གཡང་འབོད་བསྡུས་པ།

དེ་ནས་གཡང་འབོད་བསྡུས་པ་ནི༔ ཀྱཻ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་པདྨ་དབང་༔ གདུལ་བྱའི་དོན་དུ་དྲེགས་པའི་འདུལ་ཐབས་མཁས༔ ཁྱད་པར་སྙིགས་མའི་སེམས་ཅན་བློ་ཆུང་བས༔ ཡེ་ཤེས་ལྷ་ནི་མི་འགྲུབ་རིང་ངོ་སྙམ༔ སྔོན་གྱི་ཆོས་སྐྱོངས་ད་ཙམ་ཨེ་ཡོད་ཅེས༔ ཡུལ་དུས་མངོན་སུམ་བསྐལ་ལས་ཐེ་ཚོམ་ཞིང་༔ གསལ་བརྟན་ཏིང་འཛིན་མེད་པའི་སྒྱིད་ལུགས་དང་༔ འཁོར་འདས་རྒྱུ་གཅིག་མ་རྟོགས་ལྟ་བ་དམན༔ དེ་ཕྱིར་ཁྱོད་ནི་གསར་བུའི་རང་རྒྱུད་ཆོར༔ བཟུང་ལས་ཡིད་གཉིས་མེད་བློ་བརྟན་པོའི་མཐུས༔ འགྲུབ་སླ་སྙིང་ཉེ་ཕྲིན་ལས་མྱུར་མགྱོགས་བཙན༔ རྩེ་གཅིག་གཡོ་ཟོལ་མེད་པར་གསོལ་འདེབས་ཀྱིས༔ གང་གི་ངོ་བོས་བཞུགས་ཚུལ་ལ་དཔག་ན༔ ཡོ་བྱད་ལ་སོགས་དབང་བཅུ་ཐོབ་པ་དང་༔ ཕྲིན་ལས་དོན་དུ་གཟུགས་སྐུར་བཞེངས་པའི་དོན༔ བསྟན་འགྲོར་ཕན་དང་བདེ་བ་འགའ་ཡིན་ན༔ ཚད་མེད་བྱམས་པ་ཆེན་པོའི་བདེན་དོན་གྱིས༔ ཕྱོགས་བཅུའི་འཇིག་རྟེན་ཞིང་ཁམས་རབ་འབྱམས་ནས༔ རྒྱལ་བའི་བྱིན་རླབས་འགྲོ་བའི་བསོད་ནམས་དང་༔ སྣོད་ཀྱི་ཕྱྭ་དང་བཅུད་ཀྱི་གཡང་ཁུག་ཅིག༔ ཆོས་གཡང་གཟུགས་གཡང་བློ་གཡང་ཟས་གོས་གཡང་༔ སྲིད་གཡང་སྲིས་གཡང་ནོར་རྒྱན་རྐང་འགྲོའི་གཡང་༔ ལོ་གཡང་འབྲུ་གཡང་བཅུད་གཡང་ཚེ་བསོད་གཡང་༔ དཔལ་གཡང་བཙན་གཡང་མཁས་བཙུན་གཡང་ཁུག་ཅིག༔ དཔལ་གཡང་ཕྱུགས་གཡང་དར་གཡང་འཕན་གཡང་དང་༔ ལྷ་ཀླུ་མི་ཡི་རྒྱལ་པོའི་འབྱོར་བའི་གཡང་༔ མ་ལུས་ལུས་པ་མེད་པར་འདིར་ཁུག་ལ༔ བདག་ཅག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ སྒྲུབ་མཆོག་རྣལ་འབྱོར་ཞབས་འདེགས་ཡོན་བདག་སོགས༔ མི་རབས་བརྒྱུད་དུ་དབུལ་ཕོངས་རྒྱུན་ཆད་དེ༔ འཁོར་ལོའི་བསྒྱུར་བའི་དཔལ་དང་སྤྲོད་པར་མཛོད༔ ཅེས་ཀྱང་ས་སྐྱོང་ཆེན་པོའི་བཀའི་གཉེར་འཛིན་གང་གིས་གསུངས་བསྐུལ་དོན་ཡོད་པར་བྱ་ཕྱིར་བདུད་འཇོམས་དཔའ་བོའི་རིགས་ཀྱི་མྱུ་གུར་གྱུར་ཀྱང་དོན་གྲོང་སྔགས་གཟུགས་འཛིན་ག་གཱ་ཨ་བྷྱེ་ནས་སོ། །ཀྱཻ༔ ཕྱོགས་བཅུར་བཞུགས་པའི་བླ་མ་དཀོན་མཆོག་གསུམ༔ ཁྱད་པར་པདྨ་དབང་གིས་དཀྱིལ་འཁོར་ལྷ༔ ཡིད་བཞིན་དབང་གི་རྒྱལ་པོ་སྤྲུལ་འཁོར་བཅས༔ ཨཱརྱ་ཛམ་ལྷ་རིགས་ལྔ་དཔལ་ལྷ་མོ༔ གྲོགས་མོ་བརྒྱད་བཅས་རྒྱལ་པོ་ཆེན་པོ་བཞི༔ རྟ་ལྷ་སྡེ་ལྔ་ལུག་ལྷ་གང་བ་བཟང་༔ ཟས་ལྷ་ཨ་པར་དགྲ་ལྷ་བཅུ་གསུམ་སོགས༔ ནོར་ལྷ་གཡང་ལྷ་ཀུན་གྱི་མཐུ་སྟོབས་དང་༔ བྱིན་རླབས་ཐུགས་རྗེ་ནུས་པའི་བདེན་པ་ཡིས༔ བདག་ཅག་དཔོན་སློབ་ཡོན་མཆོད་བཅས་པ་ལ༔ མི་གཡང་ནོར་གཡང་ཟས་གོས་འཕྱོར་རྒྱན་གཡང་༔ རྟ་གཡང་ཕྱུགས་གཡང་ལུག་གཡང་ཚེ་ཆོས་གཡང་༔ ཀ་ཆ་དཀོར་ཆ་ཡོ་བྱད་དཔའ་བརྟུལ་གཡང་༔ དཔལ་འབྱོར་ཡེ་ཤེས་ཡོན་ཏན་གཟི་བརྗིད་གཡང་༔ མཁས་བཙུན་ཁ་རྗེ་དབང་ཐང་སྙན་གྲགས་གཡང་༔ ཐོབ་ཐང་ཚིག་བཙུན་རླུང་རྟ་དར་རྒྱས་གཡང་༔ མདོར་ན་སྲིད་ཞིའི་སྨོན་དགུའི་དཔལ་ཡོན་གཡང་༔ མ་ལུས་ལུས་པ་མེད་པར་དེང་འདིར་ཁུག༔ རཱ་ཛ་ཙནྡྲ་ས་མ་ཡཱ༔ ཁམས་གསུམ་སྲིད་གསུམ་འདོད་རྒུའི་དཔལ་ཡོན་ཐམས་ཅད་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ ཅེས་ཀྱང་རང་དང་འབྲོག་འཇིགས་ཤེས་རབ་ཡེ་ཤེས་རྣམས་ཀྱི་འདོད་མོས་བཞིན་ཤྲཱི་བས་སོ། །བྷྲཱུྃ་འདུས༔ ཆོས་སྐྱོངས་ཁྱོད་ལ་རེ་ཞིང་ལྟོས་བཅས་པར༔ འཁོར་འདས་ཁམས་ཀྱི་དཔལ་ཡོན་དྭངས་བཅུད་གཡང་༔ ཐུགས་རྗེའི་ལྕགས་ཀྱུའི་མོད་ལ་དབང་བྱས་ནས༔ མཆོག་དང་ཐུན་མོང་འཛད་མེད་དངོས་གྲུབ་སྩོལ༔ ཅེས་ཀྱང་ཤེས་རབ་ངོར་ག་གཱས་སོ། །ཡང་ན་གྲངས་བསོགས་པའི་ཚེ༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ དཀོར་གྱི་བདག་པོའི་ཐུགས་བསྐྱེད་མཐུས༔ སྡེ་བཞིའི་དཔལ་ཡོན་དབང་སྤྱོད་ཡུལ༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ རཱ་ཛ་ཙནྡྲ་ས་མ་ཡ་སརྦ་ཝ་ཤཾ་ཀུ་རུ་ཧོ༔ ཅེས་དང་༔ གཡང་འགུགས་བསྡུས་པ་ནི༔ ཀྱཻ༔ དཀོར་སྲུང་འཁོར་བཅས་མཐུ་བྱིན་གྱིས༔ སྲིད་དང་ཞི་བའི་དཔལ་ཡོན་ཏན༔ ཕྱྭ་གཡང་དངོས་གྲུབ་མ་ལུས་པ༔ རྣལ་འབྱོར་བདག་ལ་སྩལ་དུ་གསོལ༔ སརྦ་ཝ་ཤཾ་ཀུ་རུ་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔ ཅེས་པ་འདི་ཡང་བླ་མ་དམ་པ་ཐུབ་བསྟན་བསོད་ནམས་དང་འཇིགས་མེད་མིང་ཅན་གཉིས་ཀྱི་བསྐུལ་ངོར་ག་གཱས་སོ། །དགེའོ། །ཀྱཻ༔ ཆོས་དབྱིངས་ལྷུན་གྲུབ་ཞིང་ནས་འདིར་གཟིགས་ཀྱི༔ སྐུ་འཁོར་མངའ་འབངས་བྱད་དང་གཟུགས་བརྙན་དུ༔ ཤར་བ་ཅི་ལྟའི་ངོ་མཚར་བཀོད་པ་ལ༔ བདག་བློ་རིངས་པས་མངའ་གསོལ་གཡང་ཁུག་ཅིག༔ ཅེས་པའི་མངའ་གསོལ་དང་གཡང་འགུགས་འདི་ཡང་ག་གཱ་ཨ་བྷྱེས་སོ། །

ཀྱཻ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་དཔལ༔ ནོར་བདག་པདྨ་བསྟན་སྲུང་ཞེས༔ ཡིད་བཞིན་པདྨ་དབང་རྒྱལ་གྱིས༔ སྣོད་བཅུད་སྲིད་ཞིའི་ཕྱྭ་གཡང་ཁུག༔ རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱི༔ དཔལ་ཡོན་ཚེ་དཔལ་རྒྱས་པར་མཛོད༔ ཤྲཱི་བས་སོ། །ཡང་ཅིག་གཡང་འབོད་བསྡུས་པ་ནི༔ ཀྱཻ༔ འཇིག་རྟེན་འཇིག་རྟེན་འདས་པའི་དབང་ཕྱུག་ཆེ༔ པདྨ་བསྟན་སྐྱོངས་ཡིད་བཞིན་དབང་གི་རྒྱལ༔ ཐུགས་དམ་བསྐུལ་ལོ་སེམས་ཅན་དོན་ལ་བྱོན༔ མཛོད་ཅིག་དབང་གི་དངོས་གྲུབ་སྩལ་དུ་གསོལ༔ རླུང་སེམས་ལས་སུ་རུང་བའི་རྟེན་འབྲེལ་གྱིས༔ བདག་སྣང་དབང་དུ་འདུས་པའི་གྲོགས་དན་མཛོད༔ གཞན་སྣང་ཟིལ་གྱིས་གནོན་པའི་དཔལ་ཡོན་ཐོབ༔ འཁོར་འདས་ཁམས་ཀྱི་ཕྱྭ་གཡང་ཆར་ལྟར་ཕོབ༔ གཟུངས་སྤོབས་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་༔ ཉམས་རྟོགས་ཡོན་ཏན་ཡེ་ཤེས་ལ་སོགས་པའི༔ འཕགས་བཞིའི་ཐུགས་བརྒྱུད་གཏམས་པའི་གཡང་གི་མཆོག༔ དེང་འདིར་རྣལ་འབྱོར་དཔྱིད་དུ་འདིར་ཕོབ་ཅིག༔ ཐུན་མོང་དངོས་གྲུབ་བླ་ན་མ་མཆིས་པ༔ གངས་ཅན་རིགས་ལྔའི་ཞིང་ན་ཆགས་པ་ཡིས༔ དགེ་མཚན་བཀྲ་ཤིས་དྭངས་བཅུད་ཕྱྭ་དང་གཡང་༔ དེང་འདིར་རྣལ་འབྱོར་དཔྱིད་དུ་འདིར་ཕོབ་ཅིག༔ གཡང་གི་བྱིན་འོད་སྙིགས་མའི་མཐུའི་ནོན་པའི༔ སེམས་ཅན་ཀུན་གྱི་ནད་མུག་མཚོན་འཁྲུགས་ཞི༔ བརྟན་གཡོས་རྒུད་པ་མཐའ་དག་མིང་ཡང་མེད༔ རྫོགས་ལྡན་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ ཅེས་ཀྱང་རྟ་མགྲིན་ངོར་ག་གཱས་སོ། །གཡང་གི་རྟེན་གཏའ་བཙུགས་བསྟིམ་ནི༔ ཀྱཻ༔ ནོར་དང་གཡང་གི་ལྷ་རྣམས་ཀུན༔ རང་རང་མཐུན་པའི་རྫས་ལ་བཞུགས༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ནི༔ བདུད་རྩི་ལྔ་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ ཡུམ་ཆེན་བདེ་གཤེགས་རིགས་ལྔ་ནི༔ ཤ་ཆེན་ལྔ་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ དཀོར་བདག་རྒྱལ་བོ་སྡེ་ལྔ་ནི༔ རིན་ཆེན་ལྔ་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ གཙུག་ཏོར་ཆེན་མོ་སྡེ་ལྔ་ནི༔ ལྕགས་ཆེན་ལྔ་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ ནོར་བདག་རུ་འདྲེན་ཆེན་པོ་རྣམས༔ རང་དགོས་ཡོ་བྱད་ལ་བཞུགས་གསོལ༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔གཡང་གི་ལྷ་མོ་ཆེན་མོ་བརྒྱད༔ མ་ཎི་བརྒྱད་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ ཨརྱ་ཛམ་ལྷ་རིགས་བཞི་ནི༔ རྭ་བ་བཞི་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ ལས་བཞི་མཁའ་འགྲོ་སྒོ་མ་རྣམས༔ འདོད་འབྱུང་བཞི་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ རྟ་ལྷ་ཆེན་པོ་སྡེ་ལྔ་ནི༔ སྤུ་མཚན་རྫས་ཕུད་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ ནོར་ལྷ་གཡང་ལྷ་ཐམས་ཅད་ཀྱང་༔ སྤུ་མཚན་རྫས་ཕུད་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ལུག་ལྷ་ཆེན་པོ་སྡེ་བཞི་ཡང་༔ སྤུ་མཚན་རྫས་ཕུད་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ བདུད་རྩི་སྨན་གྱི་ལྷ་ཚོགས་ཀྱང་༔ འབྲུ་སྨན་རྫས་ཕུད་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱང་༔ གལ་ཕྱེས་ཚེ་རྫས་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ བསྐལ་བཟང་སངས་རྒྱས་སྟོང་རྩ་ཡང་༔ དོན་རྟགས་བརྒྱད་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ དུས་གསུམ་འཁོར་ལོའི་བསྒྱུར་བའི་གཡང་༔ སྣ་བདུན་ཆ་བདུན་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ འདོད་དགུ་ཕུན་སུམ་ཚོགས་པའི་གཡང་༔ བརྡོག་དགུའི་དངོས་པོ་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ རོ་བརྒྱ་ལྡན་པའི་ཞལ་ཟས་གཡང་༔ གཡང་བཤོས་འདི་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ སྲོག་བརྟེན་འཆི་མེད་ཟས་སྐོམ་གཡང་༔ གཡང་ཟས་གཡང་ཆང་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ ལག་ཏུ་ཐོབ་པས་མེད་ལ་ཡོད་དགུའི་འགེང་༔ ལྕེ་ལ་མྱོང་བས་ཏིང་འཛིན་མཆོག་གིས་སིམ༔ ཕྱིར་ཞིང་སྤེལ་བས་ནམ་མཁའ་མཛོད་དུ་སྤེལ༔ རྣ་བས་ཐོས་པས་ཡིད་སྨོན་འཆོར་བའི་གནས༔ མིག་གིས་མཐོང་བས་འཕྲུལ་ལ་ཐེ་ཚོམ་ཟ༔ ལུས་ཀྱིས་རེག་པས་ཚུལ་ཁྲིམས་གོས་མཐར་ཐུག༔ དེ་འདྲའི་གཡང་དེ་བརྟན་པར་མཛོད༔ འཁོར་བ་སྲིད་དུ་མི་འཛད་གཡང་༔ བརྟན་ཅིང་གནས་པར་མཛད་དུ་གསོལ༔ ཕྱིར་ལ་བརྒྱ་ནི་ཕུད་གྱུར་ཀྱང་༔ གཡང་ལྷ་དེ་ནི་གཡང་ལ་ཡོད༔ ནང་ལ་བརྒྱ་ནི་འོང་གྱུར་ཀྱང་༔ གཡང་ལྷ་དེ་ཡི་ལྕགས་ཀྱུའི་བསྡུས༔ གཡང་དེ་རྣལ་འབྱོར་ཡོན་མཆོད་ལ༔ ནམ་ཡང་འདུ་འབྲལ་མེད་པར་མཛོད༔ མི་གཡང་དེ་ནི་ཚེ་རྟེན་ལ༔ ལྷ་གཡང་དེ་ནི་བླ་རྡོ་ལ༔ ཟས་གཡང་དེ་ནི་ཟས་ཕུད་ལ༔ ནོར་གཡང་དེ་ནི་ནོར་སྣ་ལ༔ ཕྱུགས་གཡང་དེ་ནི་སྤུ་མཚན་ལ༔ བཅུད་བརྒྱ་དེ་ནི་འབྲུ་མར་ལ༔ གཞན་ཡང་གཡང་རྣམས་ཚུར་ལ་བསྡུས༔ གཏའ་འདི་ནུས་མཐུ་མ་སྡུག་ཅིག༔ ལྷ་ནི་ཐུགས་རྗེ་མ་ཆུང་ཞིག༔ མི་འདི་སྙིང་རྗེའི་མ་དོར་ཞིག༔ གཡང་འདི་ཕྱི་ལ་མ་ཤོར་ཅིག༔ ཕྱྭ་གཡང་ཐམས་ཅད་གཏའ་ལ་གཏོད༔ བསྲུང་ནས་རྡོ་རྗེའི་ཡེ་ཤེས་ཀྱི༔ ཁ་བུ་ཁ་སྦྱོར་རྒྱ་ཡི་ཆིངས༔ ཆོས་བདུན་མི་འགྱུར་ཕྱག་རྒྱས་གདབས༔ དྷརྨཱ་དྷརྟུ་བཛྲ་རཀྵ་རཀྵ༔ ཧོ༔ གནོད་སྦྱིན་ནོར་ལྷའི་རྒྱལ་པོ་འཁོར་དང་བཅས་པ་དགོངས་སུ་གསོལ༔ ཇི་སྲིད་འཁོར་བའི་སེམས་ཅན་ཐམས་ཅད་རྒྱུ་འབྲས་ཀྱི་དབུལ་བ་མཐའ་དག་ལས་དབུགས་མ་བྱིན་གྱི་བར་དུ་ནོར་ལྷ་འཁོར་དང་དགེས་སྡེར་བཅས་པ་ཞི་བའི་དབྱིངས་སུ་ཐུགས་མི་གཞོལ་བར་མགོན་སྐྱབས་དཔག་བསམ་ལྷུན་གྱིས་གྲུབ་པའི་རྒྱལ་པོར་བཞུགས་སུ་གསོལ༔ ཁྱད་པར་དུ་བདག་ཅག་རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ་བརྩེ་བ་ཆེན་པོའི་དགོངས་ནས་གཡང་ལྷའི་གཏའ་རུ་བཙུགས་པའི་བསྒྲུབ་རྫས་རྣམས་ལ་རྟེན་ཆོས་ལ་བརྟན་པར་བཞུགས་སུ་གསོལ༔ བརྟན་པར་བཞུགས་ནས་ཀྱང་ཟས་ནོར་ལོངས་སྤྱོད་གཡང་གི་ཆར་ཆེན་པོ་འབེབས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ༔ ཞེས་བརྗོད་པས་ལྷ་ཚོགས་འོད་དུ་ཞུ་ནས་གཡང་རྟེན་རྣམས་ལ་ཐིམ་པར་གྱུར་བར་མོས༔ ག་གཱས་སོ། །ཨོཾ་ཨཱཿཧཱྃ༔ ཐུགས་བསྐྱེད་སྨོན་ལམ་བཀའ་དམ་གཉེར་བླང་བ༔ མི་འདའ་རྡོ་རྗེའི་དམ་ཚིག་གཉན་དགོངས་ནས༔ འདིར་གཤེགས་སྐུ་གསུང་ཐུགས་རྟེན་བླ་རྡོ་ལ༔ བརྟན་བཞུགས་ཞི་རྒྱས་དབང་དྲག་ཕྲིན་ལས་བསྒྲུབ༔ ཨོཾ་རཱ་ཛ་ཙནྡྲ་ས་མ་ཡཱ་སརྦ་ཀརྨ་སིདྡྷི་སིདྡྷི་བྷྲཱུྃ་ཧཱུྃ༔ ཅེས་ཀྱང་ཤྲཱི་བས་སོ། །