cover

གསུང་འབུམ་པོད་གཉིས་པ།

སྔ་འགྱུར་རྒྱལ་བ་ཕུག་ཁང་པའི་དཔེ་ཚོགས།

དཔལ་སྤྲུལ་ནམ་མཁའ་འཇིགས་མེད།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བླ་མའི་གསོལ་འདེབས་ཡོན་ཏན་རྗེས་དྲན།

བླ་མའི་གསོལ་འདེབས་ཡོན་ཏན་རྗེས་དྲན་ཞེས་བྱ་བ་བཞུགས་སོ༔

ཨེ་མ་ཧོ༔ དུས་གསུམ་སྲས་བཅས་མགོན་གྱུར་ཀུན་དབང་ཕྱུག༔ བརྟུལ་ཞུགས་གྲུབ་པ་རྡོ་རྗེའི་རིག་པ་འཛིན༔ ཨོ་རྒྱན་པདྨས་རྗེས་བཟུང་འགྲོ་བའི་མགོན༔ ནམ་མཁའ་འཇིགས་མེད་ཞབས་ལ་གསོལ་བ་འདེབས༔ འཇིག་རྟེན་ཆོས་བརྒྱད་སྤྱོད་པ་རོ་སྙོམས་སུ༔ མཛད་ལས་གཞན་ངོར་མཛེས་པའི་སྤྱོད་པ་སྤངས༔ ཕྱི་ཚུལ་འདི་འདྲ་ཚད་དང་གཏིང་མི་དཔོག༔ ནམ་མཁའ་འཇིགས་མེད་ཞབས་ལ་གསོལ་བ་འདེབས༔ ཁྱད་པར་ཅན་གྱི་བསླབ་པ་རིན་པོ་ཆེ༔ མཆོག་འཛིན་ཀུན་ཏུ་སྦྱོར་བས་མ་སྨད་པར༔ རྨ་བྱའི་འཚོ་བ་ལྟ་བུའི་ཕྱག་རྒྱ་ལས༔ དངོས་གྲུབ་ལེགས་པར་བརྙེས་ལ་གསོལ་བ་འདེབས༔ རང་གྲོལ་མངོན་སུམ་སྟོན་པའི་བསྟན་པ་དངོས༔ དེ་ཡི་གཟུགས་བརྙན་ཐེག་པའི་རིམ་པ་བརྒྱད༔ ཤེས་རབ་གསུམ་གྱིས་དོན་བཅུད་གཅིག་ཏུ་བསྡུས༔ མན་ངག་ཁྲིགས་སུ་སྡེབས་ལ་གསོལ་བ་འདེབས༔ སོ་སོར་ཡང་དག་རིག་པའི་དོན་བརྙེས་ཤིང་༔ ལྟ་བ་སེང་ཆེན་རྩལ་གསུམ་རབ་རྫོགས་ཀྱང་༔ རྒྱུ་མཐུན་དོན་ཚོལ་བླ་མ་མང་དུ་བརྟེན༔ མཁས་པའི་དབང་པོ་མཆོག་ལ་གསོལ་བ་འདེབས༔ མཁའ་འགྲོའི་ལུང་བསྟན་ཡི་དམ་དངོས་གྲུབ་ཐོབ༔ བཀའ་དྲིན་ཅན་གྱི་བླ་མས་རྗེས་གནང་བས༔ འཆད་དང་རྩོམ་པའི་བར་ཆད་དབྱིངས་སུ་ཞི༔ ཕྲིནལས་རང་དབང་ཐོབ་ལ་གསོལ་བ་འདེབས༔ རང་ཞལ་ཚུལ་བཞིན་མཐོང་བའི་མངོན་སུམ་གྱི༔ ཟག་མེད་ཡེ་ཤེས་ངང་ལས་ཡིད་མི་ཕྱེད༔ འོན་ཀྱང་སྣང་དུ་མི་རུང་དཔོག་པའི་རྒྱུའི༔ གདམས་པའི་གསང་མཛོད་འདོམས་ལ་གསོལ་བ་འདེབས༔ རང་བྱུང་ཡེ་ཤེས་ལྔ་ཡི་སྐུ་གསུང་གི༔ ཕྲིན་ལས་ཞི་རྒྱས་ཐབས་ཀྱིས་བྲལ་སྤངས་དང་༔ དབང་དྲག་ཤེས་རབ་ཐབས་བྱུང་སྨིན་པའི་རྒྱན༔ ཆ་ལུགས་སྟོན་པར་མཛད་ལ་གསོལ་བ་འདེབས༔ དུ་མའི་ཡོན་ཏན་མཛད་པའི་རྣལ་རོལ་ཀྱང་༔ གཅིག་གིས་དེ་ཉིད་བརྗོད་ལ་མངོན་ཕྱོགས་ལྟའི༔ ཀུན་གསལ་དོག་པོར་བགྱིད་པའི་ཡིད་ཅན་རེར༔ དཔག་ཡས་འདུལ་བྱེད་སྟོན་ལ་གསོལ་བ་འདེབས༔ ཕྱོགས་བཅུའི་རྒྱལ་བའི་ཐུགས་རྗེས་བརྒྱུད་བསྐུལ་ཏེ༔ ཤེས་བཞིན་འཇུག་གནས་འབྱུང་ལ་དཔའ་བོ་དང་༔ མཁའ་འགྲོའི་གླུ་གར་རོལ་མོའི་སྐྱེལ་མ་ཡིས༔ བསྙེན་བཀུར་མངོན་སུམ་མཛད་ལ་གསོལ་བ་འདེབས༔ ཡུམ་མཁར་རྗེས་དྲན་མངོན་བྱང་ལྔ་ལྡན་པའི༔ ལྷ་སྔགས་ཆོས་ཉིད་དབྱེར་མེད་དམ་པའི་དོན༔ ཡི་གེ་དྲུག་གི་རྡོ་རྗེའི་གསུང་མཐོན་གྱིས༔ རིགས་ཆེན་གསལ་བར་མཛད་ལ་གསོལ་བ་འདེབས༔ བལྟམས་ཚེ་ཉེ་འཁོར་རླུང་གི་རྒྱལ་མཚན་དང་༔ རྫི་ཕྱོགས་དཔག་ཚད་བསུང་ཞིམ་གདུགས་ཀྱིས་འགེབས༔ ཟླ་བ་གཅིག་ནས་འཕགས་པས་རྗེས་སུ་བཟུང་༔ མངལ་གྱི་དྲི་མ་མེད་ལ་གསོལ་བ་འདེབས༔ ལོ་གསུམ་དུས་ནས་ཐབས་ཤེས་ཆོས་གཏེར་སྒྲོམ༔ ཨ་ལི་ཀཱ་ལི་མ་བསླབས་རང་ཤེས་ནས༔ སྐྱེ་བོ་ཀུན་གྱི་བླ་དྭགས་དེར་ཆགས་པའི༔ མཁྱེན་གཟིགས་སྦས་གསང་བརྟོལ་ལ་གསོལ་བ་འདེབས༔ བརྟུལ་ཞུགས་མཆོག་ཏུ་གྲུབ་པའི་དབང་འབྱོར་ལས༔ གྲོགས་ཀྱི་དམ་པ་ངག་དབང་ཕྲིན་ལས་མདུན༔ བྱིའུ་བསད་དེ་སླར་ཡང་ཞག་གི་མཐར༔ བསླང་བས་ངོ་མཚར་འབར་ལ་གསོལ་བ་འདེབས༔ ཕ་ཅིག་དམ་པ་བདུད་འཇོམས་རྡོ་རྗེ་ཡིས༔ སྐལ་བཟང་སྟོང་ལ་ཆོས་འཁོར་བསྐོར་བའི་དབུས༔ ཐོག་བཅས་མཁར་གྱི་རྩེ་ནས་འཕུར་རྩལ་ཕྱིན༔ ཡང་དག་ལྟ་བ་བསྐྱེད་ལ་གསོལ་བ་འདེབས༔ རོ་སྙོམས་སྤྱོད་པ་ལྷུར་ལེན་ཐོག་མ་ན༔ གཞན་དག་ཡིད་ཆེས་དབུགས་དབྱུངས་སྦྱིན་པའི་སླད༔ སྲ་མཁྲེགས་ལྕགས་དང་སྤོས་ཀྱི་རིང་བུར་ནི༔ རྡོ་རྗེའི་མདུད་པའི་བོར་ལ་གསོལ་བ་འདེབས༔ ཕ་རོལ་འཆི་འཕོ་སྦྲོན་པའི་འ་འོལ་ལས༔ སྙན་སྨྲས་དུས་ཀྱི་སྟོན་མོར་འགྱུར་དགོངས་ནས༔ གསུང་གིས་ཤིས་བརྗོད་མེ་ཏོག་གིས་མཆོད་དེ༔ སྟོབས་བཅུའི་མངོན་རྟགས་ངོམ་ལ་གསོལ་བ་འདེབས༔ ཐེམ་སྐས་མེད་པའི་མཁར་གྱི་བཀད་སའི་སྟེང་༔ རྫུ་འཕྲུལ་ཤིན་ཏིང་དེ་ཝའི་བརྟུལ་ཞུགས་ཀྱིས༔ སྐྱེ་བོ་མང་ལ་མངོན་སུམ་སྣང་བྱས་བཞིན༔ རང་བྱོན་སྔོན་རྗེས་མཛད་ལ་གསོལ་བ་འདེབས༔ ཁྱད་པར་དུ་ཡང་དམན་པའི་སྤྱོད་པ་ཡིས༔ སྐྱེ་བོའི་ཚུལ་བསྟུན་ཚུལ་འཆོས་མིག་རྒྱན་དུ༔ མ་སྤྲས་གང་དེའི་སྙིང་རྗེའི་གཞན་བཟུང་པའི༔ ཐབས་མཁས་འོད་ཟེར་ཅན་ལ་གསོལ་བ་འདེབས༔ ཤིན་ཏུ་མཐོ་འཇམ་རྡོ་རྗེའི་བྲག་གི་ངོས༔ གཞན་བརྟེན་ཟླ་བོར་བཅས་ཏེ་བདེ་མྱུར་འཛེགས༔ ས་གཏེར་བསོད་ནམས་དུས་སུ་སྨིན་པ་ཡིས༔ པདྨའི་བརྒྱུད་འཛིན་ཆེ་ལ་གསོལ་བ་འདེབས༔ ཁྱད་པར་ཤེས་པས་བཏང་བའི་བེམ་པོ་ནི༔ ངན་སེམས་འབྱུང་བོའི་སྦྲན་ནས་ཡུལ་ཁམས་འགའ༔ ཕུང་ལ་ཉེ་བར་སྦྱོར་དུས་ཏིང་འཛིན་གྱིས༔ མཐུ་སྟོབས་ནུས་པས་བཏུལ་ལ་གསོལ་བ་འདེབས༔ རྨ་གཡང་ནོར་གྱི་བདག་པོའི་ཉེ་འདེབས་སུ༔ གཏིང་ཟབ་ཆུ་ཞེངས་ཡངས་པའི་རྒྱ་མཚོ་ལས༔ གྲོགས་བཅས་གཞན་བརྟེན་རྫུ་འཕྲུལ་སྟོབས་ཆེན་པོའི༔ མ་བྱིང་བདེ་བར་བཞུད་ལ་གསོལ་བ་འདེབས༔ ཀློག་སློབ་མཁན་པོ་རིག་འཛིན་རྡོ་རྗེ་ཡིས༔ བྱིས་པའི་ངང་ཚུལ་འགོགས་ཕྱིར་ཕོ་བྲང་གི༔ སྒོ་དང་སེང་སྐར་གཏན་པར་བཅད་གྱུར་ཀྱང་༔ ཟང་ཐལ་རང་བྱོན་མཛད་ལ་གསོལ་བ་འདེབས༔ མ་ཧཱ་ཙི་ནའི་དམག་གི་དཔུང་ཆེན་ཀྱང་༔ དུས་གསུམ་སྒྲིབ་མེད་འཆད་པའི་མངོན་ཤེས་ལ༔ ཡིད་ཆེས་ཐོབ་པས་སྤྱི་བོའི་རྒྱུན་དུ་བསྟོད༔ མཁྱེན་གཟིགས་འགྲན་ཟླ་མེད་ལ་གསོལ་བ་འདེབས༔ ཟབ་མོའི་ཆོས་ཀྱི་འཁོར་ལོའི་ཐོག་མ་རུ༔ མཁའ་འགྲོ་འབར་བའི་ལུང་བསྟན་དབུགས་དབྱུང་གིས༔ རྗེས་བརྗོད་མེ་ཏོག་ཆར་ ༼ བྱ་རྒོད་ཀྱི་ཐུལ་ཕྲན་ ༽ བ་ཐོ་ཕྱིར་འཁྲོལ༔ བཀའ་བབས་གྲུབ་ཐོབ་ཆེན་པོ་༴ གྲི་གུས་བྲང་གཤགས་ལྷ་ཚོགས་མཐོངས་སྟོན་དུ༔ ཡུམ་གྱིས་མ་བཟོད་ཁྱིམ་ཐབ་རྩོད་པར་བསམ༔ སླར་ནི་ཅི་ཡང་མ་ཉེས་བདེར་གཟིགས་པའི༔ རྣམ་ཐར་གཞལ་མེད་མཆོག་ལ་གསོལ་བ་འདེབས༔ རེ་ཞིག་དངོས་ཀྱི་མཛད་པ་མཐར་ཕྱིན་ནས༔ ངོ་མཚར་གཟུགས་སྐུ་དབྱིངས་བསྡུས་ཚུལ་བསྟན་ཀྱང་༔ སྲིད་ཁམས་སྟོངས་པར་གང་འདུལ་ཐབས་མཁས་ཀྱིས༔ ཕྲིན་ལས་རྒྱུན་མི་འཆད་ལ་༴ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ཐུགས་ཡིད་གཅིག་དུ་འདྲེས་པར་གྱུར་ནས་སུ༔ མཐར་ཐུག་གྱུར་པའི་ཡོན་ཏན་ལྷུན་གྲུབ་པས༔ བླ་མ་མཆོག་གི་གོ་འཕང་ཐོབ་པར་ཤོག༔

ཅེས་ཀྱང་འགྱུར་ཆོས་གང་ཐར་ངོར་ག་གཱས་སོ། །

སྤྲོས་བྲལ་རིག་པའི་རྡོ་རྗེའི་སྐྱེ་ཕྲེང་གསོལ་འདེབས།

སྤྲོས་བྲལ་རིག་པའི་རྡོ་རྗེའི་སྐྱེ་ཕྲེང་གསོལ་འདེབས་བཞུགས་སོ༔

ཨེ་མ་ཧོ༔ ཆོས་ཉིད་སྟོང་པ་ཀུན་ཏུ་བཟང་མོ་དང་༔ སྣང་ཆ་འགགས་མེད་བདེ་ཆེན་རྒྱལ་པོ་དཔལ༔ ཟུང་འཇུག་རང་ཤར་ལོངས་སྐུ་རྣམ་པར་སྣང་༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སྔོན་རོལ་གྲངས་མེད་ཐོག་མར་རིག་སྤྱོད་མ༔ དེ་རྗེས་འཁོར་ལོའི་བསྒྱུར་བ་ཡུལ་འཁོར་སྲུང་༔ གཞན་ཡང་བཟང་པོ་གྲགས་པའི་མངའ་དབང་ཅན༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཀྲི་ཀའི་རྒྱལ་པོ་བི་མ་ལ་མི་ཏྲ༔ སེང་ཧེ་ཤྭ་རི་ག་གཱ་ཨ་བྷྱེ་དང་༔ དེ་སྔོན་ལྷ་ལྕམ་པདྨའི་ཀློང་ཡངས་པ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཚུལ་རྡོར་པདྨ་གླིང་པ་ལས་གྲོལ་ཞབས༔ བཛྲ་ཏེ་ཛྭ་དེ་མ་ཐག་པ་རུ༔ པདྨ་དབང་གི་རྒྱལ་པོ་འཛམ་གླིང་རྗེ༔ སྤྲུལ་པ་པྲཛྙཱ་རསྨི་ཨ་བྷྱེའི་ཞབས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གསུམ་འཕྲོས་བསམ་གཏན་ཕུན་ཚོགས་དང་བཅས་ལས༔ སླར་ཡང་དྲུག་འཕྲོས་གསུང་གི་ཆོས་ཀྱི་དབང་༔ སྐུ་ཡི་མདོ་སྔགས་ཐུགས་ཀྱི་ཛྙཱ་ནའི་ཞབས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཡེ་ཤེས་རྡོ་རྗེ་གཅིག་བསྡུས་ཕྲིན་ལས་དཔལ༔ ཨོ་ཊི་ཨ་བྷྱེ་བུདྡྷ་ཤྲཱི་དང་༔ ག་གཱ་ཨ་བྷྱེའི་བརྒྱུད་པ་དགུ་ལྡན་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཤམྦྷ་ལ་རུ་བི་ཛ་བཛྲ་དང་༔ པདྨ་བཀོད་པར་གྲའུ་ག་གཱ་དང་༔ པདྨ་བདེ་ལྡན་ཡབ་གྱུར་སྨེ་བ་ཅན༔ གསལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ བུམ་ཐང་དགེ་གནས་སྦས་སྨྱོན་ཆུ་བོ་ཟློག༔ གྲུབ་དབང་ག་གཱ་ཨ་བྷྱེ་རོ་ལངས་གྲུབ༔ ཕེབ་དར་སྨན་གྲུབ་རལ་རིན་ཧེ་རུ་ཀ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སངས་རྒྱས་སོ་བདུན་པས་གཅུང་ལག་རིན་འཁོར༔ རི་རབ་མར་མེ་ལ་བརྒྱུད་མོས་པའི་དུས༔ རྫོགས་ཆེན་བསྟན་པ་འདེགས་བཟོད་དོན་གཉིས་གྲུབ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སླར་ཡང་གཡོ་ལྡང་ལ་འདེགས་བཅུ་བ་རུ༔ མཁའ་འགྲོའི་དབང་ཕྱུག་མཁའ་ཀློང་ཡངས་མ་ནས༔ སྲིད་པ་ཀུན་ཏུ་དེ་བཞིན་བསམ་མི་ཁྱབ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཡང་སྤྲུལ་གྲངས་མེད་ཡེ་ཤེས་ཀློང་འདུམ་ཀྱང་༔ ཁྱད་པར་འགའ་ཞིག་བརྗོད་ནས་གསོལ་བཏབ་པས༔ བདག་སོགས་འཁོར་གྱི་ཐོག་མར་གྱུར་ནས་ཀྱང་༔ ཐུགས་དབྱིངས་དགོངས་པའི་ཆུ་བོར་འདྲེས་གྱུར་ཅིག༔ ཅེས་བརྗོད་པའང་ཁ་ལ་བཟུང་བདག་མེད་པའི་མི་ཆོས་བླ་མ་ག་གཱས་མི་སྨྲས་ཁ་མེད་དུ་བླ་མ་ཐེག་མཆོག་རྡོ་རྗེའི་གསུང་མ་ལྡོག་པས་ཕྱིར་རོ། །

འོད་ཟེར་རྣམ་གཉིས།

འོད་ཟེར་རྣམ་གཉིས་དགོངས་ཀློང་རོ་གཅིག་ཏུ་རོལ་བ༔ གང་འདུལ་སྒྱུ་འཕྲུལ་རྡོ་རྗེའི་ཕྱག་རྒྱ་རུ་ཡོངས་བཞེངས༔ འཛམ་གླིང་བརྟུལ་ཞུགས་གྲུབ་པའི་རྒྱན་མཆོག་ཏུ་དངོས་བཞུགས༔ རྫོགས་ཆེན་རྣལ་འབྱོར་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ༔ སངས་བཟང་ངོར་ག་གཱས་སོ། །གསོལ་འདེབས་ནི༔ ཨ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་འཕོ་ཆེན་མཆོག་གྲུབ་སྩོལ༔ ལོངས་སྤྱོད་རྫོགས་སྐུ་གངས་ཆེན་རིགས་ལྔ་ལ༔ གསོལ་བ་འདེབས་སོ་འཕོ་ཆེན་མཆོག་གྲུབ་སྩོལ༔ སྤྲུལ་པའི་སྐུ་མཆོག་སེམས་དཔའ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་འཕོ་ཆེན་མཆོག་གྲུབ་སྩོལ༔ ཡང་སྤྲུལ་རིག་འཛིན་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་འཕོ་ཆེན་མཆོག་གྲུབ་སྩོལ༔ ཡེ་ཤེས་ལུས་ཅན་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་འཕོ་ཆེན་མཆོག་གྲུབ་སྩོལ༔ འཇའ་ལུས་རིག་འཛིན་དྲི༵་མེད༵་བཤེ༵ས་གཉེན༵་ལ༔ གསོལ་བ་འདེབས་སོ་འཕོ་ཆེན་མཆོག་གྲུབ་སྩོལ༔ འོད་ལུས་གྲུབ་པའི་སྐྱེས་བུ་བཅུ་གསུམ་ལ༔ གསོལ་བ་འདེབས་སོ་འཕོ་ཆེན་མཆོག་གྲུབ་སྩོལ༔ མངོན་རྫོགས་སངས་རྒྱས་དྲི༵་མེད༵་འོད༵་ཟེར༵་ལ༔ གསོལ་བ་འདེབས་སོ་འཕོ་ཆེན་མཆོག་གྲུབ་སྩོལ༔ བཀའ་གཏེར་བརྒྱུད་ལྡན་རྡོ་རྗེའི་ཕྲེང་བ་ལ༔ གསོལ་བ་འདེབས་སོ་འཕོ་ཆེན་མཆོག་གྲུབ་སྩོལ༔ ཁྲོ་ལོད་དངོས་སྣང་བདུད་འཇོམས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་འཕོ་ཆེན་མཆོག་གྲུབ་སྩོལ༔ དགོངས་བརྒྱུད་རོ་གཅིག་དྲི༵་མེད༵་འོད༵་ཟེར༵་ལ༔ གསོལ་བ་འདེབས་སོ་འཕོ་ཆེན་མཆོག་གྲུབ་སྩོལ༔ མ་དག་སྙིགས་མའི་རྣམ་སྨིན་སྐྱེས་ཀྱི་ལུས༔ ཟག་མེད་རྡོ་རྗེའི་སྐུ་རུ་གྲུབ་ནས་ཀྱང་༔ ལུས་གསུམ་གཅིག་རྫོགས་སྤྱན་གསུམ་གཅིག་དུ་འཁྱིལ༔ སྒྲིབ་གསུམ་རྒྱ་གྲོལ་སྦུབས་གསུམ་གཅིག་འདྲིལ་ནས༔ ངོ་བོ་རང་བཞིན་ཐུགས་རྗེའི་ངང་རྒྱས་ཤོག༔ ག་གཱས་སོ། །

ཕྱོགས་མེད་བསྟན་དང་བསྟན་འཛིན་ཡོངས་ཀྱི་རྗེས་འཛིན་རྒྱང་འབོད།

ཕྱོགས་མེད་བསྟན་དང་བསྟན་འཛིན་ཡོངས་ཀྱི་རྗེས་འཛིན་རྒྱང་འབོད་བཞུགས་སོ། །

ན་མོ་གུ་རུ། དང་པོ་གངས་ཅན་བསྟན་པའི་སྒྲོན་མ་བཀོད། །ཐེག་དགུའི་མཐར་ཐུག་རྫོགས་ཆེན་དགོངས་པར་དྲིལ། །སྔ་འགྱུར་བརྒྱུད་པར་བཅས་ལ་སྙིང་ནས་འབོད། །སངས་རྒྱས་ཡེ་ཤེས་སྤྱི་བླུག་དངོས་གྲུབ་སྩོལ། །བར་དུ་སེམས་དཔའི་སྤྲུལ་པས་ཤིང་རྟའི་སྲོལ། །མདོ་སྔགས་ཟུང་འཇུག་བསྟན་པའི་རྒྱལ་མཚན་བསྒྲེངས། །ས་ཆེན་བརྒྱུད་པར་བཅས་ལ་སྙིང་ནས་འབོད། །འཁོར་འདས་དབྱེར་མེད་རྟོགས་སྒོམས་དངོས་གྲུབ་སྩོལ། །འཕགས་ཡུལ་གྲུབ་པ་ཡོངས་ཀྱི་ཞལ་སྔ་ནས། །རྡོ་རྗེ་འཆང་གི་ཉེ་བརྒྱུད་དབང་བཀའ་ཐོབ། །བྱིན་རླབས་གསེར་གྱི་ཕྲེང་བར་སྙིང་ནས་འབོད། །ཕྱག་ཆེན་སྒོམ་པ་ཚར་ཕྱིན་དངོས་གྲུབ་སྩོལ། །བྱམས་ཆེན་རྒྱལ་བ་ངུར་སྨྲིག་གར་གྱི་རོལ། །སླར་ཡང་ཐུབ་པའི་བསྟན་པ་གཞི་ནས་བསླང་། །བཀའ་གདམས་བླ་མ་ཡོངས་ལ་སྙིང་ནས་འབོད། །གསུང་རབ་གདམས་པར་འཆར་བའི་དངོས་གྲུབ་སྩོལ། །བསྟན་པ་གཅིག་ལ་ལྡེམ་དགོངས་སྣ་ཚོགས་ཚུལ། །ཕྱོགས་ལྷུང་མེད་པ་རྣམ་པ་ཐམས་ཅད་པ། །རྒྱུད་སྡེ་རྒྱ་མཚོ་དགོངས་ཀློང་རོ་གཅིག་ཀྱང་། །མཐའ་དྲུག་ཚུལ་བཞི་བསམ་གྱིས་མི་ཁྱབ་པའི། །ཆོས་དང་སངས་རྒྱས་གསུང་གི་རྣམ་པར་ཐར། །འཕགས་ཆེན་དག་གིས་གཏིང་རྟོགས་དཀའ་བ་ལ། །ཚུར་མཐོང་བྱིས་བློའི་སྤྱོད་ཡུལ་མ་གྱུར་བས། །བདག་སོགས་རྨོངས་བས་ཆོས་ལ་སྡང་ཞུགས་དང་། །བསྔ་བཙན་དབང་དང་ཞེན་ལྟའི་ཕྱོགས་ལྷུང་གིས། །བཀའ་ལ་རིས་ཆད་ལོག་སྤྱོད་གསོར་མེད་ཅིང་། །མཚམས་མེད་ལས་ཀྱང་ཁ་ན་མ་ཐོའི་བའི། །གདོན་ཆེན་སྙིང་ལ་ཞུགས་པར་མ་གྱུར་གཅིག །ཕྱོགས་བྲལ་ཆོས་མིག་རྣམ་པར་དག་པའི་མཐུས། ། དགོངས་ནས་བསྟན་པ་ཡང་དག་ཚད་མ་ལ། །མི་ཕྱེད་འདུན་པས་སྟོན་དང་བསྟན་འཛིན་ཚོགས། །ཐུགས་རྗེའི་ཕྱག་ཡངས་སྐྱོངས་ཤིག་བཀའ་དྲིན་ཅན། །མགོན་པོ་ཁྱེད་རྣམས་བཏང་སྙོམས་མེད་ཐུགས་ཀྱིས། །བདག་དང་སྡུག་བསྔལ་མ་རྒན་འགྲོ་བ་རྣམས། །བདུད་རྩའི་བགོ་སྐལ་ཡང་དག་འཇུ་ནུས་པའི། །གོ་འཕང་མཆོག་ལ་དབུགས་དབྱུང་མཛད་དུ་གསོལ། །ཞེས་བྲི་རྒྱུའི་གཏེར་ཆོས་མ་ཡོད་ཀྱང་། །གང་དྲན་ཐམས་ཅད་སྲ་སྲེ་འདིའི། །ཀརྨའི་ཐུགས་དམ་བསྐང་གྱུར་གཅིག །ག་གཱ་དད་ལྡན་རྒྱལ་ཁམས་པས་སོ། །

གསོལ་འདེབས་ཕྱོགས་བསྡུས།

ཨེ་མ་ཧོ༔ ཐུབ༵་དབང་བསྟན༵་འགྲོར་སྨན་པའི་དགོངས་པ་ཡིས༔ ཡང་དག་དགེ་བའི་བཤེས་ཀྱི་ཕྱག་རྒྱར་བཞེངས༔ ལུང་རྟོགས་ཆོས༵་མཛོད་རིང་བསྲེལ་ ༼ རིང་བསྲེལ་ཞེས་པ་གདུང་གསོབ་ཀྱི་སྐྱེས་བུ་དང་གྲོལ་ཐོབ་ཀྱི་གདུལ་བྱ་ལ་བསྟན་བུ་ནས་བཤད་པ་ལྟར་གོ་བར་བྱའོ། །༽ འཕེ༵ལ་རྒྱས་མཛོད༔ དྲིན་ཆེན་བླ་མ་མཆོག་ལ་གསོལ་བ་འདེབས༔ ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས༔ གདུང་གསོབ་བཀའ་སྡོད་སྐྱེས་བུའི་སར་འཁོད་དེ༔ ཁྱོད་ཐུགས་གཉུག་མ་བདེ་ཆེན་གདལ་བའི་ཀློང་༔ རོ་གཅིག་བྱང་ཆུབ་དོན་གཉིས་ལྷུན་གྲུབ་ཤོག༔ ཅེས་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་སྤྲུལ་པའི་ཟློས་གར་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་མཚན་གྱིས་བཞེད་སྐོངས་སུ་བླུན་རྒན་ག་གཱས་སོ། །ན་མོ༔ དཀོན་མཆོག་ཀུན་འདུས་གུ་རུ་པདྨ་འབྱུང་༔ སྤྲུལ་པའི་ཟློས་གར་རིག་འཛིན་བདུད་འཇོམས་གླིང་༔ མོས་གུས་གདུང་ཤུགས་དྲག་པོའི་གསོལ་བ་འདེབས༔ དམ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་སོལ༔ མཐུན་རྐྱེན་བསམ་དོན་ཡིད་བཞིན་གྲུབ་ནས་ཀྱང་༔ རྡོ་རྗེ་འཆང་གི་ས་མཆོག་བརྙེས་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀྲོ་དྷ་ཧཱུྃ་ཨ༔ ཅེས་ཀྱང་ཚུལ་ཁྲིམས་གྲགས་པའི་ངོར་ག་གཱས་སོ། །ཨེ་མ་ཧོ༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་དང་༔ ལོངས་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོ༔ སྤྲུལ་སྐུའི་ཀློང་ན་འཕགས་མཆོག་པཉྫུ་ཤྲཱི༔ ཡང་སྤྲུལ་ག་གཱ་ཨ་བྷྱེ་ལ་གསོལ་བ་འདེབས༔ ཆོས་ཉིད་བདེན་པ་མཐོང་པར་བྱིན་གྱིས་རློབས༔ ཟག་ཕུང་འོད་སྐུར་དེངས་བར་བྱིན་གྱིས་རློབས༔ དབང་དང་ལམ་བཞི་མཐར་ཕྱིན་བྱིན་གྱིས་རློབས༔ སྦུབས་གསུམ་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས༔ སྣང་གསུམ་འབྲས་བུ་བརྟན་པར་བྱིན་གྱིས་རློབས༔ སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས༔ གཞན་དོན་འབད་མེད་འབྱུང་བར་བྱིན་གྱིས་རློབས༔ ཡང་དག་ཁྱོད་དང་མཉམ་པར་བྱིན་གྱིས་རློབས༔ ཅེས་ཀྱང་རིག་འཛིན་བདུད་འཇོམས་རྡོ་རྗེའི་རིགས་ཀྱི་མྱུ་གུར་སྐྱེ་སྲིད་ཐོབ་པ་ག་གཱས་སོ། །ཨེ་མ་ཧོ༔ རིག་སྟོང་སྤྲོས་བྲལ་ཆོས་སྐུ་ཀུན་ཏུ་བཟང་༔ རང་མདངས་འགགས་མེད་ནམ་མཁའི་རྒྱལ་པོའི་ངང་༔ ཐུགས་རྗེ་མཐུན་སྣང་འགྲོ་འདུལ་སྤྲུལ་པའི་སྐུ༔ རྩ་བའི་བླ་མ་དེ་ལ་གསོལ་བ་འདེབས༔ འོད་གསལ་སྐུ་གསུམ་བར་དོ་ཤར་བ་ན༔ ཁྱོད་ཐུགས་རང་བྱུང་དགོངས་པ་མངོན་གྱུར་ནས༔ གྲོང་འཕོ་གྲོང་འཇུག་ལམ་གྱིས་བརྟན་ཐོབ་སྟེ༔ གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག༔ ཅེས་ཀྱང་ཀརྨ་བྷ་དྲའི་ངོར་ག་གཱས་སོ། །ཕྱོགས་བཅུའི་སངས་རྒྱས་ཞི་ཁྲོ་སྲས་འཁོར་བཅས༔ དགོངས་ཀློང་ཡེ་ཤེས་འབྲལ་མེད་དམ་པའི་ཆོས༔ དཔའ་བོ་མཁའ་འགྲོ་ཡོངས་འདུས་བདག་ཉིད་དཔལ༔ རྩ་བའི་བླ་མ་དེ་ལ་གསོལ་བ་འདེབས༔ ཚེ་འདིའི་རྐྱེན་དང་འཆི་ཁའི་གནད་གཅོད་དང་༔ འཁྲུལ་སྣང་འཇིགས་སྐྲག་གནས་ངན་ལེན་པ་སོགས༔ སྡུག་ཀུན་རྒྱུ་འབྲས་དབྱིངས་སུ་དག་པ་དང་༔ འགོགས་བདེན་ཡེ་ཤེས་ངོ་བོར་བྱང་ཆུབ་ཤོག༔ ཅེས་ཀྱང་ཨ་ག་གཱ་ནས་སོ། །དཀོན་མཆོག་ཀུན་འདུས་བླ་མ་རིན་པོ་ཆེ༔ ཡོན་ཏན་རྒྱ་མཚོའི་གཏེར་མཛོད་སྤྲུལ་པའི་སྐུ༔ འོད་གསལ་རྫོགས་ཆེན་གསལ་བའི་སྒྲོན་མེ་མཆོག༔ ནམ་མཁའ་འཇིགས་མེད་ཞབས་ལ་གསོལ་བ་འདེབས༔ བདག་ནི་ཚེ་རབས་ཚེ་བརྒྱུད་ཐམས་ཅད་དུ༔ སྐད་ཅིག་མི་འབྲལ་བརྩེ་བས་རྗེས་སུ་ཟུངས༔ ཅེས་ཀྱང་གསེར་སྐོམ་པའི་ངོར་ག་གཱས་སོ། །ཡེ་ནས་རྣམ་དག་གསང་བའི་ནམ༵་མཁ༵འ་ལ༔ འཇི༵གས་ཚོགས་ལྟ་བར་མི་དམིགས་རང་རིག་པའི༔ ཡེ་ཤེས་ཟག་པ་མེ༵ད་ལ་འབྱམས་སུ་ཀླས༔ བླ་མ་དམ་པའི་ཞབས་ལ་གསོལ་བ་འདེབས༔ ཀ་དག་ལྟ་བའི་རང་ཞལ་མངོན་མཐོང་ནས༔ ལྷུན་གྲུབ་འདུས་མ་བྱས་པའི་སྐུར་སྨིན་ཏེ༔ ཟུང་འཇུག་ནང་གསལ་ཁྱད་ཆོས་དྲུག་ལྡན་པའི༔ ཡེ་ཤེས་བླ་མ་དེ་རུ་མཉམ་ཉིད་ཤོག༔ གསོལ་འདེབས་འདི་ཉིད་ག་གཱ་ཨ་བྷྱའི་བྲིས་པ་དུས་གསུམ་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཨེ་མ་ཧོ༔ རང་སྣང་རྣམ་དག་ལྷ་ཡི་ལམ་བཟང་པོར༔ མཁྱེན་རྩེའི་འོད་སྟོང་འབར་བའི་སྒྱུ་འཕྲུལ་གར༔ གང་འདུལ་ཐབས་ཀྱི་རོལ་མོའི་ཟོལ་དུ་བརྫུ༔ གྲུབ་ཐོབ་བརྒྱུད་པའི་བླ་མ་ཀླུའི་ཕྱོགས་རྒྱན༔ མི་གནས་བདུན་ཚན་བཅས་ལ་གསོལ་བ་འདེབས༔ ཟབ་མོ་ལྟ་བའི་ཡང་རྩེ་རྣལ་འབྱོར་ནས༔ ཅེར་གྲོལ་ཆེན་པོའི་ལྟ་སྟངས་གཅིག་གི་མཐུས༔ རིམ་མིན་ཅིག་ཆར་གྲོལ་བའི་བྱིན་རླབས་སྩོལ༔ ཨོཾ་གུ་རུ་ག་གཱ་ཨ་བྷྱེ་སརྦ་སིདྡྷི་ཕ་ལ་ཧོ༔ ཅེས་ཀྱང་ག་གཱས་སོ། །མི་འགྱུར་སྤྲོས་བྲལ་དོན་གྱི་ནམ༵་མཁ༵འ་ལ༔ འོད་གསལ་སྐྱེ་འཇི༵ག་མེ༵ད་པའི་ཉི་མ་ཤར༔ ཟུང་འཇུག་སྒྱུ་འཕྲུལ་སྐུ་གསུམ་འདུ་འབྲལ་མེད༔ པདྨ་མཁའ་ཀློང་ཡངས་བར་གསོལ་བ་འདེབས༔ ནམ་ཡང་འབྲལ་མེད་རྗེས་བཟུང་དགོངས་བརྒྱུད་འཕོས༔ སྒོ་གསུམ་རྡོ་རྗེར་གྲོང་འཇུག་སངས་རྒྱས་ཤོག༔ ཅེས་ཀྱང་ག་གཱ་པས་བཀྲ་ཤིས་རྣམ་རྒྱལ་ལ་ངོ་ཚ་མེད་པའི་ཚིག་སྨྲས་སོ། །གསོལ་འདེབས་ཐུགས་རྗེའི་འོད་ཐག་བཞུགས་སོ༔ ཨེ་མ་ཧོ༔ ལྟ་བ་ནམ༵་མཁ༵འ་ལྟ་བུར་ཁྱོན་ཡངས་པས༔ སྲིད་ལ་མི་འཇི༵གས་སྙིང་རྗེ་ཆེན་པོ་ཡིས༔ ཞི་ལ་ཞེན་མེ༵ད་འགྲོ་འདུལ་སྤྲུལ་བའི་སྐུ༔ རྩ་བའི་བླ་མ་དེ་ལ་གསོལ་བ་འདེབས༔ ཞེས་བརྗོད་པས་གསོལ་འདེབས་བྱ༔ དེ་ལ་ནུས་ན་འདོད་གསོལ༔ ཁྱོད་ནི་འོད་གསལ་ཡེ་ཤེས་མཚན་དཔེའི་ལྷ༔ མངོན་གྱུར་བར་དོར་འདྲེས་པར་བྱིན་གྱིས་རློབས༔ གལ་ཏེ་བློ་ཡི་རྩལ་འཕང་མ་རྫོགས་ན༔ སྲིད་པ་བར་དོར་སུན་མར་སྣང་བ་ཡི༔ སྐྱེ་བ་གཅིག་གིས་ཐོགས་བའི་བྱང་ཆུབ་སེམས༔ བླ་མའི་ཐུགས་རྗེའི་བྱིན་གྱིས་རླབས་ཏུ་གསོལ༔ ཅེས་ཀྱང་ཚེས་ལིས་བསྐུར་ངོར་ག་གཱས་སྨྲ་སོ། །ཆོས་ཉིད་ནམ༵་མཁ༵འ་མཛོད་ཀྱི་ཕ་ཕོག་ཐོབ༔ འཇི༵གས་མེ༵ད་ཀུན་བཟང་དགོངས་པ་མངོན་དུ་གྱུར༔ རྩ་བའི་བླ་མ་དེ་ལ་གསོལ་བ་འདེབས༔ དབྱེར་མེད་གཏན་གྲོལ་གོ་འཕང་ཐོབ་པར་ཤོག༔ ཅེས་རྡོ་རྗེའི་མཆེད་པོ་བླ་མ་ཨོ་མུག་གི་ཞལ་ངོ་མ་ལྡོག་པར་ག་གཱས་སོ། །ཀུན་བཟང་རྡོ་རྗེ་འཆང་ཆེན་སྣང་ཆའི་ངང་༔ ལྷུན་གྲུབ་ཕྱིར་གསལ་གདུལ་བྱར་རྟག་འཆར་བ༔ བརྟུལ་ཞུགས་སྤྱོད་པས་འབྲེལ་ཚད་དོན་དང་ལྡན༔ པདྨ་ཀློང་ཆེན་ཡངས་པར་གསོལ་བ་འདེབས༔ ག་གཱ་པས་སོ། །རྒྱལ་བའི་ཡེ་ཤེས་ཆོས་སྐུའི་ཟླ་གཟུགས་ལས། །འགྲོ་བའི་སྡུག་བསྔལ་ཚ་གདུང་ཞི་བྱེད་པའི། །ཕྲིན་ལས་འོད་བརྒྱས་ཕྱོགས་ཀྱི་འཁོར་ཁྱབ་པ། །དྲིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །རིག་སྟོང་ལྟ་བའི་རང་ཞལ་མངོན་མཐོང་ཞིང་། །རིག་གདངས་སྐུ་དང་ཡེ་ཤེས་ཚད་ལ་ཕེབས། །རིག་དབྱིངས་མ་དག་མཚན་འཛིན་གཞི་ལ་ཕྱལ། །རིགས་གཅིག་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག ཅེས་ཀྱང་བླ་མ་ཀུན་བཟང་ངོར་ག་གཱ་ཨ་བྷྱེས་སོ། །

གུ་རུ་བཛྲ་གུ་ཧྱ་ཡ་ན་ཧོ༔ གརྦྷ་ཡོ་ག་གཱ་ཨ་བྷྱེ་ཡ༔ བི་མ་རསྨི་ཤྲཱི་ནིརྨ་ཀ༔ པདྨོ་ན་མ་བྷནྡྷི་པཱུ་ཙ་ཧོ༔ ཨ་ཏི་ཡོ་ག་གུ་ཧྱ་ཏི་ལ་ཀ༔ ཛྙཱ་ན་ཙཀྲ་པཉྩ་ཤྭ་རི་ཡ༔ སརྦ་སིདྡྷི་དྷརྨ་པྲཛྙཱ་ན༔ ཀ་ཡ་ཨ་བྷི་ཥིཉྩ་བུདྡྷ་ཏེ༔ པྲ་ཎི་དྷ་ན་ལཀྵིཾ་མངྒ་ལཾ༔ ཨ་མོ་གྷ་ཏེ་ཛི་ན་ཛིཀ་བོ་དྷི༔ མ་ཧཱ་ཀ་རུ་ཎི་ཀ་དྲི་ཤ་ཧོ༔ དྷརྨཱ་དྷརྟུ་ཧྱ་ཧི་ཛ་ཛ༔

༼ ཡང་། ༽ རང་སྣང་སྟོན་པ་ཀུན་ཏུ་བཟང་པོ་ཉིད། །རང་ཤར་རྡོ་རྗེ་གྲུབ་པའི་གཟི་བྱིན་འབར། །སྒྲིབ་བྲལ་རིགས་གཅིག་འདུས་མ་བྱས་པའི་ལྷ། །རིགས་བརྒྱའི་ཁྱབ་བདག་བླ་མར་གསོལ་བ་འདེབས། །ལྟ་བས་འཁོར་འདས་ལ་དོར་མངལ་རྒྱུད་ཆད། །བསྒོམས་པས་ཉིན་མཚན་ཏིང་འཛིན་ཁྱད་པར་ཡན། །སྣང་བ་དབང་བསྒྱུར་ཐོག་ཆེན་ལྟ་བུ་ཡིས། །རང་སངས་རྣམ་དག་གཞི་ལ་མཐར་ཕྱིན་ཤོག །མེད་དང་གཅིག་གྲོལ་ཕྱལ་བ་མཐར་ཟད་ཀྱིས། །སྦུབས་གསུམ་རང་དེངས་རང་བཞིན་བདག་ཉིད་ཅན། ཁྱད་ཆོས་ཕྱོགས་ཀྱི་མིག་ལ་གཅིག་འདྲིལ་ཏེ། །གདེང་གསུམ་དབྱིངས་སུ་འཁྱིལ་བར་བྱིན་གྱིས་རློབས། །སླར་ཡང་ལས་ཀྱི་སྤྲུལ་པའི་གཞན་དབང་ཅན། །འབྱུང་བ་མར་ཞ་ཤེས་རབ་མཁར་བསྐྱིལ་བ། །བྱེད་དང་རྫོགས་པའི་ཁྱད་པར་བསམ་ཡས་པ། །དབང་པོའི་གཞུ་འདྲ་ཡིད་མཁར་འཇོ་གྱུར་ཅིག ཅེས་ཀྱང་ཚེ་དབང་རིག་འཛིན་དང་དགེ་ལེགས་གཉིས་ཀྱི་ངོར་ག་གཱ་བས་སོ། །

སྐུ་གསུམ་ཀུན་འདུས་རྩ་བའི་བླ་མ་ལ༔ རྣམ་གསུམ་དད་བའི་སྒོ་ནས་གསོལ་བ་འདེབས༔ ཁམས་གསུམ་འཁོར་བ་དབྱིངས་སུ་མ་སྟོང་པར༔ སྐྱེ་འཆི་མེད་པར་གཡོ་མེད་བསྲིང་བརྟན་གསོལ༔ སྐྱེ་བ་འདི་ལས་ཚེ་རབས་ཐམས་ཅད་དུ༔ དུས་གསུམ་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག༔ ཨོཾ་ན་མོཿ གུ་རུ་ག་གཱ་ཨ་བྷྱེ་ཨཱ་ཧཱུྃ༔ ཅེས་པའང་བླ་མ་དམ་པ་ཀིརྟིའི་བཞེད་སྐོང་དུ་ག་གཱ་ཨ་བྷྱེ་ནས་སོ། །

༄༅། །རང་གི་རང་ལ་ཆེ་འབྱིན་ངོ་ཚ་མེད་པ་བཞུགས༔ ཕྱི་ནང་གསང་བ་དབྱེར་མེད་ནམ༵་མཁ༵འི་དབྱིངས༔ སྐྱེ་འཇི༵ག་བྲལ་བའི་ཡེ་ཤེས་ཉི་མ་ཤར༔ སྤྲོས་མེ༵ད་རྫོགས་ཆེན་བསྟན་པ་གསལ་བའི་རྒྱན༔ རྡོ་རྗེའི་བླ་མའི་ཞབས་ལ་གསོལ་བ་འདེབས༔ ད་ལྟ་ལམ་གྱི་རྩོལ་བཅས་རྩོལ་མེད་པ༔ མ་འོངས་སྣང་སྟོང་འོད་གསལ་གསོས་སུ་ཤར༔ སྐད་ཅིག་གསུམ་ལ་དགོངས་ཀློང་ཚར་ཕྱིན་ཏེ༔ ཧེ་རུ་ཀ་དཔལ་ངོ་བོར་བྱང་ཆུབ་ཤོག༔ ཅེས་ཀྱང་ག་གཱས་སོ། །

ཨེ་མ་ཧོ༔ ནམ༵་མཁ༵འི་གར་ཁྱབ་འཇིག་རྟེན་འདྲེན་པའི་གཟུགས༔ རྐྱེན་གྱིས་མི་འཇི༵ག་དུས་ལས་མི་ཡོལ་བར༔ གཞོམ་མེ༵ད་གྲགས་སྟོང་གསུང་གིས་ཆོས་འཁོར་སྟོན༔ རྩ་བའི་བླ་མ་དེ་ལ་གསོལ་བ་འདེབས༔ ཅེས་ཀྱང་ག་གཱས་སོ། །

ཀ་དག་ཆོས་སྐུ་ཀུན་ཏུ་བཟང་པོ་དང་༔ འགགས་མེད་ལོངས་སྤྱོད་རིགས་ལྔ་གངས་ཅན་མཚོ༔ འགྲོ་འདུལ་སྤྲུལ་སྐུའི་སྒྱུ་འཕྲུལ་རོལ་མོར་བཞེངས༔ བླ་མ་དམ་པའི་ཞབས་ལ་གསོལ་བ་འདེབས༔ རང་བཞིན་ངེས་པ་ལྔ་དང་ལྡན་པ་ཡི༔ བདེན་དོན་མངོན་རྟགས་གདུལ་བྱའི་མོས་ངོ་རུ༔ བསྐལ་བ་རྒྱ་མཚོར་རྒྱུན་ཆད་མེད་བཞུགས་ནས༔ བདག་ཅག་རེ་སྨོན་དོན་དང་ལྡན་པར་མཛོད༔ དཀོན་མཆོག་བསླུ་བ་མེད་པའི་བདེན་སྟོབས་དང་༔ ཆོས་ཅན་ཆོས་ཉིད་དག་མཉམ་བྱིན་རླབས་ཀྱིས༔ གེགས་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཀྱང་རྡོ་རྗེའི་མཆེད་པོ་ཐེག་མཆོག་ནས་བསྐུལ་བ་དོན་ཡོད་པའི་ཕྱིར་ཨ་ག་གཱས་སོ། །

སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྩ་བ་གསུམ་གྱི་རང་བཞིན་སྐུ༔ འགྲོ་བའི་མགོན་པོ་བླ་མ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཐུགས་རྗེ་ཚད་མེད་ཡོན་ཏན་མཛོད༔ བྱིན་རླབས་དངོས་གྲུབ་ཀུན་གྱི་གཏེར༔ ཡ་མཚན་རྨད་བྱུང་ཧེ་རུ་ཀ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བཀའ་དྲིན་ཅན་གྱི་འདྲེན་སྟོན་ཁྱོད༔ ལྷག་པར་དམན་པའི་འགྲོ་ལ་བརྩེ༔ ཡོན་ཏན་ཅན་དག་རྗེས་བཟུང་བ༔ དེ་ཡིས་མི་མཚུངས་སྙིང་རྗེའི་གཏེར༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཚུལ་ཁྲིམས་བསླབ་པའི་སྐྱོན་གྱི་ཆ༔ མ་ལུས་ཀ་དག་ཡེ་སྤྲུལ་མགོན༔ མ་ངེས་སྣ་ཚོགས་གཟུགས་ཀྱིས་འདུལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ལེགས་སྨོན་བསོད་ནམས་དཔུང་བསྐྱེད་ཀྱི༔ ཟག་པར་བཅས་པའི་དགེ་བ་དང་༔ སྨྲ་ལ་དགའ་བའི་དགག་བཞག་སྤངས༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བསྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་འཛུགས༔ རྟོགས་པའི་སྣང་བས་བདག་གཞན་གསལ༔ ཚད་མེད་སྐྱོབས་པའི་ནུས་མཐུན་ལྡན༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བསྡུའོ། །དབང་དང་དངོས་གྲུབ་ཐོབ་པ་དང་༔ བྱིན་རླབས་རྒྱུད་ལ་འཇུག་པ་དང་༔ དགོངས་པ་དབྱེར་མེད་འགྱུར་བ་ཞིག༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཅེས་ཀྱང་གང་ཐར་ངོར་ག་གཱས་སོ། །

ཨེ་མ་ཧོ༔ ཨོ་རྒྱན་ལུང་བསྟན་བདུད་འཇོམས་རྡོ་རྗེ་ཡི༔ སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཟབ་གཏེར་བདག༔ གནས་ལུགས་དོན་གྱི་དགོངས་པའི་བཙན་ས་ཟིན༔ ནམ་མཁའ་འཇིགས་མེད་ཞབས་ལ་གསོལ་བ་འདེབས༔ ཚེ་འདིར་ཚེ་རིང་ནད་མེད་བསམ་དོན་འགྲུབ༔ ཕྱི་མ་ཡང་དག་སངས་རྒྱས་ཐོབ་པར་ཤོག༔ ཅེས་ཀྱང་གནམ་བསྐོས་འཁོར་ལོའི་བསྒྱུར་བས་མངའ་གསོལ་ཞིང་མཚན་གྱི་མེ་ཏོག་གིས་རབ་ཏུ་བརྒྱན་པ་གང་གི་བཀའ་ཕེབས་བཞིན་ངོ་ཚ་མེད་པའི་ག་གཱ་ཨ་བྷྱེ་ནས་སོ། །

ཨེ་མ་ཧོ༔ འཇའ་ལུས་མཆོག་གྲུབ་པད་འབྱུང་བི་མ་ལ༔ འཇའ་ལུས་རིག་འཛིན་ཀློང་ཆེན་བདུད་འཇོམས་གླིང་༔ འཇའ་ལུས་བརྒྱུད་འཛིན་ནམ་མཁའ་འཇིགས་མེད་ལ༔ འཇའ་ལུས་འཕོ་ཆེན་འགྲུབ་ཕྱིར་གསོལ་བ་འདེབས༔ སྐུ་གསུང་ཐུགས་དང་དབང་མཆོག་བསྐུར་དུ་གསོལ༔ སྐུ་གསུང་ཐུགས་དང་དགོངས་བརྒྱུད་བདག་ལ་འཕོས༔ སྐུ་གསུང་ཐུགས་དང་དབྱེར་མེད་གཅིག་གྱུར་ནས༔ སྐུ་གསུང་ཐུགས་དང་ཕྲིན་ལས་མཐར་རྒྱས་ཤོག༔ ཅེས་སམ་ཡང་ན༔ ཨེ་མ་ཧོ༔ གཞི་དབྱིངས་ཀ་དག་ལྷུན་གྲུབ་ ༼ སྤྲོས་པའི་དྲི་མས་མ་གོས་པས་ ༽པ༵དྨ་འབྱུང༵་༔ ༼ འཁོར་འདས་ལམ་གསུམ་འབྱུང་བས། ༽གཞི་སྣང་ཀློང༵་ཆེན༵་དག་པ་རབ༵་འབྱམ༵ས་མཛོད༔ གཞི་རྩལ་ན༵མ་མཁས༵་གར་ཁྱབ་འཇི༵གས་མེ༵ད་མགོན༔ གཞི་རྒྱུད་རོ་གཅིག་ངང་ནས་གསོལ་བ་འདེབས༔ ད་ལྟའི་འོད༵་གསལ༵་རང་ངོ་ཤེས་པ་དང་༔ ལམ་གྱི་འོད༵་གས༵ལ་རྩལ་ཆེན་རྫོགས་པ་ཡིས༔ བར་དོའི་འོ༵ད་གས༵ལ་མ་པང་བུ་འཇུག་གིས༔ འབྲས་བུའི་འོ༵ད་གས༵ལ་བཙན་ས་ཟིན་པར་ཤོག༔ ཅེས་ཀྱང་བེ་ཧུ་རིན་ཆེན་ངོར་ཤྲཱི་བས་སོ། །

ཨེ་མ་ཧོ༔ གདོད་ནས་ཀ་དག་ན༵མ་མཁ༵འ་ལྟ་བུའི་དབྱིངས། །སྐྱེ་འཇི༵ག་བྲལ་བའི་ལྷུན་གྲུབ་ཡེ་ཤེས་དང་། །འདུ་འབྲལ་མེ༵ད་པའི་མཚན་དཔེའི་ཕྱག་རྒྱས་བཞེངས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྐུ་གསུམ་རྡོ་རྗེ་འཆང་ལ་གསོལ་བཏབ་མཐུའི། །རྣམ་གསུམ་བར་དོའི་འཁྲུལ་བ་རང་སངས་ནས། །སྒོ་གསུམ་སྐུ་གསུང་ཐུགས་དང་དབྱེར་མེད་པར། །གཏན་གྲོལ་རང་ས་ཟིན་པར་བྱིན་གྱིས་རློབས། །འོད་གསལ་ངོར་ཤྲཱི་བས་སོ། །དགེའོ། །དགེའོ། །དགེའོ། །

༈ ཨེ་མ་ཧོ༔ ཆོས་དབྱིངས་མི་འགྱུར་ན༵མ་མཁ༵འ་ལྟ་བུའི་ཀློང་༔ དགོངས་པའི་རྩལ་རྫོགས་འཇི༵གས་མེ༵ད་བཙན་ས་ཟིན༔ གསང་ཆེན་རྡོ་རྗེ་སྙིང་པོའི་རིག་པ་འཛིན༔ དྲིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས༔ སྐྱེ་ཤི་བར་དོའི་འཁྲུལ་བའི་འཁོར་ལོ་ཀུན༔ སྐུ་གསུམ་ལམ་དུ་ཁྱེར་བའི་ཉམས་ལེན་གྱིས༔ རྨི་ལམ་སྣང་བ་དབྱིངས་སུ་སད་པ་བཞིན༔ ཀ་དག་གདོད་མའི་དབྱིངས་སུ་གྲོལ་བར་ཤོག༔ ཅེས་ཀྱང་དོན་ལྡན་ངོར་ག་གཱས་སོ། །

ཨེ་མ་ཧོ༔ མཁའ་ཁྱབ་མཁའ་ཡི་རྡོ་རྗེ་མཉམ་པ་ཉིད༔ སྲིད་ཞི་ཀུན་གྱི་རང་བཞིན་བྱང་ཆུབ་སེམས༔ ཐུགས་རྗེ་ཆེན་པོའི་འགྲོ་བའི་མགོན་པོར་སྟོན༔ རྡོ་རྗེ་བླ་མ་མཆོག་ལ་གསོལ་བ་འདེབས༔ ཀ་དག་ཆོས་སྐུ་སྐྱེ་མེད་ན༵མ་མཁ༵འི་ཁམས༔ རྟག་ཁྱབ་ལྷུན་གྲུབ་འཇི༵གས་མེ༵ད་འབྲས་བུའི་ཆོས༔ ཟུང་འཇུག་རྟོགས་དོན་སྣང་སྟོང་ཅིག་ཆོད་ལམ༔ ཚར་ཕྱིན་འབྲེལ་བའི་མཚམས་སྦྱོར་ཡོངས་རྫོགས་ཀྱི༔ སྤངས་རྟོགས་མཐར་ཕྱིན་ཕ་རྗེས་བུ་ཡིས་ཟིན༔ ཟབ་རྒྱས་ཆོས་གཏེར་རྡོ་རྗེའི་གནས་ལ་དབང་༔ དོན་གཉིས་ལྷུན་གྲུབ་ཕྲིན་ལས་མཐར་རྒྱས་ཤོག༔ ཅེས་པ་འདིའང་རང་གི་ཚ་བོ་བསྟན་པོའི་མཚན་གྱི་བཞེད་སྐོང་སུ་ག་གཱས་སོ། །དགེའོ། །

ན་མོ༔ ཕྱོགས་བཅུ་དུས་བཞིར་གཤེགས་བཞུགས་འབྱོན་འགྱུར་གྱི༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་དཀྱིལ་འཁོར་དང་༔ ཁྱད་པར་བཀའ་དྲིན་གསུམ་ལྡན་བླ་མ་ལ༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ཀ་ཡ་ཝཀྐ་ཙིཏྟ་ན་མོ་ན་མ་ཧོ༔ ཅེས་དམིགས་གསལ་མ་ཡེངས་པའི་ངང་ནས་ཕྱག་ལན་གཅིག་འཚལ་ན་ཁྲག་ཁྲིག་ཏུ་འགྱུར་རོ༔ རིན་ལྷའི་ངོར་ག་གཱས་སོ། །

ཨོཾ་ཨཱཿཧཱུྃ། བཅོམ་ལྡན་ཚེ་ལྷ་རྒྱལ་བ་རྒྱ་མཚོ་དང་། །གུ་རུ་པད་འབྱུང་སྒྲོལ་དཀར་ཚེ་ཡི་ལྷ། །འཆི་མེད་རིག་འཛིན་དྲང་སྲོང་གྲུབ་པའི་ཚོགས། །མ་ལུས་འཁོར་དང་བཅས་པའི་བདེན་སྟོབས་ཀྱིས། ། དྲིན་ཆེན་བླ་མའི་ཞབས་པད་རྡོ་རྗེའི་ཁྲིར། །བསྐལ་བ་རྒྱ་མཚོར་བརྟན་པར་བཞུགས་ནས་སུ། །མཛད་ཕྲིན་ཡར་ངོས་ཟླ་ལྟར་གོང་དུ་འཕེལ། །ཐུགས་བསྐྱེད་མཐར་ཕྱིན་འགྲོ་དོན་ལྷུན་གྲུབ་ཤོག །ཤྲཱི་བས་སོ། །

ཨེ་མ་ཧོ༔ སྐྱབས་ཀུན་འདུས་ཞལ་པད་འབྱུང་བླ་མ་རྗེར༔ གསོལ་བ་འདེབས་སོ་རྟག་ཏུ་ཐུགས་རྗེ་གཟིགས༔ འདི་ཕྱིའི་མི་མཐུན་བར་ཆད་ཀུན་སོལ་ལ༔ མཐུན་རྐྱེན་བསམ་དོན་ལྷུན་གྱིས་གྲུབ་པར་མཛོད༔ སློབ་བུ་བཞིའི་ཆོས་སྐལ་དུ་ག་གཱས་སོ། །

ཨེ་མ་ཧོ༔ ཀུན༵་བཟང༵་ཡེ་ཤེས་རང་གདངས་ཐུགས་རྗེའི་རྩལ༔ ལུང༵་རྟོག༵ས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཆེ༔ མདོ་སྔགས་བསྟན་གཉིས་འཕེ༵ལ་རྒྱས༵་མཛད་པའི་གཉེན༔ མཛོད་གསུམ་དཔ༵ལ་བཟ༵ང་འཛིན་ལ་གསོལ་བ་འདེབས༔ སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ༔ འབྲལ་མེད་རྗེས་བཟུང་དགོངས་མཛོད་ཀློང་གྱུར་ཤོག༔ ཤྲཱི་བས་སོ། །

ན་མོ་སངས་རྒྱས་ཀུན་འདུས་པདྨ་འབྱུང་གནས་དང་༔ སྨྲ་བའི་སེང་གེ་བདུད་འཇོམས་གླིང་པ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གཟུངས་དང་སྤོབས་པའི་གཏེར་བརྒྱད་གྲོལ་བར་མཛོད༔ ཨོཾ་པདྨ་མཉྫུ་ཤྲཱི་མ་ཏི་སརྦ་སིདྡྷི་ཕ་ལ་ཨ་ཧཱུྃ༔ ག་གཱས་སོ། །དགེའོ། །

སྐྱབས་ཀུན་འདུས་ཞལ་བླ་མ་སྤྲུལ་པའི་སྐུ༔ བཀའ་དྲིན་གསུམ་ལྡན་ ༼ ཡེ་ཤེས་གྲུབ་པ་ལ༔ མཆན། ༽ ནམ༵་མཁ༵ས་འཇི༵གས་མེ༵ད་ལ༔ དད་མོས་དྲག་པོའི་ངང་ནས་གསོལ་བ་འདེབས༔ བློ་སྣ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས༔ གནས་ལུགས་རང་ངོ་འཕྲོད་པར་བྱིན་གྱིས་རློབས༔ འོད་གསལ་འཁོར་ཡུག་འདྲེས་པར་བྱིན་གྱིས་རློབས༔ སྣང་བཞི་རིམ་གྱིས་བསྒྲོད་པར་བྱིན་གྱིས་རློབས༔ འཇའ་ལུས་ཆོས་སྐུ་ཐོབ་པར་བྱིན་གྱིས་བརློབས༔ ཞེས་པ་འདི་ཡང་དམ་ཆོས་སྒྲོན་མས་བསྐུལ་ངོར་བདུད་འཇོམས་སྤྲུལ་སྐུའི་གསོལ་འདེབས་སུ་རྨི་ལམ་གྱི་ངོར་ཡེ་ཤེས་སྒྱུ་མའི་སྐུའི་གནང་བ་ཁ་བསྒྱུར་བའོ། །

ཆོས་སྐུ་ཀུན་ཏུ་བཟང་དང་རྣམ་སྣང་མཛད༔ ལོངས་སྐུ་རིགས་བཞི་ཐུགས་རྗེ་ཆེན་པོ་དང་༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་པདྨ་འབྱུང་༔ རང་བཞིན་དབྱེར་མེད་ནམ༵་མཁ༵འ་འཇི༵གས་མེ༵ད་ལ༔ སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ དབང་གིས་སྨིན་ཅིང་གདམས་པས་རྒྱུད་གྲོལ་ནས༔ ཁྱེད་ཐུགས་རྟོགས་པ་མངོན་གྱུར་བྱང་ཆུབ་ངང་༔ རོ་གཅིག་གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔ ཞེས་ཀྱང་ཤྲཱི་ནས་སོ། །

ཀུན་བཟང་པད་འབྱུང་ཀློང་ཆེན་འཇིགས་མེད་གླིང་། ། བདུད་འཇོམས་རྡོ་རྗེ་ཀུན་བཟང་ཆོས་གྲགས་སོགས། །བརྒྱུད་གསུམ་གདམས་པའི་ཆུ་བོ་གཅིག་འདྲེས་མཚོ། །ནམ་མཁའ་འཇིགས་མེད་ཞབས་ལ་གསོལ་བ་འདེབས། །ཁྱེད་ཐུགས་གཉུག་མ་བདེ་ཆེན་བརྡལ་བའི་ཀློང་། །མཉམ་ཉིད་བྱང་ཆུབ་སྙིང་པོར་འཚངས་རྒྱ་ཤོག །ཅེས་པ་འདི་ཡང་རིག་འཛིན་ཆེན་པོ་དགེ་རྩེ་འབྲུག་གྲགས་མགོན་པོའི་བསྐུལ་ངོར་ག་གཱས་སོ། །

ཨེ་མ་ཧོ༔ འཁོར་འདས་དབྱིངས་གཅིག་རང་བྱུང་ཡེ་ཤེས་ཉིད། །སྐུ་གསུམ་སྟོན་པའི་རྣམ་པར་ཡོངས་ཤར་བའི། །མ་རིགས་སེམས་ཅན་མགོན་པོར་གདུལ་ཐབས་གར། །དཔལ་ལྡན་བླ་མའི་རྣམ་རོལ་ཅིར་ཡང་བསྒྱུར། །བདག་ནི་རྩེ་གཅིག་ཟོལ་ཟོག་མེད་བློ་ཡིས། །གསོལ་བ་འདེབས་སོ་ཐུགས་རྗེའི་ཉེར་དགོངས་ལ། །ཐུགས་ཡིད་གཅིག་འདྲེས་ཟབ་མོའི་རྣལ་འབྱོར་མཆོག །གྲུབ་པ་མཐར་ཕྱིན་ས་ལམ་ཅིག་ཆོད་དུ། །མཆོག་གི་རྡོ་རྗེ་འཛིན་པ་མངོན་གྱུར་ནས། །ཀུན་བཟང་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །ཤྲཱིའི་མིང་གིས་རྣལ་འབྱོར་བ་མཆོག་གི་བཞེད་སྐོང་དུ་སྨྲས་སོ། །

ཐུབ་དབང་འོད་སྲུང་ཆེན་པོ་ཞི་བ་མཚོ༔ རིན་ཆེན་མཆོག་དང་བློ་ལྡན་ཤེས་རབ་ནས༔ རིམ་བརྒྱུད་རྩ་བའི་བླ་མ་རིན་པོ་ཆེར༔ སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས༔ ཕྱི་མར་ཟངས་མདོག་དཔའ་རི་སྐྱེ་བར་ཤོག༔

ཅེས་པ་འདི་ནི་ཡབ་རྗེ་བླ་མ་རིན་པོ་ཆེ་ག་གཱ་ཨ་བྷྱེས་ཞལ་གསུང་ཤྭ་ལོ་ཀའི་རྗེས་སུ་ཚིག་རྐང་གཅིག་གིས་ཁ་བསྐང་ནས་ཨཀྵ་ར་བི་ཛས་སོ། །

ཐོད་རྒལ་བྱིན་འབེབས་ཡེ་ཤེས་སྣང་བ།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ ཐོད་རྒལ་བྱིན་འབེབས་ཡེ་ཤེས་སྣང་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རང་ཉིད་ཀུན་ཏུ་བཟང་པོར་བསྒོམ༔ ལུས་ཀྱིས་བཞུགས་སྟངས་གཙོ་བོར་བཅའ༔ ཡིད་ཀྱིས་མངོན་སུམ་བཞིན་དམིགས་ལ༔ ཡང་ནས་ཡང་དུ་འདི་ལྟར་བྱ༔ ན་མོ་གུ་རུ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས༔ ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ༔ རིགས་ལྔ་གངས་ཆེན་ལོངས་སྤྱོད་རྫོགས་པའི་སྐུ༔ ཡོངས་རྫོགས་རྡོ་རྗེའི་བླ་མ་རིན་པོ་ཆེ༔ ཡེ་ཤེས་སྤྱི་ཕུད་ཐིག་ལེ་ཉག་གཅིག་ལས༔ གཞན་དུ་མ་གྲུབ་ཐུགས་རྗེ་ཡེ་འབྲེལ་གྱི༔ རང་བཞིན་གཅིག་གྱུར་ཆོས་ཉིད་བདེན་སྟོབས་དབྱིངས༔ ལྷར་སྣང་ཆེན་པོར་བཞེངས་ནས་བརྟན་བཞུགས་ཟོལ༔ སྐལ་ལྡན་ལས་ཅན་དམ་པའི་རིགས་མཆོག་གིས༔ མི་གཅོག་མེད་པར་ཟབ་མོ་ལ་བཟོད་ན༔ ཐུགས་རྗེ་ཆེ་རྣམས་དུས་ལས་མི་ཡོལ་བར༔ བྱིན་རླབས་མངོན་རྟགས་ད་ལྟ་བསྟན་དུ་གསོལ༔ རྫོགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་དང་༔ དགའ་རབ་ཤྲཱི་སེང་འཇམ་བཤེས་བི་མ་ལ༔ ཛྙཱ་ན་སུ་དྲ་ཨོ་རྒྱན་པདྨ་འབྱུང་༔ རིག་འཛིན་བརྡ་བརྒྱུད་འཇའ་ལུས་གྲུབ་པའི་ཚོགས༔ ཐུགས་རྗེའི་ཤུགས་ཀྱི་བདག་རྒྱུད་བཟུང་ནས་ཀྱང་༔ མ་དག་སྙིགས་མའི་རྣམ་སྨིན་སྐྱེས་ཀྱི་ལུས༔ འཇའ་ལུས་རྡོ་རྗེ་གྲུབ་པར་མཛད་དུ་གསོལ༔ གྲུབ་ནས་གཞོན་ནུ་བུམ་སྐུར་བྱིན་གྱིས་རློབས༔ ཏིང་འཛིན་བཟང་པོ་ལྷུན་རྒྱལ་སེང་གེ་དབང་༔ ཞང་སྟོན་ཡབ་སྲས་གུ་རུ་ཇོ་འབེར་ཞབས༔ འཁྲུལ་བ་དབྱིངས་གྲོལ་སེང་གེ་རྒྱབ་པ་སོགས༔ འཇའ་ལུས་རྡོ་རྗེའི་སྐུ་མཆོག་བརྙེས་པ་རྣམས༔ ཐུགས་རྗེའི་ཤུགས་ཀྱིས་བདག་རྒྱུད་བཟུང་ནས་ཀྱང་༔ མ་དག་སྙིགས་མའི་རྣམ་སྨིན་སྐྱེས་ཀྱི་ལུས༔ འཇའ་ལུས་རྡོ་རྗེ་གྲུབ་པར་མཛད་དུ་གསོལ༔ གྲུབ་ནས་གཞོན་ནུ་བུམ་སྐུར་བྱིན་གྱིས་རློབས༔ མེ་ལོང་རྡོ་རྗེ་ཀུ་མ་ར་ཛ་དང་༔ ཀློང་ཆེན་རབ་འབྱམས་པདྨ་བདུད་འཇོམས་གླིང་༔ ཀ་བཞི་གདུང་བརྒྱད་སྐུ་གསུང་ཐུགས་ཀྱི་སྲས༔ ག་གཱ་ཨ་བྷྱེ་རྣམས་ལ་གསོལ་བ་འདེབས༔ ཐུགས་རྗེའི་ཤུགས་ཀྱིས་བདག་བརྒྱུད་བཟུང་ནས་ཀྱང་༔ མ་དག་སྙིགས་མའི་རྣམ་སྨིན་སྐྱེས་ཀྱི་ལུས༔ འཇའ་ལུས་རྡོ་རྗེ་གྲུབ་པར་མཛད་དུ་གསོལ༔ གྲུབ་ནས་གཞོན་ནུ་བུམ་སྐུར་བྱིན་གྱིས་རློབས༔ ཡི་དམ་ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་དང་༔ མཁའ་འགྲོ་སྐུ་གསུམ་ཁྲོས་མ་མཚོ་རྒྱལ་ཡུམ༔ ཟག་ཕུང་འོད་སྐུར་དེངས་བ་མནྡ་ར༔ རྡོ་རྗེའི་ལང་ཚོ་མངོན་གྱུར་རིག་འཛིན་ཚོགས༔ ཐུགས་རྗེའི་ཤུགས་ཀྱིས་བདག་རྒྱུད་བཟུང་ནས་ཀྱང་༔ མ་དག་སྙིགས་མའི་རྣམ་སྨིན་སྐྱེས་ཀྱི་ལུས༔ འཇའ་ལུས་རྡོ་རྗེ་གྲུབ་པར་མཛད་དུ་གསོལ༔ གྲུབ་ནས་གཞོན་ནུ་བུམ་སྐུར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ འོད་ཕུང་འཇའ་སྤྲིན་ལྟ་བུའི་རྣམ་པ་རུ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་བྱིན་རླབས༔ བྱོན་དེ་དར་དཀར་ཕྲ་ལ་འཁྲིལ་ནས་ཞུགས༔ རྩ་རླུང་ཐིག་ལེ་ཡི་གེའི་འགྲོས་ཐིམ་ནས༔ སྐུ་བཞིའི་དབྱིངས་སུ་སྐད་ཅིག་གོ་འཕོས་ཏེ༔ མ་དག་བསྐལ་བ་དབྱིངས་ཆེན་ལོངས་སྤྱོད་རྫོགས༔ རང་སྣང་ལྷུན་སྡུག་བཀོད་པར་ཞིག་ནས་ཀྱང༔ སྤྲུལ་པའི་རྣམ་པ་ཐམས་ཅད་པ་ཡིས་སུ༔ རྩོལ་མེད་འགྲོ་ལ་ཕན་པ་འབྱུང་བ་རུ༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ མྱུར་བ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ འདུག་ས་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ གདན་ཐོག་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ སྐད་ཅིག་ཉིད་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་གུ་རུ་དྷརྨ་ཀཱ་ཡ་དེ་ཝ་ཊཱཀྐི་ནི་སརྦ་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ སིདྡྷི་ཕ་ལ་ཨོཾ་ཧཱུྃ་ཧོ༔ ཞེས་མཐར༔ ཨཱ༔ སྐྱེ་མེད་ཆོས་སྐུ་བྱང་ཆུབ་སེམས༔ མཚན་དཔེ་འདུ་འབྲལ་མེད་པ་ཡི༔ ཐུགས་རྗེའི་མཁྱེན་ཆ་སྤྲུལ་པའི་སྐུ༔ མངོན་པར་བྱང་ཆུབ་བདེ་ཀློང་འཁྱིལ༔ འདི་ན་དུས་གསུམ་སངས་རྒྱས་བཞུགས༔ རྣམ་པར་རྟོག་པ་ཀུན་བྲལ་བ༔ ཡེ་ནས་རང་ཤར་ཆེན་པོ་ཉིད༔ མ་སྤྲོས་མ་བསྡུས་ཏིང་འཛིན་བཟང་༔ གསང་སྔགས་མགོན་པོ་མཐར་ཕྱིན་ཏེ༔ སངས་རྒྱས་ཀུན་དང་མངོན་སུམ་གཅིག༔ མཚན་མ་མེད་ལ་ཆད་པ་མིན༔ དག་མཉམ་དབྱིངས་ལ་བདག་འདུད་དོ༔

ཅེས་བརྗོད་པས་སྙིང་ཀའི་གཞི་དཀྱིལ་ལ་ཐིམ་པར་རབ་ཏུ་རྒྱས་པའི་འོད་ཟེར་ལམ་དང་འབྲས་བུའི་དཀྱིལ་འཁོར་སྨིན་པ་མཐར་ཐུག་པར་མོས་ལ་གཉིས་སུ་མེད་པའི་ཡེ་ཤེས་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་གོ༔ ཅེས་ཀྱང་རང་སློབ་ན་ཐ་ནས་བསྐུལ་ངོར་ག་གཱ་པས་སོ། །དགེའོ། །

ཐོད་རྒལ་བྱིན་འབེབས་དངོས་གྲུབ་ཆར་འབེབས།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ ཐོད་རྒལ་བྱིན་འབེབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔

ཐོག་མར་བླ་མའི་རྣལ་འབྱོར་དང་༔ དབང་བཞི་བླང་བ་བཅས་གྲུབ་ནས༔ རང་ལུས་མཁའ་འགྲོའི་སྐུར་གསལ་ལ༔ བྱིན་ཆེན་འབེབས་པ་འདི་ལྟར་བྱ༔ ཨོཾ་ཨཱཿཧཱུྃ༔ ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་༔ རིགས་ལྔ་རིགས་བརྒྱ་གསང་ཆེན་རིགས་གཅིག་དང་༔ རྒྱུད་དང་སྒྲུབ་སྡེ་ཕྱི་ནང་གསང་བའི་ལྷ༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ སྐུ་གསུམ་མཁའ་འགྲོ་མ་རྒྱུད་གསང་བའི་དབྱིངས༔ ཁྱད་པར་འོད་གསལ་རྫོགས་ཆེན་བརྒྱུད་པ་ཡི༔ རྩ་བརྒྱུད་བླ་མ་རིག་འཛིན་རྒྱ་མཚོའི་ཚོགས༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ ཡང་གསང་ཐིག་ལེ་ཉག་གཅིག་གདམས་པའི་མཛོད༔ ཀུན་བཟང་རྡོར་སེམས་དགའ་རབ་འཇམ་བཤེས་དང་༔ ཤྲཱི་སེང་ཡེ་ཤེས་མདོ་དང་བི་མ་ལས༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ པདྨ་འབྱུང་གནས་ཏིང་འཛིན་བཟང་པོ་དང་༔ ལྡང་མ་ལྷུན་རྒྱལ་སེང་གེ་དབང་ཕྱུག་ཞབས༔ རྒྱལ་བ་ཞིང་སྟོན་མཁས་པ་ཉི་འབུམ་གྱིས༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ གུ་རུ་ཇོ་འབེར་སེང་གེ་རྒྱབ་པ་དང་༔ མེ་ལོང་རྡོ་རྗེ་ཀུ་མ་ར་ཛ་ཆེ༔ ཀུན་མཁྱེན་ཆོས་རྗེ་མངོན་རྫོགས་སངས་རྒྱས་དཔལ༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ ཁ་བསྐང་། འཇིགས་མེད་གླིང་བ་ཕྲིན་ལས་འོད་ཟེར་དཔལ༔ རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་དང་༔ བདེ་ཆེན་རྡོ་རྗེ་ཀུན་བཟང་ཆོས་ཀྱི་གྲགས༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ འཇིགས་མེད་སྒྲ་དབྱངས་ནམ་མཁའ་འཇིགས་མེད་པ༔ གཏེར་སྟོན་བརྒྱ་རྩ་གྲུབ་ཆེན་བརྒྱད་ཅུ་གཉིས༔ གཞན་ཡང་ཕྱོགས་བཅུའི་སངས་རྒྱས་སྲས་འཁོར་བཅས༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ ཁྱད་པར་ཨོ་རྒྱན་བླ་མ་དངོས་བརྟེན་པ༔ ཉེ་བརྒྱུད་བྱིན་རླབས་མཛོད་ལྡན་བདུད་འཇོམས་གླིང་༔ ཀ་བཞི་གདུང་བརྒྱད་འཇའ་ལུས་ལྔ་བརྒྱ་ཡིས༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ ལུས་ལ་རྡོ་རྗེ་སྐུ་ཡི་དབང་བྱིན་ཕོབས༔ ངག་ལ་རྡོ་རྗེ་གསུང་གི་དབང་བྱིན་ཕོབས༔ ཡིད་ལ་རྡོ་རྗེ་ཐུགས་ཀྱི་དབང་བྱིན་ཕོབས༔ མ་དག་སྣང་བ་དག་པ་རབ་འབྱམས་ཀྱི༔ དཀྱིལ་འཁོར་ཆེན་པོར་བྱིན་ཆེན་དབབ་དུ་གསོལ༔ ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས༔ ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས༔ རིག་པ་ཚད་ལ་ཕེབ་པར་བྱིན་གྱིས་རློབས༔ ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས༔ མཐར་ཐུག་འབྲས་བུ་སྐུ་བཞི་ཡེ་ཤེས་ལྔ༔ མཛད་པ་ཕྲིན་ལས་དང་བཅས་མངོན་གྱུར་ནས༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་རུ༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ མྱུར་བ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ འདུག་ས་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ གདན་ཐོག་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་ནས༔ གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག༔ ཞེས་གསོལ་བ་ཕུར་ཚུགས་སུ་གདབ་པས་རྒྱལ་བ་སྲས་བཅས་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ཏེ་མདུན་གྱི་ནམ་མཁར་བྱོན་པར་བསམ༔ བླ་མ་རྒྱལ་བ་སྲས་དང་བཅས༔ འོད་ཕུང་ལྔ་ཡི་རོལ་བར་ཞུ༔ རྒྱང་ཞགས་སྒོ་ནས་རབ་ཞུགས་ཅིང་༔ འོད་རྩ་ཀ་ཏིའི་ལམ་ནས་བྱོན༔ སྙིང་དབུས་གཞི་ཡི་སྒྲོན་མ་ལ༔ ཆུ་ལ་ཆུ་བཞག་བཞིན་ཏུ་ཐིམ༔ བདག་རྒྱུད་རང་བཞིན་སངས་རྒྱས་ཏེ༔ རྟོགས་པ་མངོན་གྱུར་ཆོས་སྐུ་རུ༔ སངས་ནས་ཆོས་གཟུགས་ཡོན་ཏན་ཀུན༔ མངོན་གྱུར་སྐལ་བ་རྒྱུད་ལ་བཞག༔གནས་ལུགས་དོན་དམ་སྒྲུབ་པ་ཡིས༔ ཤེས་ཐོབ་གྲོལ་མཐོང་གདེངས་ལྡན་པའི༔ ལ་ཟླའི་ཆོས་ཉིད་ཆེན་པོར་རོལ༔ ཞེས་བཟླས་པའི་དོན་པོར་འོད་གསལ་ཐིག་ལེའི་སྒྲུབ་པ་ལ་འབད་དོ༔ དེས་ནི་སྒོ་གསུམ་རྡོ་རྗེ་ཡི༔ གྲོང་འཕོ་མྱུར་ལམ་མཐའ་རུ་ཕྱིན༔ གོལ་ཤོར་བདུད་ཀྱི་གཡུལ་ལས་རྒྱལ༔ ཚེ་འདིར་ཡེ་ཤེས་བླ་མ་ཐོབ༔ ཅེས་པ་འདི་ཡང་ཀུན་བཟང་བསྟན་འཛིན་ལ་སོགས་སློབ་བུ་འགའ་ཡི་བསྐུལ་བ་དོན་ཡོད་པའི་ཕྱིར་དུ་ག་གཱ་ཨ་བྷྱེས་སྤེལ་བ་བཀྲ་ཤིས་པ་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ། །

ཐོད་རྒལ་གསོལ་འདེབས་བྱིན་རླབས་གཟེར་བུ།

ཐོད་རྒལ་གསོལ་འདེབས་བྱིན་རླབས་གཟེར་བུ་བཞུགས་སོ༔

ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་༴ དགའ་རབ་དཔའ་བོ་ཆེན་པོ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ པཎ་ཆེན་མཉྫུ་མི་དྲ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ རིག་འཛིན་ཤྲི་སེདྷ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ གྲུབ་ཐོབ་ཆེན་པོ་བརྒྱད་རྩ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ རྗེ་འབངས་ཉི་ཤུ་རྩ་ལྔ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ གཏེར་སྟོན་ཆེན་པོ་བརྒྱ་རྩ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ འཇའ་ལུས་གྲུབ་པའི་བརྒྱུད་པ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ རིག་འཛིན་བདུད་འཇོམས་རྡོ་རྗེ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ འཇའ་ལུས་དབང་ཕྱུག་ལྔ་བརྒྱ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ བརྒྱུད་ལྡན་རྡོ་རྗེའི་གསང་འཛིན་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ ཡི་དམ་ཞི་ཁྲོ་རྒྱ་མཚོ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ ལུང་རྟོགས་དམ་ཆོས་བརྒྱད་ཁྲི་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ བསྟན་པ་བཙས་ཀྱི་བུ་གསུམ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ དཔའ་བོ་མཁའ་འགྲོ་གྲོང་ཁྱེར་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ དམ་གཙང་རྡོ་རྗེའི་མཆེད་ལྕམ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ སྒྱུ་ལུས་སྒྱུ་མའི་སྐུ་ལ་ཐིམ་ནས་ཀྱང་༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ སྣང་བ་ཡེ་ཤེས་མདངས་སུ་གསལ་བ་ཡི༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ དྲན་རིག་ཤེས་རབ་གདངས་ཀྱི་བརྟན་གྲོལ་ཏེ༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ རྟག་ཏུ་ཡུལ་གསལ་ཐུགས་རྗེའི་ཟེར་ཐག་གི༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ གཞན་ཡང་འགྲོ་བ་མ་ལུས་ཐམས་ཅད་ཀུན༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ བདག་གཅིག་མཐུ་ཡིས་འཁོར་བ་དོང་སྤྲུགས་ནས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ ཀུན་ཏུ་བཟང་པོའི་རྗེས་སུ་སློབ་གྱུར་ཏེ༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ རྡོ་རྗེ་འཆང་ཆེན་གོ་འཕང་ཐོབ་ནས་ཀྱང་༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ མི་རིང་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས༔ ད་ལྟ་གདན་ཐོག་འདི་རུ་བྱིན་གྱིས་རློབས༔ སྐད་ཅིག་ཉིད་ལ་ཐུགས་རྗེས་བྱིན་གྱིས་རློབས༔ རགས་ལུས་འཕྱང་རྒྱ་འོད་གསལ་སྦུབས་ཞུགས་ཏེ༔ རིན་ཆེན་སྦུབས་ལ་བརྟན་པར་བྱིན་གྱིས་རློབས༔ གཞི་ཡི་ཀུན་བཟང་བདག་ཉིད་རྡོ་རྗེར་ལྡན༔ ལམ་གྱི་ཀུན་བཟང་འཁོར་ལོ་ལྷུན་གྲུབ་ནས༔ འབྲས་བུའི་ཀུན་བཟང་འཕོ་ཆེན་ཡེ་ཤེས་གཟིས༔ མ་རིག་མུན་ཁམས་ཡེ་ཤེས་མཁར་གསལ་ཤོག༔ ལྟ་བའི་འོད་གསལ་རྫོག༵ས་པའི་སྐུ་འབར་ནས༔ བསྒོམ་པའི་འོད་གསལ་སྨིན༵་པའི་རྩལ་སྟོབས་རྒྱས༔ དག༵་པ་དོན་གྱི་འོད་གསལ་ཆེན་པོ་རུ༔ ཧེ་རུ་ཀ་དཔལ་ངང་དུ་འབྱམས་ཀླས་ཤོག༔ ཅེས་བརྗོད་བྱིན་རླབས་ཡེ་ཤེས་འཕོ༔ ཅེས་ཀྱང་འོད་གསལ་རྡོ་རྗེའི་ངོར་ག་གཱས་སོ། བཀྲ་ཤིས་ཤོག །

ཟབ་མོ་གཏེར་བརྒྱུད་ཀྱི་བླ་མའི་དགོངས་གསོལ

ཟབ་མོ་གཏེར་བརྒྱུད་ཀྱི་བླ་མའི་དགོངས་གསོལ་ཐུགས་རྗེའི་བསྐུལ་འདེབས་ཞེས་བྱ་བ་བཞུགས༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མོས་གུས་མཆི་མ་འཁྲུགས་པ་ནི༔ ཟོལ་ཟོག་བརྫུས་མར་མ་སོང་པས༔ ཐོལ་སྐྱེས་རིག་པ་བླ་མའི་སྐུ༔ རིག་རྩལ་སྲས་དང་སྤྲུལ་པ་ལ༔ ཡེ་ཤེས་ངོ་སྟོང་མཉམ་པ་ཉིད༔ ཡུམ་ལྔའི་རྣམ་པར་ཤེས་པའི་བློས༔ གསོལ་བ་བཏབ་ཅིང་རང་ལུས་སེམས༔ བླ་མའི་ང་རྒྱལ་རྣམ་པར་གསལ༔ ཨེ་མ་ཧོ༔ གཉུག་མའི་སེམས་ཉིད་ཁྱབ་པ་གཉིས་ལྡན་ནི༔ ནང་གསལ་དབྱིངས་བཞུགས་བླ་མའི་དོན་དམ་སྐུ༔ སངས་རྒྱས་རྒྱ་མཚོའི་བྱུང་དང་འབྱུང་འགྱུར་གྱི༔ རྩ་བའི་དཀྱིལ་འཁོར་མཆོག་ལ་གསོལ་བ་འདེབས༔ ཚོགས་ཀྱིས་མ་རྒྱན་རང་བྱུང་སྐུ་གཉིས་སུ༔ སྒྲོན་མ་མཁའ་ཁྱབ་རྩོལ་བས་རྟོག་བྲལ་བཞིན༔ གདུལ་བྱའི་ཆུ་སྣོད་དང་འཚམ་བཀོད་པ་ཡིས༔ རྣམ་པས་འཕྲུལ་བསྒྱུར་མཛད་ལ་གསོལ་བ་འདེབས༔ ནམ་མཁའི་སྙིང་པོ་ལ་སོགས་གནུབ་རིགས་ཀྱི༔ གྲུབ་ཐོབ་བརྒྱུད་པ་བར་མ་ཆད་པ་ནི༔ དྲུག་ཕྲག་གསུམ་གྱི་ཚུག་གི་སྔར་རབས་ཀྱིས༔ ཡེ་ཤེས་ལྡན་པ་རྣམས་ལ་གསོལ་བ་འདེབས༔ ཕྱི་རབས་བཅོ་བརྒྱད་འབྱུང་བའི་ཆུ་མགོ་ནི༔ རོལ་པའི་རྩལ་གྱི་དེ་མ་ཐག་པ་རུ༔ པད་མའི་ཞལ་སྐྱིན་བདུད་འཇོམས་དཔའ་བོ་མཆོག༔ ཡོན་ཏན་ཀུན་ལྡན་ཞབས་ལ་གསོལ་བ་འདེབས༔ ཤེས་རབ་དབྱིངས་ཁམས་ཟུང་འཇུག་དབྱེད་མེད་ཀྱི༔ བདེ་བ་ཆེ་ལ་མི་ཕྱེད་རྟགས་ཀྱི་རྒྱ༔ རང་བྱུང་ཡེ་ཤེས་ལྔ་ཡི་གྲངས་བཟུང་བའི༔ གཟུངས་ཀྱི་སྙེམས་མ་རྣམས་ལ་གསོལ་བ་འདེབས༔ ཕ་རོལ་དོན་ཕྱིན་བྱང་ཆུབ་རྣམ་པ་ལྔའི༔ ཚུལ་ལས་བཞེངས་པའི་བཟོ་རིག་མཁས་པས་འཕྲུལ༔ རིགས་ལྔ་མི་གནས་རང་བྱུང་རང་རིག་པའི༔ འདའ་ཀའི་ཡེ་ཤེས་མངའ་ལ་གསོལ་བ་འདེབས༔ སྔོན་བྱུང་དུས་ན་བསྒྲུབ་སྡེ་དགུ་ཡི་ཚོགས༔ དེ་ལས་བཀའ་བབས་སློབ་དཔོན་རིག་འཛིན་དགུ༔ གང་ལ་རྣམ་པ་གུ་རུ་མཚན་དགུ་དང་༔ བོད་ཀྱི་རིག་འཛིན་བཅས་ལ་གསོལ་བ་འདེབས༔ སླད་ནས་གླིང་པ་དགུ་དང་ད་ལྟའི་དུས༔ ཡབ་སྲས་དགུ་ཡིས་གཏེར་རིགས་བཅོ་བརྒྱད་དང་༔ སྤྱི་ཏི་ཡོ་གའི་དབུ་བཟུང་བསྟན་གཉིས་ཀྱིས༔ སྒྲོན་མེ་འདེགས་པར་བཟོད་ལ་གསོལ་བ་འདེབས༔ ཐུགས་གསང་ཆོས་སྐུའི་གཟུགས་བརྙན་ཐེག་པ་དགུ༔ ཁམས་གསུམ་ས་དགུར་མི་གནས་གོམ་སྟབས་ཀྱིས༔ སངས་རྒྱས་ས་དགུར་མྱུར་བར་སྦྱོར་མཛད་པ༔ དམ་པའི་ཆོས་མཛོད་འཛིན་ལ་གསོལ་བ་འདེབས༔ གང་ཐུགས་ཟག་མེད་ཡེ་ཤེས་ཆེན་པོ་ཉིད༔ རྟོགས་པ་མངོན་གྱུར་ཐོབ་ལ་མ་ཉམས་པར༔ གཉན་པོ་མཆོག་གི་འདུ་འབྲལ་མེད་ལྡན་པས༔ ཆོས་སྤྲིན་འཕྲོ་བ་དེ་ལ་གསོལ་བ་འདེབས༔ གཞན་ཡང་བཀའ་བརྒྱུད་འདི་ལས་གྲུབ་ཐོབ་པའི༔ འཕོ་བ་ཆེན་པོའི་སྐུ་བརྙེས་བཅུ་གསུམ་དང་༔ ཟག་ཕུང་མཁའ་ལ་དེངས་པ་ཉི་ཤུ་ལྔ༔ ལྟོས་པས་དམན་པ་ལྔ་བརྒྱ་ལ་སོགས་པ༔ རྡོ་རྗེའི་མཆེད་གྱུར་རྣམས་ལ་གསོལ་བ་འདེབས༔ དེ་ལྟར་བརྒྱུད་བསྐུལ་གསོལ་བ་བཏབ་པའི་མཐུས༔ དབང་བཞིའི་ལྟ་བ་རྟོགས་པའི་སྒོམས་ཉམས་ཀྱི༔ རང་བཞིན་བར་དོར་གྲོལ་བར་བྱིན་གྱིས་རློབས༔ གལ་ཏེ་རང་དབང་བརྟན་པོ་མ་ཐོབ་ན༔ འདའ་ཀ་ཐུགས་རྗེའི་འོད་ཀྱི་ཐག་པ་སྐྱོངས༔ སྐད་ཅིག་ཉིད་ལ་བར་དོ་ཟང་ཐལ་ནས༔ སྦུབས་ལ་མི་གནས་ཡེ་ཤེས་མཐར་ཕྱིན་ཤོག༔ རྣལ་འབྱོར་གཅིག་གི་སྐྱེ་འཇུག་དབང་ལྟོས་ནས༔ བདག་ཉིད་ལས་འཕྲོ་དབང་བཙན་སྙོམ་ལས་ལ༔ བླ་མ་གྲོགས་དང་བཅས་པར་རྗེས་འཛིན་གྱི༔ དཔུང་སྦྲེལ་བདེན་པ་ནང་འཕྲོད་རང་གྲོལ་དུ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབུགས་དབྱུང་ནས༔ དོན་གཉིས་ལྷུན་གྲུབ་སྐུ་གཉིས་མངོན་གྱུར་ཤོག༔

ཞེས་བརྗོད་གཉིས་སུ་མེད་བློ་ཡིས༔ མཉམ་པར་བཞག་པ་རྣལ་འབྱོར་ལམ༔ སུ་ཞིག་འདི་ལ་བཟོད་ཐོབ་པས༔ སངས་རྒྱས་སྟོང་དང་འདུ་འབྲལ་མེད༔ དཀྱིལ་འཁོར་ལྷ་དང་བཅས་པ་ཡང་༔ མ་བསྒྲུབ་རང་བྱུང་རྒྱ་མཚོ་ལ༔ ཆུ་བོ་ཕྲན་ཀུན་གྱེས་འདུ་བཞིན༔ འཕེལ་འགྲིབ་མེད་པའི་དེ་བཞིན་གཤེགས༔ ཐབས་མཆོག་ཀུན་གྱི་བླ་མ་འདི༔ མོས་གུས་བརྟན་པོའི་དག་སྣང་ལ༔ རང་དབང་ཐོབ་པའི་རྣལ་འབྱོར་བ༔ ཙནྟྲ་ཀིརྟིས་བསྐུལ་བའི་ངོར༔ ཕྲན་གཏེར་འགའ་ལས་མེད་པ་ཡི༔ ག་གཱ་ཨ་བྷྱེ་རྫུན་མཐོང་ཡང་༔ རང་སེམས་དབང་དུ་བཞག་པ་མཁན༔ སུ་མ་མགུ་ལ་འཁུ་འཁྲིག་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

ཅེས་ཀྱང་སྔ་སོར་ལོ་གྲངས་མང་ཞིག་གི་ཡིག་རྙིང་མ་དག་པ་མི་མཐོང་བ་ལས་བཤུས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །བྷ་ཝནྟུ། །

བླ་མའི་རྒྱང་འབོད་ཐུགས་རྗེའི་སྣང་བ།

བླ་མའི་རྒྱང་འབོད་ཐུགས་རྗེའི་སྣང་བ་བཞུགས་སོ༔

ཨེ་མ་ཧོ༔ ཉི་ཟླ་ལྟ་བུར་ཀུན་ཏུ་སྣང་༔ མཐུན་པས་མཐུན་པ་འདུལ་བར་བྱེད༔ བླ་མའི་སྐུ་ལ་གསོལ་བ་འདེབས༔ ལུས་ཀྱི་བཅིངས་པ་གྲོལ་བར་བྱིན་གྱིས་རློབས༔ སྒྲ་སྙན་ལྟ་བུར་ཡིད་ལ་འཇུག༔ ཆོས་ཀྱི་སྦྱིན་པ་ཕྱོགས་མེད་གཏོང་༔ བླ་མའི་གསུང་ལ་གསོལ་བ་འདེབས༔ ངག་གི་བཅིངས་པ་གྲོལ་བར་བྱིན་གྱིས་རློབས༔ ནམ་མཁའ་ལྟ་བུར་སྤྲོས་པ་དབེན༔ ཤེས་བྱའི་གོ་སྐབས་ཡངས་པ་འབྱེད༔ བླ་མའི་ཐུགས་ལ་གསོལ་བ་འདེབས༔ ཡིད་ཀྱི་འཆིང་བ་གྲོལ་བར་བྱིན་གྱིས་རློབས༔ སངས་རྒྱས་ཐམས་ཅད་ཡོན་ཏན་ཆེ༔ རྩ་བའི་བླ་མ་བཀའ་དྲིན་ཆེ༔ བདག་ཉིད་ངོས་ནས་བླ་མ་གཉན༔ རྩ་བའི་བླ་མར་གསོལ་བ་འདེབས༔ མཁས་པས་ཚིག་གི་སྤུན་པ་བསྡུད༔ གྲུབ་པས་དོན་གྱི་ཉམས་མྱོང་འདོམས༔ སྲིད་པའི་འཆིང་རྒྱ་དེ་ཡིས་ཆོད༔ རྩ་བའི་བླ་མར་གསོལ་བ་འདེབས༔ སྟོན་ཆེན་མངའ་ཐང་གཡེར་བོས་འགྱིངས༔ ཐབས་མཁས་བརྟུལ་ཞུགས་མཆོག་དམན་མཉམ༔ དངོས་ངན་ཞིང་སར་ལྷག་པར་སྨན༔ རྩ་བའི་བླ་མར་གསོལ་བ་འདེབས༔ ཆོས་བརྒྱད་ཅན་གྱིས་མིག་རྒྱན་གཙིགས༔ སྙིང་རྗེ་ཅན་གྱིས་དམན་འགྲོ་བསྲེལ༔ ཉོན་མོངས་ཚ་གདུང་སྐྱོབས་པའི་གདུགས༔ རྩ་བའི་བླ་མར་གསོལ་བ་འདེབས༔ བརྡ་དོན་ཚིག་འགྲོལ་ཐ་མལ་ཟོལ༔ དོན་ལ་འདུལ་དབང་བཙན་པོའི་བཀོད༔ གསོལ་བ་བཏབས་ཀྱང་དངོས་གྲུབ་ཐོབ༔ རྩ་བའི་བླ་མར་གསོལ་བ་འདེབས༔ གང་སྐུ་མཐོང་ན་སྣང་ཤེས་འགོག༔ གསུང་གསང་ཐོས་པས་ཏིང་འཛིན་འདྲེན༔ དྲན་པ་ཙམ་གྱིས་ངེས་འབྱུང་སྐྱེ༔ རྩ་བའི་བླ་མར་གསོལ་བ་འདེབས༔ ཡོན་ཏན་རྒྱ་མཚོ་ཆེན་པོའི་འཇིངས༔ ཚུར་མཐོང་རྐྱལ་གྱིས་བསྐུར་དུ་རྡུགས༔ ཀློང་ཆེན་ཡངས་ལྡན་འཛིན་མའི་ཁྱོན༔ རྩ་བའི་བླ་མར་གསོལ་བ་འདེབས༔ ཨེ་མ་ཧོ༔ འཁོར་འདས་ཐམས་ཅད་བླ་མའི་དཀྱིལ་འཁོར་ཆེ༔ སེམས་ཉིད་གཞི་ཡི་བླ་མ་དང་༔ སྣང་ཚུལ་ཟེར་གྱི་བླ་མ་སྟེ༔ རྩ་བའི་བླ་མར་གསོལ་བ་འདེབས༔ ཡེ་ཐོག་གཞི་ཡི་བླ་མ་ཡིས༔ དམིགས་དང་བྲལ་བའི་ཆོས་རྣམས་སྟོན༔ རྩ་བའི་བླ་མར་གསོལ་བ་འདེབས༔ འཁྲུལ་མེད་རྟོགས་པར་བྱིན་གྱིས་རློབས༔ ཡེ་ཀློང་ཀུན་ཁྱབ་བླ་མ་ཡིས༔ ཆོས་ཉིད་ཡུལ་དུ་རང་ཤར་སྟོན༔ རྩ་བའི་བླ་མར་གསོལ་བ་འདེབས༔ སྙིང་པོ་རྟོགས་པར་བྱིན་གྱིས་རློབས༔ ཐེག་ཁྱབ་གཉིས་མེད་བླ་མ་དེས༔ མ་ཕྱེད་མ་གོལ་ཆོས་རྣམས་བསྟན༔ རྩ་བའི་བླ་མར་གསོལ་བ་འདེབས༔ གདར་ཤ་ཆོད་པར་བྱིན་གྱིས་རློབས༔ ཐོག་མ་གཞི་ཡི་བླ་མ་ཡིས༔ སྙིང་པོ་འགྱུར་མེད་ཆོས་རྣམས་བསྟན༔ རྩ་བའི་བླ་མར་གསོལ་བ་འདེབས༔ རང་ས་ཟིན་པར་བྱིན་གྱིས་རློབས༔ མ་འགགས་རྩལ་སྣང་བླ་མ་ཡིས༔ སྐྱེ་འགགས་མེད་པའི་ཆོས་རྣམས་བསྟན༔ རྩ་བའི་བླ་མར་གསོལ་བ་འདེབས༔ སྤྲོས་བྲལ་རྟོགས་པར་བྱིན་གྱིས་རློབས༔ ཤེས་རྩལ་གཉིས་མེད་བླ་མ་ཡིས༔ རྩིས་གདབས་མེད་པའི་ཆོས་རྣམས་བསྟན༔ རྩ་བའི་བླ་མར་གསོལ་བ་འདེབས༔ སྤངས་བླང་ཞིག་པར་བྱིན་གྱིས་རློབས༔ ཀུན་གཞི་སྤྱི་ཁྱབ་བླ་མ་ཡིས༔ ཀུན་འབྱུང་ཡིད་བཞིན་ནོར་བུར་བསྟན༔ རྩ་བའི་བླ་མར་གསོལ་བ་འདེབས༔ མཛོད་དོན་རྟོགས་པར་བྱིན་གྱིས་རློབས༔ ཟེར་རིག་མ་འགགས་བླ་མ་དེས༔ རྒྱ་ཆད་ཕྱོགས་ལྷུང་མེད་པར་བསྟན༔ རྩ་བའི་བླ་མར་གསོལ་བ་འདེབས༔ ཕྱོགས་འཛིན་ཞིག་པར་བྱིན་གྱིས་རློབས༔ ཀུན་རིག་གཉིས་མེད་བླ་མ་དེས༔ གཞི་རྩལ་དབྱེར་མེད་རང་ཐིམ་བསྟན༔ རྩ་བའི་བླ་མར་གསོལ་བ་འདེབས༔ འབྲས་བུ་སྨིན་པར་བྱིན་གྱིས་རློབས༔ རྩལ་སྣང་ཡིད་རིག་འགྱུར་མེད་ཀྱིས༔ སྐྱེ་མེད་ཆོས་སྐུའི་ངོ་བོ་བསྟན༔ རྩ་བའི་བླ་མར་གསོལ་བ་འདེབས༔ ནམ་མཁའ་རྟོགས་པར་བྱིན་གྱིས་རློབས༔ མ་བཅོས་སེམས་ཀྱི་བླ་མ་དེ༔ ལོངས་སྤྱོད་རྫོགས་པའི་སྐུ་རུ་བསྟན༔ རྩ་བའི་བླ་མར་གསོལ་བ་འདེབས༔ འོད་གསལ་རྟོགས་པར་བྱིན་གྱིས་རློབས༔ གཉིས་མེད་སློབ་དཔོན་གཉིས་སྣང་གིས༔ མ་བསྐོར་རང་གྲགས་ཆོས་འཁོར་བསྐོར༔ རྩ་བའི་བླ་མར་གསོལ་བ་འདེབས༔ གཉིས་འཛིན་ཞིག་པར་བྱིན་གྱིས་རློབས༔ རང་གྲོལ་སློབ་དཔོན་འཁོར་བ་སྟེ༔ ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས༔ རྩ་བའི་བླ་མར་གསོལ་བ་འདེབས༔ བདེན་པ་མཐོང་བར་བྱིན་གྱིས་རློབས༔ ཤེས་པས་སློབ་དཔོན་མ་རིག་པ༔ རང་སངས་ལྟ་གཞིའི་ཆོས་འཁོར་བསྐོར༔ རྩ་བའི་བླ་མར་གསོལ་བ་འདེབས༔ ཀུན་གྲོལ་རྟོགས་པར་བྱིན་གྱིས་རློབས༔ ཨེ་མ་ཧོ༔ ཕུང་ཁམས་སྐྱེ་མཆེད་ཞི་ཁྲོའི་སྐུ༔ དབུ་སྐྲ་མཁའ་འགྲོ་བྱེ་བ་གནས༔ བ་སྤུ་ཐམས་ཅད་དགྲ་བཅོམ་པ༔ གསུང་ནི་མཁའ་འགྲོ་དྲུག་ཅུ་གཉིས༔ ཐུགས་ཀྱང་ཆོས་མིན་དཀྱིལ་འཁོར་ཆེ༔ རྩ་བའི་བླ་མར་གསོལ་བ་འདེབས༔ རྟག་འཛིན་བློ་སྣ་ཐོངས་བ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ ངེས་འབྱང་སྐྱོ་ཤེས་སྐྱེ་བ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ བདེན་དོན་རྒྱུད་ལ་འཁྲུངས་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ བྱང་ཆུབ་སེམས་གཉིས་འབྱོངས་པ་རུ༔ བླ་མས་བྱིན་གྱིས་༴ འཁྲུལ་པའི་རྫུན་ཕུག་རྡིབ་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ ཡང་དག་ལྟ་བ་རྟོགས་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ སྒོམས་པའི་གོལ་ས་གྲོལ་བ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ སྤྱོད་པའི་ལྟུང་སྒོ་ནུབ་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ ༼ ༈རྫོགས་ཆེན་གྱི་རྒྱུད་སྒྲོན་མ་བརྩེགས་པ་ལས༔ ད་ལྟའི་སྣང་བ་འདི་ཉིད་ལ༔ སྤངས་བླང་ཅན་དུ་བལྟས་པ་ན༔ ཉན་ཐོས་ཞི་བ་ཕྱོགས་གཅིག་ལྟུང་༔ ཞེས་སོགས་ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ཀྱི་ཕྱོགས་སུ་ལྷུང་བ་རེ་བཤད་ཡོད་པའི་སྒོ་བཅུ་དྲུག་པོ་དེ་དག་རྣལ་འབྱོར་པའི་ངོར་མི་སྣང་བར་ཤོག་ཅེས་པའི་དོན་ཏོ༔ ༽ འཁོར་བའི་འཁོར་ལོ་ལྡོག་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ ས་ལམ་མཐའ་རུ་ཕྱིན་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ སྒྱུ་ལུས་འོད་སྐུར་དག་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ རང་དོན་ཆོས་སྐུ་ཐོབ་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ གཞན་དོན་གཟུགས་སྐུ་ཐོབ་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ དགོངས་པ་རོ་གཅིག་སད་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ སྐྱེ་བ་འདི་ལ་ཐོབ་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ བགེགས་དང་བར་ཆད་མེད་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ རྐྱེན་དང་སྒྱིད་སྙོམས་མེད་པ་རུ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་བརྗོད་དོ༔

འདི་ལྟར་གསོལ་བ་གདབས་པ་ལ༔ ཁོ་ལ་ཡོན་ཏན་མེད་ནའང་༔ ཁྱོད་རང་བསམ་པ་རྣམ་དག་གི༔ རེ་སྨོན་ཅི་བཞིན་བསྒྲུབ་པའོ༔ ཕྱོགས་དུས་བླ་མ་གང་ལའང་༔ རྒྱང་འབོད་འདི་ཡིས་མི་ཁེབས་མེད༔ འོན་ཀྱང་རང་དྲིན་གང་ཆེ་བའི༔ ལུས་ལ་རྒྱལ་ཀུན་འཇུག་ཅེས་གསུངས༔ མཐོ་བརྙབ་མཁན་པོས་བླ་མ་སྤངས༔ མཁས་བཙུན་ལྡན་ཀྱང་ལོག་པར་གོལ༔ དམ་པར་བཟུང་ནས་ཞུས་ཕན་ཆད༔ དམ་པར་ངེས་དང་མ་ངེས་ཀྱང་༔ བཀའ་བཅག་ལུས་བོར་ག་ལ་སྲིད༔ གལ་ཏེ་དེ་ཡི་རྒྱ་ཉམས་ན༔ མནར་མེད་སྡུག་བསྔལ་མྱོང་བ་དང་༔ སློབ་དཔོན་དམ་ཚིག་སྲོག་ལྟར་གསུངས༔ དེ་ཕྱིར་ཁྱོད་ལ་སྨན་ཀྱང་སྲིད༔ སུས་ཀྱང་རང་རང་བླ་མར་སྦྱར༔ མདོ་ལས་སྔགས་ཀྱི་བླ་མ་གཙོ༔ རྒྱུད་ལས་མན་ངག་བླ་མ་དང་༔ དེ་ལའང་རྫོགས་པ་ཆེན་པོ་ཡི༔ སེམས་ངོ་བསྟན་པ་གཙོ་གསུངས་པས༔ རྒྱུད་ལ་སུས་ཀྱང་འགོག་དུ་མེད༔ ཅེས་ཀྱང་ཉི་སར་བློ་གྲོས་ཞེས༔ ཁྱིམ་གནས་ཡང་དག་ལྟ་ལ་དད༔ དཀོན་མཆོག་གསུམ་ལ་བླ་མར་བྱེད༔ གང་གིས་ན་ཆེར་བསྐུལ་བ་བཞིན༔ ག་གཱ་ཨ་བྷྱེ་ཞེས་བྱ་བ༔ གཟིག་གོས་བོང་བུར་བསྐོན་པ་དེས༔ དྲེད་ལྤགས་ངོ་ལ་བཀབ་ནས་བྲིས༔ ད་ཕན་སྔུན་ནས་མི་བལྟར་ཞུ༔ མངྒ་ལཾ༔

ཨོ་ཨཱཿཧཱུྃ༔ ཆོས་ཀྱི་དབྱིངས་ནས་རྒྱལ་བ་ཞི་ཁྲོའི་ཚོགས༔ བརྒྱུད་གསུམ་བླ་མའི་རྣམ་པར་ཡོངས་བཞེངས་ནས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ འོད་གསལ་འཕོ་ཆེན་རྡོ་རྗེའི་དངོས་གྲུབ་སྩོལ༔ ཀུན་མཁྱེན་ངོར་ག་གཱས་སོ། །

བླ་མའི་རྒྱང་འབོད་དབང་གི་བུམ་བཟང་སོགས

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ བླ་མའི་རྒྱང་འབོད་དབང་གི་བུམ་བཟང་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མོས་གུས་གསོལ་འདེབས་རྒྱང་འབོད་འདིས༔ དུས་གསུམ་རྒྱལ་བའི་ཐུགས་རྗེའི་ཆུ༔ བླ་མའི་ཡེ་ཤེས་རྒྱ་མཚོར་བབས༔ དེ་ལས་སྡུག་བསྔལ་བཀྲེས་སྐོམ་སེལ༔ དགོས་པའོ༔ ས་མ་ཡཱ༔ ཀྱེ༔ དུས་གསུམ་སངས་རྒྱས་ཀྱི་སྤྲུལ་གཞི༔ བྱིན་རླབས་ཡེ་ཤེས་ཀྱི་མཛོད་ཁང་༔ མན་ངག་ཟབ་དགུ་ཡི་གཏེར་བུམ༔ དཔལ་མགོན་བླ་མ་དེ་འབོད་དོ༔ ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ སྐུ་གསུམ་དཀྱིལ་འཁོར་གྱི་འཁོར་ལ༔ རྒྱུད་སྡེ་བཞི་དྲུག་གི་ཁྱབ་བདག༔ མཆོག་ཐུན་དངོས་གྲུབ་ཀྱི་ནོར་བཟང་༔ དཔལ་མགོན་བླ་མ་དེ་འབོད་དོ༔ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ སྟོང་ཉིད་དབྱིངས་གསུམ་གྱི་ཀུན་བཟང་༔ ནམ་མཁའི་ཆོ་འཕྲུལ་དུ་བཟང་འགྲོ༔ ཕྱི་ནང་གནས་གསུམ་དུ་དབང་ཕྱུག༔ དཔལ་མགོན་བླ་མ་དེ་འབོད་དོ༔ ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ ཐུགས་ཀློང་ཀ་དག་གི་དགོངས་པ༔ ཕྱི་ནང་ཐེག་དགུ་ཡི་བརྗོད་བྱ༔ འབྲེལ་འབྱུང་གསུང་རབ་ཀྱི་འཆོས་སྐྱོབས༔ དཔལ་མགོན་བླ་མ་དེ་འབོད་དོ༔ ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ དགོངས་ཀློང་རྒྱལ་ཀུན་དང་དབྱེར་མེད༔ བརྡ་ཐབས་དོན་ཕྱིར་གྱིས་མི་འགོང་༔ བྱིན་རླབས་སྙན་བརྒྱུད་དུ་ཡས་འབེབས༔ དཔལ་མགོན་བླ་མ་དེ་འབོད་དོ༔ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ སྔོན་ཆད་སྨོན་ལམ་གྱི་དབང་རྫོགས༔ བཀའ་བབས་གབ་སྦས་ཀྱི་ཁུང་བརྟོལ༔ ཤོག་སེར་ཚིག་བརྒྱུད་དུ་དགོངས་གནད༔ དཔལ་མགོན་བླ་མ་དེ་འབོད་དོ༔ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ ཨོ་རྒྱན་སངས་རྒྱས་ཀྱི་གཏད་རྒྱ༔ ལུང་བསྟན་དབུགས་འབྱུང་གིས་རབ་བཀྲོལ༔ དག་སྣང་རབ་འབྱམས་ཀྱི་ནམ་མཁའ༔ དཔལ་མགོན་བླ་མ་དེ་འབོད་དོ༔ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ སྙིང་དབུས་ཡེ་ཤེས་ཀྱི་འཁོར་ལོའི༔ མི་ཤིགས་ཐིག་ལེ་ལ་བརྟེན་ནས༔ སྙིང་པོ་ཆོས་ཟད་ཀྱི་སེམས་དཔའ༔ དཔལ་མགོན་བླ་མ་དེ་འབོད་དོ༔ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ གསང་འདུས་ཟུར་བརྒྱུད་ཀྱི་མཛོད་ཁང་༔ ངེས་པ་ལྔ་ལྡན་དུ་ཡེ་གདངས༔ རིག་པ་ཚད་ཕེབས་ཀྱི་ངོ་བོ༔ དཔལ་མགོན་བླ་མ་དེ་འབོད་དོ༔ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ བྷནྡྷ་གྲུ་གསུམ་གྱི་གཞལ་ཡས༔ ཆོ་འཕྲུལ་བཅོ་ལྔ་ཕྲག་དོག་འཇོམས༔ ཉམས་སྣང་གོང་འཕེལ་གྱི་འབྱུང་གནས༔ དཔལ་མགོན་བླ་མ་དེ་འབོད་དོ༔ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ བྷ་ག་ཆོས་འབྱུང་གི་མཎྜལ༔ སྣང་སྟོང་མཐར་ཟད་ཀྱི་མངོན་སུམ༔ ཆོས་ཉིད་དམིགས་སྟོན་གྱི་མངའ་བདག༔ དཔལ་མགོན་བླ་མ་དེ་འབོད་དོ༔ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ རིག་གྲོལ་བརྒྱད་ལྡན་གྱི་བདག་ཉིད༔ མི་སློབ་ཟུང་འཇུག་གི་མཐར་ཐུག༔ ཉོན་ཤེས་དྲི་བྲལ་གྱི་དགེ་འདུན༔ དཔལ་མགོན་བླ་མ་དེ་འབོད་དོ༔ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ མི་རྟོག་ཆོས་དབྱིངས་ཀྱི་དགོངས་པ༔ མངོན་གྱུར་གསལ་དག་གི་ངོ་བོར༔ འཁོར་འདས་མཉམ་གྲོལ་དུ་ཚད་རྫོགས༔ དཔལ་མགོན་བླ་མ་དེ་འབོད་དོ༔ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ ཤེས་བྱ་གནས་སྣང་ལ་རིག་གསུམ༔ ཕྲིན་ལས་ལྷུན་གྲུབ་ཀྱི་ཐུགས་རྗེ༔ རང་བྱུང་ཡེ་ཤེས་ཀྱི་རྟག་ཁྱབ༔ དཔལ་མགོན་བླ་མ་དེ་འབོད་དོ༔ཉིད་དང་དབྱེར་མེད་ཞིག་མཛོད་ཅིག༔ ཨེ་མ་ཧོ༔ མཐོང་བས་མ་རིག་མུན་སེལ་གྱི༵་སྒྲོན་མེ༔ ཐོས་པས་ཐེ་ཚོམ་སྒྲོགས་གཅོད་ཀྱི༵་རལ་གྲི༔ རེག་པས་བདེ་ཆེན་མཆོག་སྦྱིན་གྱི༵་བདུད་རྩི༔ ཐུགས་རྗེའི་གཟིགས་ལ་མཐུན་བྱིན་གྱིས༵་རློབས་ཤོག༔ ཁམས་གསུམ༵་འཁོར་བའི་རྣམ་གསུམ༵་པས་སྡུག་བསྔལ༔ སྣང་གསུམ༵་ངེས་པས་སྐུ་གསུམ༵་དུ་དག་སྦྱོར༔ དུག་གསུམ༵་ནས་སེལ་དགོངས་གསུམ༵་དུ་གྲོལ་མཛད༔ བརྒྱུད་གསུམ༵་ཐུགས་རྗེའི་སྒོ་གསུམ༵་ལ་ཕོབ་ཤོག༔ དྲན་པ་ཙ༵མ་གྱིས༵་འཇིགས་སྐྱོབས་ཀྱི་རྒྱལ་པོ༔ འབྲེལ་བ་ཙ༵མ་གྱིས༵་དོན་ལྡན་གྱི་དཔུང་བཟང་༔ བསྒོམ་པ་ཙ༵མ་གྱིས༵་དངོས་གྲུབ་ཀྱི་སྐལ་ནོད༔ བོད་པ་ཙ༵མ་གྱིས༵་བསྙེན་སྒྲུབ་ཀྱི་བྱིན་ཕོབས༔ ཀྱཻ་མ༔ ཀྱེ་མ་ཕ་ཅིག་བླ་མ་རིན་པོ་ཆེ༔ དམན་པ་བདག་ཉིད་ཐུགས་རྗེའི་མ་དོར་ཞིག༔ དལ་འབྱོར་དོན་དང་ལྡན་པར་བླ་མ་མཁྱེན༔ དོན་ལྡན་ལུས་ལ་བར་ཆད་ཁྱེད་ཀྱིས་སོལ༔ མི་རྟག་འཆི་བ་དྲན་པར་བླ་མ་མཁྱེན༔ རྟག་འཛིན་བདུད་ཀྱི་བསླུ་མ་ཁྱེད་ཀྱིས་བཟློག༔ སྲིད་པ་འདི་ན་བདེ་བ་གཏན་ནས་མེད༔ ངན་གོམས་བག་ཆགས་གནས་ཞེན་ཁྱེད་ཀྱིས་སྒྲོལ༔ དགེ་སྡིག་དཀར་ནག་འབྲས་བུ་བསླུ་བ་མེད༔ ངན་འགྲོའི་ལམ་ལས་མགོན་པོ་ཁྱེད་ཀྱིས་ཟུངས༔ སྐྱབས་ཀྱི་མཆོག་ཏུ་བླ་མ་དམ་པ་འཛིན༔ བསླུའམ་མི་བསླུ་ཁྱེད་ལ་རག་ལས་སོ༔ བྱང་ཆུབ་སེམས་གཉིས་ངོ་བོར་བདག་གིས་བལྟ༔ དགྱེས་ཞལ་སྟོན་ནམ་ཁྱེད་ལས་རེ་ས་མེད༔ བསོད་ནམས་ཞིང་གི་ཕུལ་ཏུ་ཁྱོད་ཅིག་བྱེད༔ ཚོགས་ཀྱི་ལམ་དུ་ཁྱེད་ལས་རེ་ས་མེད༔ བསྐྱེད་རྫོགས་ལམ་གྱི་རང་བཞིན་ཁྱོད་དུ་བསྒྲུབ༔ སྦྱོར་བས་ལམ་དུ་ཁྱེད་ལས་རེ་ས་མེད༔ བདེན་དོན་རྟགས་ཀྱི་ཕྱག་རྒྱར་ཁྱོད་ཅིག་བལྟ༔ མཐོང་ལམ་རིག་འཛིན་ཁྱོད་ལས་རེ་ས་མེད༔ འཁོར་ལོའི་རིག་འཛིན་རྣམས་ཀྱི་ཁྱོད་དང་ཉེ༔ སྒོམ་ལམ་ཕྱག་ཆེན་ཁྱོད་ལས་རེ་ས་མེད༔ མི་སློབ་ལམ་སྣང་སྐུ་ལྔའི་གཟུགས་ཅན་ཀྱང་༔ ཁྱོད་ཀྱི་ཡེ་ཤེས་ཉིད་ལས་གཟུགས་བརྙན་ཚུལ༔ མཐར་ཐུག་འབྲས་བུས་མཆོག་གི་འབྱོར་བའང་༔ མགོན་པོ་ཁྱོད་ཉིད་གྲུབ་ནས་དབྱེར་མེད་པས༔ སངས་རྒྱས་ས་དྲུག་ཁྱོད་ལས་རེ་ས་མེད༔ ཕྲིན་ལས་ཆེན་པོར་མངའ་དབང་བསྒྱུར་བའང་༔ ཁྱོད་ཀྱི་ཐུགས་རྗེ་ཆེན་པོར་ཐེ་ཚོམ་མེད༔ དེ་ཕྱིར་བདག་ནི་ཀུན་ཏུ་ཁྱོད་ལ་རེ༔ སྐྱོབ་པ་གཞན་ན་མེད་དོ་བཀའ་དྲིན་ཅན༔ རེ་ས་གཞན་ན་མེད་དོ་ཐུགས་རྗེ་ཅན༔ ཀུན་ཏུ་ཡལ་བར་མ་དོར་བརྩེ་བ་ཅན༔ བཏང་སྙོམས་ལས་དབང་མ་བཏང་སྟོབས་ཤུགས་ཅན༔ ཞི་བའི་བླ་མ་དཀར་མཛེས་དེས་འཇམ་ཅན༔ སྡུག་བསྔལ་ཉེ་བར་འཚེ་བ་ཞི་བ་དང་༔ ཉོན་མོངས་ཞེ་སྡང་གཉེན་པོའི་དྲུངས་ཕྱུང་ནས༔ མེ་ལོང་ཡེ་ཤེས་དབྱིངས་སུ་དྲངས་པར་མཛོད༔ རྒྱས་པའི་བླ་མ་སེར་བརྗིད་སྐུ་བསོད་རྒྱན༔ ཚེ་བསོད་ཡེ་ཤེས་ཡོན་ཏན་འཕེལ་བ་དང་༔ ཉོན་མོངས་ང་རྒྱལ་རྟོག་པ་དྲུངས་ཕྱུང་ནས༔ མཉམ་ཉིད་ཡེ་ཤེས་དབྱིངས་སུ་དྲངས་པར་མཛོད༔ དབང་གི་བླ་མ་ཡུམ་དང་འདོད་ཡོན་བརྟེན༔ ཁམས་གསུམ་མོས་བཞི་དབང་དུ་བསྡུས་མཛོད་ལ༔ ཉོན་མོངས་འདོད་ཆགས་རྟོག་པ་དྲུངས་ཕྱུང་ནས༔ སོར་རྟོགས་ཡེ་ཤེས་དབྱིངས་སུ་དྲངས་བར་མཛོད༔ དྲག་པོའི་བླ་མ་རྔམ་བརྗིད་ཁྲོ་འཁྲུགས་ཚུལ༔ འཕྲལ་ཕུག་གནོད་བྱེད་ཐམས་ཅད་ཚར་ཆོད་ལ༔ ཉོན་མོངས་ཕྲག་དོག་རྟོག་པ་དྲུངས་ཕྱུང་ནས༔ བྱ་གྲུབ་ཡེ་ཤེས་དབྱིངས་སུ་དྲངས་པར་མཛོད༔ ལྷུན་གྱི་གྲུབ་པའི་བླ་མ་ཀུན་ལྡན་ཏེ༔ ལས་བཞི་རབ་འབྱམས་མཆོག་ཐུན་ཕུན་ཚོགས་ཅིང་༔ ཉོན་མོངས་གཏི་མུག་གཉེན་པོའི་དྲུངས་ཕྱུང་སྟེ༔ ཆོས་དབྱིངས་ཡེ་ཤེས་དབྱིངས་སུ་དྲངས་པར་མཛོད༔ མཐར་ཐུག་དོན་གྱི་རྣལ་འབྱོར་ངེས་པར་རློབས༔ ཅེས་ཀྱང་དགོངས་གཞི་མ་རྙེད་དམན་པ་བདག༔ རྟུལ་པོའི་རྗེས་ཞུགས་ཆོས་ལས་རྗེས་སུ་དཔག༔ རྣོན་པོའི་རྗེས་ཞུགས་ཡོན་ཏན་མངོན་སུམ་ཚོལ༔ ཆོས་མཉམ་རྗེས་ཞུགས་གནས་ལུགས་བློ་སྦྱོར་ཏེ༔ ལོག་ལྟ་བྱང་ཆུབ་རྡོ་རྗེར་གྲོལ་བ་དང་༔ དབང་གི་རྒྱུད་སྨིན་ལམ་ཀུན་ཉམས་སུ་ལོན༔ ས་ལམ་གཅིག་ཆོད་ངོ་བོ་དབྱེར་མེད་དེ༔ བླ་མ་མཆོག་དང་དགོངས་པ་འདྲེས་གྱུར་ཅིག༔ ཅེས་ཀྱང་པདྨ་བློ་གྲོས་ངོར་ག་གཱ་བས་ངོ་ཚ་མེད་པའི་རང་བསྟོད་མིན་ཀྱང་བསྐུལ་ངོ་མི་ལྡོག་ཙམ་དུ་བྱས་པ་ཡིན་པས་བླ་མ་སྤྱི་ལ་སྦྱར་ཀྱང་མི་འགལ་བར་གཏུམ་པའོ། །

ཨེ་མ་ཧོ༔ ཚིག་འདས་ཀ་དག་ཆེན་པོའི་དགོངས་པ༔ ས་ཆུ་མེ་རླུང་འབྱུང་བཞིའི་ཆོ་རོལ༔ མ་དག་གཞན་དབང་ཡུལ་དུ་ཤར་ཡང་༔ སྣང་བ་ཆོས་དབྱིངས་བླ་མའི་རང་བཞིན༔ བརྡ་དང་དཔེ་ཆས་རྣམ་པར་རྟོགས་ནས༔ ཆོས་དབྱིངས་ཡུམ་གྱི་དགོངས་ཀློང་ཡངས་པའི༔ འདའ་ཀ་ཕྱག་རྒྱ་ཆེན་པོའི་ངང་དུ༔ མཉམ་ཉིད་ཤེས་མཐོང་བྱིན་ཆེན་ཕོབས་ཅིག༔ ཕྱི་ནང་སྐྱེ་འགྲོ་སྣ་ཚོགས་སྣང་བ༔ རང་བྱུང་ཀུན་ཏུ་བཟང་པོའི་དཀྱིལ་འཁོར༔ རྟོགས་ལྡན་དོན་གྱི་ཡེ་ཤེས་སྣང་བ༔ ཆོས་མིན་ཐིག་ལེ་བླ་མའི་ངོ་བོར༔ གདེང་ཐོབ་རྩལ་རྫོགས་བསྟན་པ་ཐོབ་ནས༔ འཕོ་ཆེན་འོད་གསལ་སྦུབས་འཇུག་དམར་ཐག༔ སེམས་བྲལ་རིག་པའི་སྐྱེས་བུའི་དགོངས་བརྒྱུད༔ ད་ལྟ་ཉིད་དུ་སྙིང་ལ་ཕོབ་ཤིག༔ རང་ཉིད་ཡེ་སངས་རྒྱས་པའི་སྙིང་པོ༔ ཀུན་བཏགས་སྦུབས་ཀྱི་སྣང་བར་གཡུར་ཀྱང་༔ དག་པའི་གཞན་དབང་མེ་ཏོག་རྒྱུད་ཀྱི༔ བཅུད་མཆོག་སྨིན་གྲོལ་བླ་མའི་གཟུགས་སྐུའི༔ སྐད་ཅིག་ཐོད་རྒལ་འགོག་པར་བཟོད་པའི༔ ཞེན་གྲོལ་མུ་བཞིའི་འཁྲུལ་རྩ་ཆོད་དེ༔ མན་ངག་ཟབ་མོའི་སྙིང་དགའ་ཕོབས་ཤོག༔ འགྱུར་མེད་རྟག་པ་དོན་གྱི་ཡོངས་གྲུབ༔ ཤེས་རབ་ཁོང་གསལ་སྤྱན་རྒྱས་སྣང་རྟགས༔ ཕྱག་རྒྱའི་མཚན་བྲལ་སྟངས་དཔྱལ་རོལ་མོ༔ འོད་ཀྱི་ཁ་མིག་བླ་མའི་ཕྲིན་ལས༔ མོས་གུས་གཡུང་དྲུང་བཀོད་པའི་འདེགས་ཤུགས༔ གཉིས་མེད་མངོན་རྟོགས་སློང་ཕོར་ཡངས་པར༔ ད་ལྟ་ཉིད་དུ་སྤྱི་བླུགས་སྩོལ་ཤོག༔ ཨེ་མ་དྲུང་ནས་འཁོད་ཀྱང་ཉེ་བར་མི་མངོན༔ ཡུལ་གྱིས་བསྐལ་བར་རིང་བར་མ་གྱུར༔ ཁྱོད་ཀྱིས་ཆགས་ཐོགས་མེད་པའི་སྤྱན་བཀྲའི༔ རོ་གཅིག་མཉམ་གྲོལ་བྱིན་འོད་ཕོབས་ཤོག༔ ཅེས་ཀྱང་བུདྡྷའི་ངོར་ག་གཱས་སོ། །དགེའོ། །

ན་མོ་གུ་རུ་ཛ་ཡ་ས་ར་ཡེ༔ བརྒྱུད་གསུམ་བླ་མ་རིག་འཛིན་རྒྱ་མཚོ་དང་༔ རྒྱུད་སྡེ་བཞི་དྲུག་ཡི་དམ་དཀྱིལ་འཁོར་ལྷ༔ ཕྱི་ནང་གནས་ཡུལ་དཔའ་བོ་མཁའ་འགྲོའི་ཚོགས༔ ཁྱད་པར་བསྐལ་བཟང་སྒྲོན་མ་སྟོང་རྩ་གཉིས༔ ཐེག་གསུམ་དམ་ཆོས་སྐྱེ་འཕགས་དགེ་མདུན་སྡེ༔ སྐུ་གསུམ་དབྱིངས་བཞུགས་རྒྱལ་བ་རྒྱ་མཚོ་རྣམས༔ ཐུགས་རྗེ་བརྩེ་བས་བདག་ལ་དགོངས་ནས་ཀྱང་༔ གསོལ་བཏབས་འབྲས་བུ་དུས་སུ་སྨིན་པར་མཛོད༔ དེང་དུས་སྙིགས་མ་ལྔ་ཡི་གཞན་དབང་གིས༔ ནད་མཚོན་མུ་གེའི་བསྐལ་བ་ངན་པ་ཡིས༔ ཡིད་ཅན་མཐའ་དག་སྡུག་བསྔལ་རྒྱུ་འབྲས་ལ༔ སྤྱོད་དང་ཕྱི་མའི་འདུ་བྱེད་མྱོང་འགྱུར་ཀུན༔ ཁྱེད་རྣམས་མཐུ་སྟོབས་ནུས་པ་དབང་འབྱོར་གྱིས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མངོན་གྱུར་སྟོན༔ སྣོད་བཅུད་སྲིད་ཞིའི་དགེ་མཚན་ཕུན་ཚོགས་ཀྱི༔ འབྲས་བཟང་གཡུར་དུ་ཟ་བར་བྱིན་གྱིས་རློབས༔

ཅེས་སུ་ལའང་མི་བསྟན་པའི་དམ་ཚིག་དང་དུ་བླང་ནས་ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་ན་ཕྱི་ནང་གི་རྒུད་པ་མཐའ་དག་དབྱིངས་སུ་ཞི་ནས་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་དུ་འཕེལ་ཞིང་མཐུན་རྐྱེན་བསམ་དོན་མ་ལུས་ཡིད་ཀྱིས་སྨོན་པ་བཞིན་འགྲུབ་པར་འགྱུར་རོ༔ འདི་བྱིན་རླབས་ཤིན་ཏུ་ཆེའོ༔ བསོད་ནམས་སྙན་གྲགས་ཀྱིས་བསྐུལ་ངོར་ག་གཱས་སོ། །

ཆོས་གེགས་སེལ་བའི་གསོལ་འདེབས།

ཆོས་གེགས་སེལ་བའི་གསོལ་འདེབས་བཞུགས་སོ༔

ཀྱཻ༔ རྒྱལ་དབང་ཤཱཀྱ་ཐུབ་པ་དང་༔ མཆོག་ཟུང་ལྔ་སྡེ་བཟང་པོ་སོགས༔ འདུལ་བ་བརྒྱུད་པའི་བླ་མ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ལས་ཉོན་བདུད་དབང་མ་བཏང་བར༔ ཆོས་གེགས་བར་ཆད་ཞི་བ་དང་༔ ལྟ་སྒོམ་སྤྱོད་པ་མཐར་ཕྱིན་ཏེ༔ ས་ལམ་མི་མཐུན་ཕྱོགས་ལས་རྒྱལ༔ སྤང་རྟོགས་ལྷུན་གྲུབ་དངོས་གྲུབ་སྩོལ༔ རྡོ་རྗེ་འཆང་དང་རྡོ་རྗེ་ཆོས༔ པདྨ་འབྱུང་གནས་ལ་སོགས་པའི༔ གསང་སྔགས་བརྒྱུད་པའི་བླ་མ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ལས་ཉོན་བདུད་དབང་མ་བཏང་བར༔ ཆོས་གེགས་བར་ཆད་ཞི་བ་དང་༔ ལྟ་སྒོམ་སྤྱོད་པ་མཐར་ཕྱིན་ཏེ༔ ས་ལམ་མི་མཐུན་ཕྱོགས་ལས་རྒྱལ༔ སྤང་རྟོགས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཞི་བ་རྡོ་རྗེ་དབྱིངས་དང་ནི༔ རྒྱུད་དང་སྒྲུབ་སྡེ་ཁྲག་འཐུང་སོགས༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ལས་ཉོན་བདུད་དབང་མ་བཏང་བར༔ ཆོས་གེགས་བར་ཆད་ཞི་བ་དང་༔ ལྟ་སྒོམ་སྤྱོད་པ་མཐར་ཕྱིན་ཏེ༔ ས་ལམ་མི་མཐུན་ཕྱོགས་ལས་རྒྱལ༔ སྤང་རྟོགས་ལྷུན་གྲུབ་དངོས་གྲུབ་སྩོལ༔ སྣ་ཚོགས་ཡུམ་དང་ཡུམ་ཆེན་མོ༔ རྡོ་རྗེ་ཕག་མོ་ལ་སོགས་པའི༔ མ་རྒྱུད་མཁའ་འགྲོའི་དཀྱིལ་འཁོར་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ལས་ཉོན་བདུད་དབང་མ་བཏང་བར༔ ཆོས་གེགས་བར་ཆད་ཞི་བ་དང་༔ ལྟ་སྒོམ་སྤྱོད་པ་མཐར་ཕྱིན་ཏེ༔ ས་ལམ་མི་མཐུན་ཕྱོགས་ལས་རྒྱལ༔ སྤང་རྟོགས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ལྷ་ཆེན་གནོད་སྦྱིན་དམར་ནག་དང་༔ མ་གཟའ་དམ་གསུམ་ལ་སོགས་པའི༔ ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ལས་ཉོན་བདུད་དབང་མ་བཏང་བར༔ ཆོས་གེགས་བར་ཆད་ཞི་བ་དང་༔ ལྟ་སྒོམ་སྤྱོད་པ་མཐར་ཕྱིན་ཏེ༔ ས་ལམ་མི་མཐུན་ཕྱོགས་ལས་རྒྱལ༔ སྤང་རྟོགས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཅེས་ཀྱང་ག་གཱས་སོ། །

ན་མོ༔ དཀོན་མཆོག་རིན་ཆེན་སོགས།

ན་མོ་དཀོན་མཆོག་རིན་ཆེན་གསུམ་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བར་ཆད་ཉེར་བར་འཚེ་བ་ཀུན་ཞི་ནས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་དངོས་གྲུབ་སྩོལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བར་ཆད་ཉེར་བར་འཚེ་བ་ཀུན་ཞི་ནས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་དངོས་གྲུབ་སྩོལ༔ རྗེ་བཙུན་རིག་གསུམ་མགོན་པོ་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བར་ཆད་ཉེར་བར་འཚེ་བ་ཀུན་ཞི་ནས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་དངོས་གྲུབ་སྩོལ༔ སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བར་ཆད་ཉེར་བར་འཚེ་བ་ཀུན་ཞི་ནས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་དངོས་གྲུབ་སྩོལ༔ དྲིན་ཅན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བར་ཆད་ཉེར་བར་འཚེ་བ་ཀུན་ཞི་ནས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་དངོས་གྲུབ་སྩོལ༔ ད་ཟི་དང་ཆོས་འཕྲིན་ཟུང་གིས་བསྐུལ་ངོར་ག་གཱས་སོ། །

བསམ་པ་མྱུར་འགྲུབ།

བསམ་པ་མྱུར་འགྲུབ་བཞུགས་སོ༔

ཕྱོགས་བཅུའི་དུས་བཞིའི་བདེ་གཤེགས་སྲས་བཅས་དང་༔ གྲུབ་ཆེན་རིག་འཛིན་རྗེ་འབངས་བརྒྱུད་པར་བཅས༔ ཐུགས་རྗེ་གཅིག་བསྡུས་ནམ་མཁའ་འཇིགས་མེད་ཀྱི༔ བྱིན་རླབས་ནུས་མཐུ་བདེན་པའི་སྟོབས་ཤུགས་ཀྱིས༔ གང་ལ་རེ་སྨོན་བསམ་དོན་མ་ལུས་པ༔ འབད་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཀྱང་འགྲོག་འཇིགས་བསྐུལ་ངོར་ག་གཱས་སོ། །

གསོལ་འདེབས་བསམ་པ་ལྷུན་གྲུབ།

གསོལ་འདེབས་བསམ་པ་ལྷུན་གྲུབ་བཞུགས་སོ༔

ན་མོ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་དང་༔ ཁྱད་པར་བསྐལ་བཟང་འདི་ཡི་སངས་རྒྱས་སྟོང་༔ བསྒྲུབ་སྡེ་བཀའ་བརྒྱད་རྒྱུད་སྡེ་བཞི་དྲུག་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་དངོས༔ བརྒྱུད་གསུམ་བླ་མ་གྲུབ་ཐོབ་བརྒྱད་ཅུ་དང་༔ རྒྱན་དྲུག་མཆོག་གཉིས་པཎ་ཆེན་ལྔ་བརྒྱ་ཕྲག༔ གུ་རུ་མཚན་བརྒྱད་སྒྲོལ་མ་ཉི་ཤུ་གཅིག༔ རིག་འདུས་བླ་མའི་ལྷ་ཚོགས་ཐུགས་རྗེ་ཅན༔ བདག་སོགས་སྙིགས་མ་ལྔ་བདོའི་སེམས་ཅན་ཀུན༔ སྤྱོད་ངན་དབང་གིས་སྡུག་བསྔལ་རྒྱུན་ཆད་མེད༔ བསོད་ནམས་དམན་པས་མཐུ་ཆེན་སྐལ་པས་དབེན༔ མི་འདོད་ཉེར་ཚེའི་རླུང་དམར་འཚུབས་པའི་ཚེ༔ སྐྱབས་དང་རེ་ས་གཞན་དུ་མ་མཆིས་པས༔ གདུང་བའི་བུ་ཡིས་མ་ལ་འབོད་པ་བཞིན༔ མཁྱེན་བརྩེ་ནུས་པ་ཕུལ་དུ་ཕྱིན་མཆོག་ལ༔ སྐྱབས་དང་སྐྱོབས་པའི་ཡིད་ཆེས་དད་སྟོབས་ཀྱིས༔ གསོལ་བ་འདེབས་སོ་ཐུགས་རྗེས་བརྩེར་དགོངས་ལ༔ འཇིག་རྟེན་ཁམས་སུ་ནད་མུག་མཚོན་འཁྲུགས་སོགས༔ མི་མཐུན་དུས་ཀྱི་རྒུད་པས་བཅིལ་བ་ཀུན༔ ཞི་ཞིང་བདེ་སྐྱིད་རྫོགས་ལྡན་གསར་བའི་གཟིས༔ དགའ་སྟོན་ཐུན་མོང་དངོས་གྲུབ་ཐེམ་སྐས་ལས༔ ཕྱམ་གཅིག་གདོད་མའི་དབྱིངས་སུ་བྱང་ཆུབ་ཤོག༔

དེ་ལྟར་གསོལ་བ་བཏབ་པ་ཡིས༔ བསམ་པའི་དོན་རྣམས་ལྷུན་གྱིས་གྲུབ༔ འགལ་རྐྱེན་བར་ཆད་དབྱིངས་སུ་ཞི༔ ཅེས་སངས་རྒྱས་བསྐུལ་ངོར་ག་གཱས་སོ། །

བཀའ་བརྒྱུད་པའི་སྐྱེས་མཆོག་རྣམས་ཀྱི་གསོལ་འདེབས་དང་མཁན་ཆེན་ཀུན་བཟང་ཆོས་གྲགས་ཀྱི་གསོལ་འདེབས།

བཀའ་བརྒྱུད་པའི་སྐྱེས་མཆོག་རྣམས་ཀྱི་གསོལ་འདེབས་དང་མཁན་ཆེན་ཀུན་བཟང་ཆོས་གྲགས་ཀྱི་གསོལ་འདེབས།

ཨེ་མ་ཧོ། ཤར་ཟ་ཧོར་ནོར་བུའི་དགོན་པ་ནས། །ཏེ་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །བྱང་པུ་ལ་ཧ་རིའི་དགོན་པ་ནས། །ན་རོ་ཡེ་ཤེས་མཆོག་གྲུབ་ལ་གསོལ་བ་འདེབས། །ལྷོ་གྲོ་བོ་ལུང་གི་དགོན་པ་ནས། །སྒྲ་བསྒྱུར་མར་བ་ལོ་ཙཱ་ལ་གསོལ་བ་འདེབས། །ནུབ་ལ་ཕྱི་གངས་ཀྱི་ར་བ་ནས། །མི་ལ་ཐོས་པ་དགའ་བ་ལ་གསོལ་བ་འདེབས། །ཤར་དྭགས་ལྷ་སྒམ་པོའི་གནས་མཆོག་ནས། །དྭགས་པོ་ཟླ་འོད་གཞོན་ནུ་ལ་གསོལ་བ་འདེབས། །དོན་རང་སེམས་རྟོགས་པའི་ཉམས་རྩལ་རྒྱས། །བཀའ་བརྒྱུད་ཟུང་བཞི་ཡ་བརྒྱད་ལ་གསོལ་བ་འདེབས། །རྗེ་ཁྱེད་རྣམས་དགོངས་ཀློང་འཕོས་ནས་ནི། །བདག་ཚེ་འདིར་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་ཀྱང་ཁྲོམ་ཟ་ལི་ཐར་ངོར་ག་གཱས་སོ། །དགེའོ། །དགེའོ། །དགེའོ། །

མཁན་ཆེན་ཀུན་བཟང་ཆོས་གྲགས་ཀྱི་གསོལ་འདེབས།

མཁན་ཆེན་ཀུན་བཟང་ཆོས་གྲགས་ཀྱི་གསོལ་འདེབས་བཞུགས་སོ། །ཨེ་མ་ཧོ༔ སྔོན་ཚེ་བཅོམ་ལྡན་རྡོ་རྗེ་འཆང་དབང་པོ༔ བཀའ་སྡོད་སྐྱེས་མཆོག་གསང་བའི་བདག་པོ་དང་༔ བོ་དྷི་ས་ཏྭ་དམ་པ་སངས་རྒྱས་ཞབས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ རྗེ་འབངས་དུས་ཕྱིས་དྷ་རུ་ཀ་པར་གྲགས༔ ས་སྐྱ་པཎ་ཆེན་ཁ་རག་བསྒོམ་ཆུང་ཞབས༔ བདེ་གཤེགས་ཆེན་པོ་ཟུར་ཆུང་ཤེས་རབ་གྲགས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དམ་པ་བདེ་གཤེགས་ཉིན་བྱེད་དབང་པོ་དང་༔ ཨོ་རྒྱན་དབང་ཕྱུག་ཡེ་ཤེས་མགོན་པོ་ཞེས༔ རྩ་བའི་བླ་མ་ཀུན་བཟང་ཆོས་ཀྱི་གྲགས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ བརྟན་མཁས་ཡོན་ཏན་བྱེ་བའི་རྒྱན་གྱིས་སྤྲས༔ དམ་པའི་མཛོད་གསུམ་གསང་བའི་ལྡེ་མིག་འཛིན༔ རྟོགས་པའི་འོད་ཀྱིས་གདུལ་བྱ་མཐའ་དག་གསལ༔ བཀའ་དྲིན་གསུལ་ལྡན་ཆེན་པོར་གསོལ་བ་འདེབས༔ བདག་ནི་ཚེ་རབས་སྐྱེ་བའི་ཕྲེང་བ་ཀུན༔ དཔལ་མགོན་བླ་མ་དམ་པའི་ཞབས་དྲུང་དུ༔ མཉེས་པ་གསུམ་གྱི་སྒོ་ནས་ཐུགས་བཟུང་ཏེ༔ མི་འབྲལ་རྩེ་གཅིག་དད་པས་བརྟེན་པར་ཤོག༔ ཅི་མཛད་ཆོས་སུ་མཐོང་བའི་དག་སྣང་གིས༔ སྣང་སྲིད་དཀྱིལ་འཁོར་འཁོར་ལོར་སད་ནས་ཀྱང་༔ སྲིད་ཞི་ཀུན་ཁྱབ་དཔལ་ལྡན་བླ་མའི་ཐུགས༔ མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་མཉམ་གྱུར་ཅིག༔ ཅེས་པ་འདིའང་མཁས་བཙུན་རྟོགས་པའི་དབང་ཕྱུག་ཐུབ་བསྟན་ཆོས་འཕེལ་གྱི་གསུང་བཞིན་གྲོང་སྔགས་རྒན་པོ་ག་གཱ་ཨ་བྷྱེས་གང་ཤར་ཐོལ་བྱུང་དུ་སྨྲས་པའོ། །

སྐུ་གསུམ་རྒྱལ་བ།

ཨེ་མ་ཧོ༔ སྐུ་གསུམ་རྒྱལ་བའི་རང་བཞིན་ཅན། །རྩ་བ་གསུམ་གྱི་ངོ་བོ་ཉིད། །ཡོན་ཏན་རྒྱ་མཚོའི་མཐར་ཐུག་དཔལ། །བླ་མ་རྣམས་ལ་གསོལ་བ་འདེབས། ། ༼ ཞེས་ཁ་བསྒྱུར་ཡང་རུང་ངོ་། ༽།བསྟན་མཁས་བྱེ་བའི་རྒྱན་གྱིས་སྤྲས། །དམ་པའི་མཛོད་གསང་ལྡེ་མིག་འཛིན། །རྟོགས་པས་གདུལ་བྱ་མཐའ་དག་འདྲེན། །ཀུན་བཟང་ཆོས་གྲགས་གསོལ་བ་འདེབས། །ཚེ་རབས་སྐྱེ་བའི་ཕྲེང་བ་ཀུན། ཁྱེད་ཀྱི་རྗེས་སུ་བཟུང་དུ་གསོལ། །ཞེས་ག་གཱས་སོ། །ཨོཾ་ཨཱཿབཛྲ་གུ་རུ་གུ་ཎ་ས་ར་ཧེ་ས་མནྟ་བྷ་དྲ་དྷརྨ་ཀཱིརྟི་སརྦ་སིདྡྷི་ཧཱུྃ།

སྐྱབས་མགོན་འབྲུག་པ་རིན་པོ་ཆེའི་སྐུ་ཕྲེང་གསོལ་འདེབས།

སྐྱབས་མགོན་འབྲུག་པ་རིན་པོ་ཆེའི་སྐུ་ཕྲེང་གསོལ་འདེབས་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ༔

ཁོ་བོ་ཅི་ཡང་ཆ་མེད་པས༔ སྨྲ་རྒྱུན་ཆད་དེ་ཡོད་པའི་སྐབས༔ མཁའ་འགྲོ་ལས་ཀྱི་རྡོ་རྗེ་མ༔ ཡིན་སྐད་བུད་མེད་ཞིག་ན་རེ༔ ཨེ་མ་ཧོ༔ ཡོན་ཏན་རང་བཞིན་ཕུན་ཚོགས་དཀྱིལ་འཁོར་གང་༔ སྐྱོན་གྱིས་མ་གོས་ཉོན་ཤེས་དྲི་མས་དབེན༔ སླད་མཐར་རྒྱུན་ཆད་མེད་པའི་ཐུགས་རྗེའི་སྐུའི༔ འགྲོ་བློའི་མ་རིག་སེལ་ལ་གསོལ་བ་འདེབས༔ བཅོམ་ལྡན་ངོ་བོའི་གནས་ལུགས་ཧེ་རུ་ཀ༔ པདྨ་འབང་ཆེན་ཆགས་མཚོན་ཀེང་རུས་ཅན༔ ཡོད་ལས་རྣམ་ཆར་ཕྱི་ནས་འོད་ཟེར་འཕྲོས༔ གཞི་གནས་ཡེ་ཤེས་སྐུ་ལ་གསོལ་བ་འདེབས༔ སངས་རྒྱས་གནས་སུ་འཁྱིལ་བའི་ཡེ་གེའི་ཕྲེང་༔ བསོད་སྐྱབས་དགེ་བའི་དབང་པོས་འགྲོ་བ་འདུལ༔ དྲང་སྲོང་མཁན་པོ་མདོག་ནག་གསེར་དུ་གྱུར༔ སླར་ཡང་བཅོམ་ལྡན་རབ་རྩལ་ཡེ་ཤེས་ལ༔ བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ཞེས་གྲགས༔ ཤཱཀ་ཐུབ་དྲུང་ན་ཀུན་གྱིས་མཐོང་ཞིང་དགའ༔ རིགས་ཅན་རྒྱལ་པོ་ཙཎྡྲ་གོ་མ་ཡཱ༔ ཛྙཱ་ན་སུ་དྲ་དེ་ལ་གསོལ་བ་འདེབས༔ འཇའ་ལུས་རིག་འཛིན་ཚུལ་བཞུགས་བི་མ་ལ༔ འཕགས་པ་འཇམ་དཔལ་དངོས་སྣང་ཁྲི་སྲོང་རྗེ༔ ལོ་ཙཱ་ཀུན་མཆོག་རྨ་བན་རིན་ཆེན་ཞབས༔ ལྷ་ལུང་རྡོ་རྗེ་དཔལ་ལ་གསོལ་བ་འདེབས༔ མངའ་བདག་སྤྲུལ་བ་ཉང་གཏེར་ཉི་མ་འོད༔ ས་སྐྱའི་ཆོས་གྲྭར་ཀུན་དགའ་རྒྱལ་མཚན་ཞབས༔ འབྲུག་པ་ཀུན་མཁྱེན་གྲུབ་ཐོབ་ཁྲོ་ཐུང་རྒྱལ༔ རིག་འཛིན་ཆོས་ཀྱི་གྲགས་པ་ལ་གསོལ་བ་འདེབས༔ དེ་ལས་ཀཿཐོག་དམ་གཙང་བྱམས་གསུམ་ཞེས༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སོ་སོར་བཀོད༔ མཁའ་འགྲོའི་གསང་མཛོད་གཏེར་བདག་ག་ཏི་པ༔ འཇིག་རྟེན་དབང་ཕྱུག་དངོས་སྤྲུལ་ལ་གསོལ་བ་འདེབས༔ དེ་གསུང་ཚད་མེད་འགྲོ་བའི་དཔལ་མགོན་དུ༔ ཧེ་རུ་ཀ་དཔལ་ཡེ་ཤེས་མཆོག་གྲུབ་པ༔ རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེ་ལ༔ བཀའ་དྲིན་ཡོན་ཏན་དྲན་པས་གསོལ་བ་འདེབས༔ བདེན་གཉིས་ཆོས་ཚུལ་རྟོགས་པའི་སྣང་བའི་སྒོ༔ ཀུན་ཀྱང་རྟོན་པ་བཞི་ལྡན་དྲང་སྲོང་གི༔ ཐབས་མཁས་རྣམ་རོལ་དཀྲི་དྲངས་ཀྱི་འཆོས་ནས༔ སྙིང་པོ་མཆོག་ཏུ་སྦྱོར་ལ་གསོལ་བ་འདེབས༔ གང་ཐུགས་གཉུག་མ་བྱང་ཆུབ་མངོན་གྱུར་བའི༔ འཕོ་མེད་བདེ་ཆེན་དོན་གྱི་ཏི་ལ་ཀ༔ གཏུམ་མོ་མཆོག་གིས་ཁམས་གསུམ་བཟའ་ལ་རྔམ༔ ཤེས་རབ་བླ་མར་འཕོས་ལ་གསོལ་བ་འདེབས༔ ཕྱི་མའི་དུས་ན་རྡོ་རྗེ་དབང་ཕྱུག་རྩལ༔ མཚན་ཉིད་བསྟན་པ་འདེགས་བཟོད་འོད་ཟེར་མཚན༔ ཁམས་དང་བོད་ཆེན་པོ་རུ་ལྔ་ཕྲག་གིས༔ ཕྲིན་ལས་སྣ་ཚོགས་མཛད་ལ་གསོལ་བ་འདེབས༔ ནམ་ཞིག་རིགས་ལྡན་རྡོ་རྗེ་རྣམ་པར་རྒྱལ༔ བསྐལ་བཟང་སངས་རྒྱས་ཡོན་ཏན་འོད་དཔལ་གྱི༔ བསྟན་པ་རེ་ལ་སྤྲུལ་པ་སྟོང་ཕྲག་སྙེད༔ སྟོན་མཁས་སྤྲེ་བསྒོམ་མཆོག་ལ་གསོལ་བ་འདེབས༔ སླར་ཡང་ཀུ་ཤའི་གླིང་དུ་གསར་ཆགས་དུས༔ བྱང་ཕྱོགས་རྔམས་གླིང་སྲིན་པོ་གདོང་བརྒྱ་བ༔ སྟག་གི་ལུས་སྤྲུལ་ཟ་བྱེད་འདྲེར་སྙེམས་ངག༔ སྟོན་པས་འགྲོ་བ་འདུལ་བ་གསོལ་བ་འདེབས༔ མཁའ་འགྲོའི་ཡུལ་དུ་རྣལ་འབྱོར་རལ་བ་ཅན༔ མ་འོངས་སྲིད་པ་མཐའ་ལ་ཐུག་གི་བར༔ བྱེ་བ་ཁྲག་ཁྲིག་འགྲོ་བའི་སྒྲོན་མར་ཤར༔ བླ་མ་དམ་པ་དེ་ལ་ཕྱག་འཚལ་ལོ༔ དེ་སྐད་གསོལ་བ་བཏབ་པའི་དགེ་མཚན་གྱིས༔ སྐྱེ་ཞིང་སྐྱེ་བར་བླ་མ་མཆོག་ཁྱོད་དང་༔ མི་འབྲལ་རྡོ་རྗེ་གསུམ་གྱི་སྣང་བ་ཡིས༔ དབུགས་དབྱུངས་སྲིད་པའི་རྒྱ་མཚོའི་མཐར་བརྒལ་ཏེ༔ རང་དོན་ཕུན་སུམ་ཚོགས་པའི་འོག་མིན་ན༔ དགྱེས་དགུར་རོལ་བའི་འགྲོ་མགོན་རྡོ་རྗེ་འཆང་༔ རིགས་ཀྱི་བདག་པོ་བླ་མ་མཆོག་ཁྱོད་དང་༔ དབྱེར་མེད་རོ་གཅིག་དགོངས་ཀློང་མངོན་གྱུར་ཤོག༔ ཅེས་ཀྱང་པྲཛྙཱའི་མིང་གི་གསུངས་པའི་ལན་ནོ། །ཅེས་ཟེར་ཡལ། ཁྲག་འཐུང་ག་གཱ་ཨ་བྷྱེས་སོ། །

བླ་མ་རིན་པོ་ཆེ་ཤེར་དགའི་སྐུ་ཕྲེང་གསོལ་འདེབས།

བླ་མ་རིན་པོ་ཆེ་ཤེར་དགའི་སྐུ་ཕྲེང་གསོལ་འདེབས་མན་དྷ་རཱ་བའི་ཆུན་འཕྱང་བཞུགས་སོ༔

ཨེ་མ་ཧོ༔ རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི༔ དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི༔ བརྩེ་བའི་ཡེ་ཤེས་སྙིང་རྗེ་ཆེན་པོའི་དཔྱིད༔ འགྲོ་བའི་དཔལ་དུ་ཤར་ལ་གསོལ་བ་འདེབས༔ གང་སྔོན་གྲངས་མེད་གོང་ནས་བྱང་ཆུབ་ཀྱང་༔ ཐུགས་རྗེ་ཆེན་པོའི་སེམས་ཅན་དོན་ཕྱིར་དུ༔ འགོག་པ་མེད་པར་སྣ་ཚོགས་སྤྲུལ་བར་ཤར༔ ཕྲིན་ལས་རྟག་ཁྱབ་མཆོག་ལ་གསོལ་བ་འདེབས༔ སྤྱིར་ན་བློ་མཚོའི་ཕ་མཐས་མི་དཔོག་ཀྱང་༔ ཡང་དགོས་གངས་ཅན་ཁམས་ཀྱི་དེང་གི་བསྟན༔ གསལ་མཛད་མཁས་གྲུབ་མནྡྷ་རཱ་བའི་ཕྲེང་༔ མངོན་སུམ་སྟོན་པ་དེ་ལ་གསོལ་བ་འདེབས༔ བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་དཀར༔ དེ་བཞིན་གཤེགས་པ་སྟོབས་ཀྱི་སྟོབས་ཆེན་པོ༔ ཉན་ཐོས་ཚུལ་བཟུང་བློ་གྲོས་རྣམ་དག་དང་༔ རང་རྒྱལ་འདྲེན་བྱེད་དབང་པོ་ལ་གསོལ་བ་འདེབས༔ ཤཱཀྱ་ཐུབ་པའི་དུས་སུ་གཅུང་མཛེས་དགའ༔ ཟ་ཧོར་ཡུལ་དུ་རྒྱལ་པོ་གཙུག་ལག་འཛིན༔ མན་དྷེ་བཟང་མོ་སྲུང་བཙན་སྒམ་པོ་སྟེ༔ བྱང་ཆུབ་སེམས་མཆོག་འབྱོངས་ལ་གསོལ་བ་འདེབས༔ ལེགས་གྲུབ་གཡུ་སྒྲ་རྒྱལ་སྲས་ལྷ་རྗེའི་ཞབས༔ གཏེར་སྟོན་ཆེན་པོ་ཡར་རྗེ་ཨོ་རྒྱན་གླིང་༔ དེ་ལས་བརྒྱུད་དེ་རིམ་པར་སྐུར་བྱོན་ནས༔ སྨར་གྱི་ཡུལ་དུ་འཇམ་དཔལ་རྡོ་རྗེ་དང་༔ རྒྱལ་བའི་མྱུ་གུ་ཆེ་ལ་གསོལ་བ་འདེབས༔ དེ་ལས་དགུ་ཕྲག་ལྔ་རུ་རབ་བརྫུས་ནས༔ འོད་གསལ་སྙིང་པོའི་བསྟན་པ་སྤེལ་མཛད་སླད༔ སྔ་ཕྱི་ཕྲེང་བ་བཞི་རུ་མཚན་གཅིག་ཐོབ༔ བཤད་སྒྲུབ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས༔ དེ་ལས་ཟློས་གར་རིག་འཛིན་འཆི་མེད་རྩལ༔ ཤམ་བྷ་ལ་རུ་དྲག་པོ་ཁྲོས་པའི་གཟུགས༔ མ་འོངས་དུས་ན་སངས་རྒྱས་བློ་དབང་སོགས༔ རྣམ་པར་སྟོན་པ་དེ་ལ་གསོལ་བ་འདེབས༔ སྐྱེ་ཞིང་སྐྱེ་བའི་ཚེ་བརྒྱུད་ཀུན་ཏུ་ཡང་༔ བདག་ནི་ཁྱོད་ཞབས་པདྨོ་ཟིན་ནས་སུ༔ དག་སྣང་མོས་གུས་འཛིན་མའི་ཁྱོན་ཡངས་པར༔ ཐུགས་རྒྱུད་རྟོགས་པའི་འབྲས་བུ་བཟང་སྨིན་ཤོག༔ དཔལ་ལྡན་བླ་མའི་ཕྲིན་ལས་དཔལ་གྱུར་ནས༔ ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་སྤྲུགས་ཤིང་༔ ཕྱག་གཅིག་ཆོས་སྐུ་འཁོར་འདས་སྤྱི་གཟུགས་ཏུ༔ དབྱེར་མེད་རྣམ་འདྲེས་གྲོལ་བ་མངོན་གྱུར་ཤོག༔ དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་དང་༔ ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང་༔ ཆོས་ཅན་རྟེན་འབྲེལ་སྨོན་ལམ་ཟབ་མོའི་མཐུས༔ གེགས་མེད་སྨོན་བཞིན་ལྷུན་གྱིས་གྲུབ་གྱུར་ཅིག༔

ཅེས་ཀྱང་བླ་མ་དམ་པ་ཐེག་མཆོག་གི་བཀའ་གསུང་རྡོ་རྗེའི་ཅོད་པཎ་སྤྱི་བོར་ཕེབས་པས་ག་གཱ་པས་ཐུགས་དམ་སྐོངས་བའི་མཆོད་པར་དམིགས་ནས་ཕུལ་ལོ། །

ཡོན་ཏན་རྒྱ་མཚོའི་སྐུ་ཕྲེང་གསོལ་འདེབས།

ཡོན་ཏན་རྒྱ་མཚོའི་སྐུ་ཕྲེང་གསོལ་འདེབས་བཞུགས་སོ༔

ཨེ་མ་ཧོ༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཡི༔ རང་སྣང་རང་བཞིན་མེད་པར་རྟོགས་པ་ནས༔ མངའ་དབང་རྫོགས་པའི་གངས་ཆེན་རིགས་ལྔ་བཀོད༔ ཐུགས་ཀྱི་སེམས་དཔའ་ཕྱག་ན་རྡོ་རྗེ་འཛིན༔ གསང་སྔགས་རིགས་སྔགས་ཀུན་གྱི་མཛོད་ལ་དབང་༔ བདེ་བ་ཅན་དུ་བརྟན་པའི་རྡོ་རྗེ་དང་༔ རྣམ་གཟིགས་དྲུང་དུ་ཞི་བའི་དབང་ཕྱུག་གྲགས༔ དགེ་སློང་ཀུན་དགའ་བོ་ལ་གསོལ་བ་འདེབས༔ གསང་སྔགས་དབང་ཐོབ་ཀུ་ཀུ་ར་ཛ་པ༔ རྒྱལ་པོའི་སྲས་མོ་གོ་མ་ས་ལ་དང་༔ རིགས་ལྡན་རྒྱལ་པོ་འཇམ་དཔལ་གྲགས་པ་ལ༔ གསོལ་བ་འདེབས་སོ་ཐུགས་ཡིད་གཅིག་འདྲེས་ཤོག༔ ལེགས་ལྡན་འབྱེད་དང་བུདྡྷ་གུ་ཧྱའི་ཞབས༔ མཁན་ཆེན་པདྨའི་ལུང་བསྟན་བེ་རོ་ཙ༔ དུས་མཚོན་རིན་ཆེན་མཆོག་དང་བཅས་པ་ལ༔ གསོལ་བ་འདེབས་སོ་ཐུགས་ཡིད་གཅིག་འདྲེས་ཤོག༔ སངས་རྒྱས་ཡེ་ཤེས་ཡོན་ཏན་རྒྱ་མཚོའི་དཔལ༔ ཤཱཀྱ་འབྱུང་གནས་གྲུབ་ཐོབ་ཨོ་རྒྱན་པ༔ དམ་པ་རྒྱ་གར་ཟླ་འོད་གཞོན་ནུ་ལ༔ གསོལ་བ་འདེབས་སོ་ཐུགས་ཡིད་གཅིག་འདྲེས་ཤོག༔ ཁྱད་པར་སྙིགས་དུས་བསྟན་པ་འཛིན་པའི་མཆོག༔ སྤྲུལ་པའི་ལོ་ཆེན་དྷརྨ་ཤྲཱི་ཞེས༔ སྲིད་པ་ཐ་མའི་ཚུལ་བཟུང་དེང་འདིར་གསལ༔ གསོལ་བ་འདེབས་སོ་ཐུགས་ཡིད་གཅིག་འདྲེས་ཤོག༔ སྡེ་སྣོད་གསུམ་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས༔ བསླབས་གསུམ་ཡོ༵ན་ཏན༵་ཕུན་སུམ་ཚོགས་པར་ལྡན༔ འགྲོ་ཁམས་རྒྱ༵་མཚོ༵་དོང་སྤྲུགས་ཕྲིན་ལས་ཅན༔ གསོལ་བ་འདེབས་སོ་ཐུགས་ཡིད་གཅིག་འདྲེས་ཤོག༔ ཕྱི་མའི་སྲིད་པར་གཟུགས་སྐུའི་བཀོད་པ་བརྒྱའི༔ མཆོག་གི་ཚུལ་དུ་གྲགས་པ་བློ་གྲོས་ཞེས༔ བཀའ་གཏེར་ཟུང་འཇུག་བསྟན་པའི་དཔྱིད་དུ་ཤར༔ གསོལ་བ་འདེབས་སོ་ཐུགས་ཡིད་གཅིག་འདྲེས་ཤོག༔ ནམ་ཞིག་དུས་ན་སངས་རྒྱས་སོ་བདུན་པ༔ གཞན་པོའི་ཞིང་ན་ཤེས་རབ་བླ་མ་ཞེས༔ འོད་ཟེར་གྲགས་ལྡན་རྫུ་འཕྲུལ་བློ་གྲོས་འཕེལ༔ སྟེང་ཕྱོགས་གདུགས་ཟླ་མེད་ལ་ཀུན་ནས་སྐྱོབས༔ གསོལ་བ་འདེབས་སོ་ཐུགས་ཡིད་གཅིག་འདྲེས་ཤོག༔ ཕ་རོལ་ཕྱིན་དབང་སྐུ་གདུང་རབ་ཏུ་འཕེལ༔ བཀྲ་ཤིས་རྒྱལ་བ་འོད་ཟེར་ཀུན་ནས་བརྩེགས༔ ཡོན་ཏན་རྒྱ་མཚོའི་དབང་ཕྱུག་དམྱལ་མེད་གཟིར༔ གསོལ་བ་འདེབས་སོ་ཐུགས་ཡིད་གཅིག་འདྲེས་ཤོག༔ ཨེ་མ་ཁྱོད་ནི་སྨོན་ལམ་རྒྱ་ཆེ་བས༔ མཛད་པའི་ཕ་མཐའ་གཟུང་དུ་མ་མཆིས་ཀྱང་༔ ཅུང་ཟད་ཙམ་དུ་དྲན་པས་ཡིད་རང་ཀྱིས༔ གསོལ་༴ བྱིན་བརླབས་དབང་གི་ཆུ་བོ་བཞི་ལྡན་པས༔ སྒྲིབ་པ་བཞི་སྦྱངས་གནས་སྐབས་རིག་འཛིན་དང་༔ མཐར་ཐུག་སྐུ་བཞིའི་ས་བོན་སྨིན་བྱས་ནས༔ རང་གཞན་དོན་ནི་ལྷུན་གྱིས་འགྲུབ་པར་ཤོག༔ སྣང་སྟོང་སྐུ་ཡི་བཀོད་པ་མིག་མཁར་སིམ༔ གྲག་སྟོང་གསུང་གི་ལེགས་བཤད་རྣ་བར་སོན༔ རིག་སྟོང་ཐུགས་ཀྱིས་དགོངས་བརྒྱུད་སྙིང་ལ་འཕོས༔ སྒོ་གསུམ་རྡོ་རྗེའི་གྲོང་དུ་འཇུག་པར་ཤོག༔ དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ༔ སྐད་ཅིག་འབྲལ་བ་མེད་པར་རྗེས་བཟུང་ནས༔ ཐུགས་བརྩེ་བྱམས་པའི་ཆོས་མཛོད་སྒོ་ཕྱེས་ཏེ༔ བློ་གྲོས་སྣང་བ་རབ་ཏུ་སྤེལ་བར་མཛོད༔ མཐར་ནི་རང་སྣང་སྐུ་ལྟར་ཤར་བའི་སྒོ༔ ཕྱེད་སྦྲུལ་ཡུལ་ཀྱི་སྤྲོས་པའང་རབ་ཞི་ཞིང་༔ ཀུན་ཏུ་རྡོ་རྗེ་འདུ་འབྲལ་མ་མཆིས་པའི༔ ཡེ་ཤེས་བླ་མ་དེ་རུ་མཉམ་གྱུར་གཅིག༔ ཅེས་ཀྱང་གནས་བརྟན་དོན་གྱི་དགེ་སློང་འགྱུར་མེད་རྣམ་པར་རྒྱལ་བའི་བཀའ་མ་ལྡོག་པར་རེ་འགའ་གཏེར་དུ་བྱུང་༔ རེ་འགའ་བརྡའ་ཆད་ཀྱང་བློ་བཟོས་མཐུད་དེ་བྲིས་པ་དགེ་བར་གྱུར་ཅིག༔ ཅེས་ཀྱང་ག་གས་སོ༔

ཨོ་རྒྱན་ཐེག་མཆོག་རྡོ་རྗེའི་སྐུ་ཕྲེང་གསོལ་འདེབས།

བླ་མ་རིན་པོ་ཆེ་ཨོ་རྒྱན་ཐེག་མཆོག་རྡོ་རྗེའི་སྐུ་ཕྲེང་གསོལ་འདེབས་ཡིད་བཞིན་ཕྲེང་བ་བཞུགས་སོ། །

ཨེ་མ་ཧོ། སྔོན་ཚེ་རྗེ་བཙུན་འཇམ་དཔལ་ནག་པོ་དང་། །བར་དུ་ཀྲི་ཀའི་སྲས་མཆོག་ལྷུན་རྡོར་བ། །ཐ་མ་གཉེན་གཏེར་ཉི་མ་སྦས་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲུབ་པའི་དབང་ཕྱུག་ཁམ་བུ་ཡ་ལེ་བ། །གྲུབ་བརྙེས་འཇིགས་མེད་རྡོ་རྗེ་ལྷུན་གྲུབ་པ། །རྫོགས་ཆེན་བཀའ་བབས་མེ་ལོང་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དཔའ་བོ་ཆེན་པོ་ཁྲོ་ཚ་དམར་ལེབ་ཞབས། །རྒྱ་གར་གྲུབ་དབང་ལྭ་བ་བ་ཞེས་གྲགས། །འདིར་སྔོན་སྦས་ཚུལ་སངས་རྒྱས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བཀའ་དྲིན་གསུམ་ལྡན་ཨོ་རྒྱན་ཐེག་མཆོག་རྩལ། །ཕྱི་མའི་དུས་སུ་རྡོ་རྗེ་མཆོག་གྲུབ་པ། །གཞན་ཡང་སངས་རྒྱས་སྟོང་གི་བསྟན་པ་ལ། །སྤྲུལ་པའི་རོལ་བ་བརྒྱ་ཕྲག་བཅུ་རེ་སྟོན། །མོས་པའི་གཅུང་གྱུར་འོད་ཟེར་རྒྱལ་བ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྣང་སྲིད་རྣམ་དག་དཀྱིལ་འཁོར་འཁོར་ལོར་སྨིན། །སེམས་ཉིད་རྣམ་དག་ཕྱག་རྒྱ་ཆེན་པོ་དག །སྐུ་གསུམ་འབྲས་བུ་གཞི་ལ་རྫོགས་པ་ཆེའི། །རང་ཞལ་མངོན་མཐོང་སངས་རྒྱས་འགྲུབ་ནས་ཀྱང་། །བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་རུ། །བླ་མའི་ཐུགས་རྗེའི་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་ཀྱང་འགྱུར་མེད་འོད་གསལ་གྱི་བསྐུལ་ངོར་ག་གཱས་སོ། །ཨེ་མ་ཧོ༔ སྔོན་ཚེ་རྒྱ་གར་གྲུབ་ཆེན་དྲིལ་བུ་བ༔ བར་དུ་ནམ་མཁའ་འཇིགས་མེད་ཆོས་བདག་མཆོག༔ ཐ་མ་རྫོགས་ཆེན་སྦས་པའི་རྣལ་འབྱོར་བ༔ པདྨ་མ་ཏིའི་ཞབས་ལ་གསོལ་བ་འདེབས༔ ཕྱུག་དྷིས་ངོར་ག་གཱས་སོ། །པ༵དྨ༵ཀ་རའི་རང་ལུགས་བཤད་སྒྲུབ་ཀྱིས༔ བསྟན་པ་སྐྱོངས་ཞིང་ཐེ༵ག་པ་མཆོ༵ག་གི་གསང་༔ འོད་གསལ་རྫོགས་ཆེན་ལམ་ནས་ཟུང་འཇུག་གྲུབ༔ བླ་མ་དམ་པའི་ཞབས་ལ་གསོལ་བ་འདེབས༔ ག་གཱས་སོ། །

འཆི་མེད་མགོན་པོའི་གསོལ་འདེབས་སྔགས་ཚིག་སྤེལ་མ།

འཆི་མེད་མགོན་པོའི་གསོལ་འདེབས་སྔགས་ཚིག་སྤེལ་མ་ནི༔

ཨེ་མ་ཧོ༔ སངས་རྒྱས་ཀུན་གྱི་གསུང་གི་སྤྱི་གཟུགས་མཆོག༔ འགགས་པ་མེད་པ་རྡོ་རྗེའི་ན་དཱ་ཉིད༔ སོར་རྟོགས་ཡེ་ཤེས་པདྨ་ཚེ་དཔག་མེད༔ གཟུགས་སྐུར་བཞེངས་ལས་དགོས་འབྲས་མངོན་སུམ་སྟོན༔ སེམས་ཅན་འདི་ལ་འཆི་མེད་ཚེ་དབང་བསྐུར༔ ཚེ་འཕྲང་བར་ཆད་གཡུལ་ལས་རྒྱལ་བར་མཛོད༔ འགྲོ་འདུལ་སྤྲུལ་སྐུ་པདྨ་འབྱུང་གནས་དང་༔ འཇའ་ལུས་མཆོག་བརྙེས་བི་མ་ལ་མི་དྲ༔ བྷོ་དྷི་ས་ཏྭ་དམ་པ་སངས་རྒྱས་ཞབས༔ གྲུབ་པའི་དབང་པོ་ཐང་སྟོང་རྒྱལ་པོ་ཡིས༔ འཆི་མེད་རྡོ་རྗེ་གྲུབ་པའི་བྱིན་རླབས་དང་༔ རང་བཞིན་འགྱུར་བ་མེད་པའི་བདེན་དོན་གྱིས༔ སེམས་ཅན་འདི་ལ་འཆི་མེད་ཚེ་དབང་བསྐུར༔ ཚེ་འཕྲང་བར་ཆད་གཡུལ་ལས་རྒྱལ་བར་མཛོད༔ ཁྱེད་རྣམས་སྔོན་ནས་མངོན་པར་བྱང་ཆུབ་དུ༔ སྣང་མེད་ཆོས་ཀྱི་སྐུ་ལ་མཉམ་ཉིད་ཀྱང་༔ ཐུགས་རྗེའི་གདུལ་ཐབས་རྒྱུན་ཆད་མ་གྱུར་བ༔ རྣལ་འབྱོར་གདུང་ཤུགས་གུས་པས་དགོངས་རྒྱུད་བསྐུལ༔ ཐུགས་བསྐྱེད་བར་མ་དོ་རུ་རག་མ་ལུས༔ དུས་ལས་མི་འདའ་བདག་ལ་ཉེར་དགོངས་ནས༔ སེམས་ཅན་འདི་ལ་འཆི་མེད་ཚེ་དབང་བསྐུར༔ ཚེ་འཕྲང་བར་ཆད་གཡུལ་ལས་རྒྱལ་ནས་ཀྱང་༔ གནས་སྐབས་ལོ་བརྒྱ་ཐུབ་པའི་ཚེ་དཔལ་བརྙེས༔ མཐར་ཐུག་འཆི་མེད་གཉུག་མ་ལྷན་ཅིག་སྐྱེས༔ ཡེ་ཤེས་ཆོས་སྐུ་མགོན་པོ་ཁྱེད་རྣམས་ཀྱིས༔ གོ་འཕང་མཆོག་ཐོབ་མཐའ་ཡས་འགྲོ་བ་ཀུན༔ སྡུག་བསྔལ་བདེན་པའི་གནས་ལས་དབུགས་འབྱུང་བའི༔ ཐུགས་བསྐྱེད་ནུས་སྟོབས་ལྷུན་གྱིས་གྲུབ་གྱུར་ཅིག༔ ཨོཾ་གུ་རུ་ཛྙཱ་ན་ཨཱ་ཡུར་པ་རཱི་མི་ཏ་པདྨ་ཀ་རཱ་སརྦ་མ་ཧཱ་ཀཱ་རི་ཎི་ཀ་ཨ་ཡུར་སརྦ་སིདྡྷི་ཕ་ལ་བྷཱུཾ་བྷྲཱུཾ་ཧཱུྃ་ནྲ་ཛཿསྭཱ་ཧཱ༔ ཅེས་བརྗོད་རྟག་ཏུ་གསོལ་འདེབས་བཟླས༔ གང་ཞིག་ཚེ་ཟད་འཆི་བ་ལ༔ ཞག་གཅིག་པ་ལ་བསླེབས་པ་ཡང་༔ ལོ་བརྒྱ་ཐུབ་པར་གདོད་མི་ཟས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་ཅེས་པ་འདི་ཡང་མཆོད་དཔོན་ཚེ་ལིའི་བསྐུལ་ངོར་ག་གཱ་ཨ་བྷྱེ་ནས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །

བསང་གི་རྡོ་མཁར་གསོལ་འདེབས

བསང་གི་རྡོ་མཁར་གསོལ་འདེབས་བཞུགས་སོ། །

ན་མོ། ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོའི་ཡེ་ཤེས་སྐུ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་བྱང་ཆུབ་སེམས། །སྒྱུ་འཕྲུལ་དྲྭ་བའི་ཚུལ་གྱིས་གར་མཛད་པ། །རྡོ་མཁར་ཆོས་ཀྱི་ཕུང་པོར་གསོལ་བ་འདེབས། །ངོ་བོ་ཀ་དག་སྤྲོས་པའི་མཚན་མས་དབེན། །རང་བཞིན་སྣང་ཚུལ་མ་འགགས་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཅིར་ཡང་འགྲོ་བའི་དཔྱིད་དུ་ཤར། །རྡོ་མཁར་ཆོས་ཀྱི་ཕུང་པོར་གསོལ་བ་འདེབས། །མི་ཤིགས་དྭངས་མ་གསུམ་གྱི་གཟི་བྱིན་ལས། །མི་སྐྱེ་མི་འགགས་ན་དཱའི་རོལ་མོ་ཉིད། །གཞི་ལམ་འབྲས་བུ་ཨེ་ཝཾ་དབྱེར་མེད་པ། །རྡོ་མཁར་ཆོས་ཀྱི་ཕུང་པོར་གསོལ་བ་འདེབས། །དབྱིབས་སྔགས་ཆོས་ཀྱི་འབྲས་བུར་བྱང་ཆུབ་པའི། །རང་ཆས་ལྷུན་གྲུབ་གདོད་མའི་མགོན་པོའི་ཞལ། །རང་སྣང་དག་པའི་ངོ་ཁར་མངོན་སྣང་བ། །རྡོ་མཁར་ཆོས་ཀྱི་ཕུང་པོར་གསོལ་བ་འདེབས། །ཡི་གེ་སྐུ་ཡི་ངོ་བོར་སངས་རྒྱས་པའི། །བརྡར་གྱུར་གསུང་གི་འཁོར་ལོར་རབ་འབྱམས་སྤྲིན། །ཆོས་ཉིད་མཉམ་པ་ཆེན་པོའི་ཐུགས་ལ་གནས། །རྡོ་མཁར་ཆོས་ཀྱི་ཕུང་པོར་གསོལ་བ་འདེབས། །རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་གཅིག་བདག །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་སྒོ། །གསང་སྔགས་རིགས་སྔགས་གཟུངས་སྔགས་ཀུན་ཀྱི་དངོས། །རྡོ་མཁར་ཆོས་ཀྱི་ཕུང་པོར་གསོལ་བ་འདེབས། །དབྱིངས་དང་ཡེ་ཤེས་དབྱེར་མེད་བྱིན་རླབས་ལས། །འགྲོ་བའི་བླ་མར་ཆས་པ་ཁྱོད་ཉིད་དེ། །ཕྲིན་ལས་ཆེན་པོའི་མངའ་དབང་བསྒྱུར་བ་པོ། །རྡོ་མཁར་ཆོས་ཀྱི་ཕུང་པོར་གསོལ་བ་འདེབས། ། སྐུ་ནི་མི་འགྱུར་འཇིག་རྟེན་གསུམ་གྱི་མགོན། །གསུང་ནི་མི་འགགས་སྒྲ་སྣང་སྒྲ་གྲགས་སྟོང་། །ཐུགས་ནི་མི་གཡོ་ཆོས་ཉིད་འཁོར་ལོར་རོལ། །རྡོ་མཁར་ཆོས་ཀྱི་ཕུང་པོར་གསོལ་བ་འདེབས། །མཐོང་ཐོས་དྲན་རེག་འདྲེན་པའི་དེད་དཔོན་མཆོག །མཆོག་དམན་ཀུན་ལ་སྣང་བའི་མཛད་པ་དང་། །ཉེ་རིང་ཆགས་སྡང་མེད་པའི་བྱམས་ཐུགས་ལྡན། །རྡོ་མཁར་ཆོས་ཀྱི་ཕུང་པོར་གསོལ་བ་འདེབས། །དེ་ལྟར་ཁོ་ན་ཉིད་དང་དོན་དམ་པའི། །རྟག་རྒྱུན་རང་བཞིན་ཤུགས་ལྡན་ཐུགས་རྗེ་ལ། །ལུས་ངག་ཡིད་ཀྱི་མཉམ་བཞག་བསྟི་སྟངས་ཀྱིས། །གསོལ་བ་འདེབས་སོ་ཐུགས་རྗེས་རྗེས་དགོངས་ལ། །སྲིད་གནས་འགྲོ་ཁམས་མ་སྟོང་དེ་སྲིད་དུ། །གདུལ་ཐབས་རྒྱུན་ཆད་གྱུར་བ་རིག་མིན་པས། །ཐུན་མོང་མཆོག་གི་དངོས་གྲུབ་བླ་ན་མེད། །འཇོ་བའི་དབང་གི་རྒྱལ་པོར་ཁྱོད་གཅིག་བརྟེན། །སྐུ་ཡི་བཀོད་པ་མིག་གི་ཡུལ་དུ་སིམ། །གསུང་གི་བརྡའ་རྟགས་གཟུངས་ཀྱི་སྒོ་བཞིར་སོན། །ཐུགས་ཀྱི་དགོངས་རྒྱུད་སྙིང་གི་དཀྱིལ་དུ་འཕོས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་གནས་ཐོབ་ཤོག །འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་དང་། །ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་མེད་དང་། །རྣམ་དག་ལྷག་བསམ་དག་པའི་རྒྱུད་འབྲེལ་བས། །གེགས་མེད་སྨོན་དོན་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་རྣལ་འབྱོར་སངས་ཁོ་ནས་བསྐུལ་བའི་ངོར་ག་གཱས་སོ། །

སྔོན་འགྲོའི་ངག་འདོན་བསྡུས་པ་བྱང་ཆུབ་ལམ་སྒྲོན།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ སྔོན་འགྲོའི་ངག་འདོན་བསྡུས་པ་བྱང་ཆུབ་ལམ་སྒྲོན་བཞུགས་སོ༔

སྔོན་དུ་འགྲོ་བའི་ཆོས་བཅུ་ལས༔ ཀྱཻ༔ སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ༔ ཐུགས་རྗེའི་བརྩེར་དགོངས་བདག་རྒྱུད་བྱིན་གྱིས་རློབས༔ རྙེད་དཀའི་དལ་འབྱོར་རིན་ཆེན་ཐོབ་དུས་འདིར༔ མི་རྟག་འཆི་བ་རྒྱུད་ལ་སྐྱེ་བ་དང་༔ འཁོར་བའི་གནས་ལ་བདེ་བ་མེད་ཤེས་ཏེ༔ བདེ་སྡུག་རྒྱུ་ལ་སྤངས་བླངས་མ་འཛོལ་བར༔ ཀུན་ཀྱང་ཐར་བ་ཆ་མཐུན་དོན་དུ་གཞོལ༔ ཡང་དག་སངས་རྒྱས་གོ་འཕང་ཐོབ་པར་ཤོག༔ ཀྱཻ༔ བླ་མ་དཀོན་མཆོག་རང་སེམས་འབྲས་བུ་ཡི༔ ངོ་བོ་སེམས་ཅན་ཀུན་གྱིས་མངོན་གྱུར་བྱ༔ སྐྱབས་མཆོག་རང་ལ་ཡོད་པའི་བདེན་སྟོབས་ཀྱི༔ ད་ལྟ་ཉིད་ནས་སེམས་བསྐྱེད་མཐར་ཐུག་ཤོག༔ ཨེ་མ༔ དྲི་མེད་དེ་བཞིན་ཉིད་ནི་གཟུགས་ཀྱི་སྐུ༔ རྡོ་རྗེ་སེམས་དཔའ་སྤྱི་བོའི་གཙུག་ཏུ་བསྒོམ༔ སྡིག་ལྟུང་མི་དགེ་འགྱོད་སྡོམ་དྲག་པོའི་ངང་༔ རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བཤགས༔ སྐུ་ལས་བདུད་རྩིའི་རྒྱུན་དཀར་བབས་པ་ཡི༔ འཁོར་འདས་རྡོ་རྗེ་སེམས་དཔའི་གོ་རུ་བཀོད༔ ཨོཾ་བཛྲ་ས་ཏྭ་ཧཱུྃ༔ སེམས་དཔའ་འོད་ཞུ་རྩ་བའི་བླ་མར་གྱུར༔ བྱིན་རླབས་དབང་བསྒྱུར་རྗེ་བཙུན་ཐུགས་རྗེའི་གཏེར༔ ཕྱི་ནང་གསང་བ་ཡང་གསང་མཎྜལ་དང་༔ རྣམ་དག་བདུན་གྱི་བདག་དོན་ཚོགས་ཞིང་མཛོད༔ ཁྱོད་ནི་དུས་གསུམ་སངས་རྒྱས་བླ་མའི་གར༔ སྐད་ཅིག་ལས་ལ་མ་ལྟོས་འདྲེན་སྟོན་མཛོད༔ སིདྡྷི་ཅི་མང་གིས་ཐུགས་དམ་བསྐུལ༔ གནས་གསུམ་འོད་ཟེར་འབྲུ་གསུམ་རྣམ་ཅན་གྱི༔ སྒོ་གསུམ་ལ་ཐིམ་སླར་ནི་དབྱེར་མེད་གྱུར༔ དབང་བཞི་དགོས་འབྲས་དང་བཅས་ཡོངས་སུ་རྫོགས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་གོ་འཕོས་སོ༔ ཨཱ༔ ཧིཀ་གིས་རང་སེམས་རྡོ་རྗེ་ཁྲོས་མ་རུ༔ སྟེང་ཕྱོགས་འཆི་མེད་ལམ་བཟང་ཡངས་པར་འཕོས༔ ཕཊ་དྲལ་གྲི་ཁུག་ཕྱག་གིས་ཕྱོགས་བཅུར་བརྡལ༔ ཤ་རི་ཁྲག་མཚོ་རུས་གྲམ་བདུད་རྩིར་བརླབས༔ ཡར་མར་མགྲོན་ཐབས་འོད་ཟེར་ཕོ་ཉ་ཡིས༔ སྤྱན་དྲངས་མཆོད་སྦྱིན་མཉེས་ཚིམ་དངོས་གྲུབ་ཐོབ༔ ལན་ཆགས་བུ་ལོན་ཀུན་བྱང་ཕྱམ་གཅིག་ཏུ༔ ཀུན་བཟང་དགོངས་ཀློང་ཁྱབ་བརྡལ་ཡངས་པར་ལྷུག༔ ཨ་ཨ་ཕཊ༔

ཅེས་ཀྱང་ག་གཱ་ཨ་བྷྱེ་ཡིས༔ རིགས་ལྡན་ཛི་ནའི་བསྐུལ་བའི་ངོར༔ སློབ་འབངས་ཡོངས་ལ་ཕན་པའི་བློའི༔ རིན་ཆེན་ཤོག་སྐྱའི་ངོགས་སུ་བཀོད༔ ཅེས་ཀྱང་ག་གཱས་སོ། །མངྒ་ལཾ། །

བྱིན་རླབས་བླ་མའི་སྒྲུབ་པ།

ཟབ་གསང་ཀློང་གྲོལ་དག་སྣང་ལས༔ བྱིན་རླབས་བླ་མའི་སྒྲུབ་པ་བཞུགས༔

ན་མོ་པདྨ་ཀ་ར་ཡེ༔ རང་རིག་བླ་མའི་སྒྲུབ་པ་ནི༔ མཐའ་བྲལ་མི་རྟོག་རྗེན་པའི་དབྱིངས༔ བརྗོད་མེད་ཤེས་རིག་བླ་མ་སྟེ༔ དེ་བཞིན་རང་ངོར་བསྒྲུབ་པར་བྱ༔ སྨོན་འཇུག་སྐྱབས་སེམས་བསྒོམ་པ་ནི༔ ཨེ་མ་ཧོ༔ མ་བཅོས་རང་མདངས་ཆོས་སྐུའི་དབྱིངས༔ སྣ་ཚོགས་སྣང་བའི་སྐྱེ་འགྲོ་ཀུན༔ རང་བྱུང་ཆེན་པོར་སྐྱབས་སུ་མཆི༔ ཟུང་འཇུག་ཕྱམ་གཅིག་གྲོལ་སེམས་བསྐྱེད༔ ཨོཾ་ཨཱཿཧཱུྃ༔ རང་སྣང་གནས་དག་མཁའ་སྤྱོད་ཡུལ༔ རྔ་ཡབ་གླིང་གི་བཀོད་པའི་ཞིང་༔ རང་ཉིད་ཚངས་པ་ལྷའི་མེ་ཏོག༔ རྒྱལ་པོའི་ཆས་ཅན་གུས་འདུད་ཀྱི༔ སྤྱི་བོར་པདྨ་འདབ་སྟོང་དབུས༔ སངས་རྒྱས་ཀུན་འདུས་བླ་མ་དང་༔ དབྱེར་མེད་རིག་འཛིན་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ ཕོད་ཁ་ཆོས་གོས་རྣམ་གསུམ་ཀླུབས༔ ཟ་བེར་འདུང་མ་གསོལ་བ་ཡི༔ དབུ་ལ་པདྨ་མཐོང་གྲོལ་གསོལ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་༔ བྷནྡྷ་བདུད་རྩིས་གཏམས་པ་བསྣམས༔ གསང་རྟེན་ཁ་ཊྭཱྃ་མཆན་དུ་བརྟེན༔ རྒྱལ་པོ་རོལ་བའི་སྟབས་སུ་འགྱིང་༔ མཐའ་བསྐོར་རྒྱ་བོད་པཎ་གྲུབ་དང་༔ རྗེ་འབངས་གཏེར་སྟོན་རིག་འཛིན་ཚོགས༔ ཉི་རྡུལ་འཁྲིགས་པ་བཞིན་དུ་བསྒོམ༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་ཟེར་རྔ་ཡབ་གླིང་འཕྲོས་པས༔ ཐུགས་བརྒྱུད་བསྐུལ་བཞིན་བརྟན་གཡོ་ཀུན༔ བླ་མའི་རྡོ་རྗེ་གསུམ་ལྡན་ངང་༔ དམ་ཡེ་དབྱེར་མེད་སད་པར་གྱུར༔ ཅེས་པས་མོས་གུས་དྲག་པོ་ཡིས༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱིས་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཚིག་བདུན་བརྒྱ་རྩ་བརྒྱད་ཀྱིས་སྤྱན་འདྲེན་བྱས་ལ༔ ཨོཾ་ཨཱཿཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ འདོད་ཡོན་མཆོད་པའི་ལྷ་མོར་བསྒྱུར༔ སྨན་རཀ་གཏོར་ཚོགས་ལྟ་སྒོམ་ཉམས༔ རིག་འཛིན་རྒྱ་མཚོའི་ཚོགས་ལ་འབུལ༔ སརྦ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཅེས་མཆོད་ནས་མོས་གུས་གདུང་བ་དྲག་པོ་ཡིས༔ ཀྱཻ༔ དུས་གསུམ་རྒྱལ་བ་མ་ལུས་པའི༔ ཕྲིན་ལས་གཅིག་བསྡུས་པདྨ་འབྱུང་༔ བདག་ཅག་སྐྱབས་བྲལ་སེམས་ཅན་ལ༔ རེ་ས་གཞན་ན་མ་མཆིས་པས༔ སྐྱིད་སྡུག་ལེགས་ཉེས་ཁྱེད་རང་མཁྱེན༔ ཚེ་ཆོས་ལས་བཞི་ལྷུན་གྲུབ་ཅིང་༔ སྐྱེ་དང་ཚེ་རབས་དུས་ཀུན་ཏུ༔ ཁྱེད་ཀྱི་ཕྲིན་ལས་ཆེར་བསྒྲུབ་ནས༔ མཁའ་མཉམ་འདྲེན་པའི་དཔལ་ཐོབ་ཤོག༔ ཨོ་རྒྱན་མཁྱེན༔ ཞེས་སྣང་ཚད་སྣོད་བཅུད་ཐམས་ཅད་བླ་མར་བལྟས་ལ་གསོལ་འདེབས་འབུམ་ཕྲག་བྱའོ༔ མཐར༔ བླ་མའི་གནས་གསུམ་ལྟེ་བ་ནས༔ འོད་ཟེར་འཕྲོས་པས་དབང་བཞི་ཐོབ༔ སྒྲིབ་བཞི་སྦྱངས་ནས་སྐུ་བཞི་འགྲུབ༔ རང་རིག་པདྨའི་ཞལ་མཐོང་གྱུར༔ དེ་ནས་རང་གཞན་ཀུན་དམིགས་པ་འདི་ལྟར༔ བདག་དང་འགྲོ་དྲུག་མཁའ་མཉམ་ཀུན༔ སོ་སོར་རང་ཀར་འཛིན་པའི་སེམས༔ ཕྱམ་གཅིག་བླ་མའི་དགོངས་དབྱིངས་སུ༔ གཏད་མེད་ཀློང་དུ་འཛིན་མེད་གྲོལ༔ ཨ་ཕཊ༔ ཨ་ཕཊ༔ ཨ་ཕཊ༔ ཅེས་མཉམ་བཞག་བསྐྱང་ལ་དར་ཅིག་བཞག༔ དེ་མ་ཐག་དུ་རང་རིག་འཆི་མེད་རྡོ་རྗེའི་སྐུར་བཞེངས་ཏེ༔ ཧྲཱི༔ བརྒྱ་རྩ་བཟླས་ལ༔ བླ་མ་འོད་དུ་ཞུ་ནས་ཚེ་དཔག་མེད་ཀྱི་རྣམ་པར་སྙིང་དབུས་སུ་བཞུགས་པར་བསམ༔ དག་སྣང་ཐོལ་བྱུང་ཕབས་པ་ཡོངས་ལ་དགེའོ༔ ནམ་མཁའ་འཇིགས་མེད་རྡོ་རྗེས་སོ། །

ན་མོ་བརྒྱུད་པ་དགུ་ལྡན་བླ་མའི་དཀྱིལ་འཁོར་དང་༔ རྒྱུད་སྡེ་བཞི་དྲུག་ཐེག་དགུར་འབྲེལ་བའི་ལྷ༔ ཕྱི་ནང་གནས་གསུམ་དཔའ་བོ་མཁའ་འགྲོ་དང་༔ བསླུ་མེད་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་བཟློག༔ ཚེ་དང་ཆོས་དང་རྒྱུ་ནོར་ལོངས་སྤྱོད་སོགས༔ མཐུན་རྐྱེན་བསམ་དོན་ཆོས་བཞིན་འགྲུབ་པ་དང་༔ གྲུབ་ཆེན་བརྒྱད་དང་རིག་འཛིན་རྣམ་པ་བཞི༔ འོད་གསལ་སྣང་བཞིའི་སྦུབས་ནས་མྱུར་བསྒྲོད་དེ༔ ཟག་ཕུང་འོད་སྐུར་གྲོལ་བའི་དགེ་མཚན་གྱིས༔ གཞོན་ནུུ་བུམ་སྐུ་འགྲུབ་པར་བྱིན་གྱིས་རློབས༔ རྡོ་རྗེ་རྒྱལ་མཚན་ངོར་ག་གཱས་སོ། །

བླ་མ་ཡོངས་འདུས་ཀྱི་ལུས་དཀྱིལ།

བླ་མ་ཡོངས་འདུས་ཀྱི་ལུས་དཀྱིལ་བཞུགས་སོ༔

རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཕྱི་སྣོད་པདྨ་འོད་ཀྱི་ཞིང་༔ རྒྱན་བཀོད་ཕུན་ཚོགས་གཞལ་ཡས་སུ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ གུ་རུ་པདྨ་འབྱུང་གནས་ནི༔ ཞལ་གཅིག་ཕྱག་གཉིས་གསེར་རྡོར་དང་༔ ཐོད་བུམ་འཆི་མེད་བདུད་རྩིའི་བཀང་༔ གཉིས་མེད་བདེ་ཆེན་གསང་བའི་ཡུམ༔ ཛྙཱ་ན་ས་ར་འཁྲིལ་སྦྱོར་རོལ༔ རྒྱལ་པོ་རོལ་པའི་སྟབས་སུ་འགྱིང་༔ རིན་ཆེན་རུས་པ་ཐོད་ཕྲེང་བརྒྱན༔ སྣ་ཚོགས་དར་གྱི་ཆས་གོས་གསོལ༔ ཡབ་ཡུམ་སྐུ་མདོག་དཀར་དམར་མདངས༔ དབུ་ལ་པདྨའི་སྙེན་ཞུ་དང་༔ མནྡ་ར་བས་ཐོད་བཅིངས་ཏེ༔ སྒེག་མཛེས་དགྱེས་པའི་ཚུལ་དུ་བསྒོམ༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམ༔ རྣམ་ཐར་མཆོག་ལ་དད་ཕྱག་འཚལ༔ སྦྱོར་སྒྲོལ་དམ་རྫས་མཆོད་པ་འབུལ༔ ཡེ་ཤེས་གླུ་ཡི་ཚིག་གིས་བསྟོད༔ ཐུགས་ཀར་ཧཱུྃ་མཐར་སྔགས་ཀྱིས་བསྐོར༔ བཟླས་པས་འཁོར་འདས་སྲོག་ཐོབ་བསམ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྣང་སྲིད་མཆོད་པའི་སྤྲིན་དུ་འབུལ༔ འཁོར་འདས་འུབ་ཆུབ་རོལ་པའི་ལྷ༔ གཉིས་མེད་རོལ་བས་ཕྱག་འཚལ་བསྟོད༔ ཅེས་ཀྱང་སྨན་ལྷའི་ངོར་ག་གཱ་ཨ་བྷྱེས་སོ། །ཧཱུྃ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་འཕྲོས་ཚོགས་རྫས་སྦྱངས་སྤེལ་བསྒྱུར༔ སྐུ་གསུམ་ཡེ་ཤེས་བདུད་རྩིར་རླབས༔ རིག་འཛིན་བླ་མའི་ལྷ་ཚོགས་ལ༔ ཐིམ་པའི་ཚུལ་གྱིས་མཆོད་འབུལ་བས༔ ཕྱི་ནང་གསང་བའི་དམ་ཉམས་པ༔ བཤགས་ནས་ཐུགས་དམ་གཉན་པོ་བསྐངས༔ འགལ་རྐྱེན་དགྲ་བགེགས་ལོག་འདྲེན་སྒྲོལ༔ གཉིས་མེད་ཆོས་ཀྱི་དབྱིངས་སུ་སྟོབས༔ ལྷག་སྐྱོང་ཕོ་མོ་ལྷག་ལ་རོལ༔ སེམས་ཅན་དོན་ཕྱིར་རྒྱུད་བསྐུལ་ལོ༔ དམ་ཅན་བསྲུང་མར་ཆད་ཐོ་བསྒྲགས༔ མཆོད་བཞེས་བསྟན་པ་སྐྱོང་བ་དང་༔ འགབ་འདྲེ་དམ་སྲི་སྟྭཾ་བྷ་ནན༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ལྷར་སྣང་སྟོང་ཉིད་ཆེན་པོར་བསྡུ༔ སྟོང་པའི་རང་རྩལ་ཕྱག་རྒྱ་ཆེ༔ དགེ་དེས་སེམས་ཅན་སངས་རྒྱས་ནས༔ དུས་ཀུན་བཀྲ་ཤིས་དཔལ་འབར་སྩོལ༔ ཞེས་ཀྱང་ག་གཱས་སོ། །

ཨོཾ་ཨཱཿཧཱུྃ༔ རྡོ་རྗེའི་བླ་མའི་ཡེ་ཤེས་སྒྱུ་འཕྲུལ་ནི༔ སྐུ་ཡིས་འདུལ་ལ་དགུ་ལྡན་བླ་མའི་ཚུལ༔ གསུང་གིས་འདུལ་བས་ཐེག་དགུའི་རང་སྒྲ་བཀོད༔ ཐུགས་ཀྱིས་འདུལ་ལ་ཡེ་ཤེས་ཆེན་པོ་དགུ༔ ཞི་བས་འདུལ་ལ་ཚུལ་དགུའི་སྒེག་པ་དང་༔ ཁྲོ་བོའི་འདུལ་ལ་གར་དགུའི་རོལ་རྩེད་བསྒྱུར༔ ལུང་གིས་འདུལ་ལ་འཁྲག་འཐུང་ཆེན་པོ་དགུ༔ སྒྲུབ་པའི་དཀྱིལ་འཁོར་ཆེ་མཆོག་ཚོགས་འདུས་དགུ༔ དོན་མཐུན་ཚུལ་བསྟན་མཆོག་གི་རིག་འཛིན་དགུ༔ སྤྲུལ་པས་འདུལ་ལ་གུ་རུ་མཚན་དགུ་དང་༔ བསྒྲུབ་འཇུག་སྤྲོ་བསྟན་བོད་ཀྱི་རིག་འཛིན་དགུ༔ ས་དགུའི་འགྲོ་འདུལ་ཡང་སྤྲུལ་ཡབ་སྲས་དགུ༔ གཞན་ཡང་རིགས་དྲུག་འདུལ་བའི་སྒྲོན་མ་སྟོང་༔ མདོར་ན་འཁོར་འདས་སྤྱི་དཔལ་ཧེ་རུ་ཀ༔ ཀུན་ནས་ཀུན་བཟང་ཁྱོད་ལས་དོན་གྱི་ལྷ༔ ཅུང་ཟད་ཚོལ་བའི་འདུ་ཤེས་ཡོངས་སྤངས་ནས༔ དྲིལ་བསྒྲུབ་ཟབ་མོའི་ཐམས་ཅད་ཕྱམ་གཅིག་བསྡུ༔ འབད་མེད་ཡོངས་གྲུབ་བདེ་གཤེགས་སྙིང་པོ་ཡིས༔ བྱིན་རླབས་མ་དག་གཞན་དབང་ཀུན་བཏགས་ཆོས༔ དག་པ་ལྷ་ཡི་ངོ་བོར་སད་གྱུར་ཅིང་༔ ཕྱིན་ཅི་མ་ལོག་ཁྱོད་དངོས་མངོན་གྱུར་ཤོག༔ ཅེས་ཀྱང་རྡོ་རྗེའི་གྲོགས་ཀྱི་དྭངས་མ་ཐེ༵ག་པ༵་མཆོ༵ག་གི་དོན་ལ་རྣལ་འབྱོར་མཐར་ཕྱིན་པ་གང་གིས་གསུངས་བཞིན་པདྨ་ཀློང་ཡངས་ནས་སོ། །བསྡུས་ན༔ ན་མོ་ཕྱོགས་དུས་ཕྱི་ནང་གསང་བའི་སྐྱབས་ཡུལ་ཀུན༔ ཁྱོད་ཀྱི་ཡེ་ཤེས་བདག་རྐྱེན་ལས་བྱུང་བས༔ ཡིད་བཞིན་ནོར་བུ་བདུད་འཇོམས་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་བར་བཅས་ལ་གསོལ་བ་འདེབས༔ མཉམ་ཉིད་ཆོས་དབྱིངས་དགོངས་པར་འདྲེས་གྱུར་ཅིག༔ ལྷུན་གྲུབ་རིག་འཛིན་ཚེ་འདིར་ཐོབ་པར་ཤོག༔ ཅེས་པའང་འོད་གསལ་རྫོགས་པ་ཆེན་པོའི་ཚིག་གི་རྣལ་འབྱོར་བས་སོ། །རང་གི་སྙིང་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་རྡུལ་སྙེད་ནས་རྒྱལ་བ་སྲས་དང་བཅས་པ་བླ་མ་རིག་འཛིན་ཡོངས་འདུས་ཀྱི་རྣམ་པར་བཞེངས་ཏེ་སྐྱབས་སེམས་ཚོགས་ཞིང་གི་ཡུལ་དུ་མདུན་གྱི་ནམ་མཁར་བཛྲ་ས་མ་ཡ་ཛ་ཛ༔ རཏྣ་སུརྱ་ཙནྡྲ་ཀ་མ་ལ་ཡ་སྟྭོམ༔

ཕྲ་བཀོད་སྔོན་འགྲོ།

སྐྱབས་འགྲོ་སོགས་ནི༔ ཧོ༔ འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་པར༔ སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ རང་བྱས་ལས་ཀྱིས་མནར་བའི་ཕ་མ་རྣམས༔ འཁོར་བ་དོང་ནས་སྤྲུགས་པར་སེམས་བསྐྱེད་དོ༔ ཧོ༔ རིག་འཛིན་འདུས་པའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ དུས་གསུམ་བྱས་བསགས་སྡིག་ལྷུང་བཤགས༔ བདག་གཞན་དགེ་ལ་རྗེས་ཡི་རང་༔ བླ་མེད་ཆོས་འཁོར་བསྐོར་བས་བསྐུལ༔ ཇི་སྲིད་འཁོར་བ་མ་སྟོང་པར༔ མྱ་ངན་མི་འདའ་རྟག་བཞུགས་གསོལ༔ རྣམ་དཀར་བྱང་ཆུབ་རྒྱུ་རུ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག༔ ཛཿཧཱུྃ་བྃ་ཧོ༔ ཚོགས་ཞིང་རྣམས་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་དབང་བྱིན་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ༔ ཧཱུྃ༔ བདག་ལྟ་གཉིས་འཛིན་འཁྲུལ་བའི་འདྲེ༔ བདག་མེད་ཆོས་ཉིད་ངང་དུ་བསྐྲད༔ ཕྱག་རྒྱ་ལས་དང་རྒྱལ་པོ་ཡི༔ བྱང་ཆུབ་ཆེན་པོས་མཚམས་བཅད་དོ༔ ཧཱུྃ་ཧྲཱི༔ བདེ་གཤེགས་འདུས་པའི་བདག་ཉིད་ཆེ༔ ཚོགས་རྗེ་ཚོགས་བདག་ཧེ་རུ་ཀ༔ འཆོལ་བ་བདུད་འཇོམས་ཁྲོ་བོ་ལོད༔ བྱིན་ཆེན་ཕོབ་ཅིག་བཅོམ་ལྡན་འདས༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ གནས་དང་བསྒྲུབ་ཁང་བསྒྲུབ་མཆོག་རྫས༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷའི༔ རོལ་བ་ཆེན་པོར་དབང་བསྐུར་ཅིག༔ ཨོཾ་བཛྲ་མ་ཧཱ་གུ་རུ་མ་ར་སྱེ་ན་པྲ་མར་དྷ་ན་བཛྲ་ཡེ་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ཨོཾ་སརྦ་དྷརྨཱ་སྭ་བྷ་ཝ་ཛྙཱ་ན་བྷོ་དྷི་ཙིཏྟ་ཤུདྡྷེ་བི་ཤུདྡྷེ་ཨཱཿཧཱུྃ༔ ཨཱ༔ ནམ་མཁའ་རྣམ་པར་དག་པའི་དབྱིངས༔ སྟོང་པ་ཉིད་ཀྱི་ཡེ་ཤེས་ལས༔ རྒྱན་སྣང་ཀུན་བཟང་མཆོད་པའི་སྤྲིན༔ འཛད་མེད་ནམ་མཁའ་མཛོད་དུ་སྤྲོ༔ ཨོཾ་མ་ཧཱ་པཱུ་ཙ་སུ་ཁ་བཛྲ་ཕཊ༔ ཅེས་བརྗོད་ནས་གཞུང་ལ་འཇུག་གོ༔ ཅེས་པ་འདི་ཡང་རྡོ་རྗེའི་གྲོགས་མཆོག་གི་གསུང་གི་པུཥྤེ་སྤྱི་བོར་སོན་པ་ལས་ག་གཱས་སོ། །

རིག་འཛིན་ཚོམ་བུ་འདུས་པའི་ལུས་དཀྱིལ་ཕྲ་བཀོད་ཚོགས་བཅས།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ རིག་འཛིན་ཚོམ་བུ་འདུས་པའི་ལུས་དཀྱིལ་ཕྲ་བཀོད་ཡོངས་ཀྱི་སྤྱི་ཕུད་ཅེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་རཱ་ཡེ༔ ཡེ་ཤེས་ལྷ་ནི་བྱིན་རླབས་དངོས་གྲུབ་མྱུར༔ འོན་ཀྱང་དེང་སང་མངོན་དུ་མ་གྱུར་པས༔ འདྲེན་སྟོབས་མྱུར་ཞལ་རིག་འཛིན་ཚོམ་བུའི་ཚུལ༔ སྙིགས་མའི་འགྲོ་ལ་ཕན་ཕྱིར་འདིར་གསལ་བྱ༔ ས་མ་ཡཱ༔ དེ་ལ་དང་པོ་ཏིང་འཛིན་རྣམ་གསུམ་ནི༔ ཧཱུྃ༔ དངོས་ཀུན་མི་དམིགས་འཁོར་འདས་རྒྱུ་གཅིག་ལས༔ སྟོང་པའི་སྣང་བ་ཀློང་འཁྱིལ་བར་དོའི་དངོས༔ ཤར་སྟོང་ཁྱབ་བརྡལ་ཡེ་ཤེས་ཁ་མིག་ཅན༔ སྐད་ཅིག་དྲན་རྫོགས་རྣམ་ཤེས་ཡུལ་བརྒྱད་པོ༔ དུར་ཁོྲོད་རྣམ་དག་ཡུམ་བརྒྱད་ངོ་བོ་ཉིད༔ རྟེན་དང་བརྟེན་པའི་འབྱུང་ལྔ་གཞལ་ཡས་ཚུལ༔ དབྱིངས་ཀྱི་བཅུད་དུ་ཡེ་ཤེས་འཁྱིལ་བ་ཡི༔ སྟེང་འོག་ཟུར་རྒྱན་ ༼ ཅེས་པ་ནང་ན་ཁྲི་ཡོད་བྲིས་ན་ཁྲི་རྐང་སྟེང་དུ་པད་ཟླ་ཉི་མ་བམ་གདན་ནམ་ཡང་ན་འབོལ་གྱིས་ཀྱང་ཆོག་གོ ༽ ལོག་གི་བཀོད་པ་སྟེ༔ ཡུམ་གྱི་ཡེ་ཤེས་གདན་དུ་ཤར་བ་ལ༔ ཚོགས་བརྒྱད་རྣམ་པར་དག་པའི་ངོ་བོ་ཉིད༔ ཨོ་རྒྱན་པདྨ་བདུད་འཇོམས་ཁྲོ་བོ་ལོད༔ ༼ དམར་པོ། ༽ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ལྕགས་ཕུར་གདེང་༔ ཚུལ་དགུ་དུར་ཁྲོད་ཆས་བཅུའི་བརྗིད་པ་ནི༔ གཡས་གཡོན་ལྷ་ལྕམ་ ༼ ཨ་ཉ་བྱང་སྒྲོན། ༽ཡེ་ཤེས་མཚོ་རྒྱལ་ ༼ མཁྱེན་བརྩེའི་མ་ཡུམ། ༽འདུད༔ བལ་མོ་ཡུམ་ ༼ སྐལ་བཟང་སྒྲོལ་མ། ༽ དང་འཁྲིལ་སྦྱོར་རྔམ་པར་རོལ༔ དཔལ་ཆེན་ཀློང་རྫོགས་ཀུན་བཟང་ངོ་བོར་གསལ༔ གཡས་སུ༔ ༼ དྲི་མེད། ༽ ཡེ་ཤེས་ཉི་མ་སྐུ་མདོག་དཀར༔ ཕྱག་གཉིས་ཌཱ་དྲིལ་འཁྲོལ་ཞིང་རྣལ་འབྱོར་ཆས༔ ཆེ་མཆོག་ཡང་དག་བློ་ལྡན་མཆོག་སྲིད་ངང་༔ གདུལ་བྱ་ལམ་གྱིས་འགྲོ་འདུལ་སྤྲུལ་བར་གསལ༔ གཡོན་དུ་ ༼ ནམ་མཁའ། ༽ཤེས་རབ་ཟླ་བའི་དབང་པོ་དམར༔ ༼ སེར ༽ཞལ་གཅིག་ཕྱག་གཉིས་རྣལ་འབྱོར་རྒྱན་ཆས་ཅན༔ གཡས་གཡོན་ཕྱག་ན་ཉི་ཟླའི་ ༼ སྟེང་འོག་ཏུ་ ༽གའུ་བསྣམས༔ ༼ དེ་གཉིས་རིག་ཀྱང་མི་སྐྱོན། ༽ ༼ སྐུ་ལ་ ༽ ཐིག་ལེ་སྟོང་པའི་སྒྲོན་མེ་འོད་ཟེར་འབར༔ པདྨ་དབང་ཆེན་དཀྱིལ་འཁོར་ཡོངས་རྫོགས་པ༔ ཉི་མ་འོད་ཟེར་སྤྲུལ་པའི་སྐུ་རུ་བསྒོམ༔ རྒྱབ་དུ་ ༼ གྲུབ་ཆེན། ༽བསྟན་པའི་ཉི་མ་སྐུ་མདོག་སེར༔ གཡས་གཡོན་ཕྱག་ན་མཁར་སིལ་ལྷུང་བཟེད་བསྣམས༔ ༼ བཞེངས་བཞུགས་འདྲ ༽བདེ་གཤེགས་ཡོངས་རྫོགས་ཤཱཀྱ་སེང་གེ་ནི༔ འཇམ་དཔལ་སྐུ་ཡི་ངོ་བོར་ལྷུན་གྱིས་གྲུབ༔ མདུན་དུ་ ༼ རྡོར་ལོ། ༽ གསང་བདག་མི་འགྱུར་རྡོ་རྗེ་མཐིང་༔ གཡས་གཡོན་ཕྱག་ན་ཁ་ཊྭཱཾ་ཕུར་བ་འཛིན༔ ༼ ཁྲོ་ཉམས། ༽སེངྒེ་སྒྲ་སྒྲོགས་ཕྲིན་ལས་ཕུར་བའི་སྐུ༔ གྲལ་གྱི་འགོ་དང་རྒྱབ་དངོས་ལོགས་མཚམས་སུ༔ ༼ མཁྱེན་བརྩེ། ༽འཛམ་གླིང་བརྟུལ་ཞུགས་མཆོག་གྲུབ་སྐུ་མདོག་ནག༔ ཡབ་ཡུམ་ཟུང་འཇུག་རྡོ་རྗེ་བྷན་དམར་འཛིན༔ བླ་མ་རིག་འཛིན་མཚོ་སྐྱེས་རྡོ་རྗེ་དངོས༔ གཡོན་རྒྱབ་ལོགས་སུ་ ༼ རིག་འཛིན་ནོར་བུ། ༽མཐུ་སྟོབས་དབང་ཕྱུག་རྩལ༔ ཞལ་གཅིག་ཕྱག་གཉིས་ཕུར་བ་ཧོམ་ ༼ གྲུ་གསུམ་དམར། ༽ ཁུང་བསྣམས༔ ༼ མཐིང་ནག ༽དམོད་པ་དྲེགས་སྔགས་པདྨ་རྒྱལ་པོའི་ངང་༔ གཡོན་མདུན་མཚམས་སུ་ ༼ པདྨ་རྡོ་རྗེ། ༽པདྨ་གར་དབང་པོ༔ ལྗང་ནག་གཡས་གཡོན་ཟོར་དང་རྡོ་རྗེ་ཐོགས༔ འཇིག་རྟེན་མཆོད་བསྟོད་པདྨ་སམ་བྷར་ ༼ ཞི་བ་ ༽གསལ༔ མདུན་གཡས་མཚམས་སུ་ ༼ ལྷ་ཆེན། ༽སྟོབས་ཀྱི་རྒྱལ་པོ་ནི༔ ཕྱག་གཡས་༼ གསང་མཚན། ༽ལིང་ཀ་གཡོན་པས་བྷནྡྷ་འཛིན༔ ༼ དཀར་དམར་ཕྱེད་ཞལ། ༽པདྨ་འབྱུང་གནས་མ་མོའི་ངོ་བོར་བསྐྱེད༔ མཐའ་བསྐོར་འཇའ་ལུས་གྲུབ་པ་ལྔ་བརྒྱ་རུ༔ མཆོག་གི་རིག་འཛིན་བཅུ་གཉིས་འཇའ་ཟེར་སྐུ༔ ༼ ནང་མ་བཞི་ཕྱོགས་མདོག་དེའི་ཕྱི་རིམ་རྣམས་དཀར་སེར་དམར་ལྗང་མཐིང་ཀ་ཕྱོགས་མཚམས་ཡིན་ཀྱང་ཆོག ༽ཕྱག་ན་ལུག་རྒྱུད་སྒྲོན་མེ་འབར་བ་བསྣམས༔ ཡང་མཐར་ཀུན་ཀྱང་རྣལ་འབྱོར་དབང་ཕྱུག་ཚུལ༔ ནམ་མཁའི་ལུས་ལ་ཉི་ཟླའི་སྤྱན་མངའ་བ༔ གཡས་གཡོན་ཕྱག་ན་ཅིང་ཏེའུ་དུང་ཆེན་འཛིན༔ བྱིན་རླབས་ལྷ་ཚོགས་སངས་རྒྱས་སྟོང་རྩ་གཉིས༔ རྡོ་རྗེའི་ལུས་ལ་དམ་པ་རིགས་བརྒྱ་རྫོགས༔ རང་རང་དབང་རྟགས་རིགས་ཆུང་ལྔ་བཅུའི་རྒྱས༔ གནས་གསུམ་འོད་འཕྲོས་དབྱིངས་ནས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་མེད་དུ་མ་རོ་གཅིག་གྱུར༔ དེ་ནས་བསྙེན་པ་ནི༔ ཐུགས་ཀར་ཐུགས་ཀྱི་ཡེ་ཤེས་བྱིན་རླབས་ལྷ༔ གཙོ་བོ་རྣམས་ལ་སྒྲུབ་ཆེན་བཀའ་བརྒྱད་དང་༔ མཆོག་རིག་འཛིན་ལ་སྟོན་པ་བཅུ་གཉིས་ཏེ༔ ལྷག་མའི་འཁོར་ལ་དཔའ་བོ་མཁའ་འགྲོ་སྟོང་༔ ཀུན་མཆོག་རྡོ་རྗེར་ཀུན་ཏུ་བཟང་པོ་ཡི༔ ཐུགས་དཀྱིལ་ཉི་གདན་ཨཱ་ལི་ཀཱ་ལི་ནི༔ གཡས་གཡོན་འཛིངས་མར་འཁོར་བའི་ཐུགས་སྲོག་ཧཱུྃ༔ འོད་འཕྲོས་འཁོར་བའི་རྟོག་འཛིན་དབྱིངས་སུ་སྦྱངས༔ དག་པ་རབ་འབྱམས་ཐུགས་ལ་དབང་བསྒྱུར་བས༔ བྱིན་རླབས་འོད་ཟེར་ལྕགས་ཀྱུས་བདག་སྨིན་ནས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་རོ་གཅིག་གྱུར༔ ཧཱུྃ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ ར་རཱ༔ ལ་ལཱ༔ ཨེ་ཨེ་ ༼ ཨཻ་དཔྱད། ༽༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ དེ་ལྟར་གྲངས་ལྡན་བསྐྱལ་བ་ཡིས༔ དུས་གསུམ་སངས་རྒྱས་ལྷན་ཅིག་འགྲུབ༔ གསང་སྔགས་ཀུན་ལ་རང་དབང་ཐོབ༔ ཡེ་ཤེས་རྩལ་གྱིས་འགྲོ་ཀུན་འདྲེན༔ གཡོ་མེད་གསལ་གསུམ་དང་ལྡན་པས༔ ཟླ་བ་དྲུག་གིས་རིག་འཛིན་བརྙེས༔ སངས་རྒྱས་ཀུན་དང་སྐལ་བ་མཉམ༔ འདི་འདྲའི་གདམས་པ་ས་སྟེང་མེད༔ སྙིང་དང་མིག་ལས་གཅེས་པའི་ཕྱིར༔ རྡོ་རྗེ་ཆོས་སྐྱོང་ཚོགས་རྣམས་ཀྱིས༔ བསྲུང་སྐྱོབས་ཕྲིན་ལས་མ་གཡེལ་ཅིག༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ ཨྠི༔ ཅེས་པ་འདི་ཡང་ཛ་ཡའི་མིང་གིས་བསྐུལ་ངོར་པདྨ་མཁའ་ཀློང་ཡངས་པས་སྨྲས་པའི་ཡི་གེའི་འདུ་བྱེད་ནི་སྣ་ཆེན་པོ་གཉིས་པ་ནས་སོ། ། དཔལ་དགུ་ལས་བླ་མ་རིག་འཛིན་དང་སྲིད་པ་མ་མོ་ཆགས་བྲལ་གྱི་ཚུལ་ཤེས་ཆེ་བ་དང་། གུ་རུ་མཚན་བརྒྱད་ལས་ཤཱཀྱ་སེང་གེ་དང་། པདྨ་སམ་བྷ་ཝ་ཆགས་བྲལ་གྱིས་འདུལ་བ་ལ་དགོངས་པ་དང་། འདིར་ཡང་པདྨ་རྡོ་རྗེ་དང་བསྟན་པའི་ཉི་མ་ཆགས་བྲལ་དུ་ཡོད་པ་རྟེན་འབྲེལ་ཚུལ་འདྲ་ཞིང་། འོན་ཀྱང་མཚན་བརྒྱད་སྒྲུབ་སྡེ་ལ་དངོས་གྲུབ་བརྙེས་ཚུལ་དང་མི་འདྲ་བ་དང་། གཞུང་གི་པདྨ་བསྟན་པ་གཉིས་སྦྱོར་ཚུལ་དང་འདིར་འཕྲོས་བཤད་མི་འདྲ་བ་ནི་སངས་རྒྱས་རྣམས་ཀྱི་རྣམ་བར་འཕྲུལ་བ་ཚད་བཟུང་མེད་པ་དང་། འདི་ལུས་དཀྱིལ་རང་བཞིན་ཡེ་ཤེས་ནི་གང་ལའང་དབང་བསྒྱུར་བ་དང་། རྩ་བའི་རིགས་འཕོས་ཀྱི་ལུགས་ཡིན་པས་སྐྱོན་གྱི་དྲི་མ་རྣམ་པར་དག་ཅིང་། མཚན་བརྒྱད་ཀྱང་ཕྱོགས་རེ་ནས་བཟུང་པས་མི་འགལ་ལོ། ག་གཱས་སོ། །སྤྱན་འདྲེན་སོགས་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ ཆོས་སྐུའི་བླ་མ་གཤེགས་སུ་གསོལ༔ ལྷུན་གྲུབ་འོད་གསལ་ཕོ་བྲང་ནས༔ ལོངས་སྐུའི་བླ་མ་གཤེགས་སུ་གསོལ༔ ཐུགས་རྗེ་ཕྱོགས་མེད་གཞན་ཡས་ནས༔ སྤྲུལ་སྐུའི་བླ་མ་གཤེགས་སུ་གསོལ༔ ཁྱད་པར་ལི་ཡུལ་ཆུ་ཤོར་ནས༔ པདྨ་བདེ་ལྡན་གཤེགས་སུ་གསོལ༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་དངོས༔ ཡུམ་སྲས་འཁོར་བཅས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་༴ སྒྲུབ་མཆོག་༴ བགེགས་དང་༴ མཆོག་དང་༴ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ རིན་ཆེན་ཉི་ཟླ་པདྨ་དང་༔ སྨོན་ལམ་གུས་པའི་ཁྲི་སྟེང་དུ༔ དེ་བཞིན་གཤེགས་པ་གདན་འཛོམ་པར༔ གཉིས་མེད་ངང་དུ་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཧོ༔ རང་གནས་སྐུ་འོད་ཐིག་ལེ་ཡི༔ རོལ་བ་རྨད་དུ་བྱུང་བ་ལས༔ འགྲོ་བ་འདུལ་བའི་གཟུགས་བརྙན་ཀྱང་༔ དབྱེར་མེད་ལྟ་བ་མཇལ་ཕྱག་འཚལ༔ ན་མོ་ན་མ་ཧོ༔ ཨོཾ་མཆོད་པའི་བྱེ་ཕྲག་ཇི་སྙེད་པ༔ སེམས་ཀྱི་ཡིད་བཞིན་རྒྱན་དུ་ཤར༔ ངོ་བོ་རྣམ་དག་ལོངས་སྤྱོད་ཆེ༔ རིག་འཛིན་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་བདག་ལ་བྱིན་གྱིས་རློབས༔ ཨོཾ་བཛྲ་ར་ཏི་པཱུ་ཛ་སརྦ་ཛྙཱ་ན་ཨ་ལཾ་ཀ་ར་ཁཱ་ཧི༔ ཧཱུྃ༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད༔ སྣ་ཚོགས་འོད་གསལ་འདུས་མ་བྱས༔ རྩོལ་མེད་རང་གྲོལ་རང་ལུས་ལྡན༔ རྡོ་རྗེའི་བླ་མའི་སྐུ་ལ་བསྟོད༔ ཕྱོགས་མེད་གདུལ་བྱའི་རྣམ་རིག་ལ༔ ཅི་མི་གསུང་བཞིན་རྟོགས་འདུལ་གོ༔ གྲགས་སྟོང་ན་དཱའི་ངང་ལ་གྲོལ༔ རྡོ་རྗེའི་བླ་མའི་གསུང་ལ་བསྟོད༔ གཉིས་སྣང་གཉིས་སུ་འཛིན་མེད་ཀྱང་༔ ཡོད་དང་མེད་པའི་བདེན་གཉིས་ཆོས༔ མ་འདྲེས་རིག་སྟོང་ཀུན་ཏུ་མཁྱེན༔ ཐམས་ཅད་མཁྱེན་པའི་ཐུགས་ལ་བསྟོད༔ ཚེ་རབས་གྲངས་མེད་སྡིག་ལྟུང་མུན༔ ཁྱེད་ཐུགས་གཏད་པས་མིང་མཐར་བྱེད༔ ཡས་འབེབས་བདེན་པ་མངོན་གསལ་བའི༔ ནུས་པའི་ཕྲིནལས་མངའ་ལ་བསྟོད༔

ཚོགས་གླུ་ཕྱི་སྣོད་འཇིག་རྟེན།

དེ་ནས་ཚོགས་ཀྱི་མཆོད་པ་ནི༔ ཤ་ཆང་ལ་སོགས་དམ་ཚིག་རྫས༔ ཡོ་བྱད་ཆ་མ་ཆོ་དགུ་བཤམས༔ ཧཱུྃ༔ བདག་ཉིད་ལྷ་གསལ་ཐུགས་ཀ་ནས༔ སྦྱངས་སྤེལ་བསྒྱུར་བའི་ཡི་གེའི་ཕྲེང་༔ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས༔ ཟག་མེད་བདེ་ཆེན་བདུད་རྩིར་བསྒྱུར༔ རྃ་ཡྃ་ཁྃ༔ ཨ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ མཐུ་ཆེན་རྡོ་རྗེ་བདུད་འཇོམས་རྩལ༔ ཡབ་ཡུམ་སྲས་འཁོར་སྤྲུལ་བར་བཅས༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ ཨོཾ་གྷ་ན་ཙཀྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ བླ་མ་རིག་འཛིན་དཀྱིལ་འཁོར་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གྷ་ན་ཙཀྲ་ཁཱ་ཧི༔ ཧོ༔ དུས་རིང་ཐོག་མ་མེད་པ་ནས༔ ཉོན་མོངས་དབང་གྱུར་སྒོ་གསུམ་གྱིས༔ དམ་ཚིག་ཉམས་ཆགས་ཐམས་ཅད་ཀུན༔ བསོད་ནམས་ཚོགས་ཀྱི་མཆོད་པས་བཤགས༔ གྷ་ན་ཙཀྲ་སོགས་ཡི་གེ་བརྒྱ་བས་ནོངས་པ་བཤགས༔ ཧཱུྃ༔ གནས་ལུགས་དོན་གྱི་ཧེ་རུ་ཀའི༔ སྙིང་རྗེ་ཁྲོས་པའི་ཡེ་ཤེས་མཚོན༔ ཉོན་མོངས་རུ་ཏྲའི་སྲོག་ལ་གདབས༔ འཁྲུལ་པའི་མ་རིག་རྩད་ནས་བཅད༔ འཁྲུལ་མེད་རྒྱལ་བའི་སྲས་སུ་བཀྲུན༔ འཚེངས་བ་གསུམ་ལྡན་ཨེ་མ་ཧོ༔ མ་ཏྲཾ་རུ་ཏྲ་མ་ར་ཡ་ཕཊ༔ ཧཱུྃ༔ ཡེ་ཤེས་ཀློང་ཡངས་ཞལ་ཧོམ་དུ༔ ཟག་བཅས་ལྔ་ཕུང་ཚོགས་སུ་འབུལ༔ ཟད་དང་མི་སྐྱེ་ཤེས་པ་ཡི༔ ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ མ་ཏྲཾ་རུ་ཏྲ་ཧ་ལ་པཉྩ་ཁཱ་ཧི༔ དེ་ནས་ཐུགས་དང་བསྐང་པ་ནི༔ ཧཱུྃ༔ དཔེ་མེད་ཕྱག་རྒྱ་ཆེར་རྫོགས་པའི༔ བདུད་འཇོམས་དཔའ་བོའི་ཐུགས་དམ་བསྐངས༔ དཔེ་ལྡན་ཐབས་ཀྱིས་མཚོན་པའི་ཕྱིར༔ ཡུམ་ཆེན་རིགས་ལྔའི་ཐུགས་དམ་བསྐངས༔ ཀུན་ཏུ་འོད་ཀྱི་སར་བརྟན་པའི༔ ཡེ་ཤེས་ཉི་མའི་ཐུགས་དམ་བསྐངས༔ པདྨ་འོད་ལ་མངོན་བྱང་ཆུབ༔ ཤེས་རབ་ཟླ་བའི་ཐུགས་དམ་བསྐངས༔ ཤེས་རབ་འོད་ལ་དེ་བཞིན་གཤེགས༔ བསྟན་པའི་ཉི་མའི་ཐུགས་དམ་བསྐངས༔ ལས་ཀྱི་འོད་ཟེར་རབ་འགྱེད་པའི༔ མི་འགྱུར་རྡོ་རྗེའི་ཐུགས་དམ་བསྐངས༔ རྡོ་རྗེ་འོད་ཀྱིས་སྒྲིབ་གཉིས་བཅོམ༔ བརྟུལ་ཞུགས་མཆོག་གྲུབ་ཐུགས་དམ་བསྐངས༔ རིན་ཆེན་འོད་ཀྱིས་རེ་བ་སྐོངས༔ མཐུ་སྟོབས་དབང་ཕྱུག་ཐུགས་དམ་བསྐངས༔ རབ་ཏུ་འོད་གསལ་མངོན་གྱུར་པའི༔ པདྨ་གར་དབང་ཐུགས་དམ་བསྐངས༔ བདུད་རྩི་འོད་ལ་བརྟན་པ་ཐོབ༔ སྟོབས་ཀྱི་རྒྱལ་པོའི་ཐུགས་དམ་བསྐངས༔ དག་པ་རྣམ་པ་བཅུ་གཉིས་འཆང་༔ མཆོག་རིག་འཛིན་པའི་ཐུགས་དམ་བསྐངས༔ པཎ་གྲུབ་སྟོང་གི་རྣམ་རོལ་འཆང་༔ འཇའ་ལུས་གྲུབ་པའི་ཐུགས་དམ་བསྐངས༔ ཐུགས་དམ་བསྐང་བའི་ཡོན་ཏན་གྱིས༔ ཡོངས་གྲུབ་དཀྱིལ་འཁོར་མངོན་གྱུར་ནས༔ མ་དག་སྣང་བ་དབྱིངས་སུ་ནུབ༔ རྒྱུ་འབྲས་བློ་ཡི་སྣང་བ་སྦྱོངས༔ རྟོགས་ལྡན་ཉམས་ཀྱི་སྣང་བ་གྲུབ༔ དབྱེར་མེད་ཀུན་བཟང་སྣང་མཐར་ཐུག༔ འགྱུར་མེད་བཙན་ས་ཟིན་པར་ཤོག༔ དེ་ནས་གནམ་ཕུད་གཏོང་བ་ནི༔ ཧོ༔ མ་རྟོགས་སེམས་ཉིད་དོན་དུ་སྣང་༔ རྡོ་རྗེ་ཕག་མོ་གན་རྐྱལ་གྱི༔ ཆོས་འབྱུང་ཡངས་ལ་རྫོགས་ལྡན་པའི༔ ལྗོངས་ལྔ་གླིང་དྲུག་ལུང་ཆེན་བཞི༔ སྦས་ཡུལ་བཅུ་གཉིས་འབྲོས་ཡུལ་བདུན༔ ནང་ལྟར་རྡོ་རྗེ་ཕུང་པོའི་གྲོང་༔ གསང་བ་བྱང་ཆུབ་སེམས་ཀྱི་ངང་༔ འབྱུང་དང་འབྱུང་གྱུར་ཚུལ་ཤར་བའི༔ ས་འོག་ས་སྟེང་ས་བླའི་བཀོད༔ དེ་དང་དེར་བཞུགས་དཔའ་བོ་དང་༔ ཊཱཀྐི་ཆོས་དང་གནས་ཡུལ་སྐྱོངས༔ མ་ལུས་ལུས་པ་མེད་པ་ལ༔ དམ་རྫས་བདུད་རྩའི་མཆོད་པ་འབུལ༔ བདེ་བ་ཆེན་པོའི་དེ་ཁོ་ནའི༔ རྩལ་འཆང་གྲུབ་པ་མཐར་ཕྱིན་ཤོག༔ དེ་ནས་ཁོ་བོ་ལ་སྐབས་འདིར་ཚོགས་ལ་རོལ་བ་མེད་པས་ཅི་དགྱེས་སུ་མཛོད་ཅིག༔ ཧཱུྃ༔ སྔོན་ཚེ་སྤྱི་དཔལ་སྤྱན་སྔར་རུ༔ ཁས་བླངས་དམ་བཅས་བྲོ་བོར་བའི༔ མ་མདུན་སྲིང་བཞི་འབར་མ་བརྒྱད༔ གིང་དང་ལིང་ཀ་དབང་ཕྱུག་མ༔ ཕམ་ཕབ་བཟང་པོ་འདི་བཞེས་ལ༔ བསྒྲུབ་པའི་བར་ཆད་དབྱིངས་སུ་སོལ༔ ཐ་ཚིག་བཞིན་དུ་ཕྲིན་ལས་མཛོད༔ ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་བདུད་འཇོམས་ཧེ་རུ་ཀས༔ རང་སྣང་བདུད་བཞི་བཅོམ་པའི་ཚེ༔ འཁྲུལ་བ་གཞི་ལ་དག་པ་ཡི༔ རང་བྱུང་ཚིག་ལྔའི་རང་དན་བཅས༔ བར་དུ་རིག་འཛིན་ཧཱུྃ་ཀ་ར༔ ཚོགས་རྗེ་ཚོགས་བདག་ཆེན་པོར་བཞེངས༔ ཆོས་ཉིད་རུ་ལུའི་རང་སྒྲ་བསྒྲགས༔ གདུལ་བྱ་རྗེས་སུ་བཟུང་བ་དང་༔ ཐ་མ་སྐལ་བཟང་དགེར་སད་ངོར༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱིས༔ མངོན་སྤྱོད་རྔམ་པའི་རྟ་བྲོ་ཡིས༔ དྲེགས་ཚོགས་དབང་བསྡུད་ཟིལ་གྱིས་མནན༔ སྡེ་དཔོན་སྲུང་མར་མངའ་ཡང་གསོལ༔ ད་ལྟ་གདུལ་བྱའི་དཔལ་མཚོ་རུ༔ བླ་མ་རིག་འཛིན་ཚོམ་བུ་ཡིས༔ རྫོགས་ཆེན་བསྟན་པ་ཉིན་མོར་བྱས༔ དཀའ་ཡི་སྲུང་མར་མངའ་ཡང་གསོལ༔ ཆད་དོན་གཏོར་མ་འདི་བཞེས་ལ༔ དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ བུདྡྷ་ཤ་ས་ན་པཱ་ལ་སརྦ་བྷ་ལིངྟ་ཁཱ་ཧི༔ མ་བྷྱོ༔ བསྟན་མ་ཡ་མ་སྐྱོང་མའི་ཚོགས༔ རྡོ་རྗེ་བདུད་རྩི་འདི་བཞེས་ལ༔ བདེན་དོན་རྣམ་པ་བཅུ་གཉིས་ཀྱི༔ བསྟན་པའི་མངའ་ཐང་དར་རྒྱས་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་ཨེ་དམ་བྷ་ལིངྟ་ཁཱ་ཧི༔ དེ་ནས་རྟ་བྲོ་ནི༔ ཧཱུྃ༔ དབྱིབས་བཞི་རྫོགས་པའི་བྲོ་ར་ལ༔ རིག་འཛིན་དཔའ་བོ་དཔའ་མོ་ཡིས༔ ཐབས་ཀྱི་བྲོ་བརྡུངས་གཡས་སུ་བསྐོར༔ ཞེ་སྡང་དགྲ་གདོན་འདུལ་ཕྱིར་བརྡུང་༔ རྐང་པ་གཡོན་པས་སྟབས་སྤྱོད་དེ༔ ཤེས་རབ་བྲོ་བརྡུང་གཡོན་དུ་བརྡུང་༔ འདོད་ཆགས་མོ་གདོན་འདྲེ་མོ་སོགས༔ གནོད་བྱེད་དགྲ་གདོན་མགོ་ལ་ཡ༔ ཟུང་འཇུག་བྲོ་བརྡུང་བསྣོལ་མར་འཁྲབ༔ གཏུ་མུག་ཀླུ་གདོན་འདུལ་བའི་བྲོ༔ དམ་སྲི་ཡ་མ་འཇོམས་པའི་བྲོ༔ གཞིག་མེད་ལས་ཀྱི་རྡོ་རྗེའི་བྲོ༔ སྐྱེ་མེད་ཡེ་ཤེས་སྤོར་བའི་བྲོ༔ གླུ་བྲོ་གར་དང་བཅས་ཏེ་བརྡུང་༔ བྱང་ཆུབ་སེམས་གཉིས་མ་སྐྱེས་བར༔ ནམ་ཡང་ལྡང་མེད་སྟཾ་བྷ་ཡ༔ ཨོཾ་ལཾ༔ ཨཱཾ་ལཾ༔ ཧཱུྃ་ལཾ་མ་ར་ཡ་ནན༔ ཅེས་དང་༔ ཧཱུྃ༔ རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་དུ༔ བསྙེན་བསྒྲུབ་ལས་སྦྱོར་མཐའ་རུ་ཕྱིན༔ རྡོ་རྗེ་དཔའ་བོའི་ནམ་ཡང་ལངས༔ དངོས་གྲུབ་སྩོལ་བའི་དུས་ལ་བབས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ ན་དཱ་གསུང་གི་དངོས་གྲུབ་སྩོལ༔ མི་རྟོག་ཡེ་ཤེས་༴ ཡིད་བཞིན་ཡོན་ཏན་༴ ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་སརྦ་མ་ཧཱ་བིཏྱ་དྷཱ་ར་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་ནོངས་པ་བཤགས་པ་ནི༔ ཧཱུྃ༔ གཤིས་ལ་ཉམས་པའི་དྲི་བྲལ་ཡང་༔ རྩལ་གྱི་འཁྲུལ་བ་ལོག་བཟུང་གིས༔ ལྟ་བསྒོམ་སྤྱོད་པ་བསྙེན་བསྒྲུབ་ལས༔ ཚུལ་བཞིན་རྔོ་མ་ཐོགས་པ་ཀུན༔ གནོང་འགྱོད་དྲག་པོའི་མཐོལ་ལོ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པས་ནོངས་པ་བཤགས་སོ༔ བསྡུ་ལྡང་ནི༔ ཧཱུྃ༔ ཡེ་ཤེས་ལྷ་ཚོགས་རྟེན་བརྟེན་པ༔ བདག་ཉིད་དམ་ཚིག་སེམས་ལ་ཐིམ༔ ལྷ་སྐུའི་ཕྱག་རྒྱའི་ཀུན་རྫོབ་ཀྱང་༔ སྤྲོས་བྲལ་འོད་གསལ་རྡོ་རྗེར་ལྷུག༔ སླར་ཡང་ཟུང་འཇུག་ཡེ་ཤེས་ཀྱི༔ ཕྱག་རྒྱ་གཅིག་པའི་འབྲས་བུར་ཤར༔ ཨ་ཨཱཿཨོཾ་ཧཱུྃ༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ ཀུན་ཁྱབ་གཉིས་མེད་དོན་གྱི་རྡོ་རྗེ་སེམས༔ རྩ་བའི་བླ་མ་ཚོམ་བུའི་འཁོར་ལོར་ཤར༔ བཀྲ་ཤིས་མཐར་ཐུག་ཁྱོད་ཀྱིས་གང་བརྙེས་པ༔ དེས་ནི་དེང་བདག་དབུགས་དབྱུངས་སྩལ་དུ་གསོལ༔ ལྟ་བ་གྲོང་ཁྱེར་རྒྱུན་གཅོད་རྟོགས་པ་དང་༔ བསྒོམ་པ་ཉིན་མཚན་ཁ་སྦྱོར་འདྲེས་ནས་སུ༔ སྤྱོད་པ་སྣང་བ་དབང་བསྒྱུར་གྲུབ་པ་ཡིས༔ གྲུབ་མཐའ་རྣམ་དག་སྙོགས་པའི་བཀྲ་ཤིས་ཤོག༔ སྒྱུ་ལུས་རྡོས་པ་སྐུ་ལྔའི་ཕྱག་རྒྱ་ཆེ༔ བརྡ་སྤྲོད་རྩོལ་བྱུང་གསུང་ལྔའི་གསང་བ་སྔགས༔ འཁྲུལ་སེམས་རྟོགས་བྲལ་ཐུགས་ལྔའི་སྙིང་པོར་གྲོལ༔ ཀུན་མཆོག་གསང་གསུམ་མངོན་གྱུར་བཀྲ་ཤིས་ཤོག༔ ཁྲེགས་ཆོད་གཞི་ཡི་འོད་གསལ་གདེངས་སུ་གྱུར༔ ཐོད་རྒལ་ལམ་གྱི་འོད་གསལ་རང་རྩལ་རྫོགས༔ ཟུང་འཇུག་སྣང་བཞིའི་ཉམས་མཐར་ཐུག་ནས་སུ༔ གཞོན་ནུ་བུམ་པ་ཁྱོད་ཀློང་གྲོལ་གྱུར་ཅིག༔ ཅེས་པ་འདི་ཡང་རྡོ་རྗེ་ཡི། །མཆེད་ཀྱིས་ཐུགས་གཡེལ་གསུང་བསྡམས་ན། །བདག་ཀྱང་དངངས་སྐྲག་སུན་པའི་བློས། །དྲན་པའི་ཚེ་ན་བྲིས་པ་སྟེ། །འབེན་མ་མཐོང་བའི་མདའ་བཞིན་དང་། །མུན་ནག་ནང་གི་ལག་ནོམ་དུ། །སོང་ངམ་སྙམ་ཀྱང་དྲི་མ་ཕོད། །དབྱེན་མཁན་འགའ་ཡིས་སྤྱོས་སམ་སྙམ། །ཅི་ཟེར་ཆ་མ་ཆོད་པ་དང་། །ག་གཱ་རྒད་པོས་འཕྱོས་གཏམ་དུ། །མ་སོང་བ་ན་ཡི་རང་སྐྱེ། །སོང་ཀྱང་རང་ཐོག་ཡོག་མེད་ལགས། ཅེས་ཁ་མཚར་གཅེས་འཁང་དང་བཅས་ཐེག་མཆོག་གི་བཞེད་སྐོངས་སུ་ཕུལ་ལོ། །

དབང་བཤད།

ཨ་ཧོ༔ ཕྱི་སྣོད་འཇིག་རྟེན་དག་པ་རབ་འབྱམས༔ རང་ལུས་ཡེ་ནས་ལྷུན་གྲུབ་གཞལ་ཡས༔ ཕུང་ཁམས་སྐྱེ་མཆེད་གདན་འཛོམ་དལ་ལ༔ རིག་སྐུ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར༔ ཡེ་ནས་ཟུང་འཇུག་དགྱེས་པར་རོལ་བའི༔ འདོད་ཡོན་ལྷ་མོའི་མཆོད་སྤྲིན་རོལ་མོ༔ ཡེ་ཤར་ཡེ་མཉམ་བསྒྲུབ་རྫས་ཆེན་པོ༔ སྤངས་བླང་མཚམས་བྲལ་ཚོགས་ཀྱི་བརྟུལ་ཤུགས ༼ ཞུགས་དཔྱད། ༽༔ འདི་ཉིད་ཕྱག་རྒྱ་མཆོག་གི་དམ་ཚིག༔ གསེར་འགྱུར་རྩི་ཡི་རྣམ་པ་མཆོག་གིས༔ རང་རྒྱས་སྡུག་བསྔལ་བདེ་བར་གྲོལ་ནས༔ སངས་རྒྱས་ཀུན་དང་ཡེ་ཤེས་རོ་གཅིག༔ ཚད་མེད་ཐུགས་རྗེའི་གཏེར་མཛོད་རྡོལ་བས༔ རང་བཞིན་བྱིན་གྱིས་བརླབས་པའི་བདུད་རྩི༔ ཐབས་མཁས་རྣམ་རོལ་གཅིག་པུའི་ཁྱད་ཆོས༔ མ་སྤངས་རྒྱན་དུ་ཆེ་བ་ཨེ་མ༔ ཐ་མལ་མཚན་རྟོག་དག་པའི་སྦྱོར་སྒྲོལ༔ འདི་འདྲ་སངས་རྒྱས་ཀུན་བཟང་ཁྱད་ཆོས༔ སྔོན་ཆད་ཐུབ་པས་སྐབས་གསུམ་གནས་སུ༔ དམ་པའི་རིགས་ཅན་འགའ་ལས་མ་བཤད༔ དེང་དུས་རྣལ་འབྱོར་ཚོགས་ཀྱི་སྐལ་བར༔ དངོས་སུ་འབྱོར་བ་འདི་ལ་ཡི་རང་༔ ཨ་ཧོ༔ ཚིམ་པ་དྲུག་ལྡན་ཚོགས་འཁོར་ཕུན་ཚོགས༔ རང་ལུས་ཟག་མེད་དཀྱིལ་འཁོར་ངོས་ནས༔ གནས་ཡུལ་དུར་ཁྲོད་ཡོངས་ལ་ཁྱབ་ཅིང་༔ འབར་འཛགས་ཞུ་བདེའི་སྤྲིན་ཆེན་གཏན་མེད༔ འདི་ནི་ཐུན་མོང་ཚུལ་ལས་འདས་པའི༔ འདུ་དང་ཉེ་འདུ་མཉེས་པའི་མཆོག་གིས༔ ས་ལམ་ནང་ནས་བསྒྲོད་པའི་འཕྲུལ་གསང་༔ ཕྱི་ནང་ཉན་ཐོས་སྤྱོད་ཡུལ་མ་ཡིན༔ དེ་ཡང་རྣལ་འབྱོར་ཅན་གྱི་ཁྱད་ཆོས༔ ཉོན་མོངས་མ་སྤངས་ཡེ་ཤེས་རོལ་བར༔ ལམ་དུ་ཁྱེར་བའི་མྱུར་བདེ་འདི་འདྲ༔ སེམས་ཅན་ཀུན་ལ་ཡོད་ན་དགའ་བ༔ འོན་ཀྱང་རང་བཞིན་གཅིག་གིས་འབྲེལ་ལྡན༔ མི་འགྱང་ཚོམ་བུ་གཅིག་ཏུ་རྒྱས་གདབས༔ ཅེས་ཀྱང་སྦྲིད་ཆལ་གྱི་ངང་ལ་གནས་པའི་སྨྱོ་གཏམ་ག་གཱས་སོ། །

བཀའ་རབ་འབྱམས་ཀྱི་དབང་གི་བསྐུར་ཚིག

འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་པར་བྱ། དེའི་ཆེད་ཀར་དེང་སྨིན་བྱེད་དབང་བསྐུར་ཟབ་མོ་ཞུ་བར་བགྱིའོ་སྙམ་དུ་སེམས་བསྐྱེད་ལ་གསན་པར་ཞུ། དེ་ལ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་དོན་བཅུད་དང་། ལྷ་ཚོགས་མ་ལུས་ངོ་བོ་གཅིག་པར་གང་དུ་འདུ་བའི་འཁོར་ལོའི་བསྒྱུར་བ་དང་། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ནི་བླ་མ་དམ་པ་ཉིད་ཡིན་པས་ན། གསང་བ་རབ་འབྱམས་ལས། དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ །བླ་མ་མཆོག་ཡིན་དངོས་གྲུབ་ཆེ། ཞེས་དང་། དམ་ཚིག་མཆོག་གི་རྒྱུད་ལས། དངོས་གྲུབ་འདོད་པའི་དད་པ་ཅན། །དངོས་གྲུབ་བླ་མ་མཉེས་ལས་བྱུང་། །ཞེས་དང་། དྭོ་ཧ་ལས། དངོས་གྲུབ་ཀུན་གྱི་རྩ་བ་རྡོ་རྗེ་སློབ་དཔོན་ཉིད། ཅེས་སོ། །དེ་བཞིན་དུ་ལྷ་སྐུ་གྲངས་མེད་པའི་བསྐྱེད་རྫོགས་དང་། བཟླས་བརྗོད་བསྐལ་བ་དུ་མའི་བར་དུ་བྱས་པ་དང་། །རྒྱལ་བ་སྲས་བཅས་ལ་མཆོད་པ་བྱས་པ་ལས། །བླ་མ་བསྒྲུབ་མཆོད་ཀྱི་ཕན་པའི་ཡོན་ཏན་ཆེ་བར་ཡང་། ཆུབ་པར་རོལ་པའི་རྒྱུད་ལས། །བསྐྱེད་རིམ་བསྐལ་བར་བསྒོམ་པ་བས། །བསྒྲུབ་པས་བླ་མ་མཉེས་པ་ནི། །བསོད་ནམས་སྐད་ཅིག་ཁྱད་པར་འཕགས། ཞེས་དང་། ཀུན་འདུས་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་དྲན་པའི་བསོད་ནམས་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་དང་། བཀོད་པ་ཆེན་པོ་ལས། །བསྙེན་བསྒྲུབ་བཟླས་བརྗོད་ས་ཡ་དུང་ཕྱུར་གྱིས། །བླ་མའི་གསོལ་འདེབས་ལན་གསུམ་བརྗོད་པ་ཡི། །ནུས་པ་འབུམ་ཕྲག་ཆར་ཡང་མི་ཕོད་དོ། །རྫོགས་པའི་རིམ་པ་བསྐལ་བའི་བར་དུ་ཡང་། །གང་གིས་འདུ་འཛི་སྤང་ནས་བསྒོམ་པ་ལས། །བླ་མ་རང་སེམས་དཀྱིལ་དུ་ཤར་བ་ཙམ། །བསོད་ནམས་སྟོང་ཕྲག་ཉི་ཤུས་ཆར་མི་ཕོད། །བླ་མ་བསྒོམ་དང་བསྟོད་པའི་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཅིག་ཆར་འགྲུབ་པར་ངེས། །ཞེས་དང་། ཡེ་ཤེས་གསལ་བའི་སྒྲོན་མའི་རྒྱུད་ལས། །གང་གིས་བསྐལ་བ་བརྒྱ་ཁྲི་བཞི་སྟོང་གི་བར་དུ། སྦྱིན་པ་བཏང་བ། ཚུལ་ཁྲིམས་བསྲུང་། བཟོད་པ་བསྒོམ། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག ཤེས་རབ་བསྐྱེད་པ་ལས། ལྷའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྐད་ཅིག་དྲན་པ་བསོད་ནམས་ཆེ། དེ་བསྐལ་བ་བརྒྱད་ཁྲི་བཞིན་སྟོང་བསྒོམ་པ་བས། བླ་མ་སྐད་ཅིག་དྲན་པ་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་འདི་ཉིད་དུ་སངས་རྒྱས་པའི་ཕྱིར་རོ། །ཞེས་དང་། སྡོམ་པ་འབྱུང་བ་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་བརྙེས་པ་ལས་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། །ཞེས་དང་། ཡེ་ཤེས་ཕྲ་རྒྱུད་ལས། ཡོན་ཏན་ཀུན་ལྡན་བླ་མ་ལ། །རྟག་ཏུ་གཡོ་སྒྱུ་མེད་པ་ཡིས། །མཆོད་པ་ཆུང་ངུ་བྱས་གྱུར་ཀྱང་། །ཚེ་འདིར་ཚེ་རིང་ནད་མེད་ཅིང་། །ལོངས་སྤྱོད་ཕུན་ཚོགས་ཡིད་དུ་འོང་། །ཕྱི་མ་ཐར་བའི་བདག་པོར་འགྱུར། །ཞེས་སོ། ། དེ་ལྟ་བུའི་བླ་མ་བསྒྲུབ་མཆོད་ཀྱི་ཐབས་ཟབ་མོའི་གསང་སྔགས་ཀྱང་དབང་ལ་མ་བརྟེན་ན་མི་འགྲུབ་པས་ན། ཁ་སྦྱོར་ཐིག་ལེ་ལས། དབང་མ་ཐོབ་ན་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མེད་བཞིན། །ཞེས་དང་། སྙིང་གི་མེ་ལོང་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་མི་འགྱུར། །དཔེར་ན་མཉན་པ་ལག་སྐྱ་མེད་པ་བཞིན། །ཞེས་པ་ལྟར་རོ། དབང་ཐོབ་ན་བྱིན་རླབས་ཞུགས་ནས་གསང་སྔགས་ཀྱི་སྣོད་དུ་རུང་། ཟབ་མོའི་ཆོས་སྒོ་དབྱེ་བས་སྨིན་གྲོལ་གྱི་ལམ་ལ་དབང་། གསང་སྔགས་ཀྱི་དངོས་གྲུབ་གྲུབ་པས་རང་གཞན་གྱིས་འདོད་དགུ་འབྱུང་བ་དང་། སྙིང་གི་མེ་ལོང་ལས། དབང་རྣམས་རབ་ཏུ་ཐོབ་བྱས་ན། །གསང་སྔགས་ཐམས་ཅད་མ་བསྒྲུབ་འགྲུབ། ཅེས་དང་། ཀློང་གསལ་ལས། །དབང་ཐོབ་རྒྱུད་སྨིན་ཆོས་སྒོ་ཕྱེད། །གསང་སྔགས་དོན་ཀུན་འགྲུབ་པར་འགྱུར། ཞེས་པའི་དོན་ལྟར་དབང་བསྐུར་ཟབ་མོའི་ཆོ་གས་སྨིན་པར་བྱེད་པའི་སྐབས་སུ་བབ་པ་ལ། བདག་རྡོ་རྗེ་སློབ་དཔོན་རིག་འཛིན་རྒྱ་མཚོ་དང་གཉིས་སུ་མེད་པའི་ངོ་བོར་རྫོགས་པ་ལ་མཎྜལ་ཕུལ་མཛོད། མཎྜལ་ཕུལ་ནས་གསོལ་བ་གདབས་པ་འདིའི་རྗེས་ཟློས་མཛོད། ཅེས་ཀྱང་ག་གཱས་སོ། །ཧཱུྃ༔ ཆོས་ཕུང་ཡོངས་རྫོགས་པོ་ཏི་དང་༔ ཕྱག་རྒྱ་བཞི་སྟོན་ཆོས་ཀྱི་དུང་༔ ཐར་ལམ་རྗེས་མཚོན་ཕྱག་ཤིང་རྒྱ༔ འཆད་པའི་དབང་ཐོབ་འཁོར་ལོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡི༔ རྒྱལ་སྲིད་མཆོག་ལ་བཀོད་པ་ཡིན༔ དེང་ནས་མཐའ་ཡས་འགྲོ་དོན་གྱིས༔ རྡོ་རྗེའི་གདུང་འཚོབ་ཁྱོད་ལ་བབས༔ འཆད་རྩོད་རྩོམ་པའི་བཀའ་དབང་གིས༔ ཡང་གསང་སྙིང་པོའི་བསྟན་པ་ཟུངས༔ བརྒྱུད་འཛིན་བུ་སློབ་ཁྱོད་ཀྱིས་སྐྱོངས༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་ཀྱི༔ ལས་ལ་དབང་བསྐུར་དབང་ཐོབ་ཤོག༔ ཨ་བཛྲ་ར་ཛ་ཀརྨ་ཨ་བྷི་ཥིཉྩ་ཨ་ཧཱུྃ༔ ཅེས་ཀྱང་ཐེག་མཆོག་རིན་པོ་ཆེའི་བཀའ་ཕེབས་བཞིན། སྙིང་ཐིག་དང་གཏེར་གསར་ཀུན་ལ་སྦྱར་ཆོག་པའི་བཀའ་རབ་འབྱམས་ཀྱི་དབང་གི་བསྐུར་ཚིག་སྨོན་ལམ་དང་བཅས་པ་འདི། དུས་ཞབས་ཀྱི་སྙིང་ཐིག་གི་གཟུགས་བརྙན་ག་གཱ་ཨ་བྷྱེ་ནས་གུས་པས་ཞབས་འདེགས་སུ་དམིགས་ནས་སྤེལ་བའོ། །དགེའོ། །

བླ་མ་རིག་འཛིན་འདུས་པའི་དབང་ཆོག་བྱིན་རླབས་འོད་ཕྲེང་།

བླ་མ་རིག་འཛིན་འདུས་པའི་དབང་ཆོག་བྱིན་རླབས་འོད་ཕྲེང་བཞུགས་སོ༔

འདི་ལ་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་སྦྱོར་བ་སྔོན་འགྲོ་ལ༔ དཀྱིལ་འཁོར་མདའ་གང་གྲུ་བཞིའི་དབུས༔ བླ་མ་རིག་འདུས་ཟླུམ་གཏོར་དང་༔ གཡས་སུ་གཙོ་བོའི་བུམ་པ་ནི༔ བྱིན་ལྡན་རྫས་ཀྱིས་དགངས་པ་གཅིག༔ གཡོན་དུ་བདེ་སྐྱོངས་བདུད་རྩི་བཤམས༔ དེ་ཡི་རྒྱབ་ངོས་རིག་ཙཀ་ལི༔ ཅུང་ཟད་སྦག་པའི་ཡར་གཞི་ལ༔ ཤེལ་སྒོང་མེ་ལོང་རྨ་བྱའི་མདོངས༔ ཤེལ་གྱི་ཕྲེང་བ་སྒྲོན་གསུམ་གཟུགས༔ ཤེལ་མིག་སྦྱོར་རྒྱུ་ཡོད་ན་རབ༔ བཅུ་བདུན་རྒྱུད་ལ་སོགས་པ་ཡི༔ གླེགས་བམ་བཀའ་རྟགས་མེད་ཐབས་མེད༔ ས་མ་ཡཱ༔ དེ་ནས་ཆོ་གའི་སྔོན་འགྲོ་ནི༔ ས་གཞི་བརྟག་བསླང་སྦྱངས་བ་དང་༔ བྱིན་གྱིས་རླབས་དང་བཟུང་ཐིག་གདབས༔ ཚོན་དགྱེ་ཚོམ་བུ་བཀོད་པ་ལ༔ རབ་གནས་རང་འཇུག་ལྟ་གོན་རྣམས༔ དབང་སྤྱིའི་ཟུར་འགེབས་ཀྱིས་བསྐང་ལ༔ སློབ་མར་ཁྲུས་བྱས་བགེགས་བསྐྲད་བསྲུང་༔ མེ་ཏོག་བཀྱེ་ཞིང་མིག་དར་དགབ༔ ཆོས་བཤད་ཟུར་པ་བཞིན་དུ་བྱ༔ དེ་ནས་གསོལ་བ་གདབས་པ་ནི༔ ཀྱེ༔ བདེ་གཤེགས་གཅིག་གིས་སྒྱུ་འཕྲུལ་དུ༔ གྲངས་མེད་སྐུ་གསུམ་འཁོར་ལོ་འཕྲོ༔ སྙིང་པོ་སྟོང་སྲོག་དམ་པ་ཞིག༔ གཙོ་བོའི་བདག་ལ་བཀའ་དྲིན་ཞུ༔ ཐོག་མེད་འཁོར་བ་རྒྱུན་རིང་དུ༔ བག་མེད་ཉོན་མོངས་བསགས་སྡིག་ཀུན༔ དཔྱིས་འབྱིན་དག་བྱེད་རྒྱུན་བཟང་པོ༔ མགོན་པོའི་བདག་ལ་བཀའ་དྲིན་ཞུ༔ རྨད་བྱུང་གསང་བ་ཡེ་ཤེས་ཀྱི༔ ཡས་བབས་རྒྱལ་ཐབས་སྤྱི་བླུགས་དབང་༔ ཕྱག་རྒྱ་གསེར་འགྱུར་རྩི་ཆེན་གྱི༔ དཔའ་བོའི་བདག་ལ་བཀའ་དྲིན་ཞུ༔ ཞེས་བརྗོད་དེ་ནས་ལན་སྩལ་བ༔ ཧོ༔ ཁྱོད་ནི་ཚོགས་སྨོན་ལས་འཕྲོ་གཙང་༔ སྐལ་བ་བཟང་དགེའི་བློ་སྣང་ཐོབ༔ འོན་ཀྱང་རྡོ་རྗེའི་དབང་བསྐུར་ལ༔ དམ་ཚིག་གསང་བའི་བརྟུལ་ཞུགས་གཉན༔ དེ་དག་བསྲུང་བར་དཀར་བས་ད༵མ༔ མ་བསྲུང་ན་རག་དམྱལ་མེས་ཚི༵ག༔ དུས་རིང་བསྐལ་བར་གདུང་བར་འགྱུར༔ བསྟིར་མེད་སྡུག་བསྔལ་ཀུན་ལས་ཚ༔ བསྲུང་ན་སྡིག་སྒྲིབ་བག་ཆགས་ཚིག༔ དོན་མཐུན་མིང་གིས་ཁེ་ཉིན་སོམ༔ གྱི་ནར་བཏང་སྙོམས་དགེ་སྡིག་ཆུང་༔ འཇུག་དང་ལྡོག་པ་སླ་བ་མིན༔ ཞེས་བརྗོད་སློབ་མས་ཞུ་གསོལ་ནི༔ ཧོ༔ མནོག་ཆོས་བསམ་དེ་འཇུག་པ་ན༔ ཉེས་སྤྱོད་གཡང་ལ་ཅི་སྟེ་རྒྱུག༔ དཔལ་ལྡན་རྡོ་རྗེ་འཛིན་པ་དང་༔ དབང་ཕྱུག་བཀས་བཅད་གང་ཡོད་པ༔ བདག་གིས་རྡོ་རྗེ་མཆོག་གསུམ་ཀྱང་༔ ནམ་ཡང་འདའ་དཀའི་གནས་འཚལ་གྱི༔ མི་ལྡོག་བརྩོན་འགྲུས་དཔའ་བརྟན་པོའི༔ སྤྱི་བོས་བླང་གིས་བཀའ་དྲིན་སྩོལ༔ ཞེས་བརྗོད་དེ་ནས་ཆུ་ནན་ནི༔ ཀྱཻ༔ འདི་ནི་དམ་ཚིག་དཔག་བསམ་ཆུ༔ དམ་བསྲུང་ཡེ་ཤེས་སེམས་དཔའ་ཡིས༔ སྙིང་དབུས་མི་ཤིགས་ཐིག་ལེར་བརྟན༔ བསྲུང་སྐྱོབས་བྱིན་རླབས་ལྷ་རུ་འགྱུར༔ ཉམས་ན་ཡཀྴ་སྲིན་པོ་ལ༔ སྡིག་པ་རཱ་ཛའི་གཟུགས་ཅན་འགྱུར༔ སྙིང་ཁྲག་འཇིབས་ནས་བརླག་པར་བྱེད༔ ཕྱི་མ་ཁྲོ་ཆུ་ཁོལ་མ་འཐུང་༔ སྙིང་བསྲེགས་ཐལ་བར་རྡུལ་ཕྲན་འཐག༔ བྲོ་བོར་དམོད་པར་བཅས་ཀྱིས་འཇིག༔ བན་བོན་སྟོང་གི་མཐུ་ལས་ཟབ༔ ཡང་ན་འདི་འཐུང་མནའ་ཡང་སྐྱོལ༔ ས་མ་ཡ་ན་ར་ཀན༔ དེ་ནས་སྡོམ་པ་སྦྱིན་པ་ནི༔ ཧཱུྃ༔ དཀོན་མཆོག་གསུམ་ལ་བླ་མར་གྱིས༔ སོ་སོར་ཐར་པ་རིས་བདུན་དང་༔ ཕ་རོལ་ཕྱིན་པའི་བསླབ་པ་བསྲུང་༔ འདི་ནི་སྤྱི་ཡི་དམ་ཚིག་སྟེ༔ རྒྱུ་འབྲས་གསང་སྔགས་འདུལ་བ་ཡི༔ རྩ་བ་ཡན་ལག་ཉེས་བྱས་སྡོམ༔ རྡོ་རྗེ་གསུམ་དངོས་དགེ་ཆོས་སྡུད༔ འདི་ནི་ཁྱད་པར་དམ་ཚིག་ཡིན༔ སློབ་དཔོན་སྐུ་གསུང་ཐུགས་མཆོག་གི༔ དམ་ཚིག་ཉི་ཤུ་རྩ་བདུན་བསྲུང་༔ དབང་བཞིའི་དམ་ཚིག་གལ་བའི་མདོ༔ འདི་ནི་བསྲུང་ཡོད་དམ་ཚིག་ཡིན༔ སྣང་འཁྲུལ་ཀུན་རྫོབ་རྣམ་ཆད་པ༔ ལྷུན་གྲུབ་བྱང་ཆུབ་སྙིང་པོའི་ནོར༔ བདག་ཉིད་གཅིག་པུ་སྐྱོན་ཡོན་མཉམ༔ བསྲུང་དུ་མེད་པའི་དམ་ཚིག་ཡིན༔ འདི་ལྟར་བདག་གིས་གང་བསྒྲགས་པ༔ གྲགས་པ་ཁས་བླངས་ཙམ་མིན་གྱི༔ མཚན་ཉིད་ལམ་རྗེས་བསྒྲུབས་ལ་དབང་༔ དེ་ཕྱིར་བསྒྲུབ་བརྩོན་ཡལ་མ་འདོར༔ ཅེས་སོ༔ དེ་ནས་ཡེ་ཤེས་དབབས་པ་ནི༔ སྭ་བྷ་ཝ་༴ སྟོང་པའི་ངང་ལས་རྡོ་རྗེའི་སློབ་མ་འདི༔ སྐད་ཅིག་དྲན་རྫོགས་རྣམ་ཤེས་ཡུལ་བརྒྱད་པོ༔ ནས། དུ་མ་རོ་གཅིག་གྱུར༔ དེ་ནས་བྱིན་འབེབས་ནི༔ ཧཱུྃ་ཧྲཱི༔ བདེ་གཤེགས་འདུས་པའི་ངོ་བོ་ཉིད༔ ཞེས་པ་ནས༔ ཕེཾ་ཕེཾ་གྱི་བར་རོ༔ དེ་ནས་བྱིན་དབབས་པའི་ཡེ་ཤེས་པ་རྣམས་བྱང་ཆུབ་སྙིང་པོའི་བར་དུ་རིགས་ཀྱི་བདག་པོ་དང་ཡེ་ཤེས་སེམས་དཔའི་ཚུལ་དུ་བརྟན་པར་གྱུར་ཅིག༔ ཞེས་བརྟན་པར་བྱས༔ མེ་ཏོག་དོར་ནས་རིགས་བརྟགས་པ༔ ཧཱུྃ༔ ཆགས་མེད་སྐྱོན་བྲལ་མེ་ཏོག་འདི༔ བླ་མ་ལྷག་པའི་ལྷ་ལ་འབུལ༔ སྔོན་ནས་ལས་ཀྱིས་འབྲེལ་བ་ཡིས༔ དཔའ་བོ་ལྷ་རྗེས་བཞེས་སུ་གསོལ༔ པུཥྤེ་པཱུ་ཛ་ཧོ༔ ཞེས་དང་མིག་རས་བསལ་བ་ནི༔ ཧཱུྃ༔ མ་རིག་རྨོངས་པའི་ལིང་ཐོག་གིས༔ ཤེས་རབ་ཆེན་པོས་སྤྱན་རས་བསྒྲིབ༔ མིག་མཁན་རྒྱལ་བོ་རིགས་ཀྱི་ལྷས༔ སྐལ་ལྡན་བུ་ཁྱོད་མིག་དབྱེའོ༔ དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ༔ ཇི་བཞིན་མཐོང་བ་ཡང་དག་གིས༔ ཁོ་ན་ཉིད་ཀྱི་སྤྱན་ལྔ་ནི༔ ཆགས་པ་མེད་པ་ཐོབ་པར་ཤོག༔ ཨོཾ་དྷརྨཱ་དྷརྟུ་ས་མ་བྷུ་ཊ་ཙཀྵུ་པྲ་ཀ་ཌ་སྭཱ་ཧཱ༔ ཞེས་བརྗོད་དཀྱིལ་འཁོར་བཞུགས་པ་ནི༔ ཧོ༔ སྤྱན་བཀྲའི་སྐལ་ལྡན་རིགས་ཀྱི་བུ༔ ཤར་ནི་ཡེ་ཤེས་རྡོ་རྗེའི་དབྱིངས༔ ལྷོ་ནི་ཡོན་ཏན་སྡུག་པོ་བཀོད༔ ནུབ་ཕྱོགས་མཚན་མེད་ཆགས་བྲལ་ཆོས༔ བྱང་སྒོའི་མཇལ་བ་ཆོས་ཀྱི་སྐུ༔ དེ་ཕྱིར་འདི་དང་དབྱེར་མེད་བསྲེས༔ བསྲེ་འཕོ་ཟུང་འཇུག་དབང་གི་སྒོ༔ སེམས་དཔའ་དམ་ལྡན་ཁྱོད་ཀྱིས་ལོངས༔ སྤྱན་གསལ་བཀྲ་བརྟནདབང་གི་བྱིན༔ པདྨ་སེམས་དཔའ་ང་ཡིས་འབེབས༔ ཐུགས་རྗེའི་ཆུ་རྒྱུན་རྙོགས་པ་མེད༔ སྐལ་བ་མཆོག་དེ་མ་དོར་ཞིག༔ ཨོཾ་མཎྜལ་ལ་ཙ་རུ་པྲ་ཝེ་ཤ་ཡ་ཧཱུྃ༔ དེ་ནས་དབང་ལ་ཐུན་མོང་དང་༔ ཐུན་མིན་རྣམ་པ་གཉིས་སུ་ཡོད༔ དང་པོ་ཐུན་མོང་རིགས་ལྔ་ལས༔ མི་བསྐྱོད་ཆུ་ཡིས་དབང་བསྐུར་ནི༔ ཧཱུྃ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ལ༔ གཟུགས་སོགས་ཆོས་ལྔ་དག་བྱེད་ཅིང་༔ དབང་རྟགས་བྱང་ཆུབ་ལྷའི་བརྒྱན་པའི༔ རྡོ་རྗེ་ཆུ་ཡི་དབང་བསྐུར་བ༔ དེ་བཞིན་སྐལ་ལྡན་ཁྱོད་ལའང་༔ རིགས་ཀྱི་བདག་པོར་བརྟན་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་ཨཱ་དརྴ་༴ རིན་འབྱུང་དབུ་རྒྱན་དབང་བསྐུར་ནི༔ སྭཱ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ལ༔ ཚོར་སོགས་ཆོས་ལྔ་དག་བྱེད་ཀྱང་༔ དབང་རྟགས་བྱང་ཆུབ་ལྷའི་བརྒྱན་པའི༔ རིན་ཆེན་དབུ་རྒྱན་དབང་བསྐུར་བ༔ དེ་བཞིན་སྐལ་ལྡན་ཁྱོད་ལའང་༔ རིགས་ཀྱི་བདག་པོར་བརྟན་གྱུར་ཅིག༔ ཨོཾ་མ་ཧཱ་ས་མ་ཏ་༴ གསུམ་པ་མཐར་ཡས་རྡོ་རྗེ་དབང་༔ ཨཾ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ལ༔ ཆོས་ལྔ་འདུ་ཤེས་དག་བྱེད་ཅིང་༔ དབང་རྟགས་བྱང་ཆུབ་ལྷའི་བརྒྱན་པའི༔ ཆོས་ཀྱི་རྡོ་རྗེའི་དབང་བསྐུར་བ༔ དེ་བཞིན་སྐལ་ལྡན་ཁྱོད་ལའང་༔ རིགས་ཀྱི་བདག་པོར་བརྟན་གྱུར་ཅིག༔ ཨོཾ་མ་ཧཱ་ཀྲི་ཏེ་ནུཥྛ་ན་༴ བཞི་བ་དོན་གྲུབ་དྲིལ་བུའི་དབང་༔ ཧཱ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ལ༔ ཆོས་ལྔ་འདུ་བྱེད་དག་བྱེད་ཅིང་༔ དབང་རྟགས་བྱང་ཆུབ་ལྷའི་བརྒྱན་པའི༔ གདུང་རིགས་འདུས་པའི་དབང་བསྐུར་བ༔ དེ་བཞིན་སྐལ་ལྡན་ཁྱེད་ལའང་༔ རིགས་ཀྱི་བདག་པོར་བརྟན་གྱུར་ཅིག༔ ཨོཾ་མ་ཧཱ་པྲེ་ཏེ་པེ་ཀྵ་ན་༴ ལྔ་བ་རྣམ་སྣང་མིང་གི་དབང་༔ ཨཱོཾ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ལ༔ ཤེས་སོགས་ཆོས་ལྔ་དག་བྱེད་ཅིང་༔ དབང་རྟགས་བྱང་ཆུབ་ལྷའི་བརྒྱན་པའི༔ སྣང་མཛད་མིང་གིས་དབང་བསྐུར་རོ༔ དེ་བཞིན་སྐལ་ལྡན་ཁྱོད་ལའང་༔ རིགས་ཀྱི་བདག་པོར་བརྟན་གྱུར་ཅིག༔ ཨོཾ་མ་ཧཱ་ཤུནྱ་ཏ་༴ གཉིས་པ་རྡོ་རྗེ་དབང་བཞི་ལས༔ དང་པོ་ལ་ནི་བུམ་དབང་དངོས༔ དེ་དང་རྗེས་འབྲེལ་སྐུ་གཟུགས་བརྙན༔ དང་པོ་རྫས་ལྡན་སྤྱི་བོར་བཞག༔ ཧཱུྃ༔ སྣང་སྲིད་འཁོར་འདས་སྣ་ཚོགས་ཆོས༔ གཞོན་ནུ་བུམ་སྐུར་མངོན་སངས་རྒྱས༔ བླ་མ་རིག་འཛིན་ཡེ་ཤེས་སེམས༔ ཁོང་གསལ་སྙིང་པོའི་བཅུད་ཀྱིས་གཏམས༔ མཚོན་ནུས་སྤྱི་བཅིངས་རྡོ་རྗེའི་དབང་༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ལུས་རྩ་དགའ་བའི་འཕེལ་སྨིན་རྫོགས༔ སྤྲུལ་སྐུའི་ལམ་འབྲས་ཀུན་དབང་ཤོག༔ ཨོཾ་བཛྲ་གུ་རུ་ནིརྨ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་རྗེས་འབྲེལ་དབྱིབས་ཀྱི་དབང་༔ གཙོ་བོ་རྒྱལ་བའི་སྐུ་གཏད་ལ༔ ཝཾ༔ སྣང་ཆ་འགགས་མེད་ཡེ་ཤེས་སྤྱི་ཡི་གཟུགས༔ དུས་གསུམ་རྒྱལ་བ་མ་ལུས་ཀློང་ན་གསལ༔ ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད༔ སྐལ་ལྡན་ཁྱོད་ལ་རིགས་ཀྱི་བདག་པོར་གཏད༔ ཕྱག་རྒྱ་ཆེན་པོའི་རིགས་ཀྱི་གཙུག་ཏོར་ལ༔ དབང་བསྒྱུར་བཅོམ་ལྡན་གོ་འཕང་ཐོབ་པར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཁྲོ་བོ་ལོད་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཡུམ་ཆེན་གསུམ་མམ་ལྔའི་སྐུ་གཏད༔ ཨེ༔ ཆོས་ཀྱི་འབྱུང་གནས་བདེ་བ་ཆེའི༔ དཀྱིལ་འཁོར་ཀུན་གྱི་གཞལ་ཡས་ཁང་༔ མཁའ་འགྲོ་སྡེ་ལྔའི་དབང་བསྐུར་བས༔ ཡུལ་རྟོག་རང་གྲོལ་སངས་རྒྱས་ཤོག༔ ཨོཾ་མ་ཧཱ་པཉྩ་མུ་དྲ་པྲཛྙཱ་ཨ་བྷི་༴ གདུང་སྲས་བརྒྱད་ཀྱི་དབང་བསྐུར་ནི༔ ཧཱུྃ༔ ལྷུན་གྲུབ་སྒོ་བརྒྱད་དག་པའི་རང་རྩལ་སྐུ༔ དཔལ་ཆེན་རིག་འཛིན་སེམས་དཔའ་སེམས་མའི་གར༔ རྣམ་བརྒྱད་རིམ་པའི་སྐྱེས་བུའི་དབང་བསྐུར་བས༔ ཚོགས་བརྒྱད་ཀ་དག་ཡེ་ཤེས་དོན་རྟོགས་ཤོག༔ ཨོཾ་ནིརྨ་ཀ་ཡ་ཨ་བྷི་༴ ཅེས་བརྗོད་ཀ་བཞི་གདུང་བརྒྱད་ལ༔ སྟོན་པ་བཅུ་གཉིས་སྐུ་གཏད་དེ༔ ཧཱུྃ༔ དག་པ་རྣམ་པ་བཅུ་གཉིས་སྟོན་པར་ཤར༔ མཆོག་རིག་འཛིན་པའི་ཚུལ་དུ་སླར་ཡང་སྣང་༔ དོན་མཐུན་སྤྱོད་མཁས་གྲུབ་པའི་དབང་བསྐུར་བས༔ རྟེན་འབྲེལ་འཁྲུལ་བའི་འཁོར་ལོ་ལྡོག་པར་ཤོག༔ ཨོཾ་བཱིདྱ་དྷ་ར་སརྦ་ཨ་བྷི་༴ དེ་ནས་འཇའ་ལུས་ལྔ་བརྒྱ་སོགས༔ སངས་རྒྱས་སྟོང་གི་སྐུ་ཙཀ་གམ༔ ཡང་ན་ཚོམ་བུ་བཀོད་དེ་གཏད༔ ཧཱུྃ༔ ཆོས་ཉིད་ཟད་པའི་སར་གཤེགས་ནས༔ དགོངས་པ་རོ་གཅིག་མྱ་ངན་འདས༔ འཇའ་ལུས་གྲུབ་པའི་དབང་བསྐུར་བས༔ ཟག་མེད་མངོན་གྱུར་རང་གྲོལ་ཤོག༔ ཨོཾ་བཛྲ་རསྨི་ཀ་ཡ་ཨ་བྷི་༴ ཅེས་བརྗོད་གཉིས་པ་གསང་བའི་དབང་༔ ཨཱ༔ བདེ་ཆེན་དགྱེས་སྤྲིན་ཟིལ་དངར་སྟོང་༔ འཕྲོ་བའི་འཁོར་འདས་བདུད་རྩིས་འདེབས༔ སྒྱུ་མ་རྫས་ཀྱི་དབང་བསྐུར་བས༔ ཡི་གེས་འགྲོས་ཐིམ་ལོངས་སྤྱོད་རྫོགས༔ པདྨ་ཅན་གྱི་ས་ཐོབ་ནས༔ ངེས་པ་ལྔ་ཡི་སྲིད་ཐོབ་ཤོག༔ ཨོཾ་ཨ་མྲི་ཏ་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་བཟླས་ལུང་སྦྱིན་པ་ནི༔ ཧཱུྃ༔ གྲངས་མེད་མགོན་པོའི་ཐུགས་གསང་འགྲོལ༔ རྒྱུད་སྡེ་རྒྱ་མཚོའི་སྤྱི་ཕུད་བཅུད༔ ཐིག་ལེ་རང་བྱུང་དབང་བསྐུར་བས༔ བྱིན་རླབས་སྤྲུལ་བསྒྱུར་དཔལ་འབྱོར་དང་༔ མཉན་བལྟ་ཐོས་བསམ་བཤད་སྒྲུབ་བཟླས༔ ཀུན་ལ་རང་དབང་སྐལ་ལྡན་ཤོག༔ ཨོཾ་སརྦ་དྷརྨཱ་ཏནྟྲ་ཙིཏྟ་ཨ་བྷི་༴ གསུམ་པ་ཤེས་རབ་ཡེ་ཤེས་ལ༔ རིག་མ་མཚན་ཉིད་ལྡན་པ་ལྔ༔ གཏད་དེ་སློབ་མས་རིམ་པར་འཁྱུད༔ ཡང་ན་ཚབ་མར་བརྡ་ཤོག་གཏད༔ ཧཱུྃ༔ སྒྱུ་མ་དག་ནི་ཐམས་ཅད་ལས༔ བུད་མེད་སྒྱུ་མ་མཆོག་ཡིན་ཏེ༔ དགའ་བའི་འོད་མདངས་ཀུན་ནས་འབར༔ འདོད་ཡོན་ལྔ་ཡི་ཟེར་འཕྲོ་ཞིང་༔ སྟོང་པ་བཅོ་བརྒྱད་སྙིང་པོའི་དངར༔ བྱང་ཆུབ་ཀུན་གྱིས་བརྟེན་ནས་འགྲུབ༔ ཐར་པ་ཡོད་མེད་འདི་ལ་རག༔ ཉོན་མོངས་རང་བཞིན་རྟོག་ཚོགས་འཇོམས༔ སྣང་གསུམ་ཡེ་ཤེས་དབང་བསྒྱུར་སྟེར༔ གནས་སྐབས་མཐོང་བའི་བདེན་དོན་གཏོད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ སེམས་ལྔའི་བདེ་སྟོང་ཟིན་པར་མཛོད༔ ཆགས་རྟོག་རང་གའི་ཚི་བ་སྤོངས༔ དབང་བསྐུར་འདི་ཡི་བྱིན་ནུས་ཀྱིས༔ ཕྲ་རགས་ཐིག་ལེའི་འགྲོས་ཐིམ་ནས༔ ས་དང་རིག་འཛིན་དང་པོ་ཐོབ༔ མཐར་ཐུག་འཁོར་ལོ་ཚོགས་ཆེན་པོར༔ ཡུམ་ཆེན་ཀུན་ཏུ་བཟང་མོ་དང་༔ ཁ་སྦྱོར་རྟོགས་པ་མཐར་ཕྱིན་ནས༔ རང་ཐོག་རང་ས་ཟིན་པར་ཤོག༔ ཨོཾ་བཛྲ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥཉྩ་ཧཱུྃ༔ ཞེས་བརྗོད་རྒྱས་སྤྲོས་ངོ་སྤྲོད་གདབས༔ བཞི་བ་ཚིག་གི་དབང་བསྐུར་ལ༔ ཆོས་སྐུའི་ངོ་སྤྲོད་ཚིག་དབང་དང་༔ ལོངས་སྤྱོད་རྫོགས་སྐུའི་ཚིག་དབང་དམ༔ དང་པོ་བརྡ་དང་དོན་གཉིས་ལས༔ བརྡ་དབང་ཤེལ་རྡོས་བསྟན་པ་སྟེ༔ ཧཱུྃ༔ ཤེལ་ནི་ཟང་ཐལ་ཕྱི་ནང་མེད༔ སྟེང་དུ་རྡུལ་གྱི་བག་ཡོད་དེ༔ དྲི་མ་གཤིས་ལ་མ་ཞུགས་ཤིང་༔ ནང་ན་ཁ་དོག་ལྷུན་གྱིས་གྲུབ༔ རྐྱེན་མེད་ཕྱི་ལ་མི་སྣང་ཡང་༔ གང་གི་སྟེང་བཞུགས་མདོག་འགྱུར་འདྲ༔ དོན་དུ་ཤེལ་ལ་འགྱུར་བ་མེད༔ རྒྱུ་རྐྱེན་མ་བསྐྱེད་ནོར་བུ་ལྟར༔ སེམས་ཉིད་ཟང་ཐལ་ཕྱི་ནང་མེད༔ གཡོ་དང་བག་ཆགས་རྡུལ་གྱིས་གོས༔ འོན་ཀྱང་གཤིས་ལ་ནོངས་པ་མེད༔ ཆོས་ཀུན་འབྱུང་བཞིར་ལྷུན་གྱིས་གྲུབ༔ རྐྱེན་མེད་སྣང་བ་ཕྱིར་མི་གསལ༔ རིག་དང་མ་རིག་འཁོར་འདས་འབྱུང་༔ བརྡ་རྟགས་འདི་ཡིས་དབང་བསྐུར་བས༔ དོན་དེ་སྙིང་ལ་འབྱོར་བར་ཤོག༔ ཨོཾ་བི་མ་ལ་ཙིཏྟ་ཨ་བྷི་༴ གཉིས་པ་དོན་ངོ་སྤྲོད་པའི་དབང་༔ འོ་ཁྱོད་རང་གི་སེམས་དེ་ཐད་ཀར་མ་བཅོས་པར་ཞོག་ཅིག༔ དེའི་དུས་སུ་ཐ་མལ་གྱི་རྣམ་པར་རྟོག་པ་ནི་འགགས༔ བེམ་པོ་ལྟར་ཤེས་མེད་ནི་མ་ཡིན་གཟུང་དང་འཛིན་པ་ནི་ཅི་ཡང་མེད༔ གསལ་བ་རང་ཤེས་ཀྱི་དགོངས་པ༔ འདི་འདྲ་ཞེས་བློས་བསམ་དུ་མེད་པ༔ ངག་གི་བརྗོད་པ་མི་ནུས་པ་ལྐུགས་པས་བུ་རམ་ཟོས་པ་ལྟ་བུ༔ ཡོད་པ་འདྲ་བ་ལ་ནི་མེད༔ མེད་པ་འདྲ་བ་ལ་ནི་ཡོད༔ གཏད་མེད་ཕྱོགས་བྲལ་ཆེན་པོར་གནས་པ་དེ་ཁྲེགས་ཆོད་ཤེས་རབ་ཕར་ཕྱིན་གྱི་དགོངས་པ༔ སངས་རྒྱས་སྟོང་བྱོན༔ གྲུབ་ཐོབ་བརྒྱ་འཛོམ༔ མན་ངག་བྱེ་བ་ས་ཡ་དང་མཇལ་ཀྱང་འདི་ལས་ཅུང་ཟད་མེད་པར་རྡོ་རྗེ་འཛིན་པ་ངས་གསང་ཚིག་ཡིན་པས༔ ངོས་བཟུང་ལ་ཤེས་པར་གྱིས་ཐག་ཆོད་ལ་ཡིད་གཉིས་སྤོངས༔ གནད་ཚུགས་ལ་རྩེ་གཅིག་ཏུ་དགོངས་པ་འདི་ལ་མཉམ་པར་ཞོག་དང་༔ ངང་ལ་སྐྱོང་དང་༔ ལེ་ལོ་སྤོངས་དང་༔ བརྩོན་འགྲུས་རྩོམས་དང་༔ ཡལ་བར་མ་དོར་དང་༔ ཡུན་མི་འགྱང་བར་གྲོལ་བར་ཐོབ་པ་གདོན་མི་ཟའོ༔ ཁྱོད་ལ་དེ་ལྟར་དོན་དབང་སེམས་ལ་བརྟེན་ནས་བསྐུར་བ་བཞིན་ཐོབ་པར་གྱུར་ཅིག༔ ཨོཾ་བཛྲ་མ་ཧཱ་སནྡྷི་ཨ་བྷི་༴ གཉིས་པ་ལོངས་སྤྱོད་རྫོགས་སྐུའི་དབང་༔ དེང་སང་སྔོན་དུ་བསྐུར་བ་མང་༔ དེ་ནི་ལམ་སྣང་སྐུ་གསུམ་ལ༔ དགོངས་པ་ཡིན་གྱི་གཞན་དུ་ན༔ ཆོས་སྐུ་ཐོབ་ནས་འགྲོ་དོན་དུ༔ གཟུགས་སྐུ་འབྱུང་བའི་གོ་དོན་གྱིས༔ ཉན་ཐོས་ལམ་ལས་དཔག་བའི་ཕྱིར༔ འདིར་ནི་རང་ལུས་སྟེགས་ལ་བསྐུར༔ དེ་ཡང་མེ་ལོང་སེམས་ཉིད་མཚོན༔ ཤེལ་གྱི་ལུག་རྒྱུད་ཐིག་ལེ་དང་༔ རྨ་བྱའི་མདོངས་ཀྱིས་སྒྲོན་མ་མཚོན༔ མིག་གིས་རྒྱང་ཞགས་ཟེར་གསུམ་གྱིས༔ ཡུལ་གསུམ་མཚོན་པའི་བརྡ་དབང་ངོ་༔ ཨོཾ་ཨཱཿཧཱུྃ༔ ཨ་ཏི་རང་བྱུང་ཏི་ལ་ཀའི༔ ངོ་བོ་རང་མདངས་འདི་ལྷར་ཡོད༔ སྐུ་གསུམ་བཞུགས་སྟངས་ཀྱིས་ནི་འཆར༔ གཟིགས་པ་སྒོ་ཡི་གནད་ཀྱིས་མཐོང་༔ ཡུལ་ནི་རྟེན་གསུམ་ཡིན་པའི་རྟགས༔ སེམས་ལ་ཀུན་འཆར་མེ་ལོང་འདྲ༔ ལུག་རྒྱུད་ཤེལ་གྱི་ཕྲེང་བ་བཞིན༔ ཐིག་ལེ་རྨ་བྱའི་མདོངས་དང་མཚུངས༔ དབྱིངས་ཀྱི་འཇའ་འོད་ནང་ན་བཀྲ༔ ཁྱོད་ལ་སྐུ་གསུམ་དེ་ལྟར་ཡོད༔ ཡོད་པ་བཞིན་དུ་བལྟས་ན་འཆར༔ ཤར་བའི་དོན་ལ་མ་ཡེངས་ན༔ རྫོགས་ལྡན་ཆེན་པོར་མངོན་སངས་རྒྱས༔ དབང་བསྐུར་འདི་ཡིས་སྐལ་ལྡན་ཤོག༔ ཨོཾ་ཏི་ལ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་དོན་གྱི་དབང་བསྐུར་ནི༔ གནད་གཟིར་འོད་གསལ་བལྟར་བཅུག་ལ༔ ཧོ༔ མིག་གི་དཀྱིལ་ན་རྒྱང་ཞགས་ཡོད༔ སྤྱན་ལྔ་རྣམ་དག་མངོན་བྱང་ཡིན༔ དེའི་མཐོང་སངས་རྒྱས་རང་ཞལ་ཏེ༔ ཁ་དོག་སྣ་ཚོགས་འབར་བའི་འོད༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་ཡིན༔ ལོངས་སྐུ་ཞེས་བྱ་ལོགས་ན་མེད༔ འབྲེལ་ལྡན་འོད་ཐག་ཐིག་ལེས་བརྒྱན༔ རྡོ་རྗེ་ལུག་རྒྱུད་སྤྲུལ་པའི་སྐུ༔ ཆུ་རིས་འོད་ལྔའི་གདུགས་ཀོར་འདི༔ ཐིག་ལེ་སྟོང་སྒྲོན་ཆོས་ཀྱི་སྐུ༔ ཀུན་གྱི་ཤེས་བྱེད་རིག་སྟོང་གསལ༔ སྐུ་བཞི་དབྱེར་མེད་རྡོ་རྗེའི་སྐུ༔ འདི་ཡི་རང་རྩལ་གྲངས་མང་པ༔ དུས་གསུམ་སངས་རྒྱས་གསེར་ཞལ་ཡིན༔ འདི་ཡི་མཁྱེན་ཆའི་ཤེས་རབ་གཟུངས༔ བརྒྱད་ཁྲི་བཞི་སྟོང་དམ་ཆོས་ཡིན༔ འདི་ལྟར་རང་ལ་འཇེད་མེད་རྫོགས༔ དགེ་འདུན་ཀུན་གྱིདབང་པོ་ཡིན༔ མཚན་མ་ཀུན་གྱི་འོག་མ་གྱུར༔ བླ་མ་རིག་འཛིན་འདུས་པ་ཡིན༔ གཤེགས་བྱོན་ཀུན་གྱི་ཐུགས་དམ་གསང་༔ དེ་ཕྱིར་ལྷ་ཚོགས་སྤྱི་དཔལ་ཡིན༔ ཆོས་ཉིད་མཁར་སྤྱོད་མཁའ་གསལ་འགྲོ༔ མ་རྒྱུད་ཡོངས་ཀྱི་བང་མཛོད་ཡིན༔ ཚིག་གི་དབང་ནི་ཐམས་ཅད་ཀྱི༔ དོན་དམ་གནད་འདུས་འདི་ལས་མེད༔ དེ་རིང་ཁྱོད་ལ་བསྐུར་བ་ཡིས༔ སྣང་བཞི་མཐར་ཕྱིར་རླུང་བཞི་བཟློག༔ ཁྱབ་བརྡལ་གཞོན་ནུ་བུམ་པའི་སྐུ༔ བསྒྲུབ་ན་ལོ་ལྔས་མངོན་གྱུར་བའི༔ སྐལ་བ་བཟང་ཐོབ་སྨིན་ཟིན་གྱིས༔ ཡལ་བར་མ་དོར་རིགས་ཀྱི་བུ༔ གྲངས་མེད་རྒྱལ་བའི་ཐུགས་སྲོག་ཡིན༔ རིག་འཛིན་འབུམ་གྱི་སྙིང་ཁྲག་ཡིན༔ མཁའ་འགྲོ་རབ་འབྱམས་མིག་འབྲས་ཡིན༔ ས་སྦྱོང་ཀུན་གྱི་གཅེས་ནོར་ཡིན༔ ཨེ་མ་ཁྱོད་ཀྱིས་ཐོབ་པ་འདི༔ རྒྱུན་མཐའི་བྱང་ཆུབ་སེམས་དཔའ་སྟེ༔ བསྐལ་བ་ཁྲག་ཁྲིག་གྲངས་མེད་དུ༔ འདི་དང་འཕྲད་པར་རབ་ཏུ་དཀའ༔ འཕྲད་ནས་བློ་ལ་ཆུད་པར་དཀའ༔ ཆོས་ཟབ་པ་ན་བདུད་ཀྱིས་འཚེ༔ རྒྱ་ལམ་ཨུ་དམ་ཝ་ར་འདི༔ ཟིན་ནས་མ་ཤོར་བ་ཞིག་མཛོད༔ སངས་རྒྱས་ཨེ་ཐོབ་ད་རིས་ཙམ༔ ནོར་བུ་རིན་ཆེན་དོན་ཀུན་འབྱུང་༔ ང་ཡི་ཁྱོད་ལ་ཕ་ཆུས་གཏད༔ གཏན་སྲིད་གྱི་ནར་མ་བོར་ཅིག༔ ཨ་ཨ་ཨཱཿཕཊ༔ དེ་ནས་གཏོར་དབང་བསྐུར་བ་ལ༔ བྷ་ལིང་ཏ་ནི་མགོ་ཐོག་བཞག༔ ཧོ༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ ལོངས་སྐུ་རྒྱལ་ཚབ་རིགས་ལྔ༔ སྤྲུལ་སྐུ་ཞི་ཁྲོ་རིགས་བརྒྱ༔ ཡང་སྤྲུལ་སྟོན་པ་བཅུ་གཉིས༔ རྒྱ་བོད་འཇའ་ལུས་རིག་འཛིན༔ ཨོ་རྒྱན་པདྨ་འབྱུང་གནས༔ གཏེར་ཆེན་བདུད་འཇོམས་རྡོ་རྗེ༔ སྤྲུལ་སྐུ་གྲུབ་ཆེན་རྣམ་བརྒྱད༔ བཀའ་སློང་དཀའ་བཞི་གདུང་བརྒྱད༔ འཇའ་ལུས་ཆེ་ཆུང་ལྔ་བརྒྱ༔ དམ་ཆོས་རྫོགས་པ་ཆེན་པོ༔ ཆ་ལག་ཟབ་གཏེར་བརྒྱད་ཅུ༔ དངོས་ཀྱི་བསྟན་དང་བསྟན་འཛིན་བརྒྱུད་པ་དང་བཅས་པའི་བཀའ་བདེན་པས༔ སྐལ་ལྡན་གྱི་སློབ་མ་འདི་ལ༔ བཀའ་དམ་པ་སྤྱི་བོ་ནས་ཐོབ་པར་བྱིན་གྱིས་རློབས་ཤིག༔ ལུང་དམ་པ་མགྲིན་པ་ནས་༴ མན་ངག་དམ་པ་སྙིང་ཀ་ནས་༴ ལུས་རྡོ་རྗེ་སྐུ་ཡི་རོལ་པར་སྨིན་པར་གྱུར་ཅིག༔ ངག་རྡོ་རྗེ་གསུང་གི་རོལ་པར་སྨིན་པར་གྱུར་ཅིག༔ ཡིད་རྡོ་རྗེ་ཐུགས་ཀྱི་རོལ་བར་༴ གཞི་རྡོ་རྗེ་མངོན་པར་རྟོགས་པར་༴ ལམ་རྡོ་རྗེ་ཉམས་སུ་ལོན་པར་༴ འབྲས་བུ་རྡོ་རྗེ་མྱུར་དུ་འགྲུབ་པར་༴ བླ་མ་རིག་འཛིན་རྒྱ་མཚོའི་གོ་འཕང་མངོན་སུམ་དུ་ཐོབ་པར་༴ དགོངས་ཀློང་དབྱེར་མེད་དུ་སངས་རྒྱས་པར་བྱིན་༴ དོན་གཉིས་མཐའ་རུ་ཕྱིན་པའི་དབང་དམ་པ་ཐོབ་པར་༴ དཀོན་མཆོག་གསུམ་གྱི་བདེན་པས་དེ་དེ་བཞིན་དུ་ཐོབ་པར་གྱུར་ཅིག ཆོས་ཉིད་ངོ་བོའི་གྲུབ་པའི་བདེན་པས་༴ ཆོས་ཅན་རང་བཞིན་གྲུབ་པའི་བདེན་པས་དེ་དེ་བཞིན་༴ དཀྱིལ་འཁོར་ལྷ་ཡི་བདེན་༴ རིག་འཛིན་བདག་གི་བདེན་སྨོན་ཤིས་བརྗོད་ཀྱིས་༴ གསང་སྔགས་ཟབ་མོའི་ཆོ་གའི་༴ རྟེན་འབྲེལ་དབང་གི་བདེན་པས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ཅེས་མཐར་དམ་ཚིག་ཁས་བླངས་དང་༔ གཏང་རག་ཡོན་འབུལ་མཐའ་བརྟེན་པ༔ བཀྲ་ཤིས་ལ་སོགས་རྒྱས་པར་བྱེད༔ འདི་ལྟར་ལན་གཅིག་དབང་ཐོབ་ན༔ རྒྱུད་སྡེ་ཀུན་ཀྱང་ཐོས་བསམ་དང་༔ སྒོམ་བསྒྲུབ་རུང་ཞིང་དཀྱིལ་འཁོར་ཀུན༔ སྲོག་དབང་མ་ཐོབ་གཅིག་ཀྱང་མེད༔ ས་མ་ཡཱ༔ ཚུལ་འདི་རྡོ་རྗེའི་མཆེད་པོ་ཡིས༔ བཀའ་ཡིས་མེ་ཏོག་སྤྱིར་བེབས་ནས༔ ཡལ་བར་མ་དོར་ཐུགས་དམ་གྱི༔ རེ་སྨོན་སྐོང་ཕྱིར་གུས་པས་གསོལ༔ ཅེས་ཐེག་མཆོག་གསུང་བསྐུལ་དོན་ཡོད་ཕྱིར་ག་གཱ་ཨ་བྷྱེ་ནས་སོ། །དབང་ཆོག་ལ་དོགས་གཞི་རེ་ཟུང་ཡོད་ཀྱང་རང་ཅག་ཤེས་ཡོན་དམན་པས་དཔེ་ལྟར་བཞག་ཡོད་རྒྱུད་དོན་གཟིགས་པ་རྣམས་ཀྱི་དཔྱད་འཚལ།

བླ་མའི་ཕྱི་ནང་གསང་བའི་བསྒྲུབ་པ་དཀྱིལ་འཁོར་ཡོངས་ཀྱི་ཟ་མ་ཏོག

བླ་མའི་ཕྱི་ནང་གསང་བའི་བསྒྲུབ་པ་དཀྱིལ་འཁོར་ཡོངས་ཀྱི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ༔

ཀྱེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ རྡོ་རྗེ་འཛིན་པའི་ངོ་བོ་ཉིད༔ དཀོན་མཆོག་གསུམ་གྱི་རྩ་བ་སྟེ༔ བླ་མ་རྣམས་ལ་གསོལ་བ་འདེབས༔ ཧཱུྃ༔ སྐྱབས་ཀྱི་མཐར་ཐུག་བླ་མ་ལ༔ ཨཱ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བྱམས་དང་སྙིང་རྗེའི་གང་འདུལ་དུ༔ འགྲོ་ཀུན་སངས་རྒྱས་སར་འགོད་དོ༔ ཀྱཻ༔ རྒྱལ་བ་དགོངས་བརྒྱུད་བླ་མ་ཡང་༔ སྔོན་ཐོག་རང་བཞིན་ཁྱོད་དུ་རིག༔ རིག་འཛིན་བརྡ་བརྒྱུད་བླ་མ་ཡང་༔ བརྒྱུད་པའི་དབུ་འཛིན་ཁྱོད་ཀྱིས་བཀོད༔ གང་ཟག་སྙན་བརྒྱུད་བླ་མ་ཡང་༔ ཁྱོད་ཀྱི་གསུང་གི་ཕྲིན་ལས་ཏེ༔ སྨོན་ལམ་དབང་བསྐུར་བརྒྱུད་པའང་༔ ཨོ་རྒྱན་ཆེན་པོས་ཁྱོད་ལ་ཐོབ༔ ཤོག་སེར་ཚིག་གི་བརྒྱུད་པའང་༔ ཁྱོད་ཀྱིས་ཤེས་རབ་ཆེན་པོས་རྟོགས༔ མཁའ་འགྲོ་གཏད་རྒྱའི་ངོ་བོ་ཡང་༔ དངོས་ཉམས་སྣང་བས་ཁྱོད་ལ་འདུམ༔ བཀའ་བབས་ལུང་དུ་བསྟན་པའང་༔ ཁྱོད་ལ་ཚད་མའི་སྐྱེ་བོས་མཛད༔ བདུན་ལྡན་བརྒྱུད་པའི་ངོ་བོ་རུ༔ ཤེས་ནས་དགོངས་པ་རོ་གཅིག་བསྒྲུབ༔ ཨོཾ་བཛྲ་གུ་རུ་ག་གཱ་ཨ་བྷྱེ་སརྦ་གུ་རུ་སམ་བྷུ་ཌ་ས་མུ་ཌ༔ སིདྡྷི་ཕ་ལ་ཨཱཿཧཱུྃ༔ ཞེས་པས་དུས་གསུམ་བྱོན་བཞུགས་ཀྱི༔ བླ་མ་ཐམས་ཅད་དུས་གཅིག་འགྲུབ༔ ཐེ་ཚོམ་ཡོད་ན་མ་གཏོགས་སོ༔ ས་མ་ཡཱ༔ ཡི་དམ་ལྟར་དུ་བསྒྲུབ་པ་ནི༔ ཀྱཻ༔ སྐུ་གསུམ་སྙིང་པོའི་ཡི་གེ་གསུམ༔ དུག་གསུམ་ནད་ཀྱི་སྨན་དུ་ཤར༔ སྐུ་གསུང་ཐུགས་ཀྱི་རྒྱུད་སྡེ་ནི༔ ཕྱི་ནང་གསང་བ་ཡང་གསང་གི༔ རིགས་གསུམ་རིགས་ལྔ་རྡོ་རྗེ་དབྱིངས༔ རིགས་གཅིག་རིགས་དྲུག་རིགས་ཆེན་བརྒྱད༔ ཕ་མ་གཉིས་སུ་མེད་པའི་ལྷ༔ དུས་གསང་བདེ་འཇིགས་སྒྲུབ་སྡེ་བརྒྱད༔ མདོ་སྒྱུ་སེམས་ཀྱི་དཀྱིལ་འཁོར་ཀུན༔ རང་བཞིན་མ་ཧཱ་གུ་རུ་དྲུག༔ ཁྱོད་ལ་མཉམ་པ་ཉིད་རྫོགས་པས༔ དཀྱིལ་འཁོར་གཅིག་དྲིལ་ངང་ནས་བཟླ༔ ཨོཾ་བཛྲ་ག་གཱ་ཨ་བྷྱེ་དེ་ཝ་མཎྜལ་སྭཱ་བྷ་ཝ་ཨཏྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པས་ཡི་དམ་དཀྱིལ་འཁོར་གྱི༔ སྙིང་པོ་མི་འགྲུབ་གཅིག་ཀྱང་མེད༔ མཆོག་ཐུན་དངོས་གྲུབ་ལྕགས་ཀྱུ་ཡིན༔ དམ་ཚིག་ཉམས་པ་མ་གཏོགས་སོ༔ ས་མ་ཡཱ༔ མཁའ་འགྲོ་ལྟར་དུ་བསྒྲུབ་པ་ནི༔ ཧྲཱི༔ ཡེ་ཤེས་ལས་གྲུབ་ཤ་ཟ་མོ༔ དམ་ཚིག་སྣ་ཚོགས་མཁའ་འགྲོ་མ༔ འཇིག་རྟེན་རྣལ་འབྱོར་འཁོར་དང་བཅས༔ ཀུན་བཟང་ཕག་མོ་རིགས་ལྔ་དང་༔ ངེས་མངོན་བརྗོད་དང་ཁྲོས་མ་ནག༔ གནས་ཡུལ་དུར་ཁྲོད་ཞིང་སྐྱོངས་མ༔ མཁའ་ལ་ཤུགས་འགྲོ་ཕྲ་མེན་ཚོགས༔ མ་ལུས་ལུས་པ་མེད་པ་ཀུན༔ ངོ་བོ་དབྱིངས་གཅིག་ཁྱོད་ཀྱིས་བསྡུས༔ རྣམ་པར་རོལ་བ་ཐ་དད་ཀྱང་༔ དེ་བཞིན་མི་གཉིས་ལྟ་བས་རྟོགས༔ བསྒོམ་སྤྱོད་རོ་གཅིག་ངང་མཐོང་བསྒྲུབ༔ ཨོཾ་བཛྲ་གུ་རུ་ག་ག་ཨ་བྷྱེ་ཛྙྭ་ན་ས་མ་ཡཱ༔ བུ་ཤྭ་ཁ་རམ་ལོ་ཀ་ཡོ་ཀི་ནི་སརྦ་སིདྡྷི་ཕ་ལ་ཨཱཿཧཱུྃ༔ མཁའ་འགྲོ་མ་ལུས་འདུ་བ་དང་༔ བསྙེན་པའི་ཉམས་ཆགས་འབྱུང་བ་མེད༔ དམ་རྫས་ཉམས་པ་མ་གཏོགས་སོ༔ ཕྱག་རྒྱ་བཞི་དང་ཡང་དག་ལྡན༔ ཀྱཻ༔ དུས་གསུམ་སྒྲོན་མ་ཁྱོད་ཀྱི་ཐུགས༔ ལུང་རྟོགས་ཆོས་ཕུང་ཁྱོད་ཀྱི་གསུང་༔ ཐེག་གསུམ་དགེ་འདུན་ཁྱོད་ཀྱི་སྐུ༔ དབྱེར་མེད་ཐབས་རྒྱུའི་དག་པར་བསྒྲུབ༔ ཨོཾ་བཛྲ་གུ་རུ་ག་ག་ཨ་བྷྱ་ན་མོ་རཏྣ་ཏྲ་ཡ་ཡཱ༔ སརྦ་སིདྡྷི་ཕ་ལ་ཨཱཿཧཱུཾ༔ མཐར་མཆོད་བསྟོད་གཏོར་མ་མེད་པ་དང་༔ བཤགས་བསྡུ་ལྡང་དང་སྨོན་བཀྲ་ཤིས༔ ཧཱུྃ༔ ལུས་དང་ཡིད་སྤྲུལ་ཏིང་འཛིན་མཆོད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ ཉམས་ཆགས་ཉེས་ལྟུང་ཐམས་ཅད་བཤགས༔ སྣང་སྟོང་ཟུང་འཇུག་རྫོགས་སྐུར་གདལ༔ སེམས་ཅན་སངས་རྒྱས་སར་འཁོད་ཤོག༔ འཕྲལ་ཕུག་དགེ་ལེགས་བཀྲ་ཤིས་ཤོག༔ བདག་ལ་ཡོན་ཏན་མེད་ཅིང་རྣམ་གཡེངས་དང་༔ ཉོན་མོངས་རྒྱུ་འབྲས་སྟོབས་ཆེས་ནོན་པ་ན༔ གསོལ་འདེབས་བསྒྲུབ་བྱའི་ངོ་བོར་ཅི་ཡང་མེད༔ དེ་ཕྱིར་ཚིག་འདིའང་ཤོག་གུའི་གྲོན་ཅིག་ལགས༔ འོན་ཀྱང་རྒན་མོ་ཁྱི་སོས་སངས་རྒྱས་དང་༔ སློབ་དཔོན་ཁྱི་རྡ་ཡིན་ཀྱང་མགོ་ལ་ཞོག༔ ཟེར་བའི་དཔེ་དང་དེ་བཞིན་དབང་བསྐུར་པོར༔ སངས་རྒྱས་ཀུན་གྱི་བྱིན་རླབས་འཇུག་ཞེས་པས༔ ཁྱོད་ངོས་བྱིན་རླབས་དངོས་གྲུབ་འབྱུང་བར་ཤོག༔ མང་ན་ཉབ་ཉོབ་འདོན་རེ་མེད་པ་དང་༔ ཉུང་ན་ཡིད་མི་ཚིམ་ཞིང་བསོགས་ཚོད་མེད༔ ཇི་ལྟར་བྱས་ཀྱང་གཡོ་བསྒྱུར་མཐོང་བ་ལ༔ ཕན་ཐོག་བྱུང་དང་མ་བྱུང་བདག་ལ་མེད༔ འོན་ཀྱང་རང་ལ་ཡོན་ཏན་མེད་པས་ན༔ བྱི་ལའི་ཆོས་བཤད་རིལ་མ་སྤུ་ཅན་ཏེ༔ ངོ་རེ་ཚ་ཡང་ཁྱེད་གསུངས་མ་ལྡོག་ནས༔ གདོང་བ་ལག་པས་བཀབ་ནས་སྨྲས་པ་ཡིན༔ སོག་པོ་འཇམ་དཔལ་གསུང་གིས་ནན་ཏན་ལ༔ ཕར་འཁོར་གཅིན་གདུང་ག་ག་ཨ་བྷྱེས་སྨྲས༔དགེའོ༔ སརྦ་མངྒ་ལམ།

༈ ཆོས་ཉིད་གཅིག་ལ་མཛད་པ་ཐ་དད་དུ༔ མ་འགགས་མིག་འཕྲུལ་ལྟ་བུར་ཅིར་ཡང་བཀྲ༔ བདུད་འཇོམས་སྲས་འཁོར་བཅས་ལ་གསོལ་བ་འདེབས༔ ཐུགས་ཡིད་གཅིག་འདྲེས་འཕོ་ཆེན་ལྷུན་གྲུབ་ཤོག༔ རིག་མཚོའི་བསྐུལ་ངོར་ག་གས་སོ། །

༄༅༔ བླ་མའི་ཡང་གསང་གི་སྒྲུབ་པ་བྱིན་རླབས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་བྷྱེ༔ ཡེ་བབ་དོན་གྱི་བླ་མ་ནི༔ ཞལ་ཕྱག་མཚན་མ་ཀུན་བྲལ་བའི༔ རང་བྱུང་རིག་པའི་ཡེ་གདངས་ལས༔ གཞན་དུ་འཛིན་པ་འཁྲུལ་བའི་ལམ༔ དེ་ཕྱིར་རང་གསལ་སྐྱོང་བ་ལས༔ གཞན་དུ་བསྒོམ་དང་བལྟ་བྱ་མེད༔ དེས་ན་རྩོལ་མེད་བབས་ཀྱི་ངང་༔ འབྱམས་སུ་ཀླས་པ་ཡང་དག་ལམ༔ དེ་ལྟར་མ་རྟོགས་གཟུང་འཛིན་གྱིས༔ གུད་དུ་བཅད་པས་མངོན་པར་ཞེན༔ འཕྱང་རྒྱ་ཐད་ཀར་གྲོལ་བའི་ཕྱིར༔ རྩལ་སྦྱོངས་ཐབས་ཀྱི་གནས་ཉིད་ལ༔ སྦྱོར་བ་དང་པོ་འདི་ལྟར་བརྩམ༔ ན་མོ༔ སྟོང་གསལ་འཛིན་བྲལ་གདོད་མའི་གཞིར༔ སྐྱེ་མེད་མ་རིག་འཁྲུལ་པའི་རྒྱུ༔ དམིགས་པ་མེད་པའི་གཤིས་ལུགས་སུ༔ དག་མཉམ་རོལ་ཕྱིར་སྐྱབས་སུ་མཆི༔ ཧོ༔ སེམས་ཀྱི་ངང་དུ་འཕོ་པའི་རྒྱུ༔ ལུང་མ་བསྟན་གྱིས་སྒྲིབ་པ་ཉིད༔ མེད་བཞིན་ཞེན་འཐས་བདག་གཞན་དངོས༔ གཞིར་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ ཧཱུྃ༔ ལྷན་སྐྱེས་ཀུན་བཏགས་གདོན་ཆེན་པོ༔ རིག་སྟོང་རྡོ་རྗེའི་ཧེ་རུ་ཀས༔ བདག་མེད་ལྟ་བའི་ཏིང་འཛིན་གྱིས༔ ཆོས་ཉིད་ངང་དུ་བསྐྲད་པར་བྱ༔ བསྐྲད་སྔགས༔ ཧཱུྃ༔ ཉོན་མོངས་ཉོན་མོངས་བདག་འཛིན་འདྲེ༔ སྐུ་གསུམ་ཡེ་ཤེས་རྡོ་རྗེའི་གུར༔ ཆོས་བདུན་ལྡན་པའི་དཀྱིལ་འཁོར་དུ༔ ནམ་ཡང་རྒྱུ་བའི་གོ་སྐབས་ཟད༔ རཀྵ་རཀྵ་བྷྲུཾ༔ ཧཱུྃ་ཨོཾ༔ ཁྱབ་བདག་འགྱུར་མེད་དོན་གྱི་ལྷ༔ ཁྱབ་བྱེད་ཀུན་གཟིགས་ཤེས་རབ་ཉིད༔ ཁྱབ་སྣང་འགགས་མེད་བླ་མའི་དལ༔ ཁྱབ་བརྡལ་རྡོ་རྗེའི་བྱིན་ཕོབ་ཅིག༔ ཨ་ཝེ་ཤ་ཡ་ཕེཾ༔ ཧཱུྃ༔ ཡེ༵་ཤེས་འཕྲུལ་ཆེན་གར་བསྒྱུར་གྱི༔ ཡེ༵་ཡོད་དོན་གྱི་མཆོད་པའི་སྤྲིན༔ ཡེ༵་དག་མཉམ་ཉིད་རོལ་པའི་རྒྱན༔ ཡེ༵་འབྱམས་རྨད་བྱུང་རླབས་ཀྱིས་བརླབས༔ པཱུ་ཙ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་ལ༔ ཨཱ༔ དམི༵གས་བསམ་བརྗོད་བྲལ་ངོ་བོ་ཉིད༔ དམི༵གས་མེད་སྙིང་རྗེའི་སྒྱུ་འཕྲུལ་རྩེན༔ དམི༵གས་བཅས་ལྷ་སྐུའི་ཞལ་མཚན་མར༔ དམི༵གས་པའི་ཚུལ་དུ་ཡོངས་བཀོད་པ༔ ཐིག་ལེ་ཉག་གཅིག་ད་ལ་རུ༔ དཀར་དམར་སྣང་བ་རྣམ་དག་གདན༔ དེ་དབུས་ཟླུམ་འཁྲིགས་དབང་གཞུས་བསྐོར༔ ལྔ་ལྡན་ཡེ་ཤེས་རྫོགས་པའི་ཕྱིར༔ གཅིག་དང་དུ་བྲལ་གྲོལ་བའི་མཚོན༔ ཞལ་གཅིག་ཁྲོ་བ་མེད་པའི་གདོངས༔ སྐུ་བཞི་ལྷུན་གྱིས་གྲུབ་པའི་ཕྱིར༔ ཕྱག་དང་ཞབས་ནི་གཉིས་གཉིས་ལྡན༔ ཞིང་ཁམས་ལྔ་ཡང་རྫོགས་པའི་ཕྱིར༔ ཐིག་ལེ་འོད་ལྔའི་དཀྱིལ་འཁོར་ཤར༔ དེ་བཞིན་རིགས་སོགས་ལྔ་ལྡན་པས༔ ཕྱག་གཡས་སོར་མོའི་ལྕུགས་ཕྲན་རྩེན༔ ཁམས་ལྔ་རྣམ་དག་ཕྱག་གཡོན་སོར༔ ཡབ་ལྔ་རྫོགས་དང་དེ་བཞིན་དུ༔ ཡུམ་ཆེན་ལྔ་མཚོན་ཞབས་སོར་བཅུ༔ མཉམ་ཉིད་བདེ་བ་ཆེན་པོས་ལྗགས༔ ཐབས་ཤེས་ཟུང་འཇུག་ཡུམ་དང་སྦྱོར༔ མཁྱེན་གཉིས་སྤྱན་དང་བདེན་གཉིས་སྙན༔ དོན་གཉིས་ཤངས་བུག་ཧ་རེ་ཕྱེས༔ ཡེ་ནས་འགྱུར་བ་མེད་པའི་ཕྱིར༔ སྐུ་མདོག་དབང་སྔོན་འབུམ་གྱི་སྤོ༔ མཚམས་ཀྱི་ཆུ་འཛིན་ངོག་དམར་བས༔ དམ་པོར་འཁྱུད་པའི་འོད་འབར་ཡུམ༔ མཁའ་དང་ཉི་མའི་རང་བཞིན་ཅན༔ མཉམ་བཞག་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྤྲོས་མེད་ངོ་བོ་ཉིད་ཀྱིས་མཚོན༔ རྒྱན་མེད་གཅེར་བུའི་ངང་ཚུལ་ཅན༔ རང་བཞིན་འགགས་པ་མེད་པའི་ཕྱིར༔ འོད་དང་འོད་ཟེར་རབ་ཏུ་འབར༔ ཐུགས་རྗེ་ཀུན་ལ་ཁྱབ་པའི་ཕྱིར༔ ཐུགས་ལས་འོད་ཐག་དཀར་དམར་སེར༔ ལྗང་སྔོན་ཕྱོགས་བཞི་སྟེང་འོག་འཕྲོས༔ རྩེ་ལ་རིགས་ཀྱི་ཐུབ་དྲུག་ཤར༔ དག་གསལ་སྟོང་པའི་ཆོས་ཉིད་ཀྱི༔ གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཀུན་བཟང་རིག་པ་རང་བྱུང་གི༔ ཆོ་འཕྲུལ་སྣ་ཚོགས་ལོངས་སྤྱོད་རྫོགས༔ ཀུན་གྱི་སྤྱི་མོ་ཡོངས་གྱུར་པ༔ རྡོ་རྗེའི་བླ་མ་རིན་པོ་ཆེ༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག༔ གཤེགས་བྱོན་སྤྲོས་པ་རྣམ་ཞི་ཡང་༔ སྐལ་ལྡན་དད་ལྡན་བདག་དོན་དུ༔ གཟུགས་སྐུའི་རྣམ་རོལ་ཅིར་ཡང་བསྒྱུར༔ བཛྲ་ས་མ་ཡ་ཛ་ཛ༔ སིདྡྷི་ཕ་ལ་ཧོ༔ བཞུགས་གསོལ་ནི༔ ཧོ༔ བདག་དོན་རྟོགས་པ་ཚར་ཕྱིན་ཅིང་༔ གཞན་དོན་ཐུགས་རྗེའི་ངང་རྒྱས་ཕྱིར༔ ཐབས་ཤེས་ཟུང་འཇུག་སྒྱུ་འཕྲུལ་གར༔ ཕུང་ཁམས་གནས་འགྱུར་དཀྱིལ་འཁོར་རོལ༔ ཏིཥྛ་སརྦ་ས་མ་ཡ་ལྷན༔ ཕྱག་འཚལ་ནི༔ ཧོ༔ རང་ཤར་སྤྲུལ་པའི་ལྷར་བཀོད་པ༔ མཉམ་བརྡལ་དཀྱིལ་འཁོར་གཅིག་ཏུ་རོལ༔ དངོས་ཞལ་ལྟ་བ་མཇལ་བའི་ཕྱག༔ འཚལ་བྱ་འཚལ་བྱེད་ཀུན་དང་བྲལ༔ ན་མོ་ན་མ་ཧོ༔ མཆོད་པ་ནི༔ ཧཱུྃ༔ བདག་ལྟའི་གཉིས་འཛིན་འདྲེ་བོ་ཆེ༔ ཤེས་རབ་དབྱིངས་སུ་བསྒྲལ་བ་ལས༔ ཕུང་ཁམས་རིགས་ལྔ་ཡེ་ཤེས་སུ༔ སྦྱོར་བསྒྲལ་བླ་ན་མ་མཆིས་མཆོད༔ མ་ཧ་ཏན་གན་པཱུ་ཛ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ གཤེས་ལུགས་ཐབས་ཤེས་གཉིས་མེད་པ༔ རང་བྱུང་རིག་པ་ལུ་གུ་རྒྱུད༔ ཟང་མ་ཐལ་བྱུང་བདེ་བ་ཆེ༔ དུས་གསུམ་མཉམ་ཉིད་དབྱིངས་ལ་བསྟོད༔ མ་འགགས་གསལ་ཁྱབ་འདུས་མ་བྱས༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་ཆེ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟོད༔ ཚད་ཕེབ་ཆོས་ཉིད་རང་རྫོགས་རྒྱན༔ ལྔ་ལྔའི་དབང་གཞུ་ཚོམ་བུའི་དལ༔ སྐུ་དང་བཀོད་པས་རྒྱན་སྣང་བརྡལ༔ སྟོང་སྒྲོན་སྤྲུལ་པའི་སྐུ་ལ་བསྟོད༔ ཕྱི་ལྟར་འཆར་གཞི་རིན་ཆེན་སྦུབས༔ རྒྱང་ཞགས་སྒོ་ཡི་བརྒྱུད་པའི་ལམ༔ ཨཱ་ཝ་དྷི་ཏིར་ཡོངས་བཟླུམ་པའི༔ ཐབས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ མཐའ་སྡུད་ཀུན་ཆུབ་བུམ་པའི་ངང་༔ ཁྱད་ཆོས་དྲུག་ལྡན་བླ་མ་མཆོག༔ དབྱིངས་རིག་གཉིས་སུ་མི་ཕྱེད་པའི༔ ངོ་བོ་ཉིད་ཀྱི་སྐུ་ལ་བསྟོད༔ དེ་ནས་འཛབ་བཟླ་བ་ནི༔ ཐིག་ལེ་ཆེན་པོ་ཆོས་ཀྱི་དབྱིངས༔ སྟོང་ཉིད་དོན་གྱི་མཁའ་ཀློང་དུ༔ རིག་གདངས་རང་བྱུང་སྒྲོན་མ་ཡི༔ རྩེ་གཅིག་ངང་མཐོང་རང་སར་ཡན༔ ཞེས་རྣམ་པར་མི་རྟོག་པའི་ཡེ་ཤེས་བླ་མའི་ཐུགས་གསང་བ་བརྗོད་བྲལ་ལུ་གུ་རྒྱུད་ཀྱི་རང་ཞལ་ལ་མི་གཡོ་བར་གནས་པ་ནི་ཐུགས་ཀྱི་བཟླས་པ་བླ་ན་མ་མཆིས་པའོ༔ སྐབས་སུ་སྐྱེ་བ་མེད་པའི་བཟླས་པ་ནི་རླུང་ཁམས་དག་སྦྱོར་སྟེ༔ ཨཱ༔ ཡི་གེ་མཆོག་ནི་རྣམ་པར་དག༔ སྲིད་ཞི་ཀུན་ཏུ་མཉམ་ཞུགས་པས༔ ཐམས་ཅད་མ་ལུས་གསུང་ལ་འདུས༔ གསུང་གི་རང་བཞིན་གྲགས་སྟོང་སྔགས༔ ཨཱ༔ ཞེས་བཟླས་མཐར་སྐུའི་བཟླས་པ་ནི་རྩ་ཁམས་དག་སྦྱོར་སྟེ༔ ཐུགས་མཆོག་འོད་ཀྱི་དྲྭ་བའི་ཀློང་༔ ནུས་ལྡན་དོན་གྱི་རྡོ་རྗེ་འཆང་༔ དམར་གསལ་མཉམ་བཞག་གཏེར་བུམ་བསྣམས༔ ཐུགས་དབུས་ཧཱུྃ་དང་ཨཱཿཡིག་ལས༔ འོད་འཕྲོས་འཕགས་མཆོད་འགྲོ་བ་བསྒྲལ༔ སླར་ཡང་ཐུགས་ཀའི་སྔགས་འཁོར་ལ༔ ཐིམ་པས་དངོས་གྲུབ་མཆོག་ཐུན་གཉིས༔ འབད་པ་མེད་པར་ཐོབ་བསམ་ཞིང་༔ རོ་གཅིག་ལྟ་བའི་ཏིང་འཛིན་བཅས༔ བཛྲ་གུ་རུ་ཀྲོ་ཏ་ཧཱུྃ་ཨཱཿ ཞེས་བྱས་ལ༔ དེ་ལས་སྐུ་གསུང་ཐུགས་སྤྱི་མོའི་བཟླས་པ་ནི་ནམ་ཡང་བཟླས་པས་འཁྲུལ་འཛིན་གྱི་དྲན་རྟོག་ཐམས་ཅད་རང་གྲོལ་གནས་ལུགས་བརྗོད་བྲལ་དུ་ལ་བཟླ་བ་ནི་སེམས་དང་སེམས་བྱུང་སྒྲ་དང་ངག་ལུས་ཀྱི་རྣམ་འགྱུར་རྩ་ཐིག་རླུང་གསུམ་གནད་སྦྱོངས་ཡེ་ཤེས་སུ་འཆར་བའི་དངོས་རྒྱུ་ཐུན་མོང་མ་ཡིན་པ་བདུད་གཅོད་ཟབ་མོའི་རྩ་བའང་ལགས་པས་བླ་ན་མ་མཆིས་པའི་གནས་ལ་གནད་དུ་བརྩོན་པར་བྱ་སྟེ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དངོས་སྣང་ཀུན་རྫོབ་བདེན་པ་ཡི༔ རྩ་བ་མ་རིག་ཆེན་པོ་ཉིད༔ གཞི་མེད་རྩ་བྲལ་རོལ་པ་རུ༔ སྐྱེ་བ་མེད་པའི་ཧེ་རུ་ཀ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གཟུང་དང་འཛིན་པས་བཏགས་པ་ཡི༔ ང་དང་བདག་ཏུ་འཛིན་པའི་འདྲེ༔ ཡེ་སྟོང་མཚན་མ་ཚིག་བྲལ་དུ༔ ཡུལ་མེད་ཟང་ཐལ་ཧེ་རུ་ཀ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ང་ཡིར་འཛིན་པའི་འཇིག་ལྟའི་གཟུགས༔ ཕུང་པོ་ལྔ་ཡི་ཞེན་འཐས་ཀུན༔ ཞེན་མེད་རང་གྲོལ་རོལ་པ་རུ༔ མཐའ་གྲོལ་མཉམ་པའི་ཧེ་རུ་ཀ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དངོས་པོའི་ཆོས་རྣམས་ཐམས་ཅད་ཀུན༔ རྟགས་དང་མཚན་མར་འཛིན་པ་ལས༔ རྟག་ཆད་མཐའ་བྲལ་ཆེན་པོ་རུ༔ གཞི་གྲོལ་ལྟ་བའི་ཧེ་རུ་ཀ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དགེ་དང་མི་དགེའི་རྟོག་ཚོགས་ཀུན༔ བག་ཆགས་དྲི་མའི་བརྫུ་བག་ལས༔ ཕན་གནོད་ཡུལ་གྱི་མཁན་པོས་སྟོང་༔ ཡུལ་མེད་ཆེན་པོའི་ཧེ་རུ་ཀ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ལྷ་དང་འདྲེ་རུ་འཛིན་པ་ཡང་༔ དོན་ལ་གདགས་པ་ཙམ་གྱིས་སྟོང་༔ རོ་མཉམ་ཐམས་ཅད་ཆོས་སྐུར་བརྡལ༔ བརྡལ་ཁྱབ་རྡོ་རྗེའི་ཧེ་རུ་ཀ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སངས་རྒྱས་ཞེས་བྱའི་ཡུལ་འཛིན་དང་༔ སེམས་ཅན་འཁྲུལ་བར་བཏགས་པའང་༔ རིག་གདངས་རང་རྩལ་རོལ་པའི་རྒྱན༔ གཞན་གོ་ཞེན་གྲོལ་ཧེ་རུ་ཀ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྣོད་བཅུད་ནམ་མཁའི་ཀློང་ཤར་བཞིན༔ འཁོར་འདས་རིག་པའི་ཀློང་དུ་རྫོགས༔ རིག་པ་བྱང་ཆུབ་སེམས་ཀྱི་ངང་༔ བབ་གཞི་དོན་གྱི་བླ་མར་བཞུགས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ རིན་ཆེན་གསེར་གླིང་སླེབ་པ་ན༔ ས་རྡོ་རིན་ཆེན་བཞིན་དུ་དཀོན༔ དེ་བཞིན་ཐམས་ཅད་རང་གྲོལ་བས༔ གཅིག་པུ་དག་པའི་འཁོར་ལོ་ཤར༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕྱམ་བརྡལ་སྐུ་དང་ཡེ་ཤེས་ནི༔ ཆོས་རྣམས་ཀུན་ལ་མངོན་ཞུགས་ཏེ༔ ངོ་བོ་སྟོང་ཁྱབ་ཆོས་ཀྱི་སྐུའི༔ ཆོས་རྣམས་རང་ཆོས་ཆོས་ཀྱི་དབྱིངས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཉག་གཅིག་ཆོས་ཀྱི་ངོ་བོ་ལས༔ འགགས་མེད་ཡེ་ཤེས་གསུམ་ལྡན་པ༔ འཕྲུལ་བསྒྱུར་རོལ་བས་ལོངས་སྤྱོད་རྫོགས༔ གསལ་ཁྱབ་ཆེན་པོ་བླ་མའི་ངང་༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྲིད་ཞི་ཐམས་ཅད་མཉམ་པ་ཉིད༔ སྐུ་དང་བཀོད་པའི་རྒྱན་སྣང་ལས༔ ཐུགས་རྗེའི་རྒྱུ་གར་རྩེན་པ་ཡི༔ ཡེ་སྤྲུལ་དོན་གྱི་བླ་མ་མཆོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཐམས་ཅད་མ་ལུས་ངོ་བོ་ཉིད༔ ངོ་བོ་ཉིད་ལ་སྤྲོས་མེད་ཀྱང་༔ ཤེས་རབ་རྩལ་གྱི་གོ་སྐབས་འབྱེད༔ སོར་རྟོགས་ཡེ་ཤེས་བླ་མའི་དལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ བྱང་ཆུབ་སེམས་ཀྱི་རྡོ་རྗེ་ནི༔ མི་ཤིགས་ཆོས་ཆེན་བདུན་དང་ལྡན༔ དེ་བཞིན་ལས་ཀྱི་རིགས་རྣམས་རྫོགས༔ མི་འགྱུར་རྡོ་རྗེའི་ཧེ་རུ་ཀ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དང་ཆོས་ཉིད་རྣམ༵་པ༵ར་བཀོད༔ ཀུན་སྣང༵་འགགས་པ་མེད་ནའང་༔ ཕྱལ་བ་སྐྱོན་གྱིས་མ་གོས་པས༔ གདངས་གསལ་རིག་པའི་ཧེ་རུ་ཀ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་ཆོས་བདུན་རྡོ་རྗེ་དམ་བཅའ་བཞི་ལྡན་རྡོ༵་རྗེ་ དེ་ལྟ་བུའི་བདག་ཉིད་ཀྱི་ཆེ༔ ཆེ་བས་འུབ་ཆུབ་རོལ་བ་རུ༔ སྤྲོས་མཚན་ཉེ་བར་ཞི་བ་ཡི༔ སེམས་ཉིད་རྣམ་དག་ཧེ་རུ་ཀ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ཕྱིར་སེམས་ལས་མ་བྱུང་བའི༔ རང་བྱུང་ཡེ་ཤེས་ཐིག་ལེ་ཆེ༔ ཡོན་ཏན་རི༵ན་ཆེ༵ན་འབུམ་བརྡལ་བའི༔ འབྱུང༵་རྒྱུ་བྱང་ཆུབ་ཧེ་རུ་ཀ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྣང༵་བ་རྣམ་དག་དབྱིངས་ཀྱི་ཡུམ༔ བདེ་བ༵་ཆེན་པོའི་མཁའ་ཀློང་དུ༔ མ༵ཐའ་ཡ༵ས་རྒྱལ་བའི་དཀྱིལ་འཁོར་རྫོགས༔ རྫོགས་པའི་བྱང་ཆུབ་བླ་མའི་སྐུ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དོན༵་གྱི་སྙིང་པོ་བྱང་ཆུབ་སེམས༔ རྣམ་ཐར་གསུམ་ལྡན་ཡོད༵་མེད་དབུས༔ མཐའ་མ་གྲུབ༵་པའི་ཧེ་རུ་ཀ༔ ཡེ་གྲུབ་སྐུ་མངའ་བླ་མའི་དལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སེམས་བྱུང་རྒྱུ་བ་རྣམ་ཞི་བའི༔ ཟང་མ་ཐལ་བྱུང་གཅེར་ཡན་པ༔ དྲི་མེད་རང་གསལ་རྗེན་ཁྲོལ་ལེ༔ ལམ་རིག་ཆ་རྫོགས་བླ་མའི་རྩལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ རིག་བྱ་རིག་བྱེད་གཉིས་མེད་དེ༔ བལྟ་བྱ་གཉིས་མེད་རང་སར་གློད༔ གློད་གྲོལ་འཁྲུལ་བར་འབྱམས་མིན་པར༔ འབྱམས་སུ་ཀླས་པ་བླ་མའི་ཞལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ མཐོང་དུ་མེད་པའི་ཆོས་ཉིད་ནི༔ མཐོང་བ་ཆེན་པོ་བསྒོམ་པའི་ལམ༔ རང་ཞལ་མངོན་དུ་གྱུར་བ་སྟེ༔ ལམ་རིག་བླ་མའི་ཕྱི་ཡི་གདངས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔གདངས་ཆེན་མངོན་པར་བྱེད་པ་ལས༔ མདངས་སུ་འཕོ་བའི་ཆོས་ཉིད་གཤིས༔ གཤིས་ལུགས་རང་གྲོལ་གཉུག་མའི་ངང་༔ ཧར་སང་ཡན་པ་བླ་མའི་ཐུགས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ རྣམ་མི་དམིགས་པར་བྱེད་པའི་དབྱིངས༔ སྒོ་དང་མིག་ལ་བརྟེན་ནས་ཀྱང་༔ ལུ་གུ་རྒྱུད་ཀྱི་སྙོམས་ཞུགས་ལ༔ གཅིག་སྤྱོད་ཆེན་པོ་བླ་མའི་ངང་༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྣོད་བཅུད་ཧཱུྃ་གིས་རྗེས་གཞིག་ནས༔ ཐམས་ཅད་ཕྱལ་བར་རྣམ་མི་གཉིས༔ ཡངས་སུ་ཆེའོ་བླ་ན་མེད༔ ཡུལ་བརྒྱད་ཀ་དག་ཨེ་མ་ཧོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དམིགས་འཕྲོས་ཧཱུྃ་གིས་རྗེས་གཞིག་ནས༔ བསམ་དུ་མེད་པར་ལ་བཟླས་པས༔ འགྱུ་དྲན་བྱང་ཆུབ་སེམས་སུ་བརྡལ༔ ཚོགས་བརྒྱད་ཀ་དག་ཨ་ལ་ལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞི་བ་ཧཱུྃ་གི་རྣམ་སིམ་པས༔ ཕྱོགས་གཅིག་འགོག་སྤྱོད་ལས་བསླང་ནས༔ ཟག་མེད་བསམ་དཀའི་ཏིང་འཛིན་གྱི༔ ཐམས་ཅད་གཟིགས་པས་ཁྱད་འཕགས་བརྙེས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ལྟ་མིན་ཧཱུྃ་གི་ཕྲ་གསལ་གྱིས༔ རུ་བཟློག་མངོན་ཞེན་དགྲ་བཅོམ་ནས༔ ཞེན་མེད་རང་དག་ཧཱུྃ་དུ་སོན༔ མཐར་འཛིན་རྣམ་དག་བླ་མའི་ཞལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ནི་ཡེ་ནས་ལུ་གུ་རྒྱུད༔ ལུ་གུ་རྒྱུད་དུ་ཟང་མ་ཐལ༔ ཟང་ཐལ་རིག་སྟོང་རྗེན་མཐོང་བ༔ སྐུ་ལྔ་ལྷུན་གྲུབ་བླ་མའི་ཞལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་ཉིད་མངོན་གྱུར་ཐིག་ལེ་ཆེ༔ ཆོས་ཅན་དག་པ་གོང་དུ་འཕེལ༔ ཚད་ཕེབས་ཧཱུྃ་དབྱིངས་ཤར་སྟོང་དག༔ དག་སྦྱོར་རྟོག་བྲལ་ལ་བཟླ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ནང་གསལ་ཁྱད་པར་ཆོས་འཕགས་པ༔ ཐིམ་ལ་མི་རྨུག་འོད་དུ་གསལ༔ ཕྱི་རྒྱ་མ་རལ་བུམ་པ་ཆེ༔ ཀུན་ཟླུམ་ཧཱུྃ་ཆེན་ལུ་གུ་རྒྱུད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཁ་སྦྱོར་སྙིང་རྗེའི་ཡོངས་སུ་གང་༔ དམིགས་མེད་འགོགས་བྲལ་ཧཱུྃ་གི་ངང་༔ མཉམ་པར་གཞུགས་པ་ལུ་གུ་རྒྱུད༔ རང་གདངས་རྣམ་སོན་ཧཱུྃ་གིས་མཐོན༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཐུགས་རྗེ་ཆེན་པོ་བླ་ན་མེད༔ ཕྲིན་ལས་ལྷུན་གྲུབ་ལུག་རྒྱུད་རྩལ༔ ཉིད་ལས་རྩོལ་མེད་ཧཱུྃ་གི་མཐའ༔ སྣ་ཚོགས་གར་རྩེན་བླ་མར་ཤར༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་ཐམས་ཅད་ཧཱུྃ་གིས་འབིགས༔ ཕྲ་ཞིང་གསལ་ལ་འོད་ཟེར་བཅས༔ ཟག་པ་མེད་གང་ཧཱུྃ་གི་སྤྲིན༔ རྣམ་པ་རྒྱལ་བའི་ཐུགས་མཆོག་ཧར༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དྲན་པ་ཡེངས་མེད་ལུ་གུ་རྒྱུད༔ ཤར་སྟོང་མཚན་བྲལ་ངང་ལ་གནས༔ གཞི་ཤེས་ལམ་རིག་སྤྱོད་པའི་ཐབས༔ སྐྱེས་བུས་མཐེབ་མོས་རྩོལ་མཁས་པས༔ འཕོང་རྐྱེན་ཐར་བ་བླ་མེད་དུ༔ བསྒྲོད་ལ་ཐེ་ཚོམ་ག་ལ་ཡོད༔ གལ་ཏེ་ཐེ་ཚོམ་ཞིག་ཡོད་ན༔ དེ་ནི་སྐྱེ་བ་བཅུ་དྲུག་གོ༔ ཟག་པ་མེད་པའི་ཡེ་ཤེས་ཀྱིས༔ མཁྱེན་པ་འདི་ནི་སྤྱོད་པ་གང་༔ གང་རྣམས་ཕྱོགས་བཅུར་སྤྲུལ་པའི་སྐུ༔ སྟོན་པ་འདི་ལ་ཐེ་ཚོམ་མེད༔ ཟག་བཅས་ལམ་གྱིབསོད་ནམས་གང་༔ ཟག་མེད་ཡེ་ཤེས་རྒྱུད་འགྲོ་བའི༔ དངོས་སུ་བྱེད་པའི་ལམ་འདི་རྨད༔ སརྦ་ཛྙཱ་དཱེ་བ་མ་ཧཱ༔ ཡ་ན་ཨ་ཏི་ཡོ་ག་སྟེ༔ མ་ཧཱ་སུ་ཁ་གུ་རུའི་ཐུགས༔ ཀཱ་ཡ་པཉྩ་ལྷུན་གྲུབ་སྦྱོར༔ ལོ་གྲངས་ཉི་ཤུ་རྩ་གཉིས་ལ། །ག་གཱ་ཨ་བྷྱེས་བྲིས་པའོ། །བཀྲ་ཤིས་དམ་པས་བཀྲ་ཤིས་ཤོག །

སྐུ་གསུམ་རྩ་གསུམ་འདུས་པའི་ལུས་དཀྱིལ།

སྐུ་གསུམ་རྩ་གསུམ་འདུས་པའི་ལུས་དཀྱིལ་བཞུགས་སོ། །

རང་ཉིས་སྐད་ཅིག་དྲན་རྫོགས་སུ༔ སང་རྒྱས་ཀུན་འདུས་ཀུན་ཏུ་བཟང་༔ སྐུ་མདོག་སྔོན་པོ་གཅེར་བུར་བཞུགས༔ བདེ་ཆེན་བཟང་མོ་ཡུམ་དང་འཁྲིལ༔ སྐུ་མདོག་དཀར་ལ་འོད་ཟེར་འཕྲོ༔ ཐུགས་ཀར་ཨ་ཡིག་འཚེར་བའི་མཐར༔ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ སྟངས་དཔྱལ་གཉིས་སུ་དྲིལ་ཏེ་བསྒྲུབ༔ འཕྲོ་འདུས་འོད་ཀྱིས་དོན་གཉིས་བྱས༔ མ་ཡེངས་ཏིང་འཛིན་ལྡན་པས་བཟླ༔ ཨོཾ་ཨཱཿཧཱུྃ་ངམ་ཨཱ༔རུ་རུང་༔ རྡོ་རྗེའི་འགོག་བཟླས་བྱས་པ་ཟབ༔ མཐར་ནི་མི་དམིགས་སྟོང་བར་བཞག༔ དགེ་བས་འགྲོ་ཀུན་སངས་རྒྱས་ཤོག༔ ལྷ་ཚོགས་ཡོངས་རྫོགས་བཀྲ་ཤིས་ཤོག༔ ག་གཱས་སོ། །

བླ་མའི་རྣལ་འབྱོར་དབང་དང་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ བླ་མའི་རྣལ་འབྱོར་དབང་དང་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ འདི་ལ་སྦྱོར་དངོས་རྗེས་གསུམ་ལས༔ དང་པོའི་གནས་ལ་རྣམ་པ་བདུན༔ ཐོག་མར་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྤྱི་གཟུགས་བླ་མ་རིན་པོ་ཆེ༔ སེམས་ཅན་ཡོངས་ཀྱི་འདྲེན་སྟོན་མཆོག༔ ཁྱོད་ལ་དད་པས་སྐྱབས་སུ་མཆི༔ གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི༔ ཧོ༔ མར་གྱུར་འགྲོ་བ་ཀུན་དོན་དུ༔ བླ་མེད་བྱང་ཆུབ་སེམས་བསྐྱེད་དེ༔ བྱང་ཆུབ་སྤྱོད་པ་རྨད་བྱུང་གིས༔ ཀུན་བཟང་བླ་མའི་གནས་ལ་འགོད༔ གསུམ་པ་ཡན་ལག་བདུན་པ་ནི༔ རྡོ་རྗེ་སློབ་དཔོན་༴ སོསག། བཞི་པ་ཕྱིར་ཟློག་ཁ་སྦྱོར་དགྱེ་བ་ནི༔ ཧྲཱི༔ ང་ནི་ཆོས་ཉིད་དོན་གྱི་ལྷ༔ བཅོམ་ལྡན་རྡོ་རྗེའི་ཆོས་བདུན་ལྡན༔ ཕྲིན་ལས་ལོག་འདྲེན་གཤེད་པོ་ཆེ༔ དབང་དྲག་པདྨ་ཧེ་རུ་ཀ༔ ཉོན་ཅིག་གནོད་བྱེད་བགེགས་ཀྱི་ཚོགས༔ འདི་ན་རྒྱུ་བའི་གནས་མེད་དེ༔ འཇོམས་པ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དེ་བས་རང་རང་གནས་སུ་དེངས༔ ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་པར་བྱ༔ རྒྱལ་བོ་མཆོག་གི་མཚམས་བཅད་པ༔ ཧཱུྃ༔ ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཟླུམ༔ འཁོར་འདས་མཚན་འཛིན་རྟོག་པའི་བདུད༔ བདག་མེད་ཡུལ་མེད་མངོན་སངས་རྒྱས༔ ཡེ་ཤེས་ཆེན་པོའི་མཚམས་བཅད་དོ༔ ཨོཾ་བཛྲ་ཛྙཱ་ན་ཙཀྲ་རཀྵ་རཀྵ་བྷྲུཾ༔ བྱིན་ཆེན་དབབ་པ་འདི་ལྟ་སྟེ༔ ཨོཾ་ཨཱཿཧཱུྃ༔ འཁོར་དང་འདས་ལ་མི་གནས་པའི༔ ཆོས་སྐུ་མཚན་མ་ཚིག་བྲལ་ཉིད༔ རིག་འཛིན་ཆེན་པོའི་མཚན་དཔེར་སྒེགས༔ གནས་ལུགས་ནང་གི་དེ་ཉིད་ཀྱིས༔ མ་རིག་ལོག་རྟོག་ཆོས་ཁམས་ལ༔ བདེ་བ་ཆེན་པོའི་རྩིས་རྒྱས་ཐོབ༔ ཨོཾ་བཛྲ་ཨ་བྷི་ཥེ་ཀ་ཏ་སིདྡྷི་ཕ་ལ་ཧཱུྃ༔ ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ མཆོད་རྫས་བྱིན་གྱིས་བརླབས་པ་ནི༔ ཧྲཱི༔ སྣང་སྲིད་ཡབ་ཡུམ་ཁ་སྦྱོར་དབྱིངས༔ ཀུན་བཟང་རྒྱན་གྱི་འཁོར་ལོ་ལ༔ མ་དག་མཚན་འཛིན་རྟོག་སྒྲིབ་ཀུན༔ རང་བཞིན་རྣམ་དག་བདག་ཉིད་ངའོ༔ པདྨ་པུ་ཛ་སྭ་བྷ་ཝ་ཤུདྡྷེ་ཨཏྨ་ཀོ྅་ཧཾ༔ དངོས་གཞི་དཀྱིལ་འཁོར་རྒྱལ་མཆོག་ནི༔ བྷྲུཾ་ཧཱུྃ་ཨཱཿ ཨོཾཿ ཧྲཱིཿ ཐུགས་ཀྱི་རྡོ་རྗེའི་ཁྱབ་འཇུག་སྲོག༔ རྩལ་སྣང་སྙིང་རྗེའི་ཡོངས་གང་ལས༔ ཐུགས་རྗེའི་རང་རྩལ་དམིགས་མེད་ཀྱི༔ རོལ་པའི་གར་བསྒྱུར་འགོགས་པ་མེད༔ སྣང་སྲིད་གཞིར་བཞེངས་ཆེན་པོའི་དལ༔ གཟོད་ནས་བླ་མའི་དཀྱིལ་དང་འཁོར༔ ཡོན་ཏན་ལྔ་ལྡན་རྒྱན་བཀོད་རྫོགས༔ མ་བཤམས་ལྷུན་གྲུབ་ཡེ་གདན་ལྷར༔ ཚོགས་རྗེ་ཚོགས་བདག་ཧེ་རུ་ཀ༔ འཇའ་ལུས་རིག་འཛིན་བི་མ་ལ༔ ཀུན་མཁྱེན་ངག་གི་དབང་པོ་དང་༔ རྣལ་འབྱོར་དབང་ཕྱུག་དྲི༵་མེ༵ད་འོ༵ད༔ འཕྲུལ་མཚན་སྐུ་ཡི་བཀོད་པ་ངོམ༔ རེ་ཞིག་གདུལ་དབང་ཚུལ་མཐོང་ཟོལ༔ དངོས་བཞུགས་འགྲོ་འདུལ་རྣམ་པ་ཅན༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ ཕྱག་གཡས་འཁོར་ལོར་གཡོན་དྲིལ་བུ༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ སྐུ་ལ་ཆོས་གོས་རྣམ་གསུམ་དང་༔ དར་དང་རིན་ཆེན་གོས་རྒྱན་སྤྲས༔ ཀུན་ཀྱང་སྒྲིབ་མེད་ཟང་ཐལ་སྐུ༔ ཅུང་ཟད་བསྒྲེས་པའི་ཉམས་ཀྱིས་རོལ༔ བླ་མའི་རྣལ་འབྱོར་ཡིན་ན༔ ཞལ་གྱིས་ཕྱོགས་ཤིང་སྤྱན་གྱིས་གཟིགས༔ བརྩེ་བའི་ཐུགས་རྗེའི་བདག་ལ་དགོངས༔ རྒྱུད་དང་སྒྲུབ་སྡེའི་སོགས་༴ ཡང་ན་བླ་སྒྲུབ་ལ༔ ཐོར་ཚུགས་དུང་གི་ཟླ་བ་ལ༔ རིགས་བདག་བདུད་འཇོམས་དཔའ་བོར་ཤར༔ དབུ་རྒྱན་རྒྱལ་བ་རིགས་ལྔ་དང་༔ སྐུ་ལ་ཐེག་གསུམ་དགེ་འདུན་དཔལ༔ གསུང་ལ་ཆོས་ཕུང་བརྒྱད་ཁྲི་སྟོང་༔ ཐུགས་ལ་དུས་གསུམ་སངས་རྒྱས་ཏེ༔ སྐྱབས་ཡུལ་དཀོན་མཆོག་རྣམ་གསུམ་རྫོགས༔ ནང་ལྟར་མ་བརྒྱུད་མཁའ་འགྲོ་དང་༔ གསང་བ་ལྟར་ན་ཐིག་ལེ་ལྔ༔ ཡང་གསང་མཁའ་འགྲོའི་སྲོག་ཡི་གེ༔ མཆོག་གསང་ཡེ་ཤེས་རྣམ་པ་ལྔ༔ རྒྱུད་དང་སྒྲུབ་སྡེའི་ལྷ་ཚོགས་ཀུན༔ ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དུ༔ གདན་གསུམ་ཚང་བའི་ངོ་བོ་རུ༔ མ་བསྐྱེད་རང་བྱུང་ཡོངས་སུ་གྲུབ༔ གདན་གསུམ་བྱིན་རླབས་ཡེ་ཤེས་ལྷའི༔ ཐུགས་ལས་འོད་ཟེར་རབ་འཕྲོས་པས༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཡེ་ཤེས་ལྷ་ཚོགས་ས་མ་ཛ༔ ལས་ཀྱི་རྒྱལ་པོ་མཆོག་ལས་ནི༔ ངོ་བོ་ལྷ་ཚོགས་སྤྱན་འདྲེན་པ༔ ཧཱུྃ་ཛ༔ རྣམ་མེད་རྣམ་པ་ཀུན་གྱི་མཆོག་ལྡན་ལྷ༔ བྱང་ཆུབ་སེམས་ཀྱི་རང་བཞིན་མཚུངས་པ་མེད༔ མཁའ་ཁྱབ་མཁའ་ཡི་རྡོ་རྗེ་བླ་མའི་སྐུར༔ ཡོངས་ཤར་སྒྱུ་འཁྲུལ་དྲྭ་བའི་འཁོར་ལོ་རུ༔ རྒྱུད་རིགས་སད་པའི་སྟོབས་སུ་མངོན་མཛད་སླད༔ ཟུང་འཇུག་ཐབས་ཀྱི་གསང་སྒོ་འགགས་མེད་པའི༔ རྟེན་འབྲེལ་ཟབ་མོའི་བདེན་དོན་མི་བསླུ་བར༔ ཀུན་ཁྱབ་ཐུགས་རྗེ་ཆེན་པོའི་དཔྱིད་དུ་རོལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་རཏྣ་དཱེ་ཝ་ག་ན་ས་མ་ཡ་ཧཱུྃ་ཛ་ཛ༔ ཡང་ཅིག་བཞུགས་སུ་གསོལ་བ་ནི༔ སྟྭཾ༔ ཕྱི་ལྟར་ཉི་ཟླ་པདྨ་རིན་ཆེན་རྟགས༔ ནང་དུ་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ངང་༔ གསང་བ་གཞི་འབྲས་དབྱེར་མེད་དེ་བཞིན་གཤེགས༔ གདན་འཛོམ་ཆེན་པོར་ངེས་པའི་བསྟི་སྟང་བསྲེལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ལྟ་སྒོམ་སྤྱོད་དང་སྒྲུབ་གུས་ཕྱག༔ ཧོ༔ ཁྱོད་དང་ང་གཉིས་མཆོག་དམན་ཐ་དད་དུ༔ ཀུན་ཏུ་བཏགས་པའི་ཞེན་གོལ་རང་གྲོལ་ཕྱིར༔ དག་པའི་གཞན་དབང་བླ་མའི་ལང་ཚོ་ལ༔ ཡོངས་གྲུབ་ཆེན་པོའི་མོས་གུས་ངང་ནས་འདུད༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ མཆོད་ཡུལ་རང་རིག་བླ་མ་ཀུན་བཟང་ལ༔ མཆོད་རྫས་རང་མདངས་ལོངས་སྤྱོད་མངའ་དབང་རྫོགས༔ མཆོད་བྱེད་སེམས་དཔའི་ཁྱེའུ་ལྔས་བླངས་ནས༔ འཁྲུལ་དགའི་ཚུལ་གྱིས་དགྱེས་པ་ཆེན་པོར་བསྟིམ༔ ཨོཾ་བཛྲ་ཨརྒྷཾ་སོགས་༴ རཱུ་པ་སརྦ་པཉྩ་རཀྟ་བྷ་ལིངྟ་མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཁཱ་ཧི༔ ཡན་ལག་དྲུག་པ་བསྟོད་པ་ནི༔ ཧོ༔ གསལ་བསྟན་ཕྱག་རྒྱ་ཆེན་པོ་རྣ༵ལ་འབྱོར༵་ཆེ༔ སྟོང་ཉིད་རྣམ་ཐར་ལུས་ལྔའི་དྲི༵་མ་མེ༵ད༔ ཐབས་ཀྱིས་ཕྱག་རྒྱ་གཟུགས་སྐུའི་འོ༵ད་ཟེ༵ར་ཅན༔ རྡོ་རྗེ་བླ་མའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧོ༔ ཆོས་ཀྱི་ཕྱག་རྒྱ་རྗེས་སུ་རྣལ༵་འབྱོར༵་གསུམ༔ གྲགས་སྟོང་ན་དཱ་མཚན་མས་དྲི༵་མ་མེ༵ད༔ རྟོག་འདུལ་ཆོས་ཕུང་བསམ་ཡས་འོད༵་ཟེར༵་འཕྲོས༔ རྡོ་རྗེ་བླ་མའི་གསུང་ལ་ཕྱག་འཚལ་བསྟོད༔ དམ་ཚིག་ཕྱག་རྒྱ་ཤིན་ཏུ་རྣལ༵་འབྱོར༵་ཐུགས༔ སྨོན་པའི་རྩོལ་བྲལ་ཡེ་ཤེས་དྲི༵་མ་མེད༵༔ ངང་བྱུང་ཐུགས་རྗེ་མཁྱེན་བརྩེའི་འོད༵་ཟེ༵ར་འབར༔ རྡོ་རྗེ་བླ་མའི་ཐུགས་ལ་ཕྱག་འཚལ་བསྟོད༔ སྣང་བ་ཆོས་དབྱིངས་བླ་མར་ཡེ་ནས་དག༵༔ རིག་པ་ཆོས་སྐུའི་བླ་མར་ལྷུན་གྱིས་རྫོག༵ས༔ རྩལ་ཟེར་རིག་སྣང་བླ་མའི་རྣམ་པར་སྨིན༵༔ ཀུན་རིག་སེམས་ཀྱི་བླ་མའི་ཀློང་ལ་བསྟོད༔ ཞེས་དང་བཟླས་པ་བྱ་བ་ནི༔ ཧྲཱི༔ མ་ཧཱ་གུ་རུའི་ཐུགས་གསང་དུ༔ ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས༔ དམར་གསལ་པད་ཕྲེང་བསྣོལ་ཐབས་འཛིན༔ ཐུགས་སྲོག་ཏིང་འཛིན་སེམས་དཔའ་ཧྲཱི༔ མཐར་མར་སྔགས་ཕྲེང་ཆོས་བསྐོར་འཁོར༔ བཟླས་པ་སྔགས་ཀྱི་རྒྱུད་སྦྲེལ་བས༔ འོད་ཟེར་འཕྲོ་འདུད་དོན་གཉིས་བྱས༔ ཚུལ་འདུས་བདག་ལ་ཐིམ་པ་ཡིས༔ འཁོར་འདས་སྲོག་ལ་དབང་བསྒྱུར་ཞིང་༔ མཆོག་ཐུན་དངོས་གྲུབ་ཡོངས་ཐོབ་བྷེཾ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་མ་ཧཱ་ཡོ་ག་བི་མ་ལ་རསྨི་སརྦ་སིདྡྷི་ཕ་ལ་ཧཱུྃ༔

རྗེས་ལ་ཚོགས་ཀྱི་མཆོད་པ་ནི༔ ས་བཅད་རྣམ་པ་བཅོ་བརྒྱད་དེ༔ དང་པོ་བྱིན་གྱིས་བརླབས་པ་ལ༔ ག་ཎའི་དངོས་པོ་ཚོགས་བྱས་ནས༔ ཧྲཱིཿ བདག་དང་ལས་ལྷའི་ཐུགས་ཀ་ནས༔ སྦྱངས་སྤེལ་བསྒྱུར་བའི་ཡི་གེ་འཕྲོས༔ རྃ་ཡྃ་ཁྃ་གིས་འབགས་བཙོག་དང་༔ དངོས་པོར་འཛིན་པའི་དྲི་མ་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཧ་ཧོ་ཧྲཱི་ཡིས་མང་དུ་སྤེལ༔ སྣང་སྲིད་ག་ཎའི་དམ་ཚིག་ལ༔ ཕྱག་རྒྱ་ཆེན་པོའི་ཕབ་ཀྱིས་བྲན༔ སངས་རྒྱས་ཀུན་ཀྱང་འདི་ལ་དགྱེས༔ སྔགས་གསུམ་ལན་བདུན་བརྗོད་པར་བྱ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ༔ ཨོཾ༔ གཞི་ལམ་འབྲས་བུ་མངོན་གྱུར་གྱི༔ དུས་གསུམ་སངས་རྒྱས་གུ་རུའི་ཚོགས༔ འདི་ན་རྡོ་རྗེའི་དམ་ལ་དགོངས༔ གཤེགས་བྱོན་མེད་དེ་རང་ངོར་སད༔ ཨོཾ་སརྦ་གུ་རུ་བཛྲ་ག་ཎ་ཙཀྲ༔ ཨཾ་ཀུ་ཤ་ཛཿཧཱུྃ་བྃ་ཧོ༔ གསུམ་པ་ཚོགས་མཆོད་འབུལ་བ་ནི༔ ཧཱུྃ༔ རིགས་ཆེན་གཙུག་ཏོར་ཆེན་པོ་ནི༔ མ་ཧཱ་གུ་རུ་རྣམ་པ་དགུར༔ འདོད་ཡོན་རྒྱ་མཚོའི་ཚོགས་མཆོད་འབུལ༔ འཁོར་འདས་ཡེ་ནས་རྒྱུད་གཅིག་པའི༔ ཕྱག་རྒྱ་ཆེན་པོའི་རིགས་མཆོག་གི༔ དམ་ཚིག་མངོན་གྱུར་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བཞི་པ་བཤགས་པ་བྱ་བ་ནི༔ ཨཱ༔ བྱ་བྱེད་ཕྲིན་ལས་རིགས་ཡིན་པས༔ བྱས་པ་ཉིད་ཀྱི་ཆགས་པ་མེད༔ ཆགས་འཛིན་བཟང་ངན་ཞེན་རྟོག་བློའི༔ ཉོན་མོངས་བག་མེད་མཐོལ་ལོ་བཤགས༔ ག་ན་ཙཀྲ་ས་ཏྭ་༴ ཡི་གེ་བརྒྱ་བ་བཟླ༔ ལྔ་བ་བསྒྲལ་བ་བྱ་བ་ནི༔ ཧཱུྃ༔ གཟུང་འཛིན་རྐང་བ་བསྣོལ་ནས་སུ༔ ལྟ་བསྒོམ་ཁྱབ་ཆེན་གདེངས་སྤྱོད་ཀྱིས༔ཤུགས་སྒྲོལ་ཐབས་ལ་མཁས་པས་ནི༔ ཁྲག་འཐུང་ཡོངས་ཀྱི་ཐུགས་ལ་མཆོད༔ རུ་ཏྲ་པྲ་ཝེ་ཤ་ཡ་ཕཊ་དྲལ༔ དྲུག་པ་ཞལ་དུ་བསྟབས་པ་ནི༔ ཧཱུྃ༔ ཆོས་དབྱིངས་མཁའ་ཀློང་ཡངས་པའི་སྒོ༔ མ་ཧཱ་གུ་རུའི་ཞལ་ཧོམ་དུ༔ རྟོག་གཉིས་རུ་དྲའི་ཟག་བཅས་དང་༔ ཟག་འབྲས་ལྷག་མར་བཅས་པ་ཀུན༔ བསྟབ་པོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན༔ ཀེཾ་ནི་རི་ཏི་པཀྩ་ཙ་ཁུག་ཀ་ཙ་ལ་ཁཱ་ཧི༔ བདུན་པ་ཐུགས་དམ་བསྐང་བ་ནི༔ ཨོཾ་ཨཱཿཧཱུྃ༔ལྷ་རྫས་ཕྱི་ཡི་མཆོད་པ་འདིས༔ བླ་མ་སྤྲུལ་སྐུའི་ལྷ་ཚོགས་ཐུགས་དམ་བསྐངས༔ བུམ་དབང་དམ་ཚིག་ཉམས་པ་སོར་ཆུད་ནས༔ སྤྲུལ་པའི་སྐུ་རུ་བྱིན་གྱིས་རློབས༔ རང་བྱུང་དམ་རྫས་ནང་གི་མཆོད་པ་འདིའི༔ བླ་མ་ལོངས་སྐུའི་ལྷ་ཚོགས་ཐུགས་དམ་བསྐངས༔ གསང་དབང་དམ་ཚིག་ཉམས་པ་སོར་ཆུད་ནས༔ ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས༔ སྦྱོར་སྒྲོལ་ཏན་གན་རྨད་བྱུང་མཆོད་པ་འདིའི༔ བླ་མ་ཆོས་སྐུའི་ལྷ་ཚོགས་ཐུགས་དམ་བསྐངས༔ ཤེར་དབང་དམ་ཚིག་ཉམས་པ་སོར་ཆུད་ནས༔ ཆོས་ཀྱི་སྐུ་རུ་བྱིན་གྱིས་རློབས༔ གཉིས་མེད་རིག་སྟོང་དོན་གྱི་མཆོད་པ་ཡིས༔ བླ་མ་ངོ་བོ་ཉིད་སྐུའི་ལྷ་ཚོགས་ཐུགས་དམ་བསྐངས༔ ཚིག་དབང་དམ་ཚིག་ཉམས་པ་སོར་ཆུད་ནས༔ རིགས་ཆེན་ཡེ་ཤེས་བླ་མར་བྱིན་གྱིས་རློབས༔ ཨཱཿ བསླབ་སྡོམ་དམ་ཚིག་ཉམས་པ་དང་༔ བསྙེན་བསྒྲུབ་མཆོད་གཏོར་ཆགས་པ་འདིས་བསྐང་ངོ་༔ མ་དག་མཚན་འཛིན་རྟོག་སྒྲིབ་བྱང་གྱུར་ཅིག༔ སྲོག་གཅོད་ལ་སོགས་ལས་ངན་པའི༔ སྡིག་ལྟུང་ཉེས་པའི་ཚོགས་ཀུན་དང་༔ ཐར་དང་ཐམས་ཅད་མཁྱེན་པ་ལ༔ ཉོན་མོངས་ཤེས་བྱའི་སྒྲིབ་ཀུན་དག་གྱུར་ཅིག༔ ཁམས་གསུམ་སྐུ་གསུམ་ཀློང་སྒྲོལ་ནས༔ འཁོར་བའི་རྒྱ་མཚོ་སྐེམ་གྱུར་པའི༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ བརྒྱད་པ་ཚོགས་ལ་རོལ་བ་ནི༔ ཧོ༔ དང་དུ་བླང་པའི་དམ་ཚིག་རྫས༔ བརྟུལ་ཞུགས་མཆོག་ལ་སྟོངས་འདེབས་ཅིང་༔ ཨ་ཧཾ་ནང་གི་བསྲེགས་ཤིང་འདིས༔ སྐྱེ་མཆེད་རྡོ་རྗེའི་ལྷ་ལ་མཆོད༔ ཐུགས་གསུང་སྐུ་གསུམ་མཉེས་ཚིམ་ནས༔ སྐུ་གསུམ་ས་ལ་སྐལ་བ་བཟང་༔ ཨ་ལ་ལ་ཧོ༔ དགུ་བ་ལྷག་མའི་མཆོད་པ་ནི༔ ཨ་ཀ་རོ་ཡིས་སྦྱངས་སྤེལ་བརླབས༔ ཧཱུྃ༔ སྔོན་ཚེ་སྤྱི་དཔལ་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་གཉེར་བླང་བའི༔ སླས་དང་ཕྱི་མོ་ཀིང་ལིངྐ༔ འབར་མ་ཕོ་ཉ་མ་སྲིང་སོགས༔ ལྷག་ལ་དབང་བའི་ཚོགས་རྣམས་ལ༔ ཕམ་ཕབ་བཟང་པོའི་མཆོད་པ་འབུལ༔ རྟོག་ཚོགས་ལྷག་མ་ཡེ་ཤེས་ཀྱི༔ དབྱིངས་སུ་སྡུད་པའི་ཕྲིན་ལས་མཛོད༔ ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧི༔ བཅུ་པ་ཆད་དོན་གཏོར་མའི་མདོ༔ ཧཱུྃ༔ ཡེ་ནས་ཆོས་ཉིད་དེ་བཞིན་གཤེགས་པས་འབྲེལ༔ སྔོན་ཚེ་བསྟན་པའི་དམ་ཚིག་གཅིག་གིས་འབྲེལ༔ ༼ དཔྱད་ ༽ དེ་རྗེས་མ་ཧཱ་གུ་རུའི་བཀའ་རྒྱའི་སྦྲེལ༔ སྦྲེལ་འདིའི་དམ་གཙང་ཡལ་གམ་རྡོ་རྗེའི་འཁྱུད༔ ཐོ་འདི་གཏན་ལ་བཙུག་པ་དེ་ཡིན་གྱིས༔ ཆད་དེ་བསྟན་དང་སྒྲུབས་པོ་སྐྱོངས་བར་འཆེས༔ དེ་ཕྱིར་བསྒྲུབ་པའི་བར་ཆད་བསྲུང་བ་དང་༔ རྣལ་འབྱོར་ཚེ་སྒྲུབ་མཐར་འཁྱོལ་དངོས་གྲུབ་སྩོལ༔ མ་ཧཱ་བྷ་ལིངྟ་ཁཱ་ཧི༔ བཅུ་གཅིག་བསྟན་མ་སྐྱོང་བ་ནི༔ ཧཱུྃ༔ ཨོ་རྒྱན་པདྨའི་སྤྱན་སྔ་རུ༔ བསྟན་པ་སྐྱོང་བའི་གཉེར་བླངས་པས༔ རྡོ་རྗེའི་མཚན་གྱིས་གཟིངས་བསྟོད་པ༔ བདུད་དང་གནོད་སྦྱིན་སྨན་མོའི་སྡེ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ བཤལ་ཆུའི་གཏོར་མ་འདི་འབུལ་བས༔ མུ་སྟེགས་རྒྱུ་བའི་ལམ་སྲང་ཆོད༔ མ་མ་ཨེ་དམ་བྷ་ལིངྟ་ཁཱ་ཧི༔ བཅུ་གཉིས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཐུགས་རྗེའི་ཁྲོས་པའི་གར་མཛད་ཁྲག་ལ་རོལ༔ རིག་འཛིན་བླ་མའི་ལྷ་ཚོགས་ཐུགས་དམ་བསྐུལ༔ དུར་ཁྲོད་བདག་ཁྱོད་ཕྲིན་ལས་ཤུགས་བཙན་པོས༔ སྣོད་བཅུད་དུས་ཀྱི་རྒུད་པ་དབྱིངས་སུ་སོལ༔ མ་རུང་རུ་ཏྲ་བསྒྲལ་ཞིང་མནན་པ་དང་༔ སངས་རྒྱས་བསྟན་པ་རྒྱས་བསྲུང་གཡར་དམ་དགོངས༔ སྒྲུབ་འབྲས་མངོན་དུ་འབྱིན་མཛོད་ཡེ་ཤེས་ལྷ༔ བཛྲ་ས་མ་ཡ་ཛ་ཛ༔ བཅུ་གསུམ་གཏོར་བྲོ་བརྡུང་བ་ནི༔ ཧཱུྃ༔ ཨེ་ཝཾ་མ་ཡའི་རྔམ་པའི་ལྷས༔ ཨེ་ཝཾ་མ་ཡའི་དམ་སྲི་ལ༔ ཨེ་ཝཾ་མ་ཡ་ལྕིད་པའི་བྲོ༔ ཨེ་ཝཾ་མ་ཡའི་དབྱིངས་སུ་བརྡུངས༔ ཨེ་ཝཾ་མ་ཡའི་གོལ་རྟོག་ཀུན༔ ཨེ་ཝཾ་མ་ཡིས་ངང་དུ་ཆོམས༔ སརྦ་གནོད་བྱེད་དམ་སྲི་འགབ་འདྲེ་ཐམས་ཅད་མ་རཱ་ཡ་ནན་ནན༔ བཅུ་བཞི་དངོས་གྲུབ་བླངས་པ་ནི༔ ཧཱུྃ༔ དངོས་གྲུབ་བུམ་བཟང་དཔལ་ལྡན་བླ་མ་ཡིས༔ སྐུ་གསུང་ཐུགས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས༔ སྟོབས་དང་མི་འཇིགས་མ་འདྲེས་ཁ་སྦྱོར་བདུན༔ ཚངས་དབྱངས་མཚན་དཔེ་བྱང་ཆུབ་ཡོན་ཏན་གཏེར༔ སངས་རྒྱས་ཕྲིན་ལས་རྨད་དུ་བྱུང་བའི་རྩལ༔ ཟོལ་མེད་གུས་པའི་རྣལ་འབྱོར་བདག་ཅག་ལ༔ སྔོན་བརྟེན་འབྲེལ་སྟོབས་ད་ལྟ་སྒྲུབ་འབྲས་ཀྱིས༔ གདན་ཐོག་འདི་རུ་ལྷག་མེད་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་བི་མ་ལ་རསྨི་ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ བཅོ་ལྔ་བཤགས་པ་བྱ་བ་ནི༔ ཧོ༔ བྱང་ཆུབ་སེམས་ནི་ཡེ་ནས་རང་གྲོལ་བས༔ རང་རྒྱས་ཆོད་པའི་བསྲུང་ཉམས་བསལ་བཞག་བྲལ༔ འོན་ཀྱང་མ་རྟོག་འཁྲུལ་པའི་ནོངས་པ་ཀུན༔ ཀུན་རྫོབ་སྒྱུ་མ་ཙམ་གྱི་བཤགས་པར་བྱ༔ ཡི་གེ་བརྒྱབས་ནོངས་པ་བཤགས༔ དབྱངས་གསལ་གྱིས་ཁ་བསྐང་ངོ་༔ བཅུ་དྲུག་པ་བསྡུ་ཞིང་ལྡང་བ་ནི༔ ཧཱུྃ༔ རང་ཉིད་འཁོར་འདས་ཀུན་བྱེད་རྒྱལ་པོ་སྟེ༔ རང་རྩལ་དཀྱིལ་འཁོར་འཁོར་ལོའི་བཀོད་པ་ཀུན༔ གཟུགས་སྐུའི་ས་ལས་འདས་པའི་བྱང་ཆུབ་སེམས༔ ནང་གསལ་གཞོན་ནུ་བུམ་སྐུའི་དབྱིངས་སུ་བསྡུ༔ ཨཱ་ཨཱ་ཨཱ༔ སླར་ཡང་གདུལ་བྱའི་འགྲོ་བའི་མགོན་པོ་རུ༔ ཕྲིན་ལས་གཟུགས་སྐུའི་རང་འོད་ཟེར་དུ་འཚེར༔ སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་རྩེན༔ འགོགས་པའི་མཐའ་ལས་གྲོལ་བའི་བདེ་ཆེན་དོན༔ ཧཱུྃ་ཨོཾ༔ བཅུ་བདུན་བསྔོ་ཞིང་སྨོན་ལམ་ནི༔ ཟུང་འཇུག་བླ་མའི་རྣལ་འབྱོར་འདི་ཡི་མཐུས༔ སྣོད་བཅུད་བླ་མའི་དཀྱིལ་འཁོར་གཅིག་ཏུ་གྲོལ༔ འཁྲུལ་བ་གསུམ་གྱི་རྒྱ་ཡིས་མ་བཅིངས་པའི༔ གྲོལ་གསུམ་འབྲས་བུར་བཅས་པ་མངོན་གྱུར་ཤོག༔ བཅོ་བརྒྱད་བཀྲ་ཤིས་དགེ་མཚན་ནི༔ ཧོ༔ བླ་མའི་ཐུགས་ལ་ཆོས་སྐུའི་དགེ་མཚན་ལྡན༔ སེམས་ཅན་ཀུན་གྱི་ལུས་ལ་བཀྲ་ཤིས་ཤོག༔ ༼ ཐུབ་དགའི་བླ་རྣལ་དང་འདི་གཉིས་ཕལ་ཆེར་འདྲ་ཡང་རེ་ཟུང་མི་འདྲ་བས་དཔྱད་འཚལ། ༽ བླ་མའི་གསུང་ལ་ལོངས་སྐུའི་དགེ་མཚན་ལྡན༔ སེམས་ཅན་ཀུན་གྱི་ངག་ལ་བཀྲ་ཤིས་ཤོག༔ བླ་མའི་སྐུ་ལ་སྤྲུལ་སྐུའི་དགེ་མཚན་ལྡན༔ སེམས་ཅན་ཀུན་གྱི་ཡིད་ལ་བཀྲ་ཤིས་ཤོག༔ བླ་མའི་ཡོན་ཏན་བསམ་གྱིས་མི་ཁྱབ་རྣམ་པ་ཐམས་ཅད་ལྡན༔ མ་ལུས་སེམས་ཅན་ཀུན་ལ་བཀྲ་ཤིས་ཉེར་བརྟན་ཤོག༔ བླ་མའི་ཕྲིན་ལས་རྒྱ་ཆད་ཕྱོགས་ལྷུང་མེད་པར་ཅིག་ཆར་འཇུག༔ སེམས་ཅན་ཀུན་གྱི་དཔལ་དུ་ཉེ་བར་ཞུག་པའི་བཀྲ་ཤིས་ཤོག༔ བླ་མའི་ཞིང་ཁམས་ཤིན་ཏུ་རྣམ་པར་དག་ཅིང་ཆད་པ་མེད༔ སེམས་ཅན་ཀུན་ལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་བཀྲ་ཤིས་ཤོག༔ བཀྲ་ཤིས་གང་ཞིག་རང་རིག་བྱང་ཆུབ་སེམས༔ མཚན་མའི་འོག་ཏུ་མ་གྱུར་བླ་མ་མཆོག༔ མ་ལུས་ཀུན་གྱི་སྙིང་ལ་རྟག་བཞུགས་པའི༔ དགེ་མཚན་དེའི་ནི་དགོངས་ཀློང་མཉམ་གྱུར་ཅིག༔ འདི་འདྲ་དགོས་ཞེས་འཆི་མེད་མཆོག་གྲུབ་གསུངས། །རྒན་པོའི་འཆོལ་གཏམ་གཞན་སྒྲོས་དོན་མེད་དེ། ཁྱབ་བདག་བླ་མ་དམ་པར་གུས་བློ་ཡིས། །ཟླ་སྨད་སྔགས་ངན་ནམ་མཁའི་ཁ་གཡང་ངོ་། སརྦ་མངྒ་ལཾ།

ཧཱུྃ་ཨཱཿཨོཾ༔ སྣང་བ་ལྷ་དང་ཞིང་ཁམས་ལ༔ སྒྲ་གྲགས་ཐམས་ཅད་སྔགས་ཀྱི་ངང་༔ འགྱུ་དྲན་ཆོས་ཉིད་འཁོར་ལོ་རུ༔ ཡེ་རྫོགས་ཆེན་པོའི་གདེང་གིས་བཟླ༔ ཞེས་ལྷ་གང་ཡིན་གྱི་བསྙེན་པ་བཟླའོ༔ ཅེས་ཀྱང་ལུང་རྟོགས་དང་ཀུན་འཕེལ་ཟུང་གི་ངོར་ག་གཱས་སོ། །

བླ་མའི་སྒྲུབ་པ་ཐིག་ལེ་ཉག་གཅིག་གི་དོན་སྦྱོར།

བླ་མའི་སྒྲུབ་པ་ཐིག་ལེ་ཉག་གཅིག་གི་དོན་སྦྱོར་ཞེས་བྱ་བ་བཞུགས་སོ༔

ན་མོ་མ་ཧཱ་གུ་རུ༔ རྡོ་རྗེ་སྙིང་པོའི་གྲུབ་མཐའི༔ མཐར་ཐུག་ཐུགས་ཀྱི་དངོས་པོ༔ བླ་མ་མཆོག་ལ་བཏུད་དོ༔ གཏོར་མ་རྡོ་རྗེའི་མཚན་པ༔ ཕྱག་རྒྱ་གཅིག་པའི་དོན་རྫོགས༔ སྤྲོས་པ་བསྐྱུང་པའི་དམིགས་ཐིག༔ ཏི་ལ་རྨད་བྱུང་སླ་ཆོས༔ སྦྱོར་དང་རྗེས་སུ་བཅས་པའི༔ རྒྱན་སྤྲས་འདི་ལ་ཐོག་དྲངས༔ གང་གང་རྣམ་པའི་མཚན་གྱི༔ གྲལ་གྱི་བསྟེན་པར་སྔ་ཞུགས༔ ན་མོ༔ ཞལ་ཕྱག་བྲལ་བ་བུམ་པའི་སྐུ༔ ལྷུན་གྲུབ་འོད་འབར་ལམ་གྱི་སྐུ༔ ཉག་གཅིག་ཆ་ཕྲ་སྤྲུལ་བར་ཤར༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ གཉིས་པ༔ ཧོ༔ གཟུང་མེད་འཛིན་བྲལ་སྤྲོས་མེད་ངང་༔ གདངས་གསུམ་ཡེ་རྫོགས་སྦུབས་གསུམ་འདྲིལ༔ ཐུགས་རྗེའི་ལྟོས་པའི་ལས་རླུང་བྱེད༔ གཞི་གྲོལ་དོན་དམ་སེམས་བསྐྱེད་དོ༔ གསུམ་པ༔ ན་དྷཱི༔ འབྲལ་མེད་རང་ཞལ་མཇལ་བའི་འདུན༔ ཕྱིར་འཁྱལ་ནོངས་ལ་ཤད་སྦྱངས་འབུལ༔ ཡེ་ཡོད་མཆོད་ཆེན་སྟོབས་པར་འབད༔ མི་ཕྱེད་དད་པས་ཡི་རང་འབུལ༔ རྩིབས་རྣོན་མུ་ཁྱུད་དངར་ལ་བསྐུལ༔ རྟག་ཁྱབ་ལྷུན་གྲུབ་ངེས་པར་དགོངས༔ འཁོར་གསུམ་དངོས་ཞེན་བྲལ་བ་ཡི༔ ཚོགས་ཀྱི་མཐར་ཐུག་ཆེན་པོར་སྦྱོར༔ བཞི་རུ་ནི༔ ཧཱུྃ༔ བག་ཆགས་གསུམ་འཛིན་འདྲེ་ཡི་འདུན༔ ལྷན་སྐྱེས་ལས་གོལ་བགེགས་ཀྱི་དངོས༔ ཕྲ་རྒྱས་གསལ་བའི་རང་རྩལ་འཁོར༔ ཡུལ་མེད་ཟང་ཐལ་ཆེན་པོར་བསྐྲད༔ བཛྲ་གུ་རུ་སརྦ་བིགྣན་མ་ར་ཡ་ཕཊ༔ ལྔ་བ་ནི༔ ཧཱུྃ༔ རྡོ་རྗེ་བདུན་གྱི་ཆུ་ལོན་གྱི༔ བདག་ཉིད་གཅིག་པུའི་ཆུ་བོ་དགགས༔ རྐྱེན་བཞིའི་བར་ཆད་རླན་ཆེན་པོ༔ མི་འཇུག་གོ་སྐབས་གཞིར་འཕགས་གཏམས༔ རཀྵ་རཀྵ༔ དྲུག་པ༔ ཧཱུྃ༔ ཕྱེད་མེད་རང་བྱུང་དོན་གྱིས་རྒྱས༔ འདུན་མེད་ཆུ་ཕྲན་རྒྱ་མཚོ་འུབ༔ ལ་བཟླ་སྙིང་པོའི་སྟོངས་བཏབས་པས༔ འཇིག་རྟེན་འདས་མིན་ཡོན་ཏན་རོལ༔ བཛྲ་གུ་རུ་ཨ་བེ་ཤ་ཕེཾ་ཛ༔ བདུན་དུ༔ ཨོཾ་ཨཱཿཧཱུྃ༔ བླ་མེད་དམ་པའི་ཟག་བྲལ་རྫས༔ སྐྱོན་བྲལ་ཞི་བའི་ལྷུན་གྲུབ་ལ༔ རྣམ་དག་དོན་གྱི་རླབས་ཕྲེང་འབར༔ འདི་ནི་རྒྱལ་བའི་ཁྱད་པར་འཕྲུལ༔ མ་ཧཱ་ཨརྒྷཾ་༴ རུ་པ་༴ མ་ཧཱ་སརྦ་པཉྩ་རཀྟ་ཏན་གྷན་པཱུ་ཛ་ཨ་ཧཱུྃ༔ དེ་ནས་ལུས་ལ༔ ཨཱ༔ མ་སྐྱེས་ཞི་བའི་ཏིང་འཛིན་ལ༔ སྙིང་རྗེའི་རང་གདངས་བཀྲག་ཏུ་འབར༔ འབྲལ་འདུ་མ་ཡིན་སྣང་ཆར་བ༔ དྲན་རྫོགས་ཡོ་གའི་རྣལ་འབྱོར་ལྷ༔ ཐིག་ལེ་ཉག་གཅིག་སྒོ་བརྒྱ་བའི༔ གཞལ་ཡས་རྒྱ་ཕྱོགས་སྤྲོས་པ་བྲལ༔ དེ་དབུས་མཛོད་མིག་རང་སྣང་བས༔ རྣམ་གནོན་རྟགས་ཀྱི་སྤར་བས་བཏེགས༔ མདུན་མཁར་མ་ཡིན་གོ་ཆར་གཞོལ༔ ཕྲ་རབས་རྡུལ་གྱི་དཀྱིལ་འཁོར་བསྡུས༔ རིགས་གཅིག་རྡོ་རྗེའི་བླ་མར་གྱུར༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི༔ ཐབས་ཀྱི་རྟགས་ཤར་བསྒྲེངས་སྟབས་སུ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ ཉི་ཟླ་པདྨར་རོལ་ཞིང་རོལ༔ གསང་བའི་ཤེར་རབ་འདུ་འབྲལ་མེད༔ ཆོས་ཅན་མཚན་མར་སྨིན་ལེགས་སམ༔ རྡོ་རྗེ་བཟང་མོ་འཁྱུད་སྦྱོར་གྱིས༔ བརྩེ་ཚུལ་རྒྱན་མེད་ཆོས་སྐུའི་ཆས༔ གཞི་གནས་ཡེ་ཤེས་གསུམ་གྱི་མཚོན༔ གནས་གསུམ་ཐུགས་གསུང་སྐུ་ཡི་ལྷའི༔ ཏིང་འཛིན་སེམས་དཔའ་ཐུགས་ཀྱི་ཐུགས༔ སྤྲོ་བསྡུས་འོད་ཀྱིས་དཀྱིལ་འཁོར་མགོན༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ གཉིས་པ༔ ཧཱུྃ༔ ཤེས་རབ་མཁའ་ལ་འདེགས་པའི་ཕྱིར༔ སྲོག་གིས་རྩོལ་བའི་རྒྱུ་བ་བཅད༔ འཁྱིལ་ལྔ་ངོ་བོ་རང་བཞིན་གྱིས༔ ཐུགས་རྗེ་དུས་ལས་མ་ཡོལ་བར༔ དབྱིངས་དང་འདུ་འབྲལ་མེད་པར་ལྡན༔ རྣལ་འབྱོར་མོས་སྔ་མཁྱེན་རྩེའི་རོལ༔ ཀུན་ཟླམ་གསང་བའི་ཁྱབ་ཆེན་དུ༔ དངས་མའི་སྲིད་བདག་པྲ་བའི་དྲངས༔ བཛྲ་སརྦ་ས་མ་ཡ་ཛ༔ གསུམ་དུ༔ ཧཱུྃ༔ སྐུར་སྐུ་ཐིག་ལ་གདལ་བ་འུབ༔ མཁྱེན་པའི་གདངས་ལ་ངོ་བོ་འུབ༔ ནུས་ལ་བསྐྱོད་སྒྲོལ་དམ་ཚིག་འུབ༔ ཐམས་ཅད་ཆིངས་སུ་བཅིང་བར་འུབ༔ མེད་གཅིག་ཡོད་གཅིག་མཉམ་ལ་འུབ༔ ཏིཥྛ་ལྷན༔ བཞིར༔ ཧཱུྃ༔ སྤྱད་ཡོད་མེད་ལ་མ་རེག་པར༔ མངོན་སུམ་གམ་དུ་ཉེ་ལགས་ཏེ༔ གཞན་མའི་རྒྱང་དུ་འཕང་བ་ལ༔ སྐྱེངས་བཅས་མ་འཚལ་གད་མོ་ཆེན༔ ཧ་ཧ༔ ལྔ་བ༔ ཨ་ཧཾ༔ ཉེ་རེག་ལས་ཀྱི་སང་མ་བྱས༔ འཕྲལ་སྤྱོད་ངན་པའི་འགོངས་ལས་བྱེར༔ མོད་དུ་མི་དམའ་ཟག་ཟད་ཀྱི༔ ལེན་མ་ལ་ནི་སྟོབས་པར་བགྱིའོ༔ ཨརྒྷཾ་༴ པཱུ་ཛ་ཁཱ་ཧི༔ དྲུག་དུ༔ ཧ་ཧེ་ཕཊ༔ བདག་བསྒྲལ་གཏུམ་པོ་དམིགས་གཅིག་བསྒྲད༔ སྟོབས་ཆེན་ཕྲ་མོའི་ཏིང་ངེ་འཛིན༔ བཀྲམ་བསྡུས་གར་དགུའི་འདེགས་བྱེ་ཅན༔ རོ་ལང་རྡོ་རྗེ་གཞོམ་བྲལ་བསྟོད༔ གཉིས་ཀྱི་གཉིས་འགུགས་བྱེར་ཟུག་གིས༔ སྟོབས་ཆེན་གཟིམ་པ་བསླང་ནས་ཀྱང་༔ བཅུ་གཉིས་ཁྱད་པར་ཆོས་ཕྱེད་བཅས༔ ནོངས་ལ་གཟེས་པོར་ཕྱག་འཚལ་བསྟོད༔ སྦུབས་གསུམ་དགོངས་གསུམ་གྱིས་བཀྲལ་ནས༔ འཐོབ་གསུམ་ཤེས་གསུམ་དུ་སྟངས་དཔྱལ༔ ཁམས་གསུམ་ཀློང་གསུམ་ལ་མཉམ་པའི༔ བྱེད་གསུམ་སྤྲུལ་གསུམ་གྲུབ་ལ་བསྟོད༔ ཨཱ༔ གོ་གསུམ་སྲོག་གི་དལ་འཁོར་དུ༔ ཡི་གེ་མགོ་ནས་མཐར་ཆགས་བཅས༔ སྐུ་གསུང་ཐུགས་སུ་བརྒྱད་གཉིས་གསུམ༔ འཁོར་ལ་མ་ཡེངས་བསམ་གཏན་རྟེན༔ ཤེས་རབ་ཆེན་པོའི་བུང་བ་སྡུད༔ དོན་གཉིས་གྲུབ་པར་ངས་མི་གཏོང་༔ བཛྲ་གུ་རུ་མ་ར་སྱེ་ན་པྲ་མར་དྷ་ན་ཡ་ཧཱུྃ་ཨཱཿ བཛྲ་མ་ཧཱ་ག་གཱ་ཨ་བྷྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཡང་ན་སྙིང་པོ་རིགས་གཅིག་སྔགས༔ ཨཱ༔ ཞེས་ཅི་ནུས་བཟླས་ལ་དེའི་ཀྱང་ལས་ལ་དམིགས་པས་བསྒྱུར༔ དེ་ནས་ཚོགས་ཀྱི་འཁོར་ལོ་ནི༔ བྱིན་བརླབས༔ རྃ་ཡྃ་ཁྃ༔ མ་དག་དངོས་འཛིན་བསྲེགས་གཏོར་བས༔ ཡུམ་ཆེན་ལྔ་ཡི་ངོ་བོ་ཉིད༔ སྐུ་གསུམ་དམ་ཚིག་གིས་མཉམ་སྦྱོར༔ ཟག་མེད་བདུད་རྩི་བླ་ན་མེད༔ ཨོཾ་ཨཱཿཧཱུྃ༔ ཚོགས་མཆོད༔ ཧཱུྃ༔ རྡོ་རྗེ་བཞི་ཡི་རང་བཞིན་ལྟར༔ གནས་བསྒྱུར་སྦག་རྫས་དག་པ་འདི༔ དགོས་པ་གསུམ་ཕྱིར་ཡོངས་འབུལ་གྱི༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ གྷ་ན་ཙཀྲ་ཁཱ་ཧི༔ བཤགས་པ༔ ཨཱ༔ སྟོང་པ་ཆེན་པོ་ཀུན་གསལ་ལ༔ གཉིས་སུ་འཛིན་པའི་ནོངས་པ་ནི༔ ཡེ་གྲོལ་ལྷུན་འབྱམས་གནས་ལུགས་དང་༔ བཤགས་བྱ་བཤགས་བྱེད་བྲལ་བར་བཤགས༔ བསྒྲལ་བ་ནི༔ ཧཱུྃ༔ རྟོག་གཉིས་རུ་དྲའི་གཟེས་པོ་ལ༔ ཤེས་རབ་གཉིས་ཀྱི་མཚོན་ཆ་གདབས༔ རྣམ་ཤེས་སེམས་བྱུང་དང་བཅས་པ༔ ཡེ་ཤེས་དབྱིངས་སུ་བསད་པར་བྱ༔ རུ་དྲ་མ་ར་ཡ་ཕཊ༔ བསྟབ་པ་ནི༔ ཆེ་བའི་ཆེ་མཆོག་གསུས་པོ་ཆེ༔ སྲིད་གསུམ་ཧོམ་ཀྱང་ངོམས་མེད་པར༔ འདས་སྐུའི་རང་འཛིན་ཀྱང་གྲུབ་པ༔ དེ་ལ་ཐུགས་དམ་བསྐང་བར་བྱ༔ ཞེས་སོ༔ ཨེ་མ་ཧོ༔ བདེ་བ་ཆེ་ལ་ལྷུན་གྱིས་གྲུབ༔ ཡོན་ཏན་རིན་ཆེན་མ་བསྩལ་བ༔ གནས་པ་དོན་མཐུན་ཟག་པ་བྲལ༔ རྩལ་རྫོགས་ཆེན་པོ་ཨ་ལ་ལ༔ ཞེས་རོལ་ལོ༔ ལྷག་གཏོར་ནི༔ ཧོ༔ རང་རྩལ་ཡེ་ཤེས་འཁོར་ལོ་ནི༔ འཇོམས་པ་ཆེན་པོ་གྲངས་ཡས་པར༔ ཤེས་རབ་ཐབས་སུ་རྒྱས་པ་ལའང་༔ དེ་བཞིན་དུ་ནི་མཆོད་པར་སྟོབས༔ ཨུཥྩི་ཌ་བྷ་ལིངྟ་ཁཱ་ཧི༔ བསྐུལ་པ་ནི༔ ཉག་གཅིག་དབྱིངས་ལ་གྲྭ་ཟུར་མེད༔ ཀློང་འཁྱིལ་ཤེས་རབ་ཀྱིས་གོ་ཕྱེས༔ དེ་ལ་བྱ་བ་ཕྱེད་པོ་ནི༔ དུས་ལས་མི་ཡོལ་གནད་ནས་བསྐུལ༔ ཆད་བསྟན་ནི༔ ཧཱུྃ༔ སྔོན་ཚེ་སྤྱི་དཔལ་པད་འབྱུང་གི༔ བཀའ་ལས་ཆད་མདོར་གནས་པ་ནི༔ བསམ་གཏན་ཆེན་མོ་ལ་སོགས་པ༔ ཐ་ཚིག་བདག་མོ་འཁོར་བཅས་མཆོད༔ བཛྲ་ས་མ་ཡ་བྷ་ལིངྟ་ཁཱ་ཧི༔ བྲོ་ནི༔ ཧཱུྃ༔ རྟ་བྲོ་གླུ་ཡི་བརྟུལ་ཞུགས་ཀྱིས༔ འཁོར་འདས་སྣང་སྲིད་ཐམས་ཅད་ཀུན༔ ཕྱེད་ཕྲལ་གུད་དུ་དབང་བཙན་པོ༔ ལྡང་བ་མེད་པའི་དཔའ་བོ་སྤྱོད༔ མ་ར་ཡཱ༔ སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་ནི༔ ཧཱུྃ༔ རྡོ་རྗེ་བཞི་ཡི་དཀྱིལ་འཁོར་ནས༔ དབང་བྱིན་དངོས་གྲུབ་མ་ལུས་པ༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ ད་ལྟ་ཉིད་དུ་སྩལ་དུ་གསོལ༔ ཀ་ཡ་ཝ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ མཆོད་བསྟོད་གཞུང་བཞིན་བྱ༔ དེ་ནས་བཤགས་པ་ནི༔ ཧཱུྃ༔ ཡེ་ཤེས་ཡེ་སངས་རྒྱས་པ་ལ༔ མ་རྟོགས་གཟུང་འཛིན་གྱིས་བསླད་པའི༔ འཁྲུལ་བའི་འཁོར་ལོ་ཆོས་ཉིད་དུ༔ མཉམ་པ་ཉིད་དུ་བཤགས་པར་བགྱི༔ ཡི་གེ་བརྒྱ་བ་བཏོན༔ ཧོ༔ སྤྲོས་པའི་མཚན་མའི་རྣམ་བཅས་ཀུན༔ བློ་འདས་ཡེ་གྲོལ་ཆེན་པོར་བསྡུ༔ རང་གནས་ལྷུན་གྱི་གྲུབ་པ་ནི༔ རྫོགས་པ་ཆེན་པོ་ཆོས་ཀྱི་སྐུ༔ ཨོཾ་ཨཱཿཧཱུྃ༔ ཞེས་དང་སྨོན་ལམ་ནི༔ ཧོ༔དུས་གསུམ་བསགས་པའི་དགེ་རྩ་ཀུན༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་ངང་༔ ཕྱམ་གཅིག་རྣམ་པར་གྲོལ་གྱུར་ཅིག༔ བཀྲ་ཤིས་ནི༔ ཧཱུྃ༔ གཞི་གྲོལ་ཀ་དག་ཆེན་པོ་ལ༔ ལམ་གྲོལ་རྣལ་འབྱོར་བསམ་གཏན་གནས༔ འབྲས་གྲོལ་གཞན་བྱུང་ལས་བསྐལ་ཏེ༔ མཉམ་གྲོལ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་ཀྱང་དགེ་ལེགས་ཀྱིས་བསྐུལ་བཞིན། ག་གཱ་ཨ་བྷྱེའི་སྨྲས་པའོ། །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ། །དཔེ་ཤིན་ཏུ་མི་དག་པས་དེ་ལུགས་ཞུ།

བླ་མའི་རྣལ་འབྱོར་དབང་གི་ནོར་བུ།

བླ་མའི་རྣལ་འབྱོར་དབང་གི་ནོར་བུ་བཞུགས་སོ༔

ཨཱ༔ རང་སྣང་རྣམ་དག་འོག་མིན་ཞིང་༔ བཀོད་པ་རབ་རྫོགས་ཕོ་བྲང་ཆེར༔ ཡེ་ཤར་ལྷུན་གྲུབ་ཆེན་པོའི་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཀུན་ཏུ་བཟང་མོ་ནི༔ མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་པ༔ སྟོང་ཉིད་མཉམ་སྦྱོར་མཉམ་བཞག་མཛད༔ ཞབས་གཉིས་པདྨའི་སྐྱིལ་ཀྲུང་བཞུགས༔ སྤྱི་བོར་པདྨ་ཉི་ཟླ་དང་༔ རིན་ཆེན་འབར་བའི་གདན་སྟེང་དུ༔ དྲིན་ཆེན་རྩ་བའི་བླ་མ་ནི༔ ཀུན་བཟང་མཐིང་ནག་ཆོས་ཀྱི་སྐུ༔ རྡོ་རྗེ་མཉམ་བཞག་བཞུགས་སྟངས་ཅན༔ དབྱིངས་དང་ཐིག་ལེའི་དྲ་བར་རྫོགས༔ དབྱིངས་ནས་དུས་གསུམ་རྒྱལ་བའི་ལྷ༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ ཨོཾ་བཛྲ་ཛི་ན་སརྦ་ས་མ་ཡཱ་ཛ་ཛ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་༴ སོགས༔ ཡན་ལག་བདུན་པ་རྣམ་དག་གི་མཆོད་ལ༔ ཨོཾ་ཨཱ་བཛྲ་གུ་རུ་ས་མནྟ་བྷ་དྲ་ག་གཱ་ཨ་བྷྱེ་ཧཱུྃ༔ ཅི་ནུས་མཐར་དབང་དང་དངོས་གྲུབ་བསྐུལ་བ་ནི༔ སརྦ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧཱུྃ༔ ཅི་ནུས་མཐར༔ བླ་མའི་གནས་གསུམ་འོད་ཟེར་ནི༔ དབྱངས་ཐིག་ལུ་གུ་རྒྱུད་དུ་བྱུང་༔ བདག་གི་སྒོ་གསུམ་ལ་ཐིམ་པས༔ སྒྲིབ་དག་དབང་གི་བརྟུལ་ཞུགས་རྫོགས༔ མཐར་ནི་གུ་རུ་དབྱིངས་རིག་གི༔ རང་བཞིན་ཆེན་པོར་རྗེས་གཞིག་ནས༔ ཀུན་ཀྱང་བདག་དང་རོ་གཅིག་གྱུར༔ རྐྱེན་དེའི་རང་ཡང་ལན་ཚྭ་ལ༔ ཆུའི་རེག་བཞིན་ཏུ་དྭངས་མར་ཞུ༔ མ་དག་རྩ་རླུང་ཐིག་ལེའི་ཁམས༔ དག་པ་དོན་གྱི་སྒྱུ་མའི་ལུས༔ ཟུང་འཇུག་འོད་གསལ་ངང་དུ་གྲོལ༔ སྣང་སྲིད་ཆོས་དབྱིངས་ཆོས་སྐུར་རོལ༔ ཨ་ཨཱོཾ་ཨོཾ༔ ཅེས་ཀྱང་གྲགས་ལོའི་ངོར། ག་གཱས་སོ། །

བླ་མའི་རྣལ་འབྱོར་བསྡུས་པ་དབང་གི་ཆུ་རྒྱུན།

བླ་མའི་རྣལ་འབྱོར་བསྡུས་པ་དབང་གི་ཆུ་རྒྱུན་བཞུགས༔

དུས་གསུམ་སངས་རྒྱས་བསྙེན་པ་ལས༔ བླ་མ་བསྙེན་པ་ལྷག་གསུངས་པས༔ དེ་ཕྱིར་དེ་ཡི་ཟོལ་མ་རུ༔ རྗེས་བརྗོད་བྲག་ཆ་དོན་མེད་འགོད༔ ས་མ་ཡཱ༔ རང་ཉིད་ཐ་མལ་གནས་པ་ཡི༔ སྨིན་མཚམས་ཐད་ཀྱི་ནམ་མཁའ་ལ༔ ཆུ་སྐྱེས་རྟ་ལྗང་ཟུང་གི་སྤོར༔ རྡོ་རྗེ་བླ་མའི་རྣམ་པ་ནི༔ ཐ་མལ་སྐྱེ་བ་སྤྲུལ་པའི་སྐུ༔རང་ངོར་ཇི་ལྟར་སྣང་བ་བཞིན༔ ཕྱག་གཡས་འཁོར་ལོ་གཡོན་དྲིལ་བུ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔སྣང་སྟོང་གཉིས་མེད་རང་བཞིན་ལས༔ ལས་ཀྱི་ཕྱག་རྒྱ་དབྱེར་མེད་རོལ༔ ཐིག་ལེ་སྟོང་པའི་དཀྱིལ་འཁོར་དུ༔ རྣམ་དག་དབྱིངས་ཀྱི་དྲྭ་བ་ན༔ ཤེས་རབ་རང་བྱུང་སྒྲོན་མའི་དངོས༔ རང་བཞིན་སྣང་བའི་གདེངས་སུ་བཞུགས༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་ནས༔ ནུས་ལྡན་རྡོ་རྗེའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རང་རྩལ་ཀུན༔ མཚོ་ལ་ཁ་ཆར་བབས་པ་བཞིན༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་༴ སོགས། ཆོས་ཟད་བློ་འདས་དཀྱིལ་འཁོར་ནས༔ ཚད་ཕེབས་དོན་གྱི་ཡོན་ཏན་དཔལ༔ སྣང་བའི་ཉམས་སུ་ལྷུན་གྱིས་གྲུབ༔ མངོན་སུམ་འགྲོ་བའི་མགོན་པོ་ལ༔ ཕྱག་འཚལ་མཆོད་འབུལ་ཉེས་ལྟུང་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ མི་འདའ་བཞུགས་གསོལ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་ཀྱི་བསླབས་སྡོམ་གཟུང་༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཀུན༔ རྡོ་རྗེའི་གདུང་ཀྱང་བདག་གིས་གསོབ༔ འགྲོ་ཀུན་བྱང་ཆུབ་གནས་བཀོད་པའི་ཕྲིན་ལས་བྱེད་པོར་བདག་བྱིན་རློབས༔ དགེ་བས་འགྲོ་ཀུན་སངས་རྒྱས་ཤོག༔ དབང་བཞི་བསྐུར་ཤིང་སྒྲིབ་བཞི་དག༔ སྐུ་བཞི་ཐོབ་པའི་དགའ་བཞིའི་ལམ༔ རྣལ་འབྱོར་བཞི་ཡི་སྨིན་བྱེད་དུ༔ རིགས་སད་ལས་ཀྱི་ཉེ་རྒྱུ་རུ༔ རྟེན་འབྲེལ་བདེན་པའི་སྤྱི་བླུགས་སྩོལ༔ བཛྲ་གུ་རུ་ག་གཱ་ཨ་བྷྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་ཅི་ནུས་མཐར༔ ཨཱ༔ གྲངས་མང་བསྐྱལ་ལོ༔

དེ་ནས་དབང་གི་རིམ་པ་ནི༔ ཨཱ༔ བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་ཀ་གསུམ༔ ཡི་གེ་སྤྲིན་གྱི་རྣམ་པར་འཕྲོས༔ སྒོ་གསུམ་སྒྲིབ་དག་དགའ་གསུམ་སྐྱེ༔ སྐུ་གསུམ་གོ་འཕང་རྒྱུད་ལ་བཞག༔ ལམ་གསུམ་དབང་ཐོབ་སླར་ཡང་ནི༔ ཧཱུྃ་ལས་འོད་ཟེར་མཐིང་ནག་འབར༔ སྤྱི་བོར་ཚངས་བུག་ནས་ཞུགས་ཏེ༔ ཆེར་སྐྱེད་འཁོར་ལོར་ལྔ་བོ་ཡི༔ ཡན་ལག་ཕྲ་བ་ཀུན་ཞུགས་པས༔ ཚིག་གི་དབང་ཐོབ་ལྷན་དགའ་སྐྱེས༔ རྫོགས་ཆེན་བསྒོམ་པའི་སྣོད་དུ་གྱུར༔ རྒྱུ་འབྲས་ས་བཅུ་མངོན་དུ་བྱས༔ དེ་ནས་འོད་ཞུ་བདག་ལ་ཐིམ༔ ཉོན་ཤེས་སྒྲིབ་པ་མཐའ་དག་བྱང་༔ འོད་ཟེར་ཆེན་པོའི་དབང་ཐོབ་སྟེ༔ ཀུན་གཞིའི་ལས་དག་རྡོ་རྗེ་ཡི༔ ཏིང་འཛིན་དབང་ཐོབ་གདོས་བཅས་ཀུན༔ དག་པའི་འོད་སྐུ་བླ་མའི་ངང་༔ གྲགས་སྟོང་གསུང་གི་རྡོ་རྗེར་རོལ༔ དྭངས་མའི་རྩ་དང་ཡེ་ཤེས་ཀྱི༔ ངོ་བོ་རང་བཞིན་ཐུགས་རྗེ་ཡི༔ སྐུ་དང་ཐིག་ལེ་རིག་པར་སྨིན༔ མི་སློབ་ལམ་བརྒལ་ལྷུན་གྱིས་གྲུབ༔ གཞི་ལ་མཐར་ཕྱིན་བྱ་བྱེད་ཀྱིས༔ སྤྲུལ་པ་གཉིས་འབྱིན་ལ་དབང་བསྒྱུར༔ བློ་འདས་ཡེ་གྲོལ་ཨེ་མ་ཧོ༔ ཨ་ཨཱཿཕཊ༔ ཅེས་ཀྱང་པྲཛྙཱ་མ་ཏིའི་ངོར། །ག་གཱ་ཨ་བྷྱེས་ཁྲེལ་མེད་གཏམ། །རྣམ་པར་རིག་པའི་འཕྲུལ་བསྒྱུར་མཁན། །འགྱུར་མེད་རྣམ་པར་རྒྱལ་བའི་དཔལ། །དགེའོ། །དགེའོ། །དགེའོ། ། སརྦ་མངྒ་ལཾ། །

རིག་འདུས་བླ་མའི་སྒྲུབ་པ་ཡང་གསང་བླ་མེད་ཐབས་ཤེས་ལྟོ་སྦྱོར།

རིག་འདུས་བླ་མའི་སྒྲུབ་པ་ཡང་གསང་བླ་མེད་ཐབས་ཤེས་ལྟོ་སྦྱོར་བཞུགས་སོ། །

སྤྲོས་བྲལ་དོན་ཀྱི་རྣལ་འབྱོར་བས། །རང་ངོ་ཤེས་པའི་ལྟ་བའི་ངང་། །མཉམ་པ་ཉིད་དུ་ཀློང་འབྱམས་ལ། །མ་སྒྲུབ་གྲུབ་དང་ཀུན་གྱི་མཆོག །འདི་ལ་བློ་རིག་ལ་བརྟེན་ནས། །ཐ་དད་སྒྲུབ་པའི་ཚུལ་ཉིད་ཀྱི། །གཉིས་མེད་དོན་ལ་ལྷུན་གྲུབ་པ། །ཐབས་ཤེས་ལྟོ་སྦྱོར་བསྟན་པ་ནི། ། དཀྱིལ་འཁོར་མེད་ལ་གཏོར་མ་མེད། །ལྟ་བ་གྱད་ཀྱི་ལྷ་ཆེན་པོ། །སྦྱོར་དངོས་རྗེས་གསུམ་ཚང་སྤྲུག་གསུམ། །སྐྱབས་འགྲོའི་དབང་དུ་བྱས་ནས་ནི། །ན་མོ༔རང་བྱུང་རིག་པ་དོན་དམ་པ། །བདེན་པ་དབྱེར་མེད་ལྷུན་གྲུབ་ལྷ། །མ་འཁྲུལ་རང་ཞལ་གཉིས་མེད་པ། །འདུ་འབྲལ་མེད་པར་སྐྱབས་སུ་མཆི། སེམས་བསྐྱེད་ནི། ཧོ༔ རིག་ནས་སངས་རྒྱས་རང་ཡིན་ཀྱང་། །མ་རིག་འཁྲུལ་བས་འཁོར་བར་འཁྱམས། །ད་ནི་ཡེ་སངས་རྒྱས་པའི་འགྲོ །ཡང་སངས་རྒྱས་པར་སེམས་བསྐྱེད་དོ། །ཚོགས་བསགས་ཉིད་གཞན་དུ་ཤེས་ལ། བཀའ་བསྒོ་བ་ནི། ཕཊ༔ འཁྲུལ་བ་སྒྱུ་མའི་རང་བཞིན་གྱིས། །འཇིག་ཚོག་ལྟ་བའི་རི་བོ་ཀུན། །འཇིགས་མེད་རྡོ་རྗེའི་ཐོག་ཆེན་གྱིས། །རྡུལ་ཕྲན་བཞིན་ཏུ་བརླག་པར་འགྱུར། །བདག་ལྟའི་འདྲེ་བོ་སྒྲོལ་བ་ཡིས། །བདག་མེད་མཚོན་ཆའི་འཁོར་ལོ་ཆེའི། །ཡུལ་མེད་ཟང་ཐལ་ངང་དུ་སྦྱོར། །གཞི་མེད་རྩ་བྲལ་ཨ་ལ་ལ་ཧོ། གཅོད་པ་ནི། ཧཱུྃ༔ ཡེ་ནས་སྐྱེ་འགགས་བྲལ་བ་ལ། །རེ་དོགས་རྫུན་ཕུག་རྡིབ་པ་དང་། །ཕན་གནོད་རང་མཚང་གཞི་བྲལ་བརྡོལ། །ལྷུན་གྲུབ་ཡོངས་གདལ་མཚམས་ཀྱིས་ཆོད། །རཀྵ་རཀྵ། བྱིན་ཕེབས་ནི། ཧཱུྃ༔ ཀ་དག་མཚན་མ་ཀུན་བྲལ་བའི། །རང་བཞིན་མཁྱེན་བརྩེའི་ཡེ་ཤེས་ཆེ། །ཐུགས་རྗེའི་ཀུན་ཁྱབ་འཕྲུལ་བཞད་གར། །བསལ་བཞག་བྲལ་བའི་དཀྱིལ་འཁོར་གསུམ། །དག་གྲོལ་གཉིས་ལྡན་དོན་གྱིས་དབྱིངས། །བྲལ་ཐོབ་མེད་པ་རྫོགས་པ་ཡིས། །བྱང་ཆུབ་སྐུ་ལྔ་མངོན་སངས་རྒྱས། །རང་ཞལ་མཇལ་བའི་བྱིན་ཆེན་པོ། །རང་སྣང་གཞིར་འཕགས་བྱེ་བྲག་བྱེད། །གྲོལ་བ་གཞན་མིན་རང་སར་གནས། ། བླ་མེད་མཆོག་གི་བྱང་ཆུབ་པའི། །ཡེ་ཤེས་ཆོས་སྐུའི་བྱིན་ཕོབ་ཅིག ། བཛྲ་གུ་རུ་ཨོ་ཊི་ཨ་བྷྱེ་ཕེམ་ཛཿ ཨ་བེ་ཤ་ཡ་ཕེམ་ཕེམ། བྱིན་རླབས་ནི། ཧཱུྃཿ ཟག་མེད་འདུ་འབྲལ་མེད་པ་ཡི། །ལྷུན་གྲུབ་རྒྱན་གྱི་འཁོར་ལོར་ཆེ། ། ཤེས་རབ་ལྷ་མོའི་རྣམ་རོལ་བརྩེ། །རང་ཤར་འཛད་མེད་རླབས་ཀྱིས་བརླབས། ཨརྒྷཾ་སོགས་རཱུ་པ་སརྦ་པཉྩ་ཨ་མྲི་ཏ་རཀྟ་བྷ་ལིང་ཏ་ཨ་ཧཱུྃ། ལྷ་བསྐྱེད་ནི། ཧཱུྃཿ མ་བཅོས་རིག་པ་ཁྱབ་བརྡལ་ངང་། །སྟོང་ཆེན་རང་བཞིན་འོད་གསལ་བ། །རིག་པའི་མཁྱེན་ཆའི་འབྲས་བུ་ཆོས། །དོན་དམ་བདུན་དུ་རོལ་བ་འཕྱོ། །གཞོན་ནུ་བུམ་པ་ཐིག་ལེ་ཆེ། །རྟོག་པའི་གྲྭ་ཟུར་བྲལ་བ་ནི། །ལྷུན་གྲུབ་གཞལ་ཡས་ངང་དུ་འཁྱིལ། །འོད་གསལ་དག་པའི་ཉི་ཟླའི་གདན། །དེ་རུ་ཡེ་ཤེས་སྒྱུ་མའི་གར། །གཉིས་མེད་ཟུང་འཇུག་ཧེ་རུ་ཀ །གུ་རུ་ཨོཾ་ཊི་ཨ་བྷེ་ནི། ༼ ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ནི། །ཀུན་བཟང་བདེ་ཆེན་རྡོ་རྗེ་ནི། །རྡོ་རྗེ་གཟི་བརྗིད་རྒྱལ་པོ་ནི། ༽སྐུ་ནི་མཁའ་ལྟར་དག་པ་ལ། །ཉི་མའི་དཀྱིལ་འཁོར་ལྟ་བུར་གསལ། །གསལ་དག་སྟོང་བ་བདེན་དབྱེར་མེད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །མཉམ་བཞག་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རྒྱན་མེད་གཅེར་བུ་ཡུམ་དང་འཁྲིལ། །ཀུན་ཏུ་བཟང་པོའི་རྣམ་པར་བསྐྱེད། །ཡེ་ཤེས་ལྔ་རྫོགས་རིག་པའི་སྐུ། །རྣམ་དག་གསུང་ལྟའི་རང་བཞིན་དང་། ། ཆོས་ཉིད་བྱང་ཆུབ་ཐུགས་ལྔར་ལྡན། །གདན་སོགས་ཡོན་ཏན་ཕྲིན་ལས་རྫོགས། ཁ་སྦྱོར་བདུན་གྱི་ལོངས་སྐུར་ཤར། །སྟོང་ཆེན་དབྱིངས་ཀྱི་ཡུམ་ལྔར་ལྡན། །གནས་གསུམ་རྡོ་རྗེ་གསུམ་གྱི་དངོས། །ཡི་གེ་འབྲུ་གསུམ་རྣམ་པར་བསྐྱེད། །མཐའ་བསྐོར་དགུ་ལྡན་བླ་མའི་ཚོགས། ། རིགས་བདག་རྒྱལ་བ་ཀློང་ཆེན་པ། །དགའ་རབ་རྡོ་རྗེའི་རྣམ་པར་གསལ། །འབྲུ་གསུམ་འོད་ཀྱི་ཡེ་ཤེས་པ། །སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། །སྦྱན་འདྲེན་དངོས་ནི། ཧཱུྃ༔ དབྱིངས་ཀྱི་རང་བཞིན་ཟུང་འཇུག་པ། །དཔེ་དོན་རྟགས་ལས་འདས་པ་ཉིད། །ཟང་མ་ཐལ་བྱུང་བརྗོད་དུ་མེད། །ཡེ་རིག་ངང་དུ་གཤེགས་སུ་གསོལ། །གཤེགས་བྱོན་སྤྲོས་པའི་རྣལ་འབྱོར་དམན། །འདིར་ནི་ཡེ་རྒྱས་དགོངས་པའི་ཆིངས། །དབྱེར་མེད་ཆེན་པོར་འགགས་སུ་བསྡམ། །འགྲོ་འོང་བྲལ་བར་ལ་བཟླའོ། བཛྲ་ས་མ་ཡཱ་ཛ་ཛ༔ གཉིས་པ་བཞུགས་གསོལ། ཧཱུྃ༔ རྡོ་རྗེའི་ཆོས་བདུན་ལྡན་པ་ལ། །མི་འགྱུར་བ་ཡི་དམ་བཅའ་བཞི། །རང་གནས་ཆེན་པོའི་ཏིང་ངེ་འཛིན། །གསུམ་གྱི་གདན་ལ་ཅོག་བཞག་ལྷུག །བཛྲ་ཏིཥྛ་ལྷན༔ ཕྱག་འཚལ། ན་མོ༔ ཁྱབ་བྱེད་ཡེ་ཤེས་རྒྱ་གྲོལ་བ། ། ཡེ་ནས་ཡོངས་སུ་ཅེར་གྲོལ་བའི། །རང་གྲོལ་དེ་བཞིན་ཉིད་ཀྱི་ལྷར། ། རིག་པ་ལུང་མ་བསྟན་པ་ལས། །གཞིར་འཕགས་ལྟ་བ་མཇལ་བའི་ངང་། །མི་ཕྱེད་དད་པས་ཕྱག་འཚལ་ལོ། །ན་མོ་ན་མ་ཧོ། མཆོད་པ་ནི། ཧོཿ མ་རིག་གཉིས་སུ་འཛིན་པའི་འདྲེ། །མཐའ་གྲོལ་ངང་དུ་སྒྲོལ་བ་ཡི། །ཟིལ་གནོན་གསུམ་གྱིས་མཚོན་ཆེན་པོ། །མ་བྱུང་མ་སྐྱེས་བརྟུལ་ཞུགས་ཆེའོ། །ཏ་ན་པཱུ་ཛ་ཁཱ་ཧི། ཨཱ༔ ཕུང་ཁམས་རིགས་ལྔ་ཡེ་ཤེས་སུ། །དག་པ་གསུམ་གྱི་མཆོད་པ་ཡི། །བདག་མེད་མཉམ་ཉིད་ལྷ་ཚོགས་མཆོད། །ཟག་མེད་ཏིང་འཛིན་དགྱེས་པ་བསྐྱེད། །གྷ་ན་པཱུ་ཛ་ཁཱ་ཧི། འཁྲུལ་འཛིན་དྲན་རྟོག་དག་པ་དང་། །བརྗོད་མེད་འདུས་མ་བྱས་སུ་གདལ། །རྐྱེལ་པོ་གཅིག་གི་ངང་ཉིད་དུ། །ཐུག་ཕྲད་ལྔ་དག་མཆོད་པ་ཆེའོ། །མ་ཧ་གུ་ཧྱ་པཱུ་ཛ་ཁཱ་ཧི། བསྟོད་པ་ནི། ཨོཾཿ ཡོད་དང་མེད་པའི་མཐའ་ལས་འདས། །རྣམ་པར་ཐར་བ་གསུམ་དང་ལྡན། །དབྱིངས་འཁྱིལ་མཁྱེན་ཆ་ཡེ་ཤེས་རྟེན། །ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། ། འགགས་མེད་ལྷུན་གྲུབ་གཉིས་མེད་པ། །ཉག་གཅིག་གསལ་དག་ལུ་གུ་རྒྱུད། །ཟང་ཐལ་སྐུ་གསུང་ཐུགས་འོད་གསལ། །མཐར་བྲལ་ངོ་བོ་སྟོང་ལ་བསྟོད། །སྟོང་ཉིད་ངང་ལས་ཤར་རིག་པའི། །ཐུགས་རྗེ་མ་འགགས་མཁྱེན་གཉིས་རྒྱས། །སྒོ་བརྒྱད་དག་པའི་རང་རྩལ་དགོད། ། གང་ལ་གང་འདུལ་སྤྲུལ་བར་བསྟོད། །མཚན་དཔེའི་ཡོན་ཏན་སྤངས་རྟོགས་ཆུབ། །སྐུ་གསུམ་དེ་བཞིན་ཉིད་དུ་གདལ། །ཐམས་ཅད་གཅིག་པུར་འུབ་ཆུབ་པས། །མངོན་པར་བྱང་ཆུབ་པ་ལ་བསྟོད། །ཅི་ལྟར་སྔར་བཞིན་ཕྱིའི་དེ་བཞིན། །འགྱུར་མེད་རང་བཞིན་རྡོ་རྗེའི་ཆོས། །ཕྱལ་བ་དག་པའི་ཡེ་གྲོལ་དུ། །ཡོངས་རྒྱས་ཐེབ་པའི་སྐུ་ལ་བསྟོད། །དེ་ནས་བཟླས་པ་ནི། ཨཱཿ མཐའ་བྲལ་ལུ་གུ་རྒྱུད་ཀྱི་སྐུ། །རྣམ་དག་དབྱིངས་ལས་ཐིག་ལེའི་སྒྲོན། །གཞི་ཡི་སྒྲོན་མ་ཧར་སང་བ། །སྣང་སྲིད་གཞིར་བཞེངས་ལ་བཟླའོ། །ཞེས་འོད་གསལ་སྒོམ་དུ་བྱ་བ་ཆོས་སྐུའི་བཟླས་པའོ། ཨོཾ༔ སྐུ་གསལ་ཐུགས་ཀར་ཨཱཿམཐིང་ཀའི། །མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར། །བཟླས་པས་འཁོར་འདས་དག་མཉམ་དུ། །བླ་མའི་དཀྱིལ་འཁོར་ཆེན་པོར་རོལ། །བཛྲ་གུ་རུ་ཨོ་ཊི་ཨ་བྷྱེ་ཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླས་པས། བྱིན་རླབས་མི་འཇུག་ཁ་མཚར་ཆེ། །སྤྲང་པོའི་རྒྱུ་རྫས་ཅི་ཞིག་སྟེར། །ཡོན་ཏན་མེད་ངེས་སུ་ཞིག་སྐྱོབས། །འོན་ཀྱང་གསུང་ཁ་མ་བཅག་ཙམ། དགེའོ། མངྒ་ལཾ། །དེ་ནས་ཞལ་ཟས་ཚོགས་མཆོད་ནི། ཨཱཿ ཀུན་ཁྱབ་གདལ་བའི་ཡེ་ཤེས་ཀྱིས། །ཕྱི་ནང་སྣོད་བཅུད་སེམས་ཀྱི་ཆོས། །ཐམས་ཅད་དག་མཉམ་རོལ་པ་ཡི། །གསང་བ་བླ་མེད་ཚོགས་སུ་བརླབས། ཨོཾ་ཨཱཿཧཱུྃ༔ སྣང་བ་མེད་ལས་སྣང་བའི་དངོས། །སྟོང་པ་དག་པའི་འབྲེལ་འབྱུང་བ། །སྐྱེ་འགགས་སྤྲོས་པའི་ཟག་བཅས་ལས། །ཟག་མེད་ཁྱད་པར་ཅན་དུ་རླབས། ཧ་ཧོ་ཧྲཱི༔ སྤྱན་འདྲེན་ནི། ཧཱུྃ་རང་སྣང་དོན་གྱི་གཞལ་ཡས་ནས། །རིག་པ་བཅུད་དུ་སྨིན་པའི་ལྷ། །ཡེ་ཤེས་སྐུ་ཅན་གཉིས་མེད་ཚུལ། །རྩ་བའི་བླ་མ་གཤེགས་སུ་གསོལ། །བསོད་ནམས་ཚོགས་ཀྱི་འཁོར་ལོ་ལ། ། ངང་བྱུང་ཚུལ་དུ་གཤེགས་སུ་གསོལ། །རྣལ་འབྱོར་ཡེ་ཤེས་ཚོགས་རྫོགས་ཕྱིར། ། མཁྱེན་བརྩེའི་སྒྱུ་འཕྲུལ་གར་བསྒྱུར་གསོལ། བཛྲ་ཨོ་ཊི་ཨ་བྷྱེ་ས་པཱ་རི་ཝཱ་ར་ས་མ་ཡ་གྷ་ན་ཙཀྲ་ཛ་ཛ༔ ཚོགས་མཆོད་ནི། ཧཱུྃ༔ ཡེ་ཤེས་ཚོགས་ཀྱི་འཁོར་ལོ་ལ༔ དགྱེས་ཉམས་ཆེན་པོའི་ཐུགས་རྗེ་ཡི། ། རྣལ་འབྱོར་མོས་སྔར་བཞེས་ནས་ཀྱང་། །སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི། བཤགས་པ་ནི། ཧཱུྃ༔ བདག་ཉིད་མ་རིག་གཞན་དབང་གི །གཞི་ཡི་རང་ཞལ་གཡོན་དུ་བལྟས། །ད་ནི་གཉིས་སུ་མེད་ཚུལ་གྱིས། །ལྷུག་འབྱམས་ཡངས་པ་ཆེན་པོར་བཤགས། །ག་ན་ཙཀྲ་ས་མ་ཡཱ་༴ ཨཱཿ ཡིག་བརྒྱ་བརྗོད། བསྒྲལ་བ་ནི། ཧཱུྃཿ མ་རིག་གཉིས་སུ་འཛིན་པའི་འདྲེ། །བདག་མེད་རྣམ་གཉིས་མཚོན་ཆེན་གྱིས། །གཞི་མེད་རྩ་བ་བྲལ་བར་བསྒྲལ། །སྤྲོས་བྲལ་ཆེན་པོའི་བརྟུལ་ཞུགས་སྤྱོད། །བཛྲ་ཏ་ན་སརྦ་བིགྷྣཾན་ཕཊ། ཧཱུྃཿ ང་བདག་ལྟ་བའི་ལྷ་དང་འདྲེའི། ། ཕུང་ལྔ་ཚོགས་སུ་ཤར་བ་འདི། །ཡེ་ཤེས་ལྔ་ལྡན་ལྷ་ཚོགས་ཀྱིས། ཞལ་དུ་བསྟབས་སོ་དག་མཉམ་རོལ། བཛྲ་མཾ་ས་རཀྟ་ཙིཏྟ་སརྦ་ཁཱ་ཧི། ཞེས་མཐར་ལྷག་མ་ནི་བྱིན་གྱིས་བརླབས་ལ། ཧཱུྃཿ སེམས་དང་སེམས་བྱུང་གནས་དག་པའི། །རྒྱན་སྣང་རྩལ་གྱི་ལྷ་ཚོགས་ལ། །སྣང་གསུམ་བག་ཆགས་ལྷག་མ་འབུལ། །ཟད་པ་གདོད་མའི་ངང་དུ་བཞེས། གྷ་ན་ཙཀྲ་ཨུཥྩི་ཊ་ཁཱ་ཧི། ཞེས་བརྗོད་རྗེས་སུ་བཤགས་པ་ནི། ཧཱུྃཿ ཀ་དག་ངོ་བོ་ཆོས་སྐུ་ལས། ། ཕྱལ་བའི་རང་བཞིན་མ་རྟོགས་པ། །ལྷུན་གྲུབ་རིག་སྟོང་རྗེན་པའི་ངང་། །ཐག་ཆད་ངང་དག་མེད་པར་སྤྱོད། །ཡི་གེ་བརྒྱ་བ་མཐར་ནི་བསྔོ་བ་ནི། ཧཱུྃ༔ སྣང་སྟོང་ཐབས་ཀྱི་ལྷར་ཤར་བ། ཁ་སྦྱོར་དག་པའི་རྡོ་རྗེ་རུ། ། དུག་གསུམ་རྒྱུད་འཁྲུལ་སེམས་ཅན་ཀུན། །རང་གྲོལ་ཆེན་པོའི་རྒྱུ་རུ་བསྔོ། བསྡུ་རིམ་ནི། ཧཱུྃ༔ སྤྲོས་བྲལ་ཤར་ཆ་ལྷ་ཡི་ཚོགས། །གནས་ས་ཆོས་ཉིད་གཅིག་ཏུ་འཁྱིལ། །གྲོལ་བ་རྒྱ་འབྱམས་ལྷུག་པའི་ངང་། །ཤར་གནས་གྲོལ་གསུམ་མཉམ་པ་ཉིད། །བཛྲ་མུཾ། ཤར་གྲོལ་རྒྱུན་ཆད་མེད་པ་དེ། །ཡེ་ནས་སྐུ་གསུམ་ཐུགས་སུ་བབས། །ལྷུན་མཉམ་ཡངས་པ་རང་བྱུང་སྒྲོན། །འགགས་མེད་འབྲས་བུ་ཆོས་སུ་ཤར། །བཀྲ་ཤིས་ནི། ཧཱུྃཿ གཞི་གྲོལ་དག་པ་གཉིས་ལྡན་ངང་། །ཤར་གྲོལ་རྒྱུན་ཆད་མེད་པའི་ཆོས། །རང་གྲོལ་གསུམ་དུ་དག་རྫོགས་སྨིན། །བཀྲ་ཤིས་དེས་ནི་རྟག་ཁྱབ་ཤོག །རང་དོན་མངོན་པར་བྱང་ཆུབ་ནས། །གང་འདུལ་སྤྲུལ་བ་ཕྲག་བརྒྱ་ཡིས། །འགྲོ་ཁམས་དོང་ནས་སྤྲུགས་པ་ཡི། །བཀྲ་ཤིས་དེས་ནི་རྟག་ཁྱབ་ཤོག །མཐར་ཐུག་སེམས་ཅན་ཐམས་ཅད་ཀུན། །གདོད་མའི་ཆོས་སྐུའི་སར་སྦྱོར་ནས། །གཞན་དོན་མངོན་པར་རྫོགས་པ་ཡི། །བཀྲ་ཤིས་དེས་ནི་མཐར་ཕྱིན་ཤོག །

ཅེས་ཀྱང་སྐྱེ་བ་གསུམ་གྱི་མཐར་རང་དོན་ཕུན་སུམ་འཚོགས་པར་མཐར་ཕྱིན་ནས། གཞན་དོན་གཟུགས་སྐུའི་འགྲོ་བའི་དོན་འགྲུབ་པའི་རྣལ་འབྱོར་བ་པདྨ་བློ་གྲོས་ཀྱིས་བསྐུལ་ངོར། ཁྱི་ལ་སེང་གེའི་མིང་ཐོབ་པ་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་དུ་བྱེད་པ་ག་གཱ་ཨ་བྷྱེའི་བྲིས་པ་དགེ་བར་གྱུར་ཅིག སརྦ་མངྒ་ལམ། བཀྲ་ཤིས། དཔེ་མི་དག་པས་དཔྱད།

བླ་མའི་རྣལ་འབྱོར་བྱིན་བརླབས་མྱུར་འཇུག

དག་སྣང་རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ བླ་མའི་རྣལ་འབྱོར་བྱིན་བརླབས་མྱུར་འཇུག་བཞུགས་སོ༔

སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ གཞི་ལམ་འབྲས་བུའི་བླ་མ་ལ༔ ལྟ་སྒོམ་སྤྱོད་པའི་སྐྱབས་སུ་མཆི༔ སེམས་ཅན་འཁོར་བཅས་དོང་སྤྲུགས་ཕྱིར༔ སྨོན་འཇུག་བླ་མེད་བྱང་སེམས་བསྐྱེད༔ དེ་ནས་རྣལ་འབྱོར་དངོས་ལ་ནི༔ ཨ༔ རང་སྣང་རྣམ་དག་འོད་གསལ་བ༔ དོན་གྱི་འོག་མིན་ཆེན་པོའི་ཞིང་༔ རྒྱན་བཀོད་ལྷུན་རྫོགས་གཞལ་ཡས་ཁང་༔ ཕུན་ཚོགས་མཆོད་སྤྲིན་རྒྱ་མཚོའི་དབུས༔ རང་ཉིད་ཐ་མལ་གཞི་ལུས་འདི༔ གསང་རྒྱུད་ཀུན་གྱི་སྡུད་པ་པོ༔ རིག་འཛིན་སེམས་དཔའ་རྡོ་རྗེ་ནི༔ སྤྲུལ་སྐུ་མཐུ་ཆེན་ཐོབ་པའི་ཚུལ༔ སྤྱི་བོར་ཉི་ཟླ་པདྨའི་སྟེང་༔ ཕྱི་ལྟར་རྒྱལ་བ་ཤཱཀྱ་ཐུབ༔ ནང་ལྟ་བཛྲ་ས་ཏྭ་ཤྲཱི༔ གསང་བ་ལོངས་སྤྱོད་ཆེན་པོ་དགྱེས༔ དྲུག་པའི་བདག་ཉིད་ཀུན་ཏུ་བཟང་༔ མཐུན་པའི་མཐུན་པ་འདུལ་བའི་སླད༔ རྗེ་བཙུན་ཐུབ་བསྟན་ཆོས་འཕེལ་ནི༔ དྲང་དོན་གནས་བརྟན་རྒན་པོའི་གཟུགས༔ དབུ་རེགས་ཞབས་རྗེན་དཀར་དམར་མདངས༔ གཡས་པས་ཕྱག་ཤིང་གཡོན་གླེགས་བམ༔ སྐུ་ལ་ཆོས་གོས་རྣམ་གསུམ་གསོལ༔ འཚོ་བའི་ཡོ་བྱད་བཅུ་གསུམ་ལྡན༔ དབུ་རྒྱན་འབར་བ་ལྔ་བཅུ་བརྒྱད༔ ཐུགས་རྒྱན་ཞི་བ་བཞི་བཅུ་གཉིས༔ མགུལ་རྒྱན་འཁའ་འགྲོ་དྲུག་བཅུ་བཞི༔ ཚིགས་རྒྱན་ཁྲོ་བཅུ་ཡབ་ཡུམ་དང་༔ བ་སྤུ་ལ་ནི་དགྲ་བཅོམ་བརྒྱན༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ནམ་མཁའི་སྐར་ཚོགས་བཀྲ་བ་ལྟར༔ མ་འདྲེས་སོ་སོར་སྣང་བ་ཡང་༔ ཉི་མ་དང་ནི་འོད་ཟེར་བཞིན༔ རྩོལ་མེད་ལྷུན་གྱིས་གྲུབ་བར་བསྒོམ༔ གནས་གསུམ་ཁྱབ་འཇུག་རྡོ་རྗེའི་སྐུའི༔ ཐུགས་ལས་ཡི་གེའི་སྤྲིན་འཕྲོས་པའི༔ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཀུན༔ དམ་ཚིག་ལྷ་མོའི་སྤྱན་དྲངས་བསྟིམ༔ ཨོཾ་མ་ཧཱ་གུ་རུ་མུ་ནེ་ཤཱ་ས་ན་དྷརྨ་ཨུ་པ་ཙ་ཡ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ རིགས་ཁམས་རང་བཞིན་ལྷུན་གྱི་གྲུབ་བའི་གདངས༔ ཕྱི་ནང་གསང་བའི་དཀོན་མཆོག་རྒྱ་མཚོའི་དངོས༔ རིག་འཛིན་བླ་མ་དཀྱིལ་འཁོར་འཁོར་ལོའི་བསྒྱུར༔ འཁོར་དང་བཅས་པ་མཁའ་ཁྱབ་སད་པར་མཛོད༔ ན་མོ༔ སྐྱོན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་དཔལ༔ སྐྱབས་ཀུན་འདུས་ཞལ་རྡོ་རྗེའི་བླ་མ་ལ༔ དྭངས་འདོད་ཡིད་ཆེས་མི་ཕྱེད་དད་པའི་ངང་༔ སྒོ་གསུམ་འཇུག་པ་གཅིག་དྲིལ་གུས་ཕྱག་འཚལ༔ ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་དང་༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་རྣམ་པར་ཐར༔ ཕྱི་ནང་གསང་བ་ཡང་གསང་གླ་གར་དང་༔ ཏིང་འཛིན་ཡེ་ཤེས་རོལ་མོའི་མཆོད་ཚོགས་འབུལ༔ འཕོ་བའི་རླུང་ཁམས་ཀུན་རྟོག་གཡོ་འགྱུར་གྱིས༔ སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆགས་ཀུན༔ གནོང་འགྱོད་དྲག་པོས་མཐོལ་བཤགས་ཕྱིན་ཆད་སྡོམ༔ ཚངས་པ་མཆོག་གི་དབུགས་དབྱུང་རྩལ་དུ་གསོལ༔ བླ་མའི་རྣམ་རོལ་འཕགས་བཞིའི་མཛད་ཕྲིན་དང་༔ འགྲོ་བའི་བསོད་ནམས་ཐར་བ་ཆ་མཐུན་གྱི༔ ཟག་བཅས་ཟག་མེད་རྣམ་དཀར་དགེ་ཚོགས་ལ༔ དགའ་བ་ཆེན་པོའི་རྗེས་སུ་ཡི་རང་ངོ་༔ ཁྱོད་ཀྱི་ཡེ་ཤེས་བདག་རྐྱེན་རྡུལ་སྙེད་གྲངས༔ སངས་རྒྱས་བྱང་སེམས་བླ་མ་དགེ་བའི་བཤེས༔ བཀྲ་ཤིས་རྫས་རྟགས་ཡོན་གྱི་བསྟི་སྟང་བཅས༔ ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་བསྐོར་བསྐུལ༔ སྔོན་གྱི་ཐུགས་བསྐྱེད་ཡལ་གམ་རྗེས་དགོངས་ལ༔ འཇམ་པའི་དབྱངས་ཀྱི་བརྟུལ་ཞུགས་ཇི་བཞིན་ཏུ༔ ཐུགས་རྗེའི་སྲིད་གནས་གདུལ་བྱ་རྗེས་འཛིན་ཕྱིར༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ འདིའི་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན༔ མ་གྱུར་མཁའ་ཁྱབ་སེམས་ཅན་མ་ལུས་པ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཡོངས་བསྔོ་བཞིན༔ ཁྱབ་བདག་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ༔ ཁྱེད་ནི་ཚོགས་རྗེ་ཚོགས་བདག་ཧེ་རུ་ཀ༔ ཐུགས་རྗེ་ཆེན་པོའི་སྐྱབས་མེད་རྗེས་བརྩེས་བཟུང་༔ གང་འདུལ་གར་མཛད་སྒྱུ་འཕྲུལ་རོལ་བའི་བདག༔ བྱིན་རླབས་དབང་དང་གདམས་པའི་མཛོད་ཆེན་པོ༔ ཡོན་ཏན་གཏིང་རྟོགས་མི་སྤྱོད་ལྷའི་རྫིངས་རིང་༔ ཕྱོགས་དུས་སྒྲོན་མེའི་འོད་སྟོང་བཀོད་པ་པོ༔ བཀའ་དྲིན་འཁོར་མེད་བསམ་བརྗོད་ཡུལ་ལས་འདས༔ བདག་ལ་རེ་ས་སྐྱབས་གནས་གཞན་མེད་པའི༔ མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ དབང་བཞི་བསྐུར་ཞིང་སྒྲིབ་བཞི་གཏོར་བར་མཛོད༔ ལམ་བཞིའི་སྣོད་གྱུར་རིག་འཛིན་རྣམ་བཞི་དང་༔ སྐུ་བཞིའི་གོ་འཕང་བསྐལ་བ་རྒྱུད་ལ་བླུགས༔ ཉོན་མོངས་མྱ་ངན་ཆེ་ལས་དབུགས་དབྱུང་ནས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གཟེངས་བསྟོད་དེ༔ དོན་གཉིས་ལྷུན་གྱི་གྲུབ་པའི་བདག་ཉིད་དུ༔ མགོན་པོ་ཁྱེད་ཀྱི་ཆོས་ཀློང་ཡངས་པ་དང་༔ དབྱེར་མེད་གཏན་གྲོལ་གོ་འཕང་འགོད་མཛད་ནས༔ འགྲོ་བ་འདྲེན་བའི་ཕྲིན་ལས་དཔལ་གྱུར་ཤོག༔ ཨཱོཾ་ཨཾཿཧཱུྃ༔ མ་ཧཱ་གུ་རུ་མུ་ནེ་ཤཱ་ས་ན་དྷརྨ་པྲ་ནི་ཏཾ་ ༼ བརྡྷ་ ༽ ཧཱུྃ༔ རྒྱུན་གྱི་བསྙེན་པའོ༔ ཨ་བྷཱི་ཥིཉྩ་སིདྡྷི་ཕ་ལ་ཧོ༔ དབང་དང་དངོས་གྲུབ་བསྒྲུབ་བསྐུལ་ཞུ་བའོ༔ དབང་བཞི་ལེན་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྒྱུ་འཕྲུལ་རོལ་བའི་འཁོར་རྣམས་གཙོ་ལ་ཐིམ༔ སྤྲུལ་ལ་སོགས་འདུས་རྩ་བ་ཨོཾ་ཨཱཿཧཱུྃ༔ གཟི་བྱིན་རབ་འབར་མ་དག་འཁྲུལ་འཁོར་འགོགས༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྡོ་རྗེའི་གཟི༔ དཀར་དམར་མཐིང་གསུམ་རྣམ་པའི་ལུས་ངག་ཡིད༔ སྒྲིབ་སྦྱངས་སྐུ་གསུང་ཐུགས་ཀྱི་རོལ་བར་འཕོས༔ མཐར་ནི་ཐུགས་དུ་མ་ལུས་ངག་ཏུ་བསྡུས༔ དོན་དམ་མཚོན་བྱེད་ཚིག་གི་དབང་ཐོབ་ནས༔ འོད་ཟེར་ཆེན་པོའི་འབྲས་བུས་དབུགས་དབྱུང་སྟེ༔ ཟབ་པ་མཐར་ཕྱིན་རྡོ་རྗེའི་མངོན་འབྲས་ཀྱིས༔ ཟག་འབྲས་ལྷག་བཅས་འཕོ་བའི་བག་ཆགས་བཅས༔ མཐར་བྱས་གདོད་མའི་དབྱིངས་སུ་སངས་རྒྱས་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཀ་ཡ་ཝཀྐ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧོ༔ ཅེས་ཀྱང་ཐུབ་བསྟན་རྒྱལ་མཚན་དང་། །ཚུལ་ཁྲིམས་ཞེས་བྱས་བསྐུལ་བའི་ངོར། །གྲོང་སྔགས་ག་གཱ་ཨ་བྷྱེ་ཡི། །རྗེས་བརྗོད་དབྱུག་གུའི་རྔ་སྒྲ་བཞིན། ཧོ་ཧོ་ཧོ། སརྦ་མངྒ་ལཾ། རྗེས་ལ་ཚོགས་ཀྱིས་མཆོད་པ་ནི༔ ས་བཅད་རྣམ་པ་བཅོ་བརྒྱད་དེ༔ དང་པོར་བྱིན་གྱིས་བརླབས་པ་ལ༔ ག་ཎི་དངོས་པོ་ཚོགས་བྱས་ནས༔ ཧྲཱི༔ བདག་དང་ལས་ལྷའི་ཐུགས་ཀ་ནས༔སྦྱངས་སྤེལ་བསྒྱུར་བའི་ཡི་གེ་འཕྲོས༔ རཾ་ཡཾ་ཁཾ་གིས་འབགས་བཙོག་དང་༔ དངོས་པོར་འཛིན་པའི་དྲི་མ་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཧ་ཧོ་ཧྲཱིཿཡིས་མང་དུ་སྤེལ༔ སྣང་སྲིད་ག་ཎའི་དམ་ཚིག་ལ༔ ཕྱག་རྒྱ་ཆེན་པོའི་ཕབ་ཀྱིས་བྲན༔ སངས་རྒྱས་ཀུན་ཀྱང་འདི་ལ་དགྱེས༔ སྔགས་གསུམ་ལན་བདུན་བརྗོད་པར་བྱས༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ༔ ཨོཾ༔ གཞི་ལམ་འབྲས་བུ་མངོན་གྱུར་གྱི༔ དུས་གསུམ་སངས་རྒྱས་གུ་རུའི་ཚོགས༔ འདི་ན་རྡོ་རྗེའི་དམ་ལ་དགོངས༔ གཤེགས་བྱོན་མེད་དེ་རང་ངོར་སད༔ ཨོཾ་སརྦ་གུ་རུ་བཛྲ་ག་ན་ཙཀྲ་ཨཾ་ཀུ་ཤ་ཛཿཧཱུྃ་བཾ་ཧོ༔ གསུམ་པ་ཚོགས་མཆོད་འབུལ་བ་ནི༔ ཧཱུྃ༔ རིགས་ཆེན་གཙུག་ཏོར་ཆེན་པོ་ནི༔ མ་ཧཱ་གུ་རུ་རྣམ་པ་དགུར༔ འདོད་ཡོན་རྒྱ་མཚོའི་ཚོགས་མཆོད་འབུལ༔ འཁོར་འདས་ཡེ་ནས་རྒྱུད་གཅིག་པའི༔ ཕྱག་རྒྱ་ཆེན་པོའི་རིགས་མཆོག་གི༔ དམ་ཚིག་མངོན་གྱུར་དངོས་གྲུབ་སྩོལ༔ མ་ཧཱ་ག་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ བཞི་བ་བཤགས་པ་བྱ་བ་ནི༔ ཨཱཿ བྱ་བྱེད་ཕྲིན་ལས་རིགས་ཡིན་པས༔ བྱས་པ་ཉིད་ཀྱི་ཆགས་པ་མེད༔ ཆགས་འཛིན་བཟང་ངན་ཞེན་རྟོག་བློའི༔ ཉོན་མོངས་བག་མེད་མཐོལ་ལོ་བཤགས༔ ག་ན་ཙཀྲ་ས་ཏྭ་༴ ཡི་གེ་བརྒྱ་བ་བཟླ༔ ལྔ་བ་བསྒྲལ་བ་བྱ་བ་ནི༔ ཧཱུྃ༔ གཟུང་འཛིན་རྐང་བ་བསྣོལ་ནས་སུ༔ ལྟ་བསྒོམ་ཁྱབ་ཆེན་གདེངས་སྤྱོད་ཀྱིས༔ ཤུགས་སྒྲོལ་ཐབས་ལ་མཁས་པས་ནི༔ ཁྲག་འཐུང་ཡོངས་ཀྱི་ཐུགས་ལ་མཆོད༔ རུ་ཊ་པྲ་ཝེ་ཤ་ཡ་ཕཊ་དྲལ༔ དྲུག་པ་ཞལ་དུ་བསྟབས་པ་ནི༔ ཧཱུྃ༔ ཆོས་དབྱིངས་མཁའ་ཀློང་ཡངས་པའི་སྒོ༔ མ་ཧཱ་གུ་རུའི་ཞལ་ཧོམ་དུ༔ རྟོག་གཉིས་རུ་ཊའི་ཟག་བཅས་དང་༔ ཟག་འབྲས་ལྷག་མར་བཅས་པ་ཀུན༔ བསྟབས་པོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་ཀཾ་ནི་རི་ཏི་པཉྩ་ཙ་ཁུག་ཀནྩ་ལ་ཁཱ་ཧི༔ བདུན་པ་ཐུགས་དམ་བསྐང་བ་ནི༔ ཨོཾ་ཨཱཿཧཱུྃ༔ ལྷ་རྫས་སྤྱི་ཡིས་ ༼ ཉེས་སྤྱོད་འདོད་ཡོན་ ༽ མཆོད་པ་དམ་པ་འདིའི༔ བླ་མ་སྤྲུལ་སྐུའི་ལྷ་ཚོགས་ཐུགས་དམ་བསྐངས༔ བུམ་དབང་དམ་ཚིག་ཉམས་པ་སོར་ཆུད་ནས༔ སྤྲུལ་བའི་སྐུ་རུ་བྱིན་གྱིས་རློབས༔ རང་བྱུང་དམ་རྫས་ནང་ ༼ སྨན་གཏོར་རཀྟ་ ༽གི་མཆོད་པ་འདིའི༔ བླ་མ་ལོངས་སྐུའི་ལྷ་ཚོགས་ཐུགས་དམ་བསྐངས༔ གསང་དབང་དམ་ཚིག་ཉམས་པ་སོར་ཆུད་ནས༔ ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས༔ སྦྱོར་སྒྲོལ་ ༼ གསང་ ༽ཏན་གན་རྨད་བྱུང་མཆོད་པ་འདིའི༔ བླ་མ་ཆོས་སྐུའི་ལྷ་ཚོགས་ཐུགས་དམ་བསྐངས༔ ཤེར་དབང་དམ་ཚིག་ཉམས་པ་སོར་ཆུད་ནས༔ ཆོས་ཀྱི་སྐུ་རུ་བྱིན་གྱིས་རློབས༔ གཉིས་མེད་རིག་སྟོང་དོན་གྱི་མཆོད་པ་ཡི༔ བླ་མ་ངོ་བོ་ཉིད་སྐུའི་ཐུགས་དམ་བསྐངས༔ ཚིག་དབང་དམ་ཚིག་ཉམས་པ་སོར་ཆུད་ནས༔ རིགས་ཆེན་ཡེ་ཤེས་བླ་མར་བྱིན་གྱིས་རློབས༔ ཨཱ༔ བསླབ་སྡོམ་དམ་ཚིག་ཉམས་པ་དང་༔ བསྙེན་བསྒྲུབ་མཆོད་གཏོར་ཆགས་པའི་འདིས་བསྐང་ངོ་༔ མ་དག་མཚན་འཛིན་རྟོག་སྒྲིབ་བྱང་གྱུར་ཅིག༔ སྲོག་གཅོད་ལ་སོགས་ལས་ངན་པའི༔ སྡིག་ལྟུང་ཉེས་པའི་ཚོགས་ཀུན་དང་༔ ཐར་དང་ཐམས་ཅད་མཁྱེན་པ་ལ༔ ཉོན་མོངས་ཤེས་བྱའི་སྒྲིབ་ཀུན་དག་གྱུར་ཅིག༔ ཁམས་གསུམ་སྐུ་གསུམ་ཀློང་གྲོལ་ནས༔ འཁོར་བའི་རྒྱ་མཚོ་སྐེམ་གྱུར་ཅིག༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ བརྒྱད་པ་ཚོགས་ལ་རོལ་བ་ནི༔ ཧོ༔ དེང་དུ་བླང་བའི་དམ་ཚིག་རྫས༔ བརྟུལ་ཞུགས་མཆོག་གིས་སྟོང་འདེབས་ཅིང་༔ ཨ་ཧཾ་ནང་གི་བསྲེགས་ཤིང་འདིས༔ སྐྱེ་མཆེད་རྡོ་རྗེའི་ལྷ་ལ་མཆོད༔ ཐུགས་གསུང་སྐུ་གསུམ་མཉེས་ཚིམ་ནས༔ སྐུ་གསུམ་ས་ལ་སྐལ་བ་བཟང་༔ ཨ་ལ་ལ་ཧོ༔ དགུ་བ་ལྷག་མའི་མཆོད་པ་ནི༔ ཨ་ཀ་རོ་ཡིས་སྦྱངས་སྤེལ་བརླབས༔ ཧཱུྃ༔ སྔོན་ཚེ་སྤྱི་དཔལ་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་གཉེར་བླང་བའི༔ སླས་དང་ཕྱི་མོ་ཀིང་ལིངྒ༔ འབར་མ་ཕོ་ཉ་མ་སྲིང་སོགས༔ ལྷག་ལ་དབང་བའི་ཚོགས་རྣམས་ལ༔ ཕམ་ཕབ་བཟང་པོའི་མཆོད་པ་འབུལ༔ རྟོག་ཚོགས་ལྷག་མ་ཡེ་ཤེས་ཀྱི༔ དབྱིངས་སུ་སྡུད་པའི་ཕྲིན་ལས་མཛོད༔ ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧི༔ བཅུ་བ་ཆད་དོན་གཏོར་མའི་མདོ༔ ཧཱུྃ༔ ཡེ་ནས་ཆོས་ཉིད་དེ་བཞིན་གཤེགས་པའི་སྦྲེལ༔ སྔོན་ཚེ་བསྟན་པའི་དམ་ཚིག་གཅིག་གི་སྦྲེལ༔ ༼ དཔྱད ༽ དེ་རྗེས་མ་ཧཱ་གུ་རུའི་བཀའ་རྒྱའི་སྦྲེལ༔ སྦྲེལ་འདིའི་དམ་གཙང་ཡལ་གམ་རྡོ་རྗེའི་འཁྱུད༔ ཐོ་འདིའི་གཏའ་ལ་བཙུག་པ་དེ་ཡིན་གྱིས༔ ཆད་དེ་བསྟན་དང་སྒྲུབ་པོ་སྐྱོང་བར་འཆོས༔ དེ་ཕྱིར་སྒྲུབ་པའི་བར་ཆད་བསྲུང་བ་དང་༔ རྣལ་འབྱོར་ཚེ་སྒྲུབ་མཐར་འཁྱོལ་དངོས་གྲུབ་སྩོལ༔ མ་ཧཱ་བྷ་ལིངྟ་ཁཱ་ཧི༔ བཅུ་གཅིག་བསྟན་མ་སྐྱོངས་པ་ནི༔ ཧཱུྃ༔ ཨོ་རྒྱན་པདྨའི་སྤྱན་སྔ་རུ༔ བསྟན་པ་སྐྱོང་བར་གཉེར་བླང་བའི༔ རྡོ་རྗེའི་མཚན་མེད་སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་རྩེན༔ འགོགས་པའི་མཐའ་ལས་གྲོལ་བའི་བདེ་ཆེན་དོན༔ ཧཱུྃ་ཨོཾ༔ བཅུ་བདུན་བསྔོ་ཞིང་སྨོན་ལམ་ནི༔ ཧོ༔ ཟུང་འཇུག་རྡོ་རྗེའི་རྣལ་འབྱོར་འདི་ཡི་མཐུས༔ སྣོད་བཅུད་བླ་མའི་དཀྱིལ་འཁོར་གཅིག་ཏུ་ཤར༔ འཁྲུལ་བ་གསུམ་གྱི་རྒྱ་ཡིས་མ་བཅིངས་པའི༔ གྲོལ་གསུམ་འབྲས་བུར་བཅས་པ་མངོན་གྱུར་ཤོག༔ བཅོ་བརྒྱད་བཀྲ་ཤིས་དགེ་མཚན་ནི༔ ཧཱུྃ༔ བླ་མའི་ཐུགས་ལ་ཆོས་སྐུའི་དགེ་མཚན་ལྡན༔ སེམས་ཅན་ཀུན་གྱི་སེམས་ལ་བཀྲ་ཤིས་ཤོག༔ བླ་མའི་གསུང་ལ་ལོངས་སྐུའི་དགེ་མཚན་ལྡན༔ སེམས་ཅན་ཀུན་གྱི་ངག་ལ་བཀྲ་ཤིས་ཤོག༔ བླ་མའི་སྐུ་ལ་སྤྲུལ་སྐུའི་དགེ་མཚན་ལྡན༔ སེམས་ཅན་ཀུན་གྱི་ལུས་ལ་བཀྲ་ཤིས་ཤོག༔ བླ་མའི་ཡོན་ཏན་བསམ་གྱིས་མི་ཁྱབ་རྣམ་ཐར་ཐམས་ཅད་ལྡན༔ མ་ལུས་སེམས་ཅན་ཀུན་ལ་བཀྲ་ཤིས་ཉེར་བརྟན་ཤོག༔ བླ་མའི་ཕྲིན་ལས་རྒྱ་ཆད་ཕྱོགས་ལྷུང་མེད་པར་ཅིག་ཆར་འཇུག༔ སེམས་ཅན་ཀུན་གྱི་དཔལ་དུ་ཉེ་བར་བཞུགས་པའི་བཀྲ་ཤིས་ཤོག༔ བླ་མའི་ཞིང་ཁམས་ཤིན་ཏུ་རྣམ་དག་ཅིར་ཡང་ཆད་པ་མེད༔ སེམས་ཅན་ཀུན་ལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་བཀྲ་ཤིས་ཤོག༔ རིགས་ཁམས་རང་བཞིན་ལྷུན་གྲུབ་སངས་རྒྱས་ཀྱི༔ དགེ་མཚན་འབྲས་བུ་རྩེ་མོ་སྤྱི་བཅིང་གི༔ རྟོགས་པ་མངོན་གྱུར་སངས་རྒྱས་ཆེན་པོ་ཡིས༔ སེམས་ཅན་ཀུན་ལ་རྟེན་འབྲེལ་བཀྲ་ཤིས་ཤོག༔ བཀྲ་ཤིས་གང་ཞིག་རང་རིག་བྱང་ཆུབ་སེམས༔ མཚན་མའི་འོག་ཏུ་མ་གྱུར་བླ་མ་མཆོག༔ མ་ལུས་ཀུན་ཀྱི་སྙིང་ལ་རྟག་བཞུགས་པའི༔ དགེ་མཚན་དེའི་ནི་དགོངས་ཀློང་མཉམ་གྱུར་ཅིག༔ འདི་འདྲ་དགོས་ཞེས་དྷྭ་ཛ་ཤི་ལས་གསུངས། ༼ ། རྡོ་རྗེ་རྣལ་འབྱོར་དྲི་མེད་འོད་ཟེར་དང་། མཆན། ༽ཐུགས་དབྱིངས་གཅིག་ཏུ་ག་གཱས་མངོན་གྱུར་བས། །དེ་སླད་ཆུ་བོ་གཅིག་འདྲེས་ཚུལ་དུ་བསྐྲུན། །དགེ་བས་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །

ཅེས་པ་འདི་ཡང་ཐུབ་བསྟན་ཚུལ་ཁྲིམས་རྣམ་རྒྱལ་འདྲེན་པའི་སློབ་དཔོན་དང་བཅས་བས་བསྐུལ་བའི་ངོར། སྔ་སོར་ཐུབ་དགའ་ནས་འདི་འདྲ་བསྟན་པའི་གནང་བ་མ་ཐོབ་ཀྱང་། ཕྱིས་ནས་ཅུང་ཟད་ཀྱི་གླེང་འཕྲོས་ཙམ་ལས་རྨོང་ཚུལ་གྲོང་སྔགས་ག་གཱ་ཨཱ་བྷྱེས་རྗེས་སུ་གནང་བའི་བཙལ་ཁས་འཆེ་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །

བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས།

བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བཞུགས་སོ། །

རང་གནས་ཆོས་སྐུ་བདེ་གཤེགས་སྙིང་པོ་ནི། །སྣ་ཚོགས་སྒྱུ་འཕྲུལ་འཁོར་ལོའི་གར་མཁན་དུ། ། རྒྱུ་རིགས་སད་པའི་རྟགས་ལས་མངོན་སྣང་བར། །དེང་ནས་མི་གཏོང་དམ་བཅས་སྐྱབས་སུ་མཆི། ། སེམས་བསྐྱེད་བ་ནི། ཧོ། འཁོར་འདས་དག་མཉམ་ཆེན་པོར་རོལ་གཅིག་ཀྱང་། །རིག་དང་མ་རིག་དབང་གིས་སོ་སོར་སྣང་། །ད་ནི་དབྱེར་མེད་བྱང་ཆུབ་ཆེན་པོ་རུ། །མཉམ་གྲོལ་ཀློང་ཡངས་རིག་པའི་སེམས་བསྐྱེད་དོ། །རྣལ་འབྱོར་དངོས་ནི། ཨོཾ་ཨཱཿཧཱུྃ༔ མཉམ་བཞག་རྡོ་རྗེའི་ལྟ་བུའི་ཞི་གནས་དང་། །རྗེས་ཐོབ་རྒྱུ་མའི་ཡེ་ཤེས་རྣམ་པ་གཉིས། །ཟུང་འཇུག་དཔའ་བར་འགྲོ་བའི་ལྷག་མཐོང་སྤྱན། །དམིགས་མཚན་ཤེས་སྒྲིབ་བྲལ་བའི་ཕྱག་རྒྱར་རྒྱས། །ཧཱུྃ། སྣང་སྲིད་གཞིར་བཞེངས་ཡོན་ཏན་ལྔར་རྫོགས་པའི། །མ་བསྐྱེད་ཡོངས་གྲུབ་རྟེན་གྱི་དཀྱིལ་འཁོར་དབུས། །རང་ཉིད་གཞི་ཡི་སངས་རྒྱས་ཡིན་པའི་ཕྱིར། །ལྷུན་གྲུབ་རིག་འཛིན་ཆེན་པོ་རྡོ་རྗེ་ཆོས། །སྐུ་མདོག་མཐིང་མཛེས་ཞལ་གཅིག་ཕྱག་གཉིས་བ། །གཡས་གཡོན་ཕྱག་ན་བཛྲ་གྷཱནྚེ་བསྣོལ། །ཞབས་གཉིས་དོར་སྟབས་དུར་ཁྲོད་བརྒྱན་ཆས་བརྗིད། །གར་དགུའི་ཉམས་རྫོགས་མེ་དཔུང་ཀློང་ན་རྔོམས། །རྒྱུ་དབང་རང་རྫོགས་དམ་ཚིག་ཕྱག་རྒྱར་ཆེའི། །ཐུགས་ཀར་ཉི་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ། །གཟུངས་རིགས་གསང་བའི་སྔགས་ཀྱི་དེ་ཁོ་ན། །ཡེ་ཡིན་ཐབས་ཀྱི་ཡེ་ཤེས་སྒྱུ་མར་ཤར། །མདུན་མཁར་འཇའ་འོད་ཐིག་ལེ་འཁྲིགས་པའི་དབུས། ། སྣ་ཚོགས་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་། །རིགས་བདག་བཅོམ་ལྡན་ཁྱབ་བདག་འོད་མི་འགྱུར། །རྟོགས་པ་མངོན་གྱུར་འབྲས་བུའི་ཡེ་ཤེས་སེམས། །བདེ་ཆེན་རྣམ་པ་ཀུན་གྱི་མཆོག་ལྡན་གཟུགས། ། བཀའ་དྲིན་མཉམ་མེད་ཀུན་བཟང་ཆོས་གྲགས་དཔལ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་གསལ་འཚེར། །ཞི་འཛུམ་མཚན་དཔེའི་དཔལ་འབར་ལང་ཚོའི་སྒེག །ཕྱག་གཡས་ཆོས་འཆད་གཡོན་པར་གླེགས་བམ་བསྣམས། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །གཞོམ་མེད་ཚངས་དབྱངས་ན་དཱའི་ཆོས་སྒྲར་སྟོན། །སྐུ་ལ་ཆོས་གོས་རྣམ་པ་གསུམ་གྱིས་སྤྲས། །དབུ་ལ་པཎ་ཞུ་སྡེ་སྣོད་གསུམ་མཚོན་གསོལ། །དགྱེས་པའི་ཐུགས་རྗེའི་རྗེས་སུ་བཟུང་བའི་ཉམས། །བརྩེ་བའི་སྤྱན་དཀྱུས་མི་འཛུམ་བདག་ལ་གཟིགས། །ཐུགས་རྗེའི་འོད་ཟེར་དངོས་བརྒྱུད་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས། །དཀོན་མཆོག་རྒྱ་མཚོའི་སྤྲིན་ཕུང་འཁྲིགས་པའི་དབུས། །སྣང་སྟོང་དབྱེར་མེད་འཇའ་ཚོན་བཀྲ་བཞིན་གསལ། ། རང་བཞིན་མི་གཉིས་གཙོ་དང་དེ་བཞིན་འཁོར། །སྟོན་དང་བཀའ་སྡོད་སྐྱེས་བུའི་ཚུལ་བཞིན་དུ། །གཞི་ལམ་འབྲས་བུའི་རྒྱུད་ཀྱི་དཀྱིལ་འཁོར་ཀུན། རོ་གཅིག་ངང་མཐོང་ལྟ་བའི་གཟེར་གྱིས་གདབས། ཧཱུྃ། སེམས་ཀྱི་རྡོ་རྗེ་གཉུག་མའི་ཡེ་ཤེས་ནི། །ཨེ་ཝཾ་ཐབས་ཤེས་འདུ་འབྲལ་མེད་པའི་ངང་། །སྤྱན་འདྲེན་གཤེགས་བཞུད་མི་མངའ་གཞི་ལ་རྫོགས། །ཀུན་བཏགས་ཞེན་ལྟ་དག་ཕྱིར་ཐབས་མ་འགགས། ། གཞན་དབང་ཡེ་ཤེས་སྒྱུ་མའི་ཆོ་རོལ་དུ། །རང་སྣང་སྟོན་པའི་དཀྱིལ་འཁོར་དབྱིངས་ནས་བཞེངས། །ལྷག་པའི་བདེན་པ་མངོན་པར་བསྟན་དུ་གསོལ། ཨོཾ་ཨཱཿབཛྲ་མ་ཧཱ་གུ་རུ་སརྦ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛཿ ས་མ་ཡ་སྟྭཾ༔ ཀྱཻ། རྒྱལ་ཀུན་སྤྱི་མྱེས་ཀུན་བཟང་རྡོ་རྗེ་འཆང་། །ཁྱོད་ནི་གཟོད་ནས་ཡེ་སངས་རྒྱས་མོད་དེ། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་བསྒྱུར། །གྲངས་མེད་སྒྲོན་མ་ཡོངས་ཀྱིས་བཀོད་པ་པོ། །གང་འདུལ་གར་རོལ་ངུར་སྨྲིག་འཛིན་པའི་ཟོལ། །འགྲོ་བློའི་དྲི་མ་འཁྲུད་པའི་དག་བྱེད་ཆབ༔ དམ་པའི་ཆོས་ཆབ་འབེབས་པའི་ཡིད་བཞིན་སྤྲིན། །སྡུག་བསྔལ་གཅོང་སྙིང་འབྱིན་པའི་སྨན་ཆེན་ལྗོན། །ཉོན་མོངས་རྨོངས་མུན་སེལ་པའི་ཉི་མ་གཞོན། །སྲིད་ཞིའི་གདུང་བ་བསིལ་པའི་ཀུནྡའི་གཉེན། །དགོས་འདོད་རེ་བ་སྐོང་བའི་ཡིད་བཞིན་ནོར། །ཡོན་ཏན་བསམ་ན་ནམ་མཁའི་མཐའ་ལས་འདས། །བཀའ་དྲིན་བསམ་ན་སངས་རྒྱས་ཀུན་ལས་ལྷག །ཕྲིན་ལས་དུས་ལས་མི་ཡོལ་ཕྱོགས་མཐར་འཇུག །ཐུགས་རྗེའི་སྲིད་ཞིའི་འཇིགས་པ་མཐའ་དག་འཕྲོགས། །ནུས་པའི་སྟོབས་ཤུགས་འཁོར་བ་དུས་གཅིག་བསྟུང་། །བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས། །ཁྱེད་ལ་རྩེ་གཅིག་ཟོལ་ཟོག་མེད་བརྟན་བློའི། །དད་གསུམ་འཕོ་འགྱུར་བྲལ་བའི་བསྟི་སྟང་ནི། །ལྟ་བ་དོན་དང་བསྒྲུབ་པ་ཐབས་དང་ནི། །སྤྱོད་པ་ཡ་རབས་གུས་པ་ཆེན་པོ་ཡིས། །ལུས་དང་ངག་ཡིད་དངས་པས་ཕྱག་འཚལ་ལོ། །ཕྱི་ནང་གཞན་གསུམ་སྣང་བརྟགས་འཁྲུལ་བའི་ཆོས། །རྣམ་དག་ཀུན་བཟང་རྒྱན་གྱི་འཁོར་ལོ་སྟེ། །མཆོད་པའི་མཆོག་ཏུ་འཛིན་མེད་རང་གྲོལ་གྱིས། །འཁོར་གསུམ་དམིགས་མཐའ་བྲལ་པའི་ངང་ནས་མཆོད། ། ཐོག་མེད་དུས་ནས་ད་ལ་མ་ཐུག་པར། །གནས་དོན་མ་མཐོང་ཀུན་འབྱུང་ལས་ཉོན་སྡིག །ཁྱོད་ཞལ་དྲང་པོར་འདུག་ནས་བལྟས་པའི་མོད། །ཡད་དག་མཐོང་པའི་རྣལ་གྲོལ་ངང་ནས་བཤགས། །འཇིག་རྟེན་འདས་དང་མ་འདས་དགེ་ཚོགས་ཀུན། །རང་བཞིན་ཆོས་ཁམས་དགེ་བའི་རང་རྩལ་གྱིས། །ཕྲིན་ལས་བྱ་བ་གྲུབ་པའི་ཡེ་ཤེས་སུ། །ཀུན་གྲོལ་ཀློང་འབྱམས་ཆེན་པོའི་རྗེས་ཡི་རང་། །འགྲོ་ཀུན་བདེ་བར་གཤེགས་པའི་སྙིང་པོ་ཅན། །ཕུང་ཁམས་གྲངས་མེད་དེ་བཞིན་གཤེགས་པའི་སྐུ། །འདི་ན་སྣོད་མེད་སེམས་ཅན་གང་ཡང་མེད། ། གསུང་ལྔའི་ཆོས་འཁོར་རྒྱུན་ཆད་མེད་བསྐོར་བསྐུལ། །རང་བཞིན་ངེས་པ་ལྔ་དང་རྟགས་ལྡན་ཅིང་། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །དབང་བཅུའི་གོ་འཕང་མཆོག་ལ་མངའ་བརྙེས་པའི། །ཐུགས་བསྐྱེད་དམ་བཅས་གཟུགས་སྐུ་རྟག་སྣང་མཛོད། །འདིས་མཚོན་དུས་གསུམ་བསགས་ཡོད་དགེ་རྩ་ཀུན། །ཟག་མེད་ཡེ་ཤེས་དམ་པས་ཡོངས་བཟུང་ནས། །མཐའ་ཀླས་ཕ་མ་མཁའ་ཁྱབ་འགྲོ་ལ་བསྔོ། །ཀུན་ཀྱང་སྐུ་བཞིའི་གོ་སར་དབུགས་དབྱུང་ཤོག །ཨེ་མ་ཧོཿ ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །གདོད་ནས་ཡེ་སངས་རྒྱས་པའི་ལྷ། །སེམས་ཉིད་གཞི་ཡི་བླ་མ་དགུ ། ༼ ཡེ་ཐོག་གཞི་ཡི་བླ་མ། ཡེ་ཀློང་ཀུན་ཁྱབ་གྱི་བླ་མ། ཐེག་ཁྱབ་གཉིས་མེད་ཀྱི་བླ་མ། ཐོག་མའི་གཞི་ཡི་བླ་མ། མ་འགགས་རྩལ་སྣང་གི་བླ་མ། གཞི་རྩལ་གཉིས་མེད་ཀྱི་བླ་མ། ཀུན་གཞི་ཡོངས་ཁྱབ་གྱི་བླ་མ། ཟེར་རིག་མ་འགགས་ཀྱི་བླ་མ། ཀུན་རིག་གཉིས་མེད་བླ་མའོ། ༽།ཀུན༵་ཏུ་བཟ༵ང་པོ་ངོ་བོར་སྐུར། །བློ་བྲལ་ངང་ནས་གསོལ་བ་འདེབས། །ཀ་དག་ཀློང་ནས་བྱིན་གྱིས་རློབས། །འགགས་མེད་ཡེ་ཤེས་སྒྱུ་འཕྲུལ་ལས། །ཆོ༵ས་དབང་དེ་ཉིད་རིགས་ལྔར་གྲགས༵། །སྣང་ཚུལ་ཟེར་སྣང་བླ་མ་ལྔ། ༼ །ཡིད་རིག་འགྱུར་མེད་ཀྱི་བླ་མ། མ་བཅོས་སེམས་ཀྱི་བླ་མ། སྐྱེ་མེད་དོན་གྱི་བླ་མ། ཁྱབ་བརྡལ་ཆེན་པོའི་བླ་མ། འབྲས་བུ་སེམས་ཀྱི་བླ་མའོ། ། ༽རྫོགས་ལོངས་སྤྱོད་པའི་རང་བཞིན་སྐུར། ། མཐོང་དག་ངང་ནས་གསོལ་བ་འདེབས། །ལྷུན་གྲུབ་ཀློང་ནས་བྱིན་གྱིས་རློབས། །ཕྱོགས་མེད་ཐུགས་རྗེའི་སྤྲིན་ཆེན་ལས། །དོན་གཉིས་ལྷུན་གྲུབ་དཔ༵ལ་བཟ༵ང་པོ༵། །དྲངས་ངེས་ལྡེམ་པོ་ལ་དགོངས་ནས། ། བརྡ་དོན་སྤྲད་པའི་བླ་མ་གསུམ། ༼ སེམས་ཉིད་རྒྱུ་ཡི་བླ་མ། འབྲས་བུ་ཡེ་ཤེས་ཀྱི་བླ་མ། སྣང་བ་ཆོས་དབྱིངས་བླ་མའོ། །གསུངས་སོ། །༽ དབྱེར་མེད་ངང་ནས་གསོལ་བ་འདེབས། །ཟུང་འཇུག་ཀློང་ནས་བྱིན་གྱིས་རློབས། །སེམས་ཉིད་རྒྱུ་ཡི་བླ་མ་ཡིས། །དྲངས་པའི་དོན་ལ་དགོངས་ནས་སུ། །ཐེག་རིམ་ཐབས་ཚུལ་སྣ་ཚོགས་སྟོན། །ཚིག་བརྒྱུད་གོ་བར་བྱིན་གྱིས་རློབས། ། སྣང་བ་ཆོས་དབྱིངས་བླ་མ་ཡིས། །ལྡེམ་དགོངས་རང་གི་ངོ་བོས་ནི། ། སྣང་བ་ཆོས་ཀྱི་དབྱིངས་སུ་སྟོན། །བརྡའི་བརྒྱུད་མྱོང་བར་བྱིན་གྱིས་རློབས། །འབྲས་བུ་ཡེ་ཤེས་བླ་མ་ཡིས། །ངེས་པའི་དོན་ལ་དགོངས་ནས་ཀྱང་། །རང་རིག་བྱིན་གྱི་རླབས་ཅིས་བཤད། །དགོངས་བརྒྱུད་རྟོགས་པར་བྱིན་གྱིས་རློབས། །ཚིག་བརྒྱུད་གོམས་པའི་སྟོབས་ཀྱིས་ནི། །བུམ་དབང་ལྟ་བ་མངོན་གྱུར་ཅིང་། །བརྡའི་མཚོན་གསང་ཤེར་བྱིན་རླབས་པའི། །བཞི་བའི་ཡེ་ཤེས་རྟོགས་བྱིན་རློབས། །གཞི་དང་ལམ་དང་མཐར་ཐུག་ཀུན། །པཱ་ནཱ་སེ་ཡི་འབྲས་བུ་བཞིན། །རྒྱུ་འབྲས་རོ་གཅིག་བྱང་ཆུབ་ཏུ། །དབང་གིས་སྨིན་པར་མཛད་དུ་གསོལ། ། གདམས་པས་གྲོལ་བར་གསོལ་བ་འདེབས། །དགོངས་པ་ཐོབ་པར་བྱིན་གྱིས་རློབས། བསྡུ་ན་བདུན་རྣམ་དག་གི་མཇུག་ཏུ། འབྲལ་མེད་རྗེས་སུ་བཟུང་ནས་དབུགས་དབྱུང་སྟེ། །དབང་བཞི་ཅིག་ཆར་བསྐུར་བར་མཛད་དུ་གསོལ། །སྒྲིབ་བཞི་ལྷག་མེད་དག་པར༴ སྐུ་བཞིའི་འབྲས་བུ་ཐོབ་པར༴ ཟུང་འཇུག་ཐེག་པ་མཆོག་གི་འཕགས་ལམ་ནས། ། འཕུར་འགྲོའི་ཚུལ་གྱིས་ལྟ་དང་བརྟུལ་ཞུགས་ཀྱིས། །རིང་བོར་མི་ཐོགས་ས་ལམ་ཐོད་བརྒལ་དུ། །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་སྩོལ་ཅིག །ཨོཾ་ཨཱཿབཛྲ་མ་ཧཱུ་གུ་རུ་ས་མནྟ་བྷ་དྲ་དྷརྨཱ་ཀིརྟི་ཤྲཱི་ཕ་ལ་ཧཱུྃ༔ ཅེས་གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་ཚུལ་དུ་བཟླ། ཧཱུྃ༔ དབྱེར་མེད་རིག་པས་འདུན་པའི་མེ་ཏོག་གིས། །སྤྲུལ་འཁོར་མཆོག་གསུམ་རྩ་གསུམ་སྐུ་གསུམ་ཚོགས། །མེ་ལོང་གི་ནི་བྱད་ཆུ་འདུས་བཞིན་དུ། ། རིགས་གཅིག་ཀུན་བཟང་བླ་མའི་ཀློང་དུ་ཐིམ། །སྐུ་ལས་ཕྱག་རྒྱ་ཕྲ་མོ་གྲངས་མེད་འཕྲོས། །བདག་གི་རྣམ་སྨིན་ལུས་རྟོག་སྣང་ཞེན་སྒྲིབ། །བསམ་ཡས་དེ་བཞིན་གཤེགས་པར་བྱིན་གྱིས་རླབས། །སྤྲུལ་བ་སྐུ་ཡི་ངོ་བོར་རང་དབང་བསྐུར། །གསུང་ལས་ཡི་གེ་ཕྲ་མོའི་སྤྲིན་ཚོགས་ཀྱིས། །བདག་གི་རྩོལ་བྱུང་ངག་ཏུ་སྣང་ཞེན་སྒྲིབ། །ཚངས་དབྱངས་གཞོམ་མེད་ན་དཱི་ངང་བྱིན་རླབས། །ལོངས་སྤྱོད་རྫོགས་པའི་ངོ་བོར་གསོལ་བ་འདེབས། །ཐུགས་ལས་ཐིག་ལེ་ཕྲ་མོའི་རྡུལ་སྙེད་ཀྱིས། །བདག་གི་རྣམ་པར་རྟོག་གསུམ་ཞེན་གོལ་སྒྲིབ། །འཁྲུལ་མེད་རྡོ་རྗེའི་ཐུགས་སུ་བྱིན་གྱིས་བརླབས། །ཆོས་ཀྱི་སྐུ་ཡི་ངོ་བོར་རང་དབང་བསྐུར། །སླར་ཡང་རང་ཐིམ་ཡེ་ཤེས་སེམས་དཔའ་རུ། ། ཐུགས་སྲོག་ཧཱུྃ་ཞུགས་འཕོ་སྒྲིབ་བག་ཆགས་འགྱུར། །འགྱུར་མེད་ཡེ་ཤེས་རྡོ་རྗེར་རང་དབང་བསྐུར། །མ་སྤངས་རྒྱན་རྫོགས་ཧེ་རུ་ཀར་མངའ་གསོལ། །གནས་སྐབས་བཞི་ཡི་ཐིག་ལེའི་མདུད་པ་གྲོལ། །ཉོན་མོངས་འཁྲུལ་པའི་རྒྱུ་བཞིའི་རྟོག་སྒྲིབ་སྦྱངས། །སྔགས་དང་ནང་ལ་གཞོན་པའི་བསྐྱེད་རིམ་གྱིས། །བཅོས་དང་ཡོངས་གྲུབ་སྣང་གསུམ་ཡེ་ཤེས་མཐུས། །དབེན་གསུམ་བྱིན་རླབས་སྒྱུ་མའི་ཀུན་རྫོབ་དང་། ། འོད་གསལ་ཟུང་འཇུག་ལམ་གྱི་སྣོད་རུང་གྱུར། །ཟག་པར་བཅས་དང་ཟག་ལྡོག་གཉིས་མེད་པའི། །རྡོ་རྗེ་འཁོར་ལོར་རིན་ཆེན་པདྨ་ཆེ། །རལ་གྲིའི་ཕྱག་རྒྱ་རྒྱལ་ཚབ་མཆོག་གི་སར། །ཡོངས་སུ་སྨིན་པའི་ས་བོན་རྒྱུད་ལ་ཐེབས། །མཐར་ཐུག་འབྲས་བུ་སྐུ་བཞི་ཡེ་ཤེས་ལྔའི། ། གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞགས། །རང་ཉིད་ལྷན་སྐྱེས་ངེས་དོན་རྡོ་རྗེ་འཛིན། །ཐུགས་ཀའི་ཧཱུྃ་ལ་རང་མདངས་གསང་སྔགས་འཁོར། །ལྷ་སྔགས་ཆོས་ཉིད་རོ་གཅིག་རྟོགས་པའི་གདེངས། ། བདག་དོན་ཆོས་སྐུ་མངོན་གྱུར་ཆེན་པོའི་ངང་། ཨོཾ་བཛྲ་པ་ཎི་ཧཱུྃཿ

ཅེས་དབྱངས་དང་འགོགས་བཟླས་རྡོར་བཟླས་སྲོག་རྩོལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་གཉིས་སུ་མེད་པའི་འོད་གསལ་སྣང་སྟོང་གི་ལམ་གང་རུང་ལ་མཉམ་པར་བཞག་པའི་ཕྱི་ནང་གསང་བ་ཡང་གསང་གི་བཟླས་པ་བྱའོ། །ཁྱད་པར་དུ་སོར་སྡུད་བཞག་ཐབས་ཀྱི་གནད་ཀྱིས་སངས་རྒྱས་ལྔ་རུ་སྦྱོར་བའི་བསམ་གཏན་དང་། ངག་གི་རྩ་བས་ལས་རླུང་རང་མལ་དུ་དག་པའི་ཐབས་རླུང་རིག་གི་གནད་ཀྱིས་སྲོག་རྩོལ་དང་འཛིན་པའི་ངག་དང་སེམས་གྱི་དབེན་པ་སྟོང་བཞི་མཐར་ཐུག་གི་ཡེ་ཤེས་ལུ་གུ་རྒྱུད་དང་། དེའི་བཞོན་རླུང་སྲོག་ཆེན་པོའི་དག་པ་འོད་གསལ་གྱི་ལྷ་སྐུ་དབྱིངས་དང་ཐིག་ལེའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་ཐོད་རྒལ་གྱིས་སྙོམས་པར་འཇུག་པ་ནི་སྒྲུབ་པ་ཀུན་གྱི་རྩེ་མོ་གཞི་དངོས་པོ་ལམ་བྱེད་དམ། འབྲས་བུ་དངོས་ལམ་བྱེད་མཐར་ཐུག་པའོ། ། སྔགས་ལས་འོད་འཕྲོས་སྲིད་ཞིའི་སེམས་ཅན་གྱི། །ལས་ཉོན་ཤེས་སྒྲིབ་བག་ཆགས་ཐམས་ཅད་སྦྱངས། །སྣོད་བཅུད་ཐུགས་ཀྱི་སེམས་དཔའི་གོ་རུ་བཀོད། །གཞན་དོན་སྤྲུལ་སྐུའི་ཕྲིན་ལས་ལྷུན་གྱིས་གྲུབ། །

ཅེས་དབྱངས་བཟླས་སུ་བྱའོ། །ཐུན་མཐར། ཨཱོཾཿ འཁོར་འདས་གཉིས་སྣང་མཚན་མའི་ཆོས། །དེ་བཞིན་ཉིད་དུ་ཕྱམ་གདལ་ལོ། །ཨཱ༔ རིག་སྟོང་དོན་གྱི་རྡོ་རྗེའི་དབྱིངས། །ལ་བཟླ་གཅིག་པུ་ནམ་མཁའ་ཆེ། །ཞེས་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་དགོངས་པ་ལ་བཞག་གོ ཧཱུྃ༔ ཐུགས་རྗེ་ཆེན་པོ་ཐབས་མཁས་པའི། །ཕྱག་རྒྱ་སྒྱུ་མའི་འབྲས་བུར་ཤར། །སྔགས་བརྗོད། དགེ་བ་འདི་ཡིས་༴ སོགས་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །

དེ་ལྟར་ལམ་ཟབ་བླ་མའི་རྣལ་འབྱོར་འདི། །བླ་མེད་ལམ་གྱི་སྙིང་པོ་ཡིན་པས་ན། ། དག་མཉམ་ལྟ་བས་གཞི་བཟུང་གདེངས་ཉམས་ཀྱིས། །རིགས་སྔགས་འཆང་བ་ཀུན་གྱི་ཉམས་ལེན་ལས། །བདག་ཉིད་ཐ་མལ་བླ་མ་ཡུལ་ཞེན་པས། །མཆོག་དམན་དངོས་གྲུབ་ཞུ་བས་ཀྲི་ཡར་གོལ། །ཤེས་ཐབས་སྙོམས་པར་འཇུག་པའི་རྣལ་འབྱོར་གྱིས། །གྲུབ་མཐའ་ཀློང་དུ་མ་གྱུར་མཚན་མར་ཞེན་། །བསྐྱེད་རྫོགས་ཐབས་གྲོལ་རིམ་ལྔ་སྦྱོར་དྲུག་དང་། །རྣལ་འབྱོར་རྣམ་བཞི་ཆོས་དྲུག་རྫོགས་ཆེན་སོགས། ཀུན་ཀྱང་ལམ་མཆོག་འདི་ཡིས་ཚར་ཕྱིན་པ། །རྙིང་སྔགས་རྒན་པོ་དག་གི་ཁྱད་ཆོས་སོ། །དེ་སྐད་ཚེ་རབས་པདྨའི་བྲན་གྱུར་བ། །ག་གཱ་ཨ་བྷྱེ་སྨྱོན་པའི་དག་སྣང་ལ། །མཁའ་འགྲོའི་དབང་ཕྱུག་རིགས་ཀྱི་བདག་པོ་ཡིས། །མྱ་ངན་བསལ་བའི་ཨ་མ་ནཱ་སིའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །

བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་མཛོད།

བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་མཛོད་བཞུགས་སོ༔

ཨེ་མ་ཧོ༔ རང་ཉིད་རྡོ་རྗེ་ཀུན་ཏུ་བཟང་མོ་ཡི༔ སྤྱི་བོར་ཉི་ཟླ་པདྨའི་གདན་སྟེང་དུ༔ རྩ་བའི་བླ་མ་ཀུན་ཏུ་བཟང་པོའི་སྐུ༔ མཐིང་གསལ་གཅེར་བུ་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཧཱུྃ་ལ་རྩ་བའི་སྔགས་ཀྱིས་བསྐོར༔ གནས་གསུམ་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་བླ་མ་མཆོག༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ འདིར་གཤེགས་དམ་ཡེ་དབྱེར་མེད་རོལ༔ དབངདང་བྱིན་རླབས་དངོས་གྲུབ་སྩོལ༔ བཛྲ་ཙིཏྟ་ས་མ་ཡ་ཛ༔ གུས་པས་ཕྱག་འཚལ་མཆོད་པ་འབུལ༔ མི་དགེ་སྡིག་ལྟུང་མཐོལ་ལོ་བཤགས༔ དགེ་ལ་ཡི་རང་བཞུགས་གསོལ་འདེབས༔ ཆོས་འཁོར་བསྐོར་བསྐུལ་དགེ་ཚོགས་རྒྱུན༔ བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཧོ༔ དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག༔ སངས་རྒྱས་ཀུན་གྱི་རང་བཞིན༔ དཀོན་མཆོག་རྒྱ་མཚོའི་ཁྱབ་བདག༔ བདག་ལ་བྱིན་གྱིས་རློབས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ༔ ཅི་མང་མཐར་མོས་གུས་གདུང་ཤུགས་ཀྱིས་བསྐུལ་ཏེ་དབང་བཞི་བླངས་པ་ནི༔ བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ བདག་གི་སྒོ་གསུམ་ལ་ཐིམ་པས༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ནས༔ སྒྲིབ་དག་ལམ་བཞིའི་སྣོད་དུ་གྱུར༔ སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག༔ སླར་ནི་རང་ཐིམ་གཉིས་མེད་དུ༔ ཀུན་བཟང་དབྱེར་མེད་ས་ཐོབ་གྱུར༔ ཨ་ཨ་ཨཱ༔ ཅེས་ཀྱང་པན་ལོའི་བསྐུལ་ངོར་ག་གཱས་སོ། །

རང་ཉིད་ཐ་མལ།

རང་ཉིད་ཐ་མལ་སྤྱི་བོ་རུ། །རྡོ་རྗེའི་བླ་མ་རིན་པོ་ཆེ། །ཀུན་ཏུ་བཟང་པོའི་རྣམ་པར་གསལ། །སོགས། གནས་གསུམ་འོད་ཟེར་རབ་འཕྲོས་པས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམས། །སྤྲོ་ན་ཚིག་བདུན་དང་། རྡོ་རྗེ་སློབ་དཔོན་གྱིས་ཡན་ལག་བདུན་པ་འབུལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སོགས། བླ་མའི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །རང་གི་སྒོ་གསུམ་ལ་ཐིམ་པས། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །སྐུ་བཞིའི་ས་བོན་རྒྱུད་ལ་ཐེབས། །སླར་ཡང་བླ་མ་འོད་དུ་ཞུ། །རང་ཐིམ་དབྱེར་མེད་རོ་གཅིག་གྱུར། །སྣང་སྲིད་བླ་མའི་དལ་དུ་རྫོགས། །ཀུན་བཟང་དགོངས་པ་མངོན་གྱུར་བསམ། །ཞེས་བརྗོད་ཅིང་ཆོས་ཀྱི་ངང་ལ་བཞག་གོ །ཅེས་ཀྱང་ཤྲཱི་བས་སོ། །

བླ་མའི་རྣལ་འབྱོར་བྱིན་རླབས་ལྗོན་བཟང་།

བླ་མའི་རྣལ་འབྱོར་བྱིན་རླབས་ལྗོན་བཟང་བཞུགས་སོ༔

ཧཱུྃ༔ རང་ཉིད་ཡེ་ཤེས་མཁའ་སྤྱོད་མ༔ དཔལ་ལྡན་རྡོ་རྗེ་ཕག་མོ་ནི༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ གྲི་གུག་ཐོད་འཛིན་གར་སྟབས་མཛད༔ རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རྟོག་མེད་རོ་ཡི་གདན་ལ་བརྫིས༔ སྤྱི་བོར་ཕག་ཞལ་ནག་པོ་ངུར༔ མདུན་མཁར་རིན་ཆེན་སེང་ཁྲིའི་ཁར༔ གེ་སར་ཁྱིམ་གྱི་བདག་པོ་དང་༔ ཉ་རྒྱས་ཟླ་བའི་དལ་དབུས་སུ༔ འབོལ་བརྩེགས་སྟག་གི་གདན་སྟེང་དུ༔ ཨོ་རྒྱན་ཐེག་མཆོག་བསྟན་འཛིན་ནི༔ སྨུག་ནག་འོད་ཀྱི་ཕུང་པོ་ཅན༔ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ༔ ཕྱག་གཉིས་ཐོག་ཟོར་ཕུར་བ་བསྣམས༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ ཧེ་རུ་ཀ་ཡི་ཆ་བྱད་ཅན༔ འཇའ་འོད་མེ་དཔུང་ཐིག་ལེའི་ཀློང་༔ སྣང་སྟོང་རོ་མཉམ་ཆེན་པོར་གསལ༔ གསང་གསུམ་སྒྱུ་འཕྲུལ་འཁོར་ལོའི་སྤྲིན༔ མ་འདྲེས་ཡོངས་རྫོགས་ལྷུན་གྲུབ་པའི༔ རྡོ་རྗེ་གསུམ་གྱི་སྙིང་པོ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཧཱུྃ༔ མཁའ་ཁྱབ་བསམ་མི་ཁྱབ་བརྡལ་བའི༔ རྣམ་རོལ་བཀོད་པའི་ཡེ་ཤེས་སྤྲིན༔ ཚོགས་མཆོག་ཡོངས་རྫོགས་དཀྱིལ་འཁོར་དུ༔ དམིགས་མེད་ཐུགས་རྗེའི་ཤུགས་ཀྱིས་གཤེགས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨོ་ཌི་ཡ་ནཱ་ཏྲ་ཡ་བཛྲ་ས་མ་ཡ་ཛ་ཛ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས། དེ་ནས་གསོལ་བ་གདབས་པ་ནི༔ ཀྱཻ༔ བྱིན་རླབས་འབྱུང་གནས་བླ་མ་རྗེ༔ དངོས་གྲུབ་བུམ་བཟང་བླ་མ་རྗེ༔ འདོད་འབྱུང་དཔག་བསམ་བླ་མ་རྗེ༔ ཐུགས་རྗེའི་གཏེར་ཁུང་བླ་མ་རྗེ༔ ཡོན་ཏན་བང་མཛོད་བླ་མ་རྗེ༔ ཕྲིན་ལས་གློག་མྱུར་བླ་མ་རྗེ༔ རྒྱལ་ཀུན་སྤྱི་གཟུགས་བླ་མ་རྗེ༔ ཡི་དམ་ཀུན་འདུས་བླ་མ་རྗེ༔ མཁའ་འགྲོའི་དབང་ཕྱུག་བླ་མ་རྗེ༔ བཀའ་དྲིན་མཚུངས་བྲལ་བླ་མ་རྗེ༔ འདྲེན་པ་མཆོག་གྱུར་བླ་མ་རྗེ༔ སྲིད་ཞིའི་སྤྱི་དཔལ་བླ་མ་རྗེ༔ ཀུན་འབྱུང་མུན་སེལ་ཉི་ཟླ་གཞོན༔ སྡུག་བསྔལ་གདུང་བསིལ་ཟླ་བའི་འོད༔ ལས་ངན་འཇིག་སྐྱོབས་རྒྱལ་པོའི་དབང་༔ ཐར་གླིང་འདྲེན་པའི་དེད་དཔོན་མཆོག༔ ཉོན་མོངས་ནད་སེལ་བདུད་རྩི་སྨན༔ འཁོར་བའི་ཕ་རོལ་སྒྲོལ་བའི་གྲུ༔ སྡུག་བསྔལ་ངལ་གསོའི་བདེ་སྐྱིད་གླིང་༔ ཐར་བའི་ལམ་མཚོན་སྒྲོན་མེའི་འོད༔ ཁ་ཙམ་ཚིག་ཙམ་མ་ཡིན་པར༔ ངེས་ཤེས་སྙིང་ནས་ཐོབ་པའི་བློ༔ མི་འཕྲོག་ཡང་དག་སྐྱེས་གདུང་གིས༔ གསོལ་བ་འདེབས་པ་ཁྱེད་མཁྱེན་གྱིས༔ དམན་བདག་ཡལ་བར་མ་འདོར་བར༔ ཁམས་གསུམ་དོང་རིང་བཙོན་ཁང་ལས༔ ད་ལྟ་ཉིད་དུ་འདོན་པར་མཛོད༔ ལས་ཉོན་སྡུག་བསྔལ་ཆུ་བོ་ལས༔ མྱུར་བ་ཉིད་དུ་བསྒྲལ་དུ་གསོལ༔ འཁྲུལ་པའི་འཁོར་ལོ་བར་མེད་རྒྱུན༔ སྐད་ཅིག་ཉིད་དུ་བཅད་དུ་གསོལ༔ ཟག་ཕུང་སྒྱུ་མའི་རྣམ་སྨིན་སྐྱེས༔ རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས༔ མ་དག་ངག་རླུང་བརྗོད་པའི་སྒྲ༔ ན་དཱའི་གསུང་དུ་བྱིན་གྱིས་རློབས༔ བསམ་རྟོག་གཟུང་དང་འཛིན་པའི་སེམས༔ རྡོ་རྗེའི་ཐུགས་སུ་བྱིན་གྱིས་རློབས༔ ལས་ངན་སྡིག་སྒྲིབ་བག་ཆགས་བཅས༔ མ་ལུས་སྦྱོང་བར་མཛད་དུ་གསོལ༔ དབང་དང་དངོས་གྲུབ་རྒྱ་མཚོའི་ཚོགས༔ ཡོངས་སུ་བསྐུར་བར་མཛད་དུ་གསོལ༔ རྡོ་རྗེ་གསུམ་གྱི་གཟི་བྱིན་ཀུན༔ མྱུར་དུ་སྤོར་བར་མཛད་དུ་གསོལ༔ མཐར་ཐུག་འབྲས་བུའི་ས་མཆོག་ལ༔ ད་ལྟ་གཞོལ་བར་མཛད་དུ་གསོལ༔ སྤང་རྟོགས་མཐའ་རུ་ཕྱིན་པ་དང་༔ དོན་གཉིས་འབད་མེད་འབྱུང་བ་ཡི༔ རྡོ་རྗེ་བླ་མའི་ཕྲིན་ལས་ཀྱི༔ བྱེད་པོའི་སྐད་ཅིག་འགྱུར་བ་ཞིག༔ ཐུགས་རྗེ་ཅན་གྱི་ཐུགས་རྗེའི་ཟུང་༔ བཀའ་དྲིན་ཅན་གྱིས་བཀའ་དྲིན་སྩོལ༔ ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨོ་ཌི་ཡ་ནཱ་ཏྲ་ཡ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བླ་མའི་སྐུ་ནི་འོད་དུ་ཞུ༔ ཡི་གེ་ཨོཾ་གྱི་རྣམ་པར་བྱུང་༔ བདག་གི་ལུས་ལ་ཐིམ་པ་ཡིས༔ ལུས་རྟོག་རྡོ་རྗེའི་སྐུ་རུ་སྦྱངས༔ བླ་མའི་གསུང་ནི་འོད་དུ་ཞུ༔ ཡི་གེ་ཨ་ཡི་རྣམ་པར་བྱུང་༔ བདག་གི་ངག་ལ་ཐིམ་པ་ཡིས༔ ངག་རྟོག་རྡོ་རྗེའི་གསུང་དུ་སྦྱངས༔ བླ་མའི་ཐུགས་ནི་འོད་དུ་ཞུ༔ ཡི་གེ་ཧཱུྃ་གི་རྣམ་པར་བྱུང་༔ བདག་གི་ཡིད་ལ་ཐིམ་པ་ཡིས༔ བསམ་རྟོགས་རྡོ་རྗེའི་ཐུགས་སུ་སྦྱངས༔ སྒྲིབ་བཞི་སྦྱོངས་ཞིང་དབང་བཞི་ཐོབ༔ རིག་འཛིན་བཞི་བོ་མཐར་ཕྱིན་གྱི༔ སངས་རྒྱས་སྐུ་བཞི་ཐོབ་པ་ཡིས༔ དབང་དང་སྐལ་བ་ཀུན་ཐོབ་བསམ༔ ཕྱག་རྒྱ་ཆེན་པོའི་སྒྱུ་མ་ཡང་༔ ལྷུན་གྲུབ་རིག་སྐུ་རྫོགས་པ་ཆེ༔ སྤྲོས་བྲལ་དེ་བཞིན་ཉིད་དུ་འབྱམས༔ ཨཱ་ཨཱ་ཨཱ༔ བྷིག་ཐོའི་ངོར་ག་གཱས་སོ། །

བླ་མའི་རྣལ་འབྱོར།

བླ་མའི་རྣལ་འབྱོར་ནི༔ རང་ཉིད་ཐ་མལ་སྤྱི་བོ་རུ༔ རྡོ་རྗེའི་བླ་མ་རིན་པོ་ཆེ༔ ཀུན་ཏུ་བཟང་པོའི་རྣམ་པ་ནི༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་མཛད༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཆོས་ཉིད་བཟང་མོ་ཡུམ་དང་འཁྲིལ༔ ཡབ་ཡུམ་གཉིས་མེད་སྐུ་མདོག་མཐིང་༔ ཐིག་ལེ་འོད་ལྔའི་མུ་ཁྱུད་དབུས༔ སྣང་སྟོང་ཆུ་ཟླ་བཞིན་དུ་གསལ༔ ཨོཾ་ཨཱཿབཛྲ་གུ་རུ་ས་མནྟ་བྷ་དྲ་ག་གཱ་ཨ་བྷྱེ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ མཐར་ནི་བླ་མའི་གནས་གསུམ་ལས༔ དཀར་དམར་མཐིང་ཀའི་འོད་ཟེར་སྤྲིན༔ མིག་དང་ཚངས་པའི་བུ་ག་ནས༔ རོ་རྐྱང་དབུ་མའི་ལམ་དུ་ཞུགས༔ དུག་གསུམ་སྒོ་གསུམ་སྡིག་སྒྲིབ་དག༔ རྡོ་རྗེ་གསུམ་གྱི་དབང་ཐོབ་བསམ༔ མཐར་ནི་འོད་ཞུ་རང་ལ་ཐིམ༔ རང་ལུས་བླ་མའི་སྐུ་རུ་སྨིན༔ ཀ་དག་ཚིག་གི་དབང་ཐོབ་ནས༔ ལམ་བཞི་བསྒོམ་པའི་སྣོད་རུང་ཞིང་༔ སྐུ་བཞིའི་ས་བོན་རྒྱུད་ལ་ཐེབས༔ དམིགས་མེད་ངང་ལ་མཉམ་བར་བཞགས༔ ཨ་ཨ་ཨཱ༔ ཅེས་པ་འདི་ཡང་འཇིགས་མེད་ངོར་ག་གཱ་བས་སོ། །

དཔལ་ལྡན་བླ་མ་དམ་པའི་ཐུགས་སྒྲུབས་རྟོགས་པའི་སྣང་བ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ དཔལ་ལྡན་བླ་མ་དམ་པའི་ཐུགས་སྒྲུབས་རྟོགས་པའི་སྣང་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡཱ༔ སྦྱོར་བ་སྐྱབས་སེམས་སྔོན་དུ་འགྲོ༔ ཧཱུྃ༔ རང་ཉིད་ཐ་མལ་སྤྱི་བོ་རུ༔ པདྨ་ཟླ་བ་བརྩེགས་པའི་སྟེང་༔ རྡོ་རྗེའི་བླ་མ་རིན་པོ་ཆེ༔ ཡོན་ཏན་རྒྱ་མཚོའི་ངོ་བོ་ཉིད༔ ཞལ་གཅིག་ཕྱག་གཉིས་ཞི་བའི་ཉམས༔ སྐུ་མདོག་དཀར་དམར་བཀྲག་མདངས་འབར༔ ཕྱག་གཡས་སྣ་ཚོགས་རྡོ་རྗེ་འཛིན༔ གཡོན་པས་ཤེས་རབ་དྲིལ་བུ་བརྟེན༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས༔ ཞི་འཛུམ་བཅུ་དྲུག་ལང་ཚོ་ཅན༔ ཕྱག་གཉིས་རལ་གྲི་པུ་ཏི་བསྣམས༔ ཐུགས་སྲོག་དྷིཿལ་ཡི་གེ་དྲུག༔ མཐའ་མར་མཚན་ཀྱི་སྔགས་རིམ་འཁོར༔ དབྱིངས་ནས་ཡེ་ཤེས་སྤྱན་དྲངས་བསྟིམ༔ འོད་ཞུ་བདག་དང་རོ་གཅིག་གྱུར༔ རྣམ་པར་སྨིན་པ་དབྱིངས་སུ་སྦྱངས༔ རྒྱུ་ཉིད་འབྲས་བུ་ཧེ་རུར་ལྡང་༔ ལྷར་སྣང་ཕྱག་རྒྱ་ཆེན་པོ་ང་༼ ངང་། དཔྱད། ༽༔ ཆོས་རྣམས་ཀུན་གྱི་དེ་ཁོ་ན༔ བཛྲ་ཙིཏྟ་ཨཏྨ་ཀོ྅་ཧཾ༔ སྒྲ་མེད་ཚིག་གི་སྤྲོས་པ་བྲལ༔ གསང་སྔགས་རང་བཞིན་ཡི་གེ་ཨཿ ལྗགས་ཀྱི་པདྨོར་འོད་ཟེར་འཁྱིལ༔ ཆོ་འཕྲུལ་ཡི་གེ་དྷཱིཿདབྱངས་ཨི༔ ཤེས་རབ་སྟོང་བ་ལྷུན་གྲུབ་ཡུམ༔ ཐབས་ཤེས་དབྱེར་མེད་སྒྲ་ཡིས་འཁོར༔ ཞི་ཁྲོ་རྒྱལ་པའི་ངོ་བོ་ཉིད༔ བཟླས་པས་དཀྱིལ་འཁོར་སྟོང་སྲོག་ཐོབ༔ ཨོཾ་ཨཱཿབཛྲ་གུ་རུ་གུ་ན་ས་རཱ་ཧེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅེས་བཟླས་མཐར་ནི་མཆོད་བསྟོད་དུ༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ དམ་ཡེ་དབྱེར་མེད་ཡེ་ཤེས་ལྷ༔ གཤེགས་བྱོན་སྐྱེད་བྲི་མེད་པར་རྫོགས༔ འཁོར་བའི་འཁོར་ལོ་ཆོས་ཉིད་དུ༔ ཕྱམ་གཅིག་མངོན་པར་རྫོགས་སངས་རྒྱས༔ ཨཱ་ཧཱུྃ་ཧོ༔ ཅེས་ཀྱང་ག་གཱས་སོ། །

བླ་མའི་སྒྲུབ་པ་བྱིན་རླབས་མྱུར་འཇུག

བླ་མའི་སྒྲུབ་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ༔

བླ་མའི་སྒྲུབ་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ༔ གཏོར་མ་ལ་སོགས་སྤྱི་འགྲོས་སམ༔ ཡང་ན་རང་འགྲོས་ལྟར་དུ་བཀོད༔ ཕྱི་ནང་མཆོད་པས་མཐའ་ནས་བསྐོར༔ ཟོལ་མེད་མོས་གུས་དྲག་པོ་ཡིས༔ དང་པོ་སྔོན་འགྲོའི་སྦྱོངས་པ་ནི༔ ཧཱུྃ༔ དཀོན་མཆོག་རྒྱ་མཚོའི་ངོ་བོ་ཉིད༔ བླ་མ་མཆོག་ལ་སྐྱབས་སུ་མཆི༔ འགྲོ་ཁམས་དོང་ནས་སྤྲུགས་པའི་ཕྱིར༔ སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོ༔ ཧོ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ དམ་ཚིག་ཉམས་ཆགས་ཉེས་ལྟུང་བཤགས༔ སྐྱེ་འཕགས་དགེ་ལ་རྗེས་ཡི་རང་༔ རྟག་པར་ཆོས་འཁོར་བསྐོར་བར་བསྐུལ༔ སྲིད་གནས་བར་དུ་བཞུགས་པར་གསོལ༔ དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ ཧོ༔ སྣང་སྲིད་ཡེ་སངས་རྒྱས་པ་ལ༔ བཤེགས་ཀྱི་མཚན་མ་ཀ་ནས་དག༔ གལ་ཏེ་ཅུང་ཟད་ཡོད་རྟོགས་ན༔ བདག་ཉིད་ཆེན་པོའི་ཕྱག་རྒྱས་བཅིངས༔ བཛྲ་བིགྣན་བུདྡྷའི་མུ་ཌ་རཀྵ་རཀྵ༔ ཧཱུྃ༔ སྣོད་བཅུད་བླ་མའི་དཀྱིལ་འཁོར་དུ༔ ཡེ་ཡིན་སད་ཕྱིར་བྱིན་ཆེན་ཕོབས༔ གང་སྣང་ཡེ་ཤེས་རྒྱན་འཁོར་ལོར༔ བྱིན་གྱིས་རློབས་པའི་ས་མ་ཡཱ༔ ཨོཾ་བཛྲ་ཨུཏྟ་ར་མཎྚལ་ཕེཾ་ཛ༔ ཛྙཱ་ན་ཨ་ལཾ་ཀ་ར་པཱུ་ཛ་ཧོ༔ དེ་ནས་དངོས་གཞིའི་རིམ་པ་ལ༔ ཨ༔ ཆོས་དབྱིངས་སྤྲོས་བྲལ་ནམ་མཁའི་ངང་༔ ཆོས་སྐུ་རིག་པ་རང་གསལ་བ༔ ཐུགས་རྗེའི་འཕེན་པའི་གཏིང་མདངས་ལས༔ སྒྱུ་མ་རྣམ་བཞི་ཡུལ་ལ་རོལ༔ བཛྲ་དྷརྨཱ་དྷཱ་ཏུ་བི་ཤུདྡྷེ་ཤུ་ནྱ་ཏ་མ་ཧ་ཀ་རུ་ཎི་ཀ་རུསྤ་ལ་ལི་ཏ་ཡེ༔ ཧཱུྃ༔ རང་ལུས་ཕུང་ཁམས་སྐྱེ་མཆེད་ནི༔ རྣམ་དག་དཀྱིལ་འཁོར་འཁོར་ལོ་སྟེ༔ ཀུན་གཞི་དག་པའི་ནམ་མཁའ་ལ༔ ལས་རླུང་དག་པའི་རྒྱ་གྲམ་སྟེང་༔ རྣམ་ཤེས་དག་པའི་རྒྱ་མཚོ་ལ༔ ཉོན་ཡིད་དག་པའི་དབང་ཆེན་གཞིར༔ སྒོ་ལྔ་དག་པའི་ཡོན་ཏན་ལྔར༔ རང་ཤར་རང་སྣང་བཀོད་པའི་དབུས༔ དྲུག་ཡིད་སྐད་ཅིག་དྲན་རྫོགས་སུ༔ ཡོ་ཀི་ཤྭ་ར་ཀྲོ་ཏ་ཡ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཕྱག་གཡས་ཐོད་པའི་ཌ་མ་རུ༔ གཡོན་པས་ཤེས་རབ་དྲིལ་བུ་བསྣམས༔ རྣལ་འབྱོར་དབང་ཕྱུག་ཆས་སུ་རོལ༔ བདེ་ཆེན་ཡུམ་དང་གཉིས་མེད་སྦྱོར༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ སྣང་སྟོང་མཉམ་པ་ཆེན་པོར་གསལ༔ ཕྱོགས་དང་མུ་མཐའ་ཐམས་ཅད་དུ༔ སྐུ་གསུམ་རྩ་གསུམ་མཆོག་གསུམ་ལྷ༔ ཉི་མ་དང་ནི་འོད་ཟེར་བཞིན༔ རང་རྩལ་འགགས་པ་མེད་པར་ལྡན༔ གནས་གསུམ་ཁྱབ་འཇུག་ཡི་གེ་ལས༔ འོད་འཕྲོས་དབྱིངས་ནས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ རིག་འཛིན་འོད་གསལ་རྡོ་རྗེ་ཡི༔ ཐུགས་ལ་ཆོས་སྐུའི་ལྷ་ཚོགས་དང་༔ གསུང་ལ་ལོངས་སྤྱོད་རྫོགས་པའི་སྐུ༔ སྐུ་ལ་སངས་རྒྱས་སྟོང་རྩ་རྫོགས༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་འཕྲོ༔ རྟེན་དང་བརྟེན་པ་ཐམས་ཅད་ཀུན༔ དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོ༔ ཨོཾ་བཛྲ་ཨུཏྟ་ར་ས་པཱ་རི་ཝ་ར་ས་མ་ཛ༔ ཧཱུྃ༔ བདག་ཉིད་དམ་ཚིག་ཕྱག་རྒྱ་དང་༔ ཕྱག་རྒྱ་ཆེན་པོ་གཉིས་མེད་སྦྱོར༔ མཉམ་རྫོགས་ཀློང་ཡངས་དབྱེར་མེད་ལ༔ འདུ་འབྲལ་མེད་ཤེས་ཡིད་ཆེས་འདུད༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་གསང་བ་ཡང་གསང་གི༔ བླ་མེད་མཆོད་པ་དམ་པ་འབུལ༔ སངས་རྒྱས་གསང་གསུམ་ཡོན་ཏན་ནི༔ བསམ་མི་ཁྱབ་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ ཡེ་ཤེས་སེམས་དཔའ་དྷ་རུ་ཀ༔ རྒྱན་མེད་གཅེར་བུ་འོད་ཕུང་འབར༔ ཐུགས་གསང་རྡོ་རྗེ་རྩེ་དགུའི་ལྟེར༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ འོད་ཟེར་འཕྲོས་པས་འཁོར་བའི་ཆོས༔ དག་མཉམ་ཆོས་ཉིད་ངང་དུ་སྦྱངས༔ ལྷ་སྔགས་ཆོས་ཉིད་དབྱེར་མེད་པའི༔ གཞིར་བཞེངས་ཡེ་གྲོལ་ས་མ་ཏའི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བིརྱ་དྷ་ར་པྲ་བྷ་ར་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་སོ༔ གཉིས་པ་ཚོགས་ལས་བསྡུས་ཙམ་ཞིག༔ ཨ་ལས་བྷནྡྷའི་སྣོད་ནང་དུ༔ ཚོགས་རྫས་འདོད་ཡོན་སྤྲིན་ཕུང་པོ༔ ཕྱི་ནང་འབར་འཛགས་ཟིལ་ཐིག་གིས༔ བསྲེགས་སྦྱངས་བསྟིམས་ནས་ཤུདྡྷེ་ཨཱ༔ དམ་ཚིག་རྫས་ཀྱི་ཕྲ་མོ་ལ༔ ཏིང་ངེ་འཛིན་གྱི་ཕྲ་མོ་བཀོད༔ དུས་གསུམ་རྒྱལ་བའི་ཕྲ་མོ་བསྐུལ༔ དག་པའི་རྒྱན་སྣང་འཛད་པ་མེད༔རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་རྩ་བ་གསུམ༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ ཡེ་ཤེས་ཚོགས་ཀྱི་འཁོར་ལོ་ཀུན༔ སྐལ་ལྡན་ཚོགས་ཀྱི་འཁོར་ལོ་ཡིས༔ དམ་ཚིག་ཚོགས་ཀྱི་འཁོར་ལོ་ལ༔ གཉིས་མེད་ཡིད་ཀྱིས་སྤྱན་འདྲེན་ན༔ འོག་མིག་གནས་མཆོག་ཐག་རེ་ཉེ༔ བཛྲ་ད་ལ་ཛ་ཕེཾ༔ ཧཱུྃ༔ གཟུགས་སྐུ་རང་ལ་སྣང་བ་དང་༔ ཆོས་སྐུ་ཐ་དད་མེད་པར་གཅིག༔ ཆོས་ཉིད་རིག་ཤེས་དབང་བཙན་པས༔ དཀྱིལ་འཁོར་དཀྱིལ་འཁོར་མཉམ་པར་རོལ༔ ག་ན་ཙཀྲ་ཁཱ་ཧི༔ ཧཱུྃ༔ རྟོག་སྒྲིབ་ལས་ཉོན་གང་ན་ཡོད༔ བདག་ཉིད་ཆེན་པོ་དེ་ན་བཞུགས༔ ཡེ་ནས་ཉམས་པ་མ་མཆིས་པས༔ བསྐང་དང་བཤགས་པ་སྒྱུ་མའི་ཆོ༔ ནྲི་ཏྲི༔ ཤེས་རབ་མཚོན་མཆོག་རྡོ་རྗེར་ལྡན༔ གཟུང་འཛིན་བདག་ཏུ་རྟོག་པ་བསྒྲལ༔ གཉིས་མེད་རིག་སྟོང་ཀློང་དུ་བསྟིམ༔ འཁྲུལ་མེད་དགོངས་པའི་བཙན་ས་ཟིན༔ མ་ཌཾ་རུ་དྲ་པྲ་བེ་ཤ་ཡ་ཤ་ཁྲག་རུས་གསུམ་ལ་ཁཱ་ཧི༔ ཕེཾ༔ རང་རྩལ་དྲྭ་བ་འབྲེལ་བ་འོད་ཟེར་ཅན༔ སྔོན་ཚེ་སྤྱི་དཔལ་ཆོས་སྐུའི་སྤྱན་ལྔ་རུ༔ ཨ་ཏིའི་བསྟན་པ་འདའ་དཀའ་ཡེ་ཤེས་ཀྱི༔ ཡལ་གམ་གཉན་པོའི་བསྲུང་མར་སྣང་ངོ་ཅོག༔ ལྷག་མའི་དམ་ཚིག་ལྷ་དང་རྣལ་འབྱོར་གྱིས༔ བསྐྱང་བར་འཚལ་དུ་ཆད་པོ་གྲོགས་ལ་དགོངས༔ ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི༔ ཧཱུྃ༔ ཐུགས་དམ་བསྐུལ་ལོ་བླ་མ་སྤྲུལ་འཁོར་བཅས༔ འགྲོ་ཀུན་སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་ན༔ ཕྲིན་ལས་གང་འདུལ་ཐབས་ཚུལ་དཔག་མེད་ཀྱི༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ བཛྲ་ས་མ་ཡ༔ ཧཱུྃ༔ གཟུང་འཛིན་གཏོར་བའི་གཏོར་མ་འདི༔ མི་བཟུང་ཡེ་ཤེས་ངང་ལ་བསྟིམ༔ ཆད་ཐོ་བརྟན་མའི་ཞལ་བཞེས་མཁན༔ ཀུན་ཀྱང་རང་དན་ཡར་དམ་གཉན༔ ཐ་ཚིག་འདི་ཡི་མངོན་བྱས་ན༔ སངས་རྒྱས་བསྟན་པ་ཡལ་མ་དོར༔ བ་ལིངྟ་བུདྡྷ་ཤ་ས་ན་རཀྵ་རཀྵ༔ ཧཱུྃ༔ སྐུ་གསུམ་བྲོ་འདི་ལྕིད་རྔམ་པས༔ དུག་གསུམ་གདོན་གསུམ་མགོ་ལ་ཆེམ༔ འདྲེ་འདི་རྩ་བ་བཅད་པ་ན༔ དགོངས་གསུམ་དབྱེར་མེད་རང་རྒྱའི་ཆོད༔ ཧཱུྃ༔ གསང་བ་གསུམ་གྱི་དངོས་གྲུབ་ནི༔ ཡེ་ནས་རང་ལ་གནས་པའི་སླད༔ རིག་སྟོང་དོན་གྱི་བླ་མའི་ཞལ༔ མཐོང་ཐོབ་སྐལ་བཟང་མཆོག་ཏུ་ཆེའོ༔ བཛྲ་གུ་རུ་ཀཱ་ཝཱ་ཙི་སརྦ་སིདྡྷི་ཕ་ལ་ཧོ༔ ཨཱ༔ རང་བྱུང་ཡེ་ཤེས་བླ་མའི་ཞལ༔ མ་རྟོགས་སེམས་སུ་གོལ་བ་བཤགས༔ ལུས་ངག་ཡིད་ཀྱི་སྡིག་ལྟུང་སྒྲིབ༔ རྨི་ལམ་ལྟ་བུར་རྟོགས་པས་བཤགས༔ ཡུལ་ལུས་སེམས་གསུམ་སྣང་བ་ཀུན༔ གཟུགས་བརྙན་ལྟ་བུའི་ངང་དུ་བཤགས༔ རང་བྱུང་ཡེ་ཤེས་བླ་མའི་སྐུ༔ ཆུ་ཟླ་ལྟ་བུའི་ངང་དུ་བཤགས༔ མྱ་ངན་འདས་པའི་དག་སྣང་ཀྱང་༔ སྤྲུལ་བ་ལྟ་བུའི་ངང་དུ་བཤགས༔ ཞེས་སོ༔

ཧཱུྃ༔ རྣམ་ཐར་གསུམ་ལྡན་ཆོས་ཀྱི་སྐུ༔ དག་དང་མ་དག་མཚན་མ་གྲོལ༔ བེམ་སྟོང་བྱིང་ཆད་མ་ཡིན་ཏེ༔ ཟག་མེད་སྐུ་ལྔའི་འབྲས་བུར་ལྡན༔ ཨོཾ་ཨཱཿཧཱུྃ༔ དགེ་འདིས་མཁའ་ཁྱབ་ཡིད་ཅན་རྣམས༔ ལྷུན་གྲུབ་རིག་འཛིན་བླ་མའི་ཞལ༔ མངོན་གྱུར་གདོད་མའི་སར་ཕྱིན་ནས༔ དོན་གཉིས་མཐར་ཕྱིན་དཔལ་ཐོབ་ཤོག༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ རིགས་བདག་ཕྱག་རྒྱ་ཆེར་རྫོགས་པ༔ གཙུག་ཏོར་ཆེན་པོ་བླ་མའི་ངང་༔ ཐམས་ཅད་ཡེ་གྲོལ་ཕྱམ་གཅིག་གིས༔ དཔལ་ཡོན་ཕུན་ཚོགས་བཀྲ་ཤིས་ཤོ༔ ཞེས་སོ། །ཀརྨའི་མཚན་ཀྱི་བཞེད་སྐོངས་སུ་ག་གཱས་སོ། །

འོད་གསལ་ཐོད་རྒལ་གྱི་རྣལ་འབྱོར།

འོད་གསལ་ཐོད་རྒལ་བསྒོམ་པའི་རྣལ་འབྱོར་བས༔ སྐྱབས་འགྲོ་སེམས་བསྐྱེད་རིམ་པ་འདི་ལྟར་བྱ༔ ཨེ་མ་ཧོ༔ སངས་རྒྱས་ཀུན་ཀྱི་སྐུ་གསུང་ཐུགས༔ འོད་གསལ་ཟང་ཐལ་ངོ་བོ་ཉིད༔ རང་རིག་མཐའ་དབུས་མེད་པ་ལ༔ ལྟ་བ་མཇལ་བས་སྐྱབས་སུ་མཆི༔ རང་སེམས་སྐུ་གསུམ་གསང་སྔགས་ཀྱིས༔ ངོ་བོ་མངོན་གྱུར་རྟོགས་པ་ཐོབ༔ དུས་གསུམ་བླ་མ་རིག་འཛིན་དང་༔ སངས་རྒྱས་སྲས་བཅས་སྐྱབས་སུ་བཟུང་༔ རྒྱུ་འབྲས་སྐྱབས་གནས་ཐམས་ཅད་ཀུན༔ བདག་ཉིད་གཅིག་པར་མངོན་སངས་རྒྱས༔ དེང་ནས་རང་གནས་སྐུ་གསུམ་གྱིས༔ དགོངས་པས་བདག་ལ་སྐྱབས་སུ་གསོལ༔ གཉིས་པ་སེམས་བསྐྱེད་པ་ནི༔ ཀྱཻ༔ སངས་རྒྱས་རང་ལ་རང་ཆས་ཀྱང་༔ མ་རྟོགས་རྐྱེན་གྱི་གོལ་བའི་འགྲོ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ བྱང་ཆུབ་ཆེན་པོར་སེམས་བསྐྱེད་དོ༔ ཀུན་རྫོབ་དོན་དམ་བྱང་ཆུབ་སེམས༔ རྩོལ་མེད་རང་བཞག་དགོངས་པའི་ངང་༔ འབྲས་བུ་ཕྱི་དུས་མི་རེ་བར༔ ད་ལྟ་ཉིད་དུ་བསྐྱོལ་བར་བྱ༔ འོད་གསལ་སྐུ་དང་ཐིག་ལེའི་སྐུ༔ རྣམ་འབྱེད་ཡེ་ཤེས་མིག་གཅིག་གིས༔ རང་བྱུང་ཐུགས་ཀྱི་སྒྲོན་མ་ལ༔ ཉི་ཟླ་ཁད་མཉམ་དགོངས་པའི་འཇུག༔ ཕ་རོལ་ཕྱིན་པའི་རང་བཞིན་ཅན༔ ཏིང་འཛིན་འབུམ་ཀྱི་སྒོ་ཕྱེད་པ༔ ཅོག་བཞག་རང་བབས་ཆེན་པོ་ཡིས༔ ཡེ་ཤེས་བླ་མ་འགྲུབ་པར་ཤོག༔ ཅེས་ཀྱང་བསྟན་འཛིན་ངོར་ག་གཱས་སོ། །རྗེས་ལ་བསྔོ་བ་སྨོན་ལམ་ནི༔ ཧོ༔ དོན་དམ་བྱང་ཆུབ་སེམ་མཆོག་གིས༔ མཐར་ཐུག་རྒྱུ་འོད་ཟུང་འཇུག་ལ༔ མཉམ་པར་བཞག་པའི་དགེ་རྩ་འདི༔ མི་སློབ་ཡང་དག་རྒྱུ་རུ་བསྔོ༔ འཁོར་གསུམ་དམིགས་པ་ཉེར་ཞི་བས༔ ཤེས་རབ་ཕྲིན་ལས་འགྲུབ་པ་དང་༔ མཐའ་ཡས་ཕ་མ་མཁའ་ཁྱབ་འགྲོ༔ ཕྱག་གཅིག་སངས་རྒྱས་ཐོབ་པར་ཤོག༔ བཀྲ་ཤིས་ནི། ཧཱུྃ༔ གཞི་ཡི་བཀྲ་ཤིས་རང་ཆས་ལྡན༔ ལམ་གྱི་བཀྲ་ཤིས་རྩོལ་མེད་གྲུབ༔ འབྲས་བུའི་བཀྲ་ཤིས་མངོན་སངས་རྒྱས༔ འོད་གསལ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ལྟ་བ་ཟང་ཐལ་འོད་གསལ་རྟོགས༔ བསྒོམ་པ་ཉིན་མཚན་འཁོར་ཡུག་འདྲེས༔ སྤྱོད་པ་རང་གྲོལ་གཉུགས་མར་འབྱམས༔ སངས་རྒྱས་དགོངས་པའི་རྩལ་ཐོབ་ཤོག༔ སྒྱུ་ལུས་ཁ་སྦྱོར་རྡོ་རྗེར་དག༔ སྲོག་རྩོལ་འབྱུང་ཆེན་ངོ་བོར་རྫོགས༔ རིག་བྱེད་ཡེ་ཤེས་ཆོས་སྐུར་སྨིན༔ འཕོ་ཆེན་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཀྱང་བསྟན་འཛིན་ངོར་ག་གཱ་ཨ་བྷྱེས་སོ། །ཚོགས་མཆོད་དགོས་གལ་ན༔ བྱིན་རླབས་ནི༔ ཨོཾ༔ ངོ་བོ་སྟོང་བ་ཆོས་ཀྱི་སྐུ༔ ཨཱཿ རང་བཞིན་གསལ་བ་ལོངས་སྤྱོད་རྫོགས༔ ཧཱུྃ༔ ཐུགས་རྗེ་ཀུན་ཁྱབ་རྒྱན་འཁོར་ལོ༔ ཧྲཱིཿ འདོད་ཡོན་ལྷ་མོར་མངོན་སངས་རྒྱས༔ སྤྱན་འདྲེན་ནི༔ ཧཱུྃ༔ རང་བྱུང་སྒྲོན་མའི་རང་མདངས་གསལ༔ འཁོར་འདས་ཀུན་བཟང་འཁོར་ལོ་ཅན༔ བླ་མ་སངས་རྒྱས་བླ་མེད་མགོན༔ ཚོགས་གཉིས་ཞིང་དུ་ཚོགས་ལ་དགོངས༔ གུ་རུ་ཛྙཱ་ན་མ་ཧཱ་མ་ཡ་ཙཀྲ་ས་མ་ཡ་ཛ་ཛ༔ ཚོགས་མཆོད་ནི༔ ཧཱུྃ༔ འདོད་ཡོན་ཆོས་ཉིད་རོལ་བའི་གདངས༔ སེམས་དཔའི་ཁྱེའུ་ལྔའི་བླང་ནས༔ རིག་བྱེད་གཉིས་མེད་ངང་དུ་ཐིམ༔ རང་ཤར་རང་གྲོལ་ཚུལ་དུ་མཆོད༔ ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ བཤགས་པ་ནི༔ ཧཱུྃ༔ རང་སྣང་ཡེ་ཤེས་རང་བཞིན་སྦུབས༔ གཟུགས་བརྙན་འོད་དུ་ཀུན་རྨོངས་པས༔ རྐྱེན་གྱུར་ལས་དང་བག་ཆགས་ཀུན༔ བྱ་གྲུབ་ཡེ་ཤེས་ཀློང་དུ་བཤགས༔ ག་ཎ་ཙཀྲ་ས་ཏྭ་༴ ཚོགས་བསྒྲལ་ནི༔ ཧཱུྃ༔ བདག་མེད་ཆོས་སྐུའི་ཧེ་རུ་ཀས༔ ཤེས་རབ་ཡེ་ཤེས་ཕུར་བུ་ཡི༔ རྟོག་གཉིས་རུ་དྲའི་སྙིང་ལ་གདབས༔ ཐལ་འབྱིན་རྣམ་བཞིའི་དགོངས་ཀློང་སྤྱོད༔ མ་ཊཾ་རུ་ཏྲ་མ་ར་ཡ་ཕཊ་ཕཊ༔ བསྟབས་པ་ནི༔ ཧཱུྃ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཆོས༔ གདན་གསུམ་དཀྱིལ་འཁོར་ཀློང་དུ་བསྟབས༔ ཤེས་བྱ་ལྟ་བའི་དག་ཚིག་འདིས༔ འཚང་བ་གསུམ་ལྡན་ཨེ་མ་ཧོ༔ ཁ་རཾ་ཁཱ་ཧི༔ ལྷག་མ་ནི༔ ཕཻམ༔ རྟོག་ཚོགས་ལྷག་མས་ཤེས་སྒྲིབ་ཀྱི༔ རྩལ་སྣང་ཡེ་ཤེས་ངང་དུ་སྡུད༔ སྣང་སྲིད་ཀ་དག་ཆོས་ཀྱི་སྐུ༔ རྣམ་དག་ཕྲིན་ལས་གཞི་ལ་རྫོགས༔ ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི༔ བསྐུལ་བ་ནི༔ ཛ༔ གསང་འདུས་མཛོད་བཞིའི་དཀྱིལ་འཁོར་ལྷ༔ མཉམ་བཞག་དགོངས་པས་གནད་བསྐུལ་ཀྱིས༔ བཞེངས་ཤིག་སྡུག་ཀུན་ཡོ་ལང་ཆོམས༔ འབྲས་རྒྱུད་བྲལ་དག་ཕྲིན་ལས་མཛོད༔ ཆད་བརྟན་ནི༔ ཧཱུྃ༔ ལུགས་འབྱུང་འཕོ་བའི་རྟེན་འབྲེལ་ཆོས༔ འཕོ་མེད་དམ་ཚིག་ལྷ་མོར་བརྟན༔ བདེན་དོན་རྣམ་པ་བཅུ་གཉིས་ཀྱི༔ བསྟན་པ་མཐར་རྒྱས་ཕྲིན་ལས་མཛོད༔ དྷརྨ་པཱ་ལ་ས་མ་ཡ་པཱུ་ཛ་བྷ་ལིངྟ་ཁཱ་ཧི༔ རྟ་བྲོ་ནི༔ ཧཱུྃ༔ སྣང་ཞེན་ཡུལ་གྱི་འཁྲུལ་བ་ཀུན༔ ལུ་གུ་རྒྱུད་ཀྱི་དལ་སྦྲེལ་ཆས༔ སྒྲོན་མ་དྲུག་གི་འོག་ཏུ་མནན༔ སྐུ་གསུམ་ལྷུན་གྲུབ་བྲོ་རྒྱས་གདབས༔ གཞོན་ནུ་བུམ་སྐུའི་གད་རྒྱང་རྔམ༔ སྐྱེ་བས་མ་རིག་མ་ལྡང་ཞིག༔ སྟྭམ་བྷ་ཡ་ནན༔ དངོས་གྲུབ་ནི༔ ཧཱུྃ༔ ངོ་བོ་སྐུ་ལ་རང་བཞིན་འོད༔ ཐུགས་རྗེ་ཡེ་ཤེས་ཏི་ལ་ཀའི༔ ཀ་དག་སངས་རྒྱས་ད་ལྟ་ཉིད༔ དངོས་གྲུབ་རང་གནས་རང་དབང་སྤྱོད༔ ལྷ་བསྐང་ནི༔ ཧཱུྃ༔ ལྷ་ནི་ཆོས་ཉིད་ཆོས་ཀྱི་སྐུ༔ མེད་པའི་རང་བཞིན་རྣམ་པ་བཅུ༔ ཕྱལ་བ་སྤྲོས་བྲལ་སྟོང་བ་ཉིད༔ ཡེ་གྲོལ་རྟོགས་པའི་ལྟ་བས་བསྐངས༔ ལྷ་ནི་ཆོས་ཉིད་གཟུགས་ཀྱི་སྐུ༔ རང་རིག་བྱང་ཆུབ་སེམས་སུ་གཅིག༔ མཚན་མ་མེད་ལ་མཚན་མར་སྣང་༔ རང་གྲོལ་ཀློང་འབྱམས་བསྒོམ་པས་བསྐངས༔ ལྷ་ནི་ཟུང་འཇུག་དོན་དམ་པ༔ མཉམ་རྫོགས་བྱར་མེད་རྣལ་འབྱོར་རྩེ༔ ཆོས་བོར་ཆོས་ཟད་འདུས་མ་བྱས༔ ཅེར་གྲོལ་ཆེན་པོའི་སྤྱོད་པས་བསྐངས༔ ལྷ་ནི་སྨོན་པ་མེད་པའི་མཐའ༔ ཡེ་ནས་སེམས་ཅན་སངས་རྒྱས་ཡིན༔ སངས་རྒྱས་གཞན་དུ་རྙེད་མི་འགྱུར༔ འབྲས་བུ་ལྷུན་གྲུབ་གདེངས་ཀྱིས་བསྐངས༔ བསྐང་དང་བསྐང་བྱེད་བསྐང་བའི་ཡུལ༔ གཞི་མེད་རྩ་བྲལ་རྫོགས་སངས་རྒྱས༔ རྟོགས་པས་སྒྲོ་བཏགས་ཐམས་ཅད་ཀུན༔ མཉམ་པ་ཉིད་དུ་ཕྱམ་གདལ་ཡན༔ ཅེས་ཀྱང་ག་གཱས་སོ། །འདི་ལ་ཐོག་མར་གསོལ་འདེབས་སྐྱབས་སེམས་སོགས་འདོན་ཞིང་ཏིང་ངེ་འཛིན་གསུམ་གྱི་གོ་སར་ཐོག་མར་ཁྲེགས་ཆོད་དང་ནམ་མཁའི་རྣལ་འབྱོར་དུ་བྱ། དེ་ནས་དོན་དམ་པའི་སྒྲུབ་པ་ཐོད་རྒལ་ལ་འཇུག་ཅིང་དེ་གཅིག་པུས་སྤྲོས་པ་མ་ཞི་ན་རྩ་སྒྲུབ་འདོན་ཞིང་མཇུག་ཏུ་ཚོགས་འཁོར་འདི་སྤྲད་ཅིང་རྗེས་ཆོག་ལོགས་སུ་སྤྲོས་པ་ལྟར་བྱས་ཀྱང་ཆོག་ལ་ལར་ཚོགས་འདི་འགྲོན་ཐབས་ཀྱི་ལྷར་རུང་བ་དང་། ཐོད་རྒལ་འདི་རང་བཞིན་གཞིར་རྫོགས་ཀྱི་ལྷ་ཡིན་པས་ལྷ་བསྐྱེད་ལོགས་སུ་མ་བཏགས་ཀྱང་མི་འགལ་ལོ། །ག་གཱས་སོ། །ཨེ་མ་ཧོ༔ གསལ་སྟོང་རིག་གསུམ་དབྱེར་མེད་རང་བྱུང་སྒྲོན༔ འོད་གསལ་ཁྲེགས་ཆོད་ཆོས་སྐུ་བྱང་ཆུབ་ཐུགས༔ དབྱིངས་ཐིག་ལུ་གུ་རྒྱུད་ཀྱི་མཚན་དཔེའི་སྐུར༔ ཟུང་འཇུག་རྡོ་རྗེའི་གྲུབ་མཐའ་སྙོགས་པར་འཚལ༔ དོན་ཁོས་གསུང་ངོར་ག་གཱས་སོ། །

འོད་གསལ་སྙིང་པོའི་བསྒྲུབ་པ།

འོད་གསལ་སྙིང་པོའི་བསྒྲུབ་པ་བཞུགས་སོ༔

འོད་གསལ་བསྒོམ་པའི་རྣལ་འབྱོར་གྱི༔ སྙིང་བོའི་སྲོག་བསྒྲུབ་འདི་ལ་འབུང་༔ ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ ཧོ༔ སངས་རྒྱས་རང་ལ་རང་ཆས་སུ༔ བདེ་གཤེགས་སྙིང་པོར་ལྷུན་གྱིས་གྲུབ༔ འཁོར་འདས་ཀུན་ཁྱབ་བླ་མ་ལ༔ ངང་མཐོང་ལྟ་བས་སྐྱབས་སུ་མཆི༔ ཧོ༔ ཐིག་ལེ་ཞག་གཅིག་བདེ་བ་ཆེ༔ མ་རྟོགས་སྡུག་བསྔལ་འཁོར་བར་འཕྱན༔ རྟོགས་པ་ཙམ་ཀྱིས་རང་གྲོལ་བའི༔ ལ་བཟླ་ཆེན་པོར་སེམས་བསྐྱེད་དོ༔ ཐོད་རྒལ་ཡན་ལག་བདུན་པ་སོགས་བྱ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ཕུར་བུ་ཡིས༔ རྟོག་གཉིས་རུ་ཏྲ་དབྱིངས་སུ་བསྐྲད༔ ཡང་དག་དོན་ལ་བགེགས་མེད་ཕྱིར༔ ཕན་གནོད་རེ་དོགས་མཚང་ལ་རྒོལ༔ ཕེཾཿ མ་རིག་རྨོངས་པའི་མུན་ཁམས་སུ༔ མ་ཧཱ་གུ་རུ་རྣམ་པ་དགུའི༔ ཡེ་ཤེས་སྣང་བའི་བྱིན་ཆེན་ཕོབས༔ འདོད་ཡོན་རྒྱན་གྱི་འཁོར་ལོར་རློབས༔ ཨོཾཿ འཁོར་འདས་སྣང་སྟོང་ཚོགས་ཡུལ་ཆོས༔ ཀུན་ཏུ་བཟང་པོར་རྫོགས་སངས་རྒྱས༔ མ་བཅོས་རང་ཤར་དཀྱིལ་འཁོར་ལྷར༔ མཐོང་དག་སྒྲོན་མེའི་ལྟ་བས་འཚལ༔ ཤེལ་གྱི་སྦུ་གུའི་ཞིང་ཁམས་སུ༔ རྣམ་དག་དབྱིངས་ཀྱི་གཞལ་ཡས་དབུས༔ ཐིག་ལེ་སྟོང་པའི་གདན་ཁྲི་ལ༔ ཤེས་རབ་རང་བྱུང་བླ་མ་མཆོག༔ ལུ་གུ་རྒྱུད་ཀྱི་སྐུ་རུ་ལྡང་༔ ངོ་བོ་གདངས་རྩལ་རྣམ་པའི་སྐུ༔ ཟེར་གྱི་སྐུ་དང་ཆ་ཤས་སྐུ༔ བསམ་གྱིས་མི་ཁྱབ་སྟོན་འཁོར་ཚུལ༔ སྐུ་གསུམ་དགུ་སྤྲུགས་ལྷ་ཚོགས་ནི༔ ཡེ་ཤེས་སྒྱུ་མ་ཡུལ་ལ་རོལ༔ ཧཱུྃ༔ གཉིས་མེད་རོལ་བའི་ཡེ་ཤེས་ལྷ༔ རྒྱང་ཞགས་ཕྱག་རྒྱས་ལྷ་མོ་བཞིའི༔ ཆོས་ཉིད་མངོན་སུམ་དཀྱིལ་འཁོར་དུ༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ ཏྲཾཿ རིན་ཆེན་ཟུར་བརྒྱད་ལ་སོགས་པའི༔ གཞལ་ཡས་ཆེན་པོ་དེ་བཞི་རུ༔ གདན་འཛོམ་སངས་རྒྱ་བཅོམ་ལྡན་འདས༔ ཉམས་སྣང་གོང་འཕེལ་ངང་དུ་བཞུགས༔ ཧྲཱིཿ གནད་གསུམ་ཆོས་ཉིད་འཁོར་ལོ་ཡིས༔ དེ་བཞིན་གཤེགས་པའི་གསང་མཛོད་བརྡོལ༔ ནན་ཏན་འདུན་པའི་འདྲེས་ཕྱག་གིས༔ ལོངས་སྐུའི་ཡོན་ཏན་ཚད་ལ་ཕེབ༔ ཨཱཿ ཆོས་ཅན་སྣང་བ་ཐམས་ཅད་ཀུན༔ ཆོས་ཟད་བློ་འདས་ངང་ལ་མཆོད༔ བློ་དབང་ཡུལ་རྟོག་འཁྲུལ་བ་ཟད༔ སྐྱེ་འཇུག་དབང་ཐོབ་དངོས་གྲུབ་སྩོལ༔ ཧོཿ སྣང་གསུམ་འཕོ་བའི་བག་ཆགས་ཀྱི༔ ཤེས་སྒྲིབ་ཕྲ་བ་རང་དག་པས༔ ཁྱད་ཆོས་དྲུག་དང་ལྡན་པ་ཡིས༔ གཞོན་ནུ་བུམ་སྐུའི་ཀློང་ལ་བསྟོད༔ རང་དོན་ཆོས་སྐུ་མངོན་གྱུར་ནས༔ གཞན་དོན་གཟུགས་སྐུ་རྣམ་གཉིས་ཀྱི༔ གང་ལ་གང་འདུལ་ཕྲིན་ལས་བཞིའི༔ འགྲོ་ཁམས་རྒྱ་མཚོ་དོང་སྤྲུགས་ཤོག༔ ཅེས་བརྗོད་ནས་འོད་གསལ་ཐོད་རྒལ་ཆེན་པོའི་བཟླས་པ་ལ་འཇུག་པར་བྱའོ༔ སློབ་བུ་དབང་གྲགས་གིས་བསྐུལ་ངོར་ག་གཱས་སོ། །

སྤོམ་གཏད་འུབ་ཆུབ་རོལ་མོ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཆོས་སྐོར་གྱི༔ སྤོམ་གཏད་འུབ་ཆུབ་རོལ་མོའི་ཏིང་འཛིན་ལས་འཕྲུལ་བ༔ ཡེ་ཤེས་སྤྱི་བླུགས་ཞེས་བྱ་བ་བཞུགས་སོ༔

ཧོ༔ རྒྱལ་བ་དགོངས་པའི་བརྒྱུད་པ༔ རིག་འཛིན་བརྡའ་ཡི་བརྒྱུད་པ༔ གང་ཟག་སྙན་ཁུང་གི་བརྒྱུད་པ༔ སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ༔ ཤོག་སེར་ཚིག་གི་བརྒྱུད་པ༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ༔ བཀའ་བབས་ལུང་བསྟན་གྱི་བརྒྱུད་པ༔ ཉམས་མྱོང་དམར་ཁྲིད་ཀྱི་བརྒྱུད་པ༔ ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་༔ ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་འཁོར་དང་བཅས་པ༔ མ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྒྱ་མཚོ་དང་༔ སྐྱབས་མཆོག་བསླུ་བ་མེད་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཐུགས་རྗེ་བྱིན་རླབས་ནུས་པའི་བདེན་པའི་སྟོབས་ཤུགས་ཀྱིས༔ དེང་སྐལ་ལྡན་རིག་པ་ཆེན་པོ་ ༼ འཛིན་པ་དཔྱད་ ༽ འདི་ལ༔ ཀུན་ཏུ་བཟང་པོའི་ཐུགས་ཀྱི་རིང་བསྲེལ༔ རྡོ་རྗེ་སེམས་དཔའི་དགོངས་ཀློང་མཐར་ཐུག༔ སེམས་དཔའ་རྡོ་རྗེའི་ཐུགས་ཀྱི་ཡང་བཅུད༔ དགའ་རབ་དཔའ་བོའི་གསང་མཛོད་ཆེན་མོ༔ ཨོ་རྒྱན་རྡོ་རྗེ་འཆང་གི་ཞལ་ལུང་༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཡང་སྙིང་བཅུད་དུ་དྲིལ་བ༔ མ་རིག་མུན་སེལ་གྱི་ཉིན་བྱེད༔ ཉོན་མོངས་གདུང་སེལ་གྱི་ཟླ་བསིལ༔ སྡིག་སྒྲིབ་འདགས་བྱེད་ཀྱི་ཁྲུས་ཆལ༔ སྡུག་བསྔལ་ནད་སེལ་གྱི་གསོས་སྨན༔ དགོས་འདོད་ཀུན་འབྱུང་གི་ནོར་བུ༔ དབང་བྱིན་དངོས་གྲུབ་ཀྱི་བུམ་བཟང་༔ བདེ་ཆེན་སྲོག་སྟེར་གྱི་བདུད་རྩི༔ སྲས་བཅས་རྒྱལ་བ་བསྐྱེད་པའི་ཡུམ་ཆེན་མོ༔ རིག་འཛིན་ནམ་མཁའ་འཇིགས་མེད་ཀྱི་དགོངས་གཏེར༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཆོས་གཏེར་ཐམས་ཅད་ཀྱི་བཅུད་ཐིག༔ ཐེག་པ་རིམ་པ་དགུའི་ཡང་རྩེ༔ ཐིག་ལེ་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་དོན་འགྲེལ་སྒྲོན་མ་གསལ་བའི་རྒྱན་དང་༔ ཡང་ཏི་གསེར་གྱི་འབྲུ་གཅིག༔ སྤྱི་ཏི་མཚོན་འཆའི་འཁོར་ལོ༔ ཨ་ཏི་སེམས་ཀློང་མན་ངག་གི་དོན་བསྡུས་དེ་ཉིད་གསལ་པའི་རྒྱན༔ རིག་འཛིན་སྡེ་སྣོད་བྱེ་བའི་དགོང་ཀློང་ལས་ཉོན་ཆུ་བོ་རྒྱུན་གཅོད་རྩ་བ་ཡན་ལག་དང་བཅས་པ་རྣམས་དང་༔ ཉི་མའི་སྙིང་པོའི་རྒྱུད༔ གཞན་ཡང་། ཨུ་པ་དེ་ཤའི་འགྲེལ་བ། ཟངས་ཤོག་ཅན་གྱི་འགྲེལ་བ། བསྒྲུབ་ཆེན་གྱི་ཞལ་བཀོད། ལྷག་གཏོར་བསྟན་གསུམ་བཤད་པ། སྒྲོན་མེའི་སྟོང་ཐུན། ཐུགས་སྒྲུབ་རྟོགས་པའི་སྣང་བ། ཕུར་དབང་ལྷན་ཐབས། ཁྲོ་ལོད་རྒྱུན་ཁྱེར། ཁྲོས་མ་དང་བྱིས་པ་ལྷ་ལྔ། མེ་མཆོད་དཔལ་བུམ། རིག་འདུས་དབང་མཆོག་བྱིན་རླབས་འོད་ཕྲེང་དབང་བཤད། མཆིད་ལྷན་རྡོ་རྗེའི་ཐོ་ཆེན། བླ་སྒྲུབ་ཐིག་ལེ་ཉག་གཅིག །སྔོན་འགྲོ་བྱང་ཆུབ་ལམ་སྒྲོན། ཁྱིའི་བསྟན་བཅོས། རིག་འཛིན་ཚོམ་བུ་འདུས་པའི་སྒྲུབ་པ། སྐུ་གསུམ་ཡེ་ཤེས་རྣམ་ངེས། རིག་པའི་ཐོལ་གླུ། གདུགས་དཀར་ལུས་དཀྱིལ། ཕུར་བའི་ལུས་དཀྱིལ་རྡོ་རྗེའི་ཕྲེང་བ། ཉོན་མོངས་ཐལ་འབྱིན་སོགས་ཕུར་བའི་ལུས་དཀྱིལ་གཉིས། ཐང་རྒྱལ་ལུས་དཀྱིལ། སྣང་མཐའི་ལུས་དཀྱིལ། རྟ་ནག རྩ་གསུམ་ལུས་དཀྱིལ། འཇམ་དཔལ་ལུས་དཀྱིལ། བླ་མ་ཡོངས་འདུས། གུར་དྲག་ལུས་དཀྱིལ། རིག་པ་ཡོངས་གཅོད། ལེགས་བཤད་རིན་ཆེན་བང་བཛོད། ལྟ་བ་དོན་གྱི་ཞེ་ཕུག བཏགས་གྲོལ་རྒྱབ་ཡིག་འདུ་བྱེད་རང་གྲོལ། བཟའ་བཏུང་ལམ་ཁྱེར། ཏིང་འཛིན་གསུམ་དོན། རྒྱན་གཉིས་དབང་ཆོག མཁན་ཆེན་གསོལ་འདེབས། ཕྲ་མོ་བཅོ་ལྔ། ཐུགས་རྗེ་མཚུངས་མེད། རང་སེམས་ཕུག་དེད། ཐོད་རྒལ་རྩ་ཡོད་ལུགས། སྤྱན་གཟིགས་སྣ་ཆེན་ངོར་གསུང་ཚིག་བཞི། བསམ་ལྷུན། འཆི་མེད་མཆོག་གྲུབ། ཉམས་སྣང་རང་གྲོལ། སྒྲོལ་མའི་ཐུགས་དང་གནད་བསྐུལ། ཚིག་འདས་ཀ་དག ཛམ་ལྷའི་བསྒྲུབ་ཐབས། ཛམ་ལྷའི་ཆུ་སྦྱིན། བྱ་ཁྱུང་ལུས་དཀྱིལ། རེ་ཏི་བསྡུས་པ། བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་མཛོད། མིག་འབྱེད། ཡོན་དགའི་སྐུ་འཕྲེང་གསོལ་འདེབས། ཤམ་བྷ་ལའི་སྨོན་ལམ། བཀའ་རབ་འབྱམས་དབང་བསྡུས། འཆི་མེད་མགོན་པོའི་གསོལ་འདེབས། རིག་བྱེད་ལུས་དཀྱིལ། གཟི་བརྗིད་རྒྱལ་པོ། བསྲེགས་བླུག་བཀྲ་ཤིས་རྒྱན་ཕྲེང་། འཇམ་དཔལ་རྩ་དཀྱིལ། འཇམ་དཔལ་བྱིན་རླབས་འོད་ཕྲེང་། འཇམ་དཔལ་དབང་ཆོག གསུར་ཆུ་སྦྱིན་གང་ཐད། སེམས་དོན་གནད་བསྡུས། འཕོ་བ་ཆོས་སྤྱོད་སྒྲོན། མཁན་ཆེན་བླ་མའི་རྣལ་འབྱོར༔ བླ་བསྒྲུབ་དག་སྣང་ཟབ་གསང་ཀློང་གྲོལ། བླ་བསྒྲུབ་དཀྱིལ་འཁོར་ཟ་མ་ཏོག བླ་མའི་གསོལ་འདེབས་བསྡུས་པ། སྨོན་ལམ་ཐེམ་སྐས། བླ་མའི་རྣལ་འབྱོར་དབང་གི་ཆུ་རྒྱན། མཁའ་འགྲོའི་དབང་བསྐུར་ཐབས་ཞགས། ཐོས་གྲོལ་དབང་བཤད། བླ་འགུགས། མིག་འབྱེད་ཡེ་ཤེས་མཐོང་ཕྱེད། དཀྱིལ་འཁོར་སྤྱི་འདུས་ཀྱི་སྲོག་འཁོར། འབྲུག་པའི་སྐུ་འཕྲེང་གསོལ་འདེབས། སྙིགས་དུས་རྒུད་སེལ་དང་ཆོས་གེགས་སེལ་བྱེད། རྒྱང་འབོད་ཐུགས་རྗེའི་སྣང་བ། གང་འདུལ་ཐབས་ཀྱི་གར་བསྒྱུར། འཆི་ཞགས་གཅོད་པའི་རལ་གྲི། ལྟ་བའི་རྒྱང་གླུ། ཚོགས་གླུ། དག་སྣང་རིན་ཆེན་སྒྲོམ་བུ། གཏེར་སྲུང་ཡིད་བཞིན་དབང་རྒྱལ་གྱི་སྐོར་དུམ་གཅིག །འདིར་བར་ལྷག་མ་ཅི་ཡོད་བཅུད། སངས་རྒྱས་སྟོང་དབང་། ཕྱག་འཚལ་རྒྱས་བསྡུས་གཉིས། ཆགས་ཆེན་འཁྲུལ་བཤིག ༈ འདི་དག་གི་མཚོན་པའི་ཆ་རྐྱེན་ཡོངས་སུ་རྫོགས་པ་ཐམས་ཅད་ཀྱི༔ དབང་ ༼ སྤྱིའི་བུམ་གསང་ཤེས་རབ་བཞི་བའི་མཆན། ༽ ལུང་༔ སྲོག་གཏད་དང་བཅས་པ་ཐམས་ཅད་ཐོབ་པར་བྱིན་གྱིས་རླབས་པར་མཛད་དུ་གསོལ༔ ཉིད་ལས་མི་གཞན་པའི་དབང་གི་ཆུ་བོ༔ ཐུགས་རྗེ་རང་བྱུང་གི་དབང་གི་ཆུ་བོ༔ ༼ དེ་ཉིད་གསལ་རྒྱན་ལ་བྱེ་དྲག་ཏུ་མཆན། ༽ཡེ་གནས་ཆེན་པོའི་དབང་གི་ཆུ་བོ༔ དཔའ་བོ་འབྲུ་ལྔའི་དབང་གི་ཆུ་བོ་བཞི་དང་༔ ༼ སྒྲོན་མ་གསལ་རྒྱན་ལ་མཆན། ༽ཁྱད་པར་དུ་ཡང་གསང་བླ་ན་མེད་པ་ཐིག་ལེ་ཉག་གཅིག་གི་སྲོས་བཅས༔ སྤྲོས་མེད༔ ཤིན་ཏུ་སྤྲོས་མེད༔ རབ་ཏུ་སྤྲོས་མེད་གྱི་དབང་མཆོག་ཡོངས་སུ་རྫོགས་པ་བསྐུར་བར་མཛད་དུ་གསོལ༔ གསང་སྔགས་ཆུ་བོ་བཞིའི་བཤད་བཀའ་མ་ལུས་པ་ཐོབ་པའི་བརྟུལ་ཞུགས་བསྐྱེད་དུ་གསོལ༔ ཁྱད་པར་དུ་འོད་གསལ་རྡོ་རྗེ་སྙིང་པོའི་རབ་འབྲིང་ཐ་མའི་དང་འཚམས་པའི་གྲོལ་བའི་གདམས་ངག་གསུམ་དང་༔ དམིགས་པ་ཡུལ་དང་༔ རིག་པ་རང་སྣང་གི་བློ་ཅན་གཉིས་ལ་དགོངས་པའི་བསྒོམ་དང་སྒོམ་བྱས་ཆོས་དང་༔ ལྟ་བའི་ཐབས་རྣམས་གཅིག་དུ་བསྟན་པ་དང་༔ གཞན་ཡང་མན་ངག་ཁྲིད་དང་༔ ངོ་སྤྲོད་ཚངས་སྤྲུགས་སུ་གདབ་པའི་ཚུལ་གྱིས་དབང་གི་སྨིན་ནས་མཆོག་ཡེ་ཤེས་ཀྱི་རྟོགས་པ་ཁྱད་པར་ཅན་བསྐྱེད་པར་བྱིན་གྱིས་བརླབ་ཏུ་གསོལ༔ གདམས་ངག་གི་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ༔ བཀའ་གཏད་འདི་ལ་བརྟེན་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་ལ་སོགས་རང་དོན་དུ་མཆོག་ཐུན་གྱི་དངོས་གྲུབ་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་དབང་ཞིང་༔ མཐར་ཐུག་རབ་ལོ་ཟླ་ཞག་གསུམ༔ འབྲིང་བདུན༔ ཐ་མ་ནའང་ལོ་བཅུ་གཉིས་ཀྱི་སངས་རྒྱས་ཀྱི་ས་དྲུག་མངོན་དུ་མཛད་དེ་ཀུན་ཏུ་བཟང་པོ༔ དབྱེར་བ་མེད་པའི་ས་ལ་བརྟན་ཅིང་ཅི་སྲིད་འགྲོ་ཁམས་རྒྱ་མཚོ་མ་སྟོང་གི་བར་དུ་རྒྱུན་ཆད་མེད་པར་སྤྲུལ་པ་རྣམ་པ་བཞིའི་འཁོར་བ་དོང་ནས་སྤྲུགས་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པའི་རྩལ་ཤུགས་དམ་པ་ཕྱུང་བར་མཛོད་དུ་གསོལ༔ ཅེས་པ་འདི་ཡང་མདོ་སྔགས་བཀའ་གཏེར་ཟུང་འཇུག་གི་བསླབ་གསུམ་དོན་གྱི་གནས་བརྟན་ཆེན་པོ་ཐུབ་བསྟན་འོད་ཟེར་གྱི་བཀའ་གསུང་སྤྱི་བོར་བླངས་ཏེ་སྨྲ་བ་པོ་ག་གཱ་ཨ་བྷྱེས་སོ། །དགེའོ། །དགེའོ། །དགེའོ། །

སྙན་གསན་འདོད་འཇོའི་བུམ་བཟང་།

ཀུན་འདུས་ནོར་ལུགས་སུ་སྙན་གསན་དབབས་པ་འདོད་འཇོའི་བུམ་བཟང་བཞུགས་སོ། །

ཨེ་མ་ཧོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་སྐུ་ཀུན་བཟང་གདོད་མའི་མགོན་པོ་བྱང་ཆུབ་ཀྱི་སེམས་རོ་མཉམ་རྫོགས་པ་ཆེན་པོའི་ངོ་བོ་ཉིད་དུ་ཡེ་ནས་འོད་གསལ་བའི་བདེ་ཆེན་ལས། ཁ་སྦྱོར་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་མཚན་དཔེ་རྒྱལ་ཚབ་རིགས་ལྔ་དང་། ཞི་ཁྲོ་དཔའ་བོ་མཁའ་འགྲོའི་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཚད་མེད་པའི་འཁོར་ལོའི་བསྒྱུར་བའི་གཟི་བྱིན་ཅན། དམིགས་པ་མེད་པའི་ཐུགས་རྗེ་མུ་མཐའ་ཡས་པ་ཇི་ལྟ་ཇི་སྙེད་མཁྱེན་པའི་ངོ་བོར་འབར་བ། སྲིད་ཞི་ཀུན་ཁྱབ་ཀྱི་ཕྲིན་ལས་ནམ་མཁའི་ཕ་མཐར་བརྡལ་ཁྱབ་ཡངས་པ་ཆེན་པོས་གང་འདུལ་ཐབས་ཚུལ་རོལ་གར་སྣ་ཚོགས་པར་བསྒྱུར་བས་འགྲོ་ཁམས་དོང་ནས་སྤྲུགས་ཅིང་། མཁྱེན་བརྩེ་ནུས་གསུམ་བྲལ་སྨིན་ཡོན་ཏན་རྒྱ་མཚོ་འབྱམས་ཀླས་པའི་དབང་ཕྱུག་མཆོག་ཏུ་གྱུར་བ། ཚུལ་རོལ་མཐོང་བ་ཐེ་ཚོམ་དང་ལོག་ལྟས་བློ་མིག་མ་དག་པ་ཅན་སྙིགས་མའི་འགྲོ་བ་ལས་ངན་པའི་བལྟས་སྔར་ཡང་སྐུ་གསུང་ཐུགས་ལ་ཉེས་སྐྱོན་གྱི་ཆ་ཙམ་ཡང་འདི་ཞེས་དམིགས་པ་དང་བྲལ་ཞིང་། བརྟན་དུལ་བློ་གྲོས་ལ་སོགས་ཐུན་མོང་པ་དྲུག་དང་། སྔགས་ཀྱི་སྦྱོར་བ་ཤེས་པ་ལ་སོགས་པ་ཁྱད་པར་གྱི་ཡོན་ཏན་དགུ་དང་ལྡན་པའི་མཚོན་མདོ་སྔགས་རྒྱུད་སྡེ་རྒྱ་མཚོ་ནས་གསུངས་པའི་དགེ་བའི་གཤེས་གཉེན་གྱི་མཚན་ཉིད་མ་ཚང་པ་མེད་པ། ཡོངས་རྫོགས་བསྟན་པའི་བདག་པོར་གྱུར་བས་རྩོལ་མེད་འགྲོ་འདུལ་སྤྲུལ་པའི་སྐུར་གོར་མ་ཆགས་ཤིང་། ལུས་ཅན་ཡོངས་ཀྱི་མགོན་པོ། བདག་ཅན་རྣམས་ཀྱི་འདྲེན་སྟོན་དམ་པར་གྱུར་བ། མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་སོགས་ཞེས་བསྡུ་ན། ཧོ་དགོངས་སུ་གསོལ། ལན་གསུམ། དུས་གསུམ་རྒྱལ་པའི་སྤྱི་གཟུགས། དཀོན་མཆོག་དགུ་སྤྲུག་གི་ངོ་བོ། ཐེག་གསུམ་དམ་ཆོས་ཀྱི་འབྱུང་གནས། འཕགས་པའི་དགེ་འདུན་གྱི་ཚོགས་དཔོན། དགུ་ལྡན་བརྒྱུད་པའི་བབས་སོ། །སྡེ་སྣོད་རྒྱུད་སྡེ་རྒྱ་མཚོའི་གཏེར་མཛོད། བསླབ་གསུམ་ཡོན་ཏན་གྱི་མཆོད་སྡོང་། མདོ་སྔགས་བསྟན་པའི་སྲོག་ཤིང་གཅིག་དུ་བརླིང་བ། ལུས་ཅན་སེམས་ཅན་ཡོངས་ཀྱི་རིང་ནས་མ་འདྲེས་པའི་བཤེས་གཉེན་ཆེན་པོ། བཀའ་དྲིན་འཁོར་མཐའ་དང་བྲལ་བ་བསྟན་པའི་བདག་པོ་རྡོ་རྗེ་འཆང་ཐུབ་དབང་བཅོམ་ལྡན་འདས་དངོས་དང་རྣམ་དབྱེར་མ་མཆིས་པ། མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ ༼ མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ ༽སྙན་གསན་ཅིང་དགོངས་སུ་གསོལ་ལོ། ༼ ཞེས་མདོ་སྔགས་གང་རུང་གི་མཚན་ཆེ་བ་བཞག་ལ། ༽ དེང་ལྟོས་བཅས་སྔོན་འབྲེལ་དམ་ཚིག་ཆེན་པོའི་གཡར་དམ་གྱིས་འཁྱུད་ཅིང་། སངས་རྒྱས་དངོས་མཐོང་གི་མོས་གུས་ཟོལ་ཟོག་དང་བྲལ་བས། སློབ་པ་ལམ་གྱི་དམ་བཅའ་གཉན་པོ་བསྐུལ་ཞིང་གསོལ་བ་གདབ་པ་ནི། སྦྱིན་བདག་ ༼ ཆཻགེམོ ༽ འདིས་སྐྱབས་རྟེན་འདི་ཕུལ་བས་ ༼ སམ། དགེ་བསྒྲུབ་སྡིག་སྤངས་ཀྱི་ ༽ཁས་ལེན་འདི་ལྟ་བུ་ལ་བརྟེན་ནས། རྒྱལ་བའི་བསྟན་པ་ཕྱོགས་དང་རིས་སུ་མ་ཆད་པ་གནས་དུས་ཀུན་དུ་དར་ཞིང་རྒྱས་ལ་ནུབ་པ་མེད་པ་དང་། དེ་ཉིད་འཛིན་སྐྱོང་སྤེལ་བའི་བླ་མ་དམ་པ་དགེ་བའི་བཤེས་གཉེན་རྣམས་ཀྱི་དགོངས་བཞེད་སྐུ་ཚེ་མཛད་འཕྲིན་ཐམས་ཅད་ལ་གེགས་དང་ཉེར་འཚེ་མཐའ་དག་མི་འབྱུང་བར་ཡར་ངོས་ཟླ་བ་ལྟར་གོང་དུ་འཕེལ་ཞིང་རྒྱས་པ་དང་། ཆོས་གྲྭ་ཆེན་པོ། ༼ བསམ་གཏན་འཕེལ་རྒྱས་གླིང་། ༽ འདིས་མཚོན་ཕྱོགས་བཅུའི་དགོན་གནས་གཙུག་ལག་ཆོས་འཁོར་དབེན་གནས་གཉན་པོ་ན་བཞུགས་པའི་འདུས་སྡེ་ཐམས་ཅད་ལྟ་གྲུབ་མི་མཐུན་པ་སོགས་རྩོད་འཁྲུགས་མེད་པར་ཡང་དག་པའི་ལྟ་བ་ཐོབ་ཅིང་། ལས་ཉོན་བདུད་ཀྱི་ལས་ཐམས་ཅད་ལས་གྲོལ་ཞིང་། བསླབ་སྡོམ་དམ་ཚིག་གཙང་མའི་ཚུལ་ལ་གནས་པ་དང་། ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ། ཀློག་སྤོངས་ལས་གསུམ་གྱི་འཁོར་ལོའི་བསྟན་པའི་རྒྱལ་མཚན་སྲིད་པའི་རྩེ་རུ་བསྒྲེང་ཞིང་། བསྟན་ལ་གནོད་པའི་དགྲ་འདྲེ་དམ་སྲི་ཀླ་ཀློའི་སྡེ་རིས་སུ་གཏོགས་པའི་གཟུགས་ཅན་གཟུགས་མེད་མ་ལུས་པའི་མཐུ་སྟོབས་ནུས་པ་ཚར་བཅད་རྡུལ་དུ་བརླག་པར་མཛོད་ཅིག འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། དུས་འཁྲུགས་མཚོན་བསྐལ་མུ་གེ་སད་སེར་བཙའ་ཐན་ལོ་ནད། ནད་རིམས་ཡམས་ནད་གོད་ཁ་སྡུག་བསྔལ་མི་འདོད་པ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་རྨེག་མེད་དུ་ཞི་བཟློག་གཞོམས་ནས་ཕྱིན་ཆད་མིང་ཙམ་ཡང་མི་གྲགས་པར་གྱུར་བ་དང་། གནས་སྐབས་སུ་སྣོད་བཅུད་ཀྱི་དགེ་མཚན་འཕེལ་ནས། མཐོ་རིས་ཀྱི་ཡོན་ཏན་བདུན་དང་ཁ་རྗེ་དབང་ཐང་རླུང་རྟ་བླ་གཟའ་བསོད་ནམས་སྙན་གྲགས་ལ་སོགས་པ་བསམ་དགུ་དང་སྨོན་བཅུ་ཐམས་ཅད་འབད་མེད་ལྷུན་གྱིས་འགྲུབ་པ་དང་། མཐར་ཐུག་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ཏེ་མྱུར་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་རིགས་བདག་བླ་མ་རིན་པོ་ཆེའི་ཐུགས་དབྱིངས་སུ་དབྱེར་མེད་རོ་གཅིག་པར་གྲོལ་བར་མཛད་དུ་གསོལ།

བླ་སྤྲུལ་རྣམས་ཀྱི་ཞབས་བརྟན་ལྟ་བུ་སོགས།

བླ་སྤྲུལ་རྣམས་ཀྱིས་ཞབས་བརྟན་ལྟ་བུ་ལ། དེང་འགྲོ་བ་ཡོངས་ཀྱི་འདྲེན་སྟོན་བླ་མ་དམ་པ་ ༼ ཞེས་པའི་མཚན་བཅུག་པའམ། ཡང་ན་ ༽ འདི་ཞེས་བྱ་བའི་སྒྱུ་འཕྲུལ་རྒྱན་གྱི་རོལ་མོ་སྤྲུལ་པའི་སྐུ་ ༼ ཞེས་མཚན་བཅུག་ ༽ཞེས་བྱ་བས་གསང་བ་གསུམ་གྱི་སྤྱོད་ཡུལ་མཁའ་ལྟར་འབྱམས་ཀླས་པའི་བརྟུལ་ཞུགས་ལ། གཟུགས་ཅན། གཟུགས་མེད། དགྲ་བགེགས། དམ་ཉམས། དམ་སྲི། འགབ་འདྲེ། དམ་ལོག ལོག་སྒྲུབ་མཁན་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་ཏུ་བརླག་ནས། སྐུ་ལ་བྲོ་ཚ་བ་དང་། སྐུ་ཚེ་དང་མཛད་འཕྲིན་ལ་བར་ཆད་མི་འབྱུང་བར། དམ་པའི་ཚུལ་དགུའི་རྒྱལ་བསྟན་སྣང་བར་མཛད་པ་དང་། དབང་དང་རྒྱུད་ལུང་མན་ངག་གི་ཆུ་རྒྱུན་གྱིས་འདུལ་བཞིའི་སྐྱེ་དགུར་མཉེས་གཤིམས་བརྩེ་བ་ཆེན་པོའི་གཟིགས་པས་དམ་དུ་འཁྱུད་པའི་ངང་ནས་ཞབས་པད་རྡོ་རྗེ་བཞིའི་ངོ་བོར་འཚོ་ཞིང་བཞེས་པའི་འཕྲིན་ལས་དམ་པ་མཛད་དུ་གསོལ། དགོན་སྡེ་ལ་སྐྱབས་འཇུག་ཞུ་ན། དོ་གལ་བསྟན་པའི་གཞི་མལ་དགོན་གང་ཡིན་གྱི་མཚན་བཅུད་ལ། འདུས་སྡེ་རིན་པོ་ཆེ་འདིས། དམ་ཆོས་བྱང་ཆུབ་བསྒྲུབ་པ་ལ། བར་དུ་གཅོད་པའི་དགྲ་བགེགས་ཀྱི་གནོད་སྦྱོར། འཇིག་རྟེན་ཆོས་བརྒྱད་ཀྱི་བསླུ་བྲིད། མེ་ཏོག་མདའ་ཅན་གྱི་ཕོ་ཉ། བསླབ་པ་གསུམ་ལ་ཉེ་ཞོ་རྩོམ་པ་ཐམས་ཅད་ཞི་བ་དང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་འཕགས་པའི་ནོར་བདུན་གྱི་ཕྱུག་ཅིང་། ཆོས་དང་མཐུན་པའི་རྐྱེན་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་པའི་ཚོགས་གཉིས་ཡོངས་སུ་རྫོགས་ནས། དོན་གཉིས་མཐའ་རུ་ཕྱིན་པའི་ཕྲིན་ལས་དམ་པ་མཛད་དུ་གསོལ། རྒྱལ་བློན་སོགས་ལ། བྱེ་བྲག་དུ་སྐྱབས་གནས་དཀོན་མཆོག་ལ་བཅོལ་ཞིང་། ཡང་དག་པའི་ལྟ་བ་ལ་དད། བློ་ཕུག་ཆོས་ལ་གཏད་ཅིང་། ཡ་རབ་ཀྱི་སྤྱོད་གསུམ་དང་། མི་ཆོས་གཙང་མ་བཅུ་དྲུག་གིས་མངའ་རིས་སྐྱོངས་བའི་རྒྱལ་རིགས་མིང་། བློན་པོ་མིང་གཙོ་བོ་མིང་། གྲོས་དབང་མིང་འདི་ཞེས་བགྱི་བ་ཚེ་བསོད་དཔལ་ཡོན། མངའ་ཐང་། སྟོབས་འབྱོར་ལ་གནོད་ཅིང་འཚེ་བ་ཐམས་ཅད་ཀྱིས་གནོད་སེམས། གདུག་རྩུབ། བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛད་ནས། བདེ་དགའ་རྒྱ་མཚོའི་དཔལ་ཕུན་སུམ་ཚོགས་པའི་ཡུལ་ཁམས་ཆོས་བཞིན་དུ་སྐྱོངས་ཞིང་རྫོགས་ལྡན་དང་པོའི་དགའ་སྟོན་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྲིན་ལས་དམ་པ་མཛད་དུ་གསོལ། ཡུལ་སྡེ་དང་དུད་ཚང་ལྟ་བུ་ལ། དེང་དཀོན་མཆོག་གསུམ་ལ་བླ་མར་བྱེད་པ། འདུན་ཕུག་ཆོས་ལ་དཀར་བ། དད་གུས་འཕོ་འགྱུར་མེད་པའི་ཡོན་བདག་འདི་ཞེས་པའམ་སྡེ་རིས་འདི་ཞེས། བྱ་བ་ལ་མི་མཐུན་པའི་ཕྱོགས། མི་འདོད་པའི་ཉེ་བར་འཚེ་བ། ནད་དང་གནོད་པ། རྐྱེན་དང་བར་ཆད། དགྲ་ཇག་ཆོམ་རྐུན། རྨང་སྡུག་དབུལ་གསུམ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་པ་དང་། ཆོས་སྲིད་ཚེ་བསོད་བདེ་སྐྱིད་ཁ་རྗེ་དབང་ཐང་སྙན་གྲགས་ལོངས་སྤྱོད་བཙན་ཕྱུགས་འཕན་དར་ཕུན་སུམ་ཚོགས་པའི་དབང་དང་སྐལ་བ་ལ་ལོངས་སྤྱོད་པའི་ཕྲིན་ལས་དམ་པ་མཛད་དུ་གསོལ། ཡང་ནད་པ་ལ་ཞུ་ན། མི་ཁྱིམ་འདི་ཚང་གི་ནད་པ་ ༼ ཆཻགེམོ ༽འདི་ལ་མ་རིག་པའི་རྩ་བ་ཅན་རྒྱུ་དུག་གསུམ་ལས་བྱུང་བའི་ཉེས་གསུམ་གྱི་དུ་ཁ། ལྟར་སྣང་འཕྲལ་གྱི་ནད། ཡོངས་གྲུབ་ཚེའི་ནད། ཀུན་བཏགས་གདོན་གྱི་ནད། གཞན་དབང་སྔོན་ལས་ཀྱི་ནད་དེ། ནད་རིགས་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོག་སུམ་བརྒྱ་དྲུག་བཅུ། གློ་བུར་དགུ་བཅུ་རྩ་གཅིག དུས་མིན་འཆི་བ་རྣམ་བརྒྱད་ལ་སོགས་ཚེའི་བར་ཆད་མི་མཐུན་པའི་ཕྱོགས་ངན་པ། ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ་ཐམས་ཅད་ལས་རྒྱལ་ཞིང་བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་པའི་སྐལ་བ ༼ བདུད་འཇོམས་ཞལ་གསུངས་ ༽དམ་པ་དང་ལྡན་པའི་ཕྲིན་ལས་༴ མགྲོན་པོ་ལ། ཁྱད་པར་དུ་བྱེས་སུ་བསྒྲོད་པ་མིང་འདི་དག་གི་ལམ་འཕྲང་གཉན་པོ་འགྲིམ་པའི་འགགས་ལ་འཇིག་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པའི་ལམ་དགྲ མི་ཕྱུགས་རྐང་འགྲོ་ལ། ནད་ཡམས། གོད་ཁ། མི་ཆེན་གྱི་ལོག་ཕོག་སོགས་མི་འདོད་པ་སྣ་ཚོགས་མི་འབྱུང་ཞིང་། ཆོས་དང་མི་འགལ་བའི་བསམ་དོན་ཐམས་ཅད་འབད་མེད་ཡིད་བཞིན་དུ་འགྲུབ་ནས་རང་ཡུལ་ལ་འཁོད་དེ་གཉེན་དང་ལྷན་གཅིག་ཏུ་གདའ་བའི་ཕྲིན་ལས་༴ གྱོད་དོན་ལ། ཞུ་སྙིང་བླ་མ་དཀོན་མཆོག་ལ་སྐྱབས་བཅོལ་བ་པོ་མིང་འདི་ཞེས་བགྱི་བས། ཡུལ་གོང་མ་རྒྱལ་བློན་སོགས་ལ་ཞུ་བའི་སྤོབས་པ་ཐོབ། རང་གི་ཚིག་བཙུན། བདེན་པའི་ཤགས་འགྱེད་པའི་རྒྱལ་ཁ་ཐོབ། མ་ཉེས་པའི་ཡ་ག་གླེངས་འདེབས་ལས་དྲང་པོའི་ལམ་དུ་བྱིན་ནས། འཁོན་པ་འདུམ། ཕྱིན་ཆད་ཀྱི་བསམ་སྦྱོར་ངན་པ་རྒྱུན་ཆད་མཛའ་གཅུགས་གི་དངས་མར་གྱུར་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་འཁྲུངས་པའི་ཕྲིན་ལས་༴ གཤིན་པོ་ལ། ཚེ་ལས་འདས་པ་འདས་མ་ ༼ མིང་ཞེས་ ༽ འདི་ཉིད་ཀྱི་སྐྱབས་དང་སྐྱེལ་མ་མགོན་དང་དཔུང་གཉེན་ཁྱེད་ལ་བཅོལ་བ་ལགས་ན། ཚེ་རབས་ཀྱི་ལས་ཉོན་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་མཛད་དུ་གསོལ། བར་དོའི་འཁྲུལ་སྣང་འཇིག་སྐྲག་ཐམས་ཅད་ཞི་ནས། ལམ་སྣ་དང་སུན་མ་མཛད་དེ། རབ་ཕྱིར་མི་ལྡོག་པའི་ས་ལ་གཞོལ་བ་དང་། འབྲིང་རྣམ་དག་དབུགས་ཆེན་འབྱིན་པའི་ཞིང་ཁམས་སུ་སྐྱོལ་བའི་མཐུ་དཔུངས་སྟོབས་ཤུགས་ཕྱུང་བ་དང་། ཐ་མ་ནའང་གནས་སྐབས་སུ་དལ་འབྱོར་གྱི་ཡོན་ཏན་སུམ་ཅུ་རྩ་བཞི་དང་ལྡན་པའི་མི་ལུས་ཆོས་དང་ལྡན་པ་ཐོབ་ཅིང་། ཡང་དག་པའི་དགེ་བའི་བཤེས་གཉེན་ཁྱེད་ཀྱི་ཞབས་པད་ཟིན་པ་དང་། ཚེ་གང་ཆོས་ལ་སྤྱོད་པའི་ཆོས་དོན་མངོན་པར་རྟོགས་ནས་སྙིང་པོའི་དོན་བསྒྲུབ་པའི་སྲིད་པའི་རྒྱ་མཚོ་ཆེན་པོ་ལས་བརྒལ་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱལ་མཆོག་ཁྱེད་ཀྱི་ཐུགས་ཀློང་དང་དབྱེར་མེད་པར་སངས་རྒྱས་ཐོབ་པའི་ཕྲིན་ལས་དམ་པ་མཛད་དུ་གསོལ། ཅེས་པ་འདིའང་བརྟན་མཁས་བཟང་བཙུན་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་བསྟན་འོད་ཟེར་གྱིས་བཀའ་ལ་གདོང་ཟླ་མ་ཕོད་པར། ག་གཱ་ཨ་བྷྱེས་གཅོས་གཏམ་ཆད་ཆོད་དུ་སྨྲས་པ་དགེའོ། མངྒ་ལཾ།

བསྐལ་བཟང་རྣམ་འདྲེན་སྟོང་གི་ཕྱག་འཚལ།

བསྐལ་བཟང་རྣམ་འདྲེན་སྟོང་ལ་ཕྱག་འཚལ་བའི་རིམ་པ་འཁོར་བ་དོངས་སྤྲུག་ཞེས་བྱ་བ་བཞུགས་སོ། །

གཡོ་སྒྱུ་ཟོལ་ཟོག་མེད་བརྟན་བློའི༔ ཡེངས་མེད་གདུང་ཤུགས་གུས་པ་ཡིས༔ ཡོན་ཏན་ཐུགས་བསྐྱེད་སྐུའི་རྣམ་པ༔ མངོན་གསུམ་གསལ་བས་འདི་བརྗོད་བྱ༔ ཨེ་མ་ཧོ༔ ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ཡི༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལས༔ དུས་གསུམ་སངས་རྒྱས་རྣམ་རོལ་ཅིར་ཡང་བསྒྱུར༔ ཕྱོགས་བཅུའི་རྣམ་འདྲེན་ཚོགས་ལ་ཕྱག་འཚལ་ལོ༔ གངས་ཆེན་རིགས་ལྔའི་ཞིང་ཁམས་བཀོད་པ་ནི༔ ཆོས་ཀྱི་དབྱིངས་མཉམ་ཕ་མཐའི་ཐུག་མིན་དུ༔ གདུའ་བྱའི་དོན་མཛད་མངའ་དབང་རྫོགས་པ་ཡི༔ སྐུ་གསུམ་ལྷུན་གྱིས་གྲུབ་པ་ལ་ཕྱག་འཚལ༔ ཁྱད་པར་རྣམ་པར་སྣང་མཛད་ཆེན་པོ་ཡི༔ སྐུ་ལ་རྫོགས་པའི་ཞིང་ཁམས་མི་འཇེད་དུ༔ ཐུགས་རྗེ་སྤྲུལ་པའི་སྒྲོན་མེ་རྣམ་པར་བཀོད༔ བསྐལ་བཟང་རྒྱན་མཆོག་རྣམས་ལ་ཕྱག་འཚལ་ལོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ན་མོ་ཧོ༔ ཧཱུྃ༔ རྡོར་འཆང་མི་འཁྲུགས་འཇིགས་སྐྱོབས་རྣམ་རོལ་བརྩེ༔ དྲུག་པ་སྟོབས་ལྡན་ཁྲོས་རྒྱལ་གསེར་འོད་དམ༔ རོལ་བློ་འོད་སྲུང་མངོན་རྫོགས་ཤཱཀྱ་ཐུབ༔ རྫོགས་ཆེན་སྟོན་པ་བཅུ་གཉིས་ལ་ཕྱག་འཚལ༔ ཨོཾ༔ འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་༔ ཤཱཀ་ཐུབ་བྱམས་མགོན་སེང་གེ་རབ་གསལ་ཐུབ༔ བདེ་གཤེགས་མེ་ཏོག་མེ་ཏོག་གཉིས་པ་སྟེ༔ བསྐལ་བཟང་སངས་རྒྱས་དེ་དག་ལ་ཕྱག་འཚལ༔ སྤྱན་ལེགས་དེད་དཔོན་ལག་ཆེན་སྟོབས་པོ་ཆེ༔ རྒྱུ་སྐར་རྒྱལ་པོ་རྩི་སྨན་སྙན་པའི་ཏོག༔ འོད་ཆེན་གྲོལ་བའི་ཕུང་པོ་རྣམ་སྣང་མཛད༔ རབ་རིབ་མི་མངའ་དེ་དག་ལ་ཕྱག་འཚལ༔ ཉི་མའི་སྙིང་པོ་ཟླ་བ་འོད་འཕྲོ་དཔལ༔ འོད་བཟང་མྱ་ངན་མེད་མཆོག་སྐར་མའི་རྒྱལ༔ རབ་གསལ་ཕྲེང་ཐོགས་ཡོན་ཏན་འོད་དོན་གཟིགས༔ ལྷ་ཡི་ལྷ་མཆོག་དེ་དག་ལ་ཕྱག་འཚལ༔ མར་མེ་མཐུ་ལྡན་སྨན་པ་དེས་པ་དཔལ༔ མཛོད་སྤུ་བརྟན་རབ་ལྡན་དང་ལྷ་ཡི་དཔལ༔ གདུལ་དཀའ་ཡོན་ཏན་རྒྱལ་མཚན་སྒྲ་གཅན་མཚན༔ འཇིག་རྟེན་ཉི་མ་དེ་དག་ལ་ཕྱག་འཚལ༔ ཚོགས་ཅན་ཚངས་དབྱིངས་ཚིག་བརྟན་མི་འགྱིང་བ༔ འོད་མཛད་ལྷུན་པོ་རྡོ་རྗེ་སྡོམ་པ་ཅན༔ མི་བསྙེངས་པ་དང་སངས་རྒྱས་རིན་པོ་ཆེ༔ སྐྱེས་མཆོག་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ པད་སྤྱན་སྟོབས་སྡེ་མེ་ཏོག་འོད་ཟེར་མཚན༔ ཡེ་དགྱེས་གཟི་ཆེན་ཚངས་པ་འོད་དཔག་མེད༔ ཀླུས་སྦྱིན་བརྟན་པར་གཤེགས་དང་དོན་ཡོད་མཐོང་༔ རྐང་གཉིས་མཆོག་གྱུར་དེ་དག་ལ་ཕྱག་འཚལ༔ བརྩོན་སྦྱིན་བཟང་སྤྱོད་དགའ་བོ་འཆི་མེད་དཔལ༔ སེང་གེའི་རྒྱལ་མཚན་རྒྱལ་བ་ཆོས་ལྡན་དཔལ༔ མཆོག་དགའི་རྒྱལ་པོ་ཁ་ལོ་སྒྱུར་དགྱེས་གཤེགས༔ སྨན་པའི་མཆོག་གྱུར་དེ་དག་ལ་ཕྱག་འཚལ༔ ཆུ་ལྟ་ཡོན་ཏན་ཡན་ལག་སྤོས་ཀྱི་གླང་༔ རྣམ་གཟིགས་འབྲུག་སྒྲ་ལེགས་སེམས་ཡིད་བཟང་དཔལ༔ དྲི་མ་མེད་དང་ཟླ་བ་གྲགས་ཆེན་པོ༔ དྲི་མེད་རྡུལ་བྲལ་དེ་དག་ལ་ཕྱག་འཚལ༔ གཙུག་ན་ནོར་བུ་དྲག་ཤུལ་སེང་གེའི་སྟབས༔ ལྗོན་པ་རྣམ་རྒྱལ་ཤེས་རབ་བརྩེགས་ལེགས་གནས༔ བློ་གྲོས་ཡན་ལག་སྐྱེས་དང་བློ་མཐའ་ཡས༔ མི་ཡི་སེང་གེ་དེ་དག་ལ་ཕྱག་འཚལ༔ གཟུགས་བཟང་མཁྱེན་ལྡན་འོད་ཟེར་བརྟུལ་ཞུགས་བརྟན༔ བཀྲ་ཤིས་བདེན་ཏོག་པདྨ་སྲེད་མེད་བུ༔ ལག་བཟང་ཡེ་ཤེས་འབྱུང་གནས་ཞེས་བྱ་སྟེ༔ འཇིག་རྟེན་སྒྲོན་མ་དེ་དག་ལ་ཕྱག་འཚལ༔ ཡོན་ཏན་འོད་འཕྲོ་ཚངས་བྱིན་རིན་ཆེན་འབྱུང་༔ ལྷ་ཡི་མེ་ཏོག་དོན་སེམས་ཆོས་དབང་ཕྱུག༔ བློ་གྲགས་སྤོབས་བརྩེགས་རྡོར་རྒྱལ་ཕན་པར་བཞེད༔ ཆོས་ཀྱི་རྒྱལ་པོ་དེ་དག་ལ་ཕྱག་འཚལ༔ རྣམ་པར་རོལ་ལྡན་མུན་བྲལ་སྒྲ་གཅན་ལྷ༔ རི་རྒྱལ་ཚོགས་ཅན་འོད་དང་རིན་ཆེན་སྙིང་༔ མཐོར་གཤེགས་སྐར་རྒྱལ་རུ་རིང་ཡོན་ཏན་གྲགས༔ སྨྲ་བའི་ཟླ་བ་དེ་དག་ལ་ཕྱག་འཚལ༔ འོད་ལྡན་ཉི་ཟླ་ཉི་འོད་སྐར་མཁན་མཚན༔ སེང་ཏོག་དུས་མཁྱེན་དཔལ་སྙིང་སྲིད་མཐའ་གཟིགས༔ གློག་འོད་གསེར་གྱི་རི་བོ་སེང་གེའི་བྱིན༔ ལྷ་མའི་སྟོན་པ་དེ་དག་ལ་ཕྱག་འཚལ༔ གཞན་ལས་རྒྱལ་མཚན་མཆོག་གྲགས་བརྩོན་འགྲུབ་བརྟན༔ གྲགས་རྫོགས་བསྙེངས་བྲལ་མཆོད་འོས་སྒྲོན་མ་ཆེ༔ འཇིག་རྟེན་འོད་དང་སྤོས་ཞིམ་ཡོན་ཏན་མཆོག༔ དྲན་པའི་གདུང་སེལ་དེ་དག་ལ་ཕྱག་འཚལ༔ མུན་བྲལ་སེང་གེའི་འགྲམ་དང་རིན་ཆེན་གྲགས༔ སྐྱོན་ཞི་བདུད་རྩི་འཆང་དང་མི་ཡི་ཟླ༔ གཟིགས་པ་རབ་བརྒྱན་ནོར་འོད་རི་བརྩེགས་ཏོག༔ འཇིག་རྟེན་མགོན་པོ་དེ་དག་ལ་ཕྱག་འཚལ༔ ཆོས་ཀྱི་འབྱུང་གནས་ཚིམས་སྦྱིན་རིན་ཆེན་འབྱུང་༔ སྐྱེ་དབང་མཚུངས་དང་སྟབས་གཤེགས་བློ་གནས་དང་༔ གདུགས་མཛེས་གཙོ་བོ་འཕགས་དཔལ་སེང་གེའི་སྒྲ༔ བཅོམ་ལྡན་རྒྱལ་བ་དེ་དག་ལ་ཕྱག་འཚལ༔ རྣམ་པར་རོལ་ལྡན་ཀླུ་འོད་མེ་ཏོག་རི༔ ཀླུ་དགའ་སྤོས་དབང་གྲགས་པ་སྟོབས་ཀྱི་ལྷ༔ ཡོན་ཏན་ཕྲེང་ལྡན་ཀླུ་ལག་མིག་བརྒྱན་མཆོག༔ འཇིག་རྟེན་མཆོག་མ་དེ་དག་ལ་ཕྱག་འཚལ༔ ལེགས་པར་སྦྱངས་བློ་ཟིལ་གནོན་ཡེ་ཤེས་དང་༔ མཐའ་སྤྱན་བདེན་གསུང་ཉི་འོད་ངེས་པའི་བློ༔ གཟུགས་མཆོག་རྣམ་སྣང་ནོར་ཏོག་ཐེ་ཚོམ་སྤངས༔ ཐམས་ཅད་མཁྱེན་པ་དེ་དག་ལ་ཕྱག་འཚལ༔ འཇིག་རྟེན་འདས་དང་དོན་གནོན་རྟོགས་པར་མཛད༔ མེ་ཏོག་རྒྱལ་མཚན་རི་རྒྱལ་གཟི་བརྗིད་ཆེ༔ དོན་གཟིགས་གྲགས་མཐའ་ནོར་ལྷ་དོན་གནས་མཁྱེན༔ ཀུན་ཏུ་བཟང་པོ་དེ་དག་ལ་ཕྱག་འཚལ༔ བློ་ཡོངས་རྫོགས་དང་མྱ་ངན་མེད་དྲི་བྲལ༔ ཚངས་ལྷ་ས་དབང་མེ་ཏོག་སྤྱན་རྣམ་འབྱེས༔ ཚེས་འོད་ཀུན་གཟིགས་ཡོན་ཏན་འོད་རབ་གསལ༔ སྟོབས་བཅུ་མངའ་པ་དེ་དག་ལ་ཕྱག་འཚལ༔ ཟླ་ཞལ་རིན་ཆེན་འོད་དང་རིན་ཆེན་ཏོག༔ གྲགས་པའི་བླ་མ་འོད་བྱེད་གཟི་བརྗིད་མཆོག༔ དུས་མཁྱེན་སེང་སྐུ་མཁས་བློ་རྒྱལ་བར་དཀའ༔ མངོན་ཤེས་དྲུག་ལྡན་དེ་དག་ལ་ཕྱག་འཚལ༔ ཡོན་ཏན་ཕུང་པོ་ཟླ་ཏོག་མཐུ་ཐོབ་དཔལ༔ མཐུ་རྩལ་མཐའ་ཡས་ཟླ་བ་དྲི་མ་མེད༔ དོན་གཟིགས་དཔའ་བོ་འབྱོར་ལྡན་བསོད་ནམས་མཚན༔ འཁོར་འདས་མངའ་བདག་མཆོག་རྣམས་ལ་ཕྱག་འཚལ༔ སྒྲོན་མ་ཡོན་ཏན་འོད་འཕྲོ་བློ་ཡངས་དང་༔ ལེགས་སྐྱེས་ནོར་ལྷ་ཡིད་གཉིས་སྤོང་འཛིན་པ༔ དཔག་མེད་མཆོག་སྲིད་ཚོམས་མེད་མི་གནས་པ༔ དཔལ་སྟུག་བདུད་འདུལ་དེ་དག་ལ་ཕྱག་འཚལ༔ བདེ་གནས་ཚོགས་ཅན་གཙོ་བོ་འགྲོའི་འོད་ཟེར༔ ཕལ་ཆེན་རྒྱལ་བ་གཟི་བརྗིད་མཐའ་ཡས་དཔལ༔ དོན་བློ་སྨན་རྒྱལ་ཐ་སྤངས་རིམས་ནད་མེད༔ སྐྱེས་བུའི་ཁྱུ་མཆོག་དེ་དག་ལ་ཕྱག་འཚལ༔ ལེགས་བྱིན་གྲགས་བྱིན་མེ་ཏོག་བྱིན་དང་ནི༔ སྐྱེས་བྱིན་རྡོ་རྗེ་སྡེ་དང་ཕལ་ཆེན་བྱིན༔ ཞི་བློ་སྤོས་གླང་སྲེད་མེད་བུ་དེས་པ༔ རྣམ་འདྲེན་ཆོས་རྗེས་དེ་དག་ལ་ཕྱག་འཚལ༔ མི་ཚུགས་ཉི་ཟླ་གློག་ཏོག་མཆོད་དཔལ་སྦས༔ ཡེ་ཤེས་ཉི་མ་དོན་འགྲུབ་ལྷུན་པོ་བརྩེགས༔ དགྲ་འདུལ་དཔལ་དང་པདྨ་དམ་པའི་དཔལ༔ རྣམ་འདུལ་མཛད་པ་དེ་དག་ལ་ཕྱག་འཚལ༔ དགྲ་བཅོམ་གྲགས་པ་ཡེ་ཤེས་འགྲོས་དང་ནི༔ ཉོན་བྲལ་འདམ་བུ་སྦོས་བཟང་ཡུལ་འཁོར་རངས༔ ལྷ་གྲགས་སྲིད་མཐའ་གཟིགས་དང་ཟླ་སྒྲ་གཅན༔ ཁྱབ་བདག་ཀུན་མཁྱེན་དེ་དག་ལ་ཕྱག་འཚལ༔ རིན་ཟླ་སེང་གེའི་རྒྱལ་མཚན་བསམ་གཏན་དགྱེས༔ རྫོགས་ལྡན་རྣམ་རོལ་ཡོན་ནོར་དགྲ་བཅོམ་གྲགས༔ པད་ངོས་མཛོད་སྤུ་ལྡན་དང་སྤོབས་པ་གྲགས༔ ལེགས་གསུངས་མཛད་པ་དེ་དག་ལ་ཕྱག་འཚལ༔ རྡོ་རྗེ་ནོར་བུ་ཚེ་དཔག་མེད་ནོར་བཀོད༔ དབང་ཆེན་ཡོན་འབྱུང་ལྷུན་གྲགས་འོད་ཟེར་བཅུ༔ མ་སྨད་གླང་པོའི་འགྲོས་དང་ཡིད་འཐད་དཔལ༔ ཆོས་ཀྱི་དབང་ཕྱུག་རྣམ་ལ་ཕྱག་འཚལ་ལོ༔ རིན་ཆེན་ཟླ་བ་ཞི་བ་རབ་ཏུ་གསལ༔ ཁ་ལོ་སྒྱུར་དང་དགའ་དབང་གཙུག་རིན་ཆེ༔ བསྙེངས་བྲལ་རིན་སྙིང་ཟླ་ཞལ་དྲི་མེད་གྲགས༔ ཞི་བའི་བདག་ཉིད་དེ་དག་ལ་ཕྱག་འཚལ༔ ཞི་བའི་གཟི་བརྗིད་དགའ་ཏོག་སྒྲ་གཅན་ལྷ༔ ན་ཚོད་བཟང་པོ་ལྷ་དགའ་རིན་ཆེན་ཕུང་༔ མཛེས་གཤེགས་སེང་ཕྱོགས་མཐོར་གཤེགས་སྐྱེ་དབང་པོ༔ དེ་བཞིན་གཤེགས་པ་དེ་དག་ལ་ཕྱག་འཚལ༔ བློ་བཟང་འཇིག་རྟེན་འོད་དང་རིན་ཆེན་གཟི༔ སྐལ་ལྡན་ཤིང་རྟ་ཀུན་རྒྱལ་དགའ་བ་བཀོད༔ སྟེགས་མཛད་སྤོས་གླང་བློ་འོད་རི་རྒྱལ་མཚན༔ ལྷ་མིའི་སྟོན་པ་དེ་དག་ལ་ཕྱག་འཚལ༔ རིན་ཆེན་སྤོས་བཟང་ཆོས་བརྟན་གཟི་བརྗིད་དྲག༔ ཆོས་ནོར་སངས་རྒྱས་བཟང་བྱིན་ཟླ་ཚངས་དབྱངས༔ སེང་ཟླ་མཚུངས་མེད་དཔལ་དང་ལེགས་པར་སྐྱེས༔ ས་བཅུར་སོན་པ་རྣམས་ལ་ཕྱག་འཚལ་ལོ༔ ཐུབ་མེད་ཚོགས་དང་གྲགས་བཤེས་བདེན་བཀའ་ཐུབ༔ ལྷུན་པོའི་འོད་ཟེར་ཡོན་ཏན་བརྩེགས་མཆོད་གྲགས༔ ཆོས་ཀྱི་གྲགས་པ་སྦྱིན་པའི་འོད་གློག་འབྱིན༔ བདེན་པར་གསུངས་པ་རྣམས་ལ་ཕྱག་འཚལ་ལོ༔ བདེན་གསུངས་མཚོ་བྱེད་ན་ཚོད་བཟང་པོ་དང་༔ ལེགས་པའི་ཚོགས་ཅན་རྣམ་ངེས་སྲིད་མཐའ་ནོར༔ རྒྱལ་དགྱེས་སེང་འོད་རྣམ་སྣང་མཛད་གྲགས་མཆོག༔ དགེ་བའི་འབྱུང་གནས་དེ་དག་ལ་ཕྱག་འཚལ༔ ཐུགས་གཞུངས་ནོར་ཟླ་དྲག་ཤུལ་འོད་ཟེར་དང་༔ བརྟུལ་ཞུགས་ཐུབ་མེད་འགྲོ་མཆོད་ནོར་བུའི་ཚོགས༔ འཇིག་རྟེན་བླ་མ་གླང་སེང་ཟླ་ནོར་འོད༔ སྲིད་པ་མཐར་བྱེད་རྣམས་ལ་ཕྱག་འཚལ་ལོ༔ སྒྲ་གཅན་སྦེད་དང་ཡོན་ཏན་མཚོ་འོད་ལྡན༔ ཞི་སྟབས་འཇིག་རྟེན་བཟང་དང་མྱ་ངན་མེད༔ ཤུགས་བཅུ་སྟོབས་དགྱེས་མཐུ་དཔལ་མཐུ་ཐོབ་དཔལ༔ དྲི་མ་གསུམ་སྤངས་རྣམས་ལ་ཕྱག་འཚལ་ལོ༔ མཐུ་ཆེན་ཡོན་ཏན་སྙིང་པོ་བདེན་པར་སྦྱོང་༔ དགེ་རྒྱལ་ཡོན་ཏན་སྐར་རྒྱལ་འོད་ཟེར་ཆེ༔ གློག་འོད་མགོན་ཆེན་རིན་ཆེན་དཔལ་གྱི་འོད༔ ཆོས་ཀྱི་རྒྱལ་པོ་རྣམས་ལ་ཕྱག་འཚལ་ལོ༔ བདུད་འདུལ་གོ་བགོས་སེང་ཕྱག་མེ་ཏོག་བཟང་༔ རིན་ཆེན་མཐོན་པོ་རྒྱ་མཚོ་ས་འཛིན་དབང་༔ དོན་གྱི་བློ་མངའ་ཡོན་བསགས་ཡོན་ཏན་ཚོགས༔ སྐྱེས་བུའི་ཁྱུ་མཆོག་རྣམས་ལ་ཕྱག་འཚལ་ལོ༔ རིན་ཆེན་མེ་ཏོག་འཇིག་འདས་འཇིག་རྟེན་ཟླ༔ དབྱངས་སྙན་ཚངས་ཏོག་ཚོགས་ཅན་གཙོ་སེང་སྟབས༔ དྲག་ཤུལ་བྱིན་དང་ཆོས་དབང་གཟི་བརྗིད་འོད༔ སྐྱེས་བུ་འདུལ་བ་རྣམས་ལ་ཕྱག་འཚལ་ལོ༔ འོད་ཆེན་རིན་ཆེན་གྲགས་དང་ཚོགས་ཅན་གསལ༔ གྲགས་མཐའ་འོད་ཟེར་དོན་ཡོད་ལྷའི་དྲང་སྲོང་༔ སྐྱེ་དབང་དགེ་འདུན་བརྟན་དང་ཕྱོགས་བཟང་ཏོག༔ རིག་གསུམ་ལྡན་པ་རྣམས་ལ་ཕྱག་འཚལ་ལོ༔ ཡུལ་འཁོར་མེ་ཏོག་ཆོས་བློ་རླུང་ལྟར་གཤེགས༔ ལགས་བསམ་གྲགས་པ་སྣང་ལྡན་ལྷ་ཚོགས་མཚན༔ ཡོནབསྲུངས་དོན་བློ་བསྙེངས་མེད་གྲོགས་བརྟན་དཔལ༔ སྨྲ་བའི་དབང་པོ་རྣམས་ལ་ཕྱག་འཚལ་ལོ༔ འོད་མཚུངས་ནོར་བུའི་ཞབས་དང་ཐར་པའི་གཟི༔ ངོས་བཟང་བློ་བཟང་ཀུན་གཟི་ཡེ་ཤེས་མཆོག༔ ཚངས་གནས་བདེན་གསུང་དཔལ་དང་བློ་བཟང་དཔལ༔ རྒྱལ་བ་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ སྟོབས་བྱིན་སེང་གིའི་སྟབས་དང་མེ་ཏོག་ཏོག༔ ཡེ་འབྱུང་མེ་ཏོག་བྱིན་དང་ཡོན་ཏན་སྙིང་༔ ནོར་གྲགས་གྲགས་སྨད་མི་ཚུགས་བསྙེངས་བ་མེད༔ ལྷ་ཡི་ལྷ་མཆོག་རྣམས་ལ་ཕྱག་འཚལ་ལོ༔ ཉི་འོད་ཚངས་པར་གཤེགས་དང་ལྷའི་མཐུ་རྩལ༔ ཡེ་དགྱེས་ལྷ་བདེན་ནོར་སྙིང་ཡོན་ཏན་གྲགས༔ ཡེ་ཤེས་དཔལ་དང་བཅིངས་མེད་བརྟུལ་ཞུགས་བརྟན༔ ཁྱབ་བདག་ཀུན་མཁྱེན་རྣམས་ལ་ཕྱག་འཚལ་ལོ༔ ལྷ་ཡི་གཟི་བརྗིད་ཚངས་ཐུབ་དལ་གྱིས་བཞུད༔ བརྟུལ་ཞུགས་དཀའ་ཐུབ་འོད་ཕུང་གཟི་བརྗིད་ཆེ༔ ཙང་ཀ་དགའ་མཛད་ཚོགས་བཟང་དབང་རྒྱལ་མཚན༔ མི་འཇིགས་བཞི་ལྡན་རྣམས་ལ་ཕྱག་འཚལ་ལོ༔ དགྱེས་ཆེན་སྣ་མའི་མེ་ཏོག་ཚོགས་ཅན་འོད༔ སྐྲུན་མཛད་མདངས་འགྲོ་དོན་ངེས་ཁྱུ་མཆོག་དཔལ༔ ལག་བཟང་འོད་ཟེར་ཆེན་པོ་བསམ་པས་བྱིན༔ ཚད་མའི་སྐྱེས་བུ་རྣམས་ལ་ཕྱག་འཚལ་ལོ༔ བསོད་ནམས་འོད་དང་རིན་ཆེན་དབྱངས་རྡོར་སྡེ༔ འབྱོར་ལྡན་སེང་སྟོབས་དྲི་མེད་སྤྱན་འོད་སྲུང་༔ བློ་གསལ་ཡེ་ཤེས་འགྲོས་དང་གཟི་བརྗིད་དྲག༔ སྣང་མཛད་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ འོད་ཆེན་ཉི་འོད་དྲི་མ་མེད་པའི་འོད༔ གཟི་བརྗིད་རྣམ་འབྱེས་ཁེངས་མེད་སྦྲང་རྩིའི་ཞལ༔ ཟླ་འོད་གློག་འབྱིན་ཞི་གཤེགས་མི་འཁྲུགས་པ༔ ལེགས་གསུངས་མཛད་པ་རྣམས་ལ་ཕྱག་འཚལ་ལོ༔ དགྲ་བཅོམ་གྲགས་པ་ཆོས་ཡོན་ཞིང་བཟང་པོ༔ བཀོད་རྒྱལ་མངོན་འཕགས་སྦྱིན་སྲེག་འོད་པད་དཔལ༔ རིན་ཆེན་བཀོད་པ་བཟང་པོ་རིན་ཆེན་མཆོག༔ དྲང་སྲོང་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ༔ ཐུགས་གཞུངས་རྒྱ་མཚོའི་བྱིན་དང་ཚངས་པའི་ཏོག༔ ཟླ་གདུགས་འོད་འཕྲོ་དྲི་མེད་ཡེ་ཤེས་གྲགས༔ ཀུན་ལས་རྒྱལ་བ་ཡོན་འོད་སྒྲ་དབྱངས་གྲགས༔ ཡེ་ཤེས་མཆོག་གཟིགས་རྣམས་ལ་ཕྱག་འཚལ་ལོ༔ ཟླ་རྒྱས་པདྨའི་འོད་ཟེར་བརྟུལ་ཞུགས་བཟང་༔ སྒྲོན་རྒྱལ་གློག་ཏོག་འོད་རྒྱལ་སྐར་མཁན་མཚན༔ གྲགས་པ་རྫོགས་ལྡན་པདྨའི་སྙིང་དང་རྒྱལ༔ འཁོར་འདས་མངའ་བདག་རྣམས་ལ་ཕྱག་འཚལ་ལོ༔ སྤྱན་མཛེས་རྙོག་མེད་དོན་དང་དྲག་ཤུལ་སྡེ༔ བསོད་ནམས་གཟི་བརྗིད་མཐུ་ཅན་ཐོགས་མེད་བློ༔ སྒྲ་གཅན་ལྷ་དང་ཡེ་ཤེས་སྒྱུར་སྐྱེ་མཚུངས༔ ཐམས་ཅད་སྒྲོལ་བ་རྣམས་ལ་ཕྱག་འཚལ་ལོ༔ མེ་ཏོག་ཏོག་དང་སྒྲ་གཅན་འཛིན་རྩི་ཆེན༔ སྐར་རྒྱལ་སྨན་རྒྱལ་བསོད་ནམས་གླང་མཆོད་མཛད༔ རྣམ་གྲགས་རྒྱལ་པོ་ཉི་འོད་ཆོས་ཀྱི་མཛོད༔ དོན་གཉིས་མཐར་ཕྱིན་རྣམས་ལ་ཕྱག་འཚལ་ལོ༔ བློ་བཟང་ཡོན་ཏན་དབང་མཚུངས་རྡོ་རྗེའི་སྡེ༔ ཤེས་རབ་བརྩེགས་དང་ལེགས་གནས་བློ་རབ་སྦྱངས༔ ཚངས་དབྱངས་ཡོན་མཆོག་འབྲུག་སྒྲ་མངོན་ཤེས་ཏོག༔ བདུད་འདུལ་མཛད་པ་རྣམས་ལ་ཕྱག་འཚལ་ལོ༔ ཏོག་འོད་དགེ་བ་ཚངས་པ་སྐྱེས་བུའི་མཆོག༔ སྤྱན་སྡུག་ཀླུས་བྱིན་བདེན་པའི་ཏོག་བརྒྱན་པ༔ ཞུམ་པ་མེད་པའི་དབྱངས་དང་རིན་ཆེན་འོད༔ དུས་གསུམ་མཁྱེན་པ་རྣམས་ལ་ཕྱག་འཚལ་ལོ༔ དབྱངས་བྱིན་སེང་གེ་འོད་ཟེར་སྣ་ཚོགས་པ༔ ཡེ་ཤེས་དཔའ་བོ་པད་ཕུང་མེ་ཏོག་རྒྱས༔ མཐུ་སྟོབས་བསོད་ནམས་གཟུགས་མཆོག་སྐར་མཁན་མཚན༔ ཆོས་ཀྱི་ཉི་མ་རྣམས་ལ་ཕྱག་འཚལ་ལོ༔ ཟླ་སྒྲོན་གཟི་བརྗིད་ཕུང་པོ་བྱང་ཆུབ་རྒྱལ༔ མི་ཟད་མངོན་སྤྱན་ཡན་ལག་རྒྱས་ཡུལ་འཁོར༔ ཤེས་རབ་མཆོག་མ་གཟི་བརྗིད་ཚིམ་ཤེར་ཕྱིན༔ མ་འདྲེས་ལྡན་པ་རྣམས་ལ་ཕྱག་འཚལ་ལོ༔ འཇམ་དབྱངས་ཆགས་མེད་གཙོ་བྱིན་གཙོ་བོ་དང་༔ ཡེ་ཤེས་མཐུ་རྩལ་འོད་འཕྲོ་དབང་པོ་དང་༔ ཤུགས་འཆང་བ་དང་སྐར་རྒྱལ་འོད་ཟེར་བཟང་༔ འཇིག་རྟེན་སྒྲོན་མ་རྣམས་ལ་ཕྱག་འཚལ་ལོ༔ གྲགས་བྱིན་གཟུགས་བཟང་མཚུངས་པ་མེད་པའི་རྒྱལ༔ དོན་གྲུབ་སེང་གེའི་སྡེ་དང་ནོར་ལྷའི་བུ༔ གྲགས་པ་རྒྱལ་བ་རྒྱ་ཆེན་བསོད་ནམས་འོད༔ འཇིག་རྟེན་མུན་སེལ་རྣམས་ལ་ཕྱག་འཚལ་ལོ༔ སྨང་འདོན་སྒྲོན་རྒྱལ་ཡེ་ཤེས་བརྩེགས་ལྷ་མཆོག༔ ས་བདག་རྣམ་གྲོལ་བརྙེས་དང་གཙུག་གི་གསེར༔ སྒྲ་གཅན་བཟང་པོ་ཐུབ་དཀའ་འོད་ཟེར་བཟང་༔ ཡོན་ཏན་རྒྱ་མཚོ་རྣམས་ལ་ཕྱག་འཚལ་ལོ༔ ཐུབ་གསལ་ཟླ་འོད་གསེར་འོད་ལེགས་བྱིན་དང་༔ ལྷ་དབང་ཆོས་གདུགས་བསོད་ནམས་ལག་པའི་དཔལ༔ ཆགས་མེད་ཡེ་ཤེས་གྱ་ནོམ་བློ་གྲོས་ཞིབ༔ བཞི་བཅོམ་དྲུག་ལྡན་རྣམས་ལ་ཕྱག་འཚལ་ལོ༔ གཟི་རྒྱལ་རྩི་སྨན་རྣམ་པར་གྲོལ་བའི་ཏོག༔ འོད་མཛོད་ཡེ་རྒྱལ་འཇིགས་མཛད་ཆུ་བོ་སྤོང་༔ ཐོགས་མེད་གྲགས་པ་བདེན་ཕུང་དབྱངས་སྙན་ཞེས༔ འགྲོ་བའི་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ རི་མཚིངས་ཆོས་བརྩེགས་ཐར་པའི་གཟི་བྱིན་དང་༔ ལེགས་མཛད་ཞི་སྐུ་ཡིད་དུ་འོང་བའི་གསུང་༔ བློ་སྦྱོངས་ཆུ་ལྷ་འགྲོ་མཆོད་སེང་གེའི་ལོགས༔ སྐུ་གསུམ་མངའ་བ་རྣམས་ལ་ཕྱག་འཚལ་ལོ༔ ཆོས་མཐུ་བསྐལ་བཟང་མི་འཁྲུགས་འདོག་གཟི་རྒྱལ༔ རྟོགས་མཛད་སྤྱན་ལེགས་དོན་ལ་གནས་པའི་བློ༔ སྣང་འོད་སྤོས་གཟི་ཀུན་ཏུ་དགའ་བར་མཛད༔ ཐུབ་པ་མཚུངས་མེད་རྣམས་ལ་ཕྱག་འཚལ་ལོ༔ དོན་གཤེགས་ཁྲོ་བཅོམ་གཟུགས་མཆོག་ལེགས་པར་གཤེགས༔ བྱིན་གྲགས་འོད་གཙང་ལྷ་ཉི་ཤེས་རབ་བྱིན༔ མཉམ་པར་བཞག་པའི་བདག་ཉིད་གཟིར་མདངས་རྒྱལ༔ བྱམས་པའི་སྟོབས་མངའ་རྣམས་ལ་ཕྱག་འཚལ་ལོ༔རྒྱལ་རིགས་སྐལ་ལྡན་ཤིང་རྟ་གསེར་གྱི་མཆོག༔ གྲོལ་གཙུག་ཆོས་ལྡན་སྤོས་གནས་དྲེགས་པ་སྤངས༔ ཡེ་ཤེས་མཛོད་དང་ཚངས་གཤེགས་ཙན་དན་དཔལ༔ ཞི་བའི་མཆོག་མ་རྣམས་ལ་ཕྱག་འཚལ་ལོ༔ མྱ་ངན་མེད་དང་སེང་འོད་ཡུལ་འཁོར་ཏོག༔ པད་སྙིང་གཟི་མཐའ་ལྷའི་འོད་ཤེས་རབ་ཏོག༔ མཁས་མཆོག་ཡེ་ཤེས་འབྱོར་ལྡན་ཚངས་པའི་དབྱིག༔ མཚུངས་མེད་དབང་མཆོག་རྣམས་ལ་ཕྱག་འཚལ་ལོ༔ ཕྱག་ན་རིན་ཆེན་དབང་ལྡན་རྫོགས་པར་གསུངས༔ མཆོག་གསུང་མཆོད་འོས་སྐར་རྒྱལ་ཉི་མའི་མཚན༔ འདམ་རྒལ་ཡེ་ཤེས་བརྙེས་དང་གྲུབ་པ་མཆོག༔ མགོན་པོ་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ རྨ་བྱ་ཆོས་སྦྱིན་ཕན་བཞེད་ཡེ་ཤེས་ལྡན༔ གྲགས་ཆེན་འོད་ཟེར་དྲྭ་བ་རྣམ་པར་བཅོམ༔ བཻཌཱུརྱའི་སྙིང་མེ་ཏོག་ལྷའི་རྒྱལ་པོ༔ སྤང་རྟོགས་མཐར་ཐུག་དེ་དག་ལ་ཕྱག་འཚལ༔ ཟླ་བ་དྲན་འོད་དགེ་འོད་ཡོན་ཏན་རྒྱལ༔ རིན་ཆེན་སྐྱེས་མཆོག་ཟླ་དང་སྒྲ་གཅན་དཔལ༔ བདུད་རྩའི་འོད་དང་འཇིག་རྟེན་མཆོག་སྐར་འོད༔ ཕར་ཕྱིན་བཅུ་འཆང་རྣམས་ལ་ཕྱག་འཚལ་ལོ༔ ཞི་སྟོབས་ཡེ་ཤེས་རྒྱ་མཚོ་རི་ཡི་དབང་༔ རབ་ཞི་མཐུ་སྟོབས་ལྷའི་དབང་དབྱངས་སྙན་དཔལ༔ ངོས་བཟང་དོན་གནས་ཡོན་ཏན་གཟི་བརྗིད་དཔལ༔ ཆོས་ཀྱི་འབྱུང་གནས་རྣམས་ལ་ཕྱག་འཚལ་ལོ༔ མཁྱེན་ལྡན་ཟླ་བྲལ་ང་རོ་དཔག་མེད་འོད༔ ཐུགས་གཞུངས་དོན་དགོངས་དབྱངས་འཕགས་མཆོག་མཛེས་གཤེགས༔ ཞི་དོན་ཆོས་དབང་སྐྱོན་བྲལ་བློ་དབྱངས་དགེ༔ འཕགས་མཆོག་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ པདྨའི་མཛོད་དང་འོད་བཟང་སྤོབས་པའི་མདོག༔ སྟེགས་བཟང་ཚོག་དབང་བསྙེང་བྲལ་ཡེ་ཤེས་བཞེད༔ སྤོབས་པའི་སྤྱན་དང་བློ་མཆོག་ཟླ་བ་དཔལ༔ སྲིད་ཞིའི་མཐའ་སྤངས་རྣམས་ལ་ཕྱག་འཚལ་ལོ༔ རིན་ཆེན་ཟླ་འོད་བསྙེངས་མེད་གཟི་བརྗིད་ཆེ༔ ཚངས་དབྱངས་དབྱངས་བཟང་ཤེས་རབ་བློ་ཟླ་མེད༔ རྡོ་རྗེ་མཁྲེགས་པ་བྱང་བློ་ལྗོན་ཤིང་དབང་༔ ཆེ་བའི་ཆེ་མཆོག་རྣམས་ལ་ཕྱག་འཚལ་ལོ༔ གདངས་སྙན་བསོད་ནམས་སྟོབས་དང་མཐུ་ཡི་དཔལ༔ འཕགས་དགྱེས་མཐུ་སྟོབས་སྐར་དགྱེས་སྤྲིན་གྱི་སྒྲ༔ ཤིན་ཏུ་སྡུག་ཞལ་བཟང་ལྡན་འབྱོར་བར་ལྡན༔ ལུས་མེད་ཐུལ་བ་རྣམས་ལ་ཕྱག་འཚལ་ལོ༔ ཡོན་ཏན་ཕུང་པོ་གསལ་བ་ཆོས་ཀྱི་རྒྱལ༔ ཡེ་ཤེས་ང་རོ་ནམ་མཁའ་མཆོད་སྦྱིན་དབྱངས༔ ཤེས་རབ་ང་རོ་ཡོན་ཏན་དྲང་སྲོང་བློ༔ འཇིག་རྟེན་འདྲེན་མཆོག་རྣམས་ལ་ཕྱག་འཚལ་ལོ༔ སྤོབས་ཚོགས་མཆོད་སྦྱིན་ཟླ་ཞལ་ཤིན་ཏུ་གཟིགས༔ རྡུལ་བྲལ་ཡོན་ཏན་ཚོགས་དང་ཏོག་ལྡན་དཔལ༔ རྒྱལ་མཚན་ཡུལ་འཁོར་སྤོབས་དང་རིན་ཆེན་སྦྱིན༔ འཇིག་རྟེན་འདུལ་བ་རྣམས་ལ་ཕྱག་འཚལ་ལོ༔ ཟླ་དགྱེས་སེང་སྟོབས་དབང་རྒྱལ་བདུད་རྩི་གསལ༔ བསམ་གཏན་སྙོམས་དང་འཁྲུགས་མེད་དྲི་རབ་ཞི༔ ཕྱོགས་མ་བསླད་དང་མཛེས་པ་ཞལ་བཟང་པོ༔ ཁྱབ་བདག་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ༔ ཤུགས་གནས་གསུང་དབང་གཟི་ཆེན་བློ་གྲོས་ཟབ༔ བདུད་རྩི་ཆོས་སྟོབས་མཆོད་ལྡན་མེ་ཏོག་འོད༔ ཁམས་གསུམ་མཆོད་གནས་སྒྲ་གཅན་ཉི་མའི་སྙིང་བཅོམ་ལྡན་བདུད་འདུལ་རྣམས་ལ་ཕྱག་འཚལ་ལོ༔ ལྷས་མཆོད་ཐར་བའི་རྒྱལ་མཚན་དགེ་བའི་གཙུག༔ བདུད་རྩིའི་འོད་དང་རྡོ་རྗེ་རིན་པོ་ཆེ༔ མཛེས་གཤེགས་ཉི་གཤེགས་ཡང་དག་ཡོན་ཏན་གཙུག༔ ཆོས་ཀྱི་བདག་པོ་རྣམས་ལ་ཕྱག་འཚལ་ལོ༔ དཔལ་རྫོགས་སེང་སྟབས་གྱེན་འཕགས་མེ་ཏོག་བྱིན༔ འོད་འགྱེད་པདྨ་ཡེ་ཤེས་དགྱེས་བཀོད་མཛེས༔ གཏི་མུག་མེད་པར་གནས་དང་རྨ་མེད་པ༔ ཆགས་བྲལ་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ ཏོག་རྒྱལ་མཚན་དང་བདེར་དགོངས་གཏི་མུག་མེད༔ ཆོག་མཁྱེན་དག་པའི་རྒྱ་མཚོ་རིན་ཆེན་མཆོག༔ མི་དམའ་དགའ་མཛད་རྨ་བྱ་མ་ཞུམ་པ༔ གཟིགས་པ་རྣམ་དག་རྣམས་ལ་ཕྱག་འཚལ་ལོ༔ སྲིད་སྤངས་སྤྱོད་སྟེགས་ལྷ་མང་སྙན་པར་གྲགས༔ རིན་ཆེན་སྟབས་དང་པད་བསྣམས་དགྲ་ལས་རྒྱལ༔ འབྱོར་གྲགས་ཡུལ་འཁོར་བཟང་མེ་ཏོག་སེང་སྒྲ༔ ལེགས་པར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ༔ ཟླ་ལྟར་ཤར་དང་འཇོམས་མཆོག་མི་གཡོ་བ༔ ཕན་གཤེགས་བསོད་ནམས་སྒྲོན་རྒྱལ་དབྱངས་ཀྱིས་བསྐུལ༔ གཽ་ཏམ་མདངས་སྟོབས་བློ་གནས་ཟླ་བ་བཟང་༔ མཛེས་པར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ༔ བྱང་ཆུབ་མེ་ཏོག་བཀྲ་ཤིས་ལེགས་པར་སྟོན༔ ཡེ་ཤེས་གཟི་སྟོབས་དགེ་སྒྲོན་མཐུ་རྩལ་བརྟན༔ ལྷ་སྒྲ་རབ་ཞི་ཉི་ཞལ་བརྟུལ་ཞུགས་ལྡན༔ མཁྱེན་པ་མཆོག་མངའ་རྣམས་ལ་ཕྱག་འཚལ་ལོ༔ ཁྲིམས་འོད་བརྟུལ་ཞུགས་གནས་དང་རྡུལ་མེད་ཞབས༔ སྙིང་འཕགས་མིག་སྨན་འཕེལ་མཛད་སྤོས་ཀྱི་འོད༔ དུས་མཁྱེན་འོད་དང་དྲན་དབང་ཐོགས་མེད་རྒྱལ༔ སྤྱན་ལྔ་མངའ་བ་རྣམས་ལ་ཕྱག་འཚལ་ལོ༔ མཆོག་བགྲོད་སྤྱོད་གསལ་རིན་ཆེན་དགྱེས་ཆོས་དབང་༔ ལྷ་དང་བཤེས་གཉེན་ཆེ་དང་བཤེས་གཉེན་བཟང་༔ ཞི་སྟབས་བདུད་རྩིའི་བདག་པོ་ལྷུན་པོའི་འོད༔ ཡེ་ཤེས་མཛོད་གྱུར་རྣམས་ལ་ཕྱག་འཚལ་ལོ༔ འཕགས་བསྟོད་སྣང་ལྡན་གཟི་འབར་སྣང་བ་གཟིགས༔ ལེགས་སྦྱངས་རྣམ་སྨིན་ལེགས་དགྱེས་མྱ་ངན་བྲལ༔ རིན་ཆེན་འོད་དང་སྤྱོད་ལྡན་བསོད་ནམས་སྟོབས༔ ཡེ་ཤེས་ཕུང་པོ་རྣམས་ལ་ཕྱག་འཚལ་ལོ༔ ཡོན་ཏན་རྒྱ་མཚོ་རྨད་བྱུང་ང་རྒྱལ་སྤོངས༔ བདུད་བརླག་མཛད་དང་བག་ཆགས་རྒལ་བློ་མངའ༔ རྒྱ་མཚོ་དག་མཛད་ཚོགས་ཅན་གྲོལ་དགའ་འོད༔ བདེ་མཆོག་བརྙེས་པ་རྣམས་ལ་ཕྱག་འཚལ་ལོ༔ བྱང་ཆུབ་ཡེ་ཤེས་བསིལ་བ་ཚངས་པ་རྒྱལ༔ ཡེ་དགྱེས་རྫུ་འཕྲུལ་ཏོག་དང་སྐྱེ་དབང་མཚུངས༔ ས་ཡི་དབང་ཕྱུག་ཉི་དགྱེས་སྒྲ་གཅན་ཟླ༔ གཉིས་མེད་གསུངས་བ་རྣམས་ལ་ཕྱག་འཚལ་ལོ༔ མེ་ཏོག་འོད་དང་སྨན་བདག་མདངས་མངའ་བ༔ བསོད་ནམས་དགྱེས་དང་དགའ་སྟོབས་དབྱངས་སྙན་པ༔ ཆོས་དབང་ཚངས་དབྱངས་སྤྱོད་བཟང་འཁྲུལ་མེད་བློ༔ ཐུགས་རྗེའི་གཏེར་མཛོད་རྣམས་ལ་ཕྱག་འཚལ་ལོ༔ དབྱངས་ཆེན་སྙན་གྲགས་ཏོག་ལྡན་གཟི་བརྗིད་གྲགས༔ འགྲོ་དབང་ལྗོན་པ་གཏི་མུག་རབ་ཏུ་ཟད༔ དཔག་མེད་ཟླ་བཟང་སྤོབས་མཐའ་ཡས་པའི་ཏོག༔ ཀུན་གཟིགས་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ༔ བརྟུལ་ཞུགས་བསྟར་བ་མཚུངས་མེད་མྱ་ངན་རྒལ༔ དགེ་དགྱེས་འགྲོ་བློ་དགྱེས་གཤེགས་ཞབས་མཛེས་པ༔ ཨུཏྤལ་དུལ་གནས་མེ་ཏོག་སྤོབས་མཐའ་ཡས༔ འཕགས་པའི་རྒྱལ་པོ་རྣམས་ལ་ཕྱག་འཚལ་ལོ༔ དྲང་སྲོང་གསལ་བ་ཡོན་བརྩོན་སྙིང་པོ་དཔལ༔ ལྷ་བདག་རིན་ཆེན་མཐོན་གསལ་ཤིང་རྟ་བཟང་༔ བསོད་ནམས་བློ་གྲོས་སྦྱིན་སྲེག་འོད་གཟི་བརྗིད༔ མྱང་འདས་དེད་དཔོན་རྣམས་ལ་ཕྱག་འཚལ་ལོ༔ སེང་སྟབས་མི་གཡོ་རབ་གསལ་འོད་སྤྱོད་དཔལ༔ ཀླུ་དབྱངས་གླུ་དབྱངས་འཁོར་ལོ་འཛིན་དབྱིག་མཆོག༔ འཇིག་རྟེན་ལ་དགའ་དང་ནི་ཆོས་ཀྱི་ཟླ༔ ཐབས་མཁས་རྣམ་རོལ་རྣམས་ལ་ཕྱག་འཚལ་ལོ༔ དགའ་གྲགས་སྦྱིན་ཏོག་ཤེས་རབ་འགྲོས་སྤོས་བཟང་༔ མཁའ་དབྱིངས་ལྷ་ཆེན་ལྷ་རྒྱལ་ནོར་བུ་གསལ༔ ནོར་བུ་བཟང་པོ་སྒྲོན་མ་ཆེན་པོའི་དཔལ༔ མཉམ་མེད་སྐྱོབས་པ་རྣམས་ལ་ཕྱག་འཚལ་ལོ༔ ང་རོ་དབྱངས་དང་སྐྱེ་དབང་སྒྲ་གཅན་སྦེད༔ དགེ་མཛད་སེང་བློ་གྲགས་པ་སྙིང་དོན་མཛད༔ མཛད་མཐའ་སྲིད་པའི་མེ་ཏོག་མཛོད་སྤུ་ལྡན༔ ཡེ་ཤེས་དཔག་མེད་རྣམས་ལ་ཕྱག་འཚལ་ལོ༔ སྤོབས་རྒྱལ་རྣམ་འབྱེད་ང་རོ་སེང་གེའི་མཆེ༔ མཛད་གཤེགས་བསོད་ནམས་སྒྲོན་མ་བཀྲ་ཤིས་ལྡན༔ ཡུལ་འཁོར་བློ་གྲོས་བློ་ལྡན་ཆོས་ཀྱི་སྒྲོན༔ ཡང་དག་མཐར་གནས་རྣམས་ལ་ཕྱག་འཚལ་ལོ༔ གཟིགས་པ་ཤུགས་འདོར་སྟོབས་ཅན་བརྟན་པའི་དབྱངས༔ བདེ་ལྡན་དོན་གསུངས་དགྱེས་གསལ་སེང་གེའི་ཞལ༔ གཙུག་ཕུད་དང་ནི་མོས་པ་སྣང་མཛད་ཆེ༔ བདེ་བའི་འབྱུང་གནས་རྣམས་ལ་ཕྱག་འཚལ་ལོ༔ ཆོས་ཀྱི་སེམས་དཔའ་ཆོས་ཀྱི་བློ་གྲོས་རྩལ༔ བར་ཆད་སེལ་ཞིང་ཆོས་འཁོར་བསྐོར་བར་བསྐུལ༔ མདོ་ལྟར་ལྷ་དབང་འཇམ་དབྱངས་གསང་སྔགས་ཀྱི༔ གསང་བདག་ཚངས་པ་ཆེན་པོ་སངས་རྒྱས་པ༔ ཆོས་བློ་ཆོས་ཀྱི་སེམས་དཔའ་ལ་ཕྱག་འཚལ༔ ཡང་ན་བསྡུས་པ༔ ཨོཾ༔ ཐུགས་བསྐྱེད་སྤང་རྟོགས་ཡོན་ཏན་མཛད་འཕྲོན་ལས༔ མཉམ་པ་ཉིད་གྱུར་བསྐལ་བཟང་སངས་རྒྱས་སྟོང་༔ རྡོ་རྗེ་སེམས་དཔའི་གནས་དྲུག་འོད་ཟེར་ལས༔ ཡོངས་ཤར་སྟོན་མཆོག་རྣམས་ལ་ཕྱག་འཚལ་ལོ༔ ཨོཾ་སརྦ་བུདྡྷ་ཨ་ཏི་པཱུ་ཧོ༔ ན་མོ་ན་མ་ཧོ༔ དེ་ལྟར་དུས་གསུམ་སངས་རྒྱས་ལ། །ཞིང་རྡུལ་གྲངས་མཉམ་ལུས་སྤྲུལ་ཏེ། །བསླུ་མེད་ངེས་ཤེས་དད་པ་ཡིས། །སྒོ་གསུམ་འཇུག་པ་གཅིག་དྲིལ་ཏེ། ། བདག་གཞན་སེམས་ཅན་ཀུན་དོན་དུ། །གཡེམ་རྒྱུག་བག་མེད་ངོམ་ཆོས་དང་། །ཕྱག་གི་ཡན་ལག་ཉམས་མིན་པས། །མ་ཡེངས་དངོས་གཙང་ཚུལ་ལྡན་ཅིང་། །སྤྱོར་དངོས་རྗེས་གསུམ་དག་ཚང་གིས། ། རྒྱལ་རྣམས་ཚོགས་ཀྱི་རྗེས་སློབ་པས། །མཚན་ནས་བརྗོད་ཅིང་ཕྱག་འཚལ་མཐུས། །ཚེ་རབས་སྡིག་སྒྲིབ་བྱང་གྱུར་ཅིག །དམ་ཚིག་ཉམས་ཆགས་དག་གྱུར་ཅིག །བསོད་ནམས་ཚོགས་གཉིས་རྫོགས་གྱུར་ཅིག ། གོ་འཕང་མཆོག་ལ་རེག་གྱུར་ཅིག །དོན་གཉིས་ལྷུན་གྲུབ་དཔལ་ཐོབ་ཤོག །གལ་ཏེ་རྣལ་འབྱོར་ཉམ་ཆུང་གིས། །ཚེ་འདིར་ཡེ་ཤེས་མ་བརྙེས་ན། །གཉེན་མཆོག་ཁྱེར་རྣམས་ཐུགས་བསྐྱེད་དང་། །སྨོན་ལམ་སྟོབས་དབང་ཐུགས་རྗེ་དང་། །མཁྱེན་བརྩེ་ནུས་པའི་རླབས་ཤུགས་ཀྱིས། །ཞབས་པད་མཆོག་ལ་ཉེར་བརྟེན་པའི། །འཁོར་གྱི་ཐོག་མར་འགྱུར་བ་ཡི། །སྐལ་བ་མཆོག་དང་ལྡན་པར་ཤོག །རིང་པོར་མི་ཐོགས་མགོན་པོ་ཡིས། །ས་མཆོག་བླ་ན་མེད་བརྙེས་པས། ཁམས་གསུམ་འཁོར་བ་དོང་སྤྲུགས་ནས། །ཕྱམ་གཅིག་གདོད་མའི་སར་ཕྱིན་ཤོག །ཅེས་ཁ་བསྒྱུར་མཚན་སྨོན་དང་བཅས་པ་འདི་ཡང་། རྡོ་རྗེ་འཛིན་དབང་འགྱུར་མེད་རྣམ་པར་རྒྱལ་བའི་བཀའ་གསུང་བཞིན། ག་གཱ་ཨ་བྷྱེ་ནས་བརྩམས་པའི་དགེ་བས་སེམས་ཅན་ཐམས་ཅད་སངས་རྒྱས་སྟོང་གི་གདུལ་བྱར་མ་འཁོད་པ་མེད་ཅིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་འགྱུར་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །

ཐར་མདོ་བསྡུས་པ་འགྱོད་ཚངས་ཀྱིས་སྡིག་སྦྱང་།

ཐར་མདོ་བསྡུས་པ་འགྱོད་ཚངས་ཀྱིས་སྡིག་སྦྱང་བཞུགས་སོ༔

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ༔ འདི་སྐད་བད་གི་ཐོས་པའི་དུས་གཅིག་ན༔ བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན༔ དགེ་སློང་གི་དགེ་འདུན་བརྒྱད་ཁྲི་བཞི་སྟོང་དང་༔ བྱང་ཆུབ་སེམས་དཔའ་དྲུག་ཁྲི་སུམ་སྟོང་དང་ཐབས་གཅིག་དུ་བཞུགས་སོ༔ དེའི་ཚེ་ན་འཁོར་འདུས་པའི་ནང་ནས་དབང་པོ་བརྒྱ་བྱིན་ལ་སོགས་པའི་ལྷ་བརྒྱད་ཁྲི་ཆེན་པོ་དྲུག་དང་ལྡན་པས༔ མདོ་སྡེ་དང་འཛིན་འཆང་ཀློགས་པར་བྱེད་པའི་གང་ཟག་གནས་པའི་ས་ཕྱོགས་དང་བཅས་པ་བསྲུང་སྐྱོབས་སྤྱི་བོས་མཆོད་པར་ཁས་བླང་བ་དང་༔ བྱང་ཆུབ་སེམས་དཔའ་མཚན་ཉིད་དད་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་གུས་པས་འདི་སྐད་ཅེས་གསོལ་བ༔ སེམས་ཅན་འཆི་ཁ་མའི་རྣ་ལམ་དུ་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་བསྒྲགས་པས་ངན་སོང་གི་སྐྱེ་སྒོ་ཆོད་དེ་ལྷའི་གནས་སུ་སྐྱེ་བ་ཐོབ་པར་ཐོས་ན༔ ཕྱོགས་བཅུའི་སངས་རྒྱས་དང་དཀོན་མཆོག་གསུམ་གྱི་མཚན་བྱིན་རླབས་ཅན་རྣམས་མདོར་བསྡུས་ཏེ་སེམས་ཅན་ལ་ཕན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཞེས་གསོལ་བ་དང་༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ རིགས་ཀྱི་བུ་ལེགས་སོ་ལེགས་སོ༔ ངས་ཁྱོད་ལ་བསྟན་པར་བྱ་ཡི༔ ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག༔ མདོ་སྡེ་ཐར་བ་ཆེན་པོ་ན་བཞུགས་པའི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་༔ མདོ་སྡེ་བཅུ་གཉིས་དང་༔ བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོའི་མཚན་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ༔ ན་མོ་བུདྡྷ་༴ སོགས་ཞེས་བསྡུས་ཀྱང་རུང་ངོ་༔ བསྐལ་བ་མངོན་པར་དགའ་བ་ལ་བྱོན་པའི་སངས་རྒྱས་སུམ་ཁྲི་སུམ་སྟོང་ལ་ཕྱག་འཚལ་ལོ༔ རྫོགས་ལྡན་ཆེན་པོ་སངས་རྒྱས་བྱེ་བ་ཕྲག་བརྒྱ་ལ་ཕྱག་འཚལ་ལོ༔ མཐོང་བར་དགའ་བའི་སངས་རྒྱས་བྱེ་བ་ཕྲག་བརྒྱ་ལ་ཕྱག་འཚལ་ལོ༔ དགའ་དང་ལྡན་པའི་སྟོང་ཕྱག་དྲུག་ཅུའི་སངས་རྒྱས་ལ་ཕྱག་འཚལ་ལོ༔ འདས་པའི་སངས་རྒྱས་ཁྲག་ཁྲིག་གྲངས་མེད་པ་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་རྣམས་ལ་ཕྱག་འཚལ་ལོ༔ ད་ལྟར་བཞུགས་པའི་སངས་རྒྱས་རྫོགས་ཆེན་སྟོན་པ་བཅུ་གཉིས་ལ་ཕྱག་འཚལ་ལོ༔ སྨན་བླ་བདེ་བར་གཤེགས་མཆེད་བརྒྱད་ལ་ཕྱག་འཚལ་ལོ༔ བར་གྱི་སངས་རྒྱས་རབ་བདུན་ལ་ཕྱག་འཚལ་ལོ༔ ཐར་བ་ཆེན་པོའི་འོད་ལ་ཕྱག་འཚལ་ལོ༔ ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ་ལ་ཕྱག་འཚལ་ལོ༔ བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་ཕྱག་འཚལ་ལོ༔ ད་ལྟར་བཞུགས་པའི་སངས་རྒྱས་གྲངས་མེད་གངྒའི་ཀླུང་གི་བྱེ་མ་སྙེད་ཁྲག་ཁྲིག་གྲངས་དང་མཉམ་པ་རྣམས་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔ མ་འོངས་པ་ན་འབྱོན་པའི་སངས་རྒྱས་འཇམ་དཔལ་འོད་ལ་ཕྱག་འཚལ་ལོ༔ སངས་རྒྱས་འོད་ཀྱི་མཚན་མས་རྒྱན་པ་ཉི་ཁྲི་ལ་ཕྱག་འཚལ་ལོ༔ མཚན་མཐུན་པ་ཀུན་ཏུ་དཔལ་སུམ་ཁྲི་ལ་ཕྱག་འཚལ་ལོ༔ འོད་མི་འགྱུར་བ་བཞི་ཁྲི་བརྒྱད་སྟོང་ལ་ཕྱག་འཚལ་ལོ༔ འོད་ཟེར་རྣམ་པར་བཀོད་པ་འབུམ་ཕྲག་བརྒྱད་ཅུ་ལ་ཕྱག་འཚལ་ལོ༔ པདྨའི་འོད་ལྔ་བརྒྱ་ལ་ཕྱག་འཚལ་ལོ༔ མ་བྱོན་པའི་སངས་རྒྱས་གངྒ་གྲངས་མེད་ཀྱི་ཕྱེ་མ་སྙེད་ཀྱི་གྲངས་དང་ངེས་པར་མཉམ་པ་ལ་ཕྱག་འཚོལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔ ཆོས་ཆེན་པོ་གསུང་རབ་ཡན་ལག་བཅུ་གཉིས་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ལ་ཕྱག་འཚལ་ལོ༔ བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་ལ་ཕྱག་འཚལ་ལོ༔ ས་བཅུ་ལམ་ལྔ་ན་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུ་དུས་བཞི་ན་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་གངྒ་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་གྲངས་མེད་པའི་ཕྱེ་མ་སྙེད་ཀྱིས་གྲངས་སྙེད་ཁྲག་ཁྲིག་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔ དཀོན་མཆོག་གསུམ་པོ་དེ་རྣམས་ལ་ཕྱག་འཚལ་ན༔ བསྐལ་པ་ཁྲག་ཁྲིག་འབུམ་གྱི་སྡིག་པ་ཐམས་ཅད་དག་ནས་གྲངས་དེ་སྙེད་དུ་དམྱལ་བར་མི་སྐྱེའོ༔ སྲིད་པ་གསུམ་གྱི་ཁམས་སུ་མི་གཏོགས་པར་རྣམ་པར་གྲོལ་བའི་ཁམས་སུ་གཏོགས་པར་འགྱུར་རོ༔ སྡོམ་པའི་ཁྲིམས་དང་ལྡན་པར་འགྱུར་རོ༔ ཐེག་ཆེན་གྱི་སྐྱོད་ལམ་མཛེས་པ་དང་༔ སངས་རྒྱས་ཀྱི་བདག་ཉིད་མཐོང་བར་འགྱུར་རོ༔ དེ་བས་ན་གུས་པས་ཕྱག་འཚལ་ལོ༔ དཀོན་མཆོག་གི་མཚན་དེ་དག་བཤད་པའི་ཚེ༔ བྱང་ཆུབ་སེམས་དཔའ་དུང་ཕྱུར་འབུམ་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ༔ གཟུངས་ཀྱི་སྒོ་མཐའ་ཡས་ལ་ཆུད༔ ཕྱིར་མི་ལྡོག་པའི་སར་གནས༔ ལྷ་དང་མི་གྲངས་མེད་པ་འབྲས་བུ་ཐོབ་པོ༔ དོན་དམ་པར་དཀོན་མཆོག་གཅིག་ལ་དཀྲི་བའི་དབང་གིས་གསུམ་དུ་བཤད་པ་ལས༔ དེའི་མཚན་ཐོས་ནས་སེམས་ཐག་པ་ནས་དྲན་པ་བྱས་ཏེ༔ འཆི་ཁར་དགེ་བའི་བཤེས་གཉེན་གྱིས༔ ན་མོ་བུདྡྷ་ཡ༔ ན་མོ་དྷརྨ་ཡ༔ ན་མོ་སངྒྷ་ཡ༔ ཞེས་ལན་གསུམ་དུ་བརྗོད་དུ་བཅུག་ན༔ མི་དེ་ངན་སོང་གསུམ་དུ་མི་འགྲོ༔ ཕྱོགས་བཅུའི་ཞིང་གང་དུ་དད་པར་སྐྱེ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་ཞིང་རིམ་གྲོ་བྱས་པར་འགྱུར་རོ༔ སྣང་ནས་སྣང་བར་དཀོན་མཆོག་གསུམ་དང་མི་འབྲལ་བར་མཐར་ཐུག་ངོ་བོ་གཅིག་ལ་འདུས་མ་བྱས་པའི་དཀོན་མཆོག་གི་གོ་འཕང་འགྲུབ་པར་འགྱུར་རོ༔ དེ་ཅིས་ཕྱིར་ཞེ་ན༔ སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བདག་ཉིད་ཡོད་པའོ། །ཞེས་བཀའ་སྩལ་པ་དང་༔ བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་ཞུས་སོ༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་རྒྱུ་དང་རྐྱེན་ཞིག་ཞུ་ན་སྐབས་དབྱེ་བར་མཛད་དུ་གསོལ༔ ཞེས་གསོལ་བ་དང་༔ ཆོས་བཞི་ཚན་ཉེར་གཅིག་གིས་རྒྱུ་རྐྱེན་གྱི་གྲུབ་པའོ་ཞེས་བཀའ་སྩོལ་ལོ༔ ནམ་མཁའི་སྙིང་པོས་ཆོས་ཆེན་པོ་རྨད་དུ་བྱུང་བ་འདི་ལྟ་བུ་ནི་སྔོན་ཆད་ནམ་ཡང་ཐོས་མ་མྱོང་པས༔ ད་ཐོས་པ་འདི་བདག་ཅག་རྣམས་ཀྱིས་འཛིན་འཆང་ཀུན་ཏུ་ཆུབ་པར་བྱའོ༔ ཡོངས་སུ་སྤེལ་བར་བྱའོ༔ མི་གཏོང་བར་བགྱིའོ༔ འདིར་ནི་བསོད་ནམས་ཅི་ཙམ་ཞིག་ཐོབ་པར་འགྱུར༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ གང་ལ་ལ་ཞིག་གིས་སྟོང་གསུམ་འབུམ་ཕྲག་བརྒྱད་ཅུ་རིན་པོ་ཆེ་སྣ་བདུན་གྱིས་བཀང་ཏེ་མཆོད་སྦྱིན་བྱེད་པ་ལས་བསོད་ནམས་དཔག་ཏུ་མེད་པར་ཆེའོ༔ ཟག་པ་ཐམས་ཅད་ཟད་པར་འགྱུར་རོ༔ ཡོན་མཐའ་ཡས་པའང་འཇུ་ནུས་སོ༔ ལུས་སོ་སྐྱེས་ཀྱང་བློ་འཕགས་པའི་ཡེ་ཤེས་དང་འདྲའོ༔ ལས་ཉོན་ཐམས་ཅད་མོད་ལ་བྱང་ནས་མྱ་ངན་ལས་འདས་སོ༔ སངས་རྒྱས་ཀྱི་མཛད་སྤྱོད་བསྒྲུབ་པ་དང་༔ ཕྱོགས་བཅུའི་སངས་རྒྱས་མཐོང་བའང་ཡིན་ནོ་མདོ་སྡེ་འདི་ནི་འཕགས་བཞིའི་བསྐྱེད་ཡུམ་ཆེན་མོའོ༔ ངས་ཀྱང་བསྐལ་བ་དུང་ཕྱུར་མང་པོར་སངས་རྒྱས་གྲངས་མེད་ལ་བསྙེན་བཀུར་བྱས་པས་མཚན་སུམ་ཅུ་རྩ་གཉིས་ཀྱང་ཐོབ་པོ༔ དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས༔ བཅོམ་ལྡན་འདས༔ ཆོས་ཐམས་ཅད་ལ་བདག་གིས་བརྟགས་ན༔ ཡང་དག་པར་དངོས་པོ་དང་མཚན་མ་གང་ཡང་མ་མཆིས་ལ༔ དཀོན་མཆོག་གསུམ་དང་༔ བདེན་པ་བཞི་དང་༔ ཕུང་ཁམས་སྐྱེ་མཆེད༔ རྟེན་འབྲེལ་ཕ་རོལ་ཏུ་ཕྱིན་པའི་ཆོས་ཐམས་ཅད་རྒྱུ་འབྲས་ངོ་བོ་ཉིད་ཀྱི་རྣམ་ཐར་གསུམ་ལྡན༔ སྟོང་པ་ཉིད་ཉི་ཤུའི་རང་བཞིན་ཅན༔ བྱེད་པའི་སྐྱེས་བུ་བཅུ་གཉིས་མ་ལགས༔ སྤྲོས་པའི་མཐའ་གང་ཡང་མ་ལགས༔ ཁམས་བཅོ་བརྒྱད་མ་ལགས་ན༔ བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་སྤྱོད་ལམ་རྒྱ་ཆེར་བསྒྲུབས་པོ་གསུངས༔ ཞེས་གསོལ་བ་དང་༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ༔ ནམ་མཁའི་སྙིང་པོ་ལེགས་སོ་ལེགས་སོ༔ ཁྱོད་ལྟ་བུ་ནི་འཁོར་བ་ན་སེམས་ཅན་གྱི་དོན་དུ་གནས་ཀྱང་༔ སྐྱོན་གྱིས་མ་གོས་པས་དོན་འདི་ལྟ་བུ་འདྲི་བར་ནུས་པའོ༔ དོན་དམ་པར་ནི༔ ཆོས་མེད༔ ཡི་གེ་མེད༔ བླ་ན་མེད་པའི་བྱང་ཆུབ་ཀྱང་མིང་ལས་གུད་ན་མེད་དོ༔ སྤྱོད་པ་སྤྱད་པའང་མེད་དོ༔ ཞེས་གསུངས་སོ༔ ནམ་མཁའི་སྙིང་པོས༔ ཡང་དག་པར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དོ༔ དེ་བཞིན་གཤེགས་པ་ལ་འབྱུང་བ་དང་ནུབ་པ་མེད་དོ༔ སེམས་ཅན་འདུལ་བའི་སླད་དུ་ཐབས་སྣ་ཚོགས་བསྟན་ཀྱང་༔ སྤྲོས་པ་མེད་པའི་སྤྱོད་ཡུལ་དུ་གནས་ཏེ༔ ཁམས་གསུམ་ན་ཆོས་ཀྱི་སྐུ་རྣམ་པ་ལྔ་འབྱུང་ཏེ༔ སྐུ་ཡང་དག་པའི་ངོ་བོ་ཉིད་དང་༔ སྐུ་ཡོན་ཏན་ཅན་དང་༔ སྐུ་ངོ་བོ་ཉིད་ལས་སྐྱེས་པ་དང་༔ སྐུ་སྤྲུལ་ཅིང་འབྱུང་བ་དང་༔ སྐུ་ནམ་མཁའ་ལྟ་བུ་སྟེ་སེམས་ཅན་ཡོངས་སུ་མྱ་ངན་ལས་འདས་པའི་སླད་དུ་སྟོན་པའོ༔ ཞེས་གསོལ་བ་དང་༔ བཅོམ་ལྡན་འདས་ཀྱིས་ནམ་མཁའི་སྙིང་པོ་མ་འོངས་པ་ན་སངས་རྒྱས་རྒྱན་རྣམ་པར་དག་པ་ཞེས་བྱ་བར་ལུང་བསྟན་ཐོབ་པོ༔ དེ་ནས་བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཟུངས་སྔགས་འདི་སྨྲས་སོ༔ ན་མོ་བུད་དྷ་ཡ༔ ན་མོ་དྷརྨཱ་ཡ༔ ན་མ་སངྒྷཱ་ཡ༔ ཨ་དན་ཏི་དྷཱ་རཎཱི༔ ཏདྱ་ཐཱ༔ ཨཱ་ཀཱ་ཤ་ནི་བ་བཱི་ནི༔ སརྦ་དྷརྨཱ་ནི༔ ཨི་ཤ་མ་ད༔ པི་བ་ཤ་ན༔ བི་མ་ལ༔ སུ་པ་རི༔ དྷརྨ་ནི་ཁ་ན༔ བ་ར་རུ་ནི་ཙ་ཡ་ཏ་མ་ལེ༔ ཙ་ལེ༔ ཧུ་ལུ་ཧུ་ལུ༔ ཤི་བི་ཏེ༔ མནྟྲ་མནྟྲཿམནྟྲཿསྭཱ་ཧཱ༔ སྔགས་འདི་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཤིང་མཆོད་རྟེན་ལ་བསྐོར་བ་བགྱི༔ དེ་ལྟར་གདུགས་བདུན་དུ་ཉིན་བཞིན་དུས་གསུམ་དུ་སེམས་མི་གཡེངས་བར༔ ཤ་དང་ཆང་མི་འཚལ་ཞིང་བསམ་གཏན་ལ་གནས་པས་བཟློས་ན༔ གང་ཟག་དེ་དཔག་ཏུ་མ་མཆིས་པའི་སྒྲིབ་པ་གསུམ་གྱིས་སྡིག་ལྕི་བ་ཀུན་འབྱངས་པར་འགྱུར་རོ༔ ཡི་དམ་དུ་བྱས་ན་བྱང་ཆུབ་ཀྱི་བར་དུ་ངན་སོང་གསུམ་དུ་མི་ལྷུང་ངོ་༔ ཞེས་གསོལ་བ་དང་༔ རིགས་ཀྱི་བུ་ལེགས་སོ་ལེགས་སོ༔ གཟུངས་སྔགས་རྒྱ་ཆེར་བཤད་པ་ཤིན་ཏུ་ལེགས་སོ༔ ཞེས་གསུངས་སོ༔ དེ་ནས་རྒྱལ་བུ་དགེ་མཐོང་འཁོར་མི་སུམ་སྟོང་དང་བཅས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྱོད་ཚངས་ཀྱིས་བཤགས་པ་འདི་ལྟར་བགྱིས་སོ༔ ཕྱོགས་བཅུའི་དཀོན་མཆོག་རིན་པོ་ཆེ་རྣམས་ལ་སྐྱབས་སུ་མཆིའོ༔ བཅོམ་ལྡན་འདས་རྒྱལ་བ་རིགས་ལྔ་ལ་ཕྱག་འཚལ་ལོ༔ སངས་རྒྱས་འོད་མི་འགྱུར་ལ་ཕྱག་འཚལ་ལོ༔ མ་བྱོན་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ༔ ད་ལྟར་ཕྱོགས་བཅུར་བཞུགས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ༔ དཔང་དུ་བརྟེན་ནོ༔ ཐོག་མ་མེད་པ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ མི་དགེ་བ་བཅུ་དང་༔ མཚམས་མེད་པ་ལྔ༔ ལྕི་བ་བཞི༔ ལོག་པ་བརྒྱད་དང་༔ རང་བཞིན་གྱིས་ཁ་ན་མ་ཐོ་བའི་སྡིག་པ་དང་༔ བཅས་པའི་ཁྲིམས་ཕྱི་ནང་གསང་གསུམ་དང་འགལ་བ་དང་༔ དཀོན་མཆོག་གི་དཀོར་ལ་སྤྱོད་པའི་རབ་ཏུ་བྱུང་བ་དང་༔ ཕ་དང་མ་དང་༔ བླ་མ་དང་སློབ་དཔོན་སངས་རྒྱས་ཐེག་པ་ཆེ་ཆུང་གི་ཆོས་དང་དགེ་འདུན་ལ་སྐུར་བ་བཏབ་པ་དང་༔ བྱང་ཆུབ་ཀྱི་དགེ་རྩར་ལྡན་པའི་སེམས་ཅན་ལ་མི་རིགས་མི་ཚུལ་བའི་ལས་བགྱིས་པ་དང་༔ མི་རྟག་པ་ལ་རྟག་པར་འཛིན་པ་སོགས་བདེན་བཞིའི་དོན་ལས་ལོག་པ༔ ཆོས་དང་ཆོས་མིན་གོ་ལྡོག་དུ་འཛིན་ཅིང་སྨྲས་པ་དང་༔ ལོག་པའི་སྤྱོད་པ་སྤྱད་པ༔ དམ་པའི་ཆོས་སྤངས་པ་དང་༔ དཀོན་མཆོག་གི་དཀོར་ལ་རྔམས་པ་དང་བསྙེན་བཀུར་མ་བགྱིས་པ་དང་། ཉོན་མོངས་པའི་དབང་གིས་མི་དགེ་བའི་དངོས་པོ་གང་བྱས་པ་ཐམས་ཅད་ངོ་ཚ་འཇིགས་སྐྲག་དཔག་ཏུ་མ་མཆིས་པའི་ངང་ནས་དཀོན་མཆོག་གསུམ་གྱི་སྤྱན་སྔར་མཐོལ་ཞིང་འཆགས་ན༔ སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱམས་དང་ཐུགས་རྗེའི་མངའ་བདག༔ ཕྱོགས་སུ་སྙོམས་པའི་ཡབ་ཡུམ་ལགས༔ བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ལགས་ན༔ ཡོངས་སུ་བྱང་ཞིང་དག་པའི་སྐབས་དབྱེ་བར་གསོལ་ཞིང་༔ སླན་ཆད་ཀྱང་མི་བགྱིད་པར་སྨོན་ནོ༔ སེམས་ཅན་ཐམས་ཅད་ས་བཅུ་ལ་འཁོད་དེ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག༔ དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་སོ༔ ཁྱོད་ནི་སྐྱེས་བུ་དམ་པ་ཡང་དག་པའོ༔ ཞེས་བརྗོད་དོ༔དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མངོན་པར་སྣང་ནས༔ རིགས་ཀྱི་བུ་ཁྱེད་རྣམས་ཀྱི་སྡིག་གི་རང་བཞིན་ཕྱི་ནང་བར་གསུམ་གང་དུའང་མི་གནས་སོ༔ རྣམ་པར་གྲོལ་ལོ༔ སྟོང་བ་ཉིད་དོ༔ འདས་པའི་སངས་རྒྱས་ཐམས་ཅད་མཐོང་བར་འགྱུར་རོ༔ ངེད་རྣམ་མཐོང་བའི་སྟེང་དུ་ཕྱོགས་བཅུའི་སངས་རྒྱས་སྤྲུལ་པའི་སྐུ་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ༔ མཆོད་པ་བྱས་པར་འགྱུར་རོ༔ ཐེག་པ་ཆེན་པོའི་མདོ་སྡེ་འདིའི་རྗེས་སུ་བྱང་ཆུབ་ཏུ་ཆུད་པར་འགྱུར་རོ༔ དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ༔ སྡིག་ཅན་རྣམས་ཀྱིས་སྡིག་པ་བཤགས་པར་འདོད་ན་རྒྱལ་བུ་དགེ་མཐོང་བཞིན་དུ༔ ཕྱོགས་བཅུའི་སངས་རྒྱས་རྣམས་མངོན་སུམ་བཞིན་དུ་རེ་རེ་ནས་དམིགས་ཏེ་བཤགས་ན་བསོད་ནམས་དཔག་མེད་ཐོབ་ཅིང་༔ སྡིག་པ་ཀུན་ལས་གྲོལ་ལོ༔ སངས་རྒྱས་ཐོབ་པར་གདོད་མི་ཟའོ༔ ང་མྱ་ངན་ལས་འདས་པའི་འོག་ཏུ༔ དཀོན་མཆོག་གསུམ་ལ་སེམས་ཐག་པ་ནས་ཕྱག་འཚལ་ནུས་པས་དཀོན་མཆོག་གསུམ་གྱི་དྲིན་ལན་ལོན་པ་ཞེས་བྱ་སྟེ༔ དེ་མ་ཐག་དུ་སྡིག་ཀུན་བྱང་བར་འགྱུར༔ ཐེག་གསུམ་རང་རང་གི་འབྲས་བུ་ཐོབ་པར་འོས་པ་སྦྱིན་ནོ༔ ཀུན་རྫོབ་དང་དོན་དམ་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་དང་ཡོན་ཏན་མཐའ་དག་ཐོབ་པའང་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་ཡོན་ནོ༔ དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་སྡིག་འབྱང་བར་འདོད་པས་ཇི་ལྟར་བགྱི་ཞེས་ཞུས་པས༔ བཀའ་སྩལ་བ་གོས་གཙང་མར་བསྒོས་ཏེ༔ ཁྲུས་གསུམ་གྱིས་དག་པར་བྱས་ལ༔ མཆོད་པའི་ཡོ་བྱད་བཀྲམ་སྟེ༔ གཤེགས་སུ་གསོལ་བ་མང་ཡང་རུང་ཉུང་ཡང་རུང་སྟེ༔ སེང་གེའི་ཁྲི་ལ་འདུག་ནས༔ ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་བསྒོམ༔ ལྟ་བ་ཐམས་ཅད་སྤངས་ཏེ༔ ཁྲོ་བ་མེད་པའི་སེམས་ཀྱིས་ཁ་དོན་དུ་བྱས་ཤིང་༔ ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པའི་མཚན་དྲན་ཞིང་མཉམ་པར་བཞག་པས༔ སེམས་ཐག་པ་ནས་རྗེས་དྲན་དྲུག་དང་ལྡན་པས་མཐོལ་འཆགས་བྱས་པས༔ མཚན་མ་མངོན་པར་འབྱུང་ཞིང་སྡིག་པ་མི་འབྱངས་མི་སྲིད་དོ༔ སེམས་ཐག་པ་ནས་མ་བྱས་པ་ནི་མ་གཏོགས་སོ༔ བསྐལ་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུའི་གངྒའི་ཕྱེ་མ་སྙེད་ཀྱི་འཁོར་བའི་སྡིག་པ་ཕྱིར་བསྙིལ་བར་འགྱུར་རོ༔ དེ་ནས་བྱང་ཆུབ་སེམས་དཔའ་གཟུངས་འཛིན་གྱིས་གུས་ཕྱག་དགུ་སྤྲུགས་ཀྱིས་བཏུད་དེ༔ བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས༔ ཇི་ལྟར་བཟུང་ཞིང་བསྒོམས་པར་བགྱི་ཞེས་གསོལ་བ་དང་༔ བཅོམ་ལྡན་འདས་ཀྱིས་སྡོམ་པ་ལྕི་བ་ཀུན་ལ་ཕན་གདགས་པ་ཞེས་བྱ་བར་ཟུངས་ཤིག༔ སྡེ་སྣོད་ཀྱི་སྒོ་དཔག་ཏུ་མེད་པ༔ རྡོ་རྗེ་རིན་པོ་ཆེའི་སྙིང་པོ༔ ཐམས་ཅད་ཀུན་བསྡུས་པ༔ རྒྱན་ཆེན་པོ་དཔེ་ཟླ་མེད་པ༔ མི་སུམ་སྟོང་གྲོལ་བ་ཐར་བ་ཆེན་པོས་ཕྱོགས་སུ་རྒྱས་པ་ཞེས་བྱ་བར་ཟུངས་ཤིག༔ བྱང་ཆུབ་སེམས་དཔའ་གཟུངས་འཛིན་གྱིས༔ དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་དོན་དང་ལྡན་པ་བདག་གི་གཟུངས་སུ་གཟུང་བར་བགྱིའོ༔ ཡོངས་སུ་སྤེལ་བར་བགྱིའོ༔ ཡུན་དུ་གནས་པར་བགྱིའོ༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ༔ ལེགས་སོ་ལེགས་སོ༔ ཁྱོད་ནི་སྐྱེས་བུ་དམ་པ་ཡང་དག་པའོ༔ སྡེ་སྣོད་དཔག་ཏུ་མེད་པ་ཐམས་ཅད་གཟུངས་སུ་འཛིན་པའོ༔ ཞེས་གསུང་པས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་༔ ལྷ་དང་མི་དང་༔ ལྷ་མ་ཡིན་དང་༔ དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་ཏེ་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ༔ འགྱོད་ཚངས་ཀྱིས་སྡིག་སྦྱངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ༔

ཅེས་པ་འདི་ཡང་སྦས་པའི་རྣལ་འབྱོར་ཆེན་པོ་ཀུན་བཟང་མཐར་ཕྱིན་ནས་གསུང་བསྐུར་དོན་ཡོད་པར་བྱ་བའི་ཕྱིར་དུ་དུས་མཐའི་སྔགས་མིང་ག་གཱ་ཨ་བྷྱེ་ནས་སྨྲས་པའི་ཡི་གེའི་རིས་བྱེད་ཤེས་རབ་བློ་འཕེལ་བས་སོ། །སྣ་དགེ སྣ་དགེ །སྣ་དགེ །སརྦ་མངྒ་ལཾ། དཔལ་ཨོ་རྒྱན་གྱིས་མཁན་པོ་ཤཱཀྱ་སེང་གེ་ནས་རྨི་ལམ་འོད་གསལ་གྱི་ངོགས་སུ་ལེགས་སོའི་དབུགས་དབྱུང་དང་བཅས་བཀའི་གནང་བ་དགེ་བར་ཐོབ་པའི་རྟེན་འབྲེལ་ཤིན་ཏུ་བཟང་པོའང་འགྲིགས་སོ། །

བཤགས་པའི་རྒྱུད་ཀྱི་སྙིང་པོ་ཉི་མའི་འོད་ཟེར།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ བཤགས་པའི་རྒྱུད་ཀྱི་སྙིང་པོ་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ༔

རྒྱ་གར་སྐད་དུ༔ དེ་ཤ་ན་ཏནྟྲ་ཙིཏྟ་སུརྱ་རསྨི་ན་མ༔ བོད་སྐད་དུ༔ བཤགས་པའི་རྒྱུད་ཀྱི་སྙིང་པོ་ཉི་མའི་འོད་ཟེར་ཞེས་བྱ་བ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ འདི་སྐད་བཤད་པའི་དུས་ན་ཕྱི་ནང་མེད་པའི་ཆོས་དབྱིངས་ཀྱི་ཕོ་བྲང་ན༔ བཅོམ་ལྡན་འདས་རང་ཤེས་རིག་པའི་རྒྱལ་པོ་མི་གཡོ་བ་ཆེན་པོ་ལ༔ འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་ནང་ནས་བཀའ་སྡོད་ཀྱི་སྐྱེས་བུ་བདུན་ན་འཁོད་པ་མེ་ལོང་ཡེ་ཤེས་ཆེན་པོའི་འདི་སྐད་ཅེས་ཞུས་སོ༔ ཀྱཻ་བཅོམ་ལྡན་འདས་རྣལ་འབྱོར་བ་རྣམས་ཀྱི་ཉམས་ཆགས་བཤགས་པའི་ཐབས་མདོར་བསྡུ་ན་ཅི་སྐད་བགྱི་ཞེས་ཞུས་སོ༔ དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ངའི་གསང་སྔགས་འདི་རིན་ཆེན་གསེར་སྣོད་ཞོམ་པ་དང་འདྲ་བས་ཐབས་ཡངས་པ་རྡོ་རྗེའི་ཐེག་པ་འདི་ཟུངས་ཤིག༔ ཅེས་གསུངས་ན་དགོངས་པ་ནམ་མཁའ་ལྟ་བུའི་གསུང་འདི་དག་རང་ཤར་རོ༔ ཨེ་མ་ཧོ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ ཆོས་ཉིད་མི་གཡོ་མགོན་པོ་ཡི༔ གཞི་ལམ་འབྲས་བུའི་དཀྱིལ་འཁོར་ལྷར༔ ཉམས་ཆགས་བཤགས་པའི་དཔང་བོར་རོལ༔ ཨ་ལ་ལ་ཧོ༔ ཀྱེ་མ་རྡོ་རྗེའི་གདུང་འཚོབ་རྣལ་འབྱོར་བདག༔ ཐེག་པ་རིམ་དགུའི་ལམ་ཞུགས་ཏེ༔ སོ་སོའི་བསླབ་སྡོམ་དམ་ཚིག་རིགས༔ འགལ་ཞིང་ཉམས་པ་མཐོལ་ལོ་བཤགས༔ ཧོ༔ རྟོགས་པའི་ཡན་ལག་ཐམས་ཅད་ཀུན༔ གནས་ཚུལ་དོན་དམ་ལྷུན་གྲུབ་དཔལ༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཧཱུྃ༔ ཁམས་གསུམ་འཁོར་བའི་ཆོས་རྣམས་ཀུན༔ སྐུ་གསུམ་སྐུ་གསུང་ཐུགས་ཀྱི་ངང་༔ གདོད་ནས་མངོན་སངས་རྒྱས་པ་ཡི༔ དགོངས་ཀློང་མ་རྟོགས་མཐོལ་ལོ་བཤགས༔ ཧཱུྃ༔ཐོག་མེད་དུས་ནས་ད་ལྟའི་བར༔ སྒོ་གསུམ་ཁམས་གསུམ་རུ་ཏྲ་ཡིས༔ ཉོན་མོངས་དབང་གིས་སྡིག་བགྱིས་པ༔ གནོང་འགྱོད་དྲག་པོའི་མཐོལ་ལོ་བཤགས༔ ཧཱུྃ༔ རྡོ་རྗེ་རྒྱལ་པོའི་ཐེག་པ་ཡིས༔ གལ་མདོ་དབང་བཞིའི་དམ་ཚིག་དང་༔ སློབ་དཔོན་སྐུ་གསུང་ཐུགས་མཆོག་གི༔ དམ་ཚིག་ཉམས་ཆགས་མཐོལ་ལོ་བཤགས༔ ཤེས་བྱ་ལྟ་བའི་དམ་ཚིག་དང་༔ བསྒྲུབ་བསྲུང་བསྒོམ་དངོས་སྤྱོད་པ་ཡི༔ ལམ་བཞི་ངེས་པའི་རང་སྐལ་གྱི༔ དམ་ཚིག་དང་དུ་མ་ལོན་དང་༔ མ་རིག་ཉོན་མོངས་བག་མེད་པས༔ ཚོད་དང་ལོངས་ཡོད་ཕྱི་བཤོལ་བས༔ སྤང་བྱ་མི་དགེ་ཉམས་ཆགས་ཀུན༔ སྤོང་བར་མ་ནུས་མཐོལ་ལོ་བཤགས༔ སྐུ་གསུང་ཐུགས་སུ་བསྒྲུབ་ཞེས་སུ༔ ཁས་བླང་དམ་བཅའ་བགྱིས་ནའང་༔ ཚུལ་བཞིན་རྔོ་མ་ཐོགས་པ་ཀུན༔ མཐོལ་ལོ་བཤགས་སོ་ཚངས་པར་སྩོལ༔ གསང་སྔགས་ཡི་གེ་བརྒྱ་བ་འདི༔ དུས་གསུམ་རྒྱལ་བའི་གསང་སྔགས་ཡིན༔ ཞི་ཁྲོ་རིགས་བརྒྱའི་ཡང་སྙིང་ཡིན༔ ཉམས་ཆགས་བཤགས་པའི་གཟུངས་སྔགས་ཡིན༔ སྡུག་བསྔལ་འཇོམས་པའི་རིག་སྔགས་ཡིན༔ བཟླས་པས་འགྲོ་དྲུག་སྐྱེ་རྒྱུན་ཆོད༔ ནན་ཏན་སྙིང་པོར་ཉེ་བར་ལོངས༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ དྲིཌྷོ་མེ་བྷ་ཝ༔ སུཏྟོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡ་ཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱ་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ད་ནས་མི་འཆབ་མི་བགྱིད་དོ༔ ཞི་ཁྲོ་རོལ་བའི་ཕྲིན་ལས་ཀྱི༔ དག་ཚངས་སོར་ཆུད་དབུགས་དབྱུང་སྟེ༔ མཆོག་ཐུན་དངོས་གྲུབ་ཚེ་འདིར་སྩོལ༔ ཨ་ལ་ལ་ཧོ༔ ཨེ་མ་ཧོ༔ འཁོར་འདས་སྣང་སྲིད་ཆོས་རྣམས་ཀུན༔ དོན་ལ་མཉམ་ཉིད་ཐིག་ལེ་ཆེར༔ མ་རྟོགས་བཟང་ངན་ཕྱོགས་འཛིན་སྒྲིབ༔ ཡེ་གྲོལ་ཆེན་པོའི་ངང་དུ་བཤགས༔ ཨ་ལ་ལ་ཧོ༔ ཨེ་མ་ཧོ༔ ཨེ་མ་དམ་ཚིག་ཕྱག་རྒྱ་བཞི་ལྡན་པའི༔ བྱ་བ་དོན་ཡོད་གྲུབ་པའི་ངང་༔ མ་བཅོས་ལྷུན་གྲུབ་རྡོ་རྗེ་ཆེ༔ འདི་ལྟར་རྟོགས་ན་བསྐང་བཤགས་མཆོག༔ མ་སྐྱེས་མ་འགགས་གནས་དམིགས་མེད༔ མཚན་མཚོན་གཞི་བྲལ་ཡངས་པ་ཡི༔ རང་བཞིན་ཆོས་སྐུར་བབས་ཀྱིས་གྲུབ༔ འཁོར་གསུམ་དམིགས་པ་ཀ་ནས་དག༔ ཨ་ཨ་ཨཱ༔ ཨ་ལ་ལ་ཧོ༔ དེ་ལྟར་རྟོགས་པའི་རྩལ་ལྡན་པའི༔ ངང་ལ་ཡང་དག་མཉམ་བཞག་ནས༔ ཆད་པའི་མཐའ་ལས་གཟུང་བའི་ཕྱིར༔ སྡིག་ལྟུང་ཕྱག་རྒྱའི་འཁོར་ལོར་ཆེ༔ ཨ་ལ་ལ་ཧོ༔ རྣལ་འབྱོར་གང་ཞིག་སྐལ་ལྡན་པས༔ འདི་ལྟར་བཤགས་སྦྱངས་མངོན་བརྩོན་ནས༔ དགེ་སྡིག་ལས་ཀྱིས་མི་བསྒྲིབ་པར༔ ཚེ་འདིར་མཆོག་ཐུན་དངོས་གྲུབ་ཐོབ༔ གཞི་ནས་བསྐྱོད་པ་མེད་པ་དང་༔ སྡིག་ལྟུང་འདུས་བྱས་ཡིན་པའི་ཕྱིར༔ གང་ཡང་རང་གྲོལ་དམ་ཚིག་གི༔ སོར་ཆུད་མི་གཡོའི་གཏན་ཚིག་གོ༔ ཞེས་ཆོས་ཕུན་སུམ་ཚོགས་པ་འདི་གསུངས་པས༔ མེ་ལོང་ཡེ་ཤེས་ལ་སོགས་པའི་འཁོར་ཕུན་སུམ་ཚོགས་པ་རྣམས་རྗེས་སུ་ཡི་རང་སྟེ་དུས་བཞི་ཆོས་ཉིད་ཀྱི་ངོ་བོ་ལ་དགོངས་པ་དབྱེར་མེད་ཆེན་པོར་འབྱམས་ཀླས་སོ༔ སྒྲའི་བྱིང་དོན་བསྒྱུར་བཀོད་ཀྱི་རྩོལ་བ་ལ་མ་ལྟོས་པར༔ བཀའ་སྡོད་དགོངས་པ་གཅིག་པའི་པད་འབྱུང་གིས༔ དོན་གྱི་རྣམ་བཅད་ལས་ཐད་སོར་བཤད་པ་རྫོགས་སོ༔ འདི་ཡང་ནུ་འཇམ་དང་རི་ཁྲོད་པ་རྣམས་ཀྱི་ཡང་ཡང་བསྐུལ་ངོར་ག་གཱ་བས་སོ། །

༈རྒྱ་གར་སྐད་དུ༔ སརྦ་པ་པཾ་ཤུདྡྷེ་ཨཱ་ན་མ་དྷ་ར་ནི༔ བོད་སྐད་དུ༔ སྡིག་སྒྲིབ་དག་པར་བྱེད་པའི་གཟུངས་ཞེས་བྱ་བ༔ བཅོམ་ལྡན་འདས་དཔལ་དྲི་མེད་མགོན་པོ་ལ་ཕྱག་འཚལ་ལོ༔ ཨོཾ་ན་མོ་བྷ་ག་ཝཱ་ཏེ་སརྦ་པ་པཾ་ཤུདྡྷེ་ཨཱ༔ བི་མ་ལེ་ནཱ་ཐ་རཱ་ཛ་སྭཱ་ཡཾ་ཀུ་རུ་ཡེ་སྭཱ་ཧཱ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ འདི་ལན་གསུམ་བརྗོད་པས་ཉི་མ་རེ་བཞིན་མ་ཆགས་པར་བྱས་ན་ཚེ་རབས་འབུམ་གྱི་འཁོར་བ་ཕྱིར་བསྙིལ་ལོ༔ ཅེས་ཀྱང་བླ་མ་ཐེག་མཆོག་རིན་པོ་ཆེའི་བསྐུལ་ངོར་གཱ་ག་ཨ་བྷྱེ་ནས་སྨྲས་པ་དགེ་བར་གྱུར་ཅིག༔

༄༅། །རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ དམ་ཚིག་ཉམས་ཆགས་བཤགས་པའི་ལུང་༔ དག་བྱེད་བདུད་རྩིའི་རྒྱུན་བཟང་བཞུགས་སོ༔

སྟོབས་བཞི་ཚང་པའི་ཟིལ་གནོན་གྱིས༔ ཁ་ཙམ་མིན་པར་འདི་བརྗོད་བྱ༔ ན་མོ༔ རང་བྱུང་རིག་པའི་ཡེ་ཤེས་སྐུ༔ ཀུན་ཏུ་བཟང་པོ་ལ་ཕྱག་འཚལ༔ ཆོས་ཉིད་སྟོང་བའི་མཚན་དཔེའི་གར༔ བདེ་ཆེན་བཟང་མོ་ལ་ཕྱག་འཚལ༔ ཡེ་ཤེས་ལྔ་ཡི་རྩལ་ཤར་བ༔ རིགས་ལྔའི་རྒྱལ་བ་ལ་ཕྱག་འཚལ༔ ཤེས་རབ་ལྔ་ཡི་ཕྱག་རྒྱར་བཞེངས༔ ཡུམ་ཆེན་ལྔ་ལ་ཕྱག་འཚལ་ལོ༔ དབང་ཤེས་དག་པའི་འཕྲུལ་བཞད་རྒྱན༔ སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ༔ ཡུལ་དུས་རྣམ་གྲོལ་ཟག་མེད་སྐུ༔ སེམས་མ་བརྒྱུད་ལ་ཕྱག་འཚལ་ལོ༔ མུ་བདུད་རང་གྲོལ་དམ་པའི་དོན༔ འཇོམས་པ་བཞི་ལ་ཕྱག་འཚལ་ལོ༔ སྐྱེ་བ་བཞི་ཡི་གཡང་ས་བསྲུང་༔ སྒོ་མ་བཞི་ལ་ཕྱག་འཚལ་ལོ༔ ཉོན་མོངས་དྲུག་པོ་གནས་དག་པའི༔ ཐུབ་ཆེན་དྲུག་ལ་ཕྱག་འཚལ་ལོ༔ ཧཱུྃ༔ སྲིད་རྩ་ཉོན་མོངས་གནས་འགྱུར་བའི༔ ཧེ་རུ་ཀ་དཔལ་ལ་ཕྱག་འཚལ༔ མ་རིག་རྨོངས་པའི་མུན་གྲོལ་དཔལ༔ དབྱིངས་ཀྱི་དབྱིངས་ཕྱུག་ལ་ཕྱག་འཚལ༔ དུག་ལྔའི་རྟོག་པ་སངས་རྒྱས་པའི༔ ཁྲག་འཐུང་ཡབ་ལྔ་ལ་ཕྱག་འཚལ༔ རྒྱུད་ལྔའི་འབྱུང་ཁམས་བྱང་ཆུབ་པའི༔ ཀྲོ་ཏི་ཡུམ་ལྔ་ལ་ཕྱག་འཚལ༔ ཚོགས་བརྒྱད་རྟོག་པ་གཞིར་གྲོལ་བའི༔ ཀཽ་རི་བརྒྱད་ལ་ཕྱག་འཚལ་ལོ༔ རྣམ་ཐར་བརྒྱད་ལྡན་ཏིང་འཛིན་དབང་༔ ཕྲ་མེད་བརྒྱད་ལ་ཕྱག་འཚལ་ལོ༔ ཚད་མེད་བཞི་ལྡན་རྟགས་ཀྱི་ངང་༔ སྒོ་མ་བཞི་ལ་ཕྱག་འཚལ་ལོ༔ ཉོན་མོངས་བརྒྱད་ཁྲིའི་འཆིང་གྲོལ་སྐུ༔ དབང་ཕྱུག་ཉེར་བརྒྱད་ལ་ཕྱག་འཚལ༔ ཧཱུྃ༔ དཀྱིལ་འཁོར་དབང་ཕྱུག་བཀའ་དྲིན་ཅན༔ རྩ་བརྒྱུད་བླ་མ་ལ་ཕྱག་འཚལ༔ མོས་འབྲེལ་མེ་ཏོག་ཕོག་པ་ཡི༔ ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་ཀློང་དགུ་རྔམ་པའི་གཟུགས༔ སྒྲུབ་སྡེ་ཆེན་པོ་ལ་ཕྱག་འཚལ༔ ཕྱི་ནང་གནས་ཡུལ་འཛིན་གྲོལ་བཅུད༔ མཁའ་འགྲོ་རྒྱ་མཚོ་ལ་ཕྱག་འཚལ༔ གང་འདུལ་སྒྱུ་འཕྲུལ་བཀོད་པར་ཤར༔ ཆོས་སྐྱོང་སྲུང་མ་ལ་ཕྱག་འཚལ༔ སྐྱོན་ཀུན་བྱང་སྟེ་ཡོན་ཏན་ཆུབ༔ བསྐལ་བཟང་སྒྲོན་མེ་ལ་ཕྱག་འཚལ༔ ཞི་བ་ཆགས་བྲལ་བདེན་པའི་དངོས༔ སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ༔ རིག་གྲོལ་བརྒྱད་ལྡན་ཞིང་གི་མཆོག༔ ཐེག་གསུམ་དགེ་འདུན་ལ་ཕྱག་འཚལ༔ རྟོགས་པ་མངོན་གྱུར་ཡང་དག་རིག༔ དུས་གསུང་སངས་རྒྱས་ལ་ཕྱག་འཚལ༔ ཕ་མ་མཁན་སློབ་ལ་སོགས་པའི༔ ཕྱག་འོས་ཀུན་ལ་ཕྱག་འཚལ་ལོ༔ ཀྱཻ་མ༔ བདག་ཅག་མ་རིག་འཁྲུལ་དབང་གིས༔ བདག་མེད་པ་ལ་བདག་ཏུ་བཟུང་༔ ཡུལ་མེད་ཡུལ་དུ་སྣང་ཞེན་གྱིས༔ ཆགས་སྡང་དགག་སྒྲུབ་ཉོན་མོངས་པས༔ སྒོ་གསུམ་བག་མེད་དབང་གྱུར་ཏེ༔ མི་དགེ་བཅུ་དང་མཚམས་མེད་ལས༔ ཉེ་བ་ལྔ་དང་ལྕི་བ་བཞི༔ ལོག་པ་བརྒྱད་སོགས་ཁར་མ་ཐོ༔ གཞན་ཡང་བརྟུལ་ཞུགས་བཟང་མནོས་ཏེ༔ སྐྱབས་སྡོམ་སོ་ཐར་རིས་བདུན་གྱིས༔ ཕམ་ལྷག་ཉེས་ལྟུང་སོར་བཤགས་ལ༔ ཉམས་འགལ་འདས་རལ་བྱུང་བ་དང་༔ ཐེག་པ་ཆེན་པོས་སྒོར་ཞུགས་ནས༔ སྡོམ་སྡུད་སེམས་ཅན་དོན་བྱེད་ཀྱི༔ བསླབ་པ་བཏང་བ་ཐམས་ཅད་ཀུན༔ གནོང་ཞིང་འགྱོད་སེམས་དྲག་པོའི་བཤགས༔ རྡོ་རྗེ་མཆོག་གསུམ་བསྒྲུབ་པའི་ཕྱིར༔ རིག་འཛིན་སྡེ་སྣོད་གཉེར་བླངས་ཀྱང་༔ རྒྱུད་སྡེ་སོ་སོའི་རྩ་ལྟུང་དང་༔ ཡན་ལག་དམ་ཉམས་མཐོལ་ལོ་བཤགས༔ སློབ་དཔོན་སྨོད་དང་ཐུགས་སུན་དབྱུངས༔ བདེ་གཤེགས་བཀའ་ལས་འདས་པ་དང་༔ རྡོ་རྗེ་མཆེད་དང་ལྕམ་ལ་འཚེ༔ སེམས་ཅན་རྣམས་ལ་བྱམས་པ་སྤངས༔ བསམ་བཞིན་ཁུ་བ་དབྱུང་བ་དང་༔ རང་གཞན་གྲུབ་པའི་མཐའ་ལ་སྨད༔ སྣོད་དུས་མིན་པར་གསང་བ་བསྒྲགས༔ ཕུང་པོ་སངས་རྒྱས་ལྔ་བདག་བརྙས༔ དག་པའི་ཆོས་ལ་ཐེ་ཚོམ་ཟ༔ ཞིང་བཅུ་ནུས་བཞིན་མི་སྒྲོལ་དང་༔ སྤྲོས་བྲལ་བློས་གཞལ་མཚན་མར་བལྟས༔ སྣོད་ལྡན་སློབ་མ་ཡལ་བར་དོར༔ དུས་བབས་དམ་རྫས་མི་བརྟེན་ཅིང་༔ ཤེས་རབ་རང་བཞིན་བུད་མེད་སྨོད༔ བླ་མེད་ནང་གི་དམ་ཚིག་ལ༔ ཉམས་ཆགས་འགལ་འཁྲུལ་མཐོལ་ལོ་བཤགས༔ འོས་མིན་རིག་མ་བསྟེན་པ་དང་༔ ཚོགས་ཀྱི་འཁོར་ལོའི་དུས་སུ་རྩོད༔ བདུད་རྩི་སྟོབས་ཀྱིས་ལེན་པ་དང་༔ སྣོད་ལྡན་གསང་སྔགས་མི་སྟོན་དང་༔ དད་ལྡན་འདྲི་ལ་དོན་གཞན་སྟོན༔ ཉན་ཐོས་ནང་དུ་ཞག་བདུན་གནས༔ ཡེ་ཤེས་མི་ལྡན་སྔགས་པར་རློམ༔ དད་པ་མེད་ལ་གསང་སྔགས་འཆད༔ ཡན་ལག་སྦོམ་པོའི་ལྟུང་བ་བརྒྱད༔ མི་ཤེས་མ་གུས་བག་མེད་ལས༔ གང་བྱུང་གནོང་འགྱོད་དྲག་པོའི་བཤགས༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ མི་སྤང་ལྔ་དང་སྤྱད་ལེན་ལྔ༔ ལྟ་སྤྱོད་དམན་པའི་རྣམ་རྟོག་གིས༔ ཡན་ལག་དམ་ཉམས་མཐོལ་ལོ་བཤགས༔ དབང་བཞི་སྤྱི་ཡི་དམ་ཚིག་དང་༔ གལ་མདོ་ནང་གི་ཁྱད་པར་བ༔ རྡོ་རྗེ་སྙིང་པོའི་ལྷག་པ་ཡི༔ ཉམས་ཆགས་ཉེས་ལྟུང་མཐོལ་ཞིང་བཤགས༔ ཡང་གསང་རྡོ་རྗེའི་རྒྱལ་པོ་ཡི༔སྐུ་གསུང་ཐུགས་ཀྱི་ཉི་ཤུ་བདུན༔ ཆེན་བརྒྱད་ཕྲ་མོ་བཅོ་ལྔ་ཡི༔ དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ གཞན་ཡང་རིག་འཛིན་སྡེ་སྣོད་ཀྱི༔ དམ་ཚིག་ས་ཡ་འབུམ་སྡེ་ལ༔ མ་རིག་ཉོན་མོངས་དབང་གྱུར་ཏེ༔ འགལ་འདས་རལ་བ་མཐོལ་ལོ་བཤགས༔ ཧཱུྃ༔ འཁོར་འདས་སྟོང་ཉིད་ཆོས་སྐུ་ལ༔ ཨ་འཐས་ཐེར་ཟུག་བལྟས་པ་བཤགས༔ མཉམ་ཉིད་ཐིག་ལེ་ཉག་གཅིག་ལ༔ རྟག་ཆད་གྲྭ་ཟུར་སྤྲོས་རྟོག་བཤགས༔ དག་ཆེན་སྐུ་དང་ཡེ་ཤེས་ལ༔ མ་དག་མཚན་འཛིན་སྤངས་བླང་བཤགས༔ རིག་སྟོང་ཁྱབ་བརྡལ་ཆེན་པོ་ལ༔ བདག་གཉིས་སྣང་ཞེན་བལྟས་པ་བཤགས༔ ཆོས་ཉིད་སྐྱོན་དང་བྲལ་བ་ལ༔ བློས་བྱས་རེ་དོགས་རྐྱེན་པ་བཤགས༔ ལྷུན་གྲུབ་ཡོན་ཏན་ཆེན་པོ་ལ༔ འདུས་བྱས་རྐྱེན་བསྐྱེད་དཔེར་བླང་བཤགས༔ བྱ་བྱེད་ལས་ཀྱི་མགོན་པོ་ལ༔ ཉེས་ལྟུང་ཉམས་པར་བལྟས་པ་བཤགས༔ འཁོར་གསུམ་རང་བཞིན་བྲལ་བ་ལ༔ དངོས་འཛིན་བདེ་ཞེན་ཤོར་བ་བཤགས༔ གཞན་ཡང་འཁོར་བ་ཐོག་མེད་ནས༔ ཐ་མ་ད་ལ་ཐུག་གི་བར༔ ཉོན་ཤེས་སྒྲིབ་པའི་དབང་གྱུར་ཏེ༔ རྨི་ལམ་བཞིན་དུ་འཁོར་བའི་དུས༔ འོས་མིན་ལས་ལ་ཞུགས་པ་ཀུན༔ མི་འཆབ་མི་སྦེད་རབ་གནོང་འགྱོད༔ ངོ་ཚ་འཇིགས་སྐྲག་དྲག་པོའི་བཤགས༔ ཕྱིན་ཆད་མི་འགྱིད་སྡོམ་པར་བྱ༔ ཆོས་ཉིད་ཆོས་ཅན་དོན་རྟགས་ལྷ༔ ཞི་ཁྲོ་རོལ་པའི་ཕྲིན་ལས་ཀྱིས༔ དག་ཅིང་ཚངས་ལ་སོར་ཆུད་དེ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ མི་བསྒྲིབ་ཚེ་འདིར་སྩལ་ནས་ཀྱང་༔ རང་གཞན་དོན་གཉིས་ལྷུན་གྲུབ་ཀྱི༔ རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔

ཡི་གེ་བརྒྱ་པའི་གསང་སྔགས་བཟླ༔ སྡིག་ལྟུང་ཉམས་ཆགས་ཐམས་ཅད་ཀུན༔ འདི་ཡི་མི་འདགས་གང་ཡང་མེད༔ ཐབས་ཀྱི་ཐེག་པའི་ཁྱད་ཆོས་མཆོག༔ མཉྫུ་མ་ཏི་ཞེས་བྱ་བའི༔ གསུང་གི་ནན་ཏན་བྱུང་བ་ན༔ དུས་མཐར་སྔགས་པའི་ཟོལ་ཞུགས་པ༔ ག་གཱ་ཨ་བྷྱེ་དེ་ཡིས་སྨྲས༔ དགེ་བས་རང་གཞན་ཐམས་ཅད་ཀྱི༔ དམ་ཚིག་ཉམས་པའི་སྐྱོན་བྲལ་ཏེ༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ནས༔ ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག༔ དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །

བཤགས་པ་དྲི་མེད་འོད་ཟེར།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ བཤགས་པ་དྲི་མེད་འོད་ཟེར་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྔར་བྱས་ལས་ལ་འགྱོད་སེམས་དང་༔ ཕྱིན་ཆད་ལྡོག་པའི་སྟོབས་བཅས་སུ༔ ཨེ་མ་ཧོ༔ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷ༔ ཐེག་རིམ་དགུ་དང་འབྲེལ་བ་ཡི༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ༔ ཡོངས་འདུས་ཡིད་བཞིན་རིན་པོ་ཆེ༔ ཀུན་ནས་ཀུན་ཏུ་བཟང་པོའི་དཔལ༔ རྡོ་རྗེའི་བླ་མ་བཀའ་དྲིན་ཅན༔ མདུན་མཁར་དགྱེས་བཞིན་བཞུགས་པར་མོས༔ ཀྱེ་མ༔ བདག་གིས་མ་རིག་བག་མེད་པས༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ གཞན་ཡང་ཉེ་བ་ལྔ་ལ་སོགས༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ཉོན་མོངས་དབང་གིས་སྤྱོད་པའི་ལས༔ གནོང་ཞིང་འགྱོད་སེམས་དྲག་པོ་ཡིས༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ ཁྱད་པར་བརྟུལ་ཞུགས་བཟང་མནོས་ཏེ༔ སོ་སོར་ཐར་བའི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའི་བསླབ་པ་དང་༔ རིག་འཛིན་སྔགས་ཀྱི་དམ་ཚིག་ལ༔ འགལ་ཉམས་རལ་འདས་ཐམས་ཅད་ཀུན༔ བཤགས་སོ་བྱང་ཞིང་དག་གྱུར་ནས༔ མཆོག་ཐུན་དངོས་གྲུབ་ཐམས་ཅད་ཀུན༔ མི་བསྒྲིབ་ཚེ་འདིར་སྩལ་དུ་གསོལ༔ ཁས་བླངས་དམ་བཅས་ཉམས་པ་དང་༔ གཞན་གྱི་སྡིག་རྐྱེན་ཡི་རང་བྱས༔ བསྟན་ལ་གནོད་པའི་གཞུང་བསྲེང་སོགས༔ མཐོང་དང་མ་མཐོང་ཐམས་ཅད་ཀུན༔ རྟེན་མཆོག་དམ་པའི་སྟོབས་ཤུགས་དང་༔ གཉེན་པོ་བྱང་ཆུབ་སེམས་ཀྱི་མཐུས༔ བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ ཕྱིན་ཆད་སྲོག་ལ་བབས་ཀྱང་སྡོམ༔ བླ་མའི་ཐུགས་ཀའི་འོད་ཟེར་ནི༔ དཀར་དམར་མཐིང་གསུམ་འབར་བ་ཡིས༔ སྒོ་གསུམ་སྡིག་སྒྲིབ་བག་ཆགས་དང་༔ ཁམས་གསུམ་གནས་དོན་སྣང་ཞེན་ཀུན༔ སྦུར་མ་མེ་ལ་བསྲེག་པ་ལྟར༔ ཆོས་དབྱིངས་དེ་བཞིན་ཉིད་དུ་སྦྱངས༔ འཁོར་གསུམ་དམིགས་མེད་ངང་དུ་ཨ༔ ཡི་གེ་བརྒྱ་པའི་མཐར༔ སརྦ་པ་པཾ་ཛྭ་ལ་རཾ་ཤུདྡྷེ་ཤུདྡྷེ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ ཅི་འགྲུབ་བཟླས་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ལ་མཉམ་པར་བཞག་གོ༔ འདི་ཡང་འཇིགས་མེད་ཚུལ་ཁྲིམས་དང་རྒྱ་ཁོ་གཉིས་ཀྱིས་བསྐུལ་ངོར་ག་ག་ཨ་བྷྱེས་སྨྲས་པའི་ཡི་གེ་པ་ནི་ཁུ་ཅི་ཁུ་ལོའོ། །༈ཧོ༔ རང་རིག་དྲི་མེད་དེ་བཞིན་ཉིད༔ དྲན་རྫོགས་བླ་མའི་སྐུ་རུ་བཞེངས༔ ཨོཾ་ཨཱཿཧཱུྃ་གུ་རུ་ཛྙཱ་ན་བཛྲ་དྷ་རཱ་ཨཏྨ་ཀོ྅་ཧཾ༔ ཅེས་ཀྱང་ཤེས་རབ་བློ་འཕེལ་ནས་སྨྲས་པ་དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །

དམ་ཚིག་ཉམས་ཆགས་བཤགས་པ་རྣལ་འབྱོར་སྤྱི་ཁྲུས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ དམ་ཚིག་ཉམས་ཆགས་བཤགས་པ་རྣལ་འབྱོར་སྤྱི་ཁྲུས་ཞེས་བྱ་བ་བཞུགས་སོ༔

ཨེ་མ་ཧོ༔ སྐྱེ་མེད་ཐིག་ལེ་འབྲུ་གཅིག་ལ༔ ཉམས་པའི་གྲྭ་ཟུར་མ་བྱུང་ཡང་༔ རྣལ་འབྱོར་ལྟ་སྤྱོད་འཕང་དམའ་བས༔ འགལ་འཁྲུལ་འདས་རལ་མཐོལ་ལོ་བཤགས༔ བླ་མ་དམ་པའི་བདག་རྐྱེན་ལས༔ སྨིན་གྲོལ་ལམ་གྱི་དྲིན་ཐོབ་ཀྱང་༔ མ་ཤེས་མ་གུས་བརྗེད་ངེས་དང་༔ བག་མེད་བཤེས་བྲལ་བདུད་གྲོགས་ཟིན༔ ཉོན་མོངས་སྟོབས་ཆེ་གཉེན་པོ་ཕྲ༔ ཆོས་བརྒྱད་དབང་དུ་གྱུར་བ་སྟེ༔ དམ་ཚིག་ཉམས་པའི་རྒྱུ་རྐྱེན་དགུའི༔ ཀུན་ནས་བསླང་བ་མཐོལ་ལོ་བཤགས༔ རྒྱུད་སྡེ་སོ་སོས་རྩ་བ་དང་༔ ཡན་ལག་སྦོམ་ཕྲའི་བཀས་བཅད་དང་༔ སློབ་དཔོན་མཆེད་ཀྱི་སྐུ་གསུང་ཐུགས༔ བརྙས་བཅག་སུན་ཕྱུང་མཐོལ་ལོ་བཤགས༔ མི་དགེ་བཅུ་ལ་སྤྱད་པ་དང་༔ དགེ་བཅུ་ཁྱད་པར་རྒྱབ་ཕྱོགས་དང་༔ གདམས་པ་འདོར་དང་གསང་བ་འཆལ༔ སྤ་ལོ་གཟུ་ལུམ་རིས་ཆོད་བཤགས༔ སྔགས་ཀྱི་རྩ་བ་དག་སྣང་མེད༔ ལོག་ལྟ་གཏིང་ནས་སྐུར་བ་བཏབ༔ གཤེས་སྐུར་དམ་སྤངས་བསྒོམ་བསྒྲུབ་གཡེལ༔ ལྟ་སྤྱོད་རུ་ཏྲར་བྱས་པ་བཤགས༔ ལྟ་བ་འཁྱེར་སོའི་གདེང་ཉམས་དང་༔ བསྒོམ་པ་བྱང་སེམས་བསྐྱེད་རྫོགས་གཡེངས༔ སྤྱོད་པ་མཐའ་བཅུའི་བསླབས་པ་རལ༔ ཤེས་བསྒྲུབ་སྤྱད་ལེན་སྤངས་ཉམས་བཤགས༔ མེད་ཕྱལ་གཅིག་པུ་ལྷུན་གྲུབ་སོགས༔ བསྲུང་དུ་ཡོད་དང་མེད་པ་ཡི༔ ས་མ་ཡཱ་ནི་འབུམ་སྡེ་ལ༔ དངོས་ཟླས་ཞར་ཉམས་འགལ་འདས་ཀུན༔ བཅོམ་ལྡན་ཞི་ཁྲོའི་སྤྱན་སྔ་རུ༔ གནོང་ཞིང་འགྱོད་སེམས་དྲག་པོ་ཡིས༔ ལུས་ངག་ཡིད་སྤྱོད་བདོག་པ་དང་༔ ཚོགས་གཏོར་འགྱོད་སྡོམ་བརྟན་པོས་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་ཀུན༔ མི་བསྒྲིབ་ཚེ་འདིར་སྩལ་དུ་གསོལ༔ ཉིན་རེ་ཚར་རེ་མ་ཆགས་ན༔ དམ་ཚིག་སོར་ཆུད་དངོས་གྲུབ་ཐོབ༔ བསོད་ལྷས་བསྐུལ་བཞིན་ག་གཱས་སོ། །གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་ནི་དངོས་གྲུབ་ཐམས་ཅད་ཀྱི་ས་བོན་མ་རུལ་བ་ལ་སྨིན་པའི་ཆུ་ལུད་དྲོད་གཤེར་ལྟ་བུ་ལགས་པས་ཉམས་སླ་བ་བཤགས་དགོས་མ་བཤགས་ན་ཡོན་ཏན་ཅུང་ཟད་ཀྱང་མི་ཐོབ་པར་མ་ཚད་མར་གྱི་ཟང་ཐལ་དུ་གདོན་མི་ཟ་བས་བཤགས་སྦྱངས་འབུང་བས་ཐབས་ཀྱི་ཆེ་བས་དག་སླ་གསེར་སྣོད་ཞོམ་པ་ལྟ་བུ་སྙད་མི་འཇུག་མཆོག་ཐུན་འབད་མེད་དུ་འགྲུབ་པའི་དྲི་མེད་བཤགས་རྒྱུད་སོགས་ནི་ཧ་ཅང་རྒྱས་པས་རྒྱུན་ཁྱེར་དུ་མི་ནུས། ཡེ་ཤེས་སྐུ་མཆོག་བསྡུས་དོན་གྱི་དབང་དུ་ཆེ་བས་དེའི་ཆོག ཡང་ན། ངོ་བོ་ཉིད་དབྱིངས་སྤྲོས་མཚན་ཞི། །རང་བཞིན་སྙིང་རྗེའི་ཡེ་མདངས་ལས། །མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་འབར། །རྟེན་གྱི་སྟོབས་སུ་རྣམ་པར་རོལ། །གཞི་དབྱིངས་དོན་གྱི་གནས་ལུགས་ལ། ། བདག་གཞན་རྟོགས་པའི་དྲྭ་བ་མེད། །མེད་བཞིན་མ་རིག་བག་ཆགས་ཀྱིས། །ནོངས་པ་གཞི་བྲལ་ཀློང་དུ་བཤགས། །རང་སྣང་རྡོ་རྗེ་འཆང་ཆེན་གྱིས། །བཀོད་པའི་དམ་ཚིག་ས་ཡ་འབུམ། །སྤྱི་དང་བྱེ་བྲག་ཁྱད་པར་ལས། །མ་ཤེས་བག་མེད་མཐོལ་ལོ་བཤགས། ། རྩ་བའི་ལྟུང་བ་བཅུ་བཞི་དང་། །སྦོམ་པོ་བརྒྱད་དང་རྩ་བ་ལྔའི། །བསྲུང་མཚམས་ཤེས་བཞིན་མི་ལྡན་པས། །ཁྱད་བསད་ཉམས་ཆགས་མཐོལ་ལོ་བཤགས། །མ་ཧཱ་ཡོ་གའི་གསང་ཆེན་གྱིས། །ཤེས་བྱ་ལྔ་དང་སྒྲུབ་བྱ་ལྔ། །མི་སྤངས་ལྔ་དང་དང་ལེན་ལྔ། །སྤྱད་བྱ་ལྔ་དང་གསང་བཅུའི་ཚུལ། །ཨ་ནུ་ཡོ་གའི་མྱུར་ལམ་གྱི། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་། །ཚོགས་བརྒྱད་ཉེ་བའི་ཉོན་མོངས་བཅས། །སེམས་བྱུང་ལྔ་བཅུ་ལ་སོགས་པའི། །རྟོག་ཚོགས་གནད་དུ་མ་སྦྱོངས་ཞིང་། །ཁྱད་པར་ཨ་ཏི་བླ་མེད་ཀྱི། །རིམ་འཇུག་རྩོལ་བ་བྲལ་བའི་གསང་། །རྩོལ་སྒྲུབ་དྲྭ་བའི་གཟེབ་བཙུད་པའི། །ཉམས་ཆགས་རྟོག་སྒྲིབ་ཐམས་ཅད་བཤགས། །སྟོང་ཉིད་ངོ་བོ་ཉིད་ཀྱི་གཤིས། །མ་སྐྱེས་མ་བྱུང་ཐིག་ལེ་ཆེར། །མེད་པའི་རང་བཞིན་བཅུ་ཡི་ཚུལ། །མ་རྟོགས་ཉམས་པ་མཐོལ་ལོ་བཤགས། །ཆོས་ཉིད་ཕྱལ་བ་ཆེན་པོ་ལ། །ཐ་སྙད་སྒྲོ་སྐུར་སླད་ཀྱིས་བསླད། །རྟོག་བརྟགས་ཚིག་ལ་འཆེལ་བའི་སྐྱོན། །ཀློང་མཉམ་ཆེན་པོའི་ངང་དུ་བཤགས། །གཅིག་པུ་ཆོས་རྣམས་ཐམས་ཅད་ཀུན། །ཁྱབ་བརྡལ་དོན་གྱི་རྡོ་རྗེར་མཉམ། །མཉམ་ཉིད་རང་བཞིན་དམིགས་མེད་གཤིས། །དམིགས་པའི་སྒྲོག་ཏུ་བཅུག་པ་བཤགས། །ལྷུན་གྲུབ་རང་བཞིན་ཡོན་ཏན་རྫོགས། །རྫོགས་པའི་བྱང་ཆུབ་བླ་མའི་ཐུགས། །རང་རིག་སྐུ་དང་ཡེ་ཤེས་གཤིས། །མ་རྟོགས་ཉམས་པ་མཐོལ་ལོ་བཤགས། །བལྟར་མེད་ངོ་བོ་མ་མཐོང་ཞིང་། །མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་གིས། །བླ་མའི་བཀའ་ལ་གཡོན་དུ་བལྟས། །ཕྱོགས་ལྷུང་མེད་པའི་ཀློང་དུ་བཤགས། །རང་བཞག་རྣལ་མའི་ཡེ་བབ་ལ། །ཡེ་ནས་འབྱམས་སུ་ཀླས་པ་ལས། །སེམས་སུ་བསླད་ནས་ཉིང་འཁྲུལ་བ། །ཕྱམ་བརྡལ་ཆེན་པོའི་ངང་དུ་བཤགས། །རིག་པ་རང་གྲོལ་ལུ་གུ་བརྒྱུད། །གདངས་སུ་བཞུགས་པ་མ་ཤེས་ཏེ། །ཕྱི་རུ་བཅད་ནས་བཟུང་འཛིན་ཞེན། །གནས་ལུགས་དོན་གྱི་རྡོ་རྗེར་བཤགས། ། ལྟ་བའི་གནས་ཚུལ་དམན་པ་དང་། །སྤྱོད་པ་བླ་མར་ཕྱིན་པ་ཡི། །འཛིང་ཞིང་འཁྲུགས་པའི་སྐྱོན་ཆེན་པོ། །དག་མཉམ་ཆེན་པོའི་ཀློང་དུ་བཤགས། །ཁྱད་པར་བླ་མའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིནལས་ཡོངས་རྫོགས་ཀྱི། །ཕྲ་རགས་དམ་ལས་ཉམས་པ་ཀུན། །བསྲུང་དུ་མེད་པའི་ངང་དུ་བཤགས། །རྡོ་རྗེ་མཆེད་ལ་ལོག་པར་བལྟས། །སེམས་ཅན་རྣམས་ལ་བྱམས་པ་སྤངས། །ཁས་འཆེ་བ་ཡི་གནས་ལས་ཉམས། །ཐམས་ཅད་མ་ལུས་མཐོལ་ལོ་བཤགས། །ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་ཀུན། །མ་སྐྱེས་མ་བྱུང་མཁན་པོའི་སྟོང་། །རང་རིག་གསལ་སྟོང་གཞི་ལ་སངས། །མཁའ་ཀློང་ཡངས་བའི་ངང་དུ་ཧར། །དེ་ལྟར་བཤགས་པའི་མཐུ་བྱིན་གྱིས། །རྣལ་འབྱོར་བདག་ལ་འདིར་རྐྱེན་དང་། ། ཡུན་གྱི་སྒྲིབ་པར་མི་འགྱུར་ཞིང་། །དག་ཚངས་ཆེན་པོར་དབུགས་འབྱིན་མཛོད། །ཚངས་པ་ཆེན་པོའི་སྟོབས་ཤུགས་ཀྱིས། །ལམ་ལྔ་ས་བཅུ་མཐར་ཕྱིན་ཅིང་། །བཅུ་གསུམ་རྡོ་རྗེ་འཛིན་པ་རུ། །དབང་འབྱོར་དོན་ཀུན་ལྷུན་གྲུབ་ཤོག ཁྱད་པར་ཨ་ཏིའི་གསང་ཆེན་གྱི། །སྣང་བཞི་མཐའ་རུ་འཁྱོལ་ནས་ཀྱང་། །ཡེ་ཤེས་བླ་ན་མ་མཆིས་པའི། ། གཞོན་ནུ་བུམ་པའི་སྐུ་འགྲུབ་ཤོག །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ཀྱིས། །སངས་རྒྱས་མཛད་པ་མཐར་ཕྱིན་ནས། །གང་འདུལ་འགྲོ་ལ་ཕན་པ་ཡི། །མཐའ་ཡས་ལྷུན་གྱི་གྲུབ་གྱུར་ཅིག ཅེས་བྱས་ལ་ཁྱད་པར་སུན་འབྱིན་སླར་ལྡོག་གི་སེམས་དྲག་པོ་དང་བཅས་པའི་སྒོ་ནས་ཀུན་ཏུ་སྤྱོད་པའི་ལྟ་བ་ཟབ་མོ་དང་རྗེས་སུ་འབྲེལ་བའི་བཤགས་པ་འདི་བརྗོད་པར་བྱས་ན་ཉམས་ཆགས་རྟོག་སྒྲིབ་ཐམས་ཅད་དག་ནས་བྱ་རྩོལ་བྲལ་བ་གདོད་མའི་སར་ཕྱིན་པར་གདོན་མི་ཟའོ། །གལ་ཏེ་ཉེས་པ་ལ་ཉེས་པར་མ་མཐོང་བ་ནི་རྨོངས་ཞེན་གྱི་ཅལ་སྒྲོགས་གི་བཏོན་པ་མ་གཏོགས་སོ། །ཞེས་སྦས་པའི་རྣལ་འབྱོར་ཀོང་སྨྱོན་སྐྱེ་མཐའ་བློ་ལྡན་ཤེས་རབ་ཀྱི་བསྐུལ་བ་ལ་གཞི་བྱས་ནས་རིག་འཛིན་ཆེན་པོ་བདུད་འཇོམས་དཔལ་གྱི་རྡོ་རྗེའི་རིགས་ཀྱི་མྱུ་གུར་སྐྱེ་མིང་ཐོབ་པ་ག་གཱ་ཨ་བྷྱེའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལ་དད་པ་བརྟན་པའི་མོས་གུས་གསར་བ་དང་བཅས་པའི་རང་གཞན་ལ་ཕན་པའི་བསམ་རྒྱ་ཆེ་བ་བསྐྱེད་ནས་ཁ་ཐང་མཐོ་མཐོ་བྱས་ཀྱང་མཁས་པས་བཞད་གད་བྱེད་པའི་གནས་སུ་ཟད་བསམ་ཡིད་མུག་དང་། ཀུན་བཟང་ཐུགས་ཀྱི་དགོངས་པའི་ཕྱོགས་ལ་སྐལ་བཟང་འཇོག་པ་ལ་ནི་སྤྲོ་བས་བཞེད་པ་དེའི་རྗེས་སུའོ། །བཀྲ་ཤིས་དཔལ་གྱི་ས་གསུམ་ཡོངས་ཁྱབ་ཤོག །

ཉམས་ཆགས་བཤགས་པ་དག་བྱེད་བདུད་རྩིའི་རྒྱུན་བཟང་།

ཉམས་ཆགས་བཤགས་པ་དག་བྱེད་བདུད་རྩིའི་རྒྱུན་བཟང་བཞུགས་སོ༔

རིགས་བརྒྱའི་ཁྱབ་བདག་བླ་མ་རིན་པོ་ཆེ༔ཉམས་ཆགས་སྐོང་བའི་དཔང་པོར་བཞུགས་སུ་གསོལ༔ བདག་ནི་བླ་མེད་ཐེག་པའི་སྒོར་ཞུགས་ཀྱང་༔ སྡོམ་གསུམ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ སྨོན་འཇུག་ཚུལ་ཁྲིམས༡་གསུམ་ལ་སློབ་པ་དང་༔ རྡོར་དྲིལ་ཕྱག་མཚན་བླ་༢མ་འཛིན་པ་དང་༔ སྦྱིན་པ་རྣམ་བཞི་གཏོང༣་དང་ཐེག་གསུམ་དང༤༔ ལས་རིམ་འཛིན་སྤངས༥་ཐུན་མོང་དམ་ཉམས་བཤགས༔ སྲོག་གཅོད་མ་བྱིན་ལེན་དང་བུད་མེད་དང་༔ རྫུན་དང་ཤ་ཆང་བརྟེན་པར་གསུང་བ་རྣམས༔ ཇི་བཞིན་ཡིན་མིན་དང་བླང་ཚུལ་མ་འཁྱོངས༔ ཁྱད་པར་རིགས་ལྔའི་དམ་ཚིག་ཉམས་པ་བཤགས༔ བླ་མ༡་སྨོད་དང་བདེ་གཤེགས་བཀའ་ལས༢་འདས༔ མཆེད་ལ༣་མཁུ་ཞིང་བྱམས་སྤངས༤་སྨོན་སེམས་བཏང༥་༔ གྲུབ་མཐའ༦་སྨོད་དང་གསང༧་སྒྲོགས་ཕུང་པོ་བརྙས༨༔ དག་ལ་ཐེ་ཚོམ༩་ཞིང་བཅུ་མ་བསྒྲལ༡༠བཤགས༔ དོན་དམ་བློའི་འཇལ༡༡་དད་ལྡན་སེམས༡༢་སུན་འབྱིན༔ སྐབས་བབས་རྫས༡༣་སྤངས་བུད་མེད་ལ༡༤སྨོད་པ༔ རྩ་ལྟུང་བཅུ་བཞི་སྤྱི་དང་བྱེ་བྲག་པ༔ བརྟུལ་ཞུགས་ཉེར་ལྔ་སོགས་ལས་འགལ་བ་བཤགས༔ མ་སྨིན་ཡུལ་༡བརྟེན་ཚོགས་ཀྱི་དུས་སུ་རྩོད༢༔ སྐལ་མེད་བདུད་རྩི་ལེན༣དང་སྣོད་ལྡན་ལ༔ གསང་སྔགས་༤མི་སྟོན་དད་ལྡན་ཆོས་གཞན༥སྟོན༔ ཞག་བདུན་ཉན་ཐོས་ནང་བསྡད༦མཐོལ་ལོ་བཤགས༔ རྫས་གྱི་རྣལ་འབྱོར་ང༧རྒྱལ་བྱེད་པ་དང་༔ དད་མེད་ཆོས་འཆད་ཕྲ་མོ་བཅོ་ལྔ་སོགས༔ བླ་མེད་ཕྱི་གསང་སྦོམ་པོའི་ལྟུང་བ་རྣམས༔ མི་འཆབ་འགྱོད་སྡོམ་དག་ཚངས་དངོས་གྲུབ་སྩོལ༔ ཨ་ནུའི་ ༼ དམ་ཚིག་རྣམ་གྲངས་དགུ་ལས་ ༽ ལུས་ངག་ཡིད་སྤྱོད་དག་པ་སྟེ༔ བདེ་བཤེགས་སེམས་ཅན་ཐུགས་ཡིད་མ་ཁྲེལ་བའི༔ གལ་མདོ་ངེས་པའི་དམ་ཚིག་རྣམ་པ་བཞིའི༔ བསྲུང་མཚམས་ཚུལ་བཞིན་རྔོ་མ་ཐོགས་པ་བཤགས༔ ཐུན་མོང་ཉེར་བརྒྱད་ ༼ སྐུ་གསུང་ཐུགས་དང་ཡན་ལག་ཉེར་ལྔ་སྟེ་ ༽ ལྷག་པའི་དམ་ཚིག་བཞི༔ ༼ མེད་ཕྱལ་གཅིག་པུ་ལྷུན་གྲུབ་ ༽ བརྟུལ་ཞུགས་ཉེར་གསུམ་སྒྲུབ་པའི་ ༼ ལྷག་པའི་དམ་ཚིག་ ༽ ཉི་ཤུ་དང་༔ ༼ སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི་ནི་ ༽ གཉིད་དང་མྱོས་འགྱུར་སྤངས་དང་བརྡའ་སྐད་སྨྲ༔ ལེ་ལོའི་གཞོམ་དང་བདུད་སྤང་ ༼ རྣམ་རྟོག་ལེ་ལོ་འདུ་འཛི་ཚིག་རྩུབ་ཁྲོ་གཏུམ་ལྔའི་ ༽ དགྲ་བཞི་བཅོམ༔ ༼ ལྟ་སྒོམ་སྤྱོད་པ་རང་གར་ཤོར་བའི་དགྲ ལྟ་དམན་སྤྱོད་རྩིང་གི་དགྲ ཉམས་པ་ལྟུང་བའི་དགྲ ཚོད་ཡོད་འབྲས་འཕྲོག་གི་དགྲ་ ༽ལྷ་དང་ཞིང་ཁམས་མཆོད་པའི་ཡོ་བྱད་དང་༔ ཉོན་མོངས་ཡེ་ཤེས་ཆེན་པོར་རྟོགས་པ་སྟེ༔ ༼ ལྟ་བའི་དམ་ཚིག་བཞིའོ་ ༽ཨ་ནུའི་སྤངས་བླང་དམ་ཚིག་འགལ་ཉམས་བཤགས༔ ཨ་ཏིའི་བསྲུང་དུ་ཡོད་པའི་དམ་ཚིག་ནི༔ རྩ་བའི་བླ་མའི་སྐུ་གསུང་ཐུགས་གསུམ་གྱི༔ གཅིག་ལའང་ཕྱི་ནང་གསང་བ་གསུམ་གསུམ་དགུར༔ རྣམ་པར་ཕྱེ་བའི་ཉི་ཤུ་རྩ་བདུན་ཏེ༔ ༼ སྐུ་ཡི་ཕྱི་ཡི་ཕྱི་ནང་གསང་བ་གསུམ་ ༽མ༡་བྱིན་ལེན་དང་མི་ཚངས་༢སྤྱོད་སྲོག་གཅོད༣༔ ༼ སྐུ་ཡི་ནང་གི་ཕྱི་ནང་གསང་གསུམ་དུ་ ༽ ཕ་མ་སྤུན༡སྲིང་ཆོས་དང་གང་ཟག་སྨོད༔ རང་ལུས་བརྡེགས་བཙོག་བརྙས་དང་གདུང་བྱས་ཤིང་༔ ༼ སྐུ་ཡི་གསང་བའི་ཕྱི་ནང་གསང་གསུམ་ནི་ ༽ རྡོ་རྗེའི་སྤུན་སྲིང་བརྡེགས་གམ་བརྡེགས་གཟས་ཤིང་༔ རྒྱན་ལ་སྨོད་དང་བླ་མའི་ཡུམ་ལ་གཙེས༔ བླ་མའི་གྲིབ་འགོང་སྤྱན་སྔར་ལུས་ངག་གིས༔ སྤྱོད་པ་བག་མེད་བགྱིས་པ་མཐོལ་ལོ་བཤགས༔ ༼ གསུང་གི་ཕྱི་ཡི་ཕྱི་ནང་གསང་བ་གསུམ་ ༽རྫུན༡་དང་ཕྲ་མ༢་ཚིག་རྩུབ༣སྨྲས་པ་དང་༔ ༼ གསུང་གི་ནང་གི་ཕྱི་ནང་གསང་བ་ལ་ ༽ ཆོས་སྨྲ་དོན་སེམས་སྒོམ་ལ་སྐུར་བཏབ་དང་༔ ༼ གསུང་གི་གསང་ཕྱི་ནང་གསང་གསུམ་དུ་ ༽རྡོ་རྗེ་སྤུན་སྲིང་བླ་མའི་ཕྱག་རྒྱ་འཁོར༔ བླ་མའི་གསུངས་༣རྣམས་བརྙས་ཤིང་གཅོག་པ་བཤགས༔ ༼ ཐུགས་ཀྱི་ཕྱི་ཡི་ཕྱི་ནང་གསང་བ་གསུམ་ ༽ གནོད་སེམས༡བརྣབ་སེམས༢་ལོག་པར་ལྟ་བ༣་ཤོར༔ ༼ ཐུགས་ཀྱི་ནང་གི་ཕྱི་ནང་གསང་བ་ལ་ ༽ སྤྱོད་ལོག་༡ཐོ་ཅོ་བསྒོམ་ལོག༢གོལ་སྒྲིབ་འཁྲུལ༔ ལྟ་ལོག༣་རྟག་ཆད་མཐའ་རུ་འཛིན་བྱས་ཤིང་༔ ༼ ཐུགས་ཀྱི་གསང་བའི་ཕྱི་ནང་གསང་བ་ལ་ ༽ ཉིན་བཞིན་ལྟ་བསྒོམ་སྤྱོད་གསུམ་ཡི་དམ་ལྷ༔ བླ་མའི་རྣལ་འབྱོར་རྡོ་རྗེའི་མཆེད་ལྕམ་ལ༔ བརྩེ་གདུང་ཡིད་ལ་མ་བྱས་མཐོལ་ལོ་བཤགས༔ གནས་ལུགས་འདུལ་ཚུལ་མེད་པའི་རང་བཞིན་བཅུ༔ སྤྲོས་བྲལ་རྣམ་ཐར་གསུམ་ལྡན་ཕྱལ་བ་དང་༔ འབྲས་ཆོས་ཉེར་ ༼ སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་ ༽ ལྔ་དབྱེར་མེད་ལྷུན་གྲུབ་པའི༔ རིག་པ་གཅིག་པུའི་ངང་ལ་འཁྱོངས་པ་བཤགས༔ ཏན་༡་གན་༢་མ་བྱིན་༣་ལེན་རྫུན༤ངག་འཁྱལ་སྤྱད༔ དུག་ལྔ༥མི་སྤངས་ཕུང་༡པོ་འབྱུང་༢ཡུལ་༣དབང་༤༔ ཁ་དོག་ལྷ༥རུ་ཤེས་བྱ་རིགས་ལྔ༥་སྒྲུབ༔ བདུད་རྩི་དང་ལེན་དགག་སྒྲུབ་ཚུལ་ཉམས་བཤགས༔ དེ་ལྟར་གསང་སྔགས་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆགས་ཉེས་ལྟུང་ཐམས་ཅད་ཀུན༔ རང་གནོང་འགྱོད་པས་མཐོལ་བཤགས་སླན་ཆད་སྡོམ༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཅེས་པ་འདི་ཡང་རང་དང་བསྐལ་པ་མཉམ་པ་འགའ་ཞིག་ལ་ཕན་འདོད་ཀྱི་ལྷག་བསམ་དང་བཅས་ཏེ་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་ཚེས་ལ་རྨོངས་པ་རྡོལ་སྤྱོད་མཁན་ག་གཱ་ཨ་བྷྱེས་མདོར་བསྡུས་ལ་ཁ་གསལ་བ་བསྔོ་བ་སྒྲོངས་བྱེད་རྒྱུར་སྡེབ་སྦྱོར་གྱི་སྤྲོས་པ་བསྐྱུང་ནས་དོན་ལ་སྟོན་པ་ལྔ་འགྱུར་གྱི་ཁྱད་ཆོས་བླ་ན་མེད་པའི་རྗེས་སུ་སྨྲས་པ་དགེའོ། ། དགེའོ། །དགེའོ། །སརྦ་མངྒ་ལཾ།

བསྲུང་མཚམས་ཀྱི་མདོ།

རྩ་བའི་དམ་ཚིག་གསུམ་དང་། ཡན་ལག་ཆེན་པོ་བརྒྱད་དང་། ཕྲ་མོ་བཅོ་ལྔའི་བསྲུང་མཚམས་ཀྱི་མདོ་བཞུགས་སོ། །

ཁྱེར་སོའམ་དཀྱིལ་འཁོར་གསུམ་དང་མི་འབྲལ་བ་ནི་རྩ་བའི་དམ་ཚིག་མདོར་བསྡུས་པ་ཡིན་ལ། དཀོན་མཆོག་གསུམ་ལ་མཆོད་བཀུར་རྒྱུན་མི་བཅད། སློབ་དཔོན་མི་སྨད། མཆེད་ལ་མི་འཁྲོ། སེམས་ཅན་ལ་མི་འཚེ་ཞིང་བྱམས་པ་བསྒོམ། མི་དགེ་བཅུ་སྤང་། དགེ་བཅུ་བསྒྲུབ། ཕ་མ་བཀུར། གསང་བ་མི་འཆལ་ལོ། །ཕྲ་མོ་བཅོ་ལྔ་ནི། དཀོན་མཆོག་གསུམ་དང་། རྩ་གསུམ་ལ་མཆོད་པ་སྟེ་དྲུག བུ་མེད་ལ་མི་སྨོད། མཆེད་ལ་མི་འཁྲོ། ཕུང་བོ་མི་སྨད། ཡི་དམ་གྱི་ལྷ་དང་། སྔགས་དང་། ཕྱག་རྒྱ་བརྟེན་པ་དང་། དད་ཅན་གྱི་ཚོགས་མི་བཅག དགེ་ལྡན་གྱི་སེམས་མི་སྐྲུག །སྡོམ་དང་དམ་ཚིག་ལ་གནས་པ་སྟེ་བཅོ་ལྔའོ། །དེ་ཆེན་པོ་བརྒྱད་ལ་བསྡུ་ཚུལ་ཀྱང་། དཀོན་མཆོག་ཕྱི་ནང་ངོ་བོ་དབྱེར་མེད་ལ། གྲོགས་མཆེད་ནི་དགེ་འདུན། ཕུང་པོ་དང་སྔགས་ནི་ལྷ་ཡིན་ལ། བུད་མེད་དང་ཕྱག་རྒྱ་ནི་མཁའ་འགྲོར་འདུ། ཚོགས་ནི་དགེ་བཅུ། སེམས་མི་སྐྲུག་པ་ནི་མི་དགེ་སྤང་བ་ལ་འདུའོ། ། འདི་བསྲུང་བས་དམ་ཚིག་ཐམས་ཅད་རྣམ་པར་དག་གོ །འདི་ཡང་ག་གཱས་སོ། །

ཉམས་ཆགས་བཤགས་པའི་ལུང་བྱང་བསྡུས་པ་རྣམ་གྲོལ་སྙིང་ནོར།

ཉམས་ཆགས་བཤགས་པའི་ལུང་བྱང་བསྡུས་པ་རྣམ་གྲོལ་སྙིང་ནོར་བཞུགས་སོ༔

ཧོ༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་བཅས་དགོངས༔ སྐུ་ལ་ཕྱི་ནང་གསང་བ་རྣམ་གསུམ་ལས༔ ཕྱི་ལའང་ནི་ཕྱི་ནང་གསང་བ་སྟེ༔ རྐུ་དང་མི་ཚངས་སྲོག་གཅོད་མཐོལ་ལོ་བཤགས༔ སྐུ་ཡི་ནང་གི་ཕྱི་ནང་གསང་བ་གསུམ༔ སྤུན་སྲིང་རང་ལུས་སྨོད་དང་ཆོས་དང་ནི༔ གང་ཟག་སྨོད་པ་རང་ལུས་དཀའ་ཐུབ་བརྙས༔ བརྡེག་གམ་བཙོག་པ་ཐམས་ཅད་མཐོལ་ལོ་བཤགས༔ སྐུ་ཡི་གསང་བའི་ཕྱི་ནང་གསང་བ་རུ༔ སྤུན་སྲིང་བརྡེག་གཟས་རྒྱན་ལ་སྨོད་པ་དང་༔ མཆེད་བརྡེག་བླ་མ་མཆེད་ཀྱི་ཡུམ་ལ་སྤྱོད༔ བླ་མའི་གྲིབ་འགོམ་སྒོ་གསུམ་མ་བསྡམ་བཤགས༔ གསུང་ལ་ཕྱི་ནང་གསང་བ་རྣམ་པ་གསུམ༔ ཕྱི་ལ་ཡང་ནི་ཕྱི་ནང་གསང་གསུམ་སྟེ༔ རྫུན་དང་ཕྲ་མ་ཚིག་རྩུབ་རྣམ་པ་གསུམ༔ སྨྲས་པ་ཐམས་ཅད་དུས་འདིར་མཐོལ་ལོ་བཤགས༔ གསུང་གི་ནང་གི་ཕྱི་ནང་གསང་བ་གསུམ༔ ཆོས་ཀྱི་ཚིག་སྨྲ་ཆོས་ཀྱི་དོན་ལ་བསམ༔ གནས་ལུགས་སྒོམ་ལ་གཤེ་སྐུར་མི་འདེབས་པའི༔ དམ་ཚིག་དེ་དག་འགལ་འཁྲུལ་མཐོལ་ལོ་བཤགས༔ གསུང་གི་གསང་བའི་ཕྱི་ནང་གསང་བ་རུ༔ རྡོ་རྗེའི་སྤུན་སྲིང་དེ་བཞིན་བླ་མའི་ཡུམ༔ ཉེ་འཁོར་བཅས་པའི་ཚིག་དང་བླ་མ་ཡིས༔ གསུང་ལ་བརྙས་པ་ཐམས་ཅད་མཐོལ་ལོ་བཤགས༔ ཐུགས་ལ་ཕྱི་ནང་གསང་བ་རྣམ་པ་གསུམ༔ ཐུགས་ཀྱི་ཕྱི་ལའང་ཕྱི་ནང་གསང་བ་ལས༔ གཞན་ཡང་བླ་མའི་ནོར་ལ་བརྣབ་སེམས་བྱས༔ སྤྱི་ལ་གནོད་སེམས་ལྟ་བསྒོམ་ལོག་ལྟ་བཤགས༔ ཐུགས་ཀྱི་ནང་ལ་ཕྱི་ནང་གསང་བ་སྟེ༔ སྤྱོད་པ་བག་མེད་བསྒོམ་པ་བྱིང་རྒོད་གྱུར༔ ལྟ་བ་ཡོད་མེད་མཐའ་རུ་ཞེན་པ་ཀུན༔ ཐམས་ཅད་མ་ལུས་དུས་འདིར་མཐོལ་ལོ་བཤགས༔ ཐུགས་ཀྱི་གསང་བའི་ཕྱི་ནང་གསང་གསུམ་རུ༔ ཉིན་མཚན་གཅིག་ལ་ལྟ་བསྒོམ་ཡིད་མི་བྱེད༔ ཡི་དམ་མི་བསྒོམ་བླ་མའི་རྣལ་འབྱོར་དང་༔ མཆེད་ལྕམ་བརྩེ་གདུང་སྤང་བ་མཐོལ་ལོ་བཤགས༔ གཞན་ཡང་བསྲུང་མེད་ཡན་ལག་དང་བཅས་པ༔ རྫོགས་ཆེན་དམ་ཚིག་ཉམས་ཆགས་ཐམས་ཅད་ཀུན༔ མི་འཆབ་གནོང་འགྱོད་མཐོལ་བཤགས་སླན་ཆད་སྡོམ༔ དག་ཚངས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ཀྱང་རང་སློབ་རྣམས་ཀྱི་ངོར་བགྲང་བྱེད་རྒྱུར་གོ་སླ་བ་ག་གཱས་སོ། །དཀྱིལ་འཁོར་གསུམ་དང་མི་འབྲལ་བ༔ འདི་ནི་རྩ་བའི་དམ་ཚིག་གོ༔ དཀོན་མཆོག་རྟག་ཏུ་མཆོད་བཀུར་བྱ༔ སློབ་དཔོན་མི་སྨོད་མཆེད་མི་འཁྲོ༔ སེམས་ཅན་འཚེ་སྤངས་བྱམས་པ་བསྒོམ༔ མི་དགེ་བཅུ་སྤང་དགེ་བཅུ་སྤྱོད༔ ཕ་མ་བཀུར་དང་གསང་མི་འཆོལ༔ ༼ ཆེན་པོ་བརྒྱད། ༽ དམ་ཚིག་བསྲུང་དུ་ཡོད་པའོ༔ མེད་དང་ཕྱལ་བ་ཁྲེགས་ཆོད་དང་༔ གཅིག་པུ་ལྷུན་གྲུབ་ཐོད་རྒལ་གྱི༔ བསྲུང་མེད་དམ་ཚིག་རྣམ་པ་ལ༔ འགལ་ཉམས་རལ་བ་མཐོལ་ལོ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཡིག་བརྒྱ་ཅི་ནུས་འདོན༔ རྫོགས་ཆེན་དམ་ཚིག་ཉམས་ཆགས་ཀུན༔ བཤགས་ཐབས་ག་ག་ཨ་བྷྱེའི་བྲིས༔ དྷརྨའི་མཚན་གྱི་བཞེད་སྐོང་ངོ༔ ཀྱཻ༔ དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ༔ བདག་ནི་མ་རིག་ཉོན་མོངས་ཀྱི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ འགལ་འཁྲུལ་ནོངས་བ་མཐོལ་ལོ་བཤགས༔ དབང་བཞི་ཕྱི་ཡི་དམ་ཚིག་དང་༔ བསང་བ་ནང་གི་ཁྱད་པར་བ༔ ཨ་ཏི་བླ་མེད་དམ་ཚིག་ཀུན༔ མ་གུས་བག་མེད་ཉམས་ཆགས་བཤགས༔ སྤྱི་ཏི་ཀ་དག་རྣལ་འབྱོར་དང་༔ ཡང་ཏི་ཐིག་ལེ་མཐོང་བརྟོལ་ཆེ༔ བཀའ་དྲིན་ཁྱད་བསད་བསླབ་ལ་འགོང་༔ བསྲུང་མེད་རྒྱ་ལས་འདས་པ་བཤགས༔ རང་བྱུང་བདེ་བ་ཆེན་པོ་ལ༔ སྡུག་བསྔལ་འཁོར་བར་བལྟས་པ་བཤགས༔ རང་གྲོལ་རྡོ་རྗེ་སྙིང་པོ་ལ༔ ཀུན་ཉོན་དྲི་མར་གོལ་བ་བཤགས༔ ཁྱབ་བརྡལ་ཡེ་ཡོད་ཀུན་ཏུ་བཟང་༔ རང་ངོ་མ་ཤེས་ནོངས་པ་བཤགས༔ རྣལ་འབྱོར་འགྱོད་ཚངས་ཡང་དག་གིས༔ ཁམས་གསུམ་འཁོར་བ་སྟོང་གྱུར་ཅིག༔ ཅེས་མཐར་པདྨའི་ཡིག་བརྒྱ་བཟླ༔ ཅེས་ཀྱང་ཤྲཱི་ངན་ནས་སོ༔

རྩ་ལྟུང་བཅུ་བཞི་བཤགས་པ་ཉི་མའི་འོད་ཟེར།

རྩ་ལྟུང་བཅུ་བཞི་བཤགས་པ་ཉི་མའི་འོད་ཟེར་བཞུགས༔

འགྱོད་པ་དྲག་པོའི་སྤྱི་བོ་རུ༔ བླ་མ་རྡོ་རྗེ་སེམས་དཔའ་བསྒོམ༔ སྟོབས་བཞི་ལྡན་པས་འདི་སྐད་དོ༔ ཀྱཻ་མ༔ བླ་མ་སྨོད་དང་བདེ་གཤེགས་བཀའ་ལས་འདས༔ མཆེད་ལ་འཚེ་ཞིང་བྱང་སེམས་བཏང་པ་དང་༔ བསམ་བཞིན་ཁུ་བ་འབྱིན་ཅིང་གྲུབ་མཐའ་སྨོན༔ མ་སྨིན་གསང་བ་སྒྲོགས་པ་མཐོལ་ལོ་བཤགས༔ ཕུང་པོ་ཡེ་སངས་རྒྱས་ལ་ཐེ་ཚོམ་བརྙས༔ ཞིང་བཅུ་མི་སྒྲོལ་ཆོས་ཉིད་བློས་གཞལ་དང་༔ སྣོད་ལྡན་སློབ་མ་དུས་བབས་དམ་རྫས་སྤངས༔ ཤེས་རབ་བུད་མེད་སྨོད་པ་མཐོལ་ལོ་བཤགས༔ འཁོར་འདས་མཉམ་ཉིད་སྐྱེ་མེད་ཀ་དག་ལ༔ རྨི་ལམ་ལྟ་བུར་ཉམས་དང་བསྲུང་བའི་ཚུལ༔ འགལ་འདས་རལ་དང་ཚུལ་ཁྲིམས་མཆོག་འཛིན་ཀུན༔ ཡེ་གྲོལ་ཕྱག་རྒྱ་ཆེན་པོ་འདའ་བཀའོ༔ ས་མ་ཡཱ༔ ཨ་ཀཾ་ཀ་ཤུདྡྷེ་སྭཱ་ཧཱ༔ ཅེས་ཀྱང་རང་གཞན་ཀུན་ལ་བསྔོ་བསྒྲང་རྒྱུར༔ ལེ་ལོའི་དབང་བྱས་ག་གཱའི་མིང་གིས་བསྡུས༔ དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་ཐོབ་ནས༔ འཁོར་བ་དོང་སྤྲུགས་རྣལ་འབྱོར་ཆེན་པོ་ཤོག༔

བླ་མའི་ཕྱག་འཚལ་གསོལ་འདེབས་ཉམས་ཆགས་ཉེས་ལྟུང་བསྲེགས་པའི་མེ་བོ།

ཡེ་ཤེས་རྒྱུའཕྲུལ་དྲྭ་བ་ལས༔ བླ་མའི་ཕྱག་འཚལ་གསོལ་འདེབས་ཉམས་ཆགས་ཉེས་ལྟུང་བསྲེགས་པའི་མེ་བོ་ཆེ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་རཱ་ཡེ༔ ཨེ་མ་ཧོ༔ རང་རིག་གདོད་མ་གཞི་ཡི་ཆོས་སྐུ་ལ༔ སྐུ་ལྔ་ཡེ་ཤེས་ལྷུན་གྱིས་རྫོགས་པའི་གདངས༔ རང་སེམས་བསོད་ནམས་བརྟན་པའི་མེ་ལོང་དུ༔ ཡོངས་ཤར་འཁོར་ལོའི་མགོན་པོར་གསོལ་བ་འདེབས༔ མ་རྟོགས་གཉིས་འཛིན་སྐྱོན་ཚོལ་སྒྲོ་འདོགས་སོགས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ ༼ བསྡུ་ན་ཚིག་རྐང་གཉིས་འདི་མགོ་མཇུག་གཉིས་ལས་མ་སྦྱར་ཀྱང་ཆོག མཆན། ༽ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ རྡོ་རྗེའི་བླ་མའི་ཡེ་ཤེས་དཀྱིལ་འཁོར་ནི༔ བཅོམ་ལྡན་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ རྐྱེན་མེད་སྣང་བ་གསུམ་རིགས་བྱང་ཆུབ་པའི༔ ཐུགས་ཀར་བཞུགས་པའི་མགོན་པོར་གསོལ་བ་འདེབས༔ མཉམ་གྲོགས་བཟང་ངན་ལོག་པར་བལྟས་པ་ཡིས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ གང་གི་དེ་བཞིན་གཤེགས་པའི་བྲལ་སྨིན་ལས༔ རྟགས་ཀྱི་རོལ་གར་སྟངས་དཔྱལ་སྒྱུ་འཕྲུལ་དུ༔ ཡོངས་ཤར་རྡོ་རྗེ་ཀུན་བཟང་ཡབ་ཡུམ་ལ༔ མོས་གུས་གཉིས་སྣང་བྲལ་བའི་ཕྱག་འཚལ་ལོ༔ བདག་གིས་གཟུགས་ཀྱི་དེ་ཉིད་མ་འཚལ་བས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ ཡེ་ཤེས་ལྔ་ཡི་ངོ་བོ་ཉིད་ཀྱི་སྐུ༔ རིགས་ལྔ་རིགས་བརྒྱ་རིགས་ཆེན་ཡབ་ཡུམ་ཚོགས༔ མ་ལུས་སྤྱི་བཅིངས་རང་བཞིན་ཡོན་ཏན་མཛོད༔ ཕུང་ཁམས་རང་གྲོལ་ངང་ལ་ཕྱག་འཚལ་ལོ༔ ཀུན་འབྱུང་ལས་སྒྲིབ་ཀྱིས་བསྐུལ་གཞན་དབང་གིས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ དགའ་བ་བཅུ་དྲུག་སྟོང་ཉིད་ངོ་བོ་ལས༔ རྒྱན་དུ་ཐོགས་པའི་རང་གདངས་མཚན་མ་ནི༔ བྱང་ཆུབ་ལྕམ་དྲལ་བཅུ་དྲུག་ཚུལ་དུ་བསྒྱུར༔ ཚོགས་ཡུལ་གནས་དག་ངང་ལ་ཕྱག་འཚལ་ལོ༔ གུད་ལྟའི་མི་སྣང་ནམ་མཁའ་ཚན་གཟོར་པའི༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ ཕར་ཕྱིན་དྲུག་གི་ཡོན་ཏན་དབང་འབྱོར་དང་༔ ཡེ་ཤེས་དྲུག་གི་བྱིན་རླབས་རིགས་དྲུག་གི༔ འདྲེན་པའི་སྒྲོན་མ་རྣམ་པར་བཀོད་པའི་སྤྲིན༔ སྐུ་དྲུག་ཟང་ཐལ་ངང་ལ་ཕྱག་འཚལ་ལོ༔ བདེ་ཆེན་དོན་མ་རྟོགས་པའི་སྒྲོ་འདོགས་ཀྱིས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ ཚད་མེད་བཞི་ཡིས་དམན་མཆོག་འགྲོ་བ་གཟུངས༔ བདུད་བཞི་བཅོམ་ལྡན་མུ་སྐྱེའི་འཁྲུ་བ་མེད༔ རྣམ་ཐར་དབང་ཆེན་གྲུབ་པའི་གཟི་ཕྱིན་ཁྲོས༔ ཕྲིན་ལས་ལྷུན་གྲུབ་ངང་ལ་ཕྱག་འཚལ་ལོ༔ བདག་ཉིད་ཕྱོགས་བཅིངས་ཞེན་ཆགས་སྒྲོ་འདོགས་ཀྱིས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ ཤེས་རབ་ཆེན་པོ་ངང་གིས་བུམ་པ་ན༔ སྤྱན་རྒྱས་ཁྲོ་བ་མཚན་མའི་གཉེན་པོར་ལྷག༔ མཚོན་ཚུལ་ཆོ་རོལ་ཁྲོ་བོའི་སྤྱི་དཔལ་དུ༔ རྣམ་རྩེན་དཔལ་ཆེན་ངང་ལ་ཕྱག་འཚལ་ལོ༔ ཤེས་སྒྲིབ་དགྲར་ལངས་རྟོག་པའི་སྒྲོ་འདོགས་ཀྱིས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ ཆོས་ཀུན་འཇུག་ཁྱབ་གཅོད་པའི་སྐུའི་བྱེ་ཕྲག༔ རིགས་མཚོན་ཆོ་རོལ་ཐུགས་གསུང་དེ་བཞིན་ཉིད༔ ཟེར་གྱི་སྒོ་ལྡན་ཁྲག་འཐུང་ལོངས་སྤྱོད་དཔལ༔ ཉོན་མོངས་ཇ་ལོགས་ངང་ལ་ཕྱག་འཚལ་ལོ༔ བདག་ཉིད་སྤང་བླང་ཞེན་པའི་སྒྲོ་འདོགས་ཀྱིས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ སུམ་ཅུའི་མཚན་མཆོག་ཟུང་འཇུག་སྐུ་བརྙེས་པའི་༔ ཤེས་རབ་ལྷ་མོ་ཉི་ཤུ་སྤོར་མ་བརྒྱད༔ ཕྲིན་ལས་ཕྱི་སྒོའི་བསྲུང་མཛད་ཕོ་ཉ་བཞི༔ རྟོག་ཚོགས་གནས་དག་ངང་ལ་ཕྱག་འཚལ་ལོ༔ བདག་གིས་ཕྱོགས་རྟོགས་འཆལ་བའི་སྒྲོ་འདོགས་ཀྱིས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ སྐུ་གསུང་ཐུགས་ཀྱི་གནས་གསུམ་རྩ་རླུང་ཁམས༔ རྡོ་རྗེ་གསུམ་གྱི་སྤྲུལ་སྐུ་ཕྲིན་ལས་དཔལ༔ ཉི་ཤུ་རྩ་བཞི་རྡོ་རྗེའི་ཅོད་པན་ཅན༔ ཕྲ་རྟོགས་ཀ་དག་ཆེན་པོར་ཕྱག་འཚལ་ལོ༔ བདག་ཉིད་ཐ་དད་དགག་བསྒྲུབ་སྒྲོ་འདོགས་ཀྱིས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ ཡེ་ཤེས་དགུ་ལས་ཕྱག་རྒྱར་ཡོངས་བཞེངས་པ༔ ཆེ་མཆོག་བཀའ་ཡི་དཔལ་དགུ་མཚན་མཆོག་བརྒྱད༔ རྒྱ་བོད་རིག་འཛིན་མཆོག་གྱུར་རྣམ་པར་སྨིན༔ དགོངས་པ་རོ་གཅིག་ངང་ལ་ཕྱག་འཚལ་ལོ༔ བདག་གིས་རྟོག་སྒྲིབ་སྐྱོནམཐོང་སྒྲོ་འདོག་གིས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ རྒྱལ་བ་དགོངས་བརྒྱུད་བླ་མའི་ཡེ་ཤེས་ཀྱི༔ གཉིས་མེད་རིག་པའི་རྟོགས་པ་ཐོབ་ཚུལ་ལས༔ གཞན་དུ་མ་དམིགས་ཆུ་བོ་གཅིག་ཏུ་འདྲེས༔ འབྲས་དབང་མངོན་གྱུར་ངང་ལ་ཕྱག་འཚལ་ལོ༔ བདག་གིས་ཡུལ་དུས་དངོས་པོའི་སྒྲོ་འདོགས་ཀྱིས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ རིག་པ་དོན་བརྒྱུད་བླ་མའི་རྒྱུད་ཚོགས་ཀུན༔ བྱང་ཆུབ་སྙིང་པོར་གྲོལ་བའི་བྱེ་ཕྲག་ཙམ༔ དེ་ཕྱིར་སྟོན་འཁོར་ཚིག་བརྗོད་གླེང་བའི་དབྱིངས༔ སྒྲ་དོན་འཛིན་བྲལ་ངང་ལ་ཕྱག་འཚལ་ལོ༔ གང་ཟག་སྙན་བརྒྱུད་བླ་མའི་སྐུའི་ཕྲིན་ལས༔ ཐེག་གསུམ་ཆོས་སྒྲར་མཛད་ནས་མངོན་གསལ་ཞིང་༔ འཆོས་སྐྱོབས་ཡོན་ཏན་ཕུན་ཚོགས་འབྱོར་ལྡན་ཀྱང་༔ གྲགས་སྟོང་རང་མཚན་བྲལ་ལ་ཕྱག་འཚལ་ལོ༔ དཀའ་བླའི་འདམ་ཀའི་ཚུལ་བཞིན་རྔོ་མ་ཐོགས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ ཐུགས་ཀྱི་དགོངས་བརྒྱུད་བྱིན་རླབས་སྙིང་ལ་ཞུགས༔ སྐུ་ཡི་བཀོད་པས་བརྡའ་ཐབས་དོན་མཐུན་སྤྱོད༔ གསུང་གི་ཚིག་བརྗོད་མན་ངག་རྣ་བར་ཞུགས༔ བརྒྱུད་གསུམ་གངས་ཆེན་མཚོ་ལ་ཕྱག་འཚལ་ལོ༔ གཞན་དྲིང་དབང་གིས་གཡོ་རྒྱུར་སྒྲོ་འདོགས་ཀྱིས༔ དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱི་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ ཐུགས་ཀློང་ཆོས་ཉིད་དོན་དང་འདུ་འབྲལ་མེད༔ ཡི་དམ་ཀུན་འདུས་བླ་མ་རིན་པོ་ཆེ༔ ཡེ་ཤེས་སྲིད་ཞིའི་མཐའ་བྲལ་བླ་ན་མེད༔ གུ་རུ་ཀུན་འདུས་བླ་མ་རིན་པོ་ཆེ༔ ཆོས་སྐུའི་མཁའ་ལ་ཤེས་རབ་སྐུའི་བསྒྲོད་པའི༔ མཁའ་འགྲོ་ཀུན་འདུས་བླ་མ་རིན་པོ་ཆེ༔ སྐུ་གསུམ་སྟོན་པའི་ཆོས་མཛད་འཛིན་སྐྱོངས་སྤེལ༔ བཀའ་བསྲུང་ཀུན་འདུས་བླ་མ་རིན་པོ་ཆེ༔ མ་རིག་ཉོན་མོངས་ཤེས་སྒྲིབ་གཉིད་ལས་སངས༔ ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྒྱས༔ དྲི་མེད་ཞི་དང་རྒྱུ་མཐུན་ཟབ་རྒྱས་ཀྱིས༔ ཐུགས་རྒྱུད་གཏམས་པར་མཛད་ལ་ཕྱག་འཚལ་ལོ༔ རྟོགས་པའི་དོན་དང་འབྲལ་མེད་འདུམ་པའི་ཐུགས༔ དགེ་འདུན་ཀུན་འདུས་བླ་མ་རིན་པོ་ཆེ༔ བདག་ཉིད་ཆེན་པོ་ཁྱོད་འདྲ་འཇིག་རྟེན་ན༔ འབྱུང་བ་དཀོན་ཞིང་སྤངས་རྟོགས་མཆོག་ཏུ་ངེས༔ ད་ནས་ཡོན་ཏན་རྣམ་ཐར་རྗེས་དྲན་ནས༔ སྐྱབས་དང་རེ་སར་མགོན་པོ་ཁྱོད་གཅིག་བརྟེན༔ བསྒྲུབ་བྱའི་ངོ་བོར་མགོན་པོ་ཁྱོད་གཅིག་བརྟེན༔ དམ་ཚིག་རྩ་བར་མགོན་པོ་ཁྱོད་གཅིག་བརྟེན༔ ལམ་ཀུན་ཁྱོད་ཀྱི་གནས་ལུགས་མངོན་གྱུར་བའི༔ ཐབས་ཀྱི་མཆོག་ཏུ་བཟུང་ནས་ཁྱོད་གཅིག་བརྟེན༔ འབྲས་ཀུན་ཁྱོད་ཀྱི་གོ་འཕང་བྲལ་དག་གི༔ ངེས་ཤེས་བརྟན་པོའི་ངང་ནས་ཁྱོད་གཅིག་བརྟེན༔ མི་ཤེས་མ་གུས་བག་མེད་གཞན་དྲིང་བཏུབ༔ བརྩོན་འགྲུས་ཞན་དང་འཇིག་རྟེན་ཆོས་ལ་ཆགས༔ ཚོད་ཡོད་དམ་ཚིག་བཀའ་འགལ་ཐུགས་སུན་ཕྱུང་༔ བླ་མར་བརྟེན་ནས་མི་དགེའི་ལས་ལྕི་བ༔ ཐུགས་དགོངས་ཆུད་གསོན་འཆབ་བཅས་མངོན་གྱུར་ཀྱི༔ རྡོ་རྗེ་འཆང་གི་བཀའི་བཅད་རྣལ་འབྱོར་བས༔ ཁས་བླངས་དམ་བཅས་དབང་གིས་ཐོབ་པ་ཡིས༔ གསང་སྔགས་ཚུལ་ཁྲིམས་འདུལ་པ་མཐའ་དག་ལས༔ བདག་ཟླས་དངོས་ཞར་ཆགས་ཉམས་ཞིག་རལ་འདས༔ གཙོ་བོ་ཀུན་རྫོབ་བླ་མའི་གཟིགས་ཀྱི་ཕྱོགས༔ གནོང་འགྱོད་དྲག་པོའི་མཐོལ་བཤགས་བཟོད་པར་གསོལ༔ ཕྱིན་ཆད་མི་བགྱིད་སྲོག་ལ་བབས་ཀྱང་སྡོམ༔ བྱམས་མགོན་ཐུགས་རྗེའི་ཞུགས་ཀྱིས་ལྷག་མེད་དུ༔ ད་ལྟ་ཉིད་ལ་མངོན་མཛད་དག་ཚངས་སྩོལ༔ མ་རིག་འཁྲུལ་བས་བདག་གཞན་དེར་རྟོགས་ལས༔ རྐྱེན་གསུམ་རྟེན་འབྲེལ་སྒྱུ་མའང་མི་བསླུ་ན༔ ཆོས་ཉིད་བདེན་པ་དབྱེར་མེད་དོན་དམ་ལ༔ ངེས་པ་བརྟན་ཐོབ་སྔགས་འཆང་ཚོགས་གཉིས་ཀྱི༔ གཉེན་པོའི་ཕྱོགས་ཟིན་སྙེམས་པའི་རང་གདེངས་ན༔ སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡང་དག་ལམ༔ བདེན་དོན་མངོན་གྱུར་འཕྲལ་ཕུག་བདེ་ལེགས་ཀྱི༔ དངོས་གྲུབ་མ་ལུས་གཡུར་དུ་ཟ་བ་དང་༔ མཐའ་ཡས་སེམས་ཅན་ཐམས་ཅད་འདྲེན་པའི་མགོན༔ རིགས་བཞི་རྡོ་རྗེ་འཛིན་པ་ལྷུན་གྲུབ་ཤོག༔ ཅེས་ཉིན་བཞིན་ཚར་རེ་ལ་ཡི་གེ་བརྒྱ་བ་ཉེར་གཅིག་རེའམ་རབ་བརྒྱ་རྩ་བརྗོད་ན་ཁ་སྐོང་གི་རྒྱུད་ཚར་རེ་བརྗོད་པ་དང་མཉམ་མོ༔ དམ་ཚིག་ཉམས་ཆགས་ཐམས་ཅད་དང་བདག་གི་རྣམ་སྨིན་སྒོ་གསུམ་ལས་ཉོན་བག་ཆགས་ས་བོན་དང་བཅས་པ༔ བླ་མའི་ཐུགས་ཀའི་འོད་ཕུང་མེ་ཆར་གྱི་དབལ་རྣོན་པོས་དངོས་མེད་དུ་བསྲེགས་པར་བསམ་མོ༔ དེ་ནས་བླ་མ་འོད་དུ་ཞུ་ནས་རང་གི་རིག་པ་དང་རོ་གཅིག་དུ་གྱུར་བར་བསྒོམ་ནས་མཉམ་པར་བཞག་གོ༔ བ་མོ་ལ་ཉི་ཟེར་ཕོག་པ་ལྟར་དམ་ཚིག་ཆགས་ཉམས་རྨེག་མེད་དུ་བྱེད་པ་ལ་འདི་ལས་ལྷག་པ་དུས་གསུམ་སངས་རྒྱས་ཀྱིས་མི་མཁྱེན་ནོ༔ ཅེས་ཀྱང་ཛྙཱ་ནའི་ངོར་གཱ་རྒན་སྨྱོས་པས་མུ་ཅོར་སྨྲས་པ་འཕེལ་ལོ། ། ཡག་གོ །ལེགས་སོ། །དགེའོ། །བཀྲ་ཤིས་ཤོག འདི་བླ་མའི་རྣལ་འབྱོར་ལ་བཏགས་ན་མཆོག་ཏུ་འགྱུར་པའོ། །

ཉམས་ཆགས་རྟོག་སྒྲིབ་རང་ངོ་སྤྲོད་པ་ཀུན་བཟང་དགོངས་རྒྱན།

ཉམས་ཆགས་རྟོག་སྒྲིབ་རང་ངོ་སྤྲོད་པ་ཀུན་བཟང་དགོངས་རྒྱན་བཞུགས་སོ། །

གསང་སྔགས་ཀྱི་དམ་ཚིག་གི་རྩ་བ་དང་ཡན་ལག་གང་རུང་རང་དང་ཟླས་ཞར་གྱིས་ཉམ༵ས་པ་དང་། སྔགས་གསུམ་ཕྱག་རྒྱ་བཞི་ལྡན་གྱི་ཆོ་ག་རྒྱུན་མི་བཅད་པར་གསུངས་པ་དང་། ཚོགས་དང་གཏོར་མ་པྲ་ཏི་ཧ་ན་དུས་ཀྱི་མཆོད་པ་ཆག༵ས་པ་དང་། ཆོས་ཉིད་སྤྲོས་པ་དང་བྲལ་བའི་གནས་ལུགས་དང་། ཆོས་ཅན་རྣམ་དག་གི་དཀྱིལ་འཁོར་ཆེན་པོ་གཙང་བདེ་བདག་རྟག་གི་རང་བཞིན་ཅན་ལ། མ་རིག་གཉིས་འཛིན་གྱི་རྟོག༵་པ་ཕྱིན་ཅི་ལོག་གི་དབང་གིས། མ་དག་པའི་ཕུང་ཁམས་སྐྱེ་མཆེད་དུ་འཁྲུལ་བའི་སེམས་ཅན་གྱི་རྣམ་པར་སྨིན་པའི་ཆོས་ལ་གཙང་བདེ་བདག་རྟག་ཏུ་འཛིན་པས་སྒྲུབ༵་པ་དང་། ཡང་གྲུབ་མཐའ་ངན་པས་བློ་བཅོས་ནས། དོན་དམ་པའི་སྐུ་དང་ཡེ་ཤེས་དག་པ་ཆེན་པོའི་དཀྱིལ་འཁོར་ལ་མི་གཙང་བ་དང་། མི་རྟག་པ་དང་། ཡེ་ཤེས་ཡོད་ན་བདག་ཏུ་འགྱུར་སྙམ་ནས་བདག་མེད་པ། ཟག་བཅས་སྡུག་བསྔལ་དུ་ལྟ་བའི་རྟོག༵་སྒྲིབ༵་ཀྱིས་བསྒྲིབ་ནས་སྔགས་གི་ལྟ་བ་ལ་སྒྲོ་སྐུར་གྱིས་གཡེངས་བ་དང་། རྣལ་འབྱོར་ཅན་འཁྱེར་སོའི་གདེངས་དང་བྲལ་ནས་ཐ་མལ་དུ་གཡེངས་པའི་རྟོག༵་སྒྲིབ༵་ཀྱིས་དམ་ཚིག་ཉམས་པའོ། །ཡང་ཁམས་གསུམ་གྱི་སེམས་དང་སེམས་བྱུང་གི་རྟོག༵་པས་སྐུ་དང་ཡེ་ཤེས་ལ་བསྒྲུབ་པའང་ཡིན་ནོ། །ལས་ངན་ནི། སེམས་པ་ཡིད་དང་བསམ་པ་ལུས་ངག་གི་སྒོ་ནས། དགེ་མི་དགེ་མི་གཡོ་བའི་ལས༵་གསུམ་སོགས་པ་ནི་ལས་ངན༵་པ་ཡིན་ཏེ། འཁོར་བར་འཆིང་བྱེད་ཀྱི་རྒྱུར་གྱུར་པའི་སྡུག་བསྔལ་གསུམ་གྱི་དམ་ལ་མ་བཏགས་པའི་འཁོར་བ་མེད་པས་སོ། །སྡིག༵་པ་ནི་མི་དགེ་བ་བཅུ་ལ་སོགས་པ་དང་། སྒྲིབ༵་པ་ནི་ཉོན་མོངས་ཤེས་བྱ་སྙོམ་འཇུག་གི་སྒྲིབ་པ་དང་། སད་རྨི་གཉིད་འཐུག་སྙོམས་འཇུག་དང་། བག་ཆགས་ནི་ཀུན་གཞི་ལ་དགེ་སྡིག་དང་མི་གཡོ་བའི་ལས་དང་། གཞན་ཡང་གནས་དོན་ལུས་གསུམ་གྱི་བག་ཆགས་བསྒོས་པས། ཕྱི་ནས་རྣམ་པར་སྨིན་པའི་ས་བོན་དུ་གྱུར་བ་ཡིན་ནོ་སྙམ་མོ། །ད་ངོ་སྤྲད་ན་ཉམས་ཆགས་སྡིག་སྒྲིབ་ལས་ངན་རྣམས་ནི་གཞི་ནས་མ་སྐྱེས་པ་དང་། སངས་རྒྱས་ཀྱི་ཕྲིན་ལས་བྱ་བ་གྲུབ་པའི་ཡེ་ཤེས་ལ་བདག་ཏུ་བཟུང་ནས་འཁྲུལ་བ་ཡིན་པས་ངོ་བོ་དེ་ཡིན་པ་དང་། ཚོགས་བརྒྱད་ཡེ་ཤེས་ལྔར་རང་གྲོལ་བའི་ཚུལ་ཤེས་ནས། དཀྱིལ་འཁོར་གསུམ་གྱི་འཁྱེར་སོ་དང་མི་འབྲལ་བའི་ཉམས་ལེན་གྱིས་འཁོར་བའི་ཆོས་ཁམས་རྣམས་པར་དག་པའི་འབྲས་བུས་མཆོག་མངོན་དུ་གྱུར་བ་ནི་འབྲས་བུ་གཞི་ལ་གྲུབ་པའི་གནད་ཀྱིས་སོ། །ཞེས་ཀྱང་ག་གཱ་ནས་ངག་འཁྱལ་འབྲེལ་མེད་འོལ་ཚོད་ཀྱི་གཏམ་མ་རང་བ་འགའ་ལ་ཉམས་ལྟས་ཀྱི་ཚུལ་དུ་སྨྲས་པའོ། །དགེའོ། །དགེའོ། །དགེའོ། །ཞེས་སོ། །སརྦ་མངྒ་ལཾ། ཡང་ན་བཤགས་པ་བྱ་བ་ནི༔ ཧཱུྃ༔ བཅོམ་ལྡན་སྐུ་གསུམ་ངོ་བོར་བྱང་ཆུབ་པའི༔ སྡེ་སྣོད་བཞི་ལས་གནང་བཀག་ཡང་དག་མཐའ༔ སྤྱི་དང་ཁྱད་པར་ལྷག་པས་བསྡུས་སོ་འཚལ༔ བསླབ་སྡོམ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ༼ འདུས་པའི་ ༽ རིགས་ལྔ་དང་ནི་དགོངས་ཏེ་གསུང་བ་བཞི༔ ཐུན་མིན་བརྒྱད་དང་ ༼ བདེ་མཆོག་ ༽ གཡོན་གྱི་ཀུན་སྤྱོད་བརྒྱད༔ སྒྲུབས་བྱ་བཅུ་ ༼ གུར་ལས་ ༽ བཞི་སྤྱོད་པ་རྣམ་པ་ ༼ མངོན་རྫོགས་བླ་མ་ ༽ དགུ༔ དུས་ཀྱི་འཁོར་ལོའི་བསྲུང་བྱ་བྱ་མིན་དང་༔ གསོད་དང་འཁུ་དང་ཞེན་པ་ལྔ་ལྔ་སྟེ༔ ༼ སམྦུ་ཊིའི་ ༽ དྲོད་ཐོབ་བརྟུལ་ཞུགས་དྲུག་དང་ལུང་ ༼ ཨ་ནུ་ ༽ ཆེན་གྱི༔ བརྟུལ་ཞུགས་ཆེན་པོ་ཉི་ཤུ་རྩ་གསུམ་སྟེ༔ དགུ་བཅུ་རྩ་དྲུག་ཉམས་པ་མཐོལ་ལོ་བཤགས༔ སྡོམ་པ་ཐུན་མོངས་རིགས་དྲུག་ཐུན་མིན་དྲུག༔ དམ་ཚིག་རྩ་ལྟུང་བཅུ་བཞི་སྦོམ་པོ་དགུའི༔ ཚངས་སྤྱོད་ཉེར་ ༼ བདེ་མཆོག་ལས་ ༽ གསུམ་ཕྲིན་ལས་བཅོ་ལྔ་དང་༔ དེ་ཡི་ཡན་ལག་བདུན་དང་ཉེས་པ་དྲུག༔ ཡན་ལག་ལྟུང་བ་བཞིར་བཅས་ཉི་ཤུ་དྲུག༔ དབང་བཞིའི་མཉམ་བཞག་རྗེས་སྤྱོད་བཟའ་དང་བསྲུང་༔ མི་འབྲལ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ མདོ་སྒྱུ་སེམས་ཀྱི་དམ་ཚིག་རྩ་བ་དང་༔ ཡན་ལག་ཉེར་ལྔ་མེད་དང་ཕྱལ་བ་དང་༔ གཅིག་པུ་དང་ནི་ལྷུན་གྱིས་གྲུབ་པ་ཡི༔ བསྲུང་དུ་ཡོད་དང་མེད་པ་ཐམས་ཅད་དང་༔ ལྷག་པའི་དམ་ཚིག་ཉི་ཤུ་རྩ་གཉིས་སོགས༔ བསྲུང་སྡོམ་སྤང་བྱའི་བསྡུས་པ་ཐམས་ཅད་གང་༔ འགལ་ཉམས་རལ་འདས་གྱུར་བ་ཇི་སྙེད་པ༔ མི་འཆབ་མི་སྦེད་སྙིང་ནས་མཐོལ་ཞིང་བཤགས༔ མི་བསྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་ཅི་ནུས་བཟླ། དམ་ཚིག་བཤགས་པའི་ལུང་བྱང་འདི། །སློབ་བུ་ཐུབ་བསྟན་སྨོན་ལམ་གྱིས། །ཡང་དང་ཡང་དུ་བསྐུལ་བ་ལས། །ག་གཱ་ཨ་བྷྱེས་སྨྲས་པའོ། །མངྒ་ལཾ། །

འཁོར་འདས་ཕྱི་ནང་།

ཨོཾ༔ འཁོར་འདས་ཕྱི་ནང་ཐམས་ཅད་ཀུན༔ དཀར་དམར་རླུང་གི་སྒྱུ་འཕྲུལ་ཏེ༔ རྩ་བ་སྐུ་གསུང་ཐུགས་སུ་མཉམ༔ སྨན་གཏོར་རཀྟ་རྨད་དུ་བྱུང་༔ མ་རིག་པ་ཉིད་ཡེ་ཤེས་གསལ༔ སྒྲོན་མ་རང་མདངས་གཟི་བརྗིད་ཆེ༔ ཁྱབ་ཆེན་སྟོང་པའི་མཐར་འཛིན་གཅོད༔ ལྟ་བ་སྤྱི་བཅིང་མཆོད་པས་བསྐངས༔ འཁོར་བ་ཡུལ་མེད་ཟང་ཐལ་གྱི༔ དགོངས་ཀློང་མངོན་གྱུར་དངོས་གྲུབ་སྩོལ༔ ག་གཱས་སོ། ། དགེའོ། །༔

བསམ་བཞིན་ཁུ་འབྱིན་གྱིས་ཉེས་ལྟུང་སོར་ཆུད་པར་བྱེད་པ།

ཡེ་ཤེས་སྒྱུ་འཕྲུལ་དྲྭབ་ལས༔ བསམ་བཞིན་ཁུ་འབྱིན་གྱིས་ཉེས་ལྟུང་སོར་ཆུད་པར་བྱེད་པ་སྒྲོན་མ་སོར་བཞུགས་ཞེས་བྱ་བ་བཞུགས་སོ༔ འདི་བཞིན་བཟླས་པའི་སྔགས་ཀྱི་རབ་བླ་མའི་བྱང་སེམས་མིན་ཀྱང་བདུད་རྩི་ཆོས་སྨན་ལ་སྔགས་ནས་བཟའ་བར་བྱ་སྟེ༔ ཡང་ན་ཐོད་རྒལ་གྱི་ཁམས་གསོ་ཐབས་ཀྱི་རྫས་རྣམས་ཀྱང་རུང་ངོ་༔ ཨོཾ་བཛྲ་གུ་རུ་སརྦ་ཏི་ལ་ཀ་ས་མ་ཡ་ཤུདྡྷེ་བི་ཤུདྡྷེ་ཨཿ་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅེས་འབུམ་ཐེར་གཅིག་དང་༔ ཨོཾ་བཛྲ་ས་ཏྭ་ཨ་ཧཱུྃ༔ ཅེས་པ་འབུམ་ཐེར་གཅིག་བཅས་ཏེ་ཉ་སྟོང་དགུ་ནང་དུ་ལོན་པར་བྱས་ཏེ་བཟླས་ན་སོར་བྱང་སྔགས་གསུམ་གྱི་དམ་སྡོམ་བསླབ་གསུམ་ལས་དངོས་སུ་ཉམས་པའི་ཉེས་ལྟུང་དག་ནས་སྡོམ་པ་སོར་ཆུད་པར་འགྱུར་རོ༔ ཅེས་ཀྱང་ག་གཱས་སོ། །

ཤ་ཁྱི་སྦལ་སྡིག་བཤགས་ཐབས།

ཤ་ཁྱི་སྦལ་སྡིག་བཤགས་ཐབས་བཞུགས་སོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་གདོང་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་བྷ་ག་ཝཱ་ཏེ་སདྷེ་ཤྭ་ར་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨོཾ་ས་ཏྭ་སརྦ་མཾ་ས་དུརྒ་ཏེ་ཚིནྡྷ་ཚིནྡྷ་ས་ཙ་རཏྣ་མོ་དྲན་ན༔ པ་ཙ་པ་ཙ་ཨེ་དུན་དཱ་ཀ་ཡ་སྭ་ཧཱ༔ ཅེས་དང་ཉི་ཤུ་རྩ་གཅིག་བཟླས་པས་ཤ་ཟོས་པའི་སྡིག་སྒྲིབ་མི་འབྱུང་ཞིང་སེམས་ཅན་དེ་ལ་ཡང་སྨན་པར་འགྱུར་རོ༔ དེ་སྐད་དུ་ཡང་ཕྱུག་དྷིས་ཀྱིས་ངོར་ག་གཱས་སོ། །དགེའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ༔ དམ་པའི་ཆོས་མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་བཛྲ་བཻ་རོ་ཙ་ན་ཨ་ཧཱུྃ༔ ཀཊྚ་པཱ་པཾ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ སྦལ་བ་བསད་པའི་སྡིག་པ་དག་པར་གྱུར་ཅིག༔ ཅེས་རབ་རྣམ་སྣང་གི་སྐུའི་གཤམ་དུ་འདི་དག་བྲིས་ནས་དེས་འོག་ཏུ་སྦལ་བའི་གཟུགས་བྲིའོ༔ དེས་བསྐལ་བ་ཁྲི་ཕྲག་ཚུན་ཆད་སྦལ་བ་བསད་པའི་སྡིག་པ་ཡོངས་སུ་བྱང་བར་འགྱུར་རོ༔ ཅེས་ཀྱང་དངོས་གྲུབ་ཞེས་བྱ་བས་བསྐུལ་ངོར་ག་གཱས་སོ། །༄༅༔ཁྱི་སྡིག་བཤགས་པ་དག་བྱེད་ཆུ་རྒྱུན་བཞུགས་སོ༔ བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་ཨ་མོ་གྷཱ་སིདྡྷི་ཀུ་ཀུ་རཱ་ཛ་སརྦ་པ་པཱཾ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀཱ་ཧཱུྃ༔ པརྠཱ་ཤྭ་ན་སརྦ་པ་པཱཾ་ཤིནྟཾ་ཀུ་རུ་ཡེ་ཕཊ་སྭཱ་ཧཱ༔ ཁྱི་བསད་པའི་སྡིག་སྒྲིབ་དག་པར་གྱུར་ཅིག༔ ཅེས་བརྗོད་དེ་རྡོ་ལ་བསྐོས་ན་ད་སྔོན་བསད་པའི་ཁྱི་སྡིག་དག་པར་འགྱུར་རོ༔ སླད་ནས་སྡོམ་སེམས་མེད་པ་མ་གཏོགས་སོ༔ ཅེས་ཀྱང་ག་གཱས་སོ། །

བརྟུལ་ཞུགས་ཉེར་གསུམ།

བརྟུལ་ཞུགས་ཉེར་གསུམ་ནི།

སྲོག་ལ་བབས་ཀྱང་བླ་མ་དང་མཆེད་ལ་དམ་ཚིག་བསྲུང་ ༼ ཝ་ལྟ་བུའི་བརྟུལ་ཞུགས་ ༽ཐོགས་པ་མེད་པའི་ཤེས་རབ་ཀྱི་ཤེས་བྱ་ཀུན་ལ་ཞུགས་ཤིང་བསྲུང་མཚམས་ཤེས་ནས་མཐར་ཕྱིན་པའི་གང་ཡང་སྐད་ཅིག་གི་འགྲུབ་པར་བྱ་བ་དང་། ༼ ཅང་ཤེས་ ༽ ལུས་ཀྱི་རྩལ་གྱིས་གར་དང་ཕྱག་རྒྱ་འཁྲུལ་འཁོར་བརྩོན་པ་ ༼ གྱི་ལིང་ ༽ གདུག་པ་དང་གདུལ་བྱ་འདུལ་ཞིང་ཚར་བཅད་པ་ ༼ གླང་ཆེན་ ༽ ལྟ་སྤྱོད་ཏིང་འཛིན་གྱིས་སྟོབས་དང་ལྡན་པས་ཞིང་བཅུ་བསྒྲལ་ནས་གནས་སྤར་པ་ ༼ སྟག་ ༽ལྟ་བས་དབྱིངས་ཡེ་དབྱེར་མེད་དུ་རྟོགས་པའི་གནམ་འཕང་ཆོད་པ་རྣལ་འབྱོར་མཆོག་གི་སྤྱོད་པ་ཕྱོགས་ལྷུང་མེད་པ་ ༼ ཁྱུང་ ༽མངོན་སྤྱོད་ཀྱི་ལས་ལ་སྦྱོར་བས་ཕ་རོལ་ཚར་གཅོད་པ་དང་ ༼ དོམ་ ༽ཉམས་ལེན་ལས་བློ་སླར་མི་ལྡོག་བར་བརྟན་པ་ ༼ གསེར་ ༽ འཁོར་འདས་སོགས་གང་ལའང་རིས་སུ་མི་འབྱེད་པ་དང་། ༼ ལྐུགས་ ༽ ཏིང་འཛིན་རྒོད་བྱིང་ཀྱི་དབང་དུ་མི་འགྱུར་བའི་བརྟུལ་ཞུགས་དང་། ༼ རི་རབ་ ༽ གང་ལའང་སྤང་ལེན་རྣམ་རྟོག་མེད་པའི་སྤྱོད་པ་ ༼ ནམ་མཁའ་ ༽ ཁྲོ་བོའི་བཟླས་པས་དགྲ་བགེགས་འཇོམས་པ་ ༼ ཐོག་ཆེན་ ༽ བར་དུ་གཅོད་པ་འཇོམས་པ་ ༼ ལག་ན་རྡོ་རྗེ་ ༽ དམ་ཚིག་གི་སྤང་བླང་ལ་བག་ཟོན་བྱ་བ་ ༼ བྱ་རོག་ ༽ ཡིན་པའི་དོན་ལ་ངེས་པའི་སྲན་ཚུགས་པ་ཅི་ལའང་མི་ལྟ་བ་དང་། ༼ གླང་ཆེན་ཆུར་འཇུག་ལྟར་ ༽ གྲོགས་སྤོང་གཅིག་པུར་དོན་ཆེན་བསྒྲུབ་པ་དང་། ༼ སེང་གེ་གྲོགས་མེད་ལྟར་ ༽ བླ་མ་མཆེད་དང་དབྱེན་གྱིས་མི་ཚུགས་པར་བརྩེ་གདུང་གི་འགྲོགས་བདེ་བ་ ༼ ངང་བ་ཕོ་མོ་ལྟར་ ༽ ཕྱག་རྒྱ་སྒྱུ་མའི་དཀྱིལ་འཁོར་སྒོམ་ནས་དེ་ལའང་མི་གནས་པར་ཐབས་མཁས་པའི་དོན་བྱེད་པ་ ༼ སྒྱུ་མ་མཁན་གྱི་བྱས་པའི་གཟུགས་ལྟར་ ༽ ཁ་ཟས་བླང་དོར་མེད་པས་ ༼ ཕག་ལྟར་ ༽ ཞིང་བཅུ་སྒྲོལ་ཞིང་ཞལ་དུ་གསོལ་བ་ལྟར་ ༼ ལྕེ་སྤྱང་ ༽ཐུགས་རྗེ་ཆེན་པོའི་ཡུད་ལ་དོན་མཛད་པ་ ༼ གློག་ ༽ བླ་མ་དང་མཆེད་ཀྱི་དཀོར་ལ་འཛེམས་ཤིང་གདུལ་བྱར་གྱུར་བའི་རྫས་མ་བྱིན་པ་བླང་བ་ ༼ བྱ་རྒོད་ ༽ དགོངས་པ་མཉམ་པའི་གཞི་ལས་མ་གཡོས་པར་གདུལ་བྱ་ཐབས་ཀྱི་འདྲེན་པ་ ༼ རྒྱལ་བོ་ལྟར་ ༽ གཞན་ཡང་མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པུ་ཏེ་ལྷག་པའི་དམ་ཚིག་བཞི། རྩ་བ་སྐུ་གསུང་ཐུགས་གསུམ་དང་། ཡན་ལག་དམ་ཚིག་ཉེར་ལྔ་སྟེ། རྣལ་འབྱོར་ཆེན་པོ་དང་མཐུན་པས་ཐུན་མོང་གི་ཉེར་བརྒྱད། གཉིད་དང་མྱོས་འགྱུར་སྤངས་པ་གཉིས། གསང་སྔགས་བརྡ་སྐད་ཀྱི་སྨྲ་བ། ལེ་ལོའི་བདུད་གཞོམ་པ་སྟེ་སྤྱོད་ལམ་རྒྱུན་གྱི་དམ་ཚིག་བཞི་དང་། ལྟ་བསྒོམ་སྤྱོད་གསུམ་བཅོས་མ་རང་གར་ཤོར་བའི་དགྲ ལྟ་དམན་སྤྱོད་རྩང་འཆལ་བའི་དགྲ རྩ་བ་ཡན་ལག་གི་དམ་ཚིག་ཉམས་པ་ལྟུང་བའི་དགྲ ཚོད་ཡོད་ལེ་ལོས་འབྲས་བུ་འཕྲོགས་པའི་དགྲ་སྟེ། དགྲ་བཞི་གཞོམ་པ་དང་། རྣམ་རྟོག་འདུ་འཛི་ལེ་ལོ་ཚིག་རྩུབ་ཁྲོ་གཏུམ་ཏེ་བདུད་ལྔ་སྤངས་བ། སྣོད་རྣམ་དག་འོག་མིན། འདོད་ཡོན་མཆོད་པའི་ཡོ་བྱད། བཅུད་ལྷའི་དཀྱིལ་འཁོར། ཉོན་མོངས་ཡེ་ཤེས་ཆེན་པོར་རྟོགས་པ་སྟེ་དམ་ཚིག་བཞིའོ། །ག་གཱས་སོ། །

ཕྲ་མོ་བཅོ་ལྔ།

ཕྲ་མོ་བཅོ་ལྔ་ནི།

དཀོན་མཆོག་གསུམ་དང་རྩ་བ་གསུམ་ལ་ཚོགས་མཆོད་རྒྱུན་མི་བཅད་པ་རྣམ་པ་དྲུག་དང་། བུད་མེད་མི་སྨད་ཅིང་ཁྲོ་བར་མི་བྱ་ཕུང་པོ་མི་སྨད་དཀྱིལ་འཁོར་དང་ཡི་དམ་སྔགས་བཟླ་ཕྱག་རྒྱ་བཞི་ལྡན་བརྟེན་པ་དང་། དད་པ་ཅན་གྱི་ཚོགས་གཉིས་མི་བཅག་དགེ་ལྡན་གྱི་སེམས་མི་དཀྲུག་སོ་བྱང་སོགས་སྡོམ་པ་དང་། གསང་སྔགས་ཀྱི་དམ་ཚིག་ལ་གནས་པར་བྱའོ། །དེ་ཆེན་པོ་བརྒྱད་ལ་འདུས་ཚུལ་ནི། དཀོན་མཆོག་གསུམ་དང་བླ་མ་དང་མཆེད་རྣམས་ཀྱི་ངོ་བོར་བསྟན་ལ། ཡི་དམ་དཀྱིལ་འཁོར་ཕུང་པོ་མཁའ་འགྲོ་རྣམས་དཀོན་མཆོག་གསུམ་ལ་འདུས། ཕྱག་རྒྱ་ཡང་དེར་འདུས། ཚོགས་མི་བཅག་པ་ནི་དགེ་བཅུར་འདུས་ལ། སེམས་མི་དཀྲུག་པ་མི་དགེ་བཅུ་སྤོང་ལ་འདུས་པ་ཡིན་ནོ། ཞེས་ཀུན་མཁྱེན་གྱི་གསུང་གི་གནད་བསྡུ་ན་དེ་ལྟར་ལ། ཁོ་བོ་ནི། སྡོམ་དང་དམ་ཚིག་ནི་མི་དགེ་བཅུ་དང་དགེ་བཅུ་གཉིས་སྤང་བླངས་ལ་འདུས་སོ་སྙམ། དེ་ཡང་རྩ་གསུམ་ནི་ནང་གི་དཀོན་མཆོག་ཡིན་པའི་ཕྱིར་དང་། ཕུང་ལྔ་དག་མཉམ་གྱི་སྐུ་གསུམ་གཞིའི་དཀྱིལ་འཁོར་དེ་གསང་བའི་དཀོན་མཆོག་དང་། མཆེད་ལྕམ་ནི་དགེ་འདུན་དུ་འདུ་ལ། དེས་ན་ཕྲ་མོ་བཅོ་ལྔ་བོ་ཆེན་པོ་བརྒྱད་ཀྱི་བྱེ་ཕྲག་ཕྲ་ཞིབ་དུ་བཀྲལ་བར་ཟད་པས་དེ་བསྲུང་བའི་ཁོང་དུ་ལྡན་པར་རིགས་སོ། །

རྔའམ་སཙྪའམ་སྐུ་གཟུགས་གང་རུང་གི་གཟུངས་འཇུག

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སརྦ་མནྚ་ལ་གཱ་ན་བ་ཏི་ཙིཏྟ་གརྦྷ༔ བོད་སྐད་དུ༔ དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་ཙཀྲ་ན་ཐ༔ གཙུག་ཏོར་ལ༔ གུ་རུ་སརྦ་ཏ་ཐ་ག་ཏ་ཧྲཱི་དཱ་ཡ་སྭཱ་ཧཱ༔ དེ་ཝ་ཙནྟྲ་ཧྲཱི་དཱ་སརྦ་བྷ་ག་ཝན་སྭཱ་ཧཱ༔ སརྦ་ཊཱཀྐི་ནི་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཏིཥྛ་བཛྲ་སྭཱ་ཧཱ༔ མ་ཧཱ་ཀ་རི་ཎི་ཀ་སརྦ་དྷརྨཱ་ཀྵེ་ཊ་ལོ་ཀ་སན་ཏི་ཀ་ར་མ་ཧཱ་རཀྵ་རཀྵ་སྭཱ་ཧཱ༔ སརྦ་སིདྡྷི་སིདྡྷི་ཨ་བྷཱི་ཥིཉྩ་སུ་སིདྡྷི་ཀ་རི་ཀུར་བཱནྟུ་ཧོ༔ བང་རིམ་བཞི་ལ་བཞག་ན་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་བླ་རིམ་པར་ཆགས་སོ༔ བླ་མ་དམ་པ་ར་སནྟ་རའི་བསྐུལ་ངོར་ག་གཱས་སོ། །སྐུ་གསུམ་ཡོངས་འདུས་ཀྱི་བྷ་ལིང་ཏའི་བཛྲ་གྷུཧྱ་ཀྲི་ཏ་བྷ་ཧ་ར་ཏི་མ་ཧ༔ ༈ ཨོཾ་གུ་རུ་དེ་ཝ་ཊཱཀྐི་ནི་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཏིཥྛ་ལྷན༔ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཨོཾ་ཨེ་དྷརྨ་ཤ་ཏ་ཐཱ་ག་ཏ་ཡོ་ནི་ཨེ་བམ་ཏིཥྛ་ལྷན་སི་ཏི་ཧཱུྃ་ཧཱུྃ༔ རྔའམ་སཙྪའམ་སྐུ་གཟུགས་གང་རུང་གི་གཟུངས་འཇུག་བྱས་ནས་ལེགས་སྙམ། ག་གཱས་སོ། །ཨོཾ་གུ་རུ་དེ་ཝ་ཊཱཀྐི་ནི་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཏིཥྛ་ལྷན༔ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ རྔའམ་སཙྪའམ་སྐུ་གཟུགས་གང་རུང་གི་གཟུངས་འཇུག་བྱས་ནས་ལེགས་སྙམ། ག་གཱས་སོ། །

འཕགས་པ་འཇམ་དཔལ་གྱི་མཚན་བརྗོད་པ་མཁྱེན་རབ་ཉི་ཟླ་ཟུང་འབྲེལ།

ཨྃ༔ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ འཕགས་པ་འཇམ་དཔལ་གྱི་མཚན་བརྗོད་པ་མཁྱེན་རབ་ཉི་ཟླ་ཟུང་འབྲེལ་ཞེས་བྱ་བ་བཞུགས་སོ༔

རྒྱ་གར་སྐད་དུ༔ མཉྫུ་ཤྲཱི་ཛྙཱ་ན་ས་ཏྭ་ན་མ༔ བོད་སྐད་དུ༔ འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བརྗོད་པ༔བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ འདི་སྐད་བཤད་པའི་དུས་ན༔ རྣམ་པར་རིས་སུ་ཆད་དང་བྲ་བའི་སྐབས་མེད་པའི་སྐབས༔ གནས་རང་སྣང་བསམ་ངོ་ལས་འདས་པ་ན༔ སྟོན་པ་ཀུན་ཏུ་བཟང་པོ་འཇམ་དཔལ་གཞོན་ནུ་བུམ་པའི་སྐུ་ཞེས་བྱ་བ་ལ༔ འཁོར་སྒྱུ་འཕྲལ་དྲྭ་བའི་བཀོད་པ་དུས་གསུམ་བདེ་བར་གཤེགས་པས་བསྐོར་བའི་དགོངས་པ་སྒྲར་ཤར་བའི་གླེང་བཅོམ་ལྡན་འདས་འཇམ་དཔལ་དཔའ་བོའི་ཡེ་ཤེས་ལ་བསླངས་བ་ན༔ རང་གྲགས་སྟོང་ནམ་མཁའི་རོལ་མོ་བཀའ་སྡོད་ཀྱི་སྐྱེས་བུ་ལ་ཤར་གྲོལ༔ སྲིད་གསུམ་ཡེ་གདལ་ནམ་མཁའ་ལ༔ སྣང་ལྡན་དམིགས་ཁྱབ་བྱང་ཆུབ་སེམས༔ ཡེ་ཤེས་པདྨ་དྲི་མེད་འོད༔ ཐོག་མ་ཐ་མ་མངོན་སངས་རྒྱས༔ མཚན་རྫོགས་ཐབས་ཤེས་འདུ་འགོད་མེད༔ གང་བརྗོད་དངོས་དང་དེའི་བརྙན་དེ༔ སངས་རྒྱས་ཀུན་གྱི་བསྟན་པ་གཅིག༔ རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ༔ ཉེས་སྤངས་སྐྱོན་གྱིས་དཀར་དག་པའི༔ ཤིན་ཏུ་སད་པའི་རྟོགས་པ་རྒྱས༔ ཁམས་གསུམ་སེམས་ལས་རྣམ་པར་འདས༔ དུས་གསུམ་སངས་རྒྱས་རྒྱལ་བར་བརྟན༔ ཨཱོཾ་ཨཱྃ་ཧཱུྃ་སྭཱྃ་ཧཱྃ༔ ཨརྱ་པྲཛྙཱ་དྷྲིཀ༔ སརྦ་སིདྡྷི་ཕ་ལ་སྭཱ་ཧཱ༔ དེ་སྐད་ཅེས་བཀའ་སྩལ་བས་དེ་བཞིན་གཤེགས་པ་རབ་བདུན་དང་སངས་རྒྱས་ཐམས་ཅད་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཐུགས་ལ་ཞུགས་སོ༔ སྤྱན་གྱི་འབྲས་བུ་ལས་ཉི་མའི་འོད་ཀྱིས་གླིང་བཞི་གསལ་ལོ༔ འཇམ་དཔལ་སྤྱི་ཏིའི་ཡང་ཏི་འབྲུ་མེད་བྱ་བ་རྫོགས་སོ༔ ཅེས་ཀྱང་ཤེས་རབ་ཟླ་བའི་དབང་པོས་སྤེལ་བའོ། །ག་གཱས་སོ། །འདི་ཚར་གཅིག་བརྗོད་ན་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་བརྒྱ་གླེང་བ་དང་འདྲའོ། །སརྦ་མངྒ་ལཾ། །

བཀྲ་ཤིས་བརྒྱད་པ་ཉུང་བསྡུས་དང་དཔུང་བརྒྱན།

བཀྲ་ཤིས་བརྒྱད་པ་ཉུང་བསྡུས་འདོད་དོན་དཔལ་འཕེལ་བཞུགས་སོ༔

ཨོཾ༔ དཀོན་མཆོག་རྩ་གསུམ་སྐུ་གསུམ་བཀྲ་ཤིས་གཏེར༔ བདེ་གཤེགས་བརྒྱད་དང་ཉེ་སྲས་བཀྲ་ཤིས་ཀྱི༔ ལྷ་མོ་བརྒྱད་དང་འཇིག་རྟེན་སྐྱོངས་པ་བརྒྱད༔ ཀུན་ལ་ཕྱག་འཚལ་སྐྱབས་གསོལ་བཀྲ་ཤིས་སྩོལ༔ བདག་ཅག་དེང་འདིར་རྩོམས་པའི་བྱ་བ་ལ༔ མཐུན་རྐྱེན་ལྷུན་གྲུབ་འགལ་རྐྱེན་དབྱིངས་སུ་ཞི༔ ཕྱོགས་ངན་བཟང་བསྒྱུར་བསམ་དོན་ཡིད་བཞིན་འགྲུབ༔ བདེ་དཔལ་བཀྲ་ཤིས་ཡོངས་འདུས་དངོས་གྲུབ་སྩོལ༔ སརྦ་སུ་ཤྲཱི་མངྒ་ལཾ༔ ཞེས་ཀྱང་ཤུ་བྷྃ་ཤྲཱིའི་ནིརྨ་ཀར་འབོད་པ་ག་ག་ཨ་བྷྱེས་མཁའ་འགྲོའི་བརྡ་ལས་བཤུས་སོ། །ཨོཾ་དཀོན་མཆོག་རྩ་གསུམ་སྐུ་གསུམ་བཀྲ་ཤིས་མཛོད༔ བདེ་གཤེགས་ཉེ་སྲས་བཀྲ་ཤིས་ལྷ་མོ་དང་༔ འཇིག་རྟེན་སྐྱོངས་བ་བརྒྱད་ལའང་ཕྱག་འཚལ་ལོ༔ བྱས་པ་དོན་ལྡན་བཀྲ་ཤིས་དཔལ་སྩོལ་ཅིག༔ག་གཱས་སོ། །བཀྲ་ཤིས་པར་གྱུར་ཅིག །ཨོཾ༔ མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷར༔ དུས་གསུམ་མགོན་པོའི་བསྔགས་པའི་མེ་ཏོག་འཐོར༔ ཐུགས་རྗེའི་རང་བཞིན་གང་གིས་ཉེར་བརྟེན་པའི༔ བདག་སོགས་རྒུད་པ་མཐའ་དག་ཡོངས་སོལ་ལ༔ ཁ་རྗེ་དབང་ཐང་རླུང་རྟ་ཡར་ལ་བསྐྱེད༔ བསམ་དོན་མ་ལུས་ལྷུན་གྱིས་འགྲུབ་པར་མཛོད༔ ཨོཾ་བཛྲ་དྷྭ་ཛ་བི་ཛ་ཡནྟུ་ཨ་ཧཱུྃ་སྭཱ་ཧཱ༔ ག་གཱས་སོ།

རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་དམ་གནད་བསྐུལ།

ཨྃ༔རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་དམ་གནད་བསྐུལ་གནོད་པ་ཐམས་ཅད་ཞི་བར་བྱེད་པའི་གཟུངས་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རྒྱ་གར་སྐད་དུ༔ ཨརྱ་ཏཱ་རེ་སརྦ་བིགྣཾ་ཤིནྟཾ་ན་མ་དྷ་ར་ཎི༔ བོད་སྐད་དུ༔ འཕགས་མ་སྒྲོལ་མ་གནོད་པ་ཐམས་ཅད་ཞི་བ་ཞེས་བྱ་བའི་གཟུངས༔ ཡུལ་མེད་ཟང་ཐལ་སྒྲོལ་མ་ལ༔ བདག་མེད་རིག་པས་མཉམ་པར་སྦྱར༔ གནས་མེད་སེམས་ཀྱི་འཁྲུལ་ལྡོག་འཁོར༔ སྤྲོས་མེད་རང་གྲོལ་བདེན་གང་ཁྲོ༔ ཨོཾ་ཨཱརྱ་ཏཱ་རེ་སརྦ་བིགྣཾ་ཤིནྟཾ་ཀུ་རུ་ཡེ་ཨ་ཨ་ཨཱ༔ སྭཱ་ཧཱ༔ ཨ་ཏཱཾ་གྷྲི་སྱེ་གི་ཧུ་ཡ་ཏུ་ཏན་ཀེ་བྷ་ཨ་ཏི་གྷྲི་ཧོ༔ ཡང་ན་ཉེ་བསྙེན་བསྡུས་པའི་ཚུལ༔ ཨོཾ་ཏཱཾ་སརྦ་ཤིནྟཾ་ཨ་སྭཱ་ཧཱ༔ ཞེས་བརྗོད་འཇིག་རྟེན་ཐམས་ཅད་ནས༔ ནད་གདོན་དགྲ་ཇག་ཆོམ་ཀུན་སྲི༔ གྱོད་འདྲེ་བསམ་པའི་བར་ཆད་ཀུན༔ ཞི་བར་སངས་རྒྱས་ཀུན་གྱིས་བཤད༔ འཕགས་མ་གནོད་ཞི་མའི་གཟུངས་རྫོགས་སོ༔ དུས་གསུམ་ཀུན་བྱང་གི་གནས་ལ་རྟོགས་པའི་ཡི་རང་ནས་མངོན་པར་བསྟོད་དོ༔ རང་སྣང་རྡོ་རྗེ་འཆང་གི་བཀོད་པའི་ཡེ་ཤེས་སྒྲར་སྣང་བའི་འཁོར་ལོ་བརྒྱད་པའོ༔ ཅེས་ཀྱང་པདྨའི་མཚན་གྱིས་བསྐུལ་ངོར་ག་གཱས་སོ། །དགེའོ། །

ཕྱོགས་བཅུའི་རྒྱལ་བ།

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། བརྒྱུད་པ་དགུ་ལྡན་གྱི་བླ་མ་ཐམས་ཅད་ཀྱིས། ཐུགས་རྗེ་བརྩེ་བ་ཆེན་པོས་མི་འདི་ལ་བཀའ་ལུང་དབང་ཁྲིད་རྗེས་གནང་དང་བཅས་པ་ཐམས་ཅད་ཡོངས་སུ་ཐོབ་པར་སྩལ་དུ་གསོལ། རྗེས་སུ་བཟུང་དུ་གསོལ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ཞེས་ཀྱང་ག་གཱས་སོ། །༈བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲང་སྲོང་གཟའ་མཆོག་ཆེན་པོ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། །ཞེས་བརྒྱ་རྩ་རེ་མ་ཆགས་པར་བྱས་པས། གཟའ་གདོན་ཐམས་ཅད་ལས་གྲོལ་ལོ་ཤྲི་བས་སོ། །

ཡོངས་སུ་རྣལ་འབྱོར་ཆེན་པོའི་གསོལ་འདེབས།

ཡོངས་སུ་རྣལ་འབྱོར་ཆེན་པོའི་གསོལ་འདེབས་སྨོན་ལམ་རྡོ་རྗེའི་རྒྱ་ཅན་བཞུགས༔

ཨེ་མ་ཧོ༔ རྣལ་འབྱོར་མ་ཧཱ་ཡོ་གའི་བུམ་དབང་ཐོབ༔ ཕྱག་རྒྱ་སྟོང་ཆེན་སྒྱུ་མ་གཅིག་སྤྲོས་སུ༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་དམ་རྒྱའི་ཟིན༔ གསང་དབང་ཚོགས་ཆེན་ལམ་ལ་འཇུག་ནུས་ཤོག༔ ཡེ་གནས་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་དུ༔ སྤྲུལ་སྐུ་ལམ་དུ་སྣང་བ་རྩའི་གཞལ་ཡས༔ ལོངས་སྐུ་ལམ་དུ་སྣང་བ་དྭངས་མའི་རླུང་༔ ཆོས་སྐུ་ལམ་དུ་སྣང་བ་ཐིག་ལེའི་སྤྲིན༔ གཞི་ལ་རྫོགས་པའི་ཕྱག་རྒྱ་ ༼ རྩ་ཐིག་རླུང་གསུམ་གྱི་རང་བཞིན་སངས་རྒྱས་སྐུ་གསུམ་དུ་སངས་རྒྱས་པ་ནི་ལྷ་སྐུ་ཕྱག་རྒྱ་ཆེན་པོ། །ཆོས་ཉིད་ཀྱི་དགོངས་དོན་རང་ལ་རང་བརྡའ་སྤྲོད་པ་གསུང་ཆོས་རྒྱ། ཆོས་ཀུན་ཡེ་ཤེས་ལྔ་ལས་འདའ་ཉམས་མེད་པ་ཐུགས་དམ་རྒྱ། གཞི་ཉིད་འགགས་མེད་སྣ་ཚོགས་སུ་སྣང་བའི་ཕྲིན་ལས་ལས་རྒྱའོ། །༽རྣམ་པ་བཞིར༔ ལམ་དུ་རྣལ་འབྱོར་ཕྱག་རྒྱ་ ༼ ཀུན་ཏུ་བཟང་པོ་བསྒོམ་པ་དང་རྩ་ཁམས་རིགས་ལྔ་བསྒོམ་པ་སྐུ་ཕྱག་ཆེན། ཡི་གེ་བསྒོམ་པ་དང་རྡོར་བཟླས་བྱེད་པ་གསུང་ཆོས་རྒྱ། སྣ་ཚོགས་རྡོ་རྗེའི་རིམ་པ་བསྒོམ་པ་ཐུགས་དམ་རྒྱ། ཨ་ཧཾ་འབར་འཛག་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད་པ་དང་། རྩ་ཁམས་རྒྱལ་བ་མཆོད་པར་བསམ་པ་ལས་རྒྱ་དང་འཁྲུལ་འཁོར་བྱེད་པ་བཅའ་བ་ལས་རྒྱའོ། ། ༽ རྣམ་པ་བཞི༔ འབྲས་བུ་བྲལ་ཐོབ་ཕྱག་རྒྱ་ ༼ འབྲས་ཆོས་སྐུ་ལྔ་མངོན་དུ་གྱུར་པ་རྒྱལ་བ་ཞི་ཁྲོ་སྟོན་འཁོར་ཡོངས་རྫོགས་སྐུ་ཕྱག་རྒྱ། སྐུ་ལྔའི་འཁོར་ལ་གསུང་ལྔའི་ཆོས་བསྟན་པ་གསུང་ཆོས་རྒྱ། སྟོན་འཁོར་གྱི་དགོངས་པ་ཡེ་ཤེས་ལྔ་མངོན་དུ་མཛད་པ་ཐུགས་དམ་རྒྱ། ཆོས་སྐུའི་ངང་ལས་ལོངས་སྤྲུལ་གྱི་འོད་ཟེར་འཕྲོས་ནས་གདུལ་བྱའི་དོན་བྱེད་པ་འཕྲོ་འདུ་ཕྲིན་ལས་ཀྱི་ཕྱག་རྒྱའོ། །༽ རྣམ་པ་བཞི༔ མཚམས་སྦྱོར་ཚོགས་ཆེན་པོ་རུ་ལྷུན་གྲུབ་ཤོག༔ སྲོག་གིས་རྩ་ལམ་བྱང་ནས་སྐྱོན་མདུད་གྲོལ༔ གསལ་བའི་ལྷན་ཅིག་སྐྱེས་པ་དྲུང་དུ་ཁུག༔ རྩོལ་པའི་སྟེང་འགྲོའི་དབབས་ལྡོག་དགྲམ་ལ་བཟླས༔ བདེ་སྟོང་དཔེ་ཡི་ཡེ་ཤེས་མངོན་གྱུར་ཤོག༔ ༼ ཡབ་ཡུམ་ལྷར་མཁའ་གསང་རྡོ་རྗེ་པདྨ་སྦྱོར་ཐབས་ཆོས་སུ། ༽ཁྱད་པར་འདུ་ཤེས་གསུམ་གྱིས་སད་བྱས་པས༔ ཤེས་རབ་དབང་མཆོག་བདེ་ཆེན་ཙནྜ་ལི༔ ཉེ་རེག་དགའ་མའི་སྟོང་བཞིའི་ལེགས་དྲངས་པའི༔ རང་བཞིན་ལྷན་ཅིག་སྐྱེས་པ་མངོན་གྱུར་ཤོག༔ རིམ་ལྔའི་ ༼ ཛ་ལནྡ་ར་སྣ་ཚོགས་རྡོ་རྗེ་ནོར་བུ་དགང་བ་བྱིན་གྱི་བརླབ་པ། བསམ་གྱིས་མི་ཁྱབ་པའི་རིམ་པ་སྟེ། ༽ལམ་གྱི་རིགས་ལྔའི་ ༼ འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་རལ་གྲིའི། ༽ ལམ་འབྲས་བུ༔ གོ་ཕྱེ་གོམས་ ༼ སྤྱིར་རིག་པ་སྤྱི་བླུགས་མཐོང་བ་རྗེས་འཇོག་གཉིས་ལས་དང་པོ། ༽ རྗེས་མཐོང་བ་རྗེས་འཇོག་པ༔ ༼ བརྟན་ཐོབ་རིག་པ་སྤྱི་བླུགས་སུ་བཞག་གོ་འདིར་ནི་མཐོང་ལམ་གྱི་མཐོང་ཟིན་ཡང་ཡང་གོམ་པའོ། ༽ བཞི་པའི་རང་ལམ་ཉི་ཟླ་མིག་འཁྲུལ་འགྲོའི༔ ཡན་ལག་བརྒྱད་ ༼ འཕགས་ལམ་ ༽ ལྡན་མཐའ་རུ་ཕྱིན་པར་ཤོག༔ རྩ་ཡི་དྭངས་མའི་ལྷན་སྐྱེས་ཕྱེད་བཅིང་གིས༔ ཟིན་པའི་མན་ངག་མི་སྲིད་སྲིད་པ་ཅན༔ ཅིག་ཆར་ཐོད་རྒལ་འཆིང་གནས་གཅུད་བཟུང་བས༔ ལམ་བསྟན་རྡོ་རྗེའི་རྦ་རླབས་ཚར་ཕྱིན་ཤོག༔ ལྷ་ཡི་དཔག་བསམ་འབྲས་ཆོས་ཡལ་གའི་དུད༔ གཅུད་པའི་དེམ་གྱིས་བུམ་སྐུ་རྗེན་ལ་ཕྱུང་༔ མཉན་པའི་སྒྲ་ཡི་མངོན་ཤེས་ཚངས་དབྱངས་འདྲེན༔ སྣོམ་པའི་ཐུགས་ཀྱི་གསང་ལ་དྲུང་འཇུག་ཤོག༔ ༼ ཁུང་སེང་ལམ་གཉིས་གབ་ནས་ཡོད་ ༽ འཁོར་འདས་དབྱིངས་གཅིག་ཀུན་ཏུ་བཟང་མོ་ལ༔ ཡེ་ཤེས་འགགས་མེད་བདེ་ཆེན་ཀུན་ཏུ་བཟང་༔ མཉམ་སྦྱོར་རྣལ་མ་འབྲས་བུ་དཀྱིལ་འཁོར་གསུམ༔ ཤེས་རབ་དབང་པོའི་མཐོང་བ་མཐར་ཕྱིན་ཤོག༔ སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་དུ༔ སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པ་མཆོག༔ ཇི་བཞིན་པ་ལ་དེ་བཞིན་ལྷུན་གྲུབ་ནས༔ ལམ་གྱི་བསྟི་གནས་གཡང་ལ་མི་ཐོགས་ཤོག༔ འབྲས་བུ་ཟུང་འཇུག་ཡི་གེའི་འཁོར་ལོ་རུ༔ བསྟན་པ་མཐར་ཕྱིན་ངེས་པ་ལྔ་ལྡན་གྱིས༔ མངའ་དབང་རྫོགས་པའི་ཀུན་ཏུ་བཟང་པོ་ཉིད༔ བར་དོ་ལོངས་སྤྱོད་རྫོགས་པར་སངས་རྒྱས་ཤོག༔ མཚམས་སྦྱར་དུས་དང་བསྟུན་པའི་གྲོགས་མཆོག་ལ༔ འཛོལ་བ་མེད་པས་བརྟུལ་ཞུགས་ཆེན་པོ་ཡི༔ བོག་འབྱིན་མཐར་དབྱུང་འཕང་ཀྱང་མི་དམའ་བའི༔ ༼ སྟོང་ཉིད་ཉི་ཤུ་དང་འཁྲུལ་འཁོར་རྩ་བ་ཉི་ཤུའོ། །༽ ཐབས་ཤེས་རྣམ་པ་ཉི་ཤུའི་བྱང་ཆུབ་ཤོག༔ འདའ་ཀ་གསུམ་གྱི་ཐབས་ལ་མཁས་པ་ཡི༔ རྟོག་པའི་ཕྲ་ལ་སྟོང་ཆེན་བཏབས་བྱས་ཏེ༔ ཐ་མར་མི་གནས་དབུགས་ཆེན་འབྱིན་པ་ནི༔ ཡོངས་སུ་རྣལ་འབྱོར་ཆེན་པོ་མཐུའི་གྲུབ་ཤོག༔ མདོར་ན་མ་དག་རྩལ་འཕྲོས་རྩ་ཐིག་རླུང་༔ དག་པ་དོན་གྱི་དྷུ་ཏིར་སྡུད་པ་ཡི༔ འདུན་སེམས་རིགས་འབྱེད་དབུགས་འབྱིན་ལུང་ཐོབ་པ༔ རྩལ་ཆེན་རྫོགས་པས་འགྱུར་བདེའང་མཐར་བྱེད་ཤོག༔ གལ་མདོ་ངེས་པ་ལྷག་དང་བརྟུལ་ཞུགས་ཀྱི༔ སྒྲུབ་པའི་དམ་ཚིག་མ་ཉམས་ཚུལ་བཞིན་པས༔ གསང་སྔགས་འབྲས་བུ་དོན་ཡོད་གྲུབ་ནས་ནི༔ ཡོངས་སུ་རྣལ་འབྱོར་ཆེན་པོ་མཐར་ཕྱིན་ཤོག༔ ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས༔ མ་ཧཱ་ཨ་ནུ་ཡོ་ག་སིདྡྷི་ཧཱུྃ༔ ལོངས་སྐུ་རྒྱལ་བ་ཞི་ཁྲོ་ལ་གསོལ་བ་འདེབས༔ མ་ཧཱ་ཨ་ནུ་ཡོ་ག་སིདྡྷི་ཧཱུྃ༔ སྤྲུལ་སྐུ་པདྨ་ཐོད་ཕྲེང་ལ་གསོལ་བ་འདེབས༔ མ་ཧཱ་ཨ་ནུ་ཡོ་ག་སིདྡྷི་ཧཱུྃ༔ རྡོ་རྗེ་བདུད་འཇོམས་གླིང་པ་ལ་གསོལ་བ་འདེབས༔ མ་ཧཱ་ཨ་ནུ་ཡོ་ག་སིདྡྷི་ཧཱུྃ༔ དཀྱིལ་འཁོར་དབང་ཕྱུག་བཟང་མོ་ལ་གསོལ་བ་འདེབས༔ མ་ཧཱ་ཨ་ནུ་ཡོ་ག་སིདྡྷི་ཧཱུྃ༔ རྡོ་རྗེ་རྣལ་འབྱོར་རིགས་ལྔ་ལ་གསོལ་བ་འདེབས༔ མ་ཧཱ་ཨ་ནུ་ཡོ་ག་སིདྡྷི་ཧཱུྃ༔ ཡུམ་ཆེན་དབང་ཕྱུག་རིགས་ལྔ་ལ་གསོལ་བ་འདེབས༔ མ་ཧཱ་ཨ་ནུ་ཡོ་ག་སིདྡྷི་ཧཱུྃ༔ དབྱིངས་ཀྱི་ཡུམ་ཆེན་སྡེ་ལྔ་ལ་གསོལ་བ་འདེབས༔ མ་ཧཱ་ཨ་ནུ་ཡོ་ག་སིདྡྷི་ཧཱུྃ༔ ཤེས་རབ་ཐབས་རྒྱས་ཁྲོ་ཚོགས་ལ་གསོལ་བ་འདེབས༔ མ་ཧཱ་ཨ་ནུ་ཡོ་ག་སིདྡྷི་ཧཱུྃ༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ མ་ཧཱ་ཨ་ནུ་ཡོ་ག་སིདྡྷི་ཧཱུྃ༔ དཔལ་ལྡན་རྩ་བའི་བླ་མ་ལ་གསོལ་བ་འདེབས༔ མ་ཧཱ་ཨ་ནུ་ཡོ་ག་སིདྡྷི་ཧཱུྃ༔ འཁོར་འདས་རྒྱལ་བའི་དཀྱིལ་འཁོར་ལ་གསོལ་བ་འདེབས༔ མ་ཧཱ་ཨ་ནུ་ཡོ་ག་སིདྡྷི་ཧཱུྃ༔ རྩ་དང་ཡི་གེ་ཐིག་ལེ་རླུང་བཞི་ཡེ༔ འགྲོའི་ཐིམ་སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔ སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་ཆེན་པོ༔ ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་རློབས༔ སྨོན་ལམ་བཏབས་པ་ཐམས་ཅད་འགྲུབ་པ་ཤོག༔ ༼ ལྷག་པའི་དོན་དམ་ ༽ རང་བཞིན་རྣམ་དག་སངས་རྒྱས་བདེན་སྟོབས་དང་༔ རྟེན་འབྲེལ་ ༼ ལྷག་པའི་ཀུན་རྫོབ་ ༽ བསླུ་མེད་སངས་རྒྱས་རྫུ་འཕྲུལ་དང་༔ སྐྱབས་གནས་བསླུ་མེད་བདེན་པས་འགྲུབ་འགྱུར་ཅིག༔ ཅེས་ཀྱང་རྨི་ལམ་དུ་བདུད་འཇོམས་རྡོ་རྗེའི་གནང་བས་ཚིག་རྐང་འགའ་བརྗེད་འགའ་ཞིག་གོང་འོག་བསྣོལ་སོང་ཡང་བཏང་སྙོམས་སུ་གང་དྲན་བྲིས་པ་ཐོ་རངས་ཀྱི་ཐུན་ལ་ངལ་བ་བགྱིས་སོ། །འདི་ཚར་གཅིག་བཏོན་ན་ལུང་ཆེན་ནང་གི་མདོ་བདུན་གྱི་ཚིག་ལ་རྣལ་འབྱོར་དུ་བྱས་པའོ། ། དགེའོ། །

ཕྱོགས་བཅུ་དུས་གསུམ་རྒྱལ་བ།

ཨོཾ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྤྱི་གཟུགས་རྡོ་རྗེའི་བླ་མ་རིན་པོ་ཆེ༔ ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་གི་སྨོན་ལམ་འགྲུབ་པའི་དཔང་པོར་རོལ༔ སྣང་སྲིད་འཁོར་འདས་ཐམས་ཅད་རང་གི་སེམས༔ སེམས་ཀྱི་ངོ་བོ་ཉིད་ལ་བལྟས་པའི་ཚེ༔ རྒྱུ་མཚན་ཅི་ཡང་མ་མཐོང་སྟོང་བ་ཉིད༔ སྐྱེ་མེད་ཆོས་སྐུའི་དགོངས་པ་རྟོགས་པར་ཤོག༔ སྟོང་ཉིད་ཕྱོགས་གཅིག་མ་ཆད་ཝ་ལེ་བ༔ དྲན་པ་འགགས་མེད་གསལ་མདངས་མ་འགགས་པར༔ རྒྱུ་རྐྱེན་རྩོལ་བས་མ་བསྒྲུབ་འོད་དུ་གསལ༔ རང་བཞིན་ལོངས་སྐུའི་དགོངས་པ་རྟོགས་པར་ཤོག༔ ཤར་གྲོལ་དུས་མཉམ་ཅེར་མཐོང་རང་བབས་ངང་༔ གཟུང་འཛིན་དྲི་མས་མ་གོས་ཐུགས་རྗེའི་རྩལ༔ ཇི་ལྟ་ཇི་སྙེད་མཁྱེན་པའི་འོད་ཟེར་ཅན༔ གཞན་སྣང་སྤྲུལ་སྐུའི་ཐུགས་དགོངས་རྟོགས་པར་ཤོག༔ སྐྱེ་འགགས་གནས་དམིགས་བྲལ་བ་སྐུ་གསུམ་དོན༔ ཕྱོགས་སུ་མ་ལྷུང་ཟུང་འཇུག་ཡེ་ཤེས་ཆེ༔ རང་གི་སེམས་ཀྱི་རྡོ་རྗེ་གཉུག་མའི་གཤིས༔ མངོན་གྱུར་ལྟ་བ་རྟོགས་པར་བྱིན་གྱིས་རློབས༔ བསྒོམ་ཞིང་སེམས་ཀྱིས་བསམ་པས་མི་རྟོགས་ཏེ༔ བལྟས་ཀྱང་ཡང་དག་དོན་ལ་མཐོང་བྱ་མེད༔ སྤྱོད་པས་བྱ་བྲལ་དོན་དང་འགལ་བའི་ཕྱིར༔ རང་བཞག་རྣལ་མའི་དོན་ལ་གནས་པར་ཤོག༔ རྟོགས་པ་མངོན་གྱུར་ཆེན་པོའི་ངང་ཆེན་དུ༔ གདེངས་ཐོབ་བཙན་ས་ཟིན་པའི་ངེས་རྙེད་དེ༔ ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་པའི་སྐུར༔ ཡེ་ཤེས་བླ་མའི་ས་མཆོག་ནོན་པར་ཤོག༔ དཀོན་མཆོག་རྩ་གསུམ་ཞི་ཁྲོའི་ཐུགས་རྗེ་དང་༔ མགོན་གཅིག་རྡོ་རྗེའི་བླ་མའི་བྱིན་རླབས་དང་༔ ཆོས་ཅན་ཆོས་ཉིད་དག་མཉམ་བདེན་སྟོབས་ཀྱིས༔ གེགས་མེད་སྨོན་པ་ཡིད་བཞིན་འགྲུབ་གྱུར་ཅིག༔ དགེ་གྲགས་ངོར་ཤྲཱི་ངན་ནས་སོ། །

འོད་གསལ་ཐོད་རྒལ་ཆེན་པོའི་སྨོན་ལམ།

འོད་གསལ་ཐོད་རྒལ་ཆེན་པོའི་སྨོན་ལམ་ཟང་ཐལ་རང་གྲོལ་བཞུགས་སོ༔

ཨེ་མ་ཧོ༔ ཐོག་མ་མེད་ནས་བཤེས་ཆེན་མ་འདྲེས་མགོན༔ པདྨའི་སྦྲང་རྩི་ཟང་ཐལ་རང་གྲོལ་བ༔ འཁོར་འདས་མཁར་སྦྲུམ་ཐིག་ལེ་ཉག་གཅིག་ཞལ༔ གསལ་ཁྱབ་རང་བཞིན་གཞི་རྒྱུད་མངོན་གྱུར་ཤོག༔ ལྷུན་གྱིས་གྲུབ་པ་རང་རྫོགས་འབྲས་བུ་ནི༔ དཔེ་དོན་རྟགས་ཀྱི་ངེས་པས་རང་མཚོན་ནས༔ ཅི་བཞིན་སྤྱི་བླུགས་ཚངས་པ་དོན་དམ་པ༔ རབ་ཏུ་སྤྲོས་མེད་དབང་མཆོག་ཐོབ་པར་ཤོག༔ ངོ་བོ་སྟོང་ཉིད་མི་འགྱུར་བདེ་བ་ཆེ༔ རྣམ་ཀུན་མཆོག་ལྡན་སྦས་མས་མཁའ་ལ་རོལ༔ ཞལ་ཕྱག་མཚན་བྲལ་ཁྱབ་བརྡལ་ཡེ་ཡོད་པ༔ རང་བཞིན་གཞི་རྒྱུད་ངོ་བོ་མངོན་གྱུར་ཤོག༔ གསང་བ་སྲོག་བཅས་འདུས་པའི་གཞལ་ཡས་དང་༔ དོན་མཁར་བྷནྡྷ་འབར་བའི་ཕོ་བྲང་དུ༔ ངོ་བོ་གདངས་དང་ཟེར་གྱི་གྲངས་མང་བའི༔ འབྲས་ཆོས་གཞིར་གནས་བཅུད་ཀྱི་དོན་རྟོགས་ཤོག༔ གཞི་ལ་ངེས་པ་ཐོབ་པའི་ལྟ་བའི་གནད༔ རང་བཞག་འཕོ་འགྱུར་མེད་པའི་འཆིང་བ་བཅུ༔ གནད་ཆེན་དྲུག་གི་ཁྱད་པར་ཟིན་པ་ཡི༔ ཅོག་བཞག་རྣལ་འབྱོར་ཆེན་པོ་འབྱོང་བར་ཤོག༔ གཉུག་མའི་སྒོ་གསུམ་སྐུ་གསུམ་གནད་དུ་གཅུན༔ བདེ་ཆེན་ཡེ་ཤེས་གསུམ་ལ་འབྱམས་སུ་ཀླས༔ གཟུང་འཛིན་རང་འགགས་ཡེ་ཤེས་རྗེན་ཆེར་གྱི༔ ཤེས་རབ་མ་ཡིན་དབང་པོའི་མཐོང་བར་ཤོག༔ ཆུ་བུར་རྡོ་རྗེར་བརྒལ་བས་ཁྱད་པར་ཆོས༔ སྣང་བའི་ཡེ་ཤེས་ལམ་གྱི་མུ་ཚོད་དང་༔ བསྐལ་མཉམ་ཡོན་ཏན་ཁྱད་པར་གྱིས་དཔག་པས༔ འདུས་མ་བྱས་པའི་གསང་མཛོད་བརྟོལ་ནུས་ཤོག༔ ཕྱི་རུ་སྣང་བས་འོད་གསལ་སྐུར་སྨིན་རྫོགས༔ ནང་དུ་ཉེར་ཐོབ་མཆེད་པས་སྐར་མདའ་ཅན༔ ཟད་པ་གཉིས་ཀྱི་ཚུལ་གྱི་མཐར་ཐུག་ནས༔ འོད་གསལ་ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ཤོག༔ དེ་ཡི་ཤེས་སྒྲིབ་ཕྲ་བའང་ལྷག་མེད་དུ༔ རྡོ་རྗེའི་ཏིང་འཛིན་འབྲས་དབང་མཚམས་སྦྱོར་ནས༔ ཐུན་མོང་མ་ཡིན་གཞོན་ནུ་བུམ་སྐུར་བཟླུམ༔ ཡེ་ཤེས་ཆོས་སྐུར་ཡང་དག་སངས་རྒྱས་ཤོག༔ ངོ་བོ་ཉིད་ཀྱི་དབྱིངས་གྲོལ་སྐུ་གསུམ་ལས༔ འདོད་འཇོའི་རྩོལ་བ་མེད་པའི་རང་བསྲེལ་ ༼ སྤྲུལ་སྐུ་ལོངས་སྐུ། ༽ གཉིས༔ ཐུན་མོང་ཐུན་མིན་མཛད་པས་སྒོ་ཕྱེས་ནས༔ འཁོར་བ་དོང་སྤྲུགས་དཔལ་དུ་འབར་གྱུར་ཅིག༔ དབྱིངས་ཀྱི་ཡེ་ཤེས་ཕྱོགས་སུ་རིས་མེད་པས༔ ཐུགས་ལྔའི་ཇི་ལྟ་ཇི་སྙེད་བྱེ་བྲག་ཅན༔ རྣམ་པ་ཀུན་ཏུ་ལྷུན་གྱིས་གྲུབ་པ་ཡི༔ སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ་ཐོབ་ཤོག༔ གལ་ཏེ་རྣལ་འབྱོར་རྩལ་ཆེན་མ་རྫོགས་ན༔ སྐུ་དང་ཡེ་ཤེས་འཇུག་པའི་འོད་ཐག་གི༔ ཐུགས་རྗེའི་ལྕགས་ཀྱུའི་མ་བསྒོམ་སངས་རྒྱས་ལམ༔ ལྷག་པས་འདའ་ཀའི་ཤེས་རབ་མཐར་རྒྱས་ཤོག༔ རྣམ་ཀུན་གྲོགས་ཀྱི་སྤྱོད་པ་ཉི་ཤུ་དང་༔ སྐུ་གསུང་ཐུགས་དང་ཆེན་བརྒྱད་ཕྲ་མོར་བཅས༔ ཉམས་པ་མེད་པའི་ཡང་དག་མངོན་རྫོགས་པས༔ འཇའ་ལུས་འཕོ་བ་ཆེན་པོ་འགྲུབ་པར་ཤོག༔ རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྗེ་དང་༔ སྐྱབས་གནས་དོན་གྱི་རིག་སྐུའི་བྱིན་བརླབས་དང་༔ རྒྱུ་འབྲས་དཀོན་མཆོག་སྐུ་གསུམ་ཆོས་ཉིད་དང་༔ ཆོས་ཅན་བསླུ་མེད་མཐུ་ཡི་འགྲུབ་གྱུར་ཅིག༔ གྲུབ་ནས་མཁྱེན་བརྩེ་རྡོ་རྗེ་ལྟ་བུ་ལུས༔ འགྲོ་བའི་དབུལ་བ་མཐའ་དག་མྱུར་བསལ་ཏེ༔ ནང་དབྱིངས་གདོད་མའི་རྒྱལ་པོར་དབུགས་འབྱིན་པ༔ བྱང་ཆུབ་སེམས་ཀྱིབདེན་པས་འགྲུབ་གྱུར་ཅིག༔ དེང་སང་རྫོགས་ཆེན་བསྟན་པའི་ཉི་མ་ཤར༔ ཁོ་བོ་ཕྲན་ཡང་སྐལ་པ་བཟང་གྱུར་པས༔ དམ་ལྡན་གཞན་ལ་ཕན་པའི་བློ་གྲོས་ཀྱིས༔ ཀུན་བཟང་རྩལ་ལས་རྣམ་འཕྲུལ་ཤེས་རབ་དང་༔ རྡོ་རྗེ་བླ་མའི་མིག་ལྡོང་ཕྱེས་པ་ཡི༔ ཐོད་རྒལ་སྨོན་ལམ་ཟང་ཐལ་རང་གྲོལ་བ༔ བྱས་པའི་དགེ་བས་ནམ་མཁའི་མཐའ་ཡས་པའི༔ འགྲོ་རྣམས་ཀུན་ཏུ་བཟང་པོའི་གནས་ཐོབ་ཤོག༔ ཅེས་ཀྱང་འཇིགས་མེད་ནམ་མཁའི་རྡོ་རྗེ་ནས་བྲིས་པའོ། །མངྒ་ལཾ། །

འོད་གསལ་གནད་བཞི་སྦྱངས་པའི་སྨོན་ལམ།

འོད་གསལ་གནད་བཞི་སྦྱངས་པའི་སྨོན་ལམ་བཞུགས་སོ༔

དུས་གསུམ་རྒྱལ་བའི་སྤྱི་གཟུགས་བླ་མ་རྗེར༔ གསོལ་བས་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གཞི་ལ་གནས་པའི་གཉིད་དང་རྨི་ལམ་བཅས༔ སྙོམས་འཇུག་ཐ་མལ་མ་དག་སྐུ་བཞིའོ༔ གཉིས་དུས་འོད་གསལ་མེ་ལོང་ཡེ་ཤེས་ཏེ༔ དེ་ཕྱིར་གསལ་ལ་མི་རྟོག་ཉོན་མཚན་གྱི༔ སྟོང་ཉིད་རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེའི༔ འོད་གསལ་ཆོས་སྐུའི་ངོ་བོ་མངོན་གྱུར་ཤོག༔ རྨི་ལམ་སོར་རྟོགས་མཉམ་ཉིད་ཡེ་ཤེས་སྐུ༔ སྣང་བ་ཞིང་ཁམས་ལྷ་སྐུ་སྒྱུ་མ་དང་༔ གྲགས་པ་སྔགས་ཀྱི་ཐིག་ལེར་གཞིར་བྱས་ནས༔ ཀུན་ཏུ་རྟོག་ཡུལ་ཡེ་ཤེས་ཕྱག་རྒྱར་བཅིངས༔ ཟུང་འཇུག་ལོངས་སྐུའི་ངོ་བོ་མངོན་གྱུར་ཤོག༔ སྙོམས་འཇུག་གནས་བཞིར་དགའ་བཞི་འབྱུང་ལྡོག་མཐའི༔ ལྷན་གཅིག་སྐྱེས་པའི་ཡེ་ཤེས་དེ་ཁོ་ན༔ ལས་ཀྱི་ཕྱག་རྒྱའི་རྣམ་པར་བཅིངས་པའི་མཐུས༔ ཡེ་ཤེས་སྐུ་ཡི་ངོ་བོ་མངོན་གྱུར་ཤོག༔ ཐ་མལ་ཚོགས་དྲུག་སྣང་ཞེན་ལས་ཉོན་བག༔ ཡེ་ཤེས་ལྔ་ཡི་རང་བཞིན་སྒྲིབ་པའི་ནོངས༔ ཆོས་ཀྱི་ཕྱག་རྒྱའི་བཅིངས་པའི་སྟོབས་ཤུགས་ཀྱིས༔ སྤྲུལ་པའི་སྐུ་ཡི་ངོ་བོ་མངོན་གྱུར་ཤོག༔ དེ་དག་མངོན་དུ་བྱེད་པའི་ཡན་ལག་ནི༔ གཏུམ་མོ་ལྔ་ཡི་ཉམས་ལེན་ཀློང་དུ་གྱུར༔ རྒྱུ་ལུས་ལྔ་དང་ཟུང་འཇུག་ལམ་དུ་ལོངས༔ རྨི་ལམ་ཟིན་པའི་བར་དོའི་གྲོལ་ཚད་རྟོགས༔ འོད་གསལ་ལྔ་ཡི་རྟོགས་པ་ཡང་དག་ཐོབ༔ འཕོ་བ་ཆེན་པོའི་ལམ་གྱི་སྟོང་ཐེབ་ནས༔ བར་དོ་མེད་པར་རྫོགས་པའི་སངས་རྒྱས་ཤོག༔ བཀྲ་ཤིས་དེའི་ཀྱང་འགྲོ་ཀུན་བརྒྱན་གྱུར་ཅིག༔ ཅེས་ཀྱང་ཐུབ་པའི་ངོར་ག་གཱས་སོ། །མངྒ་ལཾ། །

ཞལ་གདམས་སྨོན་ལམ་འབྲེལ་ཚད་དོན་ལྡན།

ཞལ་གདམས་སྨོན་ལམ་འབྲེལ་ཚད་དོན་ལྡན་ཞེས་བྱ་བ་བཞུགས་སོ། །

ཨེ་མ་ཧོ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་བསྡུས་པ། །བཀའ་དྲིན་མཉམ་མེད་རང་སྣང་སྟོན་པར་ཤར། །དྲིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །བདག་ནི་མ་རིག་ཉོན་ཤེས་སྒྲིབ་དབང་གིས། །བདག་མེད་བདག་དང་ཡུལ་མེད་ཡུལ་དུ་བཟུང་། །འཁྲུལ་བ་རྨི་ལམ་ལྟ་བུའི་བསླུས་བསླུས་ནས། །ད་ནི་རང་སྣང་རང་ངོ་ཤེས་པར་ཤོག །འགྲོ་དྲུག་ནང་ནས་དལ་འབྱོར་རྙེད་པར་དཀའ། །རྙེད་ན་དོན་ཆེ་ཡིད་བཞིན་ནོར་བུ་འདྲ། །ཡར་འགྲོ་མར་འགྲོའི་ས་མཚམས་ད་རེས་ཡིན། །གཏན་འདུན་ཡང་དག་སྒྲུབ་པ་མཐར་ཕྱིན་ཤོག །ཐེག་གསུམ་ངེས་པར་འབྱུང་བའི་ལམ་བཟང་ལ། །མཐར་ཐུག་དགོངས་པ་ཀློང་དུ་གྱུར་ནས་སུ། །ལྟ་བསྒོམ་སྤྱོད་པ་འབྲས་བུའི་ཡོན་ཏན་ཀུན། །ཡར་ངོས་ཟླ་ལྟར་གོང་ནས་གོང་འཕེལ་ཤོག །ཁྱད་པར་གསང་ཆེན་རྡོ་རྗེ་སྙིང་པོ་ཡི། །དགོངས་དོན་ཟབ་མོ་ཚུལ་བཞིན་ཉམས་སུ་ལོན། །སྣང་བཞིའི་སྦུབས་ནས་ས་ལམ་ཅིག་ཆར་བསྒྲོད། །བདག་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །སེམས་ཅན་གང་ཞིག་བདག་མཐོང་ལེགས་བཤད་ཐོས། །དྲན་དང་ཡིད་བྱེད་མིང་ཙམ་ཐོས་པའང་། །སྐྱེ་བའི་རྒྱ་མཚོ་ཆེན་པོའི་ཕ་རོལ་ཕྱིན། །མགོན་པོ་འོད་དཔག་མེད་པའི་གནས་ཐོབ་ཤོག །ཁྱད་པར་སྐྱེ་འཇུག་དབང་ཐོབ་གཟི་བྱིན་གྱིས། །ལས་ངན་ངེས་དང་མ་ངེས་གང་བྱས་འགྲོ། །སུམ་སྟོང་ཕྱག་གཅིག་བསྒྲོལ་ནུས་བདེན་སྟོབས་ཏེ། །སྐྱེ་མཐའ་འདི་ནས་མངོན་དུ་འགྱུར་བ་ཤོག །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང་། །གཞི་རྒྱུད་བདེ་གཤེགས་སྙིང་པོའི་བདེན་སྟོབས་མཐུ། ། དབང་ཕྱུག་བླ་མ་དམ་པའི་ཐུགས་རྗེ་ཡི། །བདག་གི་གང་སྨོན་གྲུབ་པ་མཐར་ཕྱིན་ཤོག །ཅེས་ཀྱང་ཚེས་ལིའི་ངོར་ག་གཱས་སོ། །

ཤམ་བྷ་ལའི་སྨོན་ལམ་ས་སྤྱོད་བསྒྲོད་པའི་ཤིང་རྟ།

ཤམ་བྷ་ལའི་སྨོན་ལམ་ས་སྤྱོད་བསྒྲོད་པའི་ཤིང་རྟ་རྣམ་དག་བཞུགས་སོ༔

ཨེ་མ་ཧོ༔ སྔོན་ཚེ་སྟོན་པས་བྱིན་རླབས་རྒྱུད་གསུངས་ནས༔ རྒྱས་བསྡུས་རིམ་པ་གཉིས་སུ་མེད་པ་གང་༔ དར་ནུབ་ཚུལ་གྱིས་མ་ཡིན་དུས་རྟག་པར༔ སྨིན་གྲོལ་ཟམ་མ་ཆད་པའི་ས་སྤྱོད་མཆོག༔ ༡རིགས་ལྡན་འཕགས་པས་བརྟེན་པའི་གནས་ཆེན་པོ༔ ཕྱི་ལྟར་རྒྱ་གར་བྱང་ཤར་ཤམ་བྷ་ལ༔ ནང་ལྟར་སྙིང་ཀ་མཆོད་པའི་རྩ་བཞི་བ༔ ཁམས་ཀྱི་རྣམ་དག་དཔའ་བོ་མཁའ་འགྲོའི་ཚུལ༔ ༢བདེ་སྟོང་གཉིས་མེད་རང་སྒྲའི་རྒྱུན་ལྡན་འབྱོར༔ གསང་ཆེན་བྱང་ཤར་སྟོབས་རྣམས་བཀོད་པ་སྟེ༔ མུ་སྟེགས་ཀླ་ཀློའི་རྒྱ་བར་མི་ནུས་ཀྱིས༔ ཞིང་དེར་བདག་ནི་རིག་འཛིན་གྲལ་འཁོད་ཤོག༔ ༣དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཡངས་པ་རུ༔ གྲུབ་གཉིས་ལང་ཚོ་བརྡོ་བའི་གཟི་འོད་ཀྱིས༔ སངས་རྒྱས་བསྟན་པའི་བགེགས་བྱེད་དཔུང་བཅོམ་པའི༔ གཙོ་བོ་དམ་པར་བདག་ཀྱང་འགྱུར་བར་ཤོག༔ ༤ རྡོ་རྗེ་ཐེག་པའི་བསྟན་པ་ཉི་འོད་བཞིན༔ ཕྱོགས་དུས་ཀུན་ཏུ་སྤེལ་བའི་དགེ་མཚན་གྱིས༔ བཀྲ་ཤིས་སྣང་བའི་འབྲས་བུ་གཡུར་དུ་ཟ༔ རྡོ་རྗེ་རྣོན་པོའི་ཐུགས་ལ་བྱང་ཆུབ་ཤོག༔ ༥དཀོན་མཆོག་བསླུ་བ་མེད་པའི་བྱིན་རླབས་དང་༔ དང་པོའི་སངས་རྒྱས་རིགས་ལྡན་ཐུགས་བསྐྱེད་དང་༔ གདུང་ཤུགས་སྨོན་ལམ་བཟང་པོའི་རྒྱུད་སྦྲེལ་ཏེ༔ གང་བསམ་ལྷུན་གྲུབ་འགྲོ་དོན་མཐའ་རྒྱས་ཤོག༔ ཅེས་ཀྱང་ཉི་སར་བློ་གྲོས་བཀའ་གནང་བཙན། གྱི་ནར་འདོར་བར་མ་ཕོད་ག་གཱས་སོ། །བདག་ཀྱང་བླ་མའི་ཐུགས་ཀྱིས་དབུགས་དབྱུང་ལས། །ཚོམ་བུ་གཅིག་ཏུ་འཚོགས་པའི་དགའ་ཞིང་འགོད། དགེའོ། །

ན་མོ་དཀོན་མཆོག་སྐུ་གསུམ།

༈ན་མོ་དཀོན་མཆོག་སྐུ་གསུམ་རྩ་གསུམ་ཆོས་ཉིད་དང་༔ ཆོས་ཅན་བསླུ་མེད་བདེན་བའི་སྟོབས་ཤུགས་མཐུ༔ ཁྱད་པར་གུ་རུ་པདྨའི་ཐུགས་བསྐྱེད་ཀྱི༔ བདག་སོགས་ཚེ་འདིའི་སྣང་བ་ནུབ་མ་ཐག༔ དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་སུ༔ རིག་འཛིན་རྒྱ་མཚོའི་གྲལ་དུ་འཁོད་པར་ཤོག༔ དེ་ཡང་རྡོ་རྗེ་ཐེག་པའི་འཕྲོ་མཐུད་དེ༔ སྦུབ་ལ་མི་གནས་མཐའ་ཡས་རང་བཞིན་ཅིང་༔ ཡེ་ཤེས་བླ་མའི་ས་ལ་བྱང་ཆུབ་ནས༔ རང་བཞིན་དོན་གྲུབ་སྐུ་གཉིས་མངོན་གྱུར་ཤོག༔ ཅེས་དང་ཡང་ག་གཱས་སོ། །

ན་མོ་དཀོན་མཆོག་སྐུ་གསུམ།

ན་མོ་བླ་མ་ཡི་དམ་མཁའ་འགྲོ་ཐུགས་རྗེ་ཅན༔ དཔལ་ལྡན་དུས་འཁོར་དམ་པ་མཛོད་ཀྱི་གསང་༔ ཀུན་གྱི་སྤྱི་གཟུགས་རིག་ལྡན་བརྒྱུད་པར་བཅས༔ ས་སྤྱོད་ཞིང་ཁམས་བྱང་ཤར་ཤམ་བྷ་ལ༔ གསང་ཆེན་རྡོ་རྗེའི་ཐེག་པའི་གན་མཛོད་ཆེ༔ མུ་སྟེགས་ཀླ་ཀློ་རྒྱུ་བའི་གོ་སྐབས་མེད༔ སྐྱེ་བ་གཅིག་གི་མངོན་པར་བྱང་ཆུབ་ས༔ ཡོན་ཏན་དཔག་ཏུ་མེད་པའི་ཁྱད་པར་ཅན༔ འདི་ནས་ཚེ་ཡི་དུས་བྱའི་གྱུར་མ་ཐག༔ བདག་ནི་ཞིང་ཁམས་དམ་པ་ཡོངས་བཟུང་ཞིང་༔ རིགས་ལྡན་རྒྱལ་པོའི་ཞབས་དྲུང་སྐྱེ་བར་ཤོག༔ ཕྱོགས་བཅུ་དུས་བཞི་རྒྱལ་བ་སྲས་བཅས་ཀྱི༔ སྨོན་ལམ་འགྲུབ་པའི་བདེན་དཔང་མཐུན་འགྱུར་མཛོད། ཨོཾ་བཛྲ་པདྨ་གུ་རུ་བིདྱ་ཡ་ར་ཛ་པྲ་ནི་དྷ་ནི་བྷནྡྷ་རེ་སྭཱ་ཧཱ༔ ཅེས་ཀྱང་གསེར་སྐོམ་བས་ངོར་ག་ག་ཨ་བྷྱེས་སོ། །

ན་མོ་གུ་རུ། གཞི་འབྲས་དབྱེར་མེད།

ན་མོ་གུ་རུ། གཞི་འབྲས་དབྱེར་མེད་ཨེ་ཝྃ་ཟུང་འཇུག་སྐུ། །མངོན་གྱུར་ཐབས་ཀྱི་ཨེ་ཝྃ་ཟུང་འཇུག་ལམ། །སྟོན་བྱེད་ཕྱག་རྒྱའི་ཨེ་ཝྃ་ཟུང་འཇུག་ཏུ། །སྣང་མཛད་བདུད་འཇོམས་རྡོ་རྗེའི་ཤིས་པ་སྩོལ། ། དེ་ལ་སྔོན་བྱུང་དུས་སུ་སངས་རྒྱས་སྟོང་གི་འདྲེན་སྟོན་དུ་གྱུར་བ་རྣལ་འབྱོར་དབང་ཕྱུགས་ནུས་ལྡན་རྡོ་རྗེ་ཉིད་ཀྱི། འཇིག་རྟེན་དུ་སྒྲོན་མ་སྟོང་རྣམ་པར་བཀོད་པའི་དུས་སྐབས་རྣམས་སུ་འགྲོ་འདྲེན་གྱི་སྤྲུལ་བ་བརྒྱ་ཕྲག་རེ་སྟོན་ཅིང་། མཐར་ཐུག་སངས་རྒྱས་མོས་པ་སྣང་མཛད་ཆེན་པོར་གྱུར་ནས་འཁོར་བ་སྟོང་པའི་ཕྲིན་ལས་མཛད་པ་ལས། ཁྱད་པར་དུ་དངོས་ཅག་གི་སྟོན་པའི་བསྟན་པ་འདི་ལ། ཤཱ་རིའི་བུ། ཧཱུྃ་ཆེན་ཀཱ་ར། ཁྱེའུ་ཆུང་ལོ་ཙ། དེ་རྗེས་སེ་ཕུང་ཡཱ་མིའི་བཀའ་བསྒོ་ལོག་པའི་ཁ་གནོན་དུ་པདྨའི་དངོས་སློབ་སངས་རྒྱས་ཡེ་ཤེས། ནམ་མཁའི་སྙིང་པོ། གནུབ་ཡོན་ཏན་རྒྱ་མཚོ་སོགས་གྲུབ་པ་ཐོབ་པ་བཅོ་བརྒྱད་དང་། མཁས་ཚུལ་དགུ་དང་གྲུབ་ཚུལ་དྲུག་གི་ཡོན་ཏན་གྱིས་མངོན་པར་མཐོ་བའི་གསེར་ཕྲེང་བར་མ་ཆད་པ། སོ་ཟུར་གནུབས་གསུམ་སྔགས་ཀྱི་བབས་སོ་གསུངས་ལྟར་ལས་འགྲོ་འདུལ་སྤྲུལ་པའི་རྣམ་རོལ་དུ་མ་འབྱོན་པ་གྲུབ་དབང་ཆེན་པོ་རྩོད་པ་མེད་པའི་མཆོག་གར་དབང་བདུད་འཇོམས་གླིང་པ་ཞེས་མཁས་གྲུབ་ཀྱི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་ཅིང་། ཆེ་བ་དགུ་ལྡན་གྱི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ། འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས། དངོས་ཀྱི་སློབ་མ་འཇལ་ལུས་ཆེན་པོ་བཅུ་གསུམ། འབྲིང་བ་ལྔ་བརྒྱ། ཐ་ན་ཞབས་འདེགས་པ་དང་གསུངས་ཐོས། ཙམ་ལའང་འཆི་ཁ་བླ་མའི་སྣང་བ་ཤར་ནས་དྲོད་རྟགས་མེད་པ་ནི་སྲིད་མཐའ་མ་ཁེག་ཙམ་དུ་ཐེ་ཚོམ་གྱི་གནས་སུ་གྱུར་བ། གང་གི་རིགས་ཀྱི་མྱུ་གུ་འཛིན་པ་ཕྱི་ལྟར་གནས་བརྟན་བཅུ་དུག ནང་ལྟར་སེམས་དཔའ་ཡབ་ཡུམ་བཅུ་དྲུག གསང་བ་ལྟར་སྒྲུབ་སྡེ་ཡབ་ཡུམ། ཡང་གསང་ལྟར་སྙིང་རྗེ་དང་དགའ་ཆེན་བཅུ་དྲུག མཆོག་གསང་ལྟར་སྟོང་ཉིད་བཅུ་དྲུག་གི་ཕྱག་རྒྱའི་རིགས་ཆུང་ལྕམ་དྲལ་བཅུ་དྲུག་ཏུ་སྤྲུལ་པའི་ནང་ཚན། ལྷ་ལྕམ་པདྨ་གསལ་ཞེས་སྤྲུལ་གཞིའི་མཚན་གྱིས་སྤྲུལ་བ་བརྒྱན་པའི་མཁའ་འགྲོ་པདྨ་ཅན་གྱི་ལྷུམས་གྱི་གེ་སར་བཞད་པར། ཀཿཐོག་དམ་གཙང་བྱམས་གསུམ་གྱི་སློབ་བརྒྱུད། རིག་འཛིན་འཇམ་དཔལ་རྡོ་རྗེ་ཞེས་སྐུ་དགེ་འདུན་སྟོང་ལྷག་གི་གྲྭལ་ལས་མ་བསྐྱོད་པར། ཐུགས་མཉམ་པར་བཞག་པའི་དབང་འབྱོར་གྱི་སྟོབས་ལས་པདྨ་འོད་ནས་ཨོ་རྒྱན་གྱི་དབུ་ཞྭ་དང་། སྐྱུ་རུ་ར་རློན་པའི་ལོ་སྡོང་མེ་འབྲས་མ་ཉམས་པ་བསྣམས་ནས་བསྟན་པ་ཀུན་ཡིད་ཆེས་ཀྱིས་དབུགས་དབྱུང་སྦྱིན་པར་མཛད་པ་དེའི་གདུང་བརྒྱུད་གཉིས་པ། དབོན་སྤྲུལ་བསྟན་པའི་རྒྱལ་མཚན་གྱིས་ཨེ་ཝྃ་རོལ་བའི་དབང་འབྱོར་གྱིས་སྲས་སུ་བཀྲུན་པ་སྟེ་ཡབ་མེས་ཞང་ཉེ་གང་ཐད་ནས་མ་སྨད་པའི་མདོ་ཁམས་ཀུན་ན་རྩོད་མེད་མངོན་གསལ་གྱི་དམ་པ་འདི་ཡང་། སུས་ཀྱང་འགྲན་ཟླར་མི་བཟོད་པའི་ནུས་མཐུ་དང་ལྡན་པ། གསང་བདག་ཆེན་པོའི་རྣམ་སྤྲུལ་དུ་གཏེར་ཆེན་ཉིད་ཀྱི་མཚན་དོན་དུ་ཞུགས་པ་ནུས་ལྡན་རྡོ་རྗེར་བསྔགས་པའོ། །ལར་ཐོབ་ཡོད་མེད་སྨོས་ན། ངེད་རྒྱ་ལྕགས་བླ་རྒྱལ་པོའི་དབུ་མཆོད་ཀྱི་གསེར་ཁྲལ་འབུལ་ས། རེ་སྐོང་ཕུར་ཐོག་ཕར་ཚུར་ཉིས་སྟོང་གི་གཙུག་རྒྱན། ཟི་ལིང་ཆུ་འདུ་ཕུག སྟོད་རྒྱ་གར་གངས་སྒོ་ཚུན་ཆད་དུ་ཕྲིན་ལས་མཚན་སྙན་གྱི་དབྱར་རྔའི་ཕྱོགས་ཀྱི་འཁོར་ཡུག་ཁྱབ་པ་དང་། ཚ་བོ་དངོས་ཀྱི་ཐད་ནས་ཀྱང་། རག་ཁྲོམ་གྲྭ་དང་། གཞི་དགོན་གྲྭ་སུམ་བརྒྱ་ལྷག སྟག་རྩེ་གྲྭ་ཕྱེད་དང་ཉིས་བརྒྱའི་དབུར་བཞུགས་རྒྱུ་དང་འདིའི་ནུ་བོ་གཞི་དབོན་སྲས་ཉི་ཟླ་ཡབ་སྲས་ཡིན་པས་ན། དེ་ལྟར་ན་དེའི་ཕུ་བོ་འདིའང་གྲྭ་དེ་ལ་དབང་རྒྱུ་ཡིན་ཀྱང་། གྲུབ་ཐོབ་ཀྱི་མཛད་ཕྲིན་ལ། ཚུར་མཐོང་གི་རྣམ་བཞག་གིས་དཔོག་ཏུ་མ་ངེས་པའི། ས་མཐར་ལྷ་ལྡནདུ་ཕྱག་འཚལ་ནས་ཕེབས་མཐར། བླ་མའི་དངོས་སློབ་ཉག་སྤྲུལ་རིན་པོ་ཆེ་ཀུན་དགའ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་མཛད་པ་ལ། འཁུ་གཤོང་འཕྱས་འདོགས་སོགས་འགལ་གཞི་བཙུགས་ན། ངེད་རྒྱ་བོད་དགོན་སྡེ་ཀུན་ནས་རྩད་གཅོད་ཡོད་རྒྱུ་ཡིན་པ་དང་། གུས་བཀུར་དེང་ལེན་བྱེད་མི་ཀུན་ཀྱང་མི་བསླུ་ངེས་ཅན་ཞིག་གི་བླ་མ་ཡང་དག་ཡིན་ཚུལ་དེ་ལྟར་རོ། །ཆེད་བསྐུལ་དབང་བྱས་གཅམ་བུའི་ངོས་འཛིན་མིན། །དྲང་བོའི་གཏམ་འདི་མེ་ཏོག་པདྨ་བཞིན། །ཀུན་ཏུ་མཛེས་པའི་ལང་ཚོའི་སྒེགས་པར་འགྱུར། །བསྲེགས་བཅད་བརྡར་ཀྱང་རྣམ་དག་གསེར་སྦྱངས་བཞིན། །དེང་དུས་ཕྲ་མ་བསྔ་བཙན་བརྡོ་བ་དང་། །གཞན་འབྱོར་མི་བཟོད་འབྱུང་བོའི་བྱ་ཚོགས་ཀྱིས། །ཉིན་བྱེད་འོད་སྟོང་མིག་གིས་མི་བཟོད་པ། །བསམ་ཞིང་ལས་ངན་བྱིས་པའི་ངང་ཚུལ་ལགས། །བདག་ཀྱང་དེང་ཚེ་རབས་ཐམས་ཅད་དུ། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྒྱས་པ་ལ། །སྡང་ཞུགས་ངན་པའི་སྟ་རེའི་མ་སྨས་པར། །དོན་གཉིས་ལྷུན་གྲུབ་འབྲས་བཟང་གཡུར་ཟ་ཤོག །ཅེས་སྔ་སོར་ཨོ་རྒྱན་སྦས་ལུང་བསྒྲོད་དུས། རི་བོ་ཆེའི་འཕགས་ཞབས་ཀུན་དང་། མཁན་ཆུང་། བླ་མ་ལྷ་རྒྱས། ཀརྨ་བསམ་འཕེལ་རྣམ་རྒྱས་རྡོ་རྗེ་སོགས་ལ་ཆོས་ཀྱི་བདུད་རྩི་སྟོབས་ཅིང་། མགྲོན་གཉེར་ཨོ་རྒྱན་མགོན་པོ། ས་བྱམས་ཨོ་རྒྱན་སོགས་ལྕགས་ལས་རྣམས་དང་མཛའ་བཤེས་སུ་གྱུར་བ། ཕུ་བོ་དྲི་མེད་ཀྱི་ནུ་བོ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད་རྡོ་རྗེ་ཞེས་པས། རྣམ་འདྲེན་བཞི་པ་ཆེན་པོ་ལྷུམས་ཞུག་གི་མཛད་པ་ལས་བྱུང་བ་སྟོབས་ཆེན་གཉིས་འཐུང་དབང་པོ་སུ་ཝརྞའི་ཁྲི་ལ་འཁོད་པའི་ཟླ༨ཚེས་༡༠ལ་སྤེལ་བའོ། །

ཞབས་བརྟན་བཀྲ་ཤིས་ལྷ་ཡི་མེ་ཏོག་གི་ཆར་རྒྱུན།

རྗེ་བཙུན་བླ་མའི་ཡང་སྤྲུལ་དམ་པའི་ཞབས་བརྟན་བཀྲ་ཤིས་ལྷ་ཡི་མེ་ཏོག་གི་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། གཞི་དབང་དང་པོའི་ལྷ་གཅིག་ཚེ་མཐའ་ཡས། ། འཇམ་དཔལ་ཚེ་བདག་ཨརྱ་ཏཱ་རེ་དང་། །ཚེ་དབང་རིག་འཛིན་པད་འབྱུང་བི་མ་ལ། །འཆི་མེད་མཆོག་སྩོལ་རྣམས་ལ་གསོལ་བ་འདེབས། །རྒྱལ་ཀུན་ཐུགས་མཆོག་སེམས་དཔའ་རྡོ་རྗེ་ཡིས། །འགྱུར༵་མེད༵་ཐུགད་༼ ཐུགས་དཔྱད། ༽ བསྐྱེས་ ༼ བསྐྱེད་དཔྱད། ༽དུས་སུ་སྨིན་པ་ལས། །མདོ༵་སྔག༵ས་བསྟན༵་པའི་རྒྱལ་མཚན་བསྒྲེང་བ་དང་། །གདུལ་བྱ་ཐུགས་རྗེའི་འཛི༵ན་མཛད་སྤྲུལ་པའི་སྐུའི། །ཞབས་པད་རྡོ་རྗེའི་ཁྲི་ལས་མི་གཡོ་བར། །འཆི་མེད་རིག་འཛིན་ངོ་བོར་བརྟན་བཞུགས་གསོལ། །འཁོར་གྱིས་ལོག་སྒྲུབ་སྙིགས་མའི་གཞན་དབང་གིས། ། ཐུགས་བསྐྱེད་དམ་བཅའི་གོ་ཆ་འདོར་ཕོད་དམ། །སེམས་ཅན་ཉོན་མོངས་རང་བཞིན་གདུལ་དཀའ་བས། །སྐྱོ་ངལ་ཞི་བར་གཞོལ་ན་སུ་ལ་རེ། །དམ་ཚིག་ཉམས་ཆགས་གཞི་ནས་མ་སྐྱེས་པས། །ཆོས་ཉིད་དོན་གྱི་བདེན་པ་དེ་ཡིན་ན། །ཀུན་རྫོབ་སྒྱུ་མའི་འཁྲུལ་བར་སྙད་བཏགས་ནས། །ཕྱིར་ཞིང་སེམས་ཅན་གདུང་བ་བསྐྱེད་ལགས་སམ། ། ཁྱོད་ནི་མཁའ་མཉམ་བཏང་སྙོམས་ཐུགས་ལྡན་པའི། །ཀློང་ཡངས་ཆེན་པོའི་ངང་དུ་དག་ཚངས་སྩོལ། །བདག་སོགས་གདུལ་བྱའི་དཔལ་དུ་རྟག་བཞུགས་ནས། །ཟབ་ཡངས་གདམས་པའི་བདུད་རྩིའི་ཆར་ཆེན་པོའི། །སྐལ་བཟང་བློ་ཡི་པདྨོ་རབ་བཞད་དེ། །བསྟན་འགྲོར་ཕན་བདེའི་ཕྲིན་ལས་མཐའ་རྒྱས་ཤོག །དཀོན་མཆོག་རྩ་གསུམ་སྐུ་གསུམ་བྱིན་རླབས་དང་། །ཚེ་ལྷ་རྒྱལ་བ་རྒྱ་མཚོའི་བདེན་སྟོབས་དང་། །བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུའི། ། ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་གྱུར་ཅིག །ཨོཾ་བཛྲ་ཨ་ཡུཿདཱེ་ཝ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཤུདྡྷེ་ཨ་ཨཱ་ཧཱུྃ་ཕཊ། ཅེས་པ་འདི་ཡང་གནུབ་ཆེན་སངས་རྒྱས་ཡེ་ཤེས་ནས་གྲུབ་པ་ཐོབ་པ་བཅོ་བརྒྱད་བར་མ་ཆད་པའི་རིགས་ཀྱི་མྱུ་གུར་སྐྱེ་སྲིད་འཛིན་པས་དགོངས་པ་ཟབ་མོའི་གཏེར་ལ་དབང་བའི་རིག་པ་འཛིན་པ་ག་ག་ཨ་བྷྱེ་ནས་སྨྲས་པ་དུས་གསུམ་དགེ་བའི་འཁྲི་ཤིང་དུ་གྱུར་ཅིག །སརྦ་མངྒ་ལཾ། །

སྤྲུལ་སྐུ་མྱུར་འབྱོན།

དྲིན་ཆེན་བླ་མའི་སྤྲུལ་སྐུ་མྱུར་འབྱོན་ཐུགས་རྗེའི་རྒྱུད་བསྐུལ་བཞུགས་སོ༔

ཨོཾ༔ རྒྱལ་ཀུན་མཐུ་སྟོབས་དབང་ཕྱུག་གསང་བའི་བདག༔ ཐ་མལ་སྣང་ངོར་ཆོས་དབྱིངས་དྲི་མེད་རྩལ༔ གཟུགས་སྐུ་དབྱིངས་བསྡུས་འདའ་བས་འདུལ་སླད་ཀྱང་༔ ཐུགས་བསྐྱེད་ཕྲིན་ལས་རྒྱུན་ཆད་རིག་མིན་པས༔ སླར་ཡང་བསྟན་དང་འགྲོ་བའི་དོན་ཆེད་དུ༔ མི་རིང་མྱུར་དུ་འབྱོན་པར་མཛད་དུ་གསོལ༔ ལྟོས་བཅས་འཁོར་གྱི་ཐོག་མར་རྗེས་བཟུང་ནས༔ ཐུགས་ཡིད་གཅིག་དུ་འདྲེས་པར་བྱིན་གྱིས་རློབས༔ ཁྱོད་ནི་དབང་ཕྱུག་མཆོག་གི་བདག་ཉིད་པས༔ གཞན་སེམས་དགེ་ལ་བསྒྱུར་བས་དག་སྣང་ངོར༔ བརྟན་མཁས་བཙུན་པའི་རྣམ་ཐར་ལེགས་འཆར་བའི༔ རེ་འབྲས་ཡིད་བཞིན་འགྲུབ་པར་ཐུགས་རྗེའི་ཟུངས༔ དཀོན་མཆོག་བསླུ་བ་མེད་པའི་བྱིན་རླབས་དང་༔ དག་མཉམ་བདེན་པ་དབྱེར་མེད་རྟེན་འབྲེལ་མཐུས༔ ལྷག་བསམ་སྨོན་ལམ་དཀར་པོའི་མཚམས་སྦྱོར་འདི༔ གེགས་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་པ་འདི་ཡང་སྤྲུལ་པའི་སྐུ་མཆོག་ཐུབ་བསྟན་ཀློང་རྡོལ་རྡོ་རྗེ་འགྱུར་མེད་རྩལ་གྱི་བཞེད་པ་སྐོངས་སླད་དུ་ག་ག་ཨ་བྷྱེ་ནས་སུག་རིས་སུ་བགྱིས་པའོ། །

ཀྱེ་མ༔ རྒྱལ་བའི་རྣམ་སྤྲུལ།

ཀྱེ་མ༔ རྒྱལ་བའི་རྣམ་སྤྲུལ་ཆོས་ཀྱི་སེང་གེ་ཉིད༔ འགྲོ་འདུལ་སྤྲུལ་བ་མཆོག་གི་སྐུར་བཞེངས་ནས༔ བསྟན་འགྲོར་སྨན་པའི་དགོངས་བཞེད་ཚད་མེད་ཀྱིས༔ རིག་པ་འཛིན་པའི་སྲོལ་གྱིས་མངོན་སྣང་བྱས༔ སླར་ཡང་གདུལ་བྱའི་རྟག་འཛིན་གཞིག་པའི་ཚུལ༔ གཟུགས་སྐུ་དབྱིངས་སུ་བསྡུ་བར་མཛད་ནའང་༔ བདག་ཅག་གདུང་བའི་ཤུགས་ཀྱིས་གསོལ་བཏབས་མཐུས༔ བསྟན་མཁས་བཙུན་པའི་ཡོན་ཏན་ཚད་མེད་པས༔ སྤྲུལ་པའི་ཟློས་གར་མྱུར་དུ་འབྱོན་པ་རུ༔ དམིགས་མེད་ཐུགས་རྗེ་ཆེན་པོའི་ཡལ་མ་དོར༔ དཀོན་མཆོག་རྩ་བ་གསུམ་གྱི་བདེན་སྟོབས་དང་༔ རྒྱུ་འབྲས་བསླུ་མེད་ཆོས་དབྱིངས་རྣམ་དག་མཐུས༔ གེགས་མེད་སྨོན་འདུན་ཡིད་བཞིན་འགྲུབ་པར་ཤོག༔ ཅེས་ཀྱང་ག་གཱས་སོ། །

ཨོཾ་སྭ་སྟི། །རྒྱལ་ཀུན་མཁྱེན་པའི་སོགས།

ཨོཾ་སྭ་སྟི། །རྒྱལ་ཀུན་མཁྱེན་པའི་གཏེར་ཆེན་འཇམ༵་དཔལ་དབྱངས། །བློ༵་གྲོས༵་རྒྱ༵་མཚོ༵འི་ཕྱག་རྒྱར་ཡོངས་བཞེངས་ནས། ། གསང་ཆེན་བསྟན་པའི་སྲོག་ཤིང་གཅིག་ཏུ་བརླིངས། །མཆོག་གི་རིག་འཛིན་ཆེན་པོར་གསོལ་བ་འདེབས། །རང་བཞིན་ངེས་པ་ལྔ་དང་ལྡན་པ་དང་། །འཆི་བདུད་རྒྱུ་བ་བཅོམས་པའི་མངོན་རྟགས་སུ། །སྔོན་བཞེད་ཐུགས་དམ་ཆེན་པོའི་སེངྒེའི་སྒྲས། །བསླུ་མེད་གསུང་གི་འབྲས་བུ་མཆིས་པར་མཛོད། །སྐྱབས་གསུམ་གཅིག་འདུས་འཆི་མེད་མགོན་པོ་དང་། །པད་འབྱུང་བཱི་མ་ཀླུ་གྲུབ་ཞི་བ་འཚོ། །གནུབ་ཆེན་དམ་པ་སངས་རྒྱས་ཡེ་ཤེས་དང་། །ཚེ་ལ་དབང་བ་རྣམས་ཀྱིས་བདེན་བྱིན་མཐུས། །མཚན་དཔེའི་མཛེས་གཟུགས་བསྟན་འགྲོའི་དཔྱིད་དཔལ་དུ། །བསྐལ་བ་རྒྱ་མཚོར་རྒྱུན་གྱི་རྟག་བཞུགས་ནས། ། གསུང་གི་སྣང་བའི་དབུགས་དབྱུང་མཛད་པ་རུ། །ཐུགས་རྗེའི་བརྩེ་གཟིགས་རེ་འབྲས་ཡིད་བཞིན་སྩོལ། །

ཅེས་ཀྱང་སྐྱེས་མཆོག་དམ་པ་གང་ལ་མི་ཕྱེད་པའི་དད་པ་ཐོབ་པ་གྲོང་སྔགས་ནམ་མཁའི་མིང་གིས་གུས་པས་གསོལ་བ་བཏབས་པའོ། །

གསོལ་འདེབས་ཞབས་བརྟན་སོགས།

ཟླ་རྒྱལ་དགོན་གྱི་གསོལ་འདེབས་ཞབས་བརྟན་བཅས་པ་ཕན་བདེའི་དཔལ་སྟེར་བཞུགས་སོ། །རིགས་གསུམ་མགོན་པོའི་འགྲོ་བ་འདུལ་བའི་ཞིང་། །སྐུ་གསུམ་རྒྱལ་བའི་བསྟན་པ་ཕུན༵་སུམ་ཚོག༵ས། །བསླབ་གསུམ་ནོར༵་བུའི༵་མཛོད་མིང་འདུས་པའི་སྡེ། །མཁའ་སྤྱོད་གྲུབ་བརྙེས་གླིང༵་པར་གསོལ་བ་འདེབས། །རང་བཞིན་རྟག་ཁྱབ་ལྷུན་གྲུབ་རྡོ་རྗེའི་ཁྲིར། ། མི་འཇིགས་ངེས་པ་ལྔ་ཡི་བརྟུལ་ཞུགས་གིས། །སྐལ་བཟང་ཕན་བདེའི་སྣང་བ་འགོགས་མེད་དུ། །ཀུན་ནས་བཀྲ་ཤིས་ཉིན་མོར་བྱེད་གྱུར་ཅིག །ཅེས་ཀྱང་རྨོངས་རྟུལ་ག་གཱས་སོ། །བསྟན་པ་རྒྱས་བྱེད་སྨོན་ལམ་བཞུགས། །པདྨའི་རང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། ། གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་བསྒྲུབ་པས་འཛིན་གྱུར་ཅིག །ཅེས་པའང་གང་གི་སློབ་འབང་པྲཛྙཱའི་མིང་འཛིན་བསྐུལ་ངོར་སྤྲུལ་མཁྱེན་བརྩེ་མྱུ་གུའི་བྲིས་པ་དགེ་བར་གྱུར་ཅིག །བསྟན་པ་རྒྱས་བྱེད་ཉིན་མོའི་མགོན་པོ་ཞེས་བྱ་བ་བཞུགས་སོ༔ རིག་འཛིན་སྡེ་སྣོད་ཡོངས་ཀྱི་སྤྱི་ཕུད་མཆོག༔ འོད་གསལ་ཐིག་ལེ་ཉག་གཅིག་དམ་པའི་དོན༔ གསལ་མཛད་གྲུབ་ཆེན་ནམ་མཁའ་འཇིགས་མེད་ཀྱི༔ བསྟན་པ་དར་རྒྱས་ཡུན་རིང་གནས་གྱུར་ཅིག༔ ཅེས་ཀྱང་ཤྲཱི་བས་སོ། །

ནམ་མཁའ་འཇིགས་མེད་སྤྲོས་བྲལ་རིག་པའི་རྡོ་རྗེའི་ཞབས་བརྟན་རྡོ་རྗེའི་ཁྲི།

སྤྲུལ་པའི་སྐུ་མཆོག་ཁྲག་འཐུང་ནམ་མཁའ་འཇིགས་མེད་སྤྲོས་བྲལ་རིག་པའི་རྡོ་རྗེའི་ཞབས་བརྟན་རྡོ་རྗེའི་ཁྲི་འབུལ་བཞུགས་སོ། །

ན་མོ་གུ་རུ་ག་ག་ཨ་བྷྱེ་ཡེ། །ཕྱོགས་བྲལ་གཏིང་མཐའ་ཡས་པའི་ཞིང་ཁམས་ནས། །མཆོག་གསུམ་སྐུ་གསུམ་རྩ་གསུམ་རྒྱ་མཚོའི་ཚོགས། །རབ་འབྱམས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལ། །བདག་གིས་རྩེ་གཅིག་དད་པས་གསོལ་བ་འདེབས། །འཁོར་འདས་སྤྱི་དཔལ་ཀུན་བཟང་འོད་མི་འགྱུར། །པད་འབྱུང་བི་མ་ལྷ་ལྕམ་སྤྲུལ་པའི་གར། །འགྲོ་འདུལ་རིག་འཛིན་ནམ་མཁའ་འཇིགས་མེད་ཉིད། །འཕོ་བྲལ་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ། །རྡོར་འཆང་རིགས་ལྔ་རིགས་འཛིན་རྣམ་བཞི་ཡི། །དགོངས་པ་བརྡ་ཡི་དབང་བསྐུར་ཐུགས་ལ་རྫོགས། ། སྤྲོས་བྲལ་རིག་པའི་རྡོ་རྗེ་སྐུ་གསུམ་ཀློང་། །འཕོ་བྲལ་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ། །རྒྱ་བོད་མཁས་གྲུབ་རྗེ་འབངས་རྒྱ་མཚོ་ཡི། ། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །འོད་ཟེར་གཅིག་བསྡུས་ནམ་མཁའི་རྣལ་འབྱོར་མཆོག །འཕོ་བྲལ་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ། །བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་རྗེས་བཟུང་ཞིང་། །བཀའ་གཏེར་དག་སྣང་རྒྱ་མཚོ་བཀའ་བབ་ནས། །འགྲོ་ཁམས་རྒྱ་མཚོ་སྨིན་ཅིང་གྲོལ་མཛད་པ། །འཕོ་བྲལ་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ། ། སྐད་གཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་ངང་། །སྐད་ཅིག་ཅིག་གིས་གདོད་མའི་སར་སྐྱེལ་བ། །འདྲེན་མཆོག་པདྨ་མཁའ་ཀློང་ཡངས་བ་ཉིད། །འཕོ་བྲལ་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ། །ཕྱོགས་རེའི་གྲུབ་མཐའ་སྨྲ་བའི་རི་དྭགས་ཚོགས་། །གངས་ཅན་རི་སུལ་ཡུལ་ལྗོངས་ཁེང་མོད་དེ། །བརྗོད་བྲལ་གདོད་མའི་གནས་ལུགས་རྗེན་སྟོན་པ། །ཀློང་ཆེན་རིག་པའི་སེངྒེ་ཞབས་བརྟན་གསོལ། །འཇམ་དཔལ་དཔའ་བོའི་མཁྱེན་རབ་ཐུགས་ལ་ཞུགས། །དབྱངས་ཅན་ལྷ་མོའི་ངག་གི་སྤོབས་པ་ཐོབ། །ཤེས་བྱ་ཀུན་ལ་པཎྜི་ཏ་ཆེན་པོ། །ཤེས་རབ་ཟླ་བའི་དབང་པོ་ཞབས་བརྟན་གསོལ། །ཕྱོགས་ཞེན་བསྟན་བཅོས་པུསྟི་འབུམ་ཕྲག་ལས། །རྡོ་རྗེའི་གསུང་གི་ཚིག་གཅིག་ཁྱད་དུ་འཕགས། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཆོས་སྡེ་རྣམས། །འཛམ་གླིང་མཐའ་དབུས་ཀུན་ཏུ་ཁྱབ་གྱུར་ཅིག ། ཀ་དག་གཞི་ཡི་རིག་པ་རྗེན་པར་མཐོང་། །ལྷུན་གྲུབ་འོད་གསལ་སྣང་བཞིའི་རྩལ་རྫོགས་ནས། །འཁོར་འདས་མིང་མེད་དེ་བཞིན་ཉིད་དབྱིངས་སུ། །རྣམ་མཁྱེན་བྱང་ཆུབ་ཆེན་པོར་མྱུར་ཐོབ་ཤོག །ཅེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སློབ་འབངས་སུ་གཏོགས་པ་རིག་འཛིན་ཁྱབ་བརྡལ་རྡོ་རྗེའི་གུས་པས་སྨོན་པ་སྟེ་བསྟན་འགྲོའི་མགོན་དུ་བརྒྱ་ཕྲག་བར་བཞུགས་བའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །

ཞབས་བརྟན་སྨོན་ཚིག

ཆོས་ཀྱི་བདག་པོ་བླ་མ་དམ་པའི་ཞབས་བརྟན་སྨོན་ཚིག་བཞུགས་སོ། །

ཨ་སྭ་སྟི། རང་བྱུང་ཡེ་ཤེས་ལྔ་ལྡན་ཚེ་མཐའ་ཡས། །འཆི་མེད་རིག་འཛིན་མཚོ་སྐྱེས་བླ་མ་དང་། །རྡོ་རྗེའི་གསང་འཛིན་ལྷ་ལྕམ་མནྡར། །ཚེ་ལྷ་རྩ་གསུམ་རྒྱ་མཚོར་གསོལ་བ་འདེབས། །མཆོག་གི་བླ་མ་ཡོན་ཏན་ཀུན་འབྱུང་བ། །མཁས་ཤིང་གྲུབ་པའི་དབང་པོ་དཔལ་གྱི་མཚན། །ནམ་མཁའ་འཇིགས་མེད་སྐུ་གཉིས་ཡེ་ཤེས་འཕྲུལ། །དམ་པ་གང་དེས་ཞབས་པད་བརྟན་གྱུར་ཅིག །བློ་བྲལ་ཟབ་ཡངས་གཏིང་དཔོག་དཀའ་བ་ཡི། །གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཚུལ་གྱིས། །ཝ་སྐྱེས་ཕས་ཀྱི་རྒོལ་བ་རིང་བྱས་ཤིང་། །སྐལ་ལྡན་ལམ་བཟང་འགོད་མཛད་ཞབས་པད་བརྟན། །རྩོལ་བཅས་རགས་པ་རྩོལ་མེད་ཕྲ་བ་སོགས། །རྡོ་རྗེའི་རླུང་སྔགས་དབྱིངས་ཀྱི་མདུད་གྲོལ་མཁས། ། ཐིག་ལེ་དག་པ་འཕོ་མེད་བཟླ་བའི་ཚུལ། །ལམ་གྱི་གྲོགས་ལྡན་སྐུ་ཚེ་དཔལ་འཕེལ་ཤོག །པདྨའི་མགུལ་གྱི་བུམ་པ་ལས་བྱུང་བའི། །ཟབ་པའི་ཆོས་ཀྱི་ཕྲིན་ལས་ཕྱོགས་བརྒྱར་བཞད། །རྡོ་རྗེའི་ལུང་གི་ཅོད་པཎ་བཅིངས་བའི་རྗེ། །ཆོས་བདུན་ཁམས་སུ་ཞབས་པད་རབ་བརྟན་ཤོག །བླ་མ་རྩ་གསུམ་བདེན་གཉིས་བསླུ་མེད་དང་། །ཡེ་ཤེས་འགྲུབ་པ་དམ་ཅན་སྲུང་མའི་ཚོགས། །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པ་ཡི། །དགེ་ལེགས་བཀྲ་ཤིས་འདོད་འཇོ་ཡོངས་འགྲུབ་ཤོག །ཅེས་པའང་ཞབས་བརྟན་སྨོན་ཚིག་ཟབ་མོ་སྨིན་གྲོལ་ཚང་བར་སྐད་ཅིག་ལ་ཀཿ ཐོག་རྨོག་སྤྲུལ་བས་རིས་མོ་བྲིས་པ་སརྦ་དཱ་ཤྲི་ཡོ་བྷ་ཝན་ཏུ། །དགེའོ། །སརྦ་མངྒ་ལམ།