཅིག་ཀྱང་མེད་དོ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཉིད་དུ་གྱུར་པས་གསང་བའོ། །དེ་བཞིན་གཤེགས་པ་ཉིད་ལ་རྣམ་པར་དག་པའི་ཕུང་པོ་ལྔ་ཡོད་དེ། གཟུགས་རྣམ་པར་དག་པ་ཐམས་ཅད་ཉིད་དུ་གྱུར་པའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཚོར་བ་འགག་པ་མེད་པའི་ཕུང་པོ་དང་། སྐྱེ་བ་མེད་པའི་འདུ་ཤེས་ཆོས་ཉིད་དུ་གྱུར་པའི་ཕུང་པོ་དང་། ལེན་པ་མེད་པའི་འདུ་བྱེད་རྣམ་པ་ཐམས་ཅད་ཐ་དད་པའི་སྒོའི་ཕུང་པོ་དང་། རྣམ་པར་དག་པ་ནམ་མཁའ་དང་འདྲ་བ་ཡེ་ཤེས་སུ་འབྱུང་བའི་ཕུང་པོ་ལྔ་ཀུན་གྱི་བདག་ཉིད་དུ་ཡོད་པ་དང་། ཀུན་གྱི་བདག་ཉིད་དུ་གྱུར་པས་སྐུའི་རྣམ་པར་སྣང་མཛད་ཅེས་གསུངས་པ་ནི་སྐུ་ལྔ་ལྷུན་གྱིས་རྫོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། རྣམ་པར་སྣང་མཛད་དོ། །དེ་ལ་རྣམ་པར་སྣང་མཛད་ཅེས་གསུངས་པ་ནི།ཀུན་གཞིའི་རྣམ་པར་ཤེས་པ་ནི་སྐུ་ལྔ་ཉིད་དུ་གྱུར་པ་ཡིན་ཏེ། དེ་ཉིད་ལ་སྐུ་རྣམ་པ་སྣ་ཚོགས་ཅིར་ཡང་སྣང་བས་སྣང་མཛད་དོ། །དེའི་ཕྱིར་སེམས་དཔའ་ཆེན་པོ་ཇི་སྐད་གསུངས་ཤེ་ན། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་དང་། དུས་དང་དུས་ཀྱིས་སོ་སོར་གྱུར་པ་དང་། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང་། སྐྱེ་བ་ཐམས་ཅད་དང་། སྐྱེ་བོ་དང་། སྐྱེ་འགྲོ་རྣམས་དང་། ཆེན་པོ་ལྔ་དང་། འབྱུང་བ་བཞི་ལས་བྱུང་བའི་ཆོས་ཐམས་ཅད་སྐུ་ལྔ་རྣམ་པར་དག་པ་ལས་མ་བྱུང་བ་གཅིག་ཀྱང་མེད་དེ། དེ་དག་ཐམས་ཅད་སྐུ་ལྔ་ལས་བྱུང་བས་ཐམས་ཅད་ནས་ཐམས་ཅད་དུ་སྐུ་ལྔ་ཉིད་དུ་མ་གྱུར་པ་གཅིག་ཀྱང་མེད་དོ། །དེའི་ཕྱིར་སངས་


DNG006_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སུ་མ་གྱུར་པ་གཅིག་ཀྱང་མེད་དོ། །དེ་བཞིན་གཤེགས་པའི་སྐུ་ནི་ཕྱི་དང་ནང་དང་ལུས་ངག་ཏུ་ཡང་སྣང་ལ། ཀུན་ཏུ་ཡང་ཁྱབ་པར་སྣང་བས། ཀུན་ལ་ཡང་སྣང་ངོ་། །ཀུན་ཏུ་སྣང་བར་མཛད་དོ། །ཡང་ཇི་སྐད་གསུངས་ཤེ་ན། ངའི་སྐུ་རྣམ་པར་དག་པ་ནི་ཅིར་ཡང་སྤྲུལ་ཅིང་ཅིར་ཡང་འགྱུར་ཞིང་ཀུན་ཏུ་འགྱུར་བ་ཉིད་ཡིན་ཏེ། སྐུ་ལྔ་ལས་གྱུར་པའི་ཆོས་ཉིད་ལ། ང་རོལ་པ་ཆེན་པོ་རྡོ་རྗེ་རྣམ་པར་རོལ་པ་མཛད། རྟག་པར་བཞུགས་ཤིང་རྟག་པར་རྣམ་པ་ཅིར་ཡང་རོལ་ལོ། །རྡོ་རྗེ་རྣམ་པར་རོལ་པ་ཆེན་པོ་ཅིར་ཡང་མཛད་དོ། །ཆོས་ཉིད་ལ་མངའ་མཛད་པའི་རོལ་པ་ཆེན་པོས་སྐུའི་ཆོ་འཕྲུལ་ཅིར་ཡང་སྣང་ཞིང་ཅིར་ཡང་སྟོན་ཆོ་འཕྲུལ་ཆེན་པོ་ཅིར་ཡང་མཛད་དོ། །སྐུ་ཅིར་ཡང་རོལ་པའི་ཆོ་འཕྲུལ་གྱིས། རྟག་པར་ལོངས་སྤྱོད་མཛད་པས་སོ། །དེའི་ཕྱིར་སེམས་དཔའ་ཆེན་པོ་ཕྱིའི་སྤྱོད་ཡུལ་ཐམས་ཅད་འདི་ལྟར་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི། དེ་བཞིན་གཤེགས་པའི་གཟིགས་མོའོ། །ཡུལ་ལོ། །ང་ཉིད་ལས་བྱུང་བའི་ཆོས་ཉིད་དོ། །ཡེ་ནས་མ་བྱུང་བ་འབྱུང་བར་བྱེད་པའི་ཡུལ་ལོ། །མ་བྱུང་བ་འབྱུང་བར་བྱེད་པའི་དམ་ཚིག་གི་ཡུལ་ལོ། །སྐུ་གསུང་ཐུགས་མངོན་པར་བསྟན་པ་ཉིད་དོ། །སྐུ་གསུང་ཐུགས་མཐར་མི་ཟད་པའི་མཛོད་དོ། །སྟོན་པ་མཐར་མི་ཟད་པའི་དོན་ཉིད་དོ། །སྐུ་གསུང་ཐུགས་རོལ་པའི་ཆོ་འཕྲུལ་ཆེན་པོ་རོལ་པ་ཉིད་དོ། །རྫུ་འཕྲུལ་ཆེན་པོ་ཉིད་ཀྱི་རང་བཞིན་ནི་ངའི་མཐུ་ལས་བྱུང་བ་ཉིད་དོ། །ངའི་སྟོབས་ལས་བྱུང་བའི་ཆོས་སོ། །སྐུ་གསུང་ཐུགས་མི་ཟད་པའི་རྒྱན་གྱི་འཁོར་ལོ་ཉིད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི་ང་ཉིད་ཀྱི་ཡུལ་ལོ། །བཞུགས་གནས་སོ། །གཞལ་ཡས་ཁང་ངོ་། །འདི་དག་ཐམས་ཅད་ནི་ངའི་སྐུའོ། །ངའི་གསུང་ངོ་། །ངའི་ཐུགས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་


DNG006_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་ནི། སངས་རྒྱས་ཀྱི་ས་རྫོགས་པ་ཆེན་པོ་ཉིད་དོ། །སངས་རྒྱས་ཉིད་དོ། །བྱང་ཆུབ་ཆེན་པོར་རྫོགས་པ་ཉིད་དོ། །སངས་རྒྱས་ཀྱི་ཞིང་བདེ་བ་ཆེན་པོ་ཉིད་དོ། །བྱང་ཆུབ་ཀྱི་ས་ཉིད་དོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ། །སྐུ་རྨད་དུ་བྱུང་བ་ཉིད་དོ། །གསུང་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ཐུགས་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ཆོས་རྨད་དུ་བྱུང་བ་ཉིད་ཡིན་ནོ། །གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །རོལ་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །མཛད་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །རྫུ་འཕྲུལ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ཡང་འདི་ཉིད་ཡིན་ནོ། །སངས་རྒྱས་ཀྱི་ས་ཆེན་པོ་རྨད་དུ་བྱུང་བ་ཡང་འདི་ཉིད་ཡིན་ནོ། །སངས་རྒྱས་རྣམས་ཀྱི་ལྟ་བ་རྨད་དུ་བྱུང་བ་ཡང་འདི་ཉིད་ཡིན་ནོ། །སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་མཐར་ཕྱིན་པ་ཡང་འདི་ཉིད་ཡིན་ནོ། །སྟོན་པ་ཕུན་སུམ་ཚོགས་པས་བསྟན་པ་ཕུན་སུམ་ཚོགས་པ་བསྟན་པ་ཡང་འདི་ཡིན་ནོ། །ཉན་པ་ཕུན་སུམ་ཚོགས་པས་ཉན་པ་ཡང་འདི་ཉིད་དོ། །སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོ་ཡང་འདི་ཉིད་དོ། །སངས་རྒྱས་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་ཡང་འདི་ཉིད་ཡིན་ནོ། །འདོད་ཡོན་ལྔའི་མཚན་ཉིད་ཀྱང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །སངས་རྒྱས་རྣམས་ཀྱི་ཐུགས་མཐར་ཐུག་པ་ཡང་འདི་ཉིད་ཡིན་ནོ། །སྐུའི་སྤྲུལ་པའི་ཆོས་ཉིད་ལ་རོལ་པའི་ཆོ་འཕྲུལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཉིད་ཀྱི་འཁོར་ལོ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །འཁོར་བ་ཡང་ཆོས་ཉིད་མ་རིག་པས་འཁོར་ཞིང་ཆོས་ཉིད་ལ་ཆོས་ཉིད་གནས་པ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །སྐུ་གསུང་ཐུགས་ལས་མ་གཏོགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། འཁོར་བ་དང་ཉོན་མོངས་པའི་མིང་ཡང་མེད་དོ། །སངས་རྒྱས་འབྱུང་བ་ལས་མ་གཏོགས་པ་སེམས་ཅན་དུ་སྐྱེ་


DNG006_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མིང་ཡང་མེད་དོ། །སྐུ་སྣང་བ་ལས་མ་གཏོགས་པ་སེམས་ཅན་གྱི་རང་བཞིན་དང་། ཆེན་པོ་ལྔ་ཡེ་ནས་མེད་དོ། །སངས་རྒྱས་ཀྱི་བདེ་བ་ཆེན་པོ་ལས་མ་གཏོགས་པར་སེམས་ཅན་དང་སྡུག་བསྔལ་མིང་ཡང་མེད་དོ། །སངས་རྒྱས་ཀྱི་ངེས་པའི་ས་ཆེན་པོ་རྫོགས་པ་གཅིག་པུ་ལས་མ་གཏོགས་པར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གྱི་ཡུལ་དང་གནས་ཉིད་ལས་མེད་པས་ང་ལས་བྱུང་བའི་ཆོས་ལས་སེམས་ཅན་གྱི་ཡུལ་དང་གནས་མེད་དོ། །སྐུ་རྨད་དུ་བྱུང་བ་དང་། བྱང་ཆུབ་ཀྱི་སེམས་རྨད་དུ་མེད་པའི་རང་བཞིན་བསྟན་པས་ངེས་པའི་གསང་བའི་མན་ངག་བསྟན་པའོ། །སེམས་དཔའ་ཆེན་པོ། རྒྱལ་བ་རྣམས་ཀྱི་སྐུ་སྣ་ཚོགས་ཅིར་ཡང་སྣང་བ་ནི། ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། ཞེས་གསུངས་པ་ཡིན་ནོ། །སྐུའི་ཁ་དོག་ཇི་ལྟར་སྣ་ཚོགས་ཅིར་ཡང་རོལ་པ་ནི་རིན་ཆེན་དང་འདྲ་སྟེ། རིན་པོ་ཆེ་དཀར་པོ་ཡང་རིན་པོ་ཆེའོ། །དམར་པོ་དང་སེར་པོ་དང་སྔོན་པོ་དང་། ལྗང་གུ་ལ་སོགས་པ་ནི་ཁ་དོག་ཅི་འདྲ་ཡང་རིན་པོ་ཆེ་ཉིད་དོ། །འདི་ནི་རིན་པོ་ཆེ་ཡིན་ལ། འདི་ནི་རིན་པོ་ཆེ་མིན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རྒྱལ་བ་རྣམས་ཀྱི་སྐུ་ཡང་ཁ་དོག་ཐམས་ཅད་དུ་སྣང་བ་དང་། དབྱིབས་ཐམས་ཅད་ཇི་ལྟ་བུར་འདུག་པ་དང་། དྲི་ཅི་མནམ་པ་དང་། རོ་ཇི་ལྟར་བྲོ་བ་དང་། གཟུགས་ཇི་ལྟར་སྣང་བ་དང་།སྒྲ་ཇི་ལྟར་ཐོས་པ་དང་། རེག་བྱ་ཇི་ལྟར་ཚོར་བ་ཐམས་ཅད་ཉིད་ཀྱི་སྐུ་ཡིན་ཏེ།རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ་ཡིན་གྱི་ཁ་དོག་དང་དབྱིབས་འདི་ནི་རྒྱལ་བའི་སྐུ་ཡིན། འདི་ནི་མ་ཡིན་པ་ལྟ་བུ་ནི་མ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ནི་ཡེ་ཤེས་བརྒྱད་སོ་སོར་དབྱེར་མེད་པ་གང་གིས་མི་ཆོད་པའི་དོན་རིག་པའི་ཡེ་ཤེས་ཀྱི་སྐུ་དང་གཉིས་སུ་མེད་པར་ཤར་བ་ནི་ཐུགས་སོ། །སེམས་


DNG006_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལས་བྱུང་ཞིང་། ཐུགས་ཉིད་ལས་མ་གྱུར་པ་མེད་དོ། །དེ་བཞིན་གཤེགས་པ་རྣམས་ཟད་པའི་མཐའ་མེད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཡང་ཟད་ཅིང་མེད་པའི་དུས་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ལ་ཟད་ཅིང་སྟོངས་པའི་དུས་མེད་པ་ནི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ཡིན་ཏེ། སྐུ་གསུང་ཐུགས་ཟད་ཅིང་སྟོངས་པའི་དུས་མེད་པ་ཉིད་རྨད་དུ་བྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ལས་མ་གཏོགས་པར་སྟོང་གསུམ་གཞན་ན་མེད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ནི་སྐུ་གསུང་ཐུགས་སོ་སོར་དབྱེར་མེད་པའི་དོན་དང་། རང་བཞིན་ཀུན་ལ་སྣང་བར་བྱེད་ཅིང་སོ་སོའི་དོན་གོ་བ་ཉིད་དུ་སྟོན་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ངོ་། །གསུང་ལས་གྱུར་པ་རྣམས་ནི་སྒྲ་སྐད་སྣ་ཚོགས་ཅིར་ཡང་འབྱུང་བ་དང་། མིང་དང་ཚག་མང་པོ་རྣམས་ལ་སོགས་པ་དང་། སྒྲ་སྐད་མང་པོ་འབྱུང་བ་རྣམས་ལ་གསུང་དུ་མ་གྱུར་པ་གཅིག་ཀྱང་མེད་དེ། སྐུ་དང་ཐུགས་ཉིད་གསུང་ངོ་། །གསུང་ཐུགས་ཉིད་སྐུ་ཡིན་ཏེ། གསུང་སྤྲུལ་པའི་སྐུ། ཐུགས་སྙིང་པོ་བྱང་ཆུབ་མཆོག་གི་སྐུ། སྐུ་ལོངས་སྤྱོད་རྫོགས་པའི་སྐུའོ། །སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པ་རྣམས་ཀྱི་རང་བཞིན་ནི། སྐུ་རྨད་དུ་བྱུང་བ་འདི་ཉིད་ཡིན་པར་རིག་པར་བྱའོ། །ཡེ་ནས་ཡོད་ཅིང་རྟག་པར་བཞུགས། །རང་བྱུང་ཆེ་བའི་བདག་ཉིད་སྐུ། །བདག་ཉིད་ཡེ་ནས་དག་པ་ཆོས་ཀྱི་སྐུ། །བདག་ཉིད་སྐུ་གསུམ་ལྷུན་གྱིས་གྲུབ། །འགྱུར་བ་མེད་པས་བསོད་ནམས་སྐུ། །ཡེ་ནས་རྫོགས་པས་སྤྲུལ་པའི་སྐུ། །ལྷུན་གྱིས་རྫོགས་


DNG006_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལོངས་སྤྱོད་རྫོགས་པའི་སྐུ། བྱ་རྩོལ་མེད་པས་སྙིང་པོ་བྱང་ཆུབ་སྐུའོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། སྐུ་གསུང་ཐུགས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། སེམས་དཔའ་ཆེན་པོ། འདོད་ཆགས་དང་ནི་ཞེ་སྡང་དང་། །གཏི་མུག་ང་རྒྱལ་ཕྲག་དོག་ནི། །རྡོ་རྗེ་ཐེག་པ་ཆེན་པོ་ཉིད། །སྙིང་རྗེ་མེད་པར་གསོད་པ་དང་། །འཇིགས་པ་མེད་པར་སྦྱོར་བ་དང་། །གཙང་སྨེ་མེད་པར་ཟ་བ་དང་། །རང་གི་ཁུ་བས་རང་མཆོད་པ། །རྡོ་རྗེ་ཐེག་པའི་ཆོས་ཉིད་ཡིན། །སེམས་ཅན་བརྩེ་བ་མེད་པ་དང་། །མ་བྱིན་ལེན་དང་མི་ཚངས་སྤྱོད། །གཞན་ལ་སློང་བར་མི་བྱེད་པ། །རྡོ་རྗེ་ཐེག་པའི་དམ་ཚིག་སྟེ། །ཇི་སྙེད་རང་བྱུང་བྱང་ཆུབ་སེམས། །བདེ་བ་གསལ་བའི་དཀྱིལ་འཁོར་ལ། །རྒྱལ་བ་བདག་ཉིད་རྟག་པར་བཞུགས། །རྡོ་རྗེ་ཐེག་པ་གསང་བ་རྨད་དུ་བྱུང་བའོ། །གང་ཞིག་བྱང་ཆུབ་མཆོག་འདོད་པ། །རྟག་ཏུ་བདག་ཉིད་མཆོད་པར་བྱ། །མཆོད་པ་ཀུན་གྱིས་རྟག་ཏུ་མཆོད། །ཡིད་བཞིན་རིན་ཆེན་ལ་སོགས་རྣམས། །སངས་རྒྱས་འདོད་ན་བདག་ཉིད་མཆོད། །སངས་རྒྱས་ཞིང་ཁམས་ཐམས་ཅད་དུ། །བདག་ཅག་ཀུན་གྱི་ལྷ་ཡིན་པས། །ཀུན་གྱི་མཆོད་པས་བདག་ལ་མཆོད། །སེམས་ཅན་ཐམས་ཅད་བསད་ནས་ནི། །རྒྱལ་བ་མཉེས་ཏེ་སྲས་སུ་སྐྱེ། །འདོད་ཆགས་འདོད་པས་རྟག་ཏུ་སྦྱིན། །འདི་ནི་གསང་བའི་བྱང་ཆུབ་སེམས། །སངས་རྒྱས་ཉིད་དུ་ཆུད་མི་ཟ། །དེ་ནི་སངས་རྒྱས་དངོས་གྲུབ་ཡིན། །དངོས་གྲུབ་བདག་ལ་ཡོད་པའི་ཕྱིར། །ཡིད་དུ་འོང་བའི་བདག་ཉིད་བསྒོམ། །མཁས་པས་མཆོད་པ་བདག་ལས་བྱུང་། །བདག་ལས་བྱུང་བའི་མཆོད་པ་རྣམས། །བདག་ཉིད་བདག་ལ་མཆོད་པར་བྱ། །མཁས་པས་བདག་གི་ཁུ་བ་དག །སྦྱོར་བའི་དོན་གྱི་རྟག་ཏུ་དབྱུང་། །འདི་ནི་སངས་རྒྱས་བདག་ཉིད་ཡིན། །སྤྱོད་པ་མཁའ་དང་མཚུངས་པའོ། །འདི་ནི་རྡོ་རྗེ་ཐེག་པའི་སྤྱོད་པ་རྨད་དུ་བྱུང་བའོ། །


DNG006_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། རྨད་དུ་བྱུང་བ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།བདག་ལས་བྱུང་བའི་ཁུ་བ་ཡིས། །བདག་གི་ལུས་ལ་རབ་བརྒྱན་ནས། །སངས་རྒྱས་མཐོང་བས་ཡིད་དུ་འོང་། །འཇིག་རྟེན་ཁམས་རྣམས་དབང་གྱུར་པ། །ང་ཡི་ལུས་ཉིད་སྔགས་ཀྱི་ལྷ། །རྟག་པར་མཆོད་ན་སངས་རྒྱས་འགྲུབ། །གང་གིས་མཆོད་པས་དངོས་གྲུབ་ཐོབ། །ངག་དང་ཡིད་ཀྱང་ཕྱག་རྒྱ་ཡིས། །སྤྱོད་པ་ཅི་ཡང་སྤྲུལ་པའི་སྐུ། །དངོས་གྲུབ་མཆོག་རྣམས་བདག་ལས་བྱུང་། །བྱང་ཆུབ་མྱུར་དུ་ཐོབ་པ་ཡིན། །ལུས་དང་ངག་དང་གསང་བའི་སྔགས། །ནམ་མཁའ་བཞིན་དུ་མཉམ་པར་གནས། །སེམས་ལ་དམིགས་པ་བདག་མེད་པ། །ལྷ་ཡི་ཏིང་འཛིན་གསང་བའི་སྔགས། །ངོ་བོ་ཉིད་ཀྱིས་དམིགས་སུ་མེད། ཀྱེ་སེམས་དཔའ་ཆེན་པོ། ང་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པའི་སྟོང་པའི་ཆོས་ལ་སྟོང་པའི་ཆོས་མེད་དེ་མི་གནས་སོ། །བྱང་ཆུབ་སེམས་ལ་བྱང་ཆུབ་ཏུ་བསྒྲུབ་པའི་སེམས་མེད་དེ་མི་གནས་སོ། །སྲིད་པའི་ཆོས་ཐམས་ཅད་ལ་སྲིད་པ་མེད་དེ་མི་གནས་སོ། །ཆོས་ལ་སེམས་མེད་པས་རྣམ་པར་དག་པ་ལ་གཉིས་མེད་དོ། །སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར། ཡིད་ལ་བྱེད་པར་མངོན་པར་སངས་རྒྱས་སོ། །སེམས་ཅན་གསང་བ་མཆོག་གི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་ལྷ་ཉིད་ཡིན་པས། སངས་རྒྱས་ཀུན་གྱི་གསང་བར་མཛད་པའོ། །ང་ལས་བྱུང་བའི་ཆོས་ཆེན་པོ་ལྔ་ཉིད། ཡེ་ཤེས་གསང་བའི་དཀྱིལ་འཁོར་གྱི་ལྷ་ཉིད་ཡིན་པས་དངོས་གྲུབ་གཞན་ནས་བསླང་དུ་མེད་པས། དུས་གསུམ་གྱི་བདེ་བར་གཤེགས་པ་གསང་བ་ཆེན་པོ་ཉིད་དོ། །སེམས་དཔའ་ཆེན་པོ། སངས་རྒྱས་ཀུན་གྱི་བྱང་ཆུབ་ཀྱི་སེམས་འདི་ནི་སངས་རྒྱས་ཉིད་ཀྱི་ཐུགས་ལས་བྱུང་བ་ཉིད་ཡིན་ནོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།


DNG006_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་དེ་བཞིན་རིག་པར་གྱིས། དེ་ནས་རྡོ་རྗེ་སེམས་དཔའ་མཚན་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །རྡོ་རྗེ་སེམས་དཔའི་ཤེས་རབ་ཀྱི། །ཡེ་ཤེས་ཕ་རོལ་ཕྱིན་པའི་གནས། །དུས་གསུམ་གཅིག་སྟེ་རྟག་པར་བཞུགས། །ཞེས་གསོལ་ཏོ། །སེམས་དཔའ་ཆེན་པོ་དེ་བཞིན་ཏེ། །རྣམ་པར་སྣང་མཛད་ཡེ་ཤེས་ནི། །བདེ་བར་གཤེགས་པའི་ཐུགས་ལ་གནས། །ཡི་གེ་ཀུན་ལ་མི་སྣང་ཡང་། །སེམས་ལ་གསལ་བར་མངོན་པར་སྣང་། །སྐལ་ལྡན་རྣམས་ཀྱི་རང་རིག་པ། །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །སེམས་དཔའ་ཆེན་པོ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི། སངས་རྒྱས་ཀུན་གྱི་སྐུ་དྲི་མ་མེད་པ་ཉིད་ཡིན་ནོ། །དེའི་ཕྱིར་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡེ་ཤེས་འབའ་ཞིག་ལས་བྱུང་བ། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །སངས་རྒྱས་ཉིད་ཀྱིས་རྙེད་པ་ཡིན། །བདེ་བར་གཤེགས་པ་ཀུན་གྱི་གསང་། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།སེམས་དཔའ་ཆེན་པོ་ཉོན་ཅིག །བདེ་བར་གཤེགས་པ་རྣམས་ཀྱི་རྒྱུད་གསང་བའི་དོན་རྣམ་པ་གསུམ་སྟེ། དོན་དང་ལུས་དང་ངེས་པའི་གསང་བ་དང་གསུམ་མོ། །དེའི་དོན་ནི་བཀྲི་བའི་དོན་མ་ཡིན་གྱི་ངེས་པའི་དོན་གཏན་ལ་ཕབ་པའོ། །དེ་ལ་བདེ་བར་གཤེགས་པ་རྣམས་དང་། སྣོད་བཅུད་ནམ་མཁའ་བསྡུས་པའི་ཆོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་ལུས་པ་མེད་པ་ཐམས་ཅད་དོན་གཅིག་སྟེ་སྐུ་གསུང་ཐུགས་སུ་འདུས་སོ། །སྐུ་གསུང་ཐུགས་ཀྱི་དོན་ནི་དབྱེར་མེད་དེ། གང་གིས་མི་ཤིགས་གང་གིས་མི་ཆོད་གང་གིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའོ། །སྐུ་གསུང་ཐུགས་སུ་མ་གྱུར་པའི་དངོས་པོར་ལུས་པའི་ཆོས་གཅིག་ཀྱང་


DNG006_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་སྐུ་གསུང་ཐུགས་ལྷུན་གྱིས་རྫོགས་པར་གཏན་ལ་ཕབ་པའོ། །དེའི་ཕྱིར་རྡོ་རྗེའི་ཆོས་སོ། །རྡོ་རྗེའི་ཐེག་པའོ། །ལུང་འདི་བསྒོམ་པ་ལས་ཤེས་པར་བྱའོ། །བསྒོམ་པ་ནི་ལྷ་དང་བདག་ཏུ་དོན་གཅིག་པས་གཉིས་སུ་མེད་པ་ལ་བྱའོ། །ཤེས་པར་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དོན་མ་ནོར་བར་ཤེས་པ་དང་། བདག་ཉིད་ཀྱི་རང་བཞིན་ཤེས་པར་བྱ་བ་དང་། བལྟ་བ་མ་ནོར་བར་ཤེས་པར་བྱ་བ་དང་།རྡོ་རྗེ་སེམས་དཔའི་ཐུགས་གསང་བའི་རྒྱུད་མ་ནོར་བར་ཤེས་པར་བྱ་བ་དང་། རྡོ་རྗེ་སེམས་དཔའི་རང་བཞིན་ཤེས་པར་བྱ་བ་དང་། རྡོ་རྗེ་སེམས་དཔའི་ཡོན་ཏན་དང་། རྡོ་རྗེ་སེམས་དཔའི་རྣམ་པར་རོལ་པ་ཆེན་པོ་མ་ནོར་བར་ཤེས་པ་དང་།རྡོ་རྗེ་སེམས་དཔའི་སྤྱོད་པ་དང་། ཆོས་ཉིད་ལ་ལོངས་སྤྱོད་ཆེན་པོས་མངའ་མཛད་པའི་དོན་མ་ནོར་བར་ཤེས་པར་བྱའོ། །ངེས་པའི་གསང་བའི་མན་ངག་ནི་རྨད་དུ་བྱུང་བའི་དོན་ནོ། །རྨད་དུ་བྱུང་བ་གསང་བ་ནི་ཐམས་ཅད་བདག་ཉིད་ལས་བྱུང་ཞིང་བདག་ཉིད་ཀྱིས་མཛད། བདག་ཉིད་ལས་སྤྲོས་ཤིང་བདག་ཉིད་དེ་ལ་རོལ་ལོ། །བདག་ལས་སྤྲུལ་ཞིང་བདག་ཉིད་ཡོངས་སུ་སྡུད། བདག་ཉིད་ལས་བྱུང་བའི་ཆོས་ལ་བདག་ཉིད་ལོངས་སྤྱོད་མཛད། བདག་ཉིད་ཀྱི་ཡོན་ཏན་ལས་བདག་ཉིད་ཆེ་བ་སྟོན། བདག་ཉིད་ལས་བྱུང་བའི་ཆོས་རྣམས་ལ་བདག་ཉིད་སྟོན་པར་བྱེད། སླར་ཡང་བདག་ཉིད་ཀྱི་དབྱིངས་སུ་འདུས་ཏེ། བདག་ཉིད་ལས་མ་བྱུང་བའམ། བདག་ཉིད་དུ་མ་གྱུར་པ་གཅིག་ཀྱང་མེད་དོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།སངས་རྒྱས་ཀུན་གྱི་ཐུགས་ནི་གང་། །བདེ་གཤེགས་ཐམས་ཅད་འབྱུང་གནས་སོ། །སེམས་ཅན་གྱི་རྣམ་པར་ཤེས་པ་བརྒྱད་པོ་ནི། གསང་བ་འདུས་པའི་དཀྱིལ་འཁོར་ཡེ་ཤེས་རང་ལས་བྱུང་བ་ཡེ་ཤེས་ཀྱི་ལྷ་ཉིད་དོ། །རྣམ་པར་ཤེས་པའི་ཡུལ་བརྒྱད་


DNG006_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །མཆོད་པའི་ལྷ་མོ་བརྒྱད་དང་། དངོས་གྲུབ་ཀྱི་རྫས་བརྒྱད་དོ། །སེམས་དཔའ་ཆེན་པོ་སྒོ་ལྔ་སྟེ། ཤེས་རབ་ཟབ་མོའི་སྒོ་དང་། གསང་རྒྱུད་མཐར་མི་འགེག་པའི་སྒོ་དང་། ཆོས་ཀྱི་འཁོར་ལོ་མཐར་བསྐོར་བའི་སྒོ་དང་།སྐུ་གསུང་ཐུགས་ཉིད་དུ་གྱུར་པའི་སྒོ་དང་། འབྲས་བུ་ཡོད་པའི་སྒོའོ། །སེམས་དཔའ་ཆེན་པོ་སྒོ་ལྔའི་རྣམ་པར་ཤེས་པ་ལ། ཡིད་ཀྱི་དཀྱིལ་འཁོར་གསལ་བར་གྱུར་པ་ནི་ཡི་གེ་འཁོར་ལོ་གསལ་བར་བྱེད་པའི་དཀྱིལ་འཁོར་གསང་བ་ཉིད་དོ། །རྣམ་པར་ཤེས་པ་དང་། ཡུལ་དང་དབང་པོ་རྣམས་ནི་རྣམ་པར་ཤེས་པའི་ཚོགས་ཏེ། མཚན་དང་དཔེ་བྱད་ཀུན་འདུས་ཏེ་ཡིད་ཀྱི་ལྷའོ། །དེའི་ཕྱིར་ངག་ནི་འདས་པའི་སྐུ། ལུས་ནི་ད་ལྟར་བྱུང་བའི་སྐུ། སེམས་ནི་མ་བྱུང་བའི་སྐུ། ངག་ནི་འདས་པའི་ལམ། ལུས་ནི་ད་ལྟར་བཞུགས་པའི་ལམ། སེམས་ནི་ཕྱིས་འབྱུང་བའི་ལམ་ཉིད་དོ། །ངག་ནི་འདས་པའི་ཡུལ། ལུས་ནི་ད་ལྟར་བཞུགས་པའི་ཡུལ། སེམས་ནི་ཕྱིས་འབྱུང་བའི་ཡུལ་ལོ། །སེམས་དཔའ་ཆེན་པོ་དེའི་ཕྱིར།སངས་རྒྱས་ཀྱི་ནི་མཁྱེན་པའི་ཡུལ། །སངས་རྒྱས་ཉིད་ཀྱི་གསང་བའི་གནས་སོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་རྨད་དུ་བྱུང་བའི་སྤྱོད་ཡུལ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།སེམས་ནི་ཇི་བཞིན་མཉམ་པ་ཡི། །སངས་རྒྱས་རྣམས་ཀྱི་རྣལ་འབྱོར་རོ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་ལམ་སྟེ་ཡི་གེ་མེད། །འགྲོ་བ་མེད་པས་ལམ་ཡང་མེད། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ནི། །ཡེ་ཤེས་རོལ་པའི་རྒྱན་ཉིད་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །སངས་རྒྱས་འབྱུང་བའི་ཡེ་ཤེས་ལམ། །སྐུ་གསུང་ཐུགས་ཀྱི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཐར་པའི་ལམ། །ཆོས་ཉིད་འཁོར་བའི་རྒྱ་མཚོ་མཐའ་རིང་ལ། །ཉོན་མོངས་སེམས་ཅན་གནས་པ་རྣམས། །བྱང་ཆུབ་སེམས་ནི་ཐབས་ཆེན་གྱིས། །


DNG006_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པ་འབའ་ཞིག་ལས་སུ་རུང་། །མཆོད་པ་ཆེན་པོ་བདེ་བ་ཆེ། །འདོད་ཆགས་ཆེན་པོ་དགའ་བའི་མཆོག །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེ་སྡང་ཆེན་པོ་རྫོགས་སངས་རྒྱས། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཕྲག་དོག་ཆེན་པོ་མཆོད་པ་ཆེ། །ཕྲག་དོག་ཆེན་པོ་དགའ་བས་དགའ། །མཆོད་པ་ཆེན་པོ་ང་རྒྱལ་ཆེ། །ང་རྒྱལ་ཆེན་པོ་རྒྱལ་བས་རྒྱལ། །ཀྱེ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ནི་ཐུགས་རྗེ་རོལ་པ་མཛད་པའི་དོན་དུ་བྱང་ཆུབ་ཀྱི་སེམས་རོལ་པའི་ཡུལ་ལས་མ་གཏོགས་པ། དམྱལ་བའི་གནས་ནི་ཡེ་ནས་མེད། དམྱལ་བའི་རྒྱུ་མེད་དེའི་དངོས་ཀྱང་མེད། སེམས་དཔའ་ཆེན་པོ་མ་སྐྱེས་པའི་ཆོས་རྣམས་ལ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་དང་སེམས་ཅན་ནི་གཉིས་སུ་མེད་དེ། གཅིག་ཏུ་གྱུར་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ནི། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པ་ཉིད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི།འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད། བདེ་བ་ཆེན་པོ་ཆོས་ཉིད་འབྱུང་བའི་དཀྱིལ་འཁོར་ཉིད་དོ། །དེའི་ཕྱིར། བྱང་ཆུབ་སེམས་ཀྱི་ཡེ་ཤེས་ནི། །སངས་རྒྱས་ཐུགས་ལ་གསལ་བས་གསང་། །རྣམ་ཤེས་དམིགས་པའི་ཡུལ་ལས་འདས། །གསང་བ་མཆོག་གི་བདེ་བ་ཡིས། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །འདི་ནི་གསང་བའི་བྱང་ཆུབ་སེམས། །ཞེས་གསུངས་སོ། །སེམས་དཔའ་ཆེན་པོ། ཡང་དག་སངས་རྒྱས་རྣམ་རིག་པ། །རྟག་པར་སངས་རྒྱས་ཉིད་ལ་གནས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །མི་འཕོ་བ་ཡི་དོན་ཡང་རིག །མི་འཕོ་བ་ཡི་ལམ་ལ་གནས། །རང་བཞིན་མེད་པའི་དོན་ཤེས་ཤིང་། །རང་བཞིན་མེད་


DNG006_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་ལ་གནས། །མ་སྐྱེས་པ་ཡི་སེམས་ཉིད་ལ། །སེམས་ཅན་སྐྱེ་བའི་རྒྱུ་མི་གནས། །མ་རིག་མེད་པས་འཁོར་བ་མེད། །མྱ་ངན་མི་འདའ་རྟག་པར་བཞུགས། །མྱ་ངན་འདས་པའི་ལམ་ཡང་མེད། །སྲིད་པའི་ཆོས་ལ་རང་བཞིན་མེད། །ལུས་དང་ངག་ཡིད་དག་པ་ལ། །ཆོས་རྣམས་རང་བཞིན་གནས་པར་ཟད། །སེམས་ཅན་མེད་པས་སངས་རྒྱས་མེད། །སངས་རྒྱས་ལམ་ལ་མི་གནས་ཏེ། །འཁོར་བའི་སྐྱོན་གྱིས་ཡོངས་མི་གོས། །རྣམ་པར་ཐར་པའི་སྒོ་ནས་འདས། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ་ལས། སངས་རྒྱས་ཐམས་ཅད་འདུས་ནས། ཚིག་མཐུན་པར་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་མཁས་པ་རྫོགས་སངས་རྒྱས། །གང་ཞིག་ཐོག་མར་བྱང་ཆུབ་སེམས། །བླ་མེད་དཀྱིལ་འཁོར་སྒོམ་པ་རྣམས། །སྙིང་པོ་བྱང་ཆུབ་བཞུགས་པར་གསུངས། །འཛམ་བུའི་གླིང་དུ་གསུངས་པ་ཡི། །ད་ལྟར་བཞུགས་དང་འདས་པ་དང་། །མ་འོངས་སངས་རྒྱས་མཛད་རྣམས་ལ། །ཐམས་ཅད་དོན་དུ་བཤད་པར་གསོལ། །དེ་ནས་སྐྱོབ་པའི་སངས་རྒྱས་རྣམས། །གསུང་བ་འདི་ནི་ཡང་དག་བཤད། །བྱང་ཆུབ་སེམས་ནི་མ་ཡིན་པ། །ཁམས་གསུམ་གནས་པའི་སེམས་ཅན་ལ། །ཕན་པའི་སྨན་ནི་གཞན་མེད་དོ། །བྱང་ཆུབ་སེམས་ཀྱི་དོན་རིག་པ། །འཁོར་བའི་ཆོས་ནི་རྒྱུ་མེད་དེ། །མྱུར་དུ་བྱང་ཆུབ་ཀུན་གྱིས་ཐོབ། །མི་སྐྱེ་མི་འཇིག་བདེ་ལ་གནས། །སྐུ་གསུང་ཐུགས་ཀྱི་གསང་བ་ལས། །ཡང་དག་སྙིང་པོ་བྱུང་བ་ནི། །དེ་ནི་བྱང་ཆུབ་སེམས་ཞེས་བྱ། །དེ་ལས་བྱུང་བའི་རིག་པ་ནི། །རྨད་དུ་བྱུང་བའི་བྱང་ཆུབ་སེམས། །གསང་བ་མཆོག་གི་རིན་པོ་ཆེ། །སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་ཡིན། །སངས་རྒྱས་རྣམས་ཀྱི་གསང་བ་ཡི། །ཁམས་གསུམ་བླ་ན་མེད་པའི་ལམ། །ས་རྣམས་མཉམ་པས་དབྱེར་མེད་དེ། །ས་རྣམས་མཉམ་པ་ཉིད་ཀྱི་ས། །རྣལ་


DNG006_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རང་རིག་ཆེན་པོ་ཡིས། །གསང་བའི་དོན་རྣམས་གཅིག་བསྒོམས་པས། །ཡེ་ཤེས་རང་བྱུང་བྱང་ཆུབ་སེམས། །སངས་རྒྱས་ཐམས་ཅད་བདག་གིས་བྱས། །ཡེ་ཤེས་ལྷ་རྣམས་རང་ལས་བྱུང་། །འདི་ནི་རྨད་དུ་བྱུང་བའི་སྐུ། །གསང་བའི་དཀྱིལ་འཁོར་དམ་པ་ཡིན། །འཛབ་དང་བསྙེན་པ་འབུལ་མི་དགོས། །བྱང་ཆུབ་སེམས་ཀྱང་བསྐྱེད་དུ་མེད། །ལྷ་ཡང་གཞན་ནས་འབོད་མི་དགོས། །མཆོད་པ་གཞན་དུ་མི་མཆོད་དེ། །དངོས་གྲུབ་གཞན་ལས་མི་བླང་ངོ་། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་འགྱུར་བ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །སེམས་དཔའ་ཆེན་པོ་གསང་བ་མཆོག་གི་དཀྱིལ་འཁོར་འདི་ནི། སངས་རྒྱས་ཉིད་ཀྱིས་མཁྱེན་པ་ཡིན་ནོ། །སེམས་ཅན་མང་པོས་བྱས་པ་ནི། །གསང་བ་མཆོག་གི་དོན་ཉིད་དེ། །སངས་རྒྱས་ཉིད་ཀྱིས་མཛད་པ་ཡིན། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། རྨད་དུ་བྱུང་བའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཁམས་གསུམ་རིན་ཆེན་རྙེད་པའི་མི། །ཇི་ལྟར་འདོད་པ་བཞིན་དུ་འགྲུབ། །རབ་ཏུ་དགེས་པར་མཛད་ནས་ནི། །ཁམས་འདི་ཡིད་བཞིན་ཉིད་དུ་འགྱུར། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཉིད་ཡིན་ནོ། །དེ་སྐད་གསུངས་པའི་ཆོས་ཐོས་ནས། །རྡོ་རྗེ་སེམས་དཔའ་དཔའ་བོ་ཡང་། །འཇིགས་ཤིང་སྔངས་ནས་གདན་ལས་ལངས། །དགའ་བའི་ཚིག་གིས་འདི་སྐད་གསོལ། །མཆོད་པ་སྣ་ཚོགས་བྱས་ནས་ནི། །སྣང་མཛད་རྡོ་རྗེ་རྒྱལ་སྤྱན་ལ། །དགའ་བའི་བསམ་པས་སྟོད་བྱེད་པ། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་སྤངས་ནས་མེད། །དཔལ་གྱི་རྣམ་རྒྱལ་དེ་བཞིན་ཉིད། །ལོངས་སྤྱོད་དབང་ཕྱུག་དཔལ་དང་མཉམ། །རྡོ་རྗེ་ཉི་མ་གཟི་བརྗིད་དང་། །མདོག་སྡུག་ཤིན་ཏུ་


DNG006_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་ཡི། །བཞད་ཅིང་རྨད་དུ་མཛད་པ་ཡིས། །དགའ་མགུ་རང་བ་རྣམས་སུ་འགྱུར། །པདྨ་བཞད་པས་ཆོས་ཀུན་གྱིས། །རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་འདིས་མཉེས་གྱུར་ནས། །སྐད་ཅིག་ཉིད་ལ་དོན་རྟོགས་ཏེ། །སྙིང་པོ་བྱང་ཆུབ་ཉིད་དུ་འགྱུར། །རྡོ་རྗེའི་གདན་ལ་ཡང་སངས་རྒྱས། །ལམ་འདི་རྫོགས་པའི་བྱང་ཆུབ་སེམས། །ཚེ་འདི་ཉིད་ལ་བདེ་བ་དང་། །ཕྱི་མ་འབྱུང་བར་བདེ་བ་དང་། །སངས་རྒྱས་རྣམས་ཀྱི་བདེ་བ་དང་། །སངས་རྒྱས་ཉིད་ཀྱང་རྫོགས་གྱུར་ཏེ། །སངས་རྒྱས་ཉིད་དང་སྐལ་བ་མཉམ། །ཞེས་གསོལ་ཏོ། །དེ་ནས་སྟོན་པ་བླ་ན་མེད། །རབ་ཏུ་དགེས་པ་མཛད་ནས་འཛུམ། །དེ་ནས་ཐུགས་གསང་བའི་སྒྲོན་མ་འདི་གསུངས་སོ། །རྨད་བྱུང་བྱང་ཆུབ་སེམས་བསྒོམ་པ། །འགྲོ་བ་མྱུར་དུ་བྱང་ཆུབ་སྟེ། །མ་སྐྱེས་བྱང་ཆུབ་རྨད་བྱུང་བ། །ཉོན་མོངས་ལས་ཀྱིས་གོས་མི་འགྱུར། །བྱང་ཆུབ་སེམས་འདི་བྱང་ཆུབ་ཉིད། །ཚོགས་རྣམས་མ་བསགས་ཅིག་ཆར་རྫོགས། །རང་གི་སྙིང་པོ་རང་བྱས་ན། །བསམས་ན་ལྷུན་གྱིས་གྲུབ་པའི་སྐུ། །སངས་རྒྱས་མི་བསྒོམ་བདག་ཉིད་བསྒོམ། །སྙིང་པོ་མི་བརྗོད་བདག་ཉིད་བརྗོད། །སངས་རྒྱས་མ་མཐོང་ཆོས་ཉིད་མཐོང་། །བདག་ཉིད་མ་མཐོང་སྐུ་གསུམ་མཐོང་། །འཁོར་བ་མ་མཐོང་བདེ་བ་ཉིད། །རང་གི་ལྷར་ནི་རང་བསྒོམས་ན། །བསོད་ནམས་རྡོ་རྗེ་ཅིག་ཆར་རྫོགས། །རང་གི་སྙིང་པོ་རང་སྔགས་ཀྱིས། །བསྒྲུབ་པའི་སྙིང་པོར་ཆུད་མི་ཟ། །ཕྱག་རྒྱ་མི་བསྐྱོད་ཡན་ལག་བསྐྱོད། །སངས་རྒྱས་མི་གཤེགས་བདག་ཉིད་གཤེགས། །སངས་རྒྱས་མི་མཆོད་བདག་ཉིད་མཆོད། །སྟོན་པ་མི་མཐོང་བདག་ཉིད་མཐོང་། །སངས་རྒྱས་མ་མཐོང་སློབ་དཔོན་མཐོང་། །གཟུགས་ཉིད་མ་མཐོང་ཆོས་སྐུ་མཐོང་། །དཔེ་བྱད་མི་བལྟ་རང་གཟུགས་བལྟ། །ཡང་དག་ཡེ་ཤེས་རང་རིག་ནས། །མྱུར་དུ་བླ་མེད་སྦྱོར་བ་ཡིན། །ཐམས་ཅད་འབྱུང་བའི་སྦྱོར་བ་ཡིན། །


DNG006_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ལྷར་ནི་བདག་གི་བྱ། །འདི་ནི་སངས་རྒྱས་ཀུན་གྱི་དཔལ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཏེ། །ཤེས་རབ་མ་ལུས་ཕུན་སུམ་ཚོགས། །འདི་འདྲའི་དཀྱིལ་འཁོར་བླ་ན་མེད། །སངས་རྒྱས་དེ་བཞིན་གཤེགས་པས་གསུངས། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་སེམས་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།སེམས་དཔའ་ཆེན་པོ། སྨན་མཆོག་ནད་མེད་བདེ་འཚོ་བ། །དུས་གསུམ་སྨན་མཆོག་བྱང་ཆུབ་སེམས། །འཇིག་རྟེན་སྨན་རྣམས་འདི་ཡིན་ནོ། །བྱང་ཆུབ་སེམས་ཀྱིས་བྱས་པ་རྣམས། །དགེ་ཚུལ་དཔག་བསམ་ལྗོན་ཤིང་བཞིན། །རྟག་ཏུ་བྱང་ཆུབ་བདེ་བའི་ས། །བྱང་ཆུབ་མཆོག་གི་སྙིང་པོར་འགྱུར། །སེམས་དཔའ་ཆེན་པོ། ཕུང་པོ་ལྔ་ནི་རིགས་ལྔར་རྫོགས་པར་ལྷུན་གྱིས་གྲུབ་པའི་གསང་བའི་དཀྱིལ་འཁོར་ཡིན་ནོ། །སེམས་དཔའ་ཆེན་པོ། གཟུགས་ཀྱི་མཚན་ཉིད་མང་པོ་སྣ་ཚོགས་པར་འབྱུང་བ་རྣམས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་མོ་དང་། སེམས་དཔའ་དང་སེམས་མ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ལྷུན་གྱིས་གནས་པ་སྟེ། དེའི་དོན་ནི་འདུས་པ་དང་། ཚོགས་པ་དང་། ཡོངས་སུ་རྫོགས་པ་དང་། མཚན་ཉིད་སོ་སོར་སྣང་བའོ། །དེ་ལ་ཚོགས་ཤིང་འདུས་པ་ནི་དཀྱིལ་ལ། མཚན་ཉིད་སོ་སོར་སྣང་བ་ནི་འཁོར་ཏེ། འདི་ནི་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་དུ་མངོན་པར་རྫོགས་པའི་དཀྱིལ་འཁོར་ཆེན་པོ་སྟེ། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་རོ། །སྐུ་ནི་སྙིང་པོ་བྱང་ཆུབ་ན་བཞུགས་པ་དང་རང་བྱུང་ཡེ་ཤེས་ཀྱི་སྐུའོ། །བྱང་ཆུབ་སེམས་ནི་ཆོས་ཉིད་བྱང་ཆུབ་སེམས་སོ། །ཕྱག་རྒྱ་ནི་བྱང་ཆུབ་ཀྱི་ཕྱག་རྒྱའོ། །ཞལ་ནི་ཕྱོགས་བཞིར་གཟིགས་ཏེ། དེ་ནི་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ཞེས་


DNG006_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་རྒྱུད་ལས་བཤད་པ་ཡིན་ནོ། །ས་ནི་ཡེ་ཤེས་བླ་མའི་ས་ཉིད་དོ། །སེམས་དཔའ་ཆེན་པོ་གཟུགས་ཀྱི་ཕུང་པོ་ལས་ཚོར་བ་སྣ་ཚོགས་འབྱུང་བ་ནི་ཚོར་བའི་ཕུང་པོ་སྟེ། རིན་པོ་ཆེའི་རིགས་ལྷུན་གྱིས་རྫོགས་པའི་ལྷ་དང་། ལྷ་མོ་དང་། སེམས་དཔའ་དང་སེམས་མ་ལ་སོགས་པ་རིན་པོ་ཆེའི་རིགས་ལྷུན་གྱིས་རྫོགས་ཏེ། དེ་ལ་གཅིག་ཏུ་འདུས་ཏེ་དབྱེར་མེད་པ་ནི་དཀྱིལ། མང་པོ་ཚོགས་པ་ནི་འཁོར་ཏེ། ཚོར་བའི་ཕུང་པོ་མངོན་པར་རྫོགས་པར་སངས་རྒྱས་པ་ནི། རིན་པོ་ཆེའི་འབྱུང་ལྡན་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་སྟེ། དབང་ཆེན་རོལ་པའི་དཀྱིལ་འཁོར་ཉིད་དོ། །བྱང་ཆུབ་ཀྱི་སེམས་ནི་ཐུགས་རིན་པོ་ཆེའོ། །ཕྱག་རྒྱ་ནི་དབང་སྦྱིན་པའི་ཕྱག་རྒྱའོ། །སྐུ་ནི་རིན་ཆེན་འབྱུང་ལྡན་གྱི་སྐུའོ། །ས་ནི་ཡི་གེ་འཁོར་ལོའི་སའོ། །སེམས་དཔའ་ཆེན་པོ་ཚོར་བའི་ཕུང་པོ་ལས་འདུ་ཤེས་སྣ་ཚོགས་འབྱུང་བ་ཉིད་ནི་པདྨའི་རིགས་ཏེ། འདུ་ཤེས་མང་པོ་སྣ་ཚོགས་པ་འབྱུང་བ་ཉིད་ནི། པདྨའི་རིགས་ལྷུན་གྱིས་རྫོགས་ཏེ། པདྨའི་རིགས་ཀྱི་ལྷ་དང་ལྷ་མོ་དང་། སེམས་དཔའ་དང་སེམས་མ་ལ་སོགས་པ་རྫོགས་པས་ཆོས་ཀྱི་དཀྱིལ་འཁོར་ཆེན་པོ་རང་བྱུང་བ་ཉིད་ཡིན་ཏེ། སྐུའི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་ཉིད་དོ། །ཐུགས་རྗེ་འབྱུང་བ་ཞེས་ཀྱང་གསུངས་སོ། །སྐུ་ནི་བསོད་ནམས་ཀྱི་སྐུའོ། །བྱང་ཆུབ་ཀྱི་སེམས་ནི་ཡེ་ཤེས་ཀུན་ཏུ་སྤྲོས་པའོ། །ས་ནི་རྡོ་རྗེ་འཛིན་གྱི་སའོ། །ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱའོ། །སེམས་དཔའ་ཆེན་པོ་འདུ་ཤེས་ཀྱི་ཕུང་པོ་ལས་འདུ་བྱེད་ཀྱི་ཕུང་པོ་སྣ་ཚོགས་འབྱུང་བ་ནི་ལས་ཀྱི་རིགས་ཏེ། འདུ་བྱེད་མང་པོ་འབྱུང་བ་ཉིད་ལས་ཀྱི་རིགས་ཀྱི་ལྷ་དང་ལྷ་མོ་དང་། སེམས་དཔའ་དང་སེམས་མ་ལ་སོགས་ཏེ། ལས་ཀྱི་རིགས་ལྷུན་གྱིས་རྫོགས་ཏེ། བདག་ཉིད་ལས་བྱུང་བ་མངོན་པར་རྫོགས་པར་སངས་རྒྱས་ཏེ།འགྲོ་བ་འདུལ་བའི་དཀྱིལ་འཁོར་ཉིད་དོ། །བྱང་ཆུབ་སེམས་ནི་རྡོ་རྗེའོ། །སྐུ་ནི་ལོངས་སྤྱོད་རྫོགས་


DNG006_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱའོ། །ས་ནི་ཀུན་ཏུ་བཟང་པོ་མཆོག་ཉིད་ཀྱི་སའོ། །སེམས་དཔའ་ཆེན་པོ་འདུ་བྱེད་ཀྱི་ཕུང་པོ་ལས། འབྱེད་པའི་རྣམ་པར་ཤེས་པ་མང་པོ་སྣ་ཚོགས་པར་འབྱུང་བ་ཉིད་དོ། །རྣམ་པར་ཤེས་པའི་ཕུང་པོ་སྟེ། རྣམ་པར་ཤེས་པ་མང་པོ་ཉིད་རྡོ་རྗེ་རིགས་ཀྱི་ལྷ་དང་ལྷ་མོ་དང་། སེམས་དཔའ་དང་སེམས་མ་ལ་སོགས་པ་རྡོ་རྗེའི་རིགས་ལྷུན་གྱིས་རྫོགས་ཏེ། སྔོན་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འབྱུང་བའི་དཀྱིལ་འཁོར་ཡིན་ཏེ། ཐམས་ཅད་ཀྱི་དབྱིངས་རྣམ་པར་དག་པ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ཉིད་དོ། །བྱང་ཆུབ་ཀྱི་སེམས་ནི་སྤྲོས་པ་མེད་པའོ། །སྐུ་ནི་རྡོ་རྗེ་སྙིང་པོའི་སྐུའོ། །ཕྱག་རྒྱ་ནི་དམ་ཚིག་གསང་བའི་ཕྱག་རྒྱའོ། །ས་ནི་བྱ་བ་མེད་པའོ། །སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ནང་ན་འདི་ནི་གསང་བ་ཆེན་པོ་གསང་བ་མཆོག་ཡིན་ནོ། །ཕུང་པོ་ལྔ་ལ་རིགས་མང་པོ་དང་། ལྷ་དང་ལྷ་མོ་མང་པོ་དང་ཁ་དོག་མང་པོ་དང་ཡེ་ཤེས་དང་དཀྱིལ་འཁོར་མང་པོ་ཚོགས་ཤིང་འདུས་པས། ཚོགས་ཀྱི་དཀྱིལ་འཁོར་ཉིད་དོ། །གསང་བ་ཐམས་ཅད་འདིར་འདུས་པས་གསང་བ་འདུས་པའི་དཀྱིལ་འཁོར་ཉིད་དོ། །ཁམས་གསུམ་བླ་ན་མེད་པ་གསང་བ་མཆོག་གི་དཀྱིལ་འཁོར་རྨད་དུ་བྱུང་བ་བསྟན་པ་སྟེ། དཀྱིལ་འཁོར་ལྔ་པོ་འདི་དག་ནི་རིམ་གྱིས་བཀོད་པ་མ་ཡིན་ཏེ། ལྷའི་ཏིང་ངེ་འཛིན་གང་བསྒོམ་པའི་སྐུ་ལས་སྐུ་ལྔ་ལྷུན་གྱིས་རྫོགས་པར་རང་བཞིན་གྱིས་གནས་པ་དང་། དཀྱིལ་འཁོར་གཅིག་ལ་དཀྱིལ་འཁོར་ལྔ་ཆར་རྫོགས་པར་རང་བྱུང་སྟེ། བཀོད་ཅིང་བསྐྱེད་མི་དགོས་སོ། །བྱང་ཆུབ་སེམས་ཀྱང་ཆོས་ཉིད་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་ལས་བྱང་ཆུབ་ཀྱི་སེམས་རང་བྱུང་བས་རང་བྱུང་མཆོག་གི་དཀྱིལ་འཁོར་རོ། །ཕྱག་རྒྱ་ཡང་རང་བཞིན་གྱིས་གསལ་བར་འབྱུང་བས་རང་བྱུང་མཆོག་གི་ཕྱག་རྒྱའོ། །དེ་བཞིན་དུ་སྐུ་དང་ཡེ་ཤེས་དང་།


DNG006_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དང་ཕྱག་མཚན་དང་། ཁ་དོག་ཐམས་ཅད་གཅིག་ལ་ཀུན་རྫོགས་པར་འབྱུང་ཞིང་རང་བཞིན་གྱིས་གནས་སོ། །གསང་བ་རྨད་དུ་བྱུང་བ་ལས། ཁམས་གསུམ་བླ་ན་མེད་པའི་སངས་རྒྱས་གསང་བའི་ས་གོང་ན་མེད་པར་རྫོགས་པའི་ས་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་མཐའ་ཀླས་མུ་མེད་པའི་སེམས་ཅན་རེ་རེ་ལ། དཀྱིལ་འཁོར་ལྔ་ལྔ་རང་བཞིན་གྱིས་ཡོད་པ་དང་། སྣོད་ཀྱི་འཇིག་རྟེན་ཆེན་པོ་ལྔ་གཅིག་གི་མཚན་ཉིད་ལ་ཡང་དཀྱིལ་འཁོར་ལྔ་རྫོགས་པར་བཞུགས་པས་དེའི་ཕྱིར་གསང་བ་རྨད་དུ་བྱུང་བ་ཉིད་དོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ། །དཀྱིལ་འཁོར་རྨད་དུ་བྱུང་བ་ཉིད་དོ། །བལྟ་བ་རྨད་དུ་བྱུང་བ་ཉིད་དོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་དོ། །སངས་རྒྱས་རྨད་དུ་བྱུང་བ་ཉིད་དོ། །རོལ་པ་རྨད་དུ་བྱུང་བ་ཉིད་དོ། །མཁྱེན་པ་རྨད་དུ་བྱུང་བ་ཉིད་དོ། །ཡེ་ཤེས་རྨད་དུ་བྱུང་བ་ཉིད་དོ། །ཆོ་འཕྲུལ་ཆེན་པོ་དང་རྫུ་འཕྲུལ་ཆེན་པོ་དང་། འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་དོ། །མཛད་པ་རྨད་དུ་བྱུང་བ་ཉིད་དོ། །སྐུ་གསུང་ཐུགས་རྨད་དུ་བྱུང་བ་ཉིད་དོ། །དུས་གསུམ་རྨད་དུ་བྱུང་བ་ཉིད་དོ། །སྲིད་པ་གསུམ་རྨད་དུ་བྱུང་བ་ཉིད་དོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། ཁམས་གསུམ་བླ་ན་མེད་པ་གསང་བ་མཆོག་གི་དཀྱིལ་འཁོར་རྨད་དུ་བྱུང་བ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།སེམས་དཔའ་ཆེན་པོ་དེ་བས་ན། །སངས་རྒྱས་སངས་རྒྱས་མ་ཡིན་པའི། །སེམས་ཅན་སེམས་ཀྱི་རྒྱུ་ནི་གང་། །བྱང་ཆུབ་སེམས་ནི་མ་ཡིན་པའི། །ཆོས་དང་ཆོས་ཉིད་དངོས་ནི་གང་། །དཀྱིལ་འཁོར་མང་པོ་གསུངས་པ་ཉིད། །རྫོགས་པའི་དཀྱིལ་འཁོར་བདག་ལ་འདུས། །དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ། །ཡེ་ཤེས་རྡོ་རྗེའི་ཐུགས་ལ་གནས། །རྡོ་རྗེ་ཡེ་ཤེས་མཆོག་ཉིད་ནི། །བདག་ཉིད་སྦྱོར་བ་བསྟན་པའོ། །ཐམས་ཅད་རང་བྱུང་


DNG006_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རོ། །དཀྱིལ་འཁོར་ལྔར་མ་འདུས་པའི་ཆོས། །སངས་རྒྱས་ཉིད་ལ་མི་མངའ་འོ། །ཀྱེ་སེམས་དཔའ་ཆེན་པོ། སྐྱེ་བའི་སེམས་ཅན་ཐམས་ཅད་ཀྱང་། དབྱིངས་གསུམ་རྣམ་པར་དག་པའི་སྐྱེ་བ་མེད་པའི་སངས་རྒྱས། བྱང་ཆུབ་སེམས་ཀྱི་ངོ་བོ་འདི། །སངས་རྒྱས་གསང་བ་ཉིད་ལས་གསུངས། །གང་ཕྱིར་སངས་རྒྱས་ཉིད་ཀྱིས་གསུངས། །བྱང་ཆུབ་སེམས་ནི་སྤུ་གྲིའི་སོ། །ཏིལ་མར་ངར་བཏགས་རལ་གྲི་བཞིན། །བྱང་ཆུབ་སེམས་འདི་ཡོངས་ཀྱི་ལམ། །སྐྱོན་གྱིས་མ་གོས་པདྨ་བཞིན། །བསྐལ་པར་འབར་བའི་མེ་བཞིན་དུ། །སྡུག་བསྔལ་བདེ་བ་ཅི་སྤྱོད་ཀྱང་། །རྣལ་འབྱོར་བླ་མེད་སངས་རྒྱས་འགྲུབ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་ན་མེད་པ་ཐམས་ཅད་ཀྱང་། །ང་ཡི་བྱང་ཆུབ་སེམས་ལ་གནས། །མཚན་དང་དཔེ་བྱད་ཀུན་ལས་འདས། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །མ་བསམས་ལྷུན་གྱིས་གྲུབ་པའི་སྐུ། །ཁམས་གསུམ་འདི་ན་གཅིག་པུར་གནས། །གཅིག་པུར་རབ་ཏུ་ཆེ་བའི་ས། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་གཅིག་ཏུ་བཞུགས། །ཁམས་གསུམ་མེད་པར་གནས་མེད་པར། །སེམས་དང་ཆོས་ཉིད་གཅིག་ཏུ་འདུས། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་མཆོག་གི་བརྡའ་ཡིས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཀྱེ་གྲོགས་པོ་དག །བྱང་ཆུབ་སེམས་ནི་མངོན་སངས་རྒྱས། །འདི་དོན་དེ་ལྟར་གང་རིགས་པ། །རྣལ་འབྱོར་རྟག་ཏུ་བདེ་ལ་གནས། །དམྱལ་བའི་གནས་ཉིད་བླ་མེད་ལམ། །དམྱལ་བའི་ས་ན་དེ་ལྟར་སྤྱོད། །གནོད་སྦྱིན་སྲིན་པོ་གཤིན་རྗེའི་ཚོགས། །སངས་རྒྱས་ཡིན་པར་ཀུན་གྱིས་མཐོང་། །དངོས་ལ་དམྱལ་བའི་རྒྱུ་མི་གནས། །དམྱལ་བའི་རྒྱུ་མེད་ཀུན་གྱི་རིག །དམྱལ་བའི་མེ་ལྕེའི་ཕྲེང་བ་རྣམས། །བྱང་ཆུབ་སེམས་ཡིན་


DNG006_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་འཇིལ། །དེ་ཕྱིར་སངས་རྒྱས་འབའ་ཞིག་རྣལ་འབྱོར་མེད། །དེ་ལ་ལམ་མེད་འགྲོ་བ་མེད། །སངས་རྒྱས་མེད་དེ་རྒྱུ་ཡང་མེད། །བྱང་ཆུབ་མེད་དེ་མིང་ཡང་མེད། །བྱང་ཆུབ་ཉིད་ཀྱི་ས་ཡང་མེད། །སེམས་ཅན་མེད་དེ་སྲོག་ཀྱང་མེད། །ཉོན་མོངས་མེད་དེ་འཁོར་བའང་མེད། །བདེ་བ་མེད་དེ་འབྲས་བུའང་མེད། །རེ་བ་མེད་དེ་དོགས་པའང་མེད། །གནས་པ་མེད་ཅིང་ཡུལ་ཡང་མེད། །ཐེག་པ་མེད་ཅིང་འཇུག་པ་མེད། །སྨོན་པ་མེད་ཅིང་བསྒྲུབ་པ་མེད། །སྤང་བ་མེད་ཅིང་ལེན་པ་མེད། །སེམས་ཀྱི་གནས་ཀྱི་ཡུལ་མེད་པས། །བསྒོམ་དུ་མེད་པའི་བྱང་ཆུབ་སེམས། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་སྔོན་ཆད་མ་མཐོང་མ་རིག་པའོ། །བཅོམ་ལྡན་འདས་བདག་དང་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་སྔོན་མ་མཐོང་མ་རིག་པ་ངོ་མཚར་ཆེ་བའི་གསང་བ་ཆེ་བའི་ཆོས། དེ་བཞིན་གཤེགས་པའི་ཐེག་པ་གང་དང་ཡང་མི་མཐུན་པ། གསང་སྔགས་ཀྱི་ཐེག་པ་གང་དང་ཡང་མི་མཉམ་པ། གསང་བ་གང་དང་མ་འདྲེས་པ། ཐེག་པ་གང་དང་ཡང་ཐུན་མོང་མིན་པའི་ཆོས་བྱང་ཆུབ་ཀྱི་སེམས་མིན་པའི་ཆོས་དང་ཆོས་ཉིད་མེད་པ། སངས་རྒྱས་མེད་པར་སེམས་ཅན་མིང་མེད་པས་རོལ་པའི་དགེས་པ་ལས་མ་གཏོགས་པར་སྡུག་བསྔལ་གྱི་མིང་མེད་པར་སྐུ་གསུང་ཐུགས་ཉིད་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བསྐོར་བ་མ་ཡིན་པར་འཁོར་བའི་རྒྱུད་དང་འཁོར་བའི་ཆོས་ཡེ་ནས་མེད་པར་བྱང་ཆུབ་སེམས་ཀྱི་ས་ལ་སྦྱོར་བ་མ་གཏོགས་པར་དམྱལ་བའི་མིང་ཡང་མེད་པ་དང་། ཐམས་ཅད་མཁྱེན་པ་ལས་མ་གཏོགས་པར་མ་རིག་པ་མིང་ཡང་མེད་པའི་ཆོས་དོན་མ་ནོར་བར་ཐུགས་སུ་ཆུད་པ། ཐུགས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒྲོན་མའི་གསང་བ། གསང་བ་རྨད་དུ་བྱུང་བའི་མན་ངག་རྫོགས་པར་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་


DNG006_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བདག་གི་དོན་དུ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་དོན་འདི་ལྟ་བུ་རྫོགས་པར་གསུངས་པ་དེ་རྒྱུ་གང་གིས་མཁྱེན་པར་གྱུར། དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག །སངས་རྒྱས་བཅོམ་ལྡན་འདས་ནི་ཚད་མེད་པའི་ཡོན་ཏན་གྱིས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་རྣམས་ཡང་དག་པར་བསགས་ཏེ་མཁྱེན་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཚད་མེད་པར་ཡང་དག་པའི་ཐབས་རྫོགས་པར་ཐུགས་སུ་ཆུད་ཅིང་མཁྱེན་ཏོ། །ཚད་མེད་པའི་ཡོན་ཏན་གྱི་འབྱུང་ཁུངས་སུ་གྱུར་པས་ཐུགས་སུ་ཆུད་ཅིང་མཁྱེན་ནོ། །མི་མཉམ་པ་དང་མཉམ་པའི་ཡེ་ཤེས་དང་ལྡན་པས་ཐུགས་སུ་ཆུད་དེ་མཁྱེན་ནོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྣོད་ཇི་ལྟ་བ་བཞིན་མི་མཉམ་པ་དང་མཉམ་པའི་སྨོན་ལམ་གྱི་སྟོབས་དང་ལྡན་པས་ཐུགས་སུ་ཆུད་དེ་མཁྱེན་ཏོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཤེས་རབ་ཚད་མེད་པ་བསགས་པས་ཐུགས་སུ་ཆུད་དེ་མཁྱེན་ནོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྤྱོད་པ་ཚད་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྐྱེ་བ་ཚད་མེད་པ་རྣམས་ཀྱི་སྣོད་དུ་གྱུར་པར་མཛད། སངས་རྒྱས་བཅོམ་ལྡན་འདས་ནི། སྣོད་ཇི་ལྟ་བ་བཞིན་དོན་དེ་ལྟ་བུར་མཛད་པས། སྣོད་ཇི་བཞིན་དུ་སེམས་ཅན་གྱི་དོན་མཛད་དོ། །ཇི་ལྟར་གདུལ་བ་བཞིན་སེམས་ཅན་གྱི་དོན་མཛད་པ་དང་། མོས་པ་ཇི་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་དང་། ཐུགས་སུ་ཆུད་དེ་མཁྱེན་ཅིང་སྣོད་དང་སྦྱར་ཞིང་གསུངས་པ་ཡིན་ནོ། །སེམས་དཔའ་ཆེན་པོ་གསུང་རྡོ་རྗེ་སྨྲ་བ་ཉིད་དོ། །སྦྱོར་བ་ནི་ལུས་ངག་ཡིད་གསུམ་སོ་སོ་མ་ཡིན་ཐ་མི་དད་པ་གཉིས་སུ་མེད་པར་རིག་པར་བྱེད་པ་ནི་སྦྱོར་བའོ། །སྒྲོལ་བ་ནི་ལུས་དང་ངག་དང་སེམས་དབྱེར་མེད་པ་རྡོ་རྗེ་ཉིད་གང་ནའང་མི་གནས་པ་དང་། ཆོས་ཐམས་ཅད་
གང་ནའང་མི་གནས་པ་དང་། ཆོས་ཐམས་ཅད་གང་ནའང་མི་གནས་པ་ཉིད་སྒྲོལ་བའོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་གསང་བའི་རྒྱུད་དུ་བྱུང་བའི་གསང་བ་ཆེན་པོ་གསང་བ་འབུམ་སྡེ་ལས། རྡོ་རྗེ་སེམས་དཔའ་རིག་པ་བསྟན་པ་གསང་བ་ཐམས་ཅད་ཀྱི་གསང་བ་མཆོག་རྨད་དུ་བྱུང་བའི་མན་ངག །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་ལེའུ་སྟེ་ཉི་ཤུ་པའོ།། །། རྫོགས་སོ།། །།

རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་ཆེན་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ཅེས་བྱ་བ།


DNG006_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་སནྟི་དྷརྨ་ཏཱ་བོ་དྷི་ཙིཏྟ་རཏྣ་བྱཱུ་ཧ་བི་བྷེ་ད་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས།རིན་ཆེན་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་གི་ཚེ་ན། བྱིན་རླབས་ལས། བཅོམ་ལྡན་ཀུན་ཏུ་བཟང་པོ་ཉིད། །དུས་ཀུན་སྣང་བ་མ་འགགས་ཤིང་། །རང་བཞིན་ཡེ་ཤེས་ཀུན་སྤྱོད་མཛད། །ཆོས་རྣམས་ཀུན་གྱིས་རྣམ་བརྒྱན་དེ། །ཀུན་ཏུ་སྐུ་ཡི་དཀྱིལ་འཁོར་དང་། །གསུང་ཐུགས་ཡོན་ཏན་ཕྲིན་ལས་ཚོགས། །རང་གི་དཀྱིལ་འཁོར་རྣམས་བརྗོད་ཅིང་། །སངས་རྒྱས་ཀུན་གྱིས་བསྟོད་བྱེད་པའོ། །མི་གཉིས་ཤེས་རབ་འདྲེལ་བའི་གཟུང་། །རིགས་ཀྱི་དཀྱིལ་འཁོར་ཀུན་ཡུལ་སྦྱོར། །ཐུགས་རྗེ་ཆེ་དང་ཐབས་ཆེན་པོ། །ཡོན་ཏན་མ་འགགས་ཀུན་གསལ་ཞིང་། །ཕྱག་རྒྱའི་དཀྱིལ་འཁོར་ཇི་བཞིན་པར། །ཕྱག་རྒྱ་བསྟན་པའི་ཏིང་ངེ་འཛིན། །འོག་མིན་གནས་མཆོག་རྣམ་དག་མཁའ། །ཡེ་ཤེས་རྣམ་པར་འཕྲུལ་པའི་གནས། །རང་བཞིན་ཆོས་རྣམས་འགགས་མེད་ཅིང་། །ཐམས་ཅད་རྒྱན་གྱིས་རྣམ་པར་སྤྲས། །ཞིང་ཁམས་ཆེན་པོ་མཐའ་ཡས་པར། །སྟོང་གསུམ་རྣམ་པར་བཀོད་པ་ཀུན། །ཐུགས་རྗེ་བྱང་ཆུབ་སེམས་ཀྱིས་མཛེས། །རང་གཞན་ཆོས་ཀུན་རྣམ་དག་པའོ། །དེ་ཚེ་ཕྱོགས་བཅུའི་བདེ་གཤེགས་


DNG006_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །བདེ་གཤེགས་བྱིན་རླབས་སྣང་བའི་མཐུས། །རྡུལ་སྙེད་ཀུན་ནས་འདུས་པ་དང་། །ཏིལ་གྱི་གང་བུ་ཇི་བཞིན་པ། །དེ་དག་རང་ལས་མི་གཞན་ཅིང་། །ཀུན་ཏུ་སྤྲུལ་པར་རྣམ་པར་བརྒྱན། །རིགས་ཀྱི་ཞིང་ཁམས་བསམ་ཡས་ཀྱིས། །ཕྱག་རྒྱ་ཐབས་དང་ཤེས་རབ་གནས། །དེ་ཚེ་བྱང་ཆུབ་སེམས་དཔའི་ཚོགས། །ས་ཆེན་ཀུན་ནས་འདུས་པ་དག །རྨད་བྱུང་ཆོས་ཀྱི་ཚུལ་བཞིན་དུ། །རང་རིག་མཛད་པས་རྣམ་པར་འཁོད། །རང་རིག་སྟོན་པས་གཙོར་བྱས་རྣམས། །དཀྱིལ་འཁོར་གསང་བའི་ཚུལ་བྱུང་བས། །དོན་མཐུན་ཐེག་པ་སྣ་ཚོགས་ཀྱིས། །རང་གི་ཕྲིན་ལས་ལ་གནས་པའོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས། །བྱང་ཆུབ་སེམས་དཔའི་ཚོགས་ཀུན་གྱིས། །རང་རིག་སྟོན་པ་མཉེས་མཛད་ཅིང་། །ཞིང་ཁམས་བཀོད་པ་རྣམ་པར་སྦྱོར། །དེ་ཚེ་བྱིན་རླབས་སྣང་བའི་ཚོགས། །ཐམས་ཅད་ཆོས་ཀྱི་དེ་བཞིན་ཉིད། །དོན་ཀུན་སྣང་བ་མ་འགགས་པས། །ངོ་མཚར་ཕྱག་རྒྱ་ཉི་ཤུ་ལྔ། །ཆོ་འཕྲུལ་རྨད་དུ་བྱུང་བའི་ཚོགས། །ཐེག་པ་ཀུན་ལས་སྤགས་པ་ཡི། །ངོ་བོ་ཉིད་ཀྱི་སངས་རྒྱས་དག །ཕྱོགས་དུས་ཀུན་ན་གསལ་བར་སྣང་། །རང་གི་ཡེ་ཤེས་གནས་ཀྱིས་འཇུག །སྟོན་པ་ཀུན་གྱིས་བསྟན་པར་མཛད། །སོ་སོའི་རྟོག་ཚོགས་ཐེ་ཚོམ་རྣམས། །ཀུན་ནས་ལངས་ཏེ་གསོལ་བཏབ་ཅིང་། །མི་ཤེས་དྲ་བའི་མཐའ་འདི་རྣམས། །ཤེས་རབ་མཚོན་གྱིས་གཅད་པར་འདོད། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཀུན་ནས་མ་འགགས་རྣམ་འཕྲུལ་ཞིང་། །དེ་རྣམས་རྟོགས་པས་དེ་ལྟར་མཛད། །དེ་དག་རང་བཞིན་གནས་ལ་སྦྱོར། །དེ་ནས་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་ཚོགས་དགའ་བའི་མཐུས། །རྒྱུད་ཆེན་གསང་བ་སྔོན་བྱུང་བར། །རྟོག་པའི་ཐེ་ཚོམ་མི་ཤིགས་པ། །ངེས་པའི་དོན་གྱིས་གསལ་བའི་ཕྱིར། །སྟོན་པ་མཆོག་ལ་གསོལ་


DNG006_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་ཅིང་། །ཡང་དག་ཡེ་ཤེས་རྣམ་པར་གནས། །བཅོམ་ལྡན་བདག་ཅག་སངས་རྒྱས་ཚོགས། །མི་གཉིས་ཡེ་ཤེས་འབྲལ་བ་མེད། །ཐུགས་ཀྱི་དཀྱིལ་འཁོར་རྣམ་གསལ་བ། །ཕྱོགས་དུས་སྒྲིབ་མེད་སྣང་བའི་མཐུས། །རང་བཞིན་ཆོས་རྣམས་གསལ་བར་སྣང་། །ཐབས་མཁས་བྱང་ཆུབ་སེམས་དཔའ་རྣམས། །ཐེག་མཆོག་བླ་ན་མེད་གཞུང་འདིར། །ཐུགས་རྗེ་ཡེ་ཤེས་རྣམ་དག་པ། །ཐམས་ཅད་ཀུན་དགོངས་གཟིགས་མཛད་དེ། །སྣང་བའི་སྐབས་དབྱེ་མཛོད་ཅིག་ལགས། །ཞེས་གསོལ་བ་ཡང་དག་པར་བཏབ་པོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་ཆེན་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལས། བསྟན་པ་ཇི་ལྟར་སྣང་ཞིང་སྦྱོར་བའི་སྒོ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དག་རྒྱ་ཆེན་པོའི། །མཐའ་ཡས་དོན་ཀུན་རབ་སྟོན་པའི། །ཐོག་མ་ཐ་མ་རྣམ་དག་པས། །གཉིས་མེད་ཡེ་ཤེས་ཆེན་པོ་ཉིད། །དེ་དག་ཆོས་ཀུན་རང་བྱུང་བ། །བྱང་ཆུབ་སེམས་ཀྱི་སྙིང་པོ་ཅན། །འདི་ལྟར་བསྟན་པའི་ཚོགས་རྣམས་ཀུན། །མ་འགག་རང་གི་ཡུལ་བཞིན་སྣང་། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི། །ཐིག་ལེ་ཆེན་པོའི་གནས་ཉིད་དོ། །དེ་དག་སངས་རྒྱས་ཐམས་ཅད་ཀྱིས། །དོན་མཐུན་བསྟན་པར་འཇུག་པའི་ཕྱིར། །ཕྱི་ནང་ཀུན་ཏུ་བཟང་མོའི་ཆོས། །རྒྱ་ཆེན་སྐུ་གསུམ་བདག་ཉིད་བདག །རང་གི་ཚུལ་གྱིས་སྟོན་པར་མཛད། །ཨེ་མ་ཧོ་ཐམས་ཅད་ལས་བྱུང་བའི། །ཚུལ་འདི་ངོ་མཚར་རྨད་ཀྱི་ཆོས། །དེ་བཞིན་གཤེགས་པའི་ཆོས་ཉིད་དོ། །འགྲོ་བ་ཀུན་གྱི་ངོ་བོ་ཉིད། །དེ་དག་ཐེག་པ་ཇི་ལྟར་བྱུང་། །རྒྱུ་དང་འབྲས་བུའི་ཚུལ་རྣམས་ཀུན། །ཐིག་ལེ་ཆེན་པོར་བསྡུ་མཛད་པའི། །རྣམ་གྲངས་རྣམ་པ་དུ་ཡིས་བསྟན། །དེ་བཞིན་སྐབས་ཀྱི་དོན་རྣམས་དང་། །བྱེ་བྲག་རིག་པ་ཇི་ལྟར་འབྱུང་། །ཆེ་བའི་རྣམ་གྲངས་གང་ཞིག་གིས། །དོན་རྣམས་གཉིས་མེད་རྫོགས་པར་གནས། །


DNG006_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དང་ལུང་དང་མན་ངག་རྣམས། །ཚིག་དོན་འདྲེལ་བ་ཇི་ལྟ་བུ། །རྣལ་འབྱོར་རྣམ་པ་གསུམ་དག་གིས། །དོན་གྱི་སྤྱི་ཁོག་ཇི་ལྟར་གཞག །ཆེ་བ་རྣམ་ལྔས་མཚམས་སྦྱར་བའི། །སྐབས་ཀྱི་འདྲེལ་བ་ཐ་དད་གཞི། །ཀུན་བཟང་ཡེ་ནས་རྫོགས་པའི་སྐུ། །དེ་ཉིད་གསུམ་གྱི་དོན་སྣང་བ། །ཕྱག་རྒྱའི་ཚོགས་རྣམས་མ་འདྲེས་ཤིང་། །གོལ་སྒྲིབ་ཀུན་གྱི་མཐའ་བསལ་བ། །དམིགས་བྱ་ངོ་བོ་རྣམ་གྲངས་ཆོས། །མན་ངག་ཀུན་གྱི་ཆོས་རྣམས་དག །ངང་དྭངས་རང་བཞིན་བདག་ཉིད་ཆེ། །བསྒོམ་སྤྱོད་བསྒྲུབ་པའི་མཐའ་གཡེངས་ཤིང་། །དཔེར་བཅས་དོན་ཀུན་འཚམས་པར་བསྟན། །དེ་དག་ཐ་སྙད་ཚོགས་འདུས་པས། །རང་གི་ཡུལ་ཀུན་སྣ་ཚོགས་དོན། །ཐབས་དང་ཤེས་རབ་འདྲེལ་བའི་ཞིང་། །འདི་དག་ཐེག་པར་ཀུན་སྣང་ཞིང་། །ཐམས་ཅད་ཆོས་ཀྱི་ཚུལ་འཇུག་པ། །ངོ་བོ་ཉིད་ཀྱིས་རྣམ་དག་པས། །སངས་རྒྱས་ཀུན་གྱི་ཡུལ་ཉིད་ནི། །དོན་ཀུན་བསྟན་པར་གྲོལ་བར་བྱེད། །འདི་ལྟར་ཐེག་པ་བསམ་ཡས་པས། །ཕྱག་རྒྱའི་དཀྱིལ་འཁོར་སྣ་ཚོགས་འཇུག །དོན་མཐུན་བསྟན་པས་གྲོལ་བྱེད་ཅིང་། །ཡེ་ཤེས་ཆེར་གནས་སྣ་ཚོགས་པའོ། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་མ་བཅོས་ལྷུན་གྱིས་གྲུབ། །ཐ་དད་གཞན་རྫས་སྤྱོད་བཀག་པ། །དོན་འདི་བསྟན་པས་སྙིང་པོའི་ཚུལ། །ལུང་ཆེན་བརྒྱད་ཀྱིས་བསྟན་འགྱུར་ཞིང་། །དེ་དག་ཚུལ་རྣམས་སྒྲུབ་བྱེད་པ། །ཁྱད་པར་སྤགས་པའི་མན་ངག་བཅུས། །ཐབས་ལྡན་འཇུག་པའི་ཚུལ་ཤེས་པས། །ཕུན་སུམ་ཚོགས་པ་ཀུན་རྫོགས་ཤིང་། །དེ་དག་ཡན་ལག་རྣམ་རྒྱས་པའོ། །ཐོག་མར་བསྟན་པའི་དོན་ཉིད་ཀྱིས། །ཚུལ་རྣམས་ཇི་ལྟར་བསྡུ་བར་བྱེད། །སྣོད་བཅུད་རང་བཞིན་སངས་རྒྱས་ཉིད། །ལོག་རྟོག་སྤང་བ་མེད་པ་ལས། །ཐབས་ཀྱི་ཁྱད་པར་སྣ་ཚོགས་ཀྱིས། །ཡེ་ཤེས་


DNG006_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལས་ཤར་བའི་ཚུལ། །མ་ནོར་ཆོ་འཕྲུལ་ཀུན་གྱི་སྐུ། །དེ་བཞིན་ངེས་པར་འཇུག་པའི་ཐབས། །རྩོལ་བཅས་གྲོལ་བའི་ཐབས་ཡིན་ཏེ། །དེ་དག་ངོ་བོ་རྣམ་དག་པས། །ཀུན་ཏུ་ཐོབ་པ་མེད་པ་དང་། །དེ་བཞིན་བརྗོད་པ་མེད་པའི་ཚུལ། །སྡུག་བསྔལ་ཆོས་ཉིད་ལོངས་སྤྱོད་རྒྱན། །ལས་ཀྱིས་མ་གྲུབ་ཡེ་ཤེས་སྟོབས། །བཙལ་དུ་མེད་པའི་སྙིང་པོ་ཉིད། །བསམ་གཏན་ཕྱོགས་འཛིན་རྣམ་བཅས་པ། །བསྒོམ་སྐྱོན་ཀུན་ཏུ་ཐ་དད་པས། །དེ་དག་ཚུལ་གྱིས་སྣ་ཚོགས་ཉིད། །མ་བྱུང་སྐྱེ་འགག་ཡུལ་ལས་འདས། །བསམ་གཏན་མཚན་མས་གོལ་འགྱུར་ཞིང་། །རེ་དང་དོགས་པའི་མཐར་གནས་པའོ། །ཆོས་རྣམས་ཐམས་ཅད་གཉིས་མེད་དོན། །དེ་ཡང་འཐད་པ་དཔེ་དང་བཅས། །དུས་གསུམ་བྱང་ཆུབ་ཆེན་པོའི་ལམ། །འོད་ལྔ་ཆོས་ཉིད་དབྱིངས་ཀྱི་རྒྱན། །རྟོགས་པའི་རང་བཞིན་ཀུན་ཤེས་པ། །སྒྲིབ་མེད་གཟོད་ནས་རྣམ་པར་དག །རེ་དོགས་ཆགས་པ་ཀུན་བྲལ་ཞིང་། །ཐམས་ཅད་ཡོན་ཏན་སྙིང་པོའི་སྐུ། །གཉིས་མེད་རྟོགས་པར་དཀའ་བའི་དོན། །ཐབས་དང་ཤེས་རབ་ངང་ཚུལ་བཟང་། །འཁོར་གནས་བྱང་ཆུབ་སེམས་ཀྱི་གྲོང་། །དེ་དག་རང་གི་ཆོས་ཉིད་དེ། །བླ་མའི་མན་ངག་རྣམ་བྲལ་བས། །ཡང་དག་སངས་རྒྱས་རྙེད་མི་འགྱུར། །ཀུན་ཏུ་ས་རྣམས་སྦྱོང་བྱེད་ཅིང་། །ཀུན་ཏུ་ལམ་མཆོག་བགྲོད་པ་མེད། །གདམས་ངག་ལེགས་པའི་རིན་ཆེན་གཞི། །དེ་ལས་ངོ་མཚར་འབྲས་བུ་འབྱུང་། །དེ་ཉིད་ལམ་ཀུན་སྒོམ་བྱེད་ཅིང་། །ཚུལ་བཞིན་གནས་པས་རྣམ་པར་གྲོལ། །ཕྱི་ནང་གསང་བའི་ཐེག་པ་དག །གོལ་སྒྲིབ་རང་གི་ངང་གིས་སེལ། །དེ་ལས་རྣམ་ཀུན་མཚོན་པའི་ཕྱོགས། །འཛིན་པའི་དབང་གིས་ཀུན་ནས་སྣང་། །སྐྱོན་དང་ཡོན་ཏན་གཉིས་མེད་པ། །སྤང་བྱ་བླང་བའི་མཐའ་རྣམས་བྲལ། །ཐེག་པ་གཞན་ལས་སྤགས་པ་ཡི། །དུས་གསུམ་མཉམ་པའི་རང་བཞིན་ལས། །ཆོས་ཀུན་གདོད་ནས་དག་པར་གནས། །དེ་དག་ཆེ་


DNG006_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆེ་བ་ཉིད། །བསྡི་གནས་ཙམ་གྱི་མཚན་ཉིད་དུ། །སོ་སོའི་མཚན་མ་རྟགས་དང་བཅས། །ཡང་དག་རྩོལ་བ་ལས་འདས་པའི། །དོན་ཀུན་དཔེ་ལས་འདས་པའི་ཆོས། །ངེས་པའི་ལུང་ཀུན་ཚུལ་འཇུག་པའི། །ཐེག་པ་སྣ་ཚོགས་ཡུལ་དང་བྲལ། །དེ་དག་ཡུལ་ཆེན་གོལ་བའི་གནས། །གཟུང་འཛིན་རྣམ་པར་དག་པའི་གཞི། །ཐ་སྙད་མིང་དུ་གནས་མི་འགྱུར། །མཉམ་ཉིད་རིག་པའི་ངོ་བོ་ཡིས། །དོན་ཀུན་གསལ་བར་སྟོན་བྱེད་ཅིང་། །རིག་འཛིན་ཐ་དད་ལས་ཀུན་དག །གཉིས་མེད་ཡེ་ཤེས་ངོ་བོ་ཉིད། །དེ་ལྟར་ཆོ་འཕྲུལ་ཀུན་སྣང་བས། །རང་བྱུང་ཡེ་ཤེས་འཆར་བྱེད་ཅིང་། །ཡོན་ཏན་འཆར་བའི་གཏན་ཚིགས་ཀྱིས། །རེག་ན་རྩོལ་བསྒྲུབ་སྐྱོན་ཆེན་ཏེ། །མཚན་མའི་དཀྱིལ་འཁོར་ཀུན་ནས་འཇུག །ཁྲོ་བོ་རྟགས་རྣམས་གོམས་པའི་མཐུས། །དེར་སྣང་རང་གི་ཡེ་ཤེས་བྲལ། །འབད་རྩོལ་འཁྲུལ་པས་ཀུན་བརྟགས་པའི། །འབྲས་བུ་དེ་དག་ཟག་བཅས་ཆོས། །སྤྱོད་པ་འཇུག་སྒོ་ཐ་དད་པས། །དམན་པས་གོང་མ་སྐྱེ་མི་འགྱུར། །བློ་མཆོག་ཡང་དག་སྦྱངས་པའི་ཚུལ། །ཕྲིན་ལས་ཀུན་གྱི་རྩོལ་བྲལ་ཞིང་། །ཡང་དག་དོན་ཀུན་མཉམ་པ་ཉིད། །ཐེག་པའི་ཡུལ་འདིས་གསལ་བར་བྱེད། །རྒྱུ་རྐྱེན་ལ་ལྟོས་འཁྲུལ་པ་ཉིད། །རང་བྱུང་ཡེ་ཤེས་གཞན་ན་མེད། །མཚོན་པའི་དཔེ་ཡིས་བརྗོད་མེད་ཅིང་། །ཕྱག་རྒྱའི་དཀྱིལ་འཁོར་སྣ་ཚོགས་གསལ། །འབྲས་བུ་རང་ལས་སྣང་བ་དག །དེས་ན་ཡེ་ནས་གནས་པའི་ཆོས། །སེམས་ཅན་བྱང་ཆུབ་སེམས་ཉིད་ལ། །ཀུན་ཏུ་བགྲོད་པས་གྲོལ་བ་ཉིད། །རྟོགས་པའི་སྤྱོད་ཡུལ་མཐའ་འདས་པ། །ཕྱོགས་མཉམ་ལྷུན་གྱིས་གྲུབ་པའི་དངོས། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད། །དམིགས་དཀའ་དཔེ་དོན་ལས་འདས་ཤིང་། །དེ་ཡི་ཆེ་བས་ཀུན་ཏུ་ཁྱབ། །ལྷུན་གྱིས་གྲུབ་པའི་ཚོགས་རྣམས་ཀུན། །དུས་གསུམ་མཉམ་པའི་ངང་


DNG006_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བས། །མཆོད་པའི་གནས་ཀུན་ཡོངས་རྒྱས་ཏེ། །གཉིས་མེད་རྣམ་པར་བཀོད་པའི་མཐུས། །དེ་དག་དཀྱིལ་འཁོར་མཉེས་པར་འགྱུར། །ལམ་ཀུན་རྫོགས་པའི་བདུད་རྩི་ལ། །ལྷག་པར་བྱིན་རླབས་བསྔོ་དང་བྲལ། །རྣམ་བཞི་ལྷུན་གྱིས་གྲུབ་པ་ནི། །དངོས་གྲུབ་གནས་ཀུན་མཉམ་རྫོགས་པའི། །སྦྱོར་སྒྲོལ་ལྷུན་གྱིས་གྲུབ་པ་ཡི། །གར་སྟབས་དགའ་བ་ཀུན་གྱི་གཞི། །གཏོར་མ་སྔགས་བཟླས་ལ་སོགས་པས། །ལྷག་པའི་དོན་ཀུན་གཟུང་བ་མེད། །བདག་ཏུ་བཟུང་བས་མི་གྲོལ་ཞིང་། །རྩོལ་བས་སྒྲུབ་པའི་གནས་མཆོག་འདི། །ཞེས་རྒྱ་ཆེར་བསྟན་ཏོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་ཆེན་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལས། བསྟན་པ་བསྡུས་པ་དྲི་ལན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་གཉིས་མེད་ཀུན་ཏུ་བཟང་། །ཐམས་ཅད་ཆོས་ཀྱི་དེ་བཞིན་ཉིད། །ཐམས་ཅད་དོན་ཀུན་གསལ་བར་མཛད། །དེ་དག་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་བྱང་ཆུབ་སེམས་ཀྱི་རྒྱན། །དམིགས་མེད་སྙིང་པོ་མཐའ་འདས་པ། །གསང་བའི་རྒྱུད་ཆེན་བསྟན་པའི་སྒོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །བྱམས་པས་དོན་ཉིད་རྣམ་སྦྱང་ཕྱིར། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཆེ་བའི་ཆེ་བ་ཟབ་མོ་ཡི། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །དོན་རྣམས་ཇི་བཞིན་མི་བསྐྱེད་དེ། །བྱ་བ་མེད་པར་གྲོལ་བས་གྲོལ། །རང་བྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །གྲོལ་བ་རང་བྱུང་གཞན་ལས་མིན། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་


DNG006_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པས་འགྲུབ། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེ་བ་རང་ལས་འབྱུང་། །ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཡོན་ཏན་ཀུན་གྱིས་སྟོབས་ཀྱི་རྣམས། །ཇི་བཞིན་རྟོགས་པའི་ཕྲ་བ་ལས། །དེ་མ་ཐག་ཏུ་འབྱུང་བར་འགྱུར། །སྣང་བ་མེད་པའི་ཆོས་ཉིད་ནི། །མ་བཙལ་བཞག་པས་བསྒོམ་པ་ཡིན། །དེ་དང་དེར་ནི་རྣམ་བཙལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །མཆོག་ཏུ་གསང་བའི་ཆོས་འདི་ནི། །རྣ་དབང་གཞན་ནས་ཐོས་མི་འགྱུར། །དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །འགྲོ་བ་སྡུག་བསྔལ་བྱང་ཆུབ་སེམས། །ཀུན་ཏུ་ཆུབ་པས་རྣམ་པར་རོལ། །དེ་ལ་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་ལྟར་རྣམ་པར་གནས། །ཁྱད་པར་ཅིར་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཅིས་ཏེ་ལས་ཀྱི་དབང་བཙན་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །རྒྱུ་ཉིད་རྡོ་རྗེ་རྐྱེན་དང་བྲལ། །མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཡོན་ཏན་ཆེན་པོས་བསམ་གཏན་ན། །བསམ་གཏན་ཉིད་ལས་བསམ་དུ་མེད། །མ་བསམས་མ་སྦྱངས་ཆོས་བཞིན་དུ། །རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། །ཕྲ་བའི་སྒོ་མོར་མིང་བཏགས་ནས། །སེམས་ཀྱིས་དབེན་པའི་ལམ་འཚོལ་ཞིང་། །དགོན་པའི་རྒྱུད་དུ་དབེན་འཛིན་པས། །བརྟགས་ན་རྣམ་པར་རྟོག་འགྱུར་བསྒོམ། །རྒྱུ་དང་འབྲས་བུར་མིང་བཏགས་ཤིང་། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །འཇིག་རྟེན་འདི་ལས་བྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་ཏུ་བསྐྱེད། །ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་བཞིན་ཏེ་བྲག་ཆ་འདྲ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། །འགྲོ་བའི་མགོན་པོ་སེམས་དཔས་གསུངས། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་སེམས་དཔའི་


DNG006_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལས་བྱུང་། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་དུ་ཆེ། །ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའི་སྔོ་བ་ལ། །རང་དོན་ཆེན་པོའི་ནམ་མཁའ་འབྱུང་། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཀུན་ཏུ་བཟང་པོའི་རོལ་པ་ཡིས། །ཨཱ་ལི་ཀཱ་ལི་ཟབ་ཏུ་བསྟན། །དེ་བཞིན་ཨ་དང་མཛེས་པའི་ཏ། །ས་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཨེ་མ་ཧོ་སངས་རྒྱས་སྤྱོད་ཡུལ་འདི། །བཙལ་བས་རྙེད་པའི་གནས་མེད་དོ། །དྲུག་གི་ཆོས་བཞིན་ཡུལ་མེད་པས། །ལྡོངས་པས་ནམ་མཁར་བསྙེགས་པ་བཞིན། །གོང་ནས་གོང་དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པར་སྤྱོད། །ཅི་སྟེ་ལམ་ལ་བགྲོད་གྱུར་ན། །ནམ་མཁའ་བཞིན་དུ་ཐུག་པ་མེད། །དེ་ལྟར་དེ་བཞིན་དེ་ཡི་ཕྱིར། །དེ་ལ་དེ་བསྟན་དེ་ཡང་ཐོབ། །དེ་ནི་སྙིང་པོ་དེ་བས་ན། །དེ་ལས་དེ་བྱུང་ངོ་མཚར་ཆེ། །སྔོན་གྱི་དེ་དང་ད་ལྟར་དེ། །དེ་བཞིན་དེ་ཡི་གནས་སུ་ཆེ། །དེ་ལྟར་དེ་ཡི་ལམ་འདྲ་བར། །དེ་ནི་དེ་ཡི་རང་བཞིན་ནོ། །དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཟླ་བ་ལས་བྱུང་རྟེན་དང་བཅས། །ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །ད་ལྟར་བདེ་དང་ཕྱི་མའི་བདེ། །མངོན་སུམ་པ་དང་རྒྱབ་ནས་བྱུང་། །དེ་ཡང་རྣམ་པའི་སྐྱོན་ཡིན་པས། །དེ་ལ་བརྟེན་པར་མི་བྱའོ། །དུས་གསུམ་གཅིག་སྟེ་ཐ་དད་མེད། །སྔོན་མེད་ཕྱིས་མེད་གདོད་ནས་འབྱུང་། །ཆོས་ཀུན་ཁྱབ་པས་གཅིག་པའི་ཕྱིར། །ཆེ་བའི་ཆེན་པོ་རང་བཞིན་གནས། །སྲིད་པ་གསུམ་ན་སྦྱོང་བ་ཡང་། །མིང་ཙམ་སྒྱུ་མར་སྣང་བ་སྟེ། །འཁོར་ལོ་བསྒྱུར་བའི་གནས་ཆེན་ཡང་། །སྒྱུ་མས་སྦྱོང་བའི་བསྡི་གནས་ཡིན། །རྣལ་འབྱོར་དུས་ལ་ལྟོས་པ་རྣམས། །དུས་དེ་འབྱུང་བར་མི་འགྱུར་ཏེ། །མ་བྲལ་སྨོན་པ་མེད་པས་ན། །སྟོང་པའི་


DNG006_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་གསུངས་པ་བཞིན། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོས་བཏགས་ཆོས་ཀུན་ག་ལ་ཡོད། །ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཟབ་མོ་ཆ་ཤས་རྟོག་ཡུལ་མེད། །སྲིད་པ་མིང་དུ་ལོབ་པའི་སྟོབས། །དེ་བས་ཏིང་འཛིན་སྙམ་དང་བྲལ། །དེ་ལ་ཐ་ཚིག་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །དུས་གསུམ་འདི་དང་མི་འབྲལ་བའི། །ཐ་ཚིག་མིང་དུ་བཏགས་པ་མེད། །མི་གཡོ་བ་ནི་སྐུ་ཡི་རྒྱ། །མི་བསྐྱོད་པ་ནི་ཡེ་ཤེས་ཏེ། །མི་ལེན་པས་ན་བདག་མེད་ཅིང་། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །གང་དང་གང་གིས་གང་དག་ཏུ། །ཀུན་གྲོལ་ཀུན་སྦྱོར་བདག་ལས་བྱུང་། །འདི་ལས་སྐྱེས་པ་བུད་མེད་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །འདི་ལ་བརྟུལ་ཞུགས་དྲག་ཤུལ་གྱིས། །གནས་སུ་བྱ་བ་མིང་མེད་དེ། །ཨ་དང་ལར་ནི་རྣམ་ལྡན་ན། །སྒྱུ་མའི་བདེ་བ་འབྱུང་བ་འདོད། །རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བལྟས་པ་དེར་སྣང་དེ། །སྣང་འདོད་རྩོལ་སེམས་བདེ་བ་ལས། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན། །བྱང་ཆུབ་ཡན་ལག་ཀུན་གྱི་སྒོ། །ཆ་ལུགས་བསྒོམས་པས་ཆུ་ཟླ་འདྲ། །མ་གོམས་མ་ཆགས་འབྱུང་འགྱུར་ཡང་། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱི། །ཁྲོ་བདག་ཆེན་པོའི་ལུས་བཟུང་བས། །ཡི་གེ་མངོན་དུ་གྱུར་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མིན། །ཉོན་མོངས་པ་ཡི་དབང་གིས་ན། །ཏཱ་ལའི་མགོ་བོ་བཅད་པ་དང་། །ས་བོན་མེ་ཡིས་བསྲེགས་པ་བཞིན། །དེ་ཡི་དབང་དུ་མི་འགྱུར་སྟོན། །རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ། །གང་ལྟར་སྐྱེས་ཀྱང་མི་རྟོག་སྐྱེས། །མཚན་མ་མེད་པའི་དབང་གིས་ན། །བསྡི་གནས་དེ་ལས་འབྱུང་མི་འགྱུར། །གླིང་བྲལ་འདི་ལ་གནས་


DNG006_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །རྣལ་འབྱོར་དེ་ནི་སྐལ་བ་བཟང་། །བདག་དང་གཞན་དུ་མི་འབྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ནམ་མཁའ་བཞིན་དུ་མཐའ་བྲལ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །ལྷུན་གྱིས་གནས་པའི་བདེ་ཆེན་དེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་ནི་གཞན་ལས་འབྱུང་མི་འགྱུར། །སླ་ཞིང་དཀའ་ལ་སླ་ཕྱིར་དཀའ། །མངོན་སུམ་མི་གནས་ཀུན་ཏུ་ཁྱབ། །མིང་ཙམ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔས་མཚོན་དུ་མེད། །ངོ་མཚར་རྨད་བྱུང་རོལ་པ་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་དེ། །ཅིར་ཡང་མི་དམིགས་གཏི་མུག་ལས། །དེ་མ་ཐག་ཏུ་རང་ལས་བྱུང་། །འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་ལ་རང་བཞིན་གནས། །བྱིས་པ་འཁྲུལ་པས་བསླད་པའི་ཕྱིར། །སྨན་ཉིད་སྨན་པས་འཚོལ་བ་བཞིན། །གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། །དེ་ལས་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་སྟེང་འོག་གྲུབ། །མ་ངེས་འཇའ་ཚོན་ཁ་དོག་ལས། །རིགས་ཀྱི་ཁྱད་པར་མངོན་པར་སྣང་། །དེ་བཞིན་གཡོ་འགུལ་མི་གཡོ་བ། །འབྱུང་བ་ལྔ་ལས་གཙོ་ཆེན་ཡིན། །འདས་དང་མ་བྱོན་ད་ལྟར་གྱི། །ཐ་སྙད་མིང་ལ་མི་གནས་ཏེ། །སྐྱེ་འགགས་མེད་པར་རབ་བརྟགས་ཤིང་། །འདི་ཉིད་དུས་གསུམ་ཆེན་པོར་སྦྱོར། །མཉམ་པས་རིམ་པར་བཀོད་པ་མེད། །གཅིག་པས་ཕྱོགས་སུ་བསྔོ་དང་བྲལ། །ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འདྲིལ་བ་མེད། །ལྷུན་གྱིས་གྲུབ་པས་མི་བསྔོ་སྟེ། །གདོད་ནས་དག་པའི་བདུད་རྩི་ཡིན། །སྐྱེ་མཆེད་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་བསམ་པས་བཟུང་བ་མེད། །ཡིད་ཀྱི་བསམ་པས་ཡོན་བདག་སྟེ། །བལྟས་


DNG006_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྟོབས་རྣམས་བཀྲམ་པའོ། །མཐོང་བར་འགྱུར་བས་དངོས་གྲུབ་ལས། །དེ་ནི་མཉམ་བཞག་རྫོགས་པར་འགྱུར། །ཡུལ་ཙམ་བཟུང་བའི་སྦྱོར་བ་ཡིས། །དགའ་བར་འགྱུར་ཡང་དམ་ཚིག་དེ། །ཐབས་ཀྱི་གར་སྟབས་བསྐྱོད་པ་ཡིས། །གཉིས་མེད་སྦྱོར་བ་ཕུལ་བ་ཡིན། །མི་གཟུང་གཏོང་བས་གཏོར་མ་སྟེ། །བྱ་བ་མེད་པས་ལས་རྣམས་རྫོགས། །མི་རྟོག་ཡེ་ཤེས་གགས་བསལ་ནས། །མི་བཟུང་མཉམ་བཞག་སྔགས་ཚིག་གིས། །བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །དེ་བས་དེ་ལུང་དེ་ཉིད་ལ། །དེ་ལས་དེ་སྦྱར་སྒྲིབ་པར་འགྱུར། །དེ་ལྟར་དེ་ལ་དེ་རྟོགས་ན། །དེ་ལ་དེ་ཉིད་འགྲུབ་པ་མེད། །ཅེས་རྒྱ་ཆེར་གསུངས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། རིན་ཆེན་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལས། དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རིགས་བཞིའི་སངས་རྒྱས་ཀུན། །རང་རིག་བདེ་གཤེགས་སྲས་དང་བཅས། །ཐམས་ཅད་ཆོས་ཀྱི་གནས་འཇུག་པའི། །ངེས་པའི་དོན་ཆེན་དགོངས་པར་མཛད། །འདི་ལྟར་སྐུ་དང་གསུང་ཐུགས་ཀྱི། །ཐེག་པའི་མཐའ་རྣམས་སྡུད་བྱེད་པ། །དོན་ཀུན་གསང་བ་སྟོན་པའི་རྒྱུད། །བདེ་གཤེགས་ཀུན་གྱིས་ངེས་པར་བཤད། །རང་གི་ཡེ་ཤེས་དམ་པའི་གནས། །དེ་དག་ཐེག་པའི་ཚུལ་གྱིས་ཏེ། །གཉིས་མེད་དོན་ཀུན་ལས་གྲོལ་བའི། །ཚུལ་འདི་ངེས་པར་འབྱུང་བའི་དོན། །ཨེ་མ་ཧོ་སངས་རྒྱས་ཀུན་ཏུ་བཟང་། །རིགས་ཀྱི་དཀྱིལ་འཁོར་མ་ལུས་པའི། །བསྟན་པའི་དོན་ཀུན་སྣང་མཛད་ཕྱིར། །བྱིན་རླབས་ངོ་བོ་ཇི་ལྟར་བསྡུ། །དེ་དག་འདྲེལ་བའི་ཚུལ་བྱུང་བས། །ཐམས་ཅད་སྒོ་ནས་སྣང་བྱེད་ཅིང་། །མ་འདྲེས་ཀུན་ནས་འཇུག་པའི་དོན། །


DNG006_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་རོལ་པ་སྟོན་པར་མཛོད། །རྣམ་པར་འབྱེད་པའི་ཆོས་རྣམས་ཀྱིས། །གནས་པ་རང་བཞིན་ལྷུན་གྱིས་གྲུབ། །མི་གཡོ་བསམ་གཏན་ཏིང་འཛིན་མཆོག །རྩོལ་བྲལ་ཆགས་མེད་སྤྱོད་ཡུལ་ཉིད། །བཀོད་པའི་རྒྱན་གྱི་འབྲས་བུ་ལས། །རོལ་པ་ཆོ་འཕྲུལ་བྱིན་རླབས་སྣང་། །བགྲོད་བྱེད་གནས་པའི་ལམ་ཉིད་ལས། །ཡང་དག་དོན་གྱི་ཐིག་ལེར་གསལ། །ལུང་རྣམས་ཀུན་གྱི་རྩ་བའི་དོན། །གནས་སྐབས་དབྱེ་བས་རྣམ་པ་བརྒྱད། །ངོ་བོ་ཉིད་ཀྱིས་ཀུན་ཁྱབ་ཅིང་། །བཞུགས་གནས་ཚད་མེད་ཡངས་པའི་མཆོག །དེ་བཞིན་ཕྲིན་ལས་ཚད་མེད་པས། །དགོངས་པ་ཚད་མེད་གསལ་བར་མཛད། །ཀུན་ནས་བྱམས་པ་ཚད་མེད་ཅིང་། །རྒྱ་ཆེན་སྙིང་རྗེ་ཚད་མེད་མཆོག །ཟབ་ཅིང་ཕྲ་བ་བརྟགས་དཀའ་ཞིང་། །བཏང་སྙོམས་ཀུན་གྱི་ཡུལ་ལས་འདས། །རྟག་པ་ཆེན་པོ་འགྱུར་མེད་པ། །ཀུན་ནས་བཅིང་ཞིང་གྲོལ་བ་མེད། །རིམ་གྱིས་ས་ལ་སྦྱོང་བྱེད་ཅིང་། །དེ་དག་ལམ་ལ་བགྲོད་མེད་ཚུལ། །ཁྱད་པར་གསང་བའི་བརྡ་དོན་གྱིས། །ཀུན་ཏུ་བཟང་པོ་རང་བཞིན་ཉིད། །མན་ངག་རྣམ་བཅུ་གསལ་བྱེད་པའི། །དོན་ཀུན་ཐེག་པ་ལས་འདས་པའོ། །སྤྱི་དང་ཁྱད་པར་ཆོས་ཀྱི་བདག །སྟོན་པའི་ཡོན་ཏན་རྣམ་སྤྲུལ་ཞིང་། །དེ་དག་ཡེ་ཤེས་དཀྱིལ་འཁོར་གྱིས། །ཐམས་ཅད་ཀུན་ནས་སྒྲིབ་མེད་དོན། །འོག་མིན་གནས་མཆོག་ཆོས་ཀྱི་དབྱིངས། །ཡོན་ཏན་སྣང་བ་ཀུན་གྱི་གཞི། །ཐེག་པའི་ཁྱད་པར་རྣམ་སྤགས་པའི། །མ་འདྲེས་ཕྲིན་ལས་རྒྱ་ཆེན་པོ། །ཉིད་ལས་གཞན་དུ་མི་འབྱེད་པའི། །ཞིང་ཁམས་ཀུན་ཏུ་རྣམ་བཀོད་པ། །སངས་རྒྱས་ཡེ་ཤེས་དཀྱིལ་འཁོར་ཉིད། །རིགས་ཀུན་རྣམ་པར་མཐུན་པའི་ཚོགས། །རང་གི་གནས་ཀུན་ལོངས་སྤྱོད་ཀྱིས། །ཐབས་དང་ཤེས་རབ་མཉམ་སྦྱོར་བའོ། །དེ་ལ་རྒྱ་ཆེན་དོན་རྣམས་ཀུན། །ཐབས་ལྡན་གདོད་ནས་རྣམ་དག་པའི། །བྱིན་རླབས་ཀུན་ཏུ་བཟང་པོ་དངོས། །རང་རིག་མཐུ་


DNG006_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀུན་སྟོན་པའོ། །ཤེས་རབ་ཡེ་ཤེས་རྩེ་གཅིག་པའོ། །ཏིང་འཛིན་བསྟན་པའི་ཚུལ་སྡུད་ཅིང་། །མ་འདྲེས་ལས་ཀུན་སྟོན་མཛད་པས། །སྲས་ཀྱི་དམ་པར་རབ་ཏུ་བསྔགས། །དེ་དག་མཉམ་ཉིད་ཆོས་ཀྱི་དབྱིངས། །ཕྱོགས་རྣམས་ཀུན་ནས་ལྷུན་གྲུབ་ཅིང་། །དུས་ཀུན་དུས་ནི་འགྱུར་མེད་པས། །ཡེ་ནས་གནས་པའི་ངོ་བོ་ཉིད། །རྣལ་འབྱོར་ཆེན་པོའི་དོན་ཀུན་གྱིས། །ཐབས་ལྡན་གསང་བ་སྟོན་པར་བྱེད། །དེ་དག་གཞི་དང་བྱ་བའི་ལམ། །འབྲས་བུའི་ཚུལ་དུ་རྣམ་པར་གནས། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ཤེས་ཤིང་རིག་པའི་བྱིན་རླབས་ཀྱིས། །རང་གི་དོན་ཀུན་རྣམ་རྫོགས་པས། །ཐམས་ཅད་སྣང་བའི་གཞིར་གྱུར་པའོ། །དེ་དག་ཕྱག་རྒྱ་ཆེན་པོའི་མཐུ། །རང་གི་མཚན་ཉིད་མ་འདྲེས་པར། །མཐའ་འདས་ཆོས་ཀུན་གཏན་ལ་འབེབས། །རྣལ་འབྱོར་ཆེན་པོ་སྒྲུབ་པོའི་ལམ། །དེ་བཞིན་ཉིད་ཀྱི་དོན་ཉིད་ཀྱིས། །དེ་ཉིད་འབྲས་བུ་གསལ་འགྱུར་ཞིང་། །སྐུ་དང་ཡེ་ཤེས་ཆེན་པོ་དག །དོན་མཐུན་རྣམ་པའི་རྒྱུད་ཀྱིས་སྣང་། །ཐམས་ཅད་ཅིར་ཡང་མི་གནས་པས། །ཆོས་དབྱིངས་སངས་རྒྱས་ཆེ་བ་ཉིད། །མཐའ་བྲལ་མཐའ་མ་མ་སྤངས་པས། །མངོན་པའི་སངས་རྒྱས་རྣམ་པར་དག །མཚན་མའི་ཡུལ་ཀུན་ལས་འདས་ཤིང་། །ཡིན་པའི་སངས་རྒྱས་འགྱུར་མེད་པས། །རྒྱུ་རྐྱེན་འབྲས་བུར་མི་ཕྱེད་པས། །བདག་ཉིད་ཆེན་པོའི་སངས་རྒྱས་སྐུ། །བགྲོད་པའི་ལམ་དང་འབྲས་བུའི་ས། །གནས་མེད་སངས་རྒྱས་མེད་པའི་ཚུལ། །ཐེག་པ་ཀུན་ལས་རྣམ་གྲོལ་བ། །རང་བཞིན་དོན་གྱི་རྣམ་སྤགས་པས། །ཆེ་བ་རྣམ་པ་ལྔ་ཉིད་དེ། །ཆོས་རྣམས་ཀུན་གྱི་བདག་ཉིད་དོ། །ཆོས་ཉིད་རང་བཞིན་ཀུན་གསལ་ཞིང་། །མ་བཅོས་མཚན་མའི་མཐའ་དང་བྲལ། །མ་འགགས་ཡོན་ཏན་ཀུན་ཏུ་སྣང་། །དོན་ཀུན་འབྱུང་བ་རྒྱུ་ཡི་དོན། །ཕྱི་ནང་མེད་པར་འོད་གསལ་ཞིང་། །མ་


DNG006_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་ཀུན་ཏུ་རྫོགས་པར་བྱེད། །མ་བཅོས་མཚན་མ་རྣམ་དག་པས། །རང་བཞིན་ཡུལ་ཀུན་སྤྲོས་པས་དབེན། །ཐམས་ཅད་དག་པའི་སངས་རྒྱས་སྐུ། །དཀྱིལ་འཁོར་རིགས་ཀྱི་ཆ་ལུགས་རྫོགས། །ཡེ་ནས་ལྷུན་གྱིས་གྲུབ་པའི་ཆོས། །ཕྱག་རྒྱ་གསང་བའི་ཡེ་ཤེས་ཉིད། །རྟེན་དང་བརྟེན་པ་ཐ་དད་གཞི། །སྣང་བའི་ཚུལ་གྱིས་གཉིས་མེད་པར། །ཐིག་ལེ་ཆེན་པོར་མཉམ་རྫོགས་པས། །ཤེས་དང་ཤེས་འབྱུང་གཏན་ལ་འབེབས། །དེ་དག་ཡེ་ཤེས་ཀུན་ཁྱབ་པའི། །ཚུལ་གྱིས་གནས་སྐབས་དོན་སྟོན་པའོ། །ཆོས་ཉིད་ཀུན་ནས་སྤྲོས་བྲལ་ཞིང་། །རང་བཞིན་ཀུན་ཏུ་བཟང་མོའི་མཁའ། །དངོས་མེད་བྱང་ཆུབ་སེམས་ཀྱི་དབྱིངས། །རྒྱན་གྱི་ཆོ་འཕྲུལ་རྣམ་བཀོད་པ། །ཀུན་ཏུ་བཟང་པོའི་རོལ་པ་སྟེ། །དོན་ཀུན་གསལ་བར་བསྟན་པའི་སྒོས། །དཀྱིལ་འཁོར་ཀུན་ཏུ་སྣ་ཚོགས་པའོ། །ཐ་དད་མིན་ལ་ཐ་དད་པའི། །ནང་དང་ཕྱི་རོལ་ཡུལ་འདས་པས། །བྱང་ཆུབ་སེམས་ཀྱི་དངོས་གཞི་སྟེ། །ནང་དུ་འཇུག་པའི་མཚན་ཉིད་ཅན། །དེ་དག་གཉིས་མེད་ཡེ་ཤེས་ཆེ། །ཐབས་དང་ཤེས་རབ་འདྲེལ་བའི་དངོས། །མ་འདྲེས་པ་ཡི་ཚུལ་དག་གིས། །ཐམས་ཅད་རབ་ཏུ་གསལ་བར་བྱེད། །ཆོས་ཉིད་ཀུན་ཏུ་སྟོན་བྱེད་སྐབས། །རང་བཞིན་གནས་པའི་ངོ་བོ་ཉིད། །དེ་དག་རང་གི་ཆེ་བས་གནས། །ཀུན་ཏུ་རྩོལ་བ་དང་བྲལ་ཞིང་། །ཐ་སྙད་བརྗོད་པའི་ཚིག་ལས་འདས། །འགྲོ་རྣམས་ལས་ཀྱིས་མི་འཁོལ་ཞིང་། །བཙལ་སེམས་ཡུལ་ཉིད་དང་བྲལ་བས། །གཉིས་སུ་མེད་པའི་སྐྱོན་བྲལ་ཞིང་། །ཡེ་ཤེས་རང་ལས་བྱུང་བར་བྱེད། །གཟུངས་ཀྱི་སྦྱོར་ཐབས་ཇི་བཞིན་དུ། །ཡོངས་སུ་རྫོགས་པའི་ཆོས་སྟོན་ཅིང་། །ཆགས་བཅས་ཡུལ་ལས་འདས་པ་ཡི། །གདོད་ནས་ཆེ་བའི་སྙིང་པོ་ཉིད། །སྨོན་ལམ་ཡུལ་ཀུན་གནས་མེད་པ། །དེ་དག་ངེས་པར་ལུང་བསྟན་མཛད། །ཀུན་ཏུ་མཉམ་པས་སྤྲོས་དང་བྲལ། །


DNG006_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཆེན་པོའི་བདེ་ཡོང་ཞིང་། །རྩོལ་དང་བྲལ་བའི་དོན་སྤྱོད་པ། །ཆོས་ཉིད་དོན་ལ་འགྱུར་བ་མེད། །རྒྱུ་དང་རྐྱེན་ལས་མ་གྲུབ་པའི། །འགྲོ་བ་ཡོངས་ལ་སངས་རྒྱས་གནས། །ཕྱོགས་བཅུར་ཚོགས་རྣམས་འབུལ་བྱེད་ཅིང་། །བདེ་ཉིད་རྒྱན་ཀུན་ལྷུན་གྱིས་གྲུབ། །ཡེ་ནས་གནས་པའི་སངས་རྒྱས་དེ། །ཕྲིན་ལས་རྒྱ་མཚོའི་སྐབས་བྱེད་ཅིང་། །བདག་ཅག་གཏོར་མར་འཆིང་བར་འགྱུར། །ལུང་ཙམ་འདྲེལ་བ་མིང་གི་བརྡ། །གནས་སྐབས་ཆོས་ཀུན་གཏན་ལ་འབེབས། །དེ་དག་དོན་ཀུན་ཇི་བཞིན་པའི། །ཕྱག་རྒྱའི་གནས་ཀྱིས་རྣམ་གྲོལ་ཞིང་། །དེ་ཡི་མཐར་བཅས་དམིགས་དང་བྲལ། །ཐེག་པ་ཀུན་ཏུ་མངོན་ཞེན་པའི། །རང་གི་གྲུབ་མཐས་ཡུལ་ཀུན་འཛིན། །དེ་དག་ཕྱི་ནང་གསང་བའི་ཚུལ། །ཐ་སྙད་ཚིག་གིས་གང་ལ་འཇུག །གཉིས་བྲལ་གཉིས་སུ་རྟོགས་བྱེད་པའི། །ཀུན་ནས་བགྲོད་པའི་ཐབས་ཀུན་གྱིས། །རང་བཞིན་ཡུལ་ཀུན་གསལ་བར་བྱེད། །ང་དང་བདག་ཉིད་རང་བཞིན་ཆེ། །ཀུན་ནས་ཟག་པ་མེད་པའི་སྒོ། །ཕྱག་རྒྱའི་དཀྱིལ་འཁོར་ཇི་བཞིན་པར། །མ་འདྲེས་གསལ་བའི་དཀྱིལ་འཁོར་ཉིད། །དེ་བཞིན་ལྷ་གནས་བསྒོམ་པའི་ཆོས། །རྣམ་གསུམ་ཚུལ་གྱིས་སྙོམས་འཇུག་པས། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །འདི་དག་བྱེད་པ་མེད་པའི་ལུང་། །དུས་ཀུན་རང་བཞིན་ལ་གནས་པའི། །བསྙེན་བསྒྲུབ་གསང་བ་ལ་སྤྱོད་ཅིང་། །ཐ་དད་ཆོས་ཀྱི་སྟོབས་རྒྱས་པས། །དེ་དག་རྟོག་པའི་མཐའ་ཡིས་ཉམས། །དོན་རྣམས་ཕྱོགས་སུ་གྲུབ་བྱེད་པའི། །ཕྱག་རྒྱའི་དཀྱིལ་འཁོར་རྫོགས་པ་ཆེ། །མགོན་པོ་མི་གཉིས་གནས་ལ་སྐྱེ། །རབ་ཏུ་འཇུག་པ་གཙོ་བོའི་སྟོབས། །རྣམ་དག་ལམ་ཀུན་མཐར་ཕྱིན་པས། །དེ་དག་གདོད་ནས་མ་སྐྱེས་པའོ། །བྱ་བྲལ་ཡུལ་ཀུན་རྫོགས་པ་ཉིད། །དོན་ཀུན་ཕྱག་རྒྱ་འདི་ཉིད་དོ། །མཚོན་མེད་ཀུན་ནས་འཇུག་པའི་རྒྱུ། །དེ་


DNG006_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དག་རབ་ཏུ་གྲུབ་པའི་དངོས། །སྣོད་བཅུད་རང་བཞིན་རྣམ་དག་པའི། །ཐུགས་རྗེ་ཆེན་པོའི་དོན་རྣམས་ཀུན། །དེ་དག་རབ་ཏུ་གྲུབ་པའི་དངོས། །སྣོད་བཅུད་རང་བཞིན་རྣམ་དག་པའི། །འབྱུང་ཆེན་སངས་རྒྱས་དཀྱིལ་འཁོར་ལ། །བཅོམ་ལྡན་དགའ་མཆོག་སྙོམས་འཇུག་པས། །རང་རྟགས་ཕྱག་རྒྱའི་ཚོགས་གསལ་འགྱུར། །འདི་དག་གྲོགས་གནས་ཀུན་ཁྱབ་ཅིང་། །ཆོས་ཀུན་ངོ་བོར་ལྷུན་གྲུབ་གནས། །རྣམ་རྟོག་སྤང་བླང་མེད་པ་ཡི། །ཐ་དད་མཚན་མ་ཀུན་བྲལ་བའི། །ཡུལ་དུས་ཀུན་ནས་བརྟགས་པའི་ཚོགས། །རང་བྱུང་ཡེ་ཤེས་གནས་ནས་སྐྱེས། །བདེ་བར་གཤེགས་པའི་སྙིང་པོ་ཉིད། །བཅོམ་ལྡན་འདས་ཀྱིས་དོན་མཛད་པའོ། །དེ་དག་དོན་ཀུན་ཇི་བཞིན་པས། །དབྱིངས་དང་ཡེ་ཤེས་འདྲེལ་བའི་རྒྱ། །ཆེ་བའི་ཡེ་ཤེས་མཐའ་འདས་པ། །ཐབས་ཀྱི་ཁྱད་པར་ཀུན་གྱི་ཚུལ། །རྙེད་དཀའ་རང་གི་གནས་ལས་བྱུང་། །ཐབས་དང་ཤེས་རབ་བསྙོམས་འཇུག་པའི། །དོན་གྲུབ་གསལ་བར་བསྟན་པའི་སྒོ། །དེ་དག་ཐ་སྙད་ཡུལ་ཀུན་དེ། །ཕྱག་རྒྱའི་གནས་ཀྱིས་བརྒྱན་པར་འགྱུར། །ཡེ་ཤེས་ཆེན་པོར་རང་གནས་པའི། །མིང་ཚོགས་གཞན་ལ་བརྟེན་པ་དག །སྔགས་ཀྱི་ཆ་ཡིས་སྦྱོར་བྱེད་པས། །རང་བཞིན་བདེ་ཆེན་ཆ་བྲལ་འགྱུར། །མངོན་སུམ་སྣང་བ་ཀུན་ཏུ་ས། །དེ་དག་ཚུལ་གྱིས་རྣམ་གྲོལ་ཞིང་། །མི་གཉིས་ཡེ་ཤེས་སྟོབས་རྫོགས་པས། །ཐབས་ཀྱི་ཡན་ལག་རྣམ་པར་དོན། །མ་ནོར་ཆོ་འཕྲུལ་དེ་བཞིན་ཉིད། །དོན་ཀུན་མངོན་པར་བསྟན་པའི་ཚོགས། །དབང་པོའི་ཡུལ་རྫོགས་གཉིས་མེད་པའི། །བྱང་ཆུབ་སེམས་འདི་ཀུན་ཏུ་གནས། །ཀུན་ནས་སྐུ་དང་གསུང་ཐུགས་ཀྱི། །ཆོ་འཕྲུལ་བྱིན་རླབས་མ་འདྲེས་པ། །དེ་དག་ཐེག་པའི་མཐའ་རྣམས་ཀྱང་། །ཡོན་ཏན་སྟོབས་ཀྱིས་རྫོགས་པར་འགྱུར། །ཇི་བཞིན་རང་གི་སེམས་གནས་ཀྱང་། །སངས་རྒྱས་སྙིང་པོ་གཞི་འགྱུར་ཞིང་། །དེ་


DNG006_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དག་མ་འགགས་རྒྱ་མཚོའི་ཆོས། །དེ་ལས་དེ་བྱུང་དེ་ཉིད་པས། །སངས་རྒྱས་ཐེག་པ་བསམ་འདས་ཤིང་། །དོན་ཀུན་གསང་བ་རྨད་དུ་བྱུང་། །ཇི་སྲིད་རྟོག་པའི་རྒྱུན་འབྲང་བ། །དེ་མཐའ་བདུད་ཀྱི་གནས་ཆེན་དེ། །ཀུན་ཏུ་རྩོལ་བས་འཇོག་པ་ཡི། །ཆོས་ཀུན་འཆིང་བ་ཆེན་པོའི་གནས། །དེ་དག་རྣམ་པར་རྩོལ་བྱེད་པས། །དེ་ཡི་རྒྱུ་མཐུན་རྐྱེན་མི་འགྱུར། །རང་བཞིན་ངང་གིས་མ་བཅོས་པའི། །མཆོག་ཏུ་བསྔགས་པའི་བདེ་བ་ཆེ། །ཀུན་ཏུ་གསང་བ་སྟོན་པའི་རྒྱུད། །ཆོས་རྣམས་རང་བཞིན་སྣང་བས་གནས། །དེ་ཡི་བྱིན་རླབས་མཐུ་ལྡན་པས། །བརྡའ་ཚིག་ཡུལ་ཀུན་འགག་མེད་ཅིང་། །ཕྱག་རྒྱའི་གསང་བ་ཀུན་སྟོན་པ། །གདག་པའི་སྒྲ་ལས་འདས་པའོ། །བསམ་བྲལ་ངོ་བོ་རྟོགས་དགའ་བ། །དེ་དག་ཕྱག་རྒྱ་ཆེན་པོའི་སྐུ། །དོན་ཀུན་ཡེ་ཤེས་རྣམ་པར་སྤྱོད། །ཐ་སྙད་གང་གིས་གང་ལ་འཇུག །དེ་དག་བརྗོད་པའི་རྟོགས་པ་དག །གནས་ཀུན་དངོས་པོར་མཚོན་བྱེད་པ། །རབ་ཏུ་གྲོལ་བའི་དོན་རྫོགས་པའོ། །རྣལ་འབྱོར་ཆེན་པོ་ཡེ་ཤེས་ཉིད། །བྱེ་བྲག་རྣམ་པར་དབྱེ་བའི་དངོས། །སྡུག་བསྔལ་ཆོས་ཉིད་ལོངས་སྤྱོད་རྒྱན། །འགྲོ་བའི་གནས་ཀུན་རྣམ་པར་དག །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་རོ། །ཕྱོགས་བཅུར་དག་པ་ལྷུན་གྲུབ་ཅིང་། །ཀུན་ཏུ་རྫོགས་པ་རོལ་པའི་ཆོས། །ཕྱོགས་བཅུར་བསྐྱོད་པ་མེད་པའི་ཚུལ། །ནམ་མཁའ་བཞིན་དུ་ཀུན་ཁྱབ་གནས། །འདི་དག་རང་གི་ཆོས་རྣམས་ལས། །དུས་ཀུན་མི་འགྱུར་བརྟན་གནས་ཤིང་། །དེ་དག་ཡུལ་བཅས་རྣམ་གྲོལ་བའི། །ཆོས་ཉིད་ཡུལ་ཅན་སྙིང་པོའི་དོན། །ཕྱོགས་དུས་ཀུན་ཏུ་མ་འགགས་པའོ། །ལས་ཀྱི་དབང་གིས་སྣ་ཚོགས་པའི། །བྱ་བ་ཆེན་པོས་གཞན་རྒྱུད་སེལ། །གཉིས་མེད་ཀུན་ཏུ་མཚུངས་པའི་ཆོས། །ཁྱད་པར་ཡུལ་ཀུན་སྟོན་བྱེད་པ། །དེ་དག་ཐམས་ཅད་མཐའ་འདིས་ནི། །ལས་ཀུན་རྒྱུད་རྣམས་དག་


DNG006_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །གང་ཞིག་དེར་བཅས་ཆོས་འཛིན་པའི། །དེ་ནས་ཀུན་ཏུ་སྨིན་གྱུར་ཞིང་། །དེ་དག་མ་སྤངས་གྲོལ་བའི་དབྱིངས། །དེ་ཉིད་ཡེ་ཤེས་གནས་ལས་སྐྱེས། །ལས་ཀྱི་ཐ་སྙད་ཀུན་འཇུག་པའི། །སྙིང་པོ་རང་བྱུང་ཡེ་ཤེས་ཉིད། །མི་མཐུན་སྟོབས་ཀྱིས་བྱས་མིན་ཏེ། །དོན་ཀུན་གསལ་བ་བསྒྲིབ་པར་བྱེད། །ཀུན་ནས་ཕྱག་རྒྱ་ཆེན་པོའི་ཚུལ། །བཙལ་སེམས་ཡུལ་བྲལ་རྫོགས་པ་ཉིད། །རང་གིས་མ་སྐྱེས་ཀུན་སྣང་བས། །རྒྱུ་རྐྱེན་ལས་ཀུན་རྣམ་པར་དག །ནམ་མཁའི་ཡུལ་ཀུན་སྐྱེ་མེད་ཅིང་། །རྒྱུ་རྐྱེན་རྡོ་རྗེ་ལྟ་བུ་ལས། །ཕ་རོལ་ཕྱིན་པ་གང་དག་གིས། །སྐྱེ་དང་འཇིག་པའི་གནས་དག་པས། །གཟུགས་སོགས་ཆོས་རྣམས་ཀུན་སྣང་བས། །དེ་དག་ཚད་མེད་བརྟག་པའི་གཞི། །རང་བཞིན་ཡུལ་གྱིས་རྣམ་དག་པ། །བྱང་ཆུབ་སྙིང་པོ་གསང་ཆེན་ཉིད། །ཐ་དད་མིང་ཚོགས་ཀུན་སྣང་བས། །དེ་དག་ཤེས་པ་མཐའ་དང་བྲལ། །རང་བྱུང་གནས་ཀྱི་སྟོབས་ཉིད་ཀྱིས། །རབ་ཏུ་ཆེ་བའི་ཚོགས་རྫོགས་ཤིང་། །ཕྱི་ནང་ཡུལ་ཀུན་རྣམ་སྤྱོད་པའི། །གདོད་ནས་དག་པའི་ཡེ་ཤེས་སྐུ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །བྱ་བཙལ་རྟོགས་པར་ག་ལ་འགྱུར། །དེ་དག་མཐར་འཛིན་བསམ་གཏན་ཡུལ། །མ་བསམས་སྦྱངས་པའི་མཐར་གནས་ཤིང་། །གཉིས་མེད་འདུལ་བའི་ཕྱག་རྒྱ་ཡིས། །དོན་ཀུན་སྙིང་པོ་སྟོན་པར་བྱེད། །ཡུལ་དང་ཡུལ་ཅན་བརྟག་པའི་གཞི། །དེར་སྣང་དེ་ཉིད་དེ་དག་པས། །མ་ལུས་དོན་ཀུན་རྣམ་བརྟགས་པ། །ཕྱོགས་སུ་འཛིན་པའི་ཆ་ཡིས་ཉམས། །ཇི་བཞིན་ཆོས་ཀྱི་གནས་གནས་ཤིང་། །ཇི་བཞིན་དོན་ཀུན་སྤྱོད་བྱེད་པ། །དེ་དག་དྲན་རྟོག་ཡུལ་དང་བྲལ། །ཡུལ་ཀུན་ཕྱག་རྒྱ་སྟོན་པར་བྱེད། །མཐའ་ཡི་རྟོག་པ་ཀུན་འབྱུང་ཞིང་། །རང་གི་ཆོས་ཀྱི་གནས་རྒྱས་པ། །དེ་དག་འདྲེན་པའི་ཡན་ལག་ཏུ། །རབ་ཏུ་བརྟགས་པས་འཇོག་པར་བྱེད། །


DNG006_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཆོས་ཀྱི་དེ་བཞིན་ཉིད། །དེ་དག་ཕྱི་ནང་ཀུན་ནས་སྣང་། །མ་འདྲེས་ཐེག་པའི་ཚུལ་བཞིན་དུ། །གཉིས་མེད་དག་པའི་དོན་ཉིད་ཡིན། །རྒྱུ་རྐྱེན་ཡན་ལག་བཅུ་གཉིས་ཀྱིས། །ཆ་ཤས་རྟོག་ཚོགས་རྣམ་སྦྱོང་བ། །དེ་དག་འདྲེན་པའི་ཡན་ལག་ཏུ། །དོན་ཀུན་བརྟགས་པས་རྣལ་འབྱོར་སྤྱོད། །བསམ་གྲོལ་ཕྱག་རྒྱ་ཆོས་ཀྱི་དབྱིངས། །རབ་ཏུ་སྦྱངས་པའི་ཡེ་ཤེས་ཀྱིས། །ཇི་བཞིན་དོན་ཀུན་གསལ་བྱེད་པས། །མི་རྟོག་ཡེ་ཤེས་ཆེན་པོའི་སྐུ། །ཆོས་ཉིད་ཕྲ་བའི་ཡུལ་རྣམས་དག །གཉིས་མེད་ཐིག་ལེ་ཆེན་པོར་སྦྱོར། །མི་མཐུན་གཉེན་པོའི་ཡུལ་ཀུན་གྱིས། །རབ་ཏུ་བརྟགས་པའི་དོན་བསྐྱེད་པས། །དེར་བཅས་མཐའ་རྣམས་འཆིང་བའི་རྒྱུ། །དབེན་པ་ཆེན་པོ་འཛིན་པ་པོ། །དེ་དག་དོན་ཀུན་བརྟགས་པའི་རྒྱུ། །དེ་ལས་ས་དང་ལམ་གྱི་ཚོགས། །ཚུལ་མཐུན་སྤྱོད་པས་གྲོལ་བྱེད་ཅིང་། །ཚོགས་གཉིས་རྫོགས་པས་མཐར་ཕྱིན་འགྱུར། །ཀུན་ཏུ་རྒྱུ་ལས་འབྲས་བུའི་ཚོགས། །ལས་ཀུན་བསྐྱེད་པས་རྣམ་རྒྱས་ཏེ། །ཐ་སྙད་མིང་བཅས་བཏགས་པའི་གཞི། །དེ་དག་རྣམ་གྲོལ་འབྲས་བུའི་ཚུལ། །བྱང་ཆུབ་ཆེན་པོའི་ཆོས་རྫོགས་པས། །སྐུ་དང་ཡེ་ཤེས་མཐར་ཕྱིན་ཅིང་། །དེ་དག་བཏགས་པའི་གནས་སྤྱོད་པ། །རང་བཞིན་ཆོས་ཀུན་ཐ་སྙད་ཉིད། །ཇི་ལྟར་ནམ་མཁའ་སྣ་ཚོགས་ཆོས། །ཡུལ་ཀུན་མཐའ་ཡས་རྣམ་པར་བརྟགས། །དབེན་པའི་གནས་སུ་རྟོག་འཛིན་ཅིང་། །བརྟགས་པས་ཆོས་ཀུན་གཞན་དུ་སྣང་། །དེ་དག་ཆ་ཤས་གཉིས་མེད་པའི། །དགེ་སྡིག་ཀུན་གྱི་རྒྱུད་སེལ་ཅིང་། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ལས་ཀུན་དམིགས་པས་འགེགས་བྱེད་པའི། །དེ་དག་མཐའ་ལས་འདས་པའི་ཆོས། །དོན་ཀུན་འབྲས་བུ་མངོན་དུ་གཉེར། །ཀུན་ནས་ཡུལ་གྱི་ཚོགས་རྒྱས་པས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྒྱུད། །ཀུན་ཏུ་བརྟགས་པས་ཆགས་


DNG006_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་། །དེ་ཡི་མཐར་གནས་རྣམ་སྤྱོད་པས། །དེ་དག་ཀུན་ན་གནས་པའི་ཤུགས། །འགོག་པ་ཆེན་པོ་ཡུལ་སྤོངས་ཤིང་། །ཆོས་ཀུན་གནས་དང་གནས་མིན་སྤྱོད། །སངས་རྒྱས་ཐེག་པའི་མཐའ་བཞིན་དུ། །རབ་ཏུ་སྤྱད་པས་གྲོལ་བར་འགྱུར། །མཚན་མའི་གནས་ཀུན་འགོག་མེད་ཅིང་། །མཚན་མེད་ཕྱག་རྒྱ་སྔོན་དུ་གཉེར། །མཐའ་རྣམས་ཀུན་ཏུ་འཆིང་མེད་པའི། །དོན་ཀུན་ཕྱག་རྒྱས་བསྟན་པའི་སྒོ། །དེ་དག་གི་ནི་ཡུལ་འདས་ཤིང་། །ཐ་སྙད་མིང་ལ་མི་གནས་པའི། །བདེ་དང་སྡུག་བསྔལ་བཏགས་པའི་ཆོས། །ཐམས་ཅད་ཡེ་ཤེས་འཕྲུལ་པའི་དངོས། །རྒྱུ་མཐུན་རྒྱུ་ལས་འབྱུང་འགྱུར་ཞིང་། །གནས་མི་བསྒྲིབ་པས་སངས་པའོ། །རྩ་བ་རང་གི་ལས་ཀུན་སྟོབས། །དེ་དང་རྒྱུན་གྱིས་དེར་འབྱུང་ཞིང་། །ཀུན་ཏུ་ཞེན་ཆགས་ཆོས་ཀྱི་རྒྱུན། །འདོད་པའི་དབང་གིས་ཡུལ་ཀུན་རྒྱས། །ཐ་དད་གནས་མིན་རྣམ་གྲོལ་བའི། །འདོད་ཆགས་ཆེན་པོའི་རང་བཞིན་ཉིད། །ཀུན་ནས་སྐུ་དང་གསུང་ཐུགས་ཀྱི། །ངོ་བོ་ཡུལ་ཀུན་མཐའ་འདས་པས། །ཞེ་སྡང་གཏི་མུག་ཆེན་པོ་དང་། །བྱང་ཆུབ་སེམས་ཀྱིས་རྣམ་དག་པའོ། །དེ་ལས་འདོད་ཆགས་ལ་སོགས་རྒྱུན། །ཀུན་ནས་སྣང་བ་སྐྱོད་བྱེད་ཅིང་། །དེ་དག་བདེ་བ་ཡེ་ཤེས་ཆེ། །མ་བཅོས་རྒྱུན་གྱི་ཡུལ་གནས་པའོ། །དེ་བཞིན་ཉོན་མོངས་ཆགས་ཞེན་དང་། །ལས་ཀུན་རང་གི་མཚན་ཉིད་ཀྱིས། །རྒྱུ་མེད་རྐྱེན་བྲལ་འབྲས་བུའི་ཆོས། །རང་བཞིན་ཉིད་ཀྱིས་སྣང་བའོ། །དེ་ལྟར་ཁམས་གསུམ་ཀུན་སྤྱོད་པ། །ཞེན་རྟོག་ལས་ལ་སོགས་པ་རྣམས། །བདེ་ཆེན་ཉིད་ལས་གཞན་མ་ཡིན། །ཐ་དད་བརྟགས་པས་ཀུན་འཛིན་ཅིང་། །དེ་དག་ཚུལ་བྲལ་བདེ་བ་ཉིད། །གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས། །ཡུལ་ཀུན་དེ་ཉིད་ལྷ་ཡི་ཚོགས། །ཐབས་དང་ཤེས་རབ་མཉམ་སྦྱོར་ཞིང་། །མ་འདྲེས་རོལ་པས་ལོངས་སྤྱོད་དེ། །བདེ་ཆེན་གནས་ཀྱི་དཀྱིལ་འཁོར་ཉིད། །དོན་མཐུན་གསང་བས་ཀུན་ཏུ་རྒྱས། །དེ་ལྟར་འཁོར་


DNG006_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དང་མྱ་ངན་འདས། །ཆོས་ཉིད་དབྱིངས་ཀྱི་རྒྱན་སྣང་བས། །དཀྱིལ་འཁོར་རྫོགས་པའི་ཕྲིན་ལས་ཀྱིས། །དུས་ཀུན་ཡུལ་བཅས་མཉམ་སྦྱོར་བའོ། །ཇི་ལྟར་སྣང་བ་སྣ་ཚོགས་གཞི། །དེ་དག་ཐེག་པའི་ཚུལ་ཉིད་དོ། །རྟོག་པའི་མཐའ་རྣམས་འགགས་གྱུར་ན། །ཐེག་པའི་སྤྲོས་ཚིག་ཀུན་དང་བྲལ། །ནམ་མཁའི་ཚུལ་གྱིས་གཞན་ནས་འཇུག །དེ་དག་ཁ་དོག་དབྱིབས་ལས་འདས། །དོན་འདི་བསྟན་པའི་ཚུལ་གྱིས་ནི། །མི་རྟོག་ཀུན་ནས་བཏང་སྙོམས་ཆེ། །མཐའ་ལས་འདས་པའི་ཤེས་རབ་ཀྱིས། །ཡེ་ཤེས་ཆེན་པོའི་མཐའ་རྒྱས་འགྱུར། །ཆགས་དང་ཆགས་བྲལ་ཡུལ་དང་ངོ་། །དེ་དག་དམིགས་པའི་རྟོག་ལས་འདས། །མི་གནས་ཀུན་ཏུ་སྙོམས་མཛད་པས། །དོན་ཀུན་བསྟན་པའི་འབྱུང་གནས་ཉིད། །དེ་དག་ཟག་མེད་ཀུན་གསལ་བས། །ཐམས་ཅད་ཆོས་རྣམས་རྣམ་པར་འབྱེད། །ཅེས་གསུངས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་ཆེན་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལས། ཆོས་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱིས། རང་བཞིན་ཀུན་ཏུ་བཟང་པོ་ཉིད། །གཉིས་མེད་ཡེ་ཤེས་སྙོམས་འཇུག་ཅིང་། །ཕྱོགས་དུས་བསྟན་པས་འཕེལ་བར་མཛད། །ཀུན་ནས་གཉིས་མེད་རྟོགས་དཀའ་བའི། །དོན་ཀུན་མཚན་ཉིད་ཡུལ་ལས་འདས། །རང་བྱུང་བྱང་ཆུབ་སེམས་ཀྱི་གཞི། །སངས་རྒྱས་བསྟན་པས་མཚོན་བྱེད་པ། །དེ་དག་ཐེག་པའི་ཚུལ་འདི་ཡིས། །གནས་ཀུན་རྒྱས་པར་གསལ་བར་བྱེད། །རང་གི་ཡེ་ཤེས་ཇི་ལྟ་བར། །རང་གི་སྟོབས་ཀྱིས་ཀུན་སྤྱོད་ཅིང་། །དེ་དག་སྒྲིབ་མེད་མ་འགགས་པས། །ཕྱག་རྒྱའི་ཡུལ་ཀུན་གཏན་ལ་འབེབས། །མཉམ་ཉིད་ཆོས་སྐུ་ཆེན་པོ་ལས། །ཐམས་ཅད་ཡོན་ཏན་མཛོད་རྒྱས་པས། །ཕྱི་དང་ནང་མེད་ཀུན་ཏུ་སྣང་། །ཡེ་ཤེས་གསང་བའི་


DNG006_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའོ། །མཚོན་བྱ་དཔེ་ལས་འདས་པའི་དོན། །ཀུན་ཏུ་བཟང་པོའི་རོལ་པ་ཉིད། །དེ་དག་ཕྱོགས་བཅུར་མ་འགགས་པའི། །རང་བཞིན་སྒྲིབ་མེད་དཀྱིལ་འཁོར་རྣམས། །སྐུ་གསུམ་འདྲེལ་བའི་བདག་ཉིད་དེ། །ཐབས་དང་ཤེས་རབ་རྨད་བྱུང་བའོ། །དེ་ལྟར་འཁོར་བ་མྱ་ངན་འདས། །ཆོས་ཀུན་གནས་ཀྱི་རྒྱུན་འཇུག་ཅིང་། །དོན་ཀུན་གསང་བ་སྟོན་བྱེད་པའི། །མན་ངག་སྙིང་པོ་ཚོགས་པའོ། །ཐབས་དང་ཤེས་རབ་མཉམ་པར་སྦྱོར། །བྱང་ཆུབ་སེམས་ཀྱི་རྒྱུད་ཉིད་ཀྱིས། །དེ་ལྟར་ཆོས་ཀུན་གནས་མཛེས་ཤིང་། །རྟག་དང་རྣམ་པར་གྲོལ་བའོ། །ཆོས་ཉིད་ངོ་བོ་ལ་སྤྱོད་པས། །སྤྲོས་ཚིག་མཚན་མ་མཐའ་ཡས་ཀུན། །བདེ་བར་གཤེགས་པའི་ཡུལ་བཞིན་འཇུག །འཇིག་རྟེན་མཐའ་རྣམས་ཀུན་ཁྱབ་པ། །ཟབ་མོའི་གནས་ཆེན་འདི་ཉིད་ཀྱིས། །ཐམས་ཅད་དོན་ཀུན་སྡུད་བྱེད་ཅིང་། །སངས་རྒྱས་བསྟན་པའི་ཡུལ་ལ་འཇུག །གསང་སྔགས་མིང་ཚོགས་རྣམ་སྤྲོས་པས། །མི་འགོག་རྣམ་པར་སྤྱོད་པ་ཡི། །བསྟན་པ་རྒྱ་མཚོ་སྡུད་བྱེད་ཅིང་། །དེ་དག་འདྲེན་པའི་དོན་བཞིན་སྣང་། །ཀུན་ནས་ཆོས་ཀུན་མ་འགགས་ཆོས། །མིང་ཚོགས་ཡུལ་དང་བྲལ་བ་ཡི། །ཟབ་མོ་སྔགས་ཀྱི་རྒྱུད་ལམ་ཀུན། །ཐབས་དང་ཤེས་རབ་ཇི་བཞིན་ཉིད། །རང་བཞིན་ཉིད་ནི་རྣམ་པར་དག །ཡང་དག་ཡེ་ཤེས་གནས་འཇུག་པའི། །མན་ངག་དམ་པའི་སྟོབས་ཀྱིས་ནི། །རང་གི་དོན་ཉིད་གསལ་བྱེད་ཅིང་། །ཡང་དག་སྔ་མའི་གནས་རྫོགས་པ། །ངོ་མཚར་རྨད་ཀྱི་ཡུལ་སྟོན་པའི། །དེ་དག་དེ་ཀུན་རྣམ་གསལ་བས། །ཐ་སྙད་ཆོས་ལས་ཀུན་རྟོག་ཅིང་། །མྱ་ངན་གནས་ཀྱིས་འགོག་པར་བྱེད། །གང་ནས་མ་བྱུང་གང་རྙེད་པ། །དེ་དག་དུས་གསུམ་མཉམ་པའི་དབྱིངས། །ཐ་སྙད་གནས་ཀྱི་ཡུལ་འཇུག་པས། །བསྟན་པ་རྒྱ་མཚོའི་ཆོས་རྫོགས་པའོ། །གང་གིས་བྱང་ཆུབ་གང་ལས་སྐྱེས། །དེ་དག་གནས་བཅས་དམིགས་པའི་སྒོ། །


DNG006_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད་རྐྱེན་གྱིས་མི་འཐད་ཕྱིར། །འབྱུང་འཇུག་འགགས་པ་བསྩལ་བའོ། །དམ་པའི་ཡུལ་ཀུན་ནོར་བུའི་འོད། །དཔེ་འདས་དཔེ་ཡིས་བསྒྲུབ་མེད་པ། །དག་པ་འཇིག་རྟེན་ཁམས་འབྱེད་ཅིང་། །རྣམ་པར་གྲོལ་བ་ཀུན་གྱི་གཞི། །ཀུན་ནས་བཙལ་ཞིང་བསྒྲུབ་པའི་བློས། །དེ་དག་དེ་བཞིན་མཐོང་མི་འགྱུར། །མ་འགགས་ཡེ་ཤེས་མི་གསལ་བས། །ཐམས་ཅད་བསྟན་པའི་ཆོས་རྒྱས་འབྱུང་། །རང་བཞིན་དོན་ལས་གཞན་འཇུག་པའོ། །དེ་དག་རྙེད་པའི་ཚུལ་བྲལ་ཞིང་། །མིང་ཙམ་སངས་རྒྱས་གནས་འཇུག་སྟེ། །གཟུགས་ཚོགས་ཆོས་རྣམས་མངོན་པར་བྱེད། །དེ་དག་ཡུལ་ཀུན་གཞན་ན་མེད། །མ་འགགས་དུས་རྒྱུན་འོད་གསལ་ཞིང་། །བྱང་ཆུབ་སེམས་ཀྱི་གཟུགས་བརྙན་གྱིས། །ཕྱི་ནང་ཁྱད་པར་སྣ་ཚོགས་ཆོས། །འདི་ལྟར་ལྡོངས་པའི་ཚུལ་རྣམས་ཀྱིས། །དོན་ཀུན་ལོག་པའི་གནས་སུ་འཇུག །ཐམས་ཅད་མཐའ་རྣམས་གསལ་བྱེད་པའི། །འདྲེན་པ་རྣམ་པར་འཕགས་པའི་ཚོགས། །ས་བཅུའི་ཡེ་ཤེས་གནས་སྦྱོར་ཞིང་། །རྒྱུ་གནས་འབྲས་བུ་ཀུན་མཁྱེན་པས། །ཐམས་ཅད་ཤེས་རབ་མི་གཉིས་པའི། །སྟོན་ཀུན་གསང་བ་སྟོན་པར་འགྱུར། །མི་མཐུན་གཉེན་པོ་ཚུལ་དག་གིས། །དེར་བཅས་མཐའ་རྣམས་འགག་མེད་ཅིང་། །མཐུན་པའི་འབྲས་བུ་ཀུན་ཏུ་རྒྱས། །གོང་ནས་གོང་དུ་སྦྱོར་འདོད་པས། །ཚངས་པའི་གནས་སོགས་ཕྱེད་འཛིན་ཅིང་། །རྣལ་འབྱོར་ཐབས་མཁས་སྤྱོད་པའི་ཆོས། །དེར་བཅས་མི་གནས་ཏིང་ངེ་འཛིན། །གང་གིས་གང་ཞིག་མངོན་འདོད་པ། །དེ་དག་བསྟན་པའི་ཚུལ་ཀུན་གྱིས། །གཞན་པའི་ལས་ཀྱི་འབྲས་བསྒྲུབ་ཅིང་། །བྱ་མིན་སྤྱོད་པའི་རྩོལ་བཅས་པས། །དེ་ལས་ཕྱི་རོལ་ཆོས་ཀུན་སྣང་། །རང་བཞིན་ཡེ་ཤེས་གནས་ཀྱི་མཆོག །དེ་དག་ཡེ་ནས་རྫོགས་པ་ཡི། །ཆོས་ཉིད་སྙིང་པོ་ས་དང་བྲལ། །ལམ་ཀུན་བགྲོད་པ་མེད་པར་རྫོགས། །ནམ་མཁའི་མཐའ་དབྱིངས་བསམ་འདས་ཤིང་། །ཁ་དོག་དབྱིབས་སོགས་


DNG006_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་པ། །བྱང་ཆུབ་སེམས་ཀྱི་དངོས་ཉིད་ཀྱིས། །ཡོན་ཏན་མདོ་དོན་མངོན་དུ་འབྱིན། །དེ་དག་སངས་རྒྱས་བསྟན་པའི་སྒོ། །སྤྲུལ་པའི་གནས་རྣམས་ཀུན་རྫོགས་པའི། །བྱིན་རླབས་ཕྲིན་ལས་འདྲེལ་བའི་ཚུལ། །ཇི་སྲིད་གནས་ཀུན་བགྲོད་བྱེད་པའི། །ལམ་རྣམས་རྟོག་པའི་མཐའ་ཡས་ཏེ། །དེ་དག་སྙིང་པོ་གསང་བའི་གནས། །བགྲོད་མེད་མཉམ་པས་རྫོགས་པར་འགྱུར། །དེ་ལྟར་དེ་བཞིན་ཉིད་སྣང་བས། །དེ་དག་དེ་ཡི་ཀུན་སྤྱོད་དེ། །ཡུལ་ཀུན་གནས་ཀྱི་དམིགས་བྲལ་ནས། །ཟབ་མོའི་ཆ་ནས་སྤྱོད་ཡུལ་མེད། །དེ་ཉིད་བྱང་ཆུབ་སེམས་ཀྱི་རྒྱན། །མ་བྱུང་མ་སྐྱེས་འགག་མེད་པའི། །ཆོས་རྣམས་དེ་ལས་གཞན་རྣམས་སུ། །དུས་ཀྱིས་འཕོ་བ་འགྱུར་མེད་ཅིང་། །ཉོན་མོངས་ཚོགས་ཀུན་ཡེ་ཤེས་ཉིད། །དེ་ནི་སྙིང་པོ་གསང་ཆེན་མཆོག །ཕྱི་ནང་དུས་ཀུན་བདེ་གཤེགས་ཀྱི། །ས་དང་ལམ་བྲལ་ཀུན་དམིགས་པས། །ཐབས་དང་ཤེས་རབ་ཕྱག་རྒྱའི་ཚུལ། །དུས་གསུམ་གཅིག་པར་འགྱུར་མེད་ཞིང་། །ངོ་མཚར་དཀྱིལ་འཁོར་ཆེན་པོ་ཉིད། །སྔོན་གྱི་དེ་དང་དུས་གཞན་གྱིས། །ཐ་སྙད་མི་རྟོག་རྒྱ་ཆེན་པོ། །འོད་དག་ཟབ་མོའི་གནས་དག་ཏུ། །འདྲེན་པ་གྲོལ་བའི་མཐུ་མཚུངས་པའོ། །དེ་བཞིན་དབྱིངས་ཀྱི་འོད་གསལ་གནས། །དག་པའི་ཡེ་ཤེས་སྒྲ་གནས་འཇུག །མེ་ལོང་ཉི་མའི་འོད་སྣང་བར། །ཐམས་ཅད་ཆོས་ཀྱི་སྟོན་པར་འགྱུར། །ཕྱི་ནང་གཉིས་ཚོགས་གནས་སྐབས་ཀྱི། །རབ་ཏུ་ཞེན་པས་མངོན་རྟོགས་ཆོས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས། །བྱིན་རླབས་སྣང་བ་འགག་མེད་ཅིང་། །དུས་ཀུན་རྣམ་པར་ཞེན་པའི་བློས། །དེ་ཉིད་ཆོས་ཀྱི་ཚུལ་བྲལ་བཅས། །ཀུན་གྱིས་མཉམ་ཉིད་གཅིག་པ་ལ། །ཕྱོགས་ཀྱི་ཆ་ནས་མངོན་བརྟགས་པས། །མི་མཐུན་གནས་ཀུན་འགྱུར་མེད་པ། །རྐྱེན་དང་གློ་བུར་མཐུས་བརྟགས་པའོ། །གདམས་ངག་དམ་པའི་བདུད་རྩི་ཉིད། །གང་བྱུང་རང་གི་གནས་སུ་རྒྱས། །དེ་དག་སངས་རྒྱས་ཀུན་གྱི་མཛོད། །ཐེག་པའི་ཚུལ་འདས་མཚོན་པར་བྱེད། །མིང་ཚིག་དགྲ་ལ་མ་བརྟེན་པར། །རང་གི་ཡེ་ཤེས་ཉམས་མེད་ཅིང་། །ཐེག་པ་མཐའ་དག་མངོན་གསལ་བ། །མ་འདྲེས་ཡོངས་སུ་རྫོགས་པ་ཉིད། །ཀུན་ནས་ཟབ་ཅིང་རྒྱ་ཆེ་བའི། །བྱང་ཆུབ་སེམས་ཀྱི་རྣམ་གྲངས་ཀྱིས། །ཐུགས་རྗེ་ཆེན་པོ་ཉིད་གསལ་འགྱུར། །ད་ལྟའི་བདེ་བས་བདེ་བསྒྲུབ་པ། །


DNG006_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུས་ཀུན་མཉམ་པའི་ངང་། །ལས་ཀྱི་སྟོབས་ཀུན་རྫོགས་པའི་མཐུས། །དེ་དག་སྔོན་འཛིན་ཕྱག་རྒྱ་ཉིད། །འདི་ལྟར་རྒྱུ་དང་རྐྱེན་བཅས་པའི། །འབྲས་བུ་ཉེ་བའི་དོན་བསྒྲུབས་པས། །དེ་དག་གནས་སྐབས་དམིགས་པས་འཆིངས། །དེ་ཉིད་ཕྱག་རྒྱའི་གྲོགས་གཉིས་ཏེ། །འདི་དང་ཕྱི་མ་ཆེད་འཛིན་པས། །རྣམ་པའི་མཐའ་བཅས་སྐྱོན་ཆེན་ཉིད། །ཀུན་ནས་ཞེན་ཅིང་ལྷག་པའི་བློས། །དེ་དག་འབྲས་བུ་དེ་བཞིན་ཉིད། །ཐེག་པ་ཀུན་ལས་རྣམ་གྲོལ་བའི། །དོན་མཆོག་གསང་བའི་རྒྱུད་ཆེན་ཏེ། །དུས་གསུམ་གཅིག་པའི་རང་བཞིན་དུ། །སངས་རྒྱས་ཀུན་གྱིས་གནས་མཛད་ཅིང་། །ཕྱག་རྒྱ་གསང་ཆེན་གནས་རྫོགས་པ། །སྐུ་གསུང་གཉིས་སུ་མེད་པའི་དངོས། །འདི་ལྟར་ཀུན་ནས་མ་འགགས་པའོ། །རྣལ་འབྱོར་ཆེན་པོའི་རང་བཞིན་ལ། །ཁྱད་པར་བསྒྲུབ་པའི་གནས་མེད་ཅིང་། །དོན་མཐུན་རང་གི་སྟོབས་ཀྱིས་རྫོགས། །འདོད་པའི་མཐའ་བྲལ་ལྷུན་གྲུབ་ཅིང་། །དེ་དག་གནས་ཀྱི་ཆ་རྒྱས་པ། །ཐ་དད་མེད་ལས་ཀུན་ཏུ་སྣང་། །རྒྱུ་འབྲས་གཉིས་མེད་ཐེག་པ་ཡི། །འགྲོ་བ་རྣམས་ཀྱི་ལས་ཀུན་གྱིས། །བདེར་བཅས་གནས་ཀུན་སྤྱོད་བྱེད་ཅིང་། །ཐབས་ཀྱི་བྱ་བ་ཀུན་འཕྲུལ་པས། །སྲིད་གསུམ་ཡེ་ནས་རྣམ་པར་དག །རང་བཞིན་སྦྱོར་བར་འདོད་པའི་བློས། །མི་འགྱུར་མེད་པའི་ཆོས་སྤྱོད་ཅིང་། །ཐ་སྙད་གསང་ཚིག་ལྷུར་ལེན་པས། །སྣང་བའི་སྤྱོད་པ་ཚད་མེད་པའོ། །འདི་ལྟར་ཁམས་རྣམས་དག་པའོ། །སངས་རྒྱས་དཀྱིལ་འཁོར་ཀུན་རྫོགས་པས། །ཐུགས་རྗེ་སྣང་བ་རྒྱ་ཆེན་པོ། །བྱིན་རླབས་ཡུལ་ཀུན་བསྟན་པ་ཡིན། །གདོད་ནས་རྣམ་དག་བྱང་ཆུབ་སེམས། །དུས་གསུམ་ཁྱད་པར་གསལ་བ་ཡི། །ཆོས་རྣམས་རང་བཞིན་སྣང་བའི་མཐུས། །བྱིན་རླབས་གཟུགས་སྐུ་ལ་སོགས་པའོ། །འདི་ལྟར་རྩོལ་བས་མངོན་འཛིན་ཅིང་། །དམིགས་པའི་ནད་ཆེན་སྡུག་བསྔལ་གྱིས། །དེ་ལས་དེ་དག་གཞན་དུ་སྤྱོད། །བལྟས་པའི་དོན་ཀུན་འཆིང་བ་ཉིད། །རྣལ་འབྱོར་དུས་ལ་མངོན་བརྗོད་ཅིང་། །ཕྱོགས་བཅས་རྣམ་པའི་མཐའ་བསྒྲུབ་གང་། །རང་བཞིན་ཡེ་ཤེས་གནས་བྲལ་ཏེ། །ཇི་བཞིན་ཉིད་ཀྱི་དོན་ལ་སྤྱོད། །དེ་དག་འཛིན་པས་འབྱུང་བའི་སྒོ། །རབ་ཏུ་འཁྲུལ་པས་འགག་འགྱུར་ཏེ། །ནམ་མཁའི་ཆོས་ཀྱིས་གཞན་བསྒྲུབ་བཞིན། །ངེས་པའི་ལུང་ཀུན་གཙོར་བྱེད་པ། །དེ་དག་ཕྱག་རྒྱའི་གནས་འཇུག་པས། །ནམ་མཁའི་བྱ་ལམ་ཇི་ལྟ་བར། །དོན་གྱི་སྙིང་པོ་མ་གཡོས་པའོ། །ཐེག་པའི་མཐའ་རྣམས་བརྟགས་པ་ཡིས། །


DNG006_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་སྐུར་རྟོག་པའི་གནས་འཇུག་ཅིང་། །ཡང་དག་དོན་གྱི་སྙིང་པོ་ཉིད། །གཞན་པའི་གནས་ཀུན་འགྱུར་མི་སྲིད། །ཀུན་ཏུ་ཡུལ་དང་བྲལ་བ་ཡི། །ཕྱི་ནང་ཡུལ་རྣམས་ཡེ་ཤེས་དེ། །ཟབ་མོ་ཆ་ཤས་ཇི་བཞིན་དུ། །གཏན་ཚིགས་རྟོགས་ཡུལ་གནས་བཅས་ལ། །དེ་དག་རང་བཞིན་ངོ་བོས་སྟོང་། །གདོད་ནས་རྣམ་དག་དངོས་མེད་པའོ། །ཐམས་ཅད་མིང་ཙམ་མཚོན་བྱེད་པའི། །ཐ་སྙད་ལོག་པའི་སྟོབས་རྒྱས་པས། །ཏིང་འཛིན་མཉམ་པའི་ཡུལ་ཀུན་དང་། །རབ་ཏུ་ཟུང་འཇུག་སྒྲུབ་བྱེད་པའོ། །ཕྱོགས་རྣམས་ཀུན་ནས་ཆོས་མཐུན་པའོ། །དབང་བསྐུར་བྱིན་རླབས་གསང་སྔགས་དང་། །ཕྱག་རྒྱ་ཡེ་ཤེས་གསང་བ་ཉིད། །དེ་དག་གོམས་པའི་མཐུ་མཚུངས་པས། །གསང་བའི་སྐུ་གསུང་ཐུགས་མཆོག་གྲུབ། །ཡུལ་དང་ཡུལ་ཅན་ལྟོས་པའི་གཞི། །ཐ་སྙད་མིང་ལས་དོན་ཀུན་གྱི། །དེ་དང་དེར་ནི་རྣམ་བརྟགས་པས། །དེ་དག་ཀུན་འབྱུང་ཟག་པ་མེད། །ཕྱི་རོལ་དེ་བཞིན་ནང་དེ་བཞིན། །དེ་དག་གཉིས་མེད་ཡེ་ཤེས་ཉིད། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཐ་སྙད་ཀུན་ཏུ་བརྟགས་པས་སྟོང་། །གཅིག་དང་དུ་མའི་རང་བཞིན་དུ། །ཐམས་ཅད་མཁྱེན་པས་ཀུན་གསལ་མཛད། །མི་ཤེས་འཁྲུལ་པ་གཅོད་བྱེད་ཅིང་། །བདེ་ཆེན་རང་བཞིན་ཀུན་གྱི་གནས། །ཀུན་ཏུ་འདི་དག་མཉམ་རྫོགས་པའི། །སྐུ་གསུང་ཡེ་ཤེས་ཆེན་པོར་སྦྱོར། །མཉམ་ཉིད་ཡེ་ཤེས་ཁྱབ་བྱེད་པའི། །ཁྱབ་བྱའི་རྫས་རྣམས་དཀྱིལ་འཁོར་དང་། །མི་ཤིགས་གསང་བའི་སྔགས་བརྗོད་པས། །སྒྲ་ཡི་བརྗོད་པའི་རྒྱུན་བཞིན་འཇུག །མི་གཡོ་བས་ནི་སྣང་བ་ཡི། །རྣམ་འཕྲུལ་དཀྱིལ་འཁོར་རྒྱན་གྱིས་མཛེས། །ཕྱག་རྒྱའི་འཁོར་ཚོགས་མཉམ་སྦྱོར་ཞིང་། །ཀུན་ཏུ་བསྐྱེད་མེད་ཡེ་ཤེས་ཀྱིས། །ཟབ་མོ་སྔགས་རྣམས་བརྗོད་པར་འགྱུར། །སྙིང་པོ་དམ་པ་ཡེ་ཤེས་དེ། །ཀུན་ནས་ལེན་ཅིང་འཛིན་བྲལ་བས། །མཐའ་བཞི་ལས་གྲོལ་དབུ་མ་ཉིད། །གང་དང་གང་དུ་


DNG006_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བྱེད་ཅིང་། །སྤྱོད་པས་ཡུལ་ཀུན་ལོངས་སྤྱོད་རྒྱན། །མི་ཤིགས་ཐིག་ལེ་མཉམ་རྫོགས་པའི། །ས་གསུམ་རབ་ཏུ་གནོན་མཛད་ཅིང་། །ཕྱག་རྒྱ་ཆེན་པོ་ཆེ་བ་ཉིད། །ཐ་སྙད་གང་གིས་སྟོན་བྱེད་པའི། །འབྲས་བུའི་དཀྱིལ་འཁོར་མངོན་རྫོགས་པའི། །དེ་དག་ཀུན་ནས་བརྟགས་པའི་ཡུལ། །མིང་ཚོགས་སྒྲ་ཡིས་མཚོན་བྱེད་པའི། །འབྲས་བུ་མཉམ་རྫོགས་ཇི་བཞིན་དུ། །གང་དག་གང་གནས་མངོན་ཞེན་ཅིང་། །གང་གིས་གང་ལ་མཉམ་སྦྱོར་བ། །ཡུལ་ཀུན་རྣམ་པར་སྦྱོར་བྱེད་པའི། །དེ་དག་གང་དུ་མི་གནས་པའོ། །ཀུན་ནས་ལས་ཀྱིས་འཁོར་བ་ཡི། །ཆོས་ཀྱི་ཐ་སྙད་ཐ་དད་ཀུན། །མ་སྐྱེས་མི་གཡོ་མཉམ་པའི་རྒྱན། །རབ་ཏུ་བརྟགས་པའི་སྤྱོད་བྲལ་ཆོས། །ཆོ་འཕྲུལ་ཆེན་པོ་རྣམ་འཆར་ཞིང་། །རང་བཞིན་མི་གཉིས་རྟོགས་པའི་མཐུས། །དེ་དག་གནས་རྣམས་སངས་རྒྱས་ཞིང་། །རྟེན་གྱི་དཀྱིལ་འཁོར་ཀུན་སྤྱོད་པའོ། །བརྟུལ་ཞུགས་ཕྱག་རྒྱའི་བསམ་གཏན་དང་། །དྲག་ཤུལ་གནས་ཀུན་ཕྲིན་ལས་ཀྱིས། །ཀུན་ནས་མངོན་པར་སྒྲུབ་བྱེད་པའི། །གནས་སུ་བྱ་བའི་མིང་མེད་ཅིང་། །བྱང་ཆུབ་འཁོར་བ་མྱ་ངན་འདས། །སྒྱུ་མ་བདེ་ཆེན་ལྷུན་གྱིས་གྲུབ། །དེ་དག་ཡོན་ཏན་མ་འགགས་པའི། །གཏན་ཚིགས་ཚད་མས་ཀུན་བརྒྱན་ཅིང་། །ཐ་དད་རྣམ་རྟོག་ཡུལ་དག་པའི། །སྒྱུ་མ་ཆེན་པོའི་དཀྱིལ་འཁོར་རྫོགས། །རང་བཞིན་གཅིག་ཏུ་མ་ངེས་པས། །ཁམས་གསུམ་ས་ལས་གྲོལ་བྱེད་པའི། །དོན་མཐུན་ཐེག་པ་བསམ་ཡས་པ། །དེ་དག་བྱ་བའི་སྒོ་རྣམས་ཀྱིས། །འབྲས་བུའི་ཕྱག་རྒྱ་གསལ་མཛད་ཅིང་། །ཉོན་མོངས་སྒྲིབ་ཚོགས་སྤངས་པའི་མཐུས། །ཐེག་ཆེན་ཡེ་ཤེས་སྒྲིབ་མེད་པའི། །སྣོད་འདི་རྣམ་པར་གསལ་བར་འགྱུར། །སངས་རྒྱས་ཀུན་གྱི་བསྟན་པའི་སྒོ། །རྫོགས་ཆེན་བྱང་ཆུབ་སེམས་ཀྱིས་མཆོག །དེ་དག་ཀུན་ནས་སྟོན་བྱེད་ཅིང་། །


DNG006_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་དམིགས་པའི་རྟགས་སྣང་འདི། །རང་བཞིན་མཉམ་ཉིད་གནས་ལ་སྟེ། །བྱིན་གྱིས་རླབས་ཀྱིས་ཀུན་སྟོན་པའོ། །ཀུན་འབྱུང་རེ་རྩོལ་སྒྲིབ་ཆེན་གྱིས། །ཉོན་མོངས་གནས་ཀུན་བསྐྱེད་བྱེད་ཅིང་། །ཕུང་པོ་ཁམས་དང་བཅས་ཚོགས་བརྒྱད། །དེ་དག་ཀུན་ནས་ཆགས་པའི་ཡུལ། །མི་གཉིས་དོན་ཀུན་རྟོགས་པ་ཡི། །བྱ་བ་ཆེན་པོའི་མཐུ་རྫོགས་པས། །སྣང་འདོད་རྩོལ་ཆེན་ཀུན་འཛིན་པས། །དོན་ཀུན་གཉིས་མེད་ཐེག་པའི་མཆོག །དེ་དག་རང་བཞིན་རྣམ་སྣང་ཞིང་། །མི་རྟོག་ལྷུན་གྲུབ་བདེ་ཆེན་ཉིད། །འདི་ལྟར་ཀུན་ནས་བརྟགས་པ་ཡི། །སྒྲིབ་པའི་སྐྱོན་ཆེན་གོམས་པའི་མཐུས། །ཡུལ་ཀུན་མཚན་མར་སྐྱེད་བྱེད་ཅིང་། །དེ་དག་གནས་ཀྱིས་རྨོངས་པར་འགྱུར། །བྱང་ཆུབ་ཡན་ལག་བརྒྱད་དང་བཅས། །མཚན་བཟང་དཔེ་བྱད་ཀུན་རྫོགས་ཤིང་། །ཐམས་ཅད་གནས་ཀུན་རྫོགས་ལོངས་སྤྱོད། །རྒྱན་དང་ཆ་ལུགས་སྣ་ཚོགས་པས། །དཀྱིལ་འཁོར་གསང་བའི་ལྷ་རྣམས་ཀུན། །མི་གཉིས་ལོངས་སྤྱོད་བདེ་རྫོགས་ཤིང་། །སྤྲུལ་བཅས་འཇིག་རྟེན་རྣམ་པར་དག །ཐབས་དང་ཤེས་རབ་རྫོགས་པ་ཡི། །ཡང་དག་སྦྱོར་བས་ཀུན་འཇུག་ཅིང་། །དེ་དག་ཆ་ལུགས་རྣམ་མཐའ་མས། །ཞིང་ཁམས་ཆེན་པོར་ཀུན་སྦྱོར་ཞིང་། །ཕྱག་རྒྱ་གསང་ཆེན་རིགས་ཀྱི་བདག །ཡེ་ཤེས་བྱིན་བརླབས་ཆེ་གནས་ལགས། །ཀུན་ཏུ་བཟང་པོ་ཆེ་གནས་མཛད། །དེ་དག་ཇི་བཞིན་དོན་ཀུན་གྱིས། །རང་བཞིན་རྫོགས་ཆེན་བསྟན་པར་བྱེད། །ཀུན་ནས་མངོན་པར་ཞེན་པའི་ཤུགས། །བསྒོམ་ཆགས་ཡུལ་གྱིས་འཆིང་འགྱུར་ཞིང་། །ཇི་སྙེད་ཆོས་རྣམས་རང་བཞིན་ལས། །རྟགས་པའི་གཟུགས་བརྙན་སྐྱེ་བར་འགྱུར། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་ཆེན་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལས། མཐའ་ཐམས་ཅད་རྣམ་པར་དག་པའི་ལེའུ་སྟེ་ལྔ་པའོ།། །།
རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་ཆེན་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲཱི་ལེནྡྲ་མི་ཏྲ་དང་། བོད་ཀྱི་ལོཙྪ་བ་འཛིང་གསལ་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ།


DNG006_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ཙིཏྟཱ་ངྦྷུ་ཏ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ། བཅོམ་ལྡན་འདས་དཔལ་གྱི་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྨད་བྱུང་བྱང་ཆུབ་སེམས་འདི་གནས། །དེ་ཡི་གཞལ་ཡས་ཡོན་ཏན་གྱི། །དོན་འདི་བསྟན་པ་འདི་ཡིན་ནོ། །དུས་གསུམ་བཞུགས་པའི་སངས་རྒྱས་དང་། །རྡོ་རྗེ་འཆང་བའི་རྣལ་འབྱོར་དང་། །དབང་ཆེན་ཁྲག་འཐུང་མ་མོའི་ཚོགས། །གཞན་ཡང་རྣམ་པ་མང་པོ་ཡི། །ལྷ་དང་ལྷ་མིན་རླུང་ལྷ་དང་། །གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས། །གཤིན་རྗེ་ཀླུ་དང་ལྷ་རྣམས་སོགས། །དབང་མེད་དད་པས་འདུས་པ་དང་། །ལྷ་ཡི་ཚོགས་ཀྱི་གང་བ་ཡི། །གཞལ་མེད་ཁང་མཛེས་དེ་དག་གི། །མེ་དང་འདྲ་བའི་འོད་གསལ་དེ། །ཉི་མ་ཟླ་བའི་གདན་དང་འོད། །ཞིང་རྣམས་གདན་ཆེན་གསལ་བ་དང་། །རིན་ཆེན་ལས་བྱས་ཤིན་ཏུ་སྣང་། །སྐལ་ལྡན་པ་ཡི་སངས་རྒྱས་ཡིན། །རབ་སྡང་གནོད་བྱེད་རྣམས་ཀྱང་སྤང་། །འདི་ལ་གནོད་བྱེད་གང་ཡིན་པ། །འབྱུང་པོ་གྲུལ་བུམ་སྲིན་པོ་དང་། །ཡི་དྭགས་སྲུལ་པོ་དེ་དག་གིས། །རྨད་བྱུང་འདི་ནི་མི་ཐོས་ཏེ། །རྨད་བྱུང་བྱང་ཆུབ་ཡོན་ཏན་འདི། །འཇིག་རྟེན་མགོན་པོས་བཤད་པ་ཡིན། །འདི་ལས་གང་ཞིག་འགལ་བྱེད་པ། །འཇིག་པ་ཐམས་ཅད་དེ་ལ་འོང་། །སྔགས་འཆང་རྣམས་ཀྱིས་སྤང་བར་འགྱུར། །རྨད་བྱུང་བྱང་ཆུབ་སེམས་འདི་ནི། །དཔལ་ཆེན་པདྨ་ཧེ་རུ་ཀའི། །སྒྲུབ་པ་གསང་བ་ཐུགས་ཀྱི་མཆོག །ཆོས་ཀྱི་གཏམ་ལ་འཇིགས་མེད་ཕྱིར། །ལས་ཀྱིས་གོས་པར་མི་འགྱུར་བའི། །དཔའ་ཆེན་འཁོར་ཚོགས་མང་པོ་དང་། །སངས་


DNG006_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣལ་འབྱོར་མང་པོ་དང་། །འཇིགས་མེད་རྡོ་རྗེ་སེམས་དཔའ་དང་། །སྐལ་ལྡན་རྣམས་ཀྱི་དོན་དུ་གསུངས། །གཞན་གྱི་དོན་དུ་མ་གསུངས་སོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། ཆོས་ཀྱི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།འདི་ནས་ལེའུ་ཉེར་གསུམ་ཡན་གོང་གླེགས་བམ་ཅ་པའི་ནང་གི་རྨད་བྱུང་ལེའུ་ཞེ་གཉིས་པ་དང་གཅིག་པས་དཔེ་རྣམས་ལ་མ་བྲིས་འདུག །ལེའུ་འདིས་སྐུ་བལྟ་བས་མི་ངོམས་པའི་ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས་པར་བསྟན་ཏེ། དེ་ནས་ས་བཅུ་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས། ཡང་འདི་གསུངས་སོ། །ཕ་རོལ་ཕྱིན་བཅུ་ལྷུན་རྫོགས་པའི། །བྱང་ཆུབ་སེམས་ནི་རྨད་དུ་བྱུང་། །རྨད་བྱུང་བྱང་ཆུབ་སེམས་འདི་ནི། །ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་མཛོད་ཡིན་ནོ། །ཟད་མི་ཤེས་པའི་མཛོད་ཡིན་ནོ། །བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འདི་ཡིན་ནོ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི་ངོ་མཚར་ཆེའོ། །ལམ་དང་འབྲས་བུའི་ཁྱད་པར་ནི། བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་མཁྱེན་པ་ཐོབ་སྟེ་མཁྱེན་ཏོ། །སངས་རྒྱས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པའི་ཡེ་ཤེས་སོ། །སྐུའི་ལུས་ལ་ཀུན་འབྱུང་བའི་ཆོས་ལ་ལོངས་སྤྱོད་དོ། །སེམས་ལས་ཀུན་འབྱུང་བའི་ཆོས་ལ་ལོངས་སྤྱོད་དོ། །ངག་ལས་ཀུན་འབྱུང་བའི་ཆོས་ལ་ལོངས་སྤྱོད་དོ། །ཆོས་ཀུན་འབྱུང་བའི་ཆོས་ལ་ལོངས་སྤྱོད་དོ། །ཡུལ་བ་ར་ཎཱ་སཱིའི་གོས་བཞིན་དུ། སོ་སོར་འགོག་པ་མེད་པར་ཐུགས་སུ་ཆུད་དོ། །བྱང་ཆུབ་སེམས་ཀྱི་གསང་བའི་མན་ངག་བསྟན་ཏེ་ངེས་དོན་དུ་བཀའ་སྩལ་ཏོ། །རྡོ་རྗེ་སེམས་དཔར་ཡི་དམ་ལྷ་མེད་པས། །རྣལ་འབྱོར་དབང་ཕྱུག་གཞན་ལ་བསྟན་མི་དགོས། །བྱང་ཆུབ་རྙེད་དཀའ་དེ་ཉིད་རྒྱལ་བའི་


DNG006_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །དུས་གསུམ་སངས་རྒྱས་རྣམས་ཀྱིས་རྟོགས་པར་དཀའ། །རང་རིག་ཆེན་པོ་དབྱིངས་འདི་ཉིད་ལས་བྱུང་། །སངས་རྒྱས་གཞན་ན་ཡོད་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།ལེའུ་འདིས་བསྲུང་བའི་དམ་ཚིག་བསྟན་ཏེ། བྱང་ཆུབ་སེམས་རྨད་དུ་བྱུང་བའི་དམ་ཚིག་བརྒྱད་ནི། ཡེ་ནས་མ་སྐྱེས་པ་དང་། ཡེ་ནས་མ་བྱུང་བ་དང་།ཡེ་ནས་མི་གནས་པ་དང་། ཡེ་ནས་སྟོང་པ་དང་། ཡེ་ནས་མེད་པ་དང་། ཕྱལ་པ་དང་། གཅིག་པུ་དང་། ལྷུན་གྱིས་གནས་པ་དང་བརྒྱད་དོ། །དེ་ལ་མ་སྐྱེས་པས་མི་འཆིའོ། །གདོད་ནས་མ་བྱུང་བས་མི་འགྲོའོ། །མི་གནས་པས་མྱ་ངན་ལས་འདས་པའོ། །གཟུང་འཛིན་དང་བྲལ་བས་ཡེ་ནས་སྟོང་པའོ། །མེད་པས་དམ་ཚིག་གོ། །གཅིག་བསྲུངས་པས་ཀུན་ཐུབ་པར་བསྲུང་བའོ། །ཕྱལ་པས་དམ་ཚིག་ལ་ཕྱོགས་མེད་དེ་བགྲང་བ་ལས་འདས་པའོ། །སྟོང་སྤྱི་ཕུད་ཡིན་པས་གོང་ན་གཞན་མེད་པས། །གཅིག་པུ་ཨ་ཏི་ཡོ་གའི་དམ་ཚིག །རྟག་པ་གཡུང་དྲུང་གནས་པས་མི་འགྱུར་ཏེ། །ལྷུན་གྱིས་གནས་པའོ། །རྨད་དུ་བྱུང་བའི་དམ་ཚིག་ཉི་ཤུ་རྩ་ལྔར་ཡང་སྤྱོད། བསྲུང་བ་མེད་པ་སྐུ་གསུང་ཐུགས་སུ་ཆུད་དེ། ཐུགས་ལ་མི་མཁྱེན་པ་མེད་ཅིང་ཐམས་ཅད་ཐུགས་སུ་ཆུད་པས། བསྲུང་དུ་མེད་པ་དང་། བསྲུང་བ་ཐམས་ཅད་མ་རྫོགས་པ་མེད་པས་བསྲུང་དུ་མེད་པ་དང་། སྐུ་ལ་ཐམས་ཅད་ལྷུན་གྱིས་རྫོགས་ཤིང་གཞན་གྱི་ལོངས་སྤྱོད་ལ་ཐོགས་པ་མེད་པས་བསྲུང་དུ་མེད་པའོ། །དེ་ཕྱིར་བསྲུང་དུ་མེད་པའི་སྐུ་གསུང་ཐུགས། །མཁྱེན་པ་མེད་ཅིང་ཐམས་ཅད་ཆུབ། །ཐམས་ཅད་བསྲུང་བ་མེད་པ་དང་། །བསྲུང་བ་ཐམས་ཅད་རྫོགས་བྱེད་པས། །བསྲུང་དུ་མེད་པ་དང་། སྐུ་ལྔ་ལྷུན་གྱིས་རྫོགས་ཤིང་བསྲུང་དུ་མེད་པའོ། །ས་ནི་མི་མཉམ་པ་དང་མཉམ་པའི་ལྷག་པའི་


DNG006_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དང་། ཆེ་བའི་ཡོན་ཏན་རྫོགས་པའི་ཆོས་ཀུན་ཐུགས་སུ་ཆུད་པས། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །གསང་བ་ཆེན་པོ་འབུམ་སྡེ་ལས། རྡོ་རྗེ་སེམས་དཔའི་རིག་པ་བསྟན་པ་དང་། གསང་བ་ཐམས་ཅད་ཀྱི་ཡང་གསང་བའི་ཆོས་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། བསྲུང་དུ་མེད་པའི་དམ་ཚིག་གི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།ལེའུ་འདིས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་དོན། སྐྱོན་ཐམས་ཅད་དང་ཉམས་པ་བསྐང་བའི་དོན་བསྟན་ཏེ། རྡོ་རྗེ་སེམས་དཔས་སྟོན་པ་ལ་ཞུས་པ།ཆོས་ཆེན་པོ་རྨད་དུ་བྱུང་བའི་ཐུགས་རྗེ་ཇི་ལྟ་བུ། ཀུན་རིག་ཆོས་ཀྱི་རྗེ་སྟོན་པས་བཀའ་སྩལ་པ། སྟོང་རི་གནམ་ལྕགས་ཐོག་ཆེན་གྱི། །སྐྱོན་གྱི་གངས་རི་རྩེ་ནས་བཅོམ། །བདུད་རྩིའི་རྒྱ་མཚོ་བཞུ་ནས་བསྐྱིལ། །ཏིང་འཛིན་འབུམ་ཕྲག་ཡངས་པས་ནི། །འདིས་ནི་མཉམ་པ་མེད་པའོ། །ཡང་རྡོ་རྗེ་སེམས་དཔས་སྟོན་པ་ལ་ཞུས་པ། ཐུགས་གསང་བའི་རྒྱུད་ཉིད་ལས་གསུངས་པ། རི་རབ་སུམ་བརྒྱ་ཕྲག་དགུ་ཡི། །བསྐལ་པ་ཞིང་གི་རྡུལ་སྙེད་ཀུན། །ཚིག་ཆད། ཞེས་ཞུས་པས། སྟོན་པ་ཀུན་རིག་ཆོས་ཀྱི་རྗེ་བུཌྜྷས་བཀའ་སྩལ་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་དང་རྨད་དུ་བྱུང་བའི་དོན་གཅིག་སྟེ། རི་རབ་སུམ་བརྒྱ་ཕྲག་དགུ་ཡང་། །རྨད་བྱུང་བྱང་ཆུབ་སེམས་འདི་ཉིད། །བསྒོམ་པའི་རྡོ་རྗེས་ཕྱེ་མར་བརླག །ཅེས་གསུངས་སོ། །དེའི་ཕྱིར་བྱང་ཆུབ་སེམས་རྨད་དུ་བྱུང་བ་འདི་ནི་སྟོང་སྤྱི་ཕུད་ཅེས་བྱ། གསུང་ནི་ཡེ་ཤེས་མཁའ་ལ་རོལ་ཞེས་བྱ། ཐུགས་ནི་ནམ་མཁའི་སྤང་པོ་ལ། །རྡོ་རྗེའི་གཟོང་གིས་འདྲ་ཞེས་བྱའོ། །དེ་ཡང་རྨད་དུ་བྱུང་བའི་སྐུ་ནི། སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ་ཞེས་བྱའོ། །རྨད་དུ་བྱུང་བའི་གསུང་ནི། སྙིང་པོ་བྱང་ཆུབ་ན་བཞུགས་པ་ལས། དགོངས་པ་ངེས་པར་འགྲེལ་བ་ཞེས་བྱའོ། །རྨད་དུ་བྱུང་བའི་ཐུགས་ནི་ཡིད་བཞིན་མི་ཟད་པ་བློ་གྲོས་ཀྱི་ཐུགས་ནི་ཡེ་ཤེས་ཐུགས་ཀྱི་ཐུགས་ཏེ་


DNG006_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་མཆོག་ཅེས་བཀའ་སྩལ་ཏོ། །དེ་ཡང་ཐུགས་གསང་བ་ཉིད་ཀྱི་རྒྱུད་ལས། །ནམ་མཁའི་སྐུ་ནི་རྨད་དུ་བྱུང་། །ནམ་མཁའི་གསུང་གི་ལམ་སྟོན་པས། །ནམ་མཁའི་ཐུགས་ནི་ཆོས་ཀྱི་མཆོག །རྨད་བྱུང་ནམ་མཁའི་གནས་ཀྱི་མཆོག །ཅེས་འབྱུང་སྟེ། དེ་ལྟར་ནམ་མཁའི་སྐུ་གསུང་ཐུགས་བཤད་ནས། །སའི་སྐུ་གསུང་ཐུགས་བཤད་པ་ནི། སའི་སྐུ་ནི་རི་རབ་སུམ་ཅུ་ཕྲག་དགུ་ཡིན་ལ། བསྐལ་པ་ཞིང་གི་རྡུལ་སྙེད་འབྱུང་བ་དེ་ཀུན།རྨད་དུ་བྱུང་བའི་ས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཡང་། རི་རབ་སུམ་ཅུ་ཕྲག་དྲུག་ལ་རི་རབ་འབུམ་ཡོད་དོ། །དེའི་བསྐལ་པའི་ཞིང་གི་རྡུལ་སྙེད་གཅིག་གི་ཚད་ལ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་ཚད་དཔག་ཏུ་མེད་པ་ནི། རི་རབ་དང་གླིང་རྣམས་དང་ས་གཞི་དང་སྣང་བའི་སྲིད་པ་རྣམས་ཀྱི་ནང་ན། སྣང་བ་སྲིད་པའི་སྐྱེ་འགྲོ་རྣམས་དང་། དེ་ཀུན་ཟོས་ཀྱང་ད་རུང་ངས་མ་ཟོས་ཞེས་དེ་ལྟ་བུ་ལ་བྱའོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། སྐྱོན་དང་ཉམས་པ་བསྐང་བའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།ལེའུ་འདི་ལས་འོད་ཀྱི་ཁྱད་པར་གྱི་ལེའུ་བསྟན་ཏེ། བྱང་ཆུབ་སེམས་རྨད་དུ་བྱུང་བའི་སྐུ་ལས་མེའི་འོད་དུ་འབར་ཏེ། འདོད་ཆགས་འོད་དུ་འབར། ཞེ་སྡང་འོད་དུ་འབར། ང་རྒྱལ་འོད་དུ་འབར། ཕྲག་དོག་འོད་དུ་འབར། གཏི་མུག་འོད་དུ་འབར། དེ་བཞིན་དུ་ཕུང་པོ་ཉིད་སྐུ་ལྔ་སྟེ། འོད་དུ་འབར་བ་དེ་ཡང་། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་སྐུ་ལྔ་སྟེ། བདག་ཉིད་ལ་འོད་འབར་བའོ། །དེ་བཞིན་དུ་རྣམ་པར་ཤེས་པ་ལྔ་ལས་ཀྱང་འོད་དུ་འབར་ཏེ། མིག་རྣ་བ་སྣ་ལྕེ་སེམས་འོད་དུ་འབར་བའོ། །དེ་བཞིན་དུ་ཕྱིའི་ཡུལ་ལྔ་ལས་ཀྱང་འོད་དུ་འབར་བའོ། །ས་ཆུ་མེ་རླུང་ནམ་མཁའ་ལ་ཀུན་ལ་ཡང་འོད་དུ་འབར་བའོ། །འོད་དེ་ཀུན་པས་རྨད་དུ་བྱུང་བའི་བྱང་ཆུབ་སེམས་རང་གི་རིག་པའི་རྒྱལ་པོའི་འོད་ལས་བྱུང་བའི་འོད་ཆེན་པོའི་ཡེ་ཤེས་ཀྱི་འོད་ཆེས་གསལ་བས། འཇིག་རྟེན་གྱི་ཁམས་ཀུན་ཀྱང་།


DNG006_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ངའི་རིག་པའི་འོད་ལས་བྱུང་ཞིང་གསལ་བ་ཞེས་བྱའོ། །དེའི་འཁོར་བའི་མུན་ནག་འོད་ཀྱིས་ཟིལ་གྱིས་གནོན་པས། ཡེ་ནས་མྱ་ངན་ལས་འདས་པས། སངས་རྒྱས་ཞེས་བྱའོ། །འོད་འདི་དག་རྨད་དུ་བྱུང་བའི་འོད་དོ། །སྐྱེ་དང་རྒ་དང་རྒུད་དང་འཆི་བའི་སྡུག་བསྔལ་ལས། རྨད་བྱུང་བྱང་ཆུབ་སེམས་ནི་བདེ་ཆེན་ནོ། །སྨན་མཆོག་ནད་མེད་བདེ་འཚོ་བ། །དུས་གསུམ་འཇིག་རྟེན་གསུམ་ལས་འདས། །མྱ་ངན་འདས་ཞེས་དེ་ལ་བྱའོ། །ཡང་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུས། རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། ཆོས་རྨད་དུ་བྱུང་བ་བྱང་ཆུབ་སེམས་རྨད་དུ་བྱུང་བ་ཞེས་བྱ་བ་འདི་དག་སྟོན་ཅིང་བཞུགས་པའི་ཚེ། གཉིས་སུ་མེད་པའི་ས་ལྕང་ལོ་ཅན་གྱི་ཕོ་བྲང་བདེ་བ་ཆེན་པོའི་ཞིང་ཁམས་ན། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོའི་མདོ་ལ་སོགས་པ་རྣམས་རྩོལ་བ་དང་བཅས་པའི་སྡུག་བསྔལ་གྱི་རྒྱ་མཚོ་ན། ས་ནས་སར་བགྲོད་ཅིང་སྦྱོར་བ་རྩོལ་བ་མིང་ཡང་མེད་དེ་མི་བརྗོད་དོ། །ཐེག་པ་ཆེན་པོ་གསང་སྔགས་བླ་ན་མེད་པའི་དོན་སྟོན་ཅིང་། རིགས་ལྔའི་སངས་རྒྱས་དང་དུས་གསུམ་གྱི་བདེ་བར་གཤེགས་པ་འདི་དག་ཐམས་ཅད་དང་། དགོངས་པ་ཆོས་ཉིད་ཀྱི་ཐེག་པར་གསལ་ཞིང་དག་པའི་ཕྱིར། བྱང་ཆུབ་སེམས་དཔའ་དང་སེམས་མ་གཉིས་སུ་མེད་པའི་སྦྱོར་བས། རྩོལ་བ་དང་བཅས་པའི་སྡུག་བསྔལ་དེ་དག་གི་རྒྱ་མཚོ་རྩོལ་དུ་མེད་པའི་དོན་གྱིས་བསམས་ཏེ། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཡང་དག་པར་རང་ཉིད་ལས་ཤར་བར་སྟོན་པ་ནི་རྩ་བའི་དོན་དང་སྦྱར་རོ། །དེ་ལ་ཚིག་གི་དོན་ལ་ཡང་རྣམ་པ་གསུམ་སྟེ། ཚིག་ཉུང་ལ་དོན་ཆེ་བར་བསྟན་པ་དང་།འབྲས་བུ་སྐུ་གསུང་ཐུགས་སུ་བསྟན་པ་དང་། སྡེབ་སྦྱོར་ལེགས་པར་བསྟན་པའོ། །དེ་ལ་ཚིག་གི་དོན་ལ་ཡང་། བྱང་ཆུབ་སེམས་རྨད་དུ་བྱུང་བ་འདི་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཐུགས་ཀྱི་དགོངས་པ་བདེ་བའི་དབྱིངས་ནས། དུས་གསུམ་གྱི་བདེ་བར་གཤེགས་


DNG006_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་དོན་དུ། ཐུགས་ཀྱི་དཀྱིལ་ནས།ལྗགས་ཀྱི་དབང་པོ་བརྐྱང་སྟེ་བཤད་པ་ནི་ཚིག་གི་དོན་ནོ། །འབྲས་བུ་སྐུ་གསུང་ཐུགས་སུ་བསྟན་པ་ནི། །ཡེ་ནས་ཡོད་ཅིང་རྟག་པར་བཞུགས། །འགྱུར་བ་མེད་པར་བསོད་ནམས་སྐུ། །བསམ་གྱིས་མི་ཁྱབ་སྤྲུལ་པའི་སྐུ། །ལྷུན་གྱིས་རྫོགས་པའི་སྐུ། །བྱ་བཙལ་མེད་པས་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ། སྣ་ཚོགས་འབྱུང་བས་ཡེ་ཤེས་མཆོག་ཉིད་སྐུ། ཞེས་འབྱུང་བ་ལ་སོགས་པ་སྔགས་ཆེ་བའི་ཡོན་ཏན་ཁྱད་པར་དུ་འབྱུང་སྟེ་སྤགས་པས། བདེ་གཤེགས་ཆོས་དབྱིངས་སྐུ།ཆོས་ཀྱི་སྐུ་དེ་ལས་ཡེ་ཤེས་ཀྱི་འོད་བྱུང་སྟེ། འདི་ལྟར་འོད་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་སྐུ་དང་ཡེ་ཤེས་ཀྱི་འོད་ཀྱིས། འཇིག་རྟེན་གྱི་ཁམས་མ་ལུས་པ་ཀུན་ལ་ཁྱབ་སྟེ་སྟོང་པ་ཆེན་པོར་ཤར་བའོ། །རྨད་དུ་བྱུང་བའི་སངས་རྒྱས་ཀྱི་འོད་ནི་བསམ་གྱིས་མི་ཁྱབ་པའོ། །དེ་ནི་ཡེ་ཤེས་ཀྱི་འོད་དེ། དེས་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་མཐོང་བར་བྱེད་པས་རྨད་དུ་བྱུང་བའི་འོད་ཅེས་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཡང་ཀུན་རིག་ཆོས་ཀྱི་རྗེ་ལ་ཞུས་པ། ཆོས་ཀྱི་སྐུ་དང་ཡེ་ཤེས་ལས་འོད་བྱུང་བ་ཇི་ལྟ་བུ་ལགས། ཞེས་ཞུས་པ་དང་། བུཌྜྷས་གསུངས་པ། ཇི་ལྟ་ཇི་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོ་དག་ཏུ་བྱས་ནས། ཆོས་ཀྱི་སྐུར་སྟོན་པ་རྨད་དུ་བྱུང་བ་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་འོད་ནི་དེ་ཙམ་མོ། །དེ་བཞིན་ཡེ་ཤེས་ཀྱི་འོད་ཀྱང་བསམ་གྱིས་མི་ཁྱབ།སྲིད་གསུམ་ནམ་མཁའི་ཁམས་པས་འོད་ཕུང་གསལ། བསྐལ་པའི་ཞིང་རྣམས་རབ་འབྱམས་ཇི་ཙམ་གྱིས། །སེམས་ཅན་ཀུན་ལ་ཐུགས་རྗེའི་འོད་དེ་ཙམ། །བསྐྱོད་དང་མི་བསྐྱོད་གཡོ་དང་མི་གཡོ་བའི། བློ་དང་རིག་པའི་འོད་ཀྱང་རྨད་དུ་བྱུང་ངོ་། །ཞེས་བཀའ་སྩལ་ཏོ། །དེ་སྙེད་སངས་རྒྱས་ཀྱི་འོད་འབྱུང་བ་ནི་མི་ཆེའོ། །རང་རིག་པའི་ཡེ་ཤེས་ཀྱི་འོད་ནི་ཤིན་ཏུ་


DNG006_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལོ། །དེའི་ཕྱིར་ནམ་མཁའ་དང་ཉི་ཟླའི་འོད་འདྲ་བ་མ་ཡིན་པས། འོད་འདི་ཀུན་དང་ཐུན་མོང་མིན་ཞེས་བཀའ་སྩལ་ཏོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། འོད་ཀྱི་ཁྱད་པར་གྱི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།ལེའུ་འདི་ལས་འཁོར་བའི་ལམ་ལྔ་སྟོན་ཏེ། དེ་ནས་ཡང་རྡོ་རྗེ་སེམས་དཔས་ཞུས་པ། འཁོར་བའི་ལམ་ལྔ་གང་ལགས། སྟོན་པ་ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་པ། འདོད་ཆགས་ཀྱིས་ནི་བླང་བར་བྱ། །ཞེ་སྡང་གིས་ནི་གསད་པར་བྱ། །ཕྲག་དོག་གིས་ནི་དབྱེ་བར་བྱ། །ང་རྒྱལ་གྱིས་ནི་བརྡེག་པར་བྱ། །གཏི་མུག་ཆོས་སུ་ལམ་བསྟན་ཏོ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་འདི་རྣམས་ཀུན། །མ་རིག་དུག་གསུམ་རྩ་བ་སྟེ། །རིག་ན་བྱང་ཆུབ་ལམ་ཡིན་ནོ། །རིན་ཆེན་དཔལ་དང་ཆགས་མེད་གྲུབ། །རྡོ་རྗེ་དེ་བཞིན་གཤེགས་པར་སྣང་། །འཁོར་བའི་ལམ་ལྔར་བསྟན་པ་སྟེ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། འཁོར་བའི་ལམ་ལྔ་སྟོན་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།ལེའུ་འདི་ལས་འཁོར་བའི་ལམ་ལྔ་ཉིད། རིགས་ལྔ་ཡབ་ཡུམ་ལྔའི་དབྱིངས་སུ་བསྟན་པ་སྟེ། ཡང་རྡོ་རྗེ་སེམས་དཔས་ཚིག་ལེའུ་གོང་མ་དེ་བརྣན་ཏེ་ཞུས་པ་ལས། ཀུན་རིག་ཆོས་ཀྱི་རྗེ་སྟོན་པས་བཀའ་སྩལ་པ། མ་བྱིན་ལེན་པ་ས་ཡིན་ཏེ། །མི་ཚངས་སྤྱོད་པ་ཆུ་ཡིན་ནོ། །རྫུན་དུ་སྨྲ་བ་རླུང་ཡིན་ཏེ། །གསོད་པར་བྱེད་པ་མེ་ཡིན་ནོ། །ཐམས་ཅད་ནམ་མཁའི་དབྱིངས་སུ་བསྟན། ཞེས་བཀའ་སྩལ་ཏོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། ལམ་ལྔ་ཉིད་རིགས་ལྔ་ཡབ་ཡུམ་གྱི་དབྱིངས་སུ་བསྟན་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།ལེའུ་འདིས་འཁོར་བའི་རྒྱུ་འབྲས་ཉིད་ཡེ་ནས་དག་པའི་རྒྱུ་མ་ཆགས་པའི་ཞིང་དུ་གནས་པར་ལུང་བསྟན་པ་སྟེ། དུག་གསུམ་རྩ་བ་བཅད་པས་ཁམས་གསུམ་འཁོར་བའི་རྒྱུ་འབྲས་མེད། སྲོག་མེད་གསོད་པར་བྱེད་པ་ཧེ་རུ་ཀ །ཆགས་མེད་འཛིན་དང་འཁོར་བས་འཆི་མེད་དུར་ཁྲོད་ཆེན་པོ་བརྒྱད།


DNG006_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇུག་མི་འབྱུང་ཡུལ་མེད་དབང་པོ་སྟོང་། །ཕྱི་ནང་སྒོ་ཕུག་མེད་པས་རྒྱ་ཆེ་ནང་པ་ཉིད། །སྐུ་གསུང་ཐུགས་དང་བྲལ་བས་ཆེ་བའི་མཆོག །སྔགས་དང་ཕྱག་རྒྱར་བྲལ་བས་ཉམས་པ་མེད། །ཆེ་བའི་ཆེན་པོར་རྫོགས་པས་རྨད་དུ་བྱུང་། །ཞེས་བུཌྜྷ་ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་ཏོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། འཁོར་བའི་རྒྱུ་འབྲས་ཉིད་དག་པའི་ལེའུ་སྟེ་སུམ་ཅུ་པའོ།། །།ལེའུ་འདིས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པར་དག་པའི་དབྱིངས་སུ་བསྟན་པ་སྟེ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བདེ་བ་ཆེན་པོས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པར་དག་པའི་དབྱིངས་སུ་གནས་པར་གཟིགས་ནས། གཉིས་སུ་མེད་པའི་དོན་རྟོགས་ཏེ་ཐུགས་སུ་ཆུད་ནས། འགྲོ་བ་དང་ཆོས་ཉིད། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་དོན་རྟོགས་ནས། ལ་བཟླས་ཏེ་མི་གཡོ་བའི་ཚུལ་དུ་བཞུགས་པ་ལས། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་དོན་དབུས་མཐའ་མེད་པར་བསྟན་པའོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པར་དག་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།ལེའུ་འདིས་ཡེ་གནས་ཆེན་པོའི་རང་བཞིན་དུ་གནས་པར་བསྟན་ཏེ། དེ་ཡང་ཆོས་ཉིད་བྱང་ཆུབ་ཆེན་པོར་རང་བཞིན་དུ་གནས་པ་དང་། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་གནས་པ་ལས། ཆོ་ག་ཐབས་ཀྱི་དོན་ནི་ཨ་ཏི་ཡོ་གར་འདུས་པར་སྟོན་ལ། ཨ་ཏི་ཡོ་གའི་དོན་ནི་བྱང་ཆུབ་སེམས་རྨད་དུ་བྱུང་བར་འདུས་པར་སྟོན་ཏོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། ཆོས་ཉིད་རང་བཞིན་དུ་གནས་པའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །།ལེའུ་འདིས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་དང་མྱ་ངན་ལས་འདས་པའི་དབྱིངས་ན། མི་གཡོ་བའི་རྒྱལ་པོར་བསྟན་ཏེ།


DNG006_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་སངས་རྒྱས་ཏེ་མྱ་ངན་ལས་འདས་པའི་དབྱིངས་ནས། མི་དམིགས་པའི་རྒྱལ་པོ་ལ། བླ་འོག་དང་ཕྱོགས་ཆ་མེད་པར་བཞུགས་ཀྱང་། ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོས། སྤྲུལ་པ་རྣམ་པ་སྣ་ཚོགས་ཅིར་ཡང་མཛད་པར་སྟོན་པ་ནི་ཐམས་ཅད་དག་པའི་ཞིང་དུ་སྦྱོར་ཞིང་། ཐམས་ཅད་དག་པའི་དབྱིངས་སུ་སྟོན་ཅིང་བཞུགས་སོ། །དེ་ཉིད་ཀྱང་ཁམས་གསུམ་ལས་འདས་ཤིང་། མི་འཕོ་མི་འགྱུར་མི་འཁོར་མི་གནས་པའི་རིན་པོ་ཆེ་ཀུན་ཏུ་བཟང་པོའི་ངང་ལ་གནས་སོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། ཡེ་ནས་མི་གཡོ་བའི་ལེའུ་སྟེ་སུམ་ཅུ་གསུམ་པའོ།། །།ལེའུ་འདིས་བདེ་བ་ཆེན་པོའི་དབྱིངས་ཀྱི་ཀློང་ནས། སྐུ་འོད་དང་གསུང་གི་ཟེར་ལས་ཇི་ལྟར་འབྱུང་བ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཀློང་ནས། སྐུའི་འོད་དང་གསུང་གི་ཟེར་ལས། ཀུན་རིག་ཆོས་ཀྱི་རྒྱལ་པོས། ཡུམ་འདོད་པའི་དབང་མོ་ལ་གཉིས་སུ་མེད་པར་གནས་ཤིང་། སྣང་སྲིད་ཐམས་ཅད་ཐུགས་རྗེའི་ངང་དུ་གྱུར་ཏེ། ཡང་འཁོར་བའི་ཆོས་དང་སྲིད་པ་ཀུན་ཡང་དག་པའི་བྱང་ཆུབ་ཏུ་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། སྐུའི་འོད་དང་གསུང་གི་ཟེར་ལས་ཇི་ལྟར་འབྱུང་བའི་ལེའུ་སྟེ་སུམ་ཅུ་བཞི་པའོ།། །། ལེའུ་འདིས་ཆོས་ཐམས་ཅད་མྱ་ངན་ལས་འདས་པར་བསྟན་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་མྱ་ངན་ལས་འདས་པ་ལ་ཡང་དོན་གསུམ་སྟེ། ཡེ་ནས་སངས་རྒྱས་པའི་དབྱིངས་ནས། མི་དམིགས་པའི་རྒྱལ་པོ་རྟོག་པ་མི་མངའ་བར་ཐུགས་ཡེ་ཤེས་སུ་གྱུར་པར་བཞུགས་པ་དང་། སྲིད་པ་གསུམ་དུས་གཅིག་ཏུ་གསལ་བར་མཁྱེན་པའི་ཡེ་ཤེས་མ་འགགས་པ་དང་། ཞིང་དག་པར་མཁྱེན་པ་དང་། ཐམས་ཅད་ཀྱི་སྣོད་དང་བཅུད་དུ་གྱུར་པ་སྟེ། དེ་ལྟར་ཀུན་གྱི་སྙིང་པོར་གྱུར་པས། སྐུ་དང་ཡེ་ཤེས་ཀྱི་ཆོས་ཉིད་དོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་ལེའུ་སྟེ་སུམ་ཅུ་ལྔ་པའོ།། །།ལེའུ་འདིས་


DNG006_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་དགོས་ཆེད་བསྟན་ཏེ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་འདི་མགོ་མཇུག་ཏུ་དགོས་པའི་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། འབྲས་བུ་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པས་བསྟན་ཏོ། །དེ་ཡང་གང་ཞེ་ན། བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་དང་། བྱང་ཆུབ་ཀྱི་སེམས་ཁྱབ་གདལ་ཆེན་པོར་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་ངེས་ཚིག་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་རྒྱུ་འབྲས་ཀྱི་དོན་བསྟན་པ་དང་། བྱང་ཆུབ་ཀྱི་སེམས་མྱ་ངན་ལས་འདས་པ་ཆེན་པོར་བསྟན་པ་དང་། བྱང་ཆུབ་ཀྱི་སེམས་སྟོང་པ་ཆེན་པོའི་ཡེ་ཤེས་མི་འགྱུར་བའི་བདག་ཉིད་དུ་བསྟན་པ་དང་། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ནི་ཡེ་ནས་སངས་རྒྱས་ཏེ་རྟག་པ་གཡུང་དྲུང་དུ་བསྟན་པ་དང་། བྱང་ཆུབ་ཀྱི་སེམས་མཐར་ཐུག་པ་མེད་པར་བསྟན་པ་དང་བརྒྱད་དོ། །དེ་ལ་ཡང་དབྱེ་ན། བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་ལ་དོན་གཉིས་ཏེ། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་པར་སངས་རྒྱས་པར་བསྟན་པ་དང་། དེ་ལྟར་རིག་ཅིང་རྟོགས་ན། འབྲས་བུ་གཞན་ནས་བཙལ་དུ་མེད་པར་བསྟན་པའོ། །བྱང་ཆུབ་སེམས་ཀྱི་ངེས་ཚིག་བསྟན་པ་ལ་ཡང་དོན་རྣམ་པ་གསུམ་སྟེ། ལུང་ངེས་པ་དང་མན་ངག་གསང་བ་འདི་སྤྲོས་པ་མེད་པའི་བྱང་ཆུབ་སེམས་སུ་བསྟན་པ་དང་། གཟུང་འཛིན་གྱི་ཡུལ་དང་བྲལ་བར་བསྟན་པ་དང་། བྱང་ཆུབ་སེམས་ལས་མ་གཏོགས་པའི་ཆོས་འཇིག་རྟེན་ནས་བཙལ་དུ་མི་རྙེད་པར་བསྟན་པའོ། །བྱང་ཆུབ་སེམས་ཀྱི་རྒྱུ་འབྲས་ཀྱི་དོན་བསྟན་པ་ལའང་བཞི་སྟེ། ཐམས་ཅད་འབྱུང་བའི་རྒྱུ་ཡུམ་ཀུན་ཏུ་བཟང་མོའི་དབྱིངས་ཀློང་ཡངས་པའི་ཐིག་ལེར། འབྲས་བུ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་མོར་བཤད་པར་བསྟན་པ་དང་། རྟོགས་པའི་ཡེ་ཤེས་ཀྱི་རིག་པ་རང་ལས་འཆར་བར་བསྟན་པ་དང་། ཆོས་སྐྱེ་འགག་མེད་པའི་ངང་ལས་ཀྱང་། ཐུགས་རྗེ་ཐབས་མཁས་པའི་བྱེ་བྲག་སྣ་ཚོགས་སུ་


DNG006_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམས་པས། དུས་གསུམ་དུ་འདུས་མ་བྱས་པའི་སྙིང་པོ་ཡེ་ཤེས་ཀྱི་རིག་པ་ཙིཏྟའི་དཀྱིལ་དུ་འཆར་བར་བསྟན་པའོ། །བྱང་ཆུབ་སེམས་ཀྱི་མཐར་ཐུག་པ་མེད་པ་ལ་ཡང་དོན་ལྔ་སྟེ། ཐབས་དང་ཤེས་རབ་ཏུ་བསྒོམས་པས། རིགས་ལྔ་སངས་རྒྱས་ཀྱི་སྐུ་མདོག་དང་བཞུགས་ཚུལ་བསྟན་པའོ། །དབྱིངས་དང་ཡེ་ཤེས་སུ་གསལ་བས། སྐུའི་དངོས་པོ་དང་བྲལ་བས་རགས་པའི་ཏིང་ངེ་འཛིན་སྤངས་པས། ཐམས་ཅད་འོད་ཀྱི་དཀྱིལ་འཁོར་དུ་བསྟན་པ་དང་།ཤེས་པ་དང་ཤེས་བྱ་རྟོགས་པས་སངས་རྒྱས་ཀྱི་དགོངས་པ་མ་འདྲེས་པར་དོན་ཐུགས་སུ་ཆུད་པར་བསྟན་པ་དང་། ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ་ཅིང་། རེ་དོགས་དང་འཁོར་བའི་ཆོས་མེད་པར་བསྟན་པ་དང་། རང་གི་རིག་པའི་བྱང་ཆུབ་ཀྱི་སེམས་རྟོགས་པའི་འབྲས་བུ་དུས་གསུམ་མི་འགྱུར་བར་བསྟན་པའོ། །བྱང་ཆུབ་ཀྱི་སེམས་ཁྱབ་གདལ་ཆེན་པོ་ལ་ཡང་དོན་དྲུག་སྟེ། གསང་བ་མཆོག་གི་དཀྱིལ་འཁོར་གྱི་དོན་རྟོགས་པས་ན་ར་ཧ་པའི་དབྱིངས་བགྲོད་པར་བསྟན་པ་དང་། འདུ་འབྲལ་མེད་པའི་དོན་བྱ་རྩོལ་ལས་འདས་པར་བསྟན་པ་དང་། ལུང་གི་ཤ་ཐང་ཕྱི་ནས་མན་ངག་གི་ཐོག་ཏུ་འབེབས་པར་བསྟན་པ་དང་། དམ་ཚིག་གི་སྡོམ་པ་ལ་གནས་ཤིང་སྐུ་གསུང་ཐུགས་ཀྱི་འབྲས་བུ་ཐོབ་པར་བསྟན་པ་དང་། རྒྱལ་བ་ཐམས་ཅད་ཀྱི་གཏེར་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཡིན་པར་བསྟན་པ་དང་། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ཇི་ལྟར་བསྟན་ཀྱང་སེམས་ཉིད་མ་སྐྱེས་པ་ལས་སྐྱེ་བའི་ཆོ་འཕྲུལ་འབྱུང་བར་བསྟན་པའོ། །བྱང་ཆུབ་ཀྱི་སེམས་མྱ་ངན་ལས་འདས་པར་བསྟན་པ་ལ་ཡང་དོན་རྣམ་པ་གསུམ་སྟེ། ཡེ་ནས་སངས་རྒྱས་ཏེ་མྱ་ངན་ལས་འདས་པའི་དབྱིངས་ན་མི་དམིགས་པའི་རྒྱལ་པོའི་ཕྱོགས་ཆ་མེད་པར་བཞུགས་ཀྱང་། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཅིར་ཡང་མཛད་པར་བསྟན་པ་དང་། ཐམས་ཅད་དག་པའི་ཞིང་དུ་སྒྲོལ་ཞིང་ཡུམ་གྱི་


DNG006_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུམས་སུ་སྦྱོར་བས་ཁམས་གསུམ་ལས་འདས་པ་ཆེན་པོར་བསྟན་པ་དང་། མི་འཕོ་མི་འགྱུར་མི་འཁོར་མི་གནས་པས་སེམས་རིན་པོ་ཆེ་ཀུན་ཏུ་བཟང་པོའི་ངང་ལས་གཡོས་པ་མེད་པར་བསྟན་པའོ། །བྱང་ཆུབ་ཀྱི་སེམས་སྟོང་པ་ཆེན་པོར་ལ་བཟླ་བ་ལ་དོན་རྣམ་པ་གཉིས་ཏེ། བདེ་བ་ཆེན་པོའི་ཀློང་ན་སྐུའི་འོད་ལ་བཞུགས་ཤིང་གསུང་གི་ཟེར་ལ་རོལ་པ་བསྟན་པ་དང་། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡུམ་འདོད་པའི་དབང་མོ་དང་གཉིས་སུ་མེད་པར་བསྟན་པའོ། །བྱང་ཆུབ་ཀྱི་སེམས་ཡེ་ནས་སངས་རྒྱས་རྟག་པ་གཡུང་དྲུང་དུ་བསྟན་པ་ལ་ཡང་དོན་རྣམ་པ་བདུན་ཏེ། ཞིང་བཅུ་ལ་ང་སངས་རྒྱས་ཀྱི་སར་བསྟན་པ་དང་། སྣང་སྲིད་ཐམས་ཅད་ཐུགས་རྗེ་ཆེན་པོའི་ངང་དུ་བསྟན་པ་དང་། འཁོར་བའི་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་བསྟན་པ་དང་། ཐེག་པ་མཐའ་དག་གི་ཡང་རྩེ་ཨ་ཏི་ཡོ་གར་བསྟན་པ་དང་། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་བསྟན་པ་དང་། ཚིག་དང་ཡི་གེའི་སྤྱོད་ཡུལ་ལས་འདས་པར་བསྟན་པ་དང་། སྦྱོར་སྒྲོལ་དང་སྐྱེ་ཤིའི་རྩ་བ་བཅད་ནས། ཀུན་ཏུ་བསྡུས་པའི་ཐིག་ལེ་རྟག་ཆད་ཀྱི་མཐའ་ལས་འདས་པར་བསྟན་པའོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། དགོས་ཆེད་ཀྱི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །།ལེའུ་འདིས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་དམ་ཚིག་བསྟན་ཏེ། དེ་ཡང་བྱང་བ་ནི། སྒྲིབ་པ་དང་བག་ཆགས་ཡེ་ནས་བྱང་བ་སྟེ། ཤེལ་སྒོང་ལག་མཐིལ་དུ་བཞག་པ་བཞིན་དུ་ཁམས་གསུམ་དང་དུས་གསུམ་དང་སྲིད་པ་གསུམ་དུས་གཅིག་ཏུ་མཁྱེན་པའི་ཡེ་ཤེས་མ་འགགས་པས། བློ་དང་ཞིང་དག་ལ་གསལ་ལ་དོན་ངེས་པ་ཡིན་ནོ། །ཆུབ་པ་ནི་ཏིལ་ལ་མར་གྱིས་ཁྱབ་པ་དང་འདྲ་བར།ཐམས་ཅད་ཀྱི་བཅུད་དུ་གྱུར་ཏེ། ལྷུན་གྱིས་གནས་པའི་ཆོས་ཉིད་ཀུན་གྱི་སྙིང་པོ། སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པས་ཆུབ་ལ། སེམས་ནི་རྟོགས་པའི་ཡེ་ཤེས་སུ་གྱུར་པས། ཀུན་གཞི་གསང་


DNG006_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབྱིངས་ན་མ་བསླད་པའི་དོན། རྩོལ་དུ་མེད་པའི་ནོར་བུ་རིན་པོ་ཆེ་རང་བཞིན་དང་ཁ་དོག་ཏུ་འོད་གསལ་བ་ནི། སེམས་སྐྱེ་བ་མེད་པ་ཡིན་ལ། བདེ་བ་ནི་སྐུ་གསུམ་ཅིག་ཅར་རྫོགས་ཏེ་ཆོས་ཀྱི་དབྱིངས་སུ་དག་པས་ནི། དགྱེས་པ་ཆེན་པོར་བཞུགས་པས་བདེ་བ་ཡིན་ལ།ཆེན་པོ་ནི་གཉེན་པོ་གང་གིས་ཀྱང་བཅོས་སུ་མེད་པས། ནམ་མཁའ་ལྟར་རྒྱུ་ལ་མ་ལྟོས་ཡེ་ནས་དག །རྐྱེན་དང་མ་བྲལ་ཡེ་ནས་གནས། རྫས་དང་མཚན་མ་ལ་རག་ལུས་ཏེ། གོང་ན་ལ་བཟླར་མེད་པས་ཆེན་པོ་ཡིན་ནོ། །ཐུགས་ལ་ཡང་དོན་གསུམ་སྟེ། ཀུན་ལ་འཇུག་པ་དང་ཡིད་ཀྱི་མཚན་ཉིད་དང་། རིག་པའི་ཡེ་ཤེས་སོ། །སྐུ་ལ་ཡང་གསུམ་སྟེ། ཀློང་ཡངས་པའི་མཁའ་དང་། ཀུན་བདེ་བའི་སྐུ་དང་། བྱང་ཆུབ་སེམས་རྡོ་རྗེའོ། །གསུང་ལ་ཡང་གསུམ་སྟེ། ངེས་པའི་ཚིག་དང་། བརྗོད་པར་བྱ་བ་དང་། ཐམས་ཅད་དུ་སྤྲོས་པའོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་འདིས། ཁམས་གསུམ་དབང་དུ་སྡུད་དེ། ཐ་མས་ནད་ཀྱི་སྲོག་འཛིན་པའི་ཕྱིར་ཀུན་ཏུ་བཟང་མོའི་མཁའ་བྷ་ག་རྒྱ་མཚོའི་དབྱིངས་སུ་ཐིམ་ལ། སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་སྟེ། བྱ་རྩོལ་ལས་འདས་ནས། རིག་པའི་རྒྱལ་པོ་རང་དབང་དུ་གྱུར་ཏེ། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་རང་ལ་འཆར་བའི་ཕྱིར།ཀུན་ཏུ་བཟང་མོའི་མཁའ་བདེ་བ་ཆེན་པོའི་ཀློང་དུ་བསྡུས་སོ། །དེ་གཉིས་སུ་མེད་པ་ལས། སེམས་རིན་པོ་ཆེ་སྐྱེ་བ་མེད་པའི་དོན་ཕྱིན་ཅི་མ་ལོག་པ་ཚིག་དང་ཡི་གེའི་མཚན་མ་ལས་འདས་ཏེ། རང་བཞིན་དང་ཁ་དོག་ཅིར་ཡང་སྟོན་ཅིང་འགྱུར་བ་མེད་པའི་དབྱིངས་བདེ་བ་ཆེན་པོའི་ཀློང་ཡངས་པ་ན། རྟག་པ་ཆེན་པོ་གཡུང་དྲུང་གི་སྐུ་བཞུགས་སོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། བྱང་ཆུབ་སེམས་ཀྱི་ངེས་ཚིག་བསྟན་པའི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །།ལེའུ་འདི་ལས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་ཡོན་ཏན་བསྟེན་ཏེ། བྱང་ཆུབ་སེམས་བསྒོམ་པའི་དོན་བསྟན་པ། གཞུང་ནས།


DNG006_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་རིན་ཆེན་རྙེད་པའི་མི་ཞེས་འབྱུང་བ་ནི། དཔེར་ན། བྱང་ཆུབ་སེམས་རྨད་དུ་བྱུང་བའི་དོན་རྟོགས་པ་ནི། མཆོད་དང་མཆིང་བུའི་ནོར་བུ་རིན་ཆེ་བ་ཡང་། བཻ་ཌཱུརྱ་ལུག་ཤིག་ཙམ་གྱི་འོད་ཀྱིས། རི་དེ་རི་ལ་དང་ནོར་བུའི་རི་དེ་ཀུན་བཻ་ཌཱུརྱ་མངོན་ནོ། །དེ་དང་འདྲ་བ་བྱང་ཆུབ་སེམས་སྟོང་སྤྱི་ཕུད་ཡེ་ཤེས་མཁའ་ལ་རོལ་པ་འདི་ནི་རྨད་དུ་བྱུང་བ་སྟེ། ཁམས་གསུམ་རིན་པོ་ཆེར་མཐོང་ཡང་སྲིད་པ་གསུམ་ཡང་རིན་པོ་ཆེར་གྱུར་པ་ལ་བྱའོ། །དེ་བཞིན་དུ་ཡོད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ནི་ཅི་ཡང་འབྱུང་བ་ལྟ་བུའོ། །ཞེས་འབྱུང་སྟེ། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། ཡོན་ཏན་དུ་བསྒོམ་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།། །།ལེའུ་འདི་ལས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་སྣོད་ཀྱི་སྐྱོན་བསྟན་ཏེ། དེ་ཡང་གཞུང་ལས། ཐེག་པ་དམན་ལ་ཞུགས་པ་དང་། རང་གིས་བློ་འཕང་དམའ་བ་དང་། ཐོས་པ་ཉུང་ཞིང་བློ་སྦམ་དང་། །བསླད་པའི་ཚིག་གིས་འཆལ་པ་དང་། །སྤོབས་ཞེན་དད་པ་ཆུང་བ་དང་། །ཕོ་ཐེག་ཆེ་ལ་རང་ཕྱོགས་ཅན། །བཅད་ཀྱང་དོགས་མེད་སེར་སྣས་བཅིངས། །དེ་ལ་རྨད་བྱུང་དོན་མི་བཤད། །བཤད་ཀྱང་བློ་རྒྱུད་མ་གྲོལ་བས། །བླ་མེད་ཐེག་རྒྱལ་རྫོགས་པའི་ལུང་། །ཨ་ཏི་ཡོ་གའི་དོན་མི་བསྟན། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། སྣོད་ཀྱི་སྐྱོན་བསྟན་པའི་ལེའུ་སྟེ་སུམ་ཅུ་དགུ་པའོ།། །།ད་ནི་ལེའུ་འདིས་སློབ་མ་སྣོད་བཟང་པོ་ལ་ལོབ་པར་བྱ་བའི་གཏན་ཚིགས་དབུལ་ལས་ཐུན་མོང་མ་ཡིན་པའི་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་གཞུང་ལས།གླང་པོས་ཐེག་ཚད་ཁལ་བསྐུར་ན། །དུད་འགྲོ་ཕལ་དང་སྟོབས་མི་མཉམ། །རྩལ་ཤུགས་འདི་ཡང་ཐུན་མོང་མིན། །གངས་ཀྱི་སེང་གེའི་གདངས་ཕྱུང་ན། །སྡེར་ཆགས་ཕལ་དང་གདངས་མི་མཉམ། །གདངས་སྐད་འདི་ཡང་ཐུན་མོང་མིན། །རྒྱ་མཚོ་ཆེན་པོའི་རླབས་མཐོང་ན། །ཆུ་བྲན་ཕལ་དང་རླབས་མི་མཉམ། །རྦ་རླབས་
དེ་ཡང་ཐུན་མོང་མིན། །རི་རྒྱལ་ལྷུན་པོའི་རྩེར་ཕྱིན་ན། །རི་བྲན་ཕལ་དང་འཕང་མི་མཉམ། །རྩེ་རྒྱལ་འདི་ཡང་ཐུན་མོང་མིན། །མཐའ་གསལ་ཉི་ཟླ་འདི་མཐོང་ན། །གཟའ་སྐར་ཕལ་དང་འོད་མི་མཉམ། །འོད་གསལ་འདི་ཡང་ཐུན་མོང་མིན། །ཁྱུང་ཆེན་ནམ་འཕང་གཅོད་མཐོང་ན། །འདབ་ཆགས་ཕལ་དང་ཤུགས་མི་མཉམ། །རྩལ་ཤུགས་འདི་ཡང་ཐུན་མོང་མིན། །རྡོ་རྗེ་ཐེག་པའི་གཏིང་མཐོང་ན། །ཐེག་གཞན་ཕལ་དང་གཏིང་མི་མཉམ། །གཏིང་དཔག་འདི་ཡང་ཐུན་མོང་མིན། །ཤེས་རྒྱུད་སྦྱངས་པའི་མཁས་པ་དང་། །ཐོས་པ་ཆུང་བའི་བློ་སྦྲམ་གཉིས། །འགྲོ་བའི་དོན་ལ་དོན་མི་མཉམ། །དོན་མཆོག་འདི་ཡང་ཐུན་མོང་མིན། །རྨད་དུ་བྱུང་བ་རྫོགས་སོ། །བར་འདིར་སྲོག་གི་འབྱུང་བ་ལེའུ་བཅོ་ལྔ་པ་འཛུད།

བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད།


DNG006_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཨཱཤྩ་གྻ་ཏནྟྲ། བོད་སྐད་དུ།བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་དབྱེར་མེད་པའི་བདག་ཉིད། གཟུགས་ཅན་མ་ཡིན་པའི་སྙིང་པོ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཤེས་བྱ་ཐམས་ཅད་ཀྱི་རྒྱལ་པོ་དེ་བཞིན་ཉིད་རྣམ་པར་དག་པ་ལ་ལོངས་སྤྱོད་པ། ལོངས་སྤྱོད་པའི་མངོན་པར་བྱང་ཆུབ་པའི་སྐུ་དང་། སྤྲུལ་པའི་སྐུ་ལ་སོགས་པ་ཀུན་གྱི་རྩ་བ་ཡེ་ཤེས་རྣམ་པར་དག་པ་ཐམས་ཅད་ཀྱི་བདག་ཉིད། གང་ཡང་གཉིས་སུ་མེད་པ། ཡང་དག་པར་རྫོགས་པའི་ཀུན་ཏུ་བཟང་པོའོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ནི། ཆོས་ཐམས་ཅད་ཏིང་ངེ་འཛིན་ལ་ལོངས་སྤྱོད་ཆེན་པོ་མ་ལུས་པར་མྱོང་བར་མཛད་པའི་ལོངས་སྤྱོད་རྣམ་པར་དག་པའི་སྐུ་སྟེ། མཚན་དང་དཔེ་བྱད་ཐམས་ཅད་དང་ལྡན་པའོ། །མངོན་པར་བྱང་ཆུབ་པའི་སྐུ་ནི། སྙིང་པོ་ལས་དཀྱིལ་འཁོར་འབྱིན་པའི་སྐུ་ཡིན་ཏེ། འདོད་ཁམས་ཀྱི་


DNG006_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རྒྱལ་པོ་དང་། གཟུགས་ཁམས་ཀྱི་ལྷའི་རྒྱལ་པོའི་དཀྱིལ་འཁོར་ན། རྡོ་རྗེ་དང་ནོར་བུ་ལ་སོགས་པའི་དཀྱིལ་འཁོར་འབྱིན་པའོ། །སྤྲུལ་པའི་སྐུ་ནི་ཐབས་མཁས་པས་གནས་ཐམས་ཅད་དུ་དམིགས་པ་ཇི་བཞིན་དུ་རྒྱུན་མི་ཆད་པར་ཆོས་ཀྱི་འཁོར་ལོ་བསྐོར་བ། སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་མངའ་བ།རྟག་དང་མི་རྟག་གཉིས་ཀྱི་གཞི་འམ་ངོ་བོར་གྱུར་པས། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། སྐུ་ཡོངས་སུ་རྫོགས་པའི་ཞལ་གྱིས། ཆོས་ཐམས་ཅད་མོས་པ་དང་མཐུན་པར་གསུངས་སོ། །གསུང་པར་འགྱུར་རོ། །རྣམ་པར་དག་པའི་སྐུ་དེ་ནི། དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་སྙིང་པོ་བྱང་ཆུབ་ན་དུས་རྟག་ཏུ་གཉིས་སུ་མེད་དོ། །རྟག་པ་དང་མི་རྟག་པའི་རྒྱལ་པོ་ཐུགས་རྗེ་ཆེན་པོ་དེ་ནི་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་བྱུང་གི་རྒྱན་དང་རོལ་པ་ལ་སོགས་པ་དཀྲིགས་པར་རང་བྱུང་བ་ན་གསལ་ལོ། །བྱང་ཆུབ་པ་ཆེན་པོའི་སྐུ་ནི་རི་རབ་རིའི་རྩེ་མོར་རིན་པོ་ཆེའི་ཁང་པ་ན་ཟླ་བ་རྒྱས་པ་ལྟ་བུའི་ཚུལ་དུ་ཞལ་རབ་ཏུ་རྒྱས་སོ། །ཐབས་མཁས་པ་སྤྱོད་པ་ཐམས་ཅད་ཀྱི་བདག་ཉིད་ནི། བྱ་རྒོད་ཕུང་པོའི་རི་ལ་ལྗགས་ཀྱི་པདྨར་བཀྲམ་ནས། ཁྱིམ་པ་དང་རབ་ཏུ་བྱུང་བའི་ཆ་ལུགས་སུ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་པདྨའི་ཡུ་བ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་སྙིང་པོ་རྣམ་པར་གྲོལ་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཡུལ་རྣམ་པར་འཇོམས་པ། བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་སོགས་པས། སྙིང་པོ་བྱང་ཆུབ་ཤིན་ཏུ་ཡིད་དུ་འོང་བའི་གནས་ག་ན་བར། གཟུགས་སྐུ་སྟོན་པའི་གསུང་ལ་མངའ་བརྙེས་པ་བཞུགས་པའི་གནས་དེ་མཐོང་ཞིང་། ལོངས་སྤྱོད་པའི་སྐུ་ཞལ་ཐལ་ལེ་བར་གསལ་བར་སྣང་བས། རྡོ་རྗེ་ཐོགས་པ་ལ་སོགས་པས། ཕྱིའི་མཆོད་པ་དང་ནང་གི་མཆོད་པ་ལ་སོགས་


DNG006_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཆོད་དེ། གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ནས། ཕྱག་བཙལ་ཏེ་འདུས་པར་བཅོམ་ལྡན་འདས་ཆེན་པོའི་ཐུགས་རྗེ་ཆེན་པོའི་སྣང་བའི་གཟུགས་མཐའ་ཡས་མངའ་བ་དེ་ཞལ་འཛུམ་པ་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཅན་ལ་སོགས་པ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པ་ལས་ལངས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དུས་གསུམ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཁྱེན་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ། ཐེག་པ་ཐམས་ཅད་དང་ཐུན་མོང་མ་ལགས་པ།ཡང་དག་པ་རྟོགས་མ་ཐག་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འགྱུར་བའི་དོན་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་བཏབ་པ་དང་། ཞལ་ཤིན་ཏུ་ཡང་འཛུམ་པ་མཛད་ནས་འདི་སྐད་ཅེས་གསུངས་སོ། །སེམས་དཔའ་ཆེན་པོ་ཉོན་ཅིག །ཡང་དག་པ་ནི་དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་གཉིས་དབྱེར་མེད་པའོ། །རྒྱུས་བསྐྱེད་ནས་འབྲས་བུ་འབྱུང་བ་མེད་ལ།འབྲས་བུ་ལ་འབྲས་བུ་འབྱུང་བ་ནི། འཇིག་རྟེན་གྱི་ས་བོན་གྱི་ཚུལ་དུ་འབྲས་བུ་ལས་ས་བོན་གཞན་དུ་མི་འགྱུར་བར་འབྱུང་བའོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་ནི་ཡང་དག་པ་འབྲས་བུ་ལ་འབྲས་བུ་རྫོགས་པར་སྤྱོད་པའོ། །ཡང་དག་བདེན་པ་འབྲས་བུ་སྟེ། །འབྲས་བུ་ལས་ནི་འབྲས་བུ་འབྱུང་། །དེ་བཞིན་ཉིད་ལ་གནས་བཅས་ཏེ། །ཕྱི་ནང་སྣོད་བཅུད་རྣམ་པར་དག །བྱེད་སྤྱོད་བྱ་བྱེད་བདེ་བའི་ལྷུན། །རྨད་བྱུང་བྱང་ཆུབ་སེམས་འདི་གནས། །དེ་ཡི་ཡོན་ཏན་བསམ་ཡས་པས། །དོན་འདི་བསྟན་པ་འདི་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཅན་ལ་སོགས་པས་ཡང་འདི་སྐད་ཅེས་གསོལ་ཏོ། །རང་བཞིན་བལྟ་དང་ཏིང་ངེ་འཛིན། །ཡེ་ཤེས་རྨད་བྱུང་དཀྱིལ་འཁོར་ཉིད། །བཅོམ་ལྡན་སྙིང་པོ་ཀུན་གྱི་གཙོ། །ཐབས་ལ་མཁས་པས་བཤད་དུ་གསོལ། །དེ་སྐད་ཅེས་གསོལ་


DNG006_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པས། བཅོམ་ལྡན་འདས་ཀྱིས་ངོ་མཚར་བའི་སྤྱན་བགྲད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྨད་བྱུང་བྱང་ཆུབ་སེམས་འདི་ནི། །རྡོ་རྗེ་སེམས་དཔའ་ཉིད་གསལ་ཞིང་། །རྡོ་རྗེ་སེམས་དཔའ་ཉིད་ལ་གཟིགས། །འདི་ལ་ཕ་རོལ་ཕྱིན་བཅུ་རྫོགས། །ས་བཅུ་རིམ་གྱིས་བགྲང་བ་འང་། །མཉམ་ཉིད་རིག་པའི་ཡེ་ཤེས་ཀྱིས། །ས་རྣམས་མཉམ་ཉིད་ཐིག་ལེར་སྦྱོར། །ཆོས་སྐུ་ཡེ་ནས་མི་དམིགས་ཕྱིར། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །ཀུན་གྱི་སྙིང་པོ་མི་འདྲ་བས། །དངོས་དང་དངོས་མིན་ཚང་ཚིང་ཉིད། །སྐད་ཅིག་ཉིད་ལ་བསྲེགས་པ་ཡི། །རྣམ་པར་མི་རྟོག་ཏིང་འཛིན་རླུང་། །དེ་བཞིན་མཉམ་ཉིད་དཀྱིལ་འཁོར་འདི། །སངས་རྒྱས་ཀུན་གྱི་ཉིང་ཤ་ཅན། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །རྨད་དུ་བྱུང་བའི་སེམས་འདི་ནི། །སྐུ་དང་གསུང་ཐུགས་དག་པས་ན། །ཀུན་གྱི་རེག་པ་མ་ཡིན་པས། །ཁམས་གསུམ་བལྟས་ཀྱང་མ་རིག་ཅིང་། །ཉན་ཐོས་ལ་སོགས་སྨོས་ཅི་དགོས། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། །རྨད་བྱུང་འདི་ནི་རེག་པར་དཀའ། །གཞི་རྩ་མེད་པའི་དོན་གྱི་མཆོག །ཅིས་ཀྱང་མཚོན་དུ་མེད་པས་ན། །སངས་རྒྱས་ཀྱིས་ཀྱང་རྟོགས་པར་དཀའ། །ཀུན་གྱི་རང་བཞིན་ཞི་བ་འདི། །བསམ་ཞིང་བླ་མེད་ལམ་མཆོག་སྟེ། །མ་བྱུང་མི་སྐྱེས་སྙིང་པོ་འདི། །མཚན་མ་ནམ་མཁའ་དངོས་བྲལ་ཏེ། །གདོད་ནས་བྱང་ཆུབ་བྱང་ཆུབ་ཀྱང་། །གྲུབ་པ་མེད་ཕྱིར་དགོངས་མི་འགྱུར། །སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས། །མཐའ་ཡས་མུ་མེད་གདལ་བ་ཡང་། །རྨད་བྱུང་བྱང་ཆུབ་དཀྱིལ་འཁོར་ཡིན། །ཉེ་ལམ་བདེ་རྫོགས་བླ་ན་མེད་པའི་ལམ། །རྟོགས་མ་ཐག་ཏུ་གོ་འཕང་ཆེན་པོ་ཡང་། །བླང་དོར་མེད་པ་ཆོས་སྐུ་དཔག་མེད་ཐོབ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཐབས་ལ་མཁས་པའི་ཐུགས་


DNG006_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོའི་བདག་ཉིད་ཀྱིས། ཟབ་མོ་ཟབ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སངས་རྒྱས་སྤྲུལ་པ་འབྱུང་བ་རྙེད་པར་དཀའ། །ཡང་དག་རྨད་བྱུང་རྟོགས་པ་དེ་ཡི་ཆར་མི་ཕོད། །དལ་བ་འབྱོར་བ་རྙེད་པར་རབ་ཏུ་དཀའ། །དེ་བཞིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཉིད། །གསང་བ་རྨད་བྱུང་ཉིད་ཀྱིས་རབ་ཏུ་བསྡུས། །ཆོས་ཀྱི་མཚན་ཉིད་ཡེ་ནས་རྣམ་པར་དག །བདག་མེད་ངོ་བོ་མེད་པས་རྟོགས་པར་དཀའ། །རྣམ་པར་རྟོག་པའི་མཚན་ཉིད་ཐ་དད་པ། །བྱང་ཆུབ་སེམས་ཉིད་བསྐྱེད་པའི་སེམས་ཅན་ནི། །དེ་དག་ཤིན་ཏུ་རྙེད་པར་དཀའ་བ་སྟེ། །སེམས་ཅན་སངས་རྒྱས་སེམས་ཅན་མིང་མེད་པས། །སྔོན་རོལ་བྱུང་བའི་རྨད་བྱུང་བྱང་ཆུབ་སེམས། །སེམས་ཅན་སངས་རྒྱས་གང་ཡིན་རྟོགས་པར་དཀའ། །བྱང་ཆུབ་ཆོས་ནི་རྨད་བྱུང་རྣམ་མི་རྟོག །མྱ་ངན་འདས་དང་འཁོར་བ་ཡེ་ནས་མེད། །རྨད་བྱུང་བྱང་ཆུབ་སེམས་ཀྱི་མྱུ་གུ་ལ། །འབྱུང་བ་ལྔ་ཡང་འབྲས་བུའི་ཚུལ་དུ་བྱུང་། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་ཡིས། །སེམས་ཅན་དག་ལ་རྙེད་པར་རབ་ཏུ་དཀའ། །སེམས་ཅན་གཞི་རྩ་མེད་པའི་ཆོས་ཉིད་འདི། །སྐྱེ་དང་འཇིག་བྲལ་བྱང་ཆུབ་སེམས་ཉིད་དེ། །ཡེ་ནས་དག་སྟེ་རྒྱུ་འབྲས་ཡོངས་ཀྱིས་མེད། །ཀུན་གྲོལ་རང་ལ་རྫོགས་པའི་སྐུ་ཉིད་ནི། །དུག་གསུམ་དུག་ལྔའི་ཐིག་ལེ་ཆེན་པོར་འཁྱིལ། །ཞེ་སྡང་ལ་སོགས་མིང་མེད་པས། །རྨད་བྱུང་ལ་སོགས་ཆོས་ཀྱི་མཆོག །ཁྱབ་ཅིང་བརྡལ་བ་རྟོགས་པར་དཀའ། །བར་དུ་གཅོད་པའི་ཆོས་རྣམས་ཀྱི། །སྡིག་སོགས་བྱེ་བྲག་བསམ་མི་ཁྱབ། །དེ་བཞིན་རྨད་བྱུང་སེམས་ཉིད་ཀྱིས། །དུག་ལྔ་བསད་དང་འཁོར་བ་བསད། །སངས་རྒྱས་ལ་སོགས་ཀུན་བསད་པའི། །སྡིག་པས་མཆོག་ནི་གོས་མི་སྲིད། །གོས་སུ་སྡིག་མེད་སྡིག་ཀྱང་བསད། །རྨད་བྱུང་བྱང་ཆུབ་སྡིག་པོ་ཆེ། །སངས་རྒྱས་ཀུན་གྱི་ཉིང་ཤ་ཅན། །དད་པའི་སྟོབས་ཀྱིས་བསོད་ནམས་ཆེར་འཕགས་པས། །དོན་འདི་ཡུད་ཙམ་


DNG006_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ཁྱད་པར་འཕགས། །སོ་སོ་མ་ཡིན་མཉམ་པའི་སྙིང་པོ་ལ། །བསོད་ནམས་དཔག་ཏུ་མེད་པ་ཀུན་རྫོགས་ཏེ། །ང་ལ་ང་མེད་ཀུན་ལ་རྣམ་པར་རོལ། །རྨད་བྱུང་བྱང་ཆུབ་སེམས་འདི་དངོས་པོ་དག །ཡེ་ནས་སངས་རྒྱས་སེམས་ཅན་མིང་མ་གྲགས། །ཅིར་ཡང་འཕྲུལ་ཆེན་སྟོན་པའི་འཕྲུལ་པོ་ཆེ། །ཁམས་གསུམ་ཀུན་རྫོབ་ཁམས་གསུམ་རིན་པོ་ཆེ། །ཆོས་འདི་བརྟག་པར་དཀའ་ཕྱིར་ཐམས་ཅད་བདུད་ཀྱི་ལས། །སྐུ་ལྔ་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་ཏེ། །ཕྲ་ཞིང་ཟབ་མོ་ཀུན་གྱི་ས་བོན་གྱི། །དུས་འདི་སྒྱུ་མ་ཡིན་པས་གཞིག་ནས་དེ་ཉིད་ལ། །བརྟགས་ནས་རང་བཞིན་ཤེས་པ་བྱང་ཆུབ་རྨད། །དེ་ཕྱིར་ལུས་འདི་བརྟགས་ལ་རྨད་བྱུང་བཙལ་བར་བྱོས། །གཅིག་གི་རང་བཞིན་ཤེས་ན་ཀུན་གྱི་རང་བཞིན་ཤེས། །ཀུན་གྱི་རང་བཞིན་རང་བཞིན་ཉིད་དུ་གཅིག །སོ་སོ་མ་ཡིན་ཐ་དད་མིན་ཏེ་རྨད་བྱུང་ཡིན། །བྱང་ཆུབ་རྨད་བྱུང་དེ་བཞིན་གཤེགས་པའི་སྐུ། །འོད་དཔག་མེད་པའི་ཆོས་སྐུ་བྱང་ཆུབ་སེམས། །ཆེ་བ་ལྔ་ཡི་སྙིང་པོ་ཁ་དོག་རྫོགས། །ཆོས་རྣམས་ཐམས་ཅད་རྟག་པ་ཉིད་ཀྱི་རོལ། །ཆེན་པོ་ལྔ་ཡི་སྔོན་དུ་རྨད་དུ་བྱུང་། །ཡང་དག་སྙིང་པོ་འདུ་ཤེས་དག་པ་ཡི། །ལྕགས་ཀྱུས་བཟུང་བས་བསྟན་དུ་བཟུང་བར་རུང་། །དེ་རླབས་དེ་ལ་བརྟེན་པའི་དེ་རྙེད་འགྱུར། །བརྟག་པར་དཀའ་ལ་བསྟན་པར་དཀའ་ཕྱིར་དེ་ལྟར་བསྟན། །ཡེ་ནས་ཐར་ལམ་སྒྲོ་སྐུར་ཞི་བའི་རྨད་པོ་ཆེ། །སངས་རྒྱས་ཀུན་གྱི་ལྟ་བའི་དངོས་པོ་སྟེ། །དྲི་མེད་ས་བཅུ་རྫོགས་པའི་དོད་པོ་ཆེ། །འཁོར་བའི་འཁོར་ལོ་བསྐོར་བའི་རྩིབས་དང་ལྡན། །ནམ་མཁའ་ལྟ་བུ་ཐམས་ཅད་འབྱུང་བའི་གཞིའོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་ལས། ཟབ་མོ་བརྟག་པར་དཀའ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་


DNG006_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བརྗོད་དོ། །ཞི་བ་བླ་མེད་བྱང་ཆུབ་འདི་ལ་སྒྲོ་སྐུར་མེད། །ཐ་སྙད་བྲལ་བས་ཚད་མས་གནོད་མི་རུང་། །ཡེ་ནས་ཞི་བས་དེ་བཞིན་ཉིད་མི་གནས། །འཛིན་དང་རྟོག་པ་ཞེས་བྱ་ཏིང་ངེ་འཛིན། །ཀུན་རྫོབ་རང་བཞིན་གནས་པས་གདོད་ནས་བྲལ། །མཚོན་ཞིང་བརྗོད་དུ་མེད་པའི་དབྱིངས་ལས་འདས། །མཉམ་མེད་མི་མཉམ་མེད་པས་བདེ་བའི་ཀླུང་། །བྱ་བྱེད་ནད་དང་བྲལ་བས་ཆོས་ཀྱི་སྐུ། །དེར་ཡང་གནས་མེད་ལྷུན་རྫོགས་ཡངས་པའི་ས། །དེ་ལ་དེ་བཞིན་ཀུན་འབྱེད་ཡེ་གྲུབ་འབྲས། །བྱང་ཆུབ་བསྔོ་བ་མེད་པས་བྱང་ཆུབ་ཉིད་མི་འདོད། །ཡེ་ནས་རྣམ་པར་དག་པས་མཚན་མར་བསྒོམ་དང་བྲལ། །བྱ་བྲལ་ལྟ་བའི་ཀླུང་ལས་མ་ཉམས་འཇུག་སྒོ་མེད། །ཐིག་ལེ་ཆེན་པོས་བཏབ་པའི་མཆོད་པའི་ཀླུང་། །སྙིང་པོ་ཚིག་བྲལ་དམ་པ་ཉིད་ལས་འདའ་བྱ་མེད། །དཀྱིལ་འཁོར་གསུམ་གྱི་སྙིང་པོ་ཉིད་དེ་བསྔོ་དང་བྲལ། །འབྱུང་བ་ལྔ་ཡི་རྩ་བ་ཉིད་དེ་མཚོན་དུ་མེད། །སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུ་དེ་ས་བོན་ཚུལ། །འབྱུང་བ་ཉིད་ནས་མཁའ་ལས་འཇའ་བྱུང་ཚུལ་དུ་དབྱེར་ཡང་མེད། །འགྲོ་རྣམས་རྒྱ་མཚོ་ཆུ་བྲན་ཀུན་འདུས་དབྱེར་མེད་ཚུལ་དུ་གཅིག །ཐིག་ལེ་གཅིག་ཏུ་བསྡུས་པའི་ཟིན་ཆགས་ནད་དང་བྲལ། །བླང་མེད་དོར་བ་མེད་པས་མྱ་ངན་འདས་འཁོར་མེད། །ཁམས་གསུམ་ཡེ་སངས་རྒྱས་པས་རིགས་མེད་གཅིག་གི་ངང་། །ཡང་དག་ཉིད་ལ་ཡང་དག་ཉིད་ཀྱང་རྫོགས་པས་གཏི་མུག་ཉིད། །དམིགས་བྱ་དམིགས་བྱེད་མེད་པས་བླུན་པའི་སྐུ། །ཐིག་ལེ་བདེ་ཆེན་སྐུ་ནི་ཐམས་ཅད་སངས་རྒྱས་པས། །སེམས་ཅན་ཀུན་བསད་ཐིག་ལེ་གཅིག་ཏུ་ཟླུམ། །ཆོས་སྐུ་གསལ་བའི་ཀླུང་དུ་ཀུན་གཅིག་པས། །མཚམས་མེད་ལྔ་སྤྱད་ཀུན་བཟང་ཡུམ་ལ་རོལ། །སངས་རྒྱས་ཉིད་ལས་གཞན་མེད་ཀུན་སངས་རྒྱས། །དེ་བཞིན་རྒྱས་ཕྱིར་དམིགས་སྤྱོད་ཟོས་པ་སངས་རྒྱས་ཉིད་ལ་རོལ། །རྨད་བྱུང་བྱང་ཆུབ་ཉིད་ནི་སངས་རྒྱས་ཟོས་པའི་ལྟོ། །རིགས་


DNG006_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་རིགས་བརྒྱ་སྐུ་གསུམ་སྐུ་ལྔ་སོགས། །མཁའ་ལ་ཉི་ཟླ་གཟའ་སྐར་ཚུལ་དུ་ངང་གིས་འཆར། །སྙིང་པོའི་སྙིང་པོ་རྡོ་རྗེ་སྙིང་པོ་འདི་ཡིས་སྣ་ཚོགས་བརྒྱུས། །དེ་ཕྱིར་རྨད་བྱུང་འདི་ནི་སྙིང་པོའི་མདོར། །ཡེ་ནས་དག་པའི་ཀླུང་དུ་དབྱེར་མེད་ཀུན་བསྡུས་པས། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རྒྱ་མཚོ་ཡིན། །འཁོར་བ་མིང་མེད་མྱ་ངན་ལས་འདས་པས། །རྨད་བྱུང་བྱང་ཆུབ་སེམས་འདི་ཡང་དག་རྨད། །བྱར་མེད་དེ་བཞིན་ཉིད་ལས་མ་ཉམས་པས། །རྨད་བྱུང་བྱང་ཆུབ་སེམས་ནི་ས་འདས་ཕ་རོལ་ཕྱིན། །ཁ་དོག་དཔེ་མེད་ནམ་མཁའི་ཚིག་འདས་པས། །རྨད་བྱུང་བྱང་ཆུབ་སེམས་ནི་རང་བཞིན་མེད། །ཕྱི་དང་ནང་མེད་དུས་གཅིག་རོལ་མཛད་པས། །རྨད་བྱུང་བྱང་ཆུབ་སེམས་ནི་ཀུན་ཤོད་ལྟོ་བོ་ཆེ། །ཁ་དོག་དཔེ་མེད་ནམ་མཁའི་ཚིག་འདས་པས། །རྨད་བྱུང་བྱང་ཆུབ་སེམས་ནི་རང་བཞིན་རང་བཞིན་མེད། །སྟོང་ཉིད་དེ་བཞིན་མི་དམིགས་ལས་འདས་པས། །དགེ་སྡིག་གཉིས་མེད་བྱར་མེད་ཉིད་ཀྱི་ངང་། །གཅིག་ཀྱང་སྐད་གཅིག་དཔག་ཏུ་མེད་པའི་བདེ་བའི་མཆོག །རྨད་བྱུང་བྱང་ཆུབ་སེམས་དེ་ལྷུན་རྫོགས་པས། །དཔེ་མེད་བྱང་ཆུབ་སེམས་ལ་ཀུན་བརླན་ཕྱིར། །ཁམས་གསུམ་མ་ལུས་གསོད་པ་རྒྱལ་སྲས་མཆོག །རྨད་བྱུང་བྱང་ཆུབ་སེམས་སུ་ཀུན་གཅིག་ཕྱིར། །མཆོད་པའི་སྤྲིན་གྱིས་བདག་མཆོད་རྒྱལ་བ་མཉེས། །བདེན་གཉིས་མི་འབྱེད་ཡང་དག་པས། །སེམས་ཅན་བསད་པ་ཀུན་བཟང་མཁའ་ལ་རོལ། །མཐོང་དང་ཐོས་ལས་འདས་པའི་འདས་པ་ལ། །གཞན་དུ་མི་འཇོག་དེ་བཞིན་དེ་གནས་པས། །རྨད་བྱུང་བྱང་ཆུབ་སེམས་ནི་ཀུན་སྦྱོར་སྐུ། །དེ་བཞིན་ཀླུང་ལས་རྒྱལ་དང་སེམས་ཅན་མ་མཐོང་ཕྱིར། །སྒྲིབ་གཉིས་བསལ་དུ་མེད་དེ་ལམ་ལ་སྦྱངས་མི་དགོས། །རྨད་བྱུང་དེ་བཞིན་མ་བཅོས་བདེ་ཆེན་ཀླུང་། །ཡང་དག་ཡང་དག་ཉིད་ཀྱང་མ་མཐོང་རྨད་བྱུང་སྟེ། །འབྲས་བུའི་འབྲས་བུ་ཉིད་དེ་འབྲས་ལས་འདས། །


DNG006_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་བདེ་བ་ཆེན་པོའི་ཏིང་འཛིན་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་ལས། རྨད་དུ་བྱུང་བའི་རང་བཞིན་བདེ་བའི་མཆོག་ཡིན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན་པ་ཆེན་པོས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཤིན་ཏུ་དགྱེས་པའི་སྤྱན་གདངས་ནས་ཡེ་ཤེས་ཆེན་པོའི་མཆོད་པས་དགྱེས་པར་མཆོད་ནས། བཅོམ་ལྡན་འདས་ཡངས་པ་ཆེན་པོ་བྱང་ཆུབ་ཅེས་བགྱི་བའི་ཚིག་དོན་ནི་གང་ལགས། ཁྱོད་ཀྱི་བྱང་ཆུབ་ནི་གང་ལགས། ཁྱོད་ཀྱི་བྱང་ཆུབ་གང་ལས་ཐོབ་ནས་བྱང་ཆུབ་རྙེད་ལགས། ཆོས་རྣམས་གང་ལས་ངེས་པར་རྙེད་པར་བགྱིས་ན། མ་རྟོགས་པ་རྣམས་ཀྱིས་ཇི་ལྟར་རྟོགས་པར་འགྱུར་བ་བཀའ་སྩལ་དུ་གསོལ། དེ་ནས་ཡངས་པ་ཆེན་པོས་ཞུས་པའི་དོན་ཐུགས་སུ་ཆུད་ནས། བྱང་ཆུབ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བརྗོད་པར་བྱ་བ་བརྗོད་པ། རྨད་བྱུང་བྱང་ཆུབ་སེམས་ཀྱི་མཚན་ཉིད་འདི། །ཡི་གེ་མེད་པའི་དོན་དུ་གྲགས་པའི་ཕྱིར། །ངོ་བོ་ཉིད་མེད་བྱང་ཆུབ་དང་བྲལ་བ། །ལྷུན་རྫོགས་རྣམ་པར་དག་པའི་བྱང་ཆུབ་མཆོག །བརྗོད་དུ་མེད་པའི་ཡི་གེ་ཚིག་དང་བྲལ། །རྒྱལ་བས་མཚོན་དུ་མེད་དེ་སྔགས་ཀྱི་ཀླུང་། །མི་མཉམ་མཉམ་ལས་འདས་པ་མཆོག་གི་ལམ། །མཉམ་ཉིད་འདོད་པ་གྲོལ་བར་དཀའ། །དེ་ཉིད་རྨད་བྱུང་སྒྲིབ་པའི་སྐྱོན་ཆེན་ཡིན། །མཉམ་ཉིད་བྱང་ཆུབ་འདོད་ལ་བྱང་ཆུབ་བྲལ། །ཕུང་པོ་སྐྱེ་མཆེད་ཁམས་བཤིག་བྱང་ཆུབ་འདོད། །བྱང་ཆུབ་ཡང་དག་དེ་ལ་རིང་སྟེ་བྱང་ཆུབ་ཉམས། །སྐུ་གསུང་ཐུགས་བྲལ་དེ་བཞིན་བྱང་ཆུབ་འདས། །ཕུང་པོ་རྒྱུ་སོགས་དཔེ་བཤིག་བྱང་ཆུབ་ཏུ། །གང་འདོད་པ་དེ་མཚན་མ་ཉིད་ལ་འཛིན། །མཚན་མེད་ཞི་བ་དེ་ནི་སྙིང་པོ་སྟེ། །ཆོས་སྐུ་ཡེ་ཤེས་སྟོང་པའི་མཚན་འདས་པ། །འདས་པའི་འདས་པ་ཉིད་དེ་རྒྱལ་པོའི་ཚུལ། །ཡེ་ཤེས་སྙིང་པོ་མཆོག་ཏུ་གྱུར་པས་ཚད་མའི་ལུང་། །དབྱེར་མེད་དམ་པར་གཅིག་


DNG006_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཚད་ཀུན་ལྡན། །དེ་བཞིན་ཉིད་དེ་ཡེ་སངས་རྒྱས་པ་ཡིན། །འཕགས་པའི་ཤེས་རབ་སྤྱོད་པའི་ཤེས་རབ་ཅན། །གང་ལའང་ཆགས་པ་མེད་པ་དེ་བཞིན་དུ། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །བརྗོད་དུ་མེད་པས་དམིགས་པའི་ཡུལ་དང་བྲལ། །བསམས་པས་རྙེད་པའི་ཡུལ་མེད་བསྒོམས་པས་ནད། །ཡེ་སངས་རྒྱས་པ་ཀུན་གྱི་རང་བཞིན་ཡིན། །དེ་ཕྱིར་གང་ཡང་མ་སྤངས་བྱང་ཆུབ་སྙིང་པོ་སྟེ། །གཅིག་པུ་དེ་བཞིན་ལྷུན་གྱིས་གྲུབ་པས་ན། །དེ་བཞིན་ཏིང་འཛིན་ཆོས་དབྱིངས་ལ་སོགས་པ། །གང་ཡང་མ་ཡིན་ལྷན་ཅིག་མི་གནས་རྫོགས། །རྨད་བྱུང་བྱང་ཆུབ་སེམས་འདི་ཀུན་རྟོགས་སྐུ། །འཕགས་པའི་ཤེས་རབ་སྤྱོད་པ་ཤེས་ནས་ཀྱང་། །གཞན་གྱིས་མི་བསྐྱོད་འཇིགས་མེད་དེ་བཞིན་དུ། །ཀུན་རྫོབ་སྙིང་པོ་རྨད་བྱུང་བྱང་ཆུབ་སེམས། །ནམ་མཁའི་དཔེས་ཀྱང་མི་བསྐྱོད་འཁོར་བར་ཡང་། །མི་འཇིགས་དབྱེར་མེད་འདྲེས་ནས་ཡེ་རྒྱས་བཏབ། །དགྲས་འཇིགས་པ་དེ་དཔའ་བོས་མེད་གྱིས་ལ། །ཉོན་མོངས་རྣམས་ཀྱི་འཇིགས་པ་སེམས་པ་མིན། །དེ་བཞིན་རྨད་བྱུང་བྱང་ཆུབ་སེམས་ཉིད་འདི། །ཀུན་འདུས་ཐིག་ལེ་རྣམ་པར་དག་པའི་སྐུ། །དེ་བཞིན་དབྱིབས་འདས་ཡེ་སངས་རྒྱས་མིན་ན། །རྫོགས་ཆེན་མ་ཡིན་ཟིན་ཆགས་ནད་དང་བྲལ། །བྱང་ཆུབ་སེམས་ཀྱི་རང་བཞིན་འོད་གསལ་ཏེ། །སྙིང་པོའི་སྙིང་པོ་ལྟ་བའི་ལམ་པོ་ཆེ། །རྩོལ་བའི་ནད་མེད་ཚད་མས་གཞིག་མི་རུང་། །མངོན་སུམ་ལ་སོགས་འཇིག་རྟེན་ཚད་མས་གཞིག་པ་མིན། །ཕ་རོལ་ཕྱིན་རྫོགས་པས་ནི་ཡོངས་རྫོགས་ལྟར། །དེ་བཞིན་རྫོགས་ཆེན་བྱ་བྲལ་སྙིང་པོ་འདི། །ཀུན་གྱི་ངོ་བོའི་རང་བཞིན་དེ་བཞིན་དུ། །ཆོས་རྣམས་མིང་མེད་དེ་བཞིན་ཉིད་དུ་རྫོགས། །འདྲེས་ཤིང་དབྱེར་མེད་དོན་དམ་ཀུན་རྫོབ་དང་། །སངས་རྒྱས་སེམས་ཅན་རང་བཞིན་ཉིད་དུ་གཅིག །མེད་པའི་སྙིང་པོ་ཉིད་ལས་ཡོད་པའི་སྙིང་པོ་འབྱུང་། །སྙིང་པོ་སྙིང་པོ་ཉིད་མེད་


DNG006_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཅན། །ཐབས་དང་ཐབས་མཁས་སྒོ་ལ་ཆགས་པ་མེད། །སྒྲོ་བྲལ་སྒོ་ཞེས་ཐབས་ལ་མཁས་པ་བཞིན། །རང་བཞིན་ཀུན་རྫོགས་ཞི་བའི་རང་བཞིན་ཉིད། །སྒོ་མེད་ཕུགས་མེད་ཐབས་ཀྱི་རྒྱལ་པོ་ཡིན། །ཡེ་སངས་རྒྱས་པས་བགྲོད་པའི་ལམ་དང་བྲལ། །ཐིག་ལེ་ཟླུམ་པས་ཡང་དག་ཉིད་དུ་གཅིག །མ་བསྡུས་དེ་བཞིན་ཉིད་དུ་བསྡུས་པ་ཐབས་ཀྱི་མཆོག །བསམ་པ་དག་པས་རབ་ཏུ་བྱུང་བའི་མཆོག །བསམ་པ་སྒྲོན་ཁུར་བ་ནི་རང་བྱུང་མིན། །དེ་བཞིན་རྨད་བྱུང་བདེ་ཆེན་ཆོས་ཉིད་འདི། །བསམ་དང་བྲལ་ཞིང་བསམ་པ་ལས་འདས་པས། །འཁོར་བའི་རྩ་བ་དྲེགས་པའི་རབ་མཆོག་ཡིན། །ཟིན་རྩོལ་ནད་དང་ལྡན་པ་མ་ཡིན་པས། །ཡང་དག་ཡང་དག་རབ་ཀྱི་ཡང་དག་ཡིན། །འདུ་བའི་ཏིང་འཛིན་འདུ་ལས་འདས་པས་ན། །ཏིང་འཛིན་རྒྱལ་པོ་ཞེས་སུ་རབ་ཏུ་གྲགས། །ཉེ་ལམ་བདེར་རྫོགས་ལམ་ནད་བྲལ་བ་ཡིན། །འདི་ལ་འཇུག་ལྟ་མི་དགོས་ཡེ་ནས་ཞུགས། །བསྲུང་དང་དམ་ཚིག་མི་བཙལ་སྟོང་ལས་འདས། །རྡོ་རྗེ་སེམས་དཔའི་ཐུགས་ཀྱི་དཀྱིལ་འཁོར་འདི། །གཉིས་མེད་སངས་རྒྱས་མེད་པའི་ཆེ་བ་ཡིན། །ཉོན་མོངས་ལྔ་ཡི་རང་བཞིན་གྱིས་ཀྱང་ནི། །བྱང་ཆུབ་ཡོངས་སུ་ཚོལ་བར་བྱེད་པ་བཞིན། །རྫོགས་མཆོག་རྨད་བྱུང་བྱང་ཆུབ་སེམས་ཉིད་འདི། །རང་བཞིན་ཉིད་ཀྱིས་རང་བཞིན་ཉིད་ཀྱང་ཚོལ། །བཙལ་ཀྱང་རྙེད་པའི་དུས་མེད་རང་བཞིན་ཉིད། །རང་བཞིན་རང་བཞིན་ཉིད་ལས་མ་ཉམས་པས། །ལྟ་དང་སྤྱོད་པ་ཏིང་འཛིན་དགོངས་པའི་ཀླུང་། །དེ་ལ་མི་དགོངས་དགོངས་པ་དགོངས་པའི་ནད། །གང་ལ་བལྟ་བ་མེད་པ་དེ་ལ་ལྟ་བ་གནས། །སྤྱོད་མེད་ཏིང་འཛིན་མེད་པའང་དེ་བཞིན་ནོ། །བསྒོམ་པའི་དོན་མ་རྙེད་པའི་དྲང་སྲོང་རྣམས། །བསྒོམ་ཆགས་ནད་དང་བྲལ་བ་དགོངས་པའི་ཀླུང་། །མི་འགྱུར་ཞ་ཉེའི་གཟེད་བརྡབ་བཞིན་དུ་གནས། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །དྲང་སྲོང་རྒྱལ་བ་རྣམས་ཀྱི་དགོངས་པ་མཆོག །དུས་གསུམ་རྫོགས་


DNG006_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ལ་འདི་ལྷག་མེད། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་ལས། ལུང་གི་དཔེས་མཚོན་པ་དང་ལྟ་སྤྱོད་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཆེན་པོས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་བཙལ་ཏེ། ཤིན་ཏུ་འཛུམ་པའི་མདངས་དང་བཅས་པས་སྤྱན་གདངས་ནས། བཅོམ་ལྡན་འདས་སྐྱེ་བ་དང་འཆི་བ་ཉིད་ཇི་ལྟ་བུ་ལགས། ཆོས་རྣམ་པ་དུ་བཤད། ཆོས་ཞེས་བགྱི་བ་ཇི་ལྟར་ལགས། བཀའ་སྩལ་དུ་གསོལ་དེ་སྐད་ཅེས་གསོལ་པ་དང་། ཡངས་པ་ཆེན་པོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་ཤི་ཐ་དད་མ་ཡིན་གཞུང་གཅིག་སྟེ། །འཁོར་བ་མེད་པར་མྱ་ངན་ཡོངས་མི་འདའ། །མྱ་ངན་འདས་དང་འཁོར་བ་ཐ་མི་དད། །དེ་བཞིན་སྐྱེ་ཤི་གཉིས་ནི་མིང་ཉིད་ཐ་དད་ཀྱང་། །རང་བཞིན་གཅིག་ལས་མིང་བཏགས་ཐ་དད་སྣང་། །དེ་བཞིན་སྙིང་པོ་སྒོ་ཕུག་མི་འབྱེད་པ། །ཐེག་པ་རྣམ་རྟོག་གྲངས་སུ་ཐ་དད་ཀྱང་། །རང་བཞིན་ཉིད་ལས་མ་ཉམས་རང་བཞིན་ཉིད། །སྐྱེ་དང་ཤི་དང་མྱ་ངན་འདས་པ་ཡང་། །ངོ་བོ་ཉིད་དུ་གཅིག་པས་འཁོར་བ་ཉིད། །མི་སྤོང་མི་གཡོ་བག་ལ་གནས་མེད་དེ། །གནས་མེད་པ་ལ་གནས་པ་གནས་མེད་གནས། །མི་མཚུངས་རྡོ་རྗེ་སེམས་དཔའི་ཐུགས་ཉིད་ནི། །ཐམས་ཅད་ཡེ་རྒྱས་བཏབ་པས་ཁམས་གསུམ་འུབ། །ཚིག་གི་མཐའ་ལས་འདས་པས་ཅང་མ་མཐོང་། །སྐྱེ་བ་ཞེས་པ་ཆོས་རྣམས་འབྱུང་བའི་གཞི། །མྱ་ངན་འདས་འཁོར་ལྡན་པས་མེད་པ་ཡིན། །མི་སྤོང་གནས་མེད་གནས་པ་ལས་ཀྱང་འདས། །སྤྱོད་ལས་འདས་པའི་ཡེ་ཤེས་རྒྱལ་པོས་འཕགས། །དོན་དམ་ཀུན་རྫོབ་མི་འབྱེད་དོན་དམ་མེད། །དོན་དམ་འདོད་པས་དམ་པའི་དོན་མི་རྙེད། །དོན་དམ་མེད་པ་དེ་ལ་དོན་ཡང་གནས། །སྒྲོ་དང་སྐུར་ཞིང་རྡོ་རྗེ་སྲ་བའི་མཆོག །མི་གཡོ་མི་འགྱུར་བླུན་པོའི་ཚུལ་དུ་གནས། །འདི་ལ་གནས་པའི་རྒྱལ་པོ་དེ་བཞིན་གཤེགས། །མ་དང་སྲིང་མོའི་གཟིགས་


DNG006_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བཞིན་དབྱིངས། །དབྱིངས་དང་དབྱིངས་རོལ་མཉམ་ཉིད་ལྷུན་གནས་པས། །མ་དང་སྲིང་མོར་སྦྱོར་བ་རོལ་པའི་མཆོག །དགེ་དང་སྡིག་ཏུ་མ་མཐོང་མེ་རྒྱས་པས། །སྡིག་པ་སྦྱང་བས་དཀྱིལ་འཁོར་དཀྱིལ་འཁོར་ལྡན། །སངས་རྒྱས་རྣམ་པ་བཞི་ཡི་ཆོས་བཤད་པས། །ཐོག་མེད་འདུ་ཤེས་མི་བདེན་ཚོར་བ་བྲལ། །སྤྲུལ་པས་ཕ་རོལ་ཕྱིན་དྲུག་གསུང་བར་འགྱུར། །ཚིག་ཏུ་བཤད་པས་རྨད་བྱུང་དོན་མི་རྙེད། །ཡི་གེའི་མཆོག་ཉིད་ཡང་དག་གསལ་བ་ཉིད། །ཡི་གེས་ཐེག་བཞིར་བརྟགས་པ་རྨད་བྱུང་ཉམས། །སྟོན་པས་བཤད་པ་དོན་རྟོགས་འཁྲུལ་པའི་ལམ། །ནད་མེད་པ་ན་སྨན་ཀྱང་མི་དགོས་ན། །ནད་ཀྱི་དོན་ཕྱིར་སྨན་དགོས་ཇི་བཞིན་དུ། །ཐེག་པ་གཞན་མེད་པ་ན་བླ་མེད་འདི། །བསྟན་ཀྱང་མི་དགོས་དེ་བཞིན་གཞིར་གནས་ན། །བླ་མེད་ཐེག་ཀྱང་བླ་མེད་དག་ལ་སྣང་། །ཀུན་ཏུ་བཟང་པོ་ཡངས་པའི་རྒྱལ་པོས་ཀྱང་། །མ་གསུངས་གསུང་དུ་བརྗོད་དུ་རྡུལ་ཙམ་མེད། །དོན་འདི་གང་ལ་སྣང་བ་རྒྱལ་བའི་རྒྱལ། །དེ་ནས་རྡོ་རྗེ་འཛིན་པ་ཐེ་ཚོམ་ཤིན་ཏུ་ཆོད་ནས་ཡང་གསོལ་བའི་ཚིག་བཏབ་པ། རྨད་བྱུང་བྱང་ཆུབ་སེམས་ཉིད་མ་མཐོང་ན། །ཆོས་སོ་ཅོག་པ་ཆོས་ཀྱི་ལམ་ལ་གནས། །བྱིས་པའི་ལམ་བཞིན་འབྲས་བུ་འགྲུབ་པར་དཀའ། །རྒྱལ་པོའི་རིགས་སྐྱེས་པས་ནི་རྨད་བྱུང་ཉིད་བལྟའོ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། ཉིད་ཀྱི་བརྗོད་པ་འདི་བརྗོད་དོ། །རྨད་བྱུང་བདག་ཉིད་སེམས་ཅན་ཕྱི་མོའི་ཆོས། །དུས་གསུམ་སངས་རྒྱས་རྣམས་ཀྱི་སེམས་ཉིད་ནི། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །ནམ་མཁའ་སྟོང་པ་འདྲ་སྟེ་རྟེན་ཡང་མེད། །མིང་ཡང་མེད་པས་སེམས་ལ་གནས་པས་ན། །སངས་རྒྱས་སངས་རྒྱས་ཞེས་སུ་རབ་ཏུ་གྲགས། །དཀའ་ཐུབ་དཀའ་བས་ལུས་གདུང་ཕྱག་བཙལ་ཀློག །འཆང་དང་འཛིན་པས་ཤེས་ཤིང་རྙེད་མིན་ཏེ། །རྨད་བྱུང་བྱང་ཆུབ་སེམས་ཉིད་རྙེད་པ་ནི། །སེམས་ཀྱི་རང་བཞིན་མ་ནོར་གསལ་ན་གོ། །


DNG006_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་ལ་སོགས་བྱང་ཆུབ་ཆེན་པོའི་གེགས། །ངོ་བོ་ཉིད་ནི་དེ་བཞིན་གཤེགས་པའི་ཚུལ། །ཇི་ལྟར་ལས་སྤྱོད་ཅི་ཡང་མི་དགོས་ན། །དེ་འདྲར་སྤྱད་དུ་མེད་པ་ཐོབ་པར་གྲགས། །རྨད་བྱུང་བྱང་ཆུབ་སེམས་ནི་དེས་ཀྱི་བསྐྱེད། །རྨད་བྱུང་འདི་ནི་བདེ་གཤེགས་ལས་ཀྱང་འདས། །རྒྱལ་བས་མི་གཟིགས་དུར་ཁྲོད་ཆེན་པོའི་ཀློང་། །ཡེ་ཤེས་ཏིང་འཛིན་རྫོགས་པའི་རྨད་པོ་ཆེ། །གཞན་ནས་མི་འབྱེད་དེ་བཞིན་ཉིད་ཀྱི་སྐུ། །ཐམས་ཅད་མེད་པའི་སྔོན་དུ་ཡེ་སངས་རྒྱས། །དུས་གསུམ་སངས་རྒྱས་ཀུན་གྱི་མེས་ཆེན་པོ། །དམིགས་གནས་བསྒོམ་དུ་དངོས་པོའི་ངོ་བོ་དག །ཕྱག་རྒྱར་བསྐྱེད་དུ་རང་བཞིན་ཡེ་ནས་ཞི། །བསྙེན་བཀུར་བསྟོད་དུ་རྣམ་དག་ཡོན་ཏན་མེད། །མི་དམིགས་དག་པའི་ངོ་བོ་ཐམས་ཅད་འུབ། །མཁའ་རྒྱུ་དག་པས་མཉམ་དང་མི་མཉམ་རྣམས། །སྐུ་ཡི་སྐུ་སྟེ་སངས་རྒྱས་ཀུན་གྱི་སྐུ། །འཛིན་པ་ཕྲ་མོ་ཡོད་པའི་ཤེས་པའང་དེ། །དེ་སྒྲིབ་ཆེན་པོ་སྣང་དུ་མི་བཏུབ་ལྟར། །གཟུང་འཛིན་རྟོག་པ་ཕྱག་རྒྱའི་སྐུར་བསྒོམས་པས། །ཐམས་ཅད་སངས་རྒྱས་རྨད་བྱུང་ངོ་བོར་ཡང་། །ཆོས་སྐུ་མ་ལུས་བསྡུས་པ་མཐོང་མི་འགྱུར། །སྣང་སྲིད་ལྷར་བསྒོམ་པ་ཉིད་རྨད་བྱུང་སྐྱོན། །རྨད་བྱུང་བྱང་ཆུབ་སེམས་ཀྱི་ས་བོན་ལས། །ཕྱི་ནང་སྣོད་བཅུད་འབྲས་བུར་རྣམ་པར་སྨིན། །ས་བོན་འབྲས་བུར་སྨིན་པ་དེ་ཡང་ནི། །སླར་སོན་གནས་སུ་དག་པའི་གཅིག་ཚུལ་ནི། །རྒྱ་མཚོ་ཆེ་ལས་ཆུ་བྲན་ཀུན་འབྱུང་བ། །སླར་འདུས་ལན་ཚྭའི་ཆུར་རོ་ཀུན་གཅིག་འདྲའོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་ལས། དཔེ་ལས་འདས་པའི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཉིད་རྨད་དུ་བྱུང་བ་ལ་གཟིགས་ནས་བརྗོད་པར་བྱ་བ་བརྗོད་པ། ཨེ་མ་ཧོ་བྱང་ཆུབ་སེམས་དཔའ་ཆེན་པོས་ཀྱང་། །ཆོས་གཅིག་མ་གཟིགས་


DNG006_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་ཟད་མཐའ་མེད། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་དང་ནི། །མངོན་པར་བྱང་ཆུབ་སྐུས་ཀྱང་ཆོས་གཅིག་པའོ། །མ་གཟིགས་གཟིགས་པ་མེད་པ་རྒྱན་དང་ལྡན། །མཚན་དཔེས་བརྒྱན་པ་ཡང་དག་སངས་རྒྱས་མིན། །མཚན་སྐུ་དེ་ཉིད་དོན་གྱི་འབྲས་བུར་ཡང་། །སུ་འདོད་དེ་ལ་ཡང་དག་སངས་རྒྱས་རིང་། །རྨད་བྱུང་བྱང་ཆུབ་དག་པ་ཡང་སངས་རྒྱས། །ཁ་དོག་དབྱིབས་མེད་མཚོན་པ་ལས་འདས་ཏེ། །གཞི་མེད་པ་ཡི་རྩ་གཞི་ཀུན་གྱི་མཆོག །ལོ་མའི་རྩ་བ་རྩ་བའི་ལོ་མ་འང་ཡིན། །མཁའ་ལྟར་མི་འདོད་དེ་ཡང་འདས་པ་ཉིད། །རྨད་བྱུང་བྱང་ཆུབ་སེམས་ཀྱི་ཆོས་གཅིག་པོ། །རྣམ་པར་དག་པའི་ཆོས་སྐུ་དེ་ཉིད་ལས། །གཞན་གྱིས་རེག་ཅིང་མྱོང་བ་མ་ཡིན་ཕྱིར། །སངས་རྒྱས་སྲས་བཅས་མཚན་མའི་མཚན་དཔེས་བརྒྱན། །མངོན་སུམ་གཉིས་སུ་དེ་ཉིད་སུ་རྣལ་བ། །དེ་ལ་རྨད་བྱུང་འདི་མི་གནས་ཏེ་ཟིན་ཆགས་ནད། །སྣང་སྟོང་ངོ་བོ་སྟོང་བའང་འདི་ཡི་སྐྱོན། །རྒྱལ་བའི་རྒྱལ་བ་ཞེས་བྱ་བརྗོད་དུ་མེད། །དབྱིངས་དང་ཡེ་ཤེས་གཉིས་ཀྱི་ཚིག་ཀྱང་ཟད། །མཐའ་དང་དབུས་ལ་མི་གནས་བདེ་བའི་ཀླུང་། །ཁྱབ་གདལ་བྱང་ཆུབ་མཐའ་ལྟར་དཔག་ཏུ་མེད། །འདི་ཉིད་སྐུར་འདོད་སྒྲོ་སྐུར་འཁོར་ལོ་བསྐོར། །འདི་ལ་གཟའ་གཏད་རྟོག་པའི་འདུ་མཚོན་ཅན། །ཐོག་མར་འདོད་པ་འཁྲུལ་པ་འཇིག་རྟེན་པ། །སྐུ་གསུམ་སྐུ་གསུང་ཐུགས་ལས་ཤིན་ཏུ་རིང་། །དེ་ཉིད་རྨད་བྱུང་འདི་ཡི་སྒྲིབ་ཤིང་ཡིན། །ཆོས་ཀྱི་སྙིང་པོར་གྱུར་པ་འབྲས་བུའི་ཆོས། །སྣོད་བཅུད་བྱང་ཆུབ་ཁམས་གསུམ་ཡེ་རྒྱས་བཏབ། །ཕྱག་རྒྱའི་འབྱུང་འཇུག་ཉིད་ཀྱི་ལྟོ་བར་བསྡིམ། །སྐུ་ཡི་བྱ་བྱེད་རྩ་ནས་བཅད་དེ་བཏང་། །འཁོར་བ་དོང་སྤྲུག་སངས་རྒྱས་ཧུབ་ཀྱིས་རྔུབས། །དགེ་དང་སྡིག་པར་མི་བྱེད་རྣམ་པར་དག །ང་དང་བདག་མེད་ཞི་བ་ཆེན་པོའི་སྐུ། །རིགས་དང་ཡེ་ཤེས་ཀུན་གྱི་དུར་ཁྲོད་བརྡལ། །ཁམས་གསུམ་སྲིད་གསུམ་ཉིད་ཀྱི་སྐུ་ལ་རྫོགས། །བསོད་ནམས་ལྷུན་རྫོགས་ངོ་


DNG006_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྣམ་པར་དག །རིགས་མཆོག་ཉིད་ཀྱི་སྐུ་ལ་སུ་གནས་པ། །སྡིག་པ་སྤྱད་པ་དོན་དམ་བདེ་བའི་མཆོག །སེམས་ཅན་བསད་པ་ཉིད་ཀྱི་སྐུ་ལ་དག །དཀྱིལ་འཁོར་གསལ་དང་ཕྱག་རྒྱའི་བདག་ཉིད་ཡིན། །རིག་སྔགས་གསང་སྔགས་སྙིང་པོ་དག་པའང་ཡིན། །དབང་བསྐུར་མ་ཐོབ་རྒྱལ་བར་གྱུར་པ་སྟེ། །ལྷ་ཀླུ་མཐུ་ཆེན་རྣམས་ཀྱང་བསྲུང་བར་འགྱུར། །མི་འདུད་དབང་མེད་ཉིད་ཀྱི་སྐུ་ལ་འདུད། །བསྒོམ་དང་ཏིང་འཛིན་འབྲས་བུ་གྲུབ་པའང་ཡིན། །དཀྱིལ་འཁོར་ཀུན་གྱི་བདག་པོ་ཉིད་ཀྱང་ཡིན། །གསང་བའི་ཡུམ་རྣམས་འདི་ལ་ཡོངས་ཀྱིས་འཁྲིལ། །དེ་བཞིན་གཤེགས་པ་ཀུན་གྱི་ངོ་བོར་གྱུར། །སྐུ་གསུམ་རྡོ་རྗེར་བསྟན་པའི་དཀྱིལ་འཁོར་ཡིན། །ཀུན་ཏུ་བཟང་པོ་ཡབ་ཡུམ་འཁྲིལ་བའི་སྐུའོ། །འདི་ལ་སུ་རྣལ་བ་ལ་སངས་རྒྱས་རྫོགས། །རྨད་བྱུང་ཞེས་སུ་འདི་ལ་བརྗོད་པ་ཡིན། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་ལས། གསང་བ་ཞལ་གྱིས་བཞེས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དཔལ་རྡོ་རྗེ་སེམས་དཔས་ཡང་ཞུ་བ་ཆེན་པོའི་དོན་ཞུ་བའི་ཕྱིར། ཐལ་མོ་གདངས་སུ་བཟུང་ནས། དགྱེས་པའི་སྤྱན་གདངས་ནས། བཅོམ་ལྡན་འདས་དོན་དམ་པའི་སེམས་ནི་གང་ལགས། དེ་བཞིན་ཉིད་ཅེས་བགྱི་བ་དང་ཁྱད་པར་ཅི་མཆིས་བཀའ་སྩལ་དུ་གསོལ། དོན་དེ་ཐུགས་སུ་ཆུད་ནས་བཅོམ་ལྡན་འདས་ཆེན་པོས་བཀའ་སྩལ་པ། བྱང་ཆུབ་སེམས་ནི་སེམས་ཅན་ཀུན་གྱི་སེམས། །ལྡང་དང་ཉལ་གཡོ་མེད་པ་དམ་པ་ཉིད། །དོན་དང་སེམས་ལ་མིང་དང་མཚན་མ་མེད། །མིང་དང་མིང་གི་མཚན་མ་མིང་མེད་པ། །དེ་ནི་ཡང་དག་ཡེ་ཤེས་དེ་བཞིན་ཉིད་ཅེས་བྱ། །དོན་དང་སེམས་ཅན་ཐ་དད་དབྱེར་མེད་གཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བརྗོད་པར་བྱ་བའི་དོན་བརྗོད་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཛོད་ཆེན་པོ། །མི་བདེན་མཚན་མའམ་ཚིག་དང་བཤད་བྲལ་བ། །ཐེག་པ་ཆེན་པོའི་རྣམ་པར་


DNG006_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ཡིས། །ཐེག་པ་ཆེན་པོ་ཆོས་ཀྱི་འཇུག་ལམ་ཉིད། །ཆོས་ལམ་དམ་པ་མི་འཛིན་རྣམ་པར་སྤྱོད། །བྱང་ཆུབ་ཉིད་ཀྱང་མི་འདོད་བལྟ་བའི་མཆོག །སངས་རྒྱས་སེམས་ཅན་མི་མཐོང་བདེ་བའི་ཤུལ། །ཡེ་བསྲུངས་རྣམ་པར་དག་པའམ་ཕྱལ་པ་དང་། །བླང་དོར་འདུ་འབྲལ་མེད་པར་སྤྱོད་པ་དང་། །བལྟ་བའི་ཡུལ་མེད་སྟོང་པ་དམ་པ་དང་། །དེ་བཞིན་ཉིད་དུའང་མ་མཐོང་བསྒོམ་པའི་མཆོག །རྨད་བྱུང་རྫོགས་ཆེན་ངོ་བོ་ཉིད་དུ་གསུངས། །ཡེ་ཤེས་རྒྱལ་པོ་མཁའ་འདྲ་མཐའ་ལས་འདས། །དྲང་སྲོང་དེ་འཛིན་པ་ལ་བསྒོམ་ཞེས་བྱ། །དམིགས་པས་དོན་ལ་འཇུག་པས་དགོས་པ་གོལ། །དམིགས་པས་གཟའ་གཏད་འཆའ་བ་གཏན་ནས་ཉམས། །སྟོང་ཉིད་དེ་བཞིན་ཉིད་བལྟ་ལྟ་བ་ལྐུགས། །བདེ་བའི་ཤུལ་ལམ་འདོད་པ་ལམ་ཐག་རིང་། །བསྲུང་དང་མི་བསྲུང་གཉིས་ཀྱི་དམ་ཚིག་ཉམས། །སྤྱད་དང་མི་སྤྱད་འཛིན་པས་ཐར་ལམ་འགགས། །བལྟ་དང་མི་བལྟར་མཐོང་བའི་དམ་པ་བརླག །བསྒོམ་དང་མི་བསྒོམ་གཉིས་ཀྱི་རྟོག་མཐའ་མེད། །རྨད་བྱུང་འདི་ལ་འདི་རྣམས་སྤྱིར་གྱུར་པས། །རྨད་བྱུང་མཛོད་ཆེན་ངོ་བོ་ཉིད་ལས་ཉམས། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཆོས་ལམ་མི་འཛིན་ཡོད་མེད་མཐའ་ལས་འདས། །འདས་པ་ཉིད་ཀྱང་ཡེ་ཤེས་ཉིད་ཡིན་པས། །འདས་དང་མ་འོངས་ཀུན་ལས་ཡེ་ནས་འདས། །སྟོན་པའི་བསྟན་པ་འདི་ཡི་དོན་མི་རྙེད། །གཞན་ལས་རྣ་བའི་ཐོས་སུ་དངོས་པོ་དག །ལྕེ་ཡི་དབང་པོས་བརྗོད་དུ་ཐ་སྙད་བྲལ། །སྟོན་པའི་གསུངས་པ་ཆོས་ལམ་འཕྲུལ་པ་སྟེ། །ཇི་ལྟར་བཤད་ཀྱང་རྨད་བྱུང་དོན་མི་རྙེད། །ཟླ་བ་ཚེས་གཅིག་མཁའ་ལ་ཤར་བ་ལ། །མཛུབ་མོས་མཚོན་པས་མཐོང་ཚུལ་ཙམ་དུ་འཛིན། །དྲང་སྲོང་ཆེན་པོ་རྣམས་ཀྱིས་དོན་སྤྱད་པ། །ཚིག་ཏུ་བརྗོད་པས་ངོ་བོ་ཉིད་ལས་ཉམས། །ཡིད་ལ་བསམས་པས་ཆད་པའི་མཐར་ཡང་འགྲོ། །མེད་པའི་སྙིང་པོ་ལས་ནི་ཡོད་པའི་


DNG006_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་། །དེ་བཞིན་དེ་བཞིན་དེ་བཞིན་གྱི་ནར་བཞག །རྨད་བྱུང་བྱང་ཆུབ་སྐུ་ཡི་རང་བཞིན་ཏེ། །འདི་ལྟའི་དོན་ལ་སངས་རྒྱས་རྟག་ཏུ་བཞུགས། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་ལས། དོན་དམ་པའི་སེམས་ཀྱི་རང་བཞིན་དང་། མདོ་སྡེའི་མཛོད་དང་། ཐེག་པ་ཆེན་པོའི་མཛོད། ལྟ་སྤྱོད་དང་གོལ་ས་གཅད་པ་དང་། ཉིད་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། སྐྱོན་གྱིས་མི་གོས་པའི་དོན་གྱིས་བརྗོད་པར་བྱས་པ། རྨད་བྱུང་བྱང་ཆུབ་སེམས་ལ་མཉམ་འཇོག་ཚེ། །ལུས་སེམས་སངས་རྒྱས་ཡིན་པར་བྱ་དགོས་ཤིང་། །ཕྱི་རོལ་དོན་ལ་མི་རྟོག་སངས་རྒྱས་ཉིད། །མཚན་དཔེས་བརྒྱན་པ་མ་ཡིན་ནམ་མཁའི་ཚུལ། །དེ་འདས་དབང་པོའི་སྤྱོད་ཡུལ་གང་ཡང་མིན། །དབང་པོའི་རྣམ་ཤེས་དེ་ལྟ་དེ་བཞིན་དུ། །དབང་པོའི་རྣམ་པར་ཤེས་པ་དེ་གསུམ་པོ། །ཡུལ་དང་མི་འབྱེད་དེ་བཞིན་ལྷུག་པར་བཞག །གསུམ་པོ་ཡུལ་ལ་ཡན་པ་མི་ལྟུང་བར། །གང་ཡང་མིན་པའི་རང་བཞིན་དེ་ཙམ་ལ། །ལུས་སེམས་མི་བཅོས་ཀློང་དེར་རང་བཞིན་བཞག །དེ་འདྲའི་ཀློང་ལ་རྨད་བྱུང་ཉིད་གནས་པས། །མཐའ་གཉིས་སྐྱོན་གྱིས་གོས་པར་ཡོངས་མི་འགྱུར། །སྔ་ཕྱིའི་རྒྱལ་བ་སེམས་ཅན་ལུས་གནས་ཚེ། །འཆི་བའི་དུས་ཚེ་བག་ཆགས་འདི་ལྡན་པས། །དེ་མཐུས་སེམས་ཅན་སྙིང་པོ་རྒྱལ་བར་གྱུར། །རྨད་བྱུང་བྱང་ཆུབ་སེམས་དང་བདག་ལྡན་ན། །རིགས་དྲུག་ཉན་ཐོས་དག་ཏུ་མི་མཐོང་བས། །རིགས་དྲུག་ཉན་ཐོས་དག་ཏུ་བསད་པ་མེད། །སེམས་ཅན་ཉན་ཐོས་དག་ཏུ་སུས་མཐོང་བ། །དེ་ལ་སྐྱོན་གྱིས་སྡིག་ཀྱང་ཡོད་པར་གསུངས། །དཔེར་ན་རྨི་ལམ་ན་ནི་མི་བསད་ཚེ། །བསད་པའི་ཚེ་ན་སྡིག་གིས་མི་འཇིགས་ལ། །རྨད་བྱུང་བྱང་ཆུབ་སེམས་ཀྱི་དོན་ཤེས་ན། །དོན་དེ་བདག་ལ་ལྡན་པར་གྱུར་པའི་ཚེ། །རྨི་ལམ་སད་འདྲ་སྡིག་པས་གོས་མི་འགྱུར། །རྨད་


DNG006_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བྱང་ཆུབ་སེམས་ཀྱི་མཐུར་ལྡན་ན། །མ་དང་སྲིང་མོ་བུ་མོ་ལ་སོགས་རྣམས། །རྨད་བྱུང་ཉིད་ལས་གཞན་དུ་མཐོང་བ་མིན། །དེ་འདྲ་སྦྱར་བ་དམ་པ་ཉིད་ལ་སྦྱར། །མ་སྲིང་བུ་མོར་མཐོང་བ་འཆིང་བའི་རྒྱུ། །དཔེར་ན་རྨི་ལམ་ན་ནི་མ་སྲིང་སྦྱར་བྱས་པས། །སད་པའི་ཚེ་ན་ལན་གྱིས་མི་འཇིགས་སོ། །ཡང་དག་དོན་ཤེས་རྨི་ལམ་སད་འདྲ་སྟེ། །ཡུལ་དུ་སྐྱོན་གྱིས་གོས་པར་འགྱུར་མི་སྲིད། །རྨད་བྱུང་བྱང་ཆུབ་སེམས་ཀྱི་དོན་ལྡན་ན། །དཀྱིལ་འཁོར་ཕྱག་རྒྱ་བཞི་ལྡན་མཐོང་མི་འགྱུར། །དཀྱིལ་འཁོར་ཕྱག་རྒྱའི་དཀྱིལ་འཁོར་སུས་མཐོང་བ། །དེ་ལ་ཕྱག་རྒྱའི་དཀྱིལ་འཁོར་ལྡན་པས་ན། །རྨད་བྱུང་དེ་ལ་མཚུངས་པར་ཡོངས་མ་གསུངས། །དཔེར་ན་རྨི་ལམ་ན་ནི་དེ་བཞིན་གཤེགས་སྐུ་མཐོང་། །སད་པས་བདག་ཏུ་སྣང་ལས་གཞན་མེད་དེ། །དེ་བཞིན་ཕྱག་རྒྱ་བསྒོམ་པའི་དཀྱིལ་འཁོར་བས། །མཚན་མ་ཉིད་ལས་བྱང་ཆུབ་གཏིང་མ་རྙེད། །དཀྱིལ་འཁོར་མ་ཡིན་རྨད་བྱུང་བྱང་ཆུབ་ལ། །དཀྱིལ་འཁོར་མཚན་མའི་སྐྱོན་གྱིས་གོས་མི་འགྱུར། །རྨད་བྱུང་བྱང་ཆུབ་སེམས་གང་སུ་ལྡན་པ། །དགེ་རྩར་མི་སྤྱོད་དགེ་བར་མཐོང་མི་འགྱུར། །དགེ་རྩར་མཐོང་བ་དེ་ལ་སྐྱོན་ཡོད་འགྱུར། །དགེ་རྩར་མ་མཐོང་བ་ཉིད་བྱང་ཆུབ་མཆོག །རྨི་ལམ་ན་ནི་དགྲ་དང་འགྲོགས་པ་མཐོང་། །སད་པའི་དུས་ན་དེ་དང་འགྲོགས་མི་འགྱུར། །དགེ་རྩས་འཇིག་རྟེན་འདི་ཡི་སྙན་ངག་ཐོབ། །རྨད་བྱུང་བྱང་ཆུབ་སེམས་ཀྱིས་མ་ཟིན་ན། །སྡུག་བསྔལ་སྐྱེ་གཞི་འབྲས་བུ་རྨི་ལམ་འདྲ། །སེམས་ཅན་རྣམས་ལ་སྙིང་རྗེ་བརྩེ་མེད་ཅིང་། །མཚམས་མེད་ལྔ་སྤྱོད་ཉེ་ལྔ་མི་ཚངས་སྤྱོད། །འདོད་ཡོན་ལྔ་རོལ་གཞན་ལྔ་སློང་མི་བྱེད། །རྟག་ཏུ་བདག་མཆོད་གཞན་དུ་མི་རིགས་པ། །རྨད་བྱུང་བྱང་ཆུབ་ཐེག་ཆེན་དམ་ཚིག་ཡིན། །དུག་ལྔས་འཁོར་བའི་རྒྱུན་སྤྱོད་བྱེད་པ་ཡང་། །རྨད་བྱུང་བྱང་ཆུབ་ཉིད་དུ་ཡང་དག་གསུངས། །འདོད་ཅིང་ཆགས་པའང་རྨད་བྱུང་བྱང་ཆུབ་ང་། །གཞན་ལ་སྡང་བའི་ཞེ་སྡང་རྨད་


DNG006_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ང་། །དེ་བཞིན་འཁོར་བ་གཏི་མུག་རྨད་བྱུང་བྱང་ཆུབ་ང་། །བདག་ཡོད་གཞན་མེད་ང་རྒྱལ་རྨད་བྱུང་ང་། །གཞན་སྡུག་ཐེག་པ་གཞན་ལ་ཕྲག་དོག་ང་། །ཇི་སྐད་བརྗོད་པའི་དོན་དམ་ཀུན་རྫོབ་ངའོ། །ཡི་དམ་མགྱོགས་པས་དུས་མཐའ་མེད་སྤྲོས་ཀྱང་། །རྨད་བྱུང་སྐུ་ལ་གར་ཡང་ཕྱིན་པ་མེད། །སངས་རྒྱས་ཀུན་གྱི་ནོར་བུ་དྲི་མེད་ཐུགས། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཐུགས་ལ་གནས། །བསྐལ་པ་འབུམ་གྱི་མེས་ཀྱང་བསྲེག་ཏུ་མེད། །སྲིད་པ་གསུམ་གྱི་ཆུས་ཀྱང་བཀྲུ་རུ་མེད། །འདི་ཞེས་བསྟན་དུ་བདེ་གཤེགས་རྣམས་ལ་མེད། །སྲིད་པ་འབྱུང་བའི་སྔོན་དུ་སངས་རྒྱས་ཏེ། །ཐམས་ཅད་རྨད་བྱུང་བྱང་ཆུབ་སེམས་ཉིད་ཀྱང་། །སྐྱོན་དང་སྒྲོ་གཞི་གདོད་ནས་རྣམ་པར་དག །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་ལས། ) སྐྱོན་གདོད་ནས་རྣམ་པར་དག་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་སེམས་དཔའ་ཆེན་པོ་རྡོ་རྗེ་ཐེག་པ་ལ་སོགས་པས། ཡངས་པ་ཆེན་པོ་ལ་བཅོམ་ལྡན་འདས་མཚན་མ་ཉིད་གསལ་བར་བཞག་ནས། མཚན་མ་རྣམ་པར་གྲོལ་བའི་ཐབས་བཀའ་སྩལ་དུ་གསོལ། ཞེས་གསོལ་པས། དོན་མཉེས་ཏེ་བརྗོད་པ། མཚན་ཅན་མཚན་དཔེས་བརྒྱན་པ་བསྒོམ་པ་ཡི། །ཡང་དག་བདེ་བའི་དཀྱིལ་འཁོར་སྙིང་པོ་ཉིད། །མཐོང་བ་ཉིད་དུ་དེ་བཞིན་གཤེགས་པས་གསུངས། །རྨད་བྱུང་ཉིད་ཀྱི་སྐུ་ལ་བལྟ་འདོད་པས། །བློ་དམན་བྱང་ཆུབ་སེམས་དཔས་བསླབ་ཏུ་རུང་། །མཚན་མ་མཚན་མ་མེད་པའི་ཚིག་ལས་འདས། །ཉིད་ཀྱིས་བརྗོད་པར་བྱ་བ་བརྗོད་པ་མེད། །འགྲུས་དང་གསང་བའི་ཆོས་གཉིས་བསྒོམ་དགོས་ཏེ། །གསང་བའི་གསང་མཆོག་བྱང་ཆུབ་སེམས་ཉིད་འདི། །རང་བྱུང་དག་པའི་དཀྱིལ་འཁོར་རིན་པོ་ཆེ། །སྤྲུལ་པའི་འབྱུང་འཇུག་ཉི་རྡུལ་ཚུལ་དུ་འཁྲུག །རང་བྱུང་མཆོག་གི་ཕྱག་རྒྱ་རྒྱ་པོ་ཆེ། །བློ་དམན་བྱིས་པ་རྣམས་ཀྱིས་བསླབ་ཏུ་རུང་། །འབྲས་བུ་གསང་སྔགས་


DNG006_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་ཚིག་རྣམས་ལས། །རྨད་བྱུང་ཡེ་ནས་སངས་རྒྱས་བསྟན་པ་འདི། །སྐྱེ་མེད་སངས་རྒྱས་ཀུན་གྱི་མེས་ཆེན་པོ། །བསྐལ་པའི་མེ་བཞིན་གཅིག་ཏུ་གནས་པ་ལས། །ཆོས་རྣམས་མ་ལུས་ཆོས་སོ་ཅོག་པ་རྫུན། །ཐམས་ཅད་རྫུན་པར་ཤེས་ན་འཇིགས་དང་བྲལ། །ངོ་བོ་ཉིད་ཀྱི་ཆོས་རྣམས་མ་ལུས་སྟོང་། །གལ་ཏེ་ངོ་བོ་ཉིད་ཀྱི་ཆོས་སྤངས་ན། །སྦྱིན་ལ་སོགས་པས་མཐོ་རིས་སྐྱེ་སྲིད་ཀྱང་། །མཐར་ཟད་འབྲས་བུ་བརླག་པ་ཉིད་དུ་འགྱུར། །ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་ཉིད་ལ། །མི་ཆགས་མི་གནས་དེ་ཉིད་མྱ་ངན་འདས། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ངོ་བོ་ཉིད་འདས་ལམ་རྫོགས་རྣམ་པར་དག །སངས་རྒྱས་མི་འདོད་སངས་རྒྱས་ས་ལས་འདས། །སངས་རྒྱས་སྤྲོས་ལས་དགའ་ལ་ཕྱག་རྒྱ་གསུམ། །ཆོས་རྣམས་ཀུན་གྱི་རང་བཞིན་གཉིས་སུ་མེད། །ཆོས་ཀྱི་རང་བཞིན་གཅིག་ཏུ་ཟད་པ་ཡིན། །རང་བཞིན་གཅིག་པ་ཉིད་ཀྱང་ཡོད་མིན་ཏེ། །རང་བཞིན་ཉིད་ཀྱིས་གནས་ཤིང་ཆགས་པ་མེད། །མཚན་མ་ཅན་གྱི་ཆོས་ནི་འཇིག་རྟེན་གྱི། །ལམ་དང་འབྲས་བུ་ཡིན་ཏེ་ཟད་ཡོད་ཕྱིར། །བླ་ན་མེད་པའི་འབྲས་བུ་ཐོབ་མི་འགྱུར། །རྨད་བྱུང་འདི་ནི་ཆོས་ཀྱི་རང་བཞིན་དང་། །གཅིག་པ་ཉིད་ཀྱང་མི་འདོད་དབྱིངས་ལས་འདས། །སངས་རྒྱས་ཕྱག་རྒྱ་མི་འདོད་ཡེ་རྒྱས་བཏབ། །ཁམས་གསུམ་ཡེ་ནས་སངས་རྒྱས་ཆོས་སྐུར་ཞི། །མྱ་ངན་འདས་པ་འདས་པ་ཉིད་ཀྱང་འདས། །ཡོན་ཏན་ཉིད་ཀྱི་ཕུང་པོ་རྡོ་རྗེའི་སྐུ། །ཅི་ཡང་འདུ་འབྲལ་མེད་པའི་བརྩོན་འགྲུས་ཅན། །ངོ་བོ་ཉིད་སྐུ་ཟག་མེད་རང་བཞིན་བྲལ། །གཞལ་ཡས་མེ་འོད་འབར་བའི་དཀྱིལ་འཁོར་ཅན། །ཉི་མ་འབུམ་གྱི་གཟི་ལྟར་འཕྲོ་བའི་བདག །ཆོས་ཀྱི་ལམ་ལ་འཇུག་པའི་མི་ཞིག་གིས། །ལུས་དང་སེམས་ལ་བསླབ་པ་ཆེར་བྱས་ཏེ། །ཕྱི་རོལ་སངས་རྒྱས་མི་བཙལ་རྙེད་མི་འགྱུར། །སེམས་ཅན་ཉིད་ནི་ཀུན་ཏུ་བཟང་པོར་གསུངས། །ནང་གི་ནང་ལ་དེ་བཞིན་བལྟ་བར་བྱའོ། །བྱང་ཆུབ་ཀྱི་སེམས་རྨད་དུ་


DNG006_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་རྒྱུད་ལས། མཚན་མ་མེད་པ་གྲུབ་པ་དང་། ཐེག་པ་ཆེན་པོ་ལ་ཁྱད་པར་འཕགས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཉིད་ལ་ཉིད་བརྗོད་པར་བྱས་པ། ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་སྐུ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོར་ནི། །འཁོར་བ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །བྱང་ཆུབ་སེམས་ལ་སྦྱོར་བ་མ་ཡིན་པར། །འཁོར་བའི་འཁོར་ལོ་བསྐོར་བ་རྡུལ་ཡང་མེད། །ཡང་དག་ཡེ་སངས་རྒྱས་པ་མ་གཏོགས་པར། །དམྱལ་བའི་མིང་མེད་མ་རིག་པའང་མེད། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་དང་། །རིགས་དྲུག་འཇིག་རྟེན་འབྱུང་བ་ལྔ་སོགས་རྣམས། །བྱང་ཆུབ་སེམས་ཀྱི་རིན་ཆེན་སྒྲོམ་དུ་བླུག །དོག་འཚེར་མི་མངའ་ཐིགས་པས་སྣོད་བཀང་ཚུལ། །ཨེ་མ་རེ་མཛེས་བདག་ཉིད་བསྟན་པའི་ཆོས། །བྱང་ཆུབ་སེམས་ཀྱི་ཆོས་གཅིག་མ་གཏོགས་པར། །ཆོས་དང་ཆོས་གཞན་མེད་པ་ངོ་མཚར་ཆེ། །སེམས་ཀྱི་རང་བཞིན་གནས་མེད་ཡུལ་མེད་པར། །དུས་གསུམ་སངས་རྒྱས་ཆགས་པ་ངོ་མཚར་ཆེ། །རང་རིག་བྱང་ཆུབ་སེམས་ལས་མ་གཏོགས་པའི། །ཀུན་བཟང་གཞན་ནས་རྙེད་པར་མི་འགྱུར་བས། །སྔོན་ཆད་མ་རིག་མ་མཐོང་ངོ་མཚར་ཆེ། །བདེན་གཉིས་རྒྱུ་འབྲས་ཡོངས་ཀྱི་ས་མེད་པ། །བསླུ་བའི་རྨི་ལམ་བཞིན་གྱི་ཀུན་རྫོབ་སྤྱོད། །དོན་དམ་བདེན་པ་མ་རྟོགས་ངོ་མཚར་ཆེ། །འཆིང་བྱེད་དམྱལ་རྒྱུ་དུག་ལྔ་གཞན་རྟོགས་པས། །བྱང་ཆུབ་ཆེན་པོའི་བྱང་ཆུབ་ཆེན་པོ་རུ། །དུག་ལྔ་རྒྱས་པར་གྱུར་པ་ངོ་མཚར་ཆེ། །སྡུག་བསྔལ་སྡིག་པ་མི་དགེ་ཅི་སྤྱད་ཀྱང་། །རྣམ་གྲོལ་བླ་མེད་སངས་རྒྱས་ཉིད་ཡིན་པས། །བདེ་བཞིན་སྐྱོན་གྱིས་མ་གོས་ངོ་མཚར་ཆེ། །དམྱལ་རྒྱུ་མི་དགེ་སྣ་ཚོགས་སྤྱད་པ་དང་། །མི་གཙང་ཟས་ཟོས་བཤང་བ་ཀུན་སྦྱར་ཡང་། །ཀུན་ཏུ་བཟང་པོའི་སྤྱོད་པ་བདག་ཉིད་པས། །རྒྱུ་ཡི་འབྲས་བུར་མི་


DNG006_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་ངོ་མཚར་ཆེ། །ཉམ་ང་མནར་མེད་དམྱལ་བའི་གནས་རྣམས་ཀྱང་། །ཀུན་ཏུ་བཟང་མོའི་བྷ་གའི་མཁའ་ཀློང་ལས། །དམྱལ་བའི་གནས་མེད་བྱང་ཆུབ་སེམས་ཀྱི་ལམ། །བདེ་ལྡན་བདེ་ལ་གནས་པ་ངོ་མཚར་ཆེ། །གནོད་སྦྱིན་སྲིན་པོ་ལ་སོགས་འབུམ་གྱིས་ཀྱང་། །བླ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །བཟུང་ཞིང་འཇོམས་དང་ཐོབ་པར་མི་འགྱུར་གྱི། །མ་བསྡུས་རང་བཞིན་བསྡུས་པ་ངོ་མཚར་ཆེ། །ཨེ་མ་རབ་ཏུ་གསང་བའི་ཆོས་ཆེན་པོ། །དེ་བཞིན་གཤེགས་པས་གསུངས་པ་གང་ཡང་མེད། །ཐིག་ལེ་ཡོངས་ཀྱི་ཐེག་པ་མི་མཉམ་སྟེ། །གཞན་དང་ཐུན་མོང་མ་ཡིན་ངོ་མཚར་ཆེ། །སྔགས་ཀྱི་ཕྲེང་བ་ལུ་གུ་རྒྱུད་ཚུལ་དུ། །བསྐྱེད་དང་སྤྲོ་དང་བསྡུ་དང་སྤྱན་དྲངས་དང་། །མཆོད་དང་འདོད་གསོལ་དོན་གྱི་ཕྱིར་བཞག་ན། །རེ་སྨོན་ཐུབ་ཆོད་རྩོལ་བྲལ་ལས་འདས་པའི། །ཐེག་པའི་རྒྱལ་པོ་རྒྱུ་འབྲས་ཡེ་དག་པས། །དེ་བཞིན་དེ་བཞིན་དེ་ལ་མཉམ་གནས་པས། །ཆོ་ག་ཕྲེང་བར་གྱུར་པ་ངོ་མཚར་ཆེ། །མིང་གཟུགས་མཉམ་བཞག་ཡེ་ནས་སྔགས་ཚིག་གོ། །མ་འགགས་སྐྱེ་དང་བྲལ་བའི་བྱང་ཆུབ་སེམས། །ཡེ་ཤེས་དགེ་བ་ཡོངས་པའི་དཀྱིལ་འཁོར་ཉིད། །བྱང་ཆུབ་རྒྱུ་འབྲས་ཡོངས་ཀྱི་འདོད་མིན་པས། །རྨད་བྱུང་བྱང་ཆུབ་བདག་ཉིད་ཆེན་པོ་ནི། །དུས་གསུམ་གཤེགས་པ་ཀུན་གྱི་བདག་ཉིད་དང་། །སེམས་ཅན་རྣམས་ཀྱི་སེམས་ཡིན་ནོ། །ཡེ་ནས་མ་སྐྱེས་རྒྱུ་འབྲས་ཟག་པ་མེད། །རང་བཞིན་རྣམ་པར་དག་པའི་དེ་མའང་མེད། །རྡོ་རྗེ་སེམས་དཔའི་གདན་ཆེན་གདན་ཆེན་ལ། །མཚན་མེད་མི་འགྱུར་ནམ་མཁའ་བཞིན་དུ་རྒྱས། །རྡོ་རྗེ་སེམས་དཔའ་ཉིད་ཀྱང་ང་ཡི་རོལ། །ཆོས་ཀྱི་མཚན་ཉིད་ཐམས་ཅད་རྣམ་པར་དག །ཐུགས་ཀྱི་དཀྱིལ་འཁོར་ཐུགས་ཀྱི་དཀྱིལ་འཁོར་མཆོག །སྐུ་ཡི་སྐུ་སྟེ་ཀུན་ལ་རོལ་མཛད་སྐུ། །ནོར་བུ་བསམ་ཤིང་རིན་ཆེན་སྒྲོམ་རྣམས་ལས། །ལོངས་སྤྱོད་སྣ་ཚོགས་འབྱུང་བའི་ས་བོན་ཉིད། །


DNG006_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་འཕྲུལ་མཁན་བཞིན་ཐམས་ཅད་འཕྲུལ་པར་མཛད། །སྐྱེ་བ་མེད་ལས་ཐམས་ཅད་ཀུན་སྐྱེས་ཤིང་། །སྐྱེས་པ་ཉིད་ན་ཅིར་ཡང་འགག་པ་མེད། །རྟག་པ་ཀུན་རོལ་ཀུན་བྱས་འཕྲུལ་པོ་ཆེ། །ཀུན་བཟང་བདག་ཉིད་སྐུ་ལ་ངོ་མཚར་ཆེ། །ཨེ་མའོ་རེ་མཛེས་ཐེག་མཆོག་ཁྱད་པར་ཅན། །བྱར་མེད་བྱ་བྲལ་བྱ་བྱེད་ཆོས་དང་བྲལ། །ཇི་ལྟར་གནས་ཀྱང་རྫོགས་པ་ཆེན་པོའི་ངང་། །སྒྱུ་དྲའི་དཀྱིལ་འཁོར་ལུས་དང་མཐུན་པ་ཡིན། །དངོས་མེད་ངོ་བོ་ཉིད་ཀྱི་ཞི་བ་ལས། །སྐུ་ལྔའི་དཀྱིལ་འཁོར་གསལ་བ་ངོ་མཚར་ཆེ། །ཡེ་ནས་རྣམ་པར་དག་པའི་རང་བཞིན་ལས། །ཡེ་ཤེས་འོད་དུ་འབར་བ་ངོ་མཚར་ཆེ། །བསྐལ་པའི་མེ་བཞིན་ཐམས་ཅད་བསྲེག་པ་ལ། །ཐམས་ཅད་མ་ལུས་འདུས་པ་ངོ་མཚར་ཆེ། །རལ་གྲི་བཞིན་དུ་ཐམས་ཅད་གཅོད་པ་ལ། །ཐམས་ཅད་མ་ལུས་འདུལ་བ་ངོ་མཚར་ཆེ། །འཁོར་ལོ་འཁོར་བ་བཞིན་དུ་ཅི་ཡང་མ་བསྐོར་བར། །ཐམས་ཅད་མ་ལུས་བསྲུང་བ་ངོ་མཚར་ཆེ། །ཐམས་ཅད་མ་ལུས་ཀུན་བཟང་ཉིད་ཀྱི་ངང་། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་ལས། རྒྱུད་ཀྱི་བདག་པོ་ཉིད་ཀྱིས་རྒྱུད་བཤད་པ་ལ་ངོམས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་ཕྱག་བཙལ་བསྟོད་པ། བསླབ་བྱ་ཐམས་ཅད་རྣམ་པར་འཇིག་མཛད་པ། །མགོན་པོ་མཆོག་འཛིན་མི་གཡོ་བདེ་ཆེན་སྐུ། །ངོ་མཚར་ཐབས་ཆེན་སྟོན་པའི་དཔའ་བོ་ལ། །དུས་གསུམ་རྟག་པར་འདུད་པའི་བཞིན་ཕྱག་འཚལ། །ཆེ་བ་ལྔ་རྫོགས་སངས་རྒྱས་སྙིང་པོ་ལ། །སངས་རྒྱས་མ་ལུས་ཐམས་ཅད་འདུས་པར་བགྱི། །བལྟ་བ་མི་སྤུང་སྐུ་ལ་ངོམས་པར་བལྟ། །འདུ་འབྲལ་མེད་པའི་སྤྱོད་པ་ལྷག་པར་འཛིན། །འདི་ལ་མོས་པའི་སངས་རྒྱས་ཐམས་ཅད་ལ། །སྐུ་ལ་བསྟོད་པ་བཞིན་དུ་ཕྱག་ཀྱང་འཚལ། །བྱང་ཆུབ་སེམས་དཔའ་འདི་ལ་སུ་མོས་


DNG006_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །སེམས་ཅན་དེ་ལའང་རྟག་པར་བཞིན་ཕྱག་འཚལ། །ངོ་མཚར་རྨད་ཀྱི་ཆོ་འཕྲུལ་སྟོན་པ་ཡི། །ཁམས་གསུམ་ཡོངས་སྒྲོལ་སེང་གེའི་རྒྱལ་པོ་ལ། །ཡང་ནས་ཡང་དུ་འདུད་ཅིང་ཕྱག་ཀྱང་འཚལ། །མཁའ་ལྟར་དགོས་པ་སྐུ་ལས་འཆར་བའི་སྐུ། །དཔེ་མེད་མཁའ་འདྲའི་བརྡལ་བ་ཆེན་པོ་ལ། །ཡང་ནས་ཡང་དུ་འདུད་ཅིང་ཕྱག་ཀྱང་འཚལ། །རྣམ་གྲོལ་ཡེ་གྲོལ་འཁོར་བ་ཀུན་གྲོལ་བས། །གྲོལ་བའི་རྒྱལ་པོ་མི་གཏོང་འདུད་པར་བགྱི། །དྭངས་སྙིགས་བླང་དོར་མེད་པ་གཅིག་པུ་བ། །རྒྱུ་འབྲས་མི་འབྱེད་རྣམ་པར་དག་པའི་ཆོས། །རྣམ་ཐར་ལམ་དང་མི་མཐུན་རྣམ་གྲོལ་ཆོས། །ཟབ་མོ་ཟབ་མོ་དམ་པ་འབྲས་བུའི་ཆོས། །འདི་འཆང་ཀློག་དང་གུས་དང་སེམས་པ་དང་། །དད་མོས་ཁ་གསགས་མ་ཡིན་རྣལ་མ་ལ། །འདུད་ཅིང་འདུད་ཅིང་བཞིན་ཕྱག་འཚལ་བར་བགྱི། །ཞེས་རྒྱུད་དང་རྒྱུད་ཀྱི་བདག་པོ་ལ་བསྟོད་པས། རྒྱུད་ཀྱི་སྟོན་པ་རྡོ་རྗེ་སེམས་དཔའ་ཉིད་ལ་གཟིགས་ཏེ། སྤྱན་བགྲད་ཞལ་གདངས་ནས།རྡོ་རྗེ་སེམས་དཔའ་ཁྱོད་ལས་ལྷག་མེད་དེ། །བྱང་ཆུབ་རྙེད་དཀའ་དེ་ཉིད་ཁྱོད་ཀྱི་སྐུ། །དུས་གསུམ་སངས་རྒྱས་རྣམས་ཀྱིས་རྟོགས་དཀའ་བའི། །གཉིས་མེད་རང་བཞིན་གནས་པའི་ཆོས་འདི་ལ། །འདི་ལས་སངས་རྒྱས་གཞན་ན་ཡོད་མ་ཡིན། །ང་ལ་རྩོལ་བའི་དོན་ཆེན་ཡེ་མིན་པས། །མི་གཡོ་རང་བཞིན་གནས་པའི་སྨན་ཆེན་འདིས། །སངས་རྒྱས་སེམས་ཅན་མ་ལུས་ཐམས་ཅད་ཀྱང་། །མཐོང་བ་ཙམ་གྱིས་རྣམ་དག་གྲོལ་བྱའི་ཕྱིར། །རྨད་བྱུང་བྱང་ཆུབ་སེམས་ནི་གཏད་དོ་གཏད། །ཐུགས་ཀྱི་ཐུགས་ཏེ་ཡེ་ཤེས་ཉི་མ་ཡི། །འཁོར་ལོ་ཉིད་ལས་འོད་ཀྱི་ཟེར་བསྐྱོད་པ། །ཐུགས་ཀྱི་དཀྱིལ་དུ་བསྡིམ་ལ་འཁོར་ལོ་བསྐོར། །སྙིང་པོ་མཐའ་མེད་རྣམ་པར་དག་པའི་རྒྱུད། །ལྕེ་ཡི་རྩེ་མོ་ལས་བྱུང་སྒྲོན་མ་འབར་བ་དག །ཡེ་ཤེས་དག་པའི་སྒྲོམ་དུ་སྦ་བར་བྱའོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་ལས། རྒྱུད་ཀྱི་བདག་པོ་ལ་བསྟོད་པ་དང་། རྒྱུད་ལ་བསྟོད་
པ་དང་། བདག་པོས་རྒྱུད་གཏད་པ་དང་། གདམས་ངག་ལ་བཟླ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། རྒྱུད་ཀྱི་རྒྱལ་པོ་ཆོས་ཐམས་ཅད་ཀྱི་རྨད་དུ་བྱུང་བ་རྫོགས་སོ།། །།བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་བུ་གཉིས་མ་ཉིད་དང་གསུམ་བཞུགས་པ་ལས། ཟབ་པོ་ཏི་མོ་པུ་རིའི་ལྷ་ཁང་དུ་བུ་གཉིས་ལུས་སོ། །སློབ་དཔོན་བུཌྜྷ་གུཔྟས་བསྣམ་པར་བཞེད་ནས། ལན་གཅིག་གཟིགས་པས། གནོད་སྦྱིན་ཁ་རྩལ་གྱིས་འགྲམ་དུ་ཐལ་ལྕག་གཅིག་བརྒྱབ་ནས་བརྒྱལ་བར་གྱུར་ཏོ། །བརྒྱལ་སངས་པ་དང་། སྲིན་པོ་ལྟ་བུའི་ཚུལ་དུ་འདུག་པས་སྨྲས་པ། གནས་ཁང་བརྒྱལ་བར་གྱུར་པ་འདི་ཉིད་ཀྱི། །རྒྱལ་པོ་མེ་འོད་ཁྱོད་ཀྱི་མེ་ཁྱེར་རོ། །གལ་ཏེ་ཁྱེར་ན་ཁྱོད་ཉིད་གསོད་པར་བྱ། །ཞེས་སྨྲས་པས་དྲེད་ཅིང་དངངས་ནས། མ་ནི་གོང་དུ་སྤྱན་གཞན་ཞིག་ཏུ་དྲངས། བུ་གཉིས་དེར་ལུས་སོ། །གོང་དུ་དེ་ཉིད་རྣམ་པར་འགྲེལ་པ་ལ། །དགོས་འདོད་གསལ་ཚད་དོན་ལ་འཆར་བ་ནི། །མ་བུ་གསུམ་ནས་དྲངས་ཏེ་གཏན་ལ་ཕབ། །ཕྱི་ནས་བློ་ཡི་ཟེར་ལ་བསྐྱོད་ནས་བྱ་བཟོད་ན། །འཕགས་ཐུགས་འགལ་དང་འཕྲལ་དུ་གནོད་སྦྱིན་མོས། །བར་ཆད་བྱེད་ཕྱིར་བློ་ཡི་ཟེར་ལ་བསྐྱོད། །ལ་སྟོད་མཁས་པ་མགོན་པོ་ལ། །ཉང་སྟོད་ལྕེ་ནག་བདུད་རྩིས་ཞུས།། །།

བཀྲ་ཤིས་པའི་དཔལ་རིག་པའི་ཁུ་བྱུག


DNG006_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སྭསྡི་ཤྲཱི་བིདྱཱ་ཀོ་ཀི་ལ། བོད་སྐད་དུ། བཀྲ་ཤིས་པའི་དཔལ་རིག་པའི་ཁུ་བྱུག །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དུས་གསུམ་གྱི་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཐུགས། བཅོམ་ལྡན་འདས་ཆེན་པོའི་ཡེ་ཤེས་དང་ཡང་མི་མཉམ་པའི་གསང་སྔགས་ཐེག་པ་ཆེན་པོའི་ཡང་ཐེག་པ་ཆེན་པོ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་བདག་ཉིད། གཞི་རྩ་མེད་པའི་སྙིང་པོ་ཆོས་ཐམས་ཅད་རྒྱུ་ཡོད་པ་དང་མེད་པའི་


DNG006_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཟད་པ། སྲིད་པའི་ས་བོན་མ་སྤངས་པར་ཟད་ནས་དག་པ། ཁ་དོག་དང་དབྱིབས་དང་མཚན་མ་མེད་པར་རིགས་རྒྱུད་དང་བྲལ་བ། གང་གི་གནས་སུ་མ་གྱུར་ཅིང་ཐམས་ཅད་ཀྱི་གཞིར་གྱུར་པ། མིང་དང་ཚིག་གིས་རྣམ་པར་དག་ཅིང་། རྣམ་པའི་སྤྱོད་པ་ཐམས་ཅད་དྭངས་ཤིང་བདེན་པ་གཉིས་མགོ་མཉམ་དུ་དྲིལ་བ། ཡེ་ཤེས་སྙིང་པོ་ཆེ་བ་ཐམས་ཅད་ཀྱི་བླ། ཆོས་ཐམས་ཅད་ནི་ཚུལ་བཞིན་གནས་ལ། ཆོས་ཐམས་ཅད་ཚུལ་བཞིན་དུ་མི་གནས་པའི་མཆོག །གང་བསམ་དུ་མེད་པའི་ངོ་བོ་ཉིད་མེད་པ་ལ། མི་སེམས་པར་སེམས་ཤིང་མདུན་མེད་པར་ལྡན་པ། ནང་དང་ནང་གི་ཕྱི་རོལ་མེད་ཅིང་མི་ལྡན་པ་མེད་པར་ཐ་དད་པ། རྡོ་རྗེ་ཆེན་པོ་དགྱེས་པར་ཀུན་སྡུད་ཅིང་འདུས་ནས་འགྲུབ་པ། བདེ་བ་ཆེན་པོའི་ཚུལ་མི་བརྗོད་པར་ཐམས་ཅད་ཐམས་ཅད་དང་གཉིས་སུ་མེད་པར་གྱུར་པ། ཆོས་ཀྱི་སྐུ་ནི་འདུ་བྱེད་ཀྱི་ཆོས་མ་ཡིན་པ། མཚན་མ་ཐ་དད་པ་གང་ཡང་མ་ཡིན་པ། ཆོས་ཐམས་ཅད་ཀྱི་རང་བཞིན་དང་གཞིར་གྱུར་པའི་ཕྱིར་ནམ་མཁའ་ཇི་ལྟ་བ་བཞིན་པས་དེ་ནི་རྟག་པ་བཞིན་ནོ་བྱའོ། །ཆོས་ཀྱི་དེ་བཞིན་ཉིད་དང་། ཡེ་ཤེས་ཀྱི་དེ་བཞིན་ཉིད་དེ་གཉིས་ཀྱི་དེ་བཞིན་ཉིད་ནི་གཅིག་པའང་མ་ཡིན། ཐ་དད་པའང་མ་ཡིན་པས།དབྱིབས་དང་ཁ་དོག་ལས་འདས་པའི་ཆོས་ཀྱི་སྐུ་དེ་ནི་ཡེ་ཤེས་རྣམ་པར་དག་པ་དང་། སྤང་བར་བྱ་བ་གཉིས་ཀྱི་ཕྱིར། ལྷན་ཅིག་གྲུབ་པའི་ཆོས་ཀྱི་སྐུ་ནི།རྣམ་པར་དག་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དུས་གསུམ་གྱི་དེ་བཞིན་ཉིད་ཀྱི་དེ་བཞིན་ཉིད་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་བཞིན་ཉིད་དངོས་པོ་མེད་པར་རོ་གཅིག་པའི་ཕྱིར་དང་། ཐེག་པ་རྨད་དུ་བྱུང་བ་དང་། རིན་པོ་ཆེ་ཚད་མེད་པ་སེལ་བ་དག་སྟེ། སངས་རྒྱས་ཐམས་ཅད་ལ་དགོངས་པའོ། །དཔའ་བོ་རྟག་པར་དགོངས་པ་ཡི། །མཚན་མ་ཐམས་ཅད་ལས་འདས་ཤིང་། །མཚན་མས་མ་གོས་བསྒོར་མེད་པས། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །རྟག་པའང་མ་ཡིན་ཆད་པའང་མིན། །ད་ནི་དབུ་


DNG006_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལམ་པོ་ཆེ། །སྐུ་གསུམ་ལྷུན་གྲུབ་དེ་བཞིན་ལས། །སངས་རྒྱས་ཚན་མེད་གྲངས་མེད་པའི། །རྒྱལ་དང་མགོན་རྣམས་མངོན་བྱུང་གྱུར། ཡང་དག་པར་རྫོགས་པའི་རྫོགས་པར་ལོངས་སྤྱོད་པའི་སྐུ།ཐུགས་རྗེ་ཆེན་པོ་དེ་ནི། རྟག་པ་དང་མི་རྟག་པ་གཉིས་འཛིན་པའི་ཕྱིར་ན།རྟག་པ་དང་མི་རྟག་པ་ཆེན་པོ་ཞེས་བྱ་སྟེ། དེ་ནི་སྦྱངས་པས་ཐོབ་པར་བསྟན་ནོ། །ཡང་དག་བསྟན་ཏེ་མངོན་པར་སྣང་། །སངས་རྒྱས་རྣམས་དང་དགོངས་པ་མཐུན། །གཅིག་ལ་གཉིས་ལ་སྤྱོད་ཕྱིར་གཅིག །དེ་ནི་ལོངས་སྤྱོད་མཚན་དང་ལྡན། །སྨོན་ལམ་ལྡན་པའི་སྐལ་ཆེན་ལ། །རྒྱུ་རྐྱེན་འདུས་ལས་གསལ་བར་སྣང་། །སྤྲུལ་པའི་སྐུ་ནི་མཛད་པའི་དོན་ལ་སྤྲུལ་པར་མཛད་ཅིང་། ཁྲོ་བ་དང་འཛུམ་པ་དང་།རྒྱན་ཅན་དང་། རྒྱན་མེད་པར་འཕྲུལ་པའི་ཕྱིར་སྤྲུལ་པའི་སྐུའོ། །མི་རྟག་རྟག་པ་སྤྲུལ་ལྡན་ཞིང་། །སྦྱངས་པའི་མཆོག་གྱུར་ཀུན་གསུང་འགྱུར། །མཚུངས་པར་སྤྱོད་དང་སྟོན་མང་པོ། །ཐེག་པ་བཞི་ནི་སྟོན་པར་འགྱུར། །རང་བཞིན་ཡེ་ཤེས་ཏིང་ངེ་འཛིན། །དག་པ་སྐུ་གསུམ་པི་ཝང་ཚུལ། །དེ་གསུམ་རྣམ་པར་དག་པ་ནི། །དེ་བཞིན་དེ་བཞིན་དེ་བཞིན་ཕྱིར། །སངས་རྒྱས་རྣམ་ཀུན་ཐ་མི་དད། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཆེན་པོར་རབ་གསལ་བས། །ཡང་དག་དབྱིངས་ལ་མཉམ་སྦྱར་བས། །ཆོས་རྣམས་ངོ་བོ་ཉིད་ཀྱི་ཞིང་། །མི་སྐྱེ་མི་འགག་མི་དགོངས་ཕྱིར། །དེ་ལ་རྟག་ཆད་མཐར་མི་ཆགས། །ཡེ་ཤེས་རིག་པས་དོན་རིག་པས། །ཉམས་སུ་བླང་མེད་རང་རིག་ཉིད། །ཡེ་ཤེས་རང་རིག་འདི་འདྲ་ཞེས། །རྡོ་རྗེ་སེམས་དཔས་བསྟན་དུ་མེད། །ཀུན་རྫོབ་བརྗོད་ཡོད་མ་རྟོགས་པ། །ཡང་དག་བདེན་པ་ཉིད་དུ་ནི། །འཁོར་བ་མྱ་ངན་འདས་པའི་ཆོས། །རང་བཞིན་མེད་པས་ཡེ་ནས་ཞི། །གཅིག་པས་དུ་མ་མེད་པར་གྱུར། །གཅིག་ལས་མཉམ་ཉིད་ཕྱོགས་བྲལ་བས། །དེ་དག་རང་བཞིན་མི་


DNG006_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཕྱིར། །ཐམས་ཅད་དེ་བཞིན་ཉིད་དུ་བཞག །རང་བྱུང་རང་ཞི་མཉམ་བཞག་པས། །མཚན་མའི་འགོག་པར་ལྷུང་མི་སྲིད། །དེ་ལྟར་དོན་ལ་རེག་གྱུར་ན། །ཅི་ལ་གནས་ཤིང་གང་ལ་ཆགས། །གང་ཞིག་འགག་ཅིང་ཅི་ཞིག་བླང་། །མ་སྤངས་ལྷུན་གྲུབ་ཀུན་ཏུ་བཟང་། །སྐུ་གསུམ་ལྡན་པས་ཕོ་བྲང་མཆོག །ལྷུན་གྲུབ་བྱ་ཡི་དབྱིབས་འདྲ་ལ། །རྩི་ཤིང་ནགས་ཚལ་སྣ་ཚོགས་ལྡན། །གཅན་ཟན་རི་དྭགས་སེམས་ཅན་རྣམས། །ཐམས་ཅད་ཐ་དད་བསམ་གྱིས་མི་ཁྱབ་གནས། །རྡོ་རྗེ་འཁོར་ལོ་འཛིན་སོགས་ཀྱི། །བླ་མེད་གནས་སོགས་ལས་ཀྱི་མཐོང་། །རྟོགས་ནས་རང་སྐལ་ལྡན་པའི་ཆོས། །སོ་སོར་གོ་བ་བསམ་མི་ཁྱབ། །དེ་ནས་དཔལ་རྡོ་རྗེ་སེམས་དཔས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་ཞལ་ཤིན་ཏུ་འཛུམ་པས་བལྟས་ནས། ཨེ་མ་ཧོ་རབ་ཏུ་གསང་བའི་མཆོག །གང་ལས་བྱུང་ནས་ཅི་ཞིག་བྱེད། །གང་དུ་འགྲོ་བ་སུ་ལ་འཚལ། །ཡངས་པ་ཆེན་པོས་བཤད་དུ་གསོལ། །ཞེས་ཆེད་དུ་གླེང་ངོ་། །དེ་ནས་བཅོམ་ལྡན་འདས་ཆེན་པོ་དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། རྣམ་དག་པ་དང་མྱ་ངན་འདས། །ཆོས་སྐུ་དངོས་ཡོད་རྣམ་དག་ཉིད། །གཞན་ལས་མ་བྱུང་རང་ལ་གནས། །སྣ་ཚོགས་རང་བཞིན་མི་གཉིས་ཏེ། །ཆ་ཤས་ཉིད་དུ་སྤྲོས་དང་བྲལ། །ཐེག་པ་སྣ་ཚོགས་ཡིན་པར་བཤད། །མཆོག་གི་དམ་པ་སྙིང་པོ་ནི། །ལུང་གི་དམ་པ་བྱང་ཆུབ་སེམས། །འགྲོ་བ་ཀུན་ལ་རང་བཞིན་གནས། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཆེད་དུ་གླེང་བ། སོ་སོ་སྐྱེ་བོས་མི་ཤེས་པས། །ཤེས་པ་གསུམ་པོ་མ་སྤངས་ཕྱིར། །སྐུ་གསུམ་ལས་ནི་རིང་དུ་འགྱུར། །སྐུ་གསུམ་ཡེ་ཤེས་ཆེ་རྟེན་འབྱུང་། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། རབ་ཏུ་གསང་བའི་ཆོས་བསམ་པར་བྱ་བ་ལ་རབ་ཏུ་གླེང་བ། བསམ་པ་བསམ་


DNG006_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱ་སྟེ། །མི་བསམ་པའང་མི་བསམ་མོ། །གང་ལའང་རྣམ་པར་མི་སེམས་པ། །དེ་ནི་དེ་བཞིན་མཉམ་ཉིད་དོ། །རྣམ་མི་རྟོག་ཏུ་ཀུན་འདུས་ཕྱིར། །ཚོར་བར་བསྒོམས་ན་ཅི་ཞིག་གནས། །ཇི་བཞིན་པ་ཞེས་བསྟན་པ་ཉིད། །རང་གི་རིག་པ་ཚངས་པ་ཡིན། །བཀྲ་ཤིས་པའི་རིག་པ་ཁུ་བྱུག་ལས་དངོས་པོ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་མཆོད་པ་རྣམ་གཉིས་མཆོད་དེ། ཕྱག་བཙལ་ཏེ་ཤིན་ཏུ་འཛུམ་པ་དང་བཅས་པའི་ངག་གིས། བཅོམ་ལྡན་འདས་ཆེན་པོ་བདེ་བར་གཤེགས་པ་ཆེན་པོ། མཐའ་དག་དབུས་སུ་བལྟ་བ་ཇི་ལྟར་ལགས། ཕྱི་རོལ་ཡུལ་ལ་ཇི་ལྟར་འཚལ། རྡོ་རྗེ་སེམས་དཔའ་འགྲོ་བ་དང་ཆོས་ཐམས་ཅད་ཀྱི་རང་བཞིན་པ་དང་། རིགས་ལྔ་ཡེ་ཤེས་ལྔར་བསྟན་པ་ཇི་ལྟར་ལགས། གསང་སྔགས་རིག་སྔགས་ཞེས་བྱ་བ་ནི་གང་། རྡོ་རྗེ་ཐེག་པ་ཆེན་པོའི་སྒོ་ནས་འཇུག་པ་དང་། མདོ་སྡེའི་སྒོ་ནས་འཇུག་པ་གཉིས་སེམས་མཉམ་པར་འཇོག་པའི་དུས་ན་ཚུལ་ཇི་ལྟར་འཇོག །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། མཐའ་སྤང་དབུས་རྟོགས་པ་ལ་ཤེས་ཡུལ་དབྱེ། །འགྲོ་བའི་ཡིད་དུ་ཀུན་གཅིག་རྡོ་རྗེ་སེམས་དཔའི་ངང་། །ཡེ་ཤེས་དབྱིངས་གསལ་སྐྱེ་མེད་ཐབས་ཆེན་གྱིས། །བྱིན་བརླབས་ཁྱད་འཕགས་རྒྱལ་བ་རིགས་ལྔར་སྣང་། །དོན་དམ་གསང་བ་གསང་སྔགས་རྒྱལ་པོ་ཆེ། །རྣམ་གྲོལ་དག་པ་རིག་སྔགས་བླ་མེད་གསུང་། །འཇུག་ལྡོག་མཐར་ཟད་བླ་མེད་ལྷུན་གྲུབ་ལམ། །སྟོང་སྨོན་མཚན་འཛིན་ལམ་མཆོག་བདེ་བ་སྒྲུབ། །ཞི་དང་གནས་དང་ལྷག་མཐོང་དག་དང་ནི། །ཀུན་གཞི་རྣམ་ཤེས་ཡོད་པའི་དངོས་ཉིད་དང་། །འཇིག་རྟེན་བལྟ་བ་རྣམ་བཞི་འདས་པའི་བལྟ། །ཁམས་གསུམ་ལས་འདས་ནོར་བུ་རིན་པོ་ཆེ། །ཕུང་པོ་ལྔ་པོ་མི་གཡོ་བྱང་ཆུབ་ལམ། །འདོད་ཆགས་ཞེ་སྡང་གཏི་མུག་ཕྲག་དོག་


DNG006_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ། །བདེ་བ་བདེ་ལ་གནས་པའི་བདེ་བ་མཆོག །རྣལ་འབྱོར་ཅིག་ཆར་འཇུག་པའི་ལམ་འདི་ནི། །འཇུག་པར་མི་རུང་ཞེས་ནི་སྐུར་འདེབས་པ། །དབང་པོ་རྟུལ་པོ་མ་རབས་ཐ་མལ་པ། །གནས་ངན་ལེན་པའི་བག་ཆགས་སྦྱང་རུང་སྟེ། །གཉིས་མེད་དོན་དམ་ཀུན་རྫོབ་བདེན་གཉིས་གཅིག །གཉིས་སུ་མི་བལྟ་སྙིང་པོ་བྱང་ཆུབ་ཉིད། །ཞི་གནས་ལྷག་མཐོང་སྟོང་པས་བརྒྱལ་བྱིང་ལ་སོགས་བྲལ། །དབེན་པའི་གྲོང་དང་གྲོང་ཁྱེར་རི་སུལ་དང་། །དགོན་པ་དབེན་པའི་ནགས་གསེབ་དུར་ཁྲོད་རྣམས། །བརྟེན་པར་བྱེད་ཅིང་བདག་བསྟོད་གཞན་སྨོད་ཅིང་། །བརྙེད་དང་བསྐུར་སྡི་དག་ལ་གང་ཆགས་པ། །མཁས་པ་མ་ཡིན་ཤིན་ཏུའང་དྲན་པ་ཉམས། །ཆོས་ལྔ་ལྡན་པའི་བྱང་ཆུབ་ཐོབ་པར་གསུངས། །སྐྱེ་བ་དག་ལ་མོས་པའི་ཉོན་མོངས་འདི། །སེམས་ཀྱི་ཚུལ་ཁྲིམས་ཉམས་ཏེ་ཞིག་པ་ཡིན། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ། རྡོ་རྗེ་སེམས་དཔས་ཞུས་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་བདག་ཉིད་དང་ལྡན་པ། ཐེ་ཚོམ་གྱི་སྒྲིབ་པ་དག་པར་བགྱི་བའི་སླད་དུ། ཞུ་བའི་སྤོབས་པ་བགྱིད་པའོ། །གཟུགས་བརྙན་རང་བཞིན་ཏིང་འཛིན་དཀྱིལ་འཁོར་གསུམ། །གཅིག་གམ་འོན་ཏེ་ཐ་དད་བསྟན་པ་དང་། །ལྷ་ཡི་དཀྱིལ་འཁོར་ཉེ་བར་བསྒྲུབ་པའི་ཚེ། །ལས་གཞན་ཕྲ་མོ་བརྩམས་པས་བསྒྲིབ་མི་བསྒྲིབ། །ཞི་ཁྲོའི་དཀྱིལ་འཁོར་སོ་སོར་མཆིས་མ་མཆིས། །ལྷ་གཅིག་བསྒོམས་པས་གཞན་དབང་འགྱུར་རམ་ཅི། །རྣལ་འབྱོར་མི་རྟོག་ཏིང་འཛིན་གསལ་གྱུར་ན། །ཏིང་འཛིན་གཞན་ལ་སྙོམས་པར་འཇུག་མི་འཇུག །སྔགས་ལ་འཇུག་པའི་རྣལ་འབྱོར་དབང་ཕྱུག་གིས། །མདོ་སྡེ་བསྒོམས་ནས་གཏན་ཚིགས་བཅལ་ན་ཀོ། །འཕགས་པ་དག་དང་མི་མཉམ་སྐྱོན་ཅི་ལགས། །བསྒོམ་དུ་མེད་པར་གཞག་ཏུ་རུང་མི་རུང་། །ལུང་དང་སློབ་དཔོན་མཁས་པས་སེམས་བཅོས་ན། །སྔགས་ཀྱི་འགྲོ་འདུ་མེད་པར་དོན་ཐོབ་བམ། །དགེ་བ་གཞན་གྱི་རྣམ་སྨིན་ཕྱི་མར་འབྱུང་། །སྔགས་


DNG006_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཚེ་འདིར་འགྲུབ་བམ་ཅི་ལས་འགྱུར། །ངེས་པའི་དབང་མ་ཐོབ་པའི་སློབ་དཔོན་གྱིས། །གཞན་ལ་དབང་བསྐུར་དབང་ཐོབ་ཕན་མི་ཕན། །ཞེས་ཞུས་པས། ཆེད་དུ་གླེང་པ། ཏིང་ངེ་འཛིན་གྱི་གོམས་པའི་མཐུར་ལྡན་ན། །རང་བཞིན་གཟུགས་བརྙན་བྱེ་བྲག་ཅུང་ཟད་མེད། །ཐམས་ཅད་སྐུ་གསུང་ཐུགས་སུ་འོད་གསལ་ན། །སྟོབས་ལྡན་གུད་ན་མེད་པས་བསྒྲིབ་མི་ནུས། །ཆོས་སྐུ་རོ་གཅིག་འགྲོ་དོན་བྱེད་མཉམ་སྟེ། །མོས་པའི་བློ་ལ་སོ་སོ་ཉིད་དུ་གསལ། །ཡེ་ཤེས་དབྱིངས་སུ་ཕྱག་རྒྱ་ཀུན་གཅིག་ཕྱིར། །བདེ་གཤེགས་གཅིག་བསྒོམ་རྒྱལ་བ་ཀུན་གྱི་ངང་། །ཏིང་འཛིན་སྙིང་པོ་མི་རྟོག་གོམས་གྱུར་ན། །ཏིང་འཛིན་གཞན་ཕྲ་དེ་ལ་སྦྱར་མི་དགོས། །གཅིག་ཅར་འཇུག་པ་གོམས་པ་མངོན་གྱུར་ན། །ཚེ་འདིར་འགྲུབ་པ་གདོན་མི་ཟ་བར་རྟོགས། །མ་རིག་བདག་ཏུ་བཟུང་ནས་བལྟ་ཉེས་པས། །སངས་རྒྱས་སེམས་ཅན་འབྱེད་པ་སྲིད་པའི་རྩ། །དོན་དམ་སྐྱེ་མེད་དངོས་པོ་མེད་བདེན་པས། །བསྒོམ་དུ་མེད་པར་འཇོག་པ་དམ་པ་ཉིད། །ཡང་དག་མ་ནོར་གདེང་ཆེན་ལྡན་པས་གང་། །བློ་ཡི་གཏིང་དུ་ཤིན་ཏུ་ངོམས་བྱས་ནས། །བཙལ་མི་དགོས་པའི་ནོར་བུ་རིན་པོ་ཆེ། །དགེ་སྡིག་གཉིས་ཀྱི་འབྲས་བུ་སོ་སོར་སྨིན། །ཐེག་དམན་གཉིས་ཀའི་རྒྱུ་ལ་བཞུགས་ཡོད་ཕྱིར། །ཞེ་སྡང་ལ་སོགས་ངན་སོང་རྒྱུ་ཉིད་ད་ལྟ་དག་པའི་ཕྱིར། །ཚེ་འདིའི་འབྲས་བུ་ཐོབ་པ་དེ་ཉིད་མོད། །དུས་གསུམ་རྒྱལ་བའི་གསང་ཆེན་ངེས་པའི་དབང་། །བྱིན་ནམ་བསྟན་ནམ་མཐོང་བར་མ་བྱས་ན། །རྡོ་རྗེ་རྒྱལ་པོ་ཡོན་ཏན་དབང་མེད་པས། །ནོང་བུ་རྒྱལ་སར་བསྐོས་པ་ཇི་བཞིན་དུ། །དབང་བསྐུར་བྱས་པས་བདག་གཞན་བརླག་པར་འགྱུར། བཀྲ་ཤིས་པ་རིག་པའི་ཁུ་བྱུག་ལས། མདོར་བསྡུས་པ་མདོ་སྡེའི་དགོངས་པ་དང་ཞུས་པའི་ལན་དང་བཅས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། བཙལ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །རྡོ་རྗེའི་སེམས་ནི་གསུང་


DNG006_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་སྦྱང་བ་མ་ལུས་དེ་དབང་བསྒྱུར། །རྡོ་རྗེ་འདུ་འབྲལ་མེད་དེ་བདེ་བ་ལ་གནས་རྡོ་རྗེའི་དབང་། །རྡོ་རྗེ་དེ་ནི་སྐྱེ་དང་འགག་པ་མེད་དེ་ཡངས་ཤིང་ཟབ། །དེ་ཕྱིར་རྡོ་རྗེ་ཟབ་མོ་ཡངས་ཤིང་ཟབ་པའི་གཏིང་ནི་ལྟ་བ་རྡོ་རྗེ་ཡིན། །རྡོ་རྗེ་ནམ་མཁའ་ལྟ་བུ་དེ་ནི་ཐམས་ཅད་སྐྱེད་པའི་རྒྱུ་སྟེ་གཞི་མ་ཡིན་པས་ཆེ། །དེ་ཕྱིར་རྡོ་རྗེ་ཀུན་འབྱུང་སྙིང་པོ་མ་བཙལ་བཞག་ནས་བསྒོམ། །སེམས་ཀྱི་ངང་ཉིད་ཁ་དོག་དངོས་མིན་ཇི་བཞིན་ཏེ། །གང་ནས་མ་བྱོན་ཕྱི་རོལ་ནང་རོལ་གཉིས་ཀ་མིན། །ཤེས་རབ་ཚོགས་ཀྱི་སྙིང་རྗེའི་བརླན་དང་མ་བྲལ་ཐམས་ཅད་སློངས། །ལོག་རྟོག་མཚན་མའི་འདུ་ཤེས་ཐམས་ཅད་དེ་ལས་འབྱུང་། །སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་པ་བཅུ་ཡང་རང་བཞིན་རྫོགས། །ལམ་འདུས་རིམ་པ་ས་དང་འཇུག་ལྟ་ཐམས་ཅད་འགྲུབ་པ་ཡིན། །སྤང་ལེན་མེད་པར་ཆོས་འདི་སྒྱུ་མར་གནས་པས་ན། །ལུས་ངག་ཡིད་གསུམ་ཡང་དག་པ་ཉིད་ཡེ་ནས་ཤེས་པ་ཡིན། །སངས་རྒྱས་ཆོས་ལ་གུས་ཤིང་རྙེད་འདོད་དྲན་པ་ཤེས་རབ་མིན། །གཏོང་བ་ཚུལ་ཁྲིམས་ཆོས་སེམས་པ་ལ་བྱང་ཆུབ་རིང་སྟེ་གནམ་ས་བཞིན། །ཐམས་ཅད་ཀུན་ཏུ་བཟང་པོའི་ངང་དུ་གཅིག་པར་ཤེས་པར་བྱ། །མཐའ་ཡས་རབ་ཏུ་མཐའ་ཡས་པ་ཡི་སེམས་ཅན་ཐམས་ཅད་ཀུན། །རང་བྱུང་རྣམ་དག་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱས་ལ་སོགས་ཕྱག་རྒྱ་འབར་བ་ཉིད་དུ་དོན་འདི་སྣང་བས་མིན། །སྣང་སྲིད་ལྷུན་གྱིས་རྫོགས་པར་ཤེས་པས་ཐབས་ཀྱི་ཐབས། །མེད་པའི་རྒྱུ་ལས་ཡོད་པའི་དངོས་པོར་འོད་གསལ་བ། །གདོད་ནས་དག་པའི་དཀྱིལ་འཁོར་ལ་སོགས་པ་ཡི་ཚོགས། །སྣང་ཡང་དངོས་པོ་མེད་པའི་ཚུལ་ཡིན་ན། །དེ་ལ་ཇི་ལྟར་བརྟགས་ཀྱང་དངོས་པོ་ཅི་ཞིག་ཡོད། །དཔེ་དང་ཚད་མ་གཏན་ཚིགས་རྗེས་སུ་དཔག་པ་ཡིས། །ཡ་མཚན་རྨད་ཀྱི་ཆོས་འདི་རྟོགས་པར་ནུས་པ་མ་ཡིན་ཏེ། །རྟག་པར་ཀུན་རྫོབ་རྣམ་པར་སྣང་མཛད་སྐུ། །ཡིད་བཞིན་ནོར་ལྟར་དགོས་དགུ་འབྱུང་བའི་གཞི། །དེ་བས་གསང་སྔགས་བདག་ཉིད་ཆེན་པོ་འདི། །དངོས་གྲུབ་བྱིན་རླབས་གཏམས་པའི་ཐབས་ཤེས་ཅན། །བསམ་ཡས་གཏིང་དཔག་དཀའ་བ་རྒྱལ་པོ་འདྲ། །ཁམས་གསུམ་ལས་འདས་བྱང་ཆུབ་རིན་པོ་ཆེ། །སྟོར་བས་བཙལ་ཀྱང་རྙེད་པར་ག་ལ་འགྱུར། །


DNG006_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ཆེན་པོ་ཀུན་ཏུ་ཆུབ་གནས་པའི། །ཐབས་དང་ཤེས་རབ་རྣམ་ལྡན་ཡེ་ཤེས་སྙིང་པོ་ཉིད། །ཟླ་གསང་ཐིག་ལེ་སྐྱེ་འགག་བདག་ཏུ་རྫོགས། །སྐྱེས་ཆེན་ཐུགས་ལ་རྟག་ཏུ་གསལ་བའི་སྐུ། །ཐམས་ཅད་ཡེ་སངས་རྒྱས་པའི་རྫོགས་ཆེན་འདི། །མ་བཀག་ཅི་བདེར་གནས་པའི་ཐབས་པོ་ཆེ། །མི་བསྒྲིབ་གསལ་བར་གནས་པས་པདྨ་ཅན། །གཉིས་མེད་ཐིག་ལེར་འདུས་ཤིང་བརྗོད་ལས་འདས། །བཀྲ་ཤིས་པ་རིག་པའི་ཁུ་བྱུག་གི་རྒྱུད་ལས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་གསང་བ་ཁྱད་པར་དུ་བསྟན་པ་ཆེད་དུ་བརྗོད་དེ། ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པའི་རྒྱལ་བའི་ཚེ། །དཀར་མཐིང་སེར་པོ་ལེ་བརྒན་ལྗང་གུའི་མདོག །གསལ་བ་སྲ་བ་མཉེན་པ་དྲོ་བ་དང་། །གཉིས་མེད་འཁྲིལ་བ་གཞོན་ཚུལ་ཆགས་པར་བཞུགས། །མཐོང་ཐོས་བསྣམས་དང་མྱངས་པ་དག་པའི་དབང་། །མཐོང་བྱ་མཉན་བྱ་བསྣམ་བྱ་མྱང་བྱ་རྣམས། །མཐོང་བྱེད་ཐོས་བྱེད་སྣོམ་བྱེད་མྱོང་བྱེད་དང་། །འདས་དང་ད་ལྟར་བྱུང་དང་མ་བྱོན་ཚོགས། །གཉིས་མེད་འཁྲིལ་བ་རྒྱལ་བ་ཡབ་ཡུམ་ཚུལ། །མཐར་བྱེད་རེག་དང་རེག་བྱད་རེག་ཤེས་དང་། །རྟག་ཆད་བདག་དང་མཚན་མར་མ་ཡིན་རྣམས། །གདོད་ནས་དག་པའི་ཡབ་ཡུམ་དཀྱིལ་འཁོར་རྫོགས། །ཡང་དག་བདེན་པའི་འབྲས་བུ་ཀུན་རྫོབ་རྒྱ། །འཇིག་རྟེན་པ་དང་འཇིག་རྟེན་འདས་པའི་ཞིང་། །དཀྱིལ་འཁོར་སྤྱོད་ཡུལ་དཀྱིལ་འཁོར་གསུམ་དུ་འདུས། །འབྲས་བུ་སྨིན་པའི་རྒྱུ་རྐྱེན་འདུས་པའི་མཐུ། །རྡོ་རྗེ་སེམས་དཔའ་ཀློང་ཆེན་ལམ་གྱི་མཆོག །གདོད་ནས་མི་སྐྱེ་མི་འཆི་དགོངས་པ་དག །ཀུན་ཏུ་ཁྱབ་གདལ་ཡེ་ཤེས་ཆེན་པོའི་སྦུབས། །སྙིང་རྗེའི་རྩལ་ཆེན་བརྩེར་མེད་ཀུན་སངས་རྒྱས། །བདེ་ཆེན་བདག་རྣམས་མཚན་མ་རྣམ་པར་སྤང་། །ཆེ་བའི་ཡང་ཆེ་མཚོ་ལྟར་ཟབ་པའི་ཕྱིར། །ཇི་བཞིན་མི་བསྐྱོད་བྱ་མེད་རྣམ་པར་གྲོལ། །རང་བྱུང་ཡེ་ཤེས་འབྱུང་བ་འབྱུང་བའི་མཆོག །གཞན་ནས་མ་ཡིན་འགྲོ་བ་ཀུན་ལ་གནས། །ཐུན་མོང་བདེ་བ་བྱང་ཆུབ་རྙེད་དཀའ་བ། །ཞིང་དང་སྤྱོད་ཡུལ་ཡོངས་སུ་


DNG006_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་པ་མིན། །སྣང་མེད་ནམ་མཁའ་ལྟ་བུར་རབ་འབྱོར་བས། །དེ་ལ་མི་བཙལ་དེ་བཞིན་རྣམ་པར་གཞག །མཆོག་གི་མཆོག་ཏུ་གྱུར་པའི་ཐེག་པའི་མཆོག །ཐིག་ལེ་གཅིག་ཏུ་ཟླུམ་ཀྱང་བརྗོད་དུ་མེད། །དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོའི་སྙིང་པོ་འབྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིགས་ལྔ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བཏོན་ཏོ། །བཏོན་ནས་ཡེ་ཤེས་ཆེན་པོ་འོད་འབར་བའི་སྐུ་ལྔར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བདག་པོ་མཉེས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཙུན་མོའི་ཚོགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས། དྷཱ་ཏྭཱི་ཤྭ་རི། དྭེ་ཥ་ར་ཏི།མོ་ཧ་ར་ཏི། རཱ་ག་ར་ཏི། བཛྲ་ར་ཏི་རྣམས་ཕྱུང་ནས་མཉེས་པ་ཆེན་པོའི་བཙུན་མོ་ལྔར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཏ་ཀྲྀ་དང་བཞི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དེ་ཕྱུང་མ་ཐག་ཏུ་སྒོ་བ་འབར་བ་བཞིར་གྱུར་ཏེ།དེ་ནས་བཅོམ་ལྡན་འདས་ཀྱིས། དེ་ཉིད་མི་སྣང་བར་བྱ་བའི་ཕྱིར། བླ་མེད་ཡེ་ནས་ཁྱབ་པས་མི་འཛིན་གཏོར། །ཐིག་ལེ་རྩལ་ཐག་ཆད་པས་ལས་རྣམས་རྫོགས། །མི་རྟོག་མཉམ་ལས་འདས་པས་བགེགས་རྣམས་ཞི། །མཉམ་རྫོགས་བརྗོད་དུ་མེད་པ་སྙིང་པོའི་གཙོ། །མཁའ་ལྟར་མི་གཡོ་རང་བཞིན་བཏབ་པའི་རྒྱ། །ཅིས་ཀྱང་ཁྱོད་ཉིད་ཡེ་ཤེས་གསལ་བའི་ངང་། །མི་འདོར་ཚིག་བྲལ་ལྷུན་རྫོགས་མཉམ་མ་ཉིད། །དཀྱིལ་འཁོར་ཆེན་པོར་རང་བཞིན་གནས་པའི་རྒྱ། །ཐམས་ཅད་ཡེ་ནས་དག་པའི་ལྷག་མ་མེད། །མི་འགྱུར་སྙིང་པོར་གྱུར་པས་དྲང་པོའི་མཆོག །མཐའ་ལས་མཁའ་བཞིན་གནས་པས་མི་མཉམ་མེད། །བཙལ་བ་མེད་པས་གཞན་ལ་ལྟོས་མ་ཡིན། །ལྷུན་གནས་བདེ་ཆེན་མཚུངས་པའི་རྒྱལ་པོ་འདི། །མིང་ཙམ་ཚིག་ཏུ་འདི་ཞེས་བཏགས་ནས་ནི། །བསྟན་དུ་རྡོ་རྗེ་སེམས་དཔའ་ངས་མ་བསྟན། །ཐབས་དང་ཤེས་རབ་རྣམ་པ་ལྡན་བྱས་


DNG006_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྙིང་རྗེ་སྒྱུ་མའི་ཕྱག་རྒྱ་འཛིན་འདོད་གང་། །དེ་ལ་འཛིན་པ་ཡོད་ཕྱིར་སྐྱོན་ཡིན་ཏེ། །སྙིང་པོའི་རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་འདོད་པ་དཔུང་མི་དགོས་པར་སྣང་། །སྣང་སྟོང་ཕྱག་རྒྱར་རྩོལ་བས་བདེ་འདོད་པ། །བླ་མེད་ཐེག་པའི་སྒྲིབ་ཤིང་སྐྱོན་ཅན་ཡིན། །ཡིག་འབྲུས་བསྐྱེད་པའི་ཕྱག་རྒྱ་བཞི་ལྡན་སྐུ། །ཆ་ལུགས་གསལ་བར་ཆུ་ཟླ་བཞིན་སྣང་སྟེ། །སྣང་སྟོང་ངོ་བོ་ཉིད་དུ་བསྒོམས་གྱུར་ཀྱང་། །བསྒོམ་པ་ཉིད་ཀྱིས་སྤྲེའུའི་སྤྱོད་ཡུལ་འདྲ། །དཀྱིལ་འཁོར་ཆེན་པོ་རྣམ་གསུམ་འོད་འབར་བས། །དབང་པོ་མངོན་དུ་གསལ་བར་གྱུར་ན་ཡང་། །ཐེག་མཆོག་འདི་ལ་རེག་པ་ཡོད་མ་ཡིན། །བཀྲ་ཤིས་པ་རིག་པའི་ཁུ་བྱུག་གི་རྒྱུད་ལས། མ་ཧཱ་ཡོ་ག་རྡོ་རྗེ་ཐེག་པ་ཆེན་པོའི་གོལ་ས་ཡིན་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཚོགས་སྦྱོར་བསྒོམ་པ་མཐོང་བ་མཐར་ཕྱིན་ལམ། །ཚད་མེད་བཞིས་ནི་ཀུན་ཀྱང་སྐྱེ་བར་ནུས་པ་ཡིན། །སྐུ་གསུང་ཐུགས་ལས་བྲལ་བས་ཚོགས་རྫོགས་ཆེ་བའི་མཆོག །ལམ་མེད་པས་ན་ལམ་ལ་མི་བཙལ་བདེ་བའི་ལྷུན། །རྒྱུ་འབྲས་མི་ཕྱེད་འདུས་པའི་རྡོ་རྗེ་ཡིན། །མ་སྐྱེས་ཡེ་ནས་གནས་པས་འཇིག་པ་མེད། །གདོད་ནས་བྱང་ཆུབ་སྙིང་པོའི་རང་བཞིན་ལ། །བཙལ་བའི་བསམ་པ་ཡོད་པས་དོན་མི་རྙེད། །ཀུན་ཏུ་ཁྱབ་པས་རྟག་པ་བྱམས་པའི་སྐུ། །ཕྱག་རྒྱའི་འབྱུང་འཇུག་མེད་ཀྱང་ཉམས་པ་མེད། །འགྲོ་བའི་སྡུག་བསྔལ་སེམས་ཀྱི་འབྱུང་འཇུག་ཡིན། །ཆོས་སྐུ་ཡེ་ཁྱབ་ཀུན་ཁྱབ་རྣམ་པར་རོལ། །བསྐྱོད་མེད་ནམ་མཁའི་དབྱིངས་ལྟར་མཉམ་པར་གནས། །ཁྱད་པར་ཅིར་ཡང་མཚུངས་པ་བྱམས་པའི་མཆོག །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྤང་དུ་མེད་པའི་ལམ་ལྔ་པོ། །དེ་བཞིན་གཤེགས་པ་ཀུན་གྱི་ཐར་པའི་མཛོད། །སྤྱོད་པར་བྱ་བ་རྣམ་ཐར་ལྔ་ཉིད་ཀྱང་། །དེ་བཞིན་གཤེགས་པ་ཀུན་གྱི་སྐུ་ཡི་གསོས། །


DNG006_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་རྣམ་ལྔ་དེ་བཞིན་གཤེགས་པའི་རྒྱན། །སངས་རྒྱས་དང་ནི་སློབ་དཔོན་ཕྱག་རྒྱ་སྔགས། །ལྕམ་དྲལ་ཚུལ་དུ་བལྟ་རྣམས་ཡན་ལག་བསམ། །འདི་ཡང་བྱང་ཆུབ་ཐོབ་པའི་ལམ་པོ་ཆེ། །ཡེ་ཤེས་ཀྱི་ནི་ཚོགས་ཆེན་བསྒོམ་པ་ཡིན། །ལམ་གྱི་མཆོག་སྟེ་ཉེ་ལམ་ཉེ་རྫོགས་ལམ། །བསོད་ནམས་ཚོགས་ཀྱང་མི་སྦྱོར་མི་རུང་མིན། །ཡེ་ཤེས་དམ་པ་ཐོབ་པའི་ཚོགས་ཀྱང་རུང་། །བསམ་གཏན་རབ་ཏུ་གནས་པའི་སངས་རྒྱས་ཉིད་དང་མཚུངས། །མང་དུ་ཐོས་པས་བྱང་ཆུབ་ལ་རེག་ཀྱང་། །མི་དམིགས་མི་གནས་ཚད་མེད་སྟོང་པ་ཉིད། །ཕ་རོལ་ཕྱིན་དྲུག་ལམ་གྱི་གཏེར་དུ་གསུངས། །གདོད་འཇུག་རིམ་གྱིས་སྦྱོང་བ་དོན་ཐོབ་ལྡན། །དགེ་བཅུ་སྤྱད་མེད་ཆོས་ཉིད་དབྱིངས་ཀྱི་རྒྱན། །བཀྲ་ཤིས་པ་རིག་པའི་ཁུ་བྱུག་གི་རྒྱུད་ལས། བྱང་ཆུབ་ཀྱི་ལམ་མངོན་དུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཉིད་ཀྱི་ང་རྒྱལ་བསྐྱེད་པའི་ཕྱིར། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ། ཡེ་ནས་རྣམ་པར་རྒྱལ་བའི་ཡེ་ཤེས་དབྱིངས་ལས་འདས། །ཡེ་ཤེས་རྣམ་པར་དག་པས་གཅིག་པའི་ཕྱིར། །གྲོལ་བའི་ལས་ཀྱི་མཚན་ཉིད་ཡོད་པ་མིན། །གཅིག་དང་དུ་མའི་མཐའ་ལས་འདས་པ་ན། །ཆོས་ཀྱི་དབྱིངས་ཀྱི་མི་མཉམ་རྣམ་པར་སྤང་། །གཟུགས་ཀྱི་མཚན་ཉིད་གང་ཡིན་སངས་རྒྱས་པ། །ཐོས་བསམ་སྨོན་ལམ་བཏབ་པས་དོན་མི་རྙེད། །ཆོས་སྐུ་གཅིག་པའི་དམ་པ་མ་མཐོང་ན། །འཇའ་ཚོན་སྒྱུ་མར་འཕགས་པའི་སྐུར་དཔྱད་པས། །བསོད་ནམས་རྫོགས་པའི་སངས་རྒྱས་མཐོང་བ་མིན། །མཚན་ཉིད་མེད་པའི་ཆོས་ཉིད་ཆེན་པོ་འདི། །ཆོས་ཀྱི་དབྱིངས་ལས་སྒྱུ་མའི་མཚན་ཉིད་མིན། །ཆོས་ཀྱི་དབྱིངས་ལས་སྒྱུ་མར་གང་བསྒྲུབས་ཀྱང་། །སྒྱུ་རྩལ་རྒྱལ་བའི་ལམ་དུ་ཡོངས་མ་བསྔགས། །མི་གནས་ཆོས་སྐུ་བརྗོད་མེད་ལས་འདས་པ། །དབུ་མར་བརྗོད་དུ་མེད་དེ་དོན་དང་བྲལ། །སྒྱུ་མའི་རང་བཞིན་སྦྱང་བ་བྲལ་བ་ན། །མཁའ་བཞིན་མཐའ་ཀུན་མེད་དེ་ཕྱོགས་དང་བྲལ། །ཞི་དང་མ་ཞི་མེད་དེ་ཆོས་རྣམས་མེད། །རེ་དང་དོགས་མེད་མཉམ་པའི་རྒྱལ་པོ་ཆེ། །མཚན་མེད་དགོངས་


DNG006_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་པས་བསྒོམ་མི་དགོས། །བྱར་མེད་ལམ་ལས་འདས་པའི་ལམ་མི་རྩོལ། །རྨད་བྱུང་སྐུ་མཆོག་ཉིད་ལས་སྐུར་མི་བསྒོམ། །རེ་དོགས་ཀུན་བྲལ་ཞི་བས་རྒྱས་བཏབ་པས། །ཕྱག་རྒྱ་བཞི་ནི་སྐུ་མཆོག་ཉིད་ཀྱི་ནང་། །སྐུ་གསུམ་རྫོགས་པའི་དཀྱིལ་འཁོར་ཆེན་པོ་སྟེ། །རང་བྱུང་ཡེ་ནས་ལྡན་པའི་ཆོས་ཀྱི་སྐུ། །འགྱུར་མེད་ལྷུན་གྱིས་རྫོགས་པས་བསོད་ནམས་སྐུ། །འབྱུང་འཇུག་ཅིར་ཡང་སྣང་བས་སྤྲུལ་པའི་སྐུ། །བྱེད་སྤྱོད་ཀུན་རྫོགས་ལོངས་སྤྱོད་རྫོགས་པའི་སྐུ། །བཙལ་མེད་སྙིང་པོ་བྱང་ཆུབ་རྫོགས་པའི་སྐུ། །ཐམས་ཅད་ལྷུན་གྱི་བདག་ཉིད་ཡིན་པས་ན། །ཟིན་རྩོལ་ངལ་བས་བྱང་ཆུབ་མཆོག་ཚོལ་བ། །རྙེད་པའི་དུས་མེད་སྲིན་ལས་བལ་སྐྱེས་ཚུལ། །རྒྱལ་བར་རྟག་པར་བཞུགས་པ་ང་ཉིད་པས། །རྟག་ཏུ་བདེ་འགྲོ་ཐར་པའི་ལམ་འདོད་ན། །གྲོལ་བའི་ལམ་ཆེན་ང་ལ་བལྟ་བར་བྱོས། །གྲོལ་བའི་ལམ་ཞུགས་དྲང་པོར་འཁོར་ས་མེད། །མ་ཕྱིན་འགྲོ་སར་ཕྱིན་པ་ཉེ་ལམ་མཆོག །རྟག་ཏུ་རྒྱལ་ཉིད་མཆོད་ན་རྒྱལ་བ་མཉེས། །སངས་རྒྱས་ཞིང་སྤྱོད་མི་དགོས་ཐམས་ཅད་རྒྱས། །ཁྱབ་སྐུ་ཡེ་ནས་བརྡལ་བ་ཀུན་གྱི་ལམ། །ཡེ་ཤེས་སྣ་ཚོགས་རྒྱན་བཀྲམ་སྦྱིན་བཏང་བས། །འཁོར་ལོའི་བསྒྱུར་རྒྱལ་ནོར་ལྟར་མཚོ་ཐིགས་འདྲ། །ཡེ་ཤེས་ཆོས་དབྱིངས་བརྒྱན་པའི་སྦྱིན་པ་ནི། །ཟད་པའི་དུས་མེད་ནམ་མཁའ་ཆེན་པོའི་ཚུལ། །ནོར་བཏང་གླིང་གཅིག་བྱུར་བུར་བཏང་གྱུར་ནས། །རྒྱལ་ལ་སོགས་པ་ཀུན་ལ་ཕུལ་བྱས་པ་འང་། །ཆུ་ཐིགས་ལྟར་གྱིས་བླངས་བཞིན་ཟད་པར་འགྱུར། །ཁུ་བྱུག་དུས་བསྲུང་གཞན་གྱིས་མི་འགྱུར་ལྟར། །དབང་ཕྱུག་མངའ་བརྙེས་གཞན་ལ་རག་མི་ལུས། །ཁུ་བྱུག་གིས་ནི་གཞན་གྱི་ཡིད་སྡུད་ལྟར། །ཀུན་རྫོགས་མཆོག་གི་སྐུ་ཡིས་ཐམས་ཅད་སྡུད། །སངས་རྒྱས་ཀུན་གྱི་བདག་ཉིད་མེས་ཆེན་པོ། །ཞིང་ཁམས་དག་པའི་སངས་རྒྱས་ཀུན་གྱི་ལྷ། །དཀྱིལ་འཁོར་ཆེན་པོ་འཁོར་ལོ་རྫོགས་པའི་སྐུ། །རྒྱལ་ཀུན་མཆོད་པར་འདོད་ན་བདག་ཉིད་མཆོད། །དཀོན་མཆོག་གསུམ་མཆོད་འདུ་ཤེས་མེད་པ་བདག་ལ་གནས་པ་དབང་ལྔ་ཐོབ། རྡོ་རྗེ་ཐེག་པའི་དམ་ཚིག་མི་འདོར་བ། །ཉོན་མོངས་ལྔ་པོའི་ལས་ཀུན་སྤྱོད་པ་དང་། །སེམས་ཅན་ཀུན་ལ་སྙིང་བརྩེ་མེད་པ་དང་། །མ་བྱིན་ལེན་


DNG006_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་ཚངས་སྤྱོད་པ་དང་། །ཕྱག་རྒྱར་མི་རྩོལ་གཞན་ལ་མི་རྩོལ་བ། །རྟག་པར་རྒྱལ་བ་མི་འདའི་དམ་ཚིག་མཆོག །རྡོ་རྗེ་ཐེག་པའི་ཏིང་འཛིན་བསྟན་པ་ནི། །དེ་བཞིན་ཉིད་ཀྱི་དེ་བཞིན་དམ་པ་ཉིད། །ནམ་མཁའི་ཁམས་བཞིན་རང་བཞིན་མཉམ་གནས་པ། །སེམས་ལ་དམིགས་པའི་བདག་ཉིད་མེད་པར་བསམ། །ལྷ་ཡི་ཕྱག་རྒྱ་གསལ་བའི་ཏིང་ངེ་འཛིན། །ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་ཡིན། །རྡོ་རྗེ་ཐེག་པའི་སྤྱོད་པ་དག་པ་ནི། །དཀའ་ཐུབ་མི་མངའ་གཙང་སྦྲར་མི་རྟོག་ཅིང་། །བརྟུལ་ཞུགས་གསུམ་ལྡན་སེམས་ཅན་ཐམས་ཅད་གསོད། །ཟས་མཆོག་བཤང་གཅི་ཟ་ཞིང་རྣལ་འབྱོར་དོན་ལ་བརྩོན། །ཉོན་མོངས་ལྔ་སྤྱོད་བྱང་ཆུབ་ཆེན་པོ་འཆང་། །མཚམས་མེད་ལྔ་སྤྱོད་ཡེ་ཤེས་རོལ་པར་རྟོགས། །རྡོ་རྗེ་ཐེག་པའི་ལྟ་བའི་ངོ་བོ་ལ་བལྟ་བ། །ཤེས་རབ་འབར་བའི་མེ་ཆེན་འོད་གསལ་བས། །དབྱིངས་དང་ཡེ་ཤེས་གཉིས་ཀྱང་མེ་འོད་བསྲེགས། །དཀྱིལ་འཁོར་གསུམ་དུ་མི་བལྟ་དེ་བཞིན་ཉིད་མི་གདབ། །སྣང་སྟོང་ཕྱག་རྒྱར་མི་འདོད་མཉམ་ཉིད་ཏིང་འཛིན་འདས། །གང་ལ་མི་བརྟེན་གང་ལའང་གྲུབ་པ་མེད། །གདོད་ནས་མཐའ་དག་དེ་བཞིན་དེ་བཞིན་ཉིད། །དེ་ཡི་ཚིག་འདས་སངས་རྒྱས་ཡ་སངས་རྒྱས། །རྡོ་རྗེ་ཐེག་པ་ཆེན་པོའི་འབྲས་བུ་བསྟན་པའོ། །མ་བཙལ་མ་བསྒྲུབས་རང་བཞིན་གནས་པའི་ས། །ས་རྫོགས་པདྨ་ཅན་དང་ཀུན་ཏུ་འོད་ལས་འདས། །འབྲས་བུ་ལྷུན་གྲུབ་ཡེ་ནས་དག་པའི་ས། །རྡོ་རྗེ་ཐེག་པའི་ལྟ་བ་དང་། དམ་ཚིག་དང་། སྤྱོད་པ་དང་། བསྒོམ་པ་དང་། རང་བཞིན་དང་། འབྲས་བུ་ཀུན་གཅིག་ཡིན་པར་བསྟན། །ལྟ་སྤྱོད་ཏིང་འཛིན་རྒྱུ་འབྲས་གཅིག་གི་ངང་། །གང་ལ་སྤྱད་ཀྱང་འཇུག་ལྟ་འབྲས་བུ་རྫོགས། །རྡོ་རྗེ་ཐེག་པའི་འབྲས་བུ་ཐོབ་ནས་ཡོན་ཏན་ཅི་འབྱུང་བ་བསྟན་པ། གབ་ཚེའི་ནོར་ལྟར་ཐམས་ཅད་ཀུན་འདུས་ཤིང་། ནམ་མཁའ་བཞིན་དུ་མ་གཡོས་ངང་གིས་འཆར། བཀྲ་ཤིས་པ་རིག་པའི་ཁུ་བྱུག་གི་རྒྱུད་ལས། རྡོ་རྗེ་ཐེག་པའི་ང་རྒྱལ་བསྟན་པ་དང་། རྡོ་རྗེ་ཐེག་པའི་དབྱེ་བ་བསྟན་པའི་ལའུ་སྟེ་དྲུག་པའོ།། །།དེ་ནས་ཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས། རྒྱུད་ཀྱི་བདག་པོ་ལ་བསྟོད་པ། ཀྱེ་བཅོམ་ལྡན་འདས། བཅོམ་ལྡན་འདས། ཆེན་པོའི་ཆེན་པོ།མཆོག་ཏུ་གྱུར་པས། ཆེན་པོ་ཁྱོད་ནི་ཆེ་བའོ། །བཟང་པོའི་བཟང་པོ་


DNG006_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་ཕྱོགས་བྲལ་དམ་པར་གྱུར་པ་ཁྱོད་ནི་ལྟ་བའོ། །ཀུན་མཁྱེན་ཀུན་གཟིགས་ཀྱི་ཡེ་མཁྱེན་རང་རིག་ཉིད་དེ་སངས་རྒྱས་ཀུན་གྱི་ཐུགས་སོ། །ཀུན་སྡུད་ཀུན་རྫོགས་ཀུན་གྱི་འབྲས་བུ་ཁྱོད་ལ་མི་འབྲལ་རྟག་ཕྱག་འཚལ། །སྐུ་ཡི་སྐུ་སྟེ་སྣ་ཚོགས་འདུལ་བ་ཡི། །ཆོས་སྐུ་དཔག་མེད་རྟག་ཕྱག་འཚལ། །གསུང་གི་གསུང་སྟེ་སྣ་ཚོགས་འདུས་པའི་གསུང་། །གསུང་མཆོག་ཀུན་ཏུ་གྲགས་པ་ཁྱོད་ལའང་རྟག་ཕྱག་འཚལ། །ཐུགས་ཀྱི་ཐུགས་ཏེ་སྣ་ཚོགས་འདུས་པའི་དེ་བཞིན་ཉིད་དེ་དེ་ལའང་རྟག་ཏུ་བདག་ཕྱག་འཚལ། །མི་འདའ་འདའ་བར་མི་མཛད་དམ་ཚིག་རྡོ་རྗེ་ཅན་གྱི་སྐུ་ཁྱོད་ལའང་རྟག་ཕྱག་འཚལ། །ཀུན་བྱས་དབང་ཕྱུག་ཀུན་གྱི་སྣ་ཚོགས་ཀུན་གྱི་དཔལ། །མགོན་ཁྱོད་ལའང་རྟག་ཏུ་བདག་ཕྱག་འཚལ། །དཀྱིལ་འཁོར་སྙིང་པོ་དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་ཆེན་པོ་ཁྱོད་ལ་མཆོད་པ་འབུལ། །ཁྱོད་ཀྱི་རང་བཞིན་སྦུབས་ཀྱིས་མ་གཡོགས་གང་ཡང་མེད་པས་ཁྱོད་ནི་བྱམས་པའི་མཆོག །ཡངས་པ་ཆེན་པོ་ཁྱོད་ཀྱི་སྒོ་ནས་འཇུག་པའི་དཔའ་བོ་འཇུག་མཁན་དེ་ལའང་རྟག་ཕྱག་འཚལ། །སྙིང་པོའི་སྙིང་པོར་བལྟ་བའི་ལྷ་སྙིང་ཅན་དེ་ལའང་གཞན་ཕྱག་འཚལ། །ཀྱེ་བཅོམ་ལྡན་འདས། བཅོམ་ལྡན་འདས། རེ་མཛེས་དབང་ཕྱུག་ཁྱོད་ནི་གཞར་མི་གཏོང་བར་འདོད། །རྡོ་རྗེ་མཆོག་འཛིན་བདག་གིས་གཞན་ཕྱག་འཚལ། །དེ་བཞིན་སེམས་དཔའ་རྣམས་ཀྱང་ཕྱག་འཚལ་བར་ཤོག །ཡང་དམ་ཁྱོད་ལ་ཕྱག་འཚལ་བ་ནི་བཀྲ་ཤིས་མཆོག་བཀྲ་ཤིས། ཞེས་རྒྱུད་ཀྱི་བདག་པོ་ལ་བསྟོད་ནས། མཆོག་ཏུ་ལན་གསུམ་ཕྱག་འཚལ་ནས། ཡང་བསྟོད་པ། རྒྱུད་ཀྱི་རྒྱལ་པོ་ཆེ་མཆོག་ལ། གདོང་དུ་ཐལ་མོ་ཟུང་སྦྱར་ནས་ཕྱག་འཚལ་ཏེ། སེམས་དཔའ་དག་པས་ཁྱོད་ལ་ཕྱག་འཚལ་བསྟོད། །བསྟོད་པའི་རྒྱལ་པོ་རབ་ཏུ་བསྟོད་པས་བསྟོད། །དེ་ལྟར་བསྟོད་པས་མཆོག་ཁྱོད་གྲགས་ནས་ནི། །སངས་རྒྱས་ཀུན་གྱི་བསྟོད་པ་དེ་ལྡན་ཤོག །ཅེས་རྒྱུད་ཀྱི་རྒྱལ་པོ་ལ་བསྟོད་པས། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། རྡོ་རྗེ་འཛིན་པ་ལ་རྒྱུད་གཏད་པ། ཀྱེ་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཆེན་པོ། །རྒྱལ་བ་ཀུན་གྱི་ཐུགས་ཏེ་ཐུགས་ཀྱི་བདག །རྒྱལ་བར་བསྟོད་པའི་ལྷ་ཡི་ལྷ་ཁྱོད་ལ། །ཐུགས་རྗེ་ཆེ་བའི་ཐུགས་ཀྱི་གཏེར་ཆེན་མཛོད། །རྡོ་རྗེ་ཐེག་པ་ཐེག་པའི་བླར་གྱུར་པ། །བསྟན་པ་ཆེན་པོ་རྡོ་རྗེ་འཛིན་ལ་


DNG006_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །རྡོ་རྗེ་འཛིན་པར་ཁྱོད་ནི་བསྔགས་པའི་ཕྱིར། །རྒྱུད་མཆོག་རྒྱལ་པོའི་བསྟན་པ་གཟུང་དུ་གསོལ། །སྐྱེས་བུ་ཐབས་ལ་མཁས་པའི་དཔལ་ལྡན་ལ། །རྒྱལ་བ་སྐྱེ་བའི་གསང་མཆོག་གཏད་དོ་གཏད། །ཅེས་རྡོ་རྗེ་འཛིན་པ་བོས་ནས། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་གཏད་དོ། །དེ་ནས་རྡོ་རྗེ་འཛིན་པ་ཆེན་པོས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། གདོང་དུ་ཐལ་མོ་བཟུང་ནས།ཀྱེ་བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །བདེ་བར་གཤེགས་པའི་ལེགས་སོ་ལེགས་སོ། །ཡོངས་སུ་གཏད་པའི་རྒྱུད་ཀྱི་རྒྱལ་པོ་འདི། །ཆུད་མ་ཟོས་པར་གསང་བར་གཏད་པས་ན། །ལེགས་པར་གཟུང་ལ་བརྟེན་པར་བྱ་བ་ཡིས། །རྡོ་རྗེ་འཆང་བ་མིན་ན་གསང་བར་བགྱི་བ་འམ། །རྡོ་རྗེ་མཆོག་འཛིན་པ་འདི་སུ་ལ་གཏད་ཅེས་བཅོམ་ལྡན་འདས་ཆེན་པོ་ལ་ཞུས་པས། བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་ཁྱོད་བཞིན་འཛིན་ཅིང་གསང་བའི་རྡོ་རྗེས་འགྲོ་དོན་འདོད་ལ། ཁྱོད་ལ་གཏད་པ་ཇི་བཞིན་དུ། །དེ་བཞིན་དེ་བཞིན་གཏད་པར་བྱ། །རྡོ་རྗེ་འཛིན་པ་མ་ཡིན་ཡང་། །སྐྱེས་བུ་སེང་གེའི་སེམས་ཡོད་ཅིང་། །རབ་ཏུ་གཅེས་དང་ཡིད་འཐད་པའི། །ནོར་གྱི་དབྱིག་ཏུ་གང་འགྱུར་དང་། །རིན་ཆེན་ནོར་བུས་གང་བཀང་ནས། །རིན་ཆེན་ནོར་བུའི་ཐེག་པ་འདི། །ཆད་དམ། གང་ཞིག་རྒྱུད་འདི་འཛིན་པར་བྱེད་པ་ལ། །འཕྲལ་དུ་ནོར་དབྱིག་མི་སྟེར་ན། །དེ་ལ་སེང་གེའི་སེམས་མེད་པས། །དེ་ནི་སྒྱུ་མཁན་དམྱལ་སོགས་མཁན། །འདིས་ནི་དངོས་གྲུབ་ངེས་མི་ཐོབ། །དེ་ལ་འདི་ཡི་དབང་ཡང་མེད། །བདུད་ཀྱིས་བསླུས་པའི་མི་དེ་ནི། །ཁ་གསགས་གཡོ་སྒྱུས་འདི་བཟུང་བས། །རྡོ་རྗེ་འཛིན་མིན་བདུད་ཀྱི་བུ། །འདི་ལ་འདོད་པའི་བར་ཆད་ནས། །ཚེ་འདིའི་བསམ་པ་ཀུན་ཡལ་ཏེ། །འདི་ཡི་བག་ཆགས་ཅི་བྱས་ཀྱང་། །སྒྱུ་མཁན་ཡི་དྭགས་གནས་སུ་སྐྱེ། །དེ་ཕྱིར་རྒྱུད་མཆོག་འདི་གཏད་ན། །ང་ཡིས་ཁྱོད་ལ་གཏད་པ་བཞིན། །རིམ་གྱིས་དེ་བཞིན་གཏད་པར་བྱའོ། །དུས་ངན་སྨིན་པར་གྱུར་པའང་། །འཕྲལ་དུ་ནོར་དབྱིག་མི་སྟེར་ན། །མ་རབས་དེ་ལ་འདི་སྣོད་མེད། །གཏོད་དང་འཛིན་པ་གཉིས་ཀ་ནི། །རུལ་མྱགས་ཚིག་ནས་དམྱལ་བར་འགྲོ། །བཀྲ་ཤིས་པ་རིག་པའི་ཁུ་བྱུག་གི་རྒྱུད་ལས། རྒྱུད་ཀྱི་རྒྱལ་པོ་ལ་བསྟོད་པ་དང་། རྒྱུད་གཏད་པ་དང་། ཕྱིས་ཇི་ལྟར་གཏད་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །། བཀྲ་ཤིས་པའི་རྒྱུད་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་དང་། བོད་ཀྱི་ལོཙྪ་བ་བཻ་རོ་ཙ་ནས་བསྒྱུར་བའོ།། །།

རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ཅེས་བྱ་བ།


DNG006_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་སནྟི་དྲྀཥྚི་ཛྙཱ་ན་ནིམྣ་པཱུརྞྞ་ཏནྟྲ་ནཱ་མ།བོད་སྐད་དུ། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ཅེས་བྱ་བ།བཅོམ་ལྡན་འདས་དཔལ་ཀུན་རིག་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་གོ་ཞིང་རྟོགས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་རིག་རྒྱལ་པོ་དེ།རང་བྱུང་སེམས་ལ་ངོ་བོ་ཉིད་ཀྱི་སྐུ། །དེ་ཉིད་ཆོས་སྐུ་སྟོན་པ་ཀུན་ཏུ་བཟང་། །འོན་མིན་བདེ་ཆེན་གནས་མཆོག་ཆོས་ཀྱི་དབྱིངས། །ཕྱི་ནང་མེད་པར་མཛེས་ཤིང་འོད་གསལ་བའི། །ཡིད་བཞིན་རྒྱན་གྱིས་སྤྲས་ཤིང་བལྟ་ན་སྡུག །ཡངས་དོག་མེད་པའི་གཞལ་ཡས་ཁང་ན་བཞུགས། །གསུང་བ་མི་མངའ་ཆོས་ཉིད་རང་བཞིན་ནི། །རང་གི་སེམས་ཉིད་བརྗོད་དུ་མེད་པའི་དོན། །ཡེ་ནས་མ་བཅོས་རང་གི་ངོ་བོ་ཉིད། །སྐྱེ་མེད་ཐུགས་ལ་རང་བཞིན་དོན་གྱིས་གསང་། །མ་རིག་ཡེ་ཤེས་གདོད་ནས་མེད་པའི་དུས། །སྔ་ཕྱིའི་སེམས་ལ་འཕོ་འགྱུར་མེད་པའི་ཚེ། །ངོ་མཚར་རྨད་བྱུང་ཆོས་ཉིད་རྒྱལ་པོ་དེ། །མ་བཙལ་སེམས་ལས་བྱུང་བས་ངོ་བོ་ཉིད་ཀྱི་སྐུ། །དེར་འདུས་ཉིད་ལས་མི་གཞན་རིགས་ལྔའི་འཁོར། །རིག་པས་འདུས་པ་ས་བཅུའི་སེམས་དཔའི་འཁོར། །སྤྲུལ་པ་ཆོས་སྐྱོང་མཁའ་འགྲོ་དད་ཉན་འཁོར། །ཏིང་ངེ་འཛིན་ལ་འདུས་ནས་ཡིད་ཀྱིས་འཁོར། །དེའི་ཚེ་འཁོར་རྣམས་ཞི་གནས་ཀྱི་བསམ་གཏན་ལ་ཞེན་པའི་རྟོག་པ་གསལ་བར་གཟིགས་ནས། འདི་སྐད་ཅེས་རྡོ་རྗེ་སེམས་དཔས་གསོལ་ཏོ། །བསྒོམ་མེད་གནས་ལུགས་དོན་ནི་གང་ལ་བྱ། །སྣོད་བཅུད་སྐལ་ལྡན་གང་གིས་གཟུང་བར་བགྱི། །སྟོན་པ་ཀུན་རིག་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་གསོལ་པའི་ཚིག་གསན་ཐུགས་ཀྱིས་ནི། །འདུས་པའི་ཚོགས་ལ་ཀུན་རིག་སྟོན་པས་བཀའ་སྩལ་པ། །བསྒོམ་མེད་ལྟ་བའི་གནས་ལུགས་ངས་བཤད་དུ། །སངས་རྒྱས་ཀུན་ཀྱང་སྔངས་ཤིང་སྐྲག་པའི་ཕྱིར། །གནོད་སྦྱིན་སྲིན་པོ་ཡི་དྭགས་གྲུལ་བུམ་ཚོགས། །འཇིག་རྟེན་ལྷ་མི་རྣམས་ཀྱང་སྔངས་འགྱུར་བས། །རྒྱུད་འདི་ལ་ནི་འགལ་སེམས་སྡིག་ཅན་རྣམས། །དམྱལ་


DNG006_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བར་ངེས་འགྲོ་གཏན་དུ་སྙིང་རེ་རྗེ། །དཔེར་ན་རྒྱ་མཚོ་མ་ལུས་ཀུན་བརྒལ་ཡང་། །ཡིད་བཞིན་ནོར་བུ་རྙེད་པར་དཀའ་བ་བཞིན། །སྣོད་ལྡན་སློབ་མ་དད་ལྡན་ཤིན་ཏུ་དཀོན། །དེ་ཕྱིར་ཤིན་ཏུ་གསར་བའི་གཏེར་དུ་བཞག །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། དོན་གྱི་གསང་བར་གསུངས་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་སྐད་ཅེས་བཀའ་སྩལ་པས་འཁོར་གྱིས་དོན་གོ་ནས། གདུང་བ་བཏོན་ནས་ཡིད་ཀྱིས་དོན་གསོལ་པ། །མ་རིག་ལས་ཀྱི་སྡུག་བསྔལ་འཁྱམས་པའི་སེམས། །རྣམ་རྟོག་དྲ་བ་གང་གིས་གཅོད་པའི་ཐབས། །ཐུགས་རྗེ་ཆེན་པོས་མི་འཛིན་ཡི་རེ་ཆད། །སྒྲིབ་པའི་མུན་པས་འཐིབས་པ་སྙིང་རེ་རྗེ། །འགྲོ་དྲུག་སྡུག་བསྔལ་མི་གྲོལ་ཡི་རེ་མུག །རང་སེམས་ས་འཁོར་དག་ལས་མཁན་མཛོད། །སེམས་ཅན་ལས་ལ་ཐུགས་རྗེ་ཡི་ཆད་ཀྱང་། །སྙིང་རྗེས་འགྲོ་དོན་ཐུགས་དམ་མི་མཛད་དམ། །སེམས་ཅན་ལྷ་མི་རྣམས་ནི་ཤེས་པ་རྩིང་། །དབང་པོ་ཡུལ་ལ་ཡེངས་པའི་སེམས་འཛིན་གྱིས། །འཚོ་བ་དཀོན་ཞིང་ཚེ་ཐུང་ནད་མང་བས། །ཐར་ལམ་མི་ཐོབ་སྐྱེ་ཤི་འཆི་ལ་རྟག །དེ་ཕྱིར་ལུས་ངག་འདུས་བྱས་ཆོས་སྤྱོད་ཀྱང་། །ལོང་མེད་མཐའ་རིང་བསྒྲུབ་པར་དཀའ་བའི་ཕྱིར། །སྙིང་པོ་མན་ངག་རྟོགས་པར་བྱ་བའི་ཕྱིར། །བསྒོམ་དུ་མེད་པའི་ཆོས་ཉིད་ཐུགས་རྗེས་གསུངས། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། གདུང་བ་བཏོན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འདུས་པའི་ཚོགས་ཀྱི་ནང་ནས་རྡོ་རྗེ་སེམས་དཔའ་ལ་ཐུགས་ཀྱིས་གཟིགས་ནས་ངེས་པར་བཀའ་སྩལ་པ། བསྒོམ་དུ་མེད་ལ་མི་འབྲལ་གདམས་ངག་རྒྱུན། །རྡོ་རྗེ་སེམས་དཔས་ཐུགས་ནས་བརྒྱུད་པ་ཡིས། །ང་ཡིས་བྱིན་གྱིས་བརླབས་པའི་མཁས་པ་ལ། །རང་སེམས་རྟོགས་འདོད་སློབ་མ་ལས་ཅན་གྱིས། །དད་པས་ཤིན་ཏུ་རང་ཉིད་དུལ་བྱས་པས། །ལུས་དང་ལོངས་སྤྱོད་སྲོག་ལ་མི་བལྟ་བར། །སྲིང་མོ་བུ་མོ་ལ་སོགས་རབ་བརྒྱན་ཏེ། །རྟ་དང་གླང་པོ་ནོར་གྱི་དབྱིག་རྣམས་ཀྱང་། །


DNG006_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྣ་མེད་པས་བླ་མ་དག་ལ་དབུལ། །དེ་ཡང་འདུས་པའི་སེམས་དཔའ་རྡོ་རྗེ་ཉོན། །ཆོས་ཕྱིར་བརྩོན་འགྲུས་ཆེ་ལ་དམ་ཚིག་ལྡན། །བློ་བརྟན་ཤེས་རབ་ཟབ་ཅིང་དོན་གསང་ཐུབ། །ཚུལ་ཤིས་ངང་བཟང་རྣམས་ཀྱི་དོན་གྱི་གཏེར། །དེ་དག་ཡོན་ཏན་བརྒྱ་ལྡན་སློབ་མ་ལ། །རབ་ཏུ་གསང་སྟེ་དོན་ཉིད་སྟོན་པ་ཡི། །བླ་མ་མཁས་པ་མཐའ་བཅུ་རྫོགས་པ་ལ། །མཉེན་ཞིང་དལ་ལ་ཐུགས་རྗེ་རབ་ལྡན་ཞིང་། །སྲིད་པར་ཆོས་རྣམས་ཞུས་ཀྱང་ཟད་མེད་པའི། །དམ་པའི་མཛོད་ཀྱི་གཏེར་ལྡན་སྟོན་ལ་མཁས། །དཔེར་ན་སེང་གེས་འཇིགས་པ་རྩད་གཅོད་བཞིན། །བློ་དངོས་གཅིག་པར་སྟོན་ལ་གུས་པས་ཞུས། །དེ་ནས་འདུས་པའི་སེམས་དཔའ་རྡོ་རྗེ་ཉོན། །ཡང་དག་དོན་གྱི་ལྟ་བ་གསང་བ་འདི། །གང་ཟག་ཕྱིན་ཅི་ལོག་དང་བལྟ་དམན་པ། །ཐོས་པ་ཆུང་ལ་བློ་རྟུལ་ཤེས་རབ་མེད། །ནོར་ཕངས་ཁ་རལ་ལ་སོགས་སྣོད་མེད་ལ། །འདི་བསྟན་གཉིས་ཀ་བསྲེག་ཕྱིར་རབ་ཏུ་གསང་། །དེ་སྐད་གསུངས་མ་ཐག་ཏུ་ཡིད་དགའ་ནས། །འཁོར་རྣམས་སྣོད་ཀྱི་དོན་དང་ལྡན་པར་ནི། །ཁས་བླངས་རང་དམ་བཅས་ནས་ཡིད་བསྡུས་ཏེ། །མགྲིན་གཅིག་ལྷགས་ནས་འཁོད་གྱུར་ཏོ། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། སྣོད་བཅུད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་ཀུན་རིག་རྒྱལ་པོ་ཡིས། །ཆེད་དུ་བརྗོད་པའི་དོན་འདི་བཀའ་སྩལ་ཏོ། །འགྲོ་དྲུག་སེམས་ཅན་མེད་པའི་གོང་རོལ་དུ། །སངས་རྒྱས་མེད་པས་ཡེ་ཤེས་མིང་ཡང་མེད། །ཀུན་བཟང་ཉིད་ཀྱང་གློ་བུར་སངས་རྒྱས་ཏེ། །མ་བཅོས་གདོད་ནས་མི་རྟོག་བློས་བསྒོམས་པས། །སངས་རྒྱས་ཉིད་ཀྱང་གདེང་མེད་གོལ་བའི་ལམ། །འོག་མའི་ཕྲ་མོའི་རྣལ་འབྱོར་སྨོས་ཅི་དགོས། །དེ་སྐད་གསུངས་པའི་དོན་གསུངས་མ་ཐག་ཏུ། འཁོར་རྣམས་སེམས་འདྲོག་སྟེ་ཡིད་མ་རངས་ཏེ་སེམས་ཀྱི་དོན་ལ་ཐེ་ཚོམ་དུ་གྱུར་ནས། ཏིང་ངེ་འཛིན་ལ་ཡིད་བྱུང་བར་གྱུར་ཏོ། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། ཆེད་དུ་བརྗོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་


DNG006_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྡོ་རྗེས་འཁོར་རྣམས་ཀྱི་བསམ་པ་ཐུགས་སུ་ཆུད་ནས་སེམས་རྟོག་བསལ་བའི་ཕྱིར་དོན་འདི་ཞུས་སོ། །དོན་གྱི་སངས་རྒྱས་ཡེ་ཤེས་གང་ལས་བྱུང་། །དོན་ལས་འཕོ་འགྱུར་མེད་པའི་བལྟ་བ་གང་། །སྣང་ལ་འཕོ་འགྱུར་སྣ་ཚོགས་ཅི་ལས་བྱུང་། །མ་བསྒོམས་སྐྱེ་བོར་མི་གོལ་ཐབས་ཅི་ལགས། །བློ་དངོས་གཅིག་པུར་རྟོགས་པའི་ཚད་ནི་གང་། །དེ་སྐད་ཡིད་ཀྱིས་གསོལ་པའི་དོན་གསན་ནས། །སྟོན་པ་ཀུན་རིག་རྒྱལ་པོ་ཆོས་རྗེ་ཡིས། །ཐུགས་ཀྱི་དཀྱིལ་འཁོར་རིན་ཆེན་སྒོ་ཕྱེ་ནས། །སངས་རྒྱས་དཔལ་གྱི་མགུར་ནས་བཀའ་སྩལ་པ། །འཁོར་འདས་གཞི་ནི་ངོ་བོ་ཉིད་ཀྱི་སྐུ། །དོན་གྱི་སངས་རྒྱས་རང་སེམས་དོན་རྟོགས་ན། །ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས། །ཡེ་ཤེས་རབ་ཏུ་ཆེ་མཆོག་ཆོས་ཀྱི་སྐུ། །མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ནོ། །འཁྲུལ་རྟོག་ཉིད་ཀྱང་ཡེ་ཤེས་བདེ་བའི་ཀློང་། །དཔེར་ན་ཁྱུང་ཆེན་གཤོག་རྫོགས་མཁའ་ལ་ལྡིང་བ་ནི། །ཆུ་ཀླུང་རི་རབ་གྱེན་ཐུར་ཉམ་མི་ང་། །བར་སྣང་ནམ་མཁའི་ཁམས་ཀུན་ལམ་དུ་བདེ། །གང་དུ་དམིགས་པའི་ས་ཕྱོགས་ཕྱིན་པར་བྱེད། །དེ་བཞིན་ཡེ་ནས་སེམས་སྦྱངས་རྣལ་འབྱོར་ཐུགས། །སངས་རྒྱས་སྙིང་པོར་རྟོགས་པའི་སྐལ་ལྡན་རྣམས། །ཆོས་སྐུ་མངོན་དུ་གྲུབ་པའི་གདམས་ངག་ཅན། །སེམས་རྟོག་ཡེ་ཤེས་ཡོན་ཏན་དེ་ལས་བྱུང་། །རྫོགས་པ་ཆེན་པོའི་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། སངས་རྒྱས་ཀྱི་ཡེ་ཤེས་འབྱུང་བར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སྟོན་པ་ཀུན་རིག་རྒྱལ་པོ་དེས་དེ་སྐད་ཅེས་གསང་བའི་དོན་གསུངས་པ་དང་འཁོར་རྣམས་ཀྱི་རྟོག་པ་སངས་ནས་གུས་པའི་བསམ་པ་མཐུན་པར་གྱུར་ཅིང་ཡིད་དགའ་ནས། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོ་ལ་བསྟོད་པ། དེད་དཔོན་སངས་རྒྱས་ཀུན་བཟང་ཆོས་ཀྱི་སྐུ། །འཁོར་བ་དོང་སྤྲུགས་ཡེ་ཤེས་ཀློང་སྟོན་པ། །རང་རིག་རྒྱལ་པོ་བྱང་ཆུབ་ཡེ་ཤེས་སྐུ། །འཁོར་བའི་མིང་མེད་སངས་རྒྱས་ལམ་སྟོན་པ། །གཟུགས་མེད་ཆོས་ཀྱི་སྐུ་ལ་ཡིད་ཀྱིས་བསྟོད། །དེ་སྐད་བསྟོད་པའི་དོན་གསན་ཡིད་ཀྱིས་ནི། །


DNG006_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་རྒྱལ་པོ་སྟོན་པ་ཆོས་རྗེ་ཡིས། །འདུས་པའི་འཁོར་གྱི་ཚོགས་ལ་བཀའ་སྩལ་པ། །དེ་ཉིད་གདེང་དུ་གོ་གྱུར་རྣལ་འབྱོར་པས། །མི་བསྒོམ་ཆེད་དུ་མི་བལྟ་རང་ཡིན་ཏེ། །སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། །མ་བསྒོམས་དབང་པོ་རང་ཡན་བཏང་ལས་བྱུང་། །སྐྱེ་བོ་མུ་སྟེགས་ཕྱི་ནང་འདྲེལ་ཆོད་ཕྱིར། །གོལ་ས་དག་ཏུ་མི་འགྱུར་དོན་ཉིད་ཡིན། །དེ་ལྟར་ཤིན་ཏུ་རྟོགས་པའི་རྣལ་འབྱོར་པས། །སྐྱེ་བ་འདི་ལས་མི་ལེན་སངས་རྒྱས་ཉིད། །དོན་ལ་ཐེ་ཚོམ་མི་ཟ་སངས་རྒྱས་ཆོས་ཉིད་དེ། །རང་བྱུང་རྒྱལ་པོ་བྱང་ཆུབ་སེམས་ཉིད་ཀྱང་། །མ་བཙལ་རང་ལ་ཡོད་པས་བསྒྲུབ་མི་དགོས། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། འཁོར་རྣམས་ཀྱི་རྟོག་པའི་གདུང་བ་བསལ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འདུས་པའི་འཁོར་ལ་ཕན་གདགས་པའི་ཕྱིར་ཀུན་རིག་རྒྱལ་པོས་བཀའ་སྩལ་པ། སངས་རྒྱས་རྒྱལ་པོ་ཆོས་ཀྱི་སྐུ་མཆོག་ཀྱང་། །འཁོར་འདས་རེག་པ་མེད་པར་སེམས་ལ་རྫོགས། །དོན་ལ་འགྱུར་བ་མེད་པས་བལྟ་བའི་ལམ། །ཡུལ་ལ་མི་ལྟོས་རང་སེམས་ཆོས་ཀྱི་སྐུ། །ནམ་མཁའ་བཞིན་དུ་ཡེ་ཤེས་མཐའ་མཉམ་པས། །གཞི་ལ་འགྱུར་མེད་རང་རིག་བྱང་ཆུབ་སེམས། །སྐྱོན་གྱིས་མ་གོས་སེམས་ཀྱི་དྲན་པ་ལ། །འཕོ་འགྱུར་མེད་པས་ཆོས་ཉིད་བརྡལ་བའི་སྐུ། །མི་སྐྱེ་མི་འགག་ལྟ་བ་རང་བྱུང་ལ། །བསྒོམས་པས་མི་རྙེད་རང་སེམས་འགྱུར་མེད་དོན། །མ་བསྒོམས་འབྲལ་མེད་ད་ལྟ་ང་ཡི་སེམས། །བསྐལ་པར་འཁྱམས་ཀྱང་སེམས་ལ་སྐྱེ་ཤི་མེད། །ཤི་མེད་ནོར་མཆོག་རིག་པ་ལྟ་བའི་མཆོག །དོན་ལ་མ་བསྒོམས་ཡེ་ཤེས་མཐར་ཕྱིན་ལམ། །སངས་རྒྱས་རེ་བ་མེད་པས་ལྟུང་མི་སྲིད། །གདོད་ནས་འགྱུར་མེད་བྱང་ཆུབ་ཆེན་པོ་ཡིན། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། དོན་ལ་འཕོ་འགྱུར་མེད་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཀུན་རིག་ཆོས་རྗེས་དོན་གསུངས་པ། །དད་པས་འདུས་པའི་འཁོར་རྣམས་ཡིད་


DNG006_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཉོན། །འཁོར་འདས་རང་བཞིན་གཅིག་ཏུ་མ་ངེས་པས། །དབང་པོ་ཡུལ་རྣམས་ཇི་ལྟར་བལྟས་པར་བདེན། །དོན་ལ་མི་བདེན་གཟུང་འཛིན་མཐུ་བརྟས་པས། །ཇི་ལྟར་གོམས་པ་བརྟས་པས་དེར་སྣང་ཕྱིར། །དངོས་པོ་བློས་བརྟགས་པས་ན་ཡོད་མིན་ཏེ། །ཡོད་ན་སེམས་ཅན་ཀུན་ལ་མཐུན་སྣང་རིགས། །གདོད་ནས་རང་འཁྲུལ་བསྒྲིབས་པའི་ལུས་ཉིད་ཀྱིས། །འགྲོ་དྲུག་མཐོང་རྟོག་སོ་སོ་སྣ་ཚོགས་པ། །དེ་ཕྱིར་སེམས་ཅན་རང་སེམས་སོ་སོར་སྣང་། །ངོ་བོ་ཉིད་ཀྱི་སྐུ་ལ་འགྱུར་བ་མེད་པའི་ཕྱིར། །བློ་ཡིས་བརྟགས་པས་གཅིག་ཡུལ་གཅིག་མིན་པས། །རང་སེམས་མ་འཁྲུལ་སྣང་བ་ཐེ་ཚོམ་མེད། །དེས་ན་གཞན་ཡུལ་རྣམས་ནི་གདོད་ནས་མེད། །འཁྲུལ་པའི་རྟོག་སེམས་འགྲོ་བ་སོ་སོའི་སེམས། །གཅིག་ན་དགེ་སྡིག་རྣམ་སྨིན་འབྲས་བུ་ཡང་། །སེམས་ཅན་མ་སྤྱད་ཀུན་གྱིས་མྱོང་བར་རིགས། །ལས་ཀྱི་རྣམ་སྨིན་ཐུན་མོང་མི་འགྱུར་ཕྱིར། །བག་ཆགས་བརྟས་པའི་འཁྲུལ་པའི་སྡུག་བསྔལ་ཡིན། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། སྣང་བ་འཕོ་འགྱུར་སྣ་ཚོགས་དོན་ལས་མི་འགལ་བར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཀུན་རིག་སྟོན་པ་སྣང་མཛད་ཀྱིས། །འདུས་པའི་དད་ལྡན་འཁོར་ལ་བཀའ་སྩལ་པ། །མ་བསྒོམས་དབང་པོ་རང་ཡན་བཞག་གྱུར་ཀྱང་། །ཕྱི་རོལ་ཡུལ་གྱི་ཐ་སྙད་གདགས་པ་ལ། །འཁྲུལ་པ་ཡིན་པར་ཤེས་ཕྱིར་ཞེན་པ་མེད། །ཆོས་བརྒྱད་རང་སར་གྲོལ་བས་མཉམ་པའི་ཕྱིར། །སྐྱེ་བོ་ཉིད་ཀྱང་མ་སྤངས་ཆོས་ཀྱི་སྐུ། །དཔེར་ན་ཨ་ཤུ་ཀ་ཉིད་བདུད་རྩིར་ཤེས་པ་ལྟར། །དེ་བཞིན་སྐྱེ་བོ་རང་སེམས་འདི་ཉིད་ནི། །བླ་མའི་དོན་བསྟན་ཐ་མལ་བྱང་ཆུབ་སེམས། །བདག་ཉིད་སྙིང་པོ་ཡེ་ཤེས་དོན་ཉིད་ཡིན། །དེ་ཡང་འདུས་པའི་སེམས་དཔའ་རྡོ་རྗེ་ཉིད། །ཉིད་ཀྱི་དོན་མ་རྟོགས་པས་སོ་སོའི་སྐྱེ་བོ་སྟེ། །དེ་ཉིད་ལུང་དང་མན་ངག་དོན་རྟོགས་ཀྱིས། །རང་སེམས་རྟོགས་པས་སྐྱེ་བོ་མེད་པའི་ཕྱིར། །མ་བསྒོམས་གོལ་ས་མེད་པར་མཁས་པས་


DNG006_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ངོ་བོ་ཉིད་ལ་རྟག་ཆད་མེད་པའི་ཕྱིར། །སེམས་དེར་རང་གསལ་དོན་ཟིན་མི་བརྗོད་པས། །ཕྱལ་བ་ལུང་མ་བསྟན་དུ་གོལ་ས་མེད། །དཔེར་ན་གསེར་འགྱུར་རྩིས་གང་ཐེབས་པ་རྣམས། །ཐམས་ཅད་གསེར་ལས་གཞན་དུ་མི་འགྱུར་བཞིན། །དེ་བཞིན་མུ་སྟེགས་སྐྱེ་བོའི་སེམས་ཉིད་ཀྱང་། །མན་ངག་གསེར་རྩིས་ཐེབས་པའི་སེམས། །མུ་སྟེགས་རྣམས་ཀྱང་ཡེ་ཤེས་བདེ་བའི་ངང་། །ཡུལ་ལ་མི་ཞེན་ཕྱིན་ན་བསྒོམ་དུ་མེད། །རྫོགས་སངས་རྒྱས་ཞེས་བྱ་བའི་དོན་ཉིད་ཀྱིས། །སྣ་ཚོགས་ཞེན་ལས་གྲོལ་ཕྱིར་བསྒོམ་མི་དགོས། །རྫོགས་པ་ཆེན་པོའི་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། མ་བསྒོམས་ཀྱང་སྐྱེ་བོ་དང་མུ་སྟེགས་ཀྱི་གོལ་ས་མེད་པར་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་འདུས་པའི་སྙིང་པོ་འཁོར་རྣམས་ལ་ཀུན་རིག་སྟོན་པ་ཆོས་རྗེས་བཀའ་སྩལ་པ། སེམས་ཅན་མ་འཁྲུལ་སངས་རྒྱས་མེད་པའི་གོང་། །ངོ་བོ་ཉིད་ཀྱི་སྐུ་ལ་རང་བྱུང་སེམས། །དེ་ཉིད་ཡེ་ནས་གནས་ལུགས་ཡིན་པའི་ཕྱིར། །དེ་རྟོགས་ཆོས་སྐུ་མྱ་ངན་འདས་པའི་ཆོས། །ཀུན་ཏུ་བཟང་པོ་རང་བྱུང་ཡེ་ཤེས་ཐུགས། །རང་སེམས་རང་གིས་རིག་པས་ཆོས་ཀྱི་རྗེ། །རང་སེམས་རང་འཁྲུལ་འགྲོ་དྲུག་སེམས་ཅན་ཏེ། །ཀུན་གཞིའི་གཞི་ཆ་ཆོས་སྐུ་ཡེ་ཤེས་ལ། །གསུམ་ལྡན་འཁོར་བའི་སྒྲིབ་པའི་ལུས་ཉིད་ཡིན། །དུས་ཚོད་བླ་མའི་གདམས་ངག་དོན་བསྟན་པ། །གཞི་ཆ་ཆོས་སྐུ་རང་བྱུང་དེ་ཉིད་དང་། །དང་པོའི་སེམས་ཉིད་ངོ་བོ་ཉིད་ཀྱི་སྐུ། །སྔ་ཕྱིས་མ་བསླད་ཆོས་སྐུར་གཅིག་པའི་ཕྱིར། །བློ་དངོས་གཅིག་པའི་དོན་ལ་བསྒོམ་མི་དགོས། །དེ་ཡང་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན། །སངས་རྒྱས་ཡེ་ཤེས་ཐུགས་དང་སེམས་ཅན་སེམས། །འདྲེལ་མེད་སོ་སོར་སྣང་བ་མ་ཡིན་ཏེ། །བཙལ་མེད་རང་སེམས་ཆོས་སྐུར་གཅིག་པའི་ཕྱིར། །བློ་དངོས་གཅིག་པར་སེམས་ཉིད་ཡིད་ཆེས་ཡིན། །འཁོར་བའི་ལུས་འདི་སྡུག་བསྔལ་སྒྲིབ་གཡོགས་དང་། །སངས་རྒྱས་སྐུ་དང་ཡེ་ཤེས་བདེ་བ་དེ། །འཁོར་འདས་གཉིས་ཀ་རྩ་


DNG006_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཅིག་པའི་ཕྱིར། །ལྷུན་གྱིས་གྲུབ་པ་དག་ཏུ་བློ་དངོས་གཅིག །འཁོར་བའི་མངལ་ཉིད་རྣལ་འབྱོར་ཐུགས་ཉིད་ཀྱང་། །ངོ་བོ་ཉིད་ལས་མ་འདས་དོན་ཡིན་ཕྱིར། །ཐ་མལ་འདི་ཉིད་ཡིན་རྟོགས་ཆོས་སྐུ་ལ། །བླང་དོར་མེད་པས་བློ་དངོས་ངོ་བོ་གཅིག །དཔེར་ན་ཆུ་ཉིད་ཆང་དུ་རྐྱེན་གྱིས་འགྱུར། །དེ་བཞིན་བར་དོའི་རང་སེམས་འདི་ཉིད་ལ། །བླ་མའི་རྐྱེན་གྱིས་རྟོགས་པས་བསྒོམ་མི་དགོས། །མི་བསྒོམ་ཕྱིར་ན་གོལ་མེད་བློ་དངོས་གཅིག །དེ་ཡང་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན། །ཡེ་ཤེས་རྟོགས་ནས་མཉམ་པའི་དོན་ཉིད་ལ། །རྒྱུན་དུ་མ་བརྗེད་རིག་པ་གསལ་ཐེབ་ན། །བག་ཆགས་ཉོན་མོངས་རྟོག་པའི་སྐྱོན་གྱིས་ཀྱང་། །དེ་ལ་རྡུལ་ཙམ་མི་བསྒྲིབ་ཡེ་ཤེས་གསལ། །དཔེར་ན་སྐྱེས་བུ་སྔགས་ཀྱི་གདེང་ལྡན་པས། །དུག་མ་བསལ་བས་དུག་ཉིད་སྨན་དུ་འགྱུར་བ་བཞིན། །སྔ་ཕྱིར་མ་སོང་ཆོས་སྐུ་ཡེ་ཤེས་ནི། །སྔ་ཕྱིར་མ་སྤངས་གློ་བུར་རང་སྟོང་ཕྱིར། །བློ་དངོས་དབྱེར་མེད་རྟོགས་པའི་ཚད་ཡིན་ནོ། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། བློ་དངོས་གཅིག་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་སྙིང་པོ་ཡིས། །དད་པས་འདུས་པའི་འཁོར་ལ་ཕན་གདགས་ཕྱིར། །བདེན་པའི་དོན་གྱིས་འདི་སྐད་ཡིད་ཀྱིས་གསོལ། །རང་སེམས་སྙིང་པོ་དོན་རྟོགས་ལྟ་བ་ལ། །མ་བསྒོམས་འབྲལ་མེད་དོན་ནི་ཇི་ལྟར་འགྲུབ། །ཡེ་ཤེས་དོན་ནི་མཚོན་དུ་ཇི་ལྟར་མེད། །སྤྱོད་པ་འཆིང་གྲོལ་མེད་པའི་དོན་ནི་གང་། །ས་ལ་སྦྱང་དུ་མེད་པའི་དོན་ནི་ཅི། །རྟོགས་ནས་དམ་ཚིག་བསྲུང་ཉམས་ཇི་ལྟར་མེད། །བསྒོམས་ན་གོལ་སའི་སྐྱོན་ནི་ཇི་ལྟར་ལགས། །ལ་བཟླའི་དོན་གྱི་ཡེ་ཤེས་གང་ལ་བགྱི། །དེ་སྐད་གསོལ་པའི་ཡིད་ཀྱི་དོན་གསན་ནས། །ཀུན་རིག་སྟོན་པ་ཆོས་རྗེས་བཀའ་སྩལ་པ། །རང་སེམས་སྙིང་པོའི་དོན་རྟོགས་ཆོས་སྐུ་ལས། །བསྒོམ་བྱའི་ཡེ་ཤེས་ཆོས་སྐུ་གུད་ན་མེད། །སྔ་ཕྱི་སེམས་ཀྱི་ཡེ་ཤེས་མཐའ་བྲལ་བ། །མ་ནོར་སྒོམ་པ་པོ་ཡང་ག་ལ་ཡོད། །དེ་ལ་སྒོམ་མཁན་སེམས་ལ་དངོས་མེད་ན། །


DNG006_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་མི་རྟོག་འཇོག་པ་རྣལ་འབྱོར་མིན། །སེམས་དཔའ་རྡོ་རྗེ་སྙིང་པོ་ད་ཉོན་ཅིག །ཨ་ཏི་རྫོགས་ཆེན་ཆོས་སྐུ་བདེན་གཉིས་བྲལ། །ངོ་བོ་ཉིད་ཀྱི་རང་ཤར་ཡེ་ཤེས་ནི། །ཡོད་མེད་དབུས་ཀྱི་ཡེ་ཤེས་མཐའ་གསུམ་བྲལ། །ཡུལ་ལ་སྤང་སྡུད་གཉིས་པོ་གདོད་ནས་མེད། །དཔེར་ན་ནམ་མཁའ་རང་དུ་ཤེས་པ་བཞིན། །ཇི་བཞིན་མ་ནོར་རང་སེམས་རྟོགས་པ་ཡིས། །ལུས་ངག་མ་སྐྱེས་རྟོག་པའི་གཞི་མེད་པས། །སྐྱིལ་ཀྲུང་དྲང་འདུག་སྨྲ་བཅད་ཁ་ན་མེད། །དེ་བཞིན་སེམས་དང་རྟག་ཆད་སྤྲོས་བྲལ་བས། །རྟོག་སྤང་མི་རྟོག་སྒོམ་པའི་ཁར་མི་འོང་། །ཡེ་ཤེས་ལྟ་བའི་ཤུགས་ལས་བྱུང་བས་ན། །རྣལ་འབྱོར་དམིགས་པའི་ཤེས་པས་མི་བསྒོམ་སྟེ། །རྟོགས་པས་རང་སེམས་མ་སྐྱེས་ཡེ་ཤེས་ཕྱིར། །རྣལ་འབྱོར་ཆེད་དུ་བསྒོམ་པ་བསྟན་མི་དགོས། །སེམས་དཔའ་འདུས་པའི་སྙིང་པོ་ད་ཉོན་ཅིག །ཡུལ་གྱི་སྣང་བ་སྤྱོད་ཡུལ་མ་གྲུབ་ཕྱིར། །ནམ་མཁའ་ལྟ་བུར་ཡེ་ཤེས་རང་གསལ་བས། །རང་སེམས་ཆོས་སྐུ་ངང་གིས་དེ་རྟོགས་པས། །རྣལ་འབྱོར་ཅི་ཡང་ཡིད་ལ་མི་བསྒོམ་ན། །ཡང་དག་ལྟ་བའི་དོན་དང་མཐུན་པར་འགྲུབ། །སེམས་དཔའ་རྡོ་རྗེ་སྙིང་པོ་ད་ཉོན་ཅིག །རྫོགས་ཆེན་གོལ་ས་གཅད་ཕྱིར་བསྒོམ་མེད་དེ། །ཡེ་ཤེས་བསྒོམ་མེད་དག་ཏུ་རབ་རྟོགས་ན། །བསྒོམས་ཀྱང་སྐྱོན་མེད་ཆོས་དབྱིངས་ནམ་མཁའ་འདྲ། །བསྒོམ་མེད་དེ་ནི་ཀུན་གྱི་རེ་བ་སྐོངས། །ཀུན་ལ་ཁྱབ་ཅིང་མ་རྫོགས་མེད་མོད་ཀྱི། །ཀུན་གྱིས་གདམས་ངག་མ་འཕྲོད་རྟོགས་པར་དཀའ། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། མ་བསྒོམས་འབྲལ་བ་མེད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཀུན་རིག་རྒྱལ་པོ་ཆོས་རྗེས་བཀའ་སྩལ་པ། །འདུས་པའི་ཚོགས་རྣམས་ཡིད་ཀྱིས་ད་ཉོན་ཅིག །རང་སེམས་ངོ་བོ་ཉིད་ཀྱི་ཆོས་སྐུ་ནི། །དབང་པོ་མངོན་སུམ་མི་གནས་ཀུན་ལ་ཁྱབ། །ཆོས་སྐུ་ཚིག་ཏུ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔས་ཀྱང་ནི་མཚོན་དུ་མེད། །དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན། །འཁོར་


DNG006_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཚིག་ལས་འདས་པའི་ཡེ་ཤེས་ཏེ། །དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་དུ། །སངས་རྒྱས་ཉིད་ཀྱིས་བསྟན་ཅིང་མཚོན་དུ་མེད། །མཚོན་ཅིང་བསྟན་པར་དཀའ་བའི་རང་སེམས་དེ། །ཡོད་མེད་ཀུན་ལས་འདས་པས་བྱང་ཆུབ་སེམས། །དངོས་མེད་ཡིད་ལ་དྲན་པའི་ཡེ་ཤེས་ནི། །ཀུན་བཟང་ཉིད་ཀྱིས་མ་གཟིགས་བལྟ་བའི་མཆོག །གཟུང་འཛིན་མཐུ་བརྟས་རྣམ་སྨིན་ལུས་འདི་ལ། །དབང་པོའི་ཡུལ་རྣམས་མིང་དུ་རྗོད་བྱེད་དེ། །དོན་ལ་ཕན་པ་རྡུལ་ཙམ་མཚོན་མི་ནུས། །དཔེར་ན་བུམ་པ་ནང་གི་ནམ་མཁའ་ལ། །དངོས་མེད་བརྗོད་མེད་ནམ་མཁའ་ཆེན་པོ་མིན། །དེ་བཞིན་ཚེ་གཅིག་མི་རྟོག་དོན་བསྒོམས་ཀྱང་། །ཡེ་ཤེས་རང་ཤར་ཆེན་པོའི་བལྟ་བ་མིན། །བུམ་ཆག་ནམ་མཁའ་ཆེན་པོར་ཐིམ་པ་བཞིན། །ལུས་བྲལ་རང་སེམས་ངོ་བོ་ཉིད་ཀྱི་སྐུ། །དེ་ཉིད་རིག་པས་གསལ་བཏབ་བདེ་བའི་ཀློང་། །དེ་ཙམ་ཉིད་ན་ཀུན་ཏུ་བཟང་པོས་ཀྱང་། །ཁོ་བོ་ཉིད་ཀྱི་སྐུ་ལ་མཚོན་དུ་མེད། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། ཡེ་ཤེས་ཀྱི་དོན་ལ་མཚོན་དུ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དད་པས་འདུས་པའི་འཁོར་རྣམས་ལ། །ཀུན་རིག་སྟོན་པ་ཆོས་རྗེས་བཀའ་སྩལ་པ། །སངས་རྒྱས་རྣམས་ཀྱི་དགོངས་པ་ཇི་ལྟ་བུ། །རང་གི་མཚན་ཉིད་མ་བཅོས་དེ་བཞིན་ཉིད། །ཆོས་སྐུ་སྐྱེ་མེད་རྟོགས་ནས་འགྲོ་དོན་དུ། །ཇི་ལྟར་སྣང་བའི་གཟུགས་ཅན་སྤྲུལ་པའི་སྐུ། །མཛད་པ་བཅུ་གཉིས་འགྲོ་དོན་མཐར་ཕྱིན་པ། །ཐུགས་རྗེ་སྤྲུལ་པས་འགྲོ་བ་ཀུན་འདུལ་ཡང་། །ཡེ་ཤེས་བློ་ལྡན་རློམ་སེམས་རྡུལ་ཙམ་མེད། །བདག་དང་གཞན་དུ་རྟོག་པ་མེད་པའི་ཕྱིར། །ཡེ་ནས་གཉིས་མེད་གཅིག་ནི་ཆོས་ཀྱི་སྐུ། །མཐུན་འཇུག་འཚམས་པའི་སྤྱོད་པ་རྒྱ་མཚོ་ནི། །ཐུགས་རྗེ་ཆེན་པོས་འགྲོ་དོན་རྫོགས་པར་མཛད། །རང་བྱུང་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །འགྲོ་བའི་དཔལ་མགོན་ཀུན་ཏུ་བཟང་པོ་ནི། །བདག་དང་གཞན་དོན་བླང་དོར་མེད་པའི་ཕྱིར། །སྤྱོད་པ་རྒྱ་མཚོ་སྣ་ཚོགས་ཅི་བདེར་སྤྱོད། །པདྨ་སྐྱེ་བའི་རྒྱུ་ནི་འདམ་ཡིན་ཏེ། །པདྨ་ལ་


DNG006_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདམ་གྱིས་གོས་པ་མེད། །ཆོས་ཉིད་བླང་དོར་མེད་པར་རྟོགས་གྱུར་ན། །ཡེ་ཤེས་རྟོག་མེད་ཉམས་པ་རྡུལ་ཙམ་མེད། །ཐུན་མཚམས་མི་བསྒོམ་རྒྱུན་གྱི་རྣལ་འབྱོར་ལ། །འཆིང་གྲོལ་སྤྱོད་པ་མེད་ཕྱིར་གོལ་བ་མེད། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། སྤྱོད་པ་འཆིང་གྲོལ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཀུན་རིག་སྟོན་པ་ཆོས་རྗེས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་ཡིད་ཀྱིས་ད་ཉོན་ཅིག །ས་མེད་ཆོས་སྐུ་རྫོགས་ཆེན་ཡེ་ཤེས་ལ། །གང་ཡང་མི་འགྲོ་ས་མཆོག་སྤྱི་བཅིངས་པ། །བགྲོད་མེད་སེམས་ཉིད་ཡེ་ཤེས་མཆོག་གི་ལམ། །ཡེ་ཤེས་ཆོས་སྐུ་མཐར་ཕྱིན་ཆོས་ཉིད་ས། །སེམས་དཔའ་རྡོ་རྗེ་སྙིང་པོ་ད་ཉོན་ཅིག །ས་ནི་དང་པོ་འཁོར་བར་མི་ལྡོག་པར། །སྙིང་པོ་བྱང་ཆུབ་མཆོག་ནི་ཡིན་ཞེས་ན། །བཟའ་ཞིང་བགྲོད་པའི་ཡུལ་ནི་ག་ལ་ཡོད། །བྱར་མེད་རྫོགས་པའི་ངང་དུ་རབ་རྟོགས་ན། །ལམ་ལ་བཟའ་ཞིང་ས་སྦྱང་ཡུལ་ལས་འདས། །བགྲོད་མེད་སྙིང་པོ་ལམ་གྱི་དོན་སྟོན་པ། །གཞན་ནས་བཙལ་བས་རྙེད་པར་མི་འགྱུར་ཏེ། །ཡེ་ཤེས་ཆེན་པོའི་ཀུན་ཏུ་ཁྱབ་གནས་པས། །རང་བྱུང་ཡེ་ནས་རང་རིག་འོད་གསལ་བས། །ས་ལམ་བཙལ་དུ་མེད་པ་སྙིང་པོའི་དོན། །རྣམ་པར་སྣང་མཛད་ཆེ་མཆོག་ཀུན་ཏུ་བཟང་། །དེ་ཡང་སེམས་དཔའ་རྡོ་རྗེ་སྙིང་པོ་ཉོན། །དཔེར་ན་རྒྱལ་པོ་གཞན་དུ་མི་འགྲོ་བཞིན། །རང་སེམས་ཡུལ་ལ་མི་བསྐྱོད་དོན་ལ་གནས། །དེ་ཙམ་ཉིད་ན་ཆོས་སྐུ་བདེ་བའི་ཀློང་། །ལམ་ལ་མ་བགྲོད་ཆོས་ཉིད་ཡེ་ཤེས་སྐུ། །ས་དང་ལམ་ལ་བགྲོད་ན་བྱང་ཆུབ་གེགས། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། ས་ལ་སྦྱང་དུ་མེད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དད་པས་འདུས་པའི་འཁོར་རྣམས་ལ། །ཀུན་རིག་སྟོན་པ་ཆོས་རྗེས་བཀའ་སྩལ་པ། །དམ་ཚིག་བསྲུང་ཉམས་མེད་པའི་ཡེ་ཤེས་ནི། །འོག་མ་བཞིན་དུ་དམ་དུ་མ་བཅས་པས། །ཉམས་པ་མེད་ཕྱིར་ཡེ་བསྲུངས་ཆེན་པོ་ཡིན། །


DNG006_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གདེང་ལྡན་བལྟ་བའི་དམ་ཚིག་རྒྱུན་དུ་དྲན། །ཆེད་དུ་མ་ཡིན་ངང་གིས་དོན་གསལ་བས། །ཡེ་བསྲུངས་ཆེན་པོའི་དམ་ཚིག་ལྟ་བ་ཡིན། །ཡེ་ནས་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན། །ཐེག་པའི་ཁྱད་པར་ཇི་སྙེད་གྲགས་པ་དང་། །ཚུལ་ཁྲིམས་སྡོམ་དང་ཕྱི་ནང་དམ་ཚིག་ཀྱང་། །འགྲོ་བ་གདུལ་བྱ་ཇི་ལྟར་འདོད་ལ་བསྟན། །ཐ་སྙད་ཙམ་དུ་གདུལ་བྱ་ཞེས་བརྗོད་ཀྱང་། །དམ་དུ་བཅའ་བར་བྱ་བ་རྡུལ་ཙམ་མེད། །དམ་བཅའ་མེད་པའི་དོན་གྱི་ངང་རྟོགས་ན། །དམ་དུ་བཅས་ཀྱང་སྐྱོན་མེད་ནམ་མཁའ་འདྲ། །འདུས་པའི་སྙིང་པོ་རྡོ་རྗེ་སེམས་དཔའ་ཉོན། །ཆོས་སྐུ་མི་གཡོ་ཐུགས་ཀྱི་དམ་ཚིག་སྟེ། །བླང་དོར་མེད་པར་སྤྱོད་པ་དམ་ཚིག་ཆེན་པོ་ཡིན། །རང་སེམས་མི་སྤང་ཡེ་ཤེས་ཆེན་པོར་གནས། །དུས་གསུམ་དོན་དམ་མ་བྲལ་ཉམས་པ་མེད། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། དམ་ཚིག་བསྲུང་ཉམས་མེད་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་འདུས་པའི་འཁོར་ལ་བཀའ་སྩལ་པ། །བསྒོམས་ན་གོལ་སར་གྱུར་པ་འཁྲུལ་པའི་ཕྱིར། །རང་གི་སེམས་ཉིད་མ་རྟོགས་རྩོལ་བ་སྟེ། །ཕྱི་ཡི་ཡུལ་གྱི་རྩོལ་བས་སེམས་བསྡུས་ནས། །འོག་མའི་ལྟ་བ་འདོད་ལུགས་རྣམ་བཞི་ལ། །གཉིས་མེད་སྣང་སྟོང་ཁས་མི་ལེན་པ་རྣམས། །སོ་སོར་རྟོག་པའི་རིག་པས་གཞལ་བྱས་ནས། །གསལ་བ་སྟོང་པའི་མཉམ་གཞག་དོན་བསྒོམས་པས། །དྲུག་ལ་སྒོམ་པའི་གང་ཟག་ལ། །བྱིང་རྒོད་མཐའ་དག་ཤེས་བཞིན་བྱ་ར་བྱེད། །དེ་ཉིད་བལྟ་བ་མ་ཤེས་གཏི་མུག་སྟེ། །གསལ་ལ་མི་རྟོག་བསྒོམ་དང་འདོད་ཆགས་བསྒོམ་པ་རྣམས། །བདེ་ལ་མི་རྟོག་ཞེན་པའི་ང་རྒྱལ་ཅན། །འཁོར་བ་མེད་དང་ལྟུང་དུ་དོགས་པའི་ཞེ་སྡང་གིས། །མི་དམིགས་དོན་ལ་གཟའ་གཏད་བྱས་ནས་བསྒོམ། །རྩོལ་བས་བསྒོམས་ཀྱང་ཡུལ་ལ་འགྱུར་མེད་ཕྱིར། །མི་རྟོག་འདོད་ཕྱིར་མངོན་པར་དོན་དང་བྲལ། །རྟོག་པ་བཟང་ངན་ཅི་སྐྱེས་སེམས་ཉིད་དུ། །དགག་རྒྱུ་མེད་པ་ཙམ་དུ་བློས་བཟུང་ནས། །གསལ་བདེ་མི་དམིགས་ཆེད་དུ་བསྒོམས་པས་ནོར། །ཡུལ་ལ་གཏན་ཚིགས་གཞིག་པས་སྨོས་ཅི་དགོས། །


DNG006_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་འདུས་པའི་སྙིང་པོ་ཡིད་ཀྱིས་ཉོན། །གྲིབ་མ་གཟུགས་སུ་བསྒྱུར་བ་ཇི་བཞིན་དུ། །ལྷ་དང་རྩ་བའི་ཐིག་ལེ་ཐབས་བསྒོམས་རྣམས། །མཚན་མ་ཡུལ་ལ་དམིགས་ཕྱིར་སྒོམ་པ་པོས། །དེ་ཉིད་སེམས་སུ་བློས་བྱས་ཕྱིར་ན་གོལ། །རྐྱེན་མ་ཐུབ་ཕྱིར་གནས་ལུགས་ཆོས་སྐུ་མིན། །དེ་ཕྱིར་བསྒོམས་ན་འཁོར་བའི་ནད་ཆེན་ཡིན། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། བསྒོམས་ན་གོལ་སར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་ཀུན་རིག་སྟོན་པ་ཀུན་བཟང་གིས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །དགའ་དང་གུས་པའི་སེམས་ཀྱིས་རྩེ་གཅིག་ཉོན། །ལ་བཟླའ་བ་ཡི་ཡེ་ཤེས་དོན་ཆེན་ནི། །ཀུན་གཞི་གཞི་ཆ་མཁའ་ལ་ཉི་ཤར་བཞིན། །ཐམས་ཅད་ཀུན་འདུས་ཡེ་ཤེས་རང་སྣང་གསལ། །ཡེ་ནས་བཙལ་མེད་འབྲས་བུ་མངོན་སངས་རྒྱས། །རྒྱལ་བ་ཀུན་གྱི་ཡང་མེས་ཆེན་པོ་སྟེ། །གོལ་མེད་གདོད་ནས་དག་པ་ཆོས་ཀྱི་སྐུ། །རང་བྱུང་འགག་པ་མེད་པས་ཡེ་ཤེས་ཀློང་། །ལམ་ལྔ་མ་བགྲོད་ཡེ་ཤེས་ས་ཡི་མཆོག །ཅིར་ཡང་དམིགས་སུ་མེད་པས་རང་སེམས་ཡེ་ཤེས་སྐུ། །གཞན་ལ་སྨོན་དུ་མེད་པས་རང་ལ་རྫོགས། །ཆོས་སྐུ་འདི་ཞེས་གཞན་ནས་མི་རྙེད་པས། །རྟོགས་པར་འདོད་ན་རང་གི་སེམས་ལ་ཚོལ། །སེམས་ལ་དོན་རྙེད་རྟོགས་པའི་རྣལ་འབྱོར་པ། །འཁྲུལ་པ་མེད་ཕྱིར་སེམས་ཅན་འཁོར་བ་མེད། །རང་སེམས་རྟོགས་པའི་དོན་ལས་མ་གཏོགས་པ། །བདེ་ཞིང་སྐྱིད་པའི་སངས་རྒྱས་ལོགས་ན་མེད། །དེ་ཕྱིར་རྒྱུ་ལ་མི་རྟོག་འབྲས་བུ་མེད། །མེད་ལ་རྩོལ་བ་རྒྱ་མཚོའི་ཆུ་བོར་ནས། །སྨིག་རྒྱུ་རི་དྭགས་ཆུར་མཐོང་བསྙེག་པ་བཞིན། །བསྒོམ་མེད་དོན་ཉིད་བོར་ནས་སུས་བསྒོམ་པ། །བྱང་ཆུབ་མེད་པར་རང་གི་སྡུག་བསྔལ་བསྣོན། །དེ་ཡང་སེམས་དཔའ་རྡོ་རྗེ་ཡིད་ཀྱིས་ཉོན། །ཡེ་ཤེས་དེ་ཉིད་རྟོགས་པའི་རྣལ་འབྱོར་པ། །ཡེ་ཤེས་བཅུད་ཉིད་ཆོས་ཀྱི་གཏེར་དུ་སྨིན། །ནམ་མཁའི་གོ་ཡངས་འབྱུང་བའི་ལམ་དུ་བདེ། །རྟོགས་པའི་གོ་ཡངས་སངས་རྒྱས་ལམ་དུ་བདེ། །སེམས་ཉིད་གོ་ཡངས་བསྒོམ་མེད་ལམ་དུ་


DNG006_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བདེ། །དུས་གསུམ་འགྱུར་མེད་རང་རིག་ལྟ་བའི་དབྱིངས། །འདོད་དགུར་རང་ལ་ཡོན་ཏན་ཚང་བའི་ཕྱིར། །རྒྱུ་འབྲས་རང་ལ་རག་མ་ལུས་པས་ཟབ། །དཔེར་ན་མ་དྲོས་མཚོ་དཀྱིལ་མེ་འབར་བ། །ནམ་མཁའི་དཀྱིལ་ནས་བབས་པའི་ཆུ་ཡིས་ནི། །བསྐལ་པར་དེ་ལ་གནོད་པ་མི་ནུས་བཞིན། །རང་སེམས་ཆོས་ཉིད་རང་བྱུང་ཡེ་ཤེས་ལ། །འཁོར་བར་འཁྱམས་ཀྱང་སྒྲིབ་པས་གོས་པ་མེད། །རིན་ཆེན་མེ་འོད་ནམ་མཁའ་འཐོན་པའི་ཚེ། །རྒྱ་མཚོ་ཉིད་ཀྱང་བདུད་རྩིར་གྱུར་པ་བཞིན། །རང་གིས་བྱང་ཆུབ་སེམས་ཉིད་རྟོགས་ཙམ་ན། །དུག་ལྔ་ཉིད་ཀྱང་ཡེ་ཤེས་ཆེན་པོར་འཆར། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། ཡེ་ཤེས་ཀྱི་དོན་ལ་བཟླའ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་གསང་བའི་བདག་པོ་རྡོ་རྗེ་སེམས་དཔའ་ཡིས། །འདུས་པའི་ཚོགས་ལ་ངེས་དོན་ཕན་གདགས་ཕྱིར། །སྟོན་པ་ཀུན་རིག་སེམས་ཀྱི་རྒྱལ་པོ་ལ། །བདེན་པའི་ཡིད་ཀྱིས་འདི་སྐད་གསོལ། །དུག་ལྔ་མ་སྤངས་རང་གྲོལ་ཇི་ལྟར་བྱུང་། །ཆེ་བའི་ཡོན་ཏན་མི་འབྱུང་གང་གིས་བསྒྲིབས། །ཚོགས་མ་བསགས་པའི་གཟུགས་སྐུ་གང་ལས་འབྱུང་། །གོང་འོག་ཐེ་ཚོམ་གེགས་ནི་གང་ལྟར་གཅད། །ཐེ་ཚོམ་ཆོད་པའི་ཉམས་མྱོང་རྟགས་ནི་གང་། །མཉམ་པའི་རྒྱལ་པོས་ཐུགས་ཀྱིས་བསྟན་དུ་གསོལ། །དེ་སྐད་གསོལ་པའི་དོན་གསན་ཐུགས་ཀྱིས་བཀའ་སྩལ་པ། །དུག་ལྔ་མ་སྤངས་རང་གྲོལ་ཡེ་ཤེས་ནི། །རིན་ཆེན་འོད་ཀྱིས་མུན་པ་མེད་པ་ལྟར། །འཁོར་བ་ཐོག་མ་རྩད་ཆོད་དོན་གྱི་ཕྱིར། །ངོ་བོ་ཉིད་ཀྱི་སྐུ་ནི་རང་རྟོགས་པས། །གདོད་ནས་མ་རིག་དག་པས་གཏི་མུག་བྲལ། །དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན། །མ་རིག་མེད་ཕྱིར་ཞེ་སྡང་ཡུལ་མི་དམིགས། །དེ་ཕྱིར་རང་སེམས་སྙིང་པོ་ཆོས་སྐུ་ལ། །སྔ་ཕྱི་ཞེན་པའི་དབང་གིས་ཞེ་སྡང་ན། །ཁ་དོག་ཡུལ་ལ་མནར་སེམས་བྱེད་པའི་ཕྱིར། །བ་མོ་ལ་ནི་ཉི་མ་ཤར་བ་བཞིན། །ཕྱི་འདྲེལ་བཅད་པའི་མན་ངག་དྲན་པར་བྱ། །དེ་ཡང་དད་ལྡན་འཁོར་རྣམས་ཡིད་ཀྱིས་ཉོན། །འདོད་ཆགས་སྐྱེ་བའི་ཡུལ་ནི་སྒོ་ལྔ་འབྱུང་བའི་སེམས། །ཕྱི་རོལ་ཟང་ཟིང་ནོར་ལ་


DNG006_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བརྐམ་ཆགས་ནས། །བུང་བས་མེ་ཏོག་གཞིབས་ནས་མི་ཞེན་ལྟར། །ཆགས་པ་ཉིད་ནས་ཞེན་མེད་རང་གི་སེམས། །སེམས་ལ་བྱེད་པ་མེད་ཕྱིར་སེམས་ཉིད་དོན་དུ་ཤེས། །སེམས་ཅན་ཕོ་མོ་ལས་ཀྱི་ཆགས་པ་ཡང་། །རང་སེམས་ཆོས་ཉིད་རྟོགས་པའི་རྣལ་འབྱོར་པས། །མི་སྡུག་གཉེན་པོ་བསྒོམ་པ་མི་དགོས་པར། །ཡུལ་ལ་ཕོ་མོ་ཡོད་ཕྱིར་ཆགས་པ་སྤྱོད་གྱུར་ཀྱང་། །སེམས་ལ་ཕོ་མོ་མེད་པས་ཉེས་པ་མེད། །དེ་ཉིད་དུས་ནས་རིག་པས་གསལ་ཐེབས་པས། །དུས་གསུམ་ཕོ་མོར་སྦྱར་ཀྱང་ཉམས་པ་མེད། །དེ་ཡང་འདུས་པའི་དད་ལྡན་ཡིད་ཀྱིས་ཉོན། །ང་རྒྱལ་ཆེན་པོ་རང་སེམས་རྟོགས་པར་འཆར། །དེ་ཕྱིར་ཁམས་ཀྱི་རབ་ཏུ་བྱེད་པ་ཡིན། །གཉེན་པོ་མི་དགོས་རང་གྲོལ་བྱང་ཆུབ་སེམས། །དཔེར་ན་སྒྱུ་མ་མཁན་གྱི་སྤྲུལ་པ་ཡང་། །སེམས་ཅན་ཡིན་ཞེས་མཁས་པས་སྒྲོ་མི་འདོགས། །དེ་བཞིན་བློ་དངོས་གཅིག་པར་རྟོགས་པ་ཡིས། །བསྒོམ་དུ་ཡོད་སོགས་པར་ནི་ང་རྒྱལ་མེད། །འདུས་པའི་སྙིང་པོ་འཁོར་རྣམས་ད་ཉོན་ཅིག །བལྟ་བ་ནམ་མཁའ་ལྟ་བུར་འཕང་ཆོད་རྣལ་འབྱོར་པས། །མཐོ་ལ་ཕྲག་དོག་མཉམ་ལ་སྨད་གྱུར་ཀྱང་། །མི་ལེན་མི་སྤང་མཉམ་པ་ཆེན་པོ་སྟེ། །མ་ཀི་ཏ་ཡིས་ཐམས་ཅད་སྨན་དུ་འགྱུར་བ་བཞིན། །དོན་དྲན་མ་ནོར་མན་ངག་གདེང་གིས་འཕངས། །བླ་མའི་བཀའ་ནོད་ཡེ་ཤེས་རྣལ་འབྱོར་ལ། །དུག་ལྔ་མ་སྤངས་རང་གྲོལ་ཡེ་ཤེས་ཐུགས། །རྫོགས་པ་ཆེན་པོ་བལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། ཉོན་མོངས་མ་སྤངས་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་འདུས་པའི་འཁོར་ལ་བཀའ་སྩལ་པ། །སངས་རྒྱས་ཡོན་ཏན་མཚན་དང་དཔེ་བྱད་དེ། །སྟོབས་དང་མི་འཇིགས་ཆོས་ནི་བཅོ་བརྒྱད་དང་། །དུས་ནི་ད་ལྟ་འབྱུང་བ་ལུས་ཀྱིས་བསྒྲིབས། །དཔེར་ན་ཁྱུང་ཆེན་སྒོ་ངའི་ནང་ན་གཤོག་རྒྱས་ཀྱང་། །སྒོ་ང་མ་ཆག་འཕུར་མི་ནུས་པ་བཞིན། །རང་སེམས་ཆོས་སྐུར་རྟོགས་པའི་རྣལ་འབྱོར་ཀྱང་། །ལུས་འདིར་ཆེ་བའི་ཡོན་ཏན་མི་འབྱུང་ཕྱིར། །ཐུན་མོང་སྨན་གྱི་སྦྱོར་བའི་ཐབས་ཀྱིས་ནི། །རྩི་སྦྱོར་སྨན་དང་


DNG006_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

རི་ལུ་བཅུད་ལེན་གྱིས། །རང་ལུས་འདི་ཉིད་གསོས་གྱུར་ལུས་རྒྱས་ཚེ། །དུག་དང་མཚོན་སོགས་མི་ཚུགས་གྲུབ་གྱུར་ནས། །མཁའ་ལ་བྱ་བཞིན་འཕུར་བ་བྱུང་ནས་ནི། །སེམས་ཀྱི་མངོན་ཤེས་རྨི་ལམ་མངོན་གྱུར་ཏེ། །ལུས་འདི་ཡུལ་ཡིན་ཕྱིར་ན་སེམས་མིན་པས། །གནས་སྐབས་འདྲེལ་བ་ཡོད་ཕྱིར་རྟགས་བྱུང་ཡང་། །ཤ་ཁྲག་ལུས་འདི་མ་བོར་བར་དུ་ནི། །སངས་རྒྱས་ཆེ་བའི་ཡོན་ཏན་འབྱུང་མི་སྲིད། །དེ་ཡང་སེམས་དཔའ་རྡོ་རྗེ་ཉོན། །རང་དོན་གྲུབ་པ་ཐོབ་པ་རྣམས་ཀྱང་ནི། །ཐབས་ཀྱིས་སྦྱོར་བ་ཡིན་ཕྱིར་ལུས་ཀྱིས་བསྒྲིབས། །དཔེར་ན་མེ་ཡོད་དུ་བ་འབྱུང་བ་བཞིན། །རང་སེམས་མ་བཅོས་དེ་དག་གསལ་གྱུར་ན། །ཆེ་བའི་ཡོན་ཏན་མ་ལུས་ཤུགས་ཀྱིས་བྱུང་། །སངས་རྒྱས་ཉིད་ཀྱང་རྩྭ་མཆོག་གྲོང་ཁྱེར་དུ། །རང་ལུས་འབོར་ཕྱིར་སེམས་ཅན་སྨོས་ཅི་དགོས། །དེ་ཕྱིར་བཅོམ་ལྡན་འདས་ཀྱང་རྡོ་རྗེའི་གདན་ཐོག་ཏུ། །ཡང་སངས་རྒྱས་པས་མཚན་དང་དཔེ་བྱད་ལྡན། །ཆེ་བའི་ཡོན་ཏན་མ་ལུས་ལྷུན་གྱིས་རྫོགས། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། དུས་འདིར་སངས་རྒྱས་ཀྱི་ཡོན་ཏན་མི་འབྱུང་བར་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་ལ་བཀའ་སྩལ་པ། །རང་སེམས་ངོ་བོ་ཉིད་དུ་གསལ་གྱུར་ན། །ཡེ་ཤེས་ཚོགས་ཆེན་རྫོགས་པས་ཆོས་ཀྱི་སྐུ། །དཔེར་ན་རྒྱ་མཚོ་རྙོག་མེད་དྭངས་གྱུར་ན། །ནམ་མཁའི་གཟུགས་བརྙན་འབྱུང་བ་མི་འགག་བཞིན། །ཆོས་ཉིད་ངང་ལས་ལོངས་སྤྱོད་རིག་པའི་རྒྱུན། །དེ་ཡི་སྤྲུལ་པ་སྣ་ཚོགས་སྤྲུལ་པའི་སྐུ། །དེ་ཡང་སེམས་དཔའ་རྡོ་རྗེ་ཡིད་ཀྱིས་ཉོན། །ཆུ་ཉིད་ཚགས་ཀྱིས་བཙགས་ཀྱང་གཟུགས་བརྙན་མེད། །མེད་བཞིན་སེམས་ཀྱི་ངོ་བོ་ཉིད་ལ་ནི། །ཀུན་བཟང་སངས་རྒྱས་ཉིད་ཀྱིས་གཟུགས་བཙལ་ཀྱང་། །འདོད་པས་ལུས་ལས་སངས་རྒྱས་རྙེད་མི་སྲིད། །བསོད་ནམས་ཚོགས་ཀྱིས་གཟུགས་སྐུ་འབྱུང་བ་མེད། །རིམ་དགུ་སྟོན་པ་སངས་རྒྱས་གཟུགས་ཀྱི་སྐུ། །མོས་པ་སོ་སོར་འདུལ་ཕྱིར་སྣང་མོད་ཀྱང་། །བརྒྱུད་ནས་ཆོས་སྐུ་རྟོགས་པའི་ཐབས་སུ་བསྟན། །སྨོན་ལམ་དབང་གིས་འགྲོ་བའི་དོན་བྱེད་པ། །འོག་མའི་བློས་


DNG006_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སངས་རྒྱས་ཆོས་སྐུ་མིན། །དེ་ཕྱིར་རང་སེམས་མ་རྟོགས་དགེ་བ་ཡིས། །རྒྱུ་མེད་འབྲས་བུ་མི་འབྱུང་དཔེ་བཞིན་དུ། །བསྐལ་པ་སྟོང་དུ་ཚོགས་ནི་བསགས་བྱས་ཀྱང་། །འབྲས་བུ་གཟུགས་སྐུའི་སངས་རྒྱས་འབྱུང་མི་འགྱུར། །དེ་ཡང་འདུས་པའི་དད་ལྡན་འཁོར་རྣམས་ཉོན། །གསེར་སྦྲུལ་མིག་གིས་འདོད་པའི་ཡོན་ཏན་ལྔ། །དུས་གཅིག་ཉམས་མྱོང་དཔེ་བཞིན་རྣལ་འབྱོར་པས། །ངོ་བོ་ཉིད་ཀྱི་སྐུ་རྟོགས་ཆོས་ཀྱི་སྐུ། །དེ་ལ་རིག་པས་ལོངས་སྤྱོད་རྫོགས་པའི་སྐུ། །སྣ་ཚོགས་ཉིད་ན་གསལ་ཐེབས་སྤྲུལ་པའི་སྐུ། །ལས་མེད་རྟོག་པར་དཀའ་ཕྱིར་གསང་བའི་སྐུ། །བློ་དངོས་གཅིག་ཕྱིར་མངོན་པར་བྱང་ཆུབ་སྟེ། །དེ་རྣམས་གཅིག་གི་ཡོན་ཏན་ལྔ་འབྱུང་བས། །སངས་རྒྱས་འགྲོ་དོན་བཙལ་མི་དགོས་པའི་ཕྱིར། །སེམས་ཅན་རྣམས་ལ་རང་སེམས་ཆོས་ཀྱི་སྐུ། །རྫོགས་པ་ཆེན་པོ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། ཆོས་སྐུ་རྟོགས་ན་གཟུགས་སྐུ་འབྱུང་བར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཀུན་རིག་སྟོན་པས་འདུས་པའི་འཁོར་རྣམས་ལ། །ཐེ་ཚོམ་གེགས་ནི་བསལ་ཐབས་བཀའ་སྩལ་པ། །འཁོར་འདས་སྤྱི་ཡི་མཚན་ཉིད་སེམས་ཡིན་ཏེ། །རྟོགས་ན་ཀུན་ཀྱང་ཡིན་ཕྱིར་མ་རྟོགས་མིན། །ཨ་ཏི་ཐེག་ཆེན་སྙིང་པོ་རྫོགས་པའི་ཕྱིར། །ཡོད་མེད་གང་ངེས་རྟག་ཆད་སྐྱོན་ཡིན་ཕྱིར། །མ་ངེས་རྒྱུ་འབྲས་ལོག་པའི་ཁ་རྗེ་ཁ། །སངས་རྒྱས་འབྲས་བུ་མ་ཐོབ་སྙིང་རྗེའི་གནས། །དེ་ཡང་འདུས་པའི་འཁོར་ཚོགས་ཡིད་ཀྱིས་ཉོན། །འཇིག་རྟེན་པ་དང་འདས་པའི་ཆོས་རྣམས་ཀུན། །གཉིས་ཀའི་གཞི་ནི་ངོ་བོ་ཆོས་སྐུར་ངེས། །ཡུལ་གྱི་སྣང་བ་མ་ངེས་སྣ་ཚོགས་པ། །བླང་དོར་མེད་ཕྱིར་ཆོས་རྣམས་ལྷུན་གྱིས་གྲུབ། །འདུས་པའི་སྙིང་པོའི་གཙོ་བོས་དོན་གསོལ་པ། །ཡུལ་ཉིད་སེམས་ལས་སེམས་ཉིད་ཡུལ་ཡིན་ན། །ཡུལ་ཉིད་ཡིན་ཕྱིར་ཡུལ་ལ་སྡུག་བསྔལ་རིགས། །སེམས་ཉིད་ཡུལ་ན་རང་རིག་བེམས་པོར་ཐལ། །སྤང་སྡུད་མི་ཤེས་ཞེན་པ་སྐྱེ་བའི་བློ། །དེ་ཕྱིར་རྫོགས་ཆེན་ཆོས་སྐུ་བླ་མེད་གང་། །དེ་ཡང་འཁོར་གྱི་སྙིང་པོ་ཡིད་ཀྱིས་ཉོན། །ཡུལ་ཉིད་སྤང་སྡུད་ཞེན་པ་རྣམས་ཀྱི་སྐྱོན། །


DNG006_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བླང་དོར་མེད་ཅིང་གཉེན་པོས་བཙལ་མི་དགོས། །དེ་ཙམ་ཉིད་ན་བསམ་གཏན་མཆོག་གི་ལམ། །དེ་ལ་གཉེན་པོ་མེད་ཕྱིར་བླ་མེད་ཆོས་ཀྱི་སྐུ། །དེ་ཡང་འདུས་པའི་འཁོར་རྣམས་ད་ཉོན་ཅིག །བསྒོམ་དུ་ཡོད་མེད་སྒྲོ་སྐུར་མཐར་ལྷུང་ཕྱིར། །བསྒོམ་པའི་ཞི་གནས་མཐའ་ལ་ཞེན་པ་སྟེ། །མ་རྟོགས་བསྒོམ་མེད་དོན་གྱི་གདེང་དང་བྲལ། །དེ་ཕྱིར་མཐའ་ཡི་བལྟ་བ་ནོར་བའི་ལམ། །དེ་ཡང་དད་ལྡན་འཁོར་རྣམས་ཡིད་ཀྱིས་ཉོན། །ཨ་ཏི་མན་ངག་ཆོས་སྐུའི་སྙིང་པོ་ནི། །བསྒོམས་ཀྱང་འགལ་མེད་རང་སེམས་ནམ་མཁའ་འདྲ། །མ་བསྒོམས་པས་ཀྱང་ཆོས་སྐུ་རྟོགས་བྲལ་མེད། །བྱང་ཆུབ་ལམ་དུ་སེམས་ཉིད་རྟོགས་པ་ཆེ། །སེམས་དཔའ་རྡོ་རྗེས་ཡིད་ཀྱི་དོན་ཞུས་པ། །སངས་རྒྱས་སེམས་ཅན་གཅིག་གམ་ཐ་དད་ལམ། །ཐ་དད་འདྲེལ་མེད་ཐུགས་རྗེས་ཕན་མི་ནུས། །གཅིག་ན་འགྲོ་དྲུག་སེམས་ཅན་ཅི་ཕྱིར་བྱུང་། །ཀུན་རིག་སྟོན་པས་བཀའ་སྩལ་ཡིད་ཀྱིས་ཉོན། །དེ་གཉིས་སོ་སོར་སྣང་བ་མ་ཡིན་ཏེ། །རྟོགས་ན་ངོ་བོ་གཅིག་ཕྱིར་ཐུགས་རྗེ་འབྱུང་། །རང་སེམས་མ་རིག་རྣམ་རྟོག་སྡུག་བསྔལ་ཡིན། །དོན་ལ་དབྱེར་མེད་སེམས་ཉིད་ལྷུན་གྱིས་གྲུབ། །འདུས་པའི་ཚོགས་ཀྱིས་སེམས་དོན་ཡིད་ཀྱིས་ཞུས། །སངས་རྒྱས་སེམས་ཅན་རྒྱུ་འབྲས་ཡིན་གྱུར་ན། །སངས་རྒྱས་ལས་བྱུང་རྣམ་གསུམ་དོན་མེད་འགྱུར། །སེམས་ཅན་ལས་བྱུང་ཚོགས་གཉིས་དུས་མི་རྟོག །ཀུན་རིག་སྟོན་པས་འཁོར་ལ་བཀའ་སྩལ་པ། །སངས་རྒྱས་སེམས་ཅན་རྒྱུ་འབྲས་རོ་གཅིག་ཕྱིར། །ལྟོས་པས་གཅིག་ལ་གཅིག་བྱུང་མ་ཡིན་ཏེ། །གཉིས་ཀའི་ངོ་བོ་རང་སེམས་ཆོས་སྐུར་གཅིག །སངས་རྒྱས་སེམས་ཅན་སྐྱོན་ཡོན་རྣམ་གཉིས་ཀྱིས། །ཆོས་ཉིད་འཁྲུལ་པ་གང་ཡང་གཞི་བཞག་ནས། །གཉིས་ཀ་ལྟར་ཡང་རྩོད་ན་མི་འགལ་ཕྱིར། །མ་རིག་ཡེ་ཤེས་གང་རུང་ཕྱོགས་གཟུང་ན། །ཀུན་ཀྱང་ཡིན་ལ་ཐམས་ཅད་མིན་པའི་ཕྱིར། །རྒྱུ་ཡོད་དང་ནི་རྒྱུ་མེད་གང་འཁྲུལ་པ། །གཞིར་བཞག་མ་ནོར་ཤིན་ཏུ་གཅེས་པར་གསུངས། །སེམས་དཔའ་རྡོ་རྗེས་འཁོར་གྱི་དོན་ཞུས་པ། །རང་ལ་ཡོད་པ་མཁས་པས་ཇི་སྐད་སྟོན། །ཡེ་ནས་ཡོད་ན་མན་ངག་བསྟན་མི་དགོས། །མེད་


DNG006_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ན་རི་བོང་རྭ་བཞིན་རྒྱུ་མི་དམིགས། །ཀུན་རིག་སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡེ་ནས་རང་ལ་ཡོད་པའི་ཆོས་སྐུ་ནི། །བླ་མས་མཚོན་ནས་རང་སེམས་དོན་བསྟན་པས། །མ་རིག་རྣམ་རྟོག་ཆོས་སྐུར་ཞེས་པ་ལས། །ལོགས་ན་བཙལ་ནས་བསྟན་པ་མ་ཡིན་ནོ། །དད་ལྡན་འཁོར་གྱིས་དོན་ཆེན་ཡིད་ཀྱིས་ཞུས། །བླ་མའི་མན་ངག་ཡུལ་ལ་མི་རྟོག་པ། །ཙམ་དུ་ཉམས་མྱོང་ཞི་གནས་སྐྱོན་ཡིན་ཕྱིར། །རྟོགས་ན་རང་རྒྱུད་ཡིན་ཕྱིར་མན་ངག་མིན། །མ་དྲན་འདུ་ཤེས་མེད་པ་ཉིད་དུ་ཐལ། །དེ་ཡང་སེམས་དཔའ་རྡོ་རྗེ་སྙིང་པོ་ཉོན། །ཡུལ་ལ་མི་རྟོག་དེ་ཉིད་བསམ་གཏན་ཏེ། །རྟོག་དང་མི་དྲན་གཉིས་ཀའི་གཞི་ཉིད་ནི། །ཐོག་མཐའ་ཆོད་པས་ཆོས་ཉིད་བྱང་ཆུབ་སེམས། །དེ་ཡང་རང་བྱུང་ཡེ་ཤེས་དོན་རྟོགས་ན། །ཡུལ་ཉིད་མི་རྟོག་མི་བསྒོམ་དོན་ལ་གནས། །དེ་ཡང་མན་ངག་གིས་བཅོས་དོན་དང་འགལ། །མ་བཅོས་མན་ངག་བཀའ་ལ་དགོས་མེད་འགྱུར། །དེ་ཡང་འདུས་པའི་འཁོར་ཚོགས་ཡིད་ཀྱིས་ཉོན། །བླ་མ་མཁས་པའི་མན་ངག་དོན་ཟབ་མོས། །ཀུན་གཞི་གཞི་ཆ་ཆོས་སྐུའི་ངོ་བོ་ཉིད། །བཅོས་སུ་མེད་ལ་རང་སེམས་ནམ་མཁའ་འདྲ། །སྒོ་ལྔ་ཡུལ་ཉིད་འཁྲུལ་ཕྱིར་འདྲེལ་བ་ཆོད། །ཡིད་ལ་བལྟ་བ་བསྟན་པས་ཉོན་མོངས་གྲོལ། །དེ་ཕྱིར་བཀའ་དོན་ཤིན་ཏུ་གཅེས་པར་གསུངས། །རྫོགས་པ་ཆེན་པོ་བལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱལ་པོའི་རྒྱུད་ལས། ཐེ་ཚོམ་གྱི་གེགས་བསལ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་འདུས་པའི་ཚོགས་ལ་བཀའ་སྩལ་པ། །བློ་དངོས་གཞི་ལ་གཉིས་མེད་རབ་རྟོགས་ན། །མིང་གི་ཐ་སྙད་རྣམ་གྲངས་འཛིན་མེད་ཕྱིར། །ཡུལ་ལ་མི་ཞེན་མ་རིག་རང་སར་གྲོལ། །བཙལ་མེད་བསམ་གཏན་ཉམས་སུ་མྱོང་བའི་རྟགས། །ཕན་གནོད་ཇི་ལྟ་བུ་དང་ཕྲད་གྱུར་ནས། །བྱམས་སྡང་གཉིས་ཀྱི་སེམས་ནི་སྐྱེས་པའི་ཚེ། །མཉམ་ཉིད་རིག་པས་གསལ་ཐེབས་རྣལ་འབྱོར་དེ། །བློ་དངོས་གཉིས་མེད་ཉམས་སུ་མྱོང་བའི་རྟགས། །དེ་ཡང་སེམས་དཔའ་རྡོ་རྗེ་ད་ཉོན་ཅིག །ཀུན་ཏུ་བཟང་པོ་འོད་དང་བཅས་ནས་ནི། །དབང་པོར་མངོན་སུམ་བྱོན་ནས་ཆོས་བསྟན་ཀྱང་། །


DNG006_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་ཡིན་པའི་སེམས་ཀྱིས་དད་རྒྱུ་དང་། །གཤིན་རྗེའི་འཇིགས་པ་བྱུང་ཡང་ཉམ་མི་ང་། །གཉིས་པ་འཁྲུལ་པར་རྟོགས་ཕྱིར་སྤང་ལེན་མེད། །ལྟ་བ་གདེང་ལྡན་ཉམས་མྱོང་ཡིན་པའི་རྟགས། །ཐེག་པའི་བྱེ་བྲག་ཆོས་རྣམས་ཅི་གསུངས་ཀྱང་། །དོན་ལ་བཟང་ངན་མེད་རྟོགས་ཕྱིར་ན་སྒྲོ་སྐུར་བྲལ། །ཆོས་ལ་བཟོད་པ་ཐོབ་པའི་ཉམས་མྱོང་རྟགས། །ལུས་ངག་ཡིད་གསུམ་སྡུག་བདེ་ཅི་བྱུང་ཡང་། །སྐྱོན་ཡོན་མི་བལྟ་རང་སེམས་འཁྲུལ་པའི་ཕྱིར། །སྔ་ཕྱི་མེད་པར་ལྟ་བའི་གདེང་ལྡན་ན། །ཆོས་ཉིད་རང་གསལ་ཉམས་སུ་མྱོང་བའི་རྟགས། །ལུས་དང་མི་མཐུན་པ་ཡི་ནད་དང་བགེགས། །བྱུང་ཡང་བག་ཆགས་དང་ནི་ཉོན་མོངས་པ། །རྟོག་པ་བརྟས་པ་ཉིད་ལས་མ་གཏོགས་པ། །ཞེན་པ་མེད་ཕྱིར་ཆོས་སྐུ་དད་པ་ཡིས། །མི་གཏོང་དྲན་པར་བྱེད་པའི་རྣལ་འབྱོར་པ། །དངོས་གྲུབ་རྩོལ་མེད་དགོངས་པ་ཉམས་མྱོང་རྟགས། །དེ་ཡང་འདུས་པའི་སྙིང་པོ་ད་ཉོན་ཅིག །བྱང་ཆུབ་སེམས་ལ་སྔ་ཕྱི་མེད་པའི་ཕྱིར། །འཇིག་རྟེན་མཐོན་དམར་གར་སྐྱེས་ལུས་ཉིད་ཀྱང་། །སྐྱེ་འགག་མེད་པའི་སེམས་ལ་སེམས་གནས་ན། །འདུ་འབྲལ་མེད་པའི་དགོངས་པ་ཉམས་མྱོང་རྟགས། །རྟགས་ཆེན་དེ་ལྡན་རྣལ་འབྱོར་རྣམས་ཀྱིས་ནི། །ཅི་སྤྱོད་ཐམས་ཅད་ཡེ་ཤེས་སངས་རྒྱས་ཐུགས། །མི་ཡི་ལུས་ལ་སྒྲིབ་གཡོགས་འདི་ཉིད་ལ། །ལྷ་མི་རྣམས་ཀྱིས་ཕྱག་འཚལ་མཆོད་པར་འགྱུར། །རྫོགས་པ་ཆེན་པོ་བལྟ་བ་ཡེ་ཤེས་གཏིང་རྫོགས་རྒྱལ་པོའི་རྒྱུད་ལས། རྟགས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་སྙིང་པོ་ཡིས། །དད་ལྡན་འཁོར་ལ་ཕན་གདགས་ཕྱིར། །མཉམ་པའི་རྒྱལ་པོ་ཀུན་བཟང་ལ། །ཡིད་ཀྱི་དྲན་པས་འདི་སྐད་དོན་གསོལ་པ། །བལྟ་བ་ཉམས་པའི་རྣལ་འབྱོར་སྐྱོན་ནི་གང་། །དེ་ལ་སྐོར་ཐབས་ཇི་ལྟར་བསྟན་པར་བགྱི། །བསྐངས་པའི་འབྲས་བུ་ཇི་ལྟར་འབྱུང་། །འཁོར་འདས་ས་མཚམས་བག་ཆགས་གང་གིས་གཟུང་། །དེ་ཡི་གདམས་ངག་རྣལ་འབྱོར་གང་ལ་གཏད། །མཉམ་པའི་ཡེ་ཤེས་རྒྱལ་པོས་ལུང་བསྟན་གསོལ། །དེ་སྐད་ཞུས་པའི་དོན་གསན་ཉིད་ཀྱིས་


DNG006_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། དོན་མེད་ང་རྒྱལ་དྲེགས་པས་མཁས་འདོད་པས། །རང་གི་བལྟ་བས་ཡ་རབས་མཐོ་བཞེད་ནས། །ཚིག་ལ་མཉམ་སྦྱོར་མཁས་པའི་ཟླ་མེད་ཀྱང་། །དམ་ཚིག་ཕྱལ་བོར་བྱང་ཆུབ་སེམས་སྤངས་ནས། །ལོག་འདྲེན་ཁོང་གསོག་བདེན་ཚིག་ཅི་སྨྲས་ཀྱང་། །འཁྲུལ་པའི་སེམས་ཉིད་ལོག་འདྲེན་དབང་དུ་འགྱུར། །གནམ་ལྕགས་མཁའ་ལས་འདམ་དུ་བྱིང་བ་བཞིན། །དམྱལ་བར་ངེས་འགྲོ་གཏན་དུ་སྙིང་རེ་རྗེ། །དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན། །གསང་སྔགས་གསང་བའི་ལྟ་བའི་སྒོར་ཞུགས་ནས། །ཡང་དག་རང་སེམས་དོན་ལ་མ་འདུད་པར། །མི་ཆོས་ཟང་ཟིང་ལུས་ངག་ལས་བྱེད་པས། །རི་བོས་སྲོག་ཆགས་འོག་ཏུ་མནན་པ་ལྟར། །མི་ཤེས་རང་གི་ང་རྒྱལ་བསྙེམ་བྱེད་པ། །ནམ་ཡང་སངས་རྒྱས་བྱང་ཆུབ་ཐོབ་མི་སྲིད། །དེ་ཡང་སེམས་དཔའི་སྙིང་པོ་ད་ཉོན་ཅིག །རྒྱ་མཚོའི་དབྱིངས་ཀྱི་ཕ་བོང་དཀྱིལ་སྐམས་ལྟར། །ཐེག་པ་འོག་མའི་སྡེ་སྣོད་ཆོས་མཉན་ཀྱང་། །ཡང་དག་དོན་གྱི་ལྟ་བའི་གདེང་མེད་པར། །ཚིག་ཙམ་ལུང་ལས་ཆོས་ཀྱི་ཁུངས་ཕྱུང་ནས། །བྱར་མེད་ཆོས་ལ་ང་རྒྱལ་བློ་བརྟན་ནས། །ལུས་ངག་རྩིང་ཆོས་ཕད་ཧྲལ་སྤྱོད་བྱེད་པས། །རང་སེམས་བཀག་ཀྱང་འཁོར་བར་མི་སྐྱོབས་ཏེ། །སྡུག་བསྔལ་ཡ་ངའི་འབྲས་བུ་ཐེ་ཚོམ་མེད། །བལྟ་བ་ཉམས་པའི་སྐྱོན་དུ་བཤད་པའི་ཕྱིར། །ཤིན་ཏུ་རྣལ་འབྱོར་དོན་ཉིད་རྟོགས་པ་གཅེས། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་རྒྱལ་པོའི་རྒྱུད་ལས། རྣལ་འབྱོར་པའི་བལྟ་བ་ཉམས་པའི་སྐྱོན་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཡང་ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །རྣལ་འབྱོར་བལྟ་བ་ཉམས་ན་སྐོང་བའི་ཐབས། །འདུས་པའི་ཚོགས་ལ་ཆེད་དུ་བཀའ་སྩལ་པ། །རང་གི་བྱང་ཆུབ་སེམས་ཉིད་མ་རྟོགས་ན། །མ་ཧཱའི་ཡོ་གའི་ཆོས་ཀྱི་ཚོགས་མཆོད་ཕྱིར། །སྐོང་བཤགས་ཕྲིན་ལས་གཞུང་དུ་བྱས་གྱུར་ཀྱང་། །རྣལ་འབྱོར་ལྟ་བ་ཉམས་པ་བསྐང་མི་འགྱུར། །དེ་ཡང་སེམས་དཔའ་རྡོ་རྗེ་ཡིད་ཀྱིས་ཉོན། །བླ་མ་བརྒྱུད་པའི་གདམས་ངག་དོན་ལྡན་ལ། །རང་སེམས་དབང་དུ་བཙུགས་ནས་དོན་ཞུས་ནས། །


DNG006_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་མི་གཏོང་ལྟ་བ་དྲན་བྱས་ནས། །སྙིང་པོ་མཆོག་གི་སངས་རྒྱས་ཆོས་ཀྱི་སྐུ། །བདེ་ཆེན་ཐུགས་ལ་གསལ་བའི་དམ་ཚིག་སྟེ། །ཡན་ལག་དམ་ཚིག་ཉམས་ཀྱང་བསྒྲིབ་མི་ནུས། །རྒྱུན་དུ་མི་གཏོང་ཏིང་འཛིན་དོན་བསྟན་ན། །མཚམས་མེད་ལ་སོགས་བྱས་ཀྱང་ཆོས་ཀྱི་སྐུ། །འགྱོད་པ་དྲག་པོ་ཡིད་བྱས་བལྟ་བ་ནི། །མི་བརྗེད་གཟུངས་སུ་དོན་ལ་གུས་པའི་ཆོས། །སེམས་ལ་གསལ་བས་རྣམ་རྟོག་མིང་ཡང་མེད། །སྐྱབས་དང་མགོན་དུ་ལྟ་བ་མཆོག་ཏུ་གསུངས། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་རྒྱལ་པོའི་རྒྱུད་ལས། རྣལ་འབྱོར་པ་བལྟ་བ་ཉམས་ན་སྐོང་བའི་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་འདུས་པའི་སྙིང་པོ་འཁོར་རྣམས་ལ། །ཀུན་བཟང་སྟོན་པ་ཆོས་རྗེས་བཀའ་སྩལ་པ། །ལྟ་བ་ཉམས་པ་བསྐངས་པའི་འབྲས་བུ་ནི། །རང་སེམས་སངས་རྒྱས་ཡེ་ཤེས་སྙིང་པོ་འབྱུང་། །རྟོགས་པ་ཙམ་གྱིས་སངས་རྒྱས་ས་ལ་གནས། །འབྲས་བུ་གཞན་དུ་བཙལ་མི་དགོས་པས་མཆོག །རང་བྱུང་གདོད་ནས་དག་པའི་ངོ་བོ་ཉིད། །ཆོས་སྐུ་འགྱུར་བ་མེད་པ་རང་སེམས་དོན། །འབྲས་བུ་དུས་ལ་མི་ལྟོས་ད་ལྟ་ཉིད། །ཡེ་ཤེས་དབང་ཐོབ་སངས་རྒྱས་ཀུན་དང་མཉམ། །རྣམ་སྨིན་ལུས་འདི་བྲལ་བས་ཀུན་བཟང་ཐུགས། །བྱང་ཆུབ་ཆོས་ཉིད་རང་བྱུང་མཐར་ཕྱིན་པས། །མི་ཚེ་འདི་ཡིས་བྱང་ཆུབ་མཆོག་ཐོབ་ནས། །རྒྱུ་ལ་མི་ལྟོས་འབྲས་བུ་ཡེ་ཤེས་ཚོགས། །ད་ལྟ་ཉིད་དུ་སེམས་འདི་ཀུན་ཏུ་བཟང་། །ལུས་འདི་བྲལ་བས་སངས་རྒྱས་ཆོས་ཀྱི་སྐུ། །སྐྱེ་བ་མི་ལེན་འབྲས་བུ་བཙལ་མི་དགོས། །དངོས་པོ་ལུས་མེད་སྙིང་པོ་བྱང་ཆུབ་སེམས། །སྤྲིན་མེད་ནམ་མཁར་གཟའ་སྐར་འཆར་བ་བཞིན། །རང་སེམས་རྟོགས་པས་འགྲོ་དོན་བཙལ་མི་དགོས། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་རྒྱལ་པོའི་རྒྱུད་ལས། བལྟ་བ་ཉམས་པ་བསྐངས་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་ཀུན་རིག་རྒྱལ་པོས་འཁོར་རྣམས་ལ། །འཁོར་འདས་ས་མཚམས་བཀའ་སྩལ་པ། །ཐོག་མར་འཁྲུལ་པའི་གཞི་གནས་བག་ཆགས་དེ། །གཉིད་དང་


DNG006_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་འཇིགས་དང་རྟོགས་པ་རྣམས། །སྔར་གྱི་མངལ་གྱི་སྒྲིབ་གཡོགས་བག་ཆགས་བརྟས། །སེམས་དཔའ་རྡོ་རྗེ་འདུས་པའི་སྙིང་པོ་ཉོན། །སྐྱེ་བོ་རང་སེམས་མ་རྟོགས་བར་དོ་ནས། །དཔེར་ན་སྤྲིན་དང་ལིང་ཏོག་ཆུ་བུར་མིག །རྫས་རྣམས་མི་མཐོང་བསྒྲིབས་པའི་མུན་པ་བཞིན། །མ་རིག་དབང་གིས་བསྒྲིབས་པའི་བག་ཆགས་ཀྱིས། །རང་ལ་ཡོད་པའི་ཆོས་སྐུ་དོན་ཆེན་བསྒྲིབས། །དེ་ཚེ་སྔོན་གྱི་རྫས་རྣམས་རྗེས་དྲན་ནས། །གོས་དང་གཉེན་འདུན་དྲན་པ་བྱུང་ནས་ཀྱང་། །ང་ཉིད་ངེས་པར་ཤིའམ་གར་འགྲོ་བའི། །སྒྲིབ་གཡོགས་ལུས་ཀྱི་ཆུ་བུར་དམིགས་པའི་ཕྱིར། །དཔེར་ན་མིག་ཕྱུང་བཞིན་དུ་བག་ཆགས་བློས། །དུག་ལྔ་ལས་ལ་ཀུན་སྤྱོད་ཡིད་དྲན་འགྱུར། །ཤེས་རབ་ལྟ་བའི་མིག་མེད་གཏི་མུག་བློས། །མི་ཤེས་བྱེད་པ་མེད་ཕྱིར་འདུས་བྱས་ཀྱི། །དགེ་བ་ལུས་ངག་ཡིད་ཀྱིས་ཅི་སྤྱད་ཀྱང་། །ཕན་པ་རྡུལ་ཙམ་མི་ནུས་དོན་མེད་འཁྱམས། །དེ་ཚེ་གཟུགས་བྲལ་ཡིད་ཀྱི་དབང་པོ་ནི། །ཀུན་ཚང་ཐོགས་མེད་འགྲོ་བའི་ཕྱིར་ན་འཁྲུལ། །དཔེར་ན་འདབ་ཆགས་མཁའ་ལ་འགྲོ་ཡང་ནི། །འདོད་པའི་དབང་གིས་ས་ཁུང་རྙི་ཡིས་འཛིན། །དེ་བཞིན་གཟུང་འཛིན་དབང་གིས་ལུས་སུ་འཇུག །དེ་ཚེ་གཅིག་གིས་ཐ་དད་གང་ལེན་པ། །ཆར་སོགས་སྡུག་བསྔལ་ཉིད་གྱུར་སྐྱབས་ཚོལ་བས། །གཞལ་ཡས་རྩྭ་ཡི་སྤྱིལ་སྐྱིབས་ནང་དག་ཏུ། །རང་དབང་མེད་པར་ཤུགས་ཀྱིས་ཆུད་པ་སྙམ། །ཕོ་མོ་འདུ་འཕྲོད་རྐྱེན་གྱིས་མངལ་དུ་མཇུག །རྣམ་བཞི་གང་རུང་ལས་ཀྱིས་སྐྱེ་བའི་ཕྱིར། །མཐོན་དམན་ལས་ལ་འདམ་པའི་དབང་མེད་པ། །དེ་ཡང་འདུས་པའི་འཁོར་རྣམས་ད་ཉོན་ཅིག །མཐའ་མིའི་རྣལ་འབྱོར་བལྟ་བ་རྟོགས་པ་ཡི། །གདམས་ངག་སྐལ་མེད་བསམ་གཏན་ཞི་གནས་ཀྱིས། །ཡེ་ཤེས་བག་ཆགས་མཉམ་ཉིད་ཏིང་འཛིན་གྱིས། །རྫོགས་པ་ཐ་མ་ཉམས་སུ་མྱོང་བའི་ཕྱིར། །འདོད་ཆགས་ལྷ་མི་གར་སྐྱེས་རང་དབང་ཡོད། །རྟོགས་པ་འབྲིང་གི་རྣལ་འབྱོར་བལྟ་བ་ནི། །དྲན་པ་མ་ཡེངས་ཙམ་དུ་དོན་གསལ་ན། །རྣམ་རྟོག་ཆགས་པ་དེ་ཉིད་ཟིལ་གྱིས་གནོན། །དཔེར་


DNG006_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ན་མི་གང་རྩལ་ལྡན་དེ་ཤུགས་ཀྱིས། །རྩལ་མེད་ནོན་བཞིན་རྗེས་སུ་གསལ་བས་ན། །དཔེར་ན་ཁྱུང་སྒོང་ནང་ནས་བྱ་བཏོན་བཞིན། །རྣམ་སྨིན་ལུས་དང་བྲལ་ནས་དོན་དྲན་ཏེ། །གཙང་མ་རིས་ཀྱི་ལྷར་ནི་སྐྱེས་ནས་ཀྱང་། །མངོན་པར་འབྲས་བུ་སངས་རྒྱས་ཡེ་ཤེས་འབྱུང་། །དེ་ཡང་སེམས་དཔའ་རྡོ་རྗེ་སྙིང་པོ་ཉོན། །རྟོགས་པ་རབ་ཀྱི་བློ་དངོས་གཅིག་པའི་ཕྱིར། །ལྟ་བའི་རྒྱུན་ལ་ཡེངས་པ་མི་འབྱུང་ཕྱིར། །ལུས་ཀྱི་སྒྲིབ་གཡོགས་བྲལ་བའི་སྐད་ཅིག་ལ། །འབྲས་བུ་སངས་རྒྱས་རྒྱལ་པོ་ཆོས་ཀྱི་སྐུ། །དཔེ་མེད་ཀུན་བཟང་ཡེ་ཤེས་ཐུགས་ཀྱི་ཐུགས། །ནམ་མཁའི་མཐོངས་སུ་ཉི་ཤར་མུན་པ་མེད། །དེ་བཞིན་རྣལ་འབྱོར་ལུས་བྲལ་སེམས་ཉིད་ལ། །མ་རིག་མེད་པར་ཆོས་ཉིད་གསལ་བའི་ཕྱིར། །སངས་རྒྱས་ཡེ་ཤེས་ཐུགས་ལ་འཆར་ནུབ་མེད། །རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། འཁོར་འདས་གཉིས་ཀྱིས་མཚམས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་ཡང་ཀུན་རིག་རྒྱལ་པོས་དོན་བསྟན་པ། །ཐེག་པའི་རྒྱལ་པོ་ཆོས་ཉིད་ལྷུན་རྫོགས་འདི། །སྐལ་དང་ལྡན་པའི་འཁོར་རྣམས་ཁྱེད་ཀྱིས་ཀྱང་། །རྒྱུད་འདི་ཡིད་ལ་གནས་ཤིང་བཅང་བར་གྱིས། །དེ་ཡང་འདུས་པའི་རྡོ་རྗེ་སྙིང་པོ་ཉོན། །སྤྱོད་པ་ཚུལ་འཆོས་བྱེད་ཅིང་སློབ་དཔོན་སྨོད། །ནོར་ཕངས་ཆོས་འདོད་ཐབས་ཀྱིས་འདྲིད་པ་ལ། །ཡེ་ཤེས་གཏིང་རྫོགས་རྒྱུད་ཆེན་ལྟ་བ་ནི། །སྣོད་ངན་རྣམས་ལ་ནམ་ཡང་བསྟན་པར་མ་གསུངས་སོ། །བཀའ་བཞིན་མ་བྱས་དོན་གྱི་སྙིང་པོ་ཆོས། །འཇིག་རྟེན་ནོར་ཕྱིར་དོན་སྟོན་རྣལ་འབྱོར་ལ། །སངས་རྒྱས་དཀོན་མཆོག་བཀའ་ཆད་འབྱུང་ངེས་ཕྱིར། །འཇིག་རྟེན་མཁའ་འགྲོ་དམ་ཅན་སྨོས་ཅི་དགོས། །གནོད་སྦྱིན་སྲིན་པོས་སྲོག་བཅད་མནར་མེད་ལྟུང་། །ད་ཡང་འཁོར་གྱི་སེམས་དཔའ་ཡིད་ཀྱིས་ཉོན། །བསྟན་པ་འཇིག་པའི་དུས་འདིར་ཆོས་རྣམས་ཀྱི། །སྙིང་པོ་རྫོགས་ཆེན་དོན་འདི་འབྱུང་འགྱུར་བས། །སྣོད་ལྡན་རྣལ་འབྱོར་འགའ་ལ་གཏད་པ་ལས། །དད་མེད་སྣང་དགུ་རྣམས་ཀྱི་སྤྱོད་ཡུལ་མིན། །འཁོར་རྣམས་ཀུན་ཀྱང་ངེས་པར་དེ་ལྟར་ཞོག །ལན་ཅིག་རྣལ་འབྱོར་ཁས་འཆེ་
ཆོས་པ་ཀུན། །དོན་མེད་ཚིག་མཁས་ཉམས་སུ་ལེན་པ་མེད། །འདུས་བྱས་ཆོས་སྤངས་དོན་ལ་མི་འདུད་པར། །བསོད་ནམས་འདོད་ཕྱིར་གྲོང་དུ་ཆོས་འཆད་འབྱུང་། །དེ་ཡང་རྡོ་རྗེ་སེམས་དཔའ་སྙིང་པོ་ཉོན། །རྣལ་འབྱོར་གང་ཞིག་སྣོད་ལྡན་ཆོས། །གཞུང་བཞིན་དོན་ལས་མི་འདའ་དད་པ་ཅན། །དཀའ་དགུ་བསྡོས་ནས་མན་ངག་རྒྱུད་འདི་ཚོལ། །དེ་ཚེ་རྣལ་འབྱོར་ལས་ཅན་དོན་གྱི་ཕྱིར། །སྦ་བསྐྱིལ་མི་བྱ་རྒྱུད་འདི་བསྟན་པར་གྱིས། །གལ་ཏེ་སྣོད་ལྡན་མ་ཕྲད་དུས་ཉེ་ན། །ཆོས་སྐྱོང་ཡོད་པའི་གཙུག་ལག་ཁང་ཆེན་ནམ། །དྲེགས་པའི་ལྷ་ཆེན་གནས་པའི་བྲག་དཀྱིལ་དུ། །ས་ཕྱོགས་བརྟགས་ལ་དད་ལྡན་ཕྱི་རབས་ལ། །ཕན་ཕྱིར་སྨོན་ལམ་བཏབ་ལ་སྦ་སྟེ་བཞག །རྫོགས་པ་ཆེན་པོ་བལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། འཁོར་ལ་རྒྱུད་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་འདི་ཨོ་རྒྱན་གྱི་ཡུལ་བྱེ་མ་གཡུང་དྲུང་ནས། སིང་གྷ་ལའི་སློབ་དཔོན་དྷརྨ་གརྦྷས་ཨོ་རྒྱན་གྱི་སློབ་དཔོན་མ་ཧཱ་བོ་དྷི་ལ་བཤད། དེ་ནས་ཨཱ་ཙརྻ་དྲན་པའི་ཡེ་ཤེས་ལ་བཤད། དེས་བོད་ཡུལ་དུ་བསྣམས་ནས་བྱོན་པའི་ཆོས་གསེར་གྱི་དྲིལ་ཤིང་ཅན་རྫོགས་སོ།། །།

རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་གསང་བའི་སྙིང་པོ་རྣལ་མ་དོན་གྱི་རྒྱུད།


DNG006_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་སཏྭཱ྅་ཀཱ་ཤ་བི་པུ་ལ་གུཧྱ་གརྦྷ་པྲ་ཀྲྀ་ཏྱརྠ་ཏནྟྲ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་གསང་བའི་སྙིང་པོ་རྣལ་མ་དོན་གྱི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་རང་བཞིན་རྫོགས་པ་ཆེན་པོ། ཡེ་ཤེས་ལྷུན་གྱིས་གྲུབ་པ། རང་བྱུང་རིག་པའི་རྒྱལ་པོ། འོད་གསལ་ཐིག་ལེ་བདེ་བ་ཆེན་པོ་དེ། རིག་པ་འཕོ་འགྱུར་མེད་པའི་གཞལ་ཡས་ཁང་ན།དུས་གསུམ་གྱི་སངས་རྒྱས་དང་། ཁམས་གསུམ་གྱི་སེམས་ཅན་དང་། ལམ་ལ་རྗེས་སུ་ལྟ་བ་རྣམས་འབྱེད་པ་མི་མངའ་བར་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་རིག་པའི་རྒྱལ་པོ་ལ། རིག་པའི་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །ཨེ་མའོ་དགོངས་པ་རྣམས་ཀྱི་


DNG006_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གསང་། །སྟོང་ཉིད་ཞི་བ་ཐུགས་རྗེའི་ངང་། །སྙིང་པོའི་སྙིང་པོ་དོན་གྱི་མཆོག །རྫོགས་ཆེན་དོན་འདི་ལེགས་པར་གསུངས། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་རིག་པའི་རྒྱལ་པོ་དེས། བཙལ་དུ་མེད་པ་ཐིག་ལེ་ཆེན་པོའི་དོན་འདི་གསུངས་པ། རང་བྱུང་གསང་བ་ཐིག་ལེའི་ངང་། །ཆོས་ཀུན་འདུས་པ་ལུས་པ་མེད། །བགྲོད་མེད་རྩོལ་བྲལ་ལྷུན་གྱིས་གྲུབ། །སྦྱངས་ཐོབ་མ་ཡིན་རྫོགས་པའི་ཀློང་། །རིག་པའི་རྒྱལ་པོ་ཀུན་གསལ་བ། །འདོད་པའི་དོན་ཀུན་རྫོགས་པའི་བདག །ཡེ་ཤེས་རྒྱ་མཚོ་རྣམ་གྲོལ་ལམ། །ཐེག་པ་ཀུན་རྫོགས་མཁའ་ལྟར་ཡངས། །རང་རིག་ལེགས་པའི་སྙིང་པོ་ཉིད། །ཀུན་གྱི་རང་བཞིན་ཆོས་ཀྱི་དབྱིངས། །སྒྲོ་འདོགས་སྐུར་འདེབས་ཀུན་གྱིས་སྟོངས། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །ཐེག་པ་གཅིག་ལ་ཀུན་རྫོགས་པས། །ཡེ་ཤེས་དྲི་མེད་རྣམ་པར་དག །རང་བྱུང་ཐིག་ལེ་ཉི་མ་ཤར། །ཁྱབ་པ་ཆེན་པོ་ཆོས་ཀྱི་སྐུ། །སྟོང་པ་ཆེན་པོ་རིག་པའི་རྒྱ། །ཡེ་ནས་དག་པས་འདའ་བ་མེད། །ཡེ་ཤེས་གསང་བ་བྱང་ཆུབ་སེམས། །ནམ་མཁའ་ཆེན་པོ་གཅིག་པུ་ཉིད། །ཐིག་ལེ་ཆེན་པོ་ཡེ་བསྟན་པས། །སྤྲོ་བསྡུ་མེད་པའི་དབྱིངས་ལ་གནས། །སྒྲོ་སྐུར་དམིགས་པའི་ཡུལ་མེད་པས། །རང་རིག་གསལ་བ་དབུས་མཐའ་མེད། །ཀུན་གྱི་རང་བཞིན་གསང་བའི་ཕྱིར། །རྟོག་དཔྱོད་འཛིན་པའི་ཡུལ་གྱིས་སྟོངས། །མ་ཡེངས་རིག་པ་མཉམ་གནས་པ། །ཏིང་འཛིན་འཁོར་ལོ་བསྟན་མི་དགོས། །རང་བྱུང་དགོངས་པར་ཀུན་རྫོགས་པས། །མ་བཙལ་ལྷུན་གྲུབ་རང་ལས་བྱུང་། །ཕྱག་རྒྱ་ཆེན་པོ་བདག་གནས་ཕྱིར། །མ་བསྒོམས་འདའ་བ་མེད་པའི་ངང་། །དངོས་བྲལ་རིག་པའི་ཕྱག་རྒྱ་འདི། །ཡེ་ཤེས་སྙིང་པོར་འོད་འབར་བ། །ཀུན་གྱི་སྙིང་པོར་བདག་གནས་པས། །འདི་ཉིད་རང་བཞིན་གཏིང་དཔག་དཀའ། །ཐིག་གཅིག་སྙིང་པོ་རྫོགས་པ་ལ། །ཆོས་ཀུན་རྫོགས་ཏེ་ངོ་བོར་གནས། །དོན་ཀུན་ཡོངས་རྫོགས་ཐིག་ལེ་ལ། །རང་བཞིན་གནས་པས་རིམ་པ་མེད། །སྙིང་


DNG006_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རིག་པ་དོན་གྱི་རྒྱུད། །དེ་རྒྱུད་ཐེག་པའི་ཡང་སྙིང་འདི། །ཡེ་ཤེས་ཕྱག་རྒྱ་རྫོགས་པའི་མཆོག །མི་འདའ་དེ་ཉིད་ཁོ་ནའི་དོན། །འདུ་ཤེས་སྦྱོར་བ་མ་ལུས་ཟད། །རྒྱུ་མེད་སེམས་ལ་རྐྱེན་བྲལ་བས། །སྐྱེ་འཇིག་འགྱུར་བ་ག་ལ་ཡོད། །ཡེ་ནས་ཟིན་པས་བྱ་བ་མེད། །ལྷུན་གྱིས་རྫོགས་པས་བསམ་པ་མེད། །རང་ལ་རྫོགས་པས་བསྒྲུབ་ཏུ་མེད། །དམིགས་མེད་དོན་ལ་བསྒོམ་དུ་མེད། །དུས་གཅིག་རྫོགས་པས་བགྲོད་དུ་མེད། །ཡེ་ཤེས་རིག་པའི་ཕྱག་རྒྱ་ལ། །རྣམ་གྲོལ་འབྲས་བུ་ཀུན་རྫོགས་ལྡན། །གསང་བ་རང་བྱུང་རིག་པའི་སྒྲ། །བརྗོད་པ་མ་ཡིན་དོན་གྱིས་ཤེས། །འདི་ལྟར་གཅིག་ཏུ་གནས་པ་ལ། །ཐ་དད་མཐོང་བ་འཁྲུལ་པའི་ལམ། །སྙིང་པོ་སེམས་ཉིད་རྫོགས་པ་ལ། །དྲན་དང་དབང་པོ་ཡིད་བྱེད་མེད། །ལུས་དང་ངག་སེམས་རྩལ་གནས་མེད། །ཅི་བདེར་གནས་པ་དགག་བསྒྲུབ་མེད། །ཅེས་གསུངས་སོ། །སྙིང་པོ་རྣལ་མ་དོན་གྱི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྩོལ་མེད་རིག་པའི་རྒྱལ་པོས། ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །མ་བཙལ་ལྷུན་གྲུབ་མ་བཅོས་ཆོས་ཀྱི་དབྱིངས། །མ་རྩོལ་མ་བྱས་ཡེ་ནས་ཇི་བཞིན་ཉིད། །རང་བྱུང་གསང་བའི་དབྱིངས་འདི་བརྗོད་བྲལ་ཏེ། །མཚོན་དང་བརྟགས་ཤིང་དཔྱད་པའི་ཡུལ་ལས་འདས། །དུས་གསུམ་རྣམ་དག་རིག་པ་དབྱེར་མེད་པས། །རིག་པ་དབྱེར་མེད་གཅིག་ཏུ་ལྷུན་གྱིས་རྫོགས། །མ་བསགས་མ་སྦྱངས་ཡེ་སངས་རྒྱས་པའི་ཀློང་། །མཐའ་བྲལ་རིག་པའི་ཀློང་ལ་བསམ་ཞིང་བརྗོད་དུ་མེད། །ཡེ་ནས་ཀུན་རྫོགས་བདག་ཉིད་ལྷུན་རྫོགས་པ། །ས་ལ་མི་བགྲོད་ལམ་ལ་མི་སྦྱང་ཞིང་། །མ་རྟོགས་ཏིང་འཛིན་སྦྱང་བ་སྒྱུ་མའི་ནད། །མ་བཙལ་རང་བཞིན་བཞག་པས་གྲུབ་པ་ཡིན། །མ་ཡེངས་ཀློང་དུ་ཞུགས་ན་བསྒོམ་པ་ཡིན། །རིག་པ་གཅིག་ལ་རྫོགས་པས་འདུས་པ་ཡིན། །རང་བཞིན་འདའ་བ་མེད་པས་དམ་ཚིག་ཡིན། །མ་རྩོལ་ལྷུན་གྱིས་གྲུབ་པ་འབྲས་བུ་ཡིན། །


DNG006_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ངང་ལ་གཉིས་བཟུང་ཐིག་ལེ་བསྒྲིབས། །ཐིག་ལེ་གཅིག་ལ་གཉིས་འཛིན་རྟོག་པས་བཅིངས། །བདེན་པ་གཅིག་ལ་ནོར་བའི་ལུང་གིས་བརྟགས། །བསམ་མེད་གཅིག་ལ་ལོག་རྟོག་དྲང་བས་བསམ། །རང་བྱུང་དོན་ལ་རྒྱུ་དང་རྐྱེན་དུ་ཚོགས། །བལྟར་མེད་དོན་ལ་ལོག་མཐོང་སྟོབས་ཀྱིས་བལྟས། །བགྲོད་མེད་ལམ་ལ་རྣམ་རྟོག་ཞེན་པས་བགྲོད། །གཟུང་མེད་མཉམ་ཉིད་ཕྱིན་ཅི་ལོག་ཏུ་བཟུང་། །མ་དག་དག་པར་བལྟས་པས་དག་པ་རྙོག་མར་ལངས། །རྣམ་རྟོག་ཕྱག་རྒྱས་བཅིངས་པས་ཡེ་ཤེས་ཕྱག་རྒྱ་བཤིག །མ་བརྗོད་ཡེ་ཤེས་གསུང་མཆོག་བརྗོད་པས་ཉམས། །མཚན་མའི་དཀྱིལ་འཁོར་བསྒོམས་པས་ཡེ་ཤེས་དཀྱིལ་འཁོར་སྤངས། །བཏང་སྙོམས་སྟོང་ཉིད་བསྒོམས་པས་བདེ་མཆོག་ཕྱག་རྒྱ་དྲལ། །མཚན་མ་ཚིག་ལ་ཞེན་པས་མཐའ་ཡི་ལྟ་བར་ལྷུང་། །གང་ཡང་མི་འབྱེད་བདེ་མཆོག་དབྱིངས་ལ་རོལ། །སྙིང་པོའི་སྙིང་པོ་རིག་པའི་ཡེ་ཤེས་ཉིད། །དོན་གྱི་དོན་ཏེ་ཀུན་དོན་སེམས་ལ་ཐུག །རྒྱུད་ཀྱི་རྒྱུད་དེ་ཀུན་འདྲེལ་རང་བཞིན་རྫོགས། །བྱ་བྲལ་རྫོགས་ལུང་བདེ་མཆོག་ཕྱག་རྒྱས་གདབ། །ཡེ་ནས་མི་འདའ་ལྷུན་གྱིས་གྲུབ་པར་གསལ། །རང་བྱུང་གཅིག་ལ་བལྟས་དགུར་རང་སྣང་བ། །རྣམ་པ་ལྷུན་གྲུབ་རོལ་པ་ངོ་མཚར་ཆེ། །རང་བཞིན་གཅིག་ལ་ཡོན་ཏན་ཀུན་ཚང་བས། །མ་བཙལ་བཞག་པས་ཡོན་ཏན་རང་བཞིན་རྫོགས། །མ་བསགས་ལྷུན་གྲུབ་རང་བྱུང་འབྲས་བུ་ལ། །རག་ལས་མ་ཡིན་གདོད་ནས་ལྷུན་རྫོགས་ཡིན། །སྦྱངས་ཐོབ་མ་ཡིན་དག་པ་བརྡའ་ཕྲད་ཡིན། །དམིགས་བྲལ་འདི་ཉིད་མཁའ་ལྟར་ཁྱབ་པར་གནས། །བསམ་མེད་བརྗོད་བྲལ་ཆོས་དབྱིངས་སྒྲ། །བརྗོད་པས་རིག་པའི་ཡེ་ཤེས་རྙེད་མི་འགྱུར། །མ་བཙལ་རང་བཞག་བདེ་ཆེན་རྒྱས་ཐེབས་ན། །ཐམས་ཅད་ཡེ་ཤེས་བདེ་མཆོག་ཕྱག་རྒྱར་གསལ། །སྟོང་མིན་མི་སྟོང་མ་ཡིན་དབུ་མ་མིན། །གང་ཡིན་དེ་ཡིན་བདག་གཞན་གང་ཡིན་མིན། །བསམ་པ་ཀུན་ཟད་སྦྱོར་བའི་འདུ་ཤེས་མེད། །སྟོང་ཞིང་རང་གསལ་རང་རིག་བདེ་མཆོག་དབྱིངས། །རྒྱ་གསུམ་དབྱིངས་ལ་ཐེབས་པས་འདའ་མི་སྲིད། །སྐུ་གསུམ་དབྱིངས་ལ་བརྡའ་ཕྲད་འབྲལ་དུ་མེད། །


DNG006_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྙོགས་དྭངས་མར་གསལ་བས་སྒྲིབ་པ་མེད། །མ་ཡེངས་རང་བཞིན་གསལ་བས་སངས་རྒྱས་ཡིན། །ཡེངས་མེད་འཁོར་ལོས་སྒྲིབ་པ་རྣམ་པར་གཅོད། །རྙོག་དང་མ་རྙོག་རྟོག་པས་མ་རྙོག་སྟེ། །མ་རྙོག་རྙོག་དུས་བཞི་ཡིས་མི་ཕྱེ་ལ། །དུས་ཚོད་ངེས་འཛིན་བདེ་མཆོག་གདམས་ངག་བཞིན། །རྙོག་དང་མ་རྙོག་གཉིས་ཀ་བསལ་གྱུར་ན། །དམ་པའི་དགོངས་པ་ལྷུན་གྱིས་གྲུབ་ངེས་པས། །རྙོག་མ་བསལ་ཞིང་དྭངས་མ་བླང་དུ་མེད། །སྡིག་གསུམ་བདེ་བར་གཅིག་པས་འཁོར་བའི་འཇིགས་པ་མེད། །ལྷུན་གྲུབ་ཉམས་སུ་མྱོང་བས་འབྲས་བུ་རེ་དོགས་མེད། །རིག་པའི་ཆོ་འཕྲུལ་ཉིད་ལ་རྩོལ་བསྒྲུབ་བྱ་མི་དགོས། །ཞེས་གསུངས་སོ། །སྙིང་པོ་དོན་གྱི་རྒྱུད་ལས། མ་བཙལ་ལྷུན་གྱིས་གྲུབ་པའི་ལུང་ཕོག་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་དེས། ཐམས་ཅད་གཏན་ལ་ཕེབས་པའི་ཏིང་ངེ་འཛིན་ལ་གནས་པ་འདི་སྐད་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །རང་སེམས་རྫོགས་པས་རང་བཞིན་གསལ། །སྒྲ་དང་ཚད་མ་གཏན་ཚིགས་ཀྱིས། །བརྗོད་བྲལ་གཏན་ལ་ཕེབས་པ་མེད། །མ་བཅོས་རིག་པའི་གཏན་ཚིགས་ཀྱིས། །མ་བརྗོད་དོན་གྱི་ངོ་བོ་མཚོན། །ཆུ་ཡི་རང་བཞིན་གཤེར་བ་ལྟར། །རིག་པ་ཉམས་སུ་ཤེས་པར་བྱ། །ཇི་བཞིན་རྟོགས་པའི་ཉམས་མེད་ན། །ཚིག་གི་བརྡའ་ཚིག་གང་བརྗོད་ཀྱང་། །བརྡའ་སྒོ་རྟོག་པའི་རྗེས་སུ་འབྲངས། །བདེན་བྲལ་རྣམ་རྟོག་ལྕགས་ཀྱིས་བསྡམས། །རང་བྱུང་རིག་པའི་ཐིག་ལེ་ཡིས། །མ་ཁྱབ་པ་ཡི་ཆོས་མེད་པས། །སྤྲོ་བསྡུ་བྲལ་ལོ་དབྱིངས་ལ་རྫོགས། །བདེ་ཆེན་རིག་པ་རྡོ་རྗེའི་ལུང་། །མ་བཅོས་རང་གསལ་དབྱིངས་སུ་རྫོགས། །དེ་ལ་དེར་གཞག་དེར་བཞག་ན། །འབད་པ་མེད་པ་ལྷུན་གྱིས་གྲུབ། །མ་བཙལ་ལྷུན་གྱིས་གྲུབ་པའི་ཕྱིར། །དཔེར་ན་ཉི་མའི་འོད་དང་མཚུངས། །མ་བཅོས་སེམས་ཀྱི་རང་བཞིན་དང་། །ཅི་བཞིན་རིག་པའི་གཏན་ཚིགས་ཀྱིས། །དེ་ཉིད་མ་ཡིན་གཞན་མིན་ཏེ། །གཉིས་མེད་རིག་པ་དུས་གཅིག་རྫོགས། །ཀུན་རྫོགས་བདེ་ཆེན་ཡངས་དོག་མེད། །རང་


DNG006_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལྷུན་གྲུབ་སྙིང་པོ་ནི། །ཉམས་མྱོང་རིག་པ་དཔེ་བཞིན་ལྟར། །འོད་གསལ་འདུ་ཤེས་རྣམ་བྲལ་བས། །རང་གསལ་རིག་པ་དབྱིངས་ལ་རྫོགས། །བརྒྱུད་པ་ཐབས་ཀྱི་འཕྲུལ་ཚིག་གིས། །རང་བྱུང་འོད་གསལ་བདེ་ཆེན་ལ། །གཉིས་མེད་དོན་ལས་མི་གཡོ་ཡང་། །མ་བཙལ་ལྷུན་གྱིས་གྲུབ་པའི་མཚོན། །ཐམས་ཅད་རྟོགས་པའི་ཐབས་ཡིན་པས། །གང་ལྟར་བདེ་བའི་དོན་ལ་འཛུད། །མཐུན་འཇུག་སྤྱོད་པ་རྒྱ་མཚོ་ནི། །འདུལ་བའི་ཐབས་ལ་བསྟན་པ་ཡིན། །རིམ་པའམ་དུས་གཅིག་ཁྱད་པར་ནི། །རྟོགས་པའི་ཁྱད་པར་ཆེ་ཆུང་གིས། །དངོས་པོ་གཅིག་ལ་དབྱེ་བ་ཡིན། །གཉིས་མེད་དོན་དུ་གསལ་བར་གཅིག །འདུལ་ཐབས་ཐེག་པ་བསམ་ཡས་པ། །རང་བྱུང་ཐེག་པའི་སྙིང་པོར་གཅིག །རང་བྱུང་རིག་པ་མཐུན་པ་མེད། །བསྟན་པ་རྒྱ་མཚོ་ཐུགས་ལ་རྫོགས། །དངོས་དེ་ཐབས་ཀྱིས་མ་མཚོན་ན། །རང་བྱུང་གཅིག་གིས་ཁྱབ་གནས་ཀྱང་། །རྒྱལ་པོའི་ཕྲུག་གུ་འཁྱམས་པ་ལྟར། །རང་གི་མཚན་ཉིད་མ་རྟོགས་སོ། །འདི་ལྟར་རང་བཞིན་གཅིག་པ་ལ། །བསམ་པའི་སྟོབས་ཀྱིས་སོ་སོར་ཕྱེ། །དོན་དང་འདྲེལ་བའི་པྲ་ཁྲིད་ཀྱིས། །བརྗོད་བྲལ་སེམས་ཀྱི་ཕྱག་རྒྱ་རྟོགས། །ངེས་པའི་དོན་ལ་དེ་མ་ཐག །སྐལ་ལྡན་འབད་པ་མེད་པར་གྲོལ། །བདེ་མཆོག་དོན་ལས་མ་འདས་པས། །མ་བཙལ་མཐར་ཕྱིན་སེམས་ཀྱི་ལམ། །རིམ་པ་མེད་པར་དུས་གཅིག་འཇུག །རིག་པ་སེམས་ཀྱི་རྩལ་རྫོགས་པས། །མ་བཙལ་ལྷུན་གྲུབ་ཕྱོགས་རིས་མེད། །གང་ལ་ཕྱོགས་རིས་རྩོལ་མེད་པས། །རང་བྱུང་ཕྱོགས་མེད་རང་གསལ་ལ། །རྒྱུ་མེད་རྐྱེན་མེད་བྱང་ཆུབ་སེམས། །མ་བསགས་ལྷུན་རྫོགས་དུས་གཅིག་རྫོགས། །རང་བྱུང་འོད་ཀྱིས་ཁྱབ་པར་གདལ། །ཐུགས་རྗེའི་བྱིན་རླབས་འགྲོ་འོང་མེད། །ཐེག་གཅིག་སེམས་ཉིད་རྫོགས་ལུང་ལ། །མ་ལུས་དྲི་མེད་རྣམ་དག་ལ། །མ་ལུས་བྱ་ཟིན་ལྷུན་གྱིས་གྲུབ། །མ་བཅོས་མ་བཙལ་ལྷུན་གྱིས་གྲུབ། །འཇུག་སྟོང་མི་གནས་བསམ་པས་སྟོངས། །མ་ཞི་རང་བཞག་གྲོལ་བའི་ལུང་། །གང་བསླད་རྣམ་རྟོག་རྩོལ་བས་བཅིངས། །རྒྱུ་བ་རིག་པའི་


DNG006_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་བྲལ། །མ་བཙལ་མ་བསྒྲུབས་ཐབས་ཀྱི་གནས། །ཡེངས་པ་མེད་དོ་ཅི་དགར་ཞོག །མི་སྤྲོ་མི་བསྡུ་ཡན་དུ་ཁྱེ། །མ་བསྒོམས་ཡལ་བར་བཞག་པས་རྟོགས། །མི་བསམ་མི་སྤྱོད་ཡུལ་མ་ཚོལ། །རྒྱུ་འོ་ཆགས་བྲལ་བྱང་ཆུབ་སེམས། །མ་བཅོས་སྙིང་པོ་དོན་གྱི་རྒྱུད། །གསལ་དང་མི་གསལ་དམ་པ་དང་། །ཐ་མལ་འདུ་ཤེས་རྣམ་པར་བཅད། །ཅེས་གསུངས་སོ། །སྙིང་པོ་དོན་གྱི་རྒྱུད་ལས། ལུང་གསུམ་མ་བཅོས་པ་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་རང་བྱུང་རིག་པའི་རྒྱལ་པོ་དེས། རྣམ་དག་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །རང་བཞིན་མི་གནས་བྱང་ཆུབ་སེམས། །ལོག་རྟོག་སུམ་བརྒྱ་དྲུག་ཅུ་ཡིས། །མེད་ལས་ཡོད་པའི་ཚུལ་འགྱུར་བས། །ཞེན་པའི་འཇིག་རྟེན་ཐེག་པ་གནས། །བསྐྱེད་པ་མེད་པའི་བྱང་ཆུབ་སེམས། །འཇིག་པ་མེད་པ་ནམ་མཁའ་འདྲ། །གང་ལའང་མི་བརྟེན་རྟོག་དཔྱོད་འདས། །མ་བཅོས་རྫོགས་པའི་ཐེག་པར་གསུངས། །གཏན་ལ་ཕེབས་པའི་ལུང་བཅུ་ཡིས། །རང་བཞིན་གཅིག་ཏུ་གསལ་བར་སྟོན། །ལུང་གསུམ་འདུས་པའི་སྙིང་པོ་འདི། །རྩ་གསུམ་ཀུན་འདུས་གསང་བའི་གཏེར། །རང་བྱུང་སེམས་ཉིད་ཀློང་གདལ་བས། །རྣམ་པར་དབྱེ་བའི་ཆོས་མེད་པས། །རོལ་པའི་ཡོན་ཏན་ཁྱད་པར་གྱིས། །ཀློང་དགུ་སེམས་ཉིད་བསྟན་པར་འཆད། །ལྟ་བ་རང་བྱུང་རྫོགས་པའི་ལུང་། །མ་ལུས་ཀུན་འདུས་རྣམ་པར་དག །ཐིག་ལེ་གཅིག་ཏུ་ཀུན་རྫོགས་པས། །རང་བྱུང་སྙིང་པོ་གཅིག་ལ་རོལ། །གསང་བའི་ཐིག་ལེ་ཀུན་གྱི་དབྱིངས། །མུ་མཐའ་མེད་པར་རང་བཞིན་གནས། །ཐམསཅད་གསང་བ་རང་བྱུང་སེམས། །རང་རིག་མ་རིག་རྣམ་པར་དག །རྟོག་འཕྱུགས་རིག་པའི་འདུ་ཤེས་སྤངས། །རིག་པ་ཏིང་འཛིན་གཏེར་གྱི་ལུང་། །རེ་དོགས་མེད་པའི་དབྱིངས་ལ་རོལ། །རང་རིག་ཡུལ་དབྱིངས་ལ་མི་གོས། །ཀུན་བཟང་སྟོང་ཉིད་མ་བཅོས་པས། །ཀུན་བཟང་ཐབས་ཀྱི་ཁྱད་པར་ཀུན། །མ་འདྲེས་གསལ་བར་རྫོགས་པའི་ཕྱིར། །མཁའ་


DNG006_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟའ་སྐར་བཀྲམ་པ་འདྲ། །ཐིག་ལེ་གཅིག་ཏུ་ཀུན་རྫོགས་པས། །བྱ་བཙལ་མེད་པའི་གདེང་ཆེན་བཅུ། །རང་བཞིན་བཅུ་ལ་རྩོལ་མེད་པས། །འཁོར་ལོ་བསྒྱུར་རྒྱལ་ས་འཛིན་ལྟར། །ཡང་རབ་རྒྱལ་སྲས་སྐལ་ལྡན་ལ། །ཐབས་ཀྱིས་བསྟན་པས་གོ་བ་ཡིན། །མ་བཅོས་ཐབས་ཀྱི་གདེང་གསུམ་གྱིས། །ཡེ་ཤེས་གསལ་བར་མཚམས་སྦྱར་ན། །ཀུན་ཀྱང་དེ་ཉིད་གསུམ་འདུས་པས། །འདིས་ཀྱང་བརྡ་དོན་འགྲོལ་བ་ཡིན། །ཐམས་ཅད་སེམས་ཉིད་ལྟ་འཕྲང་བཅད། །རོལ་པའི་ཁྱད་པར་ཅིར་དབྱེ་བ། །མ་རྟོགས་ལོག་པའི་གྲོང་ཁྱེར་བ། །རང་བྱུང་རྫོགས་པའི་ཡོན་ཏན་ཏེ། །རྩོལ་བསྒྲུབ་མེད་པའི་ཐབས་ཆེན་གྱིས། །ཡེངས་པ་མེད་པའི་དགོངས་པ་གཏུགས། །རིག་གསུམ་མཚོན་པའི་ཚུལ་སྦྱོར་བས། །མ་བཅོས་རྫོགས་པའི་རང་བཞིན་ཉིད། །ཇི་སྲིད་རྟོག་པ་རྒྱུ་ཡི་བར། །དེ་སྲིད་བསམ་གྱིས་མི་ཁྱབ་པ། །བསམ་པའི་དབང་དུ་བསྟན་པ་ཡིན། །དེ་དག་ལེགས་པར་ཤེས་བྱ་བ། །རྩོལ་མེད་རང་བཞིན་ལྷུན་གྲུབ་པ། །ཀུན་རྫོགས་ཡེ་ཁྱབ་རྨད་དུ་གྲགས། །མ་བཅོས་མ་སྦྱངས་དུས་གཅིག་རྫོགས། །རྣམ་པའི་རྩོལ་བ་བློ་ལ་གང་སྣང་བ། །མ་བཅོས་ལྷུན་གྱིས་གྲུབ་པའི་རང་བཞིན་ཡིན། །སུ་ཞིག་རིག་པ་འཕྲུལ་གྱི་ལྡེ་མིག་གིས། །རང་བྱུང་ཐབས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ནས། །མ་བཙལ་རང་བྱུང་ལྷུན་གྲུབ་བདེ་མཆོག་མཐོང་། །དུས་གསུམ་འདུ་འབྲལ་མེད་པ་རིག་པའི་གཏེར། །མ་བཅོས་ལྷུན་གྱིས་གྲུབ་པས་བཙལ་དུ་མེད། །དམིགས་པའི་འདུ་ཤེས་ཆད་པས་ཡེངས་སུ་མེད། །རང་བྱུང་གཅིག་ལ་རྣམ་པ་བགྲང་དུ་མེད། །གཉིས་མེད་ཐིག་ལེར་གནས་པས་བགྲོད་དུ་མེད། །འགྲོ་དོན་སེམས་སུ་གསལ་བས་བྱས་པ་ཟིན། །མ་ལུས་ལྷུན་གྱིས་རྫོགས་པས་འབྲས་མི་བསྒྲུབ། །མ་སྐྱེས་རྣམ་པར་དག་པས་སྒྲིབ་མི་སྦྱང་། །མ་བྱས་རང་བཞིན་རྫོགས་པས་ཕྲིན་ལས་བྲལ། །འདི་ཉིད་རྟོགས་པས་ཀུན་འགྲུབ་ཀུན་རྫོགས་པས། །རྫོགས་ཆེན་ཐིག་ལེ་གཅིག་ཏུ་གནས་པར་བཤད། །ཅེས་གསུངས་སོ། །སྙིང་པོ་དོན་གྱི་རྒྱུད་ལས། བྱང་ཆུབ་སེམས་རྟོགས་པར་བྱ་བའི་ཐབས་དང་རྟོགས་པའི་ཚུལ་བསྟན་


DNG006_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རང་བྱུང་རིག་པའི་རྒྱལ་པོ་དེས། བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །བདེ་བ་ཆེན་པོ་ངང་གིས་གསལ་བའི་ཐུགས། །གཉིས་མེད་ངང་ལ་མ་ལུས་ཀུན་རྫོགས་པས། །སྙིང་པོའི་སྙིང་པོ་རང་བཞིན་སྟོང་པའི་ལམ། །བདེ་ཆེན་ནམ་མཁའི་མཐའ་མཉམ་པ་ཡི་རོ། །སྙིང་པོ་མཆོག་སྟེ་དོན་ལ་རྫོགས་པར་གནས། །མ་སྐྱེས་འོད་གསལ་བདེ་བ་ཉིད་རྟོགས་ན། །བདེ་མཆོག་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཡངས་སོ་ཆེའོ་ཐིག་ལེ་གཅིག་གི་ངང་། །སྙིང་པོ་གཅིག་ལ་རྟོགས་ཚུལ་མཐའ་ཡས་པས། །འབྲས་བུ་ཁྱད་པར་གྲངས་ལས་འདས་པར་གསུངས། །མ་སྐྱེས་སྙིང་པོ་སྒྲོ་སྐུར་མེད་པའི་དབྱིངས། །སངས་རྒྱས་སེམས་ཅན་མ་སྐྱེས་སྙིང་པོར་མཐོང་། །སྙིང་པོ་མ་མཐོང་རྫོགས་པའི་སེམས་ཉིད་མཐོང་། །མཐར་ཐུག་མེད་ཅིང་དབྱིངས་ལ་བྲི་བ་མེད། །རང་བྱུང་བདེ་ཆེན་དོན་འདི་ཁྱད་པར་འཕགས། །སྒྲ་བརྗོད་ཚིག་ལ་དགའ་བས་དོན་མི་རྟོག །སྙིང་པོའི་སྙིང་པོ་བསམ་བརྗོད་ཅིར་མི་དམིགས། །མ་བསམས་བསམ་པ་གཉིས་མེད་གཅིག་གི་མཐའ། །མཐའ་དང་དབུས་ལ་མི་གནས་མངོན་རྟོགས་བྲལ། །མི་རྟོག་མི་བསམ་དེ་བཞིན་ཉིད་ལ་གནས། །བདེ་ཆེན་རང་རིག་ཅིར་ཡང་མི་རྟོག་པ། །རྩོལ་བྲལ་རིག་པའི་དབྱིངས་ལ་གནས། །བདེ་མཆོག་གསང་བའི་ཐིག་ལེ་ཉིད། །ནམ་མཁའ་ཁྱབ་པའི་ཚུལ་དུ་གནས། །མ་སྐྱེས་སྙིང་པོ་བྱང་ཆུབ་སེམས། །འདུ་འབྲལ་མེད་པའི་ངང་ལ་བཞུགས། །རང་བྱུང་བྱང་ཆུབ་སྙིང་པོ་ལ། །མ་བཙལ་མ་བསྒྲུབས་རང་བཞིན་བཞག །གང་དག་ཡེ་ཤེས་ངང་ཡིན་ཡང་། །བསམ་པའི་ངོ་ལ་ཕྱིན་ཅི་ལོག །སྨིག་རྒྱུ་ལ་ནི་ཆུ་བློ་བཞག །དོན་ལ་བཞག་བླང་མེད་ན་ཡང་། །བརྟགས་པའི་འདུ་ཤེས་བསམ་མི་ཁྱབ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཀུན་དང་རིག་པ་དུས་མཉམ་པས། །གང་དག་རིག་པ་མེད་པར་གནས། །འདི་དག་འདི་ལྟར་བདེ་མཆོག་ཡིན། །མ་བཅོས་སྙིང་པོ་མཆོག་གི་དོན། །མ་བཙལ་རང་བྱུང་མཆོག་གི་ཤེས། །རང་


DNG006_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བཙལ་མེད་རིག་པའི་སེམས། །གསལ་བའི་མར་མེའི་འདུ་ཤེས་མེད། །རྒྱུ་བ་མེད་པའི་ཚུལ་གྱིས་དབྱེ། །ཕྱག་རྒྱ་ཆེན་པོས་ཀུན་ཐེབས་པས། །མཚན་མའི་རྟོག་པ་གཡོ་མི་འགྱུར། །རང་བཞིན་འཁོར་ལོར་ཡེ་བརྟེན་པས། །རིག་པའི་དཀྱིལ་འཁོར་བསྐྱེད་དུ་མེད། །ཡེ་ཤེས་འབར་བའི་བཞུགས་གནས་ལ། །རང་བྱུང་སྒྲིབ་མེད་གསལ་བས་བརྒྱན། །དུས་གསུམ་རྒྱལ་བའི་རང་བཞིན་པས། །གཉིས་མེད་ངང་ལ་དོན་ཀུན་རྫོགས། །རང་བྱུང་རིག་པའི་རྒྱལ་པོ་ལ། །དྲན་འབྱུང་རིག་པའི་འདུ་ཤེས་མེད། །སྔགས་དང་ཕྱག་རྒྱ་མཆོད་པ་དང་། །དཀའ་སྤྱད་ཆེར་བྱས་མ་ལུས་པ། །བཙལ་མེད་ལོག་པའི་རི་བོ་འདིས། །བདག་ཉིད་འཆིང་འགྱུར་ཅི་ཞིག་བྱ། །བྱ་བ་མ་ལུས་ཀུན་བཏང་ལ། །མ་བྱས་མ་བཙལ་ཅིར་མི་འཛིན། །འདུ་ཤེས་མེད་པར་རང་བཞིན་ཞོག །རང་བྱུང་བདེར་བཞག་གྲོལ་བར་འགྱུར། །སྟོང་ཉིད་མ་བཅོས་གསང་བའི་ཀླུང་། །མ་བཙལ་རང་བཞིན་བཞག་པས་གོ། །གོམས་པ་རིག་པའི་དོན་ལ་འཇུག །བདེ་མེད་བཏང་སྙོམས་ཐ་མལ་སེམས། །འདོད་ཆགས་བདེ་མཆོག་རོ་དང་ལྡན། །ཡེ་ཤེས་འོད་གསལ་བདེ་ཆེན་པོ། །མ་ལུས་སེམས་ཉིད་དྲི་མ་མེད། །རང་བཞིན་དག་པའི་སེམས་ཉིད་ལ། །མ་བཙལ་དེ་བཞིན་ཆ་སྙོམས་ན། །རང་བྱུང་བདེ་མཆོག་རྒྱ་ཡིས་བཏབ། །དོན་ལ་མི་གཡོ་རིག་པ་གསལ། །ཐེག་ཆེན་སེམས་ཉིད་རྫོགས་པ་ལ། །ས་བགྲོད་ལམ་ལ་ལྟོས་མི་འཆའ། །རྩོལ་དུ་མེད་དེ་ལྷུན་གྱིས་གྲུབ། །བསྒྲུབ་ཏུ་མེད་དོ་ཡེ་སངས་རྒྱས། །ཞེས་གསུངས་སོ། །སྙིང་པོ་དོན་གྱི་རྒྱུད་ལས། རང་བྱུང་རྫོགས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དེ་བཞིན་གཤེགས་པ་རང་བྱུང་རིག་པའི་རྒྱལ་པོས། ཉིད་ཀྱི་རང་བཞིན་ཀུན་ཏུ་གསལ་བར་མཛད་དེ། འདི་སྐད་ཅེས་གསུངས་སོ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པ། །རིག་པའི་རྒྱལ་པོ་རང་བྱུང་བྱང་ཆུབ་སེམས། །ལྷུན་རྫོགས་བདེ་ཆེན་སེམས་ཉིད་རྫོགས་པ་ཉིད། །དུས་གསུམ་རྒྱལ་བ་ང་ཉིད་རྫོགས་སངས་རྒྱས། །མ་བཅོས་བྱང་ཆུབ་སེམས་ལ་ང་ཞུགས་པས། །མ་མཐོང་མི་ཐར་འཁོར་


DNG006_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འདམ་དུ་ཟིན། །མ་བཙལ་ལྷུན་གྱིས་གྲུབ་པར་རང་བཞག་པ། །སྐལ་ལྡན་རྒྱལ་སྲས་མི་ཡི་ཐུགས་སུ་འགྱུར། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས་ཞུས་པ། ཀྱེ་དུས་གསུམ་རྒྱལ་བའི་རང་བཞིན་སྐུ་གསུང་ཐུགས། །རང་བྱུང་རིག་པའི་རྒྱལ་པོ་སྟོན་པ་ཁྱོད། །ཉིད་ཀྱི་ཐུགས་གཅིག་རང་བྱུང་ཡེ་ཤེས་ཉིད། །དགོངས་པའི་དོན་འདི་ཉིད་ཀྱིས་ཇི་ལྟར་རྟོགས། །ཞེས་སོ། །རིག་པའི་རྒྱལ་པོ་ཆེན་པོས་ལན་སླར་གསུངས་པ། ཀུན་གྱི་རང་བཞིན་བདེ་མཆོག་ཕྱག་རྒྱ་འདི། །མ་ལུས་དགོངས་པའི་ངང་ལ་ཀུན་འདུས་པས། །བསམ་ཞིང་དཔྱད་པའི་འདུ་ཤེས་མི་གནས་ཏེ། །རང་བྱུང་འོད་ཀྱིས་ཀུན་ལ་ཁྱབ་པར་གསལ། །ཀུན་གྱི་རང་བཞིན་སྙིང་པོ་ཀུན་འདུས་པ། །གསང་བ་ཆེན་པོ་མ་བཅོས་སྒྲོ་སྐུར་ཞི། །རང་བཞིན་མ་ཡིན་ཚད་མ་ཀུན་དང་བྲལ། །བདག་ཉིད་མ་ཡིན་ལྷུན་རྫོགས་ཀུན་གྱི་སྙིང་པོ་འདི། །གང་ཡང་མ་ཡིན་མེད་པའི་སྙིང་པོ་ཡོད། །མ་བྱས་རང་བཞིན་རྫོགས་པའི་ཡོན་ཏན་གྱིས། །ཐུགས་རྗེ་རྩོལ་མེད་ཉི་མའི་འོད་ལྟར་འཆར། །རང་བྱུང་གཅིག་ལ་ཐེག་པ་ཀུན་རྫོགས་པས། །ཚིག་གཅིག་རྟོགས་པས་དོན་ཀུན་རྫོགས་པའི་བདག །མ་སྦྱངས་མི་གནས་བདེ་མཆོག་ཇི་བཞིན་གནས། །མ་བཙལ་རང་བཞིན་བཞག་ན་བསམ་པ་ཟད། །ཡེངས་མེད་ཐབས་ཀྱིས་གནས་ན་བཅིངས་པ་གྲོལ། །མཐའ་དབུས་ཕྱི་ནང་མེད་པ་ཆོས་ཀྱི་དབྱིངས། །རང་བཞིན་དག་པའི་དོན་ལ་བསྒོམ་དུ་མེད། །མ་ཡེངས་ཡལ་བར་བཞག་པས་རང་བཞིན་གོམས། །རོལ་པའི་ཕྱག་རྒྱ་གཅིག་པས་དགག་ཏུ་མེད། །ཉོན་མོངས་ཡེ་ཤེས་རང་གསལ་སྤང་བསྒྲུབ་མེད། །ལམ་ལ་མི་བགྲོད་ས་ལ་མི་སྦྱང་ཞིང་། །ལྷུན་གྲུབ་ཡེ་ཤེས་ངང་ལས་འདའ་མི་སྲིད། །མཁའ་མཉམ་རྒྱལ་པོ་ཀུན་གྱི་རེ་བ་བསྐང་། །མ་ལུས་ཐིག་ལེ་གཅིག་པས་དབྱིངས་ལ་རྫོགས། །མི་སྐྱེ་མི་འགག་མི་རྩོལ་དེ་བཞིན་ཉིད། །ཐེག་མཆོག་སྙིང་པོ་འདི་ལ་ཀུན་རྫོགས་པས། །བྱས་པ་མེད་པར་རང་བཞིན་ལྷུན་གྱིས་རྫོགས། །རྟོག་དཔྱོད་འདས་པ་ཀུན་གྱི་ཡུལ་ལ་རོལ། །བརྡའ་དང་ཐ་སྙད་རྗེས་འབྲང་རིག་པ་


DNG006_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །མ་བཅོས་སྙིང་པོ་བྱང་ཆུབ་སེམས་མི་རྟོགས། །གང་ལ་ཞེན་ཅིང་བརྟག་པ་དེ་བཏང་ལ། །གཉིས་མེད་གཉིས་འཛིན་རྟོག་པས་མ་འཆིང་ཞིག །མ་བསམས་རང་བཞིན་བཞག་པས་སྒྲིབ་པ་འབྱང་། །མུན་པ་ཡེ་ནས་དག་པས་བསལ་མི་དགོས། །ལྷུན་གྱིས་གྲུབ་པས་གཞན་ལ་གསོལ་མི་འདེབས། །རང་ལ་རྫོགས་པས་མི་བསྙེག་མི་བགྲོད་དེ། །མ་བྱས་རང་བཞིན་གནས་པས་འདི་ཉིད་རྫོགས། །བྱ་བ་མི་དགོས་མི་བཙལ་མི་བསྒྲུབ་ཅིང་། །དགེ་སྡིག་མི་འབྱེད་ཡེ་ནས་གོས་པ་མེད། །མ་ཆགས་ཐབས་ཀྱི་སྤྱོད་པ་ཀུན་སྦྱར་ནས། །ཉེས་མེད་རྒྱལ་བའི་ཞིང་ཁམས་རྨད་དུ་བྱུང་། །རང་བྱུང་གསལ་བའི་སྙིང་པོ་ཐམས་ཅད་རྫོགས། །གང་ཡང་མ་བཀག་འགྲོ་བ་འདུལ་མཛད་པའི། །གང་ལྟར་ཡིན་པའི་རང་བཞིན་དེ་ལྟར་གནས། །འོད་གསལ་རང་བྱུང་སེམས་ལ་གཉིས་མེད་པས། །དཔྱད་དང་བསྒོམ་རྩོལ་མ་ལུས་འཁྲུལ་པ་ཡིན། །མ་བཙལ་ལྷུན་གྱིས་གྲུབ་པའི་མཛད་སྤྱོད་དོ། །རང་བྱུང་རྫོགས་པའི་སྙིང་པོ་འདི་རིག་ན། །སྒྲིབ་དང་མི་སྒྲིབ་ཅིས་ནི་ཡོངས་མ་གསུངས། །སྙིང་པོ་དོན་གྱི་རྒྱུད་ལས། བདེ་མཆོག་ཕྱག་རྒྱ་ལ་སྤྱད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་དེས། མ་བྱས་རང་བཞིན་རྫོགས་པ་ཞེས་བྱ་བ་འདི་གསུངས་སོ། །སེམས་ཉིད་རང་བྱུང་ལེགས་པར་ཉིད་དབང་སྒྱུར། །རང་བྱུང་ཀློང་གདལ་ཀུན་ལ་དབང་ཐོབ་པས། །ལེགས་པའི་རྒྱལ་པོ་ལྷུན་རྫོགས་བདེ་ཆེན་དབང་། །བསྐུར་ཐོབ་རག་མ་ལས་པ་དབང་གི་ཀློང་། །རང་སེམས་རྫོགས་པ་ཡོངས་རྫོགས་གསལ་འགྱུར་བས། །ཕྱག་རྒྱའི་དཀྱིལ་འཁོར་དབང་ལ་རག་མ་ལས། །མ་བརྗོད་སྙིང་པོའི་ངང་ལ་ཀུན་རྫོགས་པས། །སྔགས་ཚིག་བདེ་བའི་དབང་ལ་ལྟོས་པ་མེད། །མཚན་མ་ཀུན་བྲལ་རང་སེམས་རྫོགས་པ་ལ། །རྫས་དང་ཏིང་འཛིན་དོན་ལ་རྩོལ་བ་མེད། །རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་ཆེན་གྱིས། །མ་བསྐུར་རང་བཞིན་རྫོགས་པ་འདི་རྟོགས་པས། །དབང་མཆོག་ལྷུན་གྲུབ་བདེ་ལ་གནས་པར་འགྱུར། །རིག་པའི་རྒྱལ་པོ་ཀུན་ལ་དབང་བསྒྱུར་


DNG006_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བས། །རྣམ་རྟོག་མཚན་མའི་དབང་ལ་རྟེན་མི་འཆའ། །དབང་གི་དབང་མཆོག་ཟབ་མོ་རྫོགས་པའི་དབང་། །རྟོག་པས་མ་བསྐུར་ལྷུན་རྫོགས་ཡེ་སངས་རྒྱས། །འདུས་བྱས་མ་ཡིན་སྐྱེ་འཇིག་མེད་པའི་དབང་། །རིམ་བགྲོད་མ་ཡིན་དུས་གཅིག་རྫོགས་པའི་དབང་། །རྟོག་པས་བསྒྲུབ་མི་དགོས་ཏེ་རང་བཞིན་རྫོགས། །ཡེ་ཐོབ་རང་བཞིན་ཐིག་ལེར་རྫོགས་པའི་དོན། །བརྗོད་བྲལ་མཚོན་པས་དགའ་བའི་ཡེ་ཤེས་ཡིན། །འཇིག་མེད་རང་བཞིན་གསལ་བའི་ཡེ་ཤེས་ཏེ། །དམིགས་བྲལ་མཚན་མ་མེད་པའི་ཤེས་རབ་ཡིན། །མ་ལུས་ལྷུན་གྲུབ་མི་འདའ་ཕྱག་རྒྱས་གདབ། །མ་བཅོས་ལྷུན་གྱིས་རྫོགས་པའི་དབང་བཞི་པ། །རིག་པ་རྩལ་གྱི་དབང་ལ་བདེར་ནོས་ཤིག །རིག་པ་རྩལ་གྱིས་ཐོབ་དང་གདམས་ངག་དུས་ཀྱིས་ཐོབ། །སྐལ་མེད་བརྒྱུད་པས་ཐོབ་པའི་ཐབས་ཉིད་ཀྱིས། །ཅི་རིགས་རང་བྱུང་ངང་ལ་ཐབས་ཀྱིས་བཞག །རིན་ཆེན་འཕྲུལ་གྱི་མེ་ལོང་སེམས་ལ་དགྲམ། །རྣ་བརྒྱུད་གདམས་ངག་ལེགས་པར་སྙིང་ལ་སྒོམས། །རྒྱ་རྟགས་གདབ་ལ་ཡུན་དུ་ལེགས་པར་བཅང་། །ཞེས་གསུངས་སོ། །སྙིང་པོ་དོན་གྱི་རྒྱུད་ལས། རིག་པ་རྩལ་གྱི་དབང་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་རྩོལ་བྲལ་རིག་པའི་རྒྱལ་པོ་དེས། ཐབས་ཆེན་བསྒྲུབ་པའི་ལེའུ་འདི་གསུངས་སོ། །ཡེ་ཤེས་ཀླུང་དུ་ཞུགས་པའི་རྣལ་འབྱོར་པས། །བཀའ་རྟགས་ཕྱག་རྒྱ་ལྡན་པའི་སྐྱེ་བོ་ལ། །རང་བྱུང་རིག་པ་བདེ་མཆོག་སེམས་ཀྱི་དལ། །རིན་ཆེན་ལྡེ་མིག་མཚོན་པས་སྒོ་དབྱེ་བསྟན། །བསྲུང་བྲལ་རིག་པའི་དམ་ཚིག་རིག་པ་གསུམ། །ལེགས་པར་ཕོག་ལ་མི་འདའ་ནན་ཏན་བྱ། །རང་བཞིན་ལྷུན་རྫོགས་བདེ་མཆོག་དབང་ཀུན་བསྐུར། །རྟོགས་པས་ལྷུན་གྲུབ་རྫོགས་པས་བསྲུངས་པ་ཡིན། །དེ་ནས་ལུང་གསུམ་རིག་པའི་གཏེར་སྒོ་དབྱེ། །རྩོལ་དང་མི་རྩོལ་དྲང་ལུང་ངེས་ལུང་གིས། །རྣམ་རྟོག་སེམས་ཉིད་ལུང་དེ་རྟོགས་པར་འགྱུར། །རང་བྱུང་གསལ་བའི་དོན་ལས་མ་ཡེངས་ཤར། །སྤྱོད་ལམ་གང་


DNG006_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བདེ་མཆོག་ཉིད་དུ་གསལ། །ལམ་ལ་མ་བགྲོད་ས་ལ་མི་སྦྱང་སྟེ། །སྙིང་པོ་རང་བྱུང་རྫོགས་པ་ལྷུན་གྱིས་གནས། །ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་གཅིག་ལ། །རྣམ་གྲངས་ཐ་སྙད་དབྱེ་བ་མི་གནས་ཏེ། །དེ་དག་ལེགས་པར་རྟོགས་པའི་ཐབས་ཉིད་ཕྱིར། །རྣ་བརྒྱུད་གདམས་ངག་དོན་གྱིས་ལེགས་པར་དགྲོལ། །རྩ་བ་གཅིག་ཏུ་དྲིལ་ལ་མཉམ་པར་བརྟགས། །རྣམ་པར་ཕྱེ་བས་དོན་ཉིད་རྟོགས་པར་བྱ། །ལེགས་པར་རྟོགས་པའི་དོན་ལ་གཅིག་ཏུ་གནས། །ཞེས་གསུངས་སོ། །སྙིང་པོ་དོན་གྱི་རྒྱུད་ལས། ཐབས་ཆེན་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རང་བྱུང་རིག་པའི་རྒྱལ་པོས་ཆོས་ཐམས་ཅད་གཉིས་སུ་མེད་པ་ལས། འདའ་བ་མེད་པ་འདི་གསུངས་སོ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །རང་བཞིན་རིག་པའི་དམ་ཚིག་གསུམ། །རང་བྱུང་རྫོགས་པའི་རང་བཞིན་ལ། །ཡེ་ནས་རྫོགས་ཏེ་ངོ་བོར་གནས། །རང་བྱུང་རྫོགས་པའི་དམ་མེད་ན། །མཚན་མའི་དམ་ཚིག་གོལ་བའི་ལམ། །མི་འདའ་རྫོགས་པའི་དམ་ཚིག་གསུམ། །ཡེངས་པ་མེད་པར་ཅི་དགར་ཞོག །དུས་གསུམ་རྒྱལ་བས་གསུངས་པའི་སྒོ། །འགྲོ་འདུལ་དམ་ཚིག་མཐའ་ཡས་པ། །རྟོགས་པའི་དོན་ལ་གཅིག་ལས་མེད། །འདི་ཡང་མ་བཅོས་རང་བཞིན་ལུང་། །རང་བཞིན་གསུམ་དང་ཐིག་ལེར་གཅིག །རྒྱས་མ་ཐེབས་པའི་ཆོས་མེད་པས། །སུས་ཀྱང་འདའ་བར་ཡོད་པ་མིན། །མ་ནོར་སྙིང་པོའི་དམ་ཚིག་ལ། །མ་ཡེངས་གསལ་བར་དྲན་པ་ཡིས། །གསལ་བ་མཐར་ཕྱིན་སེམས་དཀྱིལ་འཁོར། །བདེ་མཆོག་མཉམ་པའི་སེམས་ཀྱིས་བསྟན། །ཀུན་འབྱུང་རིག་པའི་དཀྱིལ་འཁོར་ཉིད། །ཡོངས་རྫོགས་མི་འགྱུར་དམ་པའི་དོན། །མི་འདའ་ལེགས་པར་བསྟན་པར་བྱ། །དུས་གསུམ་མི་འགྱུར་སེམས་ཀྱིས་བཟུང་། །དམ་ཚིག་རྡོ་རྗེ་བརྡ་ཡི་ལུང་། །གདམས་པའི་ཚིག་གིས་གསལ་བར་ཤེས། །ལྷུན་རྫོགས་བདེ་མཆོག་དམ་ཚིག་ལ། །འདར་མེད་དོན་རྟོགས་རང་བཞིན་བཞུགས། །དོན་དང་རང་བཞིན་མཚོན་པ་ཉིད། །མ་བཅོས་པ་དང་གོམས་པ་དང་། །


DNG006_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པའི་སྒྲ་ཡི་དམ་ཚིག་གིས། །རང་གི་དོན་ལ་འདའ་མི་སྲིད། །དམ་པ་རྣམས་ཀྱི་སྙིང་པོ་ཉིད། །དགོངས་པ་རང་བྱུང་རིག་པ་རྫོགས། །ཆུ་དང་རྒྱ་མཚོའི་རང་བཞིན་ལྟར། །དབྱེར་མེད་ཡེ་འབྱམས་རྨད་དུ་གྲགས། །དུས་གཅིག་སྙིང་པོ་རྫོགས་པའི་ལུང་། །རང་བྱུང་གཅིག་པས་ཁྱད་པར་མེད། །ལྷག་མ་མེད་པས་ཡོངས་སུ་རྫོགས། །མ་བཙལ་ལྷུན་རྫོགས་དམ་ཚིག་ཡིན། །ཡེ་ཤེས་ཕྱག་རྒྱའི་རྒྱས་བཏབ་པས། །རིམ་མེད་རང་བྱུང་ཡེ་སངས་རྒྱས། །ཞེས་གསུངས་སོ། །སྙིང་པོ་དོན་གྱི་རྒྱུད་ལས། འདར་མེད་རིག་པ་མཆོག་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིག་པའི་རྒྱལ་པོ་དེས། སྦྱང་ཞིང་བགྲོད་དུ་མེད་པའི་དོན་འདི་གསུངས་སོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །རྒྱུ་རྐྱེན་འཇུག་པའི་རིམ་མེད་པས། །ལོག་པར་རྟོག་པས་བཏགས་དབང་གིས། །བགྲང་མེད་དོན་ལ་གྲངས་སུ་བགྲང་། །བགྲོད་མེད་གཅིག་ལ་རྩོལ་བར་བགྲོད། །རིམ་མེད་དོན་ལ་རིམ་པར་བལྟས། །སྙིང་པོ་གཅིག་ལ་མཐོང་ཚུལ་གྱིས། །བགྲོད་པའི་ལམ་ཚུལ་བསམ་མི་ཁྱབ། །སྙིང་པོ་གཅིག་ལ་ཅིར་བགྲོད་ཀྱང་། །བགྲོད་བྲལ་རྫོགས་པའི་དོན་མི་རྙེད། །ཀུན་རྫོགས་གདལ་བ་ཆོས་ཀྱི་དབྱིངས། །མུ་མཐའ་མེད་པར་དུས་གཅིག་རྫོགས། །བགྲོད་མེད་རིག་པ་ལྷུན་རྫོགས་པ། །ལམ་ལྔ་ས་བཅུ་རྟོག་པའི་གྲངས། །མ་བཙལ་རང་བཞིན་ལྷུན་གྲུབ་པས། །རྩོལ་བའི་ཐེག་པ་ལོག་པའི་ཆོས། །དུས་གཅིག་རྫོགས་པ་རིམ་པར་མེད། །རང་གསལ་འོད་ལ་རྟག་ཏུ་བཞུགས། །ཏིང་འཛིན་རྣམ་པར་བསྒོམ་དུ་མེད། །འབྲས་བུའི་བདག་ཏུ་ལྷུན་གྲུབ་པས། །སངས་རྒྱས་སེམས་ཅན་དབྱེ་བས་སྟོངས། །ཀུན་ཀྱང་རང་བྱུང་སྙིང་པོའི་ལམ། །མ་བགྲོད་དུས་གཅིག་རྫོགས་པའི་གནས། །མཁའ་ལ་བགྲོད་མེད་ཀུན་ཁྱབ་ལྟར། །ཐེག་ཆེན་སེམས་ཉིད་རྫོགས་པའི་ལམ། །མ་ཁྱབ་མ་ལུས་ཆོས་མེད་པས། །མ་བགྲོད་འབྲས་བུ་རང་བཞིན་རྫོགས། །ལམ་མེད་རིམ་མེད་སེམས་ཀྱི་ལམ། །འདུ་ཤེས་མེད་


DNG006_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

པས་གསལ་བའི་ཡིད། །བསམ་དཔྱད་མེད་པས་ཀླུང་དུ་འཇུག །རྣམ་པ་རང་བཞིན་མཚན་ཉིད་གསུམ། །སྐུ་གསུམ་དུས་གཅིག་རྫོགས་པའི་ཕྱིར། །ཚོགས་བསགས་སྒྲིབ་སྦྱང་བསྒྲུབ་ཏུ་མེད། །ཡེ་ནས་རྫོགས་ཆེན་བྱང་ཆུབ་སེམས། །ལྷུན་གྱིས་གྲུབ་པའི་རང་བཞིན་ལ། །བྱ་བྲལ་རིག་པའི་སེམས་ཉིད་འཇུག །རབ་ཏུ་མི་གཡོ་བ་ཡི་ཡིད། །དྲི་མེད་རྣམ་དག་སེམས་ཀྱི་ལམ། །བགྲོད་དུ་མེད་དོ་ཡེ་སངས་རྒྱས། །ཞེས་གསུངས་སོ། །སྙིང་པོ་དོན་གྱི་རྒྱུད་ལས། བརྗོད་མེད་བདེར་བཞག་གི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རང་བྱུང་རིག་པའི་རྒྱལ་པོ་དེས། ལྷུན་གྲུབ་རྡོ་རྗེ་རིག་པ་གསང་བའི་དོན་འདི་གསུངས་སོ། །ཆོས་ཀུན་བྱང་ཆུབ་སེམས་སུ་གཅིག །སེམས་ཉིད་འོད་གསལ་མཉམ་པ་ཉིད། །ལྷུན་གྱིས་གྲུབ་པའི་ཞིང་ཁམས་ལ། །མ་ཡེངས་ད་ལྟར་བཞག་པས་ཆོག །རང་བྱུང་རྫོགས་པའི་དོན་སྤྲད་པ། །རིག་པའི་དོན་ལ་དེ་མ་ཐག །མ་བཅོས་རང་བཞིན་བཞག་པས་གནས། །རང་བཞག་རིག་པ་ཡེངས་མེད་ཀླུང་། །གོམས་པ་དྲན་པ་ཉིད་ཀྱིས་གསལ། །རང་རིག་མཉམ་པའི་སྙིང་པོ་ལ། །བཅོས་པ་མེད་ཀྱིས་ཅི་དགར་ཞོག །རྙོག་བྲལ་དྭངས་མ་གསལ་བའི་བློ། །རྒྱུ་བས་ཤེས་ཤིང་གསལ་བས་མངོན། །དབྱིངས་སུ་ཐིམ་ཞིང་འོད་དུ་འབར། །དྭངས་སྙིགས་ཡེ་ཤེས་སྙིང་པོ་འདྲེས། །ཐིག་ལེ་རང་བཞིན་མེད་པར་ཐིམ། །རིག་པ་ཡེ་ཤེས་གསལ་བའི་སེམས། །མ་བཙལ་ལྷུན་གྱིས་གྲུབ་པར་གནས། །སེམས་ཀྱིས་བསྒྲིབ་པར་མི་བྱ་ཞིང་། །ལུས་དང་ངག་ཀྱང་ཡལ་བར་བཞག །བཏང་ངོ་བཞག་གོ་བྱང་ཆུབ་སེམས། །དམིགས་དང་བྲལ་བ་རང་བཞིན་གནས། །དུས་གསུམ་འགྱུར་བ་མེད་པའི་བློ། །རིག་པ་གདེང་གསུམ་རྣམ་པར་དག །རྫོགས་པའི་ཡེ་ཤེས་ཀློང་དུ་འཇུག །ཇི་བཞིན་མ་བཅོས་གསང་བའི་སེམས། །འདུ་འབྲལ་མེད་པ་དབྱིངས་ལ་གསལ། །དྲན་འབྱུང་རིག་པ་དབྱིངས་ལ་རྫོགས། །ཞེན་མེད་སྣང་བ་རང་གི་སེམས། །ཅི་དགར་བཞག་པས་གཡོ་བ་མེད། །རང་རིག་ཡེ་


DNG006_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བསམ་མི་ཁྱབ། །འདུ་ཤེས་མེད་པའི་དབྱིངས་ལ་འཇུག །བླང་དོར་མེད་པར་ཀུན་རྫོགས་པ། །མཚན་འཛིན་ཆེ་ཆུང་ཡོངས་ཀྱི་མེད། །དུས་གསུམ་གཅིག་ཏུ་བཞག་པའི་བློས། །མ་བཙལ་སེམས་ཀྱི་རང་བཞིན་གནས། །བདེ་མཆོག་མཉམ་པའི་སེམས་ཀྱིས་བལྟས། །ཞེས་གསུངས་སོ། །སྙིང་པོ་དོན་གྱི་རྒྱུད་ལས། རིག་པ་བདེར་བཞག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རང་བྱུང་རིག་པའི་རྒྱལ་པོ་དེས་ཐེག་པའི་རྒྱལ་པོ་གདམས་པ་འདི་གསུངས་སོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སྙིང་པོ་འདི། །དད་དང་དམ་ཚིག་མི་ལྡན་ཞིང་། །ཤེས་རབ་སྙིང་རྗེ་བྱང་ཆུབ་སེམས། །དམ་པའི་ཡོ་བྱད་ལྔས་དབུལ་ཞིང་། །ཐོས་པ་ཆུང་ཞིང་དྲེགས་པ་དང་། །གུས་ཆུང་སེར་སྣ་ཆེ་བ་དང་། །ཕྱོགས་དང་དམ་མེད་ཡལ་བ་དང་། །འདོད་དང་ལེ་ལོ་ཕྱོགས་འཛིན་ཅན། །འཇིག་རྟེན་གྲགས་པ་གཙོར་བཞག་ནས། །ཡུན་གྱི་དོན་སྲིད་སྤང་བ་དང་། །གྲགས་ཤིང་འཇིག་པར་བྱེད་པ་ལ། །རྣ་བརྒྱུད་གདམས་ངག་མ་ཐོབ་པར། །གསང་བ་ལོག་པར་འཆད་པ་ཡི། །ཡེ་ཤེས་རིག་པའི་གདེང་མེད་པ། །འཇིག་རྟེན་ལོག་པའི་གང་ཟག་ལ། །ཁེ་དང་གྲགས་པ་གཙོར་བཞག་ནས། །ཉམས་པའི་སེམས་ཀྱིས་འཕེལ་འགྱུར་ན། །མཐོང་ཡུན་འདི་ལ་བརླག་པ་དང་། །དེ་མ་ཐག་པར་ལྷུང་གྱུར་ནས། །ཐར་པའི་རིགས་དང་བྲལ་བ་ཡིན། །དད་དང་དམ་ཚིག་ལྡན་པ་ཀུན། །སྐྱོན་མེད་ཡོན་ཏན་ལྡན་པ་དང་། །ཐེག་ཆེན་དོན་ལ་གོམས་པ་དང་། །ལུས་དང་སྲོག་ལ་མི་བལྟ་ཞིང་། །ཆོས་དང་བླ་མ་བཀུར་བ་དང་། །རྡོ་རྗེ་བླ་མ་མཉེས་གྱུར་ན། །རིན་ཆེན་བདུན་གྱིས་བསྟེན་པ་དང་། །རྫས་ལ་ཆགས་ཆུང་ཕོངས་པ་མེད། །ཐེག་པ་ཆེན་པོའི་རིགས་སུ་ངེས། །འདི་ལ་གསང་སྒོ་དབྱེ་བར་བྱ། །འཕྲལ་དུ་རིན་ཆེན་མི་གཏོང་ཞིང་། །དམ་པ་བཀུར་བའི་སེམས་མེད་ན། །དམ་པ་རྣམས་ཀྱི་དགྲ་ཡིན་པས། །འདི་ལ་གསང་བའི་དོན་གཏད་ན། །ཉམས་པ་རྡོ་རྗེ་བླ་མ་ཉིད། །རྡོ་རྗེ་དམྱལ་བ་ཁོ་ནར་
འགྲོ། །རྗེས་སུ་མཐུན་པའི་དམ་བཅའ་ཟུང་། །ཞེས་གསུངས་སོ། །སྙིང་པོ་དོན་གྱི་རྒྱུད་ལས། ཐེག་པ་ཆེན་པོའི་རིགས་བརྟགས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་སྙིང་པོ་རྣལ་མ་དོན་གྱི་རྒྱུད་རྫོགས་སོ།། །།

བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད།


DNG006_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བྷཱ་བ་ན་ཏནྟྲ། བོད་སྐད་དུ།བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཁྱད་པར་དུ་གྱུར་པའི་སྙིང་པོ་ཉིད་མ་ལུས་མི་ལུས་ལུས་པ་མེད་པ་དང་དབྱེར་མེད་པའོ། །མཁའ་དབྱིངས་དག་པའི་གཞལ་ཡས་ཁང་ཡོན་ཏན་གྱི་མེ་འོད་འབར་བ་ན། རྟག་པར་ནི་ཀུན་ཏུ་ཞལ་རྒྱས་པར་གསལ་ལོ། །ཀུན་གྱི་རང་བཞིན་གྱི་ཐུགས་རྗེ་ཆེན་པོའི་མཐུ་ལས། ལོངས་སྤྱོད་ཆེན་པོའི་སྐུ་དང་མཐུན་པར་སྣང་བའི་སྐུ་ལ་སོགས་པ་བསམ་ཡས་པ་རྨད་དུ་བྱུང་བ་གྲགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བདག་ཉིད་ཆེན་པོའི་སྐུ་ལ། གང་ཡང་མ་ལུས་པར་ཡེ་ནས་འདུས་ཏེ་གཉིས་སུ་མེད་པར་བརྟགས་པས། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཉིད་ཀྱིས་ཉིད་ལ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཀུན་གྱི་རང་བཞིན་ཞི་བ་འདི་ལ་བསལ་ཞིང་བླར་མེད་ལམ་མཆོག་སྟེ། མྱ་ངན་འདས་དང་འཁོར་བ་གཉིས་མེད་ཡང་དག་ཉིད། །ཆོས་ཀྱི་སྙིང་པོ་ཕྱི་ནང་མ་ལུས་ཆོས་རྣམས་ཀུན་གྱི་གཞི། །བདེ་གཤེགས་ཀུན་གྱི་ཡུམ་གྱུར་གསང་བའི་དབྱིངས་ཕྱུག་མ། །དེ་བཞིན་ཉིད་ཀྱི་ངང་བཙན་བདེ་བ་ཆེན་པོའི་རྒྱ་མཆོག་ཉིད། །ཐམས་ཅད་རང་བྱུང་དཀྱིལ་འཁོར་འདིར་ནི་རྣམ་པར་དག །བདེ་དང་མི་བདེ་གཉིས་མེད་ཡེ་ནས་རྫོགས་པའི་ཆོས། །མི་སྐྱེ་མི་འགག་ཅིར་ཡང་མི་དགོངས་དམིགས་སུ་མེད། །བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། དོན་དམ་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བདག་ཉིད་ཆེན་པོས་ངོ་མཚར་བའི་ཚིག་འདི་ཉིད་ལ། ཉིད་ཀྱིས་ཆེད་དུ་བརྗོད་པ། ཨེ་ཨེ་


DNG006_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཨེ་མ་ཧོ། ངོ་མཚར་གསང་བ་རྨད་དུ་བྱུང་བའི་ཆོས་ཆེན་པོ། །སུས་ཀྱང་མ་བཅོས་མ་གསུངས་མ་བྱས་ངང་གིས་གསལ། །སྐྱེ་བ་མེད་པས་ཐམས་ཅད་སྐྱེས་ཀྱང་སྐྱེ་བ་མེད། །མིང་དང་ཐ་སྙད་འཛིན་པ་ཐམས་ཅད་ཡེ་ནས་སངས་རྒྱས་ཡིན། །དེ་ནས་ཡང་ངོ་མཚར་བའི་རྨད་དུ་བྱུང་སྟེ་མ་རྟོགས་པ་ལ་ངོ་མཚར་ཚིག་འདི་ཆེད་དུ་བརྗོད་དོ། །མ་རིག་ལོག་འཁྲུལ་རྟོག་པའི་གཟུང་འཛིན་གྱིས། །མེད་ལ་ཡོད་བརྟགས་རྟེན་འདྲེལ་གཉིས་སུ་འཁོར། །བྱ་བྱེད་ལས་འཕགས་རང་བཞིན་ཉིད་ལས་ཉམས་པ་མེད། །བདག་ཉིད་གཉིས་མེད་བདེན་པ་མ་མཐོང་བས། །སྒྱུ་མ་ལ་སོགས་དངོས་པོར་འཛིན་པས་ཡང་དག་ཉམས། །བླུན་པོ་གང་ཞིག་མཁའ་ལ་མདུད་པ་འདོར་བ་འདྲ། །དེ་ནས་བདག་ཉིད་ཆེན་པོ་གཞི་དང་རྩ་བ་མེད་པ་ཉིད་ལ་ཉིད་ཀྱིས་བརྗོད་པ། རྒྱུ་འབྲས་མི་འབྱེད་གཞི་དང་རྩ་བ་མེད་པའི་ཆོས་ཆེན་པོ། །མི་དམིགས་དམིགས་པ་མེད་ལས་དམིགས་པ་སྣ་ཚོགས་འབྱུང་། །བསྒྲུབ་ཏུ་མེད་ཅིང་གྲུབ་པར་བྱ་བ་འདི་ལ་ཅི་ཡང་མེད། །ཇི་བཞིན་ཉིད་ཀྱི་ངང་ཉིད་ཡིན་པས་བཙན་སར་གནས་པ་སྟེ། །དམིགས་དང་མི་དམིགས་རྩོལ་བའི་ནད་དང་བྲལ་བས་ན། །གཉེན་པོས་བཅོས་སུ་རྡུལ་ཙམ་མེད་པ་ཡིན། །ཤིན་ཏུ་བརྟག་དཀའ་གཏིང་དཔག་བསམ་ཡས་པ། །རྒྱུ་དང་འབྲས་བུར་འདོགས་པའི་སྤྱོད་ཡུལ་མིན། །བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། རྫོགས་པ་ཆེན་པོ་ལ་ངོ་མཚར་བའི་ཚིག་བསྟན་པ་དང་། དེ་མ་རྟོགས་པ་ལ་ངོ་མཚར་བ་དང་དོན་དམ་པའི་རང་བཞིན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དོན་དམ་པའི་རང་བཞིན་དེ་རྟོགས་ཤིང་ཤེས་པར་བྱ་བ། གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་དེས་ཉིད་ཀྱིས་ཉིད་ལ་བརྗོད་པ། །སེམས་ཀྱི་རང་བཞིན་ཀུན་གྱི་མཆོག་སྟེ་བླང་དོར་མེད་པའི་རྒྱལ་པོ་ཡུམ། །མི་ལྡོག་ས་ལ་སོགས་པ་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པ། །གནས་གསུམ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱིས་རབ་ཏུ་དེ་ལ་དད་པས་མོས། །སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་གྱིས་མཚུངས་པར་རབ་བསྔགས་


DNG006_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཆོས་ལ་ཆོས་ཉིད་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུའི་སྙིང་པོ་ཉིད། །བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ཡུམ་གཅིག་པོ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལ་མ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་བསྒོམ་དང་ཡོན་ཏན་ཁྱད་པར་ནི། །བློ་ལྡན་ནམ་ཞིག་སེམས་ཀྱི་དམ་པ་དེ་ནི་མངོན་དུ་གྱུར་པ་ན། །དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པ་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས། །ཤེས་བྱེད་དམ་པར་གྱུར་པ་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ། །རྡོ་རྗེ་རྩེ་མོའི་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད་དོ། །ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོས་སུ་བསྟན་པ་དེ་དག་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ཉིད་རྫོགས་ལམ་དེ་ཡི་ཡོན་ཏན་དེ་དག་དེ་ལས་འབྱུང་། །འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། །དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ། །བླ་མེད་རང་བཞིན་མཆོག་གི་མཆོག་ཉིད་འདི་ནི་ཀུན་གྱི་མཆོག །གཞི་རྩ་མེད་པའི་སེམས་ཉིད་རིན་ཆེན་ནོར་འདྲ་ལ། །མཚོན་དུ་མེད་པ་རིགས་རྒྱུད་མེད་དེ་གང་ཡང་ཡོད་མ་ཡིན། །ཅིས་ཀྱང་གཞིག་ཏུ་མེད་པའི་ཕྱིར་ནི་རྡོ་རྗེ་ཉིད། །མི་འགྱུར་བདེ་བའི་ཀླུང་ན་དེ་བཞིན་དེ་གནས་པའི། །བྱང་ཆུབ་སྙིང་པོའི་ཆོས་འདི་མི་དམིགས་བྱང་ཆུབ་སེམས་མི་དམིགས། །འདི་ནི་ཡང་དག་ཉིད་དེ་དྲང་སྲོང་རྣམས་ཀྱི་ལམ་གྱི་མཆོག །སེམས་ཀྱིས་སེམས་ཉིད་དེ་ལྟར་མཐོང་ན་བདེ་བའི་མཆོག །རང་བཞིན་མེད་པའི་སེམས་ལ་རང་རིག་དེ་བཞིན་བཞག །མ་བསམས་མ་བཙལ་དེ་བཞིན་གནས་པ་བསྒོམ་པ་ཡིན། །དེ་ན་ཀུན་ཏུ་རྡོ་རྗེ་སེམས་དཔའ་ཅི་འདྲ་བསྒོམ་པ་བྱས་པར་འགྱུར། །ཕྲ་ཞིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ་འདི་མི་རྟོག་རྟོག་ལས་འདས། །རྟོག་པར་དཀའ་ཞིང་བསྟན་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ། །ཚིག་གིས་མི་ཕེབས་གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། །སྟོན་པར་ངེས་པའི་ལུང་དང་བླ་མ་རྣམས་ཀྱི་མན་ངག་


DNG006_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་དོན་འདིར་བལྟ། །མངོན་སུམ་ལ་སོགས་རྒྱུ་ཡིས་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་དཔྱོད་པ། །དེ་ཉིད་རྟོག་པའི་རྒྱུན་འབྲངས་སྤྱོད་ཡུལ་ཚད་མར་བཞག་ནས་བློ་ཡིས་འཇིག་བྱེད་དེ། །རྟོག་མཐའ་མེད་ཕྱིར་དཔྱོད་མཐའ་མེད་དེ་སྙིང་པོ་མེད་ན་ཚད་མར་གང་། །དེ་ཕྱིར་འཇིག་རྟེན་ཐ་སྙད་བཏགས་པ་རྣལ་འབྱོར་ལམ་འདིར་མི་དགོས་སོ། །ཕྱོགས་དུས་མཉམ་ཉིད་རྣམ་པར་དག་པ་ཡེ་ནས་ཡིན་པས་ན། །སྣ་ཚོགས་ཆོས་རྣམས་ཀུན་ལ་ཇི་ལྟར་འདོད་དབང་བསྒྱུར། །འཇིག་རྟེན་འདས་དང་འཇིག་རྟེན་མ་འདས་ཐམས་ཅད་ཀུན། །ཡང་དག་ཤེས་པས་རབ་ཏུ་བརྟགས་པས་རྟོགས་འགྱུར་ན། །རང་བཞིན་མཉམ་པ་མེད་ལས་ཅིར་ཡང་སྣང་ཞིང་འབྱུང་། །ཇི་ལྟར་སྣང་བ་ཉིད་ནའང་དབྱིངས་ཀྱི་རང་བཞིན་དེ་བཞིན་ཉིད་ཡིན་ཏེ། །དེ་ལྟར་རྟོག་པར་གྱུར་པའི་རང་བྱུང་ཡེ་ཤེས་སྙིང་པོ་ནི། །སྣ་ཚོགས་ཆོས་རྣམས་ཀུན་ལ་དབང་ཡང་བསྒྱུར་བས་མི་ཉམས་ཏེ། །དེ་ཕྱིར་ཚད་བཞི་རྒྱུ་འབྲས་འདོད་པའི་ཐ་སྙད་པ་ནི་ཚད་མར་འཇོག་མོད་ཀྱི། །རྒྱུ་ཡི་འབྲས་བུ་དམ་པའི་ཡུལ་འདི་ཚད་མས་གཞིག་ཏུ་ག་ལ་ཡོད་དེ་མེད། །དཔེ་དང་ཚད་མས་རྙེད་མིན་གསང་སྔགས་རྒྱ་མཚོ་ཆེན་པོ་འདི། །ཡོངས་བསྲུབས་ཀུན་བསྐྱེད་སྙིང་པོར་གནས་ཏེ་འབྲས་བུའང་ཡིན། །བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། དོན་དམ་པའི་རང་བཞིན་རྟོགས་པར་བྱ་བའི་ཐབས་བསྟན་པ་དང་། ཚད་མས་གཞིག་ཏུ་མེད་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཆེན་པོ་དེས། ཉིད་ལ་ཉིད་ཀྱིས་བསྒོམ་དུ་མེད་པའི་དོན་བརྗོད་པ། །ཡངས་སོ་ཆེའོ་ཤིན་ཏུ་ཕྲ་བའི་ཆོས་ཉིད་འདི། །རྒྱུ་འབྲས་མི་འཕྱེད་ངང་གིས་བཙན་པས་དེ་བཞིན་ཉིད། །རང་བཞིན་གནས་པས་བྱ་མེད་བདེ་བའི་ཀླུང་ཆེན་པོ། །རྣ་བས་གཞན་ནས་ཐོས་པར་མི་རུང་ཚིག་ལས་འདས། །ལྕེས་ཀྱང་བརྗོད་དུ་མི་རུང་སྣོད་བཅུད་ཡེ་ནས་རྣམ་པར་དག །བླང་དོར་མེད་པའི་རྡོ་རྗེའི་སྐུ་སྟེ་རྫོགས་པའི་སྐུ། །དྲང་སྲོང་བདེན་པར་བཞུགས་པ་རྣམས་ཀྱིས་བརྟག་མི་བྱ། །དོན་འདིས་


DNG006_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པས་མི་རྟོག་ཀླུང་ལས་ཉམས། །ཆོས་ཀྱི་སྙིང་པོ་འདི་ལ་བསྒོམ་དུ་ཅི་ཡང་གྲུབ་པ་མེད། །གང་ཡང་དམིགས་ན་མཚན་མེད་མཚན་མ་འདྲ་སྟེ་རྟོགས། །མི་རྟོག་པ་ཉིད་རྟོགས་པའི་ཀླུང་སྟེ་ཡེ་ཤེས་སྐྱེ། །གང་ཡང་སྣང་བ་མེད་པའི་ཆོས་ཉིད་ལམ་མཆོག་ལ། །མ་བཙལ་བསམ་དང་བྲལ་ན་བསྒོམ་པའི་ཀླུང་། །བཙལ་ཞིང་བརྟགས་ན་ལམ་མཆོག་དེ་ལས་གོལ། །དེ་ལས་དེ་བཞིན་བདེ་བ་མི་འབྱུང་རྒྱུ་འབྲས་ཅན། །བསྒོམ་དུ་མེད་བཞིན་དམིགས་པར་བྱེད་པ་སྨིག་རྒྱུ་ཆུ་བྱེད་འདྲ། །བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། སྒོམ་པའི་ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཐེག་པ་ཆེན་པོའི་དོན་དང་མཚན་ཉིད་ཉིད་ལ་ཉིད་ཀྱིས་བརྗོད་པ། སེམས་ནི་རྡོ་ཤིང་འདྲ་སྟེ་དགེ་དང་མི་དགེའི་ལས་མི་སྤྱོད་པ་དམ་པའི་སེམས་ཡིན་ནོ། །དོན་དམ་ཉིད་ལ་མིང་དང་མཚན་མ་མེད་དེ་སེམས་ཀྱིས་དམིགས་པར་ནུས་པ་མ་ཡིན་ངག་གིས་བཤད་པར་ནུས་མ་ཡིན། །སེམས་གཡོས་པ་ན་མཚན་མ་ཉིད་དེ་མཚན་མའི་རྒྱུ་ལ་མིང་བཏགས་པ་དེ་མིང་དང་མཚན་མ་ཞེས་བྱའོ། །རྣམ་པར་རྟོག་པ་གང་ཡང་ལེན་ཞིང་ཆགས་ན་དེ་མིང་སྒྱུ་མ་མིང་དེ་བ་ཡི་འདུ་ཤེས་ཡིན། །མིང་དང་མཚན་མ་གང་ནའང་མེད་པར་རྟོགས་ཤིང་ཤེས་ན་དེ་མིང་ཡང་དག་པ་ཡི་ཡེ་ཤེས་སོ། །མིང་དང་མཚན་མ་ཅི་ཡང་རང་རིག་ཡིད་ལས་མ་སྐྱེས་པ་ནི་དེ་བཞིན་ཉིད་ཅེས་བཤད། །ཐེག་པ་ཆེན་པོ་གང་ན་བདེན་པ་བཞིན་དུ་རྣམ་པར་ཤེས་པ་མི་གཡོ་ཞིང་ནི་སེམས་ཀྱི་རྒྱུ་ཉིད་སྐྱེ་བ་མེད་པའོ། །རྣམ་པར་རྟོག་པ་མེད་པ་གང་ན་ད་ལྟར་གྱི་ནི་རྣམ་པར་ཤེས་པར་མི་སྐྱེའོ། །སངས་རྒྱས་སྤྱོད་པ་ཇི་ལྟ་བུ་ན་སེམས་མེད་པར་ཤེས་ཆོས་ལ་ཆོས་མེད་པར་ཤེས་པའོ། །སེམས་གཟུགས་མེད་ལ་ཤེས་པ་ཡོད་པ་གང་ན་སེམས་ལ་ཆོས་ལ་གཟུགས་མེད་པ་དེ་ཤེས་དང་མི་ཤེས་པའོ། །ཕོ་མོ་ཁྱིམ་པ་རབ་ཏུ་བྱུང་བ་སེམས་ཅན་སངས་རྒྱས་ལ་སོགས་མཐོང་བ་དེ་དག་མ་གཡོས་པ་ན་ཡང་དག་པ་བཞི་ཆོས་ལམ་སྤྱོད་པ་ཡིན། །སེམས་དེ་ཤེས་པར་བྱ་བའི་ཕྱིར་


DNG006_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྒོམ་པའི་མིས་ནི་སུ་ལའང་བརྟེན་པར་མི་རིགས་ཏེ། །བརྟེན་པའི་མི་རྣམས་མི་རྒོད་སེམས་དང་ཆས་ཤིང་ཁེ་སྤོགས་ཅི་ཐོབ་ཚོལ་བ་ཡིན་པས་བསྒོམ་ལ་གནོད་ཕྱིར་རོ། །སེམས་རྟོགས་བསྒོམ་པའི་མིས་ནི་འགྲུས་པར་གསང་བ་ཉིན་མཚན་ལེ་ལོ་མི་བྱེད་པའོ། །ཆོས་རྣམས་ཐམས་ཅད་བརྟགས་པ་ཡོད་ཕྱིར་བརྫུན་ཏེ་བདེན་མེད་ངེས་པ་མེད་པར་འཆི་ཚེ་འཇིགས་མེད་ལ། །བག་ཆགས་དེ་མཐུས་དམྱལ་བའི་བག་ཚ་མེད་དེ་སངས་རྒྱས་ཉིད་ལས་དམྱལ་སོགས་མིང་ཡང་མེད། །ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ནི་སངས་རྒྱས་རྣམས་ཀྱི་ཡང་དག་པ་ཡི་ལམ་ཡིན་ནོ། །དེ་ལྟར་རྟོགས་ནས་དེ་ཐོབ་པ་ལ་དེ་ཉིད་སངས་རྒྱས་ཡིན་པར་སངས་རྒྱས་གསུངས། །དེ་འདྲའི་ཆོས་འདི་རྟོགས་ནས་གཞན་ལ་འཆད་པ་དེ་ནི་འཁོར་བའི་སེམས་ཅན་སྒྲོལ་ལ་མཁས་པ་ཡིན། །དུས་གསུམ་སངས་རྒྱས་ཀྱིས་ཀྱང་འདི་བཞིན་རྟོགས་ཤིང་ཐོབ་ལས་བྱུང་ནས་མཚན་དཔེ་དོད། །ངོ་བོ་ཉིད་ཀྱིས་སྟོང་པ་འདི་མ་རྟོགས་པར་གཞན་ན་ཆོས་དབྱིངས་མེད་ཅིང་འབྲས་བུ་སངས་རྒྱས་མེད། །ངོ་བོ་ཉིད་སྟོང་སྤྱོད་པ་སྟོང་པའི་ངོ་བོ་ཉིད་ལ་མ་ཆགས་བར་ན་དེ་ཉིད་མྱ་ངན་འདས་པའོ། །ཡང་དག་དོན་འདི་ཚིག་གིས་བཤད་དུ་མི་རུང་ཚིག་དང་བཤད་པས་སླེབ་པར་ནུས་མ་ཡིན། །བྱང་ཆུབ་སེམས་སྒོམ་པའི་རྒྱུད་ལས། ཐེག་པ་ཆེན་པོ་མདོ་སྡེའི་དོན་དང་མཚན་ཉིད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་གཉིས་སུ་མེད་པའི་དོན་ཉིད།ཉིད་ཀྱིས་ཉིད་ལ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །བྱང་ཆུབ་སེམས་ནི་ཡོན་ཏན་ཐམས་ཅད་འབྱིན་པའི་ནོར་བུ་ཉིད་དེ་ཐེག་པའི་མཆོག །ཁྱད་པར་མཆོག་ཏུ་གྱུར་ཅིང་ཀུན་གྱིས་རབ་ཏུ་བསྔགས་པ་རྫོགས་ཆེན་ཡིན། །ཀུན་གྱི་རང་བཞིན་བྱ་བྲལ་ཡངས་པའི་སྙིང་པོ་འདི་ནི་བསྒོམ་དུ་རྡུལ་ཙམ་མེད། །དེ་ནི་སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་དངོས་མེད་དམིགས་སུ་མེད་པས་སོ། །བྱང་ཆུབ་སེམས་ནི་དེ་བཞིན་ཉིད་ལས་ངང་གིས་འདའ་མི་བྱེད། །དེ་ལྟར་


DNG006_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གནས་པ་འདི་ལ་དེ་བཞིན་གཤེགས་པ་ཀུན་གནས་འདི་ལ་དགོངས། །དེ་བཞིན་གཤེགས་པའི་ཐུགས་ཉིད་དེ་བཞིན་ཉིད་དེ་དེ་བཞིན་ཉིད་ལས་དེ་མི་འབྱུང་། །དེ་ནི་རྣམ་དག་ཆོས་སྐུ་དྲི་མེད་འོད་གསལ་བདེ་ཆེན་ལྷུན་གྲུབ་ས་ཡང་ཡིན། །མཁའ་དབྱིངས་གཞལ་ཡས་ཀུན་ཏུ་འོད་ཀྱི་ས་ལས་འདས་པའི་བླ་མེད་ཐེག་ཆེན་འདི། །ཐེག་པ་ཀུན་གྱི་ནད་གསོ་མཛད་པའི་སྨན་པའི་རྒྱལ་པོ་སྟེ། །འདི་ལས་ཟབ་པའི་ཆོས་ནི་གང་ནའང་མེད་པ་ཡིན་ཏེ་ཤིན་ཏུ་ཕྲ། །འདི་མ་མཐོང་བར་གང་གཱའི་བྱེ་སྙེད་སངས་རྒྱས་མཐོང་ཡང་ཡང་དག་བྱང་ཆུབ་མེད། །ཐེག་གཞན་བློ་ཡི་གཏིང་དུ་སྣང་ཞིང་ཡེ་ཤེས་ཆེན་པོའི་ལམ་སྦྱངས་བྱས་ཀྱང་རྟོག་པའི་ཀླུང་། །བློ་ཡི་རིམ་པས་ཡུན་རིང་ཡུན་དུ་བསྒྲུབས་ན་གྲུབ་མཐའ་མཐར་འཛིན་ཁོ་ན་དེ་ཉིད་དོ། །ཐེག་གཞན་གྲུབ་མཐའ་འདི་ནི་ཅིར་ཡང་དམིགས་སུ་མེད་དེ་ཀུན་གྱི་རང་བཞིན་ཡིན། །འདི་ལས་ཡ་མཚན་འཕྲུལ་གྱི་ཡེ་ཤེས་འོད་འབར་དེ་ནི་ཀུན་ལ་ཁྱབ་པར་གསལ། །འདིར་མ་འཁྱིལ་པའི་ཆོས་ནི་གང་ནའང་མེད་དེ་ཐིག་ལེ་དག་པའི་སྐུ། །འདི་ནི་དམིགས་ཤིང་བསྒོམ་དུ་མེད་དེ་བསྒོམ་པའི་ཐ་སྙད་འདས། །ལམ་དུ་བགྲོད་དུ་མེད་དེ་ལམ་མཆོག་ལམ་གྱི་ཕུལ་ཏེ་དེ་བཞིན་ལམ་ཕུགས་ཉིད། །འདི་ལ་རྟོགས་པར་བྱར་མེད་ཀུན་སངས་རྒྱས་པ་ཡེ་ནས་ཡིན། །འཁོར་བ་མྱ་ངན་འདས་པ་གཉིས་མེད་མཉམ་པའི་རྒྱལ་པོ་བླང་དོར་མེད། །དེ་བཞིན་ཉིད་མ་གཏོགས་པའི་ཆོས་རྣམས་གུད་ན་ཡོད་མ་ཡིན། །ཆོས་འདི་སྣང་བ་ཐམས་ཅད་འདུ་བྱེད་རྒྱུན་དང་བཅས་པའི་མཐུ་ཉིད་སྣང་བ་སྟེ། །རྒྱུན་རྟོགས་བག་ཆགས་རྒྱུན་མ་ཆད་པར་སྣང་བ་ཡིན་པས་སྣང་བའི་དངོས་པོ་བརྟག་མི་བྱ། །དེ་དག་སེམས་ཀྱི་འབྱུང་འཇུག་རྒྱུན་བཅད་ཕྱིར་ན་ཡེ་སངས་རྒྱས་པ་ལས། །གཞན་དུ་མི་བསམ་དེ་ཉིད་དེ་བཞིན་གྱི་ནར་དེ་བཞིན་ཉིད། །སེམས་ཀྱི་ཕུར་བ་དེ་བཞིན་གཏིང་དུ་བཏབ་ནས་བཞག་པ་དེ་ལས་དབྱུང་མི་བྱ། །འགུལ་ཞིང་གཡོ་བའི་ཚེ་ན་བཅིང་ཞིང་འབྱུང་དུ་གཞུག་པར་ཡོངས་མི་བྱ། །བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། དོན་གྱི་སྙིང་པོ་རང་བཞིན་ཡོན་ཏན་དང་


DNG006_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཉིད་ལ་ཉིད་ཀྱིས་བརྗོད་པ། །དངོས་པོའི་མཐའ་ཡི་རྒྱུ་ནི་ལོ་རྒྱུས་དག་ལས་ལམ་འདི་བརྟག་པར་བྱ། །སྐྱེ་བོ་ཀུན་གྱི་སེམས་ལ་མངོན་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི། །འཛིན་པ་དྲུག་གིས་ཇི་ལྟར་མཐོང་ཞིང་བརྟགས་པ་དེ་ལྟར་མ་ཡིན་འཁྲུལ། །རང་གི་རྟོག་པས་མྱོས་པ་དེ་བཞིན་གཟུང་བ་དེ་ཉིད་བདེན་གྱུར་ན། །དེ་དག་དངོས་པོ་མེད་རྟོགས་དགྲ་བཅོམ་འདྲ་བར་འགྱུར་བར་རིག །དེ་དག་དུས་དགྲས་འཇོམས་དང་སྡུག་བསྔལ་ཉེན་ལས་དེ་འཁྲུལ་མངོན་པར་འགྱུར། །གཞན་དུ་སྐྱེ་མཆེད་བསྒོམས་ནས་རིག་པ་དེ་དག་ཚད་མར་གྱུར་ན་ནི། །དེ་ཉིད་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལའང་དགོས་མི་འགྱུར། །ལམ་མེད་རྣམ་གྲོལ་ལམ་དུ་བསྟན་ཞིང་དབང་པོའི་ཤེས་པས་མ་ཐར་ཏེ། །སྡུག་བསྔལ་འགའ་ཡང་མི་འཇིལ་རྣམ་རིག་ཤེས་ཏེ་ཉོན་མོངས་སྐྱེ་བའི་གནས། །དེ་ཕྱིར་སྐྱེ་བོས་མཐོང་བ་དེ་དག་འཁྲུལ་པར་མངོན་ཞིང་རྒྱལ་བས་གསུངས། །དེ་ལ་འཁྲུལ་པའི་དབང་གིས་ཇི་ལྟར་སྣང་བར་འགྱུར། །ཀུན་ཏུ་རྟོག་ཅན་ཡང་དག་མ་ཡིན་ཀུན་ཏུ་རྟོག་པས་རྩོལ་མེད་ཉམས། །བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་རིག་རྐྱེན་གྱི་དབང་སོང་བས། །སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན། །འདུ་བྱེད་སྣ་ཚོགས་དག་གིས་བག་ཆགས་བསགས་ལས་གང་གོམས་མཐུ་བརྟས་ཚེ། །སེམས་ཉིད་ཡུལ་དང་ལུས་འདྲར་སྣང་བ་རུས་པས་དང་བ་བཞིན་དུ་སྣང་། །བག་ཆགས་བསགས་པའི་རྒྱུན་ལ་དམིགས་སྐྱེས་ཡིད་ལས་བཏགས་པའི་བདག་ནི་མེད། །འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་ཕྲ་བ་མ་མཐོང་དེ་ལས་རྣམ་རིག་སྐྱེ། །རྒྱུན་དང་བཅས་པའི་སེམས་ཀྱི་མཐུ་ནི་མ་རྟོགས་རྟོག་པའི་རྗེས་འབྲངས་ནས། །དེ་ནས་ཟག་བཅས་རང་བཞིན་རྟོག་པས་བདག་གི་ཆོས་རྣམས་རྒྱས་པར་བྱེད། །ལྡན་པར་འབྱུང་བ་དེ་ནི་ཤིན་ཏུ་རྒྱུ་བ་དེ་ནི་མ་


DNG006_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལས། །བདག་ཏུ་བལྟ་བ་སོགས་པ་མུ་སྟེགས་བལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་བར་རྟོག །སེམས་འདི་ལས་རྣམས་སྣ་ཚོགས་གནས་འགྱུར་བག་ཆགས་མཐའ་མེད་ངེས་པ་མེད། །བག་ཆགས་བརྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ། །རྐྱེན་འགས་བག་ཆགས་འགའ་ཞིག་སྨིན་ནས་མི་ཡི་རྒྱུད་ཀྱི་ལུས་སྣང་ལ། །རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྱུ་བའི་མཐུ་མཐོང་ནས། །དབང་ཕྱུག་ལ་སོགས་བྱེད་པར་འདོད་དེ་ལམ་དེས་མི་ཞི་གྲོལ་མི་འགྱུར། །རྣལ་འབྱོར་ལམ་བསླད་ཐེ་ཚོམ་རྒྱུ་ཡང་རྒྱུན་འདི་ཕྲ་བ་མ་རྟོགས་སྐྱེ། །བདག་ཏུ་བརྟགས་པས་བསྒྲིབས་ཏེ་འཕགས་པའི་རིགས་དང་རྣམ་པར་བྲལ། །ཆོས་སུ་བཏགས་པས་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་སོང་སྲིད་པར་འགྱུར། །རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལས་མཚན་མ་ཐ་དད་འཛིན་པས་ན། །ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གིས་རིགས་ལ་དུ་མ་མེད། །ཤེས་ཤིང་རིག་པའི་རིགས་སུ་གཅིག་སྟེ་རིགས་ལ་དུ་མ་མེད། །དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོའི་དེ་ལ་ལུས་དང་ཆོས་ཀུན་གནས། །དེ་ལ་བསམ་པ་ཞེན་ཕྱིར་ཕྱི་མ་དེས་འབྱུང་དེ་ལ་སྣང་། །རང་སེམས་རྒྱུན་ལ་འཕགས་པ་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་པ་མིན། །རྒྱུད་དྲུག་རིགས་ལམ་དེ་ལའང་སྣ་ཚོགས་དེ་དག་རང་གི་ཏིང་འཛིན་ནོ། །སེམས་རྒྱུན་དེ་ནི་ཕྱོགས་ཀྱང་ཅུང་ཟད་མེད་པས་གཅིག་ལ་བརྟེན་པ་མེད་པའོ། །དེ་ཕྱོགས་ལ་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་བདག་གི་ལུས། །བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བའི་ལུས་སུ་རབ་སྣང་ཡང་། །སེམས་དང་བག་ཆགས་ཐ་དད་མ་ཡིན་གཅིག་མིན་བརྟག་པར་རབ་ཏུ་དཀའ། །འདི་ཀུན་རྟེན་ཅིང་འདྲེལ་བར་འབྱུང་བའི་ཚུལ་ཏེ་སྐྱེ་དང་འགག་འགྱུར་ཞེས། །ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད། །དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་སྟོན་པའི་སེམས་ཉིད་ནི། །རྒྱུ་དང་རྐྱེན་དུ་སྣང་དེ་དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད། །སྐྱེ་འཆི་མེད་ཕྱིར་


DNG006_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞན་མེད་དེ་འཆི་འཕོ་མེད་ཕྱིར་རྟག་ཆད་མེད། །དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པའང་མེད་པར་མངོན། །གནས་ཀྱི་སྐད་ཅིག་ནམས་ཀྱང་མི་འབྲལ་དེ་ཚེ་མཉམ་འགྱུར་དེ་མེད་མེད། །ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང་། །སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེད་པ་ཡིན། །ཕྱོགས་རྣམས་མེད་ཕྱིར་དམིགས་དང་གནས་མེད་རྣམ་ཤེས་རིག་པ་ཇི་ལྟར་སྐྱེ། །དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གཅིག་དང་དུ་མ་བྲལ། །སེམས་ནི་ནང་ན་མི་གནས་ཕྱི་རོལ་མི་གནས་བར་ན་གནས་མ་ཡིན། །ཐམས་ཅད་ཀུན་ལ་མཉམ་གནས་དེ་ཉིད་ངང་ནས་གཡོས་པ་མེད། །རྣམ་དག་ལམ་ཆེན་སེམས་ཉིད་རྡོ་རྗེ་འདི་ནི་ཤེས་བྱ་ཉིད་དེ་ཐམས་ཅད་སྐྱེ། །ཅིར་ཡང་མི་དམིགས་ཀུན་ཏུ་འོད་གསལ་སྙིང་པོའི་ཚུལ་ཏེ་ཡན་ལག་རྒྱས། །ཡེ་ནས་གནས་པའི་དེ་བཞིན་ཉིད་ནི་རང་རིག་རྣམ་པར་དག་པ་སྟེ། །དེ་ཉིད་ཡུམ་གྱི་མཁའ་སྟེ་མི་འགྱུར་གནས་པས་དེ་བཞིན་སེམས་ཞེས་བྱ། །སེམས་ནི་མཚན་མར་མ་ཡིན་ཐམས་ཅད་འབྱུང་བས་དབྱིངས་ཀྱང་ཡིན། །མཐའ་དང་དབུས་མེད་མི་རྟོག་རྟོག་ལས་འདས་པས་ཆོས་སྐུར་བཤད། །དེ་ཉིད་འཕགས་པའི་ཚོགས་སུ་ཡེ་ནས་གསལ་བས་ཡེ་ཤེས་ཚོགས་ཆེན་པོ། །ཅིས་ཀྱང་མི་བསྒྲིབ་མི་ཤིགས་མི་སྣང་བ་ལས་ཐམས་ཅད་སྣང་བས་ཀུན་གཞི་ཡིན། །སེམས་ཀྱི་གཏིང་འདི་མཐོང་ན་སེམས་ལས་མ་གཏོགས་ཆོས་རྣམས་གང་ཡང་མེད། །མཆོག་ཏུ་རྨད་བྱུང་ངོ་མཚར་ཁྱད་པར་ཡུལ་འདི་ཀུན་གྱི་སྨན་ཆེན་ཡིན། །ཤེས་བྱ་དེ་བཞིན་ཉིད་ལ་རང་རིག་རིག་བྱེད་རང་ཞིར་འགྲོ་རུ་གཞུག །རང་རིག་དེ་ཡང་དེ་ལས་བྱུང་ནས་དེ་ལ་གནས་པས་གནས་པ་དེ་ཀར་བཞག །ལམ་གཞན་ཇི་ལྟར་བགྲོད་ཀྱང་གྲུབ་མཐའ་དེ་ཉིད་ཡིན། །དེ་ཕྱིར་ཀུན་གྱི་འབྱུང་ཁུངས་དེ་ནི་གྲུབ་མཐའ་འབྲས་བུ་ཡིན། །ཐམས་ཅད་རང་གིས་འཆར་བས་ནམ་མཁའི་ཚུལ་དུའང་གནས། །འདི་ནི་ཀུན་གྱི་དམིགས་བུ་ཡིན་ཏེ་གཞན་ལོང་ཁྲིད་པར་


DNG006_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཐམས་ཅད་མཉམ་པའི་རྒྱལ་པོ་བྱ་བ་ཡིན་པས་སྤྱོད་ལས་འདས་པ་ཡིན། །དེ་ལྟར་ཡེ་ནས་གནས་པ་དེ་ལ་སུ་ཞིག་མི་འཆོས་ངོ་བོ་དེ་ཉིད་དེ་བཞིན་འཇོག་པ་བྱང་ཆུབ་ཆེ། །དེ་ཁོ་ཀུན་རྫོགས་རང་བཞིན་ཆོས་ཀྱི་སྙིང་པོ་ལྟ་སྤྱོད་རྫོགས་པ་ཡིན། །ཆོས་ཀྱི་སྙིང་པོ་འདི་ལ་ལྟ་སྤྱོད་དེ་ཉིད་བསྒྲུབ་པར་བྱེད་པ་དེ་ལ་སྙིང་པོ་རིང་། །དེ་ཡིས་སྙིང་པོ་མ་མཐོང་སྤྱོད་དང་བཅས་པས་སྙིང་པོ་ཉམས། །འདི་ནི་རྩོལ་དང་ཡེ་ནས་བྲལ་བས་བཙལ་དུ་ཡེ་ནས་མེད་ཕྱིར་སྙིང་པོའི་མཆོག །དུས་གསུམ་རྒྱལ་བས་ཀྱང་ནི་མ་བསྒྲུབས་མ་སྦྱངས་མ་བཙལ་བཞག་ལས་མཐོང་། །མཐོང་མ་ཐག་ཏུ་སྦྱང་བཙལ་འགྱོད་དེ་སྦྱངས་མ་དགོས་པར་རྟོགས། །རྟོགས་པའི་ངང་དེ་ལ་ནི་དུས་གསུམ་རྒྱལ་བའི་སངས་རྒྱས་རྡུལ་སྙེད་གནས། །སངས་རྒྱས་བགྲོད་ཕྱིར་རྩོལ་བའི་ལམ་ཀུན་བོར་ནས་གདོད་སངས་རྒྱས། །རྩོལ་བགྲོད་ལམ་ལ་གནས་ཚེ་འཕགས་པའི་སར་ཚུད་ཙམ། །དེ་ཕྱིར་ཉེ་ལམ་བདེ་རྫོགས་སྐུ་གསུམ་རྡོ་རྗེ་འཆང་བའི་ས་ཞེས་སྙིང་པོ་འདི་ལ་བྱ། །མ་བགྲོད་གནས་སུ་ཕྱིན་པ་རང་རྒྱུད་དག་པས་ཕྱིན་པའི་ས་ཡང་ཡིན། །ཕྱི་ནང་སེམས་ཀྱི་སྤྱོད་ཡུལ་བག་ཆགས་རྒྱུན་དང་བཅས་པར་བལྟ་བ་སེམས་ཙམ་ཡིན། །སེམས་རྒྱུན་བག་ཆགས་རྟོག་པ་དེ་ལ་སྙིང་པོ་འདི་ཉིད་མེད། །དེ་ཕྱིར་ཡུལ་དང་ལུས་སུ་བལྟ་བ་དེ་ཉིད་རྟོགས་པའི་རྒྱུན་ཉིད་དོ། །མི་བསྒོམ་མི་བསྒྲུབ་མི་བསྲུང་དེ་བཞིན་ཉིད་ལ་རང་བློ་དེ་བཞིན་བཞག །དེ་ལ་བཞག་ས་འགྲོ་ས་འདུག་ས་ཀུན་གྱིས་བགྲོད་སར་ཕྱིན་པ་ཡིན་པས་ཉེ་ལམ་མོ། །བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། སེམས་ཙམ་གྱི་ལྟ་བ་འབྲས་བུ་ཡོན་ཏན་དང་བཅས་པ་ཨ་ཏིར་ལ་བཟླ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་གཉིས་སུ་མེད་པའི་བདེ་བ་ཆེན་པོས་ཡང་དག་པ་མ་གྲུབ་པས་དེའི་རྫུ་འཕྲུལ་འཁྲུལ་པ་རྣམས་ལ་སྣང་བར་བསྟན་པ་འདི་ཉིད་ལ་ཉིད་ཀྱིས་ཆེད་དུ་བརྗོད་དོ། །བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་སྒྱུ་འདྲ་འཁྲུལ་ལ་སྣང་། །དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ཉིད་ཤིན་


DNG006_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགེ་བའི་རྒྱུད་ཉིད་དང་། །ཆོས་ཀྱི་དབྱིངས་ཉིད་ལ་ནི་དེ་དག་དམིགས་ཤིང་སྐྱེ་བར་བརྟགས་པ་ཡང་། །རྡོ་རྗེ་གནས་མེད་ཕྱིར་ན་མཉམ་གནས་རང་བཞིན་འདྲར་གྱུར་དང་། །ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་གཉིས་མེད་པས་སྐད་ཅིག་མིན། །དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེ་ཡོད་མི་འགྱུར། །དེ་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད་མེད་པར་གཅིག་པས་བླང་དོར་མེད། །དོན་དེའི་ཚུལ་གྱིས་དོན་དམ་རྣམ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང་། །གཉིས་མེད་བསམ་འདས་སྟོང་ཉིད་ཆོས་དབྱིངས་བརྗོད་དང་བྲལ་ལ་སོགས། །བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་དོན་དམ་མེད་ཅིང་ཀུན་སྒྲིབ་མེད། །དོན་དམ་ཚུལ་གྱིས་ལམ་ཉིད་འདི་འདྲ་ཞེས་པ་ཀུན་སྒྲིབ་ཡིན། །ཐེ་ཚོམ་ཡོད་མེད་ཆོས་ནི་གང་ལའང་སྤངས་ཤིང་གནས་པར་མི་བྱེད་དོ། །བསྒོམ་པ་དང་ནི་ཆོས་དབྱིངས་མེད་ཕྱིར་སོམ་ཉི་མེད་ལ་དམ་པར་བལྟ་བའང་མེད། །དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་དང་དེ་བཞིན་སྒྱུ་མ་མེད་འགྱུར་ཕྱིར། །ཡོད་ལ་ལྟོས་པའི་མེད་པའང་མེད་དེ་ཡོད་པའང་མེད། །མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ། །གང་ལའང་འཇིག་རྟེན་དབང་ཕྱུག་པདྨོ་ཀུན་ཀྱང་མི་སྤང་འདྲར་མཉམ་གནས། །ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ། །དྲུག་གིས་བསྟན་པའི་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོག་གོ། །ཤེས་རབ་ཐབས་ཀྱི་སྤྱོད་པ་ལའང་མི་གནས་ཕྱིར་ན་བདུད་རྩི་འདྲ་བར་སྤྱོད། །རང་གི་ཤེས་པ་དམ་པར་བྱས་ཤིང་ཀུན་ལས་རྒྱལ་ཏེ་དེས་བསྙེམས་ན། །འདོད་ཆགས་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་། །ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ། །གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལའང་གནས་པའང་མེད། །སྣང་མེད་དབུ་མའི་ལམ་སྟེ་བྱང་ཆུབ་སེམས་ཞེས་བདེ་གཤེགས་གསུངས། །དེ་ཕྱིར་གང་ཡང་མི་འབྱེད་ཟག་མེད་དེ་བཞིན་ཉིད་ཀྱི་ཐིག་ལེར་ཐམས་ཅད་གཅིག་པ་ཡིན། །འདི་ལས་


DNG006_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མེད་རྒྱུ་ཡིན་འབྲས་བུ་ཉིད་དེ་སྙིང་པོའང་ཡིན། །འདི་མ་མཐོང་ན་གང་ལ་བསྙད་ཀྱང་རྟོག་པའི་ཀླུང་ལ་གནས། །གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་སྤངས་ནས། །རྣམ་པར་ཐར་པ་གསུམ་པོ་བསྒོམ་པའང་བདུད་ཀྱི་ལས་ཡིན་གཟུགས་ཉིད་སྟོང་པའོ། །འཁོར་བའི་ལམ་གསུམ་སྤོང་ཞིང་མྱ་ངན་འདས་ལམ་བསྒོམ་པའང་བདུད་ཉིད་དེ། །དེ་ཉིད་རང་བཞིན་མ་ཞི་རང་བཞིན་རྩལ་སྤང་གར་མི་གནས། །འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད། །བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། མྱ་ངན་ལས་འདས་པའི་ལམ་མཐར་གཏུགས་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བདེ་བ་ཆེན་པོས། ཡང་དག་པའི་དོན་མཛུབ་ཚུགས་སུ་དགོངས་པ་སངས་རྒྱས་ཉིད་ཀྱིས་ཉིད་ལ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ལྡང་དང་མི་ལྡང་ཆེད་དུ་མི་སྤང་སེམས་རྟེན་མི་འཆའ་མངོན་དུ་མིན། །འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་ཡིན་དེར་མི་གནས། །བསྒོམ་པའི་ས་མི་རྙེད་ཕྱིར་བསྒོམས་པས་རྙེད་པར་མི་འགྱུར་ཏེ། །རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ། །བྱ་བྱེད་བྱ་བྲལ་ཡེ་ནས་དེ་བཞིན་ཉིད་འདི་དེ་བཞིན་རང་བཞིན་གནས། །དེ་ལ་འཁོར་བ་མྱ་ངན་འདས་མེད་གང་ལའང་མེད་མིན་ཐམས་ཅད་ལྡན། །བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། རྫོགས་པ་ཆེན་པོ་མདོར་བསྡུས་ཏེ་སྒོམ་པའི་ལམ་གྱི་མཆོག་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བདེ་བ་ཆེན་པོས། རང་བཞིན་གྱིས་ཉིད་ལ་ཉིད་ཀྱིས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། །དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཞེས་དགྲ་བཅོམ་རབ་འབྱོར་ཡིན། །ནམ་མཁའ་མི་དམིགས་མིང་ཙམ་དགེ་དང་མི་དགེར་དབྱེ་བ་མེད། །རྩོལ་བར་ཡིད་ལ་མི་བྱེད་གང་ལ་སེམས་མེད་ཤེས་དང་མི་ཤེས་བྲལ། །དྲན་དང་འབྱེད་མེད་སྤང་ལེན་གང་ལའང་དགའ་


DNG006_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚུངས་མེད་མི་དམིགས་ཤིང་། །མཉམ་གནས་གཉིས་སུ་བརྟག་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་སོགས་བྲི་མེད། །ཆེད་དུ་རྩོལ་བར་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་མཉམ་ཤེས་དང་། །གང་ལའང་ཆགས་དང་ཡུལ་གྱིས་མྱོས་སྐྲག་མེད་དེ་མི་འབྲལ་མི་གནས་ཤིང་། །མི་འཕྲོག་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ། །སེམས་ཀྱིས་དབྱིངས་སུ་བསྒོམས་པས་ལམ་གྱི་ཕུགས་ན་འདུག་པ་ཡེ་ཡིན་གྱིས། །གཞན་དུ་བསྒོམས་པས་འོད་གསལ་དོན་ཉིད་རིག་པར་མི་འགྱུར་རོ། །བརྡའ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཡིན་ཞེས་སྟོན་པས་རབ་གསུངས་ཕྱིར། །དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་བསྒོམ་པའི་གནས་ཡིན་ཏེ། །ཏིང་འཛིན་གསུམ་པོ་བརྟན་པར་བྱས་ཤིང་རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ནས། །ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་སྙིང་པོ་བརྗོད་ཅིང་བསྒོམ། །རྡོ་རྗེ་སེམས་དཔའ་བསྒོམས་པས་ལམ་ཀུན་མ་ནོར་བསྒོམ་པ་ཡིན། །ཀུན་ཏུ་བཟང་མོའི་སྤྱོད་པས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་། །ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར། །དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་ཆེན་པོར་སྤྱོད་པར་གསུངས། །དོན་འདིར་མོས་པ་དེ་ཡང་བྱང་ཆུབ་ཆེན་པོ་ཡིན་ཞེས་རྒྱལ་བས་རབ་ཏུ་བསྔགས། །གནས་འདིར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་བླ་མར་བཅས་པ་ཡི། །མཆོད་གནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་པར་སངས་རྒྱས་གསུངས། །ཐབས་ཆེན་བྱང་ཆུབ་སེམས་དཔའ་གསང་བའི་སྤྱོད་པའང་འདི་ཉིད་དོ། །འདི་མེད་རྒྱལ་བ་རྣམ་པར་སྣང་མཛད་ཐེག་པ་གསུམ་སྟོན་མི་སྲིད་དོ། །སྐད་ཅིག་ཙམ་དུ་དད་པའི་ཤུགས་སྐྱེས་དེ་ཡང་མྱུར་དུ་འཇམ་དཔལ་གཞོན་ནུར་འགྱུར། །དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་བྱང་ཆུབ་མཆོག་ཀྱང་གསུངས་པ་ཡིན། །ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་སྦྱིན་གནས་དམ་པར་རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་ཀྱི་


DNG006_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་དེ་ལ་གཟུགས་ཡོད་ན། །ནམ་མཁའ་བར་སྣང་དེ་ཡང་སྣོད་དུ་ཆུང་ཞེས་རྒྱལ་བས་མཚུངས་པར་གསུངས། །ཡང་དག་བདེ་གཤེགས་མ་ལུས་བྱང་ཆུབ་སེམས་ལ་གནས། །བྱང་ཆུབ་སེམས་དང་ལམ་དུ་མ་མཚུངས་ཆོས་གང་མེད། །རྒྱལ་བས་སེམས་ཀྱི་དངོས་གཞི་ཕྲ་བ་མཐོང་བས་རྒྱས། །བདུད་དང་དེས་ཟིན་ཟིལ་གྱིས་གནོན་པ་དེ་ཡང་དབྱིངས་ཀྱི་ངང་། །འདི་ལ་སྐྱེ་དང་འགག་པ་མེད་དེ་འདུ་འབྲལ་ཅི་ཡང་མེད། །ཡེ་ཤེས་དབྱིངས་མེད་མྱ་ངན་འདས་པའང་ཡིན། །ཆོས་ཞེས་མིང་དུ་གདགས་སུ་དགོས་འདྲེལ་ཐམས་ཅད་རྫོགས། །མཚན་མ་རབ་ཞི་མཚན་མ་མེད་པ་མེད་པའང་མེད། །རབ་ཞི་མེད་པའི་མེད་པའང་མེད་ལས་འདས་པ་སྟེ། །གཞན་ལ་སྤྱོད་ལས་འདས་པས་འདས་ལས་འཕགས། །སྟོང་པ་མི་དམིགས་རང་བཞིན་མེད་དང་ཇི་ལྟར་དེ་བཞིན་ཉིད། །གདགས་པའི་བསྒྲུབ་པ་བྱེད་པའི་ལམ་སྟེ་འཇུག་པའི་གནས། །འདི་ལ་འཇུག་དང་ཞུགས་དང་མ་ཞུགས་ཡེ་རྒྱ་ཆད་པས་ཐེག་པའི་བླ། །སྤྱོད་མེད་ཚིག་ལས་འདས་པས་ཀུན་ལ་ཁྱབ་ཕྱིར་རྒྱ་མཆོག་ཉིད། །མིང་ཚིག་བཟླས་པ་རྣམ་བྲལ་གསང་སྔགས་མཆོག་ཆེན་ཡིན། །ཡེ་ནས་དེ་ལས་མི་འགྱུར་རྒྱལ་བས་བསྒྱུར་དུ་རུང་བ་མིན་པར་རང་བྱུང་ཉིད། །འདི་ལྟར་རྟོགས་ནས་འདི་ལ་བློ་གྲོས་གནས་པ་བློ་གྲོས་མཆོག །དེ་ནི་འཇམ་དཔལ་དཔལ་ལྡན་གཞོན་ནུ་ཉིད་ཅེས་བྱ། །དུས་གསུམ་སངས་རྒྱས་ཀུན་ཀྱང་དེ་གཙུག་ཁུར་ཞིང་དེ་ལྟའི་ཡོན་ཏན་དེ་དང་མཚུངས། །དེ་ལྟའི་ཡོན་ཏན་མཐའ་ཡས་མ་བཙལ་མ་བསྒོམས་རང་བཞིན་གནས་ལས་བྱུང་བའི་ཕྱིར། །ཆོས་གཞན་མི་དགོས་ཡོན་ཏན་རྒྱལ་བའི་ཐེག་ཆེན་འདི་ལས་ཆོས་གཞན་མེད། །དེ་ཕྱིར་ཆོས་ལམ་འཇུག་དང་ཞུགས་ནས་འབྲས་ཐོབ་འདོད་པ་ཁྲོན་སྦལ་འདྲ། །བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། རྫོགས་པ་ཆེན་པོའི་རང་བཞིན་ང་རྒྱལ་དང་བཅས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོས་དོན་མདོར་བསྟན་པ་ཉིད་ཀྱིས་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྐྱེ་བོ་སྐྱེ་བ་


DNG006_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་དག་ན་སྐྱེས་ཤིང་སྐྱེ་འགྱུར་སྐྱེ་བའི་རྒྱུན་གྱི་དབང་སོང་བ། །རྟོག་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པའི་རྒྱུན་འབྲངས་འཁྲུལ་པའི་རྟོག་ལས་ཕྱིར་ལྡོག་མེད་གྱུར་པ། །སྒྱུ་མའི་སྒྱུ་ཤེས་དག་གིས་སྒྱུ་མའི་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས། །རྨི་ལམ་རྨི་བ་བཞིན་དུ་རྨི་ཡིས་བདེན་པ་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ། །ལམ་འདི་སྤངས་ཤིང་མཐའ་དང་ལམ་གཞན་ལམ་དུ་བལྟས་པས་མ་ནོར་ལམ་དུ་སྟོན་པ་དེ། །དེ་དག་རྡོ་ལ་གསེར་བཞིན་ཐུགས་རྗེའི་ཐུགས་རྗེས་ཀྱེ་མ་ཧོ་འཕྲོགས་པ་ཡིན། །མཆོག་ཏུ་ཤེས་རབ་སྦྱངས་པ་རྣམས་ཀྱི་སྤྱོད་ཡུལ་འདི་ཡིན་གྱི། །སྐལ་མེད་ཤེས་རབ་མ་སྦྱངས་པ་ལ་གསུང་གི་ཉིང་ཁུ་འདི་མི་སྣང་། །རྒྱལ་བ་རྣམས་ཀྱིས་བསྙེན་པ་བདུད་རྩིའི་ལམ་མཆོག་འདི། །རྒྱལ་བས་རྙེད་པ་དོན་ཆེན་རྙེད་པའི་མཆོག་ཡིན་ནོ། །དེ་ལྟའི་དོན་འདི་བདག་དང་ཕྲད་ནས་བདག་གིས་རྟོགས་གྱུར་ཅིག །སྨོན་ཞིང་དེ་ལ་ཐ་མལ་ཝ་ཁྱི་ལ་སོགས་གང་འདུན་ཀྱང་། །དེ་ཡིས་བྱང་ཆུབ་ཆེན་པོའི་བདེ་ལ་བསྙེག་པའི་ཕྱིར། །འདི་ནི་འཕགས་པའི་ཁོར་ན་གནས་པའི་ནང་ན་བཙུན་ཞིང་ཆེ། །རྟོགས་ནས་འདི་ལ་སྤྱོད་པ་ལ་ལྟ་སྨོས་ཅི་དགོས་ཏེ་སངས་རྒྱས་ཡིན། །སེམས་ཅན་ལས་ཀྱིས་འདི་ལ་མི་འཕྲོགས་ཤིང་། །འཕགས་པའི་ཐུགས་རྗེས་འདི་ལ་གཟུང་དུ་མེད། །དོན་གྱི་དོན་ཏེ་བསྒོམ་རྩོལ་མེད་པའི་དོན་དམ་རྒྱལ་པོ་ཡིན། །སངས་རྒྱས་ཐུགས་ཀྱི་ཉིང་ཁུ་སྦས་པ་ཟབ་མོའི་གསུང་། །དྲི་མེད་རྒྱ་མཚོའི་སྙིང་པོ་བྱང་ཆུབ་རྒྱ་ཆེན་པོ། །ཐེག་པའི་རྩ་བ་འབྲས་བུའི་ཐེག་པ་ཡོངས་ཀྱི་མཆོག །ཡེ་ནས་གནས་པ་དེ་ཉིད་དེ་ལྟར་ཤེས་པ་སྒོམས་དང་སངས་རྒྱས་ཡིན། །ལྟ་བས་ཟིན་པའི་ཡེ་ཤེས་ཟང་ཐལ་དེ་བཞིན་དཀྱིལ་པོ་ཆེ། །ཆོས་སྐུ་འོད་དཔག་མེད་པས་དོན་འདི་བཤད་པ་ལས། །རྒྱལ་བའི་གསུང་གིས་བསྒྲགས་ལ་འདི་འདྲར་སྣང་ངམ་ཞེས། །དེ་བཞིན་གཤེགས་པ་ཆོས་སྐུ་དཔག་མེད་ཁྱོད་ལ་འདུན་པར་གྱིས། །ཆོས་སྐུའི་གསུང་མཆོག་རྒྱ་མཚོ་འདི་ལའང་དེ་བཞིན་
བལྟ། །ས་བཅུ་པ་ལ་འདི་གནས་ཕྱིར་ན་དེ་ལ་འདི་ཡང་གཏད། །འདི་བློ་སུ་ལ་གནས་པ་བྱང་ཆུབ་སེམས་དཔའ་ས་རྣམས་གྲུབ་པའི་མཆོག །ས་ཡང་དོན་འདི་བློ་ལ་སྐད་ཅིག་གནས་པ་དེ་ལ་རྫོགས་པར་ཆོས་སྐུས་གསུངས། །དེ་ཡི་བྱིན་རླབས་རྒྱལ་བ་ཀུན་ཀྱང་གསུང་བར་འགྱུར་ཏེ་དེ་སྐད་གསུངས། །དོན་འདི་གཟུགས་སྐུ་མཚན་དཔེ་འདོད་པས་བསྟན་པས་རྟོགས་མི་རུང་། །མ་རྟོགས་ཕྱིར་ན་ཁ་ལྕེས་བཤད་པ་ཡིན་ཕྱིར་ཆོས་སྐུས་གསུངས། །ཆོས་སྐུ་བྱ་བྲལ་འདི་ལྟར་སྣང་བ་ཀུན་ལ་སྣང་ཕྱིར་གསུང་ཞེས་རྒྱལ་བས་གསུངས། །བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། ཐེག་པའི་མཆོག་ཉིད་དང་དེ་ཉིད་ལ་དེ་ཉིད་ཀྱིས་བསྟོད་པ་དང་གདམས་པ་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ཐེག་པའི་སྙིང་པོ་རྫོགས་སོ།། །།

རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ། གསང་སྔགས་ཀྱི་ལམ་མཆོག་འདུས་པའི་རྒྱུད་ཅེས་བྱ་བ།


DNG006_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་སནྟི་ས་མནྟ་བྷ་དྲ་ཛྙཱ་ན་པྲཀཱ་ཤ་ནི་རྡིཥྚ་མནྟྲ་སུ་པ་ཐས་མུ་དཱ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ། གསང་སྔགས་ཀྱི་ལམ་མཆོག་འདུས་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྐུ་དབྱེར་མེད་ངང་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་གི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་སྐུ་དང་ཡེ་ཤེས་དབྱེར་མེད་པ་ཉིད། ཆོས་ཉིད་ཡུམ་གྱི་བྷ་ག་ལ་བཞུགས་ཏེ། རིགས་ལྔའི་སངས་རྒྱས་ལ་སོགས་ཏེ། འཁོར་རྣམས་དང་ཐབས་ཅིག་ཏུ། རིག་པ་སྟོང་གསལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །རྫོགས་པ་ཆེན་པོ་ཡེ་ཤེས་གསལ་བར་སྟོན་པ་གསང་སྔགས་ལམ་མཆོག་འདུས་པའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་དཔལ་རྡོ་རྗེ་སེམས་དཔས་བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྐུ་དང་ཡེ་ཤེས་ཐམས་ཅད་མཁྱེན། །གསང་སྔགས་རྫོགས་ཆེན་དོན་ཉིད་དེ། །བདག་ཅག་རྣམས་ལ་བཤད་དུ་


DNG006_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཞེས་གསོལ་པས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། རྫོགས་པ་ཆེན་པོའི་དོན་ཉིད་ནི། །བལྟ་བ་ཕུལ་བྱུང་ངོ་མཚར་ཆེ། །ཐེག་པ་ཀུན་གྱི་དངོས་གཞིར་ཤར། །ཐེག་བརྒྱད་ལྟ་བ་མ་སྤངས་ན། །ཀུན་ཀྱང་མཐའ་ལ་ལྷུང་བ་ཉིད། །ཐེག་པ་ཀུན་གྱི་ལ་བཟླའ་ཡིན། །ཁྱད་པར་མ་ཧཱ་ཡོ་ག་དང་། །ཨ་ནུ་ཡོ་གར་གསུངས་པ་ཡི། །རྫོགས་པའི་རིམ་པར་བསྟན་པ་ཡིན། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ་གསང་སྔགས་ལམ་མཆོག་འདུས་པའི་རྒྱུད་ལས། རྫོགས་པ་ཆེན་པོའི་དོན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དཔལ་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་ཀྱེ་ཀུན་བཟང་བཅོམ་ལྡན་འདས། །རྫོགས་པ་ཆེན་པོའི་རྣལ་འབྱོར་པས། །ལམ་གྱི་ཁྱད་པར་ཅི་ལྟ་བུས། །འབྲས་བུ་ཐོབ་ཚུལ་བཤད་དུ་གསོལ། །ཞེས་གསོལ་པས། དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་བཀའ་སྩལ་པ། སྡེ་སྣོད་གསུམ་གྱིས་བསྐལ་པ་ནི། །གྲངས་མེད་འབད་ཀྱང་རྙེད་དཀའ་བ། །བཞི་པ་རྡོ་རྗེའི་སྡེ་སྣོད་འདིས། །བགྲོད་པ་མེད་པར་སངས་རྒྱས་ཐོབ། །གསང་སྔགས་རྡོ་རྗེའི་འབྲས་བུའི་ལམ། །ལམ་འབྲས་དབྱེར་མེད་འབྲས་བུའི་ལམ། །ཀྲི་ཡ་ཡོ་ག་ཨུ་པ་ཡང་། །ལྟ་བ་སྤྱོད་པ་ཕྱིར་གྱུར་ཏེ། །མཚན་ཉིད་གང་ལས་འཕགས་མ་ནུས། །ལྷ་དང་སྔགས་ཀྱིས་རེ་ཞིག་འཕགས། །ལྟ་སྤྱོད་ནང་དུ་གྱུར་པས་ན། །རྩ་རླུང་ཐིག་ལེ་དབང་ལ་རྫོགས། །གསང་སྔགས་ནད་པ་ཁྱད་པར་ཆེ། །མ་ཧཱ་ཡོ་ག་བསྐྱེད་པའི་ཚུལ། །ཨ་ནུ་ཡོ་ག་རྫོགས་པའི་ཚུལ། །ཨ་ཏི་ཡོ་ག་ལ་བཟླའི་ཚུལ། །ཚུལ་གསུམ་དབྱེར་མེད་གཅིག་གི་ངང་། །བསྐྱེད་དང་རྫོགས་པ་ཟུང་འཇུག་ཉིད། །བསྐྱེད་རིམ་བསོད་ནམས་ཚོགས་ཉིད་ལས། །འབྲས་བུ་གཟུགས་སྐུ་འབྱུང་བར་འགྱུར། །དེ་མེད་སྐུ་དང་ཞིང་ཁམས་སུ། །གདུལ་བྱའི་སྣང་བ་འབྱུང་མི་འགྱུར། །རྫོགས་རིམ་ཡེ་ཤེས་ཚོགས་ལས་ནི། །འབྲས་བུ་


DNG006_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་འབྱུང་བར་འགྱུར། །དེ་མེད་སངས་རྒྱས་དངོས་འཛིན་འགྱུར། །དེ་ལྟར་ཟུང་འཇུག་ལམ་མེད་ན། །མཐར་ཐུག་འབྲས་བུ་འབྱུང་མི་འགྱུར། །འབྱུང་ན་མི་སྲིད་གཞུང་དང་འགལ། །གཞན་དུ་རེ་ཞིག་ཕྱོགས་རེ་ལ། །སངས་རྒྱས་ཞེས་སུ་བརྟགས་པར་ཟད། །གསང་སྔགས་མཐའ་དྲུག་ལྡན་བྱས་ནས། །ཡོ་བྱད་གཉིས་ལ་ལོངས་སྤྱོད་པས། །རྣལ་འབྱོར་དབང་ཕྱུག་དམ་པ་དེ། །རྡོ་རྗེ་སེམས་དཔའི་གྲལ་དུ་ཕྱིན། །ཚེ་འདི་ཉིད་དམ་བར་མ་དོར། །སྐུ་དང་ཡེ་ཤེས་འཐོབ་པར་འགྱུར། །གལ་ཏེ་རྩོལ་ཞེན་མ་ཉམས་ན། །སྐྱེ་བ་ལན་གྲངས་འགའ་ཡིས་འཐོབ། །རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ། གསང་སྔགས་ལམ་མཆོག་འདུས་པའི་རྒྱུད་ལས། རྡོ་རྗེ་ཐེག་པའི་ལམ་གྱི་ཁྱད་པར་གྱི་འབྲས་བུ་ཐོབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དཔལ་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་མ་བཅོམ་ལྡན་ཀུན་བཟང་པོ། །རྫོགས་པ་ཆེན་པོའི་རོལ་པ་ལ། །གསང་སྔགས་མཐའ་དྲུག་གསུངས་པ་དེ། །དོན་ཉིད་རིམ་པར་བཤད་དུ་གསོལ། །ཞེས་གསོལ་པས། ཀུན་ཏུ་བཟང་པོ་རྒྱལ་བས་བཀའ་སྩལ་པ། གསང་སྔགས་མཐའ་དྲུག་གསུངས་པ་ནི། །དང་པོར་བསྐྱེད་པའི་ཚུལ་དབང་བསྐུར། །དེ་ནས་རིག་པའི་རྩལ་དབང་བསྐུར། །དབང་ཉིད་ཆགས་པར་བྱེད་པ་ལ། །གཞི་ཉིད་དམ་ཚིག་གཟུང་བར་བྱ། །ཐམས་ཅད་མཉམ་པ་ཆེན་པོར་བསྲུང་། །དེ་ལ་ལྟ་བས་ཐག་བཅད་པས། །རང་བྱུང་ཡེ་ཤེས་རྩོལ་བྲལ་བ། །རིག་པ་སྟོང་གསལ་དོན་ལ་བརྟགས། །ཉམས་སུ་ཏིང་འཛིན་བླང་བ་ནི། །བསྐྱེད་པའི་རིམ་པའི་ཚུལ་བཟུང་ནས། །མཚན་བཅས་ལྷ་ཡི་འཁོར་ལོ་འདི། །ཡབ་ཡུམ་དཔའ་བོ་གཅིག་པར་བསྒོམས། །རིགས་འདུས་གཙོ་བོ་རྫོགས་རིམ་བརྟེན། །ལྷ་དང་སྟོང་པ་ཟུང་འཇུག་ཉིད། །དེར་བརྟེན་ལུས་སེམས་བསྒྲིམས་བྱས་ལ། །སེམས་བཟུང་ལམ་དུ་བླང་བའམ། །ཡང་ན་ལུས་སེམས་གློད་པའམ། །སེམས་བཟུང་སྟོང་གསལ་ངང་དུ་བཞག །བྱིང་རྒོད་རྨུགས་ན་སྐྱོན་གསུམ་


DNG006_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས། །ལ་ཉིད་སྤྱོད་པས་དོར་བ་ནི། །རང་གི་ཉམས་རྟོགས་དོན་དང་སྦྱར། །དེ་ལྟར་རིམ་པར་བླངས་པ་ཡིས། །གདམས་ངག་རིམ་པ་མ་གོལ་བས། །དོན་གྱི་འབྲས་བུ་བསྒྲུབ་པ་སྟེ། །བསྲེ་བ་ཐབས་གསུམ་སྒོ་ཉིད་གཏད། །རིག་པ་སྟོང་གསལ་བདེ་ཆེན་ཉིད། །གདགས་གཞི་གང་དུ་མ་གྲུབ་ལ། །གདགས་བྱ་གང་ཡང་མ་འགགས་ཤར། །རྟོགས་པའི་ཡེ་ཤེས་རྣམ་འཕྲུལ་ལས། །ཐམས་ཅད་རོལ་པར་ཤེས་པར་བྱ། །གཞན་ཡང་ལམ་དུ་བླང་བ་ནི། །ལྟ་བ་གདེང་དང་བཅས་པ་དང་། །འཇུག་སྒོ་ལམ་དང་བཅས་པ་ཉིད། །སྤྱོད་པ་གྲོགས་དང་བཅས་པ་ལས། །འབྲས་བུ་ཡོན་ཏན་བཅས་པ་བྱུང་། །ཞེས་སོ། །རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་གསང་སྔགས་ལམ་མཆོག་འདུས་པ་ཞེས་བྱ་བའི་རྒྱུད་ལས། གསང་སྔགས་མཐའ་དྲུག་ཡེ་ཤེས་རོལ་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དཔལ་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ། མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་ག་གསུམ་དབྱེར་མེད་པ་གཅིག་ཏུ་གསུངས་པའི་རྒྱུད་སྡེ་དེ་ཉིད་རྣམས་ནི། དཔལ་རྡོ་རྗེ་འཆང་གིས་བདག་ཅག་རྣམས་ལ་གསུངས་པ་ནི་ངོ་མཚར་ཆེའོ། །དེས་ན་རྒྱུད་འདི་གནས་ཤིང་སྤྱོད་པའི་དོན་བཤད་དུ་གསོལ། ཞེས་གསོལ་པས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ངོ་བོ་ཉིད་ཀྱི་སྐུ་དེས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཉོན་ཅིག །ཨ་ཏི་ཡོ་གའི་རྒྱུད་འདི་ཉིད་ལ་སོགས་པ་རྣམས་ནི། འོག་མིན་གྱི་གནས་ཡུམ་གྱི་མཁའ་ཉིད་དུ། ང་ཉིད་ཀྱིས་ཁྱེད་འདུས་པའི་འཁོར་རྣམས་ལ་བཤད་དེ། །སྡུད་པ་པོ་ནི་འཇམ་དཔལ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེས་བསྡུས་ཏེ། ལྷ་གནས་གསུམ་དུ་གྲགས་ཏེ། དེ་ནས་གསེར་གྱི་གླེགས་བམ་ལ། བཻ་ཌཱུརྱ་ཞུན་མས་རང་ནན་དུ་བྲིས་ཏེ། འཛམ་བུའི་གླིང་དུ་ལྷོ་ཕྱོགས་སུ་སྤྲུལ་པའི་སངས་རྒྱས་འབྱོན་པའི་གནས། རྡོ་རྗེ་གདན་དུ་བབས་ནས་སྤྱོད་པར་འགྱུར་རོ། །དེ་ཡང་


DNG006_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཡོ་གའི་རྒྱུད་ཐམས་ཅད་ནི།རྒྱལ་པོ་ཛ་ཞེས་བྱ་བའི་ཁང་ཐོག་ཏུ་བབས་པར་འགྱུར་ལ། ཨ་ནུ་ཡོ་གའི་རྒྱུད་ཐམས་ཅད་ནི་སེང་ག་ལའི་ནགས་ཚལ་དུ་འབྱུང་བར་འགྱུར་ཏེ། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའི་རྒྱུད་འདི་ཉིད་ལ་སོགས་པ་ཐམས་ཅད་ནི། དྷ་ན་ཀོ་ཤའི་གླིང་དུ་འབྱུང་ཞིང་དར་ནས་རྒྱས་ཤིང་སྤྱོད་པར་འགྱུར་རོ། །གཞན་ཡང་གསང་སྔགས་ཀྱི་རྒྱུད་རྣམས་དཔལ་ཕྱག་ན་རྡོ་རྗེ་སོགས་པས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་གཏད་ནས། སླད་ནས་ཀྱང་འབྱུང་ཞིང་རྒྱས་པར་འགྱུར་རོ། །དེ་ཉིད་ཀྱི་དུས་སུ་སྔར་བྱུང་བའི་རྒྱུད་སྡེ་རྣམ་གསུམ་ནི། བྱང་ཕྱོགས་འཛམ་བུའི་གླིང་གི་དབུས་ཡིན་པས། དེར་ཁྱད་པར་དུ་དར་བར་འགྱུར་བ་ལ། རྡོ་རྗེ་གདན་གྱི་དྲུང་དུ་ནི་མི་སྤྱོད་པར་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཏེར་དུ་སྦེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདུལ་བའི་སྣོད་དུ་མ་གྱུར་པའི་ཕྱིར་རོ། །དེ་ཉིད་ཀྱི་དུས་སུ་ནི་སླད་ནས་འབྱུང་བ་རྣམས་དང་། བྱང་ཕྱོགས་ཀྱི་གནས་སུ་ནི་སྔར་བྱུང་བའི་རྒྱུད་སྡེ་རྣམ་པ་གསུམ་དང་། སླད་ནས་འབྱུང་བའི་རྒྱུད་རྣམས་དང་། གཉིས་ཀ་དར་ཞིང་རྒྱས་པར་འགྱུར་ཏེ། གཞུང་བཞིན་དུ་སྤྱད་པ་རྣམས་ནི་རྡོ་རྗེ་འཆང་གིས་ཐོབ་པར་འགྱུར་ལ། དེ་ལོག་པར་སྤྱད་ཅིང་དམ་ཉམས་པ་རྣམས་ནི་དེ་ལས་གཞན་དུའང་ཡིན་ནོ། །དེ་ཡང་རྒྱུད་འདི་ཉིད་ནི་རྟགས་ཙམ་འཛིན་པའི་དུས་འབྱུང་དུ་ཉེ་བ་ན། རྣལ་འབྱོར་བསྐལ་པ་དང་ལྡན་ཞིང་ཚོགས་བསགས་པ་རྣམས་ཀྱི་སྤྱོད་ཅིང་དར་ནས། རིག་པ་སྟོང་གསལ་རྟོགས་ཏེ། སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་རོ། །ཞེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ལ་འཁོར་རྣམས་ཀྱིས་བསྟོད་པ་ནི། ཡེ་ཤེས་སྐུ་ཡིས་སྟོང་གསུམ་ཟིལ་གྱིས་གནོན། །འགག་མེད་གསུང་གིས་བསྟན་པ་རྒྱ་མཚོ་བསྒྲགས། །གཉིས་མེད་ཐུགས་ཀྱིས་ཐམས་ཅད་ས་ལེ་མཁྱེན། །ཀུན་བཟང་རྡོ་རྗེ་འཆང་ཆེན་ཁྱོད་ལ་བསྟོད། །ཅེས་པས་བསྟོད་པར་གྱུར་ཏོ། །དེ་ནས་དཔལ་ཀུན་ཏུ་བཟང་པོས་ཡང་བཀའ་སྩལ་པ། ཨེ་མ་ཧོ་
རྡོ་རྗེ་སེམས་དཔའི་ཚོགས། །གསང་སྔགས་ལམ་གྱི་དོན་འདུས་རྒྱུད། །ཀུན་གྱི་ཐུན་མོང་མ་ཡིན་ཏེ། །ཤིན་ཏུ་གསང་ལ་གཟུང་བར་བྱའོ། །ཞེས་བཀའ་སྩལ་པ་དང་། འཁོར་ཐམས་ཅད་བསྡི་གནས་ཀྱི་ས་ལ་གནས་པ་ལས། སྤྱིར་ཆིབས་པ་ལ་སངས་རྒྱས་པར་གྱུར་ཏོ། །རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ་གསང་སྔགས་ཐམས་ཅད་ཀྱི་ལམ་མཆོག་འདུས་པའི་རྒྱུད་ལས། གསང་སྔགས་ཇི་ལྟར་འབྱུང་བ་ལུང་བསྟན་པ་དང་། རྒྱུད་ཡོངས་སུ་བཟུང་ཞིང་གཏད་པའི་ལེའུ་སྟེ་ལྔ་པའོ།། །།རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ། གསང་སྔགས་ཐམས་ཅད་ཀྱི་ལམ་མཆོག་འདུས་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་དང་། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འདི་མཚམས་བྱང་སེམས་གནམ་ས་སྤར་འདེབས་འཛུད།

བྱང་ཆུབ་སེམས་སྒོམ་པ་རྡོ་ལ་གསེར་ཞུན།


DNG006_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བྷཱ་བ་ནོ་པ་ལ་སུ་ཝརྞྞ་དྲུ་ཏ། བོད་སྐད་དུ། བྱང་ཆུབ་སེམས་སྒོམ་པ་རྡོ་ལ་གསེར་ཞུན། བཅོམ་ལྡན་འདས་དབྱིངས་གསུམ་རྣམ་པར་དག་པའི་ངང་ལ་ཕྱག་འཚལ་ལོ། །བདག་མེད་གཉིས་ཉིད་བདེ་གཤེགས་མི་རྟོག་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པ། །ཀུན་གྱི་རང་བཞིན་ཞི་བ་འདི་ལ་བསལ་ཞིང་བླ་མེད་ལམ་མཆོག་སྟེ། །མི་ལྡོག་པ་ལ་སོགས་ཏེ་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པས། །གནས་གསུམ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱིས་རབ་ཏུ་དད་པས་མོས། །སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་མཚུངས་པར་རབ་བསྔགས་པ། །ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུའི་སྙིང་པོ་ཉིད། །བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པའི་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་བསྒོམ་དང་ཡོན་ཏན་ཁྱད་པར་ནི། །བློ་ལྡན་ནམ་ཞིག་སེམས་ཀྱི་དམ་པ་དེ་ནི་མངོན་དུ་གྱུར་པས་ན། །དེ་ལ་སྐུ་གསུམ་མཆོག་


DNG006_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གྱུར་པས་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས། །ཤེས་བྱེད་དམ་པར་གྱུར་པས་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ། །རྡོ་རྗེ་རྩེ་མོ་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད་དོ། །ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོས་སུ་བསྙད་པ་དེ་དག་ཀྱང་། །བྱང་ཆུབ་སེམས་ཉིད་རྫོགས་ལས་དེ་ཡི་ཡོན་ཏན་དེ་ལས་འབྱུང་། །འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། །དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ། །དེ་ན་ཀུན་ཏུ་རྡོ་རྗེ་སེམས་དཔའ་ཅི་འདྲར་བསྒོམ་པར་བྱ་བར་འགྱུར། །ཕྲ་ཞིང་ཤེས་དཀའི་དྲང་སྲོང་ཆེན་པོའི་ལམ་འདི་མི་རྟོག་རྟོག་ལས་འདས། །བརྟག་པར་དཀའ་ཞིང་བསྟན་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ། །ཚིག་གིས་མི་ཕེབས་གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། །སྟོན་པ་ངེས་པའི་ལུང་དང་བླ་མ་རྣམས་ཀྱི་མན་ངག་དོན་འདིར་བལྟ། །མངོན་སུམ་ལ་སོགས་རྒྱུ་ཡི་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་དཔྱོད་པ། །དེ་ཉིད་རྟོག་པའི་རྒྱུན་འདྲེངས་སྤྱོད་ཡུལ་ཚད་མར་བཞག་ནས་བློ་ཡིས་འཇིག་བྱེད་དེ། །རྟོག་མཐའ་མེད་ཕྱིར་དཔྱོད་མཐའ་མེད་དེ་སྙིང་པོ་མེད་ན་ཚད་མ་གང་། །དེ་ཕྱིར་འཇིག་རྟེན་བརྟགས་པའི་ཐ་སྙད་རྣལ་འབྱོར་ལམ་འདིར་མི་དགོས་སོ། །དངོས་པོ་མཐའ་ཡི་རྒྱུ་ནི་ལོ་རྒྱུས་དག་ལས་ལམ་འདིར་བརྟག་པར་བྱ། །སྐྱེ་བོ་ཀུན་གྱི་སེམས་ལ་མངོན་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི། །འཛིན་པ་དྲུག་གིས་ཇི་ལྟར་མཐོང་ཞིང་བརྟགས་པ་དེ་ལྟར་མ་ཡིན་འཁྲུལ། །རང་གི་རྟོག་པས་མྱོང་ཞིང་གཟུང་བ་དེ་བཞིན་བདེན་གྱུར་ན། །དེ་དག་དངོས་པོ་མེད་རྟོག་དགྲ་བཅོམ་འདྲ་བར་གྲོལ་བར་རིགས། །དེ་དག་དུས་དགྲས་འཇོམས་དང་སྡུག་བསྔལ་ཉོན་ལས་ངེས་འཁྲུལ་མངོན་པར་འགྱུར། །གཞན་དུ་སྐྱེ་མཆེད་སྒོ་ནས་རིག་པ་དེ་དག་ཚད་མར་གྱུར་ན་ནི། །དེ་དག་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལའང་དགོས་མི་འགྱུར། །ལམ་དེ་རྣམ་གྲོལ་ལམ་དུ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ། །སྡུག་བསྔལ་འགའ་ཡང་མི་འཇིལ་རྣམ་རིག་ཤེས་དེ་ཉོན་མོངས་འབྱུང་བའི་གནས། །དེ་


DNG006_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྐྱེ་བོས་མཐོང་བ་དེ་དག་འཁྲུལ་པར་མངོན་ཞེས་རྒྱལ་བས་གསུངས། །དེ་ན་དེ་ལ་འདི་དག་འཁྲུལ་པའི་དབང་གིས་ཇི་ལྟར་སྣང་བར་འགྱུར་ཞེ་ན། །ཀུན་ཏུ་རྟོག་ཅན་ཡང་དག་མ་ཡིན་ཀུན་ཏུ་རྟོག་པས་བཅོམ་མོད་ཉམས། །བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་རིག་རྐྱེན་གྱི་དབང་སོང་བས། །སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན། །འདུ་བྱེད་སྣ་ཚོགས་དག་གིས་བག་ཆགས་བསགས་ལ་གང་གོམས་མཐུ་བརྟས་ཚེ། །སེམས་ཉིད་ཡུལ་དང་ཡུལ་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་། །བག་ཆགས་བསགས་པའི་རྒྱུན་ལས་དམིགས་སྐྱེས་ཡིད་ལ་བརྟགས་པས་བདག་ནི་མེད། །འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་ཕྲ་བ་མ་མཐོང་དེ་ལས་རྣམ་རིག་སྐྱེ། །རྒྱུན་དང་བཅས་པའི་སེམས་ཀྱི་མཐུ་ནི་མ་རྟོགས་རྟོག་པའི་རྗེས་འབྲངས་ནས། །དེ་ལ་ཟག་བཅས་རང་བཞིན་རྟོགས་པས་བདག་དང་ཆོས་རྣམས་རྒྱས་པར་བྱེད། །ལྡན་པར་འབྱུང་བ་ཤིན་ཏུ་ཕྲ་བར་རྒྱུ་བ་དེ་ནི་མ་མཐོང་བས། །བདག་ཏུ་བལྟ་ལ་སོགས་པ་མུ་སྟེགས་ལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་བར་རྟོག །སེམས་འདི་ལས་རྣམས་མཐའ་ཡས་གནས་གྱུར་བག་ཆགས་མཐའ་མེད་ངེས་པ་མེད། །བག་ཆགས་བརྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ། །རྐྱེན་འགས་བག་ཆགས་འགའ་ཞིག་སྨིན་ནས་མི་ཡི་རྒྱུད་ཀྱི་ལུས་སྣང་ལ། །རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྱུ་བའི་མཐུ་མཐོང་ནས། །དབང་ཕྱུག་ལ་སོགས་བྱེད་པར་འདོད་པའི་ལམ་དེས་མི་ཞི་གྲོལ་མི་འགྱུར། །རྣལ་འབྱོར་ལམ་བསླད་ཐེ་ཚོམ་རྒྱུ་ཡང་རྒྱུན་འདི་ཕྲ་བ་མ་རྟོགས་སྐྱེ། །བདག་ཏུ་བཏགས་པས་བསྒྲིབས་ཏེ་འཕགས་པའི་རིགས་དང་རྣམ་པར་བྲལ། །ཆོས་སུ་བཏགས་པའི་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་སོང་སྲིད་པར་འགྱུར། །རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལས་མཚན་མ་ཐ་དད་འཛིན་པས་ན། །ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གིས་རིགས་ལ་དུ་མ་མེད། །དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་


DNG006_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་གནས། །དེ་ལ་བསམ་བཞིན་ཕྱི་ར་ཕྱི་མ་དེས་འབྱུང་དེ་ལ་སྣང་། །རང་སེམས་རྒྱུན་ལས་འཕགས་པ་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་མ་ཡིན། །རྒྱུད་དྲུག་རིགས་ལས་དེ་ཡང་སྣ་ཚོགས་དེ་དག་རང་གི་ཏིང་འཛིན་ཏོ། །སེམས་རྒྱུན་དེ་ནི་ཕྱོགས་ཀྱང་ཅུང་ཟད་མེད་པས་དེ་ལའང་རྟེན་མེད་དེ། །དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་བདག་གི་ལུས། །བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བོའི་ལུས་སུ་རབ་སྣང་ཡང་། །སེམས་དང་བག་ཆགས་གཅིག་མིན་ཐ་དད་མ་ཡིན་བརྟག་པར་རབ་ཏུ་དཀའ། །འདི་ཀུན་རྟེན་ཅིང་འདྲེལ་འབྱུང་ཚུལ་ཏེ་སྐྱེ་དང་འགག་པར་འགྱུར་ཞེས་པ། །ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད། །དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོག་པའི་སེམས་ཉིད་ནི། །རྒྱུ་དང་རྐྱེན་དུ་སྣང་སྟེ་དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད། །སྐྱེ་འཇིག་མེད་ཕྱིར་བདག་གཞན་མེད་དེ་འཆི་འཕོ་མེད་ཕྱིར་རྟག་ཆད་མེད། །དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པའང་མེད་པ་ཉིད་དུ་མངོན། །གནས་ཀྱི་སྐད་ཅིག་ནམས་ཀྱང་མི་འབྲལ་དེ་ཚེ་མཉམ་འགྱུར་དེ་མེད་མེད། །ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང་། །སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེད་པ་ཡིན། །ཕྱོགས་རྣམས་མེད་ཕྱིར་དམིགས་དང་གནས་མེད་རྣམ་ཤེས་རིག་པ་ཇི་ལྟར་སྐྱེས། །དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གཅིག་དང་དུ་མ་བྲལ། །བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་སྒྱུ་འདྲར་འཁྲུལ་ལ་སྣང་། །དེ་བཞིན་དག་པའི་ཡེ་ཤེས་དེ་དག་དགེ་བའི་རྒྱུ་ཉིད་དང་། །ཆོས་ཀྱི་དབྱིངས་ཉིད་ལ་ནི་དེ་དག་དམིགས་ཤིང་སྐྱེ་བར་བརྟགས་པ་ཡང་། །རྡོ་རྗེའི་གནས་མེད་ཕྱིར་ན་མཉམ་གནས་རང་བཞིན་འདྲར་འགྱུར་དང་། །ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིག་མིན། །དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར། །དེ་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད་མེད་པར་གཅིག་པས་བླང་དོར་མེད། །དོན་


DNG006_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚུལ་གྱིས་དོན་དམ་རྣམ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང་། །གཉིས་མེད་བསམ་འདས་སྟོང་ཉིད་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སོགས། །བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་དོན་དམ་མེད་ཅིང་ཀུན་སྒྲིབ་མེད། །དོན་དམ་ཚུལ་གྱིས་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་ཡིན། །ཐེ་ཚོམ་ཡོད་མེད་ཆོས་ནི་གང་ལའང་སྤངས་ཤིང་གནས་པར་མི་བྱེད་དོ། །བསྒོམ་པ་དང་ནི་ཆོས་དབྱིངས་མེད་ཕྱིར་སོམ་ཉི་མེད་ལ་དམ་པར་བལྟ་བའང་མེད། །དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་པས་རང་བཞིན་སྒྱུ་མ་མེད་འགྱུར་ཕྱིར། །ཡོད་ལ་ལྟོས་པའི་མེད་པ་མེད་དེ་མེད་པའང་མེད། །མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ། །གང་ལའང་འཇིག་རྟེན་དབང་ཕྱུག་པདྨ་ཀུན་ཀྱང་མི་སྤོང་འདྲ་མཉམ་གནས། །ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ། །དྲུག་གིས་བསྟན་པའི་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོག་གོ། །ཤེས་རབ་ཐབས་ཀྱི་སྤྱོད་པ་ལ་ཡང་མི་གནས་ཕྱིར་ན་བདུད་རྩི་འདྲ་བར་སྤྱོད། །རང་གི་ཤེས་པ་དམ་པར་བྱས་ཏེ་ཀུན་ལས་རྒྱལ་ཏེ་དེས་བསྙེམས་ན། །འདོད་ཆགས་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་། །ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ། །གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལའང་གནས་པར་མི་བྱེད་དེ། །སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེ་གཤེགས་གསུངས། །གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་ཏུ་སྤངས་ནས་སུ། །རྣམ་ཐར་གསུམ་པོ་སྒོམ་པ་ཡང་བདུད་ཀྱི་ལས་ཏེ་གཟུགས་ཉིད་སྟོང་པའོ། །འཁོར་བའི་ལམ་གསུམ་སྤངས་ཤིང་མྱ་ངན་འདས་ལམ་བསྒོམ་བྱེད་པའང་བདུད་ཉིད་དེ། །དེ་ཉིད་རང་བཞིན་མ་ཞི་རང་བཞིན་རྩལ་སྤངས་གར་མི་གནས། །འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་འདི་གཞན་ན་མེད། །ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། །འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་


DNG006_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་དེར་མི་གནས། །བསྒོམ་པའི་ས་མི་རྙེད་ཕྱིར་བསྒོམས་པས་རྙེད་པར་མི་འགྱུར་ཏེ། །སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། །རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ། །འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། །དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན། །ནམ་མཁའ་མི་དམིགས་མིང་ཙམ་དགེ་དང་མི་དགེ་འབྱེད་མེད་སྐྱེ་བའང་མེད། །རྩོལ་བ་ཡིད་ལ་མི་བྱེད་གང་ལའང་སེམས་མེད་ཤེས་དང་མི་ཤེས་བྲལ། །དྲན་དང་འབྱེད་མེད་གང་ལའང་སྤང་ལེན་དགའ་དང་མཚུངས་མེད་མི་དམིགས་ཤིང་། །མཉམ་གནས་གཉིས་སུ་བརྟགས་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་སོགས་བྲི་མེད། །ཆེད་དུ་རྩོལ་བར་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་མཉམ་ཤེས་དང་། །གང་ལའང་ཆགས་དང་ཡུལ་གྱི་མྱོས་སྐྲག་མེད་དེ་མི་འབྲལ་མི་གནས་ཤིང་། །མི་འཕྲོག་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ། །སེམས་ཀྱི་དབྱིངས་སུ་བསྒོམས་པས་ལམ་གྱི་ཕུགས་ན་འདུག་པ་དེ་ཡིན་གྱིས། །གཞན་དུ་བསྒོམས་པས་འོད་གསལ་དོན་ཉིད་རིག་པར་མི་འགྱུར་རོ། །བརྡའ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཆེན་པོ་ཡིན་ཞེས་སྟོན་པས་རབ་གསུངས་ཕྱིར། །དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་བསྒོམ་པའི་གནས་ཡིན་ཏེ། །ཏིང་འཛིན་གསུམ་པོ་བརྟན་པར་བྱས་ནས་རྟགས་ཀྱི་མཚན་མ་ཕྱག་རྒྱ་གསུམ་བཅིངས་ནས། །ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་སྙིང་པོ་བརྗོད་ཅིང་བསྒོམ་པའི་གནས། །རྡོ་རྗེ་སེམས་དཔའ་བསྒོམས་པས་ལམ་ཀུན་མ་ནོར་བསྒོམ་པ་ཡིན། །ཀུན་ཏུ་བཟང་མོའི་སྤྱོད་པས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་། །ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར། །དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། །དོན་འདིར་མོས་པ་དེ་ཡང་བྱང་ཆུབ་ཆེན་པོ་ཡིན་ཞེས་རྒྱལ་བས་རབ་ཏུ་བསྔགས། །གནས་འདིར་བསྐྱེད་པ་ཙམ་གྱིས་


DNG006_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གསུམ་པོ་བླ་མར་བཅས་པ་ཡི། །མཆོད་གནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་རྒྱལ་བས་གསུངས། །ཐབས་ཆེན་བྱང་ཆུབ་སེམས་དཔའ་གསང་བའི་སྤྱོད་པའང་འདི་ཉིད་དེ། །འདི་མིན་རྒྱལ་བ་རྣམ་པར་སྣང་མཛད་ཐེག་པ་གསུམ་སྟོན་མི་སྲིད་དོ། །སྐད་ཅིག་ཙམ་དུ་དང་བའི་ཤུགས་བསྐྱེད་དེ་ཡང་མྱུར་དུ་འཇམ་དཔལ་གཞོན་ནུར་འགྱུར། །དཀྱིལ་འཁོར་གསང་བར་ཞུགས་ཤིང་དམ་ཚིག་མཆོག་ཀྱང་བསྲུང་བ་ཡིན། །ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་སྦྱིན་གནས་དམ་པར་རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་ལ་གཟུགས་ཡོད་ན། །ནམ་མཁའ་བར་སྣང་འདི་ཡང་སྣོད་དུ་ཆུང་ཞེས་རྒྱལ་བས་མཚུངས་པར་གསུངས། །སྐྱེ་བོ་སྐྱེ་བ་སྣ་ཚོགས་དག་ལས་སྐྱེས་ཤིང་སྐྱེ་དང་སྐྱེ་འགྱུར་སྐྱེ་བའི་རྒྱུན་གྱི་དབང་སོང་བས། །རྟོག་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པའི་རྒྱུན་འབྲངས་འཁྲུལ་པའི་རྟོག་ལས་ཕྱིར་ལྡོག་མེད་གྱུར་པ། །སྒྱུ་མའི་སྒྱུ་ཤེས་དག་གིས་སྒྱུ་མའི་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས། །རྨི་ལམ་གྱིས་བསླད་བཞིན་དུ་རྨི་ཡིས་བདེན་པའང་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ། །ལམ་འདི་སྤངས་ཤིང་མཐའ་དང་ལམ་གཞན་ལམ་དུ་བལྟས་ནས་མ་ནོར་ལམ་ཞེས་སྟོན་པ་དེ། །དེ་དག་རྡོ་ལ་གསེར་བཞིན་ཐུགས་རྗེར་རུང་ཞིང་ཐུགས་རྗེའི་ཐུགས་རྗེས་ཀྱེ་མའོ་ཕྲོགས་པ་ཡིན། །ཤིན་ཏུ་མ་སྦྱངས་དུས་ཀྱིས་མནར་བའི་སྐྱེ་བོ་ལྔ་བརྒྱ་ཐ་མ་ལ། །གསུང་རབ་དྲི་མེད་རྟོགས་དཀའ་དག་ལ་སྒྲ་བཞིན་སྤྱོད་དང་ཚུལ་བཞིན་མིན། །རང་གི་བློ་གྲོས་སྟོབས་བཞིན་འཇུག་ལ་སོགས་པ་ལྟ་བ་སྣ་ཚོགས་དག །མི་ཤེས་ཆུ་བོས་གཡེང་ཞིང་གསུང་གི་ཉིང་ཁུ་བདུད་རྩི་རྣལ་འབྱོར་བྲལ། །དེ་ཕྱིར་རྒྱལ་བས་གསུངས་པའི་ཐུགས་ཀྱི་གསང་བ་དམ་པ་འདི། །ཀུན་ཏུ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ཐུན་མོང་མ་ཡིན་ཡང་། །གོམས་པའི་མཐུ་ཡིས་མི་འགལ་ཚུལ་དུ་ཚད་མ་དག་ལས་རབ་བསྒྲུབས་ཏེ། །འགྲོ་བའི་དོན་དུ་མི་གཉིས་
ལམ་མཆོག་འདི་ནི་རབ་བགྱིས་པ། །སྐྱེ་བོ་སྐྱེ་གནས་ཐམས་ཅད་དུ་ཡང་སྐད་ཅིག་ཏུ། །མི་མཐུན་ཕྱོགས་ཀྱིས་མི་ཉམས་རྒྱལ་བ་ཀུན་གྱི་ཐུགས་འདིར་རབ་རྒྱས་ཤོག །བྱང་སེམས་སྒོམ་པ་རྡོ་ལ་གསེར་ཞུན་རྫོགས་སོ།། །། འདི་མཚམས་བྱང་སེམས་མི་འབྱུང་བའི་ཐིག་ལེ་འཛུད།

ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ།


DNG006_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙིཏྟ་ཏནྟྲ་རཏྣ་ཀུ་ཊཱ་ལཾ་ཀཱ་ར་ནཱ་མ། བོད་སྐད་དུ། ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ། ཡེ་ཤེས་ཀྱི་སྐུ་བདེ་བ་ཆེན་པོ་ན་བཞུགས་པ། བྱ་རྩོལ་མི་མངའ་བ། གསང་བ་མཆོག་གི་དཀྱིལ་འཁོར་དང་འདུ་འབྲལ་མེད་པར་བཞུགས་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ན། ཡེ་ཤེས་ཀྱི་སྣང་བ་མི་འགག་པར་འོད་གསལ་བ། ཐུགས་རིན་པོ་ཆེའི་ཀློང་ན་འདུ་འབྲལ་མེད་པ། སྟོང་པ་ཆེན་པོ་ཡེ་ཤེས་ཀྱི་སྙིང་པོར་གནས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་གྱི་གནས་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུས། རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལྔ་བཞུགས་ཏེ། དེའི་ཚེ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དང་གཉིས་སུ་མེད་པར་བཞུགས་ནས། ཀྱེ་ཀྱེ་རྡོ་རྗེ་འདུས་པའི་ཡེ་ཤེས་སྐུ། །ཚིག་གཅིག་མཚོན་པས་དོན་ཆེན་སྲུངས། །རྣམ་པར་དག་པའི་ལམ་ཆེན་པོ། །སངས་རྒྱས་ཉིད་ཀྱིས་ཡོངས་མ་གསུངས། །བགྲོད་མེད་ལམ་ལ་རབ་གནས་པ། །ཡེ་ཤེས་སྐུ་གཅིག་དྲི་མ་མེད། །མ་བསྐྱེད་གསང་བའི་དཀྱིལ་འཁོར་རྫོགས། །རྣམ་དག་ལམ་ལ་རབ་ཏུ་གནས། །མགོན་པོ་ཤེས་རབ་ཕ་རོལ་ཕྱིན། །ཤེས་རབ་མཚོན་ཆ་རྣོན་པོ་ཡིས། །སྙིང་རྗེ་མེད་པར་ཐམས་ཅད་སྒྲོལ། །གཟུང་འཛིན་གཉིས་མེད་ཡེ་ཤེས་སྐུ། །མྱ་ངན་འདས་མེད་འཁོར་བ་མེད། །མགོན་པོ་དྲི་མེད་ཡེ་ཤེས་སྐུ། །སངས་རྒྱས་ཀུན་གྱི་གཅེན་ཆེན་པོ། །ཐུགས་ཀྱི་སྒྲོན་ལས་དོན་བསྟན་པ། །འཇིག་རྟེན་ཁམས་ནི་རྫོགས་སངས་རྒྱས། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། །རྡོ་རྗེའི་གདན་ལ་ཡང་དག་བརྟེན། །ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་དོན་འདི་ནི། ཀུན་གྱིས་རིག་


DNG006_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ཏེ། །ལྷ་ལ་སོགས་ཏེ་འགྲོ་བ་རྣམས། །བྱང་ཆུབ་སེམས་དཔའ་མི་རིག་སྟེ། །ཆོས་པ་རྣམས་ཀྱི་དོན་མི་རྙེད། །སངས་རྒྱས་ལམ་ལ་མི་གནས་ཏེ། །ལམ་ལ་བགྲོད་པ་རྩོལ་བའི་ནད། །སངས་རྒྱས་ཉིད་ལ་འབྲས་བུ་མེད། །འབྲས་བུ་གྲུབ་པར་འདོད་པ་ཡི། །བྱང་ཆུབ་སེམས་དཔས་དོན་མི་རྙེད། །དེ་ཕྱིར་མགོན་པོ་དྲི་མེད་ངས། །ཐུགས་ཀྱི་དཀྱིལ་འཁོར་རང་བྱུང་བ། །ཡེ་ཤེས་ལྷུན་རྫོགས་མེ་ལོང་བཞིན། །ང་ནི་དུས་གསུམ་རྟག་པར་བཞུགས། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དྲི་མེད་རང་བྱུང་འོད་གསལ་བ། །དུས་གསུམ་གཅིག་སྟེ་རྟག་པར་བཞུགས། །རང་ལས་འབྱུང་བའི་ཡེ་ཤེས་ལྔ། །གསང་བའི་དཀྱིལ་འཁོར་ཐུགས་ཀྱི་མཆོག །མཚན་ཉིད་མེ་ཆུ་ས་རླུང་ལྔ། །རང་ལས་བྱུང་བའི་ཆོས་ཉིད་དེ། །ལས་ལ་མ་རྨོངས་ཐབས་ཀྱི་ཞིང་། །བྱེད་པ་པོ་ཉིད་རྡོ་རྗེ་སྟེ། །སྐྱེ་འགག་མེད་པའི་ཡེ་ཤེས་འདི། །རང་བཞིན་ནམ་མཁར་འོད་གསལ་བ། །གཞི་ལས་བྱུང་བའི་ཡེ་ཤེས་ཏེ། །དང་པོ་རྒྱུ་མེད་དབྱིངས་ལས་ཤར། །ཐ་མ་རྐྱེན་མེད་བདེ་བའི་ངང་། །འབྱུང་བ་ས་ཆུ་མེ་རླུང་ཀྱང་། །བདག་ཉིད་ཆེན་པོའི་དེ་བཞིན་ཉིད། །འགྲོ་བའི་རྒྱུད་དྲུག་སྣང་བ་ཡང་། །དག་པའི་ཡེ་ཤེས་རྒྱུ་ཡི་ངང་། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །དང་པོ་རྒྱུ་མེད་དབྱིངས་ལས་བྱུང་། །ཐ་མ་རྒྱུ་མེད་དབྱིངས་སུ་ཐིམ། །ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ཉོན་མོངས་ལྔ་དང་མཚམས་མེད་ལྔ། །ལམ་གྱི་དགྲ་སྟེ་ལམ་གྱི་མཆོག །ང་ནི་སངས་རྒྱས་ཀུན་གྱི་སྐུ། །ང་ནི་སེམས་ཅན་ཀུན་གྱི་དུར། །ང་ནི་ནད་རྣམས་ཀུན་གྱི་སྨན། །ཤེལ་ལྟར་དྲི་མེད་ཡེ་ཤེས་སྐུ། །གཞི་ལ་དངོས་མེད་ནམ་མཁའ་འདྲ། །འགག་མེད་ཡེ་ཤེས་འོད་ཀྱི་སྐུ། །ཆུ་ཟླ་ལྟ་བུར་རང་བཞིན་མེད། །རང་བྱུང་ཡེ་ཤེས་འགག་མེད་གསུང་། །བྲག་ཆ་ལྟ་བུར་རང་བཞིན་མེད། །མི་འགྱུར་རྡོ་རྗེ་ལྟ་བུའི་ཐུགས། །ཉི་མ་ལྟ་བུར་སྒྲིབ་པ་མེད། །ཅེས་པ་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ། ཐུགས་ཀྱི་རྒྱུད་དམ་པ་ལས། གཞིའི་འདུག་ཚུལ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་


DNG006_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ཆེན་པོ། ཆོས་ཉིད་མཉམ་པའི་ཏིང་ངེ་འཛིན་ལས་བཞེངས་ནས། ཐུགས་མི་གནས་པའི་ཀློང་ནས། གསང་བའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ནས། ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་འདུས་པའི་ཚོགས་རྣམས་ང་ལ་ཉོན། །ང་མེད་གཞན་མེད་ངོ་བོ་ཉིད་ཀྱི་སྐུ། །ཡེ་ཤེས་དཀྱིལ་འཁོར་རང་བྱུང་ལ། །གདོད་ནས་མ་བྱས་རང་བྱུང་བ། །བླ་མེད་ལྷུན་རྫོགས་སྐུ་ལྔའི་བདག །སྨྲ་བསམ་བརྗོད་མེད་མྱ་ངན་འདས། །མི་གནས་ཤེས་རབ་ཕ་རོལ་ཕྱིན། །རང་བྱུང་ཡེ་ཤེས་ལྔར་སྣང་བ། །འདུ་འབྲལ་མེད་པའི་སྐུ་ལྔ་འགྲུབ། །རིགས་ཀྱི་གཙོ་བོ་ལྔར་སྣང་བ། །མཚན་བཟང་དཔེ་བྱད་ཚུལ་ཤེས་ལྡན། །མར་མེ་གཅིག་ལས་གཉིས་སྣང་བཞིན། །བདག་མེད་ཤེས་རབ་ཕ་རོལ་ཕྱིན། །རྒྱན་དང་ཆ་ལུགས་ཚུལ་ཤེས་པ། །སྐྱེ་མེད་རྣམ་དག་གདན་སྟེངས་སུ། །འཁྲིལ་བའི་ཚུལ་དུ་བསྟན་པར་གནས། །རང་བྱུང་གྲུབ་པའི་སྐུ་ལྔར་ཤར། །སྐྱེ་བ་མེད་ལས་སྐྱེ་སྣང་ཚུལ། །སྐྱེས་པ་ཉིད་ནས་འདུ་འབྲལ་མེད། །གཅིག་པུར་སྣང་བའི་སྐུ་ལྔ་འོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ང་ནི་རྣམ་དག་སྐུ་ཡི་མཆོག །ཡེ་ཤེས་ལུས་ཅན་དྲི་མ་མེད། །ང་ནི་རྣམ་དག་གསུང་གི་མཆོག །སྨྲ་བསམ་ཡུལ་ལས་འདས་པ་ཡིན། །ང་ནི་རྣམ་དག་ཐུགས་ཀྱི་མཆོག །རྟོག་པའི་མཐའ་ལས་འདས་པ་ཡིན། །སྟོང་པའི་ཡེ་ཤེས་རྩལ་སྣང་བ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །སྐུ་ལྔའི་ཡོན་ཏན་མཐར་ཕྱིན་པ། །ཤེས་རབ་ཕ་རོལ་ཕྱིན་པའི་གསུང་། །གསུང་མེད་གསུང་གི་དཀྱིལ་འཁོར་ནས། །ཆོས་མེད་ཆོས་ཀྱི་དོན་བརྗོད་པ། །མགོན་པོས་བདག་ལ་བཤད་དུ་གསོལ། །ཞེས་བཀའ་སྩལ་ཏོ། །དེ་ནས་སྐུ་ལྔ་ངོ་བོ་ཉིད་ཀྱི་སྐུ་དང་དྲུག །ཡེ་ཤེས་ལྔ་མི་གནས་པའི་ཡེ་ཤེས་ཆེན་པོ་དང་དྲུག །ཡུལ་ལྔ་བདག་ཏུ་མེད་པའི་ཀློང་དང་དྲུག་གིས་སྨྲས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། ང་བྱེད་པ་པོ་ཉིད་རང་བཞིན་གྱིས་རྣམ་པར་དག་ནས། སངས་རྒྱས་པས་འདུས་བྱས་ཀྱི་ཆོས་ཡེ་གདོད་མ་ནས་མེད་དོ། །ངའི་


DNG006_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་རྣམ་པར་དག་པ་ཡིན་པས། ངའི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཡིན་ནོ། །དེ་ནས་རང་རང་གི་རིགས་ཀྱི་འཁོར་རྣམས་དང་ལྷན་ཅིག་ཏུ་འཁོད་ནས། ཐལ་མོ་མཉམ་པར་སྦྱར་ཏེ་གསོལ་པ། ངོ་བོ་ཉིད་ཀྱིས་སྨྲས་པ། ཨེ་མ་ཧོ། བདེ་གཤེགས་བཅོམ་ལྡན་འདས། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྟོགས་པར་དཀའ་བའི་སྙིང་པོའི་དོན། །རབ་ཏུ་མི་རྟོག་གནས་མེད་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པས། ཨེ་མ་ཧོ་གཟུང་འཛིན་རྣམ་སྤངས་པ། །ཚིག་དང་ཡི་གེའི་སྤྱོད་ཡུལ་མིན། །ཆོས་བདག་མེད་པའི་མཉམ་པ་ཉིད། །རང་རིག་གདོད་ནས་མ་སྐྱེས་པའོ། །དེ་ནས་བཅོམ་ལྡན་འདས་རིན་ཆེན་སེམས་དཔས། ཨེ་མ་ཧོ་མཉམ་ཉིད་རིག་པའི་ཀློང་། །མིང་དུ་བཏགས་པའི་ཆོས་རྣམས་ཀུན། །མཉམ་པ་ཉིད་ལས་གཞན་མེད་དོ། །དེ་ནས་བཅོམ་ལྡན་འདས་པདྨ་སེམས་དཔས། ཨེ་མ་ཧོ། ཆོས་སུ་སྣང་བ་ཐམས་ཅད་ཀུན། །རང་གི་ངོ་བོ་བརྗོད་དུ་མེད། །དེ་ཉིད་རང་རིག་ཡེ་ཤེས་ནི། །མཁས་པར་རྟོགས་པས་བསྒོམ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ལས་ཀྱི་སེམས་དཔས། ཨེ་མ་ཧོ། ཆོས་ཀུན་རང་རིག་ཡེ་ཤེས་ཏེ། །ངེས་པ་མེད་དོ་དངོས་རྟོག་བྲལ། །དེ་ཉིད་དག་པའི་རང་བཞིན་པས། །མཁས་པས་ཅི་དགར་བསྒོམས་ཀྱང་འགྲུབ། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སེམས་དཔས། ཨེ་མ་ཧོ་ཆོས་ཀུན་སྟོང་པའི་བདག །རང་གི་ངོ་བོ་བརྗོད་དུ་མེད། །བརྗོད་མེད་དེ་ཉིད་སྣང་བ་ཡིས། །ཆོས་རྣམས་ཀུན་ལ་ཁྱབ་པར་གནས། །ཞེས་གསུངས་སོ། །དེ་ནས་ཡུམ་ཀུན་ཏུ་བཟང་མོས། ཨེ་མ་ཧོ་ཆོས་ཉིད་བདེ་བའི་ཀློང་། རང་བཞིན་རྣམ་པར་དག་པས་ནམ་མཁའི་ངོ་བོ་ཉིད། དེ་ནས་ཡུམ་སངས་རྒྱས་སྤྱན་གྱིས། ཨེ་མ་ཧོ་མི་བསྐྱོད་བྱང་ཆུབ་སེམས། དུས་གསུམ་འཕོ་འགྱུར་མེད་པས་ཡེ་ཤེས་དག་པའི་ཞིང་། དེ་ནས་ཡུམ་མཱ་མ་ཀཱིས།ཨེ་མ་ཧོ་ཡོན་ཏན་དཔག་མེད་སྐུའོ། །འདུ་འབྲལ་མེད་པར་གནས་པས་སྣོད་བཅུད་སྣུམས་པར་བྱེད། དེ་


DNG006_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡུམ་གོས་དཀར་མོས། ཨེ་མ་ཧོ་ཐུགས་རྗེ་འོད་དཔག་མེད། ཐམས་ཅད་སྨིན་པར་བྱེད་པའི་རང་བཞིན་ཡེ་ཤེས་འོད་ཀྱི་མེ། དེ་ནས་ཡུམ་དམ་ཚིག་གི་སྒྲོལ་མས། ཨེ་མ་ཧོ་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ། མ་བསྐྱོད་རླབས་ཀྱིས་གཅོད་པས་གང་ཡང་ཐོགས་མེད་སྒྲོལ། དེ་ནས་ཡུམ་བདག་ཏུ་མེད་པའི་ཀློང་གིས། ཨེ་མ་ཧོ། མི་གནས་ཡེ་ཤེས་དངོས་རྟོག་མཐའ་དང་བྲལ། །སྐུ་དང་ཡེ་ཤེས་རོལ་པ་མཛད་སྤྱོད་ཀུན། །གདོད་ནས་རང་བཞིན་མེད་དེ་དངོས་རྟོག་མཐའ་དང་བྲལ། །ཞེས་གསུངས་སོ། །དེ་ནས་ཡེ་ཤེས་ལྔས་སྨྲས་པ། རིག་པ་འགག་པ་མེད་པས་མེ་ལོང་ཡེ་ཤེས་ཡིན། །དེ་ལ་འཕོ་འགྱུར་མེད་པས་མཉམ་པ་ཉིད། །དེ་ཉིད་རྒྱ་མ་ཆད་པས་སོར་རྟོག་ཡེ་ཤེས་ཡིན། །མ་བཙལ་ལྷུན་གྱིས་གྲུབ་པས་བྱ་བ་གྲུབ་པ་ཡིན། །སྐྱེ་མེད་དབྱིངས་ལས་ཡེ་ཤེས་རང་བྱུང་བས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གདོད་ནས་དག །ཡེ་ཤེས་རྒྱལ་པོ་ཚིག་ལས་འདས་པ་སྟེ། །མི་གནས་ཚིག་ལས་འདས་པའི་ཡེ་ཤེས་ཡིན། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་། །དགའ་ཞིང་མགུ་ནས་ཡི་རང་སྟེ། །ལེགས་སོ་ལེགས་སོ་རིགས་ཀྱི་བུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཁྱེད་ཀྱིས་སྨྲས་པ་དེ་ལེགས་སོ། །ཚིག་དོན་རབ་ཏུ་གསལ་བ་ཡིས། །སྒྱུ་མ་ལྟ་བུའི་ཡེ་ཤེས་ལ། །སྒྱུ་མ་ལྟ་བུའི་ཚིག་བརྗོད་པས། །དངོས་པོ་མི་གཡོ་བརྟན་པར་བཞུགས། །དེ་བཞིན་གཤེགས་པའི་སྐུ་ལྔ་ཡང་། །ཡེ་ཤེས་ལྔ་རུ་མངོན་སངས་རྒྱས། །ཡེ་ཤེས་ལྔ་ཡི་ངོ་བོ་ཡང་། །མི་གནས་ཡེ་ཤེས་ཆེན་པོར་རྫོགས། །མ་བསྐྱེད་རང་བྱུང་དབྱིངས་སུ་རྫོགས། །རྫོགས་པའི་ཡང་རྫོགས་ཨ་ཏི་ལ། །མཐོ་དམན་བཟང་ངན་ཆེ་ཆུང་ཡངས་དོག་མེད་དེ་རྫོགས། །རང་བཞིན་རྣམ་པར་དག་པའི་སྐུ་མངའ་བས། །རང་བྱུང་བཙལ་མེད་སྐུ་ལྔ་ལྷུན་གྱིས་རྫོགས། །ནམ་མཁའི་རང་བཞིན་མཐའ་དང་དབུས་མེད་པས། །ཕྱི་ནང་སྣོད་བཅུད་ནམ་མཁའི་ངང་དུ་རྫོགས། །རང་བྱུང་བདེ་ཆེན་ཡེ་བརྡལ་ཁྱབ་པར་


DNG006_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །མཉམ་དང་མི་མཉམ་སྐྱེ་མེད་ཀློང་དུ་རྫོགས། །རྫོགས་པའི་དོན་ལ་བཙལ་དུ་ཡེ་ནས་རང་བཞིན་མེད། །ཅེས་གསུངས་སོ། །ཐུགས་ཀྱི་རྒྱུད་དམ་པ་ལས། ཐུགས་རྗེ་འབྱུང་བའི་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་། །རང་གི་ངོ་བོ་བརྗོད་དུ་མེད། །མི་གནས་མྱ་ངན་འདས་པ་པོ། །རྟོགས་པའི་ཀློང་དུ་སུས་དྲིས་པ། །ཡེ་ཤེས་དྲི་མ་མེད་པ་ཡིན། །ལུང་དུ་བསྟན་པ་བདེ་གནས་པ། །གོལ་སྒྲིབ་གདར་ཤ་ཆོད་པ་ཡིན། །ཆོས་ལ་བློ་ནི་མི་གནས་ན། །རྟག་ཆད་ཚིག་ལས་འདས་པ་ཡིན། །ཡེ་ཤེས་སྒྱུ་མར་སྣང་བའི་སངས་རྒྱས་དང་། །ལོག་རྟོག་སྒྱུ་མར་སྣང་བའི་སེམས་ཅན་གཉིས། །སྒྱུ་མ་ཡིན་ཕྱིར་རང་བཞིན་རྣམ་པར་དག །མ་བྱུང་མ་སྐྱེས་འོད་ཀྱི་དཀྱིལ་འཁོར་ལ། །བཀོད་པ་ལྷ་ཡི་དཀྱིལ་འཁོར་རྩོལ་མི་དགོས། །རང་བཞིན་རྣམ་པར་དག་པའི་ཆོས་སྐུ་ལ། །ཁྲུས་དང་གཙང་སྦྲ་མེ་ཏོག་བྱུག་མི་དགོས། །མཁའ་ལ་ཉི་མའི་སྙིང་པོ་བརྡལ་བ་ལ། །འོད་དང་སྣང་བ་ཀུན་ཏུ་བཙལ་མི་དགོས། །ཤེས་རབ་རིག་པ་གཞི་ལས་ཤར་བ་ལ། །རྣ་བས་མཉན་ཅིང་ཚིག་ཕྱིར་འབྲངས་མི་དགོས། །ནོར་བུ་རིན་ཆེན་རང་ལ་ཡོད་བཞིན་དུ། །གཞན་ལ་བརྟེན་ནས་བཙལ་བས་ཆོས་ཉིད་དོན་མི་རྙེད། །རྙོག་པ་མེད་པའི་ཆོས་སྐུ་ལ། །བཀྲུས་པས་མི་འདག་ནམ་མཁའ་འདྲ། །སྐྱེ་དང་བྲལ་བའི་སྙིང་པོ་ལ། །བྱང་ཆུབ་འབྲས་བུ་ཡོངས་ཀྱིས་མེད། །རྡོ་རྗེ་སེམས་དཔའ་བྱང་ཆུབ་ནི། །རང་གི་རིག་པ་ཆེན་པོས་མཁྱེན། །རང་རིག་དུ་མར་མི་སྣང་བས། །སོ་སོར་བསྟན་ཀྱང་གཅིག་གི་ངང་། །བདེ་གཤེགས་སྐུ་རྣམས་དུ་མར་སྣང་། །ཡེ་ཤེས་ལྔ་ཡི་བདག་ཉིད་སྣང་། །ཉི་མའི་སྙིང་པོ་ཇི་བཞིན་ནོ། །ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ། སྣང་ལ་མི་གནས་པ་རྣམས་ནི། །ཡེ་ཤེས་ཀྱི་སྐུ་དྲི་མ་མེད་པའོ། །བཀོད་པ་མེད་པར་མངོན་པར་སྣང་བ་ནི། དེ་བཞིན་གཤེགས་པའི་སྐུ་དྲི་མ་མེད་པ་ཆུ་ཟླ་ལྟ་བུར་སྣང་བའོ། །མ་བཀོད་པ་མཐའ་དང་དབུས་མེད། ཕྱོགས་དང་རིས་མེད། མཐོ་དམན་དང་ཡངས་


DNG006_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དོག་མེད་པར་སྣང་བ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །འདོད་པའི་མཐའ་ཐམས་ཅད་དང་བྲལ་བ་ནི། ཏིང་ངེ་འཛིན་རྩེ་གཅིག་པའི་ཟས་སོ། །ཡེ་ཤེས་ཀྱི་སྐུ་དྲི་མ་མེད་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཉིས་དུས་གསུམ་དུ་འདུ་འབྲལ་མེད་པར་བཞུགས་པ་ནི། གྲོགས་ཁྱད་པར་ཅན་ནོ། །ཚིག་དང་ཡི་གེའི་དོན་ལ་མི་གནས་པར་གཞིའི་འདུག་ཚུལ་ཤེས་བྱ་གཏན་ལ་ཕེབས་ནས། དགོངས་པའི་ལ་དོར། དོན་ཀློང་དུ་འདྲིལ། རེ་དོགས་ཀྱི་འཕྲང་བཅད། བདག་ཉིད་ཆེན་པོ་དེ་ཁོ་ན་ཉིད་དོ། །ཞེས་ཐུགས་ཀྱི་རྒྱུད་དམ་པ་ལས། རྟོགས་པ་རྒྱུད་ལ་བཞག་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། ཆོས་ཉིད་གསལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས། སྐུ་མི་གནས་པའི་ཀློང་ཆེན་པོར་བསྡིམས་ཏེ། ཀྱེ་འདུས་པའི་ཚོགས་རྣམས་ང་ལ་ཉོན། །ང་ནི་ཡེ་ནས་ནམ་མཁའ་འདྲ། །ནམ་མཁའི་རང་བཞིན་དངོས་པོ་མེད། །སྒྲིབ་གཡོགས་རབ་ཏུ་མི་གནས་པའོ། །ང་ནི་ཡེ་ནས་རྒྱ་མཚོ་འདྲ། །སྲིད་པའི་གཡོ་འགུལ་ཡེ་ནས་མེད། །ང་ནི་ཡེ་ནས་རི་བོ་འདྲ། །དུས་གསུམ་འཕོ་འགྱུར་མེད་པར་གནས། །ང་ནི་ཉི་མའི་སྙིང་པོ་འདྲ། །སྐུ་གསུམ་འབྲས་བུ་ལྷུན་གྱིས་གྲུབ། །ང་ནི་ཡེ་ནས་སེང་གེ་འདྲ། །རྩལ་གསུམ་ལུས་ལ་རྫོགས་པ་ཡིན། །ང་ནི་བྱ་རྒྱལ་ཁྱུང་ཆེན་འདྲ། །ལྟ་བ་སྤྱི་རྒྱ་རླབས་ཀྱིས་གཅོད། །ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ཁྱེད་ནི་ད་རུང་འཁོར་བའི་རྒྱུའོ། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་རྣམས་ལ་སོགས་པ་ལྟ་ཅི་སྨོས། ཅི་སྟེ་རྟོགས་པའི་དོན་ལམ་དུ་འཁྱེར་བའི་ཕྱིར་རོ། །ང་རིག་པ་ཆོས་ཀྱི་སྐུར་རང་བྱུང་གི་ཡེ་ཤེས་ཆེན་པོ་རྟོགས་པ་མངོན་དུ་གྱུར་པ། བྱ་བཙལ་ཐམས་ཅད་དང་བྲལ་བ། ལུང་ལས་འདས་པ། ཟབ་ཅིང་ཆ་ཕྲ་བས་གཞན་གྱིས་བརྟགས་པར་དཀའ་བ། ཕྲ་ཞིང་ཟག་པ་མེད་པ། ས་བོན་དང་བྲལ་བ། རྡུལ་མེད་པ་རྡུལ་དང་བྲལ་བ། དྲི་མ་མེད་པ་དང་མ་འདྲེས་པར་གནས་པ། རང་རིག་པའི་ཡེ་ཤེས་ལ་བདག་མེད་པས། བྱང་ཐམས་ཅད་དང་བྲལ་བའོ། །


DNG006_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བསམ་ཚིག་ལས་འདས་པས་རྡོ་རྗེ་སེམས་དཔའི་ཐུགས། །གསལ་ལ་རང་བཞིན་མེད་པས་གཟུང་འཛིན་གཉིས་དང་བྲལ། །སྐྱེ་འགག་མཐའ་ལས་འདས་པས་ཆོས་ཉིད་བདེ་ཆེན་པོ། །ཇི་བཞིན་ལྷུན་གྱིས་རྫོགས་པས་ཀུན་ལ་ཁྱབ་པར་གནས། །སྙིང་པོ་རང་ལ་རྫོགས་པས་བསྒོམ་པའི་བློད་ངོ་བྲལ། །སྣང་བར་བྱ་མེད་ཆོས་ཉིད་བདེ་ཆེན་ཀློང་། །ཡོན་ཏན་ལྷུན་རྫོགས་ཡེ་ནས་རྣམ་པར་དག །ཁ་དོག་དབྱིངས་མེད་སྨྲ་བསམ་འདས་པའི་དབྱིངས། །སྐྱོན་རྣམས་ཀུན་བྲལ་བསྒོམ་དུ་མེད་པའི་མཆོག །མ་བཅོས་ཆོས་སྐུ་ཀུན་གཞིའི་བྱང་ཆུབ་སེམས། །ཐུགས་ཀྱི་རང་བཞིན་མཚོན་པ་ལས་འདས་པས། །ཤེས་པར་བྱ་ཕྱིར་རྣ་བས་མཉན་དུ་མེད། །དབྱིངས་ནས་ཤར་བས་ལྕེས་ཀྱང་བརྗོད་དུ་མེད། །རང་བྱུང་ཆེན་པོ་ཚིག་གི་མཐའ་དང་བྲལ། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །མཛེས་པ་ཀུན་ཏུ་བཟང་པོའི་སྐུ། །བཟུང་བས་མི་ཟིན་ཆུ་ཟླའི་སྐུ། །ཟབ་མོ་ཨ་ཡི་ཀློང་ནས་འབྱུང་། །བརྗོད་ལས་འདས་པ་ཟབ་མོ་ཨ་ཡི་ཀློང་། །ཨ་ཡི་རང་བཞིན་སྤྲོས་པའི་མཐའ་དང་བྲལ། །རྟོག་མེད་མཉམ་ཉིད་ཆོས་སྐུར་དག་པ་ལ། །ངོ་མཚར་རྨད་བྱུང་རིག་པའི་སྐུར་སྣང་སྟེ། །མ་གཡོས་དབྱིངས་ཉིད་ཡིན་པས་ཀློང་ནས་འཕྱོ། །ཇི་ལྟར་སྣང་ཡང་མ་བཅོས་སྙིང་པོའི་སྐུ། །ཟབ་མོ་ཨ་ཡི་ཀློང་ཆེན་འདི། །བཙལ་བས་རྙེད་པའི་གནས་མེད་དེ། །དྲུག་གི་ཆོས་བཞིན་ཡུལ་འདོད་ན། །ལོང་བས་ནམ་མཁའ་འཛིན་པ་བཞིན། །གོང་ནས་གོང་དུ་ས་འཕར་ལམ། །བྱ་བྲལ་ཆོས་དང་མཐུན་པ་མིན། །བགྲོད་དུ་མེད་དོ་ཆོས་སྐུ་བྱང་ཆུབ་སེམས། །བགྲོད་པར་འདོད་ན་ཡེ་ཤེས་མཐའ་ལ་རིང་། །བསོད་ནམས་ལས་གྲུབ་གླིང་བཞི་རྒྱལ་པོ་དང་། །རྣམ་དཔྱོད་དུས་ལ་ལྟོས་པའི་མུ་སྟེགས་རྣམས། །མ་བཅོས་ཆོས་ཉིད་བྱང་ཆུབ་ལམ་འགགས་པས། །ཆོས་ཉིད་བྱང་ཆུབ་དོན་དང་བྲལ་བས་གོལ། །ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ང་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པའི་ཚེ། བྱང་ཆུབ་ཀྱི་ཆོས་ལ་བྱང་ཆུབ་ཏུ་བསྒྲུབ་ཏུ་མེད་དེ་མི་གནས་སོ། །དེ་བཞིན་


DNG006_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྣམས་ཀྱི་ཡེ་ཤེས་ལ། །སེམས་ཅན་གྱི་ཆོས་མེད་དེ་མི་གནས་སོ། །ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་བྱ་བཙལ་ལས་འདས་པ་ལ། བཟང་ངན་དང་ཆེ་ཆུང་མེད་དེ་མི་གནས་སོ། །ལུང་ལས་འདས་པའི་ཆོས། སེམས་ལས་འདས་པའི་སངས་རྒྱས། ཀུན་གཞི་ལས་འདས་པའི་ཆོས། མ་བསྒོམས་པར་སངས་རྒྱས་པའི་བལྟ་བ། ཆོས་སྤྱོད་བཅུ་དང་མཚམས་མེད་པ་ལྔའི་སྤྱོད་པ་ལ་ཁྱད་པར་མེད་པ། མ་མཉན་པར་བཤད་ཤེས་པའི་རྒྱུད། འདི་ནི་སངས་རྒྱས་ཀྱི་རྒྱུད། གསང་བ་མན་ངག་ཡང་དག་པར་ཤེས་པར་བྱའོ། །ཞེས་ཐུགས་ཀྱི་རྒྱུད་དམ་པ་ལས། བྱ་བཙལ་ཐམས་ཅད་ལས་འདས་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་། །སངས་རྒྱས་ཆོས་ལ་མི་གནས་ཏེ། །སེམས་ཅན་རྣམས་ནི་བལྟ་བ་ཡིན། །མཚོན་པའི་བྱང་ཆུབ་ཆོས་ཡིན་ཀྱང་། །རྫོགས་པའི་བལྟ་བ་ཆོས་མ་ཡིན། །ཐོག་མའི་མགོན་པོ་དྲི་མེད་ཀྱང་། །ཆོས་ལ་བརྟེན་པ་མ་ཡིན་ཏེ། །མ་བསྐྱོད་དབྱིངས་ནས་རང་འབྱུང་བའོ། །དེ་ཕྱིར་ཆོས་ཀྱིས་སངས་མི་རྒྱ། །ཆོས་ནི་ཚིག་ཕྱིར་འདྲེངས་ཤིང་ཚིག་ལ་དགའ། །རང་བྱུང་ཡེ་ཤེས་ཉིད་ནི་ཚིག་གི་མཐའ་དང་བྲལ། །རིག་པའི་ཡེ་ཤེས་ཆོས་ལ་བརྟེན་མ་ཡིན། །དེ་ཕྱིར་ཡང་དག་དོན་ལ་ཚིག་མེད་ཡི་གེ་མེད། །དཔེར་ན་བྱིས་པ་ཟླ་བ་མཚོན་པ་བཞིན། །སེམས་ཅན་རྣམས་ལ་ཡང་དག་ཚིག་དང་ཡི་གེས་མཚོན། །སེམས་ཅན་རྣམས་ནི་ཐོག་མ་ཆོས་ལ་རབ་བརྟེན་ལ། །ཆོས་དེ་ཁོང་དུ་ཆུད་ནས་ཆོས་ལ་མི་གནས་ན། །ལུང་བསྟན་དེ་ནི་ཐོག་མའི་སངས་རྒྱས་ཉིད་དང་མཚུངས། །ཆོས་དེ་ཁོང་དུ་ཆུད་ནས་ཆོས་ལ་ཡང་དག་གནས་འགྱུར་ན། །བྱིས་པའི་རྩེད་མོ་འདྲ་སྟེ་སླར་ལ་འཇིག །དེ་ཕྱིར་བསམ་གཏན་མཉམ་བཞག་བྱེད་ཅིང་ཡེ་ཤེས་ལྷ་ལ་མཆོད་བྱེད་པ། །བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་སྒོམ་ཆེན་ཡིན་ཟེར་བ། །དེ་ནི་ལོང་བས་ལོང་བ་ཁྲིད་ནས་གཡང་སར་བྲུལ་ནས་འཆི། །གང་ཞིག་རྒྱུད་པའི་བློ་གནས་ན། །སྲོག་བཅད་ཚེ་དང་ཤིང་བཅད་དོན་ལ་ཁྱད་པར་མེད་དེ་སྟོང་པའི་མུ་ལ་གནས། ཅི་སྟེ་ཆུ་ལ་རལ་གྲིས་བཏབ་དང་


DNG006_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས། །སྟོང་པའི་ཆོས་ལ་སྟོང་པའི་ཡེ་ཤེས་རང་རོལ་པ། །ནམ་མཁའི་མདུང་བསྐོར་འདྲ་སྟེ་ཡངས་དོག་མེད། །གཟུགས་ཀྱི་ཕུང་པོ་འབྱུང་བ་ས་རྡོ་སྣང་། །རང་རིག་རྒྱལ་པོ་ནམ་མཁའི་མཐའ་དང་མཉམ། །རྣམ་རྟོག་གཟུང་འཛིན་བག་ཆགས་ཅི་བསགས་ཀྱང་། །བྱང་ཆུབ་སེམས་ལ་རང་བཞིན་ཡོངས་ཀྱིས་མེད། །དཔེར་ན་ནམ་མཁའི་ཆོ་འཕྲུལ་སྣ་ཚོགས་ཅིར་སྣང་ཡང་། །ནམ་མཁའི་རང་བཞིན་གདོད་ནས་རྣམ་པར་དག །ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །བཀའ་ལུང་གི་ཕྱི་མོ་ལས་ཀྱང་། ཡེ་ཤེས་རྒྱལ་པོ་ཚིག་ལས་འདས་པ་དེ། །སྨྲ་བའི་ཁྱུ་མཆོག་གཞན་གྱི་དྲིང་མི་འཇོག །རང་རིག་རྒྱལ་པོ་ཚིག་ལས་འདས་རྟོགས་ན། །ཕྱི་ནང་སྣོད་བཅུད་བདག་ཉིད་ཆེན་པོར་ལྡོག །སངས་རྒྱས་ཀུན་གྱི་ཐུགས་ཀྱི་མཆོག །སངས་རྒྱས་ཉིད་ཀྱི་ཐུགས་ལ་གནས། །སེམས་ཅན་ཀུན་གྱི་བྱང་ཆུབ་སེམས། །མགོན་པོ་དྲི་མེད་ཤེས་རབ་ཀྱིས། །རྣམ་པར་དག་པའི་ཞིང་ཁམས་སུ། །དུས་གསུམ་གཅིག་སྟེ་མཉམ་པར་གནས། །རྡོ་རྗེ་འཆང་གི་ཡེ་ཤེས་ནི། །བདེ་གཤེགས་རྣམས་ཀྱི་ཐུགས་ལ་གནས། །སེམས་ཅན་རྣམས་ལ་དེ་བཞིན་ནོ། །ཡི་གེའི་ངོ་ལ་མི་སྣང་ཡང་། །མཚོན་པའི་ཡི་གེས་དོན་ལ་སྣང་། །དོན་གྱི་ཡི་གེ་དམ་པ་དེ། །ཤེས་རབ་ཅན་གྱིས་ཨར་སྣང་བ། །ཨ་ཡི་རང་བཞིན་ཁོང་ནས་འབྱུང་། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །སྐྱེ་མེད་ཡི་གེར་མཚོན་པ་དེ། །མགོན་པོ་དྲི་མེད་ང་ཡི་སྐུ། །ང་མེད་ང་ནི་སྟོང་པ་ཡིན། །འཕགས་པ་རྣམས་ཀྱི་སར་མི་གཟིགས། །བདུད་དང་མུ་སྟེགས་ང་མི་སྣང་། །ང་ལ་རང་བཞིན་མེད་པས་ན། །བདུད་བཞི་རྣམ་པར་གྲོལ་བ་ཡིན། །ང་ནི་མི་འགྱུར་རྡོ་རྗེའི་སྐུ། །ཟག་པ་མེད་པའི་ཡེ་ཤེས་ཡིན། །ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ང་དྲི་མ་མེད་པ་ཡེ་ཤེས་ཀྱི་སྐུ་ལ། དགེ་བ་དང་སྡིག་པ་གཉིས་མེད་དོ། །དཔེར་ན་ནམ་མཁའ་ལ་ནམ་མཁའ་གནས་པའི་ཚུལ་ལོ། །ང་གདོད་མ་ནས་སྙིང་པོ་བྱང་ཆུབ་ཏུ་གནས་པ་ལ། འབྲས་བུ་ཐོབ་དང་མ་ཐོབ་གཉིས་སུ་མེད་དོ། །ང་སྟོང་པ་ཆེན་པོའི་


DNG006_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་པ་ལ། བདེ་བ་དང་སྡུག་བསྔལ་གཉིས་མེད་དོ། །རང་རིག་པའི་ཡེ་ཤེས་ཆོས་ཉིད་སྐྱེ་བའི་ངང་ནས་དུས་གསུམ་དུ་འདུ་འབྲལ་མེད་པར་བཞུགས་པ་ལ། གནས་དབེན་པ་དང་མི་དབེན་པ་གཉིས་མེད་དོ། །ཀྱེ་རྡོ་རྗེ་འཛིན་པ་འཁོར་བའི་རྒྱ་མཚོ་མཐའ་རིང་བར། ཉོན་མོངས་སེམས་ཅན་གྲོལ་མི་ནུས། །ཐུགས་རྗེ་ཆེན་པོའི་ཤུགས་ཕྱུང་ནས། །བསད་པ་འབའ་ཞིག་ལས་སུ་རུང་། །ཁམས་གསུམ་སེམས་ཅན་བསད་པ་ན། །སངས་རྒྱས་འབྱུང་བའི་ལམ་ཆེན་ཡིན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །སེམས་ཅན་རྣམས་ཀྱི་ཐར་པའི་ལམ། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཡིས། །ངན་སོང་ཞིང་དུ་ཡང་དག་བསྒྲལ། །སངས་རྒྱས་འབྱུང་བའི་བྱང་ཆུབ་སེམས། །མ་སྐྱེས་པ་ཡི་རྩལ་ལ་གནས། །ཀྱེ་རྡོ་རྗེ་འཛིན་པ། འཇིག་རྟེན་ཁམས་ནི་རྫོགས་སངས་རྒྱས། །གང་ཞིག་ཐོབ་པ་བླ་ན་མེད། །སྙིང་པོ་བྱང་ཆུབ་སེམས་ལ་བཞུགས། །ཞེས་གསུངས་ཏེ། རང་རིག་པའི་ཡེ་ཤེས་ཀྱིས་མ་རིག་པ་བསད་ནས། མ་རིག་པ་གར་བྲོས་རིག་པའི་ངང་ལ་བྲོས། ཡེ་ཤེས་ལྔས་དུག་ལྔ་བསད་ནས།དུག་ལྔ་གར་བྲོས། ཡེ་ཤེས་རང་ལ་བྲོས། སྐྱེ་བའི་རྒྱུན་བཅད་འཁོར་བའི་ལམ་དང་བྲལ། །རྒྱུན་བཅད་ལམ་བྲལ་སྐུ་ནི་མྱ་ངན་འདས། །རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ། །ཀུན་གཞིའི་རྣམ་ཤེས་སྐུ་ལ་མི་འཁོར་ཞིང་། །མྱ་ངན་འདས་པའི་བྱང་སེམས་དེ་ཁོ་ན། །ཀྱེ་རྡོ་རྗེ་འཛིན་པ་ང་ལ་ཉོན། །ང་ནི་སངས་རྒྱས་ཀུན་གྱི་སྐུ། །ཡེ་ཤེས་སྐུ་གཅིག་དྲི་མ་མེད། །ང་ནི་སངས་རྒྱས་ཀུན་གྱི་གསུང་། །འགག་པ་མེད་པས་ཡེ་ཤེས་གསུང་། །ང་ནི་སངས་རྒྱས་ཀུན་གྱི་ཐུགས། །མི་འགྱུར་རྡོ་རྗེ་ལྟ་བུའི་ཐུགས། །འགྲོ་བ་རིགས་དྲུག་ང་ཡི་ལུས། །མགོན་པོ་དྲི་མེད་ཡེ་ཤེས་ངས། །མ་བྱུང་བ་ཡི་ཆོས་ཉིད་ལས། །སྣོད་ཀྱི་འཇིག་རྟེན་ང་ལས་བྱུང་། །བཅུད་ཀྱི་འཇིག་རྟེན་ང་ལས་བྱུང་། །ང་མེད་པ་ཡི་སྔོན་རོལ་ན། །སྣོད་བཅུད་མི་གནས་པ་ཡི་
ངང་། །ང་ནི་རང་བྱུང་ཡེ་ཤེས་ཏེ། །ཡུལ་ནི་རྣམ་པར་དག་པའོ། །མ་བྱུང་དྲི་མ་མེད་པའི་ཡེ་ཤེས་ལ། །འདོད་ཆགས་བྱ་བའི་མིང་ཡང་མེད། །འདོད་ཆགས་མེད་པའི་སྔོན་རོལ་ན། །ཡི་དྭགས་འཁོར་བའི་རྒྱུན་ཡང་བཅད། །ང་རྒྱལ་མཉམ་ཉིད་ཆེན་པོ་ཡིན། །མི་ཡི་འཁོར་བའི་རྒྱུན་ཡང་བཅད། །ཁོང་ཁྲོ་རང་བྱུང་ཡེ་ཤེས་ཡིན། །ལྷ་མིན་འཁོར་བའི་རྒྱུན་ཡང་བཅད། །ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ལྷ་ཡི་འཁོར་བའི་རྒྱུན་ཡང་བཅད། །ཀླུ་དང་མ་མོ་གཤིན་རྗེ་དང་། །བདུད་དང་གནོད་སྦྱིན་སྲིན་པོ་དང་། །མི་མ་ཡིན་པའི་ཚོགས་རྣམས་ཀྱིས། །ང་ལ་གླགས་ནི་མི་ཚོལ་ཏེ། །དང་པོ་རང་གི་ངང་ལས་བྱུང་། །ཐ་མ་རང་གི་ངང་དུ་ཐིམ། །དཀོན་མཆོག་གསུམ་ལ་སྐྱབས་མི་འཚོལ། །ངན་སོང་གསུམ་ལ་ཉམ་མི་ང་། །ཡེ་ཤེས་མཉམ་པ་ཉིད་ཀྱི་སྐུ། །མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་དུ་ཁོད་སྙོམ། རང་བྱུང་གི་ཡེ་ཤེས་ཆེན་པོའི་ཚིག་གི་མཐའ་དང་བྲལ་བར་ལ་བཟླའ། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་རྫོགས་པ་ཆེན་པོའི་ཀློང་དུ་བསྡིམས་སོ། །ཞེས་སྟོན་པ་རྡོ་རྗེ་སེམས་དཔས་བསྟན། ཞུ་བ་པོ་དགའ་རབ་རྡོ་རྗེས་ཞུས་ཏེ། སྡུད་པ་པོ་འཇམ་དཔལ་ཉིད་ཀྱིས་བསྡུས་ནས་བྱང་ཆུབ་ཤིང་དྲུང་དུ་སྦས་ནས། རྡོ་རྗེ་སེམས་དཔའི་རྒྱས་བཏབ་བོ། །ཐུགས་ཀྱི་རྒྱུད་ཆེན་པོ་རིན་ཆེན་སྤུངས་པའི་རྒྱན་ཞེས་བྱ་བ། རྙོག་པ་མེད་པའི་རྒྱུད་དུ་གསུངས་ནས། ཆོས་སྤྱོད་བཅུ་དང་མཚམས་མེད་ལྔ། །རྟོགས་པའི་བློ་ལ་རང་བཞིན་མཉམ། །ཞེས་ཆོས་ལ་གནས་ན་སངས་རྒྱས་ཀྱི་ལས་ཀྱི་སྒྲིབ་པར་འགྱུར་བར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། རྫོགས་སོ།། །། ཤྲཱི་སིངྷ་དང་བཻ་རོའི་འགྱུར།། །།

གསང་བ་སྤྱི་རྒྱུད་ཅེས་བྱ་བ།


DNG006_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གུ་ཧྱ་སཱ་མཱ་མྱ་ཏན་ཏྲ་ནཱ་མ། བོད་སྐད་དུ།གསང་བ་སྤྱི་རྒྱུད་གསན་ཡིག་ཏུ་སེམས་ལུང་ཆེན་མོའི་མདོ་གསང་བ་སྤྱིའི་རྒྱུད་ཅེས་པ་དེ་ཡིན་ཅེས་བྱ་བ། བཅོམ་ལྡན་འདས་གསང་བདག་ཆེ་ལ་ཕྱག་འཚལ་ལོ། །འདི་སྐད་ཐོས་པའི་དུས་ན་རང་བཞིན་རང་སྣང་བའི་གནས་ན། རང་བྱུང་གི་སྟོན་པ་གསང་བདག་ཆེན་པོ་ལ་


DNG006_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསུམ་གྱིས་བསྐོར་ཏེ། བསྟན་པ་གསུམ་གྱི་དོན་ལ་བཀོད་དོ། །དེ་ནས་སྟོན་པ་གསང་བདག་ཆེན་པོས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །གང་ཡང་གྲུབ་པ་མེད་པའི་ངང་། །མིང་གི་ཐ་སྙད་གྲུབ་པ་མེད། །སྣང་བ་གསུམ་གྱི་རང་བཞིན་ལས། །སྟོན་པ་གསུམ་གྱི་ངོ་བོར་ཤར། །གདུལ་བྱའི་ཞིང་ལ་སོ་སོར་སྣང་། །སྐུ་དང་གསུང་དང་ཐུགས་རིམ་པ་ཡིས། །རང་རང་མོས་པ་སོ་སོར་ཤར། །ཡི་གེ་མེད་སྣང་གསུང་ཚིག་གིས། །གང་འདོད་འབྲས་བུ་སོ་སོར་སྣང་། །ཁམས་གསུམ་གནས་པའི་སེམས་ཅན་རྣམས། །རྒྱུ་དང་ལོག་གཅོད་ཐབས་བྲལ་བས། །རྒྱུད་དྲུག་འཁོར་བའི་ནང་དུ་འཁྱམས། །མ་རིག་མ་རྟོགས་མ་ཤེས་པས། །ཡུན་རིང་སྡུག་བསྔལ་སོ་སོར་སྤྱོད། །ཅེས་གསུངས་སོ། །དེ་སྐད་བརྗོད་པའི་མཐུས་འཁོར་གྱི་ནང་ནས་སེམས་དཔའ་རྡོ་རྗེ་དེས་སྟོན་པ་ལ་ཞུ་བའི་དོན་ཞུས་པ། བདག་ལ་སོགས་པའི་འཁོར་རྣམས་ཀྱིས། །སྟོན་པའི་རང་བཞིན་ཇི་ལྟར་རྟོགས། །རྒྱུད་དྲུག་སེམས་ཅན་ཐམས་ཅད་ཀྱིས། །དང་པོ་མ་རྟོགས་ཇི་ལྟར་འཁྲུལ། །དེ་ལས་གྲོལ་ཐབས་ཡོད་དམ་མེད། །ཞུས་པས།གསང་བདག་ཆེན་པོས་ལན་གསུངས་པ། །མཉམ་ཉིད་རང་བཞིན་ལྷུན་གྲུབ་ལུས། །ཡེ་ཤེས་མཁའ་ལ་འདེགས་པའི་རླུང་། །རང་གསལ་རིན་པོ་ཆེ་ཡི་སྦུབས། །ཟེར་རྩལ་མ་འགགས་སོ་སོར་ཤར། །རྟོགས་ལུགས་སྣང་བ་བདུན་དུ་སྣང་། །རང་བཞིན་སྣང་དང་གདུལ་བྱ་ཡི། །མཐར་ཐུག་འབྲས་བུ་གསུམ་གྱིས་སུ། །ཐུགས་ལས་འབྱུང་བ་བཅུད་ཀྱིས་སུ། །དྲན་སེམས་འགྱུ་བ་ཀུན་དང་བྲལ། །བདེ་བ་རང་སྣང་འཛིན་སེམས་མེད། །ཐེག་པ་ཀུན་གྱི་བླ་མེད་མཆོག །དབང་པོ་ཀུན་རྐྱེན་མི་སྣང་ན། །མི་འཛིན་མི་སྣང་རྐྱེན་དང་བྲལ། །གཙོ་མ་བཞིན་ཏེ་བཅོས་བསླད་མེད། །སྙིང་པོ་འདོད་པ་མེད་ན་གསལ། །དྲི་མ་འཁྲུལ་རྟོག་ངང་གིས་མེད། །ཡེ་ཤེས་རང་ལུགས་ངང་གིས་བདེ། །སྟོན་པ་གསུམ་གྱི་ངོ་བོ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །དགོངས་པ་དེ་ལས་ཡོངས་མི་མངའ། །ཡང་ཞུས་པ། སྟོན་པའི་དགོངས་པ་དེ་ལྟ་ན། །འགྲོ་


DNG006_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་མོས་པ་དྲང་བའི་ཐབས། །ཀུན་མཁྱེན་ཁྱོད་ཀྱིས་གསུང་དུ་གསོལ། །ཞེས་གསོལ་པས། གསང་བདག་ཆེན་པོས་གསུངས་པ། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །ཐོགས་མེད་དུས་ནས་དོན་མ་གསལ། །འགྱུ་བ་རིག་པ་སོ་སོར་ཤར། །དེ་ལ་བརྟས་ཤིང་ཞེན་པའི་སེམས། །ཀུན་འཚོལ་ངེས་འཇོག་གཏན་ལ་འབེབས། །ཞེན་བརྟས་སྡུག་བསྔལ་སོ་སོར་མྱོང་། །སྡུག་བསྔལ་དེ་ལས་ཐར་བའི་ཐབས། །སྣོད་བཅུད་གཉིས་འཛོམ་མན་ངག་གིས། །དེ་དོན་གྲོལ་བའི་ཐབས་སུ་བསྟན། །འཁྲུལ་པ་རྩད་ནས་གཅད་པ་དང་། །མན་ངག་གནད་ལ་དབབ་པ་དང་། །མཚོན་བྱ་དཔེ་ཡིས་ངོ་བསྟན་དང་། །དབྱེ་བ་གཉིས་སུ་བསྟན་པ་དང་། །སྐུ་ལྔ་ངོ་ཡིས་བཟུང་བ་དང་། །བརྡའ་དོན་ཁྱད་པར་བསྟན་པ་དང་། །རང་རྒྱུད་བསྟན་པའི་རིམ་པ་ཡིས། །རྒོལ་རྩོད་རིམ་པའི་དབྱེ་བ་དང་། །མན་ངག་དོན་དང་སྦྱར་བ་དང་། །བཤད་ཐབས་རིམ་པར་བསྟན་པ་དང་། །རྣ་བརྒྱུད་བསྟན་པའི་རིམ་པ་ཡིས། །དེ་ཉིད་ཐོབ་པའི་ཐབས་སུ་བསྟན། །དགོས་འདྲེལ་གཉིས་ཀྱི་ཁྱད་པར་དང་། །ཡོན་ཏན་རྒྱུད་ཀྱི་ཆེ་བ་དང་། །ཁྱད་པར་མཚན་གྱི་ཆེ་ཚུལ་ལོ། །ཞེ་འདོད་མེད་པའི་རྟོགས་པ་དང་། །དངོས་པོ་ཅི་ཡང་མ་ཡིན་པས། །ཡེ་ཤེས་རང་ལུས་གསལ་འགྲིབ་མེད། །རྐྱེན་ལ་ལྟོས་པའི་འཁྲུལ་སེམས་བྲལ། །ལུས་ངག་འཁྲུལ་པ་རང་བཞིན་ཞིག །རྒྱུ་ཡི་ཆོས་ལ་བློ་མི་སྐྱེ། །ཐེག་པ་ཆེ་ལས་བློ་མི་འགྱུར། །རྟོགས་པས་བྱ་བ་ངང་གིས་གཏང་། །དགེ་སྡིག་སེམས་དང་བྲལ་བའོ། །ངོ་བོ་གྲུབ་པ་ཅི་ཡང་མེད། །སྟོང་པ་ཡེ་ཤེས་སྙིང་པོ་ཉིད། །བཅོས་བསླད་མེད་པའི་རང་བཞིན་ཉིད། །འགྱུ་མེད་འཛིན་མེད་རྟོག་པ་བྲལ། །སྣང་སྟོང་མཐའ་གཉིས་བྲལ་བ་ཉིད། །འཁྲུལ་པའི་མྱོང་རིག་གང་ཡང་མེད། །འགྱུར་མེད་རྐྱེན་དང་བྲལ་བའོ། །སངས་རྒྱས་སེམས་ཅན་མཉམ་པ་ཉིད། །མཐའ་དང་དབུས་མེད་ཀློང་ཆེན་པོ། །མཚན་ཉིད་རིག་པ་བསམ་མི་ཁྱབ། །ལུས་ཀྱང་དེ་བཞིན་གནས་པ་སྟེ། །རང་རང་འདོད་པ་


DNG006_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འཁྲུལ། །ཟོ་ཆུའི་རྒྱུན་བཞིན་གནས་པ་བཞིན། །དེ་རྩད་གཅད་ཅིང་གཏན་ལ་དབབ། །ཀུན་གྱི་གཞི་མ་མཉམ་པ་ཉིད། །རྒྱུད་གཅིག་ལྡོག་དང་བཅས་པའོ། །སྔ་ཕྱི་མེད་པར་དབྱིངས་སུ་གཅིག །མ་བཅོས་སྙིང་པོ་ཀུན་གྱི་གཞི། །རིན་ཆེན་གཏེར་གྱི་མཛོད་ཆེན་པོ། །རྒྱུ་ལས་མ་བྱུང་རྐྱེན་དང་བྲལ། །འདི་འདྲར་བསྟན་མེད་བྱང་ཆུབ་སེམས། །འགྱུ་བ་མེད་ན་དྲན་མི་སྐྱེ། །སྟོང་པའི་ངང་ལ་རྩིས་གདབ་མེད། །ནམ་མཁའ་བཞིན་དུ་མཐའ་དབུས་མེད། །སྙིང་པོ་ཉིད་ལ་སོར་གནས་པ། །ཉི་ཟླ་བཞིན་དུ་གསལ་འགྲིབ་མེད། །ཕྱོགས་བྲལ་ཐེག་པ་ཀུན་གྱི་རྩེ། །ཐམས་ཅད་འབྱུང་བའི་གནས་ཆེན་པོ། །རྒྱུད་རྣམས་མ་ལུས་བདག་པོ་ཡིན། །འདོད་དགུ་འབྱུང་བའི་རིན་པོ་ཆེ། །སྟོན་པ་རྣམ་གསུམ་ཐུགས་ཀྱི་བཅུད། །མཁྱེན་པའི་ཡེ་ཤེས་བསམ་མི་ཁྱབ། །དུས་གསུམ་སངས་རྒྱས་དགོངས་པའི་མཆོག །དབང་པོའི་བསམ་པ་འདི་ཉིད་ནི། །འགྱུ་བ་མེད་ན་དེ་ཉིད་ཡིན། །རིག་པ་བརྗེད་མེད་བསྒོམ་མི་དགོས། །དྲན་པའི་ཕྱོགས་ལ་རྗེས་མི་གཅོད། །མཁའ་དང་འཇའ་ཚོན་དཀྱིལ་འཁོར་ལ། །ཞེན་མེད་ཚུལ་འཇུག་ངང་གིས་བདེ། །རང་དབང་རྒྱལ་པོ་རྟོགས་པ་ཆེ། །དོན་ལས་མི་འདའ་ཉམས་པ་མེད། །སངས་རྒྱས་ཐུགས་ཉིད་བསྒྲུབ་པའི་མཆོག །འདོད་བྲལ་རྟོགས་པའི་དོན་ཆེན་པོ། །མ་བཅོས་བྱ་གཏང་དོན་དང་མཐུན། །འཛིན་བྲལ་འདི་ལ་གནས་པ་ནི། །རྣལ་འབྱོར་ཆེན་པོ་སྐལ་བ་བཟང་། །ལུས་ངག་འཁྲུལ་པ་ངང་གིས་ཞི། །རྐྱེན་སྣང་འཁྲུལ་པའི་མཐའ་མི་འཛིན། །མི་ཕྱེད་མ་ཕྱེད་མཉམ་པ་ཉིད། །རང་གནས་རང་ལུགས་དོན་ཆེན་པོ། །དངོས་གཞི་མེད་པས་མྱོང་དང་བྲལ། །དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། །ཡང་དག་དོན་ལ་བརྗོད་དུ་མེད། །སྣང་བའི་ངོ་བོ་མེད་པ་ནི། །མ་བཙལ་བཞག་པ་ཉིད་དུ་བདེ། །སྣང་དང་སྟོང་པའི་ཕྱོགས་ཆ་བྲལ། །རྟག་དང་ཆད་པའི་མཐའ་མི་གནས། །འགྲོ་དྲུག་འཁྲུལ་པའི་རང་བཞིན་དང་། །རྒྱལ་བའི་དགོངས་པ་ཡང་དག་གཉིས། །མཉམ་ཉིད་དུས་ན་བཟང་ངན་མེད། །ཐ་མལ་སེམས་ཀྱི་སྣང་བ་དང་། །རྟོགས་ལྡན་རང་སྣང་ཤེས་པ་གཉིས། །གཅིག་


DNG006_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་གཅིག་སྐྱེ་གཉིས་མི་མངའ། །གསེར་དང་སེར་པོའི་དཔེ་བཞིན་ནོ། །མི་སྐྱེ་རྟོག་མེད་བྱ་བ་བྲལ། །འགྱུར་མེད་འགྲོ་འོང་མེད་པའི་མཆོག །ཅེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་སེམས་དཔའ་རྡོ་རྗེས། གསང་བདག་ཆེན་པོ་ལ་གསོལ་པ། སྟོན་པའི་གླེང་གཞི་དེ་ལྟར་གསུངས་པ་ལ། སྒྲ་དང་ཡི་གེ་གང་ལས་བྱུང་བ་ལགས་གསོལ་པས། སྟོན་པ་གསང་བདག་ཆེན་པོས་གསུངས་པ། ཡི་གེའི་གཙོ་བོ་སྐྱེ་བ་མེད། །དེ་ནས་ཡན་ལག་རྒྱུ་ཡི་ཡི་གེ་བྱུང་། །དེ་ལས་གཙོ་བོའི་ཡི་གེ་བྱུང་། །དེ་ལས་གྲོགས་ཀྱི་ཡི་གེ་བྱུང་། །ཡི་གེ་འབྲུ་གཅིག་ལུས་པོ་ལ། །དགོས་པའི་ཡན་ལག་བདུན་ཚང་སྟེ། །མགོ་ནི་མངོན་པར་ལམ་འདྲེན་ལ། །ཚག་མིག་རྟ་བཞི་འོག་ཏུ་ལྷ་བཞིན་ཡང་བྱུང་ཤད་རྟ་ཞོན། །ཡན་ལག་ཤུགས་ཀྱིས་འགྲོ་བར་བྱེད། །ཡན་ལག་ཤུགས་ཀྱིས་འགྲོས་བསླང་ནས། །མགོ་ནི་དོན་གྱི་ལམ་དུ་ཞུགས། །ཚིག་ནི་ཤེས་རབ་མིང་དུ་སྨྲས། །ཤད་ཀྱི་སྡེ་པ་ཚིགས་སུ་གཅོད། །ཡི་གེའི་དོན་དང་རང་བཞིན་སྟོན། །ཚེག་བར་འབྲུ་ཡི་ཚིག་དོན་ནི། །སྟོན་པའི་གསུང་དུ་ངེས་པར་གསུངས། །ལྷུག་པར་ཤར་བ་སིལ་བུར་རྣམས། །འདྲེས་པ་གང་ཟག་མི་ཡི་ཚིག །ང་ཡིས་གསུངས་པའི་དོན་ལ་སྨྲ། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། སྒྲ་དང་ཡི་གེའི་བྱུང་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས། སྟོན་པ་གསང་བདག་ཆེན་པོ་ལ་ཞུས་པ།ཡི་གེའི་རང་བཞིན་དེ་ལྟར་བྱུང་བ་ལ། །འགྲེལ་དང་བཤད་ཐབས་ཇི་ལྟར་ལགས། །སྟོན་པ་གསང་བདག་ཆེན་པོས་གསུངས་པ། ཇི་ལྟར་གནས་པའི་གནས་ལུགས་ཏེ། །ཚིག་གིས་མཚོན་དུ་མེད་པ་ལ། །རྗེས་འཇུག་ལ་སོགས་ཕྱི་རབས་ལ། །ཤེས་ཤིང་རྟོགས་པར་བྱ་བའི་ཕྱིར། །དོན་གྱི་འགྲེལ་པ་ལྔ་འདི་བཤད། །ཁྱེད་ལ་སོགས་པའི་འཁོར་རྣམས་ཉོན། །དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་། །དོན་གྱི་འགྲེལ་པ་ལྔ་པོ་འདི། །རྟོགས་ནས་སྐྱེ་མེད་ས་ལ་གཤེགས། །དོན་གྱི་འགྲེལ་པ་ལྔ་པོ་འདིས། །ང་ཡི་སྤྱི་


DNG006_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འདི་རྟོགས་ནས། །དགོངས་པ་འདི་ལ་གནས་པར་བྱེད། །འགྲེལ་ལྔ་གང་དང་གང་ཞེ་ན། །ཚེག་བར་འབྲུ་ཡི་འགྲེལ་པ་དང་། །དཔེ་དོན་རྒྱུ་འབྲས་འགྲེལ་པ་དང་། །གཏན་ཚིགས་དོན་གྱི་འགྲེལ་པ་དང་། །འབྱེད་པར་བྱེད་པའི་འགྲེལ་པ་དང་། །སྡུད་པར་བྱེད་པའི་འགྲེལ་པའོ། །ཚེག་བར་འབྲུ་ཡི་འགྲེལ་པ་ནི། །ཡི་གེའི་དོན་དང་རང་བཞིན་དང་། །ཚེག་དང་ཡིག་ཤུགས་ཡན་ལག་བརྟག །དེ་ཡང་ཇི་ལྟ་བུ་ཞེ་ན། །ཡི་གེ་འབྲུ་གཅིག་ལུས་པོ་ལ། །དགོས་པའི་ཡན་ལག་བདུན་ཚང་སྟེ། །མགོ་དང་ཡན་ལག་ཚེག་ཤད་བདུན། །མགོ་ནི་མ་ནོར་ལམ་ཡིན་ལ། །ཚེག་མིག་ལྟ་བཞིན་གོང་དུ་རྟ་བཞི་འབྱུང་ཤད་རྟ་ཞོན། །ཡན་ལག་ཤུགས་ཀྱིས་འགྲོ་བར་བྱེད། །ཡན་ལག་ཤུགས་ཀྱིས་འགྲོས་བསླང་ནས། །མགོ་ནི་མ་ནོར་ལམ་དུ་ཞུགས། །ཚེག་ནི་ཤེས་རབ་མིང་དུ་སྨྲ། །ཤད་ཀྱིས་སྡེ་པ་ཚིགས་སུ་གཅོད། །ཚེག་བར་འབྲུ་ཡི་འགྲེལ་པ་ནི། །སྟོན་པའི་གསུང་དུ་ངེས་པར་གསུངས། །ཚེག་བར་འབྲུ་ཡི་འགྲེལ་པར་བཤད། །དཔེ་དོན་རྒྱུ་འབྲས་འགྲེལ་པ་ནི། །དོན་གྱི་ཚིག་དང་ཡི་གེའི་ཚིག །རྒྱུ་ཡི་ཚིག་དང་འབྲས་བུའི་ཚིག །གང་ཡིན་འབྲུ་ལ་བརྟག་བྱ་སྟེ། །གང་ཡིན་ཚིག་གིས་སྟོན་པར་བྱེད། །དེ་འདྲ་དེ་བཞིན་དེ་ལྟར་གསུམ། །དཔེ་རུ་བསྟན་པའི་འགྲེལ་པ་ཡིན། །དེ་བས་དེ་ཕྱིར་དེ་ན་གསུམ། །གཏན་ཚིགས་བསྟན་པའི་འགྲེལ་པ་ཡིན། །དེ་ནས་དེ་ཡང་དེ་ལ་གསུམ། །རྒྱུ་བསྟན་པ་ཡི་འགྲེལ་པ་ཡིན། །དེ་ཡིན་དེ་མིན་ཡིད་ཆེས་ནས། །དོན་གྱི་འགྲེལ་པ་ཡིན་པར་བཤད། །འབྲུ་དང་ཡན་ལག་གཅིག་ལ་ཡང་། །དེ་དོན་དེ་ལྟར་ཡོད་པས་ན། །དེ་བཞིན་ཡན་ལག་ཀུན་ལ་བརྟག །དཔེ་དོན་རྒྱུ་འབྲས་འགྲེལ་པར་བཤད། །གཏན་ཚིགས་དོན་གྱི་འགྲེལ་པ་ནི། །ཡན་ལག་དག་གིས་དོན་དབྱུང་བ། །ཚིག་འབྲུ་ལས་ནི་དོན་དབྱུང་བྱ། །རྒྱུ་ཡི་ཚིག་གམ་འབྲས་བུའི་ཚིག །དཔེ་ཡི་ཚིག་གམ་དོན་གྱི་ཚིག །རྟགས་སམ་གཏན་ཚིགས་གང་ཡིན་ཚིག །བརྟགས་ཏེ་དོན་དེ་དབྱུང་བར་བྱ། །གཏན་ཚིགས་དག་གི་འགྲེལ་པར་བཤད། །འབྱེད་པར་བྱེད་པའི་འགྲེལ་པ་ནི། །སོ་སོ་དག་གི་ངོ་བསྟན་ནས། །སྡེ་དང་ཚན་དང་རིས་སུ་ཕྱེ། །འབྱེད་པར་བྱེད་པའི་འགྲེལ་པ་ཡིན། །ཆོས་ཀུན་རྩ་བ་གཅིག་


DNG006_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས། །སྤྲོས་པ་མེད་པའི་དོན་བསྟན་ན། །སྡུད་པར་བྱེད་པའི་འགྲེལ་པ་ཡིན། །ཚེག་དང་འབྲུ་ཡི་དོན་འདི་ནི། །ཚེག་བར་འབྲུ་ཡི་འགྲེལ་བར་བཤད། །འདྲ་དང་ཡིན་མིན་དོན་འདི་ནི། །དཔེ་དོན་རྒྱུ་འབྲས་འགྲེལ་པར་བཤད། །བརྟགས་ཏེ་གཏན་ཚིགས་འབྱིན་པ་ན། །གཏན་ཚིགས་དག་གི་འགྲེལ་པར་བཤད། །སོ་སོའི་སྡེ་ཚན་རིས་འབྱེད་ན། །ས་གཅོད་པ་ཡི་འགྲེལ་པར་བཤད། །རྩ་བ་གཅིག་ཏུ་དོན་སྟོན་ན། །སྡུད་པར་བྱེད་པའི་འགྲེལ་པར་བཤད། །ཚེག་བར་འབྲུ་ཡི་འགྲེལ་པ་ཡིས། །ཚིག་དང་འབྲུ་ཡང་གཅིག་མི་ལས། །འབྲུ་ལ་ལྷག་མ་མི་ལྡས་ཏེ། །འབྲུ་འཇོམས་པ་ཡི་འགྲེལ་པར་བཤད། །དཔེ་དོན་རྒྱུ་འབྲས་འགྲེལ་པ་འདིས། །འདྲ་དང་ཡིན་མིན་དོན་བསྟན་ནས། །ཆོས་དེ་ལ་ནི་མིང་དུ་འདོགས། །ངོ་བསྟན་པ་ཡི་འགྲེལ་པར་བཤད། །གཏན་ཚིགས་དོན་གྱི་འགྲེལ་པ་ནི། །མ་ནོར་བ་ཡི་སྙིང་པོ་འབྱིན། །དོན་འབྱིན་པ་ཡི་འགྲེལ་པར་བཤད། །དོན་གྱི་འགྲེལ་པ་ལྔ་པོ་ལ། །མ་བཤད་སྐྱོན་ཡང་ཡོད་པ་སྟེ། །ཚེག་བར་འབྲུ་ཡི་འགྲེལ་མེད་ན། །ཚེག་བར་འབྲུ་ཡི་ཚིག་མི་སྡེབས། །འབྲུ་མི་ཆོམས་པའི་སྐྱོན་དུ་འགྱུར། །དཔེ་དོན་རྒྱུ་འབྲས་འགྲེལ་མེད་ན། །ཆོས་ལ་མིང་གིས་མི་ཐོགས་ཏེ། །མཚོན་དུ་མེད་པའི་སྐྱོན་དུ་འགྱུར། །གཏན་ཚིགས་དག་གི་འགྲེལ་མེད་ན། །དོན་གྱི་རྩ་བ་མི་རྙེད་དེ། །དོན་མི་རྟོགས་པའི་སྐྱོན་དུ་འགྱུར། །འབྱེད་པར་བྱེད་པའི་འགྲེལ་མེད་ན། །སོ་སོའི་བྱེ་བྲག་མི་ཕྱེད་དེ། །ས་མི་ཆོད་པའི་སྐྱོན་དུ་འགྱུར། །སྡུད་པར་བྱེད་པའི་འགྲེལ་མེད་ན། །རྩ་བ་གཅིག་ཏུ་མ་གྱུར་ཏེ། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །དེས་ན་འགྲེལ་པ་ལྔ་པོ་འདི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་ཚིག་ཏུ་ངས་སྨྲས་པ། །འཁོར་གསུམ་ཁྱེད་ལ་སོགས་པ་ཀུན། །གསང་བདག་ཆེན་པོ་ང་ཡི་ལུང་། །བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །རྟོགས་པར་བྱ་ཕྱིར་འདྲེལ་ལྔ་འདི། །ང་ཡིས་ཁྱེད་ལ་བསྟན་པ་ཡིན། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། ཡི་གེའི་དོན་བཤད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གསང་


DNG006_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆེན་པོ་ལ། སེམས་དཔའ་རྡོ་རྗེས་ཞུས་པ། ཡི་གེའི་བྱེ་བྲག་དེ་དག་ལ། །རྒྱུད་དུ་འགྲོ་བ་ཇི་ལྟར་ལགས། །གསང་བདག་ཆེན་པོས་གསུངས་པ། སྒྲ་དང་ཚིག་དང་གླེགས་བམ་དང་། །ངོ་བོ་ངེས་ཚིག་དབྱེ་བ་དང་། །དགོངས་གཞི་མཐུན་དཔེ་ལྡང་ཚད་དང་། །མཚན་དང་ཆེ་ཚུལ་ཁྱད་པར་རོ། །སྣང་བ་གསུམ་ལ་རྒྱུད་གསུམ་དང་། །དཀར་ཤད་དག་དང་རང་བཞིན་དག །ཡེ་ཤེས་དག་ལ་སྐུ་གསུམ་མོ། །ཀུན་ཀྱང་རྒྱུད་ཀྱི་རང་བཞིན་ཏེ། །རྒྱུད་མ་ཡིན་པ་གཅིག་ཀྱང་མེད། །བདུན་དང་དགུ་དང་བཅུ་གཅིག་ནི། །དེ་ལྟར་རྒྱུད་ལས་འབྱུང་བའོ། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། རྒྱུད་ཀྱི་བྱུང་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས། གསང་བདག་ཆེན་པོ་ལ་གསོལ་པ། རྒྱུད་ཀྱི་བྱུང་ཚུལ་དེ་ལྟར་བྱུང་བ་ལ། །དེ་ཡི་བཤད་ཐབས་ཇི་ལྟར་ལགས། །གསང་བདག་ཆེན་པོས་གསུངས་པ། བཤད་པ་ཉེས་པའི་སྐྱོན་དང་ནི། །བཤད་ཐབས་བཅུ་ཡི་ཡོན་ཏན་ནི། །རིམ་པར་ཕྱེ་སྟེ་སོ་སོར་བཤད། །མདོ་སྔགས་ཁྱད་པར་མ་ཕྱེ་ན། །ཆུ་དང་འོ་མ་འདྲེས་པ་འདྲ། །གསང་སྔགས་ཕྱི་ནང་མ་ཕྱེད་ན། །མང་པོ་ཁྲོམ་དུ་འཆོལ་བ་འདྲ། །དགོངས་པའི་གོ་རིམ་མ་ཕྱེད་ན། །མར་དང་སྤྱིན་གཉིས་བསྲེས་པ་འདྲ། །རྒྱུད་ཀྱི་འཁྲུགས་བསྡེབ་མ་ཤེས་ན། །ལུང་བ་གསུམ་གྱི་མདོར་ཕྱིན་འདྲ། །འདྲེལ་ཚུལ་ངོ་སྤྲོད་མ་ཤེས་ན། །སྨྱོན་པ་མུ་ཅོར་སྨྲ་བ་འདྲ། །བསྟན་པའི་དགོས་ཆེད་མ་ཤེས་ན། །དོན་མེད་བརྫུན་ཚིག་སྨྲ་བ་འདྲ། །མི་མཐུན་འགལ་བསྡེབ་མ་ཤེས་ན། །ངལ་བ་དོན་མེད་ལམ་ཞུགས་འདྲ། །རྒོལ་རྩོད་གགས་སེལ་མ་ཤེས་ན། །རྐུན་མོ་གཏང་ཁུང་བཙུད་པ་འདྲ། །ཡོན་ཏན་བཤད་ཐབས་རྣམ་པ་བཅུ། །ཁྱུང་ཆེན་ནམ་མཁར་ལྡིང་བའི་བློས། །དོན་གྱི་སྤྱི་ཁོག་ཕུབ་སྟེ་བཤད། །སེང་གེ་གངས་ལ་མཆོངས་འདྲ་ཡིས། །ཐེག་དམན་ཟིལ་གྱིས་མནན་ལ་བཤད། །སྟག་མོ་མཆོངས་པ་ལྟ་བུ་ཡིས། །དཀྱུས་ཀྱི་ས་བཅད་བྱས་ཏེ་བཤད། །རུས་སྦལ་ནུར་འགྲོས་ལྟ་བུ་ཡིས། །ཚིག་གི་འབྲུ་རྣམས་གཉེར་ཏེ་བཤད། །ངང་བ་གཤིབས་འགྲོས་ལྟ་བུ་ཡིས། །སྔ་ཚིག་ཕྱི་ཚིག་


DNG006_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འགྲེལ་བཤད། །སེང་ཕྲུག་རྩལ་སྦྱོང་ལྟ་བུ་ཡིས། །ཚིག་གི་བསྣོལ་མཚམས་ཕྱེ་ལ་བཤད། །རིག་པ་སྐུ་མཐུན་ལྟ་བུ་ཡིས། །གང་ཡིན་དམིག་ནས་བཟུང་ལ་བཤད། །ཚད་མ་གསུམ་གྱི་གཏན་ཚིགས་ཀྱིས། །དུས་ཀྱི་འབྲུག་དང་སྦྱར་ལ་བཤད། །གླག་མོ་གཟན་ལ་འཇུམས་འདྲ་ཡིས། །གོལ་སྒྲིབ་གདར་ཤ་བཅད་ལ་བཤད། །ཅེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། བཤད་ཐབས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་གསང་བདག་ཆེན་པོ་ལ་གསོལ་པ། ཇི་ལྟར་གནས་ལུགས་ཇི་ལྟར་ལགས། གསང་བདག་ཆེན་པོས་གསུངས་པ། སྟོན་པ་སེམས་ཉིད་རྫོགས་ཆེན་ལ། །ཡེ་ནས་གཉིས་མེད་མཉམ་པའི་ཕྱིར། །གཅིག་ལ་གཉིས་སུ་དབྱེ་རུ་མེད། །དབྱེ་རུ་མེད་པའི་གཏན་ཚིགས་ནི། །གཅིག་མེད་སྤྲོས་པ་མེད་པ་ཡིན། །སྤང་འགེག་སྦྱོང་ཞིང་བགྲོད་པ་དང་། །གཟུང་འཛིན་བླང་དོར་བྱ་བ་དང་། །ལྟ་སྤྱོད་རྩོལ་བསྒྲུབ་བྱར་མེད་དེ། །ལམ་དང་གཉེན་པོས་བཅོས་མེད་པར། །བྱང་སེམས་མཉམ་པའི་རང་བཞིན་དུ། །ང་ཡིས་བསྟན་པའི་དོན་འདི་ནི། །བྱང་ཆུབ་སེམས་དཔའི་ལུང་ཆེན་ཡིན། །མ་གཡོས་ཐིག་ལེ་མཉམ་པ་ཉིད། །མིང་དང་དོན་དང་དཔེ་དང་ནི། །རང་བཞིན་མཚན་ཉིད་སེལ་ལུགས་སོ། །སངས་རྒྱས་སེམས་ཅན་གཉིས་མེད་པས། །སེམས་ལ་བླང་དོར་བྱ་རུ་མེད། །སེམས་ཉིད་རྫོགས་པ་ཆེན་པོ་ལ། །ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར། །བདེ་དང་སྡུག་བསྔལ་རྒྱུ་གཅིག་ཕྱིར། །སྙིང་པོ་བྱང་ཆུབ་སེམས་རྟོགས་ན། །དུས་ལ་སྔ་ཕྱི་མེད་པར་གཅིག །འདི་ཡིན་འདི་མིན་ངང་གིས་མེད། །སེམས་ལ་གཟུང་རྐྱེན་མེད་པས་ན། །དོན་ལ་བསྒོམ་དུ་མ་མཆིས་ཏེ། །དེས་ན་འདི་མིན་ངེས་པ་མེད། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཏིང་འཛིན་བསམ་པའི་དོན་ལས་འདས། །བརྗོད་དུ་མེད་པའི་ངང་ལ་གནས། །དེ་ལྟའི་སྙིང་པོ་བྱང་ཆུབ་སེམས། །བསྟན་པའི་སྙིང་པོར་གྱུར་པས་ན། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །བྱ་བྱེད་རྩོལ་བསྒྲུབ་མི་མངའ་བས། །བདེ་ཆེན་ཀློང་དུ་ཇི་བཞིན་གནས། །ཡང་དག་འདི་འདྲ་ཞེ་


DNG006_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་བྱེད། །སེམས་དཔའ་རྡོ་རྗེ་ཁྱོད་ཉིད་འཁྲུལ། །ད་ལྟ་འདི་འདྲར་བསྒྲོམ་འདོད་པས། །བསྒོམ་ཆགས་ལམ་གྱི་ནད་ཀྱིས་ཟིན། །སྟོན་པའི་ལུང་གི་ཚིག་རྣམས་ལ། །ལམ་དུ་དེ་མཐོང་འཇུག་པ་ནི། །འཁྲུལ་པའི་ལམ་ཞུགས་སྨིག་རྒྱུར་བསྙེག །ཡང་དག་ལམ་ནི་འདི་ཡིན་ཏེ། །ཚིག་དང་ཡི་གེས་མཚོན་དུ་མེད། །ངང་གིས་མི་གཡོ་འགྱུ་བ་བྲལ། །རང་བཞིན་ཆོས་ཀྱི་གཞལ་ཡས་ན། །སྲོག་མེད་སྟོན་པའི་ངོ་བོར་བཞུགས། །རང་བཞིན་འཁོར་གྱི་ངོ་བོས་བསྐོར། །གསུང་མེད་བསྟན་པ་རྒྱ་མཚོ་སྒྲོགས། །བྱ་བྲལ་ཆོས་ལ་རང་བཞིན་བཀོད། །མཉམ་པའི་རྒྱལ་པོ་རང་བཞིན་ཐོབ། །ཡེ་ནས་རྩོལ་བསྒྲུབ་ནད་བྲལ་ལ། །བྱས་ཟིན་རྩོལ་བའི་ནད་དང་བྲལ། །རང་གནས་ལྷུན་ལ་ངང་གིས་གནས། །མ་བཅོས་མ་བྱས་རང་ལུགས་གནས། །མཉམ་ཉིད་སྙིང་པོ་ཀུན་གྱི་གཞི། །ངོ་བོ་དངོས་པོ་དང་བྲལ་ལ། །ཕྱོགས་གཅིག་འདི་འདྲར་བཟུང་དུ་མེད། །ཇི་བཞིན་མཉམ་པའི་སྙིང་པོ་ལ། །ཁ་དོག་འོད་ལྔ་སོ་སོར་གསལ། །ཟེར་རྩལ་ཡན་ལག་ལྔ་འབྱུང་བས། །སྣང་བའི་ཚུལ་ལ་རིམ་གྱིས་འབྱུང་། །དེ་ལས་འཆར་སྒོ་སོ་སོར་ཤར། །སུས་ཀྱང་མ་བྱས་ཤུགས་ལས་བྱུང་། །བག་ཆགས་རྟོག་འཁྲུལ་སྣ་ཚོགས་སྐྱེས། །ཡེ་ཤེས་རང་སྣང་འདི་ཉིད་ལ། །མ་བཙལ་མ་བསྒོམས་ངང་གིས་ཤར། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། གནས་ལུགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས། གསང་བདག་ཆེན་པོ་ལ་ཞུས་པ། གནས་ལུགས་དེ་ལྟར་གནས་པ་ན། །གསང་བདག་ཆེན་པོས་ཇི་ལྟར་རྟོགས། །ང་ལ་སོགས་པས་རྟོགས་ཐབས་ཡོད་དམ་མེད། །ཅེས་གསོལ་པས། གསང་བདག་ཆེན་པོས་གསུངས་པ། ཡེ་ནས་རང་བཞིན་ལྷུན་གྲུབ་ལས། །འོད་ལྔའི་སྣང་བ་རང་ཤར་བས། །ཤེས་རབ་མཁའ་ལ་འདེགས་པའི་རླུང་། །འོད་གསལ་སེམས་ཉིད་ངོ་བོར་ཤར། །གཞན་ལ་མ་ལྟོས་ཤུགས་ལས་བྱུང་། །རང་དབང་ཡེ་ཤེས་རྒྱལ་པོ་ཤར། །ཞིང་ཁམས་མ་ལུས་བདེ་བར་སྤྱོད། །མཁྱེན་པའི་ཡེ་ཤེས་རང་བཞིན་ཤར། །མོས་པའི་བསམ་པ་མཁྱེན་


DNG006_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི། །འདོད་པའི་འབྲས་བུ་སོ་སོར་སྟོན། །ཡོན་ཏན་སྒོ་མོ་བསམ་མི་ཁྱབ། །རང་རང་གང་འདུལ་ཐབས་སུ་བསྟན། །དབང་པོའི་བྱེ་བྲག་སོ་སོ་ལ། །ཐེག་པའི་སྒོ་ཡང་སོ་སོར་བསྟན། །སྐུ་ལྔ་འབྲས་བུ་སོ་སོར་ཐོབ། །དུས་གསུམ་སངས་རྒྱས་ཆོས་ཆེན་པོ། །མཚོན་དུ་མེད་པས་དམིགས་དང་བྲལ། །ངོས་གཟུང་མེད་པས་འཛིན་སེམས་མེད། །འཛིན་བྲལ་སྟོང་པའི་ཡེ་ཤེས་ཉིད། །འདོད་པའི་འབྲས་བུ་ཤུགས་ལས་འཆར། །བརྒྱད་ཁྲིའི་སྒོ་ཡང་སོ་སོར་ཕྱེ། །མ་བཅོས་སེམས་ཀྱི་ངོ་བོར་འདུས། །བྱང་ཆུབ་སེམས་ནི་ཀུན་གྱི་གཞི། །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཕྱོགས་སུ་མ་བཟུང་རིས་མེད་པ། །འདོད་པའི་ཕྱོགས་ལ་འཛིན་པ་མེད། །གསལ་འགྲིབ་མེད་པའི་ཡེ་ཤེས་ནི། །ཉི་མའི་དཀྱིལ་འཁོར་བཞིན་དུ་གསལ། །ཕྱི་ནང་མི་མངའ་མན་ཤེལ་གཟུགས། །དེ་ལས་དེ་བྱུང་ངོ་མཚར་རྒྱན། །ཕྱོགས་རིས་མེད་པའི་འོད་ཀྱི་སྐུ། །མདུན་རྒྱབ་མེད་པར་ཐལ་ལེ་བ། །གསལ་བའི་ངང་ལས་རིན་པོ་ཆེ། །འདོད་པའི་འབྲས་བུ་འབྱུང་བའི་མཆོག །དཔག་བསམ་ཤིང་བཞིན་ལྷུན་གྱིས་གྲུབ། །གཞན་ལས་འབྱུང་བའི་ཆོས་མ་ཡིན། །སྣང་བ་ལྔ་ཡི་དཀྱིལ་འཁོར་ནས། །སྐུ་ལྔ་འབྲས་བུ་ངང་ལས་བྱུང་། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། ཡར་གྱི་རྟོགས་ཚུལ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་གསང་བདག་ཆེན་པོ་ལ་ཞུས་པ། ཡར་གྱི་རྟོགས་ཚུལ་དེ་ལྟར་རྟོགས་པ་ལ། །འགྲོ་དྲུག་སེམས་ཅན་མ་རྟོགས་ཇི་ལྟར་འཁྲུལ། །གསང་བདག་ཆེན་པོས་གསུངས་པ། ཐོག་མེད་དུས་ན་དོན་མི་གསལ། །རྒྱུ་དང་ལོག་གཅོད་ཐབས་དང་བྲལ། །སྤྲིན་དང་མུན་པའི་ལིང་ཏོག་གིས། །རྫས་གང་མི་མཐོང་བསྒྲིབས་པ་བཞིན། །རྒྱུ་རྐྱེན་ངོ་བོ་ཚུལ་དུས་ཀྱིས། །བལྟ་བྱའི་སྙིང་པོ་མཐོང་བ་མེད། །མཁའ་འགྲོ་འདོད་དབང་རྒྱུ་བ་ཡིས། །ས་ཁུང་སྙི་བྲུས་ཟིན་པ་བཞིན། །གང་ཞིག་འདོད་པའི་སྙིས་ཟིན་ནོ། །མེད་སྣང་ལོག་པར་མཐོང་བ་ཡིས། །མཁའ་ལ་སྐྲ་ཤད་འཁོར་ལོ་དང་། །གངས་ལ་སེར་པོར་མཐོང་དང་འདྲ། །དྭངས་མའི་འོད་ལས་ཟེར་ལྔ་ཤར། །མེད་ལས་ཡོད་གཟུང་ལྔ་པོ་ལས། །བརྐམ་


DNG006_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་རྒྱུད་ལྔ་སོ་སོར་འཁྲུལ། །ཕྱི་འཁྲུལ་ནང་འཁྲུལ་གསང་འཁྲུལ་གྱིས། །ཡུན་རིང་འཁོར་བའི་ནང་དུ་འཁྱམས། །དབུལ་མོའི་གཏེར་དང་གྱང་ནོར་འདྲ། །བླ་མེད་བྱང་ཆུབ་ངོ་མ་ཤེས། །ཐོག་མེད་དུས་ན་དོན་མི་གསལ། །སྡུག་བསྔལ་གསུམ་ལ་ཡུན་རིང་སྤྱོད། །འཁྲུལ་འཁོར་མུན་པས་དེ་མི་མཐོང་། །འདོད་པ་དྲུག་གིས་དེ་མི་མཐོང་། །ལོག་རྟོག་འཁྲུལ་པས་དེ་མི་མཐོང་། །བག་ཆགས་གསར་རྙིང་འཁྲུལ་པས་བསྒྲིབས། །སྐྱེས་བུའི་ལུས་དང་བྱད་འགྲོགས་འདྲ། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། འཁྲུལ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ་སེམས་དཔའ་རྡོ་རྗེས་ཞུས་པ། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །ཐོག་མེད་དུས་ནས་དོན་མ་རྟོགས། །ཡུན་རིང་འཁོར་བའི་ནང་ན་སྡུག །དུས་འདིར་སྟོན་པས་ཐུགས་རྗེས་གཟིགས། །ཞུས་པས། དེ་ནས་གསང་བདག་ཆེན་པོ་ཐུགས་རྗེ་སྐྱེས། །འགྲོ་བའི་དོན་དུ་ཐུགས་རྗེས་དོན་མཛད་པ། །འགྲོ་བ་མོས་པ་ཐ་དད་ལ། །དང་པོ་སྐུ་ཡིས་འདུལ་བ་ཡིན། །བར་དུ་གསུང་གིས་འདུལ་བ་ཡིན། །ཐ་མ་ཐུགས་ཀྱིས་འདུལ་བ་ཡིན། །ཐུགས་ཀྱིས་འདུལ་བ་རྣམ་པ་གསུམ། །བྱིན་རླབས་ཐུགས་ཀྱིས་འདུལ་བ་དང་། །རིག་པ་ཐུགས་ཀྱིས་འདུལ་བ་དང་། །ཡང་སྤྲུལ་ཐུགས་ཀྱིས་འདུལ་བའོ། །དེ་ཡི་དུས་ཀྱི་གང་ཟག་རྣམས། །སྐལ་ལྡན་རིགས་ཅན་འབྱུང་བར་འགྱུར། །དགོངས་པ་དོན་གྱི་བཅུད་འཛིན་ཞིང་། །རྣ་བརྒྱུད་གདམས་ངག་ནོད་པར་བྱ། །འོད་གསལ་འཛིན་བྲལ་བདེ་བའི་མཆོག །གལ་ཏེ་རྣམ་པར་རྟོག་པ་མེད། །རིག་པ་རྗེས་མེད་བྱ་ལམ་འདྲ། །འཛིན་མེད་ནམ་མཁའ་བཞིན་དུ་གནས། །སྒྲིབ་མེད་ཉི་མའི་སྙིང་པོ་ཉིད། །གཏིང་ཟབ་རྒྱ་མཚོའི་འཇིང་དང་འདྲ། །ཀུན་འབྱུང་ས་གཞིའི་རིན་ཆེན་གཏེར། །དགོས་འདོད་འབྱུང་བས་རིན་པོ་ཆེ། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། ཐུགས་རྗེ་མཛད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ་སེམས་དཔའ་རྡོ་རྗེས་ཞུས་པ། ཡང་དག་པའི་དོན་ཇི་ལྟ་བུ། གསང་བདག་ཆེན་པོས་གསུངས་པ། དམིགས་མེད་ཁ་དོག་ཡུལ་དང་བྲལ། །སྤྲོས་བྲལ་བསམ་དུ་མེད་པའོ། །


DNG006_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ལ་མཚོན་དུ་མེད། །གཟུང་འཛིན་བྲལ་བས་འཁྲུལ་པ་མེད། །བསམ་མེད་བློ་ཡི་ཡུལ་དང་བྲལ། །མཐའ་དབུས་མེད་པར་སྙིང་པོ་གསལ། །གསལ་བའི་ངང་ལ་རྩིས་གདབ་མེད། །སྐྱོན་དང་བྲལ་བའི་ཆོས་ཉིད་དེ། །ཐོགས་པ་མེད་པའི་བྱང་ཆུབ་སེམས། །གསལ་འགྲིབ་མེད་པའི་ཡེ་ཤེས་ཏེ། །འགག་པ་མེད་པའི་ཆོས་ཉིད་དོ། །མ་ནོར་བ་ཡི་ཆོས་ཉིད་དེ། །རང་ལས་བྱུང་བ་མངོན་སངས་རྒྱས། །སྐྱེ་འགག་མེད་པའི་བྱང་ཆུབ་སེམས། །མ་ནོར་མ་བཅོས་དབྱིངས་ན་མེད། །སྐྱེ་བ་མེད་པའི་རང་བཞིན་ནི། །ཚོགས་དྲུག་མཚན་མའི་ཡུལ་དང་བྲལ། །ཆོས་སྐུ་གཅིག་པའི་རང་བཞིན་གྱིས། །དུས་གསུམ་རིམ་པར་ཕྱེ་བ་མེད། །ཆོས་ཉིད་ལྷུན་གྲུབ་བདེ་བ་ཆེ། །མི་བསྐྱོད་མི་གཡོ་རང་བཞིན་བདེ། །མཉམ་པའི་བདེ་བ་རང་བྱུང་ཉིད། །གཞན་ནས་བཙལ་བའི་འདོད་པ་མེད། །མ་སྐྱེས་རང་བྱུང་རང་བཞིན་ནི། །རྨད་དུ་བྱུང་བའི་ཆོས་ཉིད་དོ། །མངོན་དུ་གྱུར་པའི་མཐུ་རིག་པ། །བདེ་ཆེན་ཆོས་ཀྱི་གཞལ་ཡས་སུ། །སེམས་དཔའ་རྡོ་རྗེ་རིག་པའི་མཆོག །སྤྲུལ་པ་ཐ་མའི་དོན་དུ་འབྱུང་། །ཨ་ཏིའི་སྙིང་པོ་དོན་འདི་འབྱུང་། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། ཡང་དག་པའི་དོན་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ་རྡོ་རྗེ་སེམས་དཔས་ཞུས་པ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །ཡང་དག་དོན་ཉིད་མ་རྟོགས་པ། །དེ་ཡི་ཉེས་སྐྱོན་གང་གིས་བྱས། །ཞེས་ཞུས་པས། གསང་བདག་ཆེན་པོས་གསུངས་པ། སྲིད་གསུམ་ལས་ལྔ་འཁྲུལ་པ་ཡིས། །ལམ་སྒོ་ལྔ་རུ་ཞུགས་ཕྱིན་ན། །མི་བདེ་སྡུག་བསྔལ་ལ་ཡང་སྤྱོད། །ཞེ་སྡང་ལམ་གྱི་སྒོར་ཞུགས་པས། །དམྱལ་བའི་གནས་དང་ཚ་གྲང་སྤྱོད། །སྔ་ཕྱི་དྲན་པའི་ཆོས་སྤྱོད་ཀྱང་། །ཚ་དང་གྲང་བའི་ཉམས་མྱོང་གིས། །ཡང་དག་དོན་དང་ཕྲད་པར་དཀའ། །འདོད་ཆགས་ལམ་གྱི་སྒོར་ཞུགས་པས། །ཡི་དྭགས་གནས་སུ་བཀྲེས་སྐོམ་སྤྱོད། །བསྔོས་པས་ཚིམ་པའི་ཆོས་སྤྱོད་ཀྱང་། །སྔ་ཕྱིའི་ལས་ཀྱི་རྣམ་སྨིན་གྱིས། །བཀྲེས་དང་སྐོམ་པའི་ཉམས་མྱངས་ཏེ། །ཡང་དག་དོན་དང་ཕྲད་པར་དཀའ། །གཏི་


DNG006_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

མུག་ལམ་གྱི་སྒོར་ཞུགས་པས། །བྱོལ་སོང་གནས་སུ་བླུན་ལྐུགས་སྤྱོད། །རིག་པ་ཕྲ་མོའི་ཆོས་ལ་སྤྱོད། །སྔ་མའི་ལས་ཀྱི་རྣམ་སྨིན་གྱིས། །བླུན་ཞིང་ལྐུགས་པའི་ཉམས་མྱངས་ཏེ། །ཡང་དག་དོན་དང་ཕྲད་པར་དཀའ། །ཕྲག་དོག་ལམ་གྱི་སྒོར་ཞུགས་པས། །མི་ཡི་གནས་སུ་དགེ་སྡིག་སྤྱོད། །དགེ་སྡིག་ལས་ཀྱི་ཆོས་སྤྱོད་ཀྱང་། །འདིར་དགེ་ཤས་ཆུང་རྣམ་སྨིན་གྱིས། །མི་རྟག་འགྱུར་བའི་ཆོས་ལ་སྤྱོད། །ཡང་དག་དོན་དང་ཕྲད་པར་དཀའ། །ང་རྒྱལ་ལམ་གྱི་སྒོར་ཞུགས་པས། །ལྷ་ཡི་གནས་དང་ལོངས་སྤྱོད་ཀྱིས། །མ་རིག་ལྟུང་བའི་སྡུག་བསྔལ་སྤྱོད། །བསམ་པས་གྲུབ་པའི་ཆོས་ལ་སྤྱོད། །མ་རིག་ལེ་ལོའི་རྣམ་སྨིན་གྱིས། །ལྟུང་བའི་སྡུག་བསྔལ་ཉམས་མྱངས་ཏེ། །ཡང་དག་དོན་དང་ཕྲད་པར་དཀའ། །ཁམས་གསུམ་གནས་ཀྱང་དེ་འདྲ་སྟེ། །འདོད་པའི་ཁམས་ནི་མ་རིག་པ། །གཟུགས་ཀྱི་ཁམས་ནི་ཆགས་པ་སྟེ། །གཟུགས་མེད་ཁམས་ནི་དངོས་མ་གྲུབ། །ཡིད་ཡུལ་ཆོས་ལ་མུ་བཞིར་བལྟ། །རང་རང་མྱོང་བའི་ཤེས་པ་སྟེ། །ཡང་དག་མ་མཐོང་འཁྲུལ་པ་ཡིན། །ཐོག་མ་མེད་པའི་བག་ཆགས་དང་། །བླ་མའི་གདམས་ངག་རྐྱེན་མེད་པས། །རྟོག་མེད་སྙིང་པོའི་སེམས་མ་ཤེས། །སྐྱེས་བུའི་ལུས་དང་བྱད་འགྲོགས་འདྲ། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། ཁམས་གསུམ་སེམས་ཅན་གྱི་འཁྲུལ་པའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་གསང་བདག་ཆེན་པོ་ལ་སེམས་དཔའ་རྡོ་རྗེས་ཞུས་པ། ཁམས་གསུམ་སེམས་ཅན་མཚན་ཉིད་དེ་འདྲ་བས། །དེ་ནས་ཐོན་པའི་ཐབས་ནི་གང་གིས་བགྱི། །ཞུས་པས། གསང་བདག་ཆེན་པོས་གསུངས་པ། འགྲོ་བ་མོས་པ་ཐ་དད་པས། །ཐེག་པའི་སྒོ་མང་སོ་སོར་བསྟན། །གཉིས་ནི་རྣམ་པའི་བྱེ་བྲག་སྟེ། །ཐེག་པ་རྣམ་པ་གཉིས་སུ་བསྟན། །འཇིག་རྟེན་པ་ཡི་ཐེག་པ་དང་། །འཇིག་རྟེན་འདས་པའི་ཐེག་པའོ། །འཇིག་རྟེན་པ་ཡི་ཐེག་པ་ནི། །རྒྱུད་དྲུག་གནས་པའི་སེམས་ཅན་ཀུན། །ཁམས་གསུམ་འཁོར་བའི་གནས་བཟུང་ནས། །བརྐམ་ཆགས་ལྔ་ཡི་ཞེན་པ་ཡིས། །ཁམས་གསུམ་འཁོར་བའི་ཚོགས་


DNG006_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཏེ། །བདེ་བའི་དོན་མེད་སྟོང་པར་འགྱུར། །དེ་ལ་དོན་འདི་བསྟན་པར་བྱ། །མུ་སྟེགས་རྟག་དང་ཆད་རྣམ་གཉིས། །དགེ་སྡིག་ལས་ཀྱི་ཆོས་རྣམས་ལ། །འབྲས་བུ་ཡོད་པར་མ་རྟོགས་ཏེ། །ཆད་པའི་མཐའ་རུ་ལྟུང་བའོ། །རྟག་པར་ལྟ་བའི་སེམས་ཅན་གྱིས། །ཡོད་པ་རྣམ་པ་བཞི་མཐོང་སྟེ། །ང་གཙང་སྐྱིད་རྟག་བཞི་མཐོང་ནས། །བླང་དོར་མེད་པའི་ཆོས་མ་ཤེས། །སྐྱེ་བ་མེད་པའི་དོན་མ་མཐོང་། །རྟག་པའི་མཐའ་རུ་ལྟུང་བའོ། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། འཇིག་རྟེན་པའི་ཐེག་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ་སེམས་དཔའ་རྡོ་རྗེས་འཇིག་རྟེན་ལས་འདས་པའི་ཐེག་པ་ཞུས་པ། གསང་བདག་ཆེན་པོས་གསུངས་པ། འཇིག་རྟེན་འདས་པའི་ཐེག་པ་ལ། །རྣམ་པ་གཉིས་སུ་ཕྱེ་ནས་བསྟན། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །མཚན་ཉིད་རྒྱུ་ལ་རྣམ་པ་གསུམ། །སྡུག་བསྔལ་སྤོང་བའི་ཉན་ཐོས་དང་། །ཤེས་པ་འགེག་པའི་རང་རྒྱལ་དང་། །རྣམ་རྟོག་སྦྱོང་བའི་མདོ་སྡེ་གསུམ། །སྡུག་བསྔལ་སྤོང་བའི་ཉན་ཐོས་ནི། །བརྟུལ་ཞུགས་དག་གིས་སྤོང་བར་བྱེད། །ཤེས་པ་འགེག་པའི་རང་རྒྱལ་ནི། །མ་རིག་རྟེན་འདྲེལ་བཅུ་གཉིས་འགེག །རྣམ་རྟོག་སྦྱོང་བའི་སྡེ་པ་ནི། །ཆོས་ཉིད་སྟོང་པ་ནམ་མཁའ་སྟེ། །ཇི་ལྟར་དམིགས་པ་བཞིན་གྲུབ་པ། །སྒྱུ་མའི་དཔེ་བརྒྱད་ལྟ་བུར་འདོད། །འབྲས་བུའི་ཐེག་པ་ལ་ཡང་གསུམ། །བྱ་བའི་སྡེ་དང་གཉི་ག་དང་། །རྣལ་འབྱོར་རྒྱུད་དང་རྣམ་པ་གསུམ། །བྱ་བ་བྱེད་པ་ཀྲི་ཡ་ནི། །ཡན་ལག་བཅུ་གཅིག་ཆོ་ག་ཡིས། །རྒྱལ་བའི་སྐུ་གསུང་ཡེ་ཤེས་འདོད། །གཉིས་ཀ་སྤྱོད་པའི་ཨུ་པ་ཡ། །ཀྲི་ཡར་སྤྱོད་ཅིང་ཡོ་གར་བསྒྲུབ། །འདྲེལ་མེད་སྒོ་ནས་བསྒྲུབ་པར་འདོད། །རྣལ་འབྱོར་པ་ལ་རྣམ་པ་གཉིས། །ཕྱི་པ་ཐུབ་པའི་ཡོ་ག་ནི། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞི། །ཆུ་ཟླ་བཞིན་དུ་འགྲུབ་པར་འདོད། །ནང་པའི་རྣལ་འབྱོར་རྣམ་པ་གསུམ། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ། །བསྐྱེད་པ་མ་ཧཱ་ཡོ་ག་ནི། །རྣམ་པ་གསུམ་ནི་རིམ་བསྐྱེད་དེ། །ཡོ་བྱད་མ་ཉམས་འཇུག་བརྩོན་ན། །རྒྱལ་


DNG006_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ་གསུམ་ཡེ་ཤེས་འདོད། །རྫོགས་པ་ཨ་ནུ་ཡོ་ག་ནི། །རྒྱུ་རྐྱེན་དག་པའི་རང་བཞིན་གྱིས། །སྙིང་པོ་ཙམ་ལ་རག་ལས་པ། །བརྗོད་པས་ཡེ་ཤེས་དཀྱིལ་འཁོར་རྫོགས། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །རྒྱུ་རྐྱེན་དག་ལ་རག་མ་ལུས། །རྩོལ་བ་དག་གིས་བསྒྲུབ་མི་བྱེད། །རྫོགས་ཆེན་གང་ལའང་མ་བརྟེན་འདིས། །རྣམ་པར་བགྲང་བའི་ཆོས་རྣམས་ཀུན། །ཡོངས་སུ་བྱིན་གྱིས་རློབ་པར་བྱེད། །ཀུན་གྱིས་བདེ་བ་སྤོང་བྱེད་པས། །ཡོངས་སུ་བྱིན་གྱིས་རློབ་པར་བྱེད། །ཅེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། འཇིག་རྟེན་ལས་འདས་པའི་ཐེག་པ་སྟེ་ལེའུ་བཅུ་གསུམ་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ་སེམས་དཔའ་རྡོ་རྗེས་ཞུས་པ། ཆོས་ཉིད་མ་ཡི་རང་བཞིན་ཇི་ལྟ་བུ། །ཞུས་པས། གསང་བདག་ཆེན་པོས་གསུངས་པ།མཉམ་ཉིད་མ་ཡི་རང་བཞིན་ནི། །མཐའ་ཡས་འགྲོ་བ་ཀུན་ལ་གནས། །གང་ཡང་མ་ཡིན་དངོས་གཞི་མེད། །ཤེས་པ་རང་ལུགས་སོ་མ་ཉིད། །དུས་གསུམ་གཡོ་བ་མེད་པར་གནས། །རང་བཞིན་སེམས་ནི་བརྗོད་པ་མེད། །མི་གཡོ་མ་བཅོས་མཉམ་པ་ཉིད། །རང་གནས་ཡེ་ཤེས་འོད་གསལ་བ། །ཡིད་ལ་འགྱུ་མེད་ཡེ་ཤེས་གསལ། །མཁའ་འདྲ་ཡེ་ཤེས་ལྷུན་གྱིས་གྲུབ། །གྲུབ་མེད་ཡེ་ནས་རང་བཞིན་གནས། །མཉམ་ཉིད་གསལ་བ་རིན་པོ་ཆེ། །ནམ་མཁའ་བཞིན་དུ་མཐའ་དབུས་མེད། །དབྱིབས་དང་ཁ་དོག་གང་སྣང་བ། །དབྱེ་བསལ་མེད་ན་བདེ་བའི་མཆོག །བརྗོད་མེད་བསམ་མེད་དོན་པོ་ཆེ། །དེ་བཞིན་འགྱུར་མེད་དེ་བཞིན་ཉིད། །མ་བཅོས་རང་བྱུང་སྙིང་པོ་ཉིད། །ཆོས་སྐུ་རང་བྱུང་སྟོན་པའི་མཆོག །ཡི་གེ་བརྗོད་བྱ་ཀུན་དང་བྲལ། །མ་བཅོས་སོ་མ་བརྗོད་བྱ་མེད། །ཞེ་འདོད་རྣམ་པ་གང་ཡང་མེད། །མ་བཅོས་རང་བྱུང་ཉིད་དུ་བདེ། །ཕྱི་རོལ་གང་སྣང་རང་བཞིན་མེད། །མ་བཏགས་མ་བཟུང་དབྱེ་བསལ་མེད། །སྟོང་ཉིད་དམ་བཅོས་ཉིད་དུ་བདེ། །ལྟ་བའི་ངོ་བོ་འདོད་པ་བྲལ། །བློ་ཡིས་བྱས་པ་མ་ཡིན་པ། །ཆགས་དང་བྲལ་བས་ཞེན་པ་མེད། །འཛིན་དང་བྲལ་བས་སྟོང་ཆེན་པོ། །དང་པོའི་དུས་སུ་ཤེས་པའོ། །མ་བྱུང་མ་སྐྱེས་མཉམ་པའི་ངང་། །ཡེ་དག་ཡེ་གྲོལ་ཡེ་གནས་སོ། །


DNG006_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་གླིང་བཞིན་ཡེ་གནས་སོ། །སེམས་ཀྱི་ཡེ་ཤེས་གཏེར་ཁ་ཕྱེ། །འདོད་པའི་ལོངས་སྤྱོད་ཟད་མཐའ་མེད། །ངོ་བོ་ཉིད་གནས་སྐྱེ་མེད་པ། །ནམ་ཡང་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། ཆོས་ཉིད་མའི་རང་བཞིན་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་གསང་བདག་ཆེན་པོ་ལ་ཞུས་པ། ཡན་ལག་བུ་ཡི་རང་བཞིན་ཇི་ལྟ་བུ། །གསང་བདག་ཆེན་པོས་གསུངས་པ། སྟོང་པ་ལས་སྐྱེས་རིག་པ་ནི། །སྣ་ཚོགས་སྣང་བ་ཉིད་དུ་འཆར། །རང་རིག་གསལ་བ་ཉིད་དུ་ཤར། །རིག་པ་དོན་གྱི་ངོ་བོ་ནི། །སོ་སོ་མ་ཡིན་བརྗོད་བྱ་གཅིག །ཐ་སྙད་མ་ལུས་སྒྲོན་མའི་མཆོག །རིག་པ་དགོངས་པ་གཏན་ལ་འབེབས། །སྣང་བ་མ་ལུས་སེམས་ལ་གསལ། །རིག་པ་མཆོག་ལྡན་སངས་རྒྱས་བཀའ། །རིག་པ་རྫས་མེད་བསལ་དང་བྲལ། །དབང་པོའི་ངོ་ལ་གང་གནས་པ། །རང་བཞིན་མི་རྟོག་སེམས་སུ་གསལ། །ཤེས་རིག་ཡེ་ཤེས་ཉིད་དུ་འཆར། །བདེ་ཆེན་རང་རིག་ཉིད་དུ་གསལ། །འཛིན་མེད་ནམ་མཁའི་ངང་ལ་གཞག །རང་རིག་རྟོག་པ་ཤུགས་ལས་འཆར། །བློ་ཡི་རྩོལ་བས་བསྒྲུབ་ཏུ་མེད། །ཏིང་འཛིན་ཕྱོགས་ལ་བློ་མི་གཏོད། །འདོད་པའི་རེ་བ་ཀུན་དང་བྲལ། །ཐ་སྙད་ཕྱོགས་ལ་བློ་མི་གནས། །བརྗོད་པའི་ཐ་སྙད་གདགས་གཞི་བྲལ། །རང་བཞིན་གསལ་བའི་དོན་ལ་འཇུག །འོད་གསལ་སེམས་ལ་སྒྲིབ་ཕྱོགས་བྲལ། །མ་བཅོས་བྱ་བ་ངང་གིས་བཏང་། །དལ་བར་བཞག་ནས་ངང་གིས་བདེ། །རྒྱུད་འཇམ་ཁྲོ་གཏུམ་ཀུན་དང་བྲལ། །ཉོན་མོངས་སྐྱེ་བའི་རྒྱུ་མི་གནས། །བདག་ཡོད་མཐའ་རུ་ལྟུང་མི་འགྱུར། །མེད་པ་མ་ཡིན་ངང་གིས་གསལ། །མེད་པ་བདེ་བའི་ཡུལ་མ་མཐོང་། །མཐའ་གཉིས་མ་གོས་སྐྱོན་དང་བྲལ། །ཐམས་ཅད་གྲོལ་བའི་བྱང་ཆུབ་སེམས། །ལུས་ཀྱང་བྱང་ཆུབ་སེམས་སུ་འདུས། །སེམས་ལ་རིག་པ་བརྩི་གདབ་མེད། །ཅེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། བུའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་


DNG006_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བདག་ཆེན་པོ་ལ་སེམས་དཔའ་རྡོ་རྗེས་ཞུས་པ། དབྱེར་མེད་རང་བཞིན་ཇི་ལྟ་བུ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ཇི་ལྟ་བུ། །གསང་བདག་ཆེན་པོས་གསུངས་པ། སྣང་བའི་ཆོས་ཀྱང་དེ་ལས་བྱུང་། །དངོས་དང་དངོས་མེད་གཉིས་སུ་མེད། །གསལ་དང་སྟོང་པའི་མཐའ་མི་འཛིན། །གཉིས་མེད་སེམས་ཀྱི་ངང་དུ་བདེ། །དེས་ན་གཉིས་མེད་བྱང་ཆུབ་སེམས། །ཆོས་རྣམས་ཡེ་ནས་གཉིས་སུ་མེད། །ཆོས་ཀུན་དེ་ལ་གང་མི་འགྲུབ། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །མ་ཕྱེ་མ་བཀོལ་མི་གནས་པ། །རྩོལ་བྲལ་བསྒྲུབ་མེད་དོན་པོ་ཆེ། །རིན་ཆེན་ནོར་བུའི་དགོངས་པ་བཞིན། །བལྟ་བ་བསྒོམ་དུ་མེད་པ་ཡིན། །དམ་ཚིག་བསྲུང་དུ་མེད་པ་ཡིན། །ཕྲིན་ལས་བཙལ་དུ་མེད་པ་ཡིན། །ཤེས་རབ་རང་བྱུང་སྒྲིབ་མེད་ཡིན། །ས་ལ་སྦྱང་དུ་མེད་པ་ཡིན། །ལམ་ལ་བགྲོད་དུ་མེད་པ་ཡིན། །ཕྲ་བ་གཟུང་འཛིན་མེད་པ་ཡིན། །རྒྱུད་ཀྱི་རང་བཞིན་འདྲེལ་བ་ཡིན། །ལུང་ཆེན་ཐོག་ཏུ་འབེབས་པ་ཡིན། །མན་ངག་དག་གི་ལ་ཡང་ཟློ། །རྒྱུ་ནི་དག་པའི་དབྱིངས་སུ་བལྟ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་བལྟ། །མེད་པ་ཕྱལ་པ་གཅིག་ཏུ་ལྷུན་གྲུབ་བོ། །གང་འཐད་དབང་པོའི་ཡུལ་དང་བསྟུན། །གཉིས་སུ་མེད་པའི་རང་བཞིན་ཡིན། །རིམ་མེད་ཅིག་ཆར་འཇུག་པའོ། །མ་བུ་གཉིས་སུ་མེད་པའི་ལམ། །ཟབ་ལ་གཏིང་དཔག་དཀའ་བའོ། །མ་དང་བུ་གཉིས་གཉིས་མེད་འདྲེལ། །མ་ནི་གཞི་ཡི་ལུང་གིས་སོ། །བུ་ནི་ཡེ་ཤེས་ལུང་དུ་བསྟན། །མ་ནི་དབྱིངས་སུ་དག་པར་བཟླའ། །བུ་ནི་ཡེ་ཤེས་ལ་ཡང་བཟླའ། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། དབྱེར་མེད་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ་སེམས་དཔའ་རྡོ་རྗེས་བལྟ་བའི་རང་བཞིན་ཇི་ལྟ་བུ་ཞུས་པར། གསང་བདག་ཆེན་པོས་གསུངས་པ། དྲི་མེད་རང་བྱུང་བལྟ་བའི་མཆོག །སྐྱོན་མེད་པདྨའི་རང་བཞིན་ཏེ། །གང་གི་རྣམ་པའི་འདོད་པ་བྲལ། །འཛིན་པ་ཐམས་ཅད་ངང་གིས་མེད། །ནམ་མཁའི་མཐོངས་ལྟར་ཅི་ཡང་མེད། །རང་བྱུང་བདེ་ཆེན་ཆོས་ཉིད་དོ། །བྱ་བཏང་འཛིན་སེམས་མེད་


DNG006_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པས་བདེ། །འཛིན་དང་བྲལ་བའི་རང་བཞིན་ནི། །ཆགས་དང་བྲལ་བའི་བདེ་བ་མཆོག །འོད་གསལ་སྒྲིབ་ཕྱོགས་ཀུན་དང་བྲལ། །སྒྲིབ་པ་མེད་པའི་ཡེ་ཤེས་གསལ། །ཐེག་གཅིག་སྙིང་པོའི་བལྟ་བ་ལ། །བཟང་ངན་བླང་དོར་མ་མཆིས་པས། །བདེ་དང་སྡུག་བསྔལ་གཉིས་མི་མངའ། །དགག་དང་བསྒྲུབ་པ་བྱ་མི་དགོས། །ཐམས་ཅད་འདི་ལས་འབྱུང་བའི་ཕྱིར། །ཡིད་བཞིན་ནོར་བུའི་རང་བཞིན་ནོ། །ཡེ་ནས་ཡིན་པས་བྱ་མི་དགོས། །འབད་དང་རྩོལ་བས་མཐར་ཕྱུང་མེད། །ཐག་ཆོད་ཉམ་ང་མེད་པའི་མཆོག །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །གཞན་དུ་བལྟ་བའི་ཡུལ་མ་མཆིས། །བལྟ་བ་བློ་ཡིས་བྱས་པ་མིན། །སྤྱི་བླུགས་ཚངས་པའི་དབང་གིས་སུ། །བག་ཆགས་མཚན་མ་ཟིལ་གནོན་པ། །གསང་བའི་དོན་མྱོང་འོད་གསལ་སེམས། །དོན་ལ་བརྡའ་མཇལ་ཚིག་དང་བྲལ། །ཕྱོགས་མེད་པ་ནི་ལྟ་བའི་ཀློང་། །འཇུག་པའི་སྒོ་ཡངས་ལམ་གྱི་མཆོག །སྡུག་བསྔལ་འཁྲུལ་པ་རང་གྲོལ་འགྱུར། །རང་བལྟ་ཡུལ་མེད་རྟོགས་པས་ན། །མཚན་མའི་དངོས་པོའི་ཡུལ་མ་མཆིས། །སྣང་མེད་མ་འགགས་གཉིས་སུ་མེད། །སེམས་ལ་བལྟ་མེད་དོན་པོ་ཆེ། །བྱ་བ་བྲལ་བ་དོན་གྱི་མཆོག །རེ་འདོད་ཀུན་བྲལ་སྤང་ཐོབ་མེད། །བདེ་བ་རང་བྱུང་བལྟ་བ་ནི། །སྣང་བའི་ཡུལ་དུ་གྲུབ་པ་མེད། །འོད་གསལ་བདེ་ཆེན་མཚོ་ལྟར་ཟབ། །རིན་ཆེན་འོད་ལྟར་རང་ལས་བྱུང་། །གདེང་ལྡན་སོམ་ཉི་བྲལ་བ་སྟེ། །རང་རིག་ཚད་མ་མངོན་སུམ་གསལ། །ཚད་མ་གསུམ་གྱི་གཏན་ཚིགས་ཀྱིས། །དེ་ཉིད་རྟོགས་པའི་ཐབས་སུ་བཤད། །ཅེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ། སེམས་དཔའ་རྡོ་རྗེས་ཏིང་ངེ་འཛིན་སྒོམ་ཐབས་ཇི་ལྟ་བུ་ཞུས་པས། གསང་བདག་ཆེན་པོས་གསུངས་པ། བསྒོམ་དུ་མེད་པའི་ཆོས་ཉིད་ནི། །ཡིད་ཀྱིས་བཞག་པ་དང་བྲལ་བས། །འཛིན་སེམས་མེད་པར་ངང་གིས་བདེ། །ཚོགས་དང་བྲལ་བས་ཞེན་མེད་སེམས། །འགྱུ་བ་སངས་པས་གཞག་ཏུ་མེད། །མཚན་མ་མེད་པས་གཟུང་དུ་


DNG006_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཁ་དོག་བྲལ་བས་དབྱིབས་དང་བྲལ། །བསྒོམ་མེད་ཡེངས་མེད་ངང་གིས་བདེ། །མི་བསྒོམ་རང་ལུགས་བཅོས་སུ་མེད། །བྱིང་དང་རྨུགས་མེད་སྐྱོན་དང་བྲལ། །མི་འཕྲོ་ཡུལ་ལ་འཛིན་པ་མེད། །རྩོལ་སེམས་མེད་པས་བྱ་མི་དགོས། །གང་སྣང་རང་ལུགས་སོ་མ་ཉིད། །མི་བསྒོམ་མི་འཛིན་འདོད་པ་བྲལ། །ཡུལ་ལ་མི་འཇུག་ངང་གིས་གནས། །གསལ་བ་སྒྲིབ་ཕྱོགས་ཀུན་དང་བྲལ། །འཁྲུལ་པའི་སྐྱེ་བ་ངང་གིས་མེད། །མཚན་མའི་ཕྱོགས་སུ་འཛིན་པ་མེད། །སྣང་མེད་ངོས་གཟུང་བྲལ་བར་གནས། །གང་ལ་མི་འགྱུ་མི་འཛིན་ཏེ། །སྨག་གི་མུན་རུམ་སེམས་ལྟ་བུ། །མི་རྟོག་རང་བཞིན་ངང་གིས་གསལ། །བདེ་བ་རྟོག་མེད་ངང་ལ་གནས། །འཛིན་སེམས་མེད་པའི་དོན་གྱི་མཆོག །མཚན་མའི་ཡུལ་དུ་དམིགས་པ་མེད། །མ་བསྒྲུབས་ཡེ་ཤེས་རང་ལ་གསལ། །ཞེན་པའི་རྟོག་པ་ངང་གིས་དག །མི་འགྱུ་མི་འཛིན་དགོངས་པའི་མཆོག །མ་བཅོས་རང་གསལ་བདེ་བའི་མཆོག །འགྲོ་ཉལ་འདུག་སྡོད་ཐམས་ཅད་དུ། །རྒྱུན་ཆད་མེད་པར་རྩོལ་སེམས་བྲལ། །འཁྲུལ་པའི་སྙིང་པོ་བསྟེན་མི་དགོས། །གང་སྣང་རྣམ་པ་ཅིར་ཤར་ཀྱང་། །དེ་ཡི་རྗེས་སུ་འགྲོ་མི་འགྱུར། །འཛིན་པའི་སྐབས་མེད་གང་འགྱུར་ཚེ། །དུས་གསུམ་རྒྱུན་ཆད་མེད་པར་གནས། །མི་བསྒོམ་དོན་ལ་བྱ་བ་གཏང་། །བསྒོམ་མེད་དོན་ལ་བློས་བཞག་མེད། །རང་གི་སེམས་ལས་མ་གཡོས་པས། །སྙིང་པོའི་ཕྱོགས་ལ་བརྟེན་མི་དགོས། །ཡེ་ཤེས་གསལ་བའི་དགོངས་པ་ལ། །ཚིག་གི་དོན་བྲལ་བྱ་ལམ་འདྲ། །རིག་པ་གང་གི་རྗེས་མི་གཅོད། །སྒྲོན་མའི་དཔེ་བཞིན་མུན་པ་སངས། །དེ་ཉིད་ཡིན་ཏེ་བཙལ་མི་དགོས། །རང་བྱུང་བདེ་བ་ཤུགས་ལས་འཆར། །འོད་གསལ་སེམས་ལ་སྒྲིབ་པ་མེད། །འབར་བའི་ཡེ་ཤེས་རོལ་པའི་རྒྱན། །ཇི་བཞིན་མ་བཅོས་ངང་ལ་གནས། །ལུས་ལ་བཙལ་མེད་འདོད་པ་མེད། །སེམས་ལ་རང་དབང་མ་ཐོབ་ན། །རིགས་དྲུག་འཁོར་བའི་གནས་མི་ཆོད། །རང་དབང་རྒྱལ་པོ་མངོན་གྱུར་ན། །བདེ་བའི་དངོས་གྲུབ་རང་ལས་འབྱུང་། །མི་འགྱུར་འཛིན་པའི་སེམས་དང་བྲལ། །ལས་སྟོབས་དྲགས་


DNG006_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

པས་བདག་མི་བསླུ། །རྣམ་རྟོག་གཡོ་བ་ཅི་ཡང་མེད། །རང་རྐྱེན་ལོག་པའི་སེམས་མི་སྐྱེ། །ངང་གིས་བརྗོད་མེད་ཚིག་དང་བྲལ། །འདི་ཡིན་འདི་མིན་སེམས་མི་སྐྱེ། །དུས་གསུམ་གང་དུ་འདའ་བ་མེད། །དགོངས་པ་གཅིག་ལ་གཙོར་གནས་ན། །གང་འདོད་འབྲས་བུ་འབྱུང་བའོ། །བསམ་གཏན་རང་གནས་གཡོ་བ་མེད། །མ་བཅོས་མ་བཟུང་སོ་མ་ཉིད། །རང་བཞིན་བཅོས་མེད་སྙིང་པོ་བྲལ། །གང་ལ་རག་ལས་མེད་པས་བདེ། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ་སེམས་དཔའ་རྡོ་རྗེས་སྤྱོད་པའི་དོན་ཇི་ལྟ་བུ་ཞུས་པས། གསང་བདག་ཆེན་པོས་གསུངས་པ། མ་བཅོས་རྣལ་མ་དོན་གྱི་མཆོག །བྱ་བཏང་དགོངས་པ་བཅོས་བསླད་མེད། །བྱས་པ་མ་ཡིན་ཤུགས་བྱུང་བ། །བླ་མེད་དོན་ལ་སྤྱོད་པའོ། །ནམ་མཁའ་ལྟ་བུའི་རང་བཞིན་ནི། །མ་བཅོས་རྣལ་མའི་སྤྱོད་པའོ། །ཉི་མ་ལྟ་བུའི་རང་བཞིན་ནི། །མ་ཆགས་མ་ཞེན་སྤྱོད་པའོ། །རྒྱ་མཚོ་ལྟ་བུའི་རང་བཞིན་ནི། །ཟབ་ལ་རྒྱ་ཆེའི་སྤྱོད་པའོ། །ས་གཞི་ལྟ་བུའི་རང་བཞིན་ནི། །ཐམས་ཅད་ཀུན་འབྱུང་སྤྱོད་པའོ། །རིན་ཆེན་ལྟ་བུའི་རང་བཞིན་ནི། །དགོས་འདོད་འབྱུང་བའི་སྤྱོད་པའོ། །སེང་གེ་ལྟ་བུའི་རང་བཞིན་ནི། །ཉམ་ང་མེད་པའི་སྤྱོད་པའོ། །གདེང་དང་ལྡན་པའི་རང་བཞིན་ནི། །རེ་དོགས་མེད་པའི་སྤྱོད་པའོ། །པདྨ་ལྟ་བུའི་རང་བཞིན་ནི། །གོས་པ་མེད་པའི་སྤྱོད་པའོ། །ཏི་དྱ་ལྟ་བུའི་རང་བཞིན་ནི། །བརྩི་གདབ་མེད་པའི་སྤྱོད་པའོ། །གླང་ཆེན་ལྟ་བུའི་རང་བཞིན་ནི། །བདུད་དཔུང་འཇོམས་པའི་སྤྱོད་པའོ། །སོ་མ་གཡའ་དག་རང་བཞིན་ནི། །འགྱུར་བ་མེད་པའི་སྤྱོད་པའོ། །ཡེ་ནས་ཡང་དག་རང་བཞིན་ནི། །གཉིས་མེད་དོན་ལ་རང་བཞིན་གནས། །ཡེ་ནས་གཉིས་སུ་མེད་པས་ན། །ལུས་ངག་སྤྱོད་ལ་རག་མ་ལས། །སེམས་ཉིད་ཡེ་ནས་དག་པ་ལ། །སྙིང་པོ་ཉིད་ཀྱི་དོན་ལ་སྤྱོད། །ཚུལ་ཁྲིམས་སྡོམ་པ་དམ་ཚིག་རྣམས། །སྤྱད་ཀྱང་འཆིང་བར་མི་འགྱུར་ཏེ། །མ་སྤྱད་ན་ཡང་ཉེས་པ་མེད། །


DNG006_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོའི་སྤྱོད་པ་ནི། །རང་བྱུང་བཀག་པ་མ་ཡིན་ཏེ། །རང་བྱུང་རྩོལ་བས་བསྒྲུབ་པ་མིན། །རང་སྣང་མ་བཅོས་སེམས་ཀྱི་རྒྱན། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ། སེམས་དཔའ་རྡོ་རྗེས་རིག་པ་རང་དབང་ཇི་ལྟ་བུ་ཞུས་པས། གསང་བདག་ཆེན་པོས་གསུངས་པ། རང་དབང་སེམས་ལ་ཐོབ་པ་ནི། །དབང་རྣམས་ཀུན་གྱི་མཆོག་ཡིན་ཏེ། །གཞི་ནས་དབང་ཐོབ་བསྐུར་མི་དགོས། །ཤེས་རིག་རྒྱལ་པོ་དབང་གི་མཆོག །དབང་རྣམས་ཀུན་གྱི་སྙིང་པོ་ཡིན། །བྱ་བྲལ་དམ་པའི་སེམས་ལ་གནས། །ཚིག་གིས་རྟོག་པའི་ཡུལ་ལས་འདས། །རང་དབང་དམ་པ་སེམས་ལ་གནས། །ཡོ་བྱད་དག་ལ་རག་མ་ལས། །རིག་པ་སྤྱི་བླུགས་ཚངས་པའི་དབང་། །རྒྱལ་ཐབས་སྤྱི་བླུགས་བསྐུར་ཐབས་སོ། །གཉིས་ཀྱི་མཐའ་རུ་མ་ལྷུང་བ། །དབྱེར་མེད་རིག་པ་ཚིག་རྫོགས་སོ། །མ་ཡི་དབང་ལ་བུ་ཡི་ཉམས། །དབྱེར་མེད་དབང་བསྐུར་ཐོབ་པའོ། །བྱ་བཏང་འཛིན་མེད་ངང་དུ་བདེ། །དབང་མཆོག་འོད་གསལ་རྒྱལ་བའི་དབང་། །གང་ཟག་གཅིག་ལ་ལྟོས་པ་མེད། །ཀློང་ཆེན་འོད་གསལ་བདེ་བའི་མཆོག །དབྱིངས་ཉིད་རྣམ་དག་ཐིག་ལེ་ཆེ། །མ་བཅོས་པ་ཡི་རང་བཞིན་ནི། །ཡེ་ནས་གནས་པས་ཐིག་ལེ་ཆེ། །ཡང་དག་དོན་ལ་ནོར་བ་མེད། །དེས་ན་རིག་པ་རང་གི་དབང་། །དེ་འདྲའི་དོན་ནི་མི་ཤེས་ན། །ཐུན་མོང་གཞན་ལ་མོས་པ་མེད། །རིམ་གྱིས་ནོད་པ་ཐབས་ཡིན་ནོ། །གསང་སྔགས་བརྡའ་སྒོ་དབང་གིས་དབྱེ། །གང་ཡང་མེད་པའི་གང་ཟག་ནི། །རིགས་ལས་འགལ་བས་བསྟན་མི་བྱ། །བསྟན་ན་བདག་གཞན་གནས་སུ་བསྲེག །ཅེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། དབང་གི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ། སེམས་དཔའ་རྡོ་རྗེས་དཀྱིལ་འཁོར་ཇི་ལྟ་བུ་ཞུས་པས། གསང་བདག་ཆེན་པོས་གསུངས་པ། དཀྱིལ་འཁོར་དཀྱིལ་


DNG006_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཞེས་བྱ་བ། །སེམས་ཀྱི་དཀྱིལ་འཁོར་ལ་གནས་པ། །དཀྱིལ་འཁོར་དམ་པ་དེ་ཡིན་པས། །མ་ནི་དཀྱིལ་ལ་བུ་ཡི་འཁོར། །རིག་པ་དཀྱིལ་ལ་སྣང་ཚུལ་འཁོར། །མཉམ་ཉིད་དཀྱིལ་ལ་དྭངས་མ་འཁོར། །བསམ་དུ་མེད་པའི་དཀྱིལ་འཁོར་ནི། །མཚོན་དུ་མེད་པའི་རང་བཞིན་ནོ། །གཟུང་འཛིན་བྲལ་བའི་དཀྱིལ་འཁོར་ནི། །བསམ་རྟོག་འདས་པའི་རང་བཞིན་ནོ། །རང་བྱུང་མཉམ་པའི་དཀྱིལ་འཁོར་ནི། །མ་བཅོས་རིག་པའི་རིན་པོ་ཆེ། །མཐའ་དང་དབུས་མེད་གཞལ་ཡས་ནི། །རང་བཞིན་རྫོགས་པའི་སངས་རྒྱས་ཆེ། །རང་བཞིན་དཀྱིལ་འཁོར་མུ་མཐའ་མེད། །ཡེ་ནས་ལྷུན་གྲུབ་ཕོ་བྲང་ཆེ། །སྤྱན་དྲང་བཞུགས་ཕྱག་མི་མངའ་ཡང་། །རང་བྱུང་སྟོན་པ་མངོན་སངས་རྒྱས། །ཡེ་ཤེས་རང་གསལ་སྔགས་ལྡན་པས། །སྙིང་པོ་མཆོད་པ་དབུལ་མི་དགོས། །བདེ་ཆེན་གསལ་བ་རྒྱུད་ལྡན་པས། །གསང་བའི་དཀྱིལ་འཁོར་ལྷ་མཉེས་པ། །དུས་གསུམ་མི་འདའ་ཐུགས་དམ་མཆོག །རང་བྱུང་ཡོངས་རྫོགས་ལྷ་ཡི་རྗེ། །སྐྱོན་གྱི་དྲི་མ་དང་བྲལ་བས། །ཤེས་མེད་རིག་པའི་དོན་མཐོང་ངོ་། །འཛིན་བྲལ་ཡེ་ཤེས་ངང་གིས་གསལ། །འགྱུར་མེད་གསང་བའི་དཀྱིལ་འཁོར་ནི། །ཉེས་པའི་སྐྱོན་གྱི་དྲི་མ་མེད། །ཡེ་ཤེས་རང་སྣང་སྒྲིབ་གཡོགས་མེད། །རང་བྱུང་དག་པའི་དཀྱིལ་འཁོར་གསུམ། །མཉམ་ཉིད་ངང་དུ་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ། སེམས་དཔའ་རྡོ་རྗེས་དམ་ཚིག་རང་བཞིན་ཇི་ལྟ་བུ་ཞུས་པས། གསང་བདག་ཆེན་པོས་གསུངས་པ། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་དམ་ཚིག་སྟེ། །དེ་ལས་མི་འདའ་དམ་ཚིག་ཆེ། །མི་རྟོག་མཉམ་པའི་དམ་ཚིག་ཡིན། །ཡེ་ཤེས་དམ་ཚིག་ཆེན་པོ་ལ། །རྩ་བ་ཡན་ལག་ཕྱོགས་མཚམས་བྲལ། །མེད་པ་ཕྱལ་པ་གཅིག་པུ་ལྷུན་གྲུབ་ནི། །རྫོགས་པ་ཆེན་པོའི་དམ་ཚིག་སྟེ། །དེ་ལས་འདས་ན་ཉམས་


DNG006_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །དུས་གསུམ་འདའ་བ་མེད་པ་ཡི། །གསང་བ་ཆོས་སྐུའི་དམ་ཚིག་ནི། །རྣམ་རྟོག་འཁྲུལ་པ་གང་སྐྱེས་ཀྱང་། །དྲན་པ་དུས་མཚུངས་གདམས་པས་གཅོད། །ཆོས་ཅན་ཆོས་ཉིད་གང་རྟོགས་པ། །རང་བྱུང་གསང་བའི་སེམས་མ་མཐོང་། །སྟོང་ཉིད་རིག་པའི་དོན་མ་རྙེད། །གསལ་སྟོང་དབྱེར་མེད་དོན་མ་རྟོགས། །བསྲུང་སྡོམ་རྩ་བ་ཡན་ལག་རྣམས། །ཐེག་པ་གཞན་གྱི་བསྲུང་མཚམས་ཡིན། །རྣམ་རྟོག་གཡོ་བ་མེད་པ་ནི། །རང་བྱུང་དམ་ཚིག་ཆེན་པོ་ཡིན། །སྒྲོ་སྐུར་གཉིས་དང་བྲལ་བའོ། །རིག་པ་སྒྲོན་མའི་སེམས་ཀྱིས་ནི། །ཡེ་ཤེས་ངོ་བོ་སྟོན་པར་བྱེད། །གྲངས་དང་རྣམ་པ་ཡོངས་ཀྱིས་མེད། །མ་བཅོས་མ་བསླད་དམ་ཚིག་ཡིན། །མ་སྐྱེས་པ་ཡི་ཆོས་ཉིད་ནི། །མི་འགག་མི་སྐྱེ་དམ་ཚིག་ཡིན། །འཁོར་བའི་འབྲས་བུ་ཟད་པར་འགྱུར། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ་སེམས་དཔའ་རྡོ་རྗེས་ཞུས་པ། མཐར་ཐུག་འབྲས་བུ་ཐོབ་ལུགས་གང་། ཞུས་པས། གསང་བདག་ཆེན་པོས་གསུངས་པ།རྩོལ་བསྒྲུབ་རེ་དོགས་གང་དང་བྲལ། །ལྷུན་གྱིས་གྲུབ་པའི་འབྲས་བུ་ཡིན། །ཆོས་སྐུར་བྲལ་བའི་སེམས་ཉིད་ནི། །སངས་རྒྱས་ཀུན་གྱི་སྙིང་པོ་སྟེ། །མ་བསྒྲིབས་ཡེ་ཤེས་ཆོས་ཀྱི་སྐུ། །འགག་མེད་དབྱིངས་ཀྱི་བྱང་ཆུབ་གསུངས། །མི་སྐྱེ་མི་འགག་ཡེ་ཤེས་ཐུགས། །རྒྱུ་དང་འབྲས་བུ་གཉིས་མ་མཆིས། །རྩ་བ་གཅིག་པའི་བྱང་ཆུབ་སེམས། །རྒྱུ་ཉིད་རང་བྱུང་སྐྱེ་མེད་པས། །མིང་ཙམ་མཚོན་པའི་འབྲས་བུར་གཅིག །འབྲས་བུ་ཞེས་ནི་བཏགས་པ་མེད། །བཏགས་པ་དེ་ནི་མཚོན་པ་སྟེ། །མཚོན་པའི་དོན་གྱིས་བཏགས་པ་མཚོན། །མ་སྐྱེས་པ་ཡི་ཆོས་ཉིད་ནི། །སྐྱེ་འགག་མེད་པའི་འབྲས་བུ་ཡི། །སྐུ་གསུམ་བྱིན་རླབས་ཐེག་པ་དགུ། །སེམས་ཉིད་སྐུ་གསུང་ཐུགས་ཡིན་པས། །སྐུ་གཅིག་སྐུ་གསུང་ཐུགས་ཡིན་པས། །སྤྲུལ་པ་སྐུ་ཡི་རང་བཞིན་དང་། །སྤྲུལ་པ་གསུང་གི་རང་བཞིན་དང་། །སྤྲུལ་པ་ཐུགས་ཀྱི་རང་བཞིན་ནོ། །ལོངས་སྤྱོད་སྐུ་ཡི་རང་བཞིན་དང་། །ལོངས་སྤྱོད་གསུང་གི་རང་བཞིན་དང་། །ལོངས་


DNG006_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཐུགས་ཀྱི་རང་བཞིན་ནོ། །ཆོས་ཉིད་སྐུ་ཡི་རང་བཞིན་དང་། །ཆོས་ཉིད་གསུང་གི་རང་བཞིན་དང་། །ཆོས་ཉིད་ཐུགས་ཀྱི་རང་བཞིན་ནོ། །སྒྲོ་སྐུར་བྲལ་བ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །གདུལ་བྱ་དྲུག་ལ་སྟོན་པ་དྲུག །འདུལ་མཛད་སྟོན་པ་སྤྲུལ་པའི་སྐུ། །རང་བྱུང་བདེ་བ་ཆེན་པོའི་སྐུ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། འབྲས་བུ་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ། སེམས་དཔའ་རྡོ་རྗེས་ཞུས་པ། རྒྱུད་ཀྱི་རྒྱལ་པོ་སྤྱི་རྒྱུད་འདི། །གཞན་ལས་ཁྱད་པར་དུ་ཡིས་ཆེ། །གསང་བདག་ཆེན་པོས་གསུངས་པ། ཐེག་པའི་ཡང་རྩེ་ཡིན་པས་འཕགས། །བསྟན་པའི་སྙིང་པོ་ཡིན་པས་འཕགས། །དགོངས་པའི་ཞེ་ཕུགས་ཡིན་པས་འཕགས། །ཐེག་པའི་འབྱུང་གནས་ཡིན་པས་འཕགས། །འབྲས་བུའི་མཐར་ཐུག་ཡིན་པས་འཕགས། །སྟོན་པ་གསང་བདག་ཆེན་པོ་ནི། །སངས་རྒྱས་ཀུན་གྱི་མེས་ཆེན་པོ། །བླང་དོར་མེད་པའི་རང་བཞིན་གྱིས། །སྟོན་པ་ཀུན་ལས་ཁྱད་པར་འཕགས། །སྟོན་པ་མངོན་པར་ཆེ་བར་བཤད། །སྡུད་པ་སེམས་དཔའ་རྡོ་རྗེ་ཁྱོད། །སངས་རྒྱས་སེམས་ཅན་འཁོར་རྣམས་ལ། །སྐྱེ་འཇིག་མེད་པའི་བྱང་ཆུབ་སེམས། །སྡུད་པ་ཀུན་ལས་ཁྱད་པར་འཕགས། །འཁོར་དེ་མངོན་པར་ཆེ་བར་བཤད། །སྟོན་པའི་ལྟ་བ་རྫོགས་ཆེན་འདི། །ཆོས་རྣམས་ཀུན་གྱི་སྙིང་པོ་སྟེ། །ཐམས་ཅད་འབྱུང་བའི་རང་བཞིན་གྱིས། །ཐེག་པ་ཀུན་ལས་ཁྱད་པར་འཕགས། །བསྟན་པ་མངོན་པར་ཆེ་བར་བཤད། །དུས་ནི་དུས་གསུམ་གཅིག་པའི་ངང་། །དུས་ནི་སྔ་ཕྱི་མེད་པས་ན། །གཅིག་ཏུ་གནས་པའི་རང་བཞིན་གྱིས། །སྔ་ཕྱི་ཀུན་ལས་ཁྱད་པར་འཕགས། །དུས་དེ་མངོན་པར་ཆེ་བར་བཤད། །ཡངས་པ་ཆོས་དབྱིངས་གསང་བདག་གནས། །ཐམས་ཅད་འདུས་པའི་གནས་ཆེན་འདི། །མཐའ་དབུས་མེད་པའི་རང་བཞིན་གྱིས། །བཞུགས་གནས་ཀུན་ལས་ཁྱད་པར་འཕགས། །གནས་དེ་མངོན་པར་ཆེ་བར་བཤད། །རྒྱུད་ཀུན་གྱི་ནི་


DNG006_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་སྟེ། །སྤྱི་རྒྱུད་ཆེན་པོའི་རང་བཞིན་ཏེ། །ཀུན་ལས་ཁྱད་པར་འཕགས་པའོ། །ཞེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། ཁྱད་པར་འཕགས་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་གསང་བདག་ཆེན་པོ་ལ། སེམས་དཔའ་རྡོ་རྗེས་ཞུས་པ། རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི། །མཚན་གྱི་གཟུང་ཐབས་ཇི་ལྟར་གཟུང་། །ཞུས་པས།གསང་བདག་ཆེན་པོས་སེམས་དཔའ་རྡོ་རྗེ་ལ་རྒྱུད་ཀྱི་མཚན་གྱི་གཟུང་ཐབས་དང་།གཏད་པའི་ཐབས་འདི་གསུངས་སོ། །ཡངས་པ་ནམ་མཁའ་ལྟ་བུའི་རྒྱུད། །གསལ་བ་ཉི་ཟླ་ལྟ་བུའི་རྒྱུད། །ཟབ་པ་རྒྱ་མཚོ་ལྟ་བུའི་རྒྱུད། །ཐམས་ཅད་འབྱུང་བ་ས་གཞི་ལྟ་བུའི་རྒྱུད། །ཡོན་ཏན་འབྱུང་བ་རིན་ཆེན་ལྟ་བུའི་རྒྱུད། །ཚིག་དོན་ཡངས་པ་ཆེན་པོ་འདི། །གསལ་ཞིང་སྒྲིབ་ཕྱོགས་མེད་པ་དང་། །ཆ་ཕྲ་གཏིང་དཔག་མེད་པ་དང་། །འབྱུང་ཞིང་ཕྱོགས་ཆ་མེད་པ་དང་། །དགོས་འདོད་འབྱུང་ཞིང་རེ་བ་མེད། །ང་ཡིས་ཁྱེད་ལ་བསྟན་ཅིང་གཏང་། །སྤང་འགེག་སྦྱང་བ་བགྲོད་པ་དང་། །གཟུང་འཛིན་བླང་དོར་མེད་པ་དང་། །ལྟ་སྤྱོད་རྩོལ་བསྒྲུབ་བྱར་མེད་དེ། །ལམ་དང་གཉེན་པོས་བཅོས་པ་མེད། །བྱང་སེམས་གསང་བདག་རང་བཞིན་དུ། །ང་ཡིས་བསྟན་པའི་དོན་འདི་ནི། །བྱང་ཆུབ་སེམས་དཔའི་ལུང་ཆེན་ཡིན། །རྒྱུད་དང་མདོ་ཡི་ཡང་རྩེ་ཡིན། །མན་ངག་ཀུན་གྱི་རྩ་བ་ཡིན། །བསྟན་པ་ཀུན་གྱི་སྙིང་པོ་ཡིན། །ཐེག་པ་ཀུན་གྱི་ཉིང་ཁུ་ཡིན། །མ་རིག་འཁྲུལ་པའི་མུན་སེལ་ཡིན། །འཁྲུལ་རྟོག་དྲ་བ་འདི་ཡིས་སེལ། །ཉོན་མོངས་ཐག་པ་འདི་ཡིས་གཅོད། །འདི་ཉིད་བསྟན་པའི་མི་རྣམས་ལ། །གསང་བ་སྤྱི་རྒྱུད་འདི་གཏད་དོ། །ནམ་ཞིག་དུས་ཀྱི་ཐ་མ་ལ། །སྣང་གསལ་སྒྲོན་མ་འདི་ཡིས་བྱེད། །ཅེས་གསུངས་སོ། །གསང་བ་སྤྱི་རྒྱུད་ལས། མཚན་གྱི་གཟུང་ཐབས་དང་། གཏད་པའི་ལེའུ་སྟེ་ཉེར་ལྔ་པའོ།། །། གསང་བ་སྤྱི་རྒྱུད་རྫོགས་སོ།། །།པཎྜི་ཏ་དྲི་མེད་བཤེས་གཉེན་དང་། ཞུ་ཆེན་གྱི་ལོཙྪ་བ་གཉགས་ཛྙཱ་ན་ཀུ་མ་རས་རྒྱལ་པོ་ཡོན་མཆོད་ཀྱི་དོན་དུ་དབུ་ཚལ་གསེར་ཁང་དུ་ཞུས་ཤིང་གཏན་ལ་ཕབ་པའོ།། །།

རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད།


DNG006_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣ་པུཥྚ་མ་ཧཱ་ཏནྟྲ། བོད་སྐད་དུ། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད། བཅོམ་ལྡན་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་རྣམ་པར་བཤད་པའི་དུས་ཉིད་ན། རང་བྱུང་ལྷུན་གྲུབ་ཕོ་བྲང་གདལ་བ་རུ། །ཡེ་སངས་རྒྱས་པའི་སྟོན་པ་ཀུན་བཟང་དེས། །ཐ་དད་མེད་པའི་སྟོན་པ་རྡོ་རྗེ་སེམས་དཔའ་ལ། །ཐམས་ཅད་དེ་བཞིན་ཉིད་ལས་བྱུང་བ་སྟེ། །དེ་ལས་མ་གཏོགས་དངོས་པོ་གང་ཡང་མེད། །དེ་བཞིན་ཉིད་ལ་ཕུན་སུམ་ཚོགས་ལྔ་སྟེ། །བྱུང་བའི་སྐུ་ཡི་ཕུན་སུམ་ཚོགས་ལྔ་དང་། །འབྱུང་བའི་སྐུ་ཡི་ཕུན་སུམ་ཚོགས་ལྔ་དང་། །བྱུང་ནས་གནས་པའི་སྐུ་ཡི་ཕུན་སུམ་ཚོགས་པའོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ལ་ཡང་རྣམ་ལྔ་སྟེ། །བྱུང་དང་འབྱུང་དང་བྱུང་ནས་གནས་པའོ། །སེམས་སུ་བྱུང་བའི་ཕུན་སུམ་ཚོགས་པ་རྣམ་ལྔ་སྟེ། །སེམས་སུ་བྱུང་དང་འབྱུང་དང་བྱུང་ནས་གནས་པའོ། །ཡིད་དུ་བྱུང་བ་ལ་ཡང་ཕུན་སུམ་ཚོགས་པ་རྣམ་ལྔ་སྟེ། །ཡིད་དུ་བྱུང་དང་འབྱུང་དང་བྱུང་ནས་གནས་པའོ། །ཟེར་དུ་བྱུང་བའི་ཕུན་སུམ་ཚོགས་པ་ནི། །སྐུ་ཡི་ཟེར་དུ་བྱུང་བའི་ཕུན་སུམ་ཚོགས་ལྔ་དང་། །ཡེ་ཤེས་ཟེར་དུ་འབྱུང་བའི་ཕུན་སུམ་ཚོགས་ལྔ་དང་། །སེམས་ཉིད་ཟེར་དུ་གནས་པའི་ཕུན་སུམ་ཚོགས་ལྔ་དང་། །ཡིད་ཉིད་ཟེར་དུ་ཤར་བའི་ཕུན་སུམ་ཚོགས་ལྔའོ། །སྐུ་ཉིད་སྐུ་རུ་བྱུང་བའི་ཕུན་སུམ་ཚོགས་ལྔ་དང་། །སྐུ་ཉིད་ཡེ་ཤེས་འབྱུང་བའི་ཕུན་སུམ་ཚོགས་ལྔ་དང་། །སྐུ་ཉིད་སེམས་སུ་གནས་པའི་ཕུན་སུམ་ཚོགས་ལྔ་དང་། །སྐུ་ཉིད་འོད་དུ་ཤར་བའི་ཕུན་སུམ་ཚོགས་ལྔའོ། །ཡེ་ཤེས་ཡེ་ཤེས་ཕུན་སུམ་ཚོགས་ལྔ་དང་། །ཡེ་ཤེས་སྐུ་རུ་བྱུང་བའི་ཕུན་སུམ་ཚོགས་ལྔ་དང་། །ཡེ་ཤེས་སེམས་སུ་གནས་པའི་ཕུན་སུམ་ཚོགས་ལྔ་དང་། །ཡེ་ཤེས་ཟེར་དུ་ཤར་བའི་ཕུན་སུམ་ཚོགས་ལྔའོ། །སེམས་ཉིད་སྐུ་རུ་བྱུང་བའི་ཕུན་སུམ་ཚོགས་ལྔ་དང་། །སེམས་ཉིད་ཡེ་ཤེས་འབྱུང་བའི་ཕུན་སུམ་ཚོགས་ལྔ་དང་། །སེམས་ཉིད་སེམས་སུ་གནས་པའི་ཕུན་སུམ་ཚོགས་པ་དང་། །སེམས་ཉིད་ཟེར་དུ་ཤར་བའི་ཕུན་སུམ་ཚོགས་པའོ། །ཟེར་ཉིད་སྐུ་རུ་བྱུང་བའི་ཕུན་སུམ་ཚོགས་ལྔ་དང་། །ཟེར་ཉིད་ཡེ་ཤེས་འབྱུང་


DNG006_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕུན་སུམ་ཚོགས་ལྔ་དང་། །ཟེར་ཉིད་སེམས་སུ་གནས་པའི་ཕུན་སུམ་ཚོགས་པ་དང་། །ཟེར་ཉིད་ཟེར་དུ་ཤར་བའི་ཕུན་སུམ་ཚོགས་པའོ། །དུས་དང་གནས་དང་སྟོན་པ་འཁོར་ཉིད་དང་། །བསྟན་པ་ཀུན་དང་དབྱེར་མེད་གང་གནས་པ། །བྱུང་དང་འབྱུང་ནས་གནས་པ་ཀུན་ལ་ཁྱབ། །སྙིང་པོ་ཉིད་ལ་དེ་བཞིན་གང་གནས་པ། །དེ་ལས་བྱུང་བ་ཀུན་ཀྱང་དེ་བཞིན་ནོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། གླེང་གཞིའི་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །བཅོམ་ལྡན་ཀུན་ཏུ་བཟང་པོའི་གནས་ལུགས་དང་། །ཀུན་ཏུ་བཟང་པོའི་ངོ་བོ་དང་། །ཀུན་ཏུ་བཟང་པོ་ཉིད་ཀྱི་སྣང་ཚུལ་དང་། །ཀུན་ཏུ་བཟང་པོ་དཔེ་ཡིས་མཚོན་བྱེད་དང་། །ཀུན་ཏུ་བཟང་པོའི་རིགས་རྣམས་དབྱེ་བ་དང་། །ཀུན་ཏུ་བཟང་པོའི་སྐུ་ཡི་སྣང་ཚུལ་དང་། །ཀུན་ཏུ་བཟང་པོའི་གསུང་གི་སྣང་ཚུལ་དང་། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་སྣང་ཚུལ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཀུན་ཏུ་བཟང་པོ་ང་ཡི་གནས་ལུགས་ནི། །བཅོམ་ལྡན་ང་ཡི་དོན་ཆེ་བས། །ཐོག་མ་ཐ་མ་མེད་ནས་རང་བཞིན་ལྷུན་གྱིས་གྲུབ། །དུས་གསུམ་དབྱེ་བ་མེད་པས་སྙིང་པོའི་ངང་དུ་གཅིག །རང་བཞིན་ཡོངས་ལ་ཁྱབ་པས་ཐམས་ཅད་ཀུན་ཏུ་བཟང་། །དབྱེར་མེད་མཉམ་པར་གནས་པས་འཕེལ་འགྲིབ་ཀུན་ལས་འདས། །ཀུན་ཏུ་བཟང་པོ་ཉིད་ཀྱི་ངོ་བོ་ནི། །དགེ་དང་མི་དགེ་དག་ལས་དེ་ཉིད་གྲུབ་པ་མེད། །ལས་དང་སྨོན་ལམ་དག་གིས་རྐྱེན་མ་བྱས། །རང་བྱུང་ངང་ཞི་འདུས་མ་བྱས་པ་ཡིས། །ཟག་མེད་ཕུང་པོ་རང་བྱུང་ཡེ་ཤེས་ལྔ། །ཡོད་པ་མ་ཡིན་དེ་ནི་མེད་པ་མིན། །སྣང་བ་མ་ཡིན་དེ་ནི་སྟོང་མ་ཡིན། །ང་ཉིད་གང་དུ་མ་གྲུབ་པས། །སྣ་ཚོགས་ཐམས་ཅད་དེ་ཉིད་ང་ཡི་ངང་། །ཀུན་འབྱུང་ཡོན་ཏན་རིན་ཆེན་སྐུ། །དབུ་མ་གཉིས་སུ་ཡོད་མ་ཡིན། །ཡོད་དེ་ཡེ་ཤེས་ཆེན་པོའི་སྐུ། །མེད་དེ་ནམ་མཁའ་དག་པའི་ངང་། །དངོས་དང་དངོས་པོ་མ་ཡིན་པས། །རང་བཞིན་སྒྱུ་མ་ལྟ་བུའི་སྐུ། །བལྟས་ན་སྣང་སྟེ་བརྟགས་ན་སྟོང་། །སྒྱུ་མས་སྒྱུ་མའི་དོན་ཡང་བྱེད། །མ་གཡོག་རང་སྣང་


DNG006_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན། །སྟོང་པ་སྙིང་པོའི་དོན་ཉིད་མཚོན། །སྒྱུ་མ་དངོས་སུ་མ་གྲུབ་པས། །མེད་པས་འགག་པ་དངོས་མ་ཡིན། །མི་རྟོག་ཡེ་ཤེས་ཆེན་པོ་དེས། །ཟག་མེད་སྒྱུ་མའི་སྐུ་ལ་བརྟེན། །ཡོན་ཏན་མ་འགགས་མཚན་དཔེར་སྣང་། །ཆགས་པ་མེད་ཅིང་ཐོགས་པ་མེད། །ཡེ་ཤེས་མཐའ་གཏིང་མེད་པར་གསལ། །མཐའ་དབུས་མེད་པ་ཀུན་གྱི་དབྱིངས། །རང་བཞིན་མེད་པ་ཐམས་ཅད་ཆུབ། །རྟོགས་པའི་སྨྲ་བསམ་ཡུལ་ལས་འདས། །སངས་རྒྱས་སྐུ་སྟེ་རང་བྱུང་མཆོག །ཀུན་ཏུ་བཟང་པོ་ཉིད་ཀྱི་སྣང་ཚུལ་ནི། །གང་ཞིག་ང་ལ་གཟུགས་སུ་མཐོང་། །གང་དག་ང་སྒྲར་འཛིན་པར་ན། །དངོས་པོ་རྫས་སུ་འདོད་པ་རྣམས། །ལོག་པར་རྟོག་པའི་སྤྱོད་ཡུལ་ཏེ། །དམ་པའི་དོན་ལ་དེ་ཉིད་མེད། །མཐོང་ངོ་ཞེས་ནི་འཁྲུལ་པའི་སྐུ། །དྲན་ནོ་ཞེས་ནི་རྟོག་པའི་ཐུགས། །སྒྱུ་མའི་སྐུ་ནི་མེད་པས་སྟོང་། །སྙིང་པོའི་སྐུ་ནི་ཅིར་ཡང་འཆར། །བསམ་དུ་མེད་པས་རྟོགས་པ་དཀའ། །བཙལ་དུ་མེད་དེ་ཡེ་ནས་གནས། །སྤང་ཐོབ་མེད་པའི་འབྲས་བུ་ཉིད། །ཆེ་འོ་རང་བྱུང་གདོད་ནས་ཆེ། །སངས་རྒྱས་མ་ཡིན་སེམས་ཅན་མིན། །འབྲས་བུ་མ་ཡིན་ལམ་མ་ཡིན། །ངོ་བོ་ཉིད་དེ་རང་བྱུང་སྐུ། །ཀུན་ཏུ་བཟང་པོའི་མཚོན་བྱ་ནི། །མིང་ཚིག་ཡུལ་ལས་འདས་པས་མཚོན་དུ་མེད་པས་ན། །བརྡའ་ཙམ་དག་གིས་ཕྱོགས་གཅིག་མཚོན་པས་ན། །འདུས་མ་བྱས་པའི་ནམ་མཁའ་ཆེན་པོ་དེ། །ཐོགས་པར་བྱེད་པའི་རེག་བྱ་ཀུན་དང་བྲལ། །ནམ་མཁའ་དེ་ལ་གནས་ཀྱང་ཐམས་ཅད་གནས། །ནམ་མཁའ་དེ་ལས་བྱུང་ཡང་ཐམས་ཅད་བྱུང་། །རང་བྱུང་རང་ཞི་ནམ་མཁའ་དེ་འདྲ་ལ། །ལྷུན་གྲུབ་ཀུན་བཟང་དང་མཚུངས་ཞེས་བྱའོ། །ཀུན་ཏུ་བཟང་པོའི་རིགས་རྣམས་དབྱེ་བ་ནི། །རིས་མེད་ཀུན་ལ་དེ་བཞིན་ཁྱབ་པའོ། །ཡེ་ཤེས་ཀུན་ཏུ་བཟང་པོ་ནི། །རང་རིག་རང་གསལ་གདལ་ཁྱབ་དབྱེར་མེད་ཀུན་ཏུ་བཟང་པོ་ནི། ལྷུན་གྲུབ་སྙིང་པོ་དེ་ཉིད་དོ། །སེམས་ཉིད་ཀུན་ཏུ་བཟང་པོ་ནི། །གསལ་ལ་རྟོག་པ་མེད་པའོ། །ཡིད་ཀྱི་ཀུན་ཏུ་བཟང་པོ་ནི། །ཐམས་ཅད་བྱ་བ་བྱེད་པའོ། །ཀུན་ཏུ་བཟང་པོའི་སྐུ་ཡི་རང་བཞིན་ནི། །གྱུར་པ་མེད་པ་སྙིང་པོ་ངེས་པའི་ཀློང་། །གོས་པ་མེད་པ་བདེ་བ་ཆེན་པོའི་ངང་། །


DNG006_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ལ་ཁྱབ་པ་འདུ་འབྲལ་མེད་པ་ཉིད། །འཕེལ་འགྲིབ་མེད་པ་ཐམས་ཅད་འབྱུང་བའི་གཞི། །ཀུན་ལ་ཡོད་ཀྱང་དེ་ཉིད་གཟུགས་མ་ཡིན། །རིས་མེད་འདུས་མ་བྱས་པས་མཚོན་དུ་མེད་པ་སྟེ། །ཞི་འགག་མེད་པས་ཐམས་ཅད་འབྱུང་བ་སྟེ། །གོས་པ་མེད་པས་རང་བཞིན་དག་པའི་སྐུ། །དེ་བཞིན་ཐོགས་པ་མེད་པས་གང་ལྟར་བརྟགས་པར་སྣང་། །དངོས་པོ་སྒྱུ་མར་མེད་པས་ཐམས་ཅད་ཀུན་བཟང་ཉིད། །གོང་ལྟར་མཐོང་བརྟགས་དེ་ཉིད་དག་པ་ལ། །དེ་ལས་གཞན་ཞིག་སྣང་བ་ཡོད་མ་ཡིན། །སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་སྣང་། །ཐུགས་རྗེ་ཐབས་མཁས་རོལ་པ་ཅིར་ཡང་འཆར། །སྟོང་དང་སྐྱེ་བར་སྣང་བ་དབྱེར་མེད་པས། །མཐའ་རྣམས་ཀུན་ལས་འདས་པས་འདི་ཞེས་བརྗོད་དུ་མེད། །ཡེ་ནས་ང་ནི་དག་པའི་སྐུ། །ཀུན་ཏུ་བཟང་ཞེས་བྱ་བ་ནི། །ཐམས་ཅད་ཀུན་གྱི་སྐུ་ཡིན་པས། །ཡེ་ནས་ང་ནི་རྒྱལ་བའི་སྐུ། །ཡེ་ནས་ང་ནི་བྱང་སེམས་སྐུ། །ཡེ་ནས་ང་ནི་འཕགས་པའི་སྐུ། །ཡེ་ནས་ང་ནི་དགྲ་བཅོམ་སྐུ། །ཀུན་ཏུ་བཟང་པོ་མཉམ་པའི་ངང་། །མི་འགྱུར་བདེ་བ་གཡུང་དྲུང་སྐུ། །ཐིག་ལེ་ཉག་གཅིག་སྤྲོས་མེད་སྐུ། །ཐབས་མཁས་ཅིར་ཡང་འཆར་བའི་སྐུ། །སྣ་ཚོགས་རང་སྣང་ཆེན་པོ་ཡིས། །ཡེ་འབྱམས་ཆེན་པོའི་བདག་ཉིད་དེ། །རང་བྱུང་འཆར་བའི་སྐུ་ཉིད་ལས། །སྐུ་ལས་སྐུ་འབྱུང་སྐུ་སྣང་བའོ། །ཀུན་ཏུ་བཟང་པོའི་གསུང་གི་སྣང་ཚུལ་ནི། །ལོག་རྟོགས་ཉོན་མོངས་སྤངས་པ་ཡིས། །གསུང་མཆོག་འདི་ནི་གྲུབ་པ་མེད། །ངེས་པའི་དོན་གྱི་སྙིང་པོ་ལས། །རང་བྱུང་རང་ཞི་རང་སྒྲ་ཡིས། །ཡེ་ཤེས་རང་བྱུང་རང་སྒྲ་ཡིན། །ཡེ་ཤེས་འགག་མེད་སྙིང་པོའི་གསུང་། །མ་བཙལ་མ་བསྒྲུབས་རང་བྱུང་སྒྲ། །བདེ་སྟོང་རིག་སྟོང་གསལ་སྟོང་སྒྲ། །ཀུན་ཁྱབ་གོས་པ་མེད་པའི་སྒྲ། །གསུང་གཅིག་སྒྲ་ཡིས་ཐམས་ཅད་གོ། །རྟོག་མེད་སྒྲ་ཆེན་འབྱམས་པའི་གསུང་། །དུས་གསུམ་རྒྱུན་མི་འཆད་པར་འབྱུང་། །དབྱིངས་ཀྱི་གསུང་ལས་མ་འདས་ཀྱང་། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ། །འདུལ་བའི་གཉེན་པོ་བརྒྱད་ཁྲི་དང་། །བཞི་སྟོང་དེ་དག་འབྱུང་བ་ཡིན། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བརྗོད་དུ་མེད་པ་བརྗོད་པ་ཆེན་པོའི་མཆོག །མིང་ཚིག་ཡི་གེ་


DNG006_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལས་འདས། །སྒྲ་ལས་རྒྱལ་བའི་གསུང་མཆོག་སྟེ། །ངག་ཏུ་བརྗོད་པ་གསུང་མ་ཡིན། །ཚིག་ཏུ་སྣང་བ་དངོས་མ་ཡིན། །བརྗོད་ཅེས་གསུངས་པ་དོན་མ་ཡིན། །འཁོར་རྣམས་སོ་སོའི་སྣང་བ་ལས། །བརྗོད་པའི་རྒྱུ་དང་བརྗོད་པའི་ཡུལ། །ཐ་དད་ང་ཡིས་མ་བརྗེད་ཀྱང་། །རྒྱལ་བའི་སྲས་པོ་ཅང་མི་གསུང་། །མ་གསུངས་པས་ནི་རྒྱ་ཆེར་བཤད། །སྨྲས་པའི་དོན་རྣམས་ཡོད་མ་མཐོང་། །རང་བྱུང་རང་ཞིའི་གསུང་ཉིད་དོ། །སྙིང་པོ་སྤྲོས་བྲལ་གསུང་ཉིད་ཀྱིས། །ཐམས་ཅད་དེ་བཞིན་ཉིད་དུ་གསལ། །གདལ་ཁྱབ་རིག་པའི་གསུང་ཉིད་ཀྱིས། །རིག་པ་བརྗོད་དུ་མེད་པའི་གསུང་། །གསལ་ལ་རྟོག་མེད་གསུང་ཉིད་ཀྱིས། །དབྱེར་མེད་བྱང་ཆུབ་སེམས་སུ་གསལ། །མཚོན་བྱ་བརྡའ་དོན་གསུང་ཉིད་ཀྱིས། །སྒྲ་མིང་ལ་བརྟེན་དོན་དུ་གསལ། །གསུང་ལས་གསུང་བྱུང་གསུང་སྣང་བའོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་སྣང་ཚུལ་ནི། །རང་བྱུང་གདོད་ནས་དག་པ་ཡི། །ཡེ་ཤེས་ཡེ་ཤེས་ལས་བྱུང་བས། །དུས་གསུམ་འབྲལ་བ་མེད་པའི་ངང་། །མི་སྐྱེ་མི་འབྲལ་ནམ་མཁའི་ཐུགས། །ཐུགས་རྗེ་མ་གཡོས་འགྲོ་བའི་དཔལ། །ཡེ་ཤེས་དབྱིངས་ལས་མ་གཡོས་པར། །སོ་སོའི་ཏིང་འཛིན་སྣ་ཚོགས་གསལ། །རྟོགས་ཏེ་བལྟ་རུ་ཡོད་པ་མིན། །སྣང་སྟེ་བསྒོམ་དུ་ཡོད་པ་མིན། །ཤེས་ནས་སྤྱད་དུ་ཡོད་པ་མིན། །རང་ལས་བྱུང་ཞིང་རང་ལས་ཞི། །འབྲས་བུ་རང་བྱུང་རང་ཞིའོ། །ཀུན་བཟང་ཐུགས་ཀྱི་རང་བཞིན་ནོ། །སངས་རྒྱས་ཐམས་ཅད་ང་ལས་བྱུང་། །ཡེ་ཤེས་ཐམས་ཅད་ང་ལས་བསྐྱེད། །ང་མེད་ང་ཡི་སྔོན་རོལ་ནས། །ང་ཡང་ང་མེད་ང་ཉིད་ངའོ། །ང་ནི་མེ་ལོང་བཞིན་སྣང་བས། །སྒེག་མོས་བལྟས་ན་མཐོང་བའོ། །ཐུགས་ལས་ཐུགས་བྱུང་ཐུགས་སྣང་བའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཀུན་ཏུ་བཟང་པོའི་རང་བཞིན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཀུན་ཏུ་བཟང་མོའི་གནས་ལུགས་དང་། །ཀུན་ཏུ་བཟང་མོའི་ངོ་བོ་དང་། །ཀུན་ཏུ་བཟང་མོའི་སྣང་ཚུལ་དང་། །ཀུན་ཏུ་བཟང་མོ་དཔེ་ཡིས་མཚོན་བྱེད་དང་། །


DNG006_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་མོའི་རིགས་རྣམས་དང་། །ཀུན་ཏུ་བཟང་མོའི་སྐུ་ཡི་སྣང་ལུགས་དང་། །ཀུན་ཏུ་བཟང་མོའི་ཐུགས་ཀྱི་སྣང་ལུགས་དང་། །ཀུན་ཏུ་བཟང་མོའི་ཐུགས་ཀྱི་སྣང་ཚུལ་དང་། །དེ་རྣམས་གཅིག་ལས་ཐ་དད་སྣང་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །སྐྱེ་མེད་ཀུན་ཏུ་བཟང་མོའི་གནས་ལུགས་ནི། །གཞི་ལ་སྐྱེ་བ་མེད་པ་ཀུན་ཏུ་བཟང་མོ་ནི། །སྐྱེ་བ་མེད་པར་ལྡན་པའི་ཆོས་བདུན་ཏེ། །རང་བཞིན་སྐྱེ་བ་མེད་པར་གནས་པས་ངོ་བོ་སྐྱེ་མེད་འབྱུང་། །རང་བཞིན་འབྱུང་བ་མེད་པས་སྙིང་པོ་ཅིར་ཡང་འཆར། །རང་བཞིན་འགག་པ་མེད་པས་སྣ་ཚོགས་ཅིར་ཡང་གསལ། །ཐོག་མཐའ་མེད་པར་རང་བཞིན་ལྷུན་གྱིས་གྲུབ། །གཞི་ཉིད་དག་པས་ངོ་བོ་དག་པ་བྱུང་། །རྩལ་ཉིད་དག་པས་སྐྱེ་མེད་ཡོངས་སུ་དག །ཡེ་ནས་སྟོང་པས་སྙིང་པོ་གསལ་སྟོང་འབྱུང་། །ཀུན་ནི་ཁྱབ་པ་ཡིན་པ་སྟེ། །སྐྱེ་མེད་སྟོང་པས་ཀུན་ལ་ཁྱབ། །འཁོར་བའི་དུས་ན་སྟོང་པ་ལ། །མྱང་འདས་དུས་ན་སྟོང་པ་ཉིད། །ཏུ་ནི་འགག་པ་མེད་པ་ཡིན། །ངོ་བོ་འགག་པ་མེད་པ་ཡིས། །ཐམས་ཅད་འབྱུང་བའི་གཞི་ཡང་བྱས། །བཟང་ནི་གོས་པ་མེད་ཅིང་འཕེལ་འགྲིབ་མེད། །ཐོག་མ་ཐ་མ་མེད་པར་བཟང་། །མོ་ནི་སྐྱེད་པར་བྱེད་པས་ཏེ། །དབྱིངས་ལས་ཡེ་ཤེས་སྐྱེད་པར་བྱེད། །སྐྱེ་མེད་ཀུན་ཏུ་བཟང་མོའི་ངོ་བོ་ནི། །ལྷུན་གྲུབ་སྐྱེ་བ་མེད་པ་དེ་ཉིད་ལས། །ཆོས་ཀྱི་སྐུ་ཉིད་སྐྱེ་བ་མེད་པ་བྱུང་། །ཆོས་སྐུ་སྐྱེ་མེད་རིགས་མེད་དེ་ཉིད་ལས། །རང་བྱུང་ཡེ་ཤེས་རིག་པ་མི་རྟོག་བྱུང་། །ཡེ་ཤེས་རིག་གསལ་སྟོང་པ་ཆེན་པོ་ལས། །སེམས་ཀྱི་སེམས་ཉིད་སྟོང་པ་ཆེན་པོ་བྱུང་། །རང་བྱུང་མ་བཅོས་ངོ་བོ་ཉིད་ཀྱི་སྐུ། །ཀུན་ལས་གྲོལ་བས་ཀུན་ཏུ་བཟང་མོ་ཉིད། །སྐྱེ་མེད་ཀུན་ཏུ་བཟང་མོའི་སྣང་ཚུལ་ནི། །སྐྱེ་མེད་དབྱིངས་སུ་ཤར་བ་ཡིས། །གང་ལྟར་འདོད་པ་བཞིན་དུ་སྣང་། །སངས་རྒྱས་རྣམས་ནི་ཡེ་ཤེས་སྐྱེ། །བྱང་སེམས་རྣམས་ནི་སྒྱུ་ལུས་སྤང་། །འཕགས་པ་རྣམས་ནི་ཏིང་འཛིན་སྐྱེ། །རང་རྒྱལ་རྣམས་ནི་འགྲོ་དོན་མཛད། །ཉན་ཐོས་རྣམས་ཀྱང་ཐར་ལམ་སྤང་། །སངས་རྒྱས་རྣམས་ཀྱི་སྐུ་རུ་གནས། །ལམ་ལ་


DNG006_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་ལམ་ཡང་ཐོབ། །ཞི་དང་ཁྲོ་ལ་སོགས་པ་ཡིས། །དཀྱིལ་འཁོར་མ་ལུས་སྣ་ཚོགས་འཆང་། །ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །གང་ལྟར་བཞིན་དུ་འཆར་བའོ། །སྐྱེ་མེད་ཀུན་ཏུ་བཟང་མོའི་མཚོན་དཔེ་ནི། །སྐྱེ་མེད་མཚོན་པའི་དཔེ་ལས་འདས་པ་སྟེ། །བརྡའ་ཙམ་དག་གིས་མཚོན་པར་བྱ་བ་ནི། །ནམ་མཁའ་ཀུན་ལས་གྲོལ་བ་ཆོས་ཉིད་ནམ་མཁའ་ནི། །ཀུན་ཡང་འཆར་དུ་རུང་སྟེ་ཀུན་གྱིས་གོས་པ་མེད། །ཐམས་ཅད་ཐམས་ཅད་འཆར་བའི་དཔལ། །ནམ་མཁའ་ཆེན་པོའི་ཚུལ་དུ་གནས་པའོ། །སྐྱེ་མེད་ཀུན་ཏུ་བཟང་མོའི་རིགས་རྣམས་ནི། །སྐྱེ་མེད་དེ་ལ་བདེ་གཤེགས་གཟུགས་བརྙན་ཤར། །བདེ་གཤེགས་རྒྱལ་བ་དུ་མ་སོ་སོར་སྣང་། །སྣང་བའི་དུས་ན་རང་བཞིན་སྐྱེ་བ་མེད། །རང་བྱུང་ཡེ་ཤེས་རིག་གསལ་སྐྱེ་མེད་དུ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སོ་སོར་གསལ། །གསལ་ཙམ་ཉིད་ན་ཡེ་ཤེས་སྐྱེ་བ་མེད། །སེམས་ཉིད་སྟོང་པ་རང་གསལ་སྐྱེ་མེད་དུ། །འགྲོ་དྲུག་རྣམས་ཀྱི་བག་ཆགས་སོ་སོར་གསལ། །གསལ་ཙམ་ཉིད་ན་སེམས་ཉིད་སྐྱེ་བ་མེད། །སྐྱེ་མེད་འགག་མེད་ཡེ་ནས་རང་བྱུང་དག །སྐྱེ་མེད་ཀུན་ཏུ་བཟང་མོ་སྐུ་ཡི་སྣང་ཚུལ་ནི། །རང་བྱུང་འདུས་མ་བྱས་པ་ཡིས། །རྒྱུ་འབྲས་གཉེན་པོ་ཡོད་མ་ཡིན། །ངོ་བོ་དབྱིངས་འགག་མེད་པ་ཡིས། །སྐུ་དང་ཡེ་ཤེས་སྣ་ཚོགས་སྣང་། །རྩལ་ཉིད་དུ་མར་ཤར་བ་ཡིས། །རིགས་རྣམས་སྤྲུལ་སྐུ་སོ་སོར་སྣང་། །ངོ་བོ་གོས་པ་མེད་པ་ཡིས། །གང་ལྟར་བྱས་ཀྱང་གོས་པ་མེད། །སྐུ་ཡི་རང་བཞིན་དེ་དག་ལས། །གང་ལྟར་བརྟགས་པ་ཉིད་དུ་ཤར། །དུས་མཐའ་མེད་པར་ཡེ་ནས་གནས། །འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ། །དཀྱིལ་འཁོར་སྣ་ཚོགས་འཆར་བའོ། །སྐྱེ་མེད་ཀུན་ཏུ་བཟང་མོའི་གསུང་གི་རང་བཞིན་ནི། །ཁྱབ་པའི་གསུང་ནི་ནམ་མཁའ་ལྟ་བུ་སྟེ། །མ་བཅོས་རང་བྱུང་ནམ་མཁའ་ལྟ་བུ་ཉིད། །ཡོངས་ལ་ཁྱབ་པས་ནམ་མཁའ་ལྟ་བུའི་གསུང་། །གོས་པ་མེད་པས་ནམ་མཁའ་ལྟ་བུའི་གསུང་། །བཅོས་སུ་མེད་པ་ནམ་མཁའ་ལྟ་བུ་ཡིས། །འགག་པ་མེད་པས་ནམ་མཁའ་ལྟ་བུའི་གསུང་། །དབྱིངས་ལས་སྒྲ་བྱུང་སྐྱེ་བ་མེད་པའི་གསུང་། །གསུང་མཆོག་འདི་ནི་སྐྱེ་བ་མེད་པའི་གསུང་། །


DNG006_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་སྟོང་པ་བདེ་བ་སེང་གེའི་སྒྲ། །ཀུན་གྱི་རང་བཞིན་བྱེད་པ་མེད་པའོ། །སྐྱེ་མེད་ཀུན་ཏུ་བཟང་མོ་ཐུགས་ཀྱི་རང་བཞིན་ནི། །དབྱིངས་ཀྱི་སྙིང་པོ་ཀུན་མཁྱེན་པས། །རྟོག་མེད་མཉམ་ཉིད་བདེ་ཆེན་ཐུགས། །འདུ་འབྲལ་མེད་པའི་རང་བཞིན་ཀློང་། །རང་བྱུང་མ་བཅོས་སྙིང་པོའི་ཐུགས། །མཐའ་མེད་ནམ་མཁའ་སྙིང་པོའི་ཀློང་། །སྤང་ཐོབ་མེད་པའི་འབྲས་བུ་འདི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེའི་ཐུགས། །སྣ་ཚོགས་ཐམས་ཅད་ཐུགས་ལས་བྱུང་། །ཀུན་གྱི་རང་བཞིན་བྱེད་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཀུན་ཏུ་བཟང་མོའི་རང་བཞིན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །སྲས་མཆོག་སྡུད་པའི་གནས་ལུགས་དང་། །ངོ་བོ་ཆོས་རྣམས་དུ་དང་ལྡན་པ་དང་། །སྣང་ཚུལ་ཇི་ལྟར་སྣང་བ་དང་། །དབྱེར་མེད་ཇི་ལྟར་གནས་པ་དང་། །སྐུ་གསུང་ཐུགས་དང་གང་ལྡན་ལགས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །བྱུང་བའི་གནས་ལུགས་འབྱུང་བའི་གནས་ལུགས་དང་། །བྱུང་ནས་གནས་པའི་གནས་ལུགས་རྣམ་གསུམ་སྟེ། །གཞི་ཡི་རྡོ་རྗེ་སེམས་དཔའི་གནས་ལུགས་དེ། །བྱུང་བ་གཞི་ཡི་སྐུ་ཡི་གནས་ལུགས་ནི། །ཐོག་མ་མེད་པའི་དུས་ཉིད་ནས། །སངས་རྒྱས་སེམས་ཅན་མིང་མེད་དེ། །གཞི་ཉིད་གང་དུ་མ་གྱུར་པས། །གང་དུ་ཡང་ནི་མ་བཅོས་པའོ། །གང་དུ་ཡང་ནི་མ་བཅོས་པས། །ཆོས་རྣམས་ཐམས་ཅད་བསྡུས་པའོ། །འབྱུང་བའི་སྐུ་ཡི་གནས་ལུགས་ནི། །མི་འགྱུར་བ་ཡི་རྡོ་རྗེ་སྟེ། །ནམ་མཁའ་ཆེན་པོ་དེ་ཉིད་ཡིན། །ཕྱི་ནང་དབྱེར་མེད་གནས་པས་སེམས། །གང་གིས་གོས་པར་མ་གྱུར་པ། །དེ་ནི་དཔའ་བོ་ཆེན་པོ་ཡིན། །ངོ་བོ་མི་འགྱུར་གནས་པ་ཡིས། །དེ་ལས་བྱུང་བར་གྱུར་པ་མེད་པར་གནས། །བྱུང་ནས་གནས་པ་སྐུ་ཡི་གནས་ལུགས་ནི། །སེམས་ཀྱི་རང་བཞིན་གང་དུ་མི་འགྱུར་བས། །བྱུང་དང་འབྱུང་བའི་ཆོས་རྣམས་ཐམས་ཅད་བསྡུས་ནས་གནས། །ངོ་བོ་ཆོས་རྣམས་གསུམ་དང་ལྡན་པ་སྟེ། །ཀུན་ཏུ་བཟང་པོ་རིགས་མེད་ངོ་བོ་དང་


DNG006_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྡན། །ཀུན་ཏུ་བཟང་མོ་སྐྱེ་མེད་ཡེ་ཤེས་དང་ཡང་ལྡན། །དབྱེར་མེད་གནས་པ་སྡུད་པ་པོ་ཉིད་དེ། །བྱུང་བའི་སྡུད་པ་པོས་ནི་ཀུན་ཏུ་བཟང་པོའི་ཆོས་རྣམས་འགག་མེད་བསྡུས། །འབྱུང་བའི་སྡུད་པ་པོས་ནི་ཀུན་ཏུ་བཟང་མོའི་ཆོས་རྣམས་བསྡུས། །བྱུང་ནས་གནས་པའི་སྡུད་པ་པོས་ནི་རང་བཞིན་གཅིག་པར་དབྱེར་མེད་སྡུད་པའོ། །རྡོ་རྗེ་སེམས་པ་དཔའ་བོའི་སྣང་ཚུལ་ནི། །གཞི་ཉིད་ཅིར་ཡང་ངེས་པ་མེད་པ་ཡིས། །ཕྱི་ཉིད་དག་པས་ནམ་མཁའ་ལྟ་བུར་སྣང་། །ནང་ཉིད་དག་པས་ཡེ་ཤེས་ལྟ་བུར་སྣང་། །དབྱེར་མེད་དག་པས་ཕྱི་ནང་གཅིག་པར་སྣང་། །ཕྱོགས་ལྷུང་མེད་པས་གང་ལྟར་འདོད་པར་སྣང་། །ཐམས་ཅད་ང་ཡི་སྣང་བ་ཡིན། །ཕྱི་ནང་གསང་བ་ང་ཡིས་བསྡུས། །ང་ལས་མ་བྱུང་སྣང་བ་ནི། །རྡུལ་ཙམ་དག་ནི་ཡོད་པ་མིན། །གང་ལྟར་སྣང་ཡང་རྡོ་རྗེ་སེམས་དཔའོ། །དབྱེར་མེད་ཇི་ལྟར་གནས་དཔེ་ནི། །ཀུན་ཏུ་བཟང་པོ་སྣ་ཚོགས་སྣང་བ་དང་། །ཀུན་ཏུ་བཟང་མོ་སྐྱེ་འགག་མེད་པ་དེ། །དབྱེར་མེད་སྡུད་པ་པོ་ཡིས་བསྡུས་པ་སྟེ། །དཔེར་ན་ཤེལ་དང་ཤེལ་གྱི་འོད་བཞིན་དུ། །རང་བཞིན་ཐ་དད་མ་ཡིན་ངོ་བོ་གཅིག་པར་གནས། །ཀུན་ཏུ་བཟང་པོ་དར་གྱི་ཁ་དོག་བཞིན། །ཀུན་ཏུ་བཟང་མོ་དར་གྱི་སེང་པ་བཞིན། །སྡུད་པ་པོ་ནི་དར་གྱི་སྤྱི་བཞིན་གནས། །ཞི་འགག་མེད་པ་ཀུན་ཏུ་བཟང་པོ་སྟེ། །དེ་ཀུན་ངོ་བོ་སྐྱེ་བ་མེད་པ་ཀུན་ཏུ་བཟང་མོ་ཉིད། །སྐྱེ་འགག་ངོ་བོ་གཅིག་པ་རྡོ་རྗེ་སེམས་དཔའ་སྟེ། །སྤུ་གྲིའི་སོ་དང་རྒྱུ་དང་ཁ་དོག་བཞིན། །ཀུན་ཏུ་བཟང་མོ་རྒྱུ་ཡི་རང་བཞིན་བྱུང་བ་ལ། །ཀུན་ཏུ་བཟང་པོ་ཁ་དོག་རང་བཞིན་གསལ་བ་ཉིད། །རྡོ་རྗེ་སེམས་དཔའ་སོ་ཡི་རང་བཞིན་གཅོད་པ་སྟེ། །ཉི་མའི་སྙིང་པོ་ཟེར་དང་འོད་དུ་གནས། །འོད་དང་ཟེར་ནི་སྙིང་པོས་བསྡུས་པ་སྟེ། །རྡོ་རྗེ་སེམས་དཔའ་ཉིད་ཀྱང་དེ་བཞིན་གནས། །ཀུན་ཏུ་བཟང་མོ་ཆོས་སྐུ་ཉིད་ཡིན་ལ། །ཀུན་ཏུ་བཟང་མོ་ལོངས་སྐུ་ཡིན་པ་སྟེ། །རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུ་ལྟ་བུ། །དཔེར་ན་མེ་ལོང་སྤྱི་དང་གསལ་དྭངས་གཟུགས་བརྙན་བཞིན། །དབྱེར་མེད་སྡུད་པ་རྡོ་རྗེ་སེམས་དཔའ་ཉིད། །སྣང་ཚད་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ། །སྒྲ་རྣམས་


DNG006_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྡོ་རྗེ་སེམས་དཔའི་གསུང་། །དྲན་རྟོག་ཐམས་ཅད་རྡོ་རྗེ་སེམས་དཔའི་ཐུགས། །ཡང་དག་རྫོགས་པའི་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་སེམས་དཔའ་ཉིད་ལས་བྱུང་བ་སྟེ། །རྡོ་རྗེ་སེམས་དཔའ་ཆེ་ཞེས་རྟོགས་པས་ན། །རྫོགས་པའི་འབྲས་བུ་འདི་ལས་བྱུང་། །འདི་ལས་མ་རྟོགས་སངས་རྒྱས་མེད་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། རྡོ་རྗེ་སེམས་དཔའི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །འཁྲུལ་པའི་ལུས་ངག་དག་གི་ངོ་བོ་ལ། །ཀུན་ཏུ་བཟང་མོ་གང་ལ་གནས་པ་ཡིན། །ཀུན་ཏུ་བཟང་པོ་གང་ལ་གནས་པ་ཡིན། །རྡོ་རྗེ་སེམས་དཔའ་གང་ལ་གནས་པ་ཡིན། །ལུས་གང་དེ་ལ་རྫོགས་མ་རྫོགས་པ་ལགས། །མ་རྫོགས་རྫོགས་པ་ཆེན་པོ་ཇི་ལྟར་ལགས། །དེ་ལ་རྫོགས་ན་རྫོགས་ལུགས་ཇི་ལྟར་ལགས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ལུས་ངག་དག་ལ་ཀུན་བཟང་ཡབ་ཡུམ་དང་། །རྡོ་རྗེ་སེམས་དཔའ་དངོས་སུ་རྫོགས་པ་སྟེ། །གསལ་བའི་རྣམ་པར་ཤེས་པ་ཀུན་ཏུ་བཟང་མོ་སྟེ། །དེ་ཡི་ཡུལ་དུ་སྣང་བ་ཀུན་ཏུ་བཟང་པོ་ཉིད། །ཕྱི་ནང་གཉིས་སུ་བསྡུས་ནས་འཛིན་པ་རྡོ་རྗེ་སེམས། །མིག་གི་རྣམ་པར་ཤེས་པ་ཀུན་ཏུ་བཟང་མོ་ལ། །དེ་ཡི་ཡུལ་དུ་སྣང་བ་ཀུན་ཏུ་བཟང་པོ་ཉིད། །མིག་གི་དབང་པོ་རྡོ་རྗེ་སེམས་དཔའོ། །རྣ་བའི་རྣམ་ཤེས་ཀུན་ཏུ་བཟང་མོ་ལ། །དེ་ཡི་ཡུལ་སྒྲ་ཀུན་ཏུ་བཟང་པོ་ཉིད། །རྣ་བའི་དབང་པོ་རྡོ་རྗེ་སེམས་དཔའོ། །སྣ་ཡི་རྣམ་ཤེས་ཀུན་ཏུ་བཟང་མོ་ལ། །དེ་ཡི་ཡུལ་དྲི་ཀུན་ཏུ་བཟང་པོའོ། །སྣ་ཡི་དབང་པོ་རྡོ་རྗེ་སེམས་དཔའོ། །ལྕེ་ཡི་རྣམ་ཤེས་ཀུན་ཏུ་བཟང་མོ་ལ། །དེ་ཡི་ཡུལ་ར་ཀུན་ཏུ་བཟང་པོ་ཉིད། །ལྕེ་ཡི་དབང་པོ་རྡོ་རྗེ་སེམས་དཔའོ། །ལུས་ཀྱི་རྣམ་ཤེས་ཀུན་ཏུ་བཟང་མོ་ལ། །ཡུལ་དེའི་རེག་བྱ་ཀུན་ཏུ་བཟང་པོ་ཉིད། །ལུས་ཀྱི་དབང་པོ་རྡོ་རྗེ་སེམས་དཔའོ། །ཡིད་ཀྱི་རྣམ་ཤེས་ཀུན་ཏུ་བཟང་མོ་ལ། །དེ་ཡི་ཡུལ་ཆོས་ཀུན་ཏུ་བཟང་པོ་ཉིད། །ཡིད་ཀྱི་དབང་པོ་རྡོ་རྗེ་སེམས་དཔའོ། །ཕྱི་ཡི་ཡུལ་རྣམས་སྣང་ལ་རང་བཞིན་མེད། །


DNG006_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་ཤེས་པ་གསལ་ལ་རྟོག་པ་མེད། །དབང་པོ་ལྷུག་པ་རིག་ལ་འཛིན་པ་མེད། །ཕྱི་ནང་བཅོས་སུ་མེད་པ་རྫོགས་པ་ཆེན་པོའི་དོན། །དེ་ལྟར་ལྷུན་གྱིས་གྲུབ་པས་བསྒོམ་མེད་བསྒོམ་པའི་དོན། །བྱར་མེད་བྱས་པ་མེད་པ་བྱུང་བའི་སྤྱོད་པ་ཡིན། །ལུས་ངག་འཁྲུལ་པར་གནས་པ་དེ་ཉིད་ལ། །སྐུ་གསུང་རང་བཞིན་ལྷུན་གྱིས་གྲུབ་པར་རྫོགས། །ལུས་ངག་རིག་ལ་རྣམ་ཤེས་གསུམ་དང་ལྡན། །སྐུ་ཉིད་གསལ་བའི་རྣམ་པར་ཤེས་པ་དང་། །ཡེ་ཤེས་གསལ་བའི་རྣམ་པར་ཤེས་པ་དང་། །སེམས་ཉིད་གསལ་བའི་རྣམ་པར་ཤེས་པའོ། །དབང་པོ་རྣམ་པ་གསུམ་དང་ལྡན་པ་སྟེ། །རྟེན་མེད་གསལ་བ་ཉིད་ཀྱི་དབང་པོ་དང་། །ཐོགས་མེད་སྟོངས་དང་ལྡན་པའི་དབང་པོ་དང་། །བག་ཆགས་ལུས་དང་ལྡན་པའི་དབང་པོའོ། །ཡུལ་ནི་རྣམ་པ་གསུམ་དང་ལྡན་པ་སྟེ། །དམིགས་པ་ཀུན་དང་བྲལ་བའི་ཡུལ་ཉིད་དང་། །དམིགས་ཀྱང་འཛིན་པ་མེད་པའི་ལུས་ཉིད་དང་། །སྣང་བ་སོ་སོར་སྣང་བའི་ཡུལ་ཉིད་དོ། །བྱུང་དང་འབྱུང་དང་བྱུང་ནས་གནས་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། འཁྲུལ་པའི་ལུས་ལ་སྐུ་གསུམ་རྫོགས་པའི་ལེའུ་སྟེ་ལྔ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཡི་གེ་མེད་ལས་ཡི་གེར་བྱུང་བ་དང་། །བརྒྱུད་པ་མེད་ལས་བརྒྱུད་པར་བྱུང་བ་གང་། །རྟོག་པ་མེད་ལས་རྟོག་པ་བྱུང་བ་གང་། །སྣང་བ་མེད་ལས་སྣང་བར་བྱུང་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཐོག་མ་མེད་པའི་དུས་ཉིད་ནས། །སངས་རྒྱས་སེམས་ཅན་མིང་མེད་པས། །གང་དུ་མ་གྲུབ་ནམ་མཁའི་ཚུལ་དུ་གནས། །སྣང་ཚུལ་གང་ཡང་མི་དམིགས་པས། །ཡི་གེ་དག་ནི་ཡོད་མིན་པས། །མཚོན་བྱ་མཚོན་བྱེད་ཀུན་ལས་འདས་པ་ན། །མིང་དང་བརྡའ་དོན་འདྲེལ་བ་ཡོད་མ་ཡིན། །ཡི་གེ་མེད་ལས་ཡི་གེ་བྱུང་བ་ནི། །སྐྱེ་མེད་ཀུན་ཏུ་བཟང་མོ་གྲུབ་པ་ཡིས། །དེ་ཡི་མཚོན་བྱེད་བྱུང་བས་ཡི་གེ་ཨ། །ཨ་དེའི་ངོ་བོ་གསུམ་དང་ལྡན་པ་ལ། །ཨ་དེ་སྐྱེ་བ་མེད་པ་ཀུན་ཏུ་བཟང་མོ་ཡིན། །ཨ་དེ་ཨ་རུ་འབྱུང་བ་ཀུན་ཏུ་བཟང་པོ་ཡིས། །ཨ་དེ་སྡུད་པར་


DNG006_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་རྡོ་རྗེ་སེམས་དཔའ་ཡིན། །ཨ་ལས་མིང་བྱུང་མིང་ལས་ཚིག་བྱུང་ནས། །མིང་དོན་མཚོན་པར་བྱེད་པའི་ཡི་གེ་བྱུང་། །རྒྱུ་ཡི་ཡི་གེ་བྱུང་བའི་ཡི་གེ་ཡིན། །འབྱུང་བའི་ཡི་གེ་མིང་དུ་བྱུང་བ་ཡིན། །བྱུང་ནས་གནས་པའི་ཡི་གེ་ཡུལ་དུ་འགོད་པ་ཡིན། །བརྒྱུད་པ་མེད་པར་བརྒྱུད་པར་བྱུང་བ་ནི། །རང་བཞིན་རྣམ་དག་ཡེ་སངས་རྒྱས་པ་ལས། །རྒྱུ་དང་ལམ་དང་འབྲས་བུར་ཡོད་མ་ཡིན། །བསྒྲུབ་བྱ་ཀུན་དང་བྲལ་བ་གཞི་ཡི་རང་བཞིན་ལས། །ངོ་བོ་ཉིད་ཀྱི་སྐུ་ལས་གཞི་ཡི་རྩལ་གསུམ་བྱུང་། །སྐྱེ་མེད་མཚོན་པ་ཀུན་ཏུ་བཟང་མོ་དང་། །སྐྱེ་བ་མཚོན་པ་ཀུན་ཏུ་བཟང་པོ་དང་། །གཉིས་མེད་མཚོན་པ་རྡོ་རྗེ་སེམས་དཔའ་དང་། །དེ་ལས་བརྒྱུད་པ་རྣམ་གསུམ་བྱུང་བ་ནི། །ཐུགས་ཀྱིས་ཐུགས་ལ་བརྒྱུད་པ་ཡིས། །ཆོས་ཀྱི་སྐུ་ཡི་སྣང་བ་ཤར་བར་བྱུང་། །སྐུ་ཡིས་སྐུ་ལ་བརྒྱུད་པ་ཡིས། །ལོངས་སྤྱོད་རྫོགས་པ་སྐུ་ཡི་སྣང་བ་ཤར་བར་བྱུང་བའོ། །གསུང་གིས་གསུང་ལ་བརྒྱུད་པ་ཡིས། །སྦྲུལ་པའི་སྐུ་ཡི་སྣང་བ་ཤར་བར་བྱུང་བའོ། །རྟོག་པ་མེད་ལས་རྟོག་པ་བྱུང་བ་ནི། །གཞི་ཡི་སྐུ་ལ་རྟོག་དང་བརྟག་ཡུལ་མེད། །དེ་ལས་བྱུང་བ་དག་ལ་རྟོག་ཡུལ་གཉིས་སུ་སྣང་། །ནང་ལྟའི་རིག་པར་ཤར་བས་སྐུ་དང་ཡེ་ཤེས་རྟོག །ཕྱི་ལྟའི་རིག་པ་ཤར་བས་བག་ཆགས་ཁམས་གསུམ་རྟོག །སྣང་བ་མེད་ལས་སྣང་བར་བྱུང་བ་ནི། །སྙིང་པོ་ཉིད་ལས་ཕྱི་དང་ནང་མེད་ཀྱང་། །དེ་ལས་བྱུང་བས་ཕྱི་དང་ནང་དུ་སྣང་། །ཕྱི་ཡི་སྣང་བ་ཀུན་ཏུ་བཟང་པོ་ལ། །ནང་གི་ངོ་བོ་ཀུན་ཏུ་བཟང་མོ་ཡིན། །དབྱེར་མེད་སྣང་བ་རྡོ་རྗེ་སེམས་དཔའ་ཡིན། །ནང་གི་རིག་པ་དེ་ལྟར་ཤར་བ་ཡིས། །ཕྱི་ཡི་སྣང་བ་ཀུན་ཡང་དེ་བཞིན་འཆར། །ཕྱི་ཡི་སྣང་བ་ཇི་ལྟར་ཤར་བ་བཞིན། །ནང་གི་རིག་པ་དག་ཀྱང་དེ་བཞིན་འཆར། །དེས་ན་ཕྱི་དང་ནང་དུ་སྣང་བ་དབྱེར་མེད་དོ། །གཞི་ཉིད་དག་ལས་ཐམས་ཅད་རྫོགས་པས་ན། །གཞི་རྟོགས་པ་ནི་ཐམས་ཅད་རྟོགས་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། གཞི་ལས་བྱུང་བའི་ལེའུ་སྟེ་དྲུག་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །སྐུ་དང་ཡེ་ཤེས་དག་གི་


DNG006_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་དང་། །སྐུ་དང་ཡེ་ཤེས་དག་གི་ཚད་ཉིད་དང་། །སྐུ་དང་ཡེ་ཤེས་དག་གི་ཁྱབ་ཚུལ་དང་། །སྐུ་དང་ཡེ་ཤེས་དག་གི་སྣང་ལུགས་དང་། །སྐུ་དང་ཡེ་ཤེས་དག་གི་དབྱེ་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །སྐུ་དང་ཡེ་ཤེས་དག་གི་ངོ་བོ་ནི། །གང་དུ་མ་གྲུབ་ཅིར་ཡང་སྣང་བ་དེ། །འཛིན་མེད་ཆགས་པ་མེད་པ་སྐུ་ཡི་ངོ་བོ་ཡིན། །དེ་ལ་གསལ་རྟོག་མེད་ན་ཡེ་ཤེས་ངོ་བོ་ཡིན། །ཕྱོགས་བཅུ་དུས་གསུམ་དག་ན་བཞུགས་པ་ཡི། །འཁོར་དང་མྱ་ངན་འདས་པ་ཐམས་ཅད་ཀུན། །སོ་སོའི་གནས་དང་སོ་སོའི་རིགས་རྣམས་ཀུན། །སྣང་བའི་ཡུལ་རྣམས་སོ་སོར་སྣང་མོད་ཀྱང་། །ཆོས་ཀྱི་སྐུ་ལས་ཐམས་ཅད་མ་འདས་ཏེ། །ཚོགས་བརྒྱད་ཡུལ་དུ་དེ་ཉིད་མ་གྱུར་པས། །སྟོང་པ་ཡེ་ཤེས་སྐུ་ཡི་སྙིང་པོ་ཅན། །རྟོགས་པའི་སྨྲ་བསམ་ཡུལ་ལས་འདས་པ་དེ། །དེ་ནི་ཆོས་ཀྱི་སྐུ་ཡི་ངོ་བོ་ཡིན་པའོ། །དེ་རྟོགས་དྲི་མ་མེད་པ་ཡེ་ཤེས་སྙིང་པོ་ཡིན། །སྐུ་དང་ཡེ་ཤེས་དག་གི་ཚད་ཉིད་ནི། །ཇི་བཞིན་གནས་པ་མ་བཅོས་པས། །རྩོལ་བསྒྲུབ་ཀུན་དང་བྲལ་བ་སྐུ་ཡི་ཚད། །རང་བྱུང་ཡེ་ཤེས་རིག་པ་མ་གཡོས་པ། །སྣང་ལ་རང་བཞིན་མེད་པ་ཡེ་ཤེས་ཚད། །སྐུ་དང་ཡེ་ཤེས་དག་གི་ཁྱབ་ཚུལ་ནི། །སྟོང་གསུམ་སྟོང་གི་མི་མཇེད་འཇིག་རྟེན་ཁམས། །རྒྱལ་བའི་ཞིང་ཁམས་དུ་མ་ཐམས་ཅད་དང་། །ཁམས་གསུམ་རིགས་དྲུག་བག་ཆགས་སོ་སོ་ལས། །སེམས་ཅན་རྒྱུད་ཀྱིས་བསྡུས་པ་ཐམས་ཅད་ཀུན། །སྐུ་དང་ཡེ་ཤེས་དག་ལས་བྱུང་བས་ན། །དེ་ལས་མ་གཏོགས་དངོས་པོ་གང་ཡང་མེད། །དེས་ན་སྐུ་དང་ཡེ་ཤེས་དག་གིས་ཀུན་ལ་ཁྱབ། །འདུས་མ་བྱས་ཀྱི་ནམ་མཁའ་ཆེན་པོ་དེ། །ཀུན་ལ་ཁྱབ་ཅིང་ཀུན་ལ་གནས་པས་ན། །སྐུ་དང་ཡེ་ཤེས་དག་ཀྱང་དེ་བཞིན་མཚུངས། །སྐུ་དང་ཡེ་ཤེས་དག་གི་སྣང་ཚུལ་ནི། །སྐུ་ནི་རིག་མེད་ངོ་བོ་སྤྲོས་དང་བྲལ། །དེ་ལས་བྱུང་བ་སྐུ་ཡི་སྣང་ཚུལ་ནི། །ཞི་འགག་མེད་པ་སྙིང་པོ་སྟོང་པར་སྣང་། །འབྱུང་བ་སྐུ་ཡི་སྣང་ཚུལ་ནི། །ཡོད་དང་མེད་པའི་མཐའ་རྣམས་མི་དམིགས་ཏེ། །རིག་མེད་སྟོང་པའི་ཚུལ་དུ་སྣང་བ་ཡིན། །བྱུང་


DNG006_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་པ་སྐུ་ཡི་སྣང་ཚུལ་ནི། །ཐམས་ཅད་བྱང་ཆུབ་སེམས་ལས་བྱུང་བའི་སྣང་བ་སྟེ། །དེ་ལས་མ་གཏོགས་དངོས་པོ་གང་ཡང་མེད། །དངོས་པོ་འཁོར་བར་སྣང་བ་དང་། །མཚན་མ་ཐེག་པའི་ཁྱད་པར་རྣམས། །ཡན་ལག་རྟོགས་པའི་སེམས་ཉིད་དེ། །སེམས་ཉིད་རྟོགས་པས་སངས་མི་རྒྱ། །སེམས་ཀྱི་སྣང་བ་ཡན་ལག་སྣང་བ་ཡིན། །ཡན་ལག་ཕུང་པོ་དངོས་པོ་འཁོར་བ་སྟེ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉིད་བཞིན་ནོ། །སེམས་ལས་སེམས་བྱུང་སེམས་ཀྱིས་སྣང་བ་ཤར། །སྐུ་དང་ཡེ་ཤེས་དག་གི་དབྱེ་བ་ནི། །སྐུ་ཡི་ཤར་ལུགས་བསམ་གྱིས་མི་ཁྱབ་ཀྱང་། །སྣང་ལུགས་རྣམ་གསུམ་དུ་ནི་སྣང་བ་ཡིན། །ངོ་བོ་ཉིད་ཀྱི་སྐུ་ཡི་གནས་ལུགས་ནི། །རྟོགས་ཏེ་སངས་རྒྱས་དགོངས་པ་མི་འཆར་ཞིང་། །མ་རྟོགས་སེམས་ཅན་བག་ཆགས་མི་སྣང་བ། །གང་དུ་མ་གཡོས་གདལ་བ་ཆེན་པོ་དེ། །མཉམ་པ་ཉིད་ཀྱི་སྐུ་ཞེས་བྱ་བ་ཡིན། །དཔེར་ན་ནམ་མཁའ་དག་པའི་ཚུལ་དུ་གནས་པ་ཡིན། །དེ་ལས་བྱུང་བ་སངས་རྒྱས་ཆོས་ཀྱི་སྐུ་ཡི་གནས་ལུགས་ནི། །སྙིང་པོ་དེ་ལས་ཐམས་ཅད་བྱུང་བས་ན། །དེ་ལས་བྱུང་དང་འབྱུང་ནས་གནས་པ་ཀུན། །དེ་ལས་མ་འདས་དབྱེར་མེད་རྟོགས་པས་ན། །ཐམས་ཅད་སངས་རྒྱས་ཆོས་ཀྱི་སྐུ་ཉིད་དོ། །དཔེར་ན་ནམ་མཁའ་ནས་བྱུང་ནམ་མཁའི་ཆོ་འཕྲུལ་ཡང་། །ནམ་མཁའ་ཉིད་ལས་ཡོངས་སུ་མ་འདས་སོ། །ཡན་ལག་ཆོས་ཀྱི་སྐུ་ཡི་རང་བཞིན་ནི། །སྟོང་པའི་རྩལ་ཉིད་སྟོང་པར་སྣང་བ་ལས། །བྱང་ཆུབ་སེམས་གཅིག་སྟོང་པ་ལྟ་བུར་སྣང་། །སྙིང་པོའི་ཡེ་ཤེས་རིག་པ་མ་གཡོས་པས། །རང་བྱུང་ཡེ་ཤེས་རིག་པ་དབྱེར་མེད་དོ། །ཡན་ལག་ཡེ་ཤེས་སྐད་ཅིག་སྟོང་པར་རྟོགས། །སྐུ་དང་ཡེ་ཤེས་ཆེན་པོ་འདི་ཉིད་ལས། །རྒྱུ་དང་འབྲས་བུ་དག་ནི་ཡོད་མ་ཡིན། །རྒྱུ་ཡི་དུས་ན་འབྲས་བུ་མངོན་དུ་གནས། །འབྲས་བུ་ཁོ་ན་རྒྱུ་ཉིད་ཁོ་ནའོ། །ལམ་རྣམས་སྦྱང་མེད་པ་རྣམས་བགྲོད་མེད་པས། །སྐུ་དང་ཡེ་ཤེས་དག་པ་ཆེན་པོ་ཡིན། །འདུ་འབྲལ་མེད་པའི་ཞིང་ཁམས་ཡོངས་སུ་དག །གཉིས་མེད་རྡོ་རྗེ་འཆང་གི་སྐུ་ཉིད་དོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། སྐུ་དང་ཡེ་ཤེས་ཀྱི་ལེའུ་སྟེ་བདུན་པའོ།། །།


DNG006_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཐེག་པ་ཆེན་པོའི་ཚད་དང་ནི། །ཐེག་པ་ཆེན་པོའི་རྒྱུ་མཚན་དང་། །ཐེག་པ་ཆེན་པོར་གཞག་པའི་དཔེ་ཉིད་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི། །དབྱིངས་དང་ཡེ་ཤེས་འདྲེལ་བ་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་གཅིག་ཏུ་འདྲེལ་བའི་དོན། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཐབས་མེད་པ་ཡི་རྒྱུད་ཡིན་པས། །ཐེག་པ་སྣ་ཚོགས་འདུལ་བའི་རྒྱུད། །ཐབས་ཆེ་བ་ཡི་རྒྱུད་ཡིན་པས། །མ་ངེས་ཡེ་ཤེས་རང་ལ་འཆར། །དོན་ཆེ་བ་ཡི་རྒྱུད་ཡིན་པས། །གང་ལྟར་བྱས་ཀྱང་འབྲས་བུ་འབྱུང་། །ཐབས་སླ་བ་ཡི་རྒྱུད་ཡིན་པས། །སྐུ་དང་ཡེ་ཤེས་རང་ལ་གནས། །ཐབས་མྱུར་བ་ཡི་རྒྱུད་ཡིན་པས། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཐེག་པ་ཆེན་པོའི་རྒྱུ་མཚན་ནི། །གཅིག་དང་གཉིས་སུ་ཕྱེ་བ་མེད་པས་ན། །ཐེག་པ་ཆེན་པོ་ཞེས་སུ་བྱ་བ་ཡིན། །དབྱིངས་ལས་ཡེ་ཤེས་ཤར་བས་སྣ་ཚོགས་རྒྱན་དུ་ཤར། །ཡེ་ཤེས་དབྱིངས་སུ་ཤར་བས་སྟོང་པ་ཆེན་པོའི་དོན། །ཐེག་པ་ཀུན་གྱི་སྙིང་པོ་རང་ཉིད་གནས། །གཅིག་ལས་ཐམས་ཅད་བྱུང་བས་ཐེག་པའི་འབྲས་བུ་ཡིན། །གཅིག་རྟོགས་ཀུན་ཉིད་རྟོགས་པས་ཐེག་པ་ཆེན་པོ་ཡིན། །ཐེག་པའི་རང་བཞིན་ཤེས་རབ་སྙིང་རྗེ་སྟེ། །སྤང་ཐོབ་མེད་པའི་ཐེག་པ་ཉེ་བར་གཟུང་། །ཐེག་པ་ཆེན་པོར་བཞག་པའི་དཔེ་ཉིད་ནི། །ཕྱོགས་ལྷུང་མེད་པ་ནམ་མཁའ་ལྟ་བུ་སྟེ། །ཀུན་ལས་གསལ་བ་ཉི་མ་ལྟ་བུ་དང་། །གོས་པ་མེད་པ་པདྨ་ལྟ་བུ་དང་། །ཡོན་ཏན་ཀུན་འབྱུང་ཡིན་བཞིན་ནོར་བུ་ལྟར། །ཐེག་པ་ཆེན་པོ་ཉིད་ཀྱང་དེ་དང་མཚུངས། །ཐེག་པ་རྣམས་ནི་དུ་མ་སྟེ། །བློ་ཡི་ཚད་དུ་གྱུར་པ་དེ་བཞིན་པས། །གཅིག་ལས་མ་གསུངས་སྣ་ཚོགས་སྣང་མོད་ཀྱང་། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དེ་ཡིས་དོན་རྣམས་འགྲུབ་པར་བྱེད། །ཇི་ལྟར་འགྲོ་བའི་མཐོང་སྟངས་ཀྱིས། །རྒྱལ་བ་ཉིད་ཀྱང་སྡུག་བསྔལ་རྒྱུ། །དམྱལ་བ་ཡི་དྭགས་དུད་འགྲོ་བཞིན། །


DNG006_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་དོན་ཡང་དེ་བཞིན་ནོ། །ཉོན་མོངས་གྲངས་ལས་འདས་པས་ན། །ཐེག་པ་རྣམས་ཀྱང་གྲངས་ལས་འདས། །གང་ལ་བརྟེན་ནས་དོན་འཐོབ་པས། །དེ་ལ་ཐེག་པ་ཞེས་བྱའོ། །འོང་མེད་རང་བཞིན་ལྷུན་གྲུབ་པས། །ཐེག་པ་ཆེན་པོ་ཞེས་བྱའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཐེག་པ་ཆེན་པོའི་རང་བཞིན་གྱི་ལེའུ་སྟེ་བརྒྱད་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཆོས་ཀྱི་སྐུ་ཡི་ཞིང་ཁམས་སྣང་ཚུལ་དང་། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཞིང་ཁམས་སྣང་ཚུལ་དང་། །སྤྲུལ་སྐུའི་ཞིང་ཁམས་སྣང་ཚུལ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་ཀྱི་སྐུ་ཡི་ཞིང་ཁམས་སྣང་ཚུལ་ནི། །ཕྱི་དག་ཀུན་ཏུ་བཟང་པོའི་དགོངས་པ་དང་། །ནང་དག་ཀུན་ཏུ་བཟང་མོའི་དགོངས་པ་དང་། །དབྱེར་མེད་དག་པ་རྡོ་རྗེ་སེམས་དཔའ་ཡང་། །དག་པ་ཆོས་ཀྱི་སྐུ་ཡི་ཞིང་ཁམས་ཡིན། །མ་དག་ཆོས་ཀྱི་སྐུ་ཡི་ཞིང་ཁམས་ནི། །འབྱུང་བ་ས་ལ་བརྟེན་པའི་སྣོད་དང་བཅུད་ཉིད་དང་། །འབྱུང་བ་ཆུ་ལ་བརྟེན་པའི་སྣོད་དང་བཅུད་ཉིད་དང་། །འབྱུང་བ་མེ་ལ་བརྟེན་པའི་སྣོད་དང་བཅུད་ཉིད་དང་། །འབྱུང་བ་རླུང་ལ་བརྟེན་པའི་སྣོད་དང་བཅུད་ཉིད་དང་། །འབྱུང་བའི་རྩལ་ལ་བརྟེན་པའི་སྣོད་དང་བཅུད་ཉིད་དང་། །འབྱུང་བའི་མདངས་ལ་བརྟེན་པའི་སྣོད་དང་བཅུད་ཉིད་དང་། །འབྱུང་བ་མཁའ་ལ་བརྟེན་པའི་སྣོད་དང་བཅུད་ཉིད་ནི། །འབྱུང་དབྱེར་ཡང་མེད་ཆོས་ཀྱི་སྐུ་ཡི་ཞིང་ཁམས་ཡིན། །སངས་རྒྱས་ཆོས་ཀྱི་སྐུ་ཡི་སྣང་ཚུལ་ནི། །བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་ཡང་། །དཔེར་ན་མེ་ལོང་གཡའ་མེད་རང་བཞིན་དག་པ་དེར། །གང་གིས་བལྟས་པས་གཟུགས་བརྙན་དེ་བཞིན་འཆར། །བརྡའ་ཙམ་མཚོན་ན་སྣང་ལུགས་གསུམ་ཡིན་ཏེ། །སྣང་ལ་རང་བཞིན་མེད་པ་ཆོས་སྐུའི་སྣང་བ་ཡིན། །གསལ་ལ་རྟོག་པ་མེད་པ་ཡེ་ཤེས་སྣང་བ་ཡིན། །སྣ་ཚོགས་བག་ཆགས་སྣང་བ་སེམས་ཅན་སྣང་བ་ཡིན། །སྐུ་ལ་མ་གཏོགས་སྣང་བ་གང་ཡང་མེད། །ཕྱི་ནང་ནང་དུ་སྣང་བ་ཆོས་ཀྱི་དབྱིངས། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཞིང་ཁམས་ནི། །


DNG006_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ཙམ་དག་གིས་མཚོན་པར་བྱ་བ་ནི། །རང་བྱུང་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དང་། །ཡན་ལག་ལོངས་སྤྱོད་རྫོགས་པའི་སྐུ་དང་ནི། །འཁྲུལ་སྣང་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དོ། །རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི། །གཞི་ལས་མ་བཙལ་རང་བྱུང་ལྷུན་གྲུབ་པ། །ཡོན་ཏན་ཐམས་ཅད་རྫོགས་པར་སྣང་བའོ། །སྐུ་ཡི་བྱིན་རླབས་ཡེ་ཤེས་ལྔ་རུ་ཤར། །ཡེ་ཤེས་ལྔ་ལས་བདེ་གཤེགས་རིགས་ལྔར་ཤར། །ཡན་ལག་ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི། །སེམས་ཉིད་ཅིར་ཡང་སྣང་བས་ན། །རྣམ་པར་སྣང་མཛད་ལྷུན་གྱིས་གྲུབ། །སེམས་ལ་འགྱུར་བ་མེད་པས་ན། །རྡོ་རྗེ་སེམས་དཔར་ལྷུན་གྱིས་གྲུབ། །སེམས་ལས་ཐམས་ཅད་བྱུང་བས་ན། །རིན་ཆེན་འབྱུང་ལྡན་ལྷུན་གྱིས་གྲུབ། །སེམས་ལ་ཐམས་ཅད་སྣང་བས་ན། །སྣང་བ་མཐའ་ཡས་ལྷུན་གྱིས་གྲུབ། །སེམས་ཀྱིས་བྱ་བ་ཀུན་བྱེད་པས། །དོན་ཡོད་གྲུབ་པར་ལྷུན་གྱིས་གྲུབ། །ཟག་པ་མེད་པའི་ཕུང་པོ་ལྔ་ལ་བརྟེན། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་པའི་སྐུ། །ཞིང་ཁམས་ཡོངས་སུ་དབང་བ་ཆེན་པོ་དེ། །མ་ཆགས་པདྨ་ཅན་གྱི་ས་ལ་དབང་། །དེ་རྫོགས་ཡི་གེ་ཚོགས་ཆེན་འཁོར་ལོའི་ས། །ཞིང་ཁམས་ཡོངས་སུ་དག་པ་ཆེན་པོར་སྣང་། །ཡེ་ཤེས་དབང་ཐོབ་ནང་རྟགས་ཡོན་ཏན་དུ་མ་ཕྱི་རུ་སྣང་། །ཞིང་ཁམས་དེ་ན་སྐྱོད་པའི་བདེ་གཤེགས་ལ། །སྣང་བ་རང་གིས་དོན་བྱས་ལྷུན་གྱིས་གྲུབ། །འཁྲུལ་སྣང་ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི། །སེམས་ཅན་ལས་དང་བག་ཆགས་དག་ལ་ཡང་། །མཚན་དང་དཔེ་བྱད་ལྟ་བུའི་སྣང་བ་ཤར། །རིགས་གསུམ་ལྟ་བུའི་རིགས་ཀྱི་དོན་ཉིད་བྱེད། །བསམ་གྱིས་མི་ཁྱབ་བསམ་ལས་འདས་པ་ནི། །དག་པ་ཆེན་པོའི་ཞིང་ཁམས་ཆེན་པོ་ཡིན། །རང་བཞིན་དག་པའི་ཞིང་ཁམས་ཆེན་པོ་ནི། །ཡེ་ཤེས་ལྔ་རུ་སྣང་བའི་ཞིང་ཁམས་ཡིན། །རིགས་ཉིད་དག་པའི་ཞིང་ཁམས་བདེ་བ་ནི། །ས་དང་ལམ་ལ་སྤྱོད་པའི་ཞིང་ཁམས་ཡིན། །སྤྲུལ་པའི་སྐུ་ཡི་ཞིང་ཁམས་སྣང་ཚུལ་ནི། །རང་བཞིན་སྤྲུལ་པའི་སྐུ་དེ་ནི། །ཐམས་ཅད་སྤྲུལ་པའི་སྐུ་ཡིན་པས། །དེ་ལ་བརྟེན་ནས་དོན་


DNG006_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཐམས་ཅད་ནུས། །འདྲེན་པ་སྤྲུལ་པའི་སྐུ་དེ་ནི། །གང་ལྟར་འདོད་པ་དེ་ལ་དེར་སྣང་བའོ། །གདུལ་བྱ་སྤྲུལ་པའི་སྐུ་ཉིད་ནི། །ཞི་དང་ཁྲོ་བོའི་ཚུལ་དུ་སྣང་བའོ། །ངོ་བོ་མེད་ལས་ངོ་བོར་སྣང་བ་ནི། །དེ་ནི་སྤྲུལ་པའི་སྐུ་ཞེས་བྱ་བ་ཡིན། །མཐོང་སྟངས་དབང་གིས་ཐ་དད་སྣང་བ་ལས། །དེ་མ་རྟོགས་པའི་སྣང་བ་ཡོད་པ་མིན། །གདུལ་བྱ་ཐམས་ཅད་སྤྲུལ་པའི་སྐུ་ཡི་ཞིང་ཁམས་ཡིན། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ) སྐུ་གསུམ་ཞིང་ཁམས་ཀྱི་ལེའུ་སྟེ་དགུ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ལུས་ངག་དག་གི་འཁྲུལ་པ་ལས། །ལུས་གསུམ་རིམ་པས་བྱུང་བ་དང་། །ཤེས་རབ་རྣམ་པ་གསུམ་དག་དང་། །སྐུ་ནི་རྣམ་པ་གསུམ་དག་ལས། །འབྲས་བུ་རྣམ་གསུམ་འབྱུང་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཟག་དང་བཅས་པའི་བག་ཆགས་དག་གི་ལུས། །ཆུ་བུར་སྤྱན་ལྡན་སྣང་བ་ཁ་དོག་གཟུགས། །ཐོས་བྱུང་ཤེས་རབ་མིང་ཚིག་སྒྲ་ལྡན་བརྟེན། །སེམས་ཀྱི་ཡེ་ཤེས་སྣང་ཡང་རྟོག་པ་མེད། །སྣང་བ་གཟུང་འཛིན་མེད་པའི་སྐུ་ཉིད་དེ། །འབྲས་བུ་བྱང་ཆུབ་སེམས་དཔའ་ཉིད་འཐོབ་བོ། །ཟག་པ་མེད་པའི་ལུས་ཉིད་ལ། །ལྷ་ཡི་སྤྱན་དང་ལྡན་པ་འབྱུང་། །བསམ་པ་ལས་བྱུང་ཤེས་རབ་སྐྱེ། །རང་བྱུང་ཡེ་ཤེས་ཆེན་པོ་དེས། །ཆོས་ཉིད་ནམ་མཁའ་ལྟ་བུར་རྟོགས། །འབྲས་བུ་བདེ་བར་གཤེགས་པ་འཐོབ། །མ་བཙལ་རང་བྱུང་ཡེ་ཤེས་ལུས། །རྡོ་རྗེ་ལྟ་བུའི་ལུས་ཉིད་ལ། །ཡེ་ཤེས་སྤྱན་དང་ལྡན་པ་འབྱུང་། །བསྒོམ་པ་ལས་བྱུང་ཤེས་རབ་ཀྱིས། །སྙིང་པོ་རང་བྱུང་ཡེ་ཤེས་ཤར། །སངས་རྒྱས་ཆོས་སྐུ་དྲི་མེད་འཐོབ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ། །ཟག་དང་བཅས་པའི་ལུས་ཉིད་ནི། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་རྣམས། །གཅིག་ཏུ་འདུས་པ་གཟུགས་སུ་སྣང་། །དེ་ཉིད་དག་ལ་བརྟེན་ནས་ནི། །ཆུ་བུར་སྤྱན་དང་ལྡན་པ་འབྱུང་། །གསལ་བར་དཔག་ཚད་རྒྱང་གྲགས་མཐོང་། །


DNG006_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་རྣམ་ལྔ་དེ་བཞིན་ནོ། །རྐྱེན་གཞན་དག་ལ་བརྟེན་ནས་ནི། །ཐོས་པ་ལས་བྱུང་ཤེས་རབ་ཀྱིས། །མི་རྟོག་པ་ཡི་ཡེ་ཤེས་སྐྱེ། །སེམས་ཉིད་སྟོང་པའི་ཆོས་སྐུ་ཐོབ། །དེ་ཡི་འབྲས་བུ་ཟག་མེད་ལུས། །གཟུགས་ནི་ཐོགས་མེད་ཏིང་འཛིན་ལུས། །དེ་ལ་བརྟེན་པའི་ཕུང་ལྔ་ཡང་། །འཇའ་ཚོན་ལྟ་བུའི་ལུས་ཉིད་ལས། །ལྷ་ཡི་སྤྱན་དང་ལྡན་པ་སྟེ། །སྟོང་གསུམ་བྱེ་བ་ཕྲག་བརྒྱ་གཟིགས། །བསམ་པ་ལས་བྱུང་ཤེས་རབ་ཀྱིས། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དང་། །བཞི་སྟོང་ཐམས་ཅད་ལྷུན་གྱིས་གྲུབ། །རང་བྱུང་ཡེ་ཤེས་ཆེན་པོ་དེས། །ཕྱི་དང་ནང་དུ་སྣང་བ་ཡང་། །ཆོས་སྐུ་ནམ་མཁའ་ལྟ་བུར་རྟོགས། །དེ་ཉིད་དག་ལ་བརྟེན་པས་ན། །རྡོ་རྗེ་ལྟ་བུའི་ལུས་ཉིད་འབྱུང་། །ཡེ་ཤེས་ཕུང་པོར་སྣང་བ་ནི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །སོ་སོར་རྟོག་པའི་ཡེ་ཤེས་དང་། །བྱ་བ་གྲུབ་པའི་ཡེ་ཤེས་རྣམས། །གཅིག་ཏུ་འདུས་པས་ཡེ་ཤེས་ལུས། །ཡེ་ཤེས་སྤྱན་དང་ལྡན་པ་དེས། །ཐམས་ཅད་ནམ་མཁའི་དཀྱིལ་ལྟར་གཟིགས། །ལྷུན་གྲུབ་རང་བྱུང་ཡེ་ཤེས་དེས། །སངས་རྒྱས་ཆོས་སྐུ་དྲི་མེད་རྟོགས། །འབྲས་བུ་སྐུ་གསུམ་དབྱེར་མེད་འགྲུབ། །ཟག་དང་བཅས་པའི་ལུས་ཉིད་ལས། །ཡེ་ཤེས་ལུས་ཅན་བདེ་གཤེགས་འགྲུབ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། རྒྱུ་ཕུང་པོ་ཟག་པ་དང་བཅས་པ་ལ་བརྟེན་ནས་ཡེ་ཤེས་ལུས་སུ་གྲུབ་པའི་ལེའུ་སྟེ་བཅུ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ལྟ་བའི་རོ་སྙོམས་ཆད་དང་རྟགས་གཉིས་གང་། །སྒོམ་པའི་རོ་སྙོམས་ཚད་དང་རྟགས་གཉིས་དང་། །སྤྱོད་པའི་རོ་སྙོམས་ཚད་དང་རྟགས་གཉིས་དང་། །བར་དོའི་རོ་སྙོམས་ཆད་དང་རྟགས་གཉིས་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཐོག་མཐའ་མེད་པའི་དུས་ཉིད་ན། །སྐུ་དང་ཡེ་ཤེས་དབྱེར་མེད་གནས་པ་བཞིན། །སྐུ་དང་ཡེ་ཤེས་


DNG006_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དང་ཟེར་དུ་ཆད། །ཡན་ལག་སེམས་ཅན་དེ་ལ་སྐུ་དང་ཡེ་ཤེས་གནས། །ལམ་གྱི་དུས་ན་སྐུ་དང་ཡེ་ཤེས་རྟོགས། །འབྲས་བུའི་དུས་ན་སྐུ་དང་ཡེ་ཤེས་འཐོབ། །མུ་སྟེགས་རྟག་ཆད་གཉིས་སུ་འཛིན་པ་དང་། །ཀུན་ཏུ་བཟང་པོའི་སྐུ་དང་ཡེ་ཤེས་གཉིས། །བཟང་ངན་མེད་དེ་དབྱེར་མེད་གཅིག་པར་གནས། །ཡིན་ལ་ཡིན་པར་ཤེས་ན་ལྟ་བ་སྟེ། །གང་ལ་ཆགས་སྡང་མེད་ན་ལྟ་བའི་ཚད། །འཇིག་རྟེན་ཆོས་བརྒྱད་དག་ལས་འདས་པ་དང་། །དམིགས་པ་གསུམ་འདས་མིང་དང་བརྡའ་མི་སྣང་། །མིང་དང་བརྡའ་དེས་དེ་དོན་མཚོན་མི་བྱེད། །བརྗོད་དུ་མེད་དེ་ཡིན་ཚུལ་ཡིན་པར་ཤེས། །དཔེར་ན་ལྐུགས་པས་རོ་མྱངས་ཁོང་ན་གསལ་བ་བཞིན། །བརྗོད་པར་འདོད་ཀྱང་བརྗོད་པའི་དོན་མ་ཤེས། །གང་ལྟར་བྱས་ཀྱང་དེ་རྣམས་རྒྱུན་དུ་འབྱུང་། །དེ་ཡི་རྟགས་ནི་ལུས་དང་སེམས་ལས་འབྱུང་། །ལུས་ལ་བག་ཚ་མེད་ཅིང་རྩོལ་སོགས་མེད་པ་དང་། །སེམས་ལ་ཆགས་སྡང་མེད་ཅིང་ཁོང་ཁྲོ་མེད་པ་འབྱུང་། །རྐྱེན་གྱིས་བསྐྱོད་དང་མི་བསྐྱོད་གང་ཡང་མེད། །དེ་འདྲ་དེ་ལ་དགའ་དང་ཆགས་པ་མེད། །རྡོ་རྗེ་སེམས་དཔའ་ཁོང་ནས་འཆར་བ་ཡིས། །གང་ལྟར་བྱས་ཀྱང་ཀུན་ཏུ་བཟང་པོ་ཉིད། །ཐམས་ཅད་ཀུན་ཏུ་བཟང་པོར་སྣང་བ་ལས། །སྤང་དང་སྤང་བར་བྱ་བ་ག་ལ་ཡོད། །བསྒོམ་པའི་རོ་སྙོམས་ཚད་དང་རྟགས་གཉིས་ནི། །དམིགས་པ་མེད་པའི་ཆོས་ཉིད་ལས། །འཛིན་པ་མེད་པའི་སྒོ་ལྔ་ཡིས། །མ་གཡོས་ཡིད་ཀྱི་ཡེ་ཤེས་ཀྱིས། །རྟོག་པ་མེད་པའི་ཡེ་ཤེས་ཤར། །ཕྱི་དང་ནང་མེད་དེ་བཞིན་སྣང་། །ཡེངས་དང་མ་ཡེངས་གཉིས་མེད་པར། །རང་འབྱུང་རང་གི་ངང་གིས་འབྱུང་། །སྣང་ལ་རང་བཞིན་མེད་པར་ཤར། །རིག་ལ་བརྗོད་དུ་མེད་པར་གྲུབ། །བདེ་ལ་མྱོང་རྒྱུ་མེད་པར་བདེ། །ལོག་འདྲེན་ཅན་གྱི་ཆགས་སྡང་དང་། །བདེ་གཤེགས་རང་བྱུང་ཡེ་ཤེས་གཉིས། །དབྱེར་མེད་རོ་གཅིག་དེ་ཉིད་ཡིན། །མ་བཅོས་མ་ཕྲི་དགག་བསྒྲུབ་མེད། །གང་ལ་ཆགས་སྡང་མེད་པ་བསྒོམ་པའི་ཚད། །གང་ཡང་བླང་དོར་མེད་པ་བསྒོམ་པའི་ཚད། །གང་ལ་བྱིང་རྒོད་མེད་པ་བསྒོམ་


DNG006_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚད། །རྐྱེན་རྣམས་ཇི་ལྟར་བསྐྱོད་ཀྱང་ཡེངས་པ་མེད། །ལུས་དང་སེམས་དང་སྣང་བ་གསུམ་ལས་འདས། །དམིགས་པ་གསུམ་ལས་འདས་པ་བསྒོམ་པའི་རྟགས། །ཞེན་མེད་ཆགས་མེད་བསམ་གཏན་བདུད་ལས་འདས། །བསྒོམ་པའི་རོ་སྙོམས་བདེ་གཤེགས་ཀུན་དང་མཉམ། །ཚད་དང་རྟགས་ཀྱིས་སྐུ་དང་ཡེ་ཤེས་རྫོགས། །སྤྱོད་པའི་རོ་སྙོམས་ཚད་དང་རྟགས་གཉིས་ནི། །གང་ལ་ཆགས་སྡང་མེད་ཅིང་གང་ལ་ཐོགས་པ་མེད། །ཆེད་དུ་བྱས་པ་མེད་པས་ཆེད་དུ་བྱ་རུ་མེད། །གང་ལྟར་བྱས་ཀྱང་སྐུ་དང་ཡེ་ཤེས་ངང་། །སྐུ་ཡི་སྐུ་ནི་གང་དུ་གྲུབ་པ་མེད། །ཡེ་ཤེས་ཡེ་ཤེས་གང་དུ་རྟོག་པ་མེད། །གང་ལྟར་བྱས་ཀྱང་སྐུ་དང་ཡེ་ཤེས་ངང་། །དབྱིངས་ཀྱིས་དབྱིངས་ལ་རོལ་པའི་སྤྱོད་པ་ནི། །གང་ལྟར་སྤྱད་ཀྱང་མཉམ་པ་ཉིད་ཀྱི་ངང་། །ཡེ་ཤེས་ཡེ་ཤེས་རོལ་པའི་སྤྱོད་པ་ནི། །གང་ལྟར་རོལ་ཡང་རྟོག་པ་མི་མངའོ། །རིག་སྤྱོད་གསང་སྤྱོད་བརྟུལ་ཞུགས་སྤྱོད་པ་ལ། །གང་ལྟར་སྤྱད་ཀྱང་ཡེ་ཤེས་ཁྱད་པར་ཆེ། །སྤྱོད་པའི་ཚད་ནི་གོས་པ་མེད་པའོ། །སྤྱོད་པའི་རྟགས་ནི་བླང་དོར་མེད་པའོ། །རང་བྱུང་ཞེ་འདོད་མེད་པའི་སྤྱོད་པའོ། །བལྟ་བ་ལས་བྱུང་ཡེ་ཤེས་སྐྱེས་པ་དང་། །བསྒོམ་པ་ལས་བྱུང་ཡེ་ཤེས་སྐྱེས་པ་དང་། །སྤྱོད་པ་ལས་བྱུང་ཡེ་ཤེས་སྐྱེས་པ་དེ། །དབྱེར་མེད་གཅིག་ཡིན་གང་ལྟར་བདེ་བར་བཞག །རང་བཞིན་བར་དོར་བལྟ་བསྒོམ་སྤྱོད་པ་དང་། །མཉམ་བཞག་དུས་དང་རྗེས་ཐོབ་མཉམ་པ་ནི། །རྨི་ལམ་བར་དོའི་དུས་སུ་དེ་བཞིན་འབྱུང་། །རྨི་ལམ་དུས་ན་དེ་ཉིད་བརྟན་པ་ན། །སྲིད་པ་བར་དོའི་དུས་སུ་དེ་བཞིན་གསལ། །གསལ་བའི་ཡེ་ཤེས་ཟང་ཐལ་སྣང་བ་དེས། །ཐམས་ཅད་ཀུན་ཏུ་བཟང་པོའི་ངང་དུ་ཤར། །འབྲས་བུ་སྐུ་གསུམ་རང་སྣང་ལྷུན་གྱིས་གྲུབ། །རྡོ་རྗེ་སེམས་དཔའ་ཆེན་པོ་དེ་ཉིད་དོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཐེག་པ་ཆེན་པོ་རོ་སྙོམས་བཞི་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ལུས་གང་ཚེ་གཅིག་


DNG006_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐོབ་པ་གང་། །སྐུ་དང་ཡེ་ཤེས་བརྟན་པ་ཐོབ་པ་གང་། །བསྲེ་བཀུག་བསྣན་པའི་མན་ངག་ཇི་ལྟ་བུ། །དེ་ལ་ཡེ་ཤེས་རྣམ་གསུམ་གྱིས། །མུན་པ་རྣམ་གསུམ་སེལ་བ་གང་། །ཏིང་འཛིན་རྣམ་གསུམ་སྐྱེས་པ་གང་། །འབྲས་བུ་རྣམ་གསུམ་རྫོགས་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །སངས་རྒྱས་ཆོས་ཀྱི་སྐུ་ཡི་ཞལ་བསྟན་དང་། །རང་བྱུང་ཡེ་ཤེས་བརྟན་པ་ཐོབ་པའི་ཐབས། །ནམ་མཁའ་དག་ལ་ནམ་མཁར་མིང་མ་བཏགས། །ཆོས་ཉིད་ནམ་མཁའ་ཆེན་པོ་དེ་ཉིད་ལ། །དེ་ལ་བསྲེ་བཀུག་བསྣན་པའི་མན་ངག་རིམ་པས་བྱ། །ཤེས་པ་གསལ་ལ་དཔངས་བསྟོད་དེ། །མིང་མ་བཏགས་པའི་ནམ་མཁའ་ཆེན་པོ་ལ། །སྒོ་ལྔ་རང་སར་བཞག་ནས་ནི། །ཡིད་ཀྱི་རྟོག་པ་རྒྱུན་བཅད་དེ། །ཤེས་པ་ལྷུག་པར་བཏང་ལ་བསྒོམ། །སེམས་ལས་བྱུང་བའི་ཡེ་ཤེས་དེ། །སྐད་ཅིག་དང་པོའི་ཤེས་པ་དེ། །སྣང་བ་མིང་དང་བྲལ་ནས་ནི། །ཤེས་པ་ཧད་དེ་ཕྱོད་དེ་སྐྱེ། །མི་རྟོག་པ་ཡི་ཡེ་ཤེས་ཡིན། །མིང་གིས་ཆོད་པའི་མུན་པ་སངས། །བག་ཆགས་སྒྲིབ་པ་དག་ཅེས་བྱ། །རྣམ་པར་མི་རྟོག་ཏིང་འཛིན་སྐྱེས། །སྣང་བ་རྒྱས་གདབ་སྤྱོད་པ་བྱའོ། །དེ་ཡི་བརྟན་པ་ཐོབ་པ་དང་། །ཚོགས་དྲུག་ཡུལ་ལ་དགུག་པ་ཡིས། །ཚོགས་དྲུག་ཡུལ་ལ་མི་སྤྱོད་ན། །རང་བྱུང་ཡེ་ཤེས་སྐྱེས་པ་ཡིན། །མཚན་མའི་མུན་པ་སངས་ཞེས་བྱ། །ཉོན་མོངས་སྒྲིབ་པ་དག་པ་ཡིན། །སྣང་བ་བསྐྱེད་ཕྱིར་ཀྱང་པའི་ཏིང་འཛིན་སྐྱེས། །འབྱུང་བ་ཆེན་པོའི་སྤྱོད་པའོ། །དེ་རྣམས་རྒྱུན་ཏུ་འབྱུང་བ་ནི། །བསྣན་པ་དག་གི་མན་ངག་གིས། །སྐད་ཅིག་དང་པོའི་ཤེས་པ་ཉིད། །གང་དུ་ཡང་ནི་མ་གཡོས་པས། །རྣམ་པར་མི་རྟོག་ཡེ་ཤེས་འབྱུང་། །ཤེས་པ་དེ་ཉིད་ངོས་བཟུང་ནས། །སྐད་ཅིག་གཉིས་ལས་ཕར་མི་བཏང་། །རྒྱུན་གྱི་བརྟན་པ་ཐོབ་པ་དང་། །རང་བྱུང་ཡེ་ཤེས་ཆེན་པོ་ཡིན། །རང་བཞིན་མུན་པ་སངས་ཞེས་བྱ། །ཤེས་བྱའི་སྒྲིབ་པ་དག་པ་ཡིན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ། །ཆོས་ཀྱི་སྐུ་ཡི་ཞལ་བསྟན་པས། །རང་བྱུང་ཡེ་ཤེས་དེ་ལ་སྐྱེས། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ། །སངས་


DNG006_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ཡི་སངས་རྒྱས་སོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། སྐུ་དང་ཡེ་ཤེས་ཞལ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཉིན་གུང་རྣལ་འབྱོར་བྱ་བ་དང་། །སྲོད་ལ་རྣལ་འབྱོར་བྱ་བ་དང་། །ནམ་གུང་རྣལ་འབྱོར་བྱ་བ་ཡིས། །རྒྱུན་དུ་ཡེ་ཤེས་ཐོབ་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཉིན་གུང་རྣལ་འབྱོར་བྱ་བ་ནི། །མཉམ་པར་གཞག་པའི་དུས་ཉིད་ན། །ཚོགས་དྲུག་ནམ་མཁའི་ངང་ལ་བཞག །སྒོ་ལྔ་ལ་བརྟེན་ཤེས་པ་ཀུན། །ཡུལ་ལ་མི་སྤྱོད་ཐལ་ལེ་ཕུང་དེར་བཞག །བྱིང་ན་ཤེས་པ་གཟེངས་ཀྱང་བསྟོད། །རྒོད་ན་ཆོས་ཉིད་རྒྱས་ཀྱང་གདབ། །རྣམ་པར་མི་རྟོག་ཏིང་འཛིན་ཏེ། །དེ་རྣམས་གསལ་བར་མ་གྱུར་ན། །རྗེས་ལས་ཐོབ་པའི་སྣང་བ་འདི། །སྒྱུ་མའི་དཔེ་བརྒྱད་ལྟ་བུར་འཆར། །གསལ་ལ་སྟོང་པ་འཇའ་ཚོན་ལྟ་བུར་སྣང་། །སྣང་ལ་མེད་པ་ཆུ་ཟླ་ལྟ་བུ་དང་། །རྟེན་མེད་ཤར་བ་སྨིག་རྒྱུ་ལྟ་བུ་དང་། །བརྟགས་ན་མེད་པ་སྒྱུ་མ་ལྟ་བུ་དང་། །ཡིན་ལ་མིན་པ་གཟུགས་བརྙན་ལྟ་བུ་དང་། །དངོས་མེད་སྣང་བ་སྤྲུལ་པ་ལྟ་བུ་དང་། །དོན་མི་ལྡན་པ་བྲག་ཆ་ལྟ་བུ་དང་། །རང་བཞིན་རང་སྣང་རྨི་ལམ་ལྟ་བུའོ། །ཆོས་རྣམས་ཐམས་ཅད་དེ་བཞིན་སྣང་བ་ལ། །དེ་ལ་ཞེན་མེད་ཆགས་མེད་དགའ་དང་བཏང་སྙོམས་མེད། །ཉིན་གུང་ཡེངས་པ་མེད་པ་ཡིས། །རྒོད་ན་མཉམ་གཞག་ངང་ལ་གནས། །བྱིང་ན་རྗེས་ཐོབ་དང་ལ་གནས། །ཆོས་སྐུ་ཡེ་ཤེས་རྒྱུན་དུ་འབྱུང་། །སྲོད་ལ་རྣལ་འབྱོར་བྱ་བ་ནི། །བསམ་གཏན་གཉིད་དང་བསྲེས་པ་ནི། །ཆོས་ཉིད་ངང་ལ་གནས་བྱས་ལ། །དེ་ལས་གཉིད་གུང་ཆོས་ཀྱི་སྐུ། །གཉིད་ཀྱི་རྟོག་པ་མ་ལངས་ན། །ཆོས་ཉིད་མ་ཡི་ཏིང་འཛིན་ཡིན། །གཉིད་ཀྱི་རྟོག་པ་ལངས་པ་ན། །གཉིད་ནི་བྱ་གཉིད་ལྟ་བུར་བྱ། །ཡང་དང་ཡང་དུ་ཐུན་དུ་གཅད། །གཉིད་དང་བསམ་གཏན་ཡང་ཡང་བསྲེ། །དེ་ཡི་རྒྱུན་ཉིད་ཐོབ་པ་ན། །


DNG006_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་མ་ལ་བཞག་པ་ཡིས། །བག་ཆགས་རྨི་ལམ་མ་བྱུང་ན། །ཡེ་ཤེས་རིག་མ་སྐྱེས་པ་ཡིས། །ཆོས་ཉིད་ངང་ལ་ཆོས་སྐུ་གནས། །གཏིང་གསལ་ཆེན་པོའི་ཡེ་ཤེས་འབྱུང་། །དེ་ཡི་བརྟན་པ་ཐོབ་པ་དང་། །གཉིད་སད་ན་ཡང་དེ་བཞིན་འབྱུང་། །རྨི་ལམ་དག་ལ་བརྟེན་ནས་ནི། །སྣང་བ་རྗེས་ཐོབ་ཉིད་དུ་སྣང་། །མཚན་དགུང་རྣལ་འབྱོར་བྱ་བ་ལ། །ཡེ་ཤེས་རང་སོ་མི་གཡོ་བས། །འབྱེད་པ་མེད་པའི་ཆོས་སྐུ་དེ། །རང་བྱུང་ཡེ་ཤེས་རང་ལ་གསལ། །གལ་ཏེ་རྨི་ལམ་བྱུང་གྱུར་ན། །སྒྱུ་མ་ལྟ་བུའི་ཏིང་འཛིན་བསྒོམ། །རྨི་ལམ་རྨི་ལམ་ཤེས་པ་ན། །རྨི་ལམ་བདེ་དང་སྡུག་བསྔལ་མེད། །དེ་ཡི་བརྟན་པ་ཐོབ་པས་ན། །རྨི་ལམ་དག་ལ་བརྟེན་ནས་སུ། །སྐུ་དང་ཡེ་ཤེས་རབ་ཏུ་གསལ། །དཔའ་བར་འགྲོ་བའི་ཏིང་འཛིན་ཐོབ། །རྨི་ལམ་ཐམས་ཅད་རྒྱུན་ཆོད་ན། །སྐུ་དང་རང་བྱུང་ཡེ་ཤེས་ཉིད། །དབྱེར་མེད་རྟག་ཏུ་དེར་གནས་སོ། །དེ་ཉིད་འགྱུར་བ་མེད་པ་དང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། རྣལ་འབྱོར་བྱ་བ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །རང་བཞིན་བར་དོ་གདེང་དང་ལྡན་པ་ལ། །རྨི་ལམ་བར་དོར་རྟགས་སུ་ཤར་བ་གང་། །སྲིད་པ་བར་དོར་འབྲས་བུ་ཐོབ་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །བར་དོ་རྣམ་གསུམ་ཀུན་དང་ལྡན་པ་ལ། །ཆོས་ཉིད་རྟོགས་པའི་བྱང་སེམས་ལ། །རྨི་ལམ་བར་དོ་མི་མངའོ། །བདེ་གཤེགས་རྒྱལ་བའི་སྐུ་ལྔ་དང་། །རྡོ་རྗེ་དམྱལ་བའི་རིགས་ཅན་ལ། །ལས་ཀྱི་ས་བོན་མཐུ་དང་ལྡན་པ་ཡིས། །སྲིད་པ་བར་དོ་དེ་ལ་ཡོད་མ་ཡིན། །དེ་དང་མི་ལྡན་ཀུན་ལ་བར་དོ་རྣམ་གསུམ་གནས། །རང་བཞིན་བར་དོར་ལྷ་མཆོག་བསྟན་པ་ན། །རྨི་ལམ་བར་དོར་ལྷ་ཉིད་མཆོག་ཏུ་གསལ། །སྲིད་པ་བར་དོར་ལྷ་ཉིད་མཆོག་འབྲས་ཐོབ། །རང་བཞིན་བར་དོར་སྒྱུ་མར་ཤེས་པས་ན། །རྨི་ལམ་བར་དོར་སྡུག་བསྔལ་མི་འབྱུང་ཞིང་། །སྲིད་པ་བར་དོར་སྒྱུ་ལུས་


DNG006_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལེན་ནོ། །རང་བཞིན་བར་དོར་སྟོང་པར་རྟོགས་པ་ན། །རྨི་ལམ་བར་དོར་རྨི་ལམ་མི་འབྱུང་ཞིང་། །སྲིད་པ་བར་དོར་ཡེ་ཤེས་སྟོང་ཉིད་གསལ། །རང་བཞིན་བར་དོར་རྣམ་པར་མི་རྟོག་པས། །རྨི་ལམ་བར་དོར་རྨི་ལམ་ཡེ་ཤེས་གསལ། །སྲིད་པ་བར་དོར་ཡེ་ཤེས་སྐུ་ཉིད་ཐོབ། །ཞི་གནས་དུས་ན་རྣམ་པར་མི་རྟོག་པས། །རྗེས་ཐོབ་དུས་ན་སྟོང་པ་མཆོག་ཏུ་གསལ། །ཞི་གནས་ལྷག་མཐོང་དབྱེར་མེད་མཉམ་པ་ན། །རྨི་ལམ་བར་དོའི་དུས་སུ་དེ་བཞིན་གནས། །རང་བཞིན་བར་དོར་ཡེ་ཤེས་རྟོགས་པ་ན། །རྨི་ལམ་བར་དོར་ཡེ་ཤེས་རྟེན་མེད་གསལ། །སྲིད་པ་བར་དོར་ཡེ་ཤེས་དངོས་སུ་སྣང་། །རང་བཞིན་བར་དོར་ཆོས་ཉིད་ནམ་མཁའ་རྟོགས་པ་ན། །རྨི་ལམ་བར་དོར་ནམ་མཁའ་མཆོག་ཏུ་གསལ། །སྲིད་པ་བར་དོར་ཆོས་ཉིད་ནམ་མཁའ་འཐོབ། །རང་བཞིན་བར་དོར་ཟག་བཅས་ཐོགས་པའི་ལུས། །རྨི་ལམ་བར་དོར་སྒྱུ་ལུས་ཐོགས་མེད་ལུས། །སྲིད་པ་བར་དོར་ཟག་མེད་ཡེ་ཤེས་ལུས། །རང་བཞིན་བར་དོར་ཇི་ལྟར་རྟོགས་པ་བཞིན། །རྨི་ལམ་བར་དོར་བག་ཆགས་དེ་བཞིན་སྣང་། །སྲིད་པ་བར་དོར་འབྲས་བུ་དེ་བཞིན་འཐོབ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། བར་དོ་རྣམ་གསུམ་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །སྲིད་པ་བར་དོའི་ལུས་ཀྱི་སྣང་ལུགས་དང་། །སྲིད་པ་བར་དོ་དག་ལ་ཡེ་ཤེས་སྐྱེ་ལུགས་དང་། །སྲིད་པ་བར་དོ་དག་ལ་འབྲས་བུ་ཐོབ་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ལུས་ནི་རྣམ་པ་གསུམ་དང་ལྡན་པ་སྟེ། །བག་ཆགས་དག་གི་སྣང་ལུགས་ནི། །སྔོན་བྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །རྫུ་འཕྲུལ་ལས་ཀྱི་སྟོབས་དང་ལྡན། །དེ་ལྟའི་ལུས་དང་ལྡན་པར་གནས། །རྫུ་འཕྲུལ་དག་གི་ལུས་དེ་ནི། །འདྲ་མཐུན་རིགས་མཐུན་འདྲ་བར་སྤྲུལ་ནས་ནི། །ཐོགས་མེད་དབང་པོ་ཀུན་ཚང་བ། །འོད་དང་ཆས་ནས་བག་ཆགས་གསལ། །


DNG006_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་རླུང་ལ་ཞོན་ནས་སུ། །རིགས་མཐུན་ལྟ་བུའི་བག་ཆགས་སྣང་། །ཡེ་ཤེས་དག་གི་ལུས་དེའི་རང་བཞིན་ནི། །ལུས་མེད་ལུས་ཏེ་འཇའ་ཚོན་སྐུ། །སྐུ་གསུམ་དག་གི་སྣང་བ་འཛིན། །ཡེ་ཤེས་སྤྲུལ་སྐུ་ཅིར་ཡང་འཆར། །ཡེ་ཤེས་འོད་དང་ཆས་ནས་གནས། །འབྱུང་བའི་འོད་དང་བག་ཆགས་འོད། །རིམ་པ་བཞིན་དུ་གནས་པའི་ལུས། །སྲིད་པ་བར་དོ་དག་ལ་ཡེ་ཤེས་སྐྱེ་བ་ནི། །བསམ་གཏན་ལྡན་པའི་བར་དོ་ནི། །སྲིད་པའི་སྡུག་བསྔལ་དུ་མ་འབྱུང་འགྱུར་ཡང་། །སྡུག་བསྔལ་དེ་ལ་བརྟེན་ནས་རྟོག་མེད་པ། །འཕགས་པ་དགྲ་བཅོམ་ལྟ་བུའི་འབྲས་བུ་ཐོབ། །སྲིད་པ་བར་མ་དོ་ཡི་སྡུག་བསྔལ་སྣ་ཚོགས་ལ། །དེ་ལ་བརྟེན་ནས་ཡེ་ཤེས་མཆོག་ཏུ་འབྱུང་། །བྱང་ཆུབ་སེམས་དཔའ་ཆེན་པོའི་འབྲས་བུ་ཐོབ། །ཡེ་ཤེས་དེ་ཡི་དམ་པས་ཟིན་པས་ན། །སྲིད་པ་བར་མ་དོ་ཡི་དུས་དེ་རུ། །ཡེ་ཤེས་མཆོག་ཏུ་གསལ་བ་བདུན་ཡང་འབྱུང་། །སྔ་ལུས་ལ་བརྟེན་བླ་མའི་གདམས་ངག་དྲན། །ཟག་བཅས་ལུས་དང་བྲལ་བས་ཡེ་ཤེས་མཆོག་ཏུ་གསལ། །སྡུག་བསྔལ་དུ་མ་སྣང་བས་ཡེ་ཤེས་མཆོག་ཏུ་གསལ། །ཐོགས་མེད་ལུས་དང་ལྡན་པས་ཡེ་ཤེས་མཆོག་ཏུ་གསལ། །ཤེས་པ་སྔ་ཕྱི་ཤེས་པས་ཡེ་ཤེས་མཆོག་ཏུ་གསལ། །སྣང་བ་དུ་མར་སྣང་བས་ཡེ་ཤེས་མཆོག་ཏུ་གསལ། །བར་དོ་དམ་པ་དྲན་པའི་རྟེན། །ལུས་དང་བླ་མ་དག་དང་ནི། །སྣང་བ་དག་ལས་ཡེ་ཤེས་འབྱུང་། །བསམ་གཏན་ལྡན་པའི་སྣང་བ་ནི། །ཡེ་ཤེས་ཆེན་པོའི་འོད་ལྔ་ཤར། །རྫུ་འཕྲུལ་ལྡན་པའི་སྣང་བ་ནི། །སྲིད་པ་ཉི་མ་ལྟ་བུའི་འོད། །བག་ཆགས་ལྡན་པའི་སྣང་བ་ནི། །ལས་ཀྱི་འོད་དང་ལྡན་པར་གནས། །འཆི་བ་དོན་དམ་བདེན་པ་སྟེ། །རྣལ་འབྱོར་པ་ཡི་གྲོགས་ཡིན་པས། །སྲིད་པ་བར་དོ་དང་དུ་བླང་། །སྲིད་པ་བར་དོའི་འབྲས་བུ་ནི། །ཡེ་ཤེས་གསལ་དང་མི་གསལ་གྱིས། །དུས་དེར་འབྲས་བུ་རིམ་པར་ཐོབ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། སྲིད་པ་བར་དོ་ལ་ཡེ་ཤེས་འབྱུང་བ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་


DNG006_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་པོ་ལ། །སངས་རྒྱས་ཆོས་ཀྱི་སྐུ་ཡི་གནས་ལུགས་དང་། །སངས་རྒྱས་ཆོས་ཀྱི་སྐུ་ཡི་ངོ་བོ་དང་། །སངས་རྒྱས་ཆོས་ཀྱི་སྐུ་ཡི་རྩལ་སྣང་དང་། །སངས་རྒྱས་ཆོས་ཀྱི་སྐུ་དེའི་ཁྱད་པར་དང་། །སངས་རྒྱས་ཆོས་ཀྱི་སྐུ་དེའི་ཁྱབ་ཚུལ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཐོག་མ་ཐ་མ་མེད་པ་ན། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །སངས་རྒྱས་ཆོས་སྐུ་ཆེན་པོ་དེས། །བསྒྲུབ་མེད་རྩོལ་བསྒྲུབ་མེད་པས་ན། །ལམ་གྱིས་བཅས་སུ་ག་ལ་ཡོད། །ནམ་མཁའ་ཆེན་པོའི་ཚུལ་དུ་གནས། །ངོ་བོ་རིག་མེད་རིག་མ་སྐྱེས་པ་དེ། །རྒྱུ་འབྲས་ཀུན་ལས་གྲོལ་བས་གཉེན་པོ་མེད། །རྩོལ་མེད་འགག་པ་མེད་པས་སྣང་ཚུལ་ཅིར་ཡང་སྣང་། །རྣམ་རྟོག་ཡུལ་དུ་མེད་པས་འདི་ཞེས་བསྟན་དུ་མེད། །རབ་བྱུང་རང་ལ་སྣང་ཡང་གོས་པ་གང་ཡང་མེད། །ཉིད་ལས་མ་རྟོགས་གང་ཡང་རྩལ་ཙམ་མེད། །ཐམས་ཅད་སངས་རྒྱས་ཆོས་སྐུའི་ངོ་བོ་ཡིན། །དེ་ཡི་རྩལ་གྱིས་སྣང་བ་ལྔ་པོ་ནི། །གསལ་དྭངས་མི་གཡོ་མི་འགྱུར་རྒྱ་མ་ཆད། །འགག་པ་མེད་པའི་ཡོན་ཏན་སྣ་ཚོགས་མངའ། །སངས་རྒྱས་ཆོས་སྐུའི་སྣང་བ་ཁྱད་པར་ནི། །སྐུ་ཡི་སྐུ་རུ་སྣང་བ་དང་། །ཡེ་ཤེས་སྐུ་རུ་སྣང་བའོ། །མེད་པའི་སྐུ་རུ་སྣང་བ་དང་། །ཡོད་པའི་སྐུ་རུ་སྣང་བའོ། །སེམས་ཀྱི་སྐུ་རུ་སྣང་བ་དང་། །སེམས་ལས་བྱུང་བའི་སྐུ་རུ་སྣང་བའོ། །སྐུ་ཡི་གཞི་ཉིད་དེ་དག་ལས། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་སྣ་ཚོགས་ནི། །སྐུ་ཉིད་དག་ལས་ཀུན་འབྱུང་བས། །གཞི་ཡི་སྐུ་དང་རང་བཞིན་སྐུ། །ཡན་ལག་སྐུ་ཡིས་ཀུན་ལ་ཁྱབ་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཆོས་སྐུ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །རང་བྱུང་ཡེ་ཤེས་གནས་ལུགས་དང་། །ངོ་བོ་རྩལ་དང་ཡོན་ཏན་ཁྱབ་ཚུལ་དང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །འདུ་འབྲལ་མེད་པའི་ཡེ་ཤེས་སྙིང་པོ་དེ། །ཕྱོགས་བཅུ་


DNG006_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བཞི་དེ་བཞིན་གཤེགས་པ་ཡང་། །ཡེ་ཤེས་དེ་ལ་བདེ་གཤེགས་ཀུན་གྲུབ་པས། །ཐོབ་པ་མ་ཡིན་ཐོག་མ་ཡེ་ནས་གནས། །རང་བྱུང་ཡེ་ཤེས་ངོ་བོ་ནི། །རིག་པ་མི་རྟོག་མ་རིག་མ་སྐྱེས་དེ། །རང་རིག་རང་གསལ་གདལ་ཁྱབ་པ། །མི་རྟོག་མཉམ་པ་ཆེན་པོར་གནས། །རང་བྱུང་ཡེ་ཤེས་ཡན་ལག་རིག་སྐྱེས་པས། །རིག་པའི་རྩལ་རྣམས་སྣ་ཚོགས་རིག་པའི་རྩལ། །ལུས་གང་རིག་པའི་རྩལ་ནི་སྒོ་ལྔའི་ཡུལ་དུ་སྣང་། །དེ་ཡི་རྩལ་གྱིས་སྣང་བ་བསམ་གྱིས་མི་ཁྱབ་བོ། །རང་བྱུང་ཡེ་ཤེས་གཞི་གཅིག་ལས། །རང་བྱུང་ཡེ་ཤེས་སྙིང་པོ་དང་། །ཡན་ལག་རང་བྱུང་ཡེ་ཤེས་དང་། །སེམས་ཀྱི་ཡེ་ཤེས་ཆེན་པོ་དང་། །བྱུང་དང་འབྱུང་ནས་གནས་པའི་ཡེ་ཤེས་སོ། །རིག་པ་འགག་པ་མེད་པ་ཡིས། །ཡོན་ཏན་བསམ་གྱིས་མི་ཁྱབ་པའོ། །བྱང་ཆུབ་སེམས་ནི་སྤུ་གྲིའི་སོ། །ཏིལ་མར་ངར་བཏགས་རལ་གྲི་བཞིན། །གསལ་ལ་དྭངས་པའི་ཡོན་ཏན་དང་། །འགག་པ་མེད་པའི་ཡོན་ཏན་ལྡན། །རིག་པ་མི་རྟོག་གཞི་ཉིད་ལས། །རིག་པ་སྐྱེས་པ་བསམ་མི་ཁྱབ། །རྒྱལ་བ་རྡོ་རྗེ་སེམས་དཔའ་ནས། །རྡོ་རྗེ་སྡུག་བསྔལ་ལ་ཐུག་པར། །རིག་པ་དེ་ཡིས་ཀུན་ལ་ཁྱབ། །ཡེ་ཤེས་རིག་པ་གསལ་མི་དཔྱོད། །ཡན་ལག་རིག་སྐྱེས་མི་གསལ་དཔྱོད་པར་གནས། །སེམས་ཀྱི་རིག་པ་སྐད་ཅིག་འདྲེས་མར་འབྱུང་། །རིག་པའི་སྐྱེ་ལུགས་བསམ་གྱིས་མི་ཁྱབ་བོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། རང་བྱུང་ཡེ་ཤེས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཐམས་ཅད་སངས་རྒྱས་ཆོས་སྐུ་ཡིན་པ་ལས། །འཁྲུལ་ཞེས་བྱ་བའི་སྣང་བ་འདི་དག་ཀུན། །སྐུ་ལས་འཁྲུལ་ལམ་ཡེ་ཤེས་དག་ལས་འཁྲུལ། །དེ་ལས་མ་རྟོགས་རྒྱུ་གཞན་ཞིག་ལས་འཁྲུལ། །སྐུ་ལས་འཁྲུལ་ན་ཀུན་བཟང་ཉིད་ལས་འཁྲུལ། །ཐམས་ཅད་ཀུན་ཏུ་བཟང་པོ་ཡིན་པས་ན། །ཡེ་ཤེས་འཁྲུལ་ན་ཐུག་པ་མེད་པར་འགྱུར། །རྡོ་རྗེ་སེམས་དཔའ་ཉིད་ཀྱང་འཁྲུལ་ཞེས་བྱ། །རྟོགས་པའི་བལྟ་བསྒོམ་སྤྱོད་པ་དོན་མེད་འགྱུར། །རྒྱུ་གཞན་ཞིག་ལས་འཁྲུལ་ན་སེམས་ན་


DNG006_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མེད། །འཁྲུལ་ཞེས་བྱ་བའི་སྣང་བ་ཇི་ལྟར་ལགས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །རང་བཞིན་རྣམ་པར་དག་པས་བཅོས་སུ་མེད་པས་ན། །སྐུ་དང་ཡེ་ཤེས་ངོ་བོ་དག་ལ་འཁྲུལ་པ་མེད། །དཔེར་ན་ཆུ་ཡི་ངོ་བོ་མ་འཁྲུལ་ཆུ་ཡི་རླབས་ཉིད་འཁྲུལ། །མེ་ལོང་ངོ་བོ་མ་འཁྲུལ་གཟུགས་བརྙན་འཁྲུལ། །ཆོས་སྐུ་ངོ་བོ་ཡེ་ནས་རྣམ་དག་པས། །ཆོས་སྐུའི་རྩལ་ཉིད་འགག་པ་མེད་པ་ཡི། །ཡོན་ཏན་མ་འགགས་ཅིར་ཡང་སྣང་བ་ཡིས། །སྣང་བ་ཡན་ལག་ཡུལ་དུ་བཟུང་བ་ལས། །འབྱུང་བའི་སྣང་བས་འཁྲུལ་པའི་འདྲ་གཞི་བྱས། །འདྲ་གཞི་དེ་ལ་ཆོས་གསུམ་ལྡན་པ་ཡིས། །འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པ་ལས། །ཡིད་རྟེན་ཤེས་པ་སྐྱེས་པས་འཁྲུལ་པའི་བག་ཆགས་སྣང་། །བག་ཆགས་དེ་ཡིས་སྐུ་དང་ཡེ་ཤེས་བསྒྲིབས། །དེ་ལ་གནས་པས་འཁྲུལ་ཞེས་བྱ་བ་ནི། །གཞན་གྱི་འཁྲུལ་པས་སྐུ་ཉིད་བསྒྲིབས་པ་མིན། །འཁྲུལ་ཞེས་བྱ་བའི་ངོ་བོ་དེ་དག་ནི། །ཡིན་པ་བཞག་ནས་མིན་པར་བཟུང་བས་འཁྲུལ། །དཔེར་ན་མཐོ་ཡོར་དག་ལ་མི་རུ་བཟུང་བའམ། །ཐག་པ་དག་ལས་སྦྲུལ་གྱི་བློ་བཞིན་ནོ། །རྒྱུ་ཉིད་རང་ལས་བྱུང་བའི་འཁྲུལ་པ་ནི། །སྐུ་དང་སྐུ་ལས་བྱུང་བ་མ་ཤེས་པར། །དེ་ཉིད་སོ་སོར་སྣང་བར་བཟུང་བ་ཡིས། །བཟུང་བའི་བག་ཆགས་འདྲ་མཐུན་རིགས་མཐུན་ལ། །གཉིས་སུ་བཟུང་བས་འཁྲུལ་ཞེས་བྱ་བ་ཡིན། །དཔེར་ན་ཉི་མའི་སྙིང་པོ་ཉི་མའི་འོད་དེ་ཡང་། །འོད་དང་ཉི་མར་བཟུང་བས་འཁྲུལ་ཞེས་བྱ། །དེ་དང་དེ་ལས་བྱུང་བར་མ་ཤེས་སོ། །རྐྱེན་ཉིད་གཞན་ལས་བྱུང་བའི་འཁྲུལ་པ་ནི། །སྐུ་ཡི་རང་བཞིན་ཡུལ་དུ་མེད་པ་ལ། །ཡུལ་དུ་ཆེད་ན་བཟུང་བས་འཁྲུལ་པ་ཡིན། །དཔེར་ན་སྨིག་རྒྱུའི་ཆུ་ཡི་ཕུང་པོ་དེ། །མེད་ཀྱང་ཆུ་རུ་མཐོང་བ་བཞིན། །འབྲས་བུ་མ་རིག་པ་ཡི་འཁྲུལ་པ་ནི། །ཆོས་རྣམས་ཐམས་ཅད་གཉིས་སུ་མེད་པ་ལ། །ཕྱི་ནང་སྣོད་བཅུད་གཉིས་སྣང་ཡང་། །དེ་ཡི་བག་ཆགས་ཁམས་གསུམ་འཁོར་བར་སྣང་། །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །རིན་པོ་ཆེ་རྒྱས་པ་


DNG006_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་རྒྱུད་ལས། འཁྲུལ་གཞི་བརྟག་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །འཁྲུལ་ཞེས་བྱ་བའི་སྣང་བ་འདི་དག་ཀུན། །གང་ལས་གང་བྱུང་ཚད་ཅི་གང་གི་སྒོ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །རིག་པ་མ་གཡོས་རིག་པ་རང་གསལ་བས། །དེ་ལས་བྱུང་བའི་རིག་པ་སྣ་ཚོགས་ནི། །རང་བྱུང་ཡེ་ཤེས་ཡན་ལག་ཆ་ཕྲ་མོ། །གཡོ་མི་གཡོ་ལས་ཡིད་ཙམ་ཟེར་གཡོས་པས། །སྔར་གཡོ་མ་མྱོང་ཕྱིས་ཉིད་གཡོས་པ་ཡིས། །རིག་པ་རང་གསལ་འོད་དང་ཆས་ནས་བྱུང་། །རིག་པ་རང་ལས་བྱུང་བའི་འོད་དེ་ལ། །ཡིན་མིན་ཡིན་གདེང་ངེས་པའི་ཤེས་པ་སྐྱེས། །འོད་དང་རིག་པ་གཉིས་སུ་སོ་སོར་སྣང་། །རིག་པ་རང་གི་འོད་ཉིད་ཡུལ་དུ་བཟུང་། །བཟུང་བའི་བག་ཆགས་ཞེན་ཅིང་བལྟས་པ་ཡིས། །ཡུལ་དང་ཡུལ་ཅན་གཉིས་སུ་སྣང་བའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། འཁྲུལ་པ་མདོར་བསྡུས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཆོས་སྐུ་རང་བྱུང་ཡེ་ཤེས་རིག་མེད་དེ། །དེ་ཡི་ཡོན་ཏན་མ་འགགས་ཅིར་ཡང་སྣང་། །ཡོན་ཏན་ཕྱོགས་གཅིག་སྣང་བ་དེ་དག་ལ། །ཆོས་སྐུ་གསལ་དྭངས་མི་གཡོ་མི་འགྱུར་རྒྱ་མ་ཆད། །དེ་ཡི་ཡོན་ཏན་སོ་སོར་སྣང་བ་ལས། །ཁ་དོག་རྣམ་འབྱུང་རྣམ་ལྔ་གྲུབ་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །གསལ་བ་ཁ་དོག་དཀར་པོར་མཐོང་། །དྭངས་པ་ཁ་དོག་དམར་པོར་མཐོང་། །མི་གཡོ་ཁ་དོག་སྔོན་པོར་མཐོང་། །མི་འགྱུར་ཁ་དོག་ནག་པོར་མཐོང་། །མི་འགྱུར་ས་ཡིན་སྙམ་སྟེ་ས་རུ་བཟུང་། །བཟུང་བའི་བག་ཆགས་སྲ་བ་ས་རུ་སྣང་། །གསལ་བ་མེ་ཡིན་སྙམ་སྟེ་མེ་རུ་བཟུང་། །བཟུང་བའི་བག་ཆགས་སྨིན་པ་མེ་རུ་སྣང་། །དྭངས་པ་ཆུ་ཡིན་སྙམ་སྟེ་ཆུ་རུ་བཟུང་། །བཟུང་བའི་བག་ཆགས་སྡུད་པར་བྱེད་པ་ཆུ་རུ་སྣང་། །མི་གཡོ་རླུང་ཡིན་སྙམ་སྟེ་རླུང་དུ་བཟུང་། །


DNG006_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བའི་བག་ཆགས་གཡོ་བྱེད་རླུང་དུ་བཟུང་། །རྒྱ་མ་ཆད་པ་ནམ་མཁའ་དག་ཏུ་བཟུང་། །བཟུང་བའི་བག་ཆགས་གོ་འབྱེད་ནམ་མཁར་སྣང་། །དེ་རྣམས་རིགས་མཐུན་འདྲ་མཐུན་འདུ་བ་འདུས་པ་ཡིས། །འབྱུང་བ་རྣམ་ལྔ་ཁ་དོག་རྣམ་ལྔ་ཡང་། །བྱུང་དང་འབྱུང་དང་བྱུང་ནས་གནས་པ་ལ། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ཡང་། །འདྲ་ཞིང་དེ་ལས་འཁྲུལ་པ་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་རྣམ་ལྔ་ཡང་། །འདྲ་གཞི་དེ་ལས་བྱུང་བ་ཡིན། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་ལ་སོགས་པའི་ཡུལ་རྣམས་ཀུན། །ཞིང་གཅིག་དང་ལས་འཁྲུལ་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། འཁྲུལ་གཞི་རྩ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །བཅུད་དུ་གྲུབ་པའི་སྣང་བ་འདི་དག་ཀུན། །ཕོ་མོ་མ་ནིང་རང་རྒྱུད་སོ་སོ་དང་། །ལུས་གང་འཁྲུལ་པ་གང་ལྟར་འཁྲུལ་པ་ལགས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །རང་བྱུང་ཡེ་ཤེས་ཡན་ལག་རིག་སྐྱེས་དེ། །སྔར་གཡོས་མ་མྱོང་ཕྱི་ཉིད་གཡོས་པ་ལས། །རིག་པ་དེ་ཉིད་འོད་དང་ཆས་པ་ལས། །རང་ལས་བྱུང་བའི་སྣང་བར་མ་རྟོགས་པར། །སྣང་བའི་འོད་ལ་ཡུལ་དུ་བཟུང་བ་ཡིས། །འོད་དེ་གཅིག་ཏུ་མཐོང་བས་གཟུགས་སུ་བཟུང་། །བཟུང་བ་རང་གིས་གཟུགས་ཀྱིས་བག་ཆགས་སྣང་། །འོད་ལས་ཉམས་སུ་མྱོང་བས་ཚོར་བར་བཟུང་། །བཟུང་བ་རང་གིས་ཚོར་བའི་བག་ཆགས་སྣང་། །འོད་དེ་མཚན་མར་མཐོང་བས་འདུ་ཤེས་བཟུང་། །བཟུང་བ་རང་གིས་འདུ་ཤེས་མཚན་མར་གསལ། །གསལ་བའི་བག་ཆགས་འདུ་ཤེས་ཉིད་དུ་སྣང་། །འོད་དེ་གཡོ་བར་མཐོང་བས་འདུ་བྱེད་ཉིད་དུ་སྣང་། །གཡོ་བའི་བག་ཆགས་འདུ་བྱེད་ཉིད་དུ་གསལ། །འོད་དེས་ཐམས་ཅད་བསྐྱེད་པས་རྣམ་པར་ཤེས་པར་བཟུང་། །བཟུང་བའི་བག་ཆགས་རྣམ་པར་ཤེས་པ་སྣང་། །དེ་ལ་ཞེན་པས་འདོད་ཆགས་དག་ཏུ་བྱུང་། །ཤིན་ཏུ་གསལ་བས་ཞེ་


DNG006_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་དག་ཏུ་བྱུང་། །བྱུང་བར་མ་ཤེས་མ་རིག་པ་རུ་བྱུང་། །དེ་ཉིད་གྲུབ་པས་ང་རྒྱལ་དག་ཏུ་བྱུང་། །གཉིས་སུ་སྣང་བས་ཕྲག་དོག་དག་ཏུ་བྱུང་། །དེ་རྣམས་གཅིག་ཏུ་འདུས་པས་གཟུགས་ཀྱི་ཕུང་པོ་གྲུབ། །རིག་པ་རང་གསལ་དབང་པོ་སྒོ་ལྔར་སྣང་། །རིག་པ་རང་འོད་ཡུལ་ལྔའི་སྣང་བར་བཟུང་། །བཟུང་བའི་བག་ཆགས་ལུས་གང་འཁྲུལ་པ་གྲུབ། །རིག་པ་ཡུལ་ལ་སྤྱོད་པ་ཕོ་རུ་བྱུང་། །བཟུང་བའི་བག་ཆགས་སྐྱེས་པ་ཕོ་རུ་གྲུབ། །རིག་པ་ཡུལ་ལ་མི་སྤྱོད་མོ་རུ་བཟུང་། །བཟུང་བའི་བག་ཆགས་རིག་པ་མོ་རུ་སྣང་། །རིག་པ་རང་སོར་གནས་པ་མ་ནིང་བཟུང་། །བཟུང་བའི་བག་ཆགས་མ་ནིང་དག་ཏུ་སྣང་། །རང་ལས་བྱུང་བའི་འོད་ཀྱི་སྣང་བ་དང་། །མིང་དུ་བཏགས་པའི་ཡུལ་གྱི་སྣང་བ་གཉིས། །འདྲ་མཐུན་རིག་མཐུན་འདྲ་བར་མཐོང་བ་ཡིས། །འདྲ་གཞི་དེ་ལས་འཁྲུལ་པའི་རྒྱུ་བྱས་སོ། །བྱུང་དང་འབྱུང་དང་བྱུང་ནས་གནས་པ་མ་རྟོགས་པས། །འཁྲུལ་པའི་སྣང་བ་སོ་སོར་བྱུང་བ་ཡིན། གཞི་གཅིག་དག་ལས་སྣ་ཚོགས་སྣང་བར་བྱུང་བའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། བཅུད་དུ་འཁྲུལ་པ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །སྤྱི་ཡི་སྤྱི་ལས་འཁྲུལ་པ་བྱུང་བ་ཇི་ལྟ་བུ། །རྒྱུད་ལས་བྱུང་བའི་འཁྲུལ་པ་ཇི་ལྟ་བུ། །རྒྱུ་མེད་འཁྲུལ་པ་བྱུང་བ་ཇི་ལྟ་བུ། །འདྲ་གཞི་ཡོད་པའི་འཁྲུལ་པ་ཇི་ལྟ་བུ། །འདྲ་གཞི་མེད་པའི་འཁྲུལ་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །སྤྱི་ཡི་སྤྱི་ལས་འཁྲུལ་པ་ནི། །རིག་པ་མི་རྟོག་རང་སོར་གནས་པ་དེ། །རིག་པའི་རྩལ་ནི་རྣམ་པ་གཉིས་སུ་ཤར། །རིག་པ་དེ་ཉིད་སྟོང་པར་རྟོགས་པ་ཡིས། །ཡུལ་དང་ཡུལ་ཅན་གཉིས་མེད་རིག་པ་རང་གསལ་བ། །དེ་ལས་ཐམས་ཅད་འབྱུང་བར་ཤེས་པ་ཡིན། །རྟོགས་ཏེ་སངས་རྒྱས་བྱུང་བའི་གཞི་ཡང་བྱས། །རིག་པ་དེ་ཉིད་ངོ་བོ་སྟོང་པར་མ་རྟོགས་པས། །རིག་པ་རང་གསལ་འོད་དུ་མཐོང་བ་ཡིན། །འོད་དང་རིག་པ་གཉིས་སུ་སྣང་བ་བྱུང་། །འོད་དེའི་ཡུལ་ལས་རིག་པ་སྣ་ཚོགས་བརྟགས། །ཁམས་གསུམ་མ་རྟོགས་སེམས་ཅན་འབྱུང་བའི་གཞི། །རིག་པ་སྤྱི་ལ་གཉིས་སུ་མཐོང་བ་ཡིས། །སྤྱི་ཡི་སྤྱི་ལས་འཁྲུལ་པར་


DNG006_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་བྱུང་། །རྒྱུ་ལས་བྱུང་བའི་འབྲས་བུའི་འཁྲུལ་པའི་སྣང་བ་ནི། །ཡན་ལག་རིག་པའི་ངོ་བོ་ཡུལ་ལ་མི་སྤྱོད་པ། །རིག་པ་རང་སོར་ནང་གསལ་གནས་པ་ལས། །མ་རིག་པ་ཞེས་བརྟགས་ཏེ་མ་རིག་པ་རུ་བཟུང་། །སྟོང་པར་མ་ཤེས་ཡུལ་དུ་མ་ཤེས་པས། །མ་རིག་པ་ཞེས་བྱ་བར་སྣང་བ་ཡིན། །རྒྱུ་ཉིད་རང་ལས་བྱུང་བའི་མ་རིག་པས། །རང་ལས་བྱུང་བའི་སྣང་བ་གཞན་དུ་བཟུང་། །བཟུང་བ་རང་གིས་ཡུལ་གཞན་ཉིད་དུ་སྣང་། །ཡུལ་གྱིས་རིག་པ་སྒྲིབ་པས་རྐྱེན་གཞན་མ་རིག་པ། །རྒྱུ་ལས་བྱུང་བའི་མ་རིག་པ་རུ་མཐོང་། །རྒྱུ་མེད་དག་ལས་བྱུང་བའི་འཁྲུལ་པ་ནི། །རང་བྱུང་ཆོས་སྐུ་གདོད་ནས་དག་པ་ཡི། །དེ་ལས་བྱུང་བའི་ཡན་ལག་རིག་པ་ཡང་། །མ་བཅོས་སྙིང་པོ་གདོད་ནས་དག་པ་ཡིས། །དེ་ལ་རྣམ་རྟོག་འཁྲུལ་པ་གང་ཡང་མེད། །རིག་པའི་ངོ་བོ་སྟོང་པར་གནས་པ་གཏིང་གསལ་ཡིན། །རིག་པའི་ཡན་ལག་ངང་གིས་དག་པ་རང་གསལ་ཡིན། །རིག་པ་གསལ་བར་ཆས་པ་འོད་གསལ་ཡིན། །འཁྲུལ་ཞེས་བྱ་བ་བཏགས་པ་ཙམ། །མིན་པར་ཡིན་པར་བཟུང་བས་འཁྲུལ། །དོན་ལ་འཁྲུལ་ཞེས་བྱ་བར་མེད། །རྒྱུ་མེད་གློ་བུར་བཏགས་པ་ཙམ། །འདྲ་གཞི་ཡོད་པའི་འཁྲུལ་པ་ནི། །སྐྱེ་མཆེད་མུ་བཞི་པ་ཡི་འདྲ་གཞི་ནི། །རིག་པ་གསལ་བ་རང་གིས་བྱས། །སྣོད་དུ་འཁྲུལ་པའི་འདྲ་གཞི་ནི། །རིག་པ་ཕྱི་རུ་གསལ་བར་བྱས། །འདྲ་གཞི་མེད་པའི་འཁྲུལ་པ་ནི། །སྐྱེ་མཆེད་མུ་བཞིའི་གནས་རྣམས་དང་། །སྲིད་པ་བར་དོར་འཁྲུལ་པ་ཡིན། །སྣོད་དུ་སྣང་བ་འདི་དག་ཀུན། །སྟོང་པའི་རྩལ་ལས་བྱུང་བར་མ་ཤེས་འཁྲུལ། །བཅུད་དུ་སྣང་བ་འདི་དག་ཀུན། །རིག་པའི་ཟེར་ལས་བྱུང་བར་མ་ཤེས་འཁྲུལ། །དབྱེར་མེད་གཅིག་ཏུ་མ་ཤེས་པས། །ཐེག་པ་སྣ་ཚོགས་འཁྲུལ་པ་ཡིན། །གཅིག་ལས་མེད་དེ་སོ་སོར་སྣང་བ་འཁྲུལ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། འཁྲུལ་གཞི་ཐ་དད་ལེའུ་སྟེ་ཉེར་གཉིས་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །དོན་དམ་དག་གི་འཁྲུལ་པ་དང་། །ཀུན་རྫོབ་དག་གི་འཁྲུལ་པ་དང་། །སྒྱུ་མ་དག་གི་འཁྲུལ་པ་དང་། །ལོག་པ་དག་གི་འཁྲུལ་པ་གང་། །


DNG006_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །དོན་དམ་ངག་ལ་འཁྲུལ་པ་མི་མངའ་ཡང་། །ཞེན་ཅིང་ཆགས་ནས་འཁྲུལ་ཞེས་བྱ་བ་ཡིན། །ཆོས་ཉིད་རང་བཞིན་སྟོང་པར་གནས་པ་ལ། །སྟོང་པ་སྟོང་པར་བཟུང་ན་འཁྲུལ་ཞེས་བྱ། །སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་གྲོལ། །དཔེར་ན་བསམ་གཏན་དང་པོའི་ཏིང་འཛིན་བདེ་བ་ལ། །ཆགས་ཤིང་ཞེན་ན་དེ་ཡང་འཁྲུལ་པ་ཡིན། །ཀུན་རྫོབ་དག་གི་འཁྲུལ་པའི་སྣང་བ་ནི། །རྣམ་ཤེས་བརྒྱད་ལ་བརྟེན་པའི་འཁྲུལ་པ་དང་། །སྒོ་ལྔ་ཡུལ་ལྔ་བརྟེན་པའི་འཁྲུལ་པ་ཡིས། །དགེ་བ་བྱས་ཀྱང་ཉོན་མོངས་འཁྲུལ་པའི་ངང་། །མི་དགེ་བྱས་ཀྱང་ཉོན་མོངས་འཁྲུལ་པ་དངོས། །རང་སོར་བཞག་ཡང་འཁྲུལ་པའི་སྣང་བ་ཉིད། །སྒྱུ་མ་དག་གི་འཁྲུལ་པའི་སྣང་བ་ནི། །ཡོད་པ་སྒྱུ་མའི་དཔེ་བརྒྱད་ནི། །ཆུ་ཟླ་ལ་སོགས་གཟུགས་བརྙན་བཞིན། །དེ་ཡང་དངོས་ཀྱི་སྣང་བར་འཛིན། །མེད་པ་སྒྱུ་མའི་དཔེ་བརྒྱད་ནི། །སྨིག་རྒྱུ་ཆུ་མེད་ཆུར་མཐོང་བཞིན། །སྤྲུལ་པ་དག་གི་སྒྱུ་མ་དང་། །སྒྱུ་མ་དག་གི་སྒྱུ་མ་དང་། །སྨིག་རྒྱུ་དག་གི་སྒྱུ་མ་ཀུན། །དེ་རྣམས་སྒྱུ་མའི་འཁྲུལ་པའོ། །ལོག་པ་དག་གི་འཁྲུལ་པ་ནི། །རྨི་ལམ་བདེ་དང་སྡུག་བསྔལ་ལ། །སད་ན་རང་བཞིན་མེད་བཞིན་དུ། །དེ་ལ་དམ་པའི་དོན་བྱས་ནས། །ལོག་པའི་བག་ཆགས་སྣང་བྱེད་པ། །བག་ཆགས་དེ་ཡིས་བསྒོས་པས་ན། །ལོག་པ་དག་གི་འཁྲུལ་པ་ཡིན། །ཕྱི་དང་ནང་གི་ཐེག་པ་ཡང་། །གཉིས་འཛིན་བྱུང་ན་འཁྲུལ་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། འཁྲུལ་པ་ལས་བྱུང་བའི་རིགས་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཆོས་སྐུ་རང་བྱུང་དབྱེར་མེད་གཅིག་པ་ལས། །ཕྱི་རོལ་མུ་སྟེགས་རྟག་པ་འཁྲུལ་པའི་རྒྱུ་ཉིད་དང་། །དེ་ཡི་སྐྱེད་པའི་རྐྱེན་གྱི་འདྲ་གཞི་དང་། །དེ་ལྟར་རྟོགས་པའི་བལྟ་བ་དང་། །དེ་ལས་བྱུང་བའི་བསྒོམ་པ་དང་། །དེས་བསྐྱེད་འབྲས་བུ་འཁྲུལ་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་


DNG006_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་སྟོང་པ་རང་བཞིན་མི་འགྱུར་བས། །སྟོང་པ་མ་མཐོང་མི་འགྱུར་མཐོང་བ་ཡིས། །མི་འགྱུར་བ་དེ་རྟག་པའི་བདག་ཏུ་བཟུང་། །ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱང་། །ཕྱི་ཡི་སྣོད་ཀྱང་དེ་ལས་བྱུང་བར་མཐོང་། །གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང་། །རྣམ་པར་ཤེས་པ་ལ་སོགས་ཐམས་ཅད་ཀུན། །ནང་གི་བཅུད་ཀྱང་དེ་ཡིས་བསྐྱེད་པར་མཐོང་། །ཐམས་ཅད་དེ་ལས་བྱུང་བས་བྱེད་པའི་བདག་ཏུ་མཐོང་། །མི་འགྱུར་གནས་པས་རྟག་པ་གཅིག་པུར་བཟུང་། །རྒྱུད་ཉིད་བྱེད་པ་པོ་དག་བདག་ཏུ་མཐོང་། །མཐོང་བའི་བག་ཆགས་ཞེན་ཅིང་ཆགས་པ་ཡིས། །འབྲས་བུ་བྱེད་པ་པོ་ཡི་བདག་ཉིད་དེ། །དཀར་ལ་འཚེར་ལ་སྣུམ་ལ་འགྲིལ་བར་ཡོད། །ཙིཏྟ་གཞལ་ཡས་ཁང་ན་དེ་གནས་སོ། །ཆེ་ན་མཐེ་བོང་ཆུང་ན་ཡུངས་འབྲུ་ཙམ། །ནང་གི་རིག་པ་ཀུན་ཀྱང་དེ་ལས་བྱུང་། །ཕྱི་ཡི་ཡུལ་རྣམས་ཀུན་ཀྱང་དེ་ལས་བྱུང་། །ཐམས་ཅད་དེ་ལས་བྱུང་ཞིང་དེས་བསྐྱེད་པས། །རྟག་ཅིང་བྱེད་པ་པོ་ཡི་བདག་ཉིད་དེ། །བདག་ཉིད་རྟག་པ་བྱེད་པ་པོ་རུ་རྟོགས། །རྟོགས་པ་དེ་ལྟར་བརྟན་པ་བསྒོམ་པ་ཡིན། །སྲོག་དང་ལོངས་སྤྱོད་ཐམས་ཅད་མཆོད་པ་ཡིས། །ཕྱའམ་དབང་ཕྱུག་བྱེད་པ་པོ་དགའ་ནས། །ཤི་ཡང་དེ་ཡི་འབྲས་བུ་དེ་ཡིས་འཐོབ། །རྒྱུ་དང་རྐྱེན་དང་འདྲ་གཞི་ནི། །མི་འགྱུར་བ་ལ་བདག་ཏུ་མཐོང་བས་བྱས། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། མུ་སྟེགས་རྟག་པ་འཁྲུལ་པའི་ལེའུ་སྟེ་ཉེར་བཞི་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །མུ་སྟེགས་ཆད་པ་འཁྲུལ་པའི་རྒྱུ་དང་འདྲ་གཞི་དང་། །རྟོགས་པའི་ལྟ་སྒོམ་སྤྱོད་པ་འབྲས་བུ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །སྐུ་ཉིད་སྟོང་པ་རྩལ་ཉིད་འགག་མེད་པས། །རྩལ་གྱི་ཡན་ལག་སྟོང་པར་མཐོང་བ་ལས། །རྩལ་དང་སྟོང་པ་དབྱེར་མེད་མ་རྟོགས་པས། །རྩལ་ཉིད་རིས་སུ་ཆད་པས་སྟོང་པར་མཐོང་བ་དེས། །མུ་སྟེགས་ཆད་པ་འཁྲུལ་པའི་རྒྱུ་བྱས་སོ། །རྩལ་ཉིད་སྟོང་པར་མཐོང་


DNG006_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཁྲུལ་པའི་འདྲ་གཞི་བྱས། །མུ་སྟེགས་རྟོག་པ་ཅི་ཡང་མེད་པ་དང་། །རྩལ་གྱི་སྣང་བ་ཅི་ཡང་མེད་པ་གཉིས། །འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པ་ཡིས། །མུ་སྟེགས་ཅི་ཡང་མེད་པས་འདྲ་གཞི་བྱས། །ཕྱི་ནང་ཐམས་ཅད་མེད་པར་མཐོང་བ་ཡིས། །ཕ་མ་གཉེན་ཚན་སྦྱོར་བ་མེད་པ་དང་། །རྒྱུ་དང་འབྲས་བུ་ཐམས་ཅད་མེད་པར་རྟོགས། །ཅི་ཡང་མེད་ཅེས་ཟེར་ནས་ཐམས་ཅད་མེད་པར་བསྒོམ། །སེམས་དེ་ཕྱི་ནང་མེད་པས་ན། །ལུས་ཀྱང་སེམས་ཀྱི་ངང་ལ་ཞི། །དགེ་བ་བྱས་ཀྱང་སེམས་ལ་ག་ན་ཕན། །སྡིག་པ་སྤྱོད་ཀྱང་སེམས་ལ་ག་ན་གནོད། །ནམ་མཁའ་དག་ལ་སྤྲིན་དེངས་བཞིན། །སླར་སྐྱེ་བ་དག་ག་ལ་སྲིད། །དེ་ཡི་བག་ཆགས་འབྲས་བུ་ཡིས། །ཅི་ཡང་མེད་ཅེས་རྟོགས་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། མུ་སྟེགས་ཆད་པ་འཁྲུལ་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །མུ་སྟེགས་ཕྱལ་པའི་འཁྲུལ་པའི་རྒྱུད་དང་ནི། །འཁྲུལ་པའི་འདྲ་གཞི་རྟོགས་པའི་ལྟ་བ་དང་། །སྒོམ་དང་སྤྱོད་པ་འབྲས་བུ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུའི་རང་བཞིན་ཅི་ཡང་མེད་པ་ལས། །ཅི་ཡང་མ་ཡིན་ཅིར་ཡང་སྣང་བ་དེ། །སྣང་བ་དེ་དང་སྐུ་ཡི་ངོ་བོ་གཉིས། །གཅིག་ཏུ་མ་མཐོང་ཐ་དད་མཐོང་བ་དེས། །ཐ་དད་སྣང་བས་འཁྲུལ་པའི་རྒྱུ་ཉིད་བྱས། །དེ་ལས་བྱུང་བའི་སྣང་བ་དེ་ཉིད་ལས། །ཕྱི་ཉིད་སྟོང་པ་ནམ་མཁའ་ལྟ་བུར་མཐོང་། །ནང་གི་རིག་པ་གང་དུ་མ་གྲུབ་པས། །རིག་པ་དེ་ཡང་ནམ་མཁའ་ལྟ་བུར་མཐོང་། །རིག་པ་ཉིད་དང་རིག་པའི་རྩལ་དེ་ལ། །མུ་སྟེགས་ཕྱལ་པ་འཁྲུལ་པའི་འདྲ་གཞི་བྱས། །རིག་པའི་ངོ་བོ་སྟོང་པར་གནས་པ་དང་། །རིག་པའི་རང་འོད་རང་བཞིན་མེད་པ་ཡིས། །སེམས་ཀྱི་རང་བཞིན་སྟོང་པར་གནས་པ་དང་། །སེམས་དེས་ཡུལ་ཡང་སྟོང་པར་མཐོང་བ་ཡིས། །དེ་གཉིས་འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པ་ཡིས། །དེ་ཡིས་མུ་སྟེགས་འཁྲུལ་པའི་འདྲ་གཞི་བྱས། །སེམས་དེའི་རང་བཞིན་


DNG006_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་ཀྱང་མི་རྙེད་པས། །སེམས་དེའི་ངོ་བོ་གང་ཡང་མ་གྲུབ་པས། །གང་གིས་བྱ་རུ་མེད་ཅིང་བྱེད་རྒྱུ་མེད་པར་རྟོགས། །སྣང་བའི་ཆོས་རྣམས་ཐམས་ཅད་མ་ལུས་ཀྱང་། །སྣང་བ་ཇི་ལྟར་སྣང་ཡང་སེམས་ལ་གོས་པ་མེད། །སེམས་དང་ཡུལ་ནི་ཐ་དད་གཉིས་སུ་རྟོགས། །སེམས་དེའི་ངོ་བོ་བལྟར་མེད་བསྒོམ་དུ་མེད། །སེམས་ལ་གོས་པ་མེད་པས་ཡུལ་ཉིད་གང་དགར་སྤྱད། །རྒྱུ་ལས་བྱུང་བ་འབྱུང་བ་དེ་ལྟར་རྟོགས། །སེམས་ཀྱི་ངོ་བོ་དེ་ལྟར་གནས་པ་ཡིན། །རྒྱུ་ལས་བྱུང་བར་རྟོགས་པ་བྱུང་བའི་མུ་སྟེགས་ཡིན། །རྟོགས་པ་དེ་ལྟར་འབྱུང་བས་འབྱུང་བའི་མུ་སྟེགས་ཡིན། །འབྲས་བུ་དེ་ལྟར་གྲུབ་པས་བྱུང་ནས་གནས་པའི་མུ་སྟེགས་ཡིན། །རྒྱུ་ཉིད་ཕྱལ་པར་བྱུང་བས་རྟོགས་ཕྱལ་བྱུང་། །རྟོགས་པ་ཕྱལ་པ་བྱུང་བས་ལྟ་བསྒོམ་ཕྱལ་པ་བྱུང་། །འབྲས་བུ་ཕྱལ་པ་བྱུང་ནས་གནས་པ་ཡིན། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། མུ་སྟེགས་ཕྱལ་པ་འཁྲུལ་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཉན་ཐོས་བྱེ་བྲག་སྨྲ་བ་འཁྲུལ་པའི་རྒྱུ་དང་ནི། །རྐྱེན་དང་འཁྲུལ་པའི་འདྲ་གཞི་དང་། །ལྟ་བསྒོམ་སྤྱོད་པ་འབྲས་བུ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཉན་ཐོས་བྱེ་བྲག་སྨྲ་བ་འཁྲུལ་པའི་རྒྱུ་ཉིད་ནི། །སྐུ་ཡི་རྩལ་ཉིད་མ་འགགས་སྣ་ཚོགས་སྣང་བ་ལ། །ངོ་བོ་མ་མཐོང་རྩལ་ཉིད་མཐོང་བ་ལ། །ཉན་ཐོས་དེ་ཡི་མཐོང་སྟངས་གསུམ་དུ་ཤར། །སྣ་ཚོགས་སྣང་བ་ཕྲ་རབ་རྡུལ་དུ་མཐོང་། །དེ་ལ་རང་བཞིན་མེད་པས་ཆ་ཤས་མེད་པར་མཐོང་། །དེ་ལས་ཐམས་ཅད་གྲུབ་པས་རྡུལ་ལས་གྲུབ་པར་མཐོང་། །དེ་གཉིས་འདྲ་མཐུན་རིགས་འདྲ་འདུས་པ་ལས། །ཉན་ཐོས་དག་གི་རྒྱུ་དང་འདྲ་གཞི་བྱས། །ཕྱི་ནང་སྣོད་བཅུད་གཉིས་སུ་སྣང་བ་ཡང་། །ཕྲ་རབ་རྡུལ་ལས་ཐམས་ཅད་གྲུབ་པར་རྟོགས། །གཡོ་བའི་རྡུལ་རྣམས་དུ་མ་ཚོགས་པ་ལས། །རླུང་གི་སྣང་བ་ལྟ་བུར་ཤར་བ་ཡིན། །སྡུད་པའི་རྡུལ་རྣམས་དུ་མ་ཚོགས་པ་ལ། །ཆུ་ཡི་


DNG006_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ལྟ་བུར་གྲུབ་པ་ཡིན། །སྲ་བའི་རྡུལ་རྣམས་དུ་མ་ཚོགས་པ་ལས། །ས་ཡི་སྣང་བ་ལྟ་བུར་བྱུང་བ་ཡིས། །སྨིན་པའི་རྡུལ་རྣམས་དུ་མ་ཚོགས་པ་ལས། །མེ་ཡི་སྣང་བ་ལྟ་བུར་གྲུབ་པ་ཡིན། །བརྟན་པའི་རྡུལ་གྱིས་ཀུན་ལ་ཁྱབ་པ་ཡིས། །ཟུམ་ཟླུམ་སྒོར་ཡང་བསྒོམ་ཆ་ཤས་མེད་པར་གནས་པ་ལ། །སྣང་བ་ཐམས་ཅད་རྡུལ་གྱིས་སྣང་བ་ཡིན། །རྡུལ་དེ་རང་རང་སོ་སོའི་མཚན་ཉིད་མི་སྣང་ཡང་། །མ་འདྲེས་དབྱིབས་སུ་འདུས་པས་སྣང་བ་ཡིན། །དཔེར་ན་གཡག་རྔ་ནེ་སེང་ལྟ་བུ་ཡིན། །སོར་མོ་མ་འདྲེས་དབྱིབས་སུ་སྣང་བ་ཡིན། །དེ་ལས་མ་རྟོགས་སྣང་བ་གང་ཡང་མེད། །གསལ་བའི་རྡུལ་དང་མུན་པའི་རྡུལ་ཉིད་ཀྱིས། །ཉིན་དང་མཚན་དུ་སྣང་བ་བྱུང་བ་བོ། །བཅུད་ཀྱི་སྣང་བ་ཀུན་ཀྱང་རྡུལ་ལས་གྲུབ། །གསལ་བའི་རྡུལ་དེ་རིག་པར་ཤར་བ་ལས། །འབྱུང་བའི་རྡུལ་གྱི་སྦུབས་སུ་ཆུད་པས་ན། །ཕུང་པོ་ལྔ་ལ་སོགས་པ་སྣང་བ་ཡིན། །རྡུལ་གཅིག་སྟེང་ནས་རྡུལ་གནས་པས། །རྡུལ་ལས་མ་གྲུབ་གང་ཡང་མེད། །རྡུལ་དེའི་མཚན་ཉིད་ཤེས་པ་ན། །དེ་རྟོགས་པ་ཡི་ལྟ་བ་ཡིན། །རྡུལ་དེའི་མཚན་ཉིད་བརྟན་པར་སྒོམ་པས་ན། །མུན་པའི་རྡུལ་ལས་གྲོལ་བས་ན། །གསལ་བའི་རྡུལ་ཉིད་སྣང་བ་ལས། །རྡུལ་དེ་སྣང་བ་བརྟན་པ་ཐོབ་པ་ན། །ཁྲུས་དང་གཙང་སྦྲ་དག་ལ་བརྟེན་པ་ན། །འབྱུང་བའི་རྡུལ་དེ་བག་ཆགས་དག་པར་འདོད། །འབྱུང་བའི་རྡུལ་དེའི་བག་ཆགས་དག་པ་ཡིས། །འཕགས་པ་དགྲ་བཅོམ་པ་ཡི་འབྲས་བུ་འཐོབ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་ལེའུ་སྟེ་ཉེར་བདུན་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཉན་ཐོས་མདོ་སྡེ་པ་ཡི་བལྟ་བ་འཁྲུལ་པའི་རྒྱུ་ཉིད་དང་། །འཁྲུལ་པའི་འདྲ་གཞི་རྟོགས་པའི་བལྟ་བ་དང་། །ཉམས་ཀྱི་སྒོམ་པ་སྤྱོད་པའི་འབྲས་བུ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་རང་བྱུང་ཡན་ལག་འགྱུར་མེད་པས། །འགྱུར་མེད་ཡན་ལག་གཅིག་ཏུ་སྣང་བ་དེས། །བྱུང་བར་མ་མཐོང་ཡན་ལག་གཅིག་སྣང་ལ། །མཐོང་སྟངས་དེ་ཡི་འཁྲུལ་


DNG006_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་ཉིད་བྱས། །རྡུལ་དུ་མཐོང་བས་འཁྲུལ་པའི་འདྲ་གཞི་བྱས། །ཕྱི་དང་ནང་གི་སྣང་བ་དུ་མ་ཡང་། །རྡུལ་གཅིག་འདུས་པའི་སྣང་བ་ཡིན་པར་རྟོགས། །བདེ་གཤེགས་ཡེ་ཤེས་སེམས་སུ་སྣང་བ་ཡང་། །གསལ་བའི་རྡུལ་རྣམས་དུ་མ་འདུས་པ་ལས། །བདེ་བར་གཤེགས་པའི་སྣང་བར་བྱུང་བ་ཡིན། །འགྲོ་དྲུག་བག་ཆགས་སེམས་སུ་སྣང་བ་ཡང་། །མུན་པའི་རྡུལ་རྣམས་དུ་མ་འདུས་པ་ལས། །འགྲོ་དྲུག་བག་ཆགས་སོ་སོའི་སྣང་བ་བྱུང་། །རིག་མེད་རྡུལ་རྣམས་དུ་མ་འདུས་པ་ལས། །ཕྱི་ཡི་སྣོད་ཀྱི་སྣང་བར་བྱུང་བ་ཡིན། །སྣང་བ་དུ་མར་སྣང་མོད་ཀྱང་། །རྡུལ་རྣམས་འདུས་པའི་སྣང་བ་ཡིན་པར་རྟོགས། །གསལ་བའི་རྡུལ་དེས་ཀུན་ལ་ཁྱབ་པས་ན། །དེ་ལྟར་རྟོགས་ན་རྟོགས་པའི་ལྟ་བ་ཡིན། །དེ་ལ་མ་ཡེངས་འཛིན་ན་སྒོམ་པ་ཡིན། །བག་ཆགས་རྡུལ་དེ་གྲོལ་བར་བྱ་བའི་ཐབས། །ལུས་ངག་ཡིད་གསུམ་དག་པར་སྤྱོད་པ་ཡིས། །གསལ་བའི་རྡུལ་དེ་ཐོབ་པས་ན། །འཕགས་པ་དགྲ་བཅོམ་པ་ཡི་འབྲས་བུ་འཐོབ་པ་ཡིན། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཉན་ཐོས་འཁྲུལ་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཉན་ཐོས་རང་སྣང་བ་ཡི་རྒྱུ་དང་འདྲ་གཞི་དང་། །རྟོགས་པའི་བལྟ་བ་ཉམས་ཀྱི་བསྒོམ་པ་དང་། །དེ་ཡི་སྤྱོད་པ་དེ་ཡི་འབྲས་བུ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུའི་རང་བཞིན་ཡོན་ཏན་ཀུན་གསལ་བས། །ཡན་ལག་གསལ་བ་སྣང་བའི་རྡུལ་དུ་མཐོང་། །གསལ་བ་དེ་ཡིས་ཐམས་ཅད་སྐྱེད་གཞི་བྱས། །སྐུ་ཉིད་མ་མཐོང་ཡན་ལག་གསལ་བ་ལ། །མཐོང་བ་དེ་ཡིས་འཁྲུལ་པའི་རྒྱུ་ཉིད་བྱས། །དེ་གཉིས་འདྲ་མཐུན་རིགས་ཀྱང་མཐུན་པ་ཡིས། །ཉན་ཐོས་རང་སྣང་འཁྲུལ་པའི་འདྲ་གཞི་བྱས། །སྣང་བའི་རྡུལ་དེ་སྣོད་དང་བཅུད་དུ་བྱུང་། །སྐྱེད་པར་བྱེད་པའི་ཡན་ལག་དང་། །རང་སྣང་བ་ཡི་ཡན་ལག་གཉིས། །སྣང་བའི་རྡུལ་ལ་གཅིག་པར་རྫོགས། །སྣང་བ་རྡུལ་དེས་ཐམས་ཅད་སྐྱབ། །སྣང་བའི་


DNG006_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་གྱི་བྱིན་རླབས་ལ། །ཕྱི་ཡི་སྣོད་ཀྱི་རྣམ་པ་དེ། །རྡུལ་གྱི་གདངས་ལས་བྱུང་བ་ཡིན། །དཔེར་ན་མེ་མར་འོད་བཞིན་གྲུབ། །སྣོད་བཅུད་སྣང་བ་དེ་བཞིན་ཤར། །རྡུལ་ཉིད་མཚན་ཉིད་མེད་པ་སྟེ། །རང་བཞིན་གདངས་དང་ཆས་ནས་བྱུང་། །རྡུལ་གྱི་རང་བཞིན་རང་གསལ་བས། །གསལ་ལ་མི་འགྱུར་རྟོགས་པས་ན། །རྟོགས་པ་ཆེན་པོའི་ལྟ་བ་ཡིན། །དེ་ལ་བརྟེན་ནས་སྒོམ་པ་ཡིན། །དབྱེར་མེད་རྡུལ་དུ་སྤྱོད་པས་ན། །རང་བཞིན་བྱུང་བའི་སྤྱོད་པ་ཡིན། །རྡུལ་ཉིད་འོད་དང་ཆས་པས་རྟོགས། །རིག་པ་ཞིང་ཁམས་ཆས་ནས་སྣང་། །འཕགས་པ་དགྲ་བཅོམ་འབྲས་བུ་དེ། །གསལ་བའི་རྡུལ་ནས་གྲུབ་པ་ཡིན། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཉན་ཐོས་རང་སྣང་འཁྲུལ་པའི་ལེའུ་སྟེ་ཉེར་དགུ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཉན་ཐོས་རང་རྒྱལ་འཁྲུལ་པའི་རྒྱུ་དང་འདྲ་གཞི་དང་། །དེ་ཡི་བལྟ་བསྒོམ་སྤྱོད་པའི་འབྲས་བུ་དེ། །གང་ལས་བྱུང་ཞིང་གང་ལ་སྤྱོད་པ་ལགས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུའི་ཡོན་ཏན་མི་འགྱུར་ཡན་ལག་ལས། །ཡན་ལག་གྲངས་མེད་མི་འགྱུར་གནས་པ་དེས། །རང་རྒྱལ་དག་གིས་ཡན་ལག་བཅུ་གཉིས་རྟོགས། །ཡན་ལག་དེ་ཉིད་འཁྲུལ་པའི་རྒྱུ་བྱས་ནས། །ཆོས་སྐུ་མ་མཐོང་ཡན་ལག་མཐོང་བས་འཁྲུལ། །ཆོས་སྐུའི་ཡན་ལག་བཅུ་གཉིས་མཐོང་བ་དང་། །རྟེན་ཅིང་འདྲེལ་བ་བཅུ་གཉིས་འདྲ་མཐུན་པས། །འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པ་ཡིས། །རང་རྒྱལ་འཁྲུལ་པའི་འདྲ་གཞི་བྱས། །ཡན་ལག་ཆོས་ཀྱི་རྩལ་དེ་ལ། །རྩལ་ལ་རྟེན་འདྲེལ་དུ་མར་མཐོང་བ་ཡིས། །ཕྱི་ཡང་རྟེན་ཅིང་འདྲེལ་བར་མཐོང་བ་དང་། །ནང་ཡང་རྟེན་ཅིང་འདྲེལ་བར་སྣང་བ་ཡིན། །རྟེན་ཅིང་འདྲེལ་བས་ཐམས་ཅད་བྱེད་པ་ཡིན། །ཆོས་སྐུ་རིག་པ་མེད་པ་ཡིས། །དེ་ཡི་མཐོང་སྟངས་སྣང་བ་ཡིས། །མ་རིག་པ་ལས་བྱུང་བར་མཐོང་། །མ་རིག་པ་དང་འདུ་བྱེད་དང་། །རྣམ་པར་ཤེས་པ་མིང་དང་གཟུགས། །སྐྱེ་མཆེད་དྲུག་དང་རེག་པ་དང་། །ཚོར་བ་སྲེད་པ་ལེན་པ་དང་། །


DNG006_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་སྐྱེ་བ་རྒ་ཤིའོ། །མ་རིག་པ་ལ་བརྟེན་ནས་སུ། །ཐམས་ཅད་དེ་བཞིན་དུ་བྱུང་བའོ། །མ་རིག་པ་ཉིད་འགག་པ་ན། །སྐྱེད་པར་བྱེད་པའི་རྟེན་འདྲེལ་འགག །སྐྱེ་བ་རྒས་པ་ན་བ་ཤི་བ་ལས། །དེ་ལས་འདས་ནས་མྱ་ངན་འདས། །ཚོགས་ན་སྤྱོད་པ་ཤི་བ་བསྒོམ་པ་ན། །རོའམ་དུར་ཁྲོད་རུས་པ་ལ་བརྟེན་ནས། །རང་དང་དེ་ཡང་གཉིས་སུ་མེད་པར་བསྒོམ། །དེ་ཉིད་རྟོགས་པས་རྟེན་འདྲེལ་བཅུ་གཉིས་འགག །ནང་གི་རྟེན་འདྲེལ་འགགས་པས་ཕྱི་ཡི་རྟེན་འདྲེལ་འགག །འཆི་མེད་བྱང་ཆུབ་སེམས་དཔའི་ལམ་ཉིད་འཐོབ། །རྟེན་འདྲེལ་གཞི་ལ་ཐིམ་པས་རང་གི་འབྲས་བུ་འཐོབ། །ཚོགས་ན་སྤྱོད་ཅིང་གཅིག་པུར་སྤྱོད་པ་ཡིས། །རྟེན་ཅིང་འདྲེལ་བར་འབྱུང་བའི་ཐིམ་ལུགས་ཤེས། །དེ་ལྟར་ཤེས་པས་རང་རྒྱལ་འབྲས་བུ་འཐོབ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། རང་རྒྱལ་བལྟ་བ་འཁྲུལ་པའི་ལེའུ་སྟེ་སུམ་ཅུ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །སེམས་ཙམ་འཁྲུལ་པའི་རྒྱུ་དང་འདྲ་གཞི་དང་། །རྟོགས་པའི་བལྟ་བ་ཉམས་ཀྱི་བསྒོམ་པ་དང་། །སྤྱོད་པའི་རང་བཞིན་འབྲས་བུ་ཐོབ་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་རང་རིག་གཡོ་བ་མེད་པ་ལས། །ཡན་ལག་རིག་སྐྱེས་རིག་པ་བྱུང་བ་ཡིས། །ཡན་ལག་བྱུང་བར་མ་མཐོང་རིག་གསལ་མཐོང་བ་ཡིས། །མཐོང་སྟངས་དེ་ཡིས་འཁྲུལ་པའི་རྒྱུ་བྱས་སོ། །དེ་གཉིས་འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པ་ཡིས། །སེམས་ཙམ་འཁྲུལ་པ་དག་གི་འདྲ་གཞི་བྱས། །ཕྱི་དང་ནང་དུ་སྣང་བ་ཐམས་ཅད་ཀུན། །སེམས་ཉིད་དག་གི་སྣང་བ་ཡིན་པ་ལས། །སེམས་ལས་མ་གཏོགས་གང་ཡང་ཡོད་མ་ཡིན། །སེམས་དེའི་ངོ་བོ་རང་རིག་རང་གསལ་བ། །རྒྱུ་འབྲས་དག་ལས་གོལ་བར་རྟོགས། །གསལ་བ་ཉམས་སུ་མྱང་བ་ལས། །གསལ་བྱེད་གཞན་ལ་མ་ལྟོས་པས། །བེམ་པོ་དག་ལས་ལོག་པ་དེ། །སེམས་ལས་བྱུང་བའི་རྣམ་པ་ཀུན། །སེམས་ཉིད་དེ་བཞིན་བདེན་པས་ན། །


DNG006_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཀུན་ཡང་བདེན་པ་ཡིན། །སེམས་དང་རྣམ་པར་སྣང་བ་ཡང་། །བདག་ཉིད་གཅིག་པས་འདྲེལ་བ་ཡང་། །སེམས་ཉིད་ཇི་ལྟར་སྣང་བ་དེའི། །རྣམ་པ་ཡང་ནི་དེ་ཁོ་ན། །རྣམ་པ་སྣ་ཚོགས་སྣང་བས་ན། །སེམས་དེ་ཡང་ནི་སྣ་ཚོགས་སྣང་། །སེམས་ལས་བྱུང་བའི་རྣམ་པ་ནི། །སེམས་ཉིད་བདེན་པས་རྣམ་མི་བདེན། །སེམས་ཉིད་ངང་གསལ་ཉམས་སུ་མྱོང་། །རྣམ་པར་སྣང་བ་འདི་དག་ཀུན། །དངོས་སུ་ཡོད་པ་མ་ཡིན་ཏེ། །མེད་པ་དེ་ཉིད་སྣང་བ་ཡིན། །དཔེར་ན་སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །ཕྱི་ནང་ཐམས་ཅད་སེམས་སུ་རྟོགས། །དེ་རྟོགས་པ་ནི་བལྟ་བ་ཡིན། །དེ་བསྒོམ་པ་ནི་སྒོམ་པ་ཡིན། །དེ་སྤྱོད་པ་ནི་སྤྱོད་པ་ཡིན། །བྱང་ཆུབ་སེམས་དཔའ་རྒྱུན་གྱི་འབྲས་བུ་ཆེན་པོ་འཐོབ་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། སེམས་ཙམ་བལྟ་བ་འཁྲུལ་པའི་ལེའུ་སྟེ་སོ་གཅིག་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །བྱང་ཆུབ་སེམས་དཔའ་འཁྲུལ་པའི་རྒྱུ་ཉིད་དང་། །འཁྲུལ་པའི་འདྲ་གཞི་རྟོགས་པའི་བལྟ་བ་དང་། །དེ་ཡི་ཉམས་དང་སྤྱོད་པའི་འབྲས་བུ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་སྤྲོས་དང་བྲལ་བ་ཆེན་པོ་ལས། །ཡན་ལག་སྣ་ཚོགས་སྟོང་པ་དེ་ཉིད་ལས། །ཆོས་སྐུ་མ་མཐོང་སྟོང་པ་ཆེན་པོར་མཐོང་། །ཡན་ལག་སྟོང་པ་སྟོང་པ་དེ་ཉིད་ཀྱིས། །ཆོས་རྣམས་ཐམས་ཅད་སྤྲོས་དང་བྲལ་བར་མཐོང་། །མཐོང་བ་དེ་ཡིས་འཁྲུལ་པའི་རྒྱུ་ཉིད་བྱས། །ཆོས་སྐུའི་ཡན་ལག་སྟོང་པར་མཐོང་བ་དང་། །བློ་ཡིས་མཐོང་བའི་སྟོང་པ་ཆེན་པོ་གཉིས། །འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པ་ལས། །བྱང་ཆུབ་སེམས་དཔའ་འཁྲུལ་པའི་འདྲ་གཞི་བྱས། །ཆོས་རྣམས་ཐམས་ཅད་སྟོང་པར་རྟོགས་པ་ཡིས། །མཐའ་དང་དབུས་མེད་སྟོང་པའི་དེ་བཞིན་ཏེ། །ཕྱི་ཉིད་སྟོང་པས་ནང་གི་ཡུལ་ལས་འདས། །ནང་ཉིད་སྟོང་པས་སེམས་ཀྱི་རྟོགས་ལས་འདས། །མཐའ་དབུས་མེད་པར་སྟོང་པ་ཆེན་པོར་རྟོགས། །སེམས་ཉིད་སྟོང་པ་མཐའ་དང་དབུས་མེད་པས། །རང་བྱུང་


DNG006_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་དག་པ་ཆེན་པོ་དེས། །བསམ་དུ་མེད་དེ་བསམ་པའི་ཡུལ་ལས་འདས། །དེ་ཡི་རང་བཞིན་གནས་པ་སྒོམ་པ་ཡིན། །དེ་ལས་ཡེངས་པ་མེད་པ་སྤྱོད་པ་ཡིན། །འབྲས་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་འཐོབ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་ལྟ་བ་འཁྲུལ་པའི་ལེའུ་སྟེ་སོ་གཉིས་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །བྱང་སེམས་སྒྱུ་མ་ལྟ་བུ་འཁྲུལ་པའི་རྒྱུ་དང་ནི། །འདྲ་གཞི་རྟོགས་པའི་ཚད་ཉིད་དང་། །ལྟ་བ་སྤྱོད་པ་འབྲས་བུ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །རང་བྱུང་ཆོས་སྐུ་ཆེན་པོ་ལས། །འགག་མེད་རྩལ་རྣམས་ཅིར་ཡང་སྣང་། །སྐུ་ལས་བྱུང་བར་མ་མཐོང་བས། །རྩལ་རྣམས་སོ་སོར་སྣང་བ་ལས། །སོ་སོའི་སྣང་བ་དེ་ཉིད་ལས། །སྒྱུ་མ་ལྟ་བུར་མཐོང་བ་ཡིས། །བྱང་སེམས་འཁྲུལ་པའི་རྒྱུ་ཉིད་བྱས། །རྩལ་རྣམས་བརྟགས་ན་མེད་པ་དང་། །སྒྱུ་མར་བརྟགས་ན་མེད་པ་ཡིས། །འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པ་ཡིས། །བྱང་སེམས་འཁྲུལ་པ་དེ་ཡི་འདྲ་གཞི་བྱས། །ཕྱི་ཡི་སྣང་བ་འོད་གསལ་སྒྱུ་མར་རྟོགས། །སྣང་ཡང་བརྟགས་ན་མེད་པ་ཡིན། །ནང་གི་སྣང་བ་རིག་གསལ་སྒྱུ་མར་རྟོགས། །བརྟགས་ན་ཕུང་པོ་དག་ནི་གཏིང་མི་རྙེད་པའོ། །རིག་པ་སྒྱུ་མ་སྣང་བས་འགྲོ་བ་སྒྱུ་མ་བྱུང་། །སྒྱུ་མས་སྒྱུ་མ་དག་གི་དོན་ཡང་བྱེད། །ཡེ་ཤེས་སྒྱུ་མ་ཙམ་དུ་རྟོགས་པ་ཡིས། །ལམ་ལྔ་བགྲོད་པས་ས་བཅུ་རིམ་གྱིས་འཐོབ། །འབྲས་བུ་ཕ་རོལ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན། །བྱང་ཆུབ་སེམས་དཔའ་རིགས་གསུམ་འབྲས་བུ་འཐོབ། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སྒྱུ་མ་ཙམ་གྱི་ལྟ་བ་འཁྲུལ་སྣང་གི་ལེའུ་སྟེ་སོ་གསུམ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཀྲི་ཡཱ་འཁྲུལ་པའི་རྒྱུ་དང་འདྲ་གཞི་དང་། །འཇུག་པའི་སྒོ་དང་ལྟ་བསྒོམ་


DNG006_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་རང་བྱུང་ཡོན་ཏན་མ་འགགས་པས། །ཡོན་ཏན་ཡན་ལག་རྩལ་གསུམ་ཆད་པ་ལས། །རྩལ་གསུམ་དག་ལས་སྐུ་གསུམ་སྣང་བར་ཤར། །སྣང་བ་དེ་གསུམ་འོད་དུ་མཐོང་བ་ལས། །ལྷ་ཡི་སྐུ་ཡི་ཕྱག་རྒྱ་གསལ་བ་ལས། །བྱུང་བ་མ་མཐོང་ཡན་ལག་མཐོང་བས་འཁྲུལ། །འོད་དང་ལྷ་གཉིས་འདྲ་མཐུན་རིགས་མཐུན་པས། །འོད་ལ་ལྷ་མཐོང་དག་གི་སྣང་བ་དེས། །ཀྲི་ཡཱར་འཁྲུལ་པ་དག་གི་འདྲ་གཞི་བྱས། །འོད་ལ་མཐོང་སྟངས་རྣམ་པ་གསུམ་དུ་མཐོང་། །རྒྱུ་ཉིད་དག་པས་འོད་དུ་མཐོང་བ་ཡིན། །ལུས་ངག་ཡིད་གསུམ་དག་པའི་སྒོ་ནས་འཇུག །རང་བཞིན་དག་པས་སྣང་བ་ལྷ་ཉིད་སྣང་། །འཇམ་དཔལ་སྤྱན་རས་གཟིགས་དང་ཕྱག་ན་རྡོ་རྗེར་སྣང་། །སྣང་བ་དེ་ཉིད་ཡང་དག་བདེན་པར་རྟོགས། །ལྷ་ཉིད་རྗེར་མཐོང་རང་ཉིད་ཁོལ་དུ་མཐོང་། །ལྷ་མཆོད་བསྟོད་དང་འབྲས་བུ་སྟེར་བར་མཐོང་། །དེ་ཉིད་མཉེས་པས་ཡོན་ཏན་རང་ལ་དགད། །ལྷ་ཉིད་རྟོགས་པས་སྣང་བ་ཁོ་ནར་ཤར། །ཡུལ་དང་ཡུལ་ཅན་གཉིས་སུ་སྣང་བ་ཡིན། །དམ་ཚིག་སེམས་དཔར་གསལ་ཞིང་བརྟན་པ་དང་། །ཡེ་ཤེས་སེམས་དཔའི་འབྲས་བུ་དངོས་སུ་སྣང་། །དེ་རྟོགས་པ་ཡིས་འབྲས་བུ་འཐོབ་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཀྲི་ཡཱ་འཁྲུལ་པར་སྣང་བའི་ལེའུ་སྟེ་སོ་བཞི་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཡོ་ག་འཁྲུལ་པའི་རྒྱུ་དང་འདྲ་གཞི་དང་། །འཇུག་པའི་སྒོ་དང་རྟོགས་པའི་ལྟ་བ་དང་། །དེ་ཡི་བསྒོམ་པ་སྤྱོད་པའི་འབྲས་བུ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་ཡོན་ཏན་མ་འགགས་ལྔར་སྣང་བས། །ཆོས་སྐུའི་དོན་མ་མཐོང་བས་ཡོན་ཏན་སྣང་བ་ལ། །ཡོན་ཏན་མ་འགགས་འོད་ལྔར་ཤར་བ་ལས། །འོད་ལ་རིགས་བཞིའི་དེ་བཞིན་གཤེགས་པར་མཐོང་། །མཐོང་བ་དེ་ཡིས་འཁྲུལ་པའི་རྒྱུ་ཉིད་བྱས། །ལྷ་དང་འོད་དུ་སྣང་བའི་འདྲ་


DNG006_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རིགས་མཐུན་བྱས། །དེ་གཉིས་དག་གིས་འཁྲུལ་པའི་འདྲ་གཞི་བྱས། །ལུས་ངག་ཡིད་གསུམ་དག་པ་དེ་ཉིད་ཀྱིས། །དག་ན་ལྷ་ཡི་སྣང་བ་མཆེད་པར་མཐོང་། །ལུས་ངག་ཡིད་གསུམ་དག་པ་ཆེན་པོས་འཇུག །ཁྲུས་དང་གཙང་སྦྲ་དག་ལ་བརྟེན་པས་ལུས་ཉིད་དག །གསང་སྔགས་བཟླས་བརྗོད་བྱས་པས་ངག་ཉིད་དག །ཚད་མེད་བཞི་བསྒོམ་ཡིད་ཉིད་དག་པ་ཡིས། །དཔོན་དང་གཡོག་ཏུ་མཐོང་ནས་མཆོད་བསྟོད་བྱས་པ་ཡིན། །ཡེ་ཤེས་སེམས་དཔའ་དེ་ཉིད་མཉེས་པས་སོ། །དམ་ཚིག་སེམས་དཔའ་དེ་ལ་འབྲས་བུ་འཐོབ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཡོ་ག་འཁྲུལ་སྣང་གི་ལེའུ་སྟེ་སོ་ལྔ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཨུ་པ་ཡ་ཡི་འཁྲུལ་པའི་རྒྱུ་ཉིད་དང་། །འདྲ་གཞི་འཇུག་སྒོ་རྟོགས་པའི་བལྟ་བ་དང་། །དེ་ཡི་སྒོམ་པ་སྤྱོད་པའི་འབྲས་བུ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུའི་རང་བཞིན་ཡོན་ཏན་མ་འགགས་པས། །ཡོན་ཏན་ཡན་ལག་རྣམ་པ་གཉིས་སུ་སྣང་། །གཉིས་སྣང་དེ་ཡིས་འཁྲུལ་པའི་གཞི་བྱས་ནས། །འོད་ལ་ལྷ་མཐོང་ལྷ་ཉིད་དག་པར་མཐོང་། །གཉིས་སུ་མཐོང་བས་འདྲ་མཐུན་རིགས་མཐུན་པས། །འཇུག་པའི་སྒོ་ནི་དག་པ་དག་ལ་འཇུག །རྟོགས་པའི་ལྟ་བ་སྣང་བ་རིགས་ལྔར་རྟོགས། །རྗེ་དང་འབངས་སུ་མཐོང་བ་ཡིས། །ཡེ་ཤེས་སེམས་དཔའ་དག་ལ་ནི། །མཆོད་དང་བསྟོད་པས་དངོས་གྲུབ་འབྱུང་། །དམ་ཚིག་སེམས་དཔར་བྱིན་གྱིས་རློབས། །བསྒོམ་པ་རིགས་ལྔ་མདུན་དུ་བསྒོམ། །ལྟ་བ་ཡར་བལྟ་སྤྱོད་པ་མར་སྤྱོད་པས། །འབྲས་བུ་ལྷ་ཡི་སྣང་བ་གྲུབ་པར་འདོད། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཨུ་པ་ཡ་འཁྲུལ་པའི་ལེའུ་སྟེ་སོ་དྲུག་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །མ་ཧཱ་ཡོ་ག་འཁྲུལ་པའི་རྒྱུ་ཉིད་དང་། །འཁྲུལ་པའི་འདྲ་གཞི་འཇུག་པའི་སྒོ་ཉིད་དང་། །རྟོགས་པའི་བལྟ་བ་ཉམས་ཀྱི་བསྒོམ་པ་དང་། །སྤྱོད་པའི་བདག་


DNG006_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གྲུབ་པའི་འབྲས་བུ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་རིས་མེད་ཡོན་ཏན་འགག་མེད་པས། །ཡོན་ཏན་མ་འགགས་རང་བཞིན་མེད་པ་ལས། །ཆོས་ཉིད་མ་མཐོང་ཡོན་ཏན་མཐོང་བ་ལས། །མཐོང་བ་དེ་ཡིས་འཁྲུལ་པའི་རྒྱུ་ཉིད་བྱས། །ཡོན་ཏན་མ་འགགས་འོད་དུ་སྣང་བ་དང་། །ཤེས་རབ་མིང་མེད་ཤེས་རབ་དག་ཏུ་རྟོགས། །ཐབས་དང་ཤེས་རབ་དག་ཏུ་མཐོང་བ་ཡིས། །ཡོན་ཏན་མཐོང་སྟངས་དེ་གཉིས་འདྲ་བ་ཡིས། །འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པ་ལས། །ཕྱི་དང་ནང་གི་སྣང་བར་བྱུང་བ་ཡིན། །ཕྱི་ཡི་སྣང་བ་ལྷ་ཡི་གཞལ་ཡས་ཁང་། །རིག་པའི་སྣང་བ་ལྷ་དང་ལྷ་མོ་ཉིད། །དེ་གཉིས་ཐབས་དང་ཤེས་རབ་དག་ཏུ་རྟོགས་པ་ཡིས། །ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རྡོ་རྗེ་ཕུང་པོ་ཡན་ལག་རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཏིང་འཛིན་རྣམ་གསུམ་སྒོ་ནས་ཞུགས་པ་ཡིས། །རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སྣང་བ་བྱུང་། །དེ་གཉིས་རང་དང་དབྱེར་མེད་བསྒོམ་པ་ཡིས། །འབྲས་བུ་རིགས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། མ་ཧཱ་ཡོ་ག་འཁྲུལ་པའི་ལེའུ་སྟེ་སོ་བདུན་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཨ་ནུ་ཡོ་ག་འཁྲུལ་པའི་རྒྱུ་ཉིད་དང་། །དེ་ཡི་འདྲ་གཞི་འཇུག་པའི་སྒོ་དང་ནི། །རྟོགས་པའི་ལྟ་བ་ཉམས་ཀྱི་སྒོམ་པ་དང་། །སྤྱོད་པའི་བདག་ཉིད་གྲུབ་པའི་འབྲས་བུ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་རང་བཞིན་སྟོང་པར་གནས་པ་དང་། །ཡེ་ཤེས་རང་བཞིན་རིག་པ་མི་གཡོ་བ། །སྟོང་པ་སྣང་བར་རྟོགས་ལ་ཡེ་ཤེས་བཅུད་དུ་རྟོགས། །དེ་གཉིས་སོ་སོར་སྣང་བར་འདོད་པ་ཡིས། །སོ་སོར་བཟུང་བས་འཁྲུལ་པའི་རྒྱུ་ཉིད་བྱས། །གཟུང་བ་རང་གིས་སོ་སོར་སྣང་བ་བྱུང་། །གཉིས་སྣང་དེ་ཡིས་འཁྲུལ་པའི་འདྲ་གཞི་བྱས། །འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པ་ཡིས། །དབྱིངས་དང་ཡེ་ཤེས་གཉིས་ཀྱི་སྣང་བར་ཤར། །ཡེ་ཤེས་


DNG006_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལ་འཇུག་པར་མཐོང་བ་ཡིས། །ཐམས་ཅད་དབྱིངས་ནི་སྟོང་པར་སྣང་བ་ལས། །རིག་པའི་ཡེ་ཤེས་དག་གིས་ཞུགས་པས་ན། །གཉིས་མེད་འོད་གསལ་ཟུང་འཇུག་བསྒོམ་པ་ཡིས། །དེ་དང་དབྱེར་མེད་སྤྱོད་པས་སྤྱོད་པ་ཡིན། །དེ་རྟོགས་ལྷུན་གྱིས་གྲུབ་པའི་འབྲས་བུ་ཡིན། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཨ་ནུ་ཡོ་ག་འཁྲུལ་སྣང་གི་ལེའུ་སྟེ་སོ་བརྒྱད་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །རྫོགས་པ་ཆེན་པོའི་རྫོགས་པ་ཇི་ལྟ་བུ། །ཐམས་ཅད་རྫོགས་པའི་འབྲས་བུ་དེ་ཉིད་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །གཞི་ཡི་དུས་ན་ཆོས་རྣམས་ཐམས་ཅད་རྫོགས། །ཆོས་སྐུ་རང་བཞིན་སྤྲོས་དང་བྲལ་བས་ཆོས་ཀྱི་སྐུ་ཉིད་རྫོགས། །རིག་པ་གསལ་ལ་མ་འགགས་ལོངས་སྐུ་རྫོགས། །རྩལ་ཉིད་ཅིར་ཡང་སྣང་བས་སྤྲུལ་སྐུ་རྫོགས། །སྣང་བ་ཡུལ་དུ་གྲུབ་པ་ཉིད་ལས་སྐུ་གསུམ་རྫོགས། །སྣང་བ་རང་བཞིན་སྟོང་པ་ཆོས་སྐུ་རྫོགས། །སྣང་བ་གསལ་བར་གནས་པས་ལོངས་སྐུ་རྫོགས། །སྣང་བ་དོན་དང་མཐུན་པས་སྤྲུལ་སྐུ་རྫོགས། །གཏི་མུག་ཆོས་ཀྱི་སྐུ་རུ་སྣང་བ་དང་། །ཞེ་སྡང་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་། །འདོད་ཆགས་དག་པ་སྤྲུལ་པའི་སྐུ་ཡིན་པས། །སྐུ་གསུམ་རང་བྱུང་དག་ཏུ་ཤར་བ་ཡིན། །ཐམས་ཅད་སྐུ་གསུམ་དག་ཏུ་སྣང་བ་ལས། །དུག་གསུམ་སྤངས་པའི་ཕ་རོལ་ན། །སྐུ་གསུམ་དག་ནི་ཡོད་མ་ཡིན། །ཚོགས་བརྒྱད་ཡུལ་དུ་སྣང་བ་ཡང་། །སྐུ་ལས་མ་གཏོགས་གང་ཡང་མེད། །ཐམས་ཅད་དེ་བཞིན་ཉིད་ཀྱི་སྣང་བ་དེ། །ཆོས་སྐུ་རིས་མེད་ཆེན་པོ་དེ། །རང་བྱུང་ནམ་མཁའ་དག་ཏུ་ཤར། །མཐའ་དབུས་མེད་པར་ཡངས་པ་སྟེ། །སྐྱེ་འགག་མེད་ཅིང་བྲི་གང་མེད། །ལྟ་བ་རང་བཞིན་མེད་པའི་དོན། །དེ་ནི་ཆོས་སྐུ་ཆེན་པོར་འདོད། །དེ་ལས་བྱུང་བའི་སྣང་བ་ནི། །རྣམ་པར་སྣང་མཛད་ལོངས་སྐུར་ཤར། །ཆོས་སྐུ་དེ་ཡི་རྩལ་ཉིད་ལས། །རིག་པ་སྣ་ཚོགས་རྩལ་ཤར་བས། །སྤྲུལ་སྐུ་ཆེན་པོའི་སྣང་བ་ཡིན། །སྤྲུལ་སྐུས་ཡུལ་དུ་སྤྱད་པ་དེས། །ཡུལ་དང་ཡུལ་ཅན་ཡིན་པའི་ཕྱིར། །


DNG006_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་སྨོན་བློ་ཡི་ཆོས་ཡིན་པས། །ཇི་ལྟར་སྤྱད་ཀྱང་འདུས་བྱས་ཡིན། །སེམས་ཉིད་དག་པ་རྟོགས་པས་ན། །ཉིད་ལ་ཉིད་རྟོགས་སངས་མི་རྒྱ། །ཡེ་ཤེས་རིག་སྟོང་ཐིག་ལེ་དེ། །རྒྱུ་རྐྱེན་གནས་ཡིན་ནམ་བཀའ་ལས་མ་གྲུབ་པས། །རང་བྱུང་ཡེ་ཤེས་རིག་གསལ་ཡིན། །འགག་པ་མེད་པས་ཤར་བས་ན། །རང་གསལ་ལོངས་སྐུ་ཆེན་པོ་ཡིན། །རྟོགས་བསམ་བློ་ལས་འདས་པས་ན། །རང་སྣང་གྲོལ་བའི་མེ་ལོང་འདི། །རིག་གསལ་སྤྲུལ་སྐུ་ཤར་བ་ཡིན། །རང་བྱུང་སེམས་ཀྱི་སྐུ་དེ་ནི། །བརྗོད་པའི་མཐའ་དང་བྲལ་བས་ན། །ངོ་བོ་ནམ་མཁའ་ལྟ་བུ་དེ། །རྣམ་པར་དག་པ་ཆེན་པོ་ཉིད། །ལོངས་སྐུ་འཇའ་ཚོན་ལྟ་བུ་ལ། །ངོ་བོ་རྣམ་པར་སྣང་མཛད་སྣང་། །གང་ཟག་བློ་ལ་ངེས་མེད་པས། །སྤྲུལ་པའི་སྐུ་ཡང་ངེས་མེད་སྣང་། །སྐུ་ཡི་སྐུ་གསུམ་ཆེན་པོ་དང་། །སེམས་ཀྱི་སྐུ་གསུམ་ཆེན་པོ་ནི། །སྐུ་གསུམ་འདུ་འབྲལ་མེད་པ་ཡིན། །དབྱེར་མེད་རྩལ་གྱི་སྣང་ཚུལ་ཡིན། །སྐུ་གསུམ་བཙལ་དུ་མེད་པ་གདོད་ནས་ལྷུན་གྱིས་གྲུབ། །དུག་གསུམ་སྤང་དུ་མེད་པས་ཡེ་ཤེས་གདོད་ནས་དག །ཐམས་ཅད་རང་བྱུང་ངང་ལ་རྫོགས་པ་ཡིན། །འབྲས་བུ་རྫོགས་པ་ཆེན་པོའི་རང་བཞིན་ནོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཨ་ཏི་ཡོ་གའི་ལྟ་བ་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཆོས་སྐུ་ཆེན་པོ་ཀུན་ལ་ཁྱབ་པ་ལ། །འགྲོ་དྲུག་རྣམས་ཀྱིས་ཆོས་ཉིད་མི་སྣང་བར། །སྡུག་བསྔལ་སྣ་ཚོགས་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །རང་བྱུང་ཆོས་སྐུ་ཆེན་པོ་དེ་ཉིད་ནི། །དབྱེར་མེད་གཅིག་ཡིན་བྲི་གང་མེད་པར་ཆགས། །གཅིག་ལས་མཐོང་སྟངས་ཐ་དད་བྱུང་བས་ན། །ཆོས་སྐུ་རང་བྱུང་འོད་གསལ་ཆེན་པོ་དེས། །འོད་གསལ་མེ་རུ་མཐོང་བས་དམྱལ་བའི་སྡུག་བསྔལ་རྒྱུ། །མ་གཡོས་ཆུ་རུ་མཐོང་བས་གྲང་བའི་སྡུག་བསྔལ་རྒྱུ། །སྤྲུལ་པ་གཤིན་རྗེར་མཐོང་བས་སྡུག་བསྔལ་ཆེན་པོའི་རྒྱུ། །དོན་བྱེད་འདྲེན་པ་སླར་ལ་སྲོག་གཅོད་མཐོང་། །གསུང་གི་ཆོས་སྟོན་ལོག་པའི་སྒྲ་ཉིད་འབྱུང་། །གཏོགས་


DNG006_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

སོད་ཆོད་ལ་སོགས་པའི་སྒྲ་རུ་ཐོས། །གདུལ་བྱ་ཕྱག་མཚན་སྤུ་གྲི་ལ་སོགས་མཐོང་། །གཅིག་ལས་མེད་ཀྱང་ལོག་པའི་སྣང་བ་ཡིན། །ཆོས་སྐུ་སྤྲོས་བྲལ་ཆེན་པོ་དང་། །རིག་པའི་ཡེ་ཤེས་དབྱེར་མེད་པས། །དེ་གཉིས་ཆགས་པར་མཐོང་སྟེ་འདོད་ཆགས་དག་ཏུ་མཐོང་། །མཐོང་བའི་བག་ཆགས་ཞེན་ཅིང་ཆགས་པ་ཡིས། །དེ་ཡི་རྒྱུ་མཐུན་ལས་ཀྱི་འབྲས་བུ་ཡིན། །ཕྱི་ཡི་སྣང་བ་སྒྲིབ་པས་རྣག་ཁྲག་དག་ཏུ་མཐོང་། །ནང་གི་སྣང་བ་སྒྲིབ་པས་ཟས་ལས་མེ་ཉིད་འབྱུང་། །སྐུ་ཉིད་སྣང་བས་ཁ་འབར་མ་རུ་མཐོང་། །འདོད་ཆགས་དབང་གིས་སྣང་བ་སྡུག་བསྔལ་རྒྱུ། །རིགས་མཐུན་སྤྲུལ་པ་སྡུག་བསྔལ་སྣ་ཚོགས་མྱང་། །ཆོས་ཉིད་རིག་པ་གཡོ་བ་མེད་པ་དེས། །མ་འགགས་ཡོན་ཏན་ཅིར་ཡང་སྣང་། །རིག་པ་གཡོ་བ་མེད་པ་དེ་ཉིད་ལས། །རིག་པ་མ་རིག་པ་ཡི་རྒྱུ་དེ་ཉིད། །འགག་པ་མེད་པའི་ཡན་ལག་སྣང་བ་ལ། །སྣང་བ་མུན་པར་སྣང་བ་དེས། །བྱོལ་སོང་རྣམས་ཀྱིས་སྣང་བ་མུན་པར་མཐོང་། །ཉི་མ་འབུམ་ལྟར་གསལ་ཡང་མུན་པ་ཉིད་དུ་སྣང་། །གླང་མགོ་ཉིད་ཀྱིས་དོན་བྱས་ཀྱང་། །སྤྲུལ་པ་ཉིད་ལ་བརྟེན་ནས་སྡུག་བསྔལ་འབྱུང་། །བྱོལ་སོང་རྣམས་ཀྱིས་མཐོང་སྟངས་དེ་བཞིན་ནོ། །ཆོས་སྐུ་མ་འགགས་རྩལ་ཉིད་སྣང་བ་ལས། །རྩལ་རྣམས་སོ་སོའི་སྣང་བ་ཤར་བ་ལས། །གླིང་བཞི་མི་ཡི་ཚོགས་དྲུག་སྣང་བར་མཐོང་། །སྣང་བ་དེ་ལ་བརྟེན་ནས་བདེ་དང་སྡུག་བསྔལ་རྒྱུ། །འདུ་བྱེད་དག་གི་སྡུག་བསྔལ་སྣང་བ་ཡིས། །ཡན་ལག་དེ་རྩལ་སྣང་བ་སོ་སོ་ལས། །ལྷ་ཡི་སྣང་བ་རིན་ཆེན་སྣ་ཚོགས་ལ། །འདོད་པའི་བདེ་བ་བཅུའི་ལྟ་བུ་ཉིད། །འགྱུར་བའི་སྡུག་བསྔལ་རང་ཉིད་སྣང་བ་ལས། །མཐོང་སྟངས་སོ་སོ་དག་གི་ཡུལ་ཡིན་པས། །རང་རང་བག་ཆགས་སོ་སོའི་རིས་སུ་གྲུབ། །མེད་ཀྱང་སྣང་བས་འཁྲུལ་པའི་སྣང་བ་ནི། །ལོག་རྟོགས་འཁྲུལ་པས་ཆོས་ཉིད་གསལ་བ་མིན། །ཆོས་སྐུའི་རྩལ་ཉིད་སྣང་བ་ལས། །སོ་སོའི་རིགས་ཀྱི་སྣང་བ་བྱུང་བ་ཡིན། །རིག་པ་མི་རིག་རིག་པར་ཤར་བ་ལས། །གང་ཟག་རིགས་རྣམས་སོ་སོར་བྱུང་བ་ཡིན། །དཔེར་ན་གཞི་གཅིག་དག་ལས་སྣང་ཚུལ་ཐ་དད་པ། །ཆུ་ཡི་རང་བཞིན་ངོ་


DNG006_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གཅིག་པ་ལས། །དམྱལ་བས་མེ་མར་མེ་ཡི་ཕུང་པོར་མཐོང་། །ཡི་དྭགས་རྣག་ཁྲག་དག་ཏུ་མཐོང་བ་ཡིན། །བྱོལ་སོང་དག་གིས་གནས་སུ་མཐོང་བ་དང་། །མི་ཡིས་ཆུར་མཐོང་ལྷ་ཡིས་བདུད་རྩིར་མཐོང་། །གཅིག་ལས་མེད་དེ་ཐ་དད་སྣང་བ་ཡིན། །ཆོས་ཉིད་མ་མཐོང་རྩལ་ཉིད་མཐོང་བ་ཡིན། །བག་ཆགས་དབང་གིས་ཐ་དད་འབྱུང་བའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། རིགས་དྲུག་བག་ཆགས་སྣང་བ་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །སྲིད་པ་བར་དོའི་འཁྲུལ་པའི་མཐོང་སྟངས་དང་། །ངོ་བོ་སྣང་ཚུལ་ཇི་ལྟར་སྣང་བ་ལགས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་རང་གི་བྱིན་རླབས་རྩལ་ལྔར་ཤར་བ་ལས། །རིག་པ་རྒྱང་པ་དེ་ཡི་ཁ་དོག་ལྔ་རུ་མཐོང་། །མཐོང་བ་ཉིད་ཀྱིས་རིག་པ་སད་པ་ལས། །ཁ་དོག་ལྔ་རུ་མཐོང་བས་བྱུང་བ་ཡིན། །བྱུང་བ་རང་གི་འཁྲུལ་པའི་རྒྱུ་ཉིད་བྱས། །འོད་ལ་ཁ་དོག་རྣམ་ལྔར་མཐོང་བ་ཡིས། །འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པ་ཡིས། །བར་དོ་འཁྲུལ་པ་དག་གི་འདྲ་གཞི་བྱས། །གསལ་བའི་ཡོན་ཏན་རྣམ་པ་གསུམ་དག་ལས། །གཏིང་གསལ་དག་གི་རིག་པའི་ཡེ་ཤེས་གསལ། །དྭངས་གསལ་དག་གི་དབྱེར་མེད་གནས་པ་ཡིན། །འོད་གསལ་དག་གི་ཕྱི་ཡི་ཡོན་ཏན་འཆར། །ཡོན་ཏན་ལྔར་སྣང་འབྱུང་བ་ལྔ་རུ་འཆར། །འབྱུང་བ་རྣམ་ལྔ་ཁ་དོག་ལྔར་ཤར་བས། །དཀར་དང་དམར་བ་སེར་བའི་ཁ་དོག་དང་། །ནག་དང་ལྗང་བར་སྣང་བའི་ཁ་དོག་ལ། །ཡུལ་དུ་སྣང་བས་ཉོན་མོངས་དུག་ལྔར་སྣང་། །ནང་དུ་སྣང་བས་རིག་པ་ཁ་དོག་ལྔ། །དབྱེར་མེད་སྤྱད་པས་འདོད་སྤྱོད་རྣམ་ལྔའོ། །སྲིད་པའི་རླུང་ལྔས་བསྐྱོད་པས་ཡིད་ཀྱི་རྒྱུ་བ་རྒྱུ། །ཕྱི་ཡི་ཡིད་གསུམ་ཡུལ་ལ་རྟོག་འཇལ་དཔྱོད། །ནང་གི་ཡིད་གསུམ་བག་ཆགས་དྲན་རྟོག་སྣང་། །གསང་བའི་ཡིད་གསུམ་སེམས་ལ་རྟོག་སེམས་དཔྱོད། །སྲིད་པ་བར་དོའི་དུས་ན་ལས་དང་བག་ཆགས་སྣང་། །བག་ཆགས་གང་དང་ལྡན་


DNG006_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྣང་བ་ཤར། །ཆོས་ཉིད་དངོས་སུ་སྣང་ཡང་ཡུལ་དང་ཁ་དོག་གསལ། །ཡེ་ཤེས་མཆོག་ཏུ་གསལ་བས་བག་ཆགས་སྡུག་བསྔལ་བསྐྱེད། །འདུན་པའི་འདོད་ཆགས་འོད་ལ་ཤེས་པ་འཇུག །མཆོག་ཏུ་གསལ་བས་སྡུག་བསྔལ་བསྐྱེད་པའི་རྒྱུ། །ཆོས་སྐུ་ཡན་ལག་སྡུག་བསྔལ་དག་ཏུ་ཤར། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། བར་དོ་འཁྲུལ་སྣང་གི་ལེའུ་སྟེ་ཞེ་གཅིག་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །འོད་གསལ་ལྷ་ཡི་སྣང་བ་དང་། །གཟུགས་མེད་ལྷ་ཡི་སྣང་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་འགག་མེད་རིག་གསལ་འོད་དུ་ཤར། །འོད་དུ་སྣང་བའི་ཡན་ལག་རང་ལ་གསལ། །རང་འོད་རང་ཤར་གཉིས་སུ་སྣང་བ་ཡིས། །ནམ་མཁའ་དག་ལ་བརྟེན་པས་བག་ཆགས་དེ་ལྟར་སྣང་། །རང་གི་སྣང་བ་འོད་དུ་ཤར་བ་ལས། །གསལ་འགྲིབ་དག་གི་སྣང་བ་སྡུག་བསྔལ་རྒྱུ། །འདོད་པའི་ཡོན་ཏན་བྲལ་ནས་སུ། །ཕུང་པོ་འོད་ལུས་ཆེན་པོ་དེས། །འགྱུར་བའི་སྡུག་བསྔལ་དག་པས་ན། །གཟུགས་མེད་ལྷ་ཡི་སྣང་བ་ནི། །ཆོས་རྣམས་ནམ་མཁའ་ལྟ་བུར་མཐོང་། །ཆོས་རྣམས་ཅི་ཡང་མེད་པར་མཐོང་། །ཡོད་པ་ནམ་མཁའ་ལྟ་བུ་ལ། །མེད་པ་ཅི་ཡང་མི་དམིགས་པ། །ཆོས་རྣམས་རྣམ་པར་ཤེས་པར་མཐོང་། །མེད་བཞིའི་ཕུང་པོ་དག་ཏུ་གྲུབ། །སྣང་བ་གཟུགས་སུ་མི་དམིགས་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ལྷ་འཁྲུལ་སྣང་གི་ལེའུ་སྟེ་ཞེ་གཉིས་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཡིད་ཀྱི་རྒྱུ་བ་རྣམ་པ་དགུར་བྱུང་བས། །བལྟ་བསྒོམ་འབྲས་བུ་གོལ་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་འགག་


DNG006_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རིག་གསལ་འོད་དུ་ཤར། །འོད་དུ་སྣང་བའི་ཡན་ལག་རང་ལ་གསལ། །ཕྱི་ཡི་རྒྱུ་བ་རྣམ་གསུམ་ཡུལ་ལ་གཞལ། །ནང་གི་རྒྱུ་བ་རྣམ་གསུམ་སེམས་ལ་འཇལ། །གསང་བའི་རྒྱུ་བ་རྣམ་གསུམ་བལྟ་བསྒོམ་དག་ལ་འཇལ། །ཕྱི་ཡི་ཆོས་སྐུ་ཆེན་པོ་དེས། །མ་བཅོས་སོ་མར་རང་སྣང་བས། །དང་པོ་རང་རིག་ཡེ་ཤེས་དེས། །རིག་མ་སྐྱེས་པ་ཡེ་ཤེས་ཡིན། །རིག་པ་སྐྱེས་པ་ཡིད་ཡིན་ཏེ། །རིག་པ་རིག་པ་སྐྱེས་པ་ཡིན། །དང་པོ་ཅི་ཡིན་སྙམ་པ་དང་། །བར་དུ་ཡིན་མིན་སྙམ་པ་དང་། །ཐོག་མར་ཡིན་གདེང་ཤེས་པ་ཡིས། །སོ་མའི་ཆོས་ཉིད་དེ་ཡིས་བསྒྲིབས། །མ་བཅོས་པ་ཡི་སྙིང་པོ་ལ། །བྱས་པའི་བློ་ཡི་སྣང་བར་བྱུང་། །འདུས་བྱས་ཆོས་ཉིད་ཆེན་པོ་ཡིན། །ནང་གི་བྱང་ཆུབ་སེམས་ཉིད་དེ། །གསལ་ལ་མི་རྟོག་འཛིན་མེད་པས། །བྱང་ཆུབ་སེམས་སུ་བཟུང་ནས་ནི། །སེམས་ལ་ཡིན་མིན་རྣམ་གསུམ་འབྱུང་། །གཟུང་བ་རང་གི་སེམས་ཉིད་བསྒྲིབས། །གསང་བའི་ཆོས་སྐུ་ཆེན་པོ་དེས། །རང་བཞིན་རྣམ་དག་འགག་པ་མེད། །མ་བཅོས་པ་ཡི་སྙིང་པོ་ལ། །བལྟར་མེད་བལྟས་ན་ཡིད་ཀྱི་ཡུལ། །བསྒོམ་མེད་བསྒོམ་ན་རྟོག་པ་ཡིན། །གསང་བའི་རྒྱུ་བས་བསྒྲིབས་པ་ཡིན། །དེ་ལྟར་བསྒྲིབས་ལུགས་རྣམ་གསུམ་ལ། །སྣང་བ་རྣམ་པ་གསུམ་དུ་བྱུང་། །ཆོས་སྐུ་རིག་པ་མི་གནས་པས། །སྣང་ཉིད་སྣོད་གཉིས་ཀྱང་ལྟ་བུར་སྣང་བ་བྱུང་། །རིག་པ་དེ་ཉིད་མ་གཡོས་པས། །བདེར་གཤེགས་ཡེ་ཤེས་སེམས་སུ་བྱུང་། །རིག་པ་དེ་ཉིད་གཡོས་པ་ཡིས། །འགྲོ་དྲུག་བག་ཆགས་སེམས་སུ་བྱུང་། །ཕྱི་ཡི་སྒྲིབ་པ་རྣམ་གསུམ་དང་། །ནང་གི་སྒྲིབ་པ་རྣམ་གསུམ་དང་། །གསང་བའི་སྒྲིབ་པ་རྣམ་གསུམ་གྱིས། །ཆོས་སྐུ་ཡིད་བཞིན་ནོར་བུ་དེ། །ཡོད་པ་མ་མཐོང་སྟོར་བ་ཚོར། །སྟོར་བར་ཚོར་བའི་རང་བཞིན་གྱིས། །དེ་ཚེ་དབུ་མ་ཉིད་དུ་གནས། །ཐར་པའི་ལམ་སྟོར་ཉིད་དུ་གནས། །མུན་པས་འཐིབས་པ་ཉིད་དུ་གནས། །སྐྱབས་མེད་མགོན་དང་བྲལ་བར་གནས། །འཁོར་བའི་ཆུ་བོས་ཁྱེར་བར་གནས། །


DNG006_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཉམ་ཐག་སྡུག་བསྔལ་དག་གིས་ཟིན། །རང་གསང་ཐབས་ཀྱིས་ཆོད་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཆོས་སྐུ་རང་སྒྲིབ་ཀྱི་ལེའུ་སྟེ་ཞེ་གསུམ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །རང་བྱུང་ཡེ་ཤེས་ཆེན་པོ་ལ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་བྱུང་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་ལས་བྱུང་ཡེ་ཤེས་རིག་པ་དེ། །རིག་པ་གདངས་གསལ་དེ་ཡི་བྱིན་རླབས་ལས། །ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུར་བྱུང་སྟེ། །ཆོས་སྐུ་ཉིད་ལས་ངེས་པའི་དོན་བྱུང་ངོ་། །ལོངས་སྐུ་དག་ལས་དྲང་བའི་དོན་བྱུང་ངོ་། །སྤྲུལ་སྐུ་དག་ལས་བཀྲི་བའི་དོན་བྱུང་ངོ་། །རང་བྱུང་ཆོས་སྐུ་ཆེན་པོ་ལས། །རང་བྱུང་ཡེ་ཤེས་རིག་སྐྱེས་པས། །རིག་པའི་བྱིན་རླབས་ཆེན་པོ་ལས། །བདེར་གཤེགས་སྐུ་གསུམ་ངོ་བོར་བྱུང་། །དེ་ཡི་ཐུགས་རྗེའི་ཤུགས་སྐྱེས་པས། །ཆོས་སྐུ་སྒོ་མོ་མང་པོར་གསུངས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ། །དེ་ཡི་གདུལ་བྱ་བརྒྱད་ཁྲི་དང་། །བཞི་སྟོང་མང་པོར་བྱུང་བ་ཡིན། །སྣང་ཚུལ་གསུང་རབ་ཡན་ལག་བཅུ་གཉིས་བྱུང་། །བཀྲི་དང་དྲང་དང་ངེས་པའི་དོན། །རྣམ་པ་གསུམ་དུ་འདུས་པ་ཡིན། །རིམ་པར་བསྟན་པ་ཀུན་ཏུ་རོལ། །རྫོགས་ཆེན་ངེས་པ་གཅིག་ཏུ་བསྟན། །དོན་ལ་གཅིག་ལས་མེད་པ་ལས། །ཐ་དད་དུ་མར་བྱུང་བ་དེ། །རང་བྱུང་ཆོས་སྐུའི་བྱིན་རླབས་སོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། བསྟན་པ་ཇི་ལྟར་བྱུང་བའི་ལེའུ་སྟེ་ཞེ་བཞི་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ལུས་གང་འཁྲུལ་པ་རིམ་གྱིས་བཟློག་པས་ན། །སེམས་དེའི་གནས་ལུགས་ཇི་ལྟར་གནས་པ་ལ། །སེམས་དེ་གཞག་པའི་ཐབས་དང་སེམས་དེ་བཅོས་པའི་ཐབས། །སེམས་དེ་ཟིན་པའི་རྟགས་དང་སེམས་དེའི་སྒྲིབ་པ་དག་པ་ཇི་ལྟ་བུ། །


DNG006_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །སེམས་ཉིད་མི་རྟོག་སྟོང་པར་གནས་པ་ལ། །སེམས་ཉིད་ཆོས་སྐུ་སྟོང་པར་གནས་པ་དང་། །སེམས་སེམས་ཉིད་ཡེ་ཤེས་རིག་པ་སྟོང་པ་དེ་ཡང་ཀྱིས་ཡེ་ཤེས་སྟོང་པར་རིག་པ་དེ། །ཡིད་ཀྱི་སྐད་ཅིག་དང་པོར་བྱུང་བས་ན། །རིག་པ་དེ་དང་སྟོང་པ་གཉིས་མེད་པས། །སྟོང་པ་དེ་ཡི་ངང་ལ་གཞག་པར་བྱའོ། །སེམས་ཀྱིས་ཡེ་ཤེས་དག་པ་སེམས་འཛིན་ན། །རང་རིག་རང་མིང་མེད་པ་ལ། །སྐད་ཅིག་རིག་པ་རང་གསལ་དེ། །སྐད་ཅིག་གཉིས་པར་མི་གཏང་བར། །སེང་ངེ་ཡེ་རེ་གཟུང་བར་བྱའོ། །སེམས་ཀྱིས་སེམས་ལ་སེམས་འཛིན་ནི། །སྐད་ཅིག་དང་པོའི་རིག་པ་སྟོང་བྱུང་དེ། །ཡུལ་ལ་ཤེས་པ་ཧད་ཀྱིས་སྣང་བ་དེ། །རིག་པ་འཛིན་པ་མེད་པ་དེས། །ཡུལ་ལ་འཛིན་པ་མེད་པར་གཞག །རྒོད་ན་ཤེས་པ་བསྒྲིམས་ལ་གཞག །བྱིང་ན་ཤེས་པ་གློད་ལ་གཞག །སྣང་ན་རང་བཞིན་མེད་པར་གཞག །སྟོང་ན་འཛིན་པ་མེད་པར་གཞག །སེམས་དེ་ཟིན་པའི་རྟགས་དེ་ནི། །སྒོ་ལྔ་ཡུལ་ལ་མི་སྤྱོད་ཅིང་། །རྟོག་མེད་ཧད་དེ་གནས་པས་ན། །སེམས་ཀྱིས་སེམས་ནི་ཟིན་པ་ཡིན། །དེ་ཡིས་སྒྲིབ་པ་དག་པའི་རྟགས། །སྣང་བ་མིང་དང་བྲལ་བའི་སྣང་བ་ཡིས། །བག་ཆགས་སྒྲིབ་པ་དག་པ་ཡིས། །ཡུལ་ལ་ཉོན་མོངས་མི་སྐྱེ་བས། །ཉོན་མོངས་སྒྲིབ་པ་དག་པ་ཡིན། །སེམས་ཀྱིས་ཆོས་སྐུ་སྤྱོད་པ་ལ། །སེམས་ཀྱི་ཡེ་ཤེས་འཛིན་མེད་པས། །ཤེས་བྱའི་སྒྲིབ་པ་དག་པ་ཡིན། །དེ་ལ་མཉམ་གཞག་རྗེས་ཐོབ་གཉིས། །གཉིས་སུ་མེད་པས་དབྱེར་མེད་པས། །མཉམ་ན་སེམས་ཀྱི་འབྲས་བུ་ཡིན། །དེ་ཡི་བརྟན་པ་ཐོབ་པ་ན། །ལུས་ཀྱི་འཁྲུལ་པ་བཟློག་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། སེམས་སེམས་ལ་བཟུང་བའི་ལེའུ་སྟེ་ཞེ་ལྔ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །དབང་པོ་འབྲིང་པོའི་འཁྲུལ་པ་བཟློག་བྱས་པ། །ཕྱི་ཡི་ཡེ་ཤེས་དག་ལ་སེམས་གཞག་དང་། །ནང་གི་ཡེ་ཤེས་དག་ལ་གཞག་


DNG006_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །གསང་བའི་ཡེ་ཤེས་དག་ལ་གཞག་པ་དང་། །དེ་ཡི་ཟིན་རྟགས་སྒྲིབ་པ་དག་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །དེ་ཉིད་རིམ་གྱིས་བལྟ་སོ་མ་བཅོས་སྣང་བ་འདི་ཉིད་ལ། །སྒོ་ལྔ་སོ་མ་བཅོས་པས་འཛིན་པར་མེད་པར་གཞག་པར་བྱའོ། །དེ་ཚེ་ཉིད་ན་འབྲས་བུ་ཆོས་སྐུ་འཐོབ། །ཆོས་སྐུ་ནམ་མཁའི་སྙིང་པོ་ལ། །ཚོགས་དྲུག་རིམ་ལྟར་རིམ་གྱིས་བླུག །ཚོགས་དྲུག་རིམ་གྱིས་སངས་རྒྱས་པས། །སངས་རྒྱས་པ་ཡི་སངས་རྒྱས་ཡིན། །ཆོས་སྐུ་ནམ་མཁའི་སྙིང་པོ་དེ། །ནམ་མཁའི་མིང་དང་བྲལ་བ་ཉིད། །བསམ་མེད་བསམ་གྱིས་མི་ཁྱབ་པས། །བསམ་གྱིས་མི་ཁྱབ་བསམ་མེད་པའོ། །རང་བྱུང་ཆོས་སྐུའི་སྙིང་པོ་ལ། །བལྟ་ཞིང་ཤིན་ཏུ་བརྟན་པ་ནི། །རང་བྱུང་ཆོས་སྐུའི་སྙིང་པོ་དེ། །རང་བྱུང་ཡེ་ཤེས་ཡན་ལག་ཆོས་ཀྱི་སྐུ། །སྣ་ཚོགས་གྲངས་མེད་སྣང་བའི་སྐུ། །སྣང་བ་མ་བཅོས་པ་དག་ལ། །ཤེས་པ་མ་བཅོས་པ་དག་གཞག །མ་བཅོས་པ་ནི་བཅོས་པའི་མཆོག །བྱུང་བའི་སྐུ་གསུམ་ཆེན་པོ་ལ། །བྱུང་བའི་ཡེ་ཤེས་རྣམ་གསུམ་གཞག །འབྱུང་བ་དག་གི་སྐུ་གསུམ་ལ། །འབྱུང་བ་དག་གི་ཡེ་ཤེས་གཞག །བྱུང་ནས་གནས་པའི་སྐུ་གསུམ་ལ། །བྱུང་ནས་གནས་པའི་ཡེ་ཤེས་གཞག །ནམ་མཁར་མིང་མ་བཏགས་པ་ཡིས། །ནམ་མཁའི་སྙིང་པོ་བལྟས་བྱས་ན། །དེ་ཚེ་སངས་རྒྱས་ཉིད་དུ་འགྱུར། །སྔོན་མ་མཐོང་བའི་ཆོས་སྐུ་མཐོང་། །བལྟར་མེད་བལྟས་ན་ལྟ་བའི་མཆོག །བསྒོམ་མེད་བསྒོམ་ན་སྒོམ་པའི་མཆོག །དེ་ཡི་སྒྲིབ་པ་རྣམ་གསུམ་ནི། །ཕྱི་ནང་གསང་བའི་ཡིད་མེད་པས། །སྒྲིབ་པ་རང་བྱུང་དག་པ་ཡིན། །གནས་ལུགས་དེ་ལྟར་གནས་པ་ལ། །ཡིན་ལུགས་དེ་ལྟར་ཡིན་ཞེ་ན། །བསྒྲིབ་མེད་ཡེ་ནས་དག་པ་ཡིན། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། སྐུ་དང་ཡེ་ཤེས་ལ་སེམས་གཞག་པའི་ཐབས་ཀྱི་ལེའུ་སྟེ་ཞེ་དྲུག་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་


DNG006_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་ཏུ་བཟང་པོ་ལ། །བར་དོ་རྣམ་པ་གསུམ་དག་ཏུ། །ལུས་གསུམ་གང་དང་ལྡན་པ་ཡིན། །སྤྱན་གསུམ་ཇི་ལྟར་གསལ་བ་ཡིན། །སྐུ་གསུམ་ཇི་ལྟར་ལྡན་པ་ཡིན། །ཡེ་ཤེས་ཇི་ལྟར་སྐྱེས་པ་ཡིན། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །རང་བཞིན་བར་དོའི་དུས་དག་ཏུ། །ཟག་དང་བཅས་པའི་ལུས་ཉིད་དེ། །ཕུང་པོ་ཐོགས་དང་བཅས་པ་ལ། །ཤ་ཁྲག་བཅས་པའི་ལུས་ཉིད་ལ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སེམས་ལས་སེམས་བྱུང་བརྟེན་པའི་ལུས། །སེམས་ཀྱི་ཆོས་སྐུ་སྟོང་པ་དང་། །སེམས་ཀྱི་ཡེ་ཤེས་རྟོག་པ་མེད། །མིག་ལ་བརྟེན་ནས་གསལ་བས་ན། །ཉིན་མོ་ནམ་མཁའ་སྟོང་ལ་བལྟ། །ནུབ་མོ་ཀུན་གཞི་ཀུན་ཞི་ཡང་ངང་ལ་བལྟ། །ཉིན་མོ་སེམས་ཀྱི་ཡེ་ཤེས་རྟོག་མེད་བྱུང་། །ནུབ་མོ་སེམས་ཀྱི་ཡེ་ཤེས་སྟོང་པ་བྱུང་། །ཉིན་མོ་ཆུ་བུར་མིག་ལ་བརྟེན། །ནུབ་མོ་ཡིད་ཀྱི་མིག་ལ་བརྟེན། །དེ་ལ་གནས་ཤིང་གོམས་བྱས་ནས། །སེམས་ཀྱིས་སྐུ་དང་ཡེ་ཤེས་ཐོབ། །རྨི་ལམ་བར་དོའི་ལུས་དེ་ནི། །ཟག་པ་མེད་པའི་ལུས་ཡིན་ཏེ། །ཚུལ་ཁྲིམས་ཆེན་པོའི་ཕུང་པོ་དང་། །ཏིང་ངེ་འཛིན་གྱི་ཕུང་པོ་དང་། །ཤེས་རབ་ཀྱིས་ནི་ཕུང་པོ་དང་། །རྣམ་པར་གྲོལ་བའི་ཕུང་པོ་དང་། །རྣམ་གྲོལ་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། །དེ་ལྟ་བུ་ཡི་ཕུང་པོ་ལ། །རྟེན་མེད་སྤྱན་དང་ལྡན་པ་ཡིས། །ལྷ་ཡི་སྤྱན་དང་ལྡན་གསལ་བས། །མཐོང་མེད་སངས་རྒྱས་ཆོས་སྐུ་མཐོང་། །རང་བྱུང་ཡེ་ཤེས་བདེ་གསལ་སྐྱེས། །ཉིན་མཚན་མེད་པའི་སྣང་བ་ལས། །དབྱེར་མེད་སྐུ་དང་ཡེ་ཤེས་ཐོབ། །སྲིད་པ་བར་དོའི་ལུས་དེ་ནི། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཡེ་ཤེས་ལྔ་ཡི་ཕུང་པོ་ལ། །རིགས་ལྔ་དེ་བཞིན་གཤེགས་པར་སྣང་། །ཕྱི་དང་ནང་གི་སྒྲིབ་མེད་པར། །ཡེ་ཤེས་སྤྱན་དང་ལྡན་པ་འབྱུང་། །དེ་ལྟའི་སྤྱན་དང་ལྡན་པ་དེས། །དབྱེར་མེད་སངས་རྒྱས་ཆོས་སྐུ་མཐོང་། །རང་བྱུང་ཡེ་ཤེས་སྙིང་པོ་བསྐྱེད། །དབྱེར་མེད་ལྷུན་གྲུབ་གོལ་མེད་པས། །གང་ལྟར་བྱས་ཀྱང་སངས་རྒྱས་


DNG006_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །ཡིད་བཞིན་ནོར་བུ་ལྟ་བུ་ཉིད། །དགག་བསྒྲུབ་གང་ཡང་མེད་པར་གནས། །སྣང་བ་དེ་ལྟར་རང་ཤར་བས། །འཁོར་བ་ཉིད་ཀྱང་འབྲས་བུའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། བར་དོ་རྣམ་གསུམ་ལས་ཡེ་ཤེས་རིམ་གྱིས་གསལ་བའི་ལེའུ་སྟེ་ཞེ་བདུན་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །སངས་རྒྱས་ལོངས་སྐུ་ཆེན་པོ་ལ། །སེམས་གཞག་དེ་ཉིད་བརྟན་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །སྐུ་ཡི་ལོངས་སྐུ་དག་ལ་སེམས་དེ་གཞག་པ་ནི། །སྣ་ཚོགས་ཅིར་ཡང་སྣང་སྐུའི་ལོངས་སྐུ་ལ། །ཚོགས་དྲུག་འཛིན་པ་མེད་པར་བསྲེ་བར་བྱ། །ཕྱི་དང་ནང་གི་ལོངས་སྐུ་བསྲེས་ནས་ནི། །ཁ་དོག་རྣམ་ལྔ་ཡེ་ཤེས་རྣམ་ལྔར་བསྲེ། །སྒོ་ལྔ་འཛིན་པ་མེད་པ་རང་སོར་གནས། །སྒོ་ལྔ་ཡུལ་ལྔ་ཤེས་པ་རྣམ་ལྔ་ཡིས། །གཟུང་འཛིན་མེད་པར་ཤེས་པ་རང་སོར་གཞག །གསལ་བའི་ལོངས་སྐུ་གཉིས་མེད་བསྲེས་པ་ན། །སྐུ་ཡི་ལོངས་སྐུ་ཆེན་པོ་ཐོབ་པ་ཡིན། །ལོངས་སྐུ་ལོངས་སྐུ་དག་ལ་གཞག་པ་ནི། །རིག་པའི་ངོ་བོ་གསལ་ལ་མ་འདྲེས་པས། །ཆོས་སྐུ་གསལ་ལ་མ་འདྲེས་དག་ལ་གཞག །སྣང་ལ་རང་བཞིན་མེད་པ་དང་། །གསལ་ལ་རང་བཞིན་མེད་པ་གཉིས། །དབྱེར་མེད་གཅིག་ཏུ་གཞག་པས་ན། །དེ་ཡི་བརྟན་པ་ཐོབ་པ་དང་། །རྨི་ལམ་དུས་སུ་དེ་ཉིད་སྣང་། །བར་དོའི་དུས་སུ་དངོས་སུ་སྣང་། །རིགས་ལྔ་སོ་སོའི་སྣང་བ་ལས། །ཞིང་ཁམས་ཡོངས་སུ་དག་པར་སྣང་། །འཁྲུལ་པའི་ལུས་ལ་བརྟེན་ནས་ནི། །མ་འཁྲུལ་པ་ཡི་སྐུ་ཉིད་བྱུང་། །འཁྲུལ་པའི་སྐུ་ལ་བརྟེན་ནས་ནི། །མ་འཁྲུལ་པ་ཡི་ཡེ་ཤེས་འབྱུང་། །འཁྲུལ་པའི་སྣང་བ་ལ་བརྟེན་ནས། །མ་འཁྲུལ་པ་ཡི་སྣང་བ་འབྱུང་། །སྐུ་རུ་ཡིན་པས་སྐུ་ཉིད་འབྱུང་། །གཞན་ལས་བྱུང་བ་མ་ཡིན་ནོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ལོངས་སྐུ་ལ་སེམས་བཞག་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།


DNG006_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཐམས་ཅད་ཆོས་སྐུ་ཡིན་པ་ལས། །ས་ལམ་བགྲོད་དུ་མེད་པ་ལ། །བགྲོད་པར་མཐོང་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་སྐུ་ཉིད་ལ་ས་དང་ལམ། །ལོག་པར་རྟོག་པའི་སྣང་བ་སྟེ། །ཆོས་ཀྱི་སྐུ་དང་ཡེ་ཤེས་གཉིས། །འོག་མའི་ལམ་ཉིད་འབྱོངས་པ་དང་། །གོང་མའི་ས་ཉིད་ཐོབ་པ་ན། །སྐུ་དང་ཡེ་ཤེས་ཐོབ་པ་མིན། །རང་གི་སྐུ་དང་ཡེ་ཤེས་གཉིས། །ཐོག་མ་མེད་ནས་རང་ལ་བྱུང་། །རང་ཉིད་སྤངས་པའི་ཕ་རོལ་ན། །སྐུ་དང་ཡེ་ཤེས་ཡོད་པ་མིན། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་དེ། །རང་ལ་གནས་ཏེ་གཞན་ན་མེད། །དམྱལ་བའི་གནས་དེར་གནས་གྱུར་ཀྱང་། །སྤུ་གྲི་ལ་སོགས་སྡུག་བསྔལ་རྣམས། །ཡེ་ཤེས་ཉིད་དུ་སྣང་བ་ལས། །སྡུག་བསྔལ་འབྱུང་བ་ག་ལ་སྲིད། །སེམས་ཅན་དམྱལ་བའི་སྡུག་བསྔལ་དེ། །སངས་རྒྱས་གནས་སུ་གནས་ན་ཡང་། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་དེ། །སྡུག་བསྔལ་ཉིད་དུ་སྣང་བ་ལས། །ཡེ་ཤེས་སྣང་བ་ག་ལ་སྲིད། །རང་ལ་གནས་པའི་ཡེ་ཤེས་དེ། །རང་ཉིད་རང་ལ་མ་ཤར་ན། །གོང་མའི་ས་ཡི་ཡོན་ཏན་དེ། །རྣམ་གྲངས་ཡིན་ཏེ་དོན་མ་ཡིན། །རང་བྱུང་ཡེ་ཤེས་མ་ཤར་ན། །ས་དང་ལམ་ལ་སྦྱང་དུ་མེད། །ཐོབ་བྱ་ཐོབ་རྒྱུ་མེད་པ་ན། །ས་དང་ལམ་ཞེས་བྱ་བ་མེད། །ཕྱི་ནང་ཆོས་སྐུར་མ་ཤར་ན། །སྒྲིབ་དང་བསྒྲིབས་པ་འགོག་པའི་ལམ། །ཡང་དག་ཉིད་དུ་མ་གྲུབ་པས། །གང་ལྟར་བྱས་ཀྱང་འདུས་བྱས་ཆོས། །ཆོས་ཀྱི་སྐུ་ཉིད་མ་རྟོགས་ཤིང་། །རིག་པའི་ཡེ་ཤེས་མ་ཤར་ན། །མི་རྟོག་པ་ཉིད་བྱུང་གྱུར་ཀྱང་། །སྙོམས་པར་འཇུག་པ་རྣམ་གཉིས་བཞིན། །དགའ་བདེའི་ཡེ་ཤེས་སྐྱེས་གྱུར་ཀྱང་། །བསམ་གཏན་གཉིས་པའི་ལྷ་བཞིན་ནོ། །ཆོས་རྣམས་ནམ་མཁར་ཤེས་གྱུར་ཀྱང་། །རིག་པ་ཡུལ་ལ་སྤྱོད་པ་ན། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་བཞིན། །སྣང་བ་བཀག་ནས་སྟོང་བཟུང་ན། །ཅི་ཡང་


DNG006_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྐྱེ་མཆེད་བཞིན། །ཐམས་ཅད་རྣམ་པར་ཤེས་བཟུང་ན། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བཞིན། །སྣང་བ་ངེས་པར་བཟུང་བ་ན། །སོ་སོའི་སྐྱེ་བོའི་བལྟ་བ་བཞིན། །དབྱིངས་ཀྱི་རང་བཞིན་ཤེས་པ་ན། །སྣང་བ་སྤང་དུ་མེད་པ་ལ། །སྟོང་པ་དེ་ཉིད་བསྒྲུབ་ཏུ་མེད། །དབྱིངས་ཀྱི་སྣང་བ་ཅིར་ཡང་འཆར། །ཡེ་ཤེས་སྣང་བ་ཅིར་ཡང་གསལ། །དབྱེར་མེད་སྣང་བ་ཅིར་ཡང་རོལ། །མ་བཀག་མ་བསྒྲུབས་བདེ་བའི་ངང་། །མ་བཅོས་སྙིང་པོ་དེ་ཉིད་དོན། །མ་བསྒྲུབས་མཐའ་རྣམས་ཀུན་ལས་འདས། །མ་བཀག་གོལ་བའི་ས་ལམ་མེད། །འབྲས་བུ་རེ་དོགས་མེད་པ་ཡིས། །འབྱེད་པ་མེད་པ་ཀུན་ཏུ་བཟང་། །རྡོ་རྗེ་ཐེག་པ་ཆེན་པོ་འདི། །ཕྱི་དང་ནང་དུ་སྣང་བ་ཡང་། །ཐབས་དང་ཤེས་རབ་འདྲེལ་བའི་བརྡའ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །འདི་ལས་མ་རྟོགས་གང་ཡང་མེད། །རྣམ་པ་ཐམས་ཅད་མཁྱེན་པ་ཡང་། །མ་བཅོས་པ་ལས་བྱུང་བ་སྟེ། །བཅོས་ན་ཐམས་ཅད་མཁྱེན་པ་མེད། །སྣང་བ་མ་བཅོས་ཆོས་ཉིད་ལ། །རིག་པ་མ་བཅོས་ཡེ་ཤེས་ཉིད། །དབྱེར་མེད་ཤེས་ན་ཡེ་ཤེས་ཐམས་ཅད་མཁྱེན། །ས་ལམ་སྦྱང་ན་གོལ་བའི་ལམ། །རྡོ་རྗེ་སེམས་དཔའ་ཞེས་བྱ་ནི། །རང་བཞིན་མ་བཅོས་པ་ལས་བྱུང་། །ས་དང་ལམ་དུ་འཛིན་པ་ཀུན། །ལོག་པར་རྟོག་པའི་སྤྱོད་ཡུལ་ལོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། སྐུ་དང་ཡེ་ཤེས་ལས་ལམ་བགྲོད་དུ་མེད་པའི་ལེའུ་སྟེ་ཞེ་དགུ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་དང་ཡེ་ཤེས་རང་ལ་གནས་པ་ལས། །ཕྱི་ནང་དབང་དེས་བསྐུར་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །དུས་གསུམ་འདུ་འབྲལ་མེད་པའི་རྟགས། །སྐུ་དང་ཡེ་ཤེས་རང་ལས་བྱུང་། །དེ་ཉིད་མཚོན་པར་བྱེད་པའི་རྟགས། །བརྡའ་ལ་བརྟེན་ནས་དོན་ཉིད་མཚོན། །སྣང་བ་ཐམས་ཅད་དབང་གི་བརྡ། །ཕྱི་ཡི་བརྡ་ལ་བརྟེན་ནས་ནི། །རྣམ་པར་མི་རྟོག་ཡེ་ཤེས་སྐྱེས། །ནང་གི་རིག་


DNG006_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བརྟེན་ནས། །ཕྱི་ཡི་སྣང་བ་ཆོས་ཉིད་འཆར། །དབྱེར་མེད་རྟོགས་པ་དབང་མཆོག་ཐོབ། །རང་བྱུང་ཆོས་སྐུ་རྟོགས་ཙམ་ན། །རང་ཉིད་རང་ལ་སྐུ་ལྔ་འབྱུང་། །ཡེ་ཤེས་ལྔ་ཡི་སྣང་བར་ཤར། །དབང་ཞེས་བྱ་བ་རང་བཞིན་ནོ། །ཐབས་ལ་བརྟེན་ནས་དོན་མཚོན་པས། །རང་གི་ཡེ་ཤེས་དབང་དུ་གྱུར། །སྐུ་ཡི་རྟོགས་ལུགས་བསམ་མི་ཁྱབ། །ཡེ་ཤེས་སྐྱེ་ལུགས་བསམ་མི་ཁྱབ། །བསམ་གྱིས་མི་ཁྱབ་བརྗོད་དུ་མེད། །སྣང་བ་ལ་བརྟེན་ཆོས་ཉིད་སྐྱེ་བ་དང་། །རིག་པ་ལ་བརྟེན་ཡེ་ཤེས་སྐྱེས་པས་ན། །ཡེ་ཤེས་གང་ལྟར་བྱུང་ཡང་དབང་ཡིན་ནོ། །ཐབས་དང་ཐབས་ལས་བྱུང་བའི་དབང་མཆོག་དེས། །ཐབས་ནི་བསམ་གྱིས་མི་ཁྱབ་པས། །ཡེ་ཤེས་བསམ་གྱིས་མི་ཁྱབ་སྐྱེ། །འགག་མེད་ཆོས་སྐུར་གང་ལྟར་བལྟས་པ་ཤར། །དེ་དང་ལྡན་པ་ཐམས་ཅད་དབང་ཡིན་ནོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། དབང་ངེས་པ་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཆོས་སྐུ་སྐྱེ་བ་མེད་པའི་རང་བཞིན་ལ། །ཕ་རོལ་ཕྱིན་དྲུག་རྫོགས་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་ཉིད་རྣམ་པར་དག་པའི་རང་བཞིན་ལ། །ཐམས་ཅད་དེ་ལ་གནས་ཤིང་དེ་ལ་སྤྱོད་པ་དེ། །དབྱེར་མེད་མཉམ་པོར་གནས་པས་སྦྱིན་པའོ། །རང་བཞིན་མེད་པར་ཤེས་པས་ཕ་རོལ་ཕྱིན་པ་ཡིན། །ཆོས་སྐུ་རང་བཞིན་གོས་པ་མེད་པ་ལ། །ངོ་བོ་རང་བཞིན་དག་པའི་ཚུལ་ཁྲིམས་ཏེ། །གང་གིས་གོས་པ་མེད་པ་ཚུལ་ཁྲིམས་ཕ་རོལ་ཕྱིན། །ཆོས་ཉིད་རང་བཞིན་གདོད་ནས་ཞི་བ་ལས། །རང་བཞིན་ཁོང་ཁྲོ་མེད་པ་བཟོད་པ་སྟེ། །དབྱེར་མེད་གཉིས་སུ་མེད་པ་ཕ་རོལ་ཕྱིན་པའོ། །སྐྱེ་མེད་གདོད་ནས་རང་བཞིན་ཀུན་ལ་ཁྱབ། །དོན་ཐོབ་ལེ་ལོ་མེད་པ་བརྩོན་པ་སྟེ། །ཀུན་ཁྱབ་དབྱེར་མེད་གནས་པ་ཕ་རོལ་ཕྱིན་པའོ། །ཆོས་ཉིད་གདོད་ནས་རང་བཞིན་རྣམ་དག་པས། །རྟོག་མེད་མཉམ་ཉིད་གནས་པ་བསམ་གཏན་ཏེ། །རང་བཞིན་ཡེངས་པ་མེད་པས་ཕ་རོལ་ཕྱིན། །ཆོས་ཀྱི་སྐུ་ཡི་རང་བཞིན་དེ་ཉིད་ལ། །


DNG006_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དེ་བཞིན་ཉིད་ན་གནས་པས་ཤེས་རབ་སྟེ། །རང་བཞིན་དེ་ལྟར་རྟོགས་པས་ཕ་རོལ་ཕྱིན། །ཆོས་ཀྱི་སྐུ་ཡི་རང་བཞིན་དོན་རྟོགས་ན། །ཕ་རོལ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། །རྫོགས་པ་ཆེན་པོའི་འོད་ལ་གང་གནས་པ། །འདི་བསྒོམ་ཐམས་ཅད་ཡོངས་སུ་བསྒོམ་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། དཀའ་ཐུབ་སྒོ་ནས་ཕ་རོལ་ཕྱིན་པ་དྲུག་སྤྱད་དུ་མེད་པས། ཕ་རོལ་ཕྱིན་པ་རང་ལ་རྫོགས་པའི་ལེའུ་སྟེ་ང་གཅིག་པའོ།། །། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །འདུས་བྱས་བློ་ཡི་ནམ་མཁའ་ལ། །འདུས་མ་བྱས་པ་སྐྱེ་བ་ཉིད། །སེམས་ཀྱི་གཞག་ཐབས་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཆོས་ཉིད་འདུས་མ་བྱས་པ་དེ། །ནམ་མཁའི་ངོ་བོ་རང་བཞིན་ཡིན། །གང་དུ་མ་གྲུབ་སྤྲོས་བྲལ་བ། །དེ་ལ་འདུས་བྱས་བློ་ཉིད་བཞག །མ་བྱས་པ་ཡི་ཤེས་པ་དེ། །དེ་ལ་ཧད་དེ་ཕྱོད་དེ་བཞག །ཡུལ་གྱི་སྣང་བ་མི་དཔྱོད་ཅིང་། །སེམས་ཀྱི་རྟོག་པས་བལྟ་བ་མ་དཔྱད་ན། །མི་དམིགས་པ་རུ་སྣང་བས་ན། །རིག་པའི་སྟོང་པ་ཆེན་པོ་དང་། །ནམ་མཁའ་སྟོང་པ་འདྲེས་པ་ཡིན། །གང་དུ་མ་གྲུབ་སྤྲོས་བྲལ་བ། །དེ་ལྟར་རྟོགས་པ་བལྟ་བ་ཡིན། །དེ་ལ་གནས་པ་བསྒོམ་པ་ཡིན། །གང་ལྟར་སྤྱོད་པ་སྤྱོད་པ་ཡིན། །སྣང་བ་འཛིན་མེད་རྟོག་མེད་པས། །བག་ཆགས་སྒྲིབ་པ་ནུབ་པ་ཡིས། །ཚོགས་དྲུག་མཁའ་ལ་གྲུབ་པ་བླུགས་ཀྱང་ཡིས། །ཡུལ་ལ་མི་སྤྱོད་ཡེ་ཤེས་ཡིན། །ཡུལ་དང་ཡུལ་ཅན་གཉིས་མེད་པས། །ཉོན་མོངས་སྒྲིབ་པ་དག་པ་ཡིན། །སྒོ་ལྔ་རང་སར་དག་པ་ཡིས། །ལོངས་སྤྱོད་རྫོགས་སྐུ་ཐོབ་པ་ཡིན། །ཡེ་ཤེས་རྒྱུན་དུ་གནས་པ་ཡིས། །རྟོག་པ་ཀུན་ལ་འགས་པ་ཡིན། །རང་བྱུང་ཡེ་ཤེས་རྫོགས་པས་ན། །རྫོགས་པ་ཆེན་པོའི་སངས་རྒྱས་ཡིན། །ཏིང་འཛིན་དོན་ལ་མ་ཆགས་པས། །ཤེས་བྱའི་སྒྲིབ་པ་དག་པ་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་དེ། །སངས་རྒྱས་ཆོས་སྐུ་མཐོང་ཞེས་བྱ། །མཐོང་མེད་མཐོང་བ་མཐོང་བའི་མཆོག །


DNG006_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལས་འདས་པ་ཡེ་ཤེས་མཆོག །འདུས་རྒྱས་བློ་ཡི་ནམ་མཁའ་ལ། །འདུས་མ་བྱས་པའི་ཆོས་ཉིད་བྱུང་། །རང་བྱུང་སྙིང་པོ་སྐུ་ཡི་གནས། །དེ་རྟོགས་སངས་རྒྱས་བཙལ་དུ་མེད། །སྤང་ཐོབ་མེད་པའི་ཡེ་ཤེས་སོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། འདུས་མ་བྱས་སེམས་ལ་འདུས་མ་བྱས་བྱུང་བའི་ལེའུ་སྟེ་ང་གཉིས་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །འཁྲུལ་པའི་ལུས་ནས་སེམས་ཉིད་དོན་པ་དང་། །སེམས་ཉིད་མཁའ་ལ་བཞག་སྟེ་བརྟག་པ་དང་། །ལུས་ལ་བརྟགས་ཏེ་ནང་དུ་བསྡུ་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ལུས་ནི་མི་དམིགས་པ་ཡི་ཕྱིར། །ནམ་མཁའ་དག་ལ་རིག་པ་གཞག །ལུས་བོར་མཁའ་ལ་བཞག་ནས་ནི། །ཏིང་འཛིན་ལུས་དང་ལྡན་པ་དེ། །རང་བཞིན་མེད་པ་སེང་ངེ་བཞག །ཡེ་ཤེས་གཏིང་གསལ་ཆེན་པོ་འབྱུང་། །རང་ལུས་ནམ་མཁའ་སྟོང་པ་ལྟ་བུ་ལ། །སྣང་བ་ནམ་མཁའ་ལྟ་བུར་སྣང་། །ནམ་མཁའ་མི་དམིགས་ལུས་ཀྱང་མི་དམིགས་པས། །རིག་པ་དག་ཡང་དམིགས་པ་ཡོད་པ་མིན། །དམིགས་པ་གསུམ་ལས་འདས་པས་ཏིང་འཛིན་ལུས། །རིག་པ་མཁའ་ལ་བཏོན་ནས་ནི། །ལུས་ལ་བརྟག་པ་གསུམ་བྱ་སྟེ། །མི་དམིགས་པ་རུ་བརྟགས་ནས་ནི། །སྡུག་བསྔལ་ཀུན་ཡང་མི་འབྱུང་ངོ་། །རྒྱལ་བ་དུ་མར་བརྟགས་ནས་ནི། །ཡོན་ཏན་ཐམས་ཅད་ཀུན་འབྱུང་ངོ་། །དུར་ཁྲོད་ལྟ་བུར་བརྟགས་ནས་ནི། །ཆགས་མེད་ཡེ་ཤེས་བདེ་བར་འཆར། །རིག་པ་ནང་དུ་བསྡུ་བ་ནི། །གཏི་མུག་བྱེད་པ་མེད་པ་ཡིས། །རིག་པ་མི་གཡོ་མི་རྟོག་པས། །སྙིང་པོ་དེ་ལ་ཚོགས་དྲུག་བསྡུ། །རང་བྱུང་མ་བཅོས་དེ་བཞིན་ནོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། རིག་པ་ཕྱི་ནང་གི་ལེའུ་སྟེ་ང་གསུམ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཆོས་སྐུའི་རང་བཞིན་དབྱེར་མེད་གཅིག་


DNG006_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། །གླགས་ཚོལ་བ་དང་བར་དུ་གཅོད་པ་དང་། །བདུད་ཀྱི་སྡེ་བ་བྱུང་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཡང་དག་ལམ་དུ་ཞུགས་ལ་བདུད་འབྱུང་བས། །བདུད་ཀྱི་སྡེ་ལ་གནས་པས་བདུད་མི་འབྱུང་། །ཕྱི་ཡི་བདུད་ནི་མཚན་མར་འཛིན་པ་སྟེ། །ནང་གི་བདུད་ནི་ལོག་པར་རྟོགས་པ་ཉིད། །གསང་བའི་བདུད་ནི་ཡེ་ཤེས་ངོས་མ་ཟིན། །བར་གཅོད་བདུད་ནི་དོན་ལས་ལོག་པར་ཁྲིད། །དོན་དང་མི་ལྡན་བདུད་ཀྱི་སྡེ་པ་ཡིན། །སྒོ་ལྔ་ཡུལ་ལ་ཆགས་པ་ཕུང་པོའི་བདུད། །ཡིད་གཡོས་ཡུལ་ལ་སྤྱོད་པ་ཉོན་མོངས་བདུད། །བལྟར་མེད་ལོག་པར་བལྟ་བ་ལྷ་ཡི་བུ་ཡི་བདུད། །ལམ་ཐོབ་བར་དུ་གཅོད་པ་འཆི་བར་བྱེད་པའི་བདུད། །བདུད་ཀྱི་རིགས་ནི་ཉོན་མོངས་དུ་མ་སྟེ། །དེ་ཡི་འབྲས་བུ་ལོག་པར་བལྟ་བ་རྣམས། །དགའ་རབ་དབང་ཕྱུག་རིགས་ལ་སོགས་པའོ། །མཆོད་ལེགས་བསྟེན་ན་དངོས་གྲུབ་འབྱུང་བར་བྱེད། །དེ་ལས་ལོག་ན་འཇིག་རྟེན་སྡུག་བསྔལ་བསྐྱེད། །གླགས་ཚོལ་གླགས་རྙེད་བར་དུ་གཅོད་པའི་བདུད། །བར་དུ་གཅོད་ན་ཐམས་ཅད་བདུད་ཡིན་ནོ། །རྟོགས་ན་ཆོས་ཉིད་མ་རྟོགས་བདུད་ཡིན་ནོ། །འཛིན་ན་ཡེ་ཤེས་ཉིད་ལ་འཛིན་ཀྱང་བདུད་ཡིན་ནོ། །བསམ་གཏན་ཉིད་ལ་ཆགས་ཀྱང་བདུད་ཡིན་པས། །ཡང་དག་ལམ་ལ་གནས་པའི་བདུད་དེ་ནི། །རྡོ་རྗེ་སློབ་དཔོན་བདུད་དུ་སྣང་བ་འབྱུང་། །མཐོང་ན་ལོག་ལྟ་སྐྱེ་ཞིང་དྲེགས་པ་ཞེ་སྡང་སྐྱེས། །གཟུགས་མི་སྡུག་ཅིང་ཡིད་མི་ཆགས་པ་འབྱུང་། །ཕྱི་དང་ནང་དུ་སྣང་བ་ཐམས་ཅད་ཀུན། །ཡིད་ཀྱིས་དཔྱད་ཅིང་གཟུང་འཛིན་བལྟ་བའི་བདུད། །ཡིད་འཕྲོག་བྱིང་དང་ཐེ་ཚོམ་བསྒོམ་པའི་བདུད། །དོན་མེད་བཀའ་བཞིན་མ་གྲུབ་རྒྱ་ཡན་སྤྱོད་པའི་བདུད། །བདུད་དང་ཡེ་ཤེས་གཉིས་ནི་དབྱེར་མེད་པས། །ཡིད་ཀྱིས་དཔྱད་ཅིང་བཟུང་ན་བདུད་ཡིན་ནོ། །མ་དཔྱད་རང་སོར་བཞག་ན་ཡེ་ཤེས་ཡིན། །དཔྱོད་དང་མི་དཔྱོད་གཉིས་ལས་མ་འདས་སོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། བདུད་འབྱུང་བ་བསྟན་པའི་ལེའུ་སྟེ་ང་བཞི་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་


DNG006_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དགའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །འབྲས་བུའི་ཐེག་པ་ཆེན་པོ་འདི། །རིགས་ནི་གང་ལ་སྣང་བ་ལགས། །དུས་ནི་ཇི་སྲིད་ཞིག་ན་འབྱུང་། །སྣང་ལུགས་ཇི་ལྟར་སྣང་བ་ལགས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཚེ་རབས་ཐོག་མ་མེད་པ་ནས། །བླ་མ་མཆོད་ཅིང་བསྙེན་པ་དང་། །དཀོན་མཆོག་ཡི་དམ་མཆོད་པ་དང་། །དམ་པའི་དོན་ལ་བློ་སྦྱངས་པས། །ཐེག་པ་ཆེན་པོ་ལ་མོས་པས། །དེ་ཡི་སྨོན་ལམ་དབང་གིས་སུ། །རིན་ཆེན་འཛམ་བུ་གླིང་ཉིད་དུ། །རིགས་རྒྱུད་མི་ལུས་དག་པ་འཛིན། །དབང་པོ་རྣམ་ཤེས་ཡན་ལག་རྫོགས། །ཤེས་རབ་མིག་དང་ལྡན་པ་ཡིས། །སྙིགས་མ་ལྔ་ཡི་དུས་དེ་རུ། །བདེ་གཤེགས་ཐུགས་ཀྱི་བསྟན་པ་ཤར། །མཁའ་འགྲོ་ཞིང་སྐྱོང་གནང་བ་ཐོབ། །བཅོམ་ལྡན་འདས་ཀྱི་བསྟན་པ་ནི། །སྐུ་དང་གསུང་གི་བསྟན་པ་ཡང་། །ལོ་ནི་བདུན་བརྒྱ་རྩ་ལྔར་སྣང་། །ཐུགས་ཀྱི་བསྟན་པ་དྲུག་ཅུ་གཅིག །འཛམ་གླིང་ཤར་གྱི་ཕྱོགས་དག་ནས། །དགའ་རབ་དབང་ཕྱུག་སྤྲུལ་པ་ཡིས། །རང་དང་འདྲ་བའི་ཚུལ་བཟུང་ནས། །བསྟན་པ་དེ་ཉིད་འཇིག་པར་བྱེད། །ང་ནི་མི་སྣང་མཁའ་འགྲོ་ཡིས། །ལས་དག་དེ་ལ་སྣང་བར་བྱེད། །དེ་ནས་དེ་ཡི་སྤྲུལ་པའི་སྐུས། །ཐུགས་ཀྱི་བསྟན་པ་ཉི་བཞིན་ཤར། །ལས་དག་རྣམས་ལ་སྣང་བར་བྱེད། །ཐེག་པ་འདི་དོན་མཐོང་བ་ན། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྣོད་དང་མི་ལྡན་གང་ཟག་ལ། །ཐེག་པ་འདི་ཉིད་སྣང་གྱུར་ཀྱང་། །རྡོ་རྗེ་དམྱལ་བ་ཆེན་པོའི་རྒྱུ། །འཆིང་བའི་སྒྲིབ་པ་ལྡན་པ་ལ། །ཐེག་པ་འདི་ཉིད་སྣང་མི་སྲིད། །ཐེག་པ་འདི་ཡི་དོན་རྟོགས་ན། །རྡོ་རྗེ་སེམས་དཔའ་ཁོང་ནས་འཆར། །དེ་བཞིན་ང་ཡིས་ལུང་བསྟན་ཏོ། །ཐེག་པ་ཆེན་པོ་འདི་ཉིད་ནི། །གང་ཟག་དེ་ལ་སྣང་བར་ངེས། །སྲིད་པ་བར་དོར་འབྲས་བུ་ཐོབ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཐེག་པ་ཆེན་པོའི་གང་ཟག་ལ་ལུང་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །


DNG006_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་ཆེན་པོ་ནི། །མྱ་ངན་འདས་པའི་ཚིག་བཅུ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །རྡོ་རྗེ་སེམས་དཔའ་བལྟས་བྱས་ན། །ཕྱོགས་ལྷུང་མེད་པའི་སེམས་དཔའ་དེས། །སེམས་དཔའ་དེ་ཡི་དོན་རྟོགས་ན། །སྒྲིབ་པ་མེད་པ་ཡེ་ཤེས་སྐུ། །སྐྱེ་འགག་མེད་པ་ཡེ་ཤེས་ཀློང་། །མཐའ་དབུས་མེད་པའི་ཞིང་ཁམས་ན། །རྩལ་འགག་མེད་པའི་སངས་རྒྱས་གནས། །ཤེས་དང་ཡེ་ཤེས་བདག་པོའི་མཆོག །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །བསྒྲིབ་དང་སྒྲིབ་པ་ག་ལ་ཡོད། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། རྡོ་རྗེའི་ཚིག་བཅུ་བསྟན་པའི་ལེའུ་སྟེ་ང་དྲུག་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །འདི་ཉིད་ལྟ་སྒོམ་སྤྱོད་པ་ཡིས། །དྲོད་དང་རྟགས་དང་ཆོ་འཕྲུལ་དང་། །ཡེ་ཤེས་མངོན་ཤེས་འབྱུང་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །བལྟ་བསྒོམ་ཐེག་པ་འདི་དང་ལྡན་པ་ན། །དྲོད་ནི་འདི་རྣམས་འབྱུང་བ་སྟེ། །བྱང་ཆུབ་སེམས་ནི་སྙིང་རྗེ་ཆེན་པོ་འབྱུང་། །ཆགས་པ་མེད་ཅིང་སྦྱིན་ལ་དགའ་བ་དང་། །ང་རྒྱལ་མེད་ཅིང་ཉོན་མོངས་ཆུང་བ་དང་། །གཙང་བཙོག་མེད་ཅིང་འདོད་པ་ཆུང་བ་དང་། །ཁོང་ནས་ཤེས་རབ་ཆེན་པོ་གསལ་ལྡན་ཞིང་། །རྟགས་ནི་འདི་རྣམས་བྱུང་བ་སྟེ། །གཉིད་མེད་ཉིན་མཚན་མེད་པར་གསལ་བ་དང་། །ཕྱི་དང་ནང་གི་སྲིན་བུ་མེད་པ་དང་། །ལུས་ནི་ཡང་ཞིང་བཀྲག་མདངས་གསལ་བ་དང་། །གཞོན་ནུའི་ལུས་ལྡན་ཡན་ལག་གྲིམས་པས་འབྱུང་། །འབྲིང་ལ་རྨི་ལམ་ཡེ་ཤེས་སྐྱེ་བ་དང་། །ཐ་མ་རྨི་ལམ་འཁྲུལ་པར་ཤེས་པའོ། །ཆོ་འཕྲུལ་དག་ནི་འདི་རྣམས་འབྱུང་བ་སྟེ། །འབྱུང་བ་དག་ལ་དབང་ཉིད་ཐོབ་པའི་རྟགས། །ས་ལ་འཛུལ་ཞིང་ཆུ་ལ་འབྱིང་བ་མེད། །མཁའ་ལ་འཕུར་ཞིང་རླུང་ལ་ཞོན་པ་སྟེ། །ལུས་ལས་མ་འབྱུང་མེ་ཡིས་མི་འཚིག་གོ། །སེམས་ཉིད་དག་ལ་དབང་ནི་ཐོབ་པའི་རྟགས། །མང་པོ་ཁྱེད་ཅིང་ཤི་བ་སློང་ནུས་སོ། །ཆོ་འཕྲུལ་བསམ་གྱིས་མི་ཁྱབ་འགྱེད་ཀྱང་ནུས། །ཡེ་ཤེས་མངོན་ཤེས་


DNG006_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཀྱང་འབྱུང་། །ཡེ་ཤེས་མངོན་ཤེས་མ་ལུས་པ་རུ་གཟིགས། །ལྷ་ཡི་སྙན་གྱིས་སྟོང་གསུམ་སྤྱི་ཕུད་ཐོས། །རིགས་དྲུག་སེམས་ནི་མ་ལུས་པ་རུ་ཤེས། །འཆི་འཕོ་དག་དང་སྐྱེ་བ་མ་ལུས་ཤེས། །རྫུ་འཕྲུལ་སྤྲུལ་པའི་གདུལ་བྱ་མ་ལུས་ཤེས། །ཟད་པར་ཟིལ་གྱིས་གནོན་པ་མ་ལུས་པ་རུ་ཤེས། །གཞི་ལ་རིག་ཤེས་རྫོགས་པ་ཡིས། །མངོན་པར་ཤེས་པ་མ་ལུས་ཤར། །བསྒོམས་པ་ལས་བྱུང་ཤེས་རབ་ཁོང་ནས་སྐྱེ། །དྲོད་རྟགས་བསམ་གྱིས་མི་ཁྱབ་འབྱུང་བ་སྟེ། །དེ་ལ་ཆགས་ཞིང་ཞེན་ན་བདུད་ཡིན་ནོ། །རང་བཞིན་མེད་པར་བཞག་ན་ཡོན་ཏན་ནོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། དྲོད་རྟགས་ཀྱི་ལེའུ་སྟེ་ང་བདུན་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཐེག་པ་ཆེན་པོ་འདི་ཉིད་ལ། །མོས་སམ་བྲིའམ་ཀློག་པ་དང་། །འཆང་ངམ་ཡིད་ལ་བྱེད་པ་དང་། །ཉན་དང་བཤད་དང་བསྒོམ་པ་དང་། །འདི་ལ་རྟག་ཏུ་མཆོད་པ་རྣམས། །དེ་གནས་འབྲས་བུ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཐེག་པ་འདི་ལ་མོས་པ་ཀུན། །མ་ནོར་དམ་པའི་ལམ་ཞུགས་ནས། །སེམས་བསྐྱེད་པ་ཡི་འབྲས་བུ་རྫོགས། །སྲིད་པ་གར་འབྱུང་གར་སྐྱེས་ཡང་། །བར་དོ་རྣམ་པ་གསུམ་ཉིད་དུ། །ཐེག་པ་འདི་དང་མི་འབྲལ་ཞིང་། །བླ་མ་ལྟ་བུར་ལུང་ཡང་སྟོན། །འདི་ཉིད་བྲིས་པ་ཙམ་གྱིས་སུ། །ངན་སོང་རྣམས་ལས་རབ་རྒྱལ་ཞིང་། །བདེ་གཤེགས་ཀུན་གྱིས་བྱིན་གྱིས་བརླབ། །སྲས་ཀྱི་དམ་པ་སངས་རྒྱས་སྲས། །མཁའ་འགྲོ་རྣམས་ཀྱི་ལུང་ཡང་འཐོབ། །འདི་ཉིད་བཀླགས་པ་ཙམ་གྱིས་སུ། །ཁམས་གསུམ་རྣམས་ལས་རབ་འདས་ཤིང་། །འཆི་ཀའི་རྣ་བུག་བརྗོད་པ་ན། །ངན་སོང་ལས་ནི་ཐར་བར་བྱེད། །མི་མིན་གདོན་ལ་སོགས་པ་ཡིས། །གདུག་པ་ཞི་ནས་ཡང་དག་འཐོབ། །ལྷ་དང་མཁའ་འགྲོ་ཐམས་ཅད་ཀྱིས། །རྗེ་བོར་མཐོང་ནས་ངེས་པར་བཀུར། །ཡང་དག་ངེས་པའི་ལུང་ཡང་སྟོན། །འདི་ཉིད་བཅང་བ་ཙམ་གྱིས་སུ། །ངན་སོང་གསུམ་ལས་རབ་ཐར་ཞིང་། །འཇིག་རྟེན་འདི་ནས་ཕ་རོལ་གྱི། །དོན་རྣམས་ཐམས་


DNG006_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འགྲུབ་པར་བྱེད། །འདི་ཉིད་ཡིད་ལ་བྱེད་པ་ཡིས། །བདེར་གཤེགས་ཐམས་ཅད་བཀུར་བས་ན། །ཡང་དག་ལམ་ན་གནས་པ་ན། །བྱང་ཆུབ་སེམས་དཔས་བྱིན་གྱིས་རློབས། །འདི་ཉིད་ཉན་པ་ཙམ་གྱིས་སུ། །ཐེག་པ་ཐམས་ཅད་མཉན་པས་ན། །སངས་རྒྱས་དགོངས་པ་ཀུན་འགྲུབ་པས། །མཐུན་པའི་ཡེ་ཤེས་རང་སྣང་བས། །སངས་རྒྱས་རྣམས་ཀྱི་སྲས་སུ་མཐོང་། །བྱང་སེམས་ཀུན་གྱི་སྤུན་དུ་གཟིགས། །མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་བརླབ། །གར་འབྱུང་དེ་ནི་གར་སྐྱེས་ཡང་། །ཐེག་པ་འདི་ལ་རྟག་ཏུ་སྤྱོད། །འདི་ཉིད་བཤད་པ་ཙམ་གྱིས་སུ། །དུས་གསུམ་རྒྱུན་མི་འཆད་པ་རུ། །རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར། །བར་དོ་རྣམ་པ་གསུམ་དུ་ཡང་། །བདེར་གཤེགས་ཐུགས་ཀྱིས་དམ་པར་གཟིགས། །རྡོ་རྗེ་སེམས་དཔའ་དངོས་སུ་སྣང་། །དེ་ཡི་ལུང་ཉིད་བསྟན་ནས་ནི། །ཡང་དག་ངེས་པའི་འབྲས་བུ་ཐོབ། །དེ་ཉིད་བསྒོམས་པ་ཙམ་གྱིས་སུ། །ཚེ་གཅིག་ཡང་དག་འབྲས་བུ་སྟེར། །སྐུ་གསུམ་སྣང་བར་ལྷུན་གྱིས་གྲུབ། །དེ་ཡི་ཡོན་ཏན་བསམ་མི་ཁྱབ། །འདི་ཉིད་མཆོད་བསྟོད་བྱས་པ་ཡིས། །དཀོན་མཆོག་གསུམ་པོ་ཀུན་མཆོད་དང་། །ཉེ་བའི་སྲས་ཀྱི་དམ་པར་འཛིན། །སྡུག་བསྔལ་རྣམས་ནི་མི་འབྱུང་ཞིང་། །དབུལ་བ་ཐམས་ཅད་སེལ་བའོ། །སྟོང་གསུམ་རྡུལ་ནི་བསམས་ནུས་ཏེ། །འདི་ཡི་བསོད་ནམས་བསམ་མི་ནུས། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཐེག་པ་འདིའི་བསོད་ནམས་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཐ་དད་གཉིས་སུ་སྣང་བ་ལ། །གཅིག་ཅེས་བྱ་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཐམས་ཅད་རང་བཞིན་རྣམ་པར་དག་པས་ན། །སྣོད་ཅེས་བྱ་བ་སངས་རྒྱས་སྣོད། །བཅུད་ཅེས་བྱ་བ་སངས་རྒྱས་བཅུད། །སྣ་ཚོགས་སྣང་བ་ཡེ་ཤེས་ཉིད། །རིགས་དྲུག་སེམས་ཅན་སངས་རྒྱས་ཉིད། །སངས་རྒྱས་ཉིད་ལས་མ་གཏོགས་པ། །རྡུལ་ཙམ་དག་ཀྱང་ཡོད་མ་ཡིན། །ཐམས་ཅད་རང་བཞིན་དག་པས་


DNG006_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ན། །བལྟར་མེད་བལྟས་ན་འཁྲུལ་པ་ཡིན། །བསྒོམ་མེད་བསྒོམ་ན་འཁྲུལ་པ་ཡིན། །སྤྱོད་མེད་སྤྱོད་ན་འཁྲུལ་པ་ཡིན། །ཐོབ་མེད་ཐོབ་ན་འཁྲུལ་པ་ཡིན། །ཡང་དག་ཉིད་ན་བཙལ་དུ་མེད། །འཁོར་བ་ཀ་དག་རིན་ཆེན་གླིང་། །རང་བྱུང་ཀུན་ཏུ་བཟང་པོར་གནས། །ཐམས་ཅད་དབྱེར་མེད་གཅིག་པས་ན། །ཡང་དག་རྫོགས་པ་དེ་ཁོ་ནའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། འཁོར་བ་དོང་སྤྲུག་གི་ལེའུ་སྟེ་ང་དགུ་པའོ།། །། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཆོས་ཀྱི་སྐུ་ཡི་རང་བཞིན་དེ། །སྐྱེ་འགག་མེད་པའི་མཚན་ཉིད་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །རང་བཞིན་སྐྱེ་བ་མེད་པ་ཡིས། །ཡོན་ཏན་འགག་པ་མེད་པར་ཤར། །སྙིང་པོ་ཡུལ་ལ་མི་དམིགས་པས། །གནས་པར་བྱ་བའི་རང་བཞིན་མེད། །འགྲོ་འོང་ཡོན་ཏན་རང་ཤར་བས། །བདེ་བ་ཡེ་ཤེས་རང་གསལ་འོད། །དེ་ལ་ཡོན་ཏན་འོད་ལྔར་ཤར། །རང་གསལ་འོད་ནི་ལྷ་བཞིན་གསལ། །ལྷ་དང་འོད་ནི་རང་བཞིན་གཅིག །དེ་དང་དེ་ཡི་འདྲེལ་བ་ལས། །སྣང་བ་གཉིས་སུ་ཤར་བའོ། །ཉི་མའི་སྙིང་པོ་ཟེར་དང་ཆས། །མན་ཤེལ་སྙིང་པོ་འོད་དང་ཆས། །གསེར་གྱི་རང་བཞིན་སེར་དང་ཆས། །མེ་ལོང་རང་བཞིན་གསལ་དང་ཆས། །གསལ་བའི་རང་བཞིན་འོད་དང་ཆས། །སེམས་ཅན་རང་བཞིན་ཡིད་དང་ཆས། །སྟོང་པ་ཡེ་ཤེས་གསལ་དང་ཆས། །ཐམས་ཅད་སྐུ་གསུམ་རང་ཆས་པས། །བྱས་པ་མ་ཡིན་བྱུང་བ་ཡིན། །རང་རང་སོ་སོའི་མཚན་ཉིད་ཀྱང་། །ཆོས་ཀྱི་སྐུ་ལས་བྱུང་བས་ན། །སྤངས་པས་དེ་ཉིད་སྤངས་པ་མིན། །རང་བཞིན་ཤེས་ན་ཡོངས་ཀྱིས་སྤངས། །སྣང་བ་ཆོས་སྐུ་རང་ལས་བྱུང་། །སྣང་བ་སྤངས་པས་ཆོས་སྐུ་མེད། །དུག་ལྔ་ཡེ་ཤེས་རང་ལས་བྱུང་། །མི་རྟོག་མི་འཛིན་གཏི་མུག་ལ། །གསལ་བར་སྣང་བ་ཞེ་སྡང་ལ། །བདེ་བར་སྣང་བ་འདོད་ཆགས་ལ། །སྟོང་པར་སྣང་བ་ཕག་དོག་ལ། །གོས་པ་མེད་པ་ང་རྒྱལ་ཉིད། །དེ་ཡང་ཡེ་ཤེས་ཡོད་མ་ཡིན། །ཐམས་ཅད་རང་ལས་བྱུང་བས་ན། །


DNG006_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལས་ཤར་བའི་སྣང་བ་ལས། །གང་ལྟར་སྤྱད་ཀྱང་གོས་པ་མེད། །རང་བྱུང་རང་ཤར་མ་ཤེས་ན། །གང་ལྟར་སྤྱད་ཀྱང་འཁྲུལ་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཆོས་ཐམས་ཅད་རང་ལས་བྱུང་བར་བསྟན་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །རྒྱུད་འདི་གང་ལས་བྱུང་ཞིང་གང་ལ་གཏད་པ་དང་། །རྗེས་སུ་ཡི་རང་ཡོངས་སུ་རྫོགས་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །གཞི་འགག་མེད་པའི་སྙིང་པོ་དེ་ཉིད་ལས། །ཆོས་རྣམས་ཐམས་ཅད་རང་བྱུང་རང་ཤར་བས། །དེ་ལས་བྱུང་ཞིང་དེ་ལ་སྤྱོད་པ་ལས། །བྱུང་བ་མ་རྟོགས་ཤར་བ་མཐོང་བ་ཡིས། །ཐེག་པ་རྣམ་པ་གསུམ་གྱིས་མི་ཁྱབ་པས། །བྱུང་དང་བྱུང་ནས་གནས་པའི་ཐེག་པ་འདི། །ཀུན་ཏུ་བཟང་པོའི་དགོངས་པ་དེ་བཞིན་བསྟན། །ཇི་ལྟར་བྱུང་ཞིང་ཤར་བར་སྣང་བ་འདི། །རྡོ་རྗེ་སེམས་དཔའ་ཉིད་ལ་ངས་སྟན་ཏོ། །སེམས་དཔའ་ཆེ་ཞེས་སྣང་བའི་ཐེག་པ་འདི། །ཀུན་ལ་ཡོད་དེ་རང་གསང་ཐབས་ཀྱིས་ཆོད། །ཆོད་པའི་མུན་པས་ཡེ་ཤེས་རང་འོད་གསལ། །རྡོ་རྗེ་སེམས་དཔའ་ང་ཉིད་ཀྱིས། །ཇི་བཞིན་པ་ཡི་དགོངས་པ་དེ། །སངས་རྒྱས་ཀུན་ལ་ངས་བསྟན་ཏོ། །དེ་ནས་འཁོར་རྣམས་ཡི་རང་ནས། །རྣམ་པར་སྣང་མཛད་རྡོ་རྗེ་སེམས། །རིན་ཆེན་རིགས་དང་པདྨའི་རིགས། །ལས་ཀྱི་རིགས་མཆོག་ལ་སོགས་པ། །རྗེས་སུ་ཡི་རང་ཐལ་སྦྱར་ནས། །ཐམས་ཅད་རྒྱུན་མི་ཆད་པ་རུ། །དུས་གསུམ་དག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར། །བྱང་ཆུབ་སེམས་དཔའ་ལ་སོགས་པའི། །ལྷ་དང་མཁའ་འགྲོ་ཐམས་ཅད་ཀྱིས། །འདི་ལ་འཆང་ངམ་སྤྱོད་པ་ཡི། །ཚུལ་དང་མཐུན་པའི་དགོངས་པ་སྒྲུབ། །ལེགས་སོ་ལེགས་སོ་དེ་ཕྱིར་བརྗོད། །བཟང་པོའི་བདག་པོ་ཡི་རང་ངོ་། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། གཏད་ཅིང་ཡི་རང་བའི་ལེའུ་སྟེ་རེ་གཅིག་པའོ། །རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་རྫོགས་སོ། །ཤྲཱི་སིངྷ་དང་བཻ་རོ་ཙ་ནས་བསྒྱུར་བའོ།། །།