cover

གསུང་འབུམ་པོད་བཅུ་པ།

སྔ་འགྱུར་རྒྱལ་བ་ཕུག་ཁང་པའི་དཔེ་ཚོགས།

དཔལ་སྤྲུལ་ནམ་མཁའ་འཇིགས་མེད།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྨི་ལམ་འོད་གསལ་འདྲེས་པའི་དག་སྣང་རིན་པོ་ཆེའི་སྒྲོམ་བུ།

རྨི་ལམ་འོད་གསལ་འདྲེས་པའི་དག་སྣང་རིན་པོ་ཆེའི་སྒྲོམ་བུ་ཞེས་བྱ་བ་བཞུགས་སོ། །

ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད༔ དྲུག་པ་རྡོ་རྗེ་འཆང་གི་སྐུར་བཞེངས་ནས༔ གསང་ཆེན་རྨད་དུ་བྱུང་བའི་འཁོར་ལོ་བསྐོར༔ གདུལ་བྱ་སྨིན་གྲོལ་མཛད་ལ་ཕྱག་འཚལ་ལོ༔ མཐའ་དྲུག་ཚུལ་བཞིའི་བཅིངས་པའི་རྒྱུད་དོན་ཉིད༔ རྟོག་གེ་ངན་པས་ནམ་ཡང་མི་དཔོག་ཕྱིར༔ མངོན་སུམ་འཕགས་བློ་མངའ་བ་ཨོ་རྒྱན་གྱི༔ བཀའ་ལུང་ཇི་ལྟར་ཐོབ་བཞིན་འདི་ན་སྤྲོ༔ ཞེས་པས་མདུན་བསུས་ཏེ་འདིར་ཁྲོ་བོ་ཞེས་པ་ཤིང་མོ་གླང་གི་ལོ་ལ་ཧོར་ཟླ་བརྒྱད་པའི་ཚེས་བཅུའི་ནུབ་མོ་ཨོ་རྒྱན་གྱི་མཁན་པོ་པདྨ་རྡོ་རྗེ་ཞེས་བྱ་བ་ཡིན་ཟེར་བའི་རྣལ་འབྱོར་པ་རུས་རྒྱན་ཅན་ཤིན་ཏུ་ཞི་བའི་ཉམས་ཀྱིས་སྒེག་པ་དམར་གསལ་ཕྱག་གཉིས་གྲི་ཐོད་འཛིན་ཅིང་གར་སྟབས་ལིང་ལིང་བསྒྱུར་བ་ཞིག་གིས་དཔེ་ཆུང་ཐོགས་པའི་མཁའ་འགྲོ་ཞིག་ལ་དེ་འདི་ལ་སྟོན་ཟེར་བས་དངུལ་གྱི་ཤོག་བུ་ལ་སུ་ཝརྞའི་རི་མོ་བཀྲ་བ་ཞིག་ཟུར་སྟོན་བྱས་ནས་ངས་འདོན་ཉོན་གསུངས་ཏེ༔ དེང་སང་ཆོས་ལ་འཐེན་རྩོད་བྱེད་ནའང་༔ ཐམས་ཅད་རང་རང་སོ་སོར་བདེན་དོན་འགྲུབ༔ ཕྱོགས་ལྷུང་གདོན་གྱིས་ཟིན་གང་ངན་འགྲོའི་རྒྱུ༔ འོན་ཀྱང་རྒྱུད་ཀྱི་དགོངས་པ་བབས་སོ་གཅིག༔ ཞེས་པའི་བརྡའ་ཡིག་ལ་ཁོང་སྙིང་དམར་འབྱིན་ནི༔ ད་ལམ་སྤྱིར་ས་དགེ་རྙིང་གསུམ་བཀའ་འབྲུག་དྭགས་གསུམ་ཀུན་ཀྱང་རང་རང་གི་གྲུབ་མཐའི་རྒྱུད་དོན་རེ་ལ་འགྲེལ་ཚུལ་མི་འདྲ་བ་མཐའ་དྲུག་ཚུལ་བཞིའི་ཁྱད་ཀྱི་ཕྱོགས་སུ་འཐེན་ཁྱེར་དང་༔ ཁྱད་པར་དུ་གསང་སྔགས་རྙིང་མའི་ལྟ་བ་མ་ཡིན་དགག་གི་སྟོང་ཉིད་དུ་གནས་པ་དྲི་མེད་འོད་ཟེར་དང་གཏེར་བདག་ཡབ་སྲས་ནས་རྩལ་དུ་བཏོན་པ་ལ་གཞན་ཟེར་གྱིས་དྲིངས་སུ་འཇོག་པ་འགའི་སྒྲོ་སྐུར་འདེབས་ཤིང་ཆོས་ལ་བརྟེན་ནས་ལས་ངན་གསོགས་དུ་མཆི་སྟེ༔ དེ་ཡང་མཐར་ཐུག་གི་དགོངས་པ་ལས་མ་འཛུར་བའི་གནམ་ཐིག་གམ་གཟེར་བུ་ནི་རིན་པོ་ཆེའི་སྒྲོམ་བུ་འདིའི་ནང་རྫོངས་སུ་བཅུག་པ་རྡོ་རྗེ་འཆང་གི་ཐུགས་ཐིག་གསང་འགྲེལ་ཞིག་གོ༔

འདི་ལ་ཐོག་མར་གཞི་ལམ་འབྲས་བུ་གསུམ་གྱི་ངེས་པས་མ་ཡིན་དགག་གི་སྟོང་ཉིད་དུ་ཤེས་འཇུག་མངོན་དུ་གྱུར་གསུམ་དང་༔ དེ་ལ་དགོངས་ནས་བླ་མའི་མན་ངག་གིས་གབ་པ་མངོན་དུ་བྱུང་བ་ཡིན་ཚུལ་དང་༔ དེ་ལ་དམོད་པའི་ཉེས་པ༔ ཡང་དག་པར་རྟོགས་པ་དེའི་ཕན་ཡོན་བཤད་པ་དང་དྲུག་ལས༔ དང་པོ་ལ་རྒྱུད་ལུང་མན་ངག་ལ་མ་བརྟེན་པར་རྟོག་གེ་ཚད་མ་མིན་པར་བཤད་༼ པ་དཔྱད ༽༔ ཡིད་ཆེས་ཁུང་བཙུན་འཁྲུལ་དྲི་མེད་པའི་ལུང་རང་སོའི་དགོངས་པ་བཤད་པ་དང་གཉིས་ལས༔

དང་པོ་ནི༔ སྤྱིར་རྟོག་གེའི་ཚུལ་རོལ་མཐོང་བའི་རྗེས་དཔག་གིས་ཆོས་ཉིད་སྤྱོད་ཡུལ་ཡང་དག་པའི་གཞལ་བར་བྱ་བྱེད་དུ་མི་འགྱུར་བར་མ་ཟད་ས་བཅུ་པའི་བྱང་སེམས་ཀྱིས་མཚན་མོའི་གཟུགས་ལྟ་བུ་ལས་མི་མཐོང་བར་བཤད་པའི་ཕྱིར་ན༔ དབུ་མ་གཞན་སྟོང་ལ་ཆོས་ལོག་ཡིན་པར་སྡང་ཤུགས་ཀྱིས་བལྟས་ཏེ་མ་ཡིན་དགག་གི་སྟོང་ཉིད་ཀྱང་གཙོག་པར་འཛིན་པ་དག་གིས་སྔོན་དུ་རང་རང་གི་རྒྱུད་སྡེ་ལ་མི་གནོད་པའི་ཚིག་དོན་གྱི་མཐའ་བཞག་ཏུ་ཡོད་པ་ཞིག་ནི་ངེས་པར་གལ་ཆེ་སྟེ༔ འདི་ལ་དགོངས་ཏེ་ཀུན་མཁྱེན་གྱིས༔ ཆོས་ཉིད་དེ་རྣམ་གཅོད་དུ་མཐོང་གི་ཡོངས་གཅོད་ཀྱི་མི་མཐོང་ཟེར་བ་ནི་དོན་རང་ཐོག་ཏུ་མྱོང་བ་མེད་པའི་ཚིག་གོ་གསུངས་པའང་ཐུགས་ཤུན་ཏུའང་མད་དོ༔ ཁ་ཅིག་ཡོངས་གཅོད་ཀྱི་མངོན་སུམ་པས་ཡུལ་རང་མཚན་ཡིན་ཕྱིར་ན་ཆོས་ཉིད་ལ་མཚན་མ་ཡོད་དོ་པའང་༔ རྣམ་གཅོད་ཀྱི་སྤྱི་མཚན་ལ་སྐྱོན་རྣམ་ཤེས་ལྐོག་ཏུ་གྱུར་ནས༔ འཕགས་པའི་གཉིས་སྣང་མེད་པའི་བློ་ལ་གོ་ཕྱིའི་དཔྱད་རྒྱ་དགོས་པ་དང་༔ མངོན་སུམ་གྱི་ཆོས་ཉིད་མཐོང་བ་སངས་རྒྱས་ལའང་མེད་པ་དང་༔ ཡང་སོ་སྐྱེས་ཀྱིས་དོན་སྤྱི་འཕགས་པས་མངོན་སུམ་མཐོང་བས་སྤྱི་རང་གི་མཚན་མ་ཞལ་གྱི་མཉམ་བཞེས་མཛད་པའི་ལྷ་མཇལ་བཟང་པོའི་སྒོ་འཕར་དབྱེ་བའི་དཀའ་དྲིན་གང་ཞིག་གིས་འཁོར༔ ཕོ་རོག་ལྟ་བུར་དོགས་པ་ཆེ་བའི་རྟོག་གེའི་གཞལ་ཡང་གསང་སྔགས་ཀྱི་ཆོས་ལ་ཅུང་ཟད་ཀྱང་མི་དཔོག་པར་མཐར་གང་ལའང་ཡིད་མི་ཆེས་ནས་དངོས་གྲུབ་ཀྱི་བགོ་སྐལ་མེད་པ་ཞིག་བྱེད་ངེས་པས་ན༔ འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ལས༔ ལུང་མ་གཏོགས་པའི་རྟོག་གེ་ཡི༔ ཆོས་རྣམས་རྣམ་པར་དག་མ་ཡིན༔ དྲང་སྲོང་རྣམས་ཀྱི་ཤེས་པ་ཡང་༔ དེ་ཡི་ལུང་ནི་སྔོན་གཏོང་ན༔ ལོང་བས་རྐང་པས་ཚོད་དཔག་བཞིན༔ ཉམ་ངའི་གཡང་སར་རྒྱུག་བྱེད་ལྟར༔ རྗེས་སུ་དཔག་པ་གཙོར་བྱེད་གང་༔ རྣམ་པར་ལྟུང་བ་དཀའ་མ་ཡིན༔ ཞེས་དང་། གཤེད་དམར་གྱི་རྒྱུད་ལས༔ རྟོག་ཅིང་དཔྱོད་པའི་རྟོག་གེ་བ༔ དེ་ལ་སྦྱོར་བའི་དངོས་གྲུབ་རིང་༔ ཞེས་དང་༔ དགོངས་འདུས་ལས༔ གསང་སྔགས་རྡོ་རྗེ་ནམ་མཁའ་ཆེ༔ ཚིག་གི་སྤྱོད་ཡུལ་མ་ཡིན་པས༔ བརྗོད་པས་རྟོགས་པར་མི་ནུས་ཏེ༔ བདག་གི་བསྒྲོ་བར་རབ་ཏུ་དཀའ༔ དཔེའམ་ཚད་མ་གཏན་ཚིག་དང་༔ རྗེས་སུ་དཔག་པའི་ཤེས་རབ་ཀྱིས༔ རྟོགས་པར་ནུས་པ་མ་ཡིན་ནོ༔ དམུས་ལོང་མཁའ་ལ་མཐོ་འཇལ་འདྲ༔ ཞེས་དང་༔ ཀྲི་ཡ་བསམ་གཏན་གྱི་རྒྱུད་ལས༔ གསང་སྔགས་རྒྱ་མཚོ་ཆེན་པོ་ནི༔ དཔེའམ་ཚད་མའམ་གཏན་ཚིག་གམ༔ རྗེས་སུ་དཔག་པའི་ཤེས་རབ་ཀྱིས༔ དབྱེ་བར་ནུས་པ་མ་ཡིན་ནོ༔ ཞེས་གསུངས་པ་ལྟར༔ འཕགས་པ་ལྷའི༔ མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ ལུང་ཟབ་མན་ངག་མི་བརྟེན་པར༔ འཐད་གྲུབ་རིགས་གཉིས་གཙོར་བྱེད་པ༔ རང་རང་གྲུབ་མཐའ་ཚད་མར་འཛིན༔ མཐར་ཐུག་ལྟ་བ་ཟབ་མོ་ལ༔ མི་མོས་སླར་ཡང་སུན་འབྱིན་རྒོལ༔ དེ་ནི་རང་ཕུང་གཞན་ཡང་བརླག༔ ཞེས་གསུངས་སོ༔ རྒྱུ་མཚན་དེས་ན་རྟོག་གེ་ལ་འཆེལ་འཆེལ་ཆེས་བས་རྒྱུད་སྡེ་མཐའ་དག་ལས༔ ཕྱི་ནང་གཞན་གསུམ་ཡེ་ཤེས་སུ་སྦྱོར་བྱེད་དུ༔ ཇི་ལྟར་ཕྱི་རོལ་དེ་བཞིན་ནང་༔ ཞེས་པ་ལ་སོགས་པ་ཀུན་ཀྱང་གསང་བ་བའི་བདག་དང་ཁྱད་མེད་པའི་དོགས་པ་སོགས་ལྡང་ཉེ་ཞིང་མཐར་ཆོས་སྤང་གི་ལས་ཀྱི་འབྲས་བུས་འོ་བརྒྱལ་ཆེན་པོ་མྱོང་བར་མངོན་ནོ༔ དེས་ན་མ་ཡིན་དགག་ལས་བཟུང་སྟེ་མཐར་ཐུག་གི་དགོངས་པ་བཙལ་བར་བྱ་བ་རྣམས་རྟོག་གེ་པའི་ཐེ་ཚོམ་གྱི་དྲྭ་བར་གཟུད་པར་མི་བྱ་སྟེ༔ སྔོན་མུ་སྟེགས་པའི་དྲང་སྲོང་འགའི་ཀྱང་འདང་ལོག་གི་ལྟ་ངན་འདི་རྙེད་བྱུང་པ་དང་༔ ཆོས་ཀྱི་མིག་རྡུལ་མེད་མ་ཐོབ་པས་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་སྲིད་པའི་ཕྱིར་ན༔ རྒྱལ་བ་རང་གིས་གང་བཞག་པའི་གཞུང་དཀྲུགས་པར་མི་བྱ་བ་ཁོ་ནར་མགོན་པོ་བྱམས་པས༔ གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ༔ མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་གྱིས་མིན༔ དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུགས༔ ཐུབ་ཚུལ་བཤིགས་ཕྱིར་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར༔ ཞེས་སོ༔

གཉིས་པ་ཡིད་ཆེས་ཁུང་བཙུན་འཁྲུལ་དྲི་མེད་པའི་ལུང་རང་སོའི་དགོངས་པ་བཤད་པ་ལ༔ ཡིད་ཆེས་པའི་གནས་ཡིན་པ་དང་༔ དེ་ལས་ཇི་ལྟར་བསྟན་པ་འཆད་པ་ལས༔

དང་པོ་ནི༔ སྤྱིར་སངས་རྒྱས་ནི་རྫུན་གྱི་རྒྱུ་བཞི་དང་བྲལ་བ་ཡིན་པའི་ཕྱིར་ཡང་བདེན་པར་གསུངས་པ་དང་༔ ཆོས་ཐམས་ཅད་ཆགས་ཐོགས་མེད་པར་མི་མཁྱེན་པའི་རྒྱུ་ཉོན་ཤེས་ཀྱི་སྒྲིབ་པ་དང་བྲལ་བ་དང་༔ སངས་རྒྱས་ཐེག་པ་དམན་པས་མི་འཁྲིད་པ་ལ་སོགས་ཤིན་ཏུ་བདེན་པར་གསུངས་པའི་ཕྱིར༔ གཙུག་ན་རིན་ཆེན་གྱི་མདོ་ལས༔ ལུང་ནི་ངེས་འབྱེད་ཚིག་ཡིན་ཏེ༔ ཉེས་པ་མེད་པ་རྫུན་གྱི་ཚིག༔ སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར༔ ངེས་འབྱེད་ལུང་དུ་ཤེས་པར་བྱ༔ ཞེས་དང་ཏིང་འཛིན་རྒྱལ་པོ་ལས༔ ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་༔ ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུངས༔ ཞེས་སོ༔ དེས་ན་ལུང་མི་ཤེས་པར་སྨྲས་པའི་རིགས་པ་འདིའི་བདག་གཞན་ཐམས་ཅད་ཆུད་ཟོས་པར་འགྱུར་ཏེ༔ རྒྱན་སྟུག་པོ་བཀོད་པར༔ ཡིད་ཆེས་ལུང་དང་མི་ལྡན་པའི༔ ཆོས་གང་སྟོན་པར་བྱེད་པ་ནི༔ རྣམ་པར་རྟོག་པའི་བདག་ཉིད་དེ༔ བདག་ཀྱང་ཆུད་ཟོས་གཞན་ཆུད་ཟོས༔ ཞེས་དང་༔ ངེས་བརྗོད་བླ་མའི་རྒྱུད་ལས༔ རྟག་ཏུ་ལུང་ནི་མི་སྤངས་ཤིང་༔ ཞེས་པ་ལྟར་དྲང་སྲོང་ཆེན་པོ་ཉིད་ཀྱི་བཀའི་དབྱིངས་གཞལ་པའི་སྒོ་ནས་རང་སོའི་ཐད་ཀ་ཐད་ཀའི་ཚིག་དོན་ལ་བརྟགས་དཔྱད་གོམས་འདྲེས་ཀྱི་སྒོ་ནས་བཀའ་ལུང་ཚད་མ་བཞིན་རིགས་པ་ཚད་མ་སྨྲ་བའང་དངོས་པོ་སྟོབས་ཞུགས་སུ་འགྱུར་བས་ལུང་གི་དག་བྱེད་རིགས་པ་ཞེས་བྱ་ཡི༔ གཞན་དུ་དེ་སྐད་མིན་ནོ༔

གཉིས་པ་དེ་ལས་ཇི་ལྟར་བསྟན་པ་འཆད་པ་ལ༔ ལྟ་བའི་རྣམ་གྲངས་སྤྱིར་བཤད༔ སྔགས་ཀྱི་ལྟ་བ་བྱེ་བྲག་དུ་བཤད༔ དེ་རྒྱུད་ལས་ཇི་ལྟར་གསུངས་ཚུལ་བཤད་པ་དང་གསུམ་ལས༔ དང་པོ་ནི༔ དེ་ཡང་སྤྱིར་ལྟ་བ་ཞེས་བྱ་བ༔ ཐེག་པའི་ཐོག་ནས་དབྱེ་ན་རིམ་པ་དགུ་དང་༔ སེམས་ཀློང་མན་ངག་གི་སྡེའི་ལྟ་བ་སོ་སོ༔ ཐ་སྙད་ཀྱི་སྒོ་ནས་དབྱེ་ན༔ རྒྱུ་འབྲས་ཡིད་ཆེས་པ་འཇིག་རྟེན་པའི་ལྟ་བ་ཡང་དག༔ བདེན་བཞིའི་སྟོང་བདག་མེད་མ་གཏོགས་༼ རྟོགས་དཔྱད། ༽གཞན་ཇི་བཞིན་ངེས་པས་ལྟ་བ་དང་༔ བླ་མ་ལ་སངས་རྒྱས་དངོས་སུ་ལྟ་བ་སོགས་མང་ངོ་༔ དོན་དམ་གྱི་ངོས་ནས་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པར་མཐོང་བའི་ལྟ་བ༔ མཉམ་བཞག་ནམ་མཁའ་ལྟ་བུའི༔ རྗེས་ཐོབ་སྒྱུ་མ་ལྟ་བུའི་ལྟ་བ་ལ་སོགས་པ་ཤིན་ཏུ་མང་བས་རྒྱ་ཆུང་ཆུང་ཞིག་མིན་པའི་ཕྱིར་མེད་དགག་ཞིག་ཁོ་ན་མ་གཏོགས་ལྟ་བར་མི་རུང་སྙམ་པ་ནི་ཤིན་ཏུ་གླེན་པའི་སྟབས་འབའ་ཞིག་གོ༔

གཉིས་པ་སྔགས་ཀྱི་ལྟ་བ་བྱེ་བྲག་ཏུ་བཤད་ན༔ མཚན་ཉིད་པས་ཐེག་པ་དབུ་མ་ཆེན་པོའི་ལྟ་བ་སྟོང་ཉིད་མེད་དགག་ཙམ་ལས་མ་བསྟན་པས་དེ་ལ་ཐུགས་ཀྱི་ཞེན་པ་ཆེ་བ་རྣམས་ཀྱི་གསང་སྔགས་ཀྱང་དེ་དང་འདྲ་དགོས་ཟེར་བ་ནི༔ ལྷག་པའི་བདེན་པ་དབྱེར་མེད་ཀྱི་ཚིག་ཙམ་ཡང་མ་གོ་བ་ཡིན་གྱི་གཞན་དུ་གང་ལས་ལྷག་ན་མཚན་ཉིད་པའི་ལྟ་བ་ལས༔ གང་ལྷག་ན་སྔགས་ཀྱི་ལྟ་བ༔ གང་གིས་ན་མི་འགྱུར་བདེ་ཆེན་གྱི་རང་གདངས་ཀུན་རྫོབ་དག་པ་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ཟུང་དུ་འཇུག་པའི་མཉམ་པ་ཆེན་པོ་སྟོང་ཉིད་ཉི་ཤུའི་རང་བཞིན་ལ་རྣམ་པ་ཀུན་གྱི་མཆོག་ལྡན་པས་དོན་མཐོང་གིས་ཁྱད་པར་གྱི་འཕགས་པ་སྟེ༔ གཞི་དེ་དགག་བྱ་འཁོར་བའི་ཆོས་སམ་སྣང་ཞེན་རང་སོ་བ་འདི་ཉིད་མ་ཡིན་པར་དགག་པ་ཙམ་གྱི་ཤུགས་ལས་ཆོས་གཞན་འཕེན་པའི་སྟེང་དུ་དེའི་མཚན་ཉིད་ཀྱི་འདྲ་ཆོས་མཐུན་པར་སྦྱོར་བ་ཉིད་ལས་དཔེར་ན་དུང་གི་སེར་པོ་མེད་པར་དགག༔ དཀར་པོ་ཡིན་པར་བཤད༔ འོན་ཀྱང་སེར་པོར་སྣང་དུས་ཀྱང་རྣམ་པ་མ་དོར་ཙམ་པའི་དབྱིབས་སོགས་མཚུངས་ཆོས་ཡོད་པར་སྨྲས་པ་ལྟ་བུའོ༔ དེ་ལྟར་བདེ་ཆེན་དང་སྟོང་པ་ཉིད་ཟུང་འཇུག་གི་བདག་ཉིད་ཆེན་པོའི་ཡེ་ཤེས་ཆོས་སྐུ་རང་རིག་པས་མངོན་སུམ་དུ་མཐོང་བ་ནི་སྔགས་ཀྱི་ལྟ་བ་ཡིན་གྱི༔ སྤྲོས་བྲལ་མེད་རྐྱང་ཙམ་ཞིག་མིན་པར་ཤེས་དགོས༔ འོན་ཀྱང་མི་སྟོང་བ་ཞིག་གི་རྟགས་དངོས་ཀྱང་མེད་པས་དག་མཉམ་ཟུང་འཇུག་གོ༔ དེ་ཟུང་འཇུག་ཡིན་པའི་གནད་ཀྱིས་དག་ཆེན་མ་རྟོགས་ན་མཉམ་པ་ཉིད་ཀྱང་ཕྱོགས་གཅིག་གི་སྟོང་ཆད་ལ་ལྟུང་དུ་ཉེ་བའི་ཕྱིར༔ དག་ཆོས་འདིའང་དག་མཉམ་གཉིས་ཀའི་ཡིན་པར་གོར་མ་ཆགས་པ་ལས་ཡ་ཆར་བལྟ་བའང་སྔགས་ཀྱི་ཚུལ་དུ་མི་འགྲོ་ལ༔ མཐའ་དཔྱོད་མཐར་ཐུག་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་དང་༔ དོན་དཔྱོད་ཇི་ལྟ་བ་ཟུང་འཇུག་གི་མཐོང་བ་གནས་སྣང་མཐུན་པའི་ཡུལ་ཅན་ལ་དོན་དམ་པར་གསུངས་པའི་གནས་ཡོངས་སུ་གྱུར་པའི་ཚད་མ་དང་རྗེས་སུ་མཐུན་གྱི་གོ་མྱོང་རྟོགས་གསུམ་ནི་རྡོ་རྗེའི་ཐེག་པའི་ལྟ་བའི་ཚུལ་ཡིན་པས་མེད་དགག་རྐྱང་བར་བཞག་ཏུ་མེད་པའོ༔ ཤེས་བྱ་གཞི་ལྷག་པའི་བདེན་གཉིས་ཟུང་འཇུག་སྟེ་ཤེས་བྱེད་ཀྱི་མིག་ལྟ་བ་ཡིན་པའི་གནད་ཀྱི་ཀུན་རྫོབ་ལྟ་བས་དམིགས་ཡུལ་དུ་གྲུབ་ལ༔ དེའི་མ་ཡིན་དགག་གིས་སྟོང་ཉིད་དུ་ཡང་འགྱུར་ཏེ་ཐ་སྙད་རྣམ་དག་སྟོན་པའི་ཕྱིར་རོ༔

གསུམ་པ་དེ་རྒྱུད་ལས་ཇི་ལྟར་གསུངས་པའི་ཚུལ་ལ༔ སྤྱི་དང་བྱེ་བྲག་གཉིས་ལས༔ དང་པོ་ལ་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་པའི་རིམ་པའི་སྒྲུབ་གཞི་ལྟར་བཤད༔ སྒྱུ་མ་ལུས་དཀྱིལ་གྱི་རིམ་པ་གཉིས་པས་སྒྲུབ་གཞིར་བཤད༔ དེ་དག་ཀུན་གྱི་འཆར་གཞི་གཉུག་མའི་མི་ཤིགས་པའི་ཐིག་ལེ་བཤད་པ་དང་གསུམ་ལས༔ དང་པོ་ནི༔ ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་གཙོ་བོར་གྱུར་པའི་རྒྱུད་སྡེ་སྤྱི་ཁྱབ་ནས༔ ཕུང་པོ་ལྔ་རིགས་ལྔ༔ འབྱུང་བ་ལྔ་ཡུམ་ལྔ༔ རྡོ་རྗེའི་སྐྱེ་མཆེད་ཀྱི་ཁམས་བྱང་ཆུབ་སེམས་དཔའ་ཡབ་ཡུམ་ལ་སོགས་པར་གནས་ཚུལ་གཞི་འབྲས་དབྱེར་མེད་ཆེན་པོ་ཉིད་དུ་གསུངས་པ་སྟེ༔ རྒྱུད་གསང་འདུས་ལས༔ མདོར་ན་ཕུང་པོ་ལྔ་རྣམས་ནི༔ སངས་རྒྱས་ལྔར་ནི་རབ་ཏུ་གྲགས༔ རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་༔ བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག༔ ས་ནི་སྤྱན་ཞེས་བྱ་བ་ཡིན༔ ཆུ་ཡི་ཁམས་ནི་མ་མ་ཀཱི༔ དཀར་དང་སྒྲོལ་མ་ཞེས་བྱ་བ༔ མེ་དང་རླུང་དུ་རབ་ཏུ་གྲགས༔ མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི༔ རྡོ་རྗེ་འཛིན་པའི་དེ་ཉིད་དོ༔ ཞེས་དང་༔ མདོར་ན་ཕུང་པོ་རྒྱལ་བ་ལྔ༔ དེ་བཞིན་གཤེགས་པ་ཐམས་ཅད་ཡིན༔ ཞེས་དང་༔གསང་སྙིང་ལས༔ རྡོ་རྗེ་ཕུང་པོའི་ཡན་ལག་ནི༔ རྫོགས་པའི་སངས་རྒྱས་ལྔ་རུ་གྲགས༔ སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན༔ བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད༔ ས་ཆུ་སྤྱན་དང་མཱ་མ་ཀི༔ མེ་རུལ་གོས་དཀར་སྒྲོལ་མ་སྟེ༔ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ༔ སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་༔ ཞེས་དང་༔ འཁོར་ལོ་སྡོམ་པའི་ངེས་བརྗོད་བླ་མའི་རྒྱུད་ལས༔ གཟུགས་ནི་རྣམ་པར་སྣང་མཛད་ཡིན༔ ཚོར་བ་རྡོ་རྗེ་ཉི་མ་ཡིན༔ འདུས་ཤེས་པདྨ་གར་དབང་ཡིན༔ འདུ་བྱེད་རྡོ་རྗེ་རྒྱལ་པོ་སྟེ༔ རྣམ་ཤེས་རྡོ་རྗེ་སེམས་དཔའ་ཡིན༔ བདེ་གཤེགས་ཀུན་ཉིད་ཧེ་རུ་ཀ༔ མིག་ནི་གཏི་མུག་རྡོ་རྗེའི་ཡིན༔ རྣ་བ་ཞེ་སྡང་རྡོ་རྗེའི་ཡིན༔ སྣ་ནི་སེར་སྣ་རྡོ་རྗེའི་ཡིན༔ ལྕེ་ནི་འདོད་ཆགས་རྡོ་རྗེའི་ཡིན༔ ལུས་ནི་ཕྲག་དོག་རྡོ་རྗེའི་ཡིན༔ སྐྱེ་མཆེད་དབང་ཕྱུག་རྡོ་རྗེའོ༔ ཞེས་དང་༔ སྡོམ་པ་འབྱུང་བ་ལས༔ ཉི་ཤུ་རྩ་བཞིའི་ལྷ་རྣམས་ཀྱི༔ ལུས་ནི་སྡུག་ཅིང་འཛིན་པ་སྟེ༔ ལུས་ནི་དབང་པོའི་རང་བཞིན་ཅན༔ འདི་དེ་སངས་རྒྱས་ཀུན་གྱི་དངོས༔ ཞེས་དང་༔ ཀློང་གསལ་ལས༔ ལུས་ཀྱི་ཁྱབ་ཚད་སེམས་ཅན་ལ༔ ཕུང་པོ་ལྔ་ནི་རིགས་ལྔའི་དངོས༔ ཞེས་འཁོར་བའི་ཆོས་རྣམ་པ་ཉི་ཤུ་པོ་ཡེ་ནས་མངོན་པར་སངས་རྒྱས་པའི་དཀྱིལ་འཁོར་ཕྱག་རྒྱའི་དོན་དུ་གནས་པ་ནི་སྒྲུབ་གཞི་ལ༔ བསྐྱེད་རིམ་ནི་སྒྲུབ་བྱེད་དོ༔

གཉིས་པ༔ མ་རྒྱུད་སངས་རྒྱས་ཐོད་པ་དང་རྡོ་རྗེ་བདུད་རྩི་ལ་སོགས་པ་སྤྱི་དང་༔ བྱེ་བྲག་ལུང་ཆེན་ནང་གི་མདོ་བདུན་སོགས་ཨ་ནུའི་བཀོལ་རྒྱུད་ཀྱི་གཙོའི་སྤྱི་འགང་འཁོར་ལོ་སྡོམ་ཆེན་གྱིས་ཁྲོལ་ན༔ དེའི་རྩ་བཤད་དག་དང་གཞན་ཡང་སྒྱུ་མ་ལུས་ཀྱི་དཀྱིལ་འཁོར་ལ་གནས་ཡུལ་ཡོངས་སུ་རྫོགས་པའི་བཀོད་པ༔ རྩ་ཁམས་རྣལ་འབྱོར་མ་དང་༔ ཐིག་ལེ་དཔའ་བོ་རྒྱ་མཚོའི་ གྲོང་ཁྱེར་བསམ་གྱིས་མི་ཁྱབ་པ་རྫོགས་ཚུལ་གསུངས་ཏེ༔ རྡོ་རྗེ་མཁའ་འགྲོའི་རྒྱུད་ལས༔ རང་གི་ལུས་ལ་སངས་རྒྱས་བཞུགས༔ ཧེ་རུ་ཀ་ལ་སོགས་པའི་ལྷ༔ རྩ་གཟུགས་མཛེས་པར་ཡང་དག་བྱུང་༔ གཞན་དུ་གང་ན་སངས་རྒྱས་མེད༔ ལུས་ལས་གཞན་དུ་སངས་རྒྱས་ཉིད༔ མི་ཤེས་པ་ཡི་སྒྲིབ་པར་འདོད༔ ཞེས་དང་༔ རྡོ་རྗེ་མཁའ་འགྲོ་ལས༔ རང་གི་ལུས་ལ་སངས་རྒྱས་བཞུགས༔ ལུས་འདི་སངས་རྒྱས་རང་བཞིན་སྐུ༔ ཆ་ཤས་བྱང་ཆུབ་ཡན་ལག་ལ༔ དེ་ཡི་བ་སྤུ་དགྲ་བཅོམ་པ༔ ཞེས་དང་༔ སྡོམ་འབྱུང་ལས༔ ཉི་ཤུ་རྩ་བཞིའི་ལྷ་རྣམས་ཀྱི༔ ལུས་ནི་སྡུག་ཅིང་འཛིན་པ་སྟེ༔ ལུས་ནི་སངས་རྒྱས་རང་བཞིན་ཅན༔ འདི་དེ་སངས་རྒྱས་ཀུན་དང་མཚུངས༔ ཞེས་དང་༔ ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ ཧེ་རུ་ཀ་ནི་ཕུང་པོ་ཉིད༔ ཕུང་པོ་ཡང་ནི་ཧེ་རུ་ཀ༔ ཁམས་ནི་རྡོ་རྗེ་དཔའ་བོ་སྟེ༔ རྡོ་རྗེ་དཔའ་མོ་ཁམས་ཉིད་དོ༔ སྐྱེ་མཆེད་ཡང་ནི་དེ་བཞིན་ཏེ༔ ལྷ་ཡི་ངོ་བོར་ཤེས་པར་བྱ༔ ཞེས་གསུངས་པའི་དག་གཞི་དང་དག་ཆོས་རྟེན་དང་བརྟེན་པའི་ཁྱད་པར་སོ་སོ་བ་མེད་པར་དགག་པའི་རྣམ་སྤྱིའམ༔ ཆོས་དབྱིངས་ཀུན་ནས་འགྲོ་བ་ཙམ་ལ་ཡོད་པ་མ་ཡིན་ལ༔ དེ་འཁོར་བའི་སྡུག་བསྔལ་རང་མཚན་ནས་ཀྱང་མིན་པའི་ཕྱིར་མ་ཡིན་དགག་གི་སྟོང་ཉིད་དང་༔ གཞན་གྱི་སྟོང་བ་ཞེས་སུ་བརྡ་དག་འབྱོར་བའོ༔ ཕྱི་མ་ནི་ལྷན་སྐྱེས་ཡེ་གསལ་གྱི་དཀྱིལ་འཁོར་དུ་གྲུབ་པ་དང་༔ དེ་ཉིད་སྒྲིབ་བྱེད་དྲོད་གཤེར་སྐྱེས་སྦྱོང་གི་ལུགས་སྔ་མ་རང་བཞིན་གཞིར་རྫོགས་གི་༼ ཀྱི་ ༽དཀྱིལ་འཁོར་གྱི་ཁྱད་པར་ཡོད་དོ༔

གསུམ་པ་དེ་ཀུན་གྱི་འཆར་གཞི་གཉུག་མ་མི་ཤིགས་པའི་ཐིག་ལེ་བཤད་པ་ནི༔ ཤིན་ཏུ་ཕྲ་བ་མི་ཤིགས་པའི་ཐིག་ལེ་ཞེས་བྱ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཀུན་ཁྱབ་ཏུ་བཞུགས་པ་ཡིན་ཏེ༔ དེ་ལའང་རྩ་མི་ཤིགས་པའི་ཐིག་ལེ༔ རླུང་མི་ཤིགས་པའི་ཐིག་ལེ༔ ཁམས་མི་ཤིགས་པའི་ཐིག་ལེ་གསུམ་འདུ་འབྲལ་མེད་པར་གནས་པ་ཕྱི་ནང་གསང་གསུམ་དུ་འབྲེལ་བའི་རྩ་སྤྲུལ་སྐུ༔ རླུང་ལོངས་སྐུ༔ ཐིག་ལེ་ཆོས་སྐུའི་དགོངས་གཞི་མཐར་ཐུག་ཕྲ་བའི་སྒོ་གསུམ་ཞེས་ཀྱང་བྱ༔ ཡང་གཞན་རླུང་མི་ཤིགས་པའི་ཐིག་ལེ༔ ཁམས་དཀར་པོ་མི་ཤིགས་པའི་ཐིག་ལེ༔ དམར་པོ་མི་ཤིགས་པའི་ཐིག་ལེ༔ སེམས་མི་ཤིགས་པའི་ཐིག་ལེ༔ ཆོས་ཉིད་མི་ཤིགས་པའི་ཐིག་ལེ་ལྔར་གསུངས་པའང་གོང་མ་གསུམ་པོ་ལ་འདུ་སྟེ་དེ་དག་ཐམས་ཅད་ཀྱི་ངོ་བོ་འོད་གསལ་གྱི་སེམས་སམ་ཡེ་ཤེས་ཡེ་རླུང་དང་འདུ་འབྲལ་མེད་པའི་རྩལ་ལས་གཞན་ཐམས་ཅད་ཤར་བའི་ཕྱིར༔ ངོ་ཤེས་ཤིང་རྟོགས་གོམས་ཀྱི་རྩལ་ཡོན་ཏན་དུ་ཤར་བའི་སངས་རྒྱས་ཀྱི་སྐུ་གསུམ་ཐུགས་བསམ་ཡས་ལྷུན་གྱིས་གྲུབ་པ་དང་༔ མ་རྟོགས་པས་འཁོར་བའི་ཁམས་གསུམ་སྒོ་གསུམ་སོགས་ཀྱི་འཁྲུལ་གཞི་བྱེད་ལ༔ དེ་ཀུན་གྱི་གནས་ལུགས་ཆོ༵ས་ཉིད༵་སྤྲོས༵་བྲལ༵་ཐིག༵་ལེ༵་ཆེན་པོར་ལྷུན་གྱིས་གྲུབ་པའི་ཕྱིར་རོ༔ འདིར་གཞན་དང་མི་འདྲ་བའི་རྩ་མི་ཤིགས་པའི་ཐིག་ལེ་ནི་རྫོགས་ཆེན་ནས་གསུངས་པའི་འོད་གསལ་གྱི་རྩ་སྟོང་བ་རང་གྲོལ་ལ་སོགས་ཡིན་ཏེ༔ དགོངས་གཞིར་འདུས་པའི་གཉུག་མའི་སྐུ་རྡོ་རྗེའི་ངོ་བོ་ཅན༔ དེ་ལ་གསང་ཐིག་གི་དངས་མའི་རྩ་དར་དཀར་གྱི་སྐུད་པ་འདྲ་བ་ཟེར༔ གསང་འདུས་ལས་རྩ་རླུང་དབྱེར་མེད་ལས་བཟུང་སྟེ་འོད་ཟེར་ལྔ་བའི་རླུང་སྐུ་རྡོ་རྗེའི་སྒྲུབ་གཞི༔ དེའི་རང་གདངས་གསུངས་རྡོ་རྗེའི་སྒྲུབ་གཞི༔ ཐུགས་རྡོ་རྗེའི་སྒྲུབ་གཞི་སེམས་རྣམ་པར་དག་པ་ཕྲ་བ་གསུམ་དུ་གསུངས་ལ༔ རྩ་འདི་དཀར་ཆས་བསྐྱེད་པའི་རྩ་མི་ཤིགས་པའི་རླུང་དམར་ཆའི་ཡེ་ཤེས་སམ་སེམས་ལས་ཐིག་ལེ་མི་ཤིགས་པ་སྟེ་ཀུན་གྱི་གཞི་འམ་རྩ་བར་གྱུར་བས་ཏེ༔ དེ་དག་རྡོ་རྗེ་གསུམ་གྱི་སྒྲུབ་གཞི་རང་ལ་གནས་པ་ཞེས་བྱ་བ་ཡིན་ཅིང་༔ དེ་ལྟ་ནའང་བསྡུ་ན་སེམས་ཆོས་སྐུ༔ རླུང་ཁམས་གཟུགས་སྐུའི་སྒྲུབ་གཞིར་ལྡན་པའི་སེམས་ལས་ཡེ་ཤེས་ཉེར་ལྔ་ལ་སོགས་པ་དང་དཀར་དམར་ལས་ཡབ་ཡུམ་ཐབས་ཤེས་འདུ་འབྲལ་མེད་པའི་ལྷ་ཞི་ཁྲོ་རིགས་བརྒྱ་དང་༔ རླུང་ལས་གསུང་ལྔའི་རྣམ་པ་ཐམས་ཅད་པ་འཆར་བའི་ཕྱིར་མི་ཤིགས་པའི་ཐིག་ལེ་སྙིང་ལ་གནས་པར་རྒྱུད་སྡེ་ཀུན་ནས་གསུངས་པའི་བསྒྲུབ་གཞི་ཤེས་བྱའི་རྒྱུད་དེ་ཚུལ་བཞིན་ངེས་པར་ལྟ་བ་ཡིན་པའི་ཕྱིར༔ མེད་པར་དགག་པའི་སྒྲུབ་གཞི་རྐྱང་བས་དེ་དག་བཞག་པར་མི་རུང་ལ༔ རགས་པའི་འདི་དག་མ་ཡིན་ཅིང་༔ དེ་དག་ལ་ལོག་སྣང་ཐག་སྦྲུལ་གྱི་རྣམ་པ་ལྟ་བུའི་བརྟགས་སྣང་རང་གའི་སྟོང་པའི་ཕྱིར་གཞན་སྟོང་ཙམ་གྱི་ཆོས་སུ་ཡང་མི་འགལ་བར་འབྲེལ་བ་དང་བཅས་པ་སྟེ༔ མངོན་བརྗོད་བླ་མ་ལས༔ རྟག་ཏུ་སྙིང་ལ་གནས་པ་ཡི༔ ཐིག་ལེ་གཅིག་ལ་འགྱུར་བ་མེད༔ ཞེས་དང་༔ རྡོ་རྗེ་ཕྲེང་བ་ལས༔ སྙིང་གི་པདྨའི་སྦུབས་མཁའ་ལ༔ ཡེ་ཤེས་རྡོ་རྗེ་རྟག་པར་བཞུགས༔ གཙོ་བོ་ཆེན་པོ་མི་བསྐྱོད་པའི༔ འཇིག་རྟེན་ཁམས་ནི་དེ་ཡིན་ནོ༔ ཞེས་དང་༔ ལྷ་མོ་བཞིའི་ཞུས་པ་ལས༔ ཕྱེད་ཚད་ཙམ་གྱི་ཕྲ་མོས་མཆོག༔ ཡིད་ཀྱི་དངོས་པོ་ཐིག་ལེའི་གཟུགས༔ རྟག་ཏུ་སྙིང་གི་དབུས་གནས་པ༔ འོད་ཟེར་ཆེན་པོ་འབར་བ་ཅན༔ ཞེས་དང་༔ བསྡུས་རྒྱུད་ལས༔ མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་བྲལ་ལུས་ཀྱི་དབུས་དག་དུ་ཡང་དེ་བཞིན་ནོ༔ ཞེས་དང་༔ རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས༔ སྙིང་གི་དབུས་ན་མི་ཤིགས་པ༔ གསལ་ཞིང་མར་མེ་དག་དང་མཚུངས༔ མི་འགྱུར་མཆོག་ཏུ་ཕྲ་བ་སྟེ༔ ཨ་ནི་གཙོ་བོ་དམ་པའོ༔ ཞེས་སོ༔ དེས་ན་ཤིན་ཕྲའི་སེམས་ནི་སངས་རྒྱས༔ དེའི་བཞོན་པ་ཆོས༔ རྩ་དག་པ་དགེ་འདུན་གྱི་བསྒྲུབ་གཞིར་གནས་པའི་ཕྱིར་འདི་ལྟ་བུའི་ཐིག་ལེ་ཆེན་པོའི་འོད་གསལ་པའི་ལམ་སྣང་དུས་ཀྱི་འཁོར་ལོའི་སྟོང་གཟུགས་སོགས་ཡིན་པའི་ཕྱིར༔ རང་སྣང་ལོངས་སྐུའི་ཡོན་ཏན་ལྔ་ལྡན་གྱི་ཀུན་ཏུ་བཟང་བོ་གཞིའི་ཐིག་ལེ་ཞེས་བྱའོ༔ བསྐྱེད་རྫོགས་རྒྱུ་འོད་མཐར་ཐུག་པ་ཡང་དྭངས་མ་ལྔ་དང་ཡེ་ཤེས་ཆེན་པོ་འདུ་འབྲལ་མེད་པའི་ཐིག་ལེ་ཆེན་པོ་དེ་ཉིད་དོ༔

དོན་གཉིས་པ་བྱེ་བྲག་ཏུ་བཤད་པ་ལ༔ བཤད་པ་དངོས་དང་༔ དེ་ལ་ཐེ་ཚོམ་བསལ་བ་གཉིས་ཀྱི་དང་པོ་ནི༔ གསང་སྔགས་རྙིང་མ་བའི་སྒོས་རྒྱུད་ཁྱད་པར་བ་གསང་བ་སྙིང་པོའི་དབུར་འདྲེན་པའི་གཉིས་སུ་མེད་པའི་རྒྱུད་ཀྱཻ་ཡི་རྡོ་རྗེ་དུས་ཀྱི་འཁོར་ལོ་གཉིས་མེད་རྣམ་རྒྱལ་སོགས་ནས་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ཐིག་ལེ་དང་༔ ལྷན་སྐྱེས་ཀྱི་ཆོས་གསུམ་འདུ་འབྲལ་མེད་པའི་བདེ་ཆེན་དང་སུམ་བརྩེགས་ཀྱི་ཡེ་ཤེས་ཆེན་པོ་དང་བཅས་པར་གསུངས་པའི་ཕྱི་མ་དེ་ཉིད་ཀྱི་རྒྱན་དུ་བཀོད་པ་དེ་དང་༔ མདོ་བདུན་དུ་དབྱིངས་ཡེ་ངོ་མཉམ་པའི་སྲས་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གཏན་ལ་ཕབས་པ་དང་༔ རྫོགས་ཆེན་གྱི་རྒྱུད་ལས༔ མཐའ་དཔྱོད་མཐར་ཐུག་གི་རྙེད་དོན་བྱང་ཆུབ་ཀྱི་སེམས་ལ་སྐུ་གསུང་ཐུགས་འབྲས་ཆོས་ཉེར་ལྔ་ཡོངས་སུ་རྫོགས་པར་ཤེས་པས་ཆོས་ཅན་ལྟ་བ་དོན་དཔྱོད་མཐར་ཐུག་གི་སྟོང་ཉིད་ཉི་ཤུའི་རང་བཞིན་ཅན་དང་མེད་པའི་རང་བཞིན་བཅུའི་ཚུལ་ཤེས་མཐོང་གི་ཆོས་ཉིད་ལྟ་བ༔ དེ་གཉིས་ཟུང་འཇུག་མཐའ་བྲལ་རྩོལ་བསྒྲུབ་ཀྱི་ཁ་ན་མེད་ཅིང་སྐྱོན་ཐམས་ཅད་ལས་འདས་པའི་ཕྱལ་བ་རང་བྱུང་གི་ཡེ་ཤེས་བདེན་གཅིག་སྲིད་ཞི་ཀུན་གྱི་སྲོག་དང་ཁྱབ་བདག་ཆེན་པོར་ཡེ་ཡོད་དང་པོའི་སངས་རྒྱས་སུ་གནས་པར་གསུངས་ཏེ༔ དུས་འཁོར་ལས༔ སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་གྱུར་གང་གི༔ འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་བཟུང་ནས་སྟོང་པར་ལྟ་བྱེད་པ༔ དེའི་གཙོ་བོའི་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཁྱད་ཆོས་ཐེག་པར་བསྟན་པའོ༔ ཞེས་བདེ་ཆེན་ཡེ་ཤེས་སུ་ངོས་འཛིན་མཛད་པ་དང་༔ སེམས་ཅན་ཀུན་གྱི་སྙིང་གི་ནང་ན་གནས་པ་ནི་ཡེ་ཤེས་སོ༔ ཞེས་དང་རྣལ་འབྱོར་མའི་རྒྱུད་ཀུན་ཏུ་སྤྱོད་པ་ལས༔ འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད༔ གར་མཁན་དང་འདྲ་རི་མོ་བཟང་ལྟར་སྣང་༔ གང་དུ་བདེ་ཆེན་ཡེ་ཤེས་གཅིག་པུ་ཉིད༔ གཅིག་པུའི་ཚུལ་གྱི་དུ་མའི་གར་མཛད་དོ༔ ཅེས་དང་ཡེ་ཤེས་གྲུབ་པ་ལས༔ སེམས་ཀྱི་དམ་པ་འོད་གསལ་བ༔ ཀུན་ཏུ་དང་པོའི་སངས་རྒྱས་ཏེ༔ སུས་ཀྱང་མ་བྱས་རང་བྱུང་བ༔ ཡེ་ཉིད་ནས་ནི་གནས་པའོ༔ ཞེས་དང་༔ སྡོམ་འབྱུང་ལས༔ སངས་རྒྱས་དེ་བཞིན་ཆོས་དགེ་འདུན༔ གཅིག་ཀྱང་གསུམ་དུ་སྣང་བའོ༔ ཞེས་སོགས་དང་༔ རྡོ་རྗེ་རྩེ་མོའི་རྒྱུད་ལས༔ ཐོག་མ་མེད་བྱུང་ཆོས་སྙིང་པོ༔ གློ་བུར་དྲི་མའི་ཉོན་མོངས་གྱུར༔ ང་ནི་ཁོ་ན་ཆོས་ཆེན་པོ༔ ང་ནི་ཆོས་ཀྱི་སྙིང་པོར་བཤད༔ དེ་བས་ང་ནི་རྒྱལ་པོ་ཆེ༔ དག་པ་དེ་བཞིན་གཤེགས་སྙིང་པོ༔ སེམས་དཔའ་སྙིང་པོ་ཞེས་བྱར་བཤད༔ ང་ནི་དེ་བཞིན་གཤེགས་སྙིང་པོ༔ སེམས་ཅན་ཐམས་ཅད་བདག་དང་མཚུངས༔ ཞེས་དང་༔ བརྟགས་གཉིས་ལས༔ འདིར་ནི་ཡེ་ཤེས་ཆེན་པོ་ཉིད༔ ཐམས་ཅད་ལུས་ལ་རྣམ་པར་གནས༔ གཉིས་དང་གཉིས་སུ་མེད་པའི་ཚུལ༔ དངོས་དང་དངོས་མེད་བདག་ཉིད་ཆེ༔ བརྟན་དང་གཡོ་བ་ཁྱབ་ནས་གནས༔ སྒྱུ་མའི་གཟུགས་ཅན་དག་ཏུའོ༔ ཞེས་དང་༔ དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག༔ དེ་ཉིད་ཡེ་ཤེས་དམ་པ་ཉིད༔ དེ་ཉིད་འགྲོ་བའི་བདག་ཉིད་དེ༔ དེ་ཉིད་ཐམས་ཅད་ཁྱབ་པ་པོ༔ ཐམས་ཅད་ལུས་ལ་རྣམ་པར་གནས༔ དངོས་དང་དངོས་མེད་དེ་ལས་བྱུང་༔ ཞེས་དང་མངོན་བརྗོད་བླ་མ་ལས༔ དེ་ནི་སྲོག་ཆགས་རྣམས་ཀྱི་སྲོག༔ དེ་ཉིད་མི་འགྱུར་དམ་པ་ཡིན༔ དེ་ཉིད་ཐམས་ཅད་ཁྱབ་བྱེད་དེ༔ ལུས་ཅན་ཀུན་ལ་རྣམ་པར་གནས༔ དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ༔ ཧེ་རུ་ཀ་དཔལ་ཡིན་པར་བཤད༔ ཅེས་སོ༔ དེས་ན་དེ་དག་གི་འཁོར་བའི་སྡུག་ཀུན་མེད་པར་དགག་ནས་གློ་བུར་གྱི་དྲི་མ་ཡིན་ཞེས་ངོས་བཟུང་༔ དགག་བྱ་བཀག་ཤུལ་ཆོས་གཞན་འཕེན་པ་ཙམ་དུ་མ་ཟད་སྐུ་དང་ཡེ་ཤེས་ཀྱི་གནས་ལུགས་ངོས་བཟུང་༔ ཁྱད་པར་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་སྙིང་ལ་གནས་སོ་ཞེས་གསུངས་པ་འདི་འདྲ་མེད་པར་དགག་ལ་ཐ་སྙད་སྦྱོར་དོད་དང་ཆོས་ཐམས་ཅད་ལ་སྤྱི་ཁྱབ་གཅིག་པ་སྙིང་ལ་གནས་པའི་དོན་ཀྱང་མ་འབྲེལ་བ་དང་༔ གསང་སྙིང་ལས༔ རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ༔ བྱིན་གྱིས་བརླབས་དང་མངོན་སུམ་པ༔ རབ་ཏུ་རྟོག་པ་རྣམ་བཞི་ཡི༔ ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ༔ ཞེས་དང་༔ དེའི་རྒྱུད་གཞན་ལས་ཀྱང་རང་རིག་མངོན་སུམ་དམིགས་བྲལ་བ༔ རང་གསལ་གསུམ་བྲལ་མི་བསྒུལ་བ༔ ཞེས་སོགས་རྒྱས་པར་བསམ་གྱིས་མི་ཁྱབ་པ་དང་༔ རྔམས་གློག་ལས༔ ཐབས་ཡབ་དང་༔ ཤེས་རབ་ཡུམ་དང་༔ གཉིས་སུ་མེད་པའི་སྲས་བདེ་ཆེན་བྱང་ཆུབ་སེམས་ཐིག་ལེ་དང་གསུམ་མོ་ཞེས་དང་༔ དགོངས་འདུས་ལས༔ ཀུན་ཏུ་བཟང་པོའི་ཡེ་ཤེས་འདི༔ སུས་ཀྱང་མ་བྱས་རང་བྱུང་སྟེ༔ ཐམས་ཅད་འབྱུང་བའི་རྩ་བས་ན༔ རང་ལས་བྱུང་བའི་དཀྱིལ་འཁོར་རྫོགས༔ ཞེས་དང་༔ ཀུན་འདུས་རིག་པ་ལས༔ རང་བྱུང་རིག་པའི་སེམས་ཉིད་ཀྱི༔ རང་གི་སྙིང་པོ་འོད་གསལ་བ༔ ཀུན་གྱི་སྙིང་པོ་དེ་ཉིད་པས༔ ཅེས་ཀྱང་མི་བསྒྲིབ་ནམ་མཁའ་ཆེ༔ ཞེས་དང་ཁུ་བྱུག་རོལ་བ་ལས༔ རྟོག་མེད་རང་རིག་བྱང་ཆུབ་སེམས༔ སངས་རྒྱས་སེམས་ཅན་གཉིས་ཀྱི་དབྱིངས༔ རིག་དང་མ་རིག་གཉིས་ཁོ་ན༔ དག་དང་མ་དག་གཉིས་སུ་སྣང་༔ ཞེས་སོ༔ ཁྱད་པར་རྫོགས་ཆེན་གྱི་ངོ་བོ་རང་བཞིན་ཐུགས་རྗེ་སུམ་བརྩེགས་ཀྱི་ཡེ་ཤེས་སུ་ངང་དངས་རང་བཞིན་བདག་ཉིད་ཀ་དག་ལྷུན་གྲུབ་བརྒྱད་ལྡན་གྱི་གཞི་ངོས་བཟུང་མཛད་པ་ཉིད་ཡེ་ཡོད་ལྷུན་གྲུབ་ཀྱི་གཞི་ཞེས་བྱ་སྟེ༔ གསུམ་དང་བརྒྱད་ཀྱི་གཞི་ཅི་སྟེ་མེད་དགག་ལ་འཐད་པར་དཔྱད་དོ༔ རིག་པ་རང་ཤར་ལས༔ གོང་དུ་བཤད་པའི་རྒྱུད་ཆེན་པོ༔ རང་རིག་ཐབས་ཆེན་སྦྱོར་བ་ནི༔ གཅིག་ལས་དུ་མར་སྣང་བའོ༔ དུ་མ་རྟོགས་ན་གཅིག་གི་ངང་རིག་པའི་ཆོས་ཉིད་དབྱེ་བ་ནི༔ གཅིག་ལ་ཐམས་ཅད་རྫོགས་པའོ༔ ཉོན་མོངས་སྟོང་ཕྲག་བརྒྱད་ཅུའང་༔ གཅིག་མ་ཤེས་པས་བྱུང་བའོ༔ གཅིག་ནི་ངོ་བོ་སྟོང་པ་ལ༔ རང་བཞིན་གསལ་ཆ་མ་འགགས་པའོ༔ ཞེས་དང་༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན༔ ཞེས་པས་མདོར་བསྡུས་ནས༔ བསམ་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ཡི་ཕོ་བྲང་འགྱུར་མེད་ནི༔ རང་རང་ཙིཏྟའི་དཀྱིལ་ན་ཕོ་བྲང་འགྱུར་མེད་བཏབ༔ སྙིང་པོ་གསུམ་དང་ལྡན་པའི་ཆོས་ཀྱི་སྐུ༔ ཡེ་ཤེས་དོན་རྟོགས་ས་ལམ་བསྒྲོད་དུ་མེད༔ བརྗོད་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ༔ ཀུན་ལ་གནས་ཏེ་ཀུན་གྱིས་རྟོགས་པ་མེད༔ ཡིད་མེད་སེམས་མེད་མ་རིག་འཁྲུལ་བ་མེད༔ ཞེས་གཞན་སྟོང་དང་ཕྱོགས་མཐུན་པར་གསུངས༔ དེ་ཡང་ལུས་ལ་སྣང་ལུགས་ནི༔ རིག་པ་ཆོས་སྐུའི་ངོ་བོ་ཡིན༔ དེ་ལས་སྣང་བ་མ་འགགས་པ༔ ལོངས་སྤྱོད་རྫོགས་སྐུར་ཡང་དག་འདོད༔ དེ་ཕྱིར་སྐུ་གསུམ་ལུས་ལ་རྫོགས་༔ ཞེས་སོ༔

གཉིས་པ་དེའི་ཐེ་ཚོམ་བསལ་བ་ནི༔ ཁྲེགས་ཆོད་ཐོད་རྒལ་གཉིས་ལས༔ ཁྲེགས་ཆོད་ཀྱི་དབང་དུ་ངོ་རང་ཐོག་དུ་སྤྲད་པ་ཞེས་པ་ལས་སྤྱི་ཐོག་ཏུ་སྤྲད་པ་ཞེས་མ་བྱུང་བ་དང་༔ གལ་ཏེ་ཆོས་སྤྱི་ཁྱབ་ཞིག་གི་ཐོག་ཏུ་རང་ཐོག་ཏུ་སྤྲད་རྒྱུ་མི་འཐད་ན་ཅི་ཡིན༔ དེ་ལ་འདི་སྙམ་དུ༔ ཁ་ནང་དུ་བསྐོར་ནས་ཆོས་ཀུན་སེམས་སུ་རྟོགས༔ སེམས་སྟོང་ཉིད་སྤྲོས་བྲལ་དུ་རྟོགས་པ་དེ་ཉིད་རྫོགས་ཆེན་གྱི་ལྟ་བས་མཐོང་པ་ཡིན་ནོ་བ་ཞིག་འབྱུང་སྟེ༔ དེ་ལ་བཤད་ན་མདོ་ལས༔ དྲན་པ་ཉེར་བཞག་བཞིའི་སེམས་དྲན་ཉེར་དེའི་ཅི་ཉེས་ནས་ལྟ་བ་རྫོགས་ཆེན་དུ་མ་སོང་བ་དང་༔ རྣམ་རིག་པས་ཀྱང་སྣང་བ་སེམས་དུ་འདོད་པ་དག་ཡར་ལྡན་གྱི་དབུ་མ་པས་རྟོགས་པ་ཡོད་པ་དག་ལ་གཞལ་བར་གྱིས་ཤིག༔ ཁྱད་པར་དུ་ཡང་༔ གནས་པ་ངོ་བོ༔ འཕྲོ་བ་རྩལ༔ སེམས་རིག་དོན་གྱི་ཁྱད་འབྱེད་ལ་སོགས་པ་ཇི་ལྟར་ཆོས་ཉིད་ཀུན་ཏུ་འགྲོ་བ་དེ་ལ་འཐད་ཀྱང་དཔྱད་པར་རིགས་ལ༔ དེ་བཞིན་དུ་མེད་པར་དགག་པའི་རྣམ་གྲངས་པའི་སྟོང་ཉིད་ཙམ་ལའང་ཀླན་ནོ༔ དེས་ན་རང་རིག་ལྷུན་གྲུབ་ཆེན་པོ་ནི་ལྟ་བའི་ངོ་བོ་ཉིད་དུ་བཟུང་ནས༔ གནད་ཀྱི་ངོ་སྤྲོད་དྲུག་དང་དེ་ལ་མ་ལྟོས་པའི་ངོ་སྤྲོད་པ་བདུན་མཛད་པ་དང་༔ གཟེབ་བཅུ་བཅད་དེ༔ ང་རང་བྱུང་གི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་ངེས་ཚིག་སོགས་བཤད་པ་དང་༔ ཡང་དམ་ཚིག་བཞི་ལས་ལྷུན་གྲུབ་དང་གཅིག་པར་བཤད་དེ༔ དེ་ལྟ་ན་གཞན་སྟོང་དུ་གསུངས་པ༔ མུ་ཏིག་ཕྲེང་བ་ལས༔ གཅིག་གྲོལ་ཡིན་པས་དུ་མ་སྟོངས༔ ཞེས་དང་༔ ལྟ་བས་དཔག་ཚུལ་ལས་བཟུང་སྟེ་རྩལ་རྫོགས་གི་༔ ༼ ཀྱི་དཔྱད། ༽དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ༔ གསང་སྔགས་གཅིག་ལ་འཁྱེར་སོ་དགུ༔ དེ་ཡང་རྣམ་པ་ཙམ་དུ་སྟེ༔ རིམ་པ་དགུ་ཡི་ངོ་བོ་ཡི༔ རང་བྱུང་ཡེ་ཤེས་དོན་མ་རྟོགས༔ ཞེས་དང་༔ ཀློང་དྲུག་ལས༔ མ་བཙལ་བཞག་པའི་མན་ངག་གིས༔ ཡེ་ཡོད་དང་པོའི་སངས་རྒྱས་རྙེད༔ ཅེས་དང་༔ཐིག་ལེ་ཀུན་གསལ་ལས༔ ཤེས་པ་དང་རིག་མཐུན་པའི་རང་བཞིན་གསལ་བའི་ཡེ་ཤེས༔ སྟོང་བ་ཡིན་པས་ནམ་མཁའ་སོགས་དང་རིགས་མཐུན་པར་བཞག་སྟེ་ངོ་བོ་སྟོང་པ་ཉིད་དུ་བཤད་དེ་སེལ་གཞིའམ་གཞན་གྱི་སྟོང་གཞིར་བཟུང་ནས༔ དེ་ལ་སྟོང་པའི་ཆོས་བསལ་བ་སྟེ༔ དེ་ལྟར་ན་མ་ཡིན་དགག་གི་མ་ཟད༔ གཞན་སྟོང་ལ་ཉེར་མཛད་ནས༔ གསལ་གཉིས་ཀྱི་རྒྱུད་ལས༔ རིག་པ་འདུག་པས་བེམ་པོ་སེལ༔ སྟོང་པར་འདུག་པས་དངོས་པོ་སེལ༔ གཉིས་མེད་ཡིན་པས་གཉིས་སྣང་སེལ༔ རང་བྱུང་ཡིན་པས་རྒྱུ་རྐྱེན་སེལ༔ དག་པ་ཡིན་པས་དྲི་མ་སེལ༔ མེད་པས་ཡོད་པའི་ཆད་མཐའ་སེལ༔ ཡོད་པས་མེད་པའི་རྟག་མཐའ་སེལ༔ ལྷུན་གྲུབ་ཡིན་པས་རྟག་མཐའ་སེལ༔ ཀྱཻ༔ རྡོ་རྗེ་འཛིན་པ་ཉོན་ཅིག༔ ཡང་དག་པ་དོན་གྱི་གཞིའི་ཕྱི་མོ་ནི༔ རང་དང་རིགས་མཐུན་པ་ལས་ཀྱང་ལོག་སྟེ༔ རིག་པ་ཙམ་དུ་མཐུན་པའི་ཚོགས་བརྒྱད་ལས་གྲོལ་བའོ༔ ཞེས་སེལ་གཞིའང་གྲོལ་གཞིར་མཛད་པའོ༔ རང་ཤར་ཆེན་པོའི་རྒྱུད་ལས༔ སངས་རྒྱས་སེམས་ཅན་སྣང་བ་ཀུན༔ གཅིག་ཤེས་ནང་དུ་ཤེས་པར་བྱ༔ ཐམས་ཅད་ངོ་བོ་ཤེས་གྱུར་ན༔ ཡེ་ཤེས་དག་པའི་སྣང་བའོ༔ ཞེས་དང་༔ སྟོང་པ་ཉིད་ལ་མི་གནས་ན༔ རང་གི་བདེ་ཆེན་ས་ལ་གནས༔ སངས་རྒྱས་ཀུན་གྱི་རྗེ་བཙུན་ནི༔ རང་གི་རིག་པར་ཤེས་པར་བྱ༔ རང་སྣང་ཐབས་ཀྱི་རྒྱལ་པོ་འདི༔ ཀུན་ལ་ཡོད་དེ་རྟོགས་པ་མེད༔ ཞེས་དང་༔ མཐའ་ལ་ཐུག་པ་མེད་པའི་ཡེ་ཤེས་རང་ལ་ཡོད་པའོ༔ ཞེས་དང་༔ ཕྱག་རྡོར་དོན་བརྗོད་ལས༔ གསང་བ་རིག་པའི་སྒྲོན་མེ་ཉིད༔ ཀུན་ལ་ཡོད་དེ་རྟོགས་པ་མེད༔ བདག་གི་དོན་བརྗོད་དེ་བཞིན་ནོ༔ ཞེས་སོ༔ དེས་ན་སྐྱེ་བ་མེད་པ་ཙམ་རྟོགས་པས་རྫོགས་པ་ཆེན་པོའི་བདེན་པ་མཐོང་བར་མི་འགྱུར་ཏེ༔ འོ་ན་གང་ཞེ་ན་རང་རིག་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུའི་དཀྱིལ་འཁོར་ཡང་དག་པར་ཤེས་པ་ལ་ཟེར་བས༔ རང་གྲོལ་ལས༔ སྐྱེ་མེད་རྟོགས་པའི་རྣལ་འབྱོར་ནི༔ ཡེ་ཤེས་མཐོང་བ་མ་ཡིན་ནོ༔ བདེན་པ་མཐོང་བའི་གང་ཟག་ནི༔ ཡང་དག་དཀྱིལ་འཁོར་ཤེས་པའོ༔ རིག་པ་ཤེས་པའི་གང་ཟག་ནི༔ ཡང་དག་དཀྱིལ་འཁོར་ཆེན་པོའོ༔ རྡོ་རྗེ་སེམས་དཔའི་ཆོས་ཉིད་འདི༔ མཐོང་བ་མཆོག་ཏུ་གྱུར་བ་ལས༔ གཞན་གྱིས་མཐོང་བ་ཡོད་རེ་ཀན༔ ཞེས་སྟོན་པས་བྲོ་ཐོན་ནོ༔ ཞེས་དང་༔ རྒྱུད་ལས༔ རྫོགས་ཆེན་ཨ་ཏི་ཡོ་ག་ལ༔ ལྟ་བར་འཛིན་པའི་ཆོས་ཉིད་མེད༔ ཅི་ཕྱིར་སྒྲོན་མ་ཡོད་པའི་ཕྱིར༔ གལ་ཏེ་ལྟ་བ་ཡོད་གྱུར་ན༔ རིག་པའི་སྒྲོན་མ་མེད་པར་འགྱུར༔ ཞེས་དང་༔ སེམས་དང་ཡེ་ཤེས་ཕྱེད་ནས་ཡེ་ཤེས་ལ་གཞི་ལམ་འབྲས་བུའི་སྲོག་བཟུང་བའི་ཕྱིར་ཡང་མེད་དགགས་སུ་མ་གསུང་བར་མངོན་ནོ༔ དེའི་ཕྱིར་རང་ཤར་ལས༔ གང་དག་སེམས་ལས་དོན་ཚོལ་བ༔ རིག་པའི་རྒྱལ་པོ་སྤང་བར་འགྱུར༔ ཞེས་གསུངས་པ༔ ཨེ་མ་ཧོ་རིན་ཆེན་བྱང་ཆུབ་སེམས༔ ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད༔ ཅེས་སོ༔ ཐུན་མོང་རྒྱུད་གསང་འདུས་ལས༔ རིན་ཆེན་སེམས་ལས་ཕྱིར་གྱུར་པའི༔ སངས་རྒྱས་མེད་ཅིང་སེམས་ཅན་མེད༔ ཞེས་དང་༔ ཡེ་ཤེས་གྲུབ་པ་ལས༔ སེམས་ཀྱི་དམ་པ་འོད་གསལ་བ༔ ཀུན་ཏུ་དང་པོའི་སངས་རྒྱས་ཏེ༔ སུས་ཀྱང་མ་བྱས་རང་བྱུང་བ༔ ཡེ་ཉིད་ནས་ནི་གནས་པའོ༔ ཞེས་ཡོད་དང་ཡིན་པའི་ངེས་ཚིག་འབའ་ཞིག་གིས་རྒྱན་པ་དང་༔ རྒྱུ་ལས་མ་བྱུང་བའི་འབྲས་བུ༔ སེམས་ལས་མ་བྱུང་བའི་སངས་རྒྱས་དག་གི་ཇི་འདྲ་ཞིག་སྟོན་བསམ་པས་མ་ཡིན་དགག་ལས་བྱོལ་ཐབས་མེད་དོ༔

གཉིས་པ་ཐོད་རྒལ་གཙོ་བོར་གྱུར་བའི་གཞི་ནི་ཐལ་འགྱུར་དང་༔ དུར་ཁྲོད་ཕུང་པོ་འབར་བའི་རྒྱུད༔ ཀློང་ཆེན་རབ་འབྱམས༔ ཀློང་གསལ་གསལ་གཉིས་དག་གི༔ གཞི་དང་༔ འཁྲུལ་ཚུལ༔ ཁྱབ་ཚུལ༔ གནས༔ ཡུལ་ལམ༔ སྒོ༔ ལམ་ལ་སོགས་པ་སོ་སོར་སེམས་དང་ཡེ་ཤེས་ལ་གསུངས་ནས༔ ངོ་བོ་སྐུར་བཞུགས༔ རང་བཞིན་འོད་དུ༔ ཐུགས་རྗེ་ཡེ་ཤེས་དང་འོད་ཀྱི་ཐིག་ལེར་བཞུགས་པར་བཤད་པ་དང༔ སྔར་མི་ཤིགས་པ་གསུམ་བཤད་པ་དང་དོན་གྱི་དབྱིངས་གཅིག་པ་སྟེ༔ དེས་ན་དེ་ངོ་སྤྲད་ཕྱིར༔ སྐུ་ནང་གསལ་བུམ་སྐུ་ལྟུ་བུ༔ འོད་བར་གསལ་བུམ་པའི་མར་མེ་ལྟ་བུ༔ ཐིག་ལེ་དང་ཡེ་ཤེས་ཕྱི་གསལ་ཁ་རྒྱན་ལས་གདངས་ཕྱི་ཤར་ལྟར་གནས་པ༔ དགོངས་ཀློང་ལྔ་དང་འབྲས་ཆོས་མཐའ་དག་གི་ངོ་བོ་ཅན་ཏེ་སྤྲོས་བྲལ་གྱིས་སངས་རྒྱས་མཛུབ་བཙུག་གི་ཚུལ་དུ༔ དབང་པོ་རྣོ་རྟུལ་མེད་པ་སོགས་ཁྱད་ཆོས་དྲུག་ལྡན་འོད་དང་ཡེ་ཤེས་ཀྱི་ངོ་སྤྲོད་ལ་སོགས༔ དཔེ་དོན་རྟགས་གསུམ་གྱི་སྒོ་ནས་ཉི་ཤུ་རྩ་གཅིག་གི་ཐབས་ངོ་སྤྲོད་སྤྲས་པའི་རྒྱུད་ལས་བཤད་པ་དང་༔ མུ་ཏིག་ཕྲེང་བ་ལས་མཚོན་བྱ་མཚོན་བྱེད༔ དོན་ཐབས་གཞི་སྙིང་པོའི་བཅུད་མེ་ཏོག་རང་བཞིན་གྱི་རྒྱུད་གསུངས་པ་ཐམས་ཅད་མེད་དགག་ལ་ཇི་ལྟར་རུང་བ་མེད་བཞིན་དུ་སྡང་ཞུགས་ཀྱི་དབང་གིས་རྟག་པར་ལྟ་བའི་ཕྱོགས་སུ་བརླན་པ་ནི་རང་གི་ཕ་ཆོས་དང་འགལ་བས་ཚེ་འདི་དང་ཕྱི་མར་སྡུག་བསྔལ་གླགས་མེད་པའི་རྒྱུར་རིག་པའི་ཉམ་ཉེས་ལས་བཟུང་ཕྱིར་བཤད་པ་འདི་ནི་མཆོག་ཏུ་གྱུར་པའོ༔ ཡང་མདོ་སྒྱུ་སེམས་གསུམ་ལས་གཞན་མ་ཡིན་པའི་དེ་ཁོ་ན་ཉིད་གསུངས་པ་དང་༔ སངས་རྒྱས་རང་ཆས་པའི་རྒྱུད་དང་༔ སྙིང་གི་དགོངས་པ་རྒྱལ་བའི་བཀའ་ཞེས་བྱ་བ་དང་༔ བུ་རྒྱུད་དང་༔ ཚིག་གསུམ་པ༔ བང་མཛོད་འཕྲུལ་ལྡེ་སོགས་ལས༔ སངས་རྒྱས་ཆོས་ཀྱི་སྐུ་ཡེ་ཤེས་སུམ་བརྩེགས་སུ་ཞི་བའི་ལྷ་ཚོགས་སྙིང་ན་བཞུགས་པ་དང་༔ ལོངས་སྤྱོད་རྫོགས་པའི་སྐུ་ཁྲོ་བོ་གླད་༼ ཀླད་དཔྱད། ༽པ་ན༔ ཐུགས་རྗེ་སྤྲུལ་བའི་སྐུ་གཞུངས་བ་ན༔ ཐིག་ལེ་རང་བྱུང་གི་སྐུ་རྩ་ཐམས་ཅད་ན༔ ཡེ་ཤེས་ཟང་ཐལ་གྱི་སྐུ་བྱད་ཀྱི་དཀྱིལ་ན་བཞུགས་ཚུལ་གསུངས་པ་ཀུན་ཀྱང་མེད་པར་དགག་པ་མིན་པའི་ཕྱིར་ལས་དེ་ལ་རྣམ་པར་དབྱེ་བ་དེ་ཚོ་ག་ལ་རུང་༔ འདི་ལྟ་བུའི་དཔང་ལུང་ནི་སྒྲོན་མ་གསལ་རྒྱན་དང་༔ ཨུ་པ་དེ་ཤ་དག་གིས་གསལ་བས་མ་སྤྲོས་སོ༔

མདོར་བསྡུས་ན༔ རང་ཤར་ལས༔ ཡང་དག་སངས་རྒྱས་དགོངས་པ་ནི༔ སེམས་ཅན་ཀུན་གྱི་རང་རྒྱུད་ལ༔ སྐུ་དང་ཡེ་ཤེས་ཚུལ་དུ་གནས༔ དེ་ཡང་ཙིཏྟའི་དཀྱིལ་འཁོར་ན༔ ཉུང་འབྲུའམ་ནི་ཏིལ་འབྲུ་ཙམ༔ མ་བསྐྱེད་རྫོགས་པའི་ཚུལ་དུ་གནས༔ ཞེས་དང་༔ གཞན་ཡང་ཕྲ་བཀོད་ལས༔ རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་༔ འགྱུ་བྱེད་རྩ་ཡི་གཞལ་ཡས་དང་༔ ལྟ་བྱེད་མིག་གི་གཞལ་ཡས་དང་༔ དུང་ཁང་བྷནྡྷའི་གཞལ་ཡས་དང་༔ གཞལ་ཡས་ཆེན་པོ་དེ་བཞི་ན༔ གསང་སྔགས་ཀུན་གྱི་གསང་ཆེན་གནས༔ དེ་ཡང་ཇི་ལྟར་གནས་ཞེ་ན༔ ལ་ལ་དག་ན་སྐུ་རུ་བཞུགས༔ ལ་ལ་དག་ན་འོད་དུ་བཞུགས༔ གཅིག་ན་འོད་ཟེར་ཚུལ་དུ་གནས༔ ལ་ལ་དག་ན་ཐིག་ལེ་སྟེ༔ ཀུན་ལ་ལུ་གུ་རྒྱུད་དུ་གནས༔ ཞེས་སོགས་མང་ངོ་༔

དོན་གཉིས་པ་ལམ་གྱི་འཇུག་པ་ཡང་༔ གཞི་ལྷག་པའི་ཀུན་རྫོབ་ལ་ལམ་དུ་བྱེད་པའི་བསྐྱེད་རིམ་གྱི་འབྲས་བུ་དང་འདྲ་བ་དངོས་གང་རུང་དང་༔ རྫོགས་རིམ་པའི་ལྷ་སྐུ་དང་༔ སྣང་བཅས་རྩ་རླུང་ཐིག་ལེའི་རྫོགས་རིམ༔ རྫོགས་ཆེན་གྱི་སྐད་ཅིག་དྲན་རྫོགས་སྣང་བཅས་ཐོད་རྒལ་ཆོས་ཉིད་ཀྱི་རིག་གདངས་དངོས་ལམ་དུ་བྱེད་པ་ལ་སོགས་སྒྱུ་ལུས་ཀྱི་ཕྱོགས་ཐམས་ཅད་སྒྲུབ་གཞི་རང་བཞིན་ཀུན་རྫོབ༔ ཕྱག་རྒྱ་ལྷུན་གྲུབ༔ འོད་ཟེར་ལྔ་རླུང་༔ མི་ཤིགས་དཀར་དམར་སོགས་ཀྱི་ཉམས་སུ་ལེན་པ་དང་༔ སྣང་མེད་རྫོགས་རིམ༔ དེ་ཏིང་ནས་བཟུང་བའི་རིག་པ་སྤྱི་བླུགས་དང་༔ མཐོང་བས་རྗེས་འཇོག༔ གསང་ཤེར་གྱི་བདེ་བ་དང་༔ གཉིད་ཀྱི་རྣལ་འབྱོར༔ རྦ་རླབས་ཀྱི་བདེ་སྟོང་སོགས་ལས་བཟུང་པའི་སྟོང་བཞིའི་དྲངས་པའི་སྣང་བཞིའི་ངོ་བོའི་འོད་གསལ་ཉམས་སུ་ལེན་པ་དང་༔ དབང་བཞི་པའི་ཡེ་ཤེས་སམ་ཁྲེགས་ཆོད་ཀྱི་རིག་པ་རྐྱང་འདེད་དག་གི་མཚོན་ནས་འོད་གསལ་གྱི་ཕྱོགས་ཐམས་ཅད་ལྷག་པའི་དོན་དམ་ལམ་བྱེད་ཡིན་ལ༔ སེམས་མི་ཤིགས་པའི་ཐིག་ལེའི་རྣལ་འབྱོར་ཏེ༔ དེའི་ངོ་བོ་ཉིད་གྱི་རྒྱུ་འོད་ཟུང་འཇུག་མངོན་དུ་འགྱུར་རིམ་ལ་དཔག་ནས༔ བསྐྱེད་རྫོགས་ཁྲེགས་ཐོད་ཀྱང་ཟུང་འཇུག་གི་ཉམས་སུ་ལེན་པའོ༔ དེ་ལྟར་སྒྲུབ་གཞིའི་དཀྱིལ་འཁོར་དེ་དག་གི་ངོ་བོར་ཡེ་ནས་ཡོད་པ་ལ༔ ལྷ་ལ་ཐ་མལ་དུ་འཛིན་པའི་རྟོག་སྒྲིབ་བྱུང་ནས་འཁོར་བར་འཁྱམས་པ་ཉིད༔ འདིར་སྣོད་བཅུད་ཕྱི་ནང་ཐམས་ཅད་གཞན་ཡེ་ཤེས་དང་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་དང་༔ སྤྱི་བླུག་གི་འཇོག་པ་ན་གཞི་ལམ་མཐུན་པས་སྒྲུབ་པ་དང་དངོས་ལམ་བྱེད་འབྲས་བུ་བྲལ་དག་གི་རྒྱུར་འགྱུར་གྱི༔ གཞན་ནི་གཞི་སྟོང་ཉིད་དུ་ལྟ་བས་གཏན་ལ་ཕབ༔ ལམ་ཞལ་ཕྱག་དང་འོད་ཟེར་ཐིག་ལེའི་ཕྲ་མོ་བསྒོམ་པས་འབྲས་བུ་འདོད་པ་དག༔ ལྟ་བའི་དོན་དེ་བསྒོམ་བྱ་མིན་པས་ཤར་ནུབ་ལྟར་འཛོལ་བའི་ཕྱིར་མི་འཐད་པས་ཀྱང་མ་ཡིན་དགག་གི་སྐུ་དང་ཡེ་ཤེས་བདེན་གཉིས་ཟུང་འཇུག་གི་ཆ་ནས་ལམ་ཉམས་སུ་ལེན་པས་རྒྱུད་གསུམ་འབྲེལ་བ་དང་བཅས་པ་འབྱུང་ཞིང་འཐད་པར་མཐོང་བ་སྟེ༔ ཐམས་ཅད་གསང་བ་ལྷ་མོ་བཞིའི་ཞུས་པའི་རྒྱུད་ལས༔ ཕུང་པོ་ལ་སོགས་སངས་རྒྱས་ལྔའི༔ རང་བཞིན་མངོན་ཤེས་བཤད་པ་ཡིན༔ དངོས་ཏེ་ངེས་པར་བསྒོམ་པ་ཡིས༔ རང་སེམས་མཐུ་ཡིས་སངས་རྒྱས་འགྱུར༔ ཞེས་དང་གུར་ལས༔ དེ་ལྟ་བུའི་ལུས་གློ་བུར་གྱི་དྲི་མས་སྦགས་པ་དག་པར་བྱེད་པའི་ཕྱིར་སངས་རྒྱས་ཀྱིས་སྐུའི་རྣམ་པར་བསྒོམ་པར་བགྱིད༔ ཞེས་གསུངས་པ་བཞིན་ནོ༔

དོན་གསུམ་པ་འབྲས་བུ་མངོན་གྱུར་གྱི་མ་ཡིན་དགག་གི་སྟོང་ཉིདམཐར་ཐུག་པའང་སྒྲུབ་གཞི་ཇི་བཞིན་མངོན་དུ་གྱུར་བ་ལས་འབྲས་བུ་འདུས་བྱས་སྨིན་འབྲས་སུ་མི་རུང་རྒྱན་གཉིས་དང་༔ ཆོས་ཉིད་དོན་གསལ་སོགས་ལས་བཤད་གྲུབ་ཀྱི་དོན་དུ་འཁོར་བའི་རྡུལ་ཤེས་ཀྱི་ཆོས་ལས་འདས་པའི་མཁའ་ཡི་རྡོ་རྗེ་ངོ་བོ་མངོན་དུ་གྱུར་པ་ཡིན་ནོ༔

དོན་བཞི་བ་དེ་ལ་དགོངས་ནས་བླ་མའི་མན་ངག་གིས་གབ་པ་མངོན་དུ་བྱུང་སྟེ༔ ཀུན་མཁྱེན་གྱིས་ཡིད་བཞིན་མཛོད་དུ༔ ཡེ་ནས་ཡོད་པས་རང་བཞིན་ལྷུན་གྲུབ་ཞེས༔ དྲི་མས་སྒྲིབ་ཕྱིར་སྙིང་པོའི་ཁམས་དང་ནི༔ གནས་ལུགས་ཡིན་ཕྱིར་དོན་དམ་བདེན་པ་ཞེས༔ མཐའ་གཉིས་གནས་སྤངས་དབུ་མའི་རང་བཞིན་ནོ༔ ཞེས་དང་༔ ཚུལ་འདི་མི་ཤེས་སྟོང་པ་བྱིང་ཆད་པ༔ ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་བརྗོད་ཀྱང་༔ བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན༔ བསྟན་པ་འདི་ལ་ཕྱི་རོལ་གྱུར་བ་སྟེ༔ ནམ་མཁའི་ཡིད་ཅན་ཐལ་བས་བྱུགས་པར་རུང་༔ ཞེས་དང་༔ འགྲེལ་བ་ལས༔ འཁོར་བའི་སྣང་བ་འདི་དག་དོན་ལ་མེད་ཀྱང་ད་ལྟ་སྣང་༔ སྐུ་དང་ཡེ་ཤེས་མྱ་ངན་ལས་འདས་པའི་ཆོས་ཡོད་ཀྱང་ད་ལྟ་མི་སྣང་སོགས་གསུངས་པ་ནི༔ དཔེ་དོན་སྙིང་པོའི་བསྟན་པའི་མདོ་བཞིན་རྒྱུད་བླ་མའི་འགྲེལ་བའི་ཚུལ་གྱིས་རྗེས་སུ་གསུངས་པ་དང་༔ རྒྱུད་ལས༔ ཡོད་དང་མེད་པའི་ཆོས་རྣམས་ཀུན༔ ཡོད་པས་ཡེ་ཤེས་དོན་ལ་སྣང་༔ མེད་པས་འཁོར་བའི་ཆོས་ལས་ཐར༔ ཐར་བ་ཉིད་ནས་ཡེ་ཤེས་མཐོང་བའི་དོན༔ དེ་ལས་འདས་ན་རིག་པ་མེད་པར་འགྱུར༔ ཞེས་དང་༔ ཀློང་ཆེན་ཆོས་ཀྱི་རྒྱལ་པོའི༔ སྣང་ན་ཆོས་ཉིད་གདལ་བ་སྣང་༔ སྟོང་ན་ཁམས་གསུམ་འཁོར་བ་སྟོང་༔ ཡོད་ན་སྐུ་དང་ཡེ་ཤེས་ཡོད༔ མེད་ན་ལས་དང་བག་ཆགས་མེད༔ ཅེས་སྔགས་ཀྱི་གཞི་རྒྱུད་སྤྱི་ཁྱབ་ནས་ཀྱང་གསུངས་ལ༔ ཡང་རྫོགས་ཆེན་གྱི་སྐབས་སུ་ཆོས་དབྱིངས་མཛོད་ལེའུ་བཅུ་གཅིག་པ་ལས༔ གང་ལའང་རིག་གེ་རྗེན་ནེ་བའི་ཆ་དེ་ཆོས་སྐུར་ངོ་སྤྲད་དོ་གསུངས་ཤིང་༔ མ་བསྒོམ་པའི་རིག་པ་ཟང་ཐལ་ནི་འདི་ལ་བཟླས་ཏེ༔ དེའི་ངོ་བོ་སྐྱེ་འགགས་གནས་གསུམ་དང་བྲལ་བ༔ སྨྲ་བསམ་བརྗོད་མེད་ཆེན་པོ༔ ཆོས་ཟད་མིང་མེད་ཆེན་པོ༔ དགེ་སྡིག་སྐྱོན་ཡོན་ལས་འདས་པ༔ ཐོག་མའི་ཀ་དག་ཆེན་པོ་ལ་སོགས་པར་ངོས་འཛིན་གྱི༔ སྟོང་ཆད་ནམ་མཁའ་དང་འདྲ་བར་མཚོན་པ་མ་ཡིན་ཞིང་༔ གཞན་དང་ངོ་སྤྲད་ཚུལ་མི་འདྲའོ༔ དབུ་མ་ལ་སོགས་ནས་གང་ཡང་མེད་པའི་ཆོས་ཉིད་ཆོས་སྤྱི་ལ་ཁྱབ་པ་ཞིག་ལ་དམིགས་རྩེ་གཏད་ནས་སྐྱེ་འགགས་མེད་པ་སོགས་སུ་འཇལ་ལ༔ སེམས་ཀློང་ཕལ་ལས་སྣང་ཤེས་ཐམས་ཅད་ཕྱམ་གཅིག་ཡོད་མ་མྱོང་མེད་མ་མྱོང་ལ་སོགས་པར་འཇལ་བས༔ སྤྱི་འབྱམས་གཤིས་ཤོར་གྱི་སྐྱོན་དང་གོལ་ས་ཆེའོ༔ འདི་ལ་ཐབས་གང་གིས་ཀྱང་མཚོན་དུ་ཡོད་ལ༔ ངོ་བོ་ཟང་ཐལ་རྗེན་ལ་བུད་པའི་སྤྲོས་བྲལ་ཉག་གཅིག་དུ་ཁ་འདུམ་སྟེ་སོགས་གསུངས་པ་དང་༔ མུ་ཏིག་ཕྲེང་ཆེན་གྱི་རྒྱུད་ལས༔ ཁྱབ་པ་གཉིས་སུ་གསུངས་པ་རིགས་གཉིས་སུ་བཞག་སྟེ་ངལ་བསོ་ལས་རྒྱས་འགྱུར་སྨིན་འབྲས་ལས་གཞན་བྲལ་འབྲས་སུ་གསུངས་པ་དང་༔ སངས་རྒྱས་དང་གྲུབ་ཐོབ་དགོངས་པའི་ཆུ་བོ་ཡེ་ཤེས་སུ་རོ་གཅིག་པའི་གནད་ལས་གཏེར་བདག་ཡབ་སྲས་ཀྱང་མ་ཡིན་དགག་གི་སྟོང་ཉིད་དུ་གསུངས་པའི་དོན་དེ་དང་གཞན་ཡང་ཡོད་པར་རིག་པར་བྱོས་ཤིག་གོ༔ ལར་དགོངས་མཐུན་གྱི་བཤད་གཞི་ཙམ་བཞག་ནས་དགག་དང་སྟོང་གཉིས་ལ་ཁྱད་མེད་དུ་བཞག་ཀྱང་མི་རུང་བ་ཆེར་མེད་དེ༔ ཤེས་བྱ་ལ་བདེན་གཉིས་ཀྱིས་ཁྱབ་པ་གང་ཞིག་སྣང་སྟོང་གི་ལྡོག་ཆ༔ རྣམ་པར་དག་པ་དབྱིངས་དང་ཡེ་ཤེས་ཀྱི་བཞུགས་ཚུལ་སྔགས་ཀྱི་ལྷག་པའི་ཆོས་སྐུར་བཤད་པའི་གཞི་རྒྱུད་ལ༔ འཇལ་བྱེད་ཀྱི་ཚད་མའང་དོན་གྱི་ངོས་ནས་དཔྱོད་བྱེད་མཐར་ཐུག་ཇི་ལྟར་དང་༔ ཐ་སྙད་རྣམ་དག་གི་ངོས་ནས་དཔྱོད་བྱེད་ཀྱི་ཚད་མ་མཐར་ཐུག་ཇི་སྙེད་པའི་ཡེ་ཤེས་ཏེ༔ ཇི་ལྟའི་གཟིགས་ངོའམ་མཉམ་བཞག་གི་ཐད་ནས་རང་གཞན་ཀུན་གྱིས་སྟོང་བས་མེད་དགག་དང་༔ གཞན་པོ་དེའི་ཡུལ་རྗེས་སུ་ཐོབ་པར་མྱ་ངན་ལས་འདས་པའི་དག་སྣང་སྐུ་དང་ཡེ་ཤེས་སུ་ཤར་བ་ལས་འཁོར་བའི་ཕུང་ཁམས་སྐྱེ་མཆེད་སོགས་ཀྱི་སྟོང་བས་གཞན་སྟོང་ཙམ༔ ཟུང་འཇུག་གི་ཆ་ནས་བློས་མེད་པར་བཞག་པ་ལས་ཀྱང་འདས་པས་སྤྲོས་མཚན་གང་ཡང་མ་ཡིན་པས་རྣམ་གྲངས་མིན་པའི་དོན་དམ་ལ་མ་ཡིན་དགག་གི་བརྡའ་སྦྱར་བ་མ་དག་པའི་ཀུན་རྫོབ་རྣམ་པར་ཆད་པ་དང་༔ དཀོར་བདུན་ཀྱང་ངོ་བོ་ཉིད་མེད་པའི་ལྡོག་ལས་མེད་དགག་སུ་ཤེས་ན་འགལ་བ་མེད་པའི་སྟེང་འབྲེལ་བ་ངོ་མཚར་འདྲེན་ཀྱང་༔ སྒྲ་ཙམ་ལ་རྟོན་པ་ནི་རང་མཚངས་ཐེར་ལ་འབུད་པའི་རྒྱུར་ངེས་སོ༔ སྤྲོས་པ་གང་ཡང་མིན་པས་མ་ཡིན་དགག་དང་༔ གང་ཡང་མེད་པས་མེད་དགག་ཟེར་བ་ཙམ་ལ་ཁྱད་མེད་པས་ཀྱང་འཇའ་དཔལ་བརྩད་ནས་སྤྲང་དབྱུག་བཅག་ཟེར་བ་འདྲའོ༔ དེ་ལྟར་སངས་རྒྱས་ཀྱི་བཀའི་ཕྱོགས་རེ་རེ་ནས་བཤད་དེ་གཞན་དེའི་ནང་བསྡུད་པའི་པཎྜི་ཏའི་འགྲེལ་ཕྱོགས་སོགས་མ་ཤེས་ཤིང་གདོང་གཏད་ཀྱིས་ཚིག་ལ་སྤར་ཟིན་བྱས་ན་མི་བཟང་ངོ་༔ གཡག་ན་རེ་ང་ལ་ར་ཡོད་པས་མི་ལའང་ཡོད་དགོས་ཟེར་བ་དང་འདྲའོ༔ འོན་ཀྱང་མ་ཡིན་དགག་གི་ཤུལ་དུ་ཆོས་གཞན་འཕེན་སྙམ་ཀྱང་མི་འཕེན་ཀྱང་ཆོག་སྟེ༔ དབུ་མའི་ལྟ་བ་ནི་སྤྲོས་པའི་མཚན་མ་གང་ཡང་མ་ཡིན་ནོ༔ ཞེས་པ་དང་༔ མེད་དགག་གི་དབུ་མའི་ལྟ་བ་ནི་སྤྲོས་བྲལ་ལོ༔ ཞེས་པ་ལ་ཁྱད་མེད་ཅིང་༔ འཕེན་ན་སྤྲོས་བྲལ་ཞིག་ཀྱང་ཨེ་འཕེན་བརྗོད་༼ དབུ་མའི་གཏན་ཚིགས་དག་གིས་དཔྱད་ན་རྣམ་སྤྱིའི་སྤྲོས་བྲལ་གོ་བ་དེའང་ཚིག་གི་འཕེན་ཤུགས་ཀྱི་ཡིན་པ་དང་། གཞན་དུ་གཏན་ཚིག་ལ་དགོས་འབྲས་མེད་པའི་གླ་བརྡོལ་འདྲ་ཟེར་མི་སྤོབས་པས་སོ། མཆན། ༽དཀའོ༔ འོན་ཀྱང་འདིར་ནི་བདག་ཉིད་ཆེན་པོ་བྱང་ཆུབ་ཀྱི་སེམས་འཕེན་པས་མ་ཟད་ཟག་མེད་ཆོས་ཁམས་རྫོགས་པའི་ལྡོག་སོ་སོ་བཤད་པའི་ཕྱིར་མ་ཡིན་དགགས་སུ་བཤད་པའོ༔

ལྔ་པ་དེ་ཉིད་མ་རྟོགས་པའི་ཉེས་དམིགས་ནི༔ འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རྒྱུ་ལ་ལྟོས་འཆའ་བའི་ཉེས་པས་རང་ཆས་ལྷུན་གྲུབ་ཏུ་མི་གྲོལ་བ་དང་༔ ལྟ་བསྒོམ་སྤྱོད་གསུམ་མ་འབྲེལ་པ་དང་འབྲས་བུ་རྒྱུ་ལས་བྱུང་བས་འཇིག་པའི་འདུས་བྱས་རྐྱེན་ཁ་ན་ཡོད་པར་བལྟ་བས་རང་གི་རྒྱུད་དང་བླ་མ་ཕ་ཆོས་ལ་ལོག་པར་བལྟ་བས་ཐར་མེད་སྡུག་བསྔལ་གྱིས་གདུང་བ་དག་གོ༔

དྲུག་པ་ཕན་ཡོན་ནི༔ གསངས་སྔགས་ཀྱི་ལྟ་བ་ཚུལ་བཞིན་རྟོགས་པས༔ བསྒོམ་པའི་འཇུག་ངོགས་ཤེས༔ སྒྲུབ་གཞི་རང་ལ་ཡོད་པས་འབྲས་བུ་བདེ་བླག་གིས་ཐོབ༔ འཇུག་པ་དོན་མཐུན་གྱི་ཚིག་གི་སྲ་མི་ཡས༔ སེང་གེའི་སྒྲ་བསྒྲགས་པས་གྲོང་ཁྱེར་ཕྱི་ཕྱག་གིས་ཕུལ༔ ཐུན་མོང་དུ་སེམས་ཅན་ཐམས་ཅད་ལ་སྙིང་པོ་ཡོད་པར་ཤེས་པས་སེམས་ཞུམ་དང་སེམས་ཅན་དམན་བརྙས་སོགས་མི་འབྱུང་བ་དང་༔ སྣང་གྲགས་རིག་པ་ལྷ་སྔགས་ཆོས་ཉིད་དུ་འབྱམས་ཀླས་པས་འབད་རྩོལ་མེད་པར་གྲོལ་བའི་དགོས་པ་ཡོད་དོ༔ འདི་ལྟར་བརྩམས་པ་འདིའི་ཀྱང་ཕ་ཆོས་ལ་སྨྲེ་ངན་གླེང་བ་ཁེག༔ བླ་མ་བརྒྱུད་པ་ལ་ལོག་པར་བལྟ་བ་ཁེག་པ་སོགས་དང་རྒྱུད་ཀྱི་དགོངས་པ་ལོན༔ བྱིན་རླབས་ཀྱི་ཚན་ཁ་མི་ཉམས་པས་མྱུར་དུ་མཆོག་ཐུན་དངོས་གྲུབ་མཐའ་དག་ཐོབ་པའོ༔ དེ་ལྟར་རྒྱུད་ལུང་མན་ངག་སྙིང་པོའི་དོན༔ ཁོང་སྙིང་བསྡེབས་ནས་གབ་པ་མངོན་བྱུང་ཞིང་༔ རོ་ནུས་བསྲེ་སྦྱོར་ཚད་པའི་སྨན་ཆེན་འདིས༔ འགྲོ་ཀུན་ཉེས་བརྒྱའི་གཅོང་ནད་ཞི་གྱུར་ཅིག༔ ཨོ་རྒྱན་མཁན་པོ་པདྨ་ཀ་ར་ང་༔ སྔར་ཞིག་བྱུང་ནས་ད་ལྟ་མེད་པ་མིན༔ དྲི་མེད་ཆོས་སྤྱན་ལྡན་པའི་བྱང་ཆུབ་སྲས༔ གཏེར་རིགས་བྱེ་བ་བཅོ་བརྒྱད་དག་དང་སྤྲོད༔ ད་དུང་སྲིད་འགྲོའི་གནས་ཁམས་མ་སྟོངས་པར༔ རྗེས་སུ་བཟུང་བའི་ཐབས་དང་ཚུལ་གར་མཁྱེན༔ བཞིན་ལས་ཇི་ལྟར་འཚམས་པའི་འཁོར་ལོ་ནི༔ རྒྱལ་ཆེན་བླ་ན་མེད་པ་བསྐོར་བར་འགྱུར༔ རིན་ཆེན་སྒྲོམ་བུ་བསྟན་པའི་སྲོག་ཤིང་མནོག༔ སྲས་གྱུར་དགོངས་པ་བསྟན་པའི་བཙས་ཀྱི་ཚུལ༔ གང་དུ་ལུས་ལ་གཏེར་འཆང་མི་བཞིན་དུ༔ གནས་པའི་ས་ཕྱོགས་དེ་ཡང་དཀར་པོའི་གླིང་༔ ནམ་མཁའ་འཇིགས་མེད་ཁྱོད་ལ་གཏད་དོ་རྒྱ༔ ཕྲིན་ལས་མཐའ་ཡས་འགྲོ་ཁམས་དོང་སྤྲུགས་ཤོག༔ ཨེ་མ་ཧོ་ཡེ་ངོ་མཚར་འཕྲུལ་གྱིས་བྲིས༔ འདི་ཡི་ཀློང་ན་དེ་འདྲ་བརྒྱ་ཕྲག་གནས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ། །དགེའོ། །དགེའོ། །སརྦ་མངྒལཾ། །

འོག་སྒོའི་གནད་བསྡུས་པ་བདེ་ཆེན་ཡེ་ཤེས་མྱུར་འདྲེན

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ འོག་སྒོའི་གནད་བསྡུས་པ་བདེ་ཆེན་ཡེ་ཤེས་མྱུར་འདྲེན་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀུན༔ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི༔ གནས་ཚུལ་ཇི་བཞིན་དེ་བཞིན་དུ༔ རྟོགས་ནས་རྗེས་སུ་གཤེགས་པ་ཡིན༔ ས་མ་ཡཱ༔ དེ་ཡི་ཐབས་ནི་ཕྱག་རྒྱ་སྟེ༔ བརྟགས་དང་འགུགས་དང་སྦྱངས་པའོ༔ གང་ལའང་གཏུམ་མོའི་དམ་ཚིག་གི༔ ཕྱག་རྒྱ་རབ་ཏུ་གོམས་པར་བྱ༔ རྩ་རླུང་ཐིག་ལེ་ལས་རུང་གི༔ ཡིད་རིག་ཆོས་ཀྱི་ཕྱག་རྒྱ་ལ༔ ཡང་དུ་ཡང་དུ་སྦྱངས་ནས་སུ༔ ཐིག་ལེ་མི་འཕོའི་གདེངས་གྱུར་ན༔ གདོད་ཀྱི་དངོས་རིག་ཉིད་ལས་སུ༔ བསྙེན་པ་དང་ནི་ཉེ་བར་བསྙེན༔ བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ༔ རྟེན་འབྲེལ་གནད་དང་ལྡན་པ་གཅེས༔ དེ་ནས་དང་པོ་བརྟགས་པ་ནི༔ མཁའ་འགྲོ་ལྔ་དང་དབྱིངས་ལྔ་དང་༔ ཤེས་རབ་ལྔ་དང་ཡེ་ཤེས་ལྔ༔ རིགས་ལྔའི་ཆོས་ལྔའི་བསྡུ་ཕྱིར་དང་༔ ངོ་བོ་ལྔ་ཡི་རྟེན་འབྲེལ་ལས༔ བུད་མེད་སྒྱུ་མའི་རྣམ་པ་ལྔ༔ ཤེས་རབ་ཡེ་ཤེས་བུམ་པའི་གཟུགས༔ ཉོན་མོངས་ལྔ་དག་སྐུ་ལྔར་སྦྱོར༔ ས་མ་ཡ༔ དེ་ལྟར་བུད་མེད་རིགས་རྣམས་ཐམས་ཅད་ལ༔ བརྟགས་བཀུགས་སྦྱང་བསྒྲོད་བཞི་ལས་དང་པོ་ལ༔ སྐྱོན་དང་ཡོན་ཏན་ཅན་གྱི་བྱེ་བྲག་གཉིས༔ དང་པོ་ལ་ནི་དད་དང་ངོ་ཚ་མེད༔ རིགས་དང་རང་བཞིན་ཉམས་པ་སྤངས་བར་བྱ༔ དེ་ཡང་སོ་སོའི་ལས་ཀྱི་ཡུལ་ལས་ལྡོག༔ རང་བཞིན་རྩུབ་ཅིང་སྒོ་གསུམ་མི་དགེ་པའོ༔ ཁྱད་པར་རྩ་ཞིག་ཞ་གུད་བདེ་བྲལ་སྐྱོན༔ བུ་ཚ་སྐྱེ་དང་དཔྱད་ཀྱིས་བདེ་ལམ་ཉམས༔ ལས་དྲག་མྱ་ངན་སྟོབས་ཀྱིས་གུད་པའོ༔ མ་སྨིན་ཟད་ཡལ་སྐྱོན་ཅན་གོ་རིམ་བཞིན༔ ལོ་བཅུ་མན་དང་སུམ་ཅུ་དངས་མ་ཟག༔ བུ་ཚ་སྐྱེ་དང་ཁམས་ཟས་མེད་ཉམས་པའོ༔ སྐྱོན་ཅན་ནད་བུ་ཡོད་པ་ཐམས་ཅད་དེ༔ གཞན་ཡང་བཀྲ་མི་ཤིས་པའི་རིག་མ་ཀུན༔ རྣམ་པར་མ་སྤངས་འདོད་པས་དབང་མེད་སྤྱོད༔ དེ་དག་སྔགས་པ་ངན་སོང་སྐྱེ་བའི་རྒྱུ༔ སྐྱོན་བྲལ་ཡོན་ཏན་ཕུན་ཚོགས་གཟུང༵ས་མ༵་ནི༔ སྒྱུ་མ་མཆོག་གི་བདེ་ཆེན་ཡེ་ཤེས་འདྲེན༔ དེ་ཕྱིར་ཐོག་མར་བརྟགས་པར་བྱ་བ་ལ༔ རྒྱལ༵་རྗེ༵་དམངས་གཙང་བྲམ་ཟེའུ་གདོལ་བ་ནི༔ རིམ་བཞིན་སངས་རྒྱས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་རིགས་སངས་རྒྱས་འགྲུབ་པ་ལས༔ རེ་རེའི་ཐམས་ཅད་འགྲུབ་པ་དཀའ་བའི་ཕྱིར༔ མཁའ་འགྲོ་སྡེ་ལྔའི་གྲངས་ཀྱི་ཡུམ་ལྔར་ངེས༔ ནང༵་ལྟར་གནོད་སྦྱིན་ལྷ་ཀླུ་ཚངས་བུ་མོ༔ བརྒྱ་བྱིན་བུ་མོའི་རིགས་ལྔའི་སངས་རྒྱས་འགྲུབ༔ གས༵ང་བ༵་རྩ་རིགས་ལྔ་ལས་རིགས་ལྔར་བསྔགས༔ དུང་ཅན་རི་དྭགས་རི་མོ་བ་གླང་དང་༔ སྣ་ཚོགས་ཅན་གྱི་རིགས་ལྔ་སོ་སོ་དང་༔ པདྨ་ཅན་ནི་ལྔ་འདུས་ཀུན་ཏུ་བཟང་༔ རི་དྭགས་དུང་ཅན་གླང་པོ་པདྨས་ནི༔ ལུས་ངག་ཡིད་སེམས་བདེ་བ་རྒྱས་པར་བྱེད༔ སྣ་ཚོགས་ཅན་ནི་ལས་བཞི་འགྲུབ་ལ་བསྔགས༔ ཁྱད་པར་མི་མོ་མཁའ་འགྲོའི་ཐུན་མཆོག་གི༔ དངོས་གྲུབ་བདེ་བླག་འགྲུབ་པོ་ས་མ་ཡཱ༔ རྒྱས་ལྔའི་སྟོབས་ཅན་གསལ་བྱེད་ཕྱི་ཡི་རྒྱན༔ ཨྠི༔ ཕྱི་ནང་གསང་བ་ཡོངས་རྫོགས་རིགས་བཅུ་བདུན༔ མཁའ་འགྲོ་ལས་བཞིན་མི་མོ་ཅིར་ཡོད་པས༔ ལྔ་བཅུ་ལ་སོགས་བསམ་གྱིས་མི་ཁྱབ་པ༔ རྒྱུད་སྡེའི་དགོངས་པ་མང་ཞིག་གསལ་ནའང་༔ ཐམས་ཅད་བསྡུས་ཏེ་རིགས་ལྔར་ངེས་པའི་ཕྱིར༔ འདི་ན་དེ་དག་བརྟགས་པའི་མཚན་དཔེ་བཤད༔ རྗེས་འབྲེལ་བཀུགས་སྦྱངས་འབྱོར་ཐབས་དང་བཅས་སོ༔ ཆོས་བདག་མཁའ་འགྲོའི་འཁྲེན་གཟེར་མ་ཆེ་ཞིག༔ ས་མ་ཡཱ༔ ཁྱད་པར་ལྷ་མོ་ཀླུ་མོ་རིགས་ངན་མོ༔ སྡོང་གཅིག་མེས་རག་ན་ཚོད་སྲ་རྟགས་ལས༔ བརྟགས་པ་མང་ཞིག་སོ་སོའི་རྒྱུད་ལས་བཀར༔ ཉི་ཟླ་མཉམ་དང་རེས་མོས་འཛེག་རིམ་གྱི༔ ཡབ་ཡུམ་གཉིས་ཀ་བདེ་བཞི་བཅུ་གཉིས་དང་༔ བཅུ་དྲུག་ཉི་ཤུ་ཐམ་པས་འགྲུབ་པ་ཡིན༔ དེ་དག་གང་ཡང་རིགས་ཅན་སྔ་མའི་བསྡུས༔ ཐུགས་གསུང་སྐུ་ཡི་རིགས་ལ་བསྔགས་པ་ཡིན༔ མདོར་བསྡུས་ཁ་དོག་འགྲོས་དང་སྐད་ཀྱི་བརྟགས༔ པདྨ་ཅན་ནི་བྱད་ཟླུམ་ཁ་དོག་སྨུག༔ སྐད་ཕྲ་ཡིད་འོང་བོང་ཆུང་སྦོམ་ཡིད་འོང་༔ ཆགས་པ་སྐྱེད་མཁས་སྐྲ་སེར་འཇམ་ཞིང་འཐུག༔ སེན་མོའི་འོད་དམར་སྨིན་མཚམས་བར་མ་ཆད༔ བཅོ་ལྔའི་ལོ་ཚུན་པདྨ་རྒྱས་པའི་ཚད༔ བྱད་ཟླུམ་ཆེ་ཆུང་སྙོམ་མཛེས་ཁ་དོག་དཀར༔ སོ་དཀར་ལུས་རགས་དཔའ་རྟུལ་ཆེ་བ་དང་༔ མིག་རྩ་ཅུང་དམར་སྐྲ་གནག་འཛུམ་ཁ་སྙི༔ སོར་མོ་ཕྲ་མཉེན་སེང་གེའི་འགྲོས་དང་ལྡན༔ སྐད་ནི་ཚངས་དབྱངས་དང་མཚུངས་བཅུ་དྲུག་ལོ༔ དུང་ཅན་མ་ཡི་རིགས་ལ་ངེས་པར་རྟོགས༔ རི་དྭགས་སྟོད་འདྲ་ཤ་རྒྱས་ནུ་མ་ཆེ༔ རི་དྭགས་སྨད་བཞིན་ཤ་རྒྱས་བྷ་ག་རུབ༔ ཉེ་གནས་དབུག་བཅས་གླ་རྩི་བྲོ་བ་སྟེ༔ སྐེད་པ་ཕྲ་ཞིང་འགྲོས་དལ་མི་འཛུམ་བལྟ༔ སྐད་སྙན་པ་སྟེ་སྤྱི་ཡི་རྡོ་རྗེའི་ཡུམ༔ རི་མོ་ཅན་ནི་ཁ་ཆུང་ཤ་ཡང་སེར༔ བྱད་དཀྱུས་རིང་ཞིང་གཟུགས་ཕྲ་སྨྲ་བ་ཉུང་༔ དཔའ་བརྟུལ་ཆེ་ཞིང་མིག་འབྲས་དཀར་ནག་འབྱེད༔ ཤ་སྲབ་མཚོན་སྤུ་གསལ་ཞིང་ང་རོ་ཆུང་༔ ཡིད་འོང་གླང་ཆེན་འགྲོས་ལྡན་བཅུ་བཞི་ལོ༔ བ་གླང་ཅན་ནི་བྱད་རིང་ཤ་རྩི་སྔོ༔ སོ་དཀར་མིག་གི་དཀྱུས་རིང་ནག་པོར་ཡོད༔ མི་རིང་ཁོད་སྙོམས་ཁོང་དལ་ཆེ་བ་སྟེ༔ རྣ་བ་ཆེ་ཞིང་ཡན་ལག་ཐུང་ངུ་ལ༔ ངོ་ཚ་ཁ་དབང་ཆེ་ཞིང་སྤྱོད་པ་རྩིང་༔ ལྷོད་ཆགས་སྐད་སྙན་དྲི་ཞིམ་མནམ་པའོ༔ གོང་བསྟན་རིམ་པས་མཚན་བརྟགས་རེ་གཉིས་འཛོམ༔ སྣ་ཚོགས་མ་ཞེས་ལས་ཀྱི་རིགས་ཀྱི་ཡུམ༔ དེ་དག་ཕྱི་རྟགས་མཚན་མ་འབྱུང་བ་ནི༔ ནང་གི་དྷཱུ་ཏཱིའི་མར་སྣ་ཡོད་ཚུལ་དང་༔ མཚན་ཉིད་འདྲ་བར་དུང་ཅན་སྣ་དང་སྐྲ༔ རིང་འཁྱིལ་རི་དྲགས་ཨེ་ནའི་བྱིན་པ་བཞིན༔ རྩ་ཕྲ་ཁ་བཙུམ་རིང་བ་རི་མོ་དང་༔ ལུས་སྦོམ་རི་དྭགས་ཅན་གྱི་རྟགས་སུ་ངེས༔ རི་མོ་ཅན་གྱི་རྩ་ལ་ཡན་ལག་ཨ༔ དེ་རྟགས་ཐོད་པར་འགྲེང་བས་རི་མོ་འཕྲེད༔ བ་གླང་ཅན་གྱི་རྩ་ནི་བག་ཉལ་བས༔ ཤེས་པ་རྨུགས་འཐིབ་ཅུང་ཟད་བླུན་པོ་འདྲ༔ གཡོན་ནས་གཡས་སུ་འཁྱིལ་བས་རྩ་སྣའི་དབྱིབས༔ བུད་མེད་དེ་ཡི་དྲི་འཛིན་གཡས་སུ་འཁྱིལ༔ སྣ་ཚོགས་མ་ནི་རེ་གཉིས་མ་ངེས་འཛོམ༔ པདྨ་ཅན་མཆོག་པདྨའི་དབྱིབས་རྩའི་རྟགས༔ སྣ་ཡང་མེ་ཏོག་ཛ་བའི་དབྱིབས་ལྟར་ཡོད༔ གནད་ལ་རིམ་བཞིན་གཅུད་དང་སློང་བ་དང་༔ ཆགས་སློང་འགུགས་དང་ལྷན་ཅིག་ཚོགས་པ་དང་༔ རྩ་ཁ་འབྱེད་པ་པདྨ་ཅན་ལའོ༔ བསྟེན་ཅིང་སྦྱར་དང་མཐོང་དང་རེག་པས་བསམ༔ ཡང་ན་བསམ་སྦྱར་བསྟེན་པས་རིམ་པ་ཡི༔ དམན་འབྲིང་མཆོག་གི་དངོས་གྲུབ་འདུ་བྱེད་དོ༔ བརྟེན་མ་བསྒྲོད་ཚུལ་གྷ་ཧ་ར་ཏི་དང་༔ བི་ལ་སའི་ཆིང་གཉིས་ལ་ཁྱབ་པར་འཇུག༔ བྱོལ་སོང་གིས་ལྟར་པདྨའི་བྱེད་པ་རྣམས༔ རྐང་གཉིས་ཕྲག་བཀལ་འོག་ནས་བསྒྲོད་པ་དང་༔ རྡོ་རྗེ་སེམས་ལྟར་སྐྱིལ་ཀྲུང་གཉིས་ཡིན་ཏེ༔ རྒྱབ་དང་ཐ་མལ་ལྟར་དུ་སྟེང་ནས་སོ༔ དེ་ཡི་ངེས་པ་ཕྱག་རྒྱའི་བདེ་བའི་རྩ༔ པདྨའི་ཟེ་བ་དྲང་བོར་དུང་ཅན་གྱི༔ བཤང་པའི་ལམ་དངོས་སྟེང་ན་ལྷོ་ནུབ་ཀྱི༔ ཟེའུའི་འགོ་རུ་བ་གླང་ཟེའུ་འབྲུའི་རྩེར༔ པདྨ་ཅན་གྱི་རྩ་ལ་གདབས་ཡུལ་ཡོད༔ རིགས་ཀྱི་མཚན་མ་འདི་ལས་ཕྱེ་བ་ཡི༔ བཟང་ངན་བར་བའི་ཁྱད་པར་བཅོ་ལྔར་འགྱུར༔ གཞན་དོན་སྙིང་རྗེའི་གཟུངས་ནུས་གང་ཟག་གི༔ རིགས་དང་སྐྱེ་གནས་འདམ་ཀ་མེད་པར་སྤྱོད༔ ས་མ་ཡཱ༔ གཉིས་པ་བདག་གིར་འགུགས་པའི་རིམ་པ་ལ༔ རྫས་སྔགས་འཁོར་ལོའི་དམིགས་པའི་འགུགས་ཚུལ་ནི༔ དང་པོ་རིལ་བུ་ཕྱེ་མ་གཏོར་པ་དང་༔ རང་གི་སྤྱི་བོར་ཐིག་ལེ་བྱ་བའོ༔ ཡང་ན་རྒོད་རུས་རང་གི་བྱང་ཆུབ་སེམས༔ ཁྱི་ཡི་སྙིང་ཁྲག་པདྨའི་རཀྟ་དང་༔ བོང་བའི་ས་བོན་ཁབ་ལེན་ཟར་མིའི་ཆུ༔ སྐྱེས་དར་སྲིན་ལག་ཁྲག་གི་རྫས་དེ་དག༔ ཁྱི་ཡི་ལང་ཀའི་དྲེགས་པ་སྦྲང་ཆ་མཉམ༔ བཟའ་བཏུང་དང་སྦྱར་བྱིན་པས་དབང་དུ་འདུས༔ དམིགས་བྱར་བྲབ་ཅིང་རང་གི་དཔྲལ་བར་ནི༔ ཐིག་ལེ་བྱས་ཤིང་ཤོག་ཤོག་སྨྲས་པས་འགྲུབ༔ མི་ཁྱིའི་ལག་ངར་གཡས་པ་བསྲེག་ཐལ་ལ༔ རྒོད་བྲུན་བྱང་བལྟས་ཕུག་པར་སྐྱེས་པའི་རྩ༔ རྩེ་མོ་ལྷོར་བསྟན་བཞི་སྦྱར་དཔྲལ་བ་རུ༔ ལི་ཁྲི་དང་བསྲེས་ཐིག་ལེ་བྱས་ལ་བསྟན༔ ས་མ་ཡཱ༔ སྔགས་ནི༔ ཨོཾ་ལྷང་ལྷང་བསྡུས་བསྡུས་བཛྲ་ས་ཏྭ་ཙིཏྟ་བྲེང་བྲེང་མངལ་གྱི་སྲིན་བུ་སློང་ཆྒཻམོ་བྷ་ཤི་ཀུ་རུ་ཧོ༔ སྟོང་བཟླས༔ ཨོཾ་མ་ཧཱ་བྷོ་དྷི་ཙིཏྟ་ཛྙཱ་ན་སུ་ཁ་ཧོ༔ སརྦ་མ་ཧཱ་མུ་དྲ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཁྲི་དང་ཀ་ལི་སོ་བཞི་བཏབས་པས་ཀྱང་འགྲུབ་པོ༔ ཡང་འཁོར་ལོར་རྩིབས་བརྒྱད་པ་ཆ་གཅིག་དར་དམར་ལ་སྐེགས་ཀྱི་བྲིས༔ གཅིག་ལས་ལ་སྦྱར་ཚེ་རང་གི་ལག་པ་ལ་བྲིས་ཏེ་མོ་ལ་བསྟན་པས་དབང་དུ་འགྱུར་རོ༔ དེ་ཡང་ལྟེ་བ་ལ་མིང་སྤེལ་ལ་དབང་དུ་གྱུར་ཅིག༔ ཨཾ་ཀུ་ཤ་ཛ༔ ཞེས་དང་རྩིབས་བརྒྱད་ལ༔ ཧྲཱི༔ དང་ཡང་ན་དེ་དང་སྤེལ་ནས་༼ སྔགས་འདི་རྩིབས་མཆན་ལ་བྲི་ ༽མ་ཧཱ་སརྦ་མུ་དྲ་ཝ་ཤཾ་ཀུ་རུ་ཧོ༔ ཞེས་བྲིས་དབྱངས་གསལ་རྟེན་སྙིང་རང་སྔགས་ཀྱི་རབ་གནས་བྱས་པའི་སྟེང་དུ༔ རྫས་མཚལ༔ ལི་ཁྲི༔ ལྡོང་རོས༔ པདྨ་རཀྟ༔ ཁྲའམ་མ་རྙེད་ན་བྱ་མོའི་སེར་སྒོང་བཅས་བྱུག་ཤིས་པ་བརྗོད་དོ༔ མོ་ལ་བསྟན་དུས་ཤོག་ཤོག་ཛ་ཛ༔ བརྗོད་པས་འགུགས་ངེས་སོ༔ ཡང་དམིགས་པ་ནི༔ རང་གི་གཡས་སུ་ཆོས་སྐྱོངས་ཀྱི་ཐུགས་ཀ་ནས་ཧྲཱི༔ ༼ དམར་ ༽འཕྲོས་པའི་འོད་ཀྱིས་སེམས་དབང་དུ་བྱས༔ ཕྱག་གི་ལྕགས་ཀྱུའི་ལུས་དབང་དུ་བྱ་བར་བསྒོམ་མོ༔ དེས་ངེས་པར་ཁུག་འོང་ངོ༔ གསུམ་པ་སྦྱང་བར་བྱེད་པའི་ཐབས་མཁས་སུ༔ ཐུན་མོང་སྐྱབས་གསུམ་འཛིན་པ་ནས་བཟུང་སྟེ༔ དབང་མཆོག་རྫོགས་པར་དམ་ཚིག་དང་བཅས་བཤད༔ གསལ་བར་ལྡན་རབ་མིན་ཀྱང་གནས་ཀུན་བརླབས༔ མ་སྨིན་རིག་མ་བརྟེན་ན་དམ་ཚིག་ཉམས༔ དེ་གྲུབ་འདོད་པས་བསྟན་ཆོས་ཀྱིས་རྒྱས་ཕྱིར༔ རྩ་བ་བརྒྱད་དང་ཡན་ལག་དྲུག་ཅུ་སྤྱད༔ བསྡུས་ན་དྲི་ཞིམ་ལུས་ལ་སྐུད་པ་དང་༔ རྣ་བར་སེན་མོ་བཟོད་པར་བཅུ་གསུམ་ཚུགས་མཉེ་ཞིང་མཁལ་འཕོང་མཆན་ལ་སེན་མོ་རྩེན༔ མི་སྤྱོད་འཁྱུད་པ་གཡའ་ཟའི་གནས་དང་ནི༔ མིག་ཕོན་ཡ་མཆུར་སོ་འདེབས་ལྕེ་གཞིབ་པོ༔ སྐྱེ་སྒོ་པདྨ་ལ་སོགས་རྩ་ཕྲས་བསྐུལ༔ ཐུན་མོང་མ་ཡིན་ནང་དང་གསང་བ་གཉིས༔ དང་པོ་སོ་སོ་དག་ལ་གདམས་ངག་དྲུག༔ དུང་ཅན་བཅུད་ཕྱིར་རང་གི་གསང་རྩའི་སྦུབས༔ གཞན་གྱི་རྒྱས་པའི་བུ་མོ་ཤེས་རབ་རྩ༔ ཆགས་སྤྱོད་དུས་སུ་ཅུང་ཟད་ཕྱིར་རིང་བར༔ བྱ་རོག་གདོང་རྩེར་ལྷག་པ་བཅུག་ཅིང་བསྡམ༔ སློང་བའི་ཐབས་སུ་རྫས་ཀྱི་མཆོག་གྱུར་བ༔ བྱ་བྲ་སྦྲང་སྦྱར་རང་གི་རྡོ་རྗེར་བྱུག༔ ཡང་ན་ཡུང་བ་བྱང་བུལ་མ་ནི་དང་༔ རྒྱ་ཚ་བྱ་བྲ་ཆ་གས་ཕྱེ་མ་བྱུག༔ སྲིན་ལག་བུ་མོའི་གཡོན་ཕྱོགས་རྩིབས་མ་དང་༔ ནུ་མ་མཉེད་དང་མགྲིན་པའི་སྟེང་འོག་འཁྱུད༔ ཧ་ལ་དབྱིངས་བཞིའི་ལྡན་པའི་སྒྲ་དབྱངས་སྒྲོགས༔ སྤྱི་བོ་ཉིད་ལ་མཁྲིས་སྣའི་ཐིག་ལེ་བྱ༔ ཆགས་པ་སློང་བ་གོང་གི་རྩ་ཚིག་བཞིན༔ ཚོལ་བ་སྤྱི་ལ་རང་རང་གནས་སུ་དཀྱོགས༔ འགུགས་ཤིང་བཟུང་བ་ཁྱི་སྒོག་ཛ་ཏི་དང་༔ ལི་ཁྲིའམ་སིན་རྡུ་ར་བྱུག་འཆོར་མི་སྲིད༔ ཐམས་ཅད་ཚོགས་བྱས་བུ་མོའི་ཁམས་རྒྱས་འགྱུར༔ རྩ་བ་ལྔ་དང་ལུག་ཐུག་ཚང་ར་དང་༔ མཆིལ་བའི་ཤ་དང་བུ་རམ་བསྲེས་ལ་སྦྱིན༔ པད་ཅན་ལས་གཙོ་ཀུན་ལ་རྩ་ཡི་ཁ༔ ཕྱེད་ཕྱིར་རྡོ་རྗེ་མཁའ་འགྲོ་ལ་སོགས་པ༔ གསར་མའི་རྒྱུད་དང་དཀྱིལ་ཆོག་རྡོར་ཕྲེང་དང་༔ བ་ཚབ་འགྱུར་གསལ་༼ པ་ཚབ་འགྱུར་གསར་དཔྱད། ༽རྡོ་རྗེ་གུར་མགོན་སོགས༔ དགོངས་པ་ལེན་ཚུལ་སོར་མོ་གསུམ་བཀུགས་ནས༔ སྐྱེ་གནས་དཀྲུག་དང་སྔགས་པའི་རོ་འཛིན་གྱིས༔ བྱ་རོག་གདོང་བསྒུལ་རྩ་ཁ་ཕྱེད་ནུས་རྟགས༔ སྲིད་ཅེས་རང་སྒྲ་འབྱུང་བའི་ཡིན་གསུང་ཀྱང་༔ སྨེ་སྤྱོད་དེ་དང་གསང་དབང་སློབ་དཔོན་གྱིས༔ ལྕེ་ཡི་བླངས་པ་རོ་མྱོང་ཕོ་དབང་ལ༔ དགོངས་པ་བླངས་ནས་བསྐྱོད་འདྲུད་ཁྱད་པར་འཕགས༔ ལས་རྒྱར་ལྕེ་དང་མཛུབ་མོར་ཡི་གེ་བཀོད༔ སྦྱར་བས་ཐིག་ལེ་དབབས་བརྟན་མེད་བཞིན་ཏུ༔ ཁྱད་ཆོས་འདི་ཀུན་ཡོད་པའི་སྐད་གསང་ལ༔ ལྟོས་ན་པདྨའི་རྗེས་ཞུགས་མཚོན་དུ་མེད༔ བྱིང་བས་རྡོ་རྗེ་རྒོད་ཚིལ་འབྲུ་མར་གྱིས༔ བྱུག་པ་ཕྱག་རྒྱའི་གཅི་ལམ་ནས་གཞུགས་ཏེ༔ མཁལ་ཁུང་གྲུ་གུ་ཆུང་བ་གཉིས་བསྡམས་བཅིང་༔ རྒྱབ་ནས་སྒ་བསྟད་གན་རྐྱལ་བསྙལ་བ་ན༔ བྷ་གའི་ཟུར་གཉིས་འབུར་པོར་འབྱུང་བ་སྟེ༔ དེ་དུས་བྷ་ག་ཁ་ཕྱེས་བལྟས་པ་ན༔ དུང་ཅན་མ་ནི་རྩ་སྣ་འཁྱིལ་ནས་འོང་༔ པདྨ་ཅན་དག་པདྨའི་ཟེ་བ་འདྲ༔ རི་དྭགས་ཅན་ནི་གླ་བའི་ལྟེ་སྦུབས་བཞིན༔ གླང་པོ་མ་ནི་ཅུང་ཟད་འཁྱིལ་ཞིང་བསྲིང་༔ སྣ་ཚོགས་བྱ་གདོང་ངམ་བྱི་ཐུར་བཞིན་དུ་ཟིང་༔ ཕལ་བའི་རྩ་ནི་འཁྱིལ་འཁྱུགས་གཏུམ་པར་འོང་༔ རྩ་སྣ་རིང་ཐུང་སྦོབ་ཕྲ་འབྲིང་པོའི་ལས༔ བདེ་བ་བསྐྱེད་བསྡུད་གནས་པ་ཐ་དད་པས༔ སྐྱོན་སེལ་སླད་དུ་སྤོམ་ན་མངར་གསུམ་དང་༔ འོ་མ་རྩི་མར་ཁྱི་ཡི་ཚིལ་བྱུག་པས༔ ཐབས་ངན་དེ་འདྲ་མི་དགོས་ལེགས་པར་འབྱེད༔ འདི་འདྲ་གཙང་བདེ་རྙིང་མ་མཆོག་གི་སྤྱད༔ ས་མ་ཡཱ༔ གཉིས་པ་གསང་ལྟར་སྦྱངས་ཞིང་སྦྱོད༼ སྤྱོད་དཔྱད། ༽་བ་ལ༔ བདག་དང་རིག་མ་གསལ་ལྡན་ཕན་ཚུན་དུ༔ ལྷ་རུ་བསྒོམ་པ་རྩ་རླུང་སྤྱི་འགྲོ་དང་༔ བསྟུན་ནས་རིགས་གཅིག་ཁྲོ་བོའི་རྒྱལ་པོ་ཡི༔ ལུས་དཀྱིལ་བཀོད་ཅིང་སྙིང་ཀར་ཡེ་ཤེས་སེམས༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང་༔ གནས་ལྔར་དཔལ་ཆེན་བསྒྲུབ་པ་བཀའ་བརྒྱད་པོའི༔ ཕོ་རྣམས་ཡབ་ཀྱི་ལུས་ལ་རྫོགས་པ་དང་༔ ཡུམ་རྣམས་ཡུམ་གྱི་ལུས་ལ་ཞུགས་པ་ཡི༔ གནས་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་སོགས༔ དཀྱིལ་འཁོར་ཐམས་ཅད་མོས་ངེས་རྫོགས་རིམ་གྱིས༔ སྤྱི་བོར་བླ་མ་རིགས་ཀུན་ཁྱབ་བདག་ནི༔ སྐྱེ་བ་སྤྲུལ་སྐུའི་དབང་རྟགས་ཅོད་པཎ་ཆེ༔ ཡབ་ཡུམ་ཟུང་འཇུག་གཅེར་བུ་འཁྲིལ་སྦྱོར་རོལ༔ རྩ་གསུམ་འཁོར་ལོ་ཡང་ཕྲན་དང་བཅས་པ༔ སྟོང་ཕྲག་བདུན་ཅུ་རྩ་གཉིས་ཚང་བར་བསྐྱེད༔ རྩ་གསུམ་ཀ་བ་ལྟ་བུར་དབུས་གནས་པའི༔ ཨ་ཧཾ་མགོན་པོ་ལྷ་མོར་བཅས་པ་ཡི༔ རླུང་གིས་བསྐུལ་བས་གཏུམ་མོའི་མེ་འབར་ནས༔ བདེ་ཆེན་དབུ་མའི་ལམ་ནས་ཡར་ཐལ་ཏེ༔ མར་སྣེའི་མདུད་པ་པདྨའི་ཕཊ་ཀྱིས་ཌལ༔ བླ་མ་ཡབ་ཡུམ་ལུས་དཀྱིལ་བཅས་པ་ཡི༔ ཟླ་བ་འཇུ་འདུལ་བདུད་རྩི་ཡས་འབབ་བསམ༔ ཡབ་ཡུམ་ཡི་དམ་ལྷ་རུ་གསལ་བ་ཡི༔ ལིང་ཀ་རྡོ་རྗེ་སྔོན་པོ་རྭ་གདེངས་པ༔ རྩེ་ལྔའི་སྦུག་མ་བུམ་པའི་རྣམ་པ་ཅན༔ པདྨ་གེ་སར་འཛུམ་པའི་གཞལ་ཡས་ཁང་༔ གནས་པར་བསྒོམ་ཞིང་ཅུང་ཟད་སྲུབས་བསྐྱོད་ནས༔ རྡོ་རྗེ་པདྨོའི་སྦུ་གུ་ཧྲཱི༔ ཕཊ་ཀྱིས༔ དགག་པས་སྦྱོར་བཞི་རླུང་ཐིག་འབེབས་སྦྱོང་གིས༔ འཁོར་ལོ་བཞི་རུ་ཨོཾ༔གདང་རིམ་ནུབ་ཀྱིས༔ ཆ་འདྲེས་དུས་ཚད་བསྟུན་པས་དབབ་བཟུང་བཟློག༔ འགྲེམ་ཞིང་ཀ་དག་སྟོང་བར་ལ་བཟླ་བའི༔ ཕྱག་རྒྱ་གསུམ་གསུམ་སྨིན་སྦྱོངས་ཁྱད་པར་དུ༔ འགྲོ་བ་འདི་ལས་ཐབས་མཁས་རྣམ་པ་བཞིའི༔ དགོས་པ་ལྷུན་གྲུབ་སྔགས་ཀྱི་ཁྱད་ཆོས་ཏེ༔ ས་མ་ཡཱ༔ དངོས་གཞི་ཐིག་ལེ་དབབ་བསྐྱིལ་ལྡོག་དང་དགྲམ༔ ཡེ་ཤེས་ཆེན་པོའི་ངང་དུ་ལ་བཟླ་བའོ༔ དབབས་ལ་མཁས་པ་ཞུན་བྱེད་ལྟ་བུ་ཞེས༔ ལྷ་སྐུ་སྣང་སྟོང་སྒྱུ་མའི་ཡབ་ཡུམ་གཉིས༔ མཐའ་ཡས་འགྲོ་ལ་བྱམས་དང་སྙིང་རྗེའི་ཤུགས༔ མ་འགགས་བྱང་ཆུབ་སེམས་མཆོག་བསྐྱེད་པ་ནི༔ ཐབས་འདིའི་བདེ་ཆེན་ལྷན་ཅིག་སྐྱེས་པ་ཉིད༔ བསྒྲུབ་ནས་བདག་གཞན་དོན་གཉིས་ལྷུན་གྲུབ་བྱེད༔ སྙམ་ཞིང་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས༔ སོར་མོ་ནང་༡བསྐུམ་རྒྱུ་མ་གྱེན་༢ལ་ཟེད༔ ནཻ་ཚོ་མཁར་༣ལྡོག་ཉི་ཟླའི་ས་བླར་༤བསྒྲོད༔ རླུང་གནད་ཁ་༥སྦྱོར་ངག་གི་ཧཱུྃ༦བརྗོད་བྱ༔ ལུས་ཀྱི་གནད་དྲུག་རླུང་དང་བཅས་པ་ཡི༔ འཁོར་ལོ་ལྔར་ཕབ་བདེ་ལ་སེམས་བཟུང་ངོ་༔ གཟུང་འཛིན་རྣམ་རྟོག་འགགས་པའི་བསམ་གཏན་གྱི༔ རང་བཞིན་དགའ་བ་བཞི་པོ་ཉམས་སུ་མྱོང་༔ གནས་རེར་སེམས་ཀྱི་ཡེ་ཤེས་ངོས་བཟུང་བསྒོམ༔ བསྐྱོད་པ་དལ་བས་མན་ངག་ཟབ་པའི་མཐར༔ རང་དབང་ལྡན་པའི་བརྟན་ཐོབ་བུམ་པའི་རྩེ༔ གཞན་པ་དག་གི་རྩ་བར་རབ་ཏུ་ཕབ༔ གཉིས་པ་བསྐྱིལ་ལ་མཁས་པ་མཐིལ་བསྡོམ་བཞིན༔ སྟེང་གི་རླུང་ལ་ནོར་བུའི་རྩ་རྩེར་མནན༔ འོག་རླུང་ཐེམ་བུའི་ཐིག་ལེ་འཕོ་བ་དགགས༔ རོལ་མཚོའི་རང་བཞིན་རི་རབ་ངོས་ལ་བལྟ༔ སྐར་ཁུང་ནམ་མཁའི་འོད་ཐག་ལ་དཔྱང་ནས༔ ཡབ་ཡུམ་དཀར་དམར་ཞལ་འདྲེས་བདེ་སྟོང་རོ༔ ཟུང་འཇུག་ཁྱད་པར་དགའ་བ་ལ་བསྒོམ་མོ༔ སྤྱི་བོར་བཞུགས་པའི་རིགས་བདག་བདེ་བ་དང་༔ ནོར་བུ་བདུད་རྩིའི་མི་གཡོ་ཁེངས་བ་དང་༔ རྩེ་མོའི་ཧཱུྃ་མཐིང་ཉིད་དུ་སེམས་ཡང་བཟུང་༔ གསང་རྩ་མནན་ཅིང་རྟིང་བས་འོག་སྒོ་མནན༔ བདེ་བ་ཉུང་ན་ཅུང་ཟད་བསྐྱོད་པར་བྱེད༔ ངག་གི་རིང་པོའི་ཧཱུྃ༔བརྗོད་བཟུང་བ་ཡི༔ ནོར་བུའི་རྩེ་དང་རྐེད་རྟིང་རུ་ཕབ་པས༔ ཆོས་དང་དམ་ཚིག་ལས་རྒྱའི་བདེ་བ་མྱོང་༔ དབུ་མ་ཆེན་པོའི་འཆར་རིམ་མཐར་ཕྱིན་ནས༔ རང་བྱུང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ༔ རྒྱ་གསུམ་ལྡན་པས་པདྨོ་བྱང་སེམས་སྦྱངས༔ དགག་ལ་མཁས་པས་བྱང་སེམས་སྤོང་མི་བྱ༔ གལ་ཏེ་དམིགས་པའི་སྟོབས་དང་བྲལ་བ་ཡི༔ རང་དབང་མ་ཐོབ་འཆོར་ལ་ཉེ་བ་རུ༔ ལུས་གནད་རླུང་གི་བཟུང་བའི་བརྟུལ་ཞུགས་དང་༔ རྫས་ཀྱི་ནུས་པས་བཟུང་བའི་ཆོ་ག་ནི༔ ཁྱི་ཡི་འབྲས་བུ་བོང་བུའི་རྡོར་འབྲས་བཅས༔ ཀུ་ཀུའི་རྡོ་རྗེ་རྩ་རྣམས་ཞིབ་ཕྱེ་བྱས༔ རང་གི་རྡོ་རྗེ་ལ་བྱུག་སྦྱོར་བ་དང་༔ ཡང་ཅིག་ཉི་ཟླ་གྱེན་ལྡོག་སྨན་གྱིས་བྱུག༔ ལུས་ཀྱི་འདུག་སྟངས་བཤང་ལམ་དྲག་པོར་བསྡམས༔ རྒྱུ་མ་སྒལ་བར་བཅར་ཞིང་ལྕེ་མན་སྦྱོར༔ ལུས་ཀྱི་རིག་མའི་སྒྱིད་ཁུང་ནས་འཁྱུད་དང་༔ མིང་ནི་སྟག་མོ་རོལ་སྤྱོད་ཅེས་བྱའོ༔ སེངྒེ་རྩལ་སྤྲུག་ལྟ་བུར་སྦྱང་བ་ནི༔ ཁོག་སྟོད་གྱེན་དུ་གཏེགས་ཅིང་སྨད་ཆ་བསྒུང་༔ འཕོང་ཚོས་ས་ལ་བཙུག་ཅིང་ལག་པ་གཉིས༔ སར་བཙུག་ལྷག་མ་ལྷོད་ལ་བོར་བའོ༔ ལུས་སྤྱིའི་རྩ་ལ་འདར་ཆར་རབ་བསྐུར་ནས༔ ཡན་ལག་བཞི་བོ་བསྐུམ་སྟབས་གནད་དུ་གཅུན༔ ལུས་སྤྱི་བསྒུང་ལ་གཅུད་ཕུར་ལུས་ཡར་འཐེན༔ སྟོང་འདྲེན་གནད་ཀྱིས་མི་འཆོར་རབ་ཏུ་ཟིན༔ སེམས་ཀྱིས་ཐིག་ལེ་དམར་པོ་སྣ་རྩེར་བསྒོམ༔ ཡང་ཅིག་ཧཱུྃ་སྔོན་སྣ་ཡི་རྩེ་མོར་བསམ༔ ཡང་ནི་མི་བསྒུལ་རང་བབས་གནས་པར་བྱ༔ དེ་ལས་དམིགས་པས་རྡོ་རྗེའི་བཀག་པ་ཡི༔ ཐིག་ལེ་མི་འཕོ་རབ་ཏུ་བསྡམས་པར་དམིགས༔ གཞན་ཡང་བཞུགས་སྟངས་རྩ་རླུང་ནང་གི་བཞིན༔ འཁྲུལ་འཁོར་གནད་དང་ལྡན་པ་ཐབས་ཀྱི་ཟིན༔ རྩ་ཡི་གནད་དུ་གཅུད་ལ་བོར་བ་དང་༔ རླུང་གནད་ཡར་འཐེན་བསྒྲིན་པོར་བྱ་བའོ༔ གསུམ་པ་གྱེན་ལྡོག་སྦུབས་ཆུ་འདྲེན་པ་ལྟར༔ ལུས་ངག་ཡིད་ཀྱི་གནད་ལས་དང་པོ་ནི༔ གླིང་བཞི་བསྡུས་ནས་ཆུ་བོ་ཆེན་པོ་ནི༔ རྒྱ་མཚོར་འབབས་བཞིན་མིག་གི་ལྟ་སྟངས་གཟིར༔ འཕྲིན་པོ་བཙོན་བཏང་ཁྱད་པར་སྟངས་སྟབས་ཀྱི༔ ཉེད་པ་མཆོག་གསུམ་གུམ་པར་བཅས་སུ་བྱ༔ རླུང་ནི་གྱེན་བརྫང་ངག་གི་སྟོང་འདྲེན་དོར༔ རིག་པ་སྤྱི་བོའི་ཐིག་ལེ་ལ་བསྡུ་ཞིང་༔ ཧཱུྃ་གི་རྒྱུན་ཚོགས་བྱང་ཆུབ་སེམས་ཐིག་ལེ༔ དབུ་མ་ཁོང་སྟོང་སྦུབ་ནས་མས་བརྟན་དུ༔ གཅིག་ལ་གཅིག་ཐིམ་སྤྱི་བོའི་བར་དུ་བསྡུ༔ ངག་གི་གསང་གནས་ལྡོག་ལ་ཐུང་ངུ་བརྗོད༔ དེ་ཉིད་སྙིང་ཀའི་བར་དུ་ཉིས་འགྱུར་ཚད༔ མགྲིན་པར་སུམ་འགྱུར་སྤྱི་བོར་བཞི་ཡི་ཚད༔ རིང་པོར་བརྗོད་ལ་འོག་རླུང་དྲག་ཏུ་འཐེན༔ མགོ་བསྒྲིལ་རྒྱུ་ཞབས་འུབ་བསྡུས་ཐིམ་རིམ་ལ༔ དམིགས་པ་གཏད་དེ་སྦུབས་ཆུ་བཞིན་དུ་དྲངས༔ ཁྲོ་བོ་རོལ་པའི་ཐུགས་ཀྱི་ཐིག་ལེར་བསྡུ༔ ཡས་བརྟན་གཟུགས་མེད་རྫོགས་པའི་བྱང་ཆུབ་རྒྱན༔ དགའ་བ་བཞི་ཡི་ཡེ་ཤེས་རང་ཞལ་བལྟ༔ རང་གི་ཐིག་ལེ་རྐྱང་བར་མ་ཟད་པར༔ ཕོ་ཉའི་དམར་ཆ་དང་བཅས་གཉིས་མེད་དུ༔ རོ་མྱོང་རྩ་ལ་གཏད་དེ་དྲངས་ནས་བསྲེས༔ བདེ་སྟོང་དབྱིངས་རིག་དབྱེར་མེད་རང་བཞིན་ཅན༔ བྱིན་རླབས་རླུང་དང་ཡེ་ཤེས་མེ་དང་ནི༔ དགའ་བཞིའི་རོ་མྱོང་སེམས་ལྔའི་དྲངས་པ་ཡི༔ སྟོང་བཞིའི་ཡེ་ཤེས་རྒྱན་གྱི་མཆོད་པ་ཀུན༔ ལྡོག་པའི་སྦྱོར་བས་ཕྲིན་ལས་ལྷུན་གྱིས་གྲུབ༔ ཁྱད་པར་གཙུག་ཏོར་བསམ་གྱིས་མི་ཁྱབ་པའི༔ རང་བྱུང་ཡེ་ཤེས་དབྱིངས་སུ་འཁྱིལ་བ་མཚོན༔ ས་མ་ཡཱ༔ ཨྠི༔ བཞི་བ་དེ་ལས་དགྲམ་བའི་མན་ངག་གིས༔ སྦྱིན་ཤུགས་ཅན་གྱི་ཡོ་ལངས་འགྱེད་འདྲ་ནི༔ ཨིག་ཅེས་ཁུ་ཚུར་བཅིངས་ནས་ཉི་ཟླ་ལྡོག༔ རླུང་ཁམས་ནང་དུ་བརྡིག་པས་རྩ་མིག་ཁྲེམ༔ རླུང་ཉིད་ཐུབ་ཐང་ནང་དུ་བཟུང་བར་བྱ༔ ཡང་ན་ལག་གཉིས་འཐེབ་སྲིན་ས་ལ་བཙུག༔ ལུས་ཀྱི་ལྕིད་ཕབ་སྟེང་རླུང་དྲག་དུ་བརྫང་༔ དེ་རྗེས་ཕཊ་སྒྲ་དྲག་ལ་བཅད་ཐོན་པ༔ ཉི་ཤུ་རྩ་གཅིག་བརྗོད་པར་བྱ་བའམ༔ ཡང་ནི་རླུང་རོ་ཕྱིར་བཏོན་བཛྲ་གྱི༔ ཧེ་རུ་ཀ་དཔལ་ལ་སོགས་རིགས་ལྔ་ཡི༔ ཕྱག་རྒྱའི་རྫུ་འཕྲུལ་བརྡུང་བ་མན་ངག་གོ༔ ལར་ནི་རྩ་རླུང་རྡོ་རྗེའི་བྲོ་བརྡུང་སྟེ༔ དེང་འདིར་གཙོ་བོར་གྱུར་སྟེང་འོག་སྒོ་ཡི༔ གང་དུ་ཡང་ནི་དགྲམ་པའི་བརྟུལ་ཞུགས་དང་༔ མ་དག་ལས་ཀྱི་རྩ་རླུང་བཅོམ་ལྡན་འདས༔ དག་པ་དོན་གྱི་རྩ་རླུང་འབྱོང་བརྟན་སྨིན༔ མདུད་གྲོལ་ལེགས་པར་ཡེ་རླུང་བདེ་ལུགས་རྒྱུ༔ དེ་སླད་དགོས་པའི་སྟོང་འདིའི་ཀུན་ལ་ཐེབ༔ དམིགས་པ་ཐིག་ལེ་སྐྱ་ཕྲུལ་གྱིས་འཐོར་ཏེ༔ འཁོར་ལོ་ལྔ་ཡི་རྩ་འདབ་ཐམས་ཅད་ཁྱབ༔ དེར་བཞུགས་དཀྱིལ་འཁོར་ཞི་ཁྲོ་དཔའ་བོ་དང་༔ དཔའ་མོ་རྣལ་འབྱོར་བསྒྲུབ་པ་བཀའ་བརྒྱད་ཚོགས༔ དཀར་དམར་རྩ་བརྒྱད་སྟོང་སྦྱར་སྨན་རཀྟ༔ བདེ་སྟོང་བདུད་རྩིའི་རོལ་དངར་བྷ་ལིང་ཏ༔ ཡེ་ཤེས་མེ་རླུང་ཆུ་ཡི་སྦྱངས་སྤེལ་ཏེ༔ བདེ་སྟོང་དྲོད་རླངས་བསྐྱོད་པའི་དགྱེས་སྤྲིན་མཆོད༔ དཀར་དམར་མ་དག་མཚན་མ་དབྱིངས་སུ་ཞི༔ བསམ་ཞིང་ཡང་ཡང་བརྡབ་པས་ཁྱད་པར་བརྡལ༔ ལྔ་པ་ཡེ་ཤེས་ཆེན་པོར་ལ་བཟླ་བ༔ བདེ་བའི་རང་བཞིན་གྲོལ་བ་མཆོག་གི་སྐུ༔ བདེ་བཞིའི་སྟོང་བ་ངོས་བཟུང་ཀུན་ལས་འདས༔ ཡེ་སྟོང་རྩ་བྲལ་ཀ་དག་ཟང་མ་ཐལ༔ ཉམས་ལ་ཆགས་དང་སྟོང་བ་རྒྱས་འདེབས་ལྟའི༔ ཕྱོགས་ཀྱི་མི་མཚོན་གནས་ལུགས་དོན་ཀྱི་ངང་༔ རང་བཞིན་ཟུང་འཇུག་བྱང་ཆུབ་རང་རིག་དག༔ ཐོག་མཐའ་བར་དུ་བདེ་གྲོལ་རྒྱུན་ཆད་མེད༔ འདོད་ཆགས་འཛིན་མེད་འཁོར་གསུམ་གཏན་ནས་དག༔ ལ་བཟླ་མཆོག་ལ་ཡང་དག་རྒྱས་པའི་ཕྱིར༔ སྟན་སྟེང་གན་རྐྱལ་ཡན་ལག་གནམ་དུ་བསྒྲེང་༔ གང་དུ་མི་རྟོག་མཉམ་པའི་བློ་ལ་གནས༔ བདེ་བའི་ངང་ལ་གཟུང་འཛིན་བྱུང་ཚར་ཞི༔ བདེ་སྟོང་སྤྲོས་བྲལ་ཡེ་ཤེས་སྐད་ཅིག་འཆར༔ དེ་ནི་ཆེ་མཆོག་ཀུན་བཟང་ཡབ་ཡུམ་གྱི༔ གཉིས་མེད་དགོངས་པ་མཐར་ཐུག་སྐྱེལ་སོ་ཟབ༔ ཡང་ན་ལུས་གནད་སྐྱིལ་ཀྲུང་བཞག་ཀྱང་རུང་༔ རླུང་གནད་འགྱུ་བ་མི་ཚོར་གྲོགས་སུ་ཟབ༔ སེམས་གནད་བདེ་སྟོང་གཉུག་མའི་ངང་མི་གཡོ༔ དེ་ཡིས་ཆོས་ཉིད་བདེན་པ་ཡང་དག་མཐོང་༔ དངོས་པོ་ལྷན་སྐྱེས་སེམས་ཀྱི་དཔྱད་མཐའ་དང་༔ དཔེ་ཡི་ཡེ་ཤེས་ཉིད་ལས་རབ་འདས་ནས༔ སེམས་བསྐྱེད་དབང་བཞི་རྒྱུ་འབྲས་བཅས་པ་དང་༔ ལམ་ལྔ་ས་བཅུ་ཡོན་ཏན་འགྱུར་ཚང་བས༔ མ་ཟད་སངས་རྒྱས་ས་ཡི་ཡེ་ཤེས་ལྔ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འབྲས་བུའི་ཆོས༔ མཐའ་དག་དུས་གཅིག་ལྷུན་གྱིས་གྲུབ་པར་རོལ༔ ཐེག་རིམ་དགུ་དང་ཕ་རོལ་ཕྱིན་པའི་ལམ༔ སྐུ་གཉིས་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི༔ མཚན་དཔེ་ངོམ་པའི་འདོད་ཡོན་རིག་མའི་མཆོག༔ ལོངས་སྤྱོད་སྐལ་ལྡན་ཚུལ་ཁྲིམས་ཀུན་སྦྱོར་དག༔ གཞི་ལམ་འབྲས་རྒྱུད་དབྱེར་མེད་ཟུང་འཇུག་ཏུ༔ རྣམ་གྲོལ་བྱེད་པོ་འདི་ལས་སུ་ཞིག་ཡོད༔ རྣམ་ཀུན་ཐིག་ལེ་ཉམས་པར་མ་གྱུར་བ༔ གསང་སྔགས་རྡོ་རྗེའི་དམ་ཚིག་ཟབ་མོ་ཡང་༔ དགོས་དབང་འཆི་བ་བརྟགས་ལ་གནང་བ་དང་༔ གསང་བའི་དབང་དང་བསྟན་པ་རྒྱས་པའི་སླད༔ གནང་ཞིང་བཀག་པ་མེད་པའི་ཚུལ་ཡོད་བཞིན༔ གཞན་དོན་ཡབ་ཡུམ་རིགས་གསུམ་མགོན་པོ་སོགས༔ མཁྱེན་བརྩེ་ནུས་པར་ལྡན་ཕྱིར་ཕྱག་རྒྱར་གསལ༔ ཁྱད་པར་འདིར་ནི་ཆེ་མཆོག་ཡབ་ཡུམ་གྱི༔ ཡུམ་མཁའ་དཀྱིལ་འཁོར་དབུས་སུ་དམར་ཆ་ཉིད༔ ཉི་གདན་སྟེང་དུ་ཐིག་ལེ་རིགས་ལྔའི་སྐུར༔ བྱོན་ནས་བཞུགས་པའི་དམ་ཚིག་སེམས་དཔའ་ལ༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་དབྱེར་མེད་བསྟིམ༔ ཆོས་འབྱུང་དཀྱིལ་འཁོར་སྒོ་ལ་ཕྲིན་ལས་བཞིའི༔ བདུད་བཞི་འཇོམས་པས་སྒོ་བ་ཡབ་ཡུམ་བསྐྱེད༔ ཕྱི་ནང་གསང་བའི་བར་ཆད་བཟློག་བསམ་ཞིང་༔ ཟླ་བ་བཅུ་ན་སྐྱེ་བ་སྤྲུལ་སྐུར་བཞེངས༔ རང་གཞན་དོན་འགྲུབ་དབང་གི་རྒྱལ་པོར་འགྱུར༔ སྟོབས་བཅུ་མངོན་ཤེས་དྲུག་གི་ཡོན་ཏན་སོགས༔ ཟག་མེད་ཆོས་ཁམས་རྒྱ་མཚོའི་མཛེས་བྱས་པའི༔ ཐབས་ཀྱིས་མཆོག་གྱུར་ཟུང་འཇུག་ཁ་སྦྱོར་དང་༔ བདེ་ཆེན་བདུན་ལྡན་གྲུབ་པ་མཆོག་གི་དངོས༔ འདི་ལ་མ་བརྟེན་སྔ་ཕྱི་བར་གསུམ་དུ༔ མཐར་ཕྱིན་འབྲས་བུ་ཐོབ་པར་མི་སྲིད་སླད༔ རྒྱུད་སྡེ་ཀུན་ནས་ཡང་ཡང་བསྔགས་པར་མཛད༔ གཞི་ལ་ལོངས་སྐུ་གྲུབ་པའི་སྙོམ་འཇུག་སྟེ༔ ལམ་དུ་རྣལ་འབྱོར་ཐབས་ཀྱི་ཁྱད་པར་སྤྱོད༔ འབྲས་བུ་བྲལ་ཐོབ་ལོངས་སྤྱོད་རྫོགས་པ་ནི༔ དཀྱིལ་འཁོར་ཀུན་གྱི་ངོ་བོར་བྱང་ཆུབ་ཐོབ༔ ཐབས་ཆེན་འདི་ཡི་གེགས་སེལ་བོག་འདོན་དང་༔ གཞན་ཡང་དེ་ལ་སྒྱུ་མ་བསྒྲུབ་བའི་ཐབས༔ སྣ་ཚོགས་དམིགས་ཀྱང་བསྡུས་ཏེ་བསྟན་པ་འདི༔ གང་ན་རྡོ་རྗེ་ཁྲོ་རྒྱལ་ཧེ་རུ་ཀ༔ པདྨ་བདུད་འདུལ་མཆོག་གི་རྗེས་འཇུག་ཏུ༔ ཆོས་དང་སྐྱེ་གནས་དོན་རྟགས་མ་འཛོལ་བ༔ དུས་མཐའི་སྔགས་རྒན་ག་ག་ཨ་བྷྱེ་ཡི༔ གུ་རུ་ཆེན་པོ་ཚུལ་ཁྲིམས་མཚན་ཅན་གྱི༔ བཀའ་ནན་མ་བཟོད་ཐུན་གསེབ་གཉིས་ལ་བྲིས༔ ཡི་གེའི་རིས་སུ་བཀོད་པའི་བརྩོན་འགྲུས་ཅན༔ གུས་པས་གསུང་གི་ཉམས་ཆགས་སྡིག་སྒྲིབ་ཀུན༔ རྨེག་མེད་མཛད་པའི་གནས་བརྟན་མཆོག་གྱུར་བ༔ འགྱུར་མེད་རྣམ་པར་རྒྱལ་བའི་རྒྱལ་མཚན་ནོ༔ དགེ་བ་འདི་ཡིས་འགྲོ་བ་ཐམས་ཅད་ཀུན༔ ཕྱམ་གཅིག་ཟུང་འཇུག་ལམ་གྱི་རྣལ་འབྱོར་ནས༔ ཉེ་རྒྱུའི་ལམ་གྱིས་གྲུབ་ཐོབ་ཕྱི་མའི་མུར༔ ཧེ་རུ་ཀ་དཔལ་ཆེན་པོའི་གཟུགས་སྐུ་ཡི༔ འགོགས་མེད་ཕྲིན་ལས་རྒྱུན་ཆད་མེད་ལྡན་གྱིས༔ གང་འདུལ་འགྲོ་ལ་ཕན་པ་ལྷུན་གྲུབ་ཤོག༔ བཀྲ་ཤིས་ཤོག །

རྩ་རླུང་སྤྱི་ལ་ཕན་པའི་གནད་ཀྱི་ཆིངས།

རྩ་རླུང་སྤྱི་ལ་ཕན་པའི་གནད་ཀྱི་ཆིངས་བཞུགས་སོ། །

དཔལ་མཁའ་འགྲོའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྣམ་ཀུན་མཆོག་ལྡན་སྟོང་བ་དམ་པ་དང་། །དབྱེར་མེད་ལྷན་ཅིག་སྐྱེས་པའི་བདེ་བ་ཆེ། །ཕྱི་ནང་གཞན་གསུམ་དཀྱིལ་འཁོར་འཁོར་ལོར་ཤར། །རང་རིག་དོན་གྱི་བླ་མ་ལ་ཕྱག་འཚལ། །སྐུ་གསུམ་སྟོན་པའི་རྣམ་པར་ཡོངས་བཀོད་དེ། །ཐེག་གསུམ་དམ་པའི་ཆོས་འཁོར་བསྐོར་བ་ལས། །གསང་མཆོག་བླ་མེད་རྣལ་འབྱོར་ཆེན་པོ་ཡི། །སྣང་བཅས་སྣང་མེད་ཟུང་འཇུག་རྫོགས་རིམ་དོན། །ཕ་མ་གཉིས་མེད་རྒྱུད་ཀྱི་བཀའ་སྲོལ་ལས། །རིམ་ལྔ་སྦྱོར་དྲུག་ཆོས་དྲུག་ལ་སོགས་བའི། །གསར་རྙིང་བརྒྱུད་པའི་མན་ངག་ཕྱག་བཞེས་ཚུལ། །ཀུན་གྱི་གནད་གསང་རྡོ་རྗེ་གཏུམ་མོར་འདུས། །རྡོ་རྗེའི་གནས་འདི་ཟབ་ཅིང་རྒྱ་ཆེ་བས། །རྟོག་གེའི་བློ་ཡིས་ཕིག་བར་མི་ནུས་ཏེ། །ཚད་མ་གསུམ་གྱི་ངེས་གྱུར་བཀའ་ལུང་ལ། །དཔང་དུ་བྱས་ཏེ་འདི་ན་ཅུང་ཞིག་སྡེབ། ཞེས་པས་མདུན་བསུས་ནས་འདིར་རིམ་པ་དང་པོའི་རྣལ་འབྱོར་ལ་གོམས་བརྟན་ཡང་དག་པའི་གདེངས་རྩལ་བརྙེས་ནས་རིམ་པ་གཉིས་པ་འདི་ཉིད་ལ་འཇུག་པར་བྱ་སྟེ། ཇི་སྐད་དུ། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བཤད་པ་ལྟར་རོ། །དེ་ཡང་ཕ་མ་གཉིས་སུ་མེད་པའི་རྒྱུད་ཀུན་གྱིས་དོན་དུ་གཉེར་བྱའི་ལམ་གྱི་གཙོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉིད་ཡིན་ལ་སྒྲུབ་གཞི་དེ་ཉིད་དོན་གྱི་རྒྱུ་འོད་དམ་སྐུ་གཉིས་ཟུང་འཇུག་གི་རང་བཞིན་ཅན་ཞིག་ཡིན་པས་ན་ཐབས་ཤེས་བསྐྱེད་རྫོགས་ཟུང་འཇུག་གི་ལམ་གྱིས་སྒྲུབ་པ་དང་། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་དགོས་པ་སྤྱིར་བཏང་ལ། ཁྱད་པར་དུ་ཉི་མའི་འཁོར་ལོའི་རྒྱུད་ལས། བསྐྱེད་དང་རྫོགས་པ་ཆེན་པོ་སྟེ། །ཞེས་དང་། འཁོར་ལོ་སྡོམ་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། །བསྐྱེད་དང་རྫོགས་སོགས་མི་གནས་ཤིང་། །རྫོགས་པ་ཆེན་པོར་གང་འདོད་པ། །འདི་དག་འཇུག་པའི་དུས་ཡིན་པས། །ཞེས་པ་ལྟར་ཕ་རྒྱུད་ཀྱིས་ཕྱི་སྣང་སྲིད་གཞིར་བཞེངས་སྤྲུལ་སྐུའི་དཀྱིལ་འཁོར་དག་མཉམ་ཟུང་འཇུག་ཏུ་ལྟ་བས་གཏན་ལ་ཕབ་ནས། ཕྱི་བསྐྱེད་རིམ་རྒྱས་པ་དང་རླུང་དང་སྣང་མེད་ཀྱི་བསམ་གཏན་གཉིས་གང་རུང་གི་རྫོགས་རིམ་གྱིས་ཉམས་སུ་བླང་བས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པ་དང་། མ་རྒྱུད་ཀྱིས་ནང་རྒྱུ་མ་ལུས་ཀྱི་དཀྱིལ་འཁོར་ལོངས་སྤྱོད་རྫོགས་པའི་རང་བཞིན་ཏུ་རྫོགས་རིམ་གྱི་ལྟ་བས་གཏན་ལ་ཕབ་ནས། སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་བསྡུས་པ་དང་། རྩ་ཐིག་རླུང་གསུམ་གྱི་རྣལ་འབྱོར་གྱིས་ཉམས་སུ་བླང་ནས། འབྲས་བུ་ལོངས་སྐུ་འགྲུབ་པ་དང་། གསང་བ་རང་རིག་བྱང་ཆུབ་ཀྱི་སེམས་ཆོས་སྐུའི་དཀྱིལ་འཁོར་རམ་དབྱིངས་ནང་གསལ་དང་། ཡེ་ཤེས་ཕྱི་གསལ་གྱི་སྐུ་གཉིས་ཟུང་འཇུག་གི་དཀྱིལ་འཁོར་དུ་རྫོགས་པ་ཆེན་པོའི་ལྟ་བས་གཏན་ལ་ཕབ་ནས་ཁྲེགས་ཐོད་བསྐྱེད་རྫོགས་ཟུང་འཇུག་གི་བསྒོམ་པས་ཉམས་སུ་བླང་ནས། འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ངོ་བོར་བྱང་ཆུབ་པའོ། །ལུང་འདི་དག་གིས་རྫོགས་ཆེན་གྱི་མིང་ཙམ་ཡང་མ་གྲགས་ཞེས་བརྒལ་བ་དག་ཀྱང་བསལ་བའོ། །དེ་ལ་འདིར་ནི་སྣང་བཅས་རྩ་རླུང་ཐིག་ལེ་ཟུང་འཇུག་གི་སྒོ་ནས་ནང་སྒྱུ་མ་ལུས་ཀྱི་དཀྱིལ་འཁོར་ཉིད་ལ་གནད་དུ་བསྣུན་པས་ལྷན་སྐྱེས་འདྲེན་པའི་རྗེས་སུ་རྣལ་འབྱོར་གྱི་གྲུབ་པའི་མཐའ་ཅུང་ཟད་འཆད་པ་ལ། གཞི་རྩ་རླུང་ཐིག་ལེའི་གནས་ལུགས་གཏན་ལ་ཕབ་པ། ལམ་རླུང་དང་གཏུམ་མོ་དཔྱིད་ཐིག་གི་རྣལ་འབྱོར་གྱིས་གནད་དུ་བསྣུན་པའི་ཚུལ། འབྲས་བུ་འཕྲལ་ཕུག་གི་ས་ལམ་མངོན་ཏུ་གྱུར་པའི་རིམ་པའོ། །

དང་པོ་ནི་གསང་བ་ཐམས་ཅད་གཅོད་པའི་རྒྱུད་དང་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བའི་རྒྱུད་གཉིས་ལས་ཀྱང་། །གནས་པ་རྩ་དང་གཡོ་བ་རླུང་། །བཀོད་པ་བྱང་སེམས་དམན་པ་དབྱིབས། ཞེས་དེ་གསུམ་གྱི་གནས་ལུགས་བཤད་པའོ། དང་པོ་གནས་པ་རྩ་ལ། སྐྱེ་བའི་གོ་རིམ་ངེས་པ་དང་། རང་བཞིན་ངེས་པ་དང་། གནས་ཚུལ་ངེས་པ། གྲངས་ངེས་པའོ། དང་པོ་ནི། མན་ངག་སྙེ་མ་ལས། འདི་ལྟ་བུར་ཨ་ཝ་དྷཱུ་ཏཱི་དང་ལྷན་ཅིག་ཏུ་རྩ་ལྔ་རྣམས་དང་པོ་སྟེ། དེའི་རྗེས་སུ་དང་། དེ་ནས་ཉི་ཤུ་རྩ་བཞི་ཞེས་པའོ། །དེ་ཡང་མངལ་དུ་དང་པོ་ཆགས་དུས་སྙིང་ཁར་དབུས་སུ་དབུ་རྐྱང་རོ་གསུམ་ཤར་དང་ལྷོའི་འདབ་མ་ལ་སུམ་སྐོར་མ་དང་འདོད་མ་སྟེ་ལྔ་དུས་མཉམ་དུ་ཆགས་སོ། །དེ་ནས་ནུབ་ཏུ་ཁྱིམ་མ་དང་། བྱང་དུ་གཏུམ་མོ། དབུ་མ་དང་ལྷན་དུ་བདུད་བྲལ་མ་སྟེ་གསུམ་ཆགས་སོ། །ཕྱོགས་ཀྱི་རྩ་བཞི་པོ་དེ་དག་དབུ་རྐྱང་རོ་གསུམ་ལ་བུག་པ་བརྡོལ་བའི་ཚུལ་དུ་ཟུག་པ་ལས། ཤར་གྱི་སུམ་སྐོར་མ་ལས་ཤར་ལྷོའི་རྩ་དེ་གྱེད་པ་ལྟར། རྩ་གཞན་གསུམ་ལས་མཚམས་ཀྱི་རྩ་གཞན་རྣམས་གྱེས་པ་ཡིན་ལ། བདུད་བྲལ་མ་ནི་དབུ་མ་ལ་འཁྲིལ་ཏེ་ལྕེ་རྩེ་ལ་ཟུག་ནས་ཡོད་དོ། །རྩ་བརྒྱད་པོ་དེ་ལས་སྐུ་གསུང་ཐུགས་ཀྱི་རྩ་གསུམ་རེ་གྱེས་པས་ཉི་ཤུ་རྩ་བཞི་ཆགས་ཏེ། སྔར་སྙིང་ཀར་དང་པོ་ཆགས་པའི་རྩ་བརྒྱད་པོ་བསྣན་པས་བྱང་སེམས་འབབས་པའི་རྩ་སོ་གཉིས་སུ་བཞེད་དོ། །དེ་དག་ཀྱང་ཁ་སྦྱོར་ལས། སྙིང་གའི་ནང་སོན་པདྨ་ན། །འདབ་མ་བརྒྱད་པོ་སྙིང་པོར་བཅས། །ཞེས་དང་། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞིར་ཉེར་བརྗོད་དོ། །ཅེས་དང་། བྱང་ཆུབ་སེམས་ཀྱི་རང་བཞིན་རྩ། །སུམ་ཅུ་རྩ་གཉིས་དམ་པ་ཡིན། །ཞེས་སོ། །སྔར་གྱི་གནས་ཉེར་བཞིའི་རྩའི་གཙོ་བོ་དེ་དག་ལ་ཐིམ་ལོངས་བདག་གསུམ་གྱི་དབྱེ་བས་བདུན་ཅུ་རྩ་གཉིས་སུ་གྱེས་པའང་། རྡོ་རྗེ་ཕྲེང་བ་ལས། །ཐིམ་དང་ལོངས་སྤྱོད་བདག་པོའོ། །ཞེས་སོ། །བདུན་ཅུ་རྩ་གཉིས་པོའི་རེ་རེ་ལའང་འཁོར་སྟོང་སྟོང་ཡོད་པའི་སྟོང་ཕྲག་དོན་གཉིས་ཏེ། བདེ་མཆོག་འབྱུང་བ་ལས། བདུན་ཅུ་རྩ་གཉིས་སྟོང་ཕྲག་རྣམས། །ལུས་ཀྱི་རྗེས་འབྲང་རྩ་རུ་འགྱུར། །ཞེས་སོ། །དེ་ཡང་གཙོ་མོ་གསུམ་མདུད་མཚམས་ནས་འཁོར་ལོའི་རྩ་རྣམས་རིམ་གྱིས་ཆགས་ཏེ། འཕྲང་གྱུར་ཞག་དང་པོ་ནས་དབུས་མ་བསྐྱེད་པའི་ལྟེ་སྙིང་གི་འཁོར་ལོ་རིམ་པར་ཆགས། ཟླ་བ་གཉིས་པར་གསང་འཁོར། གསུམ་པར་སྤྱི་མགྲིན་གྱི་འཁོར་ལོ་གཉིས། བཞི་བར་ཡན་ལག་གི་རྩ་ཕྲ་མོ། ལྔ་བར་ནང་ཁྲོལ་གྱི་གནས་རྣམས་དང་། དྲུག་པ་ཕན་ཆད་ཟླ་རེ་ལ་ཡན་ལག་གི་རླུང་གི་རྟེན་གྱི་རྩ་རེ་དང་བཅས། ཕྱིར་སྐྱེས་ནས་ཟླ་བ་གསུམ་དུ་རྩ་ཕྲ་མོའི་ཚོགས་ཀྱང་ཆགས་པ་སྟེ། མདོར་ན་ཟླ་བ་བཅུ་གཉིས་ཀྱི་རིང་ལ་ཉིན་རེ་རྩ་ཉིས་བརྒྱ་རེ་ཆགས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཚང་པའོ། །སམྦུ་ཊི་ལས། འཁོར་ལོ་བཞི་ཡི་རབ་དབྱེ་བས། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག །བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་རྣམས་སུམ་ཅུ་རྩ་གཉིས་སོ། །ཞེས་སོ། །

གཉིས་པ་རང་བཞིན་ངེས་པ་ནི། རྩ་དབུ་མ་དེ་གནས་ལུགས་ངོ་བོའི་དབང་དུ་བྱས་ན། དབྱིངས་དང་ཡེ་ཤེས་སྣང་བ་དང་སྟོང་བ། ཐབས་དང་ཤེས་རབ་གཉིས་སུ་མེད་པ་གཟུང་འཛིན་རྣམ་པར་སྤངས་པའི་ཐུགས་རྡོ་རྗེའི་བདག་ཉིད། ཆོས་ཀྱི་སྐུའི་རང་བཞིན་ཅན་ཞིག་ཡིན་ལ། རོ་མ་ནི་ཐབས་བདེ་བ་ཆེན་པོ། སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་རང་བཞིན་ཅན། རྐྱང་མའི་ངོ་བོ་ཤེས་རབ་སྟོང་པ་ཉིད་དང་། གསུང་རྡོ་རྗེ་དང་། ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ཉིད་ཡིན་པའི་གནད་ཀྱིས་འདི་དག་ཐབས་ཀྱིས་ཟིན་ན་སྐུ་གསུམ་གྱི་དགོངས་པ་འཆར་བའི་དོན་ཀྱང་དེ་ཡིན་ལ། རང་བཞིན་དུ་སྐུ་གསུམ་གྱི་དཀྱིལ་འཁོར་བཞུགས་པའི་གནས་ཀྱང་ཡིན་པས་སྐུ་གསུང་ཐུགས་དང་སྐུ་གསུམ་གྱི་ཡི་གེ་གསུམ་གནས་པར་སྒྱུ་འཕྲུལ་ལས་གསུངས་པའོ། །དེ་དག་ཀྱང་བདེ་མཆོག་འབྱུང་བའི་རྒྱུད་ལས། ཤེས་རབ་རང་བཞིན་ལ་ལ་ན། རཱ་ས་ན་ནི་ཐབས་ས་བཤད། །དབུས་ན་ཨ་ཝ་དྷཱུ་ཏཱི་སྟེ། གཟུང་འཛིན་རྣམ་པར་སྤངས་པའོ། །རཱ་ས་ན་ནི་སྤྲུལ་པའི་སྐུ། །ལོངས་སྤྱོད་རྫོགས་སྐུ་ལ་ལ་ན། །ཨ་ཝ་དྷཱུ་ཏཱི་ཆོས་སྐུ་སྟེ། །སྐུ་གསུམ་པོར་ནི་བཤད་པ་ཡིན། ཞེས་དང་། །རིན་ཆེན་འབར་པའི་རྒྱུད་ལས། གཡས་ནི་ཐབས་ཡིན་ལ་ལ་ན། །གཡོན་པ་ཤེས་རབ་རཱ་ས་ན། །ཨ་ཝ་དྷཱུ་ཏཱི་གཉིས་སུ་མེད། །ཐབས་དང་ཤེས་རབ་གཉིས་མེད་ཀྱི། །ར་ལའི་ངོ་བོར་ཤེས་པར་བྱ། །ཞེས་དང་། རྡོ་རྗེ་དྲ་བས་སྡོམ་པའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་རྩ་གསུམ་ནི། ཞེས་དང་། གཏུམ་པོའི་རྒྱུད་ལས་ཀྱང་། ཨོཾ་ནི་སྐུ་ཡི་རྡོ་རྗེ་ཡི། །སྙིང་པོ་རུ་ནི་ཡང་དག་བཤད། །ཡི་གེ་ཨ་ནི་ཡེ་ཤེས་མཆོག །གསུང་གི་རྡོ་རྗེའི་སྙིང་པོ་མཆོག །ཧ་ཨུ་མ་གསུམ་གཅིག་གྱུར་སྙིང་ཀ་ན། །ཐུགས་ཀྱི་ས་བོན་དུ་ནི་བརྗོད། །སྐུ་དང་གསུང་གི་སྙིང་པོ་གཉིས། །ལ་ལ་ན་དང་ར་ས་ན། །ཞེས་གསུངས་སོ། །གཞན་ཡང་དཀོན་མཆོག་གསུམ་ཀྱི་རང་བཞིན་ཀྱང་ཡིན་པས་ན། རྡོ་རྗེ་ཕྲེང་བ་ལས། སངས་རྒྱས་ཨ་ཝ་དྷཱུ་ཏཱིར་འགྱུར། ཆོས་ནི་ལ་ལ་ན་རུ་བརྗོད། དགེ་འདུན་རཱ་ས་ན་རུ་བརྗོད། འདི་ནི་གསུམ་པོའི་མཚན་ཉིད་དོ། །ཞེས་སོ། སྣང་ཚུལ་འཁྲུལ་པའི་དུས་ན། སངས་རྒྱས་ཀྱི་འབྲས་ཆོས་དེ་དག་རང་ངོ་མ་ཤེས་པར་ལོག་པར་འཁྲུལ་པའི་གཞི་རུ་སོང་བས། དབུ་མས་གཏི་མུག་དང་། ༼ སེམས་ ༽གཟུགས་མེད་ཁམས་སུ་སྣང་བའི་རྟེན་བྱེད། རོ་མས་ཞེ་སྡང་དང་། འཛིན་པའི་རྣམ་རྟོག་ ༼ ལུས་ ༽འདོད་པའི་ཁམས་སུ་སྣང་བའི་རྟེན་བྱེད། རྐྱང་མས་འདོད་ཆགས་དང་། གཟུང་རྟོག་ ༼ ངག་ ༽གཟུགས་ཁམས་སུ་སྣང་བའི་རྟེན་བྱེད་དེ། ཀུན་གཞིའི་རྟེན་དབུ་མ། རྣམ་ཤེས་ཀྱི་རྐྱང་མ། ཡིད་ཀྱི་རོ་མས་བྱེད་དོ། །དེས་ན་དུག་གསུམ་གྱི་ཉེས་པས་ནད་རླུང་མཁྲིས་བད་ཀན་གསུམ། གདོན་གསུམ་ཉིན་མཚན་བར་གསུམ་ལ་སོགས་པ་འཁོར་བའི་ཆོས་ཐམས་ཅད་སྣང་བའོ། །ཁམས་དང་ཐབས་ཤེས་འབྲས་ཆོས་འཇོག་ཚུལ་མི་འདྲ་བ་གཞན་ཡང་ཡོད་དེ། རིན་ཆེན་འབར་བའི་རྒྱུད་ལས། འདོད་ཆགས་རྡུལ་ལ་ལུས་ནི་ཐབས། །ལ་ལ་ན་ནི་སྐུ་ཡིན་ཏེ། །གཏི་མུག་མིན་པ་ངག་དང་ཡང་། །ཤེས་རབ་ར་སཱ་ཡ་ན་གསུང་། །ཞེ་སྡང་སྙིང་སྟོབས་ཡིད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་འགྱུར་བའོ། །ཞེས་སོ། །དུག་གསུམ་ལས་འདོད་ཆགས་དང་། དཀར་དམར་རླུང་གསུམ་ལས་རྡུལ་སྡུག་བསྔལ་ཏེ་ཁྲག །སྒོ་གསུམ་ལས་ལུས་འབྲས་ཆོས་སྐུ་རྡོ་རྗེའི་རྟེན་རྐྱང་མར་གསུངས། །གཏི་མུག་མུན་པ་བཏང་སྙོམས་ངག་གསུང་རྡོ་རྗེའི་རྟེན་རོ་མར། ཞེ་སྡང་སྙིང་སྟོབས་བདེ་བ་ཡིད་ཐུགས་རྡོ་རྗེའི་རྟེན་དབུ་མ་ཡིན་པར་བསྟན་པའོ། །

གསུམ་པ་གནས་ཚུལ་ངེས་པ་ལ། གཙོ་མོ་གསུམ་གྱི་གནས་ཚུལ་ངེས་པ། གཙོ་མོ་གཞན་གྱི་གནས་ཚུལ་ངེས་པ། འཁོར་ལོ་སོ་སོའི་གནས་ཚུལ་ངེས་པ། ནད་དང་ཉོན་མོངས་པའི་རྩའི་གནས་ཚུལ་ངེས་པ། སྟོང་ཕྲག་དོན་གཉིས་ཀྱི་གནས་ཚུལ་ངེས་པ། ཕྲ་མོ་གཞན་གྱི་གནས་ཚུལ་བཤད་པ་དང་དྲུག་ལས། དང་པོ་ལ། གཙོ་མོ་གསུམ་གྱི་གནས་ཚུལ་སྤྱིར་བཤད་པ་དང་། བྱེ་བྲག་སོ་སོའི་གནས་ཚུལ་བཤད་པ། གཙོ་མོའི་དོན་བཤད་པ། དེ་ཉིད་ལྷ་དང་སྦྱར་བའོ། །དང་པོ་ནི། དབུ་མ་དབུས་དང་རོ་མ་གཡས། །རྐྱང་མ་གཡོན་དུ་གནས་པ་སྟེ། །གཏུམ་པོའི་རྒྱུད་ལས། །རྐྱང་མ་ཤེས་རབ་རང་བཞིན་ཏེ། །གཡོན་པའི་རྩ་རུ་རབ་ཏུ་གྲགས། །རོ་མ་ཐབས་ཀྱི་རང་བཞིན་གྱི། །གཡས་པ་ལ་ནི་ཡང་དག་གནས། །རྐྱང་མ་རོ་མའི་དབུས་དག་ལ། །ཀུན་འདར་མར་ནི་རབ་ཏུ་གྲགས། །ཞེས་སོ། །

གཉིས་པ་ལ་དབུ་མ་རོ་རྐྱང་གི་གནས་ཚུལ་ལོ། དང་པོ་ལ། ངོ་བོ། ངེས་ཚིག །དབྱེ་བ་དོགས་སེལ་དང་བཅས་པ། མཚན་ཉིད། མཚོན་དཔེ། བྱེད་ལས། ཡོད་ཚུལ་ལོ། དང་པོ་ནི་སྔར་བཤད་ཟིན་ལ།

གཉིས་པ་ནི། རང་བཞིན་དུ་རོ་རྐྱང་གཉིས་ཀའི་དབུས་ན་ཡོད་པའི་མིང་ཡིན་ལ། ལམ་པས་དེར་རླུང་ཟིན་པས་ལྷན་སྐྱེས་ཀྱི་བདེ་བ་དབུ་མ་བསམ་གྱིས་མི་ཁྱབ་པའི་དོན་ཆོས་སྐུའི་དགོངས་པ་འཆར་བ་དང་། ཆོས་ཉིད་ཀྱི་དབང་དུ་བྱས་ན་ཡོད་མེད་ཀྱི་མཐའ་ལས་འདས་པའི་བདེ་སྟོང་གཉིས་སུ་མེད་པའི་ངོ་བོ་ཡིན་པས་མཚན་དེ་ལྟར་ཆགས་པ་སྟེ། སྡོམ་འབྱུང་ལས། དབུས་ཀྱི་ཆར་ནི་ཡང་དག་འཇུག །ཞེས་དང་། ལྷན་ཅིག་སྐྱེས་དགའ་སྟེར་བྱེད་པའོ། །ཞེས་དང་། རིན་ཆེན་འབར་པའི་རྒྱུད་ལས། ཨ་ཝ་དྷཱུ་ཏཱི་གཉིས་སུ་མེད། །ར་ལའི་ངོ་བོར་ཤེས་པར་བྱ། །ཞེས་སོ། མིང་གི་རྣམ་གྲངས་རྩ་རླུང་གི་བདེ་བ་ཀུན༵་ཏུ་བསྐྱེད་པ་དང་། སྤྱི་ལ་ཁྱབ་པས་འད༵ར་མ་ཞེས་བརྗོད་ལ། གཟུང་འཛིན་གྱི་རྟོག་པ་ཀུན་སྤངས་པས་ཀུན་སྤངས་མ། ཚངས་པའི་ཐོག་གི་ལམ་བསྒོམ་པའི་གནས་དང་། ཚངས་བུག་ནས་རྐང་མཐིལ་བར་ཟུག་པས་ཚངས་པའི་དབྱུག་པ། བདེ་བའི་ཡེ་ཤེས་བསྐྱེད་པས་སུ་མ་ན་ཞེས་བདེ་བའི་སྡོམ་པ་དང་། བསམ་གྱིས་མི་ཁྱབ་པའི་དོན་མཚོན་པའི་ཕྲ་མོའི་གཟུགས་ལ་སོགས་པར་བརྗོད་ལ། དུས་འཁོར་ལས་སྒྲ་གཅན་གྱི་རླུང་རྒྱུ་བ་གདོང་མཇུག་ཏུ་ཁམས་ཀྱི་དྭངས་མས་ཉི་ཟླ་འཇུག་པས་ན་སྒྲ་གཅན་གྱི་རྩར་གསུངས་སོ། །

གསུམ་པ་དབྱེ་བ་དོགས་སེལ་དང་བཅས་པ་ལ། ཀུན་རྫོབ་གནས་པ་ཐབས་ཀྱི་དབུ་མ་དང་། དོན་དམ་འབྲས་བུ་ཤེས་རབ་ཀྱི་དབུ་མ། ཟུང་འཇུག་རང་བྱུང་ཆོས་ཉིད་ཀྱི་དབུ་མ་དང་གསུམ་སྟེ། དང་པོ་ནི་སྲོག་པ་རྩ་དང་། གཉིས་པ་འབྲས་བུ་ངོ་བོ་ཉིད་མེད་པའོ། །གསུམ་པ་ནི། རྣམ་བཞི་བྱེ་བྲག་དྲུག་དང་བརྒྱད་དཀྱིལ་ན་དྭངས་མའི་རྩ་དཀར་པོ་ཡོད་པར་གསུངས་པ་དང་། ༼ གསང་ཐིག་ལས་མཆན། ༽དུས་འཁོར་ལས་དུས་ཀྱི་རྩ་ལ་མཐོང་བར་གསུངས་པའི་དུས་ཀྱི་རྩ་ནི་མཐར་ཐུག་གི་དོན་དུ་འདི་ཡིན་པས་རྫོགས་ཆེན་གྱི་དཀར་འཇམ་རྩའི་སྒྲོན་མ་དང་དོན་གཅིག་ཏུ་གནས་སོ། །ཡང་ལུགས་གཞན་དུ་གཞིའི་དབུ་མ་ནི་མ་དག་པའི་དབུ་མའམ་སྲོག་རྩ་ལ། འབྲས་དུས་ཀྱི་དབུ་མའི་རིགས་སམ་རྒྱུའི་དབྱིངས་ཀྱི་ཁྱབ་པ་དེ་ཉིད་ཡིན་ལ། ལམ་གྱི་དབུ་མ་ནི་སོར་སྡུད་ལ་སོགས་པ་བསྒོམ་པས་ནང་གི་དབུ་མའི་སྒོར་རླུང་ཅུང་ཟད་ཚུད་པས་ཕྱི་རོལ་སྟོང་གཟུགས་ལྟར་འཆར་བ་སྟེ། དུས་ཀྱི་རྩ་དང་རེ་ཁ་ཞེས་རི་མོའི་རྣམ་པ་སྐྲའི་ཚད་ཙམ། འབྲས་བུའི་དབུ་མ་ནི་གཞན་མཆོག་སྐུ་རྡོ་རྗེ་ལ་གནས་པ་སྒྲིབ་བྲལ་གྱི་རང་བཞིན་ནོ། །ཞེས་ཀརྨ་མི་བསྐྱོད་རྡོ་རྗེས་གསུངས་ཏེ། འདི་ཡང་རེ་ཁ་ནག་པོ་ནི་འཆར་ཆ་ཡིན་ལ། དུས་ཀྱི་རྩ་ནི་འཆར་བའི་གཞིའམ་ལམ་ཀྱང་ཡིན་པས་དུས་འཁོར་ལས། དུས་ཀྱི་རྩལ་ཞེས་གསུངས་ཀྱི་རི་མོ་དེ་དུས་ཀྱི་རྩ་ཡིན་ན་དུས་ཀྱི་རྩ་ནི་ཞེས་གསུངས་རིགས་ཀྱང་། བྱེ་བྲག་མ་ཕྱེད་པ་ཡིན་ནོ། །འདིར་དུས་ཀྱི་རྩ་འདི་ལམ་སྣང་འཆར་བའི་གཞི་ལམ་གཉིས་ཀ་ཡིན་པས་ན་ཆོས་ཉིད་ཀྱི་དབུ་མར་གནས་ཤིང་གསུངས་པ་ཡིན་ནོ། །ཀཱརྨ་བདུན་པས་བསྒོམ་པའི་དབུ་མ་དང་འདི་༼ ཟུང་འཇུག་རང་བྱུང་གི་དབུ་མ་མཆན། ༽གཉིས་དཔྱད་གསུམ་དག་པའི་རྒྱུད་ལུང་དང་མི་མཐུན་གསུངས་ཞིང་སྲོག་རྩ་གཅིག་པུ་དེ་ལས་གཞན་དབུ་མ་ཞིག་མེད་པར་འདོད་པས་དེའི་སྒྲུབ་བྱེད་དུ་བཀོད་པའང་། ཡེ་ཤེས་ཐམས་ཅད་ཀྱི་རྩ་བ་ཀུན་གཞིའི་ཡེ་ཤེས་དང་། རྣམ་ཤེས་ཐམས་ཅད་ཀྱི་རྩ་བ་ཀུན་གཞིའི་རྣམ་ཤེས་ཡིན་ལ། དེ་གཉིས་ཐ་མི་དད་པ་ཐ་མལ་གྱི་ཤེས་པ་ལ་སངས་རྒྱས་ཀྱི་རྒྱུ་བྱེད་པའི་ཆ་ནས་བདེ་གཤེགས་སྙིང་པོར་འབོད་པ་བཞིན་དུ། ཡེ་ཤེས་ཀྱི་རྩ་ཐམས་ཅད་ཀྱི་རྩ་བ་དབུ་མ་དང་། འཁོར་བའི་རྩ་ཐམས་ཅད་ཀྱི་རྩ་བ་སྲོག་རྩ་ཡིན་པས་དེ་གཉིས་མི་ཕྱེད་པ་སྒྲ་གཅན་གྱི་རྩ་ལ་སྲོག་བརྟེན་པའི་ཆ་ནས་སྲོག་རྩ་ཞེས་འབོད་པར་རིགས་ཏེ། ཡེ་ཤེས་ཀྱི་རླུང་ཐམས་ཅད་ཀྱི་རྩ་བ་མི་ཤིགས་པའི་རླུང་དང་། ལས་རླུང་ཐམས་ཅད་ཀྱི་རྩ་བ་སྲོག་ཆེན་པོའི་རླུང་ཡིན་པས། དེ་གཉིས་ཆུ་དང་འོ་མ་ལྟར་འདྲེས་པ་སྒྲ་གཅན་གྱི་རླུང་ལ་ཡང་སྲོག་འཛིན་གྱི་རླུང་ཞེས་འབོད་པ་འཐད་པའི་ཕྱིར་རོ། །ཞེས་གསུངས་པ་ལའང་དཔྱད་ན་གལ་ཏེ་ཤི་བའི་དུས་སུ་ཕ་མའི་ཁུ་ཁྲག་གིས་བསྐྱེད་པའི་སྲོག་རྩ་དེ་རོ་དང་ལྷན་ཅིག་ཏུ་འདོར་བཏང་ན། དེ་དང་ཆ་མི་ཕྱེ་བས་དབུ་མའང་འདོར་བ་ལས། དེ་ལྟ་ན་ཡེ་ཤེས་ཀྱི་རྩ་ཞེས་བྱ་བ་ཞིག་གཏན་ནས་མི་སྲིད་པ་དང་། རྩ་མི་ཤིགས་པའི་ཐིག་ལེའང་བརྗོད་གཞི་མེད་པའི་བརྗོད་བྱེད་ཞིག་གིས་རྒྱུད་རྣམ་དག་ཀུན་ལ་སྒྲོ་འདོགས་སུ་བྱས། ལས་རླུང་དང་ཆ་མི་ཕྱེ་བའི་ཡེ་རླུང་དེའང་ལས་རླུང་འགགས་དུས་འགགས་པར་ཐལ་ཞིང་། འོད་ཟེར་ལྔ་པ་དེ་ལ་མི་ཤིགས་པའི་ངེས་ཚིག་མེད་དེ་འགགས་པའི་ཕྱིར་དང་། ཀུན་གཞི་དེ་ལ་མ་རིག་པའི་བག་ཆགས་ཡོད་པའི་ཕྱིར། དེའི་ངང་དུ་སླེབ་པ་ཙམ་གྱིས་ལེགས་ནའང་གཟུགས་མེད་པའི་ཁམས་སུ་འདུ་བྱེད་པ་ཞིག་ལས་སངས་རྒྱས་མི་ཐོབ་ཏེ། བརྒྱལ་བས་མ་ངེས་པ་དང་། ཡང་ན་སྐད་ཅིག་མ་མ་ཡིན་པས་ཀུན་གཞི་ཡོད་ན་དང་། ཁྱེད་རང་གི་ ༼ ངེས་དོན་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མཆན། ༽ཐ་མལ་གྱི་ཤེས་པའང་སྐད་ཅིག་གི་རང་བཞིན་དུ་ཁས་བླང་ན་དང་། རྩ་རླུང་ཐིག་ལེ་མི་ཤིགས་པ་སྐུ་གསུང་ཐུགས་ཀྱི་རང་བཞིན་རྣམས་མི་རྟག་པ་དང་། ཀུན་འབྱུང་གི་བག་ཆགས་ལྡན་པ་དང་སྡུག་བསྔལ་དུ་སོང་ནའང་ཉམས་ཉེས་ཆེན་པོའི་ཐེག་ཆེན་དང་གསང་སྔགས་ཀྱི་སྲོག་རྩ་བཅད་པར་མི་འགྱུར་རམ། དེ་ལས་གཞན་ཡང་རྡོ་རྗེའི་སྐུ་ལ་མི་རྟག་པར་བལྟ་བའི་ཉེས་པ་དག་ཀྱང་ཅེས་ཕྱིར་མི་འབྱུང་སྟེ་འབྱུང་ངོ་། ལར་ཕྱི་ཡི་རྩ་ནི་ལུས་ལ་གནས་པའི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །ནང་གི་རྩ་ནི་གནས་ཉེར་བཞིའི་རྩ་འཁོར་ལོ་ལྔ་དང་བཅས་པའོ། །གསང་བའི་རྩ་ནི་གནས་པའི་དབུ་མའི་མཚོན་གཙོ་མོ་གསུམ་དང་བཅས་པ་ལ། མཐར་ཐུག་གི་རྩ་ནི་ཆོས་ཉིད་ཀྱི་དབུ་མ་ཉིད་ཡིན་པས་ན། རིན་ཆེན་ཕྲེང་བའི་རྒྱུད་ལས། ཕྱི་ཡི་རྩ་དང་ནང་གི་རྩ། །གསང་བ་དེ་བཞིན་མཐར་ཐུག་པའི། །མན་ངག་ཡོད་པས་ཤེས་པར་བྱ། །ཞེས་སོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་རྒྱུད་ཀྱི་རྡོ་རྗེའི་གནས་ལ་རྟོག་གེའི་དཔྱད་བཞག་ནི་ནམ་ཡང་མི་འཚལ་ཏེ། ལོག་བཤད་དུ་འགྱུར་ན་མི་རུང་བའི་ཕྱིར་རང་སོ་ལྟར་བཞག་པར་བྱའོ། །ཁྱད་པར་དུ་རྒྱུད་སྤྱི་མོ་རྣམས་ཚུལ་བཞི་དང་མཐའ་དྲུག་གིས་བཅིངས་ཡོད་པའི་མན་ངག་གི་རྒྱུད་ན་གསལ་བ་མཐར་ཐུག་གི་དགོངས་པ་དངོས་ཡིན་པས་སྨོད་པར་མི་བྱ་བར་མ་ཟད་དགོངས་པ་དེ་ལྟར་བླང་དགོས་པ་སྟེ། དེས་ན། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡི་གེ་དང་ནི་ཡན་ལག་དང་། །བསྡུས་པའི་དོན་དང་སྤྱི་ཡི་དོན། །སྦས་པའི་དོན་དང་མཐར་ཐུག་དོན། །སྣ་ཚོགས་སེམས་ལས་འབྱུང་བར་འགྱུར། །ཞེས་སོ། །ཡང་སྲོག་རྩ་དེར་རླུང་ཞུགས་པ་སྨྱོ་འབོགས་སུ་འབྱུང་བར་བཤད་པ་དང་། དབུ་མར་ཞུགས་ན་རྟགས་བཅུའི་སྟོང་གཟུགས་མཐའ་དག་འཆར་བ་དང་། ལྷན་སྐྱེས་ཀྱི་བདེ་བ་སྟེར་བར་གསུངས་ཏེ། ན་རོ་བས་ཀྱང་། གང་ཚེ་རླུང་ནི་དབུ་མར་བུས་གྱུར་བ། །དེ་ཚེ་རྡོ་རྗེའི་མེ་དང་དུ་བ་འབྱུང་། ཞེས་པ་རྣམས་དང་མཚན་ཉིད་བྱེད་ལས་དང་བཅས་པ་འགལ་བས་མི་འཐད་པ་དང་། ཡང་ན་རྟགས་བཅུ་དང་ལྷན་སྐྱེས་དེ་དག་ཀྱང་སྨྱོ་འབོག་གི་འཁྲུལ་སྣང་དུ་འགྲོ་བས་དེ་འདྲའི་ལྷན་སྐྱེས་འོང་ན། སྲོག་རླུང་གིས་ཐེབ་པའི་ཐབས་ནི་སླ་ལ། དེང་སང་བུད་མེད་དང་རྒན་རྒོན་འགའི་ལྷན་སྐྱེས་མཐོང་བ་ཡིན་འདྲ་བ་དང་། སྡོམ་འབྱུང་གི་ལུང་དང་ཡང་མི་མཐུན་ཏེ། ཆུ་ཤིང་མེ་ཏོག་ལྟར་སྟོང་བ། ཞེས་གསུངས་པས་སྲོག་རྩ་ན་ཁྲག་ཡོད་པས་སྟོང་པ་མ་ཡིན་པས་རྒྱུ་མཚན་གཉིས་ཀྱིས་བྱང་ངོ་། ཡང་ན་ལྷན་སྐྱེས་མཐོང་བའི་ལུང་དེ་དཔྱད་གསུམ་གྱིས་མ་དག་པར་འདྲེན་པའི་རང་ཚིག་འགལ་བ་ཅན་ཞིག་དུ་འགྱུར་ཉེ་བས་དོན་སྔ་མ་ལྟར་ལེགས་སོ། །དེ་ལྟ་བུའི་ཆོས་ཉིད་ཀྱི་དབུ་མ་ནི། མཚན་ཉིད་བཞི་དང་ལྡན་པ། འོད་གསལ་བའི་རང་བཞིན་ཐོག་རེག་དང་བྲལ་བ་ཇི་སྲིད་ལུས་སེམས་དབུགས་གསུམ་ཚོགས་པ་དེ་སྲིད་དུ་ཡོད་ལ། དེ་གསུམ་གྱེས་པ་ན་མི་སྣང་བར་ཡལ་བའི་རྒྱུ་མཚན་གཉུག་མའི་ལུས་ཕྲ་རྩ་མི་ཤིགས་པའི་ཐིག་ལེ་ཡིན་པའི་གནད་ཀྱིས་རླུང་སེམས་ལ་འདུ་འབྲལ་མེད་པར་ཡོད་པས་ལུས་གློ་བུར་བ་དོར་དུས་མི་སྣང་བ་ཡིན་ནོ། །ཡེ་ཤེས་ཀྱི་རྩ་དེ་ལས་འཁོར་ལོ་ལྔ་དང་ཡང་ཕྲན་ཐམས་ཅད་དུ་འོད་རྩའི་ཆ་ཤེས་རེ་རེ་འཕྲོས་པས་ན། ད་ལྟ་ནི་སྲོག་རྩའི་དབུས་སུ་རྩ་ཡེ་ཤེས་སེམས་དཔའི་འོད་གསལ་སྤྲོས་པ་དང་བྲལ་བར་བཞུགས་པ་ནི་རྫོགས་པ་ཆེན་པོའི་དཔྱད་གསུམ་དག་པའི་ལུང་གིས་གྲུབ་པའི་ཕྱིར་དང་། རིན་ཆེན་ཕྲེང་བ་ལས་ཀྱང་། རྩ་དང་འཁོར་ལོ་འདི་རྣམས་ནི། །དེ་བཞིན་གཤེགས་པའི་སྙིང་པོར་གསུངས། །ཞེས་གསུངས་པའང་དེ་ཡིན་ནོ། །དེས་ན་རང་གི་དཔང་དུ་འཛིན་པའི་རྒྱུད་རྣམས་ཀྱི་ཚིག་དོན་ཙམ་ལ་ཞེན་ནས། སྦས་མཐར་གྱི་དོན་ལ་དཔྱད་པ་མ་ཞུགས་པར། གཞན་རྒྱུད་རྣམ་དག་ལ་ཡིད་མ་ཆེས་པས་ཆོས་སྤངས་སུ་སོང་བའོ། །དེས་ན་ས་གསུམ་འགྲོ་བའི་བླ་མ་རྗེ་བདག་ཉིད་ཆེན་པོའི་ཀྱང་དཔྱིད་ཐིག་གི་དམིགས་རྣམས་སྐྱོང་པའི་ཟིན་བྲིས་ལས། སྲོག་པ་རྩ་དེ་ལ་རོ་རྐྱང་དབུ་མ་གསུམ་བརྟེན་ནས་གནས་ཡོད་དོ་ཅེས་དང་། རྫོགས་རིམ་གྱི་སྤྱི་དོན་འཁོར་ལོ་སྡོམ་པ་ལ་བརྟེན་པའི་རྫོགས་རིམ་ཟིན་བྲིས་སོགས་ལས་ཀྱང་དེ་ལྟར་གསུངས་པས་གསར་རྙིང་གི་རྒྱུད་དང་མན་ངག་གོང་མཐུན་པས་དཔྱད་བཟོད་དུ་ཡོད་དོ། །བཞི་པ་མཚན་ཉིད་ནི། སྲོག་རྩ་དེ་མགོ་བོར་གྲུ་གསུམ། མགྲིན་པར་གཞོན་ནུ་མའི་ནུ་མ་ལྟ་བུ། སྙིང་ཁར་མིག་དང་འདྲ་བ། ལྟེ་བར་པདྨ་དང་འདྲ་བ། གསང་གནས་ན་རྡོ་རྗེ་དང་འདྲ་བ། ནོར་བུའི་རྩེ་མོར་ཟར་མའི་མེ་ཏོག་གི་དབྱིབས་འདྲ་བར་ཡོད་དོ། །ཞེས་རྒྱ་བོད་ཀྱི་མན་ངག་ཀུན་གྱི་དོན་རྗེ་རིན་པོ་ཆེའི་བསྡུས་ཏེ་གསུངས་བ་རྣམས་ནི་གནས་པའི་དབུ་མའི་མཚན་ཉིད་དོ། །ཆོས་ཉིད་ཀྱི་དབུ་མ་ནི་མཚན་ཉིད་བཞི་ལྡན་ཏེ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། ཏིལ་གྱི་མར་མེ་ལྟར་གསལ་བ། པདྨའི་འདབ་མ་ལྟར་སྲབ་པ། རྒྱ་སྐེགས་ཀྱི་ཁུ་བ་ལྟར་སྣུམ་པའམ། དཀར་དམར་རྒྱུ་བ་མེད་པས་སྟོང་བ་སྟེ། རྒྱུད་སྡེ་ཀུན་གྱི་དབུ་མའི་གསང་དོན་མཐར་ཐུག་པ་རྫོགས་ཆེན་གྱི་རྒྱུད་ཡན་ལག་དང་བཅས་པས་གསུངས་པ་དང་། སམྦུཊི་ལས་ཀྱང་། དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་རང་གི་ངོ་བོ་ཅན། །ཆུ་ཤིང་གིས་ནི་མེ་ཏོག་ལྟར། །བསྐྱངས་ཤིང་ཁ་ནི་འོག་ཏུའོ། །ཞེས་དང་རྡོ་རྗེ་དྲ་བས་སྡོམ་པའི་རྒྱུད་ལས། །དབུས་ན་དྲང་པོར་གནས་པ་སྟེ། །ཞེས་སོ། །ཁ་དོག་གི་མཚན་ཉིད་ནི་རྗེ་བདག་ཉིད་ཆེན་པོའི། ལུས་ཀྱི་ནང་གི་དབུས་དྲང་པོར་ལས། ཚིགས་པའི་ཕྱོགས་ལ་སྲོག་རྩ་ཡོད་ཅིང་། དེའི་མདུན་ཕྱོགས་ལ་བརྟེན་ནས་དབུ་མ་ཁ་དོག་སྔོན་པོ། ཞེས་དང་སྤྱིར་དབུ་མ་ནི་མི་བསྐྱོད་པའི་རྩ་ཡིན་པས་ཁ་དོག་སྔོན་པོ་དང་། ཞེས་གསུངས་སོ། །དོན་དམ་པའི་དབུ་མ་ནི་མཚན་ཉིད་མེད་པའི་མཚན་ཉིད་ཆེན་པོ་སྟེ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བྷ་ག་སྤྲོས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་བའོ། །ལྔ་བ་མཚོན་དཔེ་ནི། དཔེར་ན་སྲད་བུ་བརྐྱང་བའི་ཚུལ་དུ་གནས་པའམ། ལུས་ཀྱི་དབུས་ན་ཁང་སྟོང་དུ་ཀ་བ་བཙུག་པ་ལྟར་ཡོད་པའི་རྣམ་པ་མཚོན་ཏེ། རྡོ་རྗེ་ཕྲེང་བར། གང་ཕྱིར་སྲད་བུའི་རྣམ་པར་གནས། །ཞེས་དང་། སྒྱུ་འཕྲུལ་ལས། ཀ་བའི་ཚུལ་དུ་གནས་པ་ལ། ཞེས་སོ། །དྲུག་པ་བྱེད་ལས་ནི། གནས་པའིདབུ་མ་སྤྱི་བོ་ནས་ལྟེ་བའི་བར་དུ་ཀུན་གཞིའི་རྟེན་སྲོག་རླུང་ཡོད་པས་ལུས་ཅན་གྱི་སྲོག་གནས་པར་བྱེད་ཅིང་། མར་སྣང་ཀུན་དྷ་བྱང་ཆུབ་ཀྱི་སེམས་འབབ་པའི་བདེ་བས་གཡོ་བར་བྱེད་པས་ཀུན་འདར་མར་གྲགས་ཤིང་། ཆོས་ཉིད་ཀྱི་དབུ་མ་ལ། ཡར་སྣང་ཧཾ་ཧེ་རུ་ཀ་དང་། མར་སྣར་ཨཱ་ཐུང་གནམ་ཞལ་མའི་རང་བཞིན་ཅན་དང་། བར་དུ་རང་རིག་པའི་རྟེན་ཡེ་ཤེས་ཀྱི་རླུང་འོད་ཟེར་ལྔ་བ་དང་། ཡེ་ཤེས་ཀྱི་ཐིག་ལེའི་རིག་པ་བྱང་ཆུབ་ཀྱི་སེམས་ཞི་ཁྲོ་སྐུ་འོད་ཡེ་ཤེས་སུམ་བརྩེགས་སུ་ཡོད་པའི་གནད་ཀྱིས། མ་དག་པའི་རྩ་རླུང་ཐིག་ལེའི་བྱེད་པ་བཅིངས་པས། དག་པའི་རྩར་རླུང་སེམས་ཚུད་པ་ན་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཆར་བའི་ལས་བྱད་པས་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་དོན་ཀྱང་དེ་ཡིན་ནའང་རྩ་རླུང་ཕལ་གྱིས་སྦས་པར་སོང་བའོ། །དོན་དམ་པའི་དབུ་མས་ནི་དག་མ་དག་གི་རྩ་རླུང་ཐམས་ཅད་དབྱིངས་ངོ་བོ་ཉིད་ཀྱི་ཆོས་སྐུར་ཟླུམ་པར་མཛད་པའོ། །བདེ་མཆོག་འབྱུང་བ་ལས། དབུས་ཀྱི་ཆར་ནི་ཡང་དག་འཇུག །སྙིང་གའི་ཆུ་སྐྱེས་དབུས་སོན་པ། །ཆུ་ཤིང་སྙེ་མའི་མེ་ཏོག་ལྟར། །འཕྱང་བ་ཁ་ནི་ཐུར་དུ་བལྟས། །ཏིལ་གྱི་མར་མེར་ལྟར་འབར་ཞིང་། །བྱང་ཆུབ་སེམས་ནི་མཉམ་འབབས་ཏེ། །ཨ་ཝ་དྷཱུ་ཏཱིར་ཤེས་པར་བྱ། །ལྷན་ཅིག་སྐྱེས་པ་སྟེར་བྱེད་པའོ། །ཞེས་དང་། ལྷ་མོ་བཞིའི་ཞུས་ལས། དེ་གཉིས་འཕྲད་ནས་གཅིག་གྱུར་བ། །ཆོས་ཀྱི་དབྱིངས་སུ་འདུས་པ་ཡིན། །ཞེས་སོ། །བདུན་པ་ཡོད་ཚུལ་ནི། ལུས་གྲུབ་ཀྱི་དུས་སུ་དག་མ་དག་གི་ཆ་གཉིས་ཀྱི་དབུ་མ་རྟེན་དང་བརྟེན་པའི་རང་བཞིན་ནམ་ལུས་ཕྲ་དང་སྐུ་རྡོ་རྗེའི་སྒྲུབ་གཞི་རྩ་མི་ཤིགས་པའི་ཐིག་ལེར་གནས་པའི་རྟེན་གྱི་དབང་དུ་བྱས་ན་རགས་རིམ་དུ་དབུ་མ་འཁོར་ལོ་དྲག་གི་བར་ཐག་རང་སོར་ཕྱེད་བཅུ་གསུམ་རེ་ཡོད་པས་དབུ་མའི་ཡར་སྣེ་ཚངས་བུག་དང་། མར་སྣ་གསང་གནས་ཀྱི་བར་དུ་འབྲེལ་བ། ཞིབ་ཏུ་ནི་ལྟེ་བ་མན་ཆད་ནས་ནོར་བུའི་རྩེ་དང་། རྐང་མཐིལ་གཉིས་སུའང་འགྲོ་བས་གསུམ་དུ་གྱུར་བའོ། །ཆོས་ཉིད་ཀྱི་དབུ་མའི་དོན་སྒྲོན་མ་གསལ་བའི་རྒྱན་ལས་རྒྱས་པར་བསྟན་པས་དེར་ཤེས་པར་བྱའོ། །

གཉིས་པ་ལའང་། ངོ་བོ། ངེས་ཚིག །གནས་ཚུལ། བྱེད་ལས་སོ། །དང་པོ་ནི། སྔར་ཐུན་མོང་དུ་བཤད་ཟིན་ཏོ། །གཉིས་པ་ངེས་ཚིག་ནི། འདི་ལ་བརྟེན་ནས་རང་བཞིན་དུ་ཟས་ཀྱི་རོ་དང་། འཁྲིགས་པའི་བདེ་བ་ལ་སོགས་པའི་བདེ་བ་རོ་ལེན་པའམ་ཉམས་སུ་མྱོང་བའི་ཕྱིར་དང་། ལམ་པས་བཅུད་ལེན་དང་། ཁྱད་པར་གཏེམ་པའི་མན་ངག་གིས་ཟས་མཆོག་དང་འདྲ་བའི་རོ༵་མྱོང་ཞིང་། ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་པའི་ཐིག་ལེའི་འཁྲུལ་འཁོར་གྱིས་གཟུང་རྟོག་རང་སར་གྲོལ་ཞིང་བདེ་སྟོང་བརྗོད་པ་དང་བྲལ་བའི་ལྷན་ཅིག་སྐྱེས་གཉིས་ཀྱི་རང་བཞིན་ཐུན་མོང་མ༵་ཡིན་པའི་རོ་ཉམས་སུ་མྱོང་བའི་ཕྱིར་རོ༵་ཞེས་བྱ་ལ། རྩ་སྟོང་ཕྲག་ཉེར་བཞི་དང་། བདེ་སྟོང་གི་ཡེ་ཤེས། ལུས་ཀུན་སྐྱེད་པའི་མ༵་ལྟ་བུར་གྱུར་བས་མ་ཞེས་བྱའོ། །རྐྱང་མ་ནི་རང་བཞིན་གྱི་ཐིག་ལེ་གནས་པའི་སྣོད་ཡིན་པས་ན་གཅུད་པའི་མན་ངག་ལ་བརྟེན་ནས་ཆོས་ཉིད་རྐྱང༵་བའམ་རྗེན་པ། འཛིན་པའི་རྣམ་པར་རྟོག་པའི་ཡན་ལག་བྲལ་བའི་དོན་རྒྱུད་ལ་བསྐྱེད་པའི་མ༵་ལྟར་གྱུར་བ་ངེས་ཚིག་གོ །འདིའི་ངེས་ཚིག་ཡལ་ག་མེད་པར་བཤད་པ་ནི་དེ་ཡིན་གྱི་རིང་བུ་ཡལ་ག་མེད་པ་གཞན་དང་མ་འབྲེལ་བ་ལ་བྱས་ན། གནས་ཉེར་བཞིའི་རྩའི་ནང་ནས་བཅུ་བཞི་གཡོན་གྱི་ཆར་སྐྱེས་ཤིང་བརྟེན་པར་བཤད་པས་མི་འགྲིགས། གཞན་དང་མ་འབྲེལ་བའང་མཁལ་མའི་རྩ་ཆེན་དང་གཡོན་གྱི་ཨ༵་ཌ༵་ལ༵་འབྲེལ་བས་མ་ངེས་སོ། །འདི་ལ་དུས་འཁོར་ལས་ལུག་དང་། སེར་སྐྱའི་རྩ་ཞེས་བཏགས་སོ། །

གསུམ་པ་ལུས་ལ་ཇི་ལྟར་གནས་ཚུལ་ནི། །དེ་ཡང་དབུ་མའི་གཡས་སུ་རོ་མ་དང་། གཡོན་དུ་རྐྱང་མ་ཡོད་དེ། གཏུམ་པོའི་ཁྲོ་བོའི་རྒྱུད་ལས། རྐྱང་མ་ཤེས་རབ་རང་བཞིན་ཏེ། །གཡོན་གྱི་རྩ་རུ་རབ་ཏུ་གྲགས། །རོ་མ་ཐབས་ཀྱི་རང་བཞིན་གྱི། །གཡས་པ་ལ་ནི་ཡང་དག་གནས། །ཞེས་སོ། །དེ་ཡང་རོ་མ་ལྟེ་འོག་སོར་བཞིའི་མཚམས་ཀྱི་གཡོན་ནས་འཁྱིལ་ཞིང་། །དེ་ཡན་ཆད་ཀྱི་གཡས་སུ་སོང་། རྐྱང་མ་དབུས་ནས་བཟུང་སྟེ་གཡོན་དུ་སོང་ཞིང་ཡོད། དབུ་མ་གཡས་ནས་ལམ་བྱུང་ཞིང་དབུས་རྒྱང་གྱིས་ཐོན་ཏེ་དྲང་བོར་གནས་ལ། རོ་རྐྱང་གཉིས་ཀའི་ཤིང་ལ་སྦྲུལ་གྱིས་དཀྲིས་པ་ལྟར་མདུད་པའི་ཚུལ་དུ་འཁྱུད་ནས་ཡོད་དེ། དེ་ཡང་གསང་འཁོར་ནས་གྱེས་ཏེ། རྐྱེན་འཁོར་དུ་འདུས། དེ་ནས་གྱེས་ཏེ་ལྟེ་བར་རྩ་གསུམ་ནང་གཅིག་ཏུ་གྱུར་ནས་མཁལ་མའི་རྩ་ཆེན་གཉིས་དང་འབྲེལ་བར་གྱེས། ལྟེ་སྙིང་གི་འཁོར་མཚམས་སུ་འདུས། སླར་ཡང་སྙིང་ཀའི་གཡས་ཀྱི་རྩ་སེར་སྐྱ་དང་། གཡོན་གྱི་ཨི་ཌ་ཞེས་བྱ་བ་ལ་འབྲེལ་བའི་སྙིང་ཁར་ཅུང་ཟད་འདུས་ཤིང་། ཡང་གྱེས་ནས་མཆན་འོག་གི་སྙིང་རྩ་རྡུལ་འདུ་༼ དྷཱུ་ཏཱི་དཔྱད། ༽ ལ་བརྒྱུད་དེ་མགྲིན་པར་འདུས་ཤིང་། རྩེ་ཆུང་དུ་བརྒྱུད་ནས་རྣ་བའི་འོག་ནས་ཕུག་ཏེ་ལྗོན་ཤིང་གི་རྩ་ཞེས་ཀླད་པ་ལ་སོང་ཏེ་ཚངས་བུག་ཏུ་འབྲེལ་བས་དབང་པོའི་སྒོ་ཐམས་ཅད་དུ་ཁྱབ་ཅིང་། སྣ་བུག་གཉིས་སུ་ཡར་སྣ་ཟུག་གོ །འཁོར་མཚམས་དང་འཁོར་ལོར་འདུ་བའི་ཚུལ་གྱིས་ནོར་བུའི་རྩེའི་བར་དུའང་སོང་བར་གནས་པའོ། །དེ་ཡང་རིན་ཆེན་ཕྲེང་བའི་རྒྱུད་ལས། སྤྱི་བོར་ཚངས་པའི་བུ་ག་ནས། །གསང་བའི་འཁོར་ལོ་ཡན་ཆད་དུ། །ཨ་ཝ་དྷཱུ་ཏཱི་ཙནྡན་ ༼ ཀྱི་ལྡོང་པོ་ལྟར་དྲང་པོར་མཆན། ༽ གནས། །ལ་ལ་ར་ས་སྦྲུལ་ལྟར་གནས། །གཞན་རྣམས་བ་ཐག་ཁུག་པར་གནས། །འདི་རྣམས་རང་བཞིན་ཀུན་ལ་གནས། །ཞེས་དང་། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མི་ཤེས་པ་ཡི་རབ་རིབ་ཀྱིས། །རིན་ཆེན་སེམས་ནི་དྲི་ཅན་བྱས། །འདི་ནི་རྣམ་རྟོག་རླུང་ཡིན་ཏེ། །འདི་ཉིད་ཀྱིས་ནི་ལམ་གྱུར་བ། །རོ་མ་དང་ནི་རྐྱང་མའོ། །སྦྲུལ་འཁྱིལ་ལྟ་བུའི་རྣམ་པ་སྟེ། །ཞེས་སོ། །དེར་མ་ཟད་དབུ་མའི་སྐབས་སུ་བཤད་པ་ལྟར། རོ་རྐྱང་གཉིས་ཀའི་ཡང་ཚན་རེ་རྐང་མཐིལ་གཉིས་ནོར་བུའི་རྩེའི་བར་ཡོད་པར་རྗེ་བདག་ཉིད་ཆེན་པོའི་གསུངས་སོ། །དེ་ཡང་རོ་མའི་ཡར་སྣའི་ཟུག་མཚམས་ཀྱི་སྤྱི་བོར་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་དཀར་ཆའི་དྭངས་མ་ཕ་ལས་ཐོབ་པའམ་ཐབས་ཀྱི་རང་བཞིན་ཧཾ་ཡིག་བཞུགས་པ་ནས། གནད་མེད་པས་རོ་མའི་རིགས་འཛིན་པ་ཀུན་ཏུ་དཀར་ཆ་འཕྲོ་ཞིང་། ལམ་གྱི་གནད་དང་ལྡན་པས་དེར་དཀར་ཆ་ཀུན་བརྟན་པས་ན་ཁ་སྟེང་དུ་ཡོད་པར་གསུངས་བའི་མཐར་ཐུག་གི་༼ ནང་གི་ཁམས་དཀར་དམར་རྙིང་མས་གོ་བརྗེས་པ་ནི་རྒྱུད་དཀྲུགས་པ་མན་ངག་གི་རྒྱུད་ཀྱི་དྲང་པོར་སྡེབ་པའོ། །མཆན། ༽དོན་ནོ། །རྐྱང་མའི་ལྟེ་བར་ཟུག་མཚམས་ལས་མ་ལས་ཐོབ་པའི་རཀྟ་དམར་ཆ་ཀུན་གྱི་དྭངས་མ་ཨ་ཐུང་ཤེས་རབ་ཀྱི་རང་བཞིན་ལས་ཉི་མའི་འཕྲོ་འདུ་བྱེད་པས་ཀྱང་ཁ་འོག་ཏུ་བརྟན་པར་གསུངས་པའོ། །དེ་ཡང་ཁ་སྦྱོར་ལས། མགྲིན་པ་ནས་བཟུང་གཡོན་པའི་རྩ། །ལོངས་སྤྱོད་རྫོགས་པའི་སྐུ་ཅན་མ། །ལྟེ་བའི་ནང་དུ་ངལ་བསོའི་ཤིང་། ཁ་ནི་འོག་ཏུ་མྱོས་བྱེད་འབབས། །གང་ཞིག་ལྟེ་བ་ལ་སྟེ་རྩ། །དེ་བཞིན་ཁ་ནི་སྟེང་དུ་འབབས། །མགྲིན་པའི་ནང་དུ་ངལ་བསོའི་ཤིང་། ཁྲག་ནི་འབབ་པར་རབ་ཏུ་གྲགས། །མྱོས་བྱེད་ཟླ་བ་ཞེས་བྱར་བཤད། ཁྲག་ནི་ཉི་མ་ཞེས་སུ་གསུངས། ཞེས་སོ། །ཡང་རོ་མ་ནས་ཁྲག་རྐྱང་མར་བྱང་སེམས་གནས་པའི་ཕྱིར་དང་། ཁྲག་ཕྱིར་འཕེན་པ་དང་། ནང་དུ་སྡུད་པའི་བྱ་བ་རོ་མའི་ཡར་སྣའི་མགྲིན་པའི་བུག་པས་བྱེད་པས། ཁྲག་འབབས་པར་ནི་རབ་ཏུ་གྲགས། ཞེས་སོགས་དང་། རྐྱང་མ་ལའང་སྟེང་འོག་གཉིས་ཀ་ན་བུག་པ་ཡོད་ཀྱང་། ལྟེ་བ་ཁོ་ནས་ཡོད་པར་བཤད་དོན་ཁུ་བ་ཕྱིར་འཕེན་པ་དང་ནང་དུ་སྡུད་པ་གཉིས་ལྟེ་བ་ནས་བྱེད་པའི་ཕྱིར་ཡིན་ནོ་ཞེས་གསུངས་སོ། །འགྲེལ་ཚུལ་གཉིས་པོ་འདི་ལས་རྒྱུད་དེའི་གདོང་གཏད་ཀྱི་ཚིག་དོན་ནི་ཕྱི་མ་ལྟར་ལ་རྩ་འདི་དག་གི་ཡར་སྣ་སྤྱི་བོར་ཟུག་པ་དང་། མར་སྣ་རྐང་མཐིལ་དང་། ནོར་རྩེའི་བར་དུ་ཡོད་པའི་ལྟེ་མགྲིན་དགོངས་པ་འདི་དག་རྐེད་པ་ཙམ་དུ་གནས་པའི་གོང་མ་ལྟར་རོ། །གཞན་ཡང་ཡོད་དེ་དེ་གཉིས་ཀྱི་སྟེང་གི་རྩེ་མོ་རྐན་གྱི་ཕུག་ནས། འོག་གི་རྩེ་མོའམ་ཁ་ནི་ལྟེ་བའི་རྩ་གསུམ་གཅིག་ཏུ་གྱུར་པའི་བར་ལ་རླུང་འབྱུང་འཇིག་གི་ཚུལ་གྱིས་ཀྱང་ཡིན་ཏེ། དེ་ལྟར་བཤད་ན་རྩ་གསུམ་འདུས་མདོ་ནས་གཡས་རྩ་བརྒྱུད་དེ་རླུང་སྣ་བུག་གཡས་འབྱུང་བའི་ལམ་དུ་གསུངས་པས་ན་ཁ་སྟེང་དུ་ཡོད་ཅེས་དང་། ནང་དུ་སྣ་བུག་གཡོན་པ་ནས་ནང་དུ་འོང་ནས་བསྐྱེད་བྱེད་ཀྱི་ཙཀྲའི་བར་དུ་འཇུག་པའི་དོན་གྱིས་རྐྱང་མའི་ཁ་འོག་ཏུ་ཡོད་ཅེས་གསུངས་སོ་སེམས་ཏེ། ཤེས་བྱེད་རྒྱུད་རྒྱུད་ཀྱིས་བཤད་ན། བདེ་མཆོག་འབྱུང་བའི་རྒྱུད་ལས། གཡས་དང་གཡོན་དུ་སྦྱོར་བ་ཡིས། །རིམ་པ་ཅི་བཞིན་རྒྱུ་བ་སྟེ། །གཡོན་དུ་རྐན་ནས་བཟུང་ནས་ནི། །ལྟེ་བའི་དཀྱིལ་འཁོར་རབ་འཇུག་པའི། །ཟླ་བའི་རྩ་ནི་འོག་བལྟས་ཏེ། །ཨ་ལི་ཟླ་བ་ཡང་དག་འབབས། །གཡས་སུ་ལྟེ་བ་ནས་བཟུང་ཏེ། །རྐན་གྱི་གནས་སུ་རབ་འཇུག་པའི། །ཉི་མའི་རྩ་ནི་སྟེང་བལྟས་ཏེ། །ཀ་ལི་ཉི་མར་རྟག་ཏུ་འབབས། །སྣ་ཡི་སྒོ་ནི་གཉིས་པོ་ནས། །རྩ་གཉིས་རྒྱུ་བའི་མཚན་ཉིད་ནི། །རྩ་གཡོན་འཇུག་པའི་ལམ་ཡིན་ཏེ། །གཡས་པ་འབྱུང་བའི་ལམ་ཡིན་ནོ། །ཞེས་དང་། ཡང་རིན་ཆེན་འབར་བའི་རྒྱུད་ལས་ནི། གཡས་ནི་ཐབས་ཡིན་ལ་ལ་ན། །གཡོན་པ་ཤེས་རབ་ར་ས་ན། ཞེས་གསུངས་དེ་རོ་རྐྱང་གཡས་གཡོན་གོ་བརྗེས་པ་དང་། རྒྱུད་གཞན་ནས་རོ་མ་གཡས་སུ་ཐབས་དང་། རྐྱང་མ་གཡོན་ཤེས་རབ་ཏུ་གསུངས་པས་ན་མི་འགྲིགས་སྙམ་པའི་རྟོག་གེ་དང་། ཁམས་ཀྱི་རྣམ་གྲང་རྙིང་མའི་རྒྱུད་ལས། གཡས་སུ་ཁུ་བ་བྱང་ཆུབ་ཀྱི་སེམས། གཡོན་དུ་རྡུལ་པདྨ་རཀྟ་འབབ་པར་གསུངས་ན། ཐུན་མོང་གི་རྒྱུད་རྣམས་ན་གོ་ལྡོག་ཏུ་ཡོད་དེ་མི་འཐད་པར་སེམས་ན་འགལ་བ་མེད་པར་གཉིས་ཀ་ན་ཤེས་ཆེ་ཆུང་ཙམ་མ་གཏོགས་པར་ཟླ་ཉི་འདྲེས་པར་འབབས་པས་ན་རྗེ་བདག་ཉིད་ཆེན་པོའི་རྫོགས་རིམ་གྱི་སྤྱི་དོན་ལས། གཡས་ན་རོ་མ་གནས་ཤིང་དེའི་ནང་ན་ཁུ་བ་དང་ཅུང་ཟད་འདྲེས་པའི་ཁྲག་ཕལ་ཆེར་འབབས་སོ། །ཞེས་དང་། རྐྱང་མ་གཡོན་ན་ཡོད་དེ་ཁྲག་དང་ཅུང་ཟད་འདྲེས་པའི་ཁུ་བ་ཕལ་ཆེར་འབབས། ཞེས་གསུངས་ཤིང་རོ་མ་ཤེས་རབ་དང་རྐྱང་མ་ཐབས་ཀྱི་རྩར་གསུངས་ནའང་། གོང་གི་རྒྱུད་འདིའི་དགོངས་པ་ཐད་སོ་ཡིན་པས་དང་། རྒྱུད་སྡེ་ ༼ བདེ་དགྱེས་སོགས་ནས་རོ་མ་ཐབས་དང་རྐྱང་མ་ཤེས་རབ་ཀྱི་རང་བཞིན་དུ་གསུངས་པ། མཆན། ༽གཞན་བསྒྲིགས་ཚུལ་ཞིག་ལས་འགལ་བ་ནི་མ་ཡིན་ཏེ། དེའི་སྒྲུབ་བྱེད་དུ་རོ་མ་ལ་འདི་ལྟར་གསུངས་ཏེ་ཤེས་རབ་ཀྱི་རྩ་ཞེས་བྱ་སྟེ་ཁྲག་གཙོ་བོར་འབབས་པའི་ཆ་ནས་ཡིན་པ་འདྲ་ཞེས་། རྐྱང་མ་ལ་ཐབས་ཀྱི་རྩ་ཞེས་བྱ་སྟེ་ཁུ་བ་འབབ་པའི་ཆ་ནས་ཡིན་པ་འདྲ་ཞེས། ཟླ་བ་ཐབས་དང་རཀྟ་ཤེས་རབ་ཀྱི་རང་བཞིན་དུ་གསུངས་སོ། །རྡོ་རྗེའི་གསུངས་འདི་རྙིང་མའི་རྒྱུད་ཀྱི་དག་བྱེད་ཀྱང་ཡིན་ཏེ་དཀར་ཆ་ཐབས་སུ་འདོད་པ་མཐུན་པའི་ཕྱིར་དང་། དེ་ཡང་ཡིན་ཏེ་རིན་ཆེན་འབར་པའི་རྒྱུད་ལས། འདོད་ཆགས་རྡུལ་ལ་ལུས་ནི་ཐབས། ཞེས་རྐྱང་མ་ན་དམར་ཆ་དང་། རོ་མ་ན་དཀར་ཆ་ཡོད་པར་བཤད་ལ། བདེ་མཆོག་འབྱུང་བའི་རྒྱུད་ལས། རླུང་ནི་བཅོམ་ལྡན་ཧེ་རུ་ཀའི། །རང་བཞིན་ཉིད་དེ་གསུམ་དུ་འགྱུར། །གཡོན་པ་ཤེས་རབ་རང་བཞིན་ཏེ། །གཡས་པ་སྙིང་རྗེའི་བདག་ཉིད་དོ། །ཞེས་གསུངས་སོ། ༼ རྡོ་རྗེའི་ལུང་འདི་དག་གི་ཚུལ་ལས་གཞལ་ནའང་། སྐབས་འགར་རྩ་རླུང་རླུང་ཁམས། རྩ་ཁམས་ཐབས་ཤེས་ལས་བསམ་ ༼ སེམས་དཔྱད་ ༽ཟུང་འཇུག་གི་དགོངས་བས་བཤད་པ་མང་པས་རྣམ་པ་གཅིག་ཏུ་འཐས་སུ་པར་མི་རིག་སྙམས་སོ། ༽རྐྱང་མ་ན་ཤེས་རབ་དང་། རོ་མར་ཐབས་ཀྱི་རླུང་ཡོད་པས་ན། དེ་དག་གི་ནང་གི་ཁམས་མ་ལས་ཐོབ་པའི་ཨ་ཐུང་ཕག་མོའི་རང་བཞིན་ལས་མཆེད་པའི་དམར་ཆ་ཤེས་རབ་ཀྱི་རང་བཞིན་ཏུ་གཙོ་ཆེར་ཤེས་རབ་ཀྱི་རྩ་རྐྱང་མ་ན་འབབས་པར་འཐད། ཡབ་ཧེ་རུ་ཀའི་ངོ་བོ་ཕ་ལས་ཐོབ་པ། ཧཾ་ལས་མཆེད་པའི་དཀར་ཆ་ཐབས་ཀྱི་རང་བཞིན་དེ་ཐབས་ཀྱི་རྩ་རོ་མ་ནས་འབབས་པར་འཐད་ཡང་སྔར་རླུང་འབྱུང་འཇུག་གིས་རོ་རྐྱང་གི་ཁ་འགྲེལ་ ༼ འབྲེལ་དཔྱད་ ༽བ་ལྟར། འདིར་ཡང་རྒྱུད་གཞན་ལས་ ༼ གཡས་སུ་ཕོ་རླུང་གཡོན་དུ་མོ་རླུང་རྒྱུ་བར་བཤད་པས་མཆན། ༽རླུང་དང་བསྟུན་ནས་ཁམས་ ༼ དཀར་ཆ་ཤེས་རབ་དང་དམར་ཆ་ཐབས་སུ། ༽དཀར་དམར་ཀྱང་གསུངས། རྙིང་རྒྱུད་ལས་རླུང་མཐུན་ཀྱང་ཁམས་ནི་ཨ་ཧཾ་དང་ཐབས་ཤེས་ཀྱི་རང་བཞིན་དང་རྩ་གཙོ་བོར་བྱས་ཏེ་གསུངས་པའང་ཡིན་ལ། འོན་ཀྱང་གཙོ་ཆེ་ཆུང་ཙམ་ལས་རང་བཞིན་དུ་ནི་གཉིས་ཀའང་འབབ་པས་རྒྱུད་སྡེ་དགོངས་ཀློང་གཅིག་ཏུ་རིག་སྟེ། གང་ལྟར་ཉམས་སུ་བླངས་ཀྱང་འགྲུབ་འབྲས་འབྱིན་པ་ལ་ནི་ཁྱད་པར་ཅུང་ཟད་ཀྱང་མེད་པའི་གནད་རྣམ་པ་ཀུན་ཏུ་ཐབས་ ༼ རྩ་རླུང་རླུང་ཐིག་ཐིག་སེམས་མཆན། ༽ ཤེས་འདུ་འབྲལ་མེད་པས་སོ། །དེའི་ན་རོ་མ་ཐབས་ཀྱི་རྩ་ཡིན་པས་ལུས། སྐྱེས་པ། ཞེ་སྡང་། སྙིང་སྟོབས། ཟླ་བ་འབབས་པ་སྐུ་དང་སྤྲུལ་སྐུའི་རྟེན་དུ་འཐད། རྐྱང་མ་ཤེས་རབ་ཀྱི་རྩ་ཡིན་པས། ངག་བུད་མེད་འདོད་ཆགས་རྡུལ་ཉི་མ་འབབས་པས། གསུང་དང་ལོངས་སྐུའི་དབུ་མ་གཉིས་མེད་ཀྱི་རང་བཞིན་ཡིན་པས། ཡིད་དང་མ་ནིང་གཏི་མུག་མུན་པ་རླུང་འབབས་པ། ཐུགས་རྡོ་རྗེ་དང་ཆོས་སྐུའི་རྟེན་ཡིན་པར་སྔར་བཤད་པ་དང་། ད་ལྟར་གྱི་སྐབས་དོན་གཉིས་ཀ་འཐད་བའི་རྒྱུ་མཚན་ཡང་འདིའི་ཕྱིར་ཡིན་པས་བཟློས་པར་མི་འགྱུར་བ་དང་བཅས་པའོ། །ཡང་རོ་མ་ན་ཕོའམ་མའི་རང་བཞིན་པདྨ་མགོན་པོའི་རླུང་འབབ་པའི་ཕྱིར་གསུང་འོད་དཔག་མེད་པའི་རྩ་ཡིན་པས་ཁ་དོག་དམར་པོར་གསུངས། རྐྱང་མ་ན་མོའམ་ཆུའི་རང་བཞིན་ལས་ཀྱི་མགོན་པོའི་རླུང་འབབས་པ་རྣམ་སྣང་གི་རྩ་ཡིན་པས་ཁ་དོག་དཀར་པོ་ཐུན་མོང་གི་རྒྱུད་རྣམས་ལས་གསུངས་པ་དང་། རྙིང་མའི་སྒོས་རྒྱུད་རྣམས་སུ་རོ་རྐྱང་དབུ་མ་གསུམ་སྐུ་གསུམ་གྱི་རང་བཞིན་དུ་གསུངས་པ་ནི། བདེ་མཆོག་འབྱུང་རྒྱུད་ལས། རོ་རྐྱང་དབུ་གསུམ་སྤྲུལ་ལོངས་ཆོས་གསུམ་དུ་གསུངས་པས་ན། སྐུ་རྡོ་རྗེ་སྤྲུལ་སྐུའི་རང་བཞིན་རཱ་ས་ན་རྣམ་སྣང་གི་རྩ་དཀར་པོ་དང་། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ལ་ལ་ན་འོད་དཔག་མེད་ཀྱི་རྩ་ཡིན་པས་དམར་པོ་དང་༔ ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མི་བསྐྱོད་པའི་རྩ་དབུ་མ་སྔོན་པོར་གསུངས་པའོ། །ཡང་རྙིང་མ་དག་གིས་ཀྱང་ན་རེ། སྣ་བུག་གཡོན་པ་རྐྱང་མའི་རྩེ་ནས་ལས་ཀྱི་མགོན་པོའི་རླུང་ལྗང་སེར་དག་ཏུ་འབབས་པར་གསུངས་པས་ན། རྐྱང་མ་ན་ཆུ་རླུང་ཡོད་པར་གསུངས་པ་གཉིས་ཀྱང་འགལ་ལོ། ལས་ཀྱི་མགོན་པོའི་རླུང་འབབས་པའི་རྩ་དེ་ཡང་རྣམ་སྣང་གི་ཡིན་པ་དང་འགལ། ཡང་ན་ལས་ཀྱི་མགོན་པོ་མི་འབབས་ཟེར་རོ། །དེའི་ན་རྒྱུད་གཞན་དག་དཀྲུགས་པ་ལ། མན་ངག་རྒྱུད་ཀྱི་མཐར་ཐུག་གི་དགོངས་པ་སྒྲ་ཅི་བཞིན་པར་ ༼ འདི་ལ་རོ་རྐྱང་གཉིས་ཐབས་ཤེས་ཀྱི་རྩ་ཡིན་པར་གསུངས་པ་དང་། གཡས་སུ་ཐབས་སྙིང་རྗེ་གཡོན་དུ་ཤེས་རབ་ཀྱི་རླུང་ཡོད་པར་གསུངས་པ་དང་། ཨ་ཧཾ་གཉིས་ཐབས་ཤེས་སུ་ངེས་པའི་རྒྱུ་མཚན་དག་གི་དཀར་ཆ་ཤེས་རབ་གཡོན་རྩ་དམར་ཐབས་གཡས་སུ་བཞགས་པ་དཀྲུགས་པར་ཤེས་སོ། ༽སྡེབ་ནས་བསྟན་ཡོད་པས་རྟེན་པར་བྱ་བའི་སྙིང་པོར་ཡང་དེ་ཉིད་ལེགས་སོ། །

བཞི་བ་བྱེད་ལས་ལ་གཉིས་ལས་དང་པོ་ནི་རོ་མའི་མར་སྣས་དྲི་ཆེན་འབབས་པའི་ལས་བྱེད། རྐྱང་མས་དྲི་ཆུ་འདོར་བའི་ལས་བྱེད་པར་གསུངས་ཏེ། སྔར་བཤད་པ་ལྟར་དབུ་མས་ཁུ་བ་དབབས་ལྡོག་ལ་སོགས་པའི་ལས་བྱེད། ལམ་གྱི་གནད་ལ་མཁས་ན། ལུས་ངག་ཡིད་གསུམ་གྱི་ལས་དག་པར་བྱེད། བདེ་གསལ་མི་རྟོག་པའི་ཡེ་ཤེས་གསུམ་མཚོན་པར་བྱེད་དོ། །རོ་མས་ཟས་འདོར་ལེན། རྐྱང་མས་དྲོད་འཕེལ་འགྲིབ་དུ་བྱེད། དབུ་མས་སྐོམ་མི་སྐོམ་གྱི་བྱེ་བྲག་སྟོན་པ་དང་། གནད་དང་ལྡན་པས་ཟས་གོས་སྐོམ་གསུམ་དང་། རྨི་ལམ་གྱི་ཞེན་ཆོད་པར་ཡང་གསུངས་སོ། །

གཉིས་པ་ཐུན་མིན་གྱི་རང་ལུགས་བྱེ་བྲག་ཏུ་སྨོས་པ་ནི། སྔར་དབུ་མའི་སྐབས་སུ་བཤད་པ་ལྟར་འདིར་རོ་རྐྱང་གཉིས་ལའང་རྩ་ཡེ་ཤེས་སེམས་དཔའ་ཡོད་པའི་སྟབས་ཀྱིས་རོ་མའི་མདུད་པ་བཞིན་ཀུན་རྫོབ་རྒྱུའི་ཐིག་ལེ་བཞི་དང་། དེའི་དྭངས་མས་སྒྲོན་མའི་གདངས་སྟོན་པར་གསུངས་བས་ཡེ་ཤེས་ཀུན་རྫོབ་རྒྱུའི་ཐིག་ལེའི་ཡེ་ཤེས་སེམས་དཔའ་ཡོད་པར་བསྟན། རྐྱང་མའི་མདུད་པ་བཞིན་དྭངས་མར་རང་བཞིན་གྱི་ཐིག་ལེ་བཞི་དབུ་མའི་འཁོར་ལོ་བཞིའི་དྭངས་མའི་རྩ་ནང་ན། དོན་དམ་ཆོས་ཉིད་ཀྱི་ཐིག་ལེ་བཞི་གནས་པ་ཡིན་ནོ། །དེས་ན་དེ་དག་ཡོད་པའི་གནད་ཀྱིས་སྦ་བ་དང་གཅུན་པ་གཞིལ་བའི་གནད་གསུམ་གྱིས་རོ་མས་ལུས་སྐུ་གསུམ་ ༼ མམ་སྐུ་ལྔའི་ ༽དཀྱིལ་འཁོར་ཏུ། རྐྱང་མས་ངག་གནས་བརྗོད་ཟད་པ་ ༼ གསུངས་ལྔའི་དཀྱིལ་འཁོར། ༽བསམ་གཏན་ཏིང་འཛིན་གྱི་ཆོས་ཉིད་དང་བཅས་པར་གསང་སྔགས་ཀྱི་རང་སྒྲར་ཀུན་འདར་མས་རྟོགས་པ་ཆོས་ཉིད་ཀྱི་ངང་དུ་དྲན་བསམ་རང་ཟད་ཀྱི་དགོངས་པ་ ༼ ཐུགས་ལྔར། ༽འཆར་བའི་ཡེ་ཤེས་ཀྱི་ལས་ཀྱང་བྱེད་པའོ། །དེས་ན་ཐལ་འགྱུར་ལས། བྱེད་པའི་ལས་དང་མཚན་ཉིད་དང་། །ཉོན་མོངས་ལས་དང་ཡེ་ཤེས་ལས། །ཞེས་དང་། དེ་ལྟར་རྩ་ཡི་གནད་ཀྱིས་ཀྱང་། །སངས་རྒྱས་གནས་ནི་མཚོན་པའོ། །ཞེས་སོ། །རྩ་འདི་དག་མེད་ན་བསྒོམ་པའི་འབྲས་བུ་འབྱུང་རུང་ཙམ་ལས་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པའི་དངོས་འབྲས་སྐུ་གསུམ་གྱི་དགོངས་པ་བདེ་གསལ་མི་རྟོག་པའི་ལྷན་སྐྱེས་འཆར་མི་སྲིད་པར་ཐལ་ལོ། །མ་ཟད་རྫོགས་པ་ཆེན་པོའི་རྟགས་ཀྱི་ངོ་སྤྲོད་དུ་རྩ་ཕྲན་གྱི་རྩེ་མོའི་བ་སྤུའི་ཁུང་བུ་ཀུན་ལས་འོད་ཀྱི་ཐིག་ལེ་འཆར་བའི་རྩ་རླུང་ཐིག་ལེའི་ཡེ་ཤེས་སེམས་དཔའ་ཡོད་པར་གསུངས་པ་ཡིན་ནོ། །འདི་ནི་རང་གིས་བརྣག་པར་བྱ་བ་ལས་ཚོགས་པར་དབྱུང་དུ་རུང་པ་མ་ཡིན་ནོ། །

གསུམ་པ་གཙོ་མོའི་དོན་བཤད་པ་ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐྱེད་པའི་མ་ལྟ་བུར་གྱུར་པའི་ཕྱིར་དང་། ལུས་ཀྱི་དབུས་ན་རྩ་ཐམས་ཅད་ཀྱི་རྟེན་ནམ་རྒྱལ་པོ་ལྟ་བུར་ཁམས་དང་རླུང་གི་འཕྲོ་འདུས་གཞི་མར་གྱུར་པའི་ཕྱིར་དང་འདི་གསུམ་མེད་ན་ཐོག་མར་བསྐྱེད་པའི་རྩ་བ་དང་། ད་ལྟའང་བརྟེན་པའི་གཞི་མེད་པའི་ལྗོན་ཤིང་གི་སྡོང་པོ་བཞིན་དུ་གཙོ་ཆེ་བས་ན་གཙོ་མོ་ཞེས་བྱ་སྟེ། སྡོམ་འབྱུང་ལས། བདུན་ཅུ་རྩ་གཉིས་སྟོང་ཕྲག་རྣམས། །ལུས་ཀྱི་རྗེས་འབྲང་རྩ་རུ་འགྱུར། །རྩ་དང་ཉེ་བས་རྩ་རྣམས་ཏེ། །དེ་རྣམས་གནས་ན་བརྟེན་པའོ། །ཉི་ཤུའི་ལྷག་པའི་བརྒྱ་ཡིས་ནི། །རྩ་ཡི་འཁོར་ལོ་བརྗོད་པར་བྱ། །རྩ་ཡི་གནས་དང་ཡུལ་རྣམས་ནི། །ཉི་ཤུ་རྩ་བཞིའི་གྲངས་ཡིན་ཏེ། །དེ་རྣམས་གནས་ན་རྩ་གསུམ་ནི། །རྟེན་དང་ཀུན་ཏུ་འགྲོ་བའོ། །ལ་ལ་ན་ལ་སོགས་པའི་རྩ། །རྩ་རྣམས་ཀུན་གྱི་གཙོ་བོ་སྟེ། །དེ་ཉིད་ཕྱིར་ན་གཞན་གྱི་རྟེན། །གངྒཱ་སིནྡྷུར་གཞན་འཇུག་བཞིན། །ཞེས་སོ། །རིན་ཆེན་འབར་བའི་རྒྱུད་ལས། རྩ་ཡི་གཙོ་བོ་ཉིད་རྣམས་ནི། །གསུམ་པོ་ངེས་པ་ཞེས་ནི་བྱ། །ཞེས་རྡོར་ཕྲེང་ལས་ཀྱང་བཤད་དོ། །

བཞི་བ་ལྷ་དང་སྦྱར་བ་ནི། །སྔར་སྐུ་གསུང་ཐུགས་དང་། སྐུ་གསུམ་གྱི་བདག་ཉིད་དུ་བཤད་པ་དེའི་ཀྱང་འཐུས། ཁྱད་པར་དུ་དུས་ཀྱི་འཁོར་ལོའི་རྒྱུད་ལས་སྙིང་ཀའི་སྲོག་དང་བཅས་པའི་རྩ་དབུ་མ་ནི་དུས་འཁོར་དང་། རོ་རྐྱང་གཉིས་དེའི་ཞབས་ཀྱི་རང་བཞིན། ཡེ་ཤེས་ཀྱི་སྣང་བ་ནི་སྣ་ཚོགས་ཡུམ་ཡིན་པར་གསུངས་བ་དང་། འཁོར་ལོ་སྡོམ་པར་རོ་རྐྱང་དབུ་མ་གསུམ་རྡོ་རྗེ་ཕག་མོ་དང་སྦྱར་བར་མཛད། ཀྱེ་རྡོ་རྗེ་ལས། རྐྱང་མ་རོ་མ་ཀུན་འདར་མ། བདག་མེད་རྣལ་འབྱོར་མ་ཞེས་བརྗོད། ཅེས་གསུངས་པས་དབུ་རྐྱང་རོ་གསུམ་བདག་མེད་མ་དང་སྦྱར་བར་མཛད་དོ།

གཉིས་པ་གཙོ་མོ་གཞན་བཤད་པ་ལ། ནང་དོན་གནས་པ་རྩའི་རྣམ་བཞག །ཆོ་འཕྲུལ་ཕྱིའི་གནས་ཡུལ་སྣང་ཚུལ། དཀྱིལ་འཁོར་འཁོར་ལོའི་ངོ་བོར་གྲོལ་ལུགས། ལམ་དང་སའི་རྣམ་དག་སྦྱོར་ཚུལ་ལོ། །དང་པོ་ལ། ཆགས་རིམ་ལུས་གནས་རྩའི་གྲུབ་ཚུལ་ལོ། །དང་པོ་ནི། རྒྱུད་ཀྱི་རྒྱལ་པོ་སམྦུ་ཊི་ལས་ལུས་ཀྱི་སྙིང་ཀའི་རོ་རྐྱང་དབུ་མ་གསུམ་གྱི་ཕྱོགས་བཞིར། འབྱུང་པའི་རྩ་སུམ་སྐོར། འདོད་མ། ཁྱིམ་མ། གཏུམ་མོ། དབུ་མ་དང་ལྷན་ཅིག་ཏུ་བདུད་བྲལ་མ་དང་ལྔར་གྱེས་པའི། བདུད་བྲལ་ལས་གཞན་བཞི་པོ་ལ་མཚམས་བཞིར་རེ་རེ་གྱེས་པ་ལས་བདུད་རྩི་ལྔ་འབབས་པས་མཆོད་པའི་རྩ་བཞི་ཞེས་གསུངས་ཤིང་། དེ་བརྒྱད་པོ་ལས་དཀར་དམར་རླུང་གསུམ་གྱིས་ཁྱབ་པའི་ཁམས་ཉེར་བཞི་འབབ་བའི་ཕྱིར་དང་། གནས་ཀྱི་དབྱེ་བས་སྐུ་གསུང་ཐུགས་ཀྱི་རང་བཞིན་གསུམ་ཚན་དུ་གྱེས་པས་ཉེར་བཞིར་གྱུར་བ་ལ། དཀར་ཆ་འབབས་པ་ ༼ ཀུན་རོ་མའི་རིགས་ཡིན་པའི་མཆན། ༽སྐུའི་འཁོར་ལོ་ས་འོག་ཏུ་སྤྱོད་པ། དམར་ཆ་འབབས་པ་ ༼ རྐྱང་མའི་རིགས་མཆན། ༽ཐམས་ཅད་ལ་གསུང་གི་འཁོར་ལོ་སྟེ་ས་ལ་སྤྱོད་པ་དང་། རླུང་འབབས་པ་ ༼ དབུ་མའི་རིགས་མཆན། ༽ཀུན་ལ་ཐུགས་ཀྱི་འཁོར་ལོ་ནམ་མཁའ་ལ་སྤྱོད་པ་མཁའ་སྤྱོད་ཀྱི་གནས་སུ་གསུངས་བས་གོ་རིམ་དེ་ལྟར་ཆགས་པར་འདོད་དེ། སམྦུ་ཊི་ལས། སྙིང་གའི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པོ་སྙིང་པོར་བཅས། ཞེས་དང། འདབ་མ་རྣམས་ཀྱི་བཞི་ལའང་། འབྱུང་བ་བཞི་ཡི་རྩ་རྣམས་ནི། །མར་མེའི་རང་བཞིན་ལྟ་བུར་ནི། །ཕྱོག་བཞི་ལ་ནི་རྣམ་པར་གནས། །རྩ་རྣམས་བཞི་ཡང་མཚམས་རྣམས་སུ། །རྣམ་པར་གནས་ཤིང་དེར་སོན་པ། །བདུད་རྩི་ལྔ་ནི་འབབས་པ་སྟེ། །དེ་མཆོད་རང་གི་གཟུགས་གནས་པའི། །དེ་ཡིས་དངོས་པོའི་ངོ་བོ་ལས། །མཆོད་པ་བཞིར་ནི་རྣམ་པར་བཤད། །ལུས་ཀྱི་སྙིང་གའི་ནང་དུ་ནི། །རྩ་རྣམས་ལྔ་ནི་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞིར་ཉེར་བརྗོད་དོ། །ཅེས་སོ། །གཞན་དགྱེས་རྡོར་དང་སམྦུ་ཊིའི་དགོངས་པ་འགྲེལ་བྱེད་ན་རོ་བས། རོ་རྐྱང་ལ་བཅོ་ལྔ་བཅོ་ལྔ་གསུངས་བ་དང་། རྡོ་རྗེ་སྙིང་པོའི་འགྲེལ་བ་ལ་སོགས་པ་མང་པོ་ལས་རྐྱང་མ་ལས་གྱེས་པ་བཅུ་བཞི། རོ་མ་ལས་གྱེས་པ་བཅུ་ཞེས་གསུངས་ཏེ། དེ་ཡང་དངོས་བསྟན་དུ་ས་བཅད་པ་མི་གསལ་ཞིང་རྒྱུད་རྒྱུད་ཀྱིས་བཤད་པའང་རང་གིས་ནི་མ་མཐོང་ཞིང་། རྗེ་བདག་ཉིད་ཆེན་པོའི་མན་ངག་སོགས་ལས་དེ་ལྟར་མ་གསུངས་ནའང་། དགྱེས་རྡོར་དང་སམྦུ་ཊི་ཚིག་རིས་ཕྲ་མོ་ཙམ་མ་གཏོགས་མཐུན་པར། མི་ཕྱེད་མ་དང་། ཕྲ་གཟུགས་མ་དང་། རྩེ་བ་མ་དང་། གཡོན་པ་མ་དང་། ཐུང་ངུ་མ་དང་། རུས་སྦལ་སྐྱེས་མ་དང་། སྒོམ་པ་མོ་དང་། དབང་མ་དང་། སྐྱོན་མ་དང་། འཇུག་མ་དང་། མ་མོ་དང་། མཚན་མོ་དང་། བསིལ་སྦྱིན་མ་དང་། ཚ་བ་མ་དང་། རྐྱང་མ་དང་། ཀུན་འདར་མ་དང་། རོ་མ་དང་། གཞོལ་མ་དང་། རངས་མ་དང་། ཤིན་ཏུ་གཟུགས་ཅན་མ་དང་། སྤྱི་མ་དང་། རྒྱུ་སྦྱིན་མ་དང་། སྦྱོར་བྲལ་མ་དང་། སྡུག་གུ་མ་དང་། གྲུབ་མ་དང་། འཚེད་མ་དང་། དེ་བཞིན་དུ་ཡིད་བཟང་མ་དང་། སུམ་སྐོར་མ་དང་། འདོད་མ་དང་། ཁྱིམ་མ་དང་། གཏུམ་མོ་དང་། བདུད་བྲལ་མའོ། །ཞེས་དབུ་མ་དབུས་སུ་བཙུད་དེ་གསུངས་པས་ས་བཅད་པར་བྱས་ནས་ཡས་མན་རོ་རྐྱང་གི་ཕྱོགས་སུ་བླན་པར་སེམས་སོ། །རྒྱུད་ཀྱི་དགོངས་པ་དེ་ལས་གཞན་པ་ན། ཡང་རྡོ་རྗེ་ཕྲེང་བའི་རྒྱུད་ཀྱི་ཚིག་དོན་ལ་གཞལ་ན་དབུ་མ་ལས་གྱེས་པ་བརྒྱད་རོ་རྐྱང་ལས་གྱེས་པ་བརྒྱད་བརྒྱད་དེ་ཐུགས་གསུང་སྐུའི་འཁོར་ལོར་མཛད་དོ། །༼ འདིའང་རྙིང་མའི་རོ་རྐྱང་དབུ་གསུམ་གྱི་རིག་འཛིན་པའི་རྩ་གསུངས་པའི་དོན་མཐུན། མཆན། ༽དེ་ལ་སླར་ཡང་ངོ་བོའི་སྒོ་ནས་ཐིམ་པ་ཞེས་རླུང་འབབས་བ་དང་། ལོངས་སྤྱོད་དཀར་ཆ་དང་། བདག་པོ་ཞེས་ ༼ རྗེ་རིན་པོ་ཆེའི་མན་ངག་ཏུ་འདི་གཉིས་གོ་རྗེས་ཡོད། ༽ ཁྲག་འབབས་པའི་དབྱེ་བས་གསུམ་ཚད་དུ་གྱེས་པའི་བདུན་ཅུ་རྩ་གཉིས་དེ་རེ་རེ་ལ་འཁོར་སྟོང་ཕྲག་རེ་གྱེས་པས་རྩ་བདུན་ཁྲི་ཉིས་སྟོང་ཡོད་དེ། རྡོ་རྗེ་ཕྲེང་བ་ལས། །ལ་ལ་ན་དང་རཱ་ས་ནཱ། །ཨ་ཝ་དྷཱུ་ཏཱི་ཞེས་བྱའི་མིང་། །དེ་རྣམས་སྤྲོ་བའི་སྦྱོར་བ་ཡིས། །རེ་རེའི་རིམ་གྱིས་ཐུན་བརྒྱད་བརྒྱད། །གསུམ་པོ་ཉི་ཤུ་རྩ་བཞིར་འགྲོ། །ཐིམ་དང་ལོངས་སྤྱོད་བདག་པོའི་ཕྱིར། །རིམ་གྱིས་གྲངས་ནི་བདུན་ཅུ་གཉིས། །ཅུང་ཟད་དེ་སྤྲོས་སྦྱོར་བ་ཡིས། །རེ་རེའང་སྟོང་སྟོང་དབྱེ་བ་ཡིས། །རྟག་ཏུ་གྲངས་ཉིད་འགྱུར་བ་ཡིན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །ཞེས་སོ། །

གཉིས་པ་ལུས་གནས་རྩའི་གྲུབ་ཚུལ་། ལར་འདི་དག་གི་རྩའི་ཆགས་ལུགས་ལ་ལྟོས་ན་གཙོ་མོ་གསུམ་དང་། སྦས་པའི་རྩ་ལྔ། སྙིང་གའི་རྩ་བརྒྱད། གཙོ་མོ་ཉེར་བཞིའི་རིམ་པར་བཤད་དགོས་ཀྱང་། འདིར་དགྱེས་རྡོར་དང་སམྦུ་ཊིའི་གོ་རིམ་ལྟར་ཁམས་ཀྱི་དབྱེ་བས་སོ་གཉིས་དང་། དེའི་སྟེང་དུ་དུས་འཁོར་ལས་སྦས་པའི་རྩ་ལྔ་བསྣན་ཏེ་གསུངས་པ་དང་། དོན་དུ་ཕ་མ་གཉིས་མེད་ཀྱི་རྒྱུད་ཀུན་ལས་རྩ་རླུང་ཐིག་ལེའི་དབྱེ་བས། དག་བྱ་ཁམས་དང་དག་བྱེད་བྱང་ཕྱོགས་དག་གཞི་གཞི་འབྲས་དབྱེར་མེད་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་དང་། རྒྱུད་སྡེའི་གྲངས་ཚད་སོགས་འབྱུང་བར་བསྟན་པས་དེ་ལ་བསྟུན་ནས། ཁམས་དང་གནས་ཀྱི་དབང་དུ་བྱས་ནས་གཙོ་མོ་ཉེར་བཞི་དང་། སུམ་ཅུ་རྩ་གཉིས་དང་། སོ་བདུན་དུ་བཤད་པ་གསུམ་ལས། དང་པོ་ནི། རྡོ་རྗེ་གསུམ་མི་ཕྱེད་པས་མི་ཕྱེད་མ་ནི་མཚོག་མ་ལ་གནས་པའི་རྩ་༡ རྣམ་རྟོག་ཕྲ་མོར་བྱེད་པའམ་ཤིན་ཏུ་ཕྲ་བར་སྐྱེས་པས་སམ། སྐྲ་རྩེ་ལ་སོགས་པ་བསྐྱེད་བྱའི་བསྐྱེད་བྱེད་ལ་མིང་ཆགས་པ་ཕྲ་གཟུགས་མ་ཞེས་སྤྱི་གཙུག་ཏུ་འབྲེལ་བའི་རྩ། ༢ འདོད་ཡོན་ལ་རྩེ་ཞིང་དགའ་བར་བྱེད་པས་རྩེ་བ་མ་སྟེ་རྣ་བ་གཡས་ལ་གནས་པའི་རྩའོ། ༣།ལུགས་གཞན་དུ་རྐྱང་མ་ལས་གྱེས་ནས་སམ། དབུ་མ་ལས་གྱེས་པར་འདོད་ཀྱང་འདྲ་སྟེ། དོན་སྙིང་གི་གཡོན་ནས་གྱེས་ཏེ་རྒྱབ་གཡོན་སྐོར་གྱིས་ཚུལ་དུ་གནས་པས་གཡོན་པ་མ་སྟེ། རྩེ་མོ་ལྟག་པ་ན་གནས་པའི་རྩའོ། ༤།རྩ་སྣ་ཟླུམ་ཞིང་ཚད་སྔ་མ་རྣམས་ལས་ཐུང་བས་ཐུང་ངུ་མ་ཞེས་རྣ་བ་གཡོན་པར་གནས་པའི་རྩའོ། ༥།རུས་སྦལ་གྱི་གཟུགས་དང་འདྲ་པས་རུས་སྦལ་སྐྱེས་མ་ནི་སྨིན་མའི་དབུས་སུ་གནས་པའི་རྩའོ། ༦།སྲིད་པའི་དངོས་པོ་གསལ་བར་བྱེད་བའི་སྒོམ་པ་མ་ནི་མཆིན་པ་ནས་མིག་གི་ཕྱི་རོལ་དུ་གནས་པའི་རྩའོ། ༧།རྟོག་པ་འཁྲུད་པའི་དབང་བསྐུར་སྦྱིན་པས་དབང་བསྐུར་མ་སྟེ། ལུས་ཀྱི་ཕྲག་པ་གཉིས་ལ་གནས་པའི་རྩ་སྟེ། ༨།འདི་བརྒྱད་པོ་ནི་དབུ་མ་ལས་གྱེས་པའམ། སྙིང་ཀའི་རྩ་བརྒྱད་ལས་གསུམ་ཚན་དུ་གྱེས་པས་དབུ་མའི་བརྒྱད་ཡིན་པ་དང་། རླུང་གཙོ་བོར་འབབས་པའི་ཕྱིར་དབུ་མའི་རིགས་སུ་གཏོགས་པ་ལ། ལུས་ཀྱི་ཕྲག་པ་ཡན་ཆད་ན་གནས་པས་ན་ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་དོ། ཉོན་མོངས་པ་སུན་འབྱིན་པར་བྱེད་པའི་སྐྱོན་བྲལ་མ་ནི་མཆན་འོག་གཉིས་འབྲེལ་བའི་རྩའོ། ༩ །ལུས་སྐྱོངས་བར་བྱེད་པའི་མཇུག་མའམ་བཤང་ཆེན་མ་ནི་ནུ་མ་གཉིས་ལ་གནས་པའི་རྩའོ། ༡༠།མ་དང་རྗེས་སུ་མཐུན་པ་ལུས་བསྐྱེད་པའི་མ་མོ་ནི་གློ་བར་གནས་ཤིང་ལྟེ་བ་དང་འབྲེལ་བའི་རྩའོ། ༡༡།སྣང་བ་ནུབ་པར་བྱེད་པའི་བདག་ཉིད་ཅན་མཚན་མོ་ནི་རྒྱུ་མ་ནས་སྣ་རྩེར་འབྲེལ་པའི་རྩའོ། ༡༢།ཞི་ཞིང་བསིལ་བ་སྟེར་བ་མ་ནི་ཁའི་མཐས་ནས་འགྲམ་པ་དང་རྩིབས་ལོགས་སུ་འབྲེལ་བའི་རྩའོ། ༡༣།དྲོ་བ་སྟེར་བར་བྱེད་པའི་ཚ་བ་མའམ་དྲོད་མ་ནི། མགྲིན་པའི་དབུས་ནས་ལྟེར་བར་རྒྱུ་བའི་རྩའོ། ༡༤།དེ་ཡན་ཆད་ཀྱི་བཅུ་བཞི་པོ་ནི་རྐྱང་མའི་ཆར་སྐྱེས་པར་གསུངས་པའང་ཡོད། བདེ་བ་ལ་གཞོལ་བ་མའམ་ཟླ་བ་ལྟ་བུའི་ན་མཚན་མའང་ཟེར་ཏེ་བྲང་གཞོང་ ༼ གཞུང་དཔྱད། ༽ནས་བཤང་ལམ་དུ་འབྲེལ་བའི་རྩའོ། ༡༥།བདེ་བས་ཚིམ་ཞིང་རངས་བས་མུན་པ་ཆེན་པོ་ལྟ་བུ་སྟེ་རངས་མའང་ནག་མོ་སྟེ་མཚོག་མ་དང་ཆུ་སོར་འབྲེལ་བའི་རྩའོ། ༡༦།བཤད་ཚུལ་འདིར་རྒྱུད་ལས་དེ་བརྒྱད་གསུང་གི་འཁོར་ལོ་ས་སྤྱོད་ཅེས་གཙོ་ཆེར་རཀྟ་འབབ་བའི་རྩར་བཞེད་དོ། །བེམ་པོའི་བསྡུས་པའི་ཤིན་ཏུ་གཟུགས་ཅན་མ་སྟེ་ལུས་ཀྱི་མཚན་མ་ལ་གནས་པའི་རྩའོ། ༡།ཐམས་ཅད་ལ་ཁྱབ་པར་མཉམ་པས་སྤྱི་མ་སྟེ་བཤང་ལམ་དང་འབྲེལ་བའི་རྩའོ། ༢།རྒྱུ་ཐམས་ཅད་སྟེར་པའི་རྒྱུ་སྦྱིན་མ་སྟེ་བརླ་ཟུར་ལ་གནས་པའི་རྩའོ།༣།སྡུག་བསྔལ་གྱི་སྦྱོར་ཐམས་ཅད་དང་བྲལ་བསམ་མེད་པས་སྦྱོར་བྲལ་མ་ནི་བྱིན་པའམ་རྗེ་ངར་ལ་གནས་པའི་རྩའོ། ༤།དགའ་བ་ཐམས་ཅད་བསྡུས་ནས་དེ་ལ་རྗེས་སུ་ཆགས་པའི་སྡུག་གུ་མའམ། དགའ་བྱེད་མ་སྟེ། རྐང་བའི་སོར་མོ་དང་འབྲེལ་བའི་རྩའོ། ༥།དངོས་གྲུབ་སྦྱིན་ཅིང་གྲུབ་པར་བྱེད་པས་གྲུབ་མ་སྟེ་རྐང་པའི་བོལ་གོང་གི་རྩའོ། ༦།མེའི་རང་བཞིན་ཡིན་པས་ཉོན་མོངས་པ་བསྲེགས་པར་བྱེད་པ་འཚེད་མ་ནི་ལུས་ཀྱིས་རྐང་བའི་མཐེ་བོང་ལ་གནས་པའི་རྩའོ། ༧།ཆུ་ཁམས་ཤེས་རབ་ཀྱི་ལྷ་མོའི་རང་བཞིན་ཡིན་པས་ཡིད་བཟང་མ་ནི་པུས་མོའི་གཉན་གོང་ན་གནས་པའི་རྩ་སྟེ། ༨དཀར་ཆ་འབབས་པའི་ཕྱིར་སྐུའི་འཁོར་ལོ་ས་འོག་ལ་སྤྱོད་པ་ཞེས་བྱ་སྟེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིན། །གནས་རྣམས་དག་ནི་ཐམས་ཅད་དུ། །རྩ་རྣམས་ཀུན་ནི་ཡང་དག་བཅད། ཅེས་དང་། སམྦུ་ཊི་ལས། རང་གི་ནང་དང་ཕྱི་རོལ་གནས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ཉི་ཤུ་རྩ་བཞིར་དབྱེ་བ་ཡིས། །མཁའ་འགྲོ་མ་ནི་ཀུན་གྱི་གནས། །ཐམས་ཅད་དུ་ནི་ཡང་དག་བཤད། །འདི་དག་གནས་སུ་མཁའ་འགྲོ་མ། །རྩ་ཡི་གཟུགས་ཀྱིས་ཡང་དག་གནས། །ཞེས་དང་། རིན་ཆེན་འབར་བའི་རྒྱུད་ལས། །སྐུ་ལ་བརྒྱད་དེ་གསུང་ལ་བརྒྱད། །ཐུགས་ལ་བརྒྱད་དེ་ཉི་ཤུ་བཞི། །ར་ལི་ཉི་ཤུ་བཞི་རུ་ངེས། །ཞེས་སོ། འདིར་རྐྱང་མ་ལས་གྱེས་པ་བཅུ་བཞི་དང་། རོ་མ་ལས་གྱེས་པ་བཅུ་ཞེས་པའི་ལུགས་ལ། རྐྱང་མ་ལས་གྱེས་པའི་ལ་ནི། བསམ་པའི་སྒོ་ནས་ཤེས་རབ་དང་། ལུས་ཀྱི་སྒོ་ནས་ཐབས་ཀྱི་རང་བཞིན་ཟླ་བ་ཡར་ངོས་ཆ་རྣམ་པར་དག་པ་དང་། ཅིག་ཤོས་ལ་བསམ་པའི་སྒོ་ནས་ཐབས་དང་ལུས་ཀྱི་སྒོ་ནས་ཤེས་རབ་ཟླ་བ་མར་གྱི་ཆ་རྣམ་པར་དག་པ་ཉིད་དུ་རིམ་པ་ལྟར་འདོད་དོ། །དེ་དག་ཏུ་ཁམས་ཀྱི་སྙིགས་མ་ཉེར་བཞི་འབབས་པའི་ཕྱིར་དང་། ཕྱི༵་རོལ་གྱི་གནས་ཉེར་བཞིའི་འཕྲོ་གཞི། ན༵ང་རྡོ་རྗེའི་ལུས་ལ་རྫོགས་པ་དང་། གཞ༵ན་དཀྱིལ་འཁོར་གྱི་འཁོར་ལོར་བདེ་མཆོག་གི་ཐུགས་གསུང་སྐུའི་དཔའ་བོ་དང་རྣལ་འབྱོར་མ་གནས་པའི་དབང་གིས་གཙོ་མོ་ཉེར་བཞིར་རྣམ་པར་བཞག་པའོ། །

གཉིས་པ་ནི། སྙིང་ཀའི་པདྨའི་དབུས་དང་ཕྱོགས་ཀྱི་འདབ་མ་རྣམས་ལ་རྣམ་པ་གསུམ་གྱིས་དཀྲིས་པས་སུམ་སྐོར་མ་ནི་སྙིང་གའི་ཤར་ན་གནས་པའི་རྩའོ། །འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་འདོད་མ་ནི་ལྷོ་ན་གནས་པ་དང་། རྩ་རླུང་གི་ཁྱིམ་གྱི་བདག་པོ་ཡིན་པས་ཁྱིམ་མ་ནུབ་དང་། གཏུམ་པའི་ལས་བྱེད་པའི་གཏུམ་མ་ནི་བྱང་ན་གནས་པའི་རྩའོ། །འཆི་བའི་བདུད་འཇོམས་པར་བྱེད་པའི་ཕྱིར་དང་། རྩ་གཞན་དུ་ཁམས་དང་རླུང་རྒྱུ་བ་ལ་འདིའི་གེགས་བྱེད་ཅིང་། རང་གི་ནང་དུའང་འཆི་བའི་ཚེ་མ་གཏོགས་མི་རྒྱུ་བས་དུས་ཀྱི་རྩའམ། རྣལ་འབྱོར་རྣམས་ཀྱི་འགོགས་པ་ཞེས་གསུངས་སོ། །སློབ་དཔོན་ཨ་བྷྱའི་འཆི་བའི་དུས་དང་རྣལ་འབྱོར་བས་ལམ་བསྒོམ་སྟོབས་མ་གཏོགས་ཁམས་མི་འབབས་པར་གསུངས་སོ། །བདུད་བྲལ་མ་དེ་ནི་དབུ་མ་ལ་འཁྲིལ་ནས་དབུས་ཀྱི་ཆར་གནས་ཤིང་། ཡར་གྱི་རྩེ་མོ་ལྕེ་ཆུང་ལ་ཟུག་གོ །རྩེ་མོ་གཞན་ལུས་ཀྱི་སྟོད་སྨད་ཐམས་ཅད་དུ་ཁྱབ་པའོ། །དེ་ལྟ་བུའི་རྩ་ལྔ་པོ་འདི་རྩ་འཁོར་གྱི་སྙིང་ཀའི་དབུས་སུ་གནས་པར་སྔར་སམྦུ་ཊིའི་རྒྱུད་ལུང་དྲངས་བས་བསྟན་པའོ། །དེའི་སྟེང་དུ་རོ་རྐྱང་དབུ་མ་གསུམ་བསྣན་ཏེ། འབྱུང་བ་བཞིའམ་ཡན་ལག་གི་རླུང་བརྟན་པའི་རྩ་བ་དང་། དཀར་དམར་རླུང་གསུམ་བརྟེན་པའི་དབང་གིས་བྱང་ཆུབ་སེམས་འབབས་པའི་རྩ་སོ་གཉིས་ཞེས་གསུངས་སོ། །

གསུམ་པ་ནི། དེའི་སྟེང་དུ་སྦས་པའི་རྩ་ལྔ་བསྣན་པས་སུམ་ཅུ་རྩ་བདུན་དུ་བྱས་པ་ཡིན་ཏེ། ལྟེ་བ་ཡན་ཆད་ཀྱི་ཨ་ཝ་དྷཱུ་ཏཱིའི་ཡར་སྣ་ལ་ཡིད་བཟང་མ་ཞེས་བྱ། རྩ་གསུམ་འདུས་མདོ་མན་ཆད་ཀྱི་ཨ་ཝ་དྷཱུ་ཏཱིའི་མར་སྣ་ནི་དུང་ཅན་མ། སྙིང་ཀའི་ཤར་ལྷོའི་ནུ་མ་གཡས་ཀྱི་ཐད་དུ་བརྒྱུད་ནས་མགྲིན་པར་ཟུག་པ་རྩ་གླང་ཆེན་ལྕེ་དང་། སྙིང་ཀའི་མདུན་ནམ་ཤར་ཕྱོགས་ཀྱི་རྩ་སྣར་མ་ནི་ཕོ་བར་ཟུག་ཅིང་། སྙིང་ཀའི་གཡས་ཕྱོགས་ཀྱི་རྩ་སེར་སྐྱ་ནི་རོ་མ་དང་འབྲེལ་བ་སྟེ། གོ་རིམ་བཞིན་དུ་སྲོག་དང་ཐུར་སེལ་གྱེན་རྒྱུ་མེ་མཉམ་ཁྱབ་བྱེད་ཀྱི་རླུང་བརྟེན་པས། རྩ་འདི་རྣམས་ཀྱི་ཡང་ཕྲན་གྲངས་མེད་པས་ལུས་ཀྱི་ཆ་ཤེས་ཀུན་ལ་ཁྱབ་པས་ན་རླུང་ལྔའི་ལམ་སྲང་དུ་གྱུར་པའོ། །འདི་དག་ལ་སྦས་པའི་རྩ་ལྔ་ཞེས་གསུངས་པ་ནི། བདེ་མཆོག་ཏུ་སྦས་པ་དང་། དགྱེས་རྡོར་གྱི་རྒྱུད་ལས་ཀྱང་རྩའི་གཙོ་མོ་སུམ་ཅུ་རྩ་བདུན་ཞེས་གསུངས་ཀྱང་། འདི་ལྔའི་ངོས་འཛིན་གསལ་བོར་མ་མཛད་པའི་ཕྱིར་སྦས་པ་ཡིན་གྱི་སུམ་སྐོར་ལ་སོགས་པ་ལྔ་ནི་དགྱེས་རྡོར་སམྦུ་ཊི་མཁའ་འགྲོ་རྒྱ་མཚོའི་རྒྱུད། རྡོ་རྗེ་མཁའ་འགྲོའི་རྒྱུད་སོགས་ལས་བྱུང་བས་མ་སྦས་པར་མངོན་ནོ། །འོན་ཀྱང་དབུ་མ་དང་འབྲེལ་བའི་རྩ་བཅུ་བོ་དེ་དག་ཐམས་ཅད་ལ་སྦས་པའི་རྩ་ཞེས་བསྟན་པ་ནི། སྙིང་གའི་འོད་གསལ་མི་ཤིགས་པ་ལས་ལངས་ནས་གཟུགས་སོགས་ཡུལ་ལ་འཇུག་པ་དང་། ལམ་དུས་སུ་དེ་རྣམས་ཀྱི་བྱེད་པ་བཅིངས་བས་རྟགས་བཅུ་འཆར་བའི་རྩ་བར་གྱུར་བས་སྦས་པ་སྟེར་ས་བོན་ནམ་གཏེར་དུ་སྦས་པ་ལྟ་བུའོ། །ཞེས་བླ་མ་གོང་མ་རྣམས་གསུངས་ཀྱང་། དོན་དུ་དུས་འཁོར་ལས་གཞན་པའི་ཐུན་མོང་གི་རྒྱུད་དུ་གསལ་པོར་མ་གསུང་བས་སྦས་པའི་རྩ་ཞེས་བཏགས་པ་ཡིན་ནོ། །

གཉིས་པ་ཆོ་འཕྲུལ་ཕྱིའི་གནས་ཡུལ་སྣང་ཚུལ་ནི། འདི་ལྟ་བུའི་རྩ་གནས་ཉི་ཤུ་རྩ་བཞི་ལ་སོགས་པ་འདི་ནང་ན་རྩ་དབུ་མའི་ཕྱོགས་བཅུར་བསྐོར་ནས་ཡོད་པའི་དབང་གིས། ཕྱི་མི་མཇེད་བྱེ་བ་ཕྲག་བརྒྱ་རུ་སྣང་བ་ལའང་། དེའི་གཟུགས་བརྙན་གྱི་ཚུལ་ཏུ་གནས་དང་ཡུལ་གྱི་བཀོད་པ་མ་ཚང་བ་མེད་པར་ཐུབ་པའི་ཉི་མ་རྣམས་གང་དུ་བྱང་ཆུབ་བའི་གནས་རྡོ་རྗེ་གདན་གྱི་ཕྱོགས་མཚམས་འཁོར་ཡུག་ལེགས་པར་ཡོད་པ་ཡིན་ཏེ། ནང་གི་རྩ་མི་ཕྱེད་མའི་རང་གདངས་སུ་ཕྱི་རོལ་གྱི་གནས་ཀོལ་ལ་ཀི་རིའམ། པུལླི་ར་མ་ཡ་སྟེ། པུརྞ་གཾ་རི་གང་བའི་རི་ཉིད་ ༼ ཨོ་རྒྱན་གྱི་བྱང་ན་ཡོད་པ་ཉིད། ༽ཤར་བ་ཡིན་པས་དེ་གཉིས་ཕྱི་ནང་གནས་སོ། །རྩ་ཕྲ་གཟུགས་མའི་རང་གདངས་སུ་ཛ་ལནྡྷ་ར་སྟེ་འབར་བ་འཛིན་མའོ། ༼ ཁ་ཆེའི་ཡུལ་དུ་ན་ག་ཀོ་ཌི་ཞེས་པའི་གྲོང་དང་ཉེ་བ་ན་ཡོད་ཟེར། ཁ་ཆེ་དང་རྡོ་རྗེ་གདན་གྱི་བར་ན་ཡོད་ཀྱང་ཟེར་རོ་མཆན། ༽རྩ་རྩེ་བ་མ་ལས་ཨོ་ཌི་ཡ་ན་འཕུར་འགྲོ་སྟེ་ཨོ་རྒྱན་ཉིད་དོ། །རྩ་གཡོན་པ་མ་ལས། ༼ གྲོང་ཁྱེར་རྡོ་འཇོག་ཞེས་པ་འདོད། ཁ་ཅིག །རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་ན་ཡོད་ཟེར། ༽ཨརྦུ་ཏ་ཆུ་བུར་ཅེས་པ་ཉིད་དོ། ཐུང་ངུ་མ་ལས་གོ ༼ རྡོ་རྗེ་གདན་གྱི་ལྷོ་ཕྱོགས་དཔལ་གྱི་རིའི་ཕྱོགས་ན་ཡོད་སྐད། ༽དཱ་བ་རི་སྟེ་བ་ཡི་མཆོག་སྦྱིན་ནོ། རུས་སྦལ་སྐྱེས་ལས་སིངྒ་ལའི་གླིང་ངམ་རིསྨི་ཤྭ་རི་སྟེ་དགའ་བའི་དབང་ཕྱུག་ཏུ་གྲགས་པའོ། ༼ ལིངྒའི་གླིང་ཕྲན་ན་ཡོད་ཟེར། ༽རྩ་སྒོམ་པ་མ་ལས་དཱེ་ཝ་ཀོ་ཊ་སྟེ་ལྷ་མོའི་མཁར། ༼ ཤར་ཕྱོགས་སུ་རེནྡྲའི་ས་ཆ་ན་གྲོང་ཁྱེར་གཟུགས་མཛེས་ཞེས་གྲགས་པའི་གནས་རྡོའི་ཆོས་འབྱུང་མིག་འདྲ་བས་མཚན་པ་ཅན་ནོ། །༽དབང་བསྐུར་མ་ལས་མཱ་ལ་བ་ཕྲེང་བ་ ༼ རྒྱ་གར་ནུབ་ཕྱོགས་ན་ཡོད་ཟེར། ༽ཅན་ཏེ་མཁའ་སྤྱོད་ཐུགས་ཀྱི་གནས་དང་ཉེ་བའི་གནས་བརྒྱད་དོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། །མགོ་ནི་མ་ལ་ཡ་ཡུལ་ཏེ། །སྤྱི་གཙུག་ཛ་ལནྡྷར་ཡིན། །ཨོ་རྒྱན་རྣ་བ་གཡས་པ་སྟེ། །ཨརྦུ་ད་ནི་རྒྱབ་ཕྱོགས་ཡིན། །གནས་ཀྱི་མིང་ཅན་རྣམ་བཞིའོ། །གོ་དྷ་ཝ་རི་རྣ་གཡོན་ཏེ། རཱ་མེ་ཤྭ་རི་སྨིན་དབུས་གསུངས། །མིག་ནི་དེ་ཝཱི་གོ་ཊི་སྟེ། །དཔུང་བ་མ་ལ་ཝ་ཞེས་བརྗོད། །འདི་དག་ཉེ་བའི་གནས་ཡིན་ཏེ། གནས་ཀྱི་ཁྱད་པར་ཚུལ་གྱིས་ནི། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོར་གནས། །ཞེས་སོ། །རྩ་སྐྱོན་མ་ལས་ཡུལ་ཀཱ་མ་རུ་མ་སྟེ་ ༼ རྒྱ་གར་ཤར་ཕྱོགས་གཉལ་གྱི་ལྷོ་ཐད་ཆུ་བོ་ལོ་ཏ་ཐད་ཀར་ལྷོ་བྱང་དུ་འབབས་པ་དེར་ཡོད། ༽འདོད་པའི་གཟུགས་ཅན་ཉིད་དོ། །རྩ་འཇུག་མ་ལས་རང་བྱུང་གི་རྟེན་ཡོད་པའི་ཡུལ་ ༼ ལྷོ་ཕྱོགས་རྒྱལ་པོ་ཤིང་རྣ་བཅུ་པའི་ཡུལ་ཡིན་པར་བཤད། ༽ཀོངྐ་ན་འམ་ཨོ་ཊེ་ཞེས་བྱ་བའོ། །རྩ་མ་མོ་མས་ནི་ཡུལ་ཀྲི་ཤ་ ༼ སྟག་གཟིག་གི་ཡུལ་ན་ཆུ་གངྒ་དྷིནྡྷ་ས་རུ་ས་གསུམ་འདུས་པའི་མདོ་ན་སྒྲུབ་གནས་རྡོའི་ལིངྒ་ལྟེ་བ་ལྟ་བུའི་མཚན་མ་ཡོད་པར་བཤད། ༽ཀུ་ན་དགེ་མཚན་གསུམ་པའོ། །འདི་ལ་མུམྨུ་ནིར་ཡང་གྲགས་ཏེ་རྒྱ་མཚོའི་འགྲམ་ན་ཡོད་པར་ཡང་བཤད་དོ། །མཚན་མོ་མ་ལས་ཡུལ་མཉན་ཡོད་ ༼ རྒྱལ་པོ་གསལ་རྒྱལ་གྱི་ཡུལ་ཡིན་ཡང་ཟེར། ༽ཀྱི་ཀོ་ས་ལ་དགེ་བ་ཅན། བསིལ་སྦྱིན་མས་ཀ་ ༼ རྒྱལ་བུ་ཐམས་ཅད་སྒྲོལ་འཁྲུངས་ཡུལ་རྡོ་རྗེ་གདན་ནས་དཔག་ཚད་དྲུག་ཅུའི་ལྷོ་ནུབ་མཚམས་སུ་ཡོད་། ༽ལིངྐ་སུམ་ཚན་ཞེས་པའོ། །ཚ་བ་མ་ནི་ལམ་པ་ཀ་འཕྱང་བ་ཅན། ༼ རྒྱ་གར་ནུབ་ཕྱོགས་ན་ཡོད་ཟེར། ༽གཞོལ་མས་ནི་ཀཉྩི་ ༼ གྲོང་ཁྱེར་མཆོག་སློབ་དཔོན་ཆོས་ཀྱི་གྲགས་པའི་འཁྲུངས་ཡུལ། ༽ཀ་གསེར་ཅན་ནོ། །སྒང་བའི་རྩ་རངས་མ་ནི་ཧི་མཱ་ལ་ཡའམ་ཧི་མཱ་གི་རི་ཞེས་ཁ་བའི་རི་ཡང་ཟེར་གངས་ཅན་ཞེས་པ་ ༼ བོད་ཡུལ་ལའང་བཞེད་པའོ། །༽འདི་དག་གསུང་གི་འཁོར་ལོ་ས་སྤྱོད་ཅེས་ཀྱང་གསུངས་སོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། །ཀམ་རུ་མཆན་ཁུང་དེ་བཞིན་དུ། །ནུ་མ་ཨོ་ཌེར་རབ་ཏུ་གྲགས། །དེ་དག་ཞིང་སྟེ་ལྟེ་བ་ནི། །ཏྲི་ཤ་ཀུ་ནི་ཞེས་བྱ་ཡིན། །སྣ་ཡི་རྩེ་མོ་ཀོ་ས་ལ། །དེ་དག་ཉེ་བའི་ཞིང་དུ་བརྗོད། །ཁ་ནི་ཀ་ལིངྒ་ཡིན་ཏེ། །མགྲིན་པ་ལམ་པ་ག་ཞེས་བརྗོད། །ཚནྡོ་ཧ་ཞེས་བྱ་བར་གྲགས། །སྙིང་ཀ་ཀཉྩི་ཞེས་བྱ་སྟེ། །ཆུ་བོ་ཧི་མ་ལ་ཞེས་བྱ། །ཉེ་བས་རོལ་བས་བརྗོད་པ་ཡིན། །གནས་ཀྱི་ཁྱད་པར་ཚུལ་གྱིས་ནི། །ས་སྤྱོད་གསུང་གི་འཁོར་ལོར་གནས། །ཞེས་སོ། །དེ་བཞིན་དུ་རྩ་གཟུགས་ཅན་མས་ནི་ཞིང་གཞན་བྱེད་པའི་བྲང་ཁང་སྟེ་གླིང་ཕྲན་ཞིག་ད་ང། པྲེ་ཏུ་པུ་རིར་ཡང་འདོད་པའོ། །རྩ་ཐུན་མོང་མའམ་སྤྱི་མས་ནི་གྲི་ཧ་དཱེ་ཝ་ལྷས་ཁྱིམ་དུ་གྲགས་པའམ། ༼ ལི་ཡུལ་ལྕང་ར་སྨུག་པོ་ན་རྡོའི་ལིངྒ་སྙིང་འདྲ་བས་མཚན་པའི་སྒྲུབ་གནས་ཡོད་པར་བཤད། ༽ཧ་རི་ཀཻ་ལ་སེངྒེ་གངས་ཞེས་པའོ། །རྩ་རྒྱུ་སྦྱིན་མས་ནི་སོ་རཱཥྛ་སྟེ་ ༼ ནུབ་ཕྱོགས་ཟླ་བ་ཕྱེད་གསུམ་གྱི་ཕྱིན་པ་སྲོ་མ་ནཱ་ཐ་ཞེས་ཕྱི་བའི་ལྷ་རྟེན་ཡོད་པའོ། ༽ཡུལ་འཁོར་བཟང་པོའོ། །རྩ་སྦྱོར་བྲལ་མས་ནི་སུ་ཝརྞ་ཞེས་གསེར་གླིང་། ༼ རྒྱ་གར་ལྷོ་ཕྱོགས་སྨན་རྩེ་དང་གཤིབ་ནས་ཡོད། ༽རྩ་སྡུག་གུ་མས་ནི་ན་ག་རའི་གྲོང་ཁྱེར་ཞེས་རྒྱ་གར་ཡུལ་དབུས་སོ། ༼ ན་ག་རའི་ཡི་གེ་འབྲི་བའི་ཡུལ་ལོ། ༽རྩ་གྲུབ་མས་ནི་ཡུལ་སིནྟུ་ར་སྟེ་རྒྱ་མཚོའམ་ཆུ་བོ་སིནྡྷུ་འབབས་པའི་ཡུལ་ལོ། ༼ རྒྱ་གར་ནུབ་ཕྱོགས་ན་ཡོད་ཁ་ཅིག་ལྷོ་ཕྱོགས་ཟེར། ༽ རྩ་འཚེད་མའི་རང་གདངས་ཕྱིར་ཤར་བ་ནི་མ་རུ་སྟེ་མྱ་ངམ་གྱི་ཡུལ་ ༼ ཛ་ལནྡྷ་ར་དང་ཉེ་བའི་བྱང་ཕྱོགས་བྲག་ཕུག་ཞིག་ན་རྡོའི་མཚན་མ་མཐེ་བོང་ལྟ་བུ་རྡོའི་ནང་དུ་འཕྲུལ་བ་ཕྱིར་བཏོན་མི་བཏུབ་པ་ཤིན་ཏུ་གཉན་པར་གྲགས་སོ། །༽ཡིད་བཟང་མའི་རང་གདངས་ཀུ་ལུ་ཏ་ཞེས་རྣམ་རྟོག་འཇོམས་པའོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། མཚན་ནི་ཡི་དྭགས་གནས་པ་སྟེ། ཀྲ་ཧ་དེ་ཝ་བཤང་བའི་ལམ། །དེ་དག་འདུན་སར་བརྗོད་པ་སྟེ། །བརླ་ནི་སོ་རཥྛ་ཞེས་བྱ། །བྱིན་པ་གཉིས་ནི་གསེར་གླིང་སྟེ། །ཉེ་བའི་འདུན་ས་ཉིད་ཡིན་ནོ། །སོར་མོ་རྣམས་ནི་ནཱ་ག་ར། །རྐང་པའི་བོལ་ནི་སིནྡྷུ་སྟེ། །མཐེ་བོ་མ་རུ་ཞེས་བྱ་སྟེ། །པུས་མོ་ཀུ་ལུ་ཏཱ་ཞེས་བརྗོད། །ཉེ་བའི་དུར་ཁྲོད་ས་འོག་ནི། སྐུ་ཡི་འཁོར་ལོར་ཡང་དག་གནས། ཞེས་སོ། །འདི་དག་ནི་རྒྱུད་སོ་སོའི་ཕྱི་ནང་སྦྱོར་ཚུལ་མི་འདྲ་བས། བདེ་མཆོག་འབྱུང་བའི་རྒྱུད་དང་སམྦུ་ཊི་སོགས་མཚུངས་པ་ལ། མངོན་བརྗོད་བླ་མའི་སྟོད་དུ་ནི། ཀ་མ་རུ་པ་སྟེ་མིག་གཉིས་ལས་ས་བསྲུང་མའོ། །ཞེས་དང་། སྨད་དུ་ཀ་མ་རུ་མ་མཆན་ཁུང་དུ་གསུངས་པ་རྒྱུད་གཞན་དང་མཚུངས་མིན་གཉིས་སུ་གསུངས། རྡོ་རྗེ་ཕྲེང་བའི་རྒྱུད་ལས། ཀོ་ས་ལ་རྣ་རྩེ། ཏྲི་ཤ་ཀུ་ནེ་སྣ་རྩེ། ཁ་ཡི་པདྨ་ཀ་ལིངྒ། མཚན་མ་ཀྲི་ཧ་དེ་ཝ། བཤང་ལམ་པྲེ་ཏ་པུ་རི། བརླ་གཉིས་སུ་ཝརྞ། བྱིན་པ་སོ་རཱཥྛ། རྐང་མཐིལ་ཀུ་ལུ་ཏར་གསུངས། ཕག་མོ་མངོན་འབྱུང་གི་རྒྱུད་ལས། རྣ་རྩེ་ཀོ་ས་ལར་གསུངས་པ་ཙམ་ལས་མཐུན། ཕྱག་ཆེན་ཐིག་ལེ་ལས་ནི། ཨོ་ཌི་ཡ་ན་སྤྱི་བོའི་གནས། ཛ་ལནྡྷ་ར་སྤྱི་གཙུག་དྲན། པུལླི་ར་མ་མཚོག་མ་སྟེ། ཀ་མ་རུ་ནི་སྨིན་ཕྲག་དབུས། མ་ལ་ཝ་ནི་སྣ་རྩེ་སྟེ། སནྡྷུ་མིག་ ༼ བོལ་དང་མིག་རྩ་འབྲེལ་བས་བོལ་ལ་སྐུ་བཉེ་བྱས་ན་མིག་བདེ་བར་འགྱུར་བས་དེ་གཉིས་གཅིག་དུ་གསུངས། མཆན། ༽གཉིས་ཡིན་པར་གྲགས། ན་གར་རྣ་བ་གཉིས་སུ་དྲན། སིང་གྷ་ཁ་ཡི་པདྨར་གནས། མུམྨུ་ནི་ནི་ཀོསྐོ་སྟེ། ༼ མ་ནེ་མཆན། ༽དེ་ཝི་ཀོ་ཌ་མགྲིན་གླིང་ངོ་། ཀུ་ལུ་ཏ་ནི་རྒྱབ་གླིང་ངོ་། ཨརྦུ་ཏ་ནི་མིག་གཉིས་སོ། །༼ ཤར་ཕྱོགས་བྷི་ག་ལའི་ཡུལ་གྱི་བྱེ་བྲག་ཡིན་ཟེར་བའང་ཡོད། ༽ཧ་རི་གེ་ལ་སྙིང་ཀའོ། །ཀོ་དྷ་ཝ་རི་ལྟེ་བའི་གནས། །ལམ་བྷ་ཀ་ནི་གསང་བར་རོ། །ཀྃ་རྩི་ལིངྐའི་དབུས་གནས་སོ། །ཀརྨ་ལིངྐའི་རྩེ་མོར་རོ། །༼ ཁ་ཅིག་རྒྱ་གར་ཤར་ཕྱོགས་བྷཾ་ག་ལའི་ཡུལ་གྱི་བྱེ་བྲག་མགར་བ་མང་བོ་ཡོད་པའི་ཡུལ་དེ་ཡིན་པར་བཤད་གོང་བཤད་ཀརྨ་རས་ཌའོ་ཁ་ཅིག་སིངྒ་ལར་བཤད། ༽གསེར་གླིང་གཞང་ཁའི་གནས་སུ་སྟེ། ཀོ་༼ ལྷོ་ནུབ་ན་མཐའ་ཆུའི་བསྐོར་བ་སྐུ་མཆོག་བཞིའི་ཡ་གྱལ་གྲིབ་མའི་སྐུ་བཞུགས་པའི་གནས། གྲོང་ཁྱེར་བྱེ་བ་ཕྲག་བདུན་ཡོད་པ་དེ་ཡིན་ཟེར། ཡང་ཀོང་ག་ཞེས་པ་རྒྱ་གར་ལྷོ་ནུབ་ན་མ་ཧཱ་སཾ་བྷ་ཝ་ཞེས་པའི་རང་བྱུང་མཆོད་རྟེན་ཡོད་པ་ལ་བཤད་ཀྱང་འདི་སྔ་མ་དེའོ། །༽ཀ་ན་ནི་བརླ་གཉིས་དྲན། བིནྡྷ་པུས་ ༼ རི་བོ་འབིག་བྱེད་ཀྱི་ནང་ན་སློབ་དཔོན་ཕྱོགས་གླིང་གི་སྒྲུབ་གནས་ཡོད་པ་རྒྱ་གར་ལྷོ་ཕྱོགས་ངོས་སུ་གནས། ༽མོ་གཉིས་ཡིན་ནོ། །ཡི་དྭགས་འདུས་པ་བྱིན་པ་སྟེ། །རྐང་བོལ་གཉིས་སུ་རྒྱ་མཚོའི་ངོག །ཀོ་མ་ ༼ རྒྱ་མཚོའི་གླིང་ཕྲན་ཞིག་ན་བུད་མེད་གཟུགས་བཟང་ཤ་སྟག་སྐྱེ་བའི་ཡུལ་ཞིག་ཡོད་པའོ། །༽ཀོ་རུ་མཐེ་བོང་སྟེ། ཙ་རི་ ༼ རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་འབྲས་བཟང་པོ་སྐྱེ་བ་རྡོ་རྗེ་ཕག་མོའི་ཆང་གི་བཅུད་བསྡུས་པའི་ཆང་ཡང་ཡང་བསིང་ན་རོ་བཅུད་མི་ཉམས་པའོ། །༽ ཊ་ནི་སོར་མོའོ། །ཀེ་ར་ཏ་ ༼ སུརྞ་ཀུ་རུ་ལས་ནུབ་ཕྱོགས་ཀོང་ཀན་དང་གཉིས་ཀྱི་བར་ན་ཡོད་དེ་འདི་ལ་མི་པ་ཀ་རའི་ཡུལ་ཡང་ཟེར་མཆན། ༽ནི་རྐང་མཐིལ་ལོ། ནེ་པ་ལ་ ༼ ནེ་པ་ལ་ནི་བལ་ཡུལ་ལོ། ༽ནི་ལྟག་པ་སྟེ། །ཀཾ་སོ་ཛོ་ནི་རྐེད་པའོ། །ཞེས་སོ། ཡང་རྒྱུད་གཞན་ལས། ཙ་རི་ཊ་ནི་རྐང་མཐིལ་ལོ། །ཞེས་གསུངས། དུས་འཁོར་ལས་ལྷའི་དཀྱིལ་འཁོར་འདི་དག་གསང་བའི་འཁོར་ལོར་སྦྱར་བ་ཡོད་ཀྱང་། རྩ་སོ་སོའི་མར་སྣ་གསང་བ་དང་། ཡར་སྣ་སྤྱི་བོ་པུ་ལི་ར་མ་སོགས་སུ་གནས་པ་ལ་སྤྱི་བོར་ཛ་ལནྡྷ་ར་ཞེས་གསུངས་པས་དགོངས་པ་མི་འགལ་ལོ་བླ་མ་གོང་མ་རྣམ་གསུངས་སོ། །དེའི་མཚོན་ཏེ་རྣ་རྩ་དང་ལྟེ་བ་འབྲེལ་བས་ལྟེ་བར་སྐུ་མཉེ་བྱས་ན་རྣ་བ་བདེ་བར་བཤད་པས་ཀོ་དཱ་ཝ་རི་གཉིས་སུ་བཤད་པ་ལ་སོགས་རྒྱུད་སྡེ་སོ་སོའི་བཞེད་པ་དང་། གནས་སོགས་ཀྱི་འཇོག་ཚུལ་ཀྱང་། རྒྱ་གར་གཅིག་པོར་མ་ངེས་ཏེ། དུས་འཁོར་རྩ་རྒྱུད་ལས། གླིང་བཞི་གནས་དང་། མཚམས་བཞི་ཉེ་གནས་སུ་གསུངས་ཤིང་། ལར་རྒྱ་དཀར་ནག་བོད་དང་ཤམ་བྷ་ལ་འཛམ་གླིང་བྱེ་བ་བརྒྱ་ནའང་གནས་སོགས་ཐམས་ཅད་ཚང་པར་གསུངས་པའི་ཕྱིར་དང་། ནང་གིས་ཀྱང་རྩ་སོ་སོའི་རྩ་བ་དང་འབྲས་བུ་སྨིན་ཚུལ་སོ་སོ་ལ་དགོངས་པ་དང་། སྐབས་ཐོབ་ཀྱི་གནས་སོ་སོ་ལའང་ཚང་བའི་གནད་ཀྱིས་ཕྱི་ནང་གཉིས་ཀ་སྡེ་ཚན་མང་དུ་བཞག་པ་དང་། དབང་པོ་རྣོན་པོའི་སེམས་ཅན་གྱིས་ཉི་ཚེ་བའི་གནས་སུ་འཛིན་ཞེན་གྲོལ་བའི་སླད་དུ་གསུངས་པ་ཡིན་པས་འགལ་བར་མི་བཟུང་ངོ་། །ཡང་ཡུལ་སུམ་ཅུ་སོ་གཉིས་སུ་སྣང་བ་ནི། ལན་ཚ་རྒྱ་མཚོའི་ནང་སྐྱེས་ནི་ཙནྡྲ་དཱི་པ་སྟེ་ཟླ་བའི་གླིང་ངམ། ཁྱབ་འཇུག་གི་བྱས་པའི་སྐུ་དང་ཉེ་བའི་གླིང་ཕྲན་དུ་བཤད་པ་མང་ཡང་། ༼ འགའ་ཞིག་གིས་བྷཾ་ག་ལའི་ཡུལ་གྱི་བྱེ་བྲག་མཚོ་གླིང་ཞིག་ལའང་བཤད་མཆན། ༽ཀྲི་ཧཱ་དཱེ་ཝའི་བྱེ་བྲག་ཏུ་ཤནྟི་པས་གསུངས་པ་དང་། འཐུང་གཅོད་ཀྱི་བྱེ་བྲག་གྲོང་ཁྱེར་གྱི་ངོས་འཛིན་པ་ཌ་ལ་སུ་ཌ་༡སྐྱ་སྣང་བུར་ཤནྟི་བས་བཞེད་པ་ནི་ཕྲག་པའི་རྩའི་འཁོར་ལོའི་དང་རྩ་ཐམས་ཅད་འདུས་པ། ༼ རྒྱལ་པོའི་ཁབ་ཀྱི་ནུབ་བྱང་གཱ་གའི་ལྷོ་འགྲམ་མྱ་ངན་མེད་ཀྱི་ཡུལ་ཏེ། ༽འཐུང་གཅོད་གྲོང་གི་༢མཐར་གནས་པ་ནི་མོན་ཡུལ་སྟེ་རྐེད་པའམ། རྐང་མཐིལ་ལམ་པགས་པ་ལ་སོགས་པར་གསུངས་པ་དང་། ཙ་རི་ཏྲ་༣ཞེས་སྤྱོད་པ་པོ་ནི་སོར་མོའམ་རྩ་ཐམས་ཅད་འདུས་པའི་དང་། རྐང་མཐིལ་རྐང་སོར་དུ་གསུངས་པ་དང་། བིནྡྱ་རི་བོ་འབིགས་བྱེད་ཀྱི་ནགས་ནི་༤པུས་མོས་གཉིས་ཀྱི་རྒྱ་མཚོའི་གླིང་ཕྲན་དུ་བཤད་པ་ཀོ་མཱ་རི་གཞོན་ནུའི་གྲོང་ཁྱེར་ནི་༥གསང་བའི་ཕྱི་རིམ་ནད་འདུས་པའི་རྩའོ། དུར་ཁྲོད་རབ་སོན་༦དགེ་འདུན་ནི་བྱིན་པའི་མཇུག་རྩ་ལས་དུར་ཁྲོད་བརྒྱད་ནི་རྒྱ་མཚོའི་འགྲམ་༧དུ་ཡོད་པ་ནང་གི་དབང་པོའི་སྒོ་བརྒྱད་ཀྱི་རྩའོ། །ཉེ་བའི་དུར་ཁྲོད་༨ཀྱང་རྩ་དེ་དག་གི་རང་མདངས་སུ་ཤར་བ་སྟེ། དེ་ལྟར་ན་རྩ་ཐམས་ཅད་འདུས་པ་ནི་དབུ་རྐྱང་རོ་གསུམ་དང་། དབང་པོའོ་སྒོ་ལྔ་ལ་སྙིང་ཀ་ནས། སུམ་སྐོར་མིག་ལ། འདོད་མ་རྣ་བ་ལ། ཁྱིམ་མ་སྣ་དང་། གཏུམ་མོ་ལྕེ། བདུད་བྲལ་ལྕེ་ཆུང་དུ་འབྲེལ་བས་འདོད་པའི་ཡོན་ཏན་ལྔ་དང་། ཡན་ལག་གི་རླུང་ལྔའི་རྟེན་གྱི་རྩ་རུ་གནས་པའི་དོན་གྱི་ཕྱིར་དང་། མཆོད་པའི་རྩའམ་མཚམས་རྩ་བཞི་ལས། ཆུ་དང་བཤང་ལམ་སྲིད་པའི་ལམ་དུ་བདུད་རྩི་ལྔ་འབབས་པས་རྩ་བཞི་བོ་དེའི་སྨིན་སོ་ལ་དགོངས་པ་ཡིན་ནམ་སྙམ་ཀྱང་བློ་བཟོས་ཙམ་མོ། ༼ བློ་བཟོ་དགོས་དོན་ནི་རྩ་སོ་གཉིས་ཡུལ་སོ་གཉིས་དང་སྦྱར་བས་འཕྲོས་ཀྱི་བྱུང་ངོ་། བླ་མ་གོང་མ་རྣམས་ཀྱི་སུམ་སྐོར་སོགས་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དུ་ཤུགས་ཀྱི་གོ་ཞེས་གསུངས་སོ། མཆན། ༽དེ་ལྟར་ཡིན་ན་གོང་གི་ཁམས་བྱང་སེམས་འབབས་པའི་རྩ་སོ་གཉིས་ཀྱི་སྨིན་སོ་ཡུལ་སུམ་ཅུ་རྩ་གཉིས་སུ་གནས་པ་ནི་ནང་གི་འབྱུང་ཆེན་དངོས་དང་། ཕྱིའི༵་གནས་ཡུལ་འདི་དག་དེའི་འབྱུང་གཟུགས་ཡིན་པ་སྟེ། ཕྱི་ནང༵་གི་འབྱུང་བ་གཉིས་ཀྱི་གནས་ལུགས་ནི། གཞ༵ན་དཀྱིལ་འཁོར་ངོ་བོར་ཡེ་ནས་སངས་རྒྱས་པ་རྣམ་པར་དག་པའི་ཞིང་ཁམས་ཞེས་གང་གསང་སྔགས་རྙིང་མས་གསུངས་པས་ཀུན་རྫོབ་དག་པ་ཆེན་པོའོ། །

གསུམ་པ་དཀྱིལ་འཁོར་འཁོར་ལོའི་ངོ་བོར་གྲོལ་ལུགས་ནི། དེ་ལྟར་གཙོ་མོ་ཉེར་བཞི་ལ་སོགས་པ་དེ་དག་ཀྱང་། མཁའ་འགྲོ་མ་རྣམས་ཀྱི་བྷ་ག་ཡངས་པ་ཆོས་ཀྱི་འབྱུང་གནས་དཀྱིལ་འཁོར་འཁོར་ལོ་བཞུགས་པའི་གནས་སུ་ལྷུན་གྱིས་གྲུབ་པའི་ཐབས་ཤེས་དབྱེར་མེད་ལྷ་མོའི་རང་བཞིན་དུ་ཡེ་ནས་གནས་པའི། གསང་བ་གཅོད་པའི་རྒྱུད་ལས། ལྷ་མོའི་རྩ་རུ་ཤེས་པར་བྱ། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། ལྷ་མོའི་དངོས་པོའི་གཟུགས་སུ་ནི། །རྩ་ཡི་བྱད་གཟུགས་ཡིན་པར་གསུངས། །ཞེས་སོ། །

བཞི་བ་ལམ་དང་སའི་བསྒྲོད་ཚུལ་ནི་འོག་ཏུ་རྩ་རླུང་གི་ལམ་གྱུར་གྱི་འབྲས་བུས་སྐབས་སུ་འབྱུང་བས་འདིར་ཁུང་བཟུང་བ་ཙམ་ལས་མི་འཆད་དོ། །

གསུམ་པ་འཁོར་ལོ་སོ་སོའི་གནས་ཚུལ་བཤད་པ་ལ། །ཡོངས་སུ་གྲགས་པའི་འཁོར་ལོ་བཞིའི་ས། ཁྱད་པར་བའི་འཁོར་ལོ་གཉིས་ཀྱིས། ཞར་ལ་དགོས་དབང་། རྐྱེན་གྱི་འཁོར་ལོའི། ཚིག་གི་འཁོར་ལོའི་ཁམས་ཡབ་ཡུམ་འདུས་བསམ་ཐབས་ཤེས་ཟུང་འཇུག་ཏེ་གྱེས་པའི་གནས་ཚུལ་དང་ལྔ་ལས། དང་པོ་ལ། ཚད་དང་དབྱེ་བས་རྐང་གྲངས་སྤྱིར་བཤད་པའི་མདོར་བསྟན། བྱེ་བྲག་ནང་གསེས་ཀྱི་རྣམ་གྲངས་རྒྱས་པར་བཤད། ཁམས་དང་རིགས་ཀྱི་དབང་དུ་དོན་བསྡུ་པའོ། །

དང་པོ་ནི། སྤྱི་བོ་བདེ་ཆེན་འཁོར་ལོ་འདབ་མ་སུམ་ཅུ་རྩ་བཞི་རྒྱར་སོར་བཞི་ཡོད་པ། མགྲིན་པར་བཅུ་དྲུག་གི་འདབ་མ་ལ་སོར་ཚད་ཀྱང་བཅུ་དྲུག །སྙིང་ཁར་འདབ་བརྒྱད་སོར་བཅུ་གཉིས། ལྟེ་བར་རེ་བཞི་སོར་བཅུ་དྲུག་གི་གྲངས་དང་འདབ་མའི་རྒྱར་ངེས་པ་སྟེ། རྡོ་རྗེ་དྲྭ་བ་སྡོམ་པའི་རྒྱུད་ལས། འཁོར་ལོ་རྣམས་ཀྱི་དབྱེ་བ་ནི། །སྤྱི་བོའི་འཁོར་ལོའི་འདབ་མ་ནི། །སུམ་ཅུ་རྩ་གཉིས་གྲངས་ཡིན་ནོ། །དེ་ནས་ལོངས་སྤྱོད་འཁོར་ལོ་ནི། །འདབ་མ་བཅུ་དྲུག་དག་ཏུ་བསྟན། །ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད། །སྤྲུལ་བའི་འཁོར་ལོ་འདབ་མ་ནི། །དྲུག་བཅུ་རྩ་བཞི་དག་ཡིན་ནོ། །བདེ་ཆེན་འཁོར་ལོ་སོར་བཞི་སྟེ། །ལོངས་སྤྱོད་འཁོར་ལོ་སོར་བཅུ་དྲུག །ཆོས་ཀྱི་འཁོར་ལོ་སོར་བཅུ་གཉིས། །སྤྲུལ་པའི་འཁོར་ལོ་སོར་བཅུ་དྲུག །ཞེས་པ་དང་། སྙིང་པོ་བཀོད་པའི་རྒྱུད་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། སྲོག་ཤིང་གསུམ་དང་འཁོར་ལོ་བཞི། ཞེས་སོ།

གཉིས་པ་ལ། ལྟེ་བ། སྙིང་ཀ མགྲིན་པ། སྤྱི་བོའི་འཁོར་ལོའི་གནས་ཚུལ་ལོ། དང་པོ་ལ་སྒྲ་དོན་དང་། གྱེས་ཚུལ། ཁམས་དང་བྱེད་ལས་སོ། །དང་པོ་ནི། མ་དག་པའི་དུས་སུ་ལུས་དང་པོ་ཆགས་པའི་ཚེ་དེ་ལས་གྱེས་པའི་མཆེད་གཞི་ལྟ་བུར་གྱུར་པའི་ཕྱིར་དང་། འཁོར་ལོ་འདི་ལ་གནད་དུ་བསྣུན་ན་དེར་རླུང་སེམས་ཚུད་དུས་སད་པའི་གནས་སྐབས་དག་ནས་སངས་རྒྱས་སྤྲུལ་སྐུའི་དགོངས་པ་འཆར་ཞིང་། སྐུ་དང་ཞིང་ཁམས་ཚད་མེད་པར་སྣང་བའི་དོན་གྱིས་ཀྱང་སྤྲུལ་པའི་འཁོར་ལོ་ཞེས་བྱ་སྟེ། ལུས་ངག་ཡིད་གསུམ་ལ་ཁམས་གསུམ་ཞེས་དེ་དག་སྤྲུལ་པའི་གནས་དང་། དེ་དག་ལ་ཁྱབ་པའི་དོན་ཡིན་ཏེ། གལ་པོ་ལས། བཅུ་དྲུག་གཅིག་དང་བཞིར་གྱེས་པ། ཁམས་གསུམ་ཁྱབ་པའི་སྤྲུལ་སྐུའོ། །ཞེས་སོ། །ཀྱེ་རྡོར་ལས། གང་གི་བསྐྱེད་དང་སྤྲུལ་པ་ཡིས། །སྐུ་ནི་སྤྲུལ་པ་ཅན་ཞེས་བརྗོད། །ཅེས་སོ། །དབྱིབས་འཁོར་ལོ་ལྟར་ཡོད་པ་དང་ང་རྒྱལ་དང་སད་པའི་གནས་སྐབས་ཀྱི་འཁྲུལ་བ་སོགས་སྤངས་བྱ་མི་མཐུན་པའི་ཕྱོགས་འཇོམས་པས་འཁོར་ལོའི་ངེས་ཚིག་གི་བསྟན་པའོ། །

གཉིས་པ་གྱེས་ཚུལ་ནི། དབུ་མ་ལས་རྩ་བཞིར་གྱེས་ཤིང་། ཡང་དེ་ལ་རེ་རེ་སྟེ་བརྒྱད་གྱེས་པས་བཞི་ལས་གཉིས་རེ་གྱེས་པས་འཕོ་བའི་རྩ་བཅུ་གཉིས་དང། དེའི་སྔར་གྱེས་པ་བརྒྱད་ལས་ལྔ་ལྔ་དང། མ་གྱེས་པ་བཞི་ལས་དྲུག་རེ་གྱེས་ནས་དྲུག་ཅུ་རྩ་བཞིར་གྱུར་རོ། །ཞེས་གསང་བ་སྙིང་པོའི་དགོངས་པ་དང་། ཡང་དུས་འཁོར་དང་རྡོར་ཕྲེང་སོགས་ཕ་མའི་རྒྱུད་ཀྱི་དགོངས་པ་ནི། སྟོང་པའི་རྩ་བཞི་ལས་གསུམ་ཚན་དུ་གྱེས་པའི་བཅུ་གཉིས་ལུག་སོགས་དུས་སྦྱོར་གྱི་རྩ་བཅུ་གཉིས་ལ་འཕོ་ཆུང་གི་རིམ་པས་ལྔ་ཚན་དུ་གྱེས་པས་དྲུག་བཅུར་འདོད་དོ། །དེ་ལྟར་དྲུག་ཅུ་པོ་ལའང་མིང་རྣམ་གྲངས་བྱེད་ལས་ཀྱི་སྒོ་ནས། རྡོ་རྗེ་ཕྲེང་བའི་རྒྱུད་ལས་གསུང་ནའང་རྙོགས་པར་དོག་ནས་མ་བྲིས་སོ། །དུས་འཁོར་ལས་ནི། འཁོར་ལོ་དྲུག་གི་དང་བར་མཚམས་དྲུག་ཏེ་བཅུ་གཉིས་པོ་འཕོ་བའི་དང་རྟེན་འབྲེལ་དུས་སྦྱོར་གྱི་རྩར་གསུངས་སོ། །

གསུམ་པ་ཁམས་ཀྱི་དབང་དུ་བྱས་ན་ལྟེ་བའི་འཁོར་ལོ་ས་ཁམས་སུ་རྒྱུད་སྤྱི་ཁྱབ་ལས་གསུངས་སོ། །ཁྱད་པར་གསང་རྒྱུད་རྣམས་སུ་ལྟེ་བ་ཆུའི་འཁོར་ལོར་གསུངས་པ་ནི། འཁོར་ལོ་བཞིར་བསྡུས་ཏེ་སྲིད་པ་ཆགས་རིམ་ལས་ལུས་ཆགས་ཚུལ་བཟུངས་ནས་བསྟན་པ་ཡིན་ཀྱང་གཞན་ཡང་འཁོར་ལོ་འདིས་སའི་བསྐྱེད་བསྡུད་སོགས་ཀྱི་ལུས་སྟོབས་ཆེ་ཆུང་དང་། ཕོ་མོའི་དབང་པོར་བསྒྱུར་བ་ལ་སོགས་པའི་ལས་བྱེད་པའོ། །འདི་ལ་སོགས་པའི་གསང་རྒྱུད་ཀྱི་དགོངས་པ་ཀུན་མཁྱེན་ཆོས་རྗེའི་དབྱིངས་ཆེ་ལ་དོན་ཟབ་པར་གསུངས་བ་ནི་ཆོས་སྤྲིན་ཆེན་པོའི་སར་བཞུགས་པའི་དགོངས་ཁྱབ་ཡངས་ཤིང་ལེགས་གསུང་གི་ཡོན་ཏན་ཕུན་སུམ་ཚོགས་པ་སོ་སྐྱེས་དང་རྟོག་གེའི་སྤྱོད་ཡུལ་ལས་འདས་པར་མངོན་ནོ། །འོན་ཀྱང་ཁོ་བོའི་ས་ཁུང་ཙམ་འཛིན་པར་བཀོད་དེ། ཐུན་མོང་རྒྱུད་དོན་གྱི་དབང་གི་ས་ཁམས་ལ་བཞག་གོ །

གཉིས་པ་སྙིང་གའི་འཁོར་ལོ་ལའང་། སྒྲ་དོན་གྱེས་ཚུལ་ཁམས་ཀྱི་རྣམ་གྲངས་ཏེ་གསུམ་ལས། དང་པོ་ནི། རྩ་འཁོར་གྱི་སྙིང་ཀུ་ནུ་བར་ཐད་དྲང་ན་ཡོད་པ་དང་། མ་དག་པའི་གཞི་དུས་ཡིད་ཀྱི་རྣམ་ཤེས་ཆོས་ཁམས་ལ་སྐྱེ་ཞིང་མཆེད་པའི་གནས་དང་། དབྱིབས་ནི་འཁོར་ལོ་ལྟར་ཡོད་པ་དང་། གནད་དུ་བསྣུན་པ་དེར་རླུང་སེམས་ཞུགས་པས་གཉིད་འཐུགས་གནས་སྐབས་ཆོས་ཀྱི་སྐུའི་དགོངས་པ་འོད་གསལ་གྱི་མི་ཁྱབ་པའི་ཆོས་ཉིད་དུ་འཆར་ཞིང་སྤངས་བྱ་གཏི་མུག་ལས་དང་བག་ཆགས་ཐམས་ཅད་གཅོད་པའི་འཁོར་ལོ་དང་འདྲ་བས་ཀྱང་མིང་དེ་ལྟར་ཆགས་པ་ཡིན་ནོ། །དབང་གི་གལ་པོ་ལས། རྩ་བཞི་འོད་བཞི་ས་བོན་དྲུག །མདོར་བསྡུས་སྙིང་པོ་ཆོས་ཀྱི་སྐུ། །དེ་ཕྱིར་ཆོས་ཀྱི་འཁོར་ལོའོ། །ཞེས་དང་དགྱེས་རྡོར་ལས། སེམས་ནི་ཆོས་ཀྱི་རང་བཞིན་ཏེ། །ཆོས་ཀྱི་སྐུ་ཡང་སྙིང་ཁར་འགྱུར། །ཞེས་སོ། །

གཉིས་པ་ནི། དང་པོ་དབུ་མ་ལས་ཕྱོགས་བཞིར་རྩ་བཞི་གྱེས་དེ་ལ་གཉིས་གཉིས་སུ་གྱེས་པས་བརྒྱད་ཡོད་པར་བཤད་དེ། དེ་ཡང་ཕྱིར་ལྟར་ཐུན་ཚོད་བརྒྱད་ཀྱི་རླུང་བརྟེན་པའི་རྩ་དང་། རིགས་ཀྱི་གསུམ་པ་ནི། ཕྱོགས་བཞིའི་རྩ་རྣམས་རྡོ་རྗེ་ལ་སོགས་པའི་རིགས་བཞིའི་རིགས་སུ་གཏོགས་པར་གསུངས། མཚམས་བཞིའི་རྩ་ནི་ཤེས་རབ་ཡུམ་གྱི་ངོ་བོའི་ཆར་གཏོགས་པར། འདི་མན་གསུངས་གྲུབ་པ་འདྲ་དཔེ་མ་རྙེད།

ལོ་བརྒྱའི་རླུང་རྒྱུ་ཚུལ།

ལོ་བརྒྱའི་རླུང་ལ་དུང་བདུན་བྱེ་བ་བདུན་ས་ཡ་བདུན་འབུམ་ཐེར་དྲུག་ཡོད་པའི་གྲངས་དང་མཉམ་པའི་ཆོས་ཀྱི་རྣམ་གྲངས་བྱུང་བརྒྱད་ཁྲི་བཞི་སྟོང་ཞེས་པ་ནི་རག་རིམ་ཙམ་གྱི་གྲངས་ཡིན་ནོ། དེ་ལས་ལོ་བརྒྱའི་རླུང་ལ་ས་ཡ་ཉེར་བཞི་དང་འབུམ་ཕྲག་གསུམ་ཡོད་པའི་གྲངས་སྙེད་ཀྱི་བླ་མེད་ཀྱི་རྒྱུད་བྱུང་ངོ་། །དེའི་ན་ལོ་གསུམ་ལ་ཞག་གྲངས་སྟོང་བརྒྱད་ཅུའི་ཡེ་རླུང་ལས་དུས་ཀྱི་འཁོར་ལོར་༡༨༠༠དང་འཁོར་ལོ་སྡོམ་ཆེན་ངེས་བརྗོད་འབུམ་༧༢པས། དེ་ཐབས་ཤེས་ཟུང་དུ་སྡོམ་པས་སོ་བདུན་ནི་འཁོར་ལོ་སྡོམ་ཆུང་བསྡུས་རྒྱུད་ཀྱི་ལྷ་གྲངས་དང་། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་ལྷ་གྲངས་སོ། །ཕྱོགས་གསུམ་གྱི་ཞག་ཞེ་ལྔ་འཕོ་བ་བཅུ་གཉིས་ཀྱི་བསྒྱུར་བས། སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གསུམ་གྱི་ལྷ་ཉིས་བརྒྱ་དང་དོན་བཞི་དང་། གསང་འདུས་ཀྱི་དཀྱིལ་འཁོར་རྣམ་གྲངས་དྲུག་གི་ལྷ་ཉིད་བརྒྱ་དང་དྲུག་ཅུ་རྩ་བཞི་བྱུང་ངོ་། །སྔ་ཕྱི་སྡོམ་ན་ལྔ་བརྒྱ་དང་སུམ་ཅུ་སོ་བརྒྱད་ཡིན་ནོ། །ག་གཱས་སོ། །

སྟོང་༡བརྒྱད་བརྒྱ། ཤར་ཕྱོགས་མདུན་དུ་བྱས་ནས་རླུང་། གཡས་མེ། རྒྱབ་ས། གཡོན་ཆུ། ལག་གཡས་རླུང་། གཡོན་མེ། རྐང་གཡས་ས། གཡོན་ཆུའོ། །༈གྱེན་རྒྱུ་མེ། ཐུར་སེལ་ས། སྲོག་རླུང་མཁའ། ཁྱབ་བྱེད་ཆུ་དང་ནམ་མཁའ་བཤད་པ་གཉིས། མེ་མཉམ་རླུང་། ཡི་གེའི་རྣམ་པ། ཨེ་སྲོག་ ༼ ནམ་མཁའ་མཆན། ༽ལ་ ཐུར་སེལ། རི་གྱེན་རྒྱུ། ཨེ་མེ་མཉམ། ཨུ་ཁྱབ་བྱེད་དོ། །ཀླུ་བའམ་ ༼ རྒྱུ་བ། ༽ནམ་མཁའ། ཨཱ། རུས་སྦལ ༼ རྣམ་རྒྱུ། ༽རླུང་ཨེ། རྩངས་བ་ ༼ ཡང་དག་རྒྱུ། ༽མེ། ཨཱར། ལྷ་སྦྱིན་ ༼ རབ་ཏུ་རྒྱུ། ༽ཆུ། ཨོ་ཨཽ། ནོར་རྒྱལ་ལམ་གཞུ་རྒྱལ་ ༼ ངེས་པར་རྒྱུ་བ། ༽ས་ཨ་ལོ། ༼ གཉེ་མ་སྦྲུལ་ལྟ་བུ། མཆིན་པ་རུས་སྦལ་ལྟ་བུ། གློ་བ་རྩངས་བ་ལྟ་བུ། སྙིང་ལྷ་སྦྱིན་བུ་མོའི་གོ་ཟུ་གྱོན་པ་ལྟ་བུ། མཁལ་མ་གཞུའི་དབྱིབས་འདྲ། ༽༈ གཡས་མེ་རླུང་པདྨ་མགོན་འབྱུང་བ་ཐིམ་རིམ་གྱི་རྒྱུ་ཞིང་ཁ་དོག་དམར་བོ། གཡོན་ནས་རླུང་གི་ཁམས་ལས་གྱི་མགོན་པོ་ལྗང་སེར་འབྱུང་བ་ཆགས་རིམ་གྱི་རྒྱུ། གཉིས་ཀ་དྲག་ཏུ་རྒྱུ་བ་ཁ་དོག་སེར་པོ་རིན་ཆེན་མགོན་པོ་དབང་ཆེན་གྱི་དཀྱིལ་འཁོར། མཉམ་པར་དལ་བར་རྒྱུ་བ་རྡོ་རྗེ་མགོན་པོ་ཆུའི་རང་བཞིན་ཁ་དོག་ཤེལ་ལྟ་བུའོ། །དེ་སྲོག་རླུང་ཡིན། ཁྱབ་བྱེད་ནམ་མཁའི་ཁམས་མི་རྒྱུ་ཞེས་གསུང་པའང་ཡོད་དོ། །༈སྣའི་ཀ་བ་གཉིས་བྱང་ཆུ། འོག་གཉིས་ས། སྟེང་གཉིས་མེ། གཤོག་པ་གཉིས་རླུང་ངོ་། །༈ཕྱིར་རྒྱུ་བའི་ཚུལ་གྱི་གྲངས་ནི། གཡས་ནས་ཉི་མའི་རླུང་དང་། གཡོན་ནས་ཟླ་བའི་ཆུ་ཚོད་དམ། འཕོ་ཆུང་ངམ་དབྱུ་གུ་རེ་ལ་སུམ་བརྒྱ་དྲུག་ཅུ་རེ། དུས་སྦྱོར་རམ་འཕོ་བ་རེ་ལ་སྟོང་བརྒྱད་བརྒྱ་རྒྱུ་བས་སྤྱིར་བཏང་ཉིན་ཞག་གཅིག་ལ་ཡེ་རླུང་ལོགས་སུ་བཀར་བའི་ཉི་ཟླ་ལ་རེ་ཡོད། དུས་འཁོར་ནས་ནང་དུ་སྤྱི་བོ་ནས་ཟླ་རྐང་གི་རླུང་༢༡༦༠༠བདེ་དགྱེས་ནས་ཡུད་ཙམ་སོ་གཉིས་ཀྱི་རླུང་༡༠༤༦༥རྒྱུ་བར་གསུངས་སོ། །མགྲིན་པ་ནས་རྒྱུ་སྐར་གྱི་ལོངས་སྤྱོད་མཐུན་པའི་རླུང་རྒྱུ་བར་དུས་འཁོར་ནས་བཤད། ཀྱེ་བདེ་གསང་གསུམ་རྩ་འདབ་གཉིས་རེ་ཐབས་ཤེས་གཅིག་དུ་སྡོམ་ནས་འཕོ་བ་བཅུ་དྲུག་གི་རླུང་རྒྱུ་བར་བཤད་དོ། །ལྟེ་བར་དབྱུ་གུ་དྲུག་ཅུའི། སྙིང་གར་རྩ་འདབ་བརྒྱད་དུ་རྩ་བ་དང་ཡན་ལག་གི་རླུང་ཐུན་ཚོད་བརྒྱད་ཀྱི་ཚུལ་དུ་རྒྱུའོ། །ཡན་ལག་གི་ཚིགས་བཅུ་གཉིས་ལ་སུམ་བརྒྱ་དྲུག་བཅུ་རེ། ཉིང་ལག་གི་ཚིགས་དྲུག་ཅུ་ལ་དྲུག་རེ་སྟེ་སུམ་བརྒྱ་དྲུག་ཅུ་དུས་གཅིག་དུ་རྒྱུ་བའོ། །ག་གཱ་སོ། ༈ཁྲི་༢སྟོང་༡དྲུག་བརྒྱ་ ཁྲི་༡བཞི་བརྒྱ་ རེ་ལྔ་དང་དབུགས་ཕྱེད་རེ་རྒྱུ། དྲུག་བརྒྱ་དོན་ལྔ་ སྣ་བུག་གཡས་ཀྱི་དྲག་གཟའ། གཡོན་ཞི་གཟའི་རྒྱུ་ཚུལ་ཁམས་ཡི་གེ་དང་བཅས་པའོ། །གཟའ་བརྒྱད་ཀྱི་ཁམས་དང་རླུང་རྒྱུ་ཚུལ་ནི་མེ་ ཨཱ་ཉི་ རླུང་ ཆུ་ ཨི་ཟླ་ རླུང་ རི་དམར་ ཨཱ་མེ་ ཨཱུ་ཕུར་ ཨུ་པ་སངས་ ཨ་སྒྲ་གཅན་ ར་ལྷག་ ས་ ལཱི་ སྤེན་ ཆུ་ ས་ ལ་མཇུག་ མེ་ ནམ་མཁའི་ཆུ་དཀར་ མེ་དམར་ ནམ་མཁའ་སྔོ། ས་སེར་ ཡེ་ཤེས་རླུང་ལྗང་། ག་གཱས་སོ། །

རྫོགས་པ་ཆེན་པོའི་རྒྱུད་ཉི་མའི་སྙིང་པོ།

རྫོགས་པ་ཆེན་པོའི་རྒྱུད་ཉི་མའི་སྙིང་པོ་བཞུགས་སོ༔

རྒྱ་གར་སྐད་དུ༔ མ་ཧཱ་ཨཱ་ཏི་ཡོ་ག་སུརྱ་གརྦྷ་ཏནྟྲ༔ བོད་སྐད་དུ༔ རྫོགས་པ་ཆེན་པོ་ཉི་མའི་སྙིང་པོའི་རྒྱུད༔ མཁའ་ཀློང་ཡངས་པར་ཕྱག་འཚལ་ལོ༔ རྟོགས་པའི་ཡོན་ཏན་ཁྱད་པར་འཕགས༔ སངས་རྒྱས་རྣམས་གྱི་རྣམ་པར་དག༔ མི་རྟོག་ཡེ་ཤེས་ཟག་པ་མེད༔ ༡ ཁྱབ་བརྡལ་ལྷུན་གྲུབ་འདུས་མ་བྱས༔ མཚན་མ་ཚིག་གི་སྤྱོད་ཡུལ་འདས༔ འདས་དང་མ་འདས་མི་གནས་ལ༔ ཐམས་ཅད་ཐམས་ཅད་མཁའ་རུ་སྦྲུམ༔ ༢ སྐུ་གསུང་ཐུགས་ཀྱི་འཁོར་ལོ་རུ༔ རྣམ་ཀུན་ཡེ་ནས་འུབས་སུ་ཆུབ༔ བྱང་ཆུབ་མཉམ་རོལ་ཐིག་ལེ་ཆེ༔ ཆེད་དུ་སྒྲུབ་ཀྱང་རྩོལ་བའི་མཐའ༔ ༣ ངང་ལ་སྦྱངས་རྒྱུར་གང་ཡང་མཉམ༔ གཤིས་ལ་ཐོབ་དང་མ་ཐོབ་མེད༔ སྔར་ལས་འཕྲལ་སངས་རྒྱས་པ་མེད༔ ཉག་གཅིག་ཕྱམ་ཕྱལ་ཡངས་པོ་ཆེ༔ ༤ མཐའ་དང་ཕྱོགས་ལས་རྣམ་པར་རྒྱལ༔ རྣམ་ཀུན་མཆོག་ལྡན་འགྱུར་བ་མེད༔ རིག་དབྱིངས་གདངས་ཀྱི་ཤེས་རབ་མཆོག༔ མ་ཉམས་མ་སྨད་ཉོན་མི་མོངས༔ ༥ བྱ་རྩོལ་འབད་པའི་འཕྱང་རྒྱ་གྲོལ༔ གྲོལ་འཁྲུལ་མཉམ་དག་སྐྱེ་མ་མྱོང་༔ གཅིག་དང་དུ་མའི་མཚན་བཅས་ཞིག༔ སྲིད་དང་ཞི་ལ་རྣམ་མི་གནས༔ ༦ འཆིང་དང་གྲོལ་བ་སླད་མི་འཚལ༔ ཡེ་ནས་རང་བཞིན་བརྗོད་དུ་མེད༔ མེད་མཉམ་དག་མཉམ་བབ་ཀྱི་ངང་༔ དཔེ་དང་མཚོན་པ་གནམ་པོར་འགྱུར༔ ༧ ཐེག་པའི་བྱེ་བྲག་གང་གིས་ཀྱང་༔ ཡིད་ཀྱི་དཔྱོད་པས་དབྱེར་མི་བྱེད༔ རྨོངས་གཉིས་དྲི་མ་ཐམས་ཅད་ཀུན༔ ངོ་བོ་ཉིད་དུ་གཞི་རྩ་བྲལ༔ ༨ ངོ་བོ་ཉིད་ལ་བསྟན་དུ་མེད༔ ངོ་བོ་ཉིད་ལ་གཟུང་དུ་མེད༔ ངོ་བོ་ཉིད་ལ་དམིགས་སུ་མེད༔ ངོ་བོ་ཉིད་ལ་མེད་མཐའ་ཟད༔ ༩ངོ་བོ་ཉིད་ལ་སྤྲོས་པ་དག༔ ངོ་བོ་ཉིད་ལ་སྤྲོས་མེད་ཧར༔ ངོ་བོ་ཉིད་ཅེས་གཞན་དུ་མེད༔ ངོ་བོ་ཉིད་ཀྱང་སྐྱེ་བ་མེད༡༠ངོ་བོ་ཉིད་ལ་གནས་འགགས་མེད༔ ངོ་བོ་ཉིད་ནི་བྱང་ཆུབ་སེམས༔ ཉི་མ་སྙིང་པོ་ཅི་ལྟ་སྟེ༔ ངོ་བོ་ཉིད་ལས་མ་གཡོས་བཞིན༔ ༡༡ངོ་བོ་ཉིད་ཀྱི་སྐུ་རུ་ཤར༔ བྱང་ཆུབ་སེམས་ཀྱི་གསུང་དུ་བསྒྲུན༔ རང་བྱུང་ཡེ་ཤེས་ཐུགས་སུ་བརྡལ༔ དེས་ན་གཉིས་སུ་མ་རྟོགས་བཞི༔ ༡༢༔ ཉི་མ་འོད་ཟེར་ཀུན་ཏུ་དགྲམ༔ དེ་བཞིན་གཡོ་བའི་སེམས་མེད་པའི༔ ཕྱོགས་མེད་རྒྱན་གྱི་འཁོར་ལོ་སྤེལ༔ སྤེལ་བཞིན་པའང་རང་བཞིན་དག༔ ༡༣ཡང་ཅིག་ཉི་མས་རྩོལ་མེད་དུ༔ ཕྱོགས་མཐའི་མུན་པ་དཔྱིས་ནས་འབྱིན༔ དེ་བཞིན་བྱང་ཆུབ་ཐིག་ལེ་ཆེའི༔ མཐའ་ཡས་ཁམས་ལྡན་མོས་ངོར་བརྩེ༔ ༡༤བརྩེ་བའི་སྤྲུལ་བ་རང་བྱུང་བ༔ ཐུགས་རྗེ་དམ་པའི་དཔལ་ཆེན་པོ༔ ནམ་མཁའ་བཞིན་དུ་ཕྱོགས་རིས་མེད༔ སྟོང་ལ་སྙིང་རྗེ་ཐབས་སུ་རྒྱས༔ ༡༥རྫོགས་པ་ཆེན་པོ་ཉི་མའི་སྙིང་པོ་ལས༔ གཞི་ཁྱབ་བརྡལ་ཆེན་པོའི་རིག་པའི་སྐབས་སྟེ་དང་པོའོ༔ ༈ དེ་ལྟར་གཤིས་ལུགས་ཐབས་ཤེས་མཉམ་བརྡལ་བ༔ མ་རྟོགས་གུད་དུ་བཅད་པའི་ཞེན་འཐས་སྒྲིབ༔ རང་ཞལ་སྐྱེ་མེད་ངང་དུ་གཞིལ་བའི་ཕྱིར༔ བསྒོམ་པ་ཉམས་སུ་ལེན་པའི་རིམ་པ་ལ༔ ༡ལར་ནི་དཀར་ནག་ལས་གང་མཉམ་བརྡལ་དུ༔ རིག་པའི་སྒྲིབ་པར་གཞི་ལ་མཉམ་ནའང་༔ རྩོལ་མེད་རྟོགས་བའི་ཡེ་ཤེས་མ་ཤར་བར༔ རྒྱུ་འབྲས་ཀུན་རྫོབ་བདེན་བའི་དོན་ཤེས་མཛོད༔ ༢ཁྱད་པར་ཟད་མེད་ཤེས་རབ་རིག་པའི་མཚོན༔ སྲིད་རྩ་ང་རུ་འཛིན་པའི་དགྲ་ལ་ཕོབས༔ སོར་རྟོགས་ཡེ་ཤེས་རྡོ་རྗེའི་འདུ་འཕྲོ་ཡིས༔ ཉོན་མོངས་དམར་སྙིང་འབྱིན་ལ་གདོད་མི་ཟ༔ ༣ཞི་གནས་ཉོན་མོངས་རྙོགས་པ་བྲལ་བའི་མཚོར༔ ལྷག་མཐོང་ཤེས་རབ་ཟླ་བ་གཉིས་པར་འཕོ༔ ལམ་གྱི་རིག་པ་རྣལ་དུ་འབྱོར་བའི་ཕྱིར༔ བྱུང་གནས་འགྲོ་གསུམ་གཞི་རྩ་སེམས་ལ་གཞལ༔ ༤གནས་ཚུལ་ཡང་དག་མཐོང་རྒྱུ་འདི་ལ་ཡོད༔ ངོ་བོ་མངོན་དུ་བྱས་ན་སྟོང་སང་ངེ༔ རང་བཞིན་བབ་ཀྱི་གནས་ན་རང་མདངས་གསལ༔ རྩལ་ལས་འཁོར་འདས་སྣང་སྲིད་རྒྱན་སྣང་དགྲམ༔ ༥བསྐྱང་ཞིང་བསྐྱང་ན་དམིགས་མེད་རང་སར་ཧར༔ རྩལ་སྣང་སེམས་བྱུང་རྒྱུ་བ་རྣམ་ཞི་ནས༔ ཤར་སྟོང་ངོ་བོ་མཐོང་ན་གཅིག་དུ་གྱུར༔ དྲན་བའི་རང་ཚུགས་ཐུབ་ནས་གཟུ་བོར་བསྟི༔ ༦དྲན་སྟོང་མལ་དུ་དུབ་ན་སྲིད་རྩེར་སྦྲོན༔ བདེ་གསལ་ཉམས་ཀྱི་བསླུས་ན་འདོད་གཟུགས་འདུ༔ སྟོང་གསལ་ངང་ན་རང་གསལ་རྗེན་པར་ཤར༔ འདི་དུས་རིག་པའི་དབྱིངས་སུ་འཁྱོལ་བ་ལགས༔ ༧རྫོགས་པ་ཆེན་པོའི་རྒྱུད་ཉི་མའི་སྙིང་པོ་ལས༔ སེམས་ལ་ལམ་བྱས་ནས་རིག་པའི་དབྱིངས་སུ་སྐྱོལ་བའི་སྐབས་ཏེ་གཉིས་པའོ༔ ༈ རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི༔ སེམས་ཅན་ཀུན་ལ་རང་ཆོས་ ༼ ཆས་དཔྱད ༽ གནས་ནའང་༔ མ་རྟོགས་ལོག་པའི་སྡུག་བསྔལ་བསམ་མི་ཁྱབ༔ རྟོགས་ན་ད་ལྟ་ཉིད་ནས་གདོད་མར་ཕྱིན༔ ༡དྲི་མེད་ཡེ་ཤེས་རྣམ་པར་དག་པ་སྟེ༔ རང་གི་རིག་པ་ཁྱབ་བརྡལ་གཅིག་དུ་གནས༔ འདི་ཉིད་མ་མཐོང་ནམ་ཡང་གྲོལ་མི་སྲིད༔ མཐོང་ན་མི་གནས་སར་བསྒྲོད་གཏ༵ན་ཚི༵ག་གཅི༵ག༔ ༢ཐོས་བསམ་བསྒོམ་པའི་མིག་བུ་དག་པ་དང་༔ ཚོགས་སྨོན་བསོད་ནམས་བཟང་པོའི་བྱེ་བྲག་དང་༔ ཁྱད་པར་རང་སྣང་སྟོན་པའི་ཕྲིན་ལས་ཀྱིས༔ འདི་ན་རིག་པའི་རྩལ་དབང་ཟབ་མོ་ཡི༔ ༣དབང་དོན་བཞི་བའི་ཡེ་ཤེས་སྐྱེ་འགྱུར་གྱི༔ ཐབས་ཀྱིས་ཕོངས་བའི་འོལ་ཚོད་བསམ་སྤྱོད་ཅན༔ ཁ་ལྟ་སྟོང་སྐད་ཆེ་ཡང་ཆུ་འབབ་སྒྲ༔ དེ་ལ་ཞེ་གཅོད་ལ་སོགས་དོན་རྡོའི་སྟོང་༔ ༤སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་ནི༔ དུས་གསུམ་སྐྱེ་འགགས་བྲལ་བའི་ཤེས་རབ་ཆེ༔ རྒྱལ་བ་ཐམས་ཅད་དཀྱིལ་འཁོར་འདི་ལ་རྫོགས༔ དེ་ཡི་རྒྱུ་རྐྱེན་དད་དང་མོས་གུས་ཡིན༔ ༥དེ་ཉིད་བླ་མའི་ཐུགས་རྗེའི་ངོ་འཕྲོད་ནས༔ ཡུལ་ལ་མི་འདྲེས་སེམས་སུ་མ་འཁྲུལ་པའི༔ ལམ་རིག་ཆ་རྫོགས་མངོན་དུ་གྱུར་ནས་ཀྱང་༔ ངང་ལ་ཅེར་གྱི་གནས་པའི་ལྷག་མཐོང་ནི༔ ༦ལྟ་དང་གཏད་སོ་མེད་པར་ཧར་སང་ངེ༔ དམིགས་དང་རྩོལ་བློ་མེད་པར་ཕྱམ་བརྡལ་ལེ༔ ཉོན་མོངས་རྙོགས་པ་མེད་པར་རྗེར་ཁྲེས་སེ༔ རྣམ་རྟོག་དམིགས་པ་མེད་པར་རང་གསལ་ལེ༔ ༧སྒོམ་དང་ཡིད་བྱེད་མེད་པར་ཟང་ཐལ་ལེ༔ གཉིས་འཛིན་སྤངས་བླངས་མེད་པར་ཅོག་གི་གནས༔ མཚན་མའི་སྤྲོས་པ་མེད་པར་བབ་ཀྱི་གནས༔ མ་བྱེད་མ་བྱེད་དགག་སྒྲུབ་བློ་མ་བྱེད༔ ༨ཐམས་ཅད་ཆོས་ཉིད་དག་པའི་རང་རྩལ་ལ༔ རིམ་པར་དགག་ན་སྨྱོ་འབོགས་བརྒྱལ་བའི་རྒྱུ༔ མ་འཛིན་མ་འཛིན་འཁོར་གསུམ་བློ་མ་འཛིན༔ བཟུང་ཤིང་བཟུང་ན་དོན་ལ་གཟུང་མཁན་སྟོང་༔ ༩སྟོང་ལ་སྣང་བའི་རྒྱས་འདེབས་ག་ལ་འཐད༔ དག་པའི་རིག་པ་ཆོས་ཉིད་གདོད་མའི་རྒྱལ༔ འཕོ་འགྱུར་སྐྱེ་འཇིག་མེད་པའི་རྒྱལ་ས་ནས༔ གཡོས་ན་དེ་ལ་ཐར་ལམ་ཅི་ཞིག་ཡོད༔ ༡༠འཁོར་འདས་སྣང་སྲིད་གཉིས་སུ་ཤར་བ་དང་༔ ལུས་དང་དབང་བོ་ཡུལ་དང་ཡིད་དྲུག་བཅས༔ ཐམས་ཅད་མ་ལུས་འདི་ཡི་སྤྱི་རྒྱས་བཅིངས༔ སྟོང་ཉིད་གཅིག་པུ་རིག་པར་རྟོགས་པ་ན༔ ༡༡དེ་ཡི་གཞན་དུ་ལྟ་བ་ཞེས་བྱ་བ༔ འགའ་ལ་ཡོད་ན་ཡིད་དཔྱོད་ལོག་རྟོག་ཞིག༔ བསྐལ་བར་གཉེར་ཀྱང་ཚི་ཆད་འཁོར་བ་རུ༔ འདའ་བར་སྤྲོ་བས་བསྒྲོན་པའི་བྱེད་པོ་ཡིན༔ ༡༢རིག་པ་དེ་ཡང་འདི་ཞེས་འཛིན་ཡོད་ནས༔ སེམས་ཀྱི་སེམས་ལ་ལྷག་པའི་སྣོན་མ་ཞིག༔ འཛིན་མེད་སྟོང་གསལ་ཉིད་དུ་ཉེ་བ་ལས༔ དགོན་པར་བྲོས་བ་ངེས་པའི་གཏ༵ན་ཚི༵ག་གཉིས༔ ༡༣ བ༵ཞི་ཆ༵་གསུམ༵་བྲལ༵་ཟང་ཐལ་གཅེར་ཡན་པ༔ སྒྲ་དང་ཚིག་གི་གཞལ་ནས་སྨྲ་བའང་༔ ནམ་མཁའ་སྟོང་བ་ཁ་དོག་སྤྲོས་མེད་ལ༔ སྐྱེ་བོ་རྣམས་ཀྱིས་སྔོན་པོ་གྲགས་པ་བཞིན༔ ༡༤ཇི་ལྟར་ནམ་མཁའ་ཉི་མ་ཟླ་བ་དང་༔ སྤྲིན་དང་ཁུག་སྣས་བཅོས་བསྒྱུར་མེད་པ་བཞིན༔ དགེ་སྡིག་བཟང་ངན་རྟོག་པ་ཐམས་ཅད་ཀུན༔ ཐུག༵ས་ཕྲད༵་རང་དག་རྗེས་མེད་ཨ་ལ་ལ༔ བསལ་བཞག་མེད་པ་ཐམས་ཅད་ཡེ་ཤེས་རྒྱན༔ ༡༥འཁྲུལ་བ་རྒྱ་འབྱམས་དམིགས་པ་བྱུང་རྒྱལ་མིན༔ ཕྱི་གདངས་རང་གསལ་ནམ་མཁའ་དག་པ་དང་༔ བར་དུ་འོད་ལྔ་ནང་མདངས་དག་པ་ན༔ གསང་བ་ཆོས་ཉིད་དག་པའི་ནམ་མཁའ་མཐོང་༔ ༡༦འདི་ཉིད་ངོ་བོ་རང་བཞིན་བདག་ཉིད་ཅན༔ མཐོང་བས་གཤིས་ཐོག་སོན་པའི་ཀུན་བཟང་ནི༔ དགེ་སྡིག་རྒྱུ་འབྲས་གང་གི་གཞན་དབང་དུ༔ མ་གྱུར་རང་ཞལ་མཇལ་བའི་ཁྱད་ཆོས་ཡིན༔ ༡༧རྫོགས་པ་ཆེན་པོའི་རྒྱུད་ཉི་མའི་སྙིང་པོ་ལས༔ ལམ་བསྒོམ་པ་རང་བཞག་ཆེན་པོའི་སྐབས་སྟེ་གསུམ་པའོ༔ ༈ལམ་གྱི་རིག་པ་མངོན་གྱུར་ཆ་རྫོགས་ནས༔ མཐར་ཕྱིར་འབྲས་བུ་སྐུ་དང་ཡེ་ཤེས་ཡིན༔ དེ་ཡི་རྒྱུ་རྐྱེན་ལྟ་སྤྱོད་གཉིས་ཆ་སྟེ༔ ཅོག་བཞག་རང་བབ་ངང་ལ་ཆམ་བརྡལ་ལེ༔ ༡བཟང་ངན་གང་ཡང་སྒྲོག་དུ་བཙུད་པ་འདྲ༔ དེ་ཕྱིར་ཐམས་ཅད་མཉམ་པར་ཁྲིགས་ཆོད་དེ༔ སྣ་ཚོགས་སྤྲོས་བ་བསྐྱུང་བའི་རྗེས་ཐོབ་ཏུ༔ རྒྱུ་འབྲས་རྟེན་འབྲེལ་རྩི་བསྒྲངས་ཞིབ་པ་དགོས༔ ༢འགའ་ཞིག་ངས་ནི་སྟོང་ཉིད་རྟོགས་ཞེས་ནས༔ སྲོག་གཅོད་ལ་སོགས་སྡིག་པ་ཁྱད་དུ་གསོད༔ དེ་ནི་མ་རྟོགས་མཚུངས་བ་གསལ་བྱེད་དུ༔ མེད་བཞིན་འཁྲུལ་ལ་སྙིང་རྗེ་ཟད་པ་ཡིན༣༔ མེ་ལ་དྲོད་བཞིན་སྟོང་ཉིད་ཕྱི་མཚན་ནི༔ སྙིང་རྗེའི་བདོ་དར་ལང་ཚོ་བཞད་བཞིན་དུ༔ སྲིད་པའི་འདམ་དུ་ཉེར་དཀྱུས་དྲོད་གཤེར་སྐྱེས༔ ཆུས་མི་ཆགས་བཞིན་རྣམ་པར་རྟོགས་པ་ཟད༔ ༤རྫོགས་པ་ཆེན་པོ་ཉི་མའི་སྙིང་པོ་ལས༔ གྲོགས་སྤྱོད་པ་བསྟན་པ་སྟེ་གནས་བཞི་བའོ༔ ༈དེ་ལྟར་སྒོམ་དོན་ཚོལ་བའི་རྣལ་འབྱོར་གྱི༔ ཤན་འབྱེད་འཕྱོང་ལ་མཁས་པ་གནད་ཡིན་ཏེ༔ སེམས་དང་རིག་པ་གཉིས་ཀྱི་ཤན་འབྱེད་མོད༔ སེམས་ནི་སྣ་ཚོགས་ཡུལ་གྱི་རྗེས་སུ་འགྲོ༔ ༡རིག་པ་ཡུལ་མེད་ཟང་ཐལ་གསལ་སྟོང་ཁྱད༔ རྣམ་ཤེས་གང་གི་ཉེ་བར་འདྲེན་བསྒྱུར་བྱེད༔ ཡེ་ཤེས་ཐམས་ཅད་རང་དག་མཉམ་པའི་ཁྱད༔ ཡིད་ནི་ཚོགས་དྲུག་འཁྲུལ་བཞད་བརྩེན་པའི་བདག༔ ༢ཤེས་རབ་རང་གསལ་སོ་སོར་འབྱེད་པ་ལ༔ ཉོན་མོངས་མི་དམིགས་སྣང་གསུམ་ཀ་ནས་དག༔ ཀུན་གཞི་གདངས་གསུམ་སྙིགས་མར་འཕོ་བ་ཡིན༔ ཆོས་སྐུ་གདངས་མདངས་རྩལ་གསུམ་ཡོན་ཏན་རྫོགས༔ ༣རྫོགས་པའི་བྱང་ཆུབ་སྐུ་ལྔ་ལྷུན་གྱིས་གྲུབ༔ ཡེ་ནས་ཕྱལ་བ་སྐྱོན་ཀུན་དམིགས་པ་དག༔ འུབ་ཆུབ་གཅིག་གི་ཐམས་ཅད་ཆོ་འཕྲུལ་ངོམ༔ རིག་པའི་དབྱིངས་སུ་ཆོས་ཅན་རྟོག་པ་གྲོལ༔ རྫོགས་པ་ཆེན་པོ་ཉི་མའི་སྙིང་པོ་ལས༔ ཐམས་ཅད་ཀྱི་གོལ་ས་ཤན་འབྱེད་ཀྱི་སྐབས་སྟེ་ལྔ་བའོ༔ ༈མཐར་ཐུག་འབྲས་བུ་ཡང་སངས་རྒྱས་པ་ནི༔ ཡེ་སངས་རྒྱས་ལ་འབྱུང་བའི་གནམ་གཟེར་གསུམ༔ གདངས་ལ་གདངས་ཞུགས་ལྷུན་གྲུབ་ནང་དབྱིངས་སུ༔ དབང་པོ་དྭངས་མ་ཁྱད་པར་ཆོས་ཕུན་ཚོགས༔ མདངས་ལ་མདངས་ཞུགས་སྐུ་དང་ཡེ་ཤེས་སུ༔ འཛིན་མེད་རང་གྲོལ་འབྲིང་གི་ལ་བཟླས་དོན༔ རྩལ་ཉིད་རོལ་བར་ཤར་བའི་གྲོལ་བཞི་རུ༔ གདེངས་རྙེད་ཙམ་ན་རང་བཞིན་སྤྲུལ་བར་རོ༔ གཤིས་ལ་གཤིས་སོན་མཁའ་ལ་མཁའ་ཐིམ་བཞིན༔ ངང་ལ་ངང་རོལ་ཤེལ་སྒོང་འཇའ་འོད་བཞིན༔ རྩལ་ལས་རོལ་བ་ཆུ་ནང་ཉ་འཕར་བཞིན༔ མ་བང་བུ་འཇུག་ཐི་བྱ་ཚང་ཞུགས་བཞིན༔ དཔེ་དྲུག་གནད་ཀྱི་གྲོལ་བ་དྲུག་དང་ལྡན༔ ཇི་ལྟར་སྒོང་ངའི་ནང་ནས་འདབ་རྒྱས་བྱ༔ སྒོང་རྒྱ་རལ་བཞིན་ལུས་རྒྱ་གྲོལ་མ་ཐག༔ འོད་གསལ་ལྷུན་གྲུབ་རང་བཞིན་མཁའ་ལ་འཕྱོ༔ རྫོགས་པ་ཆེན་པོ་ཉི་མའི་སྙིང་པོ་ལས༔ ཡེ་སངས་རྒྱས་པ་ལ་ཡང་སངས་རྒྱས་པའི་འབྱུང་བའི་ཚུལ་བསྟན་པ་སྟེ་དྲུག་པའི་བདག་ཉིད་ཅན་གྱིས་རྫོགས་པའོ༔ རྡོ་རྗེའི་མཆེད་ཀྱི་བཀའི་བསྐུལ་བ་མ་ལྡོག་ཙམ་དུ་རྨོངས་པ་ག་ག་ཨ་བྷྱེའི་ཁ་ལ་གང་བ་ཤར་མར་བྲིས་པ་ཉེས་འགལ་མཆིས་ན་མཐོལ་ལོ་བཤགས། །

ཨུ་པ་དེ་ཤ་ཡང་གསང་རྗེན་པར་སྟོན་པའི་འགྲེལ་བ།

འོད་གསལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་གསལ་བའི་ཨུ་པ་དེ་ཤ་ཡང་གསང་རྗེན་པར་སྟོན་པའི་འགྲེལ་བ་བཞུགས་སོ། །

དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཐོག་མའི་རང་བཞིན་སྤྲོས་པ་ཀུན་བྲལ་བ། །གཞི་དང་སྙིང་པོ་མེ་ཏོག་རྒྱུད་བཅུད་དང་། །བཅས་པར་ཡོངས་བཞུགས་རྫོགས་པ་ཆེན་པོ་ལ། །ཡེ་ནས་འདུ་འབྲལ་མེད་པར་རིག་པས་འདུད། །དེ་ལྟའི་རང་བཞིན་བརྒྱད་ལྡན་འགགས་མེད་པ། །སྟོང་གསལ་རིག་པའི་རང་མདངས་ཟག་མེད་བཞིན། །འགྲོ་ཁམས་གཙང་མའི་མོས་དགེ་དག་པ་རུ། །ལྷུན་གྱིས་གྲུབ་པའི་སྒྲ་དབྱངས་རྒྱ་མཚོར་འདུད། །ཞི་བའི་ཆོ་འཕྲུལ་རིག་རྩལ་ཁྲོ་བོར་ཤར། །ཞེ་སྡང་ལ་སོགས་རང་གཟུགས་ལོག་སྲེད་ཅན། །ཚར་གཅོད་པདྨའི་ཕྲིན་ལས་དཔལ་འབར་བ། །བདུད་འཇོམས་རྡོ་རྗེ་དེ་ལ་གུས་པས་འདུད། །ཟབ་ཞི་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །གང་དང་མི་འདྲ་ཀུན་ལས་འདས་པ་ནི། །ཆོས་སྐུའི་བླ་མས་སྔ་མོར་ལེགས་གསལ་བའི། །དོན་བསྡུས་སྤྲོས་བྲལ་རྗེན་པར་སྟོན་འདི་བཤད། །དེ་ལ་འདིར་སངས་རྒྱས་ཀུན་ཏུ་བཟང་པོའི་ཐོག་མའི་གཞི་ལ་མངོན་པར་བྱང་ཆུབ་པ་བརྙེས་ཏེ་ལོངས་སྤྱོད་རྫོགས་པ་གངས་ཆེན་མཚོ་རིགས་ལྔ་སོགས་བཀོད་ནས་ཐུགས་གསུང་སྐུའི་སེམས་དཔའ་སོགས་ཚད་མེད་པའི་ཆོས་ཉིད་རང་ངོ་མ་མཐོང་བའི་སེམས་ཅན་དཔག་ཏུ་མེད་པའི་དོན་དུ་ཆོས་ཀྱི་འཁོར་ལོ་རྟོག་འདུལ་གྱི་གྲངས་དང་མཉམ་པ་ཅིག་རང་སྣང་དང་གཞན་སྣང་གི་འཁོར་ལ་གསུང་ལྔའི་བསྟན་པ་ཐམས་ཅད་ཀྱི་དོན་འོད་གསལ་རྫོགས་པ་ཆེན་པོ་རྒྱུ་འབྲས་བྱ་རྩོལ་ལས་འདས་པ་འདིར་འདུས་པ་དང་། འདིར་སྟོན་པ་དང་། འདིའི་ཕྱིར་སྟོན་པ་སྟེ། སེམས་དང་ཡེ་ཤེས་རང་སྣང་བར་སྟོན་པ་སྒྱུ་འཕྲུལ་གསང་བའི་བཤད་རྒྱུད་རྒྱ་མཚོ་ལས། སོ་སོར་སྟོན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིའི་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས༔ ལུང་གི་སྤྱི་ཞེས་བརྗོད་པ་ཡིན། །ཞེས་དང་། གསང་བ་སྤྱོད་པ་ལས། བསྟན་པའི་གསུང་ནི་རྒྱ་མཚོ་ཀུན། །ལ་ལ་གནས་སྐབས་ཡུལ་དོན་དུ། ལ་ལ་མ་འོངས་འཇུག་དོན་དུ། །ལ་ལ་གདུལ་དོན་ཐ་དད་ཉིད། །སྙིང་གི་སྙིང་པོ་ཚིག་འགའ་ལས། །ཀུན་གྱིས་འགྲུབ་པ་མ་ཡིན་ནོ། །ཞེས་དང་། ཀུན་བྱེད་ལས། ང་ཡི་རང་བཞིན་འདི་ལ་ནི། །སྐུ་འདུས་གསུང་འདུས་དགོངས་པ་འདུས། །ཞེས་སོ། །དེ་ལྟ་བུའི་དོན་དེ་དག་ནི་རང་བྱུང་གི་ཡེ་ཤེས་རྟོགས་པར་བྱེད་པའི་ཐབས་ཀྱི་རྒྱུད་དུ་འདུའོ། །ཐབས་རྒྱུད་དེ་ལའང་མང་དུ་ཡོད་ཀྱང་འདི་ནི་མན་ངག་གི་རྒྱུད་དེ་དེའི་རྗེས་སུ་འབྲངས་ནས་སྟོན། དེ་ཡང་ལག་ལེན་དུ་གདབས་པའི་ཚུལ་དུ་ཚིག་ཉུང་ལ་དོན་འདུས་པ་གོ་སླ་ལ་གནད་ཟབ་པར་སྟོན་པ་དང་། ཁྱད་པར་དུའང་ཞལ་གདམས་གྱི་ཚུལ་དུ་གྲོང་ཚིག་དང་བསྲེས་ཏེ་བཤད་ན། ཐོག་མར་མཆོད་བརྗོད་ནི། བླ༵་མ༵་ལ༵་ཕྱག༵་འཚ༵ལ་ལོ༵། ཞེས་པ་ནི་བླ་མའི་སྐུ་དགེ་འདུན་གསུང་དམ་ཆོས་ཐུགས་སངས་རྒྱས། ངོ་བོ་ཆོས་སྐུ། རང་བཞིན་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུར་བཞུགས་པའི་དང་། ཡང་ངོ་བོ་བླ་མ། རྣམ་པའམ་རང་བཞིན་ཡི་དམ། ཕྲིན་ལས་སམ་ཐུགས་རྗེ་མཁའ་འགྲོར་ཤེས་པ་དང་། བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་གམ། དམ་པའི་དོན་གྱི་བདེན་པར་འཁོར་འདས་ཐམས་ཅད་ཀྱི་བླ་མ་གཞི་ལམ་འབྲས་བུའི་རྒྱུད་ཀྱི་རང་བཞིན་དུ་བཞུགས་པའི་རིག་སྟོང་ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བའི་ཀློང་དུ་འདུ་འབྲལ་མེད་པར་རིག་པ་ལྟ་བ་མཇལ་བའི་ཕྱག་གོ །དེ་ནས་ཆོས་ཉིད་བདེ་གཤེགས་སྙིང་པོ་ཉིད་ངོ་བོ་སྐུར་བཞུགས། རང་བཞིན་འོད་དུ་བཞུགས། ཐུགས་རྗེ་རིག་པར་བཞུགས་པ་ཡེ་ནས་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་ཟག་མེད་ཀྱི་ཆོས་ལྷུན་གྲུབ་དུ་ཡོད་པ་ལ་སེམས་ཅན་ཀྱི་ངོ་མ་ཤེས་པར་འཁོར་བའི་སྡུག་བསྔལ་མཐའ་དག་གི་གཟིར་ཞིང་གདུང་ཀྱང་རང་བཞིན་ལས་ཉམས་པ་མེད་པ་ལ་ངོ་མཚར་ནས། ཨེ༵་མ༵་ཧོ༵་ཞེས་སྟེ། ཇི་སྐད་དུ། ཨེ་མ་ཧོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་ཀྱང་ཀུན་གྱི་མཐོང་བ་མེད། །ཅེས་དང་། རིན་པོ་ཆེ་སྤུང་བ་ལས། འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ཡ་མཚན་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་ལ། །གཟུང་འཛིན་མེད་པ་ཡ་མཚན་ཆེ། །ཞེས་དང་། སྙིང་པོའི་མདོ་ལས། རིགས་ཀྱི་བུ་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུའི་འོག་ན་དེ་བཞིན་གཤེགས་པའི་སྙིང་པོ་སྟོབས་བཅུ་དང་མི་འཇིགས་པ་དང་། མ་འདྲེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང་སེམས་ཅན་དེ་དག་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་ཆགས་པ་སྡུག་བསྔལ་བས་འཁོར་བར་འཁོར་ཏེ་ཆོས་ཀྱི་གཏེར་ཆེན་པོ་དེ་མ་མཐོང་མ་ཐོས་པས་ཐོབ་པར་མི་འགྱུར་ཞིང་ཡོངས་སུ་སྦྱངས་བའི་ཕྱིར་བརྩོན་པར་ཡང་མི་བྱེད་དོ་ཅེས་སོགས་དང་། དེ་བཞིན་གཤེགས་པའི་མིག་ཡོངས་སུ་དག་པའི་སེམས་ཅན་དེ་ལྟ་བུར་མཐོང་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་དང་། སྟོབས་བཅུ་དང་། མི་འཇུག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཛོད་སྦྱོངས་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏོ། །ཞེས་པའི་ཚུལ་ཡང་དག་པར་བླ་མའི་བྱིན་རླབས་ཀྱིས་མཐོང་བ་ངོ་མཚར་བའོ། །དེ་ནས་དེང་དུས་ཀྱི་སྐྱེ་བོ་ཕོ་མོ་ཐམས་ཅད་ཀྱིས་འོལ་སྤྱི་ལ་མི་ག་གེ་མོ་ཞིག་གིས་བསྟན་ནས་ང་རང་གི་རིག་པ་མངོན་སུམ་མཐོང་སྟེ་འདི་འདྲའོ་ཞེས་ལྟ་སྟངས་མཐོ་མཐོ་བྱེད་པ་དང་། འགའ་ཞིག་གིས་ཐ་མལ་གྱི་ཤེས་པ་མ་བཅོས་པ་ཞེས་འཁྲུལ་བའི་སེམས་ལ་ངོས་འཛིན། འགའ་ཞིག་གིས་རིས་ཆད་སྔ་ཕྱིའི་བར་གྱི་དངས་འཚོལ་བ་དང་། གཞན་དུ་ཕྱོགས་ལྟ་གཟུང་འཛིན་གྱི་ཞེན་ཆགས་ལ་གདོང་གཏད་པ་འདོད་པ་ལྟོག་ཆེན་པ། ལྷ་ཡི་དབང་པོ་བརྒྱ་བྱིན་གྱི་གླང་པོ་ཆེ་ས་སྲུང་གིས་བཞོན་པ་འདོད་པ་ཁྱེད་ཅིག་གི་ཡུལ་མིན་ཏེ་ཞེས་བསྟན་པ་ནི། །བློ༵་བྲལ་མངོན་སུམ་མ་མཐོང་བར། །བློ༵་ཡི་བྱས་ཆོས་ཐམས་ཅད་ཀུན། །བློ༵་སྐྱོན་གཟུང་འཛིན་གྱིས་བསླད་པས༔ བློ༵་གྲོས་ཕྱིར་ཞིང་འཆིང་བའི་རྒྱུ། །ཞེས་པའི་དོན་ནི་སྟོང་སྒོམས་མུན་རྡོ་འཕེན་པ་སོགས་གཟེབ་བཅུ་བཅད་དེ། ཟག་མེད་རིག་པའི་གནས་ལུགས་བླ་མའི་བྱིན་རླབས་དང་། རང་གི་དད་གུས་ལས་འཕྲོ་བཟང་པོ་དང་། ཐོས་བསམ་རྒྱ་ཆེ་བ་དང་། དམ་ཚིག་གཙང་ཞིང་སྡིག་ལས་ལྡོག་པ། སྒྲིབ་པ་འབྱོངས་ཞིང་ཚོགས་ཆེན་རྫོགས་པ། སྐུ་གསུང་ཐུགས་ལ་སྔོན་སྦྱངས་པའི་རྟགས་དང་ལྡན་པ་མ་གཏོགས་པ་གང་རུང་གི་རྟོགས་མི་སྲིད་པའི་དམ་བཅའ། རྟོགས་ནས་གོམས་ན་གདེངས་མི་ཐོབ་མི་སྲིད་པའི་དམ་བཅའ། ཐོབ་པ་མི་གྲོལ་མི་སྲིད་པའི་དམ་བཅའ། གྲོལ་ཚད་ཆོས་སྐུ་ཐོབ་པའི་དམ་བཅའ་བཞི་པོ་འདི་རྡོ་རྗེ་འཆང་གི་མ་གསུང་ཞེའམ། མི་བདེན་ཞེའམ། དགོངས་པ་ཅན་ཞེས་པའི་གཏན་ཚིག་དང་ལུང་རྙེད་གནས་བྲལ་བ་སྟེ། ཁྱད་པར་ཐེག་བརྒྱད་ཨ་ཏིའི་གོལ་སར་བསྟན་པ་ལ་ལྟོས། རྡོ་རྗེ་འཆང་གིས། ལས་མེད་སྐལ་ཆད་ཤིན་ཏུ་མི་བཟད་ལ། །མ་གབ་མངོན་དུ་བསྟན་ཡང་མི་རྟོགས་སྟེ། །ཞེས་སོ། །འོན་ཀྱང་ལས་ལྡན་ཡིན་པས་སོ་སྙམ་པ་དེ་དང་ལེགས་ཏེ་སྣོད་ལྡན་ལ་མཚན་ཉིད་འདི་དང་གཞན་ཡང་ཡོད་དེ། ཀུན་བྱེད་ལས། དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡིད་རིང་སྐྱོ་དང་ཡིད་ཟློག་མེད། །ལུས་དང་བུ་དང་ཆུང་མ་བྲན་དང་ནོར། །གང་ལ་ཡང་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་དད་དང་དམ་ཚིག་རྟགས་ཡིན་པས། །སྙིང་པོའི་དོན་དང་ལྡན་པ་སྦྱིན་པར་བྱ། །དྲེགས་པ་སྤངས་ཞིང་ང་རྒྱལ་བྲལ་བ་དང་། །སྙིང་པོའི་དོན་ཕྱིར་ལུས་སྲོག་ཕངས་པ་མེད། །བཀའ་ལས་མི་འདའ་རྟགས་དང་ལྡན་པ་ལ། །སྙིང་པོ་དོན་ལྡན་སྐྱེ་མེད་བསྟན་པ་སྦྱིན། །ཞེས་པས་ཏེ། རང་རེ་ངན་སྤྱོད་སྣ་དགུ་སྤྱོད་པ་ལ་ནི་རྟོགས་པ་མ་དགོས་མཉན་ཅིང་བསྟན་པ་ཙམ་གྱི་སྣོད་དུ་མ་གྱུར་ཏེ། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་བ་དང་། །བཀའ་དྲིན་ཁྱད་དུ་གསོད་བ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོག་པ་དང་། །དོན་མེད་ཕྱལ་བར་གྱུར་བ་སྟེ། །ཞེས་དང་། ཐུན་མོང་དུ་གྲགས་པའང་། ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །ཞེས་པ་སོགས་ལྟར། ཐོབ་མཐོ་མཐོ། རྒྱུ་ཡོད་པོ། གོས་བཟང་པོ་ཅན། རྒྱན་བརྡོ་བ་ཅན་ཙམ་དང་། ངན་གཡོ་ལ་མཁས་པ་ཙམ་དང་མི་རེའི་ཁ་ཉོས་ནས་བླ་རྡོལ་བ་ལྟར་སྨྲ་བ་ལ་དགའ་བ་དག་གིས་ཕྱོགས་ཙམ་ཡང་རྟོགས་རེ་ཀན། དེ་བས་ལྷག་ཏུ་ཡང་། སྔོན་མུ་སྟེགས་པ་དག་གིས་སྤྲིན་གློ་བུར་འབྱུང་བས་རྒྱུ་མེད་དུ་རྟོགས་པ་ལྟ་བུའི་རྟོག་པ་ཁྱད་པར་ཅན་རེ་འཁྲུངས་བས་ན། ལོངས་སྐུའི་བླ་མ་མཁྱེན་བརྩེའི་འོད་ཟེར་གྱིས། །ལམ་གོལ་དམན་པར་མ་བཏང་ཀུན་མཁྱེན་རྗེ། །ཞེས་སོ། །དེས་ན་ཐ་མའི་དབང་པོའི་སྤྱོད་ཡུལ་དུ་གྱུར་བ་བསླབས་ཀྱང་ཤེས་པའི་གྲུབ་མཐའ་ཙམ་གྱི་ཕྱོགས་མི་འཚལ་བར་དབང་པོ་རྣོན་པོའི་ལམ་སྔགས། དེ་ལ་ཡང་རྣོན་པོའི་རྩེ་མཆོག་རབ་འབྲིང་ཐ་སོགས་ཡོད་པའི་རྩེ་མོའི་ཀྱང་རྩེ་མོར་གྱུར་བ་འགའ་ཞིག་གི་ཡུལ་དུ་གྱུར་བ་རྡོ་རྗེ་འཆང་གིས། །ལུས་འདི་གང་ཟག་ལྷ་མི་ཡང་། །དགོངས་པ་ཡང་དག་མྱ་ངན་འདའ། །ཞེས་པ་ལྟ་བུའི་ལམ་ལ་འདོད་པ་གསོགས་ ༼ སོགས་དཔྱད་ ༽ཉེས་པ་ཆེན་པོའི་གཞིར་གྱུར་བས་འཆོལ་སྤྱོད་འདི་འདྲ་རྣམས་ཀྱི་བཞད་གད་ཉོ་བའི་རང་བཞིན་ཞིག་གོ །ཉེས་པ་ནི། རྩལ་རྫོགས་ལས། གསང་བ་འཆོལ་བར་སྤྱོད་པ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོར་མྱོང་བར་འགྱུར། །ཞེས་སོ། །དེ་བས་ཤེས་རབ་ཀྱི་དབང་པོའི་དོན་སྤྱི་ཟིན། མངོན་སུམ་གྱི་དབང་པོའི་རང་མཚན་མ་མཐོང་གི་བར་དུ། བློས་དཔྱད་དེ་ཕྱོགས་རེས་ཆ་གཞལ་ནས་རང་རིག་འདི་ཤེས་ཟེར་བ་དེ་ཚོ་སྒོམ་ཉེས་པས་འཆི་མི་ཐུབ་ཟེར་བ་ཡིན་སྙམ་དེ། ཡོད་བསམ་པས་རྟག་པ་མེད་པས་ཆད། གཉིས་གཉིས་མིན་ནི་ལྐོག་གྱུར་ཚིག་ཏུ་བསངས་པས་མཐའ་ལ་ལྷུང་ནས་མ་ཟད་སོ་སྐྱེས་ཀྱི་གཟུང་འཛིན་དུ་ཞེན་བའི་བློ་སྐྱོན་གྱིས་བསླད་དེ་ད་སྔོན་ཡང་འཁྲུལ་བ་ལ་སླད་ནས་ཀྱང་འཆིང་བའི་རྒྱུའོ། །ཞེས་སོ། །དེ་ལྟར་ན་རྟོགས་པ་མངོན་གྱུར་གྱི་ཐབས་བསྟན་པ་ནི། དེ་༵ལ་ཐོག་མར་སྔོན་འགྲོ་བ། །ཕྱི༵་ནང་རུ་ཤན་གྱིས་ལྡོག་པས། །འ༵ཁྲུལ་བའི་ཞེན་པ་ཁུང་ནས་ཕྱུང་། །སྐུ༵་གསུམ་པ་ལ་སྐལ་བཟང་འགྱུར། །ཞེས་པའི་དོན། དེ་ཡང་མདོ་ལམ་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱངས་པ་དེ་ཙམ་ཀྱང་འཆུན་གཅིག་པར་སྔོན་འགྲོ་ཆོས་བཅུ་སོགས་ཀྱི་རྒྱུད་ཕྱི་ནང་གསང་བ་མ་སྦྱང་བར། ལས་འབྲས་ཆུད་ཟོས་སུ་བྱས་ནས་མགོ་འཕྱོང་བརྒྱབ་པ་ཙམ་ནི་རྟོགས་པ་འཁྲུངས་མི་སྲིད་པར་མདོ་རྒྱུད་ཞལ་མཐུན་པས་ན་སྦྱངས་བརྩོན་ལ་གཟབ་དགོས་པ་རྟོགས་པ་ཀློང་དུ་གྱུར་བ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་མཛད་པ་ལ་ལྟོས་ཤིག །རྒད་པོ་མཛུབ་འཇུག་གི་གདམས་པ་ཟེར་ཡང་། སྔོན་རྗེ་བཙུན་ཆེན་པོར་ནང་བསྒོམ་ན་ནང་སངས་རྒྱས་སོགས། གསུངས་བས་རང་ཀར་བཞུགས་པས་དོན་མ་གྲུབ་པའི་རབ་དེ་ལ་དཔྱོད་ཅིག །དེ་བས་ན་སྒྲིབ་པ་སྦྱོངས་ཕྱིར་འབད་དོ། །དེང་སང་བན་རྒན་རྒས་པ་འགའ་རེའི་འབུམ་ལྔ་མ་བསོགས་མ་དག་མཐར་མ་བྱིན་༼ ཕྱིན་དཔྱད། ༽པ་མང་པོ་ཡོད་ཀྱང་མཐོ་འཐམ་ཞིག་བྱས་ཚར་བས་སླར་ཡང་གསང་དགོས་པའི་རྒྱུ་ལས་གར་ཡང་མ་ཕྱིན་ནོ། །དེ་ནས་གཞན་ལ་བཤད་ངོས་མི་གསལ་བར་སེམས་མ་དག་ཟེར་རོ། །ཧ་ཧ། དེ་སླད་བློ་ལྡོག་རྣམ་བཞི་ནས་བརྩམ་རིམ་པ་བཞིན་དུ་ཉམས་སུ་བལྟར་དགོས་སོ། །དེའི་རྗེས་ཐོག་ཏུ་འབྱུང་བཞིའི་སྒྲ་དོན་ལ་བསླབ་པ་དང་། ལུས་འགྲོ་དྲུག་གི་སྟངས་སྟབས་རྒྱུག་འཕྱོངས་སོགས་བྱེད་པ་དང་། ངག་གི་ཆོས་འཇིག་རྟེན་གྱི་བྱ་བ་གང་དྲན་ཐམས་ཅད་བྱེད་པ་དང་། སེམས་དགའ་སྡུག་བདེ་སྡུག་རྟག་མི་རྟག་སོགས་ལྟ་བསྒོམ་སྤྱོད་པའི་དུག་གསུམ་དགེ་མི་དགེའི་བསམ་སྤྱོད་ཐམས་ཅད་སྣ་ཚོགས་པ་བྱའོ། །དེ་ལྟར་བྱས་པས་ལུས་ངག་ཡིད་ཀྱི་མངོན་ཞེན་དང་རྟོག་པ་རང་ཆོད་ནས་ལུས་སྤྲུལ་སྐུ་ངག་ལོངས་སྐུ་སེམས་ཆོས་སྐུ་ཐོབ་པའི་ཚུལ་རང་བྱུང་བསྟན་པའི་རྒྱུད་ཐལ་འགྱུར་ཆེན་པོ་སོགས་ནས་བསྟན་པ་ཡི་གེ་ལ་འཛེམ་སོ། །སེམས་ཀྱི་སྣ་ཁྲིད་དེ་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བ་ནི་ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་དང་། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡའ་ཙམ་ཡང་མི་བྱ། །འདི་ལྟར་སུ་ཡི་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་ནས། །འདི་ལྟར་ལུས་ངག་སུས་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམ་པར་འགྱུར་བའོ། །ཞེས་སོ། །དེ་ནས་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་དོན་ཐམས་ཅད་འདིར་འདུས་པའོ་ཞེས་པའི་དོན་རིག་པ་རྐྱེན་ཐོག་ནས་ངོས་བཟུང་བ་ནི། གཞ༵ན་ཡང་རྐྱེན་ཐོག་ལ་བཟླ་ནི། །འཁྲུལ༵་འཁོར་སྡུག་བསྔལ་བདེ་བ་ཆེ། །དེ༵་ཕྱིར་རྩལ་གྱི་སྦྱངས་བརྩོན་པ། །འདོ༵ད་པས་ཐོག་མར་ཐོས་བསམ་བྱ། །ཞེས་པའི་དོན་ནི་ལར་རིག་པ་རྐྱེན་ཐོག་ནས་ཐག་ཆོད་པའམ་ངོ་འཕྲོད་པའི་འཕྲུལ་གསང་། ངོ་སྤྲོད་པའི་རིམ་པ་ཉིད་དབང་པོ་ཉེར་གཅིག་གིས་སྒོ་དང་བསྟུན་པ་ལས་ཁྱད་པར་དུའང་། འཁྲུལ་པའི་འཁོར་ལོ་སྣང་བའི་ངོས་ནས་རིགས་དྲུག་གི་སྡུག་བསྔལ་སོགས་མྱོང་དུས་སུ་དེ་ཡི་འཆར་གཞི་ཟང་མ་རྗེན་པ་ངོ་བོ་ཡེ་ནས་མི་བདེ་བའི་ཟུག་ངུའི་མ་གོས་པའི་བདེ་བ་ཆེན་པོ། རང་བཞིན་ལྷུན་གྱིས་གྲུབ་པའི་རང་གསལ་གཟུང་འཛིན་དང་བྲལ་བ་ཐུགས་རྗེ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འཆར་སྒོ་མ་འགགས་པའི་སྣང་བ་ཕྱོགས་ཁྱབ་བརྡལ་བའི་རིས་མེད་རང་ཡན་དུ་གུད་ཡངས་པ་ཞིག་ཡོད་པ་སྟེ། ཆེད་དུ་སྒྲུབ་པ་མིན་པར་རང་གནས་ཀྱི་བསམ་གཏན་བར་མེད་ཆེན་པོ་ལ་འབྱམས་སུ་ཀླས་པ་ཉིད་ནི། སྲོག་མེད་པའི་སྐུར་བཞུགས་བས་སེམས་མེད་པའི་སངས་རྒྱས་ཁ་དོག་ལས་འདས་པའི་འོད་ཆེན་པོ་འཁོར་བའི་དུས་སུ་མ་སྨད་པར་གནས་པའི་ཡེ་ཤེས་དམིགས་གཅིག་གོ །དེའི་རྩལ་སྣང་དེ་དག་ཡེ་ནས་གཞི་གྲོལ་མཉམ་པ་ཆེན་པོར་ཉམས་སུ་བླང་བར་གྱིས་ཤིག་དང་། ཚེ་གཅིག་གི་རྡོ་རྗེ་འཆང་འགྲུབ་བོ། །དེ་ཡང་ཐོས་པའི་མིག་གི་དཔྱད་ཤེས་ཀྱི་གོལ་སུ་ཐུབ་དགོས། མངོན་སུམ་ཡོངས་གཅོད་ཀྱིས་དེའི་གནས་ལུགས་མཐོང་ཟིན་ནས་ཐེ་ཚོམ་མེད་པར་ལ་བཟླ་དགོས། དེའི་དོན་དུ་བསམ་པས་ཁྱུང་ཆེན་ཐུར་བབས་སུ་གཏན་ལ་ཕབ། བསྒོམ་པས་གྲོལ་གཞི་ཐོག་མའི་ས་ལ་འཁྱོལ་དགོས། གོང་དུ་བསྟན་པ་དེ་དག་གཞི་ལམ་འཛོལ་བ་མེད་པར་ད་ལྟ་ནས་གནས་པ། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པ་སྔར་མ་མཐོང་། །རྟོག་བཅས་འཁྲུལ་བ་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །ཞེས་དང་། རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་དུས་སུ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་གཉིས་མེད་ནས། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་དང་། མུ་ཏིག་ཕྲེང་བ་ལས། སྡུག་བསྔལ་ཉིད་ཀྱི་དོན་རྟོགས་ན། །བདེ་བ་ཆེན་པོ་བཙལ་དུ་མེད། །ཞེས་དང་། རིན་པོ་ཆེ་སྤུངས་བ་ལས། བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པར་རང་ཤར་བས། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ཞེས་དང་རང་ཤར་ལས། ཐོས་པ་ཆེ་བའི་གང་ཟག་བརྟེན། །ཞེས་སོ། །དེ་ལྟ་བུའི་རང་བཞིན་དེ་ཉིད་ནི་རྒྱུད་སྡེ་མཆོག་གི་དགོངས་པའི་རྩ་བ་ཡིན་པས་ན་བྱེ་བའི་སྒོ་ནས་། གཞི༵་དང་སྙིང་པོ་མེ་ཏོག་བཅུད། །རང༵་བཞིན་ཉིད་ཀྱི་དོན་དངོས་པོ། །མ༵་འཁྲུལ་སངས་རྒྱས་རང་གི་ཞལ། །ཅི༵་བཞིན་བཅར་ཕོག་མཛུབ་འཛུག་གནད། །ཅེས་པའི་དོན་ནི། གཞི་རང་བཞིན་གྱི་རྒྱུད་ནི། རིག་པ་སྐུ་གསུམ་དུ་བཞུགས་པ་ཉིད་རྟོགས་ན་སངས་རྒྱས་དང་། མ་རྟོགས་སེམས་ཅན་དུ་འཁོར་བས་སོ། །ཀུན་བྱེད་ལས། ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་བྱུང་སྤྲུལ་པའི་སྐུ། །སྐུ་གསུམ་རང་བཞིན་ཀུན་བྱེད་ང་རུ་བསྡུས། །ཞེས་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོའི་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །ཞེས་པའོ། །སྙིང་པོ་རང་བཞིན་གྱི་རྒྱུད་ནི། །སེམས་ཅན་ཐམས་ཅད་ཀྱི་ཙིཏྟ་ན་ཡེ་ཤེས་སུམ་བརྩེགས་སུ་བཞུགས་པ་ཉིད་དེ། དེ་ཉིད་ལས་འོད་རྩ་ལ་བརྒྱུད་དེ་གདངས་ཕྱིར་ཤར་བར་བྱེད་བའི་གཞི་སྟེ། ཐལ་འགྱུར་ལས། འཁོར་དང་འདས་པ་མི་གནས་པས། །ཆོས་ཉིད་སྟོང་བ་ཀུན་ཁྱབ་པའི། །ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་པའོ། །ཞེས་སོ། །དེ་ལྟར་རིག་པའི་སྣང་བ་ལ་ལམ་བྱས་པས་རང་གདངས་ཐོབ་ནས་སྐུར་སྨིན་པ་གསལ་བ་གསུམ། གདེངས་གསུམ། སྣང་བ་གསུམ། མི་ལྡོག་གསུམ། སྟོང་པ་གསུམ་སོགས་འབྲས་བུ་ལྷུན་གྱིས་གྲུབ་པ་ནི་བཅུད་རང་བཞིན་གྱི་རྒྱུད་དོ། །རྩལ་རྫོགས་ལས། མཐའ་ལ་སྐྱོལ་བའི་དབྱིངས་རིག་ནི། །རྨ་བྱའི་ཕྲུ་གུ་སྒོང་རྒྱ་ནས། །བཏོལ་ཏེ་དོན་པ་ལྟ་བུའོ། །ཞེས་སོ། །ལམ་སྣང་གི་ཡེ་ཤེས་ཀྱི་སྣང་བ་སྒྲོན་མ་བཞི་མཐོང་བ་ཉིད་ཆོས་ཉིད་མངོན་སུམ་གྱི་རིག་སྟེ། མ་མཐོང་ན་སེམས་ཅད་དུ་འཁོར་ལོ། །དེ་ཡང་། འདི་ལྟར་མཐོང་པའི་སྐྱེས་བུ་ནི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་མཉམ་པ་ཁོ་ནའོ། །ཞེས་སོ། །དེའི་ཚུལ་ནི་མེ་ཏོག་རང་བཞིན་གྱི་རྒྱུད་དོ། །ཚུལ་དེ་དག་ནི་མུ་ཏིག་ཕྲེང་བ་ན་གསལ་ལོ། །དེ་ལྟ་ལྡོག་པས་དབྱེ་ཡང་རིག་པ་གཅིག་ཏུ་དོན་འདུ་བས་དེ་དག་གི་དོན་གྱི་དངོས་པོ་གཅིག་ཏུ་བཞུགས་པ་ནི། །ཀུན་བྱེད་ལས། གཅིག་ལ་རྫོགས་པའི་ལུང་འདི་ཡི། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་རྫོགས་པ་ཡི་དོན་འདི་ཡི། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། ཅེས་སོ། །དེ་ཡང་ཆོས་སྐུ་འདུས་བྱས་མ་ཡིན་པའི་གནད་དང་། བཀའ་ཐ་མའི་བསྟན་དོན་གྱིས་མཚོན་ནས་རང་ངོ་མ་འཁྲུལ་བར་ཡིད་ཆེས་པ་དང་། རྫོགས་ཆེན་གྱི་རྒྱུད་ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་ཏེ། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་དང་། འཁྲུལ་དང་མ་འཁྲུལ་སེམས་ཅན་སུ་ལ་སྲིད་མིང་མེད། ཅེས་དང་། རིན་པོ་ཆེ་སྤུངས་བ་ལས། །འཁྲུལ་མ་མྱོང་བས་མ་རིག་རྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །ཞེས་སོ། །དེ་ལྟ་བུ་དེ་ཡེ་ནས་དྲི་མ་མེད་པས་སངས་བའམ་ཀ་ནས་དག་པ། ཡོན་ཏན་གྱི་ངང་རྒྱས་པ་རང་བཞིན་སྐུ་གསུམ་ལྷུན་གྱི་གྲུབ་པའི་དང་། གཞན་ཞིག་ན་དེ་ལྟ་བུའི་སངས་རྒྱས་བཟང་པོ་ཞིག་ཡོད་པར་ལྟ་བ་ལས་འཕགས་ནས། །རང་ངོ་ཡང་དག་པ་ཡིན་པས། བརྟགས་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་དང་དགའ་རབ་རྗེས། རང་ངོ་ཡིན་པ། གཞན་ངོར་སྣང་བ། ཚུལ་གཉིས་འདྲེས་པ་འཕྲད་པའོ། །ཞེས་དང་མུ་ཏིག་ཕྲེང་བ་ལས། དེ་ལྟར་གནས་པའི་འཁྲུལ་མེད་གཞི། །རང་རིག་ཡེ་ནས་འོད་རེ་གསལ། །སྐུ་གསུམ་ཡེ་ནས་མ་བསྐྱེད་རྫོགས། །འབྲས་བུ་ཡེ་ནས་རང་གནས་པ། །ཞེས་པ་ལྟ་བུའི་ངོ་རང་ཐོག་དུ་སྤྲད་པའི་དོན་ཉིད། དབུ་མ་ལྟར་རྣམ་གཅོད་དང་། སྔགས་ཕྱི་ལྟར་གདོད་ཀྱི་ཐོབ་བྱར་མི་འདོད། ནང་བས་ཀྱང་དཔེའི་ཡེ་ཤེས་ཀྱི་མཚོན་པ་ལྟ་བུ་ལས་འདས་ནས། དོན་གྱི་ཡེ་ཤེས་མཛུབ་འཇུག་གི་ཚུལ་གྱིས་བཅར་ཕོག་ཏུ་མཐོང་བའི་གནད་ཟབ་མོ་བླ་མེད་རྡོ་རྗེ་སྙིང་པོ་འདི་ན་ཡོད། འགའ་ཞིག་གི་ལོག་སྲེད་ལ་དཔྱད་ཤེས་ཀྱི་ལྟ་བ་ལ་ཞེན་ཆེས་ཏེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ལ་ཅི་ཞིག་མཐོང་སྟེ་ཆོས་ལོག་གོ་ཟེར། དཔེའི་ཡེ་ཤེས་ཀྱི་མཚོན་བརྗོད་ལས་འདས་པ་ཅི་ཞིག་མཚོན་དེ་གཉིས་ཁྱད་མེད་དོ། །ཆོས་ཉིད་དེ་རྣམ་གཅོད་དུ་ཤེས་ཀྱི་ཡོངས་གཅོད་དུ་མིན་ཟེར། སངས་རྒྱད་ཀྱི་དེ་ཉིད་མངོན་སུམ་མི་གཟིགས་པར་སྒྲ་རྟོག་གི་དཔྱོད་པ་ལ་རག་ཞེས་མཁྱེན་པའི་ཡེ་ཤེས་ལ་བསྐུར་འདེབས་འདི་ལ་ཀུན་གྱི་སྟེ་མཁས་པ་རྣམས་ཀྱི་བག་ཟོན་ཆེན་པོ་ཞིག་མ་བྱས་ན་རྟོགས་པའི་ཆོས་སྤངས་ཉམ་ཉེས་བ་ཞིག་གོ །དགོངས་པ་ངེས་འགྲེལ་ལས། །སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་གསུངས་པས་དཔྱད་ཤེས་ཀྱི་ཤེས་བྱ་མིན་པ་དང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མངོན་སུམ་པའི་སྤྱོད་ཡུལ་དུ་གྱུར་བའི་ཡོངས་གཅོད་དུ་མཐོང་བ་བསྟན་པ་བསྟན་པའི་བདག་པོའི་བཀའ་རྩོད་པ་བྲལ་བའོ། །གནད་དེ་ཇི་ལྟར་ཞེ་ན། གུ༵་རུའི་ཐུགས་རྗེའི་རང་ལ་ཤར། གཅུས༵་དཀྲུག་གབ་པའི་གནད་བསལ་བ། ཟ༵བ་སླ་ཨུ་པ་དེ་ཤ་ཡི༔ རྒྱུད༵་དོན་བསྟན་པའི་ཡུལ་རྣམ་གཉིས། །ཞེས་པའི་དོན། དེ་ཡང་རང་ལ་གནས་པའི་ཡེ་ཤེས་དེ་ཉིད་བླ་མ་དམ་པ་མཉེས་པར་བྱས་ནས་དམ་ཚིག་སྲོག་ལྟར་བསྲུང་ནུས་པའི་གང་ཟག་གིས་ཐོག་མ་བུམ་པ་གསང་བ་ཤེས་རབ་ཀྱི་དབང་རྫོགས་པར་ཐོབ་ནས། རྡོ་རྗེ་འཆང་གིས། རབ་འབྱམས་རིག་པའི་དབང་མེད་ན། །འདུས་བྱས་དབང་གིས་སྨིན་མི་སྲིད། །ཅེས་དང་། །ཐལ་འགྱུར་ལས། རབ་ཏུ་སྤྲོས་པ་མེད་པ་ལ། །སེམས་ཀྱི་དཀྱིལ་འཁོར་སྒོ་ཕྱེས་ལ། །ལུས་ཀྱི་འདུག་སྟངས་ངེས་པར་བརྩམ། །དེ་ལ་གོམས་ཏེ་གཟིགས་སྟངས་སྦྱར། །མངོན་སུམ་རིག་པ་ལུང་གིས་བརྡའོ། །ཞེས་པས་དོན་གྱི་ཡེ་ཤེས་བཙན་ཐབས་སུ་ངོ་འཕྲོད་པའི་ཐབས་བཞི་བ་ཚིག་གིས་མཚོན་པ་དོན་དམ་པའི་དབང་གི་དུས་སུ་གནད་ལ་མ་བརྟེན་བར་ངོ་སྤྲོད་པའམ། བརྟེན་ནས་ངོ་སྤྲད་པ་དྲུག་གི་སྒོ་ནས་བྱིན་གྱི་རླབས་ཀྱི་ཉི་མའི་སྣང་བས་སྒོ་གསུམ་གྱི་རྟོགས་སྒྲིབ་མུན་པ་ལྟ་བུ་བསལ་ནས་རང་གནས་ཀྱི་ཡེ་ཤེས་ཉིད་མངོན་དུ་བསྟན་པ་ནི་རྒྱས་པའི་དབང་དུ་དབང་པོ་ཉེར་གཅིག་གི་ངོ་སྤྲོད་ཉེར་གཅིག་དུ་གྲངས་ངེས་པ་ཉིད་ངོ་སྤྲོད་སྤྲས་པ་ལས། ཉི་ཤུ་རྩ་གཅིག་བློ་རིམ་བཞིན། །འོད་དང་ཡེ་ཤེས་ཉིད་ལ་ནི། །ངོ་སྤྲོད་རྣམ་པ་བདུན་དག་གི །བློ་ཆུང་རིམ་པ་རྣམ་བདུན་གྲོལ། །སྐུ་དང་ཡེ་ཤེས་ཉིད་ལ་ཡང་། །ངོ་སྤྲོད་ཉིད་ནི་རྣམ་བདུན་གྱི། །འབྲིང་བོ་བདུན་གྱི་དོན་དུའོ། །རིག་བ་ཉིད་དང་དབྱིངས་ལ་བདུན། །ཆེན་པོ་རྣམས་ཀྱི་དོན་དུའོ། །ཞེས་པའི་ཚུལ་གྱིས་ངོ་སྤྲད་པས་གཞན་ལས་མ་བྱུང་བ་རང་བྱུང་ཆེན་པོ་རང་ལ་ཤར་ཞིང་རང་བཞིན་བར་མེད་ཀྱི་བསམ་གཏན་རང་གསལ་གཡོ་མེད་ཆུ་བོའི་རྒྱུན་ལྟ་བུ་དང་ལྷག་མཐོང་གི་ཡེ་ཤེས་རིག་པ་ཆོས་ཟད་མིང་མེད་ཆེན་པོ་དང་བཅས་པ་ལྐུགས་པས་བུ་རམ་ཟོས་པ་ལྟར་ཉམས་སུ་མྱོང་ནས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་འགྱུར་རོ། །དེང་སང་འགའ་ཞིག་གིས་ཡི་གེ་མགུར་མ་སོགས་ཆད་ཆོད་ཟིན་ཐོར་བྱས་ནས་བླ་མ་ལ་མི་བརྟེན་དབང་མི་ཞུ་སྦྱངས་བརྩོན་མི་བྱེད་པར་རྒྱུད་ཀུན་བྱེད་ལས། རང་ཚོས་ཉམས་ལེན་བཙན་ཐབས་འདོད་པ་དང་། ཞེས་པ་ལྟ་བུ་དང་། རུ་ཏྲ་ལྟ་བུར་ཀུན་རྫོབ་རྩོལ་བཅས་དགེ་བས་སངས་མི་རྒྱ། དོན་དམ་རྩོལ་མེད་ངང་ལ་འཇོག་པ་ཡིན། །ཟེར་བ་དེ་ཚོའི་འོད་གསལ་རྫོགས་པ་ཆེན་པོའི་ཕྱོགས་ཙམ་ཡང་རྟོགས་རེ་ཀན། ཡང་ཐམས་ཅད་སྟོང་པ་ཉིད་སྤྲོས་བྲལ་ཙམ་མོ་ཞེས་དབུ་མ་ཆེན་པོའི་ཀ་དག་གི་དགོངས་པ་རྩལ་དུ་བཏོན་ཡང་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་མེད་པར་འདོད་པ་དེ་ཡང་བློ་གྲོས་ཁབ་མིག་ཙམ་གྱིས་ཆོས་ཡངས་བའི་ཡུལ་ནང་དུ་ཚུད་པར་འདོད་པས་ཟག་པ་མེད་པའི་ཆོས་ཁམས་ལ་བསྐུར་བ་འདེབས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མྱ་ངན་འདས་མདོ་ལས་སྟོང་བ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་གང་གི་ཚེ་བཙལ་ཀྱང་ཅི་ཡང་མ་རྙེད་པ་སྟེ། ཅི་ཡང་མེད་པ་ནི་གཅེར་བུ་བ་རྣམས་ལ་ཡང་ཡོད་ཀྱི་ཐར་བ་ནི་དེ་ལྟ་མ་ལགས་སོ། །ཐར་བ་ནི་བཅོས་མ་མ་ཡིན་པའི་ཁམས་ཡིན་ཏེ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་དང་དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པར་བསྒོམ་ཤིང་གཏན་དུ་སྟོང་བ་ཉིད་བསྒོམ་པ་ནི་སྡུག་བསྔལ་རྣམས་མི་འགགས་པར་ཕྱེ་མ་ལེབ་མར་མེའི་ནང་དུ་སོང་བ་བཞིན་དུ་འགྱུར་རོ། །ཞེས་དང་གཞན་ཡང་ཤིན་ཏུ་མང་ངོ་། །ཡང་ཁ་ཅིག་གིས་རྙིང་མའི་ལྟ་བ་ནི་མ་ཡིན་དགག་གོ་ཟེར་ཀྱང་དེ་ལྟར་སྨྲས་ཀྱང་མི་འགལ་མོད་དེ་དཔྱིས་མ་ཕྱིན་པའི་གང་ཟག་གིས་གཞན་སྟོང་གི་ཕྱོགས་སུ་གོལ་ཉེས་པས་ན་ལྷུན་གྱི་གྲུབ་པ་ལ་ཞེན་པའི་སྒྲོགས་སུ་གྱུར་ནས་བཀའ་ཐ་མ་འབའ་ཞིག་ཏུ་རྐྱང་ཆད་པའང་རྫོགས་ཆེན་གྱི་རྒྱུད་ནས་བཀག་པས་མེད་མ་ཡིན་དགགས་ཀྱི་སྤྲོས་པ་ཐམས་ཅད་ལས་འདས་པར་བཞུགས་པ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། ཟད་མི་ཤེས་ཤིང་ཉེ་བར་ཞི། །ལྷུན་གྱི་གྲུབ་ཅིང་བསྟན་མེད་པ། །རྙོགས་མེད་ཡང་དག་ཉིད་ཀྱི་མཐའ། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ལོ། །འོང་དང་འགྲོ་བ་མེད་པ་དང་། །སྤྲོས་མེད་ལྷུན་གྱིས་གྲུབ་པ་ཡི། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །སངས་རྒྱས་ཀུན་གྱི་བསླབ་པ་སྟེ། །རྫོགས་པའི་སངས་རྒྱས་འདི་བསླབ་ནས། །ཡོན་ཏན་དག་གི་ཕ་རོལ་ཕྱིན། །ཚུ་རོལ་དང་ནི་ཕ་རོལ་མེད། །སྔོན་མཐའ་རྣམ་པར་མ་བརྟགས་ཏེ། །དེ་ཕྱིར་སངས་རྒྱས་དེ་དག་ཀུན། །ཡོན་ཏན་དག་གི་ཕ་རོལ་ཕྱིན། །འོང་དང་འགྲོ་བ་མེད་པ་དང་། །སྤྲོས་མེད་ལྷུན་གྱིས་གྲུབ་པ་ཡི། །ཆོས་རྣམས་རང་བཞིན་མཁྱེན་པ་ནི། །དེ་དག་དེ་ལ་ཕ་རོལ་ཕྱིན། །ཞེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི། ཀུན་ཡིན་ཀུན་མིན་བརྟགས་པ་མི་འགལ་བ། །ཞེས་དང་། སྨོན་པ་མེད་པའི་སྒྲུབ་བློའོ་ཆོས་ཟད་དེ། །སྤང་བླང་མེད་པའི་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས། །ཞེས་དང་། ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས། །ཞེས་སོ། །དེ་ལྟ་བུའི་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཀྱི་རྒྱུ་ནི་རྒྱུད་དཀྲུགས་ལུང་གཅུས་མན་ངག་གབ་པ་ལ་ཐུག་པ་ཕྱོགས་རེ་རིས་ཆད་དུ་བཟུང་བའི་སྐྱོན་གྱིས་ཏེ། འོད་གསལ་བླ་ན་མེད་པ་འདིར་ནི་བླ་མའི་མན་ངག་གི་གཅུས་དཀྲུགས་གབ་པའི་གནད་བསལ་ནས་དོན་རྒྱུད་དང་མདོ་སྡེ་ཐམས་ཅད་ཀྱི་དགོངས་པ་སྟོན་པའི་ནི་ཟབ་པ་སྟེ་རྟོག་གེའི་རྣམ་པར་འཁྱམས་པའི་གཏན་ལ་མི་ཕེབ་པ་དང་། ཚོགས་ཆེན་ཡེ་རྫོགས་སོགས་དང་གཞན་ཡང་མདོ་ལམ་ནས་གྲངས་མེད་དུ་མར་སྦྱངས་བརྩོན་དགོས་པ་ལས། ལྡོག་པའི་ཆོས་ཉིད་མངོན་སུམ་དུ་གཟིགས་པ་དང་། བསྐྱེད་རྫོགས་ཀྱི་རྒྱུད་ལས་ཀྱང་ཐབས་ཀྱི་འཕྲུལ་གསང་རླུང་ཐིག་གི་རྣལ་འབྱོར་སོགས་ཀྱི་སྟོབས་ལས་དྲངས་པའི་ཟབ་གསལ་བདེ་གསལ་སོགས་ལ་ཡིད་བྱེད་ཀྱི་ལྷན་པ་འདེབས་པ་ལས་སྤགས་ནས་རིག་སྟོང་ཐིག་ལེ་ཉག་གཅིག་གི་རང་ཞལ་མངོན་སུམ་སྐད་ཅིག་གིས་རང་ལ་སད་པའི་སླ་ཆོས་དང་བཅས་པའི་མན་ངག་གི་རྒྱུད་བསྟན་པའི་ཡུལ་དུ་གྱུར་བའི་གང་ཟག་གི་བློ་རིམ་གཉིས་ལ་ལྟོས་ནས་དམིགས་པ་ཡུལ་གྱི་བློ་ཅན་དང་རིག་པ་རང་སྣང་གི་བློ་ཅན་དུ་བསྟན་ཏེ། རིན་པོ་ཆེ་སྤུང་བ་ལས། འདི་དག་བློ་རིག་རྣམ་གཉིས་ཀྱིས། །དོན་གྱི་ངོ་བོ་ཉམས་སུ་བླང་། །དམིགས་པ་ཡུལ་གྱི་བློ་ཅན་ལ། །བསྒོམ་དང་བསྒོམ་བྱའི་ཆོས་ཀུན་བསྟན། །རིག་པ་རང་སྣང་བློ་ཅན་ལ། །ལྟ་བའི་ཐབས་རྣམས་གཅིག་དུ་བསྟན། །ཞེས་སོ། །དེ་ལས་ཐོག་མར། སྣང༵་བ་ཡུལ་གྱི་བློ་ཅན་ལ། ཆོས༵་ཚན་བཞི་བཞིར་ལྔར་དྲིལ་བས། །ཆོས༵་ཟད་ཆོས་འདས་ཆོས་འདས་པས། །མ༵་ཧཱ་ཡོ་ག་རྣམ་བཞིའོ། །ཞེས་པའི་དོན་ནི། དབང་པོ་དེ་གཉིས་ཀྱི་ཐ་མ་སྣང་བ་ཡུལ་གྱི་བློ་ཅན་ལ། སྤྱོད་པ་རྒྱུན། སྒོམ་པ་རྒྱུན། ལྟ་བ་རྒྱུན། འབྲས་བུ་རྒྱུན་དུ་བྱེད་པ་བཞི་ལས། སྤྱོད་པ་ལ་སྤྱིར་ཉེར་གཅིག་ལས་འདིར་བདུན་ཏེ་བུང་བ་ལྟ་བུ་ནས་སེང་གེ་ལྟ་བུའི་བར་རོ། །དེ་ནི་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་སྟེ་གསད་པ་གསོ་ནུས་པ་སོགས་སྣང་བ་གང་ལ་ཡང་དབང་བསྒྱུར་བའོ། །མན་ངག་སྣང་བ་ཅེར་བཞག་གི་ཐབས་ཆོས་ཅན་དུམ་བུ་བ་དང་སྤྱི་ལའང་བསླབས་པས་གཟུགས་བརྙན་ལྟ་བུར་རྟོགས་པའོ། །དེ་ལ་སྣང་སྲིད་གཞིར་བཞེངས་གི་དགོངས་པ་ཆོས་ཐམས་ཅད་ལ་རང་བྱན་ཆུད་དེ་བློ་ཐོག་ཏུ་གསལ་བའོ། །ཉོན་མོངས་གནས་གྱུར་གྱི་འབྲས་བུ་ནི། ཉོན་མོངས་དང་ཡེ་ཤེས་སུ་ཤར་ཐ་དད་མེད་པར་ཡེ་ཤེས་གཅིག་གི་རོལ་པར་འགྱུར་པའོ། །བསྒོམ་པ་རྒྱུན་གྱི་རྣལ་འབྱོར་ནི། ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ལ། བྱང་ཆུབ་སེམས་དཔའ་བསམ་གཏན་འཇིག་རྟེན་ཕལ་བའི་སེམས་འཛིན། བདེ་བར་གཤེགས་པའི་དགོངས་པའོ། །དང་པོ་ནི་སེམས་འཛིན་ཉེར་གཅིག་སོགས་སོ། །གཉིས་པ་ནི། རང་བཞིན་ཤུགས་ཀྱི་བསམ་གཏན་དང་དམིགས་པ་རྒྱུན་བསྟེན་གྱི་བསམ་གཏན་གཉིས་ཀྱིས་བསྡུས་པའོ། །བདེ་བར་གཤེགས་པའི་དགོངས་པ་ནི། ཉི་ཟླ་ཁ་སྦྱོར་ལས། བདེ་གཤེགས་དགོངས་པ་རྣམ་གཉིས་ཏེ། །མ་བཅོས་བཞག་པས་བྱུང་ཚོར་འགགས། །མ་བསྒོམ་བལྟས་པས་དྲོད་ཚད་རྙེད། །ཅེས་དང་། རང་ཤར་ལས། དེ་བཞིན་གཤེགས་པའི་དགོངས་པ་ནི། །ནམ་མཁའི་མཐོང་སུ་ཤེས་པར་བྱ། །ཞེས་པ་ལྟ་བུ་དག་གོ །ཐབས་སུ་མན་ངག་རྒྱ་མཚོ་ཅོག་བཞག་ནི་མིག་མི་འཛུམ་པར་འཇོག་པའོ། །དེའི་སྟོབས་ཀྱིས་མཉམ་རྗེས་དབྱེར་མེད་ཞི་ལྷག་ཐ་དད་མེད་པ་ནི་སྣང་སྲིད་གཞིར་བཞེངས་གི་དགོངས་པ་སྟེ། དེ་ཉིད་གཞིར་བཞག་རྟོགས་དཔྱོད་ཆོད་པ་ཆོས་ཉིད་གཅིག་གི་ངང་དུ་གནས་པའོ། །ཉོན་མོངས་པ་ཐམས་ཅད་དག་ནས་ཡེ་ཤེས་སུ་ཤར་བའི་ཉོན་མོངས་རང་རྒྱས་ཐེབ་པའི་འབྲས་བུའོ། །ལྟ་བ་རྒྱུན་དུ་བྱེད་པ་ནི་གྲོང་ཁྱེར་རྒྱུན་ཆོད་དེ་མངལ་གྱི་གྲོང་ཁྱེར་རྒྱུན་ཆོད་པའོ། །དེ་ཡང་རྣམ་གྲངས་པའི་ལྟ་བ་སོགས་དབྱེ་བ་སྤྱི་དང་། ཚིག་དོན་གྱི་ལྟ་བ་སོགས་མང་དུ་གྲུབ་ཀྱང་འདིར་ནི་མཐའ་གྲོལ་ཀློང་ཡངས་ཆེན་པོའི་ལྟ་བའོ། །བཞག་ཐབས་རི་བོ་ཅོག་བཞག་ནི། །མཚན་རྟོག་གིས་མི་བསྒུལ་བར་བཞག་པ་དང་། ཐེག་པའི་དོན་མཐོང་བ་གཉིས་ཀྱིས་སོ། །ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པར་ཤར་ཞིང་མ་གྲོལ་བ་འགའ་ཡང་མེད་པར་མཐོང་བའོ། །འབྲས་བུ་ཉོན་མོངས་གནས་སུ་དག་སྟེ་འཁྲུལ་བ་མིང་མེད་དུ་དག་པའོ། །འབྲས་བུ་རྒྱུན་དུ་བྱེད་པ་ལ། འབྲས་བུ་རྒྱུར་མི་ལྡོག་པའོ། །དེ་ཡང་མདོར་ན་རིག་པ་མི་འགྱུར་བའོ། །སྒོ་ལྔའི་འཆར་གཞི་སྟོངས། རིག་པ་རང་ས་ཟིན། ཡིད་ཤེས་འགྱུ་བ་རྒྱུན་ཆད་རིག་པ་རང་དབང་ཐོབ་པའོ། །དེ་ཡང་མདོར་ན་རིག་པ་མི་འགྱུར་བའོ། །སྒོ་ལྔའི་འཆར་གཞི་སྟོངས། རིག་པ་རང་ས་ཟིན། ཡིད་ཤེས་འགྱུ་བ་རྒྱུན་ཆད་རིག་པ་རང་དབང་ཐོབ་པའོ། །དེ་ནི་རང་བཞིན་རྣམ་དག་གི་འབྲས༵་བུའོ༵། །རིག་པ་གང་སྣང་གི་ཐོག་ཏུ་བཞག་པས་འཛིན་པ་གྲོལ་བའི་ཐབ༵ས། འཁྲུལ་བའི་དྲི་མ་ཟད་པས་སྲིད་གསུམ་ཀ་དག་གི་དགོང༵ས་པ༵་ཟེར། ཉོན་མོངས་རང་གྲོལ་བས་ཤར་གྲོལ་སྔ་ཕྱི་མེད་པའི་དག༵་ལུག༵ས་སྟེ་བཞི་བཞི་བཅུ་དྲུག་ལ། སྤྱོད་པ་ཆོས་ཀྱི་རྒྱུན་ལ་གནས་པ་དང་། བསྒོམ་པ་ལ་ཆོས་ལ་གནས་པའི་རྣལ་འབྱོར། ལྟ་བ་ལ་ཆོས་བོར་བ། འབྲས་བུ་ལ་ཆོས་ལས་འདས་པའི་རྣལ་འབྱོར་བཞིར་གྲགས་པའི་རྣལ་འབྱོར་ཆེན་པོ་བསྣན་པས་བཞི་ལྔ་ཉི་ཤུར་དྲིལ་བའི་བཞི་ཚན་ཐ་མ་འདི་མ་གཏོགས་༼ རྟོགས་དཔྱད། ༽པ་རྣལ་འབྱོར་རེ་རེའི་ལམ་ཚང་ལ་མ་ནོར་བའོ། །གཉིས་པ་རང་སྣང་གི་བློ་ཅན་གྱི་ངོར་བསྟན་པ་ནི། ཡང༵་ན་རང་སྣང་བློ་ཅན་ལ། །འག༵གས་བསྡམས་ཆིངས་བཅིང་ལ་བཟླའོ། །ར༵ང་ངོར་ཐག་བཅད་གྲོལ་གདེངས་འཆོས། །རྣམ༵་པ་དྲུག་གི་རང་བཞིན་གྱི། །ཁྱད༵་ཆོས་བདུན་བདུན་གྱིས་སྤག་པས། །ཕྱི༵་ནང་གསང་པའི་ཐུགས་ཀྱི༵་མཛོད། །མ༵་ནོར་གནད་ལ་བརྟེན་མ་བརྟེན། །སྒོ༵་ཡི་ཁྱད་པར་དབང་རིམ་ལ། །སློབ༵་བརྒྱུད་བརྡོལ་མཁས་སྤྱན་ལྡན་པས། །མཚ༵ན་ཉིད་ཅན་ལ་ཕུག་ཐག་བསྟན། །ཞེས་པའི་དོན་ནི། སྣང་བ་ཡུལ་གྱི་བློ་ཅན་གོང་དུ་བསྟན་པའམ། ཡང་ན་དེ་ལས་གཞན་རང་སྣང་གི་བློ་ཅན་རྣམས་ལ་འབད་བཅས་ཐོད་རྒལ་དང་འབད་མེད་ཁྲེགས་ཆོད་གཉིས་སུ་བསྟན་པ་ལས་སྔ་མ་ཕྱི་མ་ལས་ཁྱད་ཆོས་བདུན་གྱིས་འཕགས་པ་དང་། ཕྱི་མའང་རང་སྣང་གི་བློ་ཅན་ལས་ཁྱད་ཆོས་བདུན་གྱིས་འཕགས་ཏེ། དེ་ལྟ་བུའི་འཕགས་ཆོས་ཅན་གྱི་ཁྲེགས་ཆོད་ལ། འགགས་བསྡམ་པ། ལ་བཟླ་བ། ཆིངས་སུ་བཅིང་བ་དོན་གསུམ་དང་། ཡང་ན་ངོ་རང་ཐོག་ཏུ་སྤྲད་པ། ཐག་གཅིག་ཐོག་ཏུ་བཅད་པ། གདེངས་གྲོལ་ཐོག་ཏུ་བཅའ་བ་གསུམ་སྟེ་རྣམ་པ་དྲུག་གི་རང་བཞིན་གྱིས་སྟོན་ཏོ། །དང་པོ་ཤེས་པའི་བཟང་ངན་སོགས་རྟོག་པ་ཐམས་ཅད་ཀྱི་གཤིས་རྗེན་པའི་ཤེས་པ་ཟང་མ་ཐལ་རིག་གེ་སང་ངེ་བ་རྒྱ་ཚད་༼ ཆད་དཔྱད། ༽ཕྱོགས་ལྷུང་ལས་འདས་པ། མཐའ་གྲོལ་ཁ་ཡན་ཆེན་པོ་ཆོས་ཟད་མིང་མེད་ཆེན་པོ་དེ། གཟུང་འཛིན་གྱིས་བསླད་མ་ཞུགས་པ་མ་རྨོངས་ཞིང་རྟོག་པ་བྲལ་བ་དེ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་གོ །དེ་ཡང་རང་བྱུང་གི་ཡེ་ཤེས་རང་མལ་གྱི་ཆོས་སྐུ་རང་ངོ་ཤེས་པའོ། །དེར་གང་ཤར་གྱི་རྟོག་པ་ཅོག་བཞག་ཏུ་གློད་ནས་རིག་གེ་རྗེན་ནེ་བའི་དངས་ཕྱིན་པར་གསལ་ངར་བཏོན་ནས་དུས་གསུམ་འབྲེལ་ཐག་ཆོད་པའི་ཆོས་སྐུ་ལ་ཕྱམ་གདལ་ཞིང་རང་ངོ་རྗེན་པར་ཕུད་ནས་རྟོག་ཚོགས་ཀྱི་ངོ་བོར་རང་རྒྱས་ཐེབ་སྟེ་ཤར་བ་རིག་པ་རྗེན་པར་ངོས་ཟིན་ནས་ཆོས་སྐུ་མངོན་དུ་གསལ་ཞིང་རང་བཞག་གྱི་དགོངས་པ་ལ་གནས་སོ། །རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཀ་དག་དུ་ལ་བཟླ་བ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕྱམ་གཅིག་ཏུ་ཡོད་མེད་ཡིན་མིན་གྱི་སྤྲོས་པ་ཐམས་ལས་འདས་པར་ཡེ་ནས་སངས་རྒྱས་སུ་ཟིན་བའི་རིག་པའི་ཆོ་འཕྲུལ་འགགས་པ་མེད་པར་ཤར་བ་ལ་ངོ་ཤེས་པས་གྲོལ་ལ་མ་ཤེས་པས་འཁྲུལ་བའི་འཁོར་འདས་རིག་པར་དག་རིག་པ་ཆོས་སྐུ་རྣམ་དག་ཆེན་པོ་སྲིད་གསུམ་ཀ་དག་གི་དགོངས་པ་ལས་མ་འདས་པར་ལ་ཟློ་བའམ་ཐག་གཅོད་པའོ། །དེ་ཡང་རྩལ་རྫོགས་ཆེན་པོའི་རྒྱུད་ལས། དགོངས་པར་བྱུང་ཡེ་ཤེས་ནི། །རྟོགས་དང་མི་རྟོགས་མཐའ་ལས་འདས། །ཡིན་མིན་བློ་ཡི་བྱ་བ་ཐོངས། །སྣང་དང་མི་སྣང་ཆོས་ཉིད་ཀྱང་། །བྱ་བྱེད་མཐར་ལྷུང་ཆོས་དང་བྲལ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ལས། །སྟོང་དང་མི་སྟོང་མཐའ་ལས་འདས། །ཞེས་པ་ལ་སོགས་པ་བསྟན་པ་བཞིན་ནོ། །གསུམ་པ་ཆིངས་སུ་བཅིང་བ་ནི། །དཔེར་ན་རྒྱ་མཚོའི་གཟའ་སྐར་ཐམས་ཅད་རྒྱ་མཚོ་གཅིག་གི་རོལ་བ་ལས་མ་འདས་པ་བཞིན་དུ་འཁོར་འདས་ཐམས་ཅད་རིག་པ་གཅིག་གི་ཀློང་ལས་མ་འདས་པ་རིག་པ་གཅིག་གི་སྤྱི་ཆིང་གི་ཐེབ་པས་ན་རིག་པ་གཅིག་ཡོང་ཡེ་གྲོལ་བའི་ཡེ་ཤེས་འཁྲུལ་བ་མཐར་ཟད་མིང་མེད་ཆེན་པོར་རྟོགས་པའི་ཆོས་ཐམས་ཅད་ཡོངས་གྲོལ་མཉམ་པ་ཆེན་པོའི་ཆིངས་སུ་བཅིངས་ནུས་པ་ཡིན་ནོ། །དེས་ན་ཤར་གནས་གང་གི་ཐོག་ཏུའང་ཅོག་གིས་བཞག་པར་རང་ཡལ་རྗེས་མེད་ཀྱི་སྟེང་དུ་ཟང་ཐལ་གྱི་རིག་པ་ངོས་བཟུང་བས་གྲོལ་བར་འགྱུར་ཏེ། ཐལ་འགྱུར་ལས། གཅིག་ཤེས་པས་ནི་ཀུན་གྲོལ་ཏེ། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་སོ། །དེ་ཡང་འཆར་གནས་གང་གི་ཐོག་ཏུ་བཞག་ཀྱང་མི་ལྟོ་སྟེ་དེའི་དུས་ཀྱི་རིག་པ་ངོས་བཟུང་བའི་ངང་དུ་བསྒྱུར་བ་གནད་དོ། །འདི་གཉིས་གནད་གཅིག་ཀྱང་། །ངོ་རང་ཐོག་ཏུ་སྤྲོད་པ་ནི། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་གྱི་སྤྲུལ་སྐུ་ཡེ་ཤེས་དང་བཅས་པ། གཞན་ཡང་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ལས་ཕྱེ་བས་ཉི་ཤུ་རྩ་ལྔ་སོགས་འབྲས་ཆོས་ཐམས་ཅད་པ་ག་ཤེད་ན་གྲུབ་པ་མེད་པ་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་འཁོར་འདས་ཡེ་ནས་སངས་རྒྱས་པའི་གཞི་རང་བཞིན་གྱི་བདག་ཉིད། རིག་པ་ཡེ་ཤེས་འདུ་འབྲལ་མེད་པར་སོ་སོ་རང་གི་ཆོས་ཉིད་དུ་བཞུགས་པ་ནི་གཟུང་འཛིན་ཅན་གྱི་སེམས་ལས་འདས་པའི་ཁྱད་པར་ཉེར་གཅིག་གི་འབྱེད་ནས་རང་ངོ་ཡེ་ཤེས་ཟང་ཐལ་སྒྲིབ་གཡོག་དང་བྲལ་བ་རྣམ་མེད་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཉི་མ་དང་ཟེར་བཞིན་རྫོགས་པ་ལ་རྟགས་སུ་རིག་བྱེད་ཀྱི་ཡེ་ཤེས་དང་སྐུར་རྡོ་རྗེ་ལུ་གུ་རྒྱུད་ཀྱི་འོད་དུ་དབྱིངས་དང་ཐིག་ལེའི་མཚོན་ནས་རང་གནས་ཀྱི་ཡེ་ཤེས་བཙན་ཐབས་སུ་སློང་ཞིང་ཡིད་ཆེས་པའི་སྒོ་ནས་ཡེ་ཤེས་རང་སྤྱན་ཆུད་པ་ནི། ངོ་བོ་སྐུར་བཞུགས་པ་ལ། འཇམ་དཔལ་མཚན་བརྗོད་ལས། སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཞེས་དང་རང་བཞིན་འོད་དུ། དེ་ཉིད་ལས། འོད་བཟང་འབར་བ་དཔལ་བེའུ། །ལག་ན་འོད་འབར་སྣང་བ་པོ། །ཞེས་དང་། ཐུགས་རྗེ་རིག་པ། ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། ཞེས་སོགས་རྒྱ་ཆེར་གསུངས་པའི་མཚོན་ཚུལ་ནི། ཀུན་བྱེད་ལས། དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་བརྟགས། །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཉིད་འགགས་པ་མེད། །ཅེས་དང་། རྩལ་རྫོགས་ལས། འགགས་མེད་གསལ་བའི་སྒོ་གཉིས་མཛོད། །དབྱིངས་དང་ལུ་གུ་རྒྱུད་དུ་གནས་། ཞེས་དང་། རྟོགས་བྱེད་ཐབས་ཀྱི་གཞི་བཤད་པ། །དབྱིངས་ནི་དབྱིངས་ཀྱི་སྒྲོན་མ་ལ། །རིག་པ་ལུ་གུ་རྒྱུད་དུ་གསལ། ཞེས་དང་དུར་ཁྲོད་ཕུང་པོ་འབར་བ་ལས། སྐུ་ནི་ནང་གསལ་བུམ་སྐུ་ལྟར་། །འོད་ནི་བུམ་པའི་མར་མེ་བཞིན། །ཡེ་ཤེས་རྨ་བྱའི་སྒོ་ང་འདྲ། ཞེས་དང་། སྒྲོན་མ་འབར་བ་ལས། རང་གི་འོད་དང་ཟེར་ཉིད་དུ། །རང་ཆས་ཉིད་དུ་རྣམ་པར་སྣང་། །ཞེས་སོ། །དེ་ལྟ་བུའི་དཔེའི་མཚོན་ནས་དོན་ངོ་ཤེས་པར་བྱེད་པ་ནི་ངོ་རང་ཐོག་ཏུ་སྤྲོད་པའོ། །༈ཐག་གཅིག་ཐོག་ཏུ་བཅད་པ་ནི། རླུང་སེམས་ཡུལ་དང་བཅས་པ་རིག་པ་ཉག་གཅིག་གི་རྩལ་དང་རོལ་བ་ཡོ་ལང་དང་ཆོ་འཕྲུལ་དུ་ཐག་ནང་ནས་ཆོད་དགོས་ཏེ། དེ་བཞིན་དུ་རིག་པའི་ངོ་བོ་ཡེ་སྟོང་ཆེན་པོའི་དབྱིངས་དང་འདུ་འབྲལ་མེད་པར་ཡེ་ཤེས་ཆོས་སྐུའི་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་ངང་གིས་རྫོགས་ལ། རང་བཞིན་སྐུ་དང་ཡེ་ཤེས་ཐམས་ཅད་རྫོགས་པ་དང་། ཐུགས་རྗེ་དབྱིངས་རིག་དབྱེར་མེད་ཀྱི་འཆར་ཚུལ་ལྷུན་གྲུབ་སྒོ་བརྒྱད་དུ་མ་འགགས་པའི་ཚུལ་དང་རིག་པ་གཅིག་རྟོགས་ན་ཐེག་པ་བརྒྱད་ཀྱི་དོན་ཅིག་ཆར་དུ་ཟིན་པ་དང་ལམ་ཐམས་ཅད་དེ་ཉིད་སྒྲིབ་བའི་སྦུབས་དང་བྲལ་བའི་ཐབས་སུ་རྟོགས་པ་དང་། གང་དུ་འདོང་པའི་འབྲས་བུ་བླ་ན་མེད་པའི་བབས་སོ་ཉིད་དེ། མདོར་ན་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་གཅིག་གི་ངོ་བོར་རྫོགས་པས་ན་དེ་ལས་གཞན་མེད་པར་ཐག་བཅད་དེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་གཅིག །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཐམས་ཅད་འབྱུང་བའི་སྙིང་པོ་བྱང་ཆུབ་ལ། །གཅིག་ཏུ་མེད་ལ་བསྒྲང་ན་བརྗོད་མི་ལང་། །སངས་རྒྱས་སྐུ་གསུང་སེམས་ཅན་ལུས་ངག་ཀྱང་། །བྱང་ཆུབ་སེམས་ཡིན་ཡེ་ནས་གཟུང་འཛིན་བྲལ། །ཞེས་དང་། དེ་བཞིན་དུ་དེ་ཉིད་ལས། །བྱང་ཆུབ་སེམས་ནི་ཆོས་ཀུན་སྙིང་པོ་ཡིན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་ཡིན། །ཞེས་དང་། ང་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་རང་བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན། །ཞེས་དང་། རྩལ་རྫོགས་ལས། ཡེ་ནས་རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་བ། །ཐམས་ཅད་ཡེ་ཤེས་རོལ་པ་ཙམ། །ཞེས་དང་། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་བསྒོམ་མ་མྱོང་། རང་སེམས་མི་རྟོག་པ་ཡིས་གྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱི་གྲུབ་པ་འགྱུར། །ཞེས་པས་ན། དེ་ལས་བོགས་དབྱུང་དུ་མེད་པའི་སྤྲོས་བྲལ་ཆེན་པོ་སངས་རྒྱས་ཉག་གཅིག་གི་དགོངས་པར་ལ་བཟླའོ། །གསུམ་པ་གདེངས་གྲོལ་ཐོག་དུ་བཅའ་བ་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་རིག་པ་རྗེན་པར་གྲོལ་བའི་གནད་ཀྱིས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གདེངས་འཆོས་ཏེ་སྣང་ཤེས་ཟང་ཀ་ཐལ་བྱུང་དུ་ཤར་བ་དང་། སྐད་ཅིག་ཆ་མེད་བྱུང་ཞིག་ཏུ་སྐྱེས་པའི་གནད་ཀྱིས་གང་ཡང་དུས་གཉིས་པར་མི་སྡོད་པར་གྲོལ་བའི་ཆོས་ཉིད་དུ་རང་ཤར་བ་དང་། སྣང་ཤེས་གཞི་མེད་སྟོང་གཟུགས་ཡིན་པས་རང་བབ་ཅོག་བཞག་བར་མེད་ཀྱིས་གནད་ལས་འབད་རྩོལ་འཆིང་ཞེན་ལས་འདས་པ་དང་། ཆོས་ཐམས་ཅད་རང་སྟོང་བྱ་རྩལ་ལས་འདས་པའི་གནད་ཀྱིས་གང་བབ་རང་ཡལ་རྗེན་པར་སོང་བའི་གདེངས་འཆོས་པའོ། །ཞེས་དང་། རྣལ་འབྱོར་བ་ཡང་ཆོས་ཐམས་ཅད་ཡེ་ནས་གྲོལ་བར་རྟོགས་པས་བསྐྱལ་ནས། འབད་པས་གྲོལ་མི་དགོས་པར་ཤེས་ཏེ་གང་ཡང་ནི་བྱེད་པར་སྡོད་པ་དང་། ཆོས་ཐམས་ཅད་རང་གིས་གྲོལ་བ་སྦྲུལ་མདུད་ལྟར་རྟོགས་པས་གཉེན་པོ་གཞན་མི་བརྟེན་པར་ཁོངས་ཡངས་པ་དང་། ཆོས་ཐམས་ཅད་གང་སྣང་ཅེར་ས་དེར་གྲོལ་བར་རྟོགས་པས་མཐོང་ཡལ་གཏད་སོ་མེད་པ་དང་། ཆོས་ཐམས་ཅད་ཡོངས་གྲོལ་དུ་ཕྱམ་ཕྱལ་དུ་སོང་ནས་བར་མེད་མཉམ་པ་ཆེན་པོར་རྟོགས་ནས་འབད་རྩོལ་གང་ཡང་མེད་པར་བློ་བདེ་བ་སྟེ་ཞེས་གྲོལ་ལུགས་བཞི་སྤྱིར་བསྟན། ཁྱད་པར་དུ་གདེངས་ཀྱི་གྲོལ་བ་བྱེ་བྲག་ཏུ་བཤད་པ་རྣམས་ལས་གྲོལ་ཐོག་ཏུ་བཅའ་བ་ལས་འདིར་ཕྱི་མ་དེ་དག་བཤད་ན། ཐལ་འགྱུར་ལས། དེ་ལ་གདེངས་ཀྱི་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱལ་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་གསུངས་ཏེ། ཡེ་གྲོལ་ནི་རིག་པ་འཁྲུལ་མ་མྱོང་བའི་སངས་རྒྱས་ཡིན་པས་གདོད་གྲོལ་མི་དགོས། ཞེས་སོ། །དེ་ཡང་རིག་པ་གཞི་རྩ་མཚན་ཉིད་སྐྱེ་བ་དང་བྲལ་བ་སོགས་ཀྱིས་དང་། སེམས་ལ་གྲོལ་བྱ་གྲོལ་བྱེད་དུ་མེད་མ་གྲོལ་བ་ཡང་མེད་པར་ཡེ་སངས་རྒྱས་པས་ད་གྲོལ་རྒྱུ་མེད་དོ། །རང་གྲོལ་ནི། རང་ཉིད་ཀྱིས་རང་གྲོལ་བ་དྲི་མའི་དྲི་མ་འཁྲུད་པ་ལྟ་བུ་ལས་གཉེན་པོ་གཞན་མི་དགོས་པར་གྲོལ་བ་སྟེ་ཉོན་མོངས་པ་དེ་ཉིད་ཀྱི་ཉིད་གྲོལ་བས་སོ། །ཅེར་གྲོལ་ནི། གང་སྣང་ལ་བཅས་བཅོས་མེད་པར་བཞག་པའི་རང་དག་ཏུ་ཅེར་བའམ་མཐོང་པ་དེ་ཉིད་དུ་ཡལ་བ་སྟེ་ཆོས་ཉིད་རིག་པའི་མངོན་སུམ་ཐུགས་ཕྲད་ཀྱི་རྩིས་ཟིན་པས་སོ། །དེ་ཡང་ཆོས་ཅན་དུམ་བུ་བ་དང་སྤྱི་ལ་བསླབ་པས་སྣང་བ་ཅེར་གྱི་གྲོལ་བའོ། །མཐའ་གྲོལ་ནི། ཡོད་མེད་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་ལས་གྲོལ་བའི་སྟེ། གོང་གི་གནད་ཀྱི། དུས་ཀྱི་འབད་མེད་དུ་གྲོལ་བ་རྣམས་དེར་འདུས་སོ། །གཅིག་གྲོལ་ནི། རིག་པ་ཐིག་ལེ་ཉག་གཅིག་ཡེ་གྲོལ་འཁྲུལ་མ་མྱོང་བ་གཅིག་ལས་ཆོས་གཞན་མེད་པས་དེའི་ངང་དུ་ཆོས་ཐམས་ཅད་གྲོལ་བས་གཅིག་པོ་དེ་ལ་དུ་མའི་གྲངས་མཐའ་ཟད་པའོ། །ཞེས་པ་དེ་དག་གི་མདོར་བསྡུ་ན། །དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བས་སྔར་འདྲེས་ཀྱི་མི་དང་འཕྲད་པ་ལྟ་བུ། བར་དུ་སྦྲུལ་གྱི་མདུད་པ་ལྟར་རང་གྲོལ་བ། ཐ་མ་ཁང་སྟོང་དུ་རྐུན་པོ་ལྟར་ཕན་གནོད་དང་བྲལ་བ་འདི་སྒོམ་ཆེན་སྒོམ་གྱིས་མི་གཏོང་བ་ལ་འབྱུང་ངོ་། །དེ་ལྡོག་ ༼ ཅེར་གྲོལ། རང་གྲོལ། ཡེ་གྲོལ། མཆན། ༽པའི་རིམ་པས་དབང་པོ་རབ་འབྲིང་ཐ་གསུམ་དུ་ཤེས་པར་བྱའོ། །འདི་དག་ནི་ངོ་བོ་ཡེ་གྲོལ་ཡིན་པས་གྲོལ་མི་དགོས་ཀྱང་གྲོལ་འཁྲུལ་རྩལ་ཐོག་ནས་བྱེད་པའོ། །གནད་དྲུག་པོ་འདི་དག་སྔ་མ་གསུམ་ཤྲཱི་སེདྷ་དང་། །ཕྱི་མ་གསུམ་དགའ་རབ་དཔའ་བོའི་རྗེས་སུ་འབྲིང་བའི་ལུགས་སོ། །གོང་གི་སྣང་བ་ཡུལ་གྱི་བློ་ཅན་པས་རིག་པ་རང་སྣང་གི་བློ་ཅན་ཁྱད་ཆོས་བདུན་གྱི་འཕགས་པ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་གནད་ཀྱིས་ཀྱང་། །ལས་ལ་བཟང་ངན་མེད་པར་རྟོགས། །སྙིང་ཐིག་ངེས་པས་བསྡུས་པ་ཡི། དབང་པོ་རྣམས་ལ་རྣོ་རྟུལ་མེད། ཡིད་དཔྱོད་ཚིག་གི་མཐའ་ཟད་པས། །ཤེས་རབ་མ་ཡིན་དབང་པོའི་མཐོང་། །ཚིག་གི་ཆོས་ཉིད་མི་མཐོང་བས། །ཐུན་མོང་ཐེག་པས་དོན་མི་འགྲུབ། །སྐུ་གསུམ་ལམ་སྣང་ཡིན་པའི་ཕྱིར། འདི་མཐོང་ཁམས་གསུམ་ལྡོག་པ་མིན། །ཆོས་ཀུན་མཉམ་པར་རོ་གཅིག་པ། །གཞི་ལམ་འབྲས་བུ་ལྡོས་མིན་པའོ། །ཞེས་པ་དང་། རིག་པ་རང་སྣང་གི་བློ་ཅན་ལ་ཡང་། འབད་མེད་ཀྱི་ཁྲེགས་ཆོད་ལས། ཐོད་རྒལ་ཉིད་ཁྱད་ཆོས་བདུན་གྱིས་འཕགས་པ། ཀུན་མཁྱེན་ཆེན་པོའི། ཉམས་ལེན་ལག་ལེན་དང་འབྲེལ་བའི་ཁྱད་པར། ལུས་གནད་རྩའི། སྣང་བྱེད་སྒོའི། མཐོང་བ་དབང་པོའི། རང་གནད་མངོན་སུམ་གྱི། སྣང་བ་འོད་ཀྱི། ཉམས་གོང་འཕེལ་གྱི་ཁྱད་པར་བདུན་དུ་གསུང་བ་དག་གི་སྔ་མ་ལས་ཕྱི་མ་སྤག་པས། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག །དེ་ཡང་ཕྱི་ནང་གསང་བ་ཡང་གསང་གི་སྐོར། འབད་བཅས་ཐོད་རྒལ། འབད་མེད་ཁྲེགས་ཆོད་སོགས་ཡོད་དེ། ཨ་ཏི་བཀོད་པ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་བ་མན་ངག་གོ །ཞེས་དང་། ཉི་ཟླ་ཁ་སྦྱོར་ལས། འདི་དག་བློ་རིམ་རྣམ་གཉིས་ཀྱི། །འབད་བཅས་རྣམས་དང་འབད་མེད་དོ། །ཅེས་པ་ལྟ་བུའི་ཐུགས་ཀྱི་གསང་བ་བླ་ན་མེད་པའི་མཛོད་རྣམས་མ་ནོར་བར་སྒོ་ཡིས་ཁྱད་པར་གང་གི་ཡུལ་གྱུར་བ་དབང་པོའི་རིམ་པ་ལ་བསྟུན་པ་ལས་དམན་ལ་མཆོག་གི་ཆོས་བསྟན་ན་སྒྲོ་བསྐུར་གྱིས་དོན་ལོག །མཆོག་ལ་དམན་པས་ཤེས་རབ་སྒྲོགས་སུ་བཅུག་ནས་ལམ་མིན་དུ་འཁྱམས་པས་སློབ་མའི་རྒྱུད་བརྟོལ་བའམ་བརྟགས་ནས་གང་ལྟར་གྱི་ཚོད་ཟིན་པས་ཤེས་རབ་ཀྱི་སྤྱན་དང་ལྡན་པས། རྫོགས་ཆེན་གྱི་སྣོད་མཚན་ཉིད་པའམ་དེ་ལས་ནང་སེལ་དུ་ཡང་གང་ལ་གང་འཚམས་པར་བསྟན་ནོ། །ཞེས་པའི་དོན་ནོ། །དེ་ནས་གསང་འཆལ་དང་མ་རྟོགས་པའི་སྐྱོན་བསལ་ནས་གཞི་ལམ་འབྲས་བུ་དབྱེར་མེད་པའི་རང་བཞིན་བསྟན་པ་ནི། ཡེ༵་འབྱམས་ཕྱལ་བ་ཆེན་པོ་ཉིད། །དམ༵ན་པའི་སྣོད་དུ་བཅུད་མཆོག་ལྟར། །རང༵་གཞན་གཉིས་ཀ་ཉམས་ཉེས་པས། །རྩ༵་བའི་ལྟུང་བར་བག་ཟོན་མཛོད། ཡེ་འབྱམས་ཞེས་པ་ནི་སྟོང་ཉིད་དེ་སྐྱོན་དང་ཡོན་ཏན་གང་གིས་བསྒྱུར་བཀོད་མེད་པའི་ཕྱལ་བ་ཆེན་པོ་རང་བཞིན་རྣམ་པ་བཅུ་སོགས་ཀྱི་གཏན་ལ་ཕབ་པ་ཉིད་དམན་པའི་སྣོད་དུ་བཅུད་མཆོག་ཏུ་གྱུར་བ་བཞིན་དུ། རང་ལའང་གསང་སྒྲོགས་འབྱུང་བ་དང་། གཞན་དག་ལ་ཡང་ཕན་པ་མེད་པའི་སྟེང་དུ་གནོད་པའི་རྒྱུར་འགྱུར་བའི་དམ་ཚིག་ཉམས་པ་དང་གནོད་སྦྱིན་པའི་ཉེས་པས་གོས་པར་འགྱུར་བས། རྩ་བའི་ལྟུང་བ་བདུན་པའི་གནས་དང་སེམས་ཅན་བློས་བཏང་བ་དང་། ཡང་དག་པའི་ཆོས་ལའང་དཔང་ཟོས་པ་སོགས་ཚད་མེད་པའི་སྐྱོན་དམིགས་པ་ནི། ཇི་སྐད་དུ། གསང་སྔགས་སེང་གེའི་འོ་མ་འདྲ། །རིན་ཆེན་གསེར་སྣོད་མ་ལགས་པ། །སྣོད་གཞན་ཕལ་བར་བླུགས་གྱུར་ན། །སྣོད་ཀྱང་ཆག་ལ་བཅུད་ཀྱང་རལ། །སྣོད་བཅུད་གཉིས་ཀ་མ་རུང་འགྱུར། །ཞེས་དང་། རྒྱུད་ཆེན་ཀུན་བྱེད་རྒྱལ་པོ་ལས། རྒྱུ་དང་འབྲས་བུ་ཐེག་པ་ཅན་རྣམས་ལ། །ཀུན་བྱེད་ང་ཡི་ལུང་འདི་བསྟན་མི་བྱ། །ང་ཡི་ལུང་འདི་ངེས་པར་བསྟན་བྱས་ན། །དགེ་སྡིག་ལས་ལ་རྒྱུ་འབྲས་ཡོད་ཟེར་ནས། །ཡང་དག་ང་ལ་སྒྲོ་དང་སྐུར་བཏབ་པས། །ཡང་དག་ང་དང་ཡུན་དུ་འཕྲད་མི་འགྱུར། །ཞེས་དང་། ང་ནི་སྤྱོད་ཡུལ་ཀུན་ལས་འདས་པ་འདི། །རྒྱུ་འབྲས་དགའ་བའི་སྐལ་བ་མེད་རྣམས་ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། །ཞེས་སོགས་དང་། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པའོ། །ཞེས་སོ། །དེ་བས་ན་གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པ་འདི་དག་ནི་བདུད་ཀྱིས་བསྟན་པ་དཀྲུགས་པར་ཤེས་ནས་བག་ཟོན་གྱིས་ཤིག །དེ༵་ཡང་ད་ལྟའི་ཤེས་པ་ཟེར། གཞི༵་བདུན་རང་བཞིན་བརྒྱད་གནས་པ། །མ༵་ཤེས་དག་གི་གཡོན་པོར་བལྟར། །ངོ༵་བོ་སྐུ་ལ་མཚན་མར་བལྟའ། །ར༵ང་བཞིན་འོད་ལ་རྒྱུ་རྐྱེན་བལྟ། །ཐུག༵ས་རྗེ་རིག་པ་སེམས་སུ་བལྟ། །དེ་ཡང་དེང་སང་ཨ་ཏིའི་བསྟན་པ་ཉམས་རྟགས་སུ་ད་ལྟའི་ཤེས་པ་འདི་རང་བྱུང་གི་ཡེ་ཤེས་སྤྲོས་པ་དང་བྲལ་པའོ་ཞེས་ཀུན་གྱི་ཁ་ཏོན་བྱེད་དེ། དེ་ནི་མ་ཡིན་པའི་ཚུལ་སེམས་དང་ཡེ་ཤེས་ཕྱེ་བས་ཁྱད་པར་གྱིས་ཀྱང་ཤེས་ལ་གཞན་ཡང་སྔ་ཕྱི་གཉིས་སུ་མི་འགྱུར་བའི་ཤེས་པ་ཞིག་མི་རྙེད་པས་ཡང་ན་ཡེ་ཤེས་མེད་སྨོས། ཡང་ན་ཤེས་པ་ཐམས་ཅད་རང་དུས་དེར་ད་ལྟའི་ཤེས་པ་མིན་པ་མི་རྙེད་པས་ཐམས་ཅད་ཡེ་ཤེས་ཡིན་གྱིས་དང་ལེགས་པ་ལས་གཞན་དུ་འགལ་འདུ་སྣ་ཚོགས་སུ་ཐལ་ལ། ཁ་ཅིག་གིས་ཐ་མལ་གྱི་ཤེས་པ་ཞེས་གསུངས་པ་ཡེ་ཤེས་མ་བཅོས་པའི་དོན་ཡིན་པ་མ་ཤེས་པར་ཐ་མལ་འཁྲུལ་པའི་སེམས་སུ་བལྟས་ནས་འདུག་གི །དེ་ལྟ་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་དེ་ལས་འཕགས་པའི་ཁྱད་ཆོས་རྡུལ་ཙམ་ཡང་མེད་ཅེས་བསྐུར་བ་འདེབས་ནས་དམ་པ་དོན་གྱི་གནས་ལུགས་སམ་རྟོགས་པའི་ཆོས་སྤངས་ནས་རྣལ་འབྱོར་བ་ཡིན་སྙམ་པ་དེ་ཚོའི་རྫོགས་ཆེན་གྱི་རྒྱུད་ནས་གསུངས་པའི་གཞི་ལྷུན་གྲུབ་དང་། མ་ངེས་པ། ངེས་པ་དོན། ཅིར་ཡང་བཏུབ་པ། ཅིར་ཡང་ཁས་ལེན་དུ་བཏུབ་པ། སྣ་ཚོགས་པ། ཀ་དག་པའི་ཕྱོགས་རེར་འཛིན་པའི་སྐྱོན་གྱི་ཆར་གོལ་སར་བཞག་པའང་ཅེ་རེ་ལོང་དུ་ཐལ་ཞིང་། གཞན་ཡང་མུ་ཏིག་ཕྲེང་བ་ལས། ངོ་བོ་རང་བཞིན་ཐུགས་རྗེ་དང་། །ངང་དང་རང་བཞིན་བདག་ཉིད་ཆེ། །ཀ་དག་ཉིད་དང་ལྷུན་གྲུབ་དང་། །སྤྱི་བའི་གཞི་དང་འཁྲུལ་གཞིའོ། །ཞེས་རང་བཞིན་བརྒྱད་དུ་གནས་ཏེ། ངོ་བོ་སྐུར་བཞུགས། རང་བཞིན་འོད་དུ་བཞུགས། ཐུགས་རྗེ་རིག་པར་བཞུགས་པའི་ངང་ཉིད་ཤུགས་ལས་བྱུང་བ་རང་བཞིན་མ་བཅོས་པར་ཀུན་སྣང་བ། བདག་ཉིད་ནི་ཁྱབ་གདལ་འུབ་ཆུབ་ཆེན་པོ། དྲི་མ་དང་བྲལ་པའི་ཀ་དག་ལྷུན་གྲུབ་སྣ་ཚོགས་སུ་འབྱུང་བའི་སྤྱི་གཞི་དང་གྲོལ་འཁྲུལ་གྱི་གཞིར་ཡང་འགྱུར་བ་དག་ཀྱང་མི་ཤེས་པར་འཁྲུལ་གཞི་ལ་གྲོལ་གཞིར་ངོས་ཟིན་པའི་རྣལ་འབྱོར་བ་ཁྱེད་ཅག་རང་བཞིན་ལས་གཡོན་དུ་སྟེ་གཞན་དུ་ལོག་པར་འཁྱམས་ཞིང་མངོན་པའི་ང་རྒྱལ་ལ་ཡིན་སྙམ་དུ་བལྟ་བ་ཞིག་གོ །ཡང་ངོ་བོ་སྐུར་བསྟན་པའི་ཁ་མིག་དང་རྣ་བ་དོད་པའམ། རང་བཞིན་འོད་དུ་བསྟན་པས་འོད་རང་མཚན་པར་བལྟ། དེའི་རྟགས་ཀྱི་འོད་དང་ཐིག་ལེའི་སྣང་བའང་མིག་གི་སྤུ་ལས་རྐྱེན་ཉི་ཟླའི་བསྐྱེད་པར་བལྟ་བ་དང་། ཐུགས་རྗེ་འགགས་མེད་སྤྲོས་བྲལ་དུ་བཤད་པ་ཡེ་ཤེས་རྒྱུན་ཆད་དུ་བལྟ་ལ། རིག་པ་སེམས་སུ་བལྟས་ནས་ད་ལྟའི་ཐ་མལ་གྱི་ཤེས་པའམ་རྟོག་པ་ཟང་ཀ་མ་འདི་ཡེ་ཤེས་སུ་ངོས་འཛིན་པ་ལ་རིམ་པ་བཞིན། རང་ཤར་ལས། གལ་ཏེ་མཚན་མ་ཡོད་གྱུར་ན། །ཆོས་སྐུ་བཟུང་དུ་ཡོད་པར་འགྱུར། ཞེས་དང་། །མཚན་མ་ཅན་དུ་ལྡོག་པས་ན། །ཆོས་སྐུ་གཟུགས་སུ་ཡོད་པར་འགྱུར། ཞེས་དང་། ཤེས་བྱའི་ཡེ་ཤེས་གཉིས་མེད་ན། །བེམ་པོ་རྣམས་དང་ཁྱད་ཅི་ཡོད། །ཅེས་དང་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཡེ་ཤེས་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། ཞེས་སོ། གང༵་དུ་མ་ཕྱེའི་འཆར་གཞི་དང་། རྨ༵་བྱའི་ཕྲུ་གུ་སྒོང་རྒྱར་གནས། །སྤྲིན༵་མེད་མཁའ་དག་ཀློང་ཡངས་གསུམ། །གཤིས༵་ཀྱི་བབས་ཏེ་དེའི་རྒྱུར་མཚོ༵ན། །དེའི་དོན་ནི། ཀ་དག་གི་གནས་ལུགས་ཉིད་སྤྲོས་པ་གང་དུའང་མ་ཕྱེད་པའི་སྟོང་ཉིད་ཆེན་པོ་ཆོས་ཟད་མིང་མེད་གཏིང་གསལ་གཞོན་ནུ་བུམ་པ་སྐུའི་བདག་ཉིད་དུ་བཞུགས་པ་དང་། ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོན་ཏན་མ་ལུས་པ་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོའི་འོད་ལས་འདས་པའི་ཡེ་གདངས་སྐུ་ལས་འདས་པའི་རང་གདངས་དང་རྣམ་རྟོག་ལས་འདས་པའི་རིག་གདངས་སུ་ཤར་བའི་འོད་ལྔ་རང་གནས་པའོ། །ཐུགས་རྗེའི་རང་བཞིན་ནི་སྤྲིན་མེད་པའི་ནམ་མཁའ་ལྟར་རྣམ་དག་ཆེན་པོ་དང་མཁྱེན་པ་མ་འགགས་ཡུལ་ཡུལ་ཅན་དུ་ཞེན་འཛིན་དང་བྲལ་བ་ལ་ཤེས་བྱའི་ཡེ་ཤེས་རྣམ་གཉིས་སུ་བཞུགས་པའོ། །ད་ལྟ་གཞི་ལས་འཕགས་པའི་དུས་ན་རིག་པ་ལུས་པ་གནས་པའི་ངོ་བོ་སྐུར་བཞུགས་པའི་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་དང་དུང་ཁང་བྷནྡྷའི་གཞལ་ཡས་ཁང་གཉིས་ན་འཆར་གཞི་དང་གདངས་ཀྱི་སྐུར་གནས། རང་བཞིན་འོད་དུ་བཞུགས་པའི་ཐིག་ལེ་སྟེ། རྩ་རྣམས་ན་ཆེ་བའི་ཚད་ནམ་མཁའི་མཐའ་དང་མཉམ་པ་ཆུང་བའི་ཚད་རྟ་རྔ་བཅུ་གཤག་ཙམ། གསལ་བའི་ཚད་ཉི་ཟླའི་དཀྱིལ་འཁོར་ལྟར་གཟི་བརྗིད་ལྡན་པར་གནས་པའོ། །ཐུགས་རྗེ་ནི་སྒྲོན་མ་རྣམ་པ་བཞིར་གནས་སོ། །འཇམ་དཔལ་མཚན་བརྗོད་ལས། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ་ལ་སོགས་པའི་དོན་ཏོ། །ཡང་ད་ལྟ་རིག་པའི་ཡེ་ཤེས་དབྱིངས་དང་འདུ་འབྲལ་མེད་པའི་བདག་ཉིད་དམ་པ་ཉིད། འོད་ཀྱི་གོང་བུ་ན་བཞུགས་པ་དེ་གཞི་ལས་འཕགས་པའི་གཞི་སྣང་ཐམས་ཅད་པའི་བཞུགས་ཚུལ་ཡིན་པས་རྨ་བྱའི་ཕྲུ་གུ་སྒོང་རྒྱར་གནས་པ་ལྟ་བུ་དང་། དེ་བཞིན་དུ་གྱུར་བའི་རིག་པའི་ཡེ་ཤེས་ཉིད་ལ་གཟུང་འཛིན་གྱི་རྣམ་པ་རང་ཟད་ཅིང་མཁྱེན་པར་ལྡན་པས་སྤྲིན་མེད་པའི་ནམ་མཁའ་དག་པ་ཀློང་ཡངས་དུ་ཉི་མའི་འོད་ཟེར་འབར་བ་ལྟ་བུ་རྣམས་ཀྱི་ཚུལ་བཤད་པ་འདི་དག་ནི། སྔ་མ་གསུམ་གཞིའི་ཡེ་ཤེས་གསུམ་བརྩེགས་དང་། ཕྱི་མ་གསུམ་གཞི་སྣང་དུ་ཤར་བའི་དུས་སུ་ལུས་གྲུབ་ཀྱི་ཡེ་ཤེས་སུམ་བརྩེགས་ཀྱི་གནས་ལུགས་སྔ་མ་སྤྱི་མོ་དང་ཕྱི་མ་ཐོད་རྒལ་བསྒོམ་པའི་ཆེད་གར་དུ་ཤེས་བྱའི་གཞིའོ། །ཡང་སྔ་མ་གསུམ་གྱི་ཚུལ་བཀྲ་ཤིས་མཛེས་ལྡན་གྱི་རྒྱུད་དང་ཀློང་དྲུག་པ་རང་ཤར་གྱི་རྒྱུད་སོགས་སུ་རྒྱས་པར་བསྟན་ལ། ཕྱི་མ་འདི་ཕྲ་བཀོད་ཀྱི་རྒྱུད་དང་། རིག་པ་རང་ཤར་ན་གསུངས་པ་དང་། རྩལ་རྫོགས་ལས། གཞི་ལ་གནས་པའི་རིག་པ་ནི། །ཡེ་ཤེས་དབྱིངས་ན་སྐུ་གསུམ་རྫོགས། །དཔེར་ན་རྨ་བྱའི་སྒོང་ང་བཞིན། །ལམ་ལ་འཆར་བའི་རིག་པ་ནི། །དཔེར་ན་འཇའ་ཚོན་ལྟ་བུར་བསྟན། །མཐའ་ལ་འཁྱོལ་བའི་རིག་པ་ནི། །རྨ་བྱའི་ཕྲུ་གུ་སྒོང་རྒྱ་ལས། །བརྟོལ་ཏེ་ཐོན་པ་ལྟ་བུའོ། །ཞེས་སོ། །སྔ་མ་གསུམ་གཤིས་ཀྱི་བབས་དང་། ཕྱི་མ་གསུམ་དེ་རྒྱུར་གྱུར་བ་ལས་གཤིས་མཚོན་པར་ཤར་བ་གནད་གཟིར་བས་བསྟན་དུ་ཡོད་པའི་གཞིའོ། །འོ་ན་དཔེ་དང་དཔེ་ཅན་ལས་རང་བཞིན་ཐ་དད་པའམ་སྙམ་ན་དེ་ནི་མ་ཡིན་ཏེ། གོང་མ་ནི་རགས་པའི་ས་ལས་འདས་པའི་གཞི་རང་བཞིན་གྱི་གནས་ལུགས་དེ་ལ་གསལ་བ་ཕྱིར་མི་མངོན་ཀྱང་བྱད་དང་གཟུགས་བརྙན་བཞིན་གནས་སྣང་གི་དབང་ཆེད་དུ་དེ་སྐད་བརྗོད། གནས་སྣང་མི་མཐུན་ན་གཞིར་མི་འགྱུར་རོ་སྙམ་ན། གཞི་དེ་དཔེར་ན་ཉི་མ་སྤྲིན་གྱིས་སྒྲིབ་པ་ན་མི་མངོན་ཀྱང་གདངས་སྣང་བའི་མུན་མི་རུབ་པ་ལྟ་བུའོ། །ད་ལྟའི་དེ་ཉིད་ནི་སྣང་བ་ལྟ་བུའོ། །དངོས་གཅིག་སྒྲིབ་པས་སྒྲིབ་པ་ཤེལ་གོང་རྡུལ་དང་ལྡན་པ། དེ་དང་བྲལ་བའི་ཇི་བཞིན་པའི་གནས་སྐབས་ལྟ་བུར་ཤེས་དགོས། འདི་དག་ནི་རང་བཞིན་རྫོགས་པ་ཆེན་པོའི་གནད་ཤིན་ཏུ་ཟབ་པ་གོ་སླ་བ་མ་ཡིན་པ་སྟེ། དེ་དཔྱད་སྒོ་ཙམ་ལས་མཐར་མ་ཐུག་པ་གཞི་ཆུང་བ་ལས་མེད་པ་མིན་ནོ། །འོ༵ད་གསལ་ཐོད་རྒལ་ཆེན་པོ་ལ། །དགོང༵ས་ཀློང་ཀྱིས་ལྡོག་དྲུག་ཅུའི་ཚོགས། །རྣ༵མ་པ་ལྔ་ཡི་གྲོལ་ཆིངས་ལྔ། །དབ༵ང་དུ་མ་འདུས་དཔེ་དོན་རྟགས། །མཁ༵འ་དང་ཆོས་ཉིད་འོད་ཀྱི་ཕྱེ། །ཏེ༵་བོར་རིག་ཅན་མཆོག་གིས་ཀྱང་། །བད༵ག་བཞིན་ཡེ་འབྱམས་དོན་ལ་བརྩོན། །ཞེས་པའི་དོན་ནི། ཁྱད་པར་དུ་འོད་གསལ་ཐོད་རྒལ་ཆེན་པོའི་རང་བཞིན་ལ། མིག་གི་བལྟ་བ་ཙམ་དང་གཟུགས་ཙམ་མཐོང་བ་ལས་གྲོལ་བར་འདོད་པ་ནི་འོལ་སྤྱི་ཙམ་ལ་ཞེན་ནས་སྨྲ་བ་སྟེ། ཐ་ན་རིག་སྔགས་ཙམ་ལའང་རྣོ་མདེའུ་དགོས་པ་ལ་ལྟོས་ཤིག །དེའི་ཕྱིར་ཐ་ན་འདི་ཙམ་ཤེས་དགོས་ཏེ། རི་བོ་སྤྱི་ཆིངས་ཀྱི་དགོངས་པ་ནི་སེང་གེ་རྣམ་བསྒྱིང་ལྟ་བུ་ནི་དབྱིངས་དང་དབྱེར་མེད་པའི་རིག་པའི་ཡེ་ཤེས་ཐིག་ལེ་ཉག་གཅིག་སྤྲོས་བྲལ་དུ་ལ་བཟློས་ཏེ་འཁྲུལ་སྣང་ཟིལ་གྱིས་གནོན་པའོ། །ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ནི་རིག་པའི་རྩལ་དབང་རང་ལ་རྫོགས་པའི་རང་གནས་ཀྱི་ཡེ་ཤེས་ངོས་ཟིན་ནས་ཆོས་ཉིད་དུ་ས་ཟིན་པ་རྒྱལ་རིགས་སྤྱི་བོ་ནས་དབང་ཐོབ་པ་ལྟ་བུ། ཐིག་ལེ་མཐོང་བརྟོལ་གྱི་དགོངས་པ་ནི་བར་དོའི་སྣང་བའི་མཐོང་རང་རིག་དུ་བརྟོལ་ནས་སངས་རྒྱས་དེ་སྔར་བསྟན་པའི་འབྲས་བུའི་དུས་ཀྱི་རིག་པའི་གནས་ཚུལ་ལ་དབང་ཐོབ་པའོ། །ཉི་ཟླ་ཁད་མཉམ་གྱི་དགོངས་པ་ནི། སྣང་སྟོང་མཉམ་ཉིད་ཆོས་ཟད་ཀྱི་དགོངས་པ་ཡེ་ཤེས་རང་གསལ་མཐར་སྐྱེལ་བ་ཉིད་དོ། །རྒྱ་མཚོ་ཀློང་རྡོལ་གྱི་དགོངས་པ་ནི། རང་གནས་ཀྱི་བསམ་གཏན་ལ་གནས་ཏེ་ཀ་དག་གི་བཙན་ས་བཟུང་ནས་རང་སྣང་ཡེ་ཤེས་སུ་གསལ་བའོ། །དེ་དག་ཀྱང་དབང་པོའི་རིམ་པས་རབ་འབྲིང་ཐ་གསུམ་ལ་ལྟ་བསྒོམ་སྤྱོད་འབྲས་བཞི་རེ་འཆར་ཚུལ་ཡོད་པའི་དགོངས་ཀློང་ལྔ་ལ་དབྱེ་ན་དྲུག་ཅུར་ཡོད་པ་ལ་བསྡུ་ན་ལྔ་བོ་འདིར་འདུས་སོ། །ཚུལ་དེ་རྩལ་རྫོགས་ལས། རི་བོ་སྤྱི་ཆིངས་གི་དགོངས་པ་ནི་སེང་གེ་རྣམ་པར་བསྒྱིངས་ལྟ་བུའོ། །ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལྟ་བུའོ། །ཐིག་ལེ་མཐོང་རྡོལ་གྱི་དགོངས་པ་ནི་རྨ་བྱའི་ཕྲུ་གུ་སྒོང་རྒྱ་ནས་ཐོན་པ་ལྟ་བུའོ། །ཉི་ཟླ་ཁད་མཉམ་གྱི་དགོངས་པ་ནི་ཉི་མ་དང་ཟླ་བ་གཉིས་མེད་དུ་སྙོམ་པར་ཞུགས་པ་ལྟ་བུའོ། །རྒྱ་མཚོ་ཀློང་རྡོལ་དགོངས་པ་ནི་རི་རབ་ཀྱི་མགུལ་ནས་ཉི་མ་ཤར་བ་ལྟ་བུའོ། །ཞེས་པའི་དགོངས་པ་ལྔའི་གྲོལ་བའི་ཆིངས་ལྔར་བཞུགས་པ། ཉམས་འོག་དུ་མ་ཆུད་ནས་དབང་དུ་མ་འདུས་པ་དང་། གཞན་ཡང་དཔེ་ནི་ནམ་མཁའ་ལྟ་བུ། དོན་ཆོས་ཉིད་སྤྲོས་བྲལ་སྐྱེ་བ་མེད་པ། རྟགས་ཐིག་ལེའི་སྣང་བ་འགྱུར་བ་མེད་པར་གནས་པ་དག་ཀྱང་། ཀུན་མཁྱེན་ཆེན་པོའི་མན་ངག་མཛོད་དུ་བསྟན་པ་ནི། དཔེ་ནི་མཁའ་ལྟར་རྣམ་དག་ཆོས་ཀྱི་སྐུ། །རྒྱ་ཆད་ཕྱོགས་ལྷུང་ཀུན་ལས་འདས་པ་ཡིན། །དོན་ནི་འོད་གསལ་རང་དག་ལོངས་སྤྱོད་རྫོགས། །ཡེ་ནས་ལྷུན་གྲུབ་འདུས་མ་བྱས་པ་ཡིན། །རྟགས་ནི་རང་འོད་ངོས་སྣང་སྤྲུལ་པའི་སྐུ། །སྒྲོན་མ་རང་གསལ་ཡིད་ཆེས་བསྐྱེད་པ་ཡིན། །ཞེས་དང་། ཀུན་བྱེད་ལས། དཔེ་ནི་ནམ་མཁའ་ལྟ་བུ་ལ། །རྟགས་ནི་དབྱིངས་རིག་འགགས་པ་མེད། །དོན་ནི་རང་གི་རིག་པའོ། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །ཞེས་པ་འདི་དག་གི་ཚུལ་གྱིས་རྣམ་པར་ཕྱེ་བའི་སྒོ་ནས་ཏེ་བོར་སྟེ་དམ་པའི་རིགས་ཅན་ཁྱེད་ཀྱིས་ཀྱང་བདག་བཞིན་དུ་ཡེ་འབྱམས་སྟོང་ཉིད་རྨད་དུ་བྱུང་བའི་གནས་ལུགས་ལ་གཞལ་ཞིང་ཤེས་པའི་དོན་ལ་བརྩོན་པར་གྱིས་ཤིག་ཅེས་གདམས་ངག་གོ །དེ་ནས་ཆོས་ཉིད་ཅི་བཞིན་པའི་གཤིས་ཅེར་མཐོང་དུ་བསྟན་པ་འདི་ལྟ་སྟེ། དེ༵་ལྟར་མཆིས་ན་གམ་ཡོ་མིན། ཟ༵ང་ཐལ་ཅིག་རྫོགས་འབྲེལ་རྒྱུན་ཆོད། ཡོ༵ད་མིན་མེད་མིན་གཉིས་གཉིས་མིན། །ག༵ང་མིན་ཅི་མིན་བསམ་མིན་གྱི། བྱེད༵་པོ་མ་ཡིན་བློས་མི་རྟོགས།ར༵ང་སར་བཞག་ན་འབྲལ་བ་མེད། བརྟག༵ས་དཔྱད་གཏན་ཚིག་གིས་མི་མཚོན། །རྗེན༵་པར་བྱིན་རླབས་སྟོབས་ཀྱིས་ཏེ། ཞེས་པའི་དོན། དེ་ལྟར་གཞི་ཡི་མཚན་ཉིད་ཅི་ལྟ་བ་བཞིན་དུ་ཤེས་ཤིང་རྟོགས་ནས་གདེངས་སུ་གྱུར་ན་དེང་དུས་ཀྱི་སྒོམ་ཆེན་པ་ལྟར་དཔེར་ན་ངོ་བསྲུང་ངམ་གམ་ཡོ་ཙམ་སྔ་སོ་ན་ཡོད་ཀྱང་རྒྱབ་སོ་ན་མེད་པ་ལྟ་བུ་མིན་པར་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཡིན་ནོ། །དེ་ཡང་མངོན་སུམ་གྱི་མཐོང་བའི་ངོ་བོ་ནི་སྤྲོས་པའི་མཐའ་ལ་མི་གནས་པའི་ཟང་ཐལ། དམིགས་པའི་རྣམ་པ་མི་སྤྱོད་པས་ཀྱང་ཟང་ཐལ། གཟུང་འཛིན་གྱི་ཡུལ་དུ་མ་སོང་བས་ཟང་ཐལ། སྟོང་བ་ལ་བློ་ཕུག་མི་ལྟོས་པས་ཟང་ཐལ་པ། ཆགས་ཐོགས་དང་དབྱེན་པོར་རྗེས་མི་བསྟི་བས་ཟང་ཐལ་བ། ས་བཅུ་ལམ་ལྔ་འབྲས་བུའི་ཆོས་ཉེར་ལྔ། གཞིའི་ཆོས་ཐམས་ཅད་དང་བཅས་པ་གཅིག་རྫོགས་སུ་ལྷུན་གྱིས་གྲུབ་པས་རང་ཞལ་ལས་མི་གཡོ། འདས་པའི་སེམས་ལ་ཡར་མ་འབྲེལ། མ་འོངས་པ་ལ་མར་མ་འབྲེལ། ད་ལྟའི་སེམས་ལ་འབྲེལ་རྒྱུན་ཆོད་པ་ནི་དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་བ་ཡིན་པས། ཀློང་དྲུག་པ་ལས། འདས་པའི་དྲན་པ་རྣམས་མཚམས་བཅད་པ་དང་། མ་འོངས་པའི་དྲན་པ་རྣམས་མགོ་མནན་པ་དང་། ད་ལྟར་གྱི་དྲན་པ་ཉིད་རང་ཡལ་དུ་བཏང་བ་ནི། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་བ་ཞེས་བྱའོ། །འདས་པའི་སེམས་ལ་ཕུག་མི་གཏད། མ་འོངས་པའི་སེམས་ལ་རྒྱབ་མི་གཏད། ད་ལྟར་གྱི་སེམས་ལ་བློ་མི་གཏད་པ་ནི་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཡིན་ནོ། །ཞེས་སོགས་དུས་གསུམ་འབྲེལ་ཐག་བཅད་པའི་གནད་བཅུ་ཤུགས་ཀྱིས་འབྱོར་བས་ལྷུན་གྲུབ་རིག་པ་དེ་ཡང་ཡོད་ཡོད་པོ་དང་མེད་མེད་པོ་ཞིག་དུ་བཟུང་ན་དངོས་འཛིན་དང་སྟོང་ཉིད་དངོས་པོར་གོལ་བའམ་གསོ་རུ་མེད་པའི་ལྟ་བ་གང་རུང་དུ་འགྲོ་སྟེ། མགོན་པོ་ཀླུའི་ཀྱང་། ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་དུ་མེད་པར་གསུང་། །ཞེས་དང་། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིགས་སྔགས་ཉེས་པར་སྒྲུབ་པ་བཞིན། །ཞེས་པ་དང་། ས་ར་ཧས། གང་ལ་འཛིན་པ་ཡོད་ན་དེ་ཡང་ཐོང་། །ཞེས་པས་དོན་གྱི་དམིགས་པ་རབ་ཏུ་ཞི་བའི་དབུ་མ་ཆེན་པོ་ལ་མཉམ་པར་འཇོག་ཞིང་འབྱམས་ཀླས་པར་བྱེད་པ་ཉིད་ཀླུའི། སྟོང་དང་མི་སྟོང་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་དང་། །ཇི་སྐད་དུ། ཡོད་དང་མེད་དང་ཡོད་མེད་ཞེས་། །གང་ལ་མཐའ་ནི་ཡོད་མིན་པ། །ཞེས་པའི་དོན་གཤིས་ཐོག་ཏུ་ཕེབ་པ་ནི། སྣང་བས་ཡོད་མཐའ་སེལ། །སྟོང་པས་མེད་མཐའ་སེལ། ཕུང་པོ་གསུམ་པའི་ཆོས་ནི་འགལ་འདུར་ངེས་པའི་གྱེར་བའི་ཅི་ཡང་མིན་པར་མཐའ་གྲོལ་དུ་ལ་ཟློས་ཏེ་ཕྱི་རོལ་བས་བསམ་མིན་གྱིས་བྱེད་པོ་ལྟ་བུའང་མ་ཡིན་པར་བློས་རྟོགས་པའི་རྣམ་དཔྱོད་རྗེས་དཔག་གིས་མི་མཚོན་པར་སོ་སོ་རང་རིག་པའི་ཡེ་ཤེས་རྣམ་རྟོག་གིས་མི་བསྐྱོད་པའི་རོལ་བ་གཞི་ཐིམ་དུ་བཞག་པའི་རང་སོར་མཐོང་བ་མངོན་སུམ་པའི་ཡུལ་ཡུལ་ཅན་དབྱེར་མེད་གཉིས་སྣང་ནུབ་པའི་སྤྱོད་ཡུལ་ཡེ་ནས་འབྲལ་བ་མེད་པར་གཟིགས་པ་དག་པའི་ཡུལ་དུ་གྱུར་བའོ། །དེ་ལས་རྣམ་གཅོད་བརྟགས་དཔྱད་དང་རྟགས་དང་གཏན་ཚིག་གིས་སེལ་བའི་ཚུལ་དུ་མེད་དང་མ་ཡིན་དགག་སོགས་འདོད་པས་རྟགས་ཀྱི་མི་མཚོན་གཏན་ཚིགས་ཀྱིས་མི་གཞོལ་པ་ནི། སྲས་སྒྲ་གཅན་འཛིན་གྱིས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། སོགས་དང་། ཞི་བ་ལྷའི། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་འཁྲུལ་པར་བརྗོད། །ཅེས་དང་། རྒྱལ་བ་ཀློང་ཆེན་རབ་འབྱམས་བཟང་པོའི་ཞབས་ཀྱིས། ཚིག་གིས་མཚོན་པའི་སྤྱོད་ཡུལ་མ་ཡིན་ཏེ། །ཤེས་རབ་ཀློང་རྡོལ་སོ་སོ་རང་རིག་ཡུལ། །ཞེས་དང་དེའི་འགྲེལ་བར། རྨད་བྱུང་རྒྱལ་པོས། བསམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །བསམ་དང་བརྗོད་པར་གཏན་ལ་ཕེབས་པ་མེད། །ཅེས་དང་། རྩལ་རྫོགས་ལས། བསམ་པས་ཡེ་ཤེས་དོན་མི་རྙེད། །བསམ་པས་ཡེ་ཤེས་དོན་རྙེད་ན། །རང་བྱུང་ཡེ་ཤེས་རྫུན་པར་འགྱུར། ཞེས་དང་། རང་ཤར་ལས། དེ་ཡང་ཡེ་ཤེས་དོན་ཉིད་རྟོགས། །རྟོགས་པས་ཡེ་ཤེས་དོན་དང་འཕྲད། །མཐོང་བ་ཉིད་ལ་དཔེ་གཞན་མེད། །དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གི་མ་གོས་ཕྱོགས་དང་བྲལ། །ཞེས་དང་། འདས་དང་མ་འདས་ཚིག་ལས་འདས། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ཡོད་དང་མེད་པ་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་བསྒོམ་དང་སྤྱོད་པས་ནི། །དེ་ཡིན་དོན་རྣམས་ཤེས་མི་འགྱུར། །ཞེས་པས་ན་དེང་སང་གི་འདང་བ་རྣམས་ཀྱི་མི་རྟོགས་ངེས་པ་ཅན་ནོ། །འོ་ན་ཅི་ལྟར་ཞེ་ན་བླ་མ་དམ་པའི་བྱིན་རླབས་ཀྱི་ཉི་མ་སྙིང་ལ་ཤར་བས་སྒྲིབ་པའི་མུན་པ་བསལ་མུན་ཁུང་གི་རྫས་གསལ་བ་ལྟར་སེམས་ལས་འདས་པའི་ཡེ་ཤེས་རྗེན་ཅེར་དུ་ཡོངས་གཅོད་ལ་མཐོང་ངོ་ཇི་ལྟར་ན། སྔར༵་མེད་གསར་དུ་སྐྱེས་པ་མིན། །སེམ༵ས་ལས་མ་བྱུང་སངས་རྒྱས་དང་། །རྒྱུ༵་ལས་མ་བྱུང་འབྲས་བུ་དང་། ལུང༵་ལས་མི་བྱུང་མན་ངག་ཞེས། །རྒྱུད༵་སྡེ་མཆོག་གི་ལམ་ལ་གྲགས། །དེ་ཡང་བླ་མའི་བྱིན་རླབས་ཀྱིས་སྔར་མེད་གསར་དུ་སྐྱེས་པ་མ་ཡིན་པར་ཡེ་ནས་འདུ་འབྲལ་མེད་པར་རང་ལ་ཡོད་པ་མཐོང་བ་ནི། ཀུན་མཁྱེན་གྱིས། ཡེ་ནས་ཡོད་པས་རང་བཞིན་ལྷུན་གྲུབ་ཞེས། །ཞེས་དང་། རྒྱུད་ལས། ཡེ་ཡོད་དང་པོའི་སངས་རྒྱས་མཐོང་། །ཞེས་སོ། །དེ་ཡང་ཚོགས་བསགས་སྒྲིབ་སྦྱངས་སོགས་རྒྱུ་ལས་མ་བྱུང་བའི་ཡེ་ཤེས་སམ་འབྲས་བུ་ཡིན་ཏེ། ཀུན་བྱེད་ལས། རྒྱུ་ལས་བཙལ་བའི་འབྲས་བུ་འབྱུང་ཟེར་བ། །དེ་ནི་རྒྱུ་འབྲས་ཐེག་པའི་དྲང་ལུང་ཡིན། །རྒྱུ་ལས་མ་བྱུང་མཚུངས་མེད་ཡེ་ཤེས་ཏེ། །ཐམས་ཅད་བསྐྱེད་པའི་གཞན་ནས་ཆོས་འབྱུང་མེད། །ཅེས་པ་དང་། དེ་བཞིན་དུ་འགའ་ཞིག་གི་སེམས་སངས་རྒྱས་ཡིན་ཟེར་བ་དེ་དག་གི་རྫོགས་པ་ཆེན་པོའི་ཕྱོགས་ཙམ་མི་ཤེས་པ་སྟེ། རིག་པ་རང་ཤར་ལས། གལ་ཏེ་སེམས་མེད་སངས་རྒྱས་ཉིད། ཁྱོད་ཀྱིས་རྙེད་པར་གང་གི་འགྱུར། །དེ་ལ་དྲིས་ལན་རྒྱས་བཏབ་པ། །སེམས་ལ་འབྲས་བུ་མི་འཚོལ་ཏེ། །སེམས་ལ་སྣ་ཚོགས་འབྱུང་བའི་ཕྱིར། །ཞེས་དང་། སེམས་ལ་འབྲས་བུ་མི་འདོད་དེ། །རིག་པའི་ཡེ་ཤེས་ཡོད་པའི་ཕྱིར། །ཞེས་དང་། མཚན་བརྗོད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་པའི་དོན་ཏོ། །དེའི་ཕྱིར་ན་སེམས་ལས་མ་བྱུང་བའི་སངས་རྒྱས་སུ་གྲུབ་པ་ནི་རིག་པ་ཡེ་ནས་མ་འཁྲུལ་པའི་སངས་རྒྱས་སུ་བཞུགས་པས་སོ། །ལུང་ལས་མ་བྱུང་བའི་མན་ངག་ནི་གོང་དུ་བསྟན་པ་ལྟར། རྒྱ་མ་ལས་ཀྱི་ལུང་ཡེ་ཤེས་ལྷའི་ལུང་ ༼ བྱ་བྲལ་རྫོགས་པའི་ལུང་། མཆན། ༽ལས་མ་བྱུང་བའི་རང་གི་རིག་པར་བྱ་བ་ནི་རྒྱུད་བླ་མ་ལས། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་ཐུན་མོང་དང་། རང་ཤར་ལས། ལུང་དང་རིགས་པའི་སྤྱོད་ཡུལ་མིན་སོགས་པའི་དོན་ཏེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་བྲལ་ཞི་བ་མཆོག་གི་ལམ། །ཞེས་སོ། །དེ་དག་རྒྱུད་གང་ན་གསལ་ཞེ་ན། །ཐལ་འགྱུར་ལས། གཞན་ཡང་བཅོས་མེད་ལྟ་བ་བཤད། །ཆོས་ལས་མ་བྱུང་སངས་རྒྱས་པ། །རྒྱུ་ཡིས་མ་བསྐྱེད་འབྲས་བུ་རྫོགས། །རྐྱེན་གྱིས་མི་འཇིག་ལུས་བླང་སྟེ། །ལུང་ལས་མ་བྱུང་གྲུབ་པའི་མཐའ། །རྒྱུད་ལ་མ་བརྟེན་མན་ངག་གི ། མྱ་ངན་འདས་པའི་རྩ་བ་ཆོད། །ཅེས་རྒྱུད་སྡེ་བཅུ་བདུན་གྱི་རྩ་བ་ལས་གསུངས་སོ། །དེ་ལྟ་བུའི་བཅོས་མེད་ཀྱི་ལྟ་བ་བྱ་བྲལ་ཀློང་ཆེན་དག་པ་ནི་རིག་པ་ཆོས་ཉིད་ཀྱི་ངོ་བོ་ཡིན་པས་དེའི་རང་བཞིན་ནི། སལ་གྱི་གསལ་ཡང་གཟུང་འཛིན་མེད། །བ༵ག་ཆགས་པ་དང་ཡེ་གཞི་དོན། །སྦྱོར༵་བ་དོན་གྱི་ཀུན་གཞི་ལས། །གཞ༵ན་ཚོགས་སྡུད་བཅས་སྤངས་བའི་ས། །སྤང༵ས་བའང་ཆེད་མིན་བབ་ཀྱི་དོན། །འཆི༵་མེད་གཉུག་མའི་དོན་དམ་པ། །གཞི༵་ལམ་འོད་དུ་གནས་པ་ལ། །འབྲས༵་བུ་མཐོང་བརྡོལ་དེ་ཀའོ། །ཞེས་པའི་དོན་ནི། རིག་པའི་ཡེ་ཤེས་འགགས་པ་མེད་པས་སལ་གྱིས་གསལ་ཡང་གཟུང་འཛིན་གྱི་སྤྲོས་པ་ཐ་དད་དུ་མེད་པས་རྒྱུ་བའི་དབང་པོ་ཀློང༵་ཆེན༵་པོ་ཆོས་ཉིད་ཀྱི་དོན་ར༵བ་ཏུ་མི་གནས་པའི་དབུ་མ་ཆེན་པོ་ལ་འབྱམ༵ས་སུ་ཀླས་པ་མངོན་སུམ་པའི་གཤིས་ཐོག་ཏུ་ཕྱིན་པས་མ་རྟོགས་ལོག་རྟོགས་སོགས་སྐྱོན་གྱི་ཆ་དག་པའི་ཡོན་ཏན་གྱི་དཀྱིལ་འཁོར་གང་བས་བཟང༵་པོར༵་གྱུར་ཞིང་སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་སྐུ་ཆེན་པོར་སངས་རྒྱས་ཀྱང་བརྩེ་བའི་ཐུགས་རྗེའི་སེམས་ཅན་རྗེས་སུ་མི་འདོར་བའི་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་རིང་བསྲེལ་དུ་བཞག་པ་ཐེག་པའི་མཆོག་ཏུ། རིག་པའི་དག་སྣང་འདས་པ་མ་མཐོང་། འཁྲུལ་སྣང་འཁོར་བ་མ་མཐོང་། འཁོར་འདས་ཀྱི་རིག་པ་མ་མཐོང་། ཞེས་པས་ཀུན་གཞི་དང་སེམས་ལས་དོན་དཔག་གི་རང་བཞིན་རྣམ་མང་གི་གཙོ་བོ་བཟུང་ནས་ཀུན་གཞི་དང་ཕྱེད་པར་འདོད་པ་སྟེ། ཀུན་གཞི་ལ་འཁོར་བའི་བག་ཆགས་སྣ་ཚོགས་པ་འཛིན་པས་ཀུན་གཞི་སྟེ། ཡེ་དོན་གྱི་ཀུན་གཞི་ཐོག་མེད་ཀྱི་མ་རིག་པའི་ཁྱབ་པ་དང་། ལུས་ཀྱི་ཀུན་གཞི་ལུས་སུ་བག་ཆགས་པ། སྦྱོར་བ་དོན་གྱི་ཀུན་གཞི་སྲིད་པའི་ཀུན་སྦྱོར་གྱི་ལས་གསོགས་པ་སྟེ་མདོར་ན་གནས་དོན་ལུས་ཀྱི་བག་ཆགས་ཀྱིས་འཁོར་བའི་ཆོས་གཞན་སྣ་ཚོགས་པའི་འཁྲུལ་འཁོར་སྡུད་བ་ནི་ཀུན་གྱི་གཞིའོ། །ཆོས་སྐུ་རིག་པའི་ཡེ་ཤེས་ནི། སྤྲོས་པ་དང་བྲལ་བ་འཁྲུལ་སྣང་རང་གར་འཛིན་པའི་མཚན་མ་མེད་པ་ངོ་བོ་སྟོང་པ་དྭངས་གསལ་དབྱེར་མེད་པ་སྐུ་གསུམ་གྱི་ཁྱད་པར་འཇུག་པ་ཟག་པ་མེད་པ་སེམས་དང་ཡིད་དང་རྣམ་རྟོག་ལ་སོགས་པ་རྣམ་པར་བྲལ་བའོ། །ཐལ་འགྱུར་ལས། དེ་ལ་རེ་ཞིག་ཀུན་གཞི་བཤད། །ཆོས་དང་ཆོས་མིན་ཀུན་གྱི་གཞི། །ངོ་བོ་ངེས་ཚིག་དབྱེ་བར་བཅས། །ངོ་བོ་བག་ཆགས་རྣམས་ཀྱི་སྣོད། །དབྱེ་བ་ལུས་དང་སྦྱོར་བ་དང་། །སྣ་ཚོགས་པ་དང་ཡེ་གཞིའོ། །ངེས་ཚིག་ཀུན་ནི་འདུས་པ་ལས། གཞི་ནི་ཚོགས་ཤིང་སོགས་པའོ། །ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ཏེ། །རང་གར་འཛིན་པའི་མཚན་མ་མེད། །ངོ་བོ་སྟོང་གསལ་དབྱེར་མེད་ལ། །དབྱེ་བ་ཆོས་དང་ལོངས་སྤྲུལ་སྐུ། །གསུམ་གྱི་ཕྱེ་བས་ཁྱད་པར་འཇུག །ངེས་ཚིག་ཆོས་ནི་ཡང་དག་ལམ། །སྐུ་ནི་དེ་ལས་འགྲུབ་པའོ། །ཞེས་སོ། །དེ་བས་ན་ཀུན་གཞི་དེ་དག་སྤངས་པའི་རིག་པ་རྗེན་པ་མངོན་སུམ་མཐོང་བ་ལ་ཁྱད་པར་ཤེས་དགོས་ཀྱི་གཞན་དུ་ཁམས་གསུམ་གྱི་ཤེས་པ་སྒོམ་དུ་རེ་བའི་དམན་སྤྱོད་དུ་ལྟུང་ངོ་། །ཤེས་ན་ཆེད་དུ་སྤངས་མི་དགོས་པར་གཞི་རང་བཞིན་བབས་ཀྱི་གནས་ལུགས་ཀྱི་དོན་ངོས་ཟིན་པས་དེ་དག་ལས་ཤུགས་ཀྱིས་འདས་སོ། །དེ་ལྟའི་བུའི་རིག་པ་ཆོས་ཟད་བྱར་མེད་ཆེན་པོ་ནི། ཡེ་ནས་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་སྐྱེ་འཆི་བསྒྲེས་རྒུད་དང་བྲལ་བ་ལྷུན་གྲུབ་གྱི་ཕྱི་རྒྱ་མ་རལ་པ་གཞོན་ནུ་བུམ་པའི་སྐུ་གཟོད་མའམ་གཉུག་མའི་དམ་པ་དོན་གྱི་སངས་རྒྱས་ཆེན་པོ། གཞི་སྣང་གཡོས་པ་དང་། ལམ་ལ་འཆར་བའི་དུས་སུ། འོད་ཀྱི་ཁང་བ་ན་བཞུགས་པ་དང་། འོད་དུ་གསལ་ལ། འབྲས་བུ་ནི་རྨ་བྱའི་ཕྲུ་གུ་སྒོང་རྒྱ་ནས་བརྟོལ་ཏེ་ཐོན་པ་ལྟ་བུ་ཐིག་ལེའི་དགོངས་པ་མཐར་ཐུག་པའོ། །ལམ་ཉམས་སུ་ལེན་པའི་ཁྱད་པར་གཞན་བསྟན་པ་ནི། གནད༵་གསུམ་ཆོས་ཉིད་འཁོར་ལོ་ཡི། །དེ༵་བཞིན་གཤེགས་པའི་གསང་མཛོད་བརྟོལ། །སྐུ༵་གསུམ་ལམ་དུ་བྱེད་པའི་གནད། །སྒྲོན༵་མ་བཞི་ཡི་རང་བཞིན་གྱི། །ག༵ཞི་དང་གནས་ལམ་ཤེས་པ་ཡི། །ཕྲ༵་ལ་འཁྲིལ་གྱི་མངོན་གྱུར་བར། །སྨིན༵་ནས་གདེངས་གྱུར་འཁྲུལ་རྒྱུན་ཆོད། །སྣང༵་བཞི་མཐར་ཕྱིན་གདོད་མར་གྲོལ། ཞེས་པ་ནི་བཅའ་བ་ལུས་ཀྱི་གནད་ཆོས་སྐུ་སེང་གེ་ལྟ་བུ། ལོངས་སྐུ་གླང་ཆེན་ཉལ་བ། སྤྲུལ་སྐུ་དྲང་སྲོང་གི་ཚུལ་གསུམ་དང་གཟིགས་པ་སྒོ་གནད་ཀུན་མཁྱེན་ཀུན་ཁྱབ་ཀུན་གཟིགས་ཀྱི་སྤྱན་གསུམ་མཚོན་པ་ལྡོག་ཕབ་ཟུར་གྱིས་ལྟ་བ་གསུམ་འཁྲིད་པ་དབྱིངས་ཀྱི་གནད་ཀྱི་ལྡོག་ཕབ་ཟུར་གྱིས་དབྱིངས་ཀྱི་སྣ་ཁྲིད་པ་མིག་དང་སེམས་མི་འགུལ་བར་བཞག །སྣང་བ་ཡུལ་གྱི་གནད་ཕྱི་ནང་གསང་བའི་ཡུལ་གསུམ་ལ་གཏད་པས་དངས་སངས་ཕྱེད་ཅིང་ཕྱི་ནང་གི་འོད་གསལ་མ་བུ་འབྲེལ་ནས་ཀ་དག་གི་ས་ལ་བཙན་ས་ཟིན་ནོ། །དེ་ལྟ་བུའི་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་ལ་ནང་སེལ་གསུམ་གསུམ་དུ་དབྱེ་བས་བཅུ་གཉིས་སུ་གནས་པ་འདི་ཡང་འོད་གསལ་གྱི་རང་གནད་གལ་པོ་ཆེའོ། །གནད་དེ་རྣམས་ཀྱི་གཟིར་པས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛོད་དབང་པོའི་མངོན་སུམ་དུ་བརྟོལ་བ་དང་། གྲངས་མེད་དེ་བཞིན་གཤེགས་རྣམས་ཀྱི། །ཐུགས་བརྟོལ་ཉག་གཅིག་དགོངས་དོན་གཅིག །ཞེས་དང་། དེ་བཞིན་གཤེགས་པའི་དགོངས་པ་ནི། །དབྱིངས་རིག་གཉིས་ལས་མ་འདས་པའོ། །ཞེས་པ་ལྟ་བུའི་དགོངས་ཀློང་དེ་ཉིད་མངོན་དུ་གྱུར་བས་སྐུ་གསུམ་དབྱིངས་རིག་ཐིག་ལེའི་དགོངས་པར་ཤར་བ་ལམ་དུ་བྱེད་པའི་གནད། སྒྲོན་མ་བཞིའི་ཤེས་པ་དང། གཞི་ཤེས་པ་དང་། གནས་ཤེས་པ། ལམ་ཤེས་པ་ཞིག་དགོས་སོ། །རང་བཞིན་ནི་རྒྱང་ཞགས་སྣང་བ་གཉིས་ཀྱི་ཆ་འཛིན་པའོ། །སྟོང་པ་ནི་ཀ་དག་གི་རང་གདངས་རང་གསལ་བ། རྣམ་པར་དག་པ་ཆོས་ཉིད་ངེས་པའི་ཡུལ་བྱེད་པ། རང་བྱུང་གི་སྒྲོན་མ་ཐམས་ཅད་ཀྱི་ཁྱབ་བདག་གོ །གཞི་ཤེས་པ་འབྱུང་བ་འདུས་པའི་རྒྱང་ཞགས་དབང་པོ་འདུས་པའི་རྒྱང་ཞགས་ཡེ་ཤེས་འདུས་པའི་རྒྱང་ཞགས་ལས་འདིར་ཕྱི་མ་དེའོ། །སྟོང་བ་ལ་གཞི་གནས་རིག་པའི། ལུས་གནས་རྩའི། ཀུན་རྫོབ་རྒྱུའི། དོན་དམ་སྤྲོས་མེད་ཀྱི། །རང་བྱུང་འབྲས་བུའི་ཐིག་ལེ་སྟོང་བ་སྟེ། དབྱེ་སྒོ་ལྔ་བོ་མིག་གཉིས་ལ་ལྟོས་ནས་གཉིས་སུ་གྱུར་བའི་གཞི་དེའོ། །དབྱིངས་ལ། གཞིའི་དབྱིངས། ལམ་གྱི་དབྱིངས། ཡུལ་ལ་སྣང་བའི་དབྱིངས་གསུམ་གནས་པའི་གཞིའོ། །རང་བྱུང་ལ། གཤིས་གཞི་གནས་ཀྱི་ཤེས་རབ། སྣང་བ་གཅེར་འཛིན་གྱི། དྲན་པ་འགགས་མེད་ཀྱི། སོ་སོར་རྟོགས་པའི། འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ལྔར་ཡོད་པའི་དངོས་རང་བྱུང་གི་རིག་པ་དང་རྩལ་གྱི་དབྱེ་བས་གཞིའོ། །འདིར་གཞི་ཞེས་པ་བརྟེན་པའི་གཞི་རེ་ཡོད་པར་མི་གོ་བར་དེ་དག་གི་དབྱེ་གཞི་བཞི་པོ་དང་ཁྱད་པར་གྱི་ངོས་འཛིན་མེད་པའི་གཅིག་རྐྱང་རེ་བ་མ་ཡིན་པའི་ལྡོག་པའི་དངོས་ཀྱི་ཁྱད་པར་ལ་གཞི་ཞེས་བཏགས་སོ། །གནས་ཤེས་པ་ནི། རྒྱང་ཞགས་ཀྱི་གནས་མིག་གཉིས། ཐིག་ལེའི་ངོ་བོའི་གནས་སྙིང་ཀ །གདངས་ཀྱི་གནས་མིག་གཉིས། དབྱིངས་ཀྱི་ཕྱི་ནང་བར་གསུམ་གྱི་གནས་ནམ་མཁའ། མིག་ཟུར། ཙིཏྟའོ། །རིག་པའི་སྙིང་ཀའི་འོད་རྩ་བཞི་དང་གདངས་རྩ་ཐམས་ཅད་ནས་ལུས་ལ་ཁྱབ་པོ། ལམ་ཤེས་པ་ནི། ཡེ་ཤེས་བཞིའི་ལམ། རོ་རྐྱང་ཀུན་འདར་མ་དང་ཤེལ་སྦུག་བཞི་ནས་འོད་གསལ་གྱི་ཐིག་ལེའི་སྣང་བ་ཡེ་ཤེས་ལྔའི་རྟེན་རྩ་ཕྲན་ཐམས་ཅད་དུ་ཉི་མ་ལས་ཟེར་བཞིན་དུ་འཕྲོ་བ་དང་ཁྱད་པར་ཆེན་པོའི་རྩ་བཞི་ནས་དེའི་གདངས་སུ་སྙིང་ཀའི་འོད་གསལ་ལས་འཆར་ཏེ། རྩ་བཞི་ནི། ཀ་ཏི་གསེར་གྱི་རྩ་ཆེན། ཤེལ་སྦུག་ཅན། དར་དཀར་སྣལ་མ། སྟོང་བ་རང་གྲོལ་བཞིར་ཡོད་པའི། མིག་གཡས་ནས་དར་དཀར་སྣལ་མ། གཡོན་ནས་ཕྲ་ལ་འཁྲུལ་གྱི་ཕྱིར་སྣང་བའི་བྱེད་པར་ལྡན་པས་ན་ཕྱིར་གསལ་གྱི་ལམ་ནི་འདི་གཉིས་སུ་ངོས་ཟིན་ནམ་སྙམ་ཀྱང་རྟོགས་སྒྲིབ་ཡོད་གྲང་། རང་ཤར་ལས། སྐད་ཅིག་འཆར་བར་བྱེད་པ་དང་། །ཞེས་པའི་དོན་ཏོ། །དེ་ཡང་མིག་གཡས་ནས་རྒྱང་ཞགས་ཆུའི་སྒྲོན་མ་དང་ཤེས་རབ་རང་བྱུང་སྒྲོན་མ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བར་འཆར་ལ་གཡོན་ནས་སྟོང་སྒྲོན་དང་རྣམ་པར་དག་པ་ལྟ་བ་མཁྱེན་པའི་ཡེ་ཤེས་ཤེས་རབ་སྟོང་པའི་རང་བཞིན་དུ་འཆར་ལ། ཚངས་པའི་བུ་ཀ་ནས་རིག་པ་རྟོགས་མེད་ལུག་རྒྱུད་ཐིག་ལེ་བརྩེགས་མར་སྟོང་ཞེས་མུ་ཏིག་ཕྲེང་བའི་རྒྱུད་ལས་གསུངས་པའི་དྲི༵་མེ༵ད་འོ༵ད་ཟེ༵ར་སྟོང་དུ་འབར་བས་བཀྲལ་བ་སྟེ། དེ་ལྟར་ལམ་ངོས་ཟིན་པ་དང་ཕྲ་ལ་འཁྲིལ་དང་དར་དཀར་སྣལ་མ་ནས་སྒོ་མིག་གི་དབང་པོ་ཡུལ་གསུམ་ལ་གཏད་པ་ལས་ཆོས་ཉིད་ཀྱི་སྣང་བ་མངོན་དུ་གྱུར་བ་ལས་མ་ཡེངས་པར་ཉིན་མཚན་ཁ་སྦྱོར་བ་སྒོམ་པས་རིག་པ་བཅུད་དུ་སྨིན་ནས་ལོངས་སྐུའི་ཚོམ་བུ་ཚད་ལ་ཕེབ་ནས་འཁྲུལ་པའི་རྒྱུན་ཆོད་དེ་མཐར་ཕྱིར་གསལ་གྱི་སྣང་བའི་འོད་གསལ་ཟད་དེ་བུམ་པའི་སྐུར་ཆོས་ཉིད་མངོན་སུམ་ཉམས་གོང་འཕེལ། རིག་པ་ཚད་ཕེབ་ཀྱི་སྣང་བ་རྣམས་མཐར་ཕྱིན་ནས་ཁྱད་ཆོས་དྲུག་གི་གྲོལ་བ་ཐོབ་པར་འགྱུར་རོ། །འབྲས་བུ་མཐར་ཐུག་པ་རྡོ་རྗེ་འཆང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་དམ་པ་དོན་དམ་དཀོར་བདུན་སོགས་མ་ལུས་པ་ཡོངས་སུ་རྫོགས་པ་ཆེན་པོ་ནི་རབ་ལོ་གསུམ། འབྲིང་ལྔ། ཐ་མ་བདུན། ཡང་ཐའང་སྐྱེ་བ་བཅུ་དྲུག་གི་ཐོབ་པའི་གནས་ལ་བརྩོན་པ་མ་ལྷོད་ཞེས་པའོ། །ད་ནི་དགོས་ཆེད་ཀྱི་དོན་གཞན་བསྟན་པ་ལ། དེ༵་ཚུལ་དེ་ལས་ཞལ་གདམས་གཞན། །མ༵་བཅོས་བདུན་ལ་དཔྱིས་ཕྱིན་པར། །མགུལ༵་བ་བཙན་ཐབས་གཅོད་པ་དང་། །མ༵་མོའི་དམར་བཤལ་གཡོ་བ་དང་། །གཉ༵ན་གྱི་དུག་མདའ་གཏོང་ལ་གཟོན། ཁྱ༵ད་པར་གྱུར་བ་དང་པོ་ལའོ། །གང་དུ་བསྟན་པ་དེ་དག་གི་ཚུལ་དེ་ལས་ཞལ་གདམས་དགོས་ཞེས་པ་ལ་ཆེད་དུ་དོན་གཞན་ཡང་དགོས་དབང་གིས་ཅི་ཞིག་ན་མ་བཅོས་པའི་དོན་བདུན་གདེངས་སུ་གྱུར་ནས་བདེན་པ་མ་མཐོང་གི་བར་དུ་གློ་བུར་དུ་འཆི་བའི་ནད་ཡམས་དམར་བཤལ་སྐེ་སྐྲང་བྱི་དུག་གསུམ་ལ་བག་ཟོན་དགོས་ཁྱད་པར་དུའང་དང་པོ་སྟེ་སྐེ་སྐྲང་ལ་འཛེམ་ཞེས་པའོ། །མ་བཅོས་བདུན་དེ་ཅི་ལྟ་བུ་ཞིག་ན། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ལྟ་བ་མ་བཅོས་ཡེ་ཤེས་ཟང་ཐལ་ངང་། །བསྒོམ་པ་མ་བཅོས་གསལ་ལ་འཛིན་པ་མེད། །སྤྱོད་པ་མ་བཅོས་རང་བྱུང་ལྷུག་པ་ཉིད། །འབྲས་བུ་མ་བཅོས་རང་སྣང་རིག་པའི་ངང་། །དམ་ཚིག་མ་བཅོས་མ་ཡེངས་ཆོས་ཉིད་ངང་། །དབང་རྣམས་མ་བཅོས་རིག་པ་རྩལ་གྱི་དབང་། །དད་པ་མ་བཅོས་འགྱུར་མེད་ནམ་མཁའི་ངང་། །དེ་ལྟར་རྟོགས་པའི་དབང་པོ་རབ་མཆོག་འདི། བདེ་ཆེན་ས་ལ་མི་གཡོ་མཉམ་པར་གནས། ཞེས་སོ། མ་བཅོས་པ་འདི་བཞག་ཐབས་ཀྱི་གནད་ལ་རབ་ཏུ་མཁོ་བས་དེའི་གཞིའི་དབང་དུ་བྱས་ནས་ཡིན་ལུགས་རྣལ་མ་རུ་ངེས་པ་ཐོབ་པའི་ལྟ་བསྒོམ་སྤྱོད་འབྲས་ལམ་དུ་འགྲོ་ཡིས། གཞི་ལམ་འཛོལ་བས་མར་མེའི་འོད་ཀྱིས་ནོར་བུ་མི་ཐོབ་པ་ལྟར་ལོག་པར་འཁྱོགས་པས་ལམ་གོལ་བ་ལས་འཕགས་པའི་གཞིའི་ངེས་པ་ནི། དེ་ཉིད་ལས། སྣང་སྲིད་མ་བཅོས་ཆོས་སྐུའི་ངང་། །ཡེ་ཤེས་མ་བཅོས་ཐུགས་ལ་རོལ། །འབྱུང་བ་མ་བཅོས་ལོངས་སྐུའི་ངང། །ཁ་དོག་མ་བཅོས་དབྱིངས་ལ་རོལ། །སེམས་ཅན་མ་བཅོས་སྤྲུལ་སྐུའི་ངང་། །ཐུགས་རྗེ་མ་བཅོས་འགགས་མེད་ཀློང་། །ཀུན་གཞི་མ་བཅོས་བདེ་ཆེན་ངང་། །རིག་པ་མ་བཅོས་ནམ་མཁའི་ཀློང་། །ཡེ་ཤེས་མ་བཅོས་རྣམ་དག་པ། །གཉིས་མེད་མ་བཅོས་སྟོང་པའི་ངང་། །རང་བྱུང་མ་བཅོས་རིག་པའི་ཀློང་། །སེམས་ཉིད་མ་བཅོས་རིག་པའི་ངང་། །ཡིད་རྣམས་མ་བཅོས་ཡེ་ཤེས་འོད། །འགྱུ་བྱེད་མ་བཅོས་རང་བཞིན་འོད། །སེམས་ཅན་མ་བཅོས་སངས་རྒྱས་དངོས། །མ་རིག་མ་བཅོས་རིག་པ་དངོས། །དུག་ལྔ་མ་བཅོས་ཡེ་ཤེས་ལྔ། ཁམས་ལྔ་མ་བཅོས་ཡུམ་ལྔར་རོལ། །ཞེས་པ་སོགས་དག་མཉམ་བདེ་བ་ཆེན་པོར་བཞུགས་ཚུལ་ཇི་བཞིན་པར་གསུང་བའི་ལྟ་སྒོམ་སྤྱོད་འབྲས། གཞིའི་བབས་སུ་གནས་པ་འདི་ཡང་འཕྲོས་པའི་དོན་ནོ། །ཡང་ཁ་མྱོགས་མའི་དབང་དུ་བྱས་རིམས་ནད་དེ་དག་ལ་འཛེམ་བག་སྤངས་ནས་བླ་མ་དམ་པ་བསྐུལ་ཀྱང་མི་ཕན་པ་ནི། བླ༵་མའི་ཐུགས་རྗེ་བསྐུལ་ནའང་། །རྣམ༵་པར་སྨིན་པ་བཟློག་ལ་སྡུག །ཞེས༵་ཏེ་ག་ག་ཨ་བྷྱེ་ཡི། །ཤོ༵ག་བུའི་གྲོན་བཞིན་སྐུ་རེས་ལགས། བདག་གི་ཡོན་བདག་གལ་ཆེ། ང་རང་ཡང་འགོ་རྣ་ཞིག་ཡོད་པས་བླ་མ་མཁྱེན་ང་ལ་ནད་འདི་མི་འབྱུང་བར་ཤོག །ཞེས་གསོལ་བ་བཏབས་ཀྱང་བླ་མའི་ཐུགས་རྗེ་ཆུང་བ་མིན་ཏེ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལ་བཟློག་དུ་སྡུག་པ་པདྨ་འབྱུང་གནས་ཀྱི་གཟན་མཐུ་ལ་འཇུས་ཤིང་པདྨ་གསལ་གྲོངས་པ་དང་། བཅོམ་ལྡན་འདས་ཀྱི་ཤཱཀྱའི་ཡུལ་དུ་མ་ལ་གནོད་དང་འཕགས་སྐྱེས་པོའི་གཡུལ་ལ་བཟློག་ཏུ་མེད་པར་མ་ཟད་ཕྱིར་ཞིང་བསྙུན་ཚུལ་བསྟན་པ་ལ་ལྟོས་ལ་མདོ་འདྲ་མ་མ་བྱེད་ཅེས་པའོ། །ཞེས་དེ་སྐད་ཀྱི་གྲོང་ཚིག་རྐང་ཆགས་བསྟན་བཅོས་ཀྱི་ཐ་སྙད་དང་འགལ་བའི་འབེལ་གཏམ་འདྲ་བའི་ལྷུག་པར་བཤད་པ་འདི་བླ་མ་པདྨ་བློ་གྲོས་ཀྱི་བཀའི་བསྐུལ་བ་བཞིན་གནད་ཟབ་མོ་གོ་སླ་བར་ཚིག་དང་ལུས་རྣམ་བཞག་གི་མཛེས་ཚུལ་གྱི་སྤྲོས་པ་མེད་པར་མདོར་གང་འདུས་སུ་ནམ་མཁའ་འཇིགས་མེད་པས་བྲིས་ཏེ། རང་གཞན་གྱི་དོན་དུ་མི་འགྱུར་པས་ཤོག་བུའི་གྲོན་ཙམ་དུ་ཟད་དོ་སྙམ་ཞིང་ཡི་མུག་ཀྱང་འོག་གི་འདི་དག་ཀྱང་ཀུ་རེའི་ལབ་མོ་སྤྲོས་པ་ལགས་སོ། །གཞན་ཡང་། དམ༵་ཚིག་ཅན་ལ་བསྲུང་བར་དན། བཀ༵འ་རྐུན་བྱེད་ལ་ཆད་པས་གཟིར། གནོ༵ད་སྦྱིན་དམར་ནག་དྲེགས་རྩལ་ཅན། འདི་འཛིན་ཅིང་སྤེལ་པའི་དམ་ཚིག་ཅན་ལ་བར་ཆད་ལས་བསྲུང་ཞིང་ཉམས་རྟོགས་ཀྱི་ཡོན་ཏན་གོང་དུ་རྒྱས་པ་དང་མཐུན་རྐྱེན་སྒྲུབ་པར་སྔོན་ཚེ་སྤྱི་དཔལ་ཆེན་པོ་དང་པདྨ་ཐོད་ཕྲེང་གི་སྤྱན་སྔར་ཁས་བླང་ཞིང་དན་བཅས་པ་བཞིན་དུ་མི་གཡེལ་བ་དང་། བཀའ་རྐུན་སོགས་བྱས་ནས་བསྲེ་བསླད་དང་བསྐུར་འདེབས་བྱེད་པ་དག་གི་ཚེ་སྲོག་ལ་དུས་མ་བཏབ་པར་ཆད་པས་ཆོད་ཅིག །ཅེས་ཕྲིན་ལས་བཀའ་རྩིས་ཀྱི་དཔང་ནན་བྱས་ཏེ་བཅུ་བདུན་རྒྱུད་ཀྱི་སྲུང་མ་གནོད་སྦྱིན་ཤན་པ་དམར་ནག་དང་གཟའི་དགེ་བསྙེན་ཆེན་པོ་དབྱིངས་ཀྱི་རྗེ་མོ་དང་བཅས་པ་རྣམས་ལ་གཏད་པའོ། །སླར་ཡང་། རིམ་བརྒྱད་ཐེག་པའི་ཚོགས་ལས་མ་བྱུང་ཞིང་། །ཀུན་ལས་འདས་པ་མ་བསྒོམ་སངས་རྒྱས་ལུང་། །བདེ་བར་གཤེགས་པའི་དགོངས་པ་རྨད་པོ་ཆེ། །ཉུང་ངུའི་ངག་གིས་མན་ངག་ཁྲིགས་སུ་བསྡབས། ཚིག་གི་འཕྲད་ལེགས་རྒྱན་དེ་རྣམ་འགོང་ཀྱང་། །དོན་གྱི་མནོག་དུ་ཟབ་བརླིངས་ངོ་མཚར་འབར། །རྡོ་རྗེ་འཆང་གི་བསྟན་པའི་སྲོག་ཤིང་དུ། །མཐའ་དྲུག་ཚུལ་བཞིའི་དཔྱད་པས་རྣམ་པར་དག །ཀྱཻ་ལགས་སྤྲོས་པའི་སྨྲ་ལ་དགའ་བ་འགའི། །འགལ་འདུའི་བརྗོད་ཚུལ་བཤད་རོལ་ཅན་གྱི་ངག ། རང་འདོད་ལ་འཆེལ་དོན་གྱིས་དབུལ་བ་ཡི། །ཚིག་གི་གཞར་འདེབས་མོས་པས་གང་དགར་མཛོད། །ངེས་གསང་དོན་དེ་རྣལ་འབྱོར་མངོན་སུམ་དུ། །གཡུར་བ་མེད་པར་གཟིགས་པའི་སྤྱན་སྔ་རུ། །མ་རྟོགས་བློ་སྐྱོན་རྒྱུད་མཐའི་འོད་ཟེར་དབང་། །ཡོད་ན་འདག་ལྟའི་ཞིག་སྟེ་མཐོལ་ཞིང་བཤགས། །དགེ་ཚོགས་ཟག་མེད་དོན་ལ་འབྲེལ་བའི་མཐའི། །སྲིད་མཐའི་ལས་ཅན་བདག་དང་སྐལ་ལྡན་གཞན། །ཀུན་ཀྱང་སྤངས་རྟོགས་ཡོན་ཏན་མཐར་ཕྱིར་ཏེ། །དོན་གཉིས་ལྷུན་གྲུབ་འབྱོར་བ་རྒྱས་པར་ཤོག །ཅེས་ཀྱ་འདི་ལ་དོན་འགྲེལ་དུ་གྱུར་པ་ཁ་གསལ་བ་སྤྲོས་པ་བསྐྱུང་ཞིང་འབེལ་གཏམ་འདྲ་བ་དགོས་ཞེས་པདྨ་མ་ཏིའི་བསྐུལ་བ་བཞིན་ནམ་མཁའ་འཇིགས་མེད་པས་བྲིས་པ། སརྦ་མངྒ་ལམ། གཅིག་བརྒྱུད་མའོ། །

ཡེ་ཤེས་བླ་མའི་མུ་བཞི།

ཡེ་ཤེས་བླ་མའི་མུ་བཞི་བཞུགས་སོ། །

ཡོན་ཏན་རྒྱ་མཚོའི་ཞལ་རྒྱུན། བླ་མ་དམ་པ་འཇིགས་མེད་སྒྲ་དབྱངས་ལ། གཞི༵་ལྷུན་གྲུབ་ཀྱི་ཕྱོགས་མ་རྟོགས་པ་དང་། དངོ༵ས་ཀ་དག་གི་ཕྱོགས་མ་རྟོགས་པས་དེ་གཉིས་དབྱེར་མེད་པའི་ཟུང་འཇུག་གི་ལམ་ལས་གཞན་དུ་རྣམ་པར་འཁྱམས་པ་དང་མཚན་ཉིད་པས་རྗེས་དཔག་རྣམ་གྲངས་བའི་དོན་དམ་པ་དག་གོ་གསུངས། དེ་ལ་ཁོ་བོས་འཐད་པར་རིགས་ཏེ། རྒྱུ་མཚན་དངོས་གཞིའི་སྒྲ་བཤད་འདི་ལ་ཐེག་མཆོག་མཛོད་ལས། ཚིག་གི་མཐའ་བཅད་པ་དང་། དེའི་དོན་གྱི་ཐོག་ཏུ་དབབས་པ་གཉིས་སུ་གསུངས་པའི་འགངས་བསྒྲིགས་ན་གསལ་ཏེ། དེ་ཡང་གཞི་ལྷུན་གྲུབ་དུ་འདོད་པ་རྣམས་ཀྱིས་ཆོས་སྐུ་རིག་སྟོང་སྤྲོས་བྲལ་ཀ་དག་གི་དོན་རྟོགས་པ་དང་ཟུང་དུ་མ་འབྲེལ་བའི་ཕྱིར་དང་། ཡང་རྫོགས་ཆེན་ཐོད་རྒལ་མཁན་པོ་འགའ་ཞིག་གིས། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོའི་ཐབས་ཀྱིས་གཅུན་པས་གཞི་ལྷུན་གྲུབ་ཀྱི་རང་གདངས་སྐུ་གསུམ་དག་པའི་ཕྱག་རྒྱ་ལམ་དུ་སྣང་བ་དབྱིངས་ཐིག་ལུ་གུ་རྒྱུད་དུ་མཐོང་བ་ལ་དག་གྲོལ་ངེས་འབྱིན་དུ་བལྟ་བ་ཙམ་ལས་རྩལ་དུ་འདོན་མ་ནུས་པས། ཐིག་ལེའི་ངོ་བོ་ཀ་དག་གི་དང་དབྱིངས་ཀྱི་ངོ་བོ་ལྷུན་གྲུབ་ཀྱི། ལུག་རྒྱུད་ཀྱི་ངོ་བོ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གསུམ་དབྱེར་མེད་པའི་ཐུགས་ཤེས་རབ་རང་བྱུང་གི་སྒྲོན་མ་རིག་སྟོང་དོན་གྱི་ཡེ་ཤེས་དངོ༵ས་ཆོས་སྐུ་འོད་གསལ་བའི་དགོངས་པ་དང་། དེའི་གཞི༵འམ་རྟེན་ཤིན་ཏུ་རྣམ་པར་དག་པའི་གཟུགས་ཀྱི་སྐུའི་མཐོང་བ་ཡེ་ཤེས་འོད་གསུམ་ལྡན་པའི་སྒྱུ་ལུས་གཉིས་ཟུང་འཇུག་དབྱེར་མེད་ཆེན་པོར་ལྟ་བས་མ་རྟོགས་ཤིང་བསྒོམ་པས་ཉམས་སུ་མ་ལོན་པ་ནི་མུ་དང་པོ་སྟེ། ཀུན་མཁྱེན་ཆེན་པོའི་རེས་ཤེས་པ་ལ་ཤེས་རབ་རང་བྱུང་གི་སྒྲོན་མ་བཏགས། རེས་ནང་གདངས་ལ་བཏགས། རེས་ལུ་གུ་རྒྱུད་ལ་བཏགས་པས་མགོ་རྨོངས་པར་ཟད་དོ། །ཅེས་དང་། རྒྱུད་ལས་ཀྱང་། སོ་སོའི་ངོ་བོ་དང་གདངས་སྣང་ཚུལ་རྒྱུ་འོད་ཀྱི་ཆ་གཉིས་གཉིས་གཉིས་སུ་གསུངས་པའི་ཕྱིར་རོ། །ཡང་དེ་དང་ཚིག་རིས་ཅུང་མི་མཐུན་ཀྱང་དོན་གྱིས་གཅིག་པར་སྔགས་རྒྱུད་ཀུན་ལས་སྐུ་གཉིས་སྒྲུབ་གཞི་དང་གྲུབ་འབྲས་བདག་གཅིག་གི་ཤེས་ཐོབ་ཀྱི་རྒྱུ་རྐྱེན་ཟུང་དུ་འབྲེལ་བའི་ལྟ་བས་ལྷ་སྔགས་ཆོས་ཉིད་དབྱེར་མེད་པའི་དོན་ལ་ངེས་པ་ཙམ་ཞིག་རྙེད་ཀྱང་དམིགས་བཅས་སེམས་ཀྱི་བསྒོམ་པའི་ཏིང་ངེ་འཛིན་བསྐྱེད་རིམ་བཅོས་མའི་སྒྲུབ་བློ་དང་། རྫོགས་རིམ་བཅོས་མའི་དགག་བློ་རྟོག་བཅས་བཅད་ལྡོག་གཉིས་དུས་སྐད་ཅིག་གཅིག་ལ་ཅིག་ཆར་དུ་འཆར་མི་སྲིད་དེ། འགྲོ་ལ་ཤེས་རྒྱུད་གཉིས་མི་མངའ། །ཞེས་པས་བསྐྱེད་རྫོགས་རིས་འཇོག་གི་རྒྱས་འདེབས་སུ་ཤུགས་ཀྱིས་གྲུབ་པས་དེ་ལ་དགོངས་ནས་འཇིགས་གླིང་གིས་ཟབ་གསལ་དང་། སྣང་སྟོང་ལ་སོགས་པ་གཅིག་ལ་གཅིག་འབྲེལ་ནས། མ་ཡིན་ཞེས་པའི་བར་གྱིས་བསྟན་ནོ། །འདི་ཡང་སྨིན་བྱེད་བསྐྱེད་རིམ་གྱི་གཞི་འདིང་ནས། རྫོགས་པའི་རིམ་པའི་འོད་གསལ་དངོ༵ས་བསྐྱེད་པར་འདོད་པ་དང་བཅས་པ་ལ་གསུངས་སོ་སྙམ། ཡང་གཞི་ཀ་དག་ཏུ་འདོད་པ་དག་གིས་དང་། མ་ཟད་ཁྲེགས་ཆོད་རྐྱང་བའི་ལམ་སོགས་ཀྱིས་ཀྱང་མཐའ་བརྒྱད་སྤྲོས་བྲལ་གྱི་རིག་པ་ངོ་སྤྲད་ཅིང་རྟོག་དཔྱོད་ཙམ་གྱི་གོ་བས་ཐོག་མར་གནད་ཐོག་ཏུ་ཕེབ་པ་འདྲ་ཡང་། སྤྲོས་བྲལ་དུ་འཇོག་བྱེད་ཀྱི་གཞི་རྟེན་གདངས་གསུམ་འདུ་འབྲལ་མེད་པར་འགགས་མེད་ལྷུན་གྱིས་གྲུབ་པ་ཉིད་དུ་དེ་ཁོ་ན་ཉིད་དབྱིངས་རིག་གི་ལྟ་བས་མྱོང་ཐོག་ཏུ་མ་ཆགས་པའི་ཚིག་གི་མཐའ་མ་ཆོད་པའི་མཐའ་མ་དེའི་ཐོག་ཏུ་མི་གནས་པའི་པྲ་ཡས་པ་ལྟ་བུ་སྟེ། དེ་ཡང་རིག་སྟོང་ཤེས་རབ་རང་བྱུང་གི་སྒྲོན་མ་འོད་གསལ་གྱི་ངོ་བོ་ཙམ་ལས། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་སོགས་ལྷ་སྐུའི་ཕྱག་རྒྱ་དང་ཟུང་དུ་འཇུག་པའི་རིག་པ་རང་སྣང་གི་ལམ་སྒྲོན་མ་མཐོང་བརྟོལ་གྱི་དགོངས་པས་མངོན་དུ་འབྱིན་མ་ནུས་པས་དམིགས་པ་ཡུལ་གྱི་བློ་ཅན་རྣམས་ཀྱིས་ཀྱང་འཁྲུལ་སྣང་དང་འཁྲུལ་ཤེས་སུ་འདྲེས་པ་ལས་མ་འཁྲུལ་བའི་འབྲས་བུ་འཚོལ་ཀྱང་ཉམས་སུ་མྱོང་བ་མེད་པའི་མུ་གཉིས་པའོ། །མུ་གསུམ་པ་ནི་གཞུང་ཞལ་གསལ་བས་དེ་ཉིད་དུ་ཟད་དོ། །དགའ་རབ་རྡོ་རྗེའི། ཡིད་དཔྱོད་འཛིན་པའི་ལྟ་བ་ཉོན་རེ་མོངས། །དེ་ལ་བརྟེན་པའི་སྒོམ་པ་ཡི་རེ་མུག །དེ་ལས་བྱུང་བའི་སྤྱོད་པ་ཐང་རེ་ཆད། །དེ་ལ་འབྲས་བུ་རེ་བ་ཡོང་རེ་འཁྲུལ། །ཞེས་སོགས་དོན་གྱི་ཐོག་ཏུ་འབབས་པ་ལས་ཀུན་མཁྱེན་ཉིད་ཀྱིས་རྒྱས་སྤྲོས་སུ་ངོས་འཛིན་གནང་བའོ། །མུ་བཞི་བ་ནི་ཐེག་མཆོག་མཛོད་ལས། མངོན་སུམ་སྙིང་ཏིག་གི་གནད་རིག་པ་དངོས་སུ་མཐོང་བས། ལྟ་སྒོམ་ཡིན་སྙམ་ལ་རག་མ་ལུས། གཞི་མཐོང་བས་ལྡོག་པའི་ས་མེད་པར་འཁོར་འདས་དུས་གཅིག་ལ་ཆོད་པའི་རྣལ་འབྱོར་བ་ཞེས་བྱའོ། །ཞེས་དངོས་རིག་སྟོང་ཀ་དག་གི་ཡེ་ཤེས་ཁྲེགས་ཆོད་ཀྱི་ལྟ་བ་དང་། གཞི་རིག་གདངས་ལྷུན་གྲུབ་ཀྱི་རང་སྣང་ཐོད་རྒལ་གྱི་ལྟ་བ་དབྱིངས་ཐིག་ཟུང་དུ་འཇུག་པ་ལ་གསུངས་པར་མངོན་ཏེ། གོང་དུ་རིག་པ་དངོས་སུ་མཐོང་བས་ཞེས་དངོས་ཀྱི་ངོས་འཛིན་དང་། དེའི་དོན་གྱི་ཐོག་ཏུ་དབབ་པར། འདི་རིག་པ་ལུ་གུ་རྒྱུད་མཐོང་བ་ན་རིག་པའི་རང་བཞིན་ལ་བཟང་ངན་དང་འཕོ་འགྱུར་མེད་པར་ཐམས་ཅད་དེའི་ངང་ལས་འགྲོ་ས་གཞན་མེད་པས་གཞི་ཞེས་བྱ་སྟེ་གཞན་ཏུ་འཆོར་མི་སྲིད་དོ། །དེ་ཡང་རིག་པ་དེ་རླུང་གནད་གཅུན་པས་གྲོལ་བའི་རྟགས་སུ་འགྲོ་འོང་དུ་ཡོད་ལ། ཐིག་ལེ་ལ་བརྟེན་ནས་གྲོལ་བའི་རྟགས་སུ་ཐིག་ལེ་ཕྲ་མོའི་སྦྲེལ་དུ་ཡོད་ལ། རིག་པ་དེ་རྩའི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་ལུ་གུ་རྒྱུད་ཕྲ་ཞིང་འཁྱོགས་པའི་འབྲེལ་ཡོད་པའོ། །དེ་གསུམ་ནི་རིག་པ་དངོས་མ་ཡིན་ཡང་། དེ་ལ་བརྟེན་པའི་ཡོན་ཏན་གྱིས་བཙན་ཐབས་ཀྱི་གནད་ཀྱིས་གྲོལ་བའོ། །རིག་པ་དེ་མཐོང་བས་མི་ཆོག་གོམས་དགོས་པའི་རྟགས་སུ་ལུ་གུ་རྒྱུད་གཅིག་ལ་གཅིག་འབྲེལ་དུ་ཡོད་པའོ། །ཞེས་སོགས་ཀྱི་གཞིའི་ངོས་འཛིན་གནང་བའོ། །༈ ད་ནི་འདི་དག་གི་གོ་དོན་ཅུང་ཟད་ཅིག་དཔོག་ན། ཀུན་མཁྱེན་གཉིས་པས་སངས་རྒྱས་པའི་ལམ་ཐམས་ཅད་ཀྱི་དངོས་གཞིར་གསུངས་པ་ནི། སྒྲུབ་གཞིའི་ངོས་ནས་སྣང་སྟོང་ཁྱབ་པ་གཉིས་ལྡན་གྱི་རིག་ཁམས། སྒྲུབ་བྱེད་ཀྱི་དངོས་གཞི་ལམ་ཚོགས་གཉིས་བསྐྱེད་རྫོགས་ཐབས་ཤེས། སྒྲུབ་འབྲས་ཀྱི་དངོས་གཞི་སྐུ་གསུམ་གྱི་འབྲས་ཆོས་མཐའ་དག་མངོན་དུ་གྱུར་པ་ཉིད་ཡིན་ཏེ། དང་པོའི་སྒྲུབ་ན་འགྲུབ་པར་ཤེས་པ་ཏིལ་ལ་མར་ཡོད་པར་ངེས་པ་ལྟ་བུའོ། །གཉིས་པས་ལམ་སྒྲུབ་དགོས་པར་ཤེས་ཏེ་བཏག་བཙག་གི་རྩོལ་བ་མ་བྱས་ན་མར་མངོན་ཏུ་མི་འབྱིན་པ་ལྟ་བུར་རོ། །གསུམ་པས་དེ་གཉིས་ཀྱི་གྲུབ་དོན་མཐར་འབྲས་བདེ་བླག་ཏུ་ཐོབ་པས་མར་ཐོན་པ་ལྟ་བུར་རོ། །རྒྱུ་མཚན་དེས་ན་སྙིང་ཐིག་གི་དགོངས་པའི་བརྟེན་ས་དོན་དམ་དངོས་ཆོས་སྐུ་མི་འགྱུར་བའི་བདེ་བ་ཆེན་པོ་འོད་གསལ་བའི་ཡེ་ཤེས་དང་། དེའི་རྟེན་གཞི་ཀུན་རྫོབ་རྣམ་དག་རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱ་གཟུགས་ཀྱི་སྐུ་དབྱེར་མེད་པའི་གཞི་ཨེ་ཝཾ་ཟུང་འཇུག་གི་དོན་ཤེས༵་པར་བྱས་ནས། ཐབས་ཤེས་བསྐྱེད་རྫོགས་ཀུན་གྱི་མཐར་ཐུག་པའི་ལྷན་སྐྱེས་ངེས་དོན་གྱི་ལྷ་དང་འོད་གསལ་བའི་རྫོགས་རིམ་ཆེན་པོ་ཁྲེགས་ཆོད་དང་ཐོད་རྒལ་ལམ་གྱི་ཨེ་ཝཾ་ཟུང་འཇུག་གི་ཉམས་ལེན་གྱིས་འཇུག་པས་འབྲས་བུ་སྐུ་ལྔ་ལྷུན་གྲུབ་ཨེ་ཝཾ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོ༵ན་ཏུ༵་འགྱུར༵་བ༵་ཡིན་པའི་ཕྱིར་གཞི་ལམ་འབྲས་རྒྱུད་གསུམ་འབྲེལ་བའི་དངོས་གཞི་ཡང་དག་པའོ། །ཡང་མུ་བཞི་དང་པོའི་སྒྲ་བཤད་ནི། ལྷུན་གྲུབ་ཀྱི་སྣང་ཆ་གཞིར་འཇོག་པའི་རྒྱུ་མཚན་ལ། གཞི་ལམ་འབྲས་གསུམ་གྱི་ཟླས་ཕྱེ་བས་གཞི་ལ་བཤད་ན་བཀྲ་ཤིས་མཛེས་ལྡན་ལས་གསུངས་པ་ལྟར། ལྷུན་གྲུབ་ངེས་མེད་ཀྱི་གཞི་སྣང་ལ་ཐུགས་རྗེ་ངེས་མེད་ཀྱིས་རང་ས་ཟིན་མ་ཟིན་ལས་འཁོར་འདས་གྲོལ་འཁྲུལ་གྱིས་གཞིར་སོང་བ་དཔེར་ན་དུང་ཉིད་དཀར་པོ་དང་། སེར་པོར་སྣང་ཡང་དུང་གི་ཁ་དོག་དཀར་པོ་ལས་འགྱུར་མ་མྱོང་པ་ལྟ་བུར་གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྦུབས་རང་སྣང་ལོངས་སྐུའི་བཀོད་པ་འདི་གྲོལ་གཞི་ཡིན་པས། ཚིག་དོན་མཛོད་ལས། གཞི་སྣང་འདི་གྲོལ་གཞི་ཡིན་ལ། ཀ་དག་ནི་གྲོལ་ས་ཡིན་པས། འདི་གཉིས་བྱེ་བྲག་ཕྱེད་པའང་ཤིན་ཏུ་གལ་ཆེ་སྟེ་ལེགས་པར་ཕྱེད་པ་ཤིན་ཏུ་ཉུང་ངོ་། །ཞེས་གསུངས་པ་དང་། འོན་ཀྱང་མ་རིག་པའི་དབང་གིས་དཔེར་ན་དུང་སེར་སྣང་གི་བརྒྱུད་རྒྱུར་སོང་བ་ལྟར་ལྷུན་གྲུབ་གྱི་སྣང་བ་ཉིད་འཁོར་བའི་ཆོས་སུ་འཁྲུལ་བའི་ཕྱིར་འཁོར་འདས་གཉིས་ཀའི་གཞིར་གྱུར་བའང་ཡིན་ནོ། །དེའི་ན་མུ་ཏིག་ཕྲེང་བ་ལས། འཁྲུལ་གཞི་རྣམ་པ་མང་བཤད་ཀྱང་། ལྷུན་གྲུབ་དང་ནི་ཐུགས་རྗེའོ། །ཞེས་སོ། །དེ་ཡང་གསང་འབྱུང་ཤེས་རབ་རང་བྱུང་གི་སྒྲོན་མ་རིག་པའི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་བརྩེགས་ཀྱི་རང་རྩལ་ཡེ་ཤེས་ལྔར་རྫོགས་པའི་རང་གདངས་འོད་ལྔ་ལོངས་སྤྱོད་རྫོགས་པའི་མཚན་དཔེ་སྐུ་ལྔ་སྤྲུལ་པའི་སྐུ་དང་བཅས་པ་ལས་འཁྲུལ་ནས་གཟུགས་བརྙན་ནམ་བག་ཆགས་ཀྱི་སྦུབས་སུ་འཐུམ་པའི་ཕྱིར་རོ། །ཡེ་ཤེས་མར་མེའི་རྒྱུད་ལས། འདི་ལས་གཞན་ཞིག་ཡོད་དམ། ཀྱེ་གསང་བའི་བདག་པོ་ཡེ་ཤེས་ལྔ་པོ་འདི་གཞི་ལ་གནས་པའི་ཡེ་ཤེས་ཞེས་བྱའོ། །འོད་ལྔ་ནི་མཚན་ཉིད་འཛིན་པའི་འོད་ཅེས་བྱའོ། །སྐུ་ལྔ་ནི་ཐུགས་རྗེ་སྤྲུལ་པའི་སྐུ་འོད་ཀྱི་ཁ་མིག་ཅན་ཞེས་བྱའོ། །ཞེས་དང་། རབ་འབྱམས་ལས། གཞི་དག་མེ་ལོང་ཡེ་ཤེས་ལ། །རྟོག་དཔྱོད་བཏང་བས་ཆུ་རུ་འཁྲུལ། ཞེས་སོགས་ལྟར་རོ། །ལྷུན་གྱི་གྲུབ་པའི་གཞི་སྣང་འདི་ནི་ཐུགས་རིག་པ་ཆོས་སྐུའི་ཡེ་ཤེས་ཤེས་རབ་རང་བྱུང་སྒྲོན་མའི་སྐུ་ཕྱག་རྒྱ་ཆེན་པོ་སྟེ་རྟེན་དུ་གནས་པ་རང་སྣང་ལོངས་སྐུའི་སྣང་བ་དངོས་ཡིན་པས་རིག་ན་གྲོལ་གཞིར་སོང་བའོ། །རྒྱུ་མཚན་དེའི་ན། ལམ་མམ་ལུས་ཐབས་རྒྱུད་ཀྱི་ངེས་པ་ལས་བཤད་ན་ནི། ལུས་རྟེན་གཞི༵་དང་། སེམས་བརྟེན་པ། ཀུན་རྫོབ་དང་དོན་དམ་ ༼ སྟོང་གཞི་ཆོས་ཅན་ ༽སྣང་བ་དང་སྟོང་བ། ༼ ཐབས་དང་ཐབས་བྱུང་ ༽ཐབས་དང་ཤེས་རབ ༼ སྨིན་བྱེད་ཀྱི་གཞི་དང་དངོས་འབྲས་ལས་མཆན། ༽བསྐྱེད་རིམ་དང་རྫོགས་རིམ། སྒྱུ་ལུས་དང་འོད་གསལ། ལྷུན་གྲུབ་དང་ཀ་དག །གཟུགས་སྐུ་དང་ཆོས་སྐུ། རྟེན་སྐུ་དང་བརྟེན་པ་ཡེ་ཤེས་ཀྱི་ངེས་པ་ལས་ད་ལྟ་ལམ་གྱི་དུས་སུ་རྟོགས་བྱེད་ཐབས་ཀྱི་གཞི༵་ཤིན་ཏུ་རྣམ་པར་དག་པའི་སྒྱུ་ལུས་དང་འོད་གསལ་ལམ། གཟུགས་སྐུ་དང་ཆོས་སྐུ་དག་མཉམ་འབྱེར་མེད་ཆེན་པོ་ཉིད། བག་ཆགས་ཀྱི་ཕུང་པོ་ལ་བཞུགས་པ་ངོ་རང་ཐོག་ཏུ་སྤྲད་པ་འདི་འོད་གསལ་སྙིང་ཐིག་གི་མཐོང་དག་སྒྲོན་མའི་ལྟ་བ་བླ་ན་མེད་པ་ཡིན་པའི་གནད་ཀྱིས་རྩལ་རྫོགས་ལས། སྤྱོད་པ་ཐབས་ཀྱི་ལྟ་བ་ན། །སྒྲོན་མ་ཉིད་ཀྱི་ལྟ་སྟངས་སོ། །ཞེས་དང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཕྱི་དང་ནང་དང་གསང་བ་དང་། ཁོ་ན་ཉིད་དང་དབྱིངས་རིག་གོ །ཞེས་དང་། སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། ཞེན་པ་མེད་པའི་ཐིག་ལེའི་མཐོང་བ་བརྟོལ་བ་ནི་ཡེ་ཤེས་ལ་ལྟ་བས་ལྟ་བའོ། །ཞེས་པ་དག་གི་ལྟར་གཞི༵་སྣང་ལྷ་སྐུའི་ཕྱག་རྒྱའམ། སྒྱུ་ལུས་གཟུགས་ཀྱི་སྐུ། བརྟེན་པ་ཡེ་ཤེས་ཀྱི་གཞི་རྟེན་དབྱིངས་དང་ཐིག་ལེ་ལུག་རྒྱུད་དེ་གདངས་གསུམ་ལུས་ལ་བཞུགས་པར་ངོ་སྤྲད་དང་ཉམས་སུ་ལེན་ཚུལ་ཁྱད་པར་རྫོགས་ཆེན་གསང་སྐོར་མན་ཆད་ལ་མེད་པས་རྒྱུད་ལས། གཟུགས་སྐུ་ལུས་ཀྱིས་བསྒྲིབ་པའི་ཕྱིར། །དེ་ཡི་ངོ་སྤྲོད་ཡོད་མ་ཡིན། །ཞེས་སོ། །དེའི་ན་སྒྲོན་མའི་ལྟ་བ་འདི་སྙིང་ཐིག་རྡོ་རྗེ་སྙིང་པོའི་ཁྱད་ཆོས་བླ་ན་མེད་པ་ཞིག་ཏུ་ངེས་ཀྱང་། ཀ་དག་ཁྲེགས་ཆོད་ཀྱི་ཡེ་ཤེས་དང་སླད་ནས་ཟུང་དུ་འཇུག་རྒྱུ་མེད་པའི་སྣང་སྟོང་རྒྱུ་འོད་མཉམ་རྫོགས་ཆེན་པོར་བཞུགས་པའི་དངོས་དོན་མ་རྟོགས་པའི་སྐྱོན་ལ་དགོངས་པའོ། །མུ་དང་པོ་གཉིས་པོ་འདི་ལ་མཁྱེན་བརྩེའི་ལྷའི་གསུང་གི་ཚིག་གདོང་གཏད་ལ་མཚོན་ན་སྔ་མ་འདི་ངམ་ལྷ་དང་ཆོས་ཉིད་དབྱེར་མེད་ཟུང་འཇུག་ཏུ་མ་རྟོགས་པ་དང་། ཕྱི་མ་རྟོག་དཔྱོད་རྗེས་དཔག་ཙམ་ལས་ལྟ་བས་མངོན་གསུམ་དུ་མ་རྟོགས་པས་མྱོང་ཐོག་ཏུ་མ་ཆགས་པས་ཞེས། གཞི་རྟོགས་བྱ་དང་། གང་ཟག་གི་རྟོགས་ཚུལ་གྱིས་བཞག་པ་ཞིག་དང་འདྲ་ཡང་། འདིའི་གཞི་རྩ་འཆའ་བའི་ཕུག །ཐེག་མཆོག་མཛོད་ལས། འདིར་རྫོགས་པ་ཆེན་པོ་ཁ་ཅིག་གི་ཞེས་དང་མན་ངག་ཁ་ཅིག་ཞེས་གསུངས་པས། རྫོགས་པ་ཆེན་པོ་པ་སོགས་གང་ཟག་ལ་སྦྱར་བའི་ཚིག་ཅི་ཡང་མི་གསལ་བས། ༼ དམིགས་པ་ཡུལ་དང་རིག་པ་རང་སྣང་གི་མཆན། ༽འདི་བློ་རིམ་རྣམ་གཉིས་ལ་དགོངས་པའི་ཆོས་ལ་ཡིན་པར་གོ་ནས་སྙམ་དུ་བསམ་པ་ལས་འགྲེལ་ཚུལ་འདི་དག་ཁོ་བོའི་བློ་གཟོས་ཙམ་ནི་མ་ཡིན་ནོ། །ཅེས་པ་འདི་དེང་གི་དུས་སུ་སུས་ཀྱང་ཅི་ཟེར་ཆ་མི་ཆོད་པས་འགྲེལ་ཚུལ་སྣ་ཚོགས་སུངས་པ་ལ་རྨོངས་བརྟུལ་ག་ག་ཨ་བྷྱེས་ཐེག་མཆོག་མཛོད་ཀྱི་དོན་གྱི་དབྱིངས་ལ་འཇལ་ཞིང་བླ་མ་དམ་པའི་ཞལ་ལུང་དང་མཐུན་པར་སྦྱར་བའོ། །༈ གཞི་ཡིན་ལ་དངོས་མིན་པ་ནི། གསལ་བ་ལྷ་སྐུའི་སྣང་ཆ་ལ། ཟབ་པ་སྟོང་པ་ཉིད་ཀྱི་ངེས་ཤེས་ཀྱི་བསྡུ་གཤེགས་དང་རྒྱས་འདེབས་སུ་བྱ་བ་དང་། དེར་མ་ཟད་སེམས་གསལ་སྟོང་ཟུང་འཇུག་དུ་དམིགས་པའང་བློའི་དམིགས་པ་ལ་རིམ་ཅན་དུ་འབྱུང་བ་ལས། དུས་སྐད་ཅིག་གཅིག་ལ་ཅིག་ཆར་དུ་སྣང་སྟོང་དམིགས་པ་གཉིས་མི་སྲིད་པས་རེས་འཇོག་ཏུ་ཤུགས་ཀྱིས་གྲུབ་པའི། སེམས་ཐོག་ནས་མྱོང་བ་ཙམ་གྱི་གཞི་ཡིན་ལ། རིག་སྟོང་ཟུང་འཇུག་སྤྲོས་བྲལ་དུ་རང་རིག་པས་མངོན་སུམ་དུ་མ་མཐོང་བའི་ཕྱིར་དངོས་མིན་ནོ་སྙམ་མོ། །ཡང་གནས་ལུགས་དངོས་ཀྱི་བཞུགས་ཚུལ་ཤེས་བྱ་སྤྱི་ལ་ཁྱབ་པའི་མཐའ་བརྒྱད་སྤྲོས་བྲལ་དུ་རྟོག་དཔྱོད་ཀྱི་ཤེས་པ་རྟོག་བཅས་ཀྱིས་ཕར་སྡོམ་འཇོག་ཙམ་དུ་མོས་སྤྱིའི་གོ་བ་ཙམ་ཡིན་ཡང་གཞི་སེམས་ཐོག་ནས་དོན་སྤྱི་ཙམ་ཡང་ཉམས་སུ་མྱོང་བ་མ་ཡིན་པའི་རྣམ་གཅོད་ཡིན་སྙམ་གྱི་ངེས་ཤེས་མོས་སྤྱི་ལ་ལྟོས་འཆའ་བས་གཞི་མ་ཡིན་ཞེའམ། ཡང་གཞི་སེམས་ཐོག་ནས་ཉམས་སུ་མྱོང་བ་མེད་པར་ཆོས་ཐམས་ཅད་དོན་དུ་རང་བཞིན་མེད་དོ་ཞེས་རྣམ་གྲངས་ཀྱི་དོན་དམ་དེའི་ལྷུན་གྲུབ་ཀྱི་ཕྱོགས་ནས་བསྐུར་བ་བཏབ། ཀ་དག་གི་གནས་ལུགས་ཀྱང་རང་བཞིན་མེད་པ་ཙམ་ཞིག་མིན་པར་མཐའ་བརྒྱད་སྤྲོས་བྲལ་དུ་བཞུགས་པ་མ་གོ་པས་ཆོས་ཉིད་དངོས་ཀྱི་ཕྱོགས་ལ་གོ་བ་ཙམ་ཡང་མ་ཆགས་པས་གཉིས་ཀའང་མིན། དེར་མ་ཟད་རང་བཞིན་སྟོང་ཕྱོགས་ཀྱང་བཅར་ཕོག་ཏུ་མངོན་སུམ་མཐོང་བས་སླེབས་པ་མ་ཡིན་པར་སྤྱི་འབྱམས་དཔྱད་རྟོག་གི་གོ་ཡུལ་ཙམ་དུ་འཕྱན་པ་ནི་གཞི་དང་དངོས་གཉིས་ཀ་མིན་པའོ་སྙམ། ཡང་འདིར་ནི། སྣང་སྲིད་ཀྱི་ཆོས་ཐམས་ཅད་སེམས་ཀྱི་འཁྲུལ་སྣང་དུ་གཏན་ལ་ཕབ་ནས་རང་རྒྱུད་པ་མེད་པར་ཐག་གཏིང་ནས་ཆོད་ཅིང་། གཞི་རྩ་སེམས་ཀྱི་གནས་ལུགས་སྣང་སྟོང་གཅིག་ལ་གཅིག་འབྲེལ་ཙམ་དང་། སྣང་སྟོང་བདེན་གཉིས་ཐ་དད་ཟུང་འཇུག་ཏུ་བཅོས་པ་དང་། མཐའ་བརྒྱད་སྤྲོས་བྲལ་དུ་དཔྱད་བཞག་གི་ངང་དུ་གཟུང་འཛིན་སེམས་ཀྱི་དམིགས་གཏད་ཀྱིས་གོ་མྱོང་ཙམ་ལ་གདེངས་འཆའ་བ་མ་ཡིན་པར་གདོད་ནས་རིག་སྟོང་མཉམ་རྫོགས་དབྱེར་མེད་སྤྲོས་བྲལ་རང་གྲོལ་ཆེན་པོ་སེམས་ལས་འདས་པའི་སོ་སོར་རང་རིག་པའི་ཡེ་ཤེས་མངོན་སུམ་དུ་སྟོན་པའི་ཕྱིར་གཞི་དང་དངོས་གཉིས་ཀ་ཡིན་པའོ་སྙམ་དུ་སེམས། འདི་རྩལ་འགྲེལ་ཡིན་གྱི་བླ་མའི་ཞལ་རྒྱུན་སོགས་མིན་པས་ཡིད་བརྟན་མི་འོས་ཀྱང་ག་ག་ཨ་བྷྱེའི་སོ། །

ལེགས་པར་བཤད་པ་རིན་པོ་ཆེའི་བང་མཛོད།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ ལེགས་པར་བཤད་པ་རིན་པོ་ཆེའི་བང་མཛོད་ཅེས་བྱ་བ་རང་སྣང་དོན་གྱི་འོག་མིན་དུ་རང་རིག་པདྨ་རྒྱལ་པོའི་གནང་བ་བཞུགས་སོ༔

གང་ཞིག་གང་གི་ཡང་དག་གཟིགས་པའི་ཕྱིར། །འཁྲུལ་པའི་དྲི་བཅས་ཀུན་ནས་རྨོངས་མུན་ཞི། །ཐུབ་པ་སྐུ་གསུམ་ངོ་བོར་བྱང་ཆུབ་མཆོག །དེང་དུས་དགེ་བའི་བཤེས་སུ་ངོམས་དེ་མཆོད། ༡།མཐར་ཐུག་རྡོ་རྗེ་ཐེག་པ་ངོ་མཚར་ཆོས། །མིང་བྲལ་རང་བཞིན་དག་པ་ཟུང་འཇུག་ཏུ། །སྟོན་པའི་དོན་ཉིད་བསམ་གྱིས་མི་ཁྱབ་ལ། །དེང་སང་རྟོག་གེའི་འཇལ་ལ་མཆིད་འདི་ཞུ། ༢།རྣལ་འབྱོར་རྣམས་ཀྱིས་ངེས་པར་བྱ་བའི་གནས༔ གཞི་ལམ་འབྲས་བུ་གསུམ་གྱི་རྣམ་གྲངས་སུ༔ གསང་སྔགས་ཕ་མ་གཉིས་སུ་མེད་པའི་རྒྱུད༔ གསར་རྙིང་ཡོད་རིགས་ཀུན་ལས་དབྱེར་མཛད་དེ༔ ༣ཤེས་བྱ་གཞི་ཡི་རྒྱུད་ལ་བརྟགས་བྱས་ན༔ མ་དག་སྙིགས་མའི་རྣམ་སྨིན་སྒོ་གསུམ་ལས༔ འདས་ཤིང་དེ་དག་ཐམས་ཅད་འཆར་བའི་གཞི༔ དག་པ་གཉུག་མའི་སྒོ་གསུམ་ཞེས་བྱ་བ༔ ༤ལན་གཅིག་མ་ཡིན་སངས་རྒྱས་རྡོ་རྗེ་ཡི༔ ཚིག་བརྒྱུད་ཀུན་ནས་གཏུག་སྟེ་གསུངས་པ་དེ༔ དོན་དང་ཐ་སྙད་གང་གིས་དབང་བྱས་ནས༔ ངོས་འཛིན་མཛད་པའི་དགོངས་པ་ལྟར་གྱི་ཡོད༔ ༥འོན་ཏེ་བདེན་པ་དབྱེར་མེད་ཡིན་གྱུར་ན༔ མ་དག་སྣང་བ་རབ་འབྱམས་ཐམས་ཅད་ཀྱང་༔ རང་བཞིན་ཉིད་ལས་དབྱེར་བ་མེད་ཕྱིར་གྱིས༔ ཤིན་ཕྲ་འཕགས་པའི་ཁྱད་པར་ཅིང་མ་རྙེད༔ ༦སྣང་བ་འདི་དང་ཆོས་ཅན་ཆོས་ཉིད་ན༔ རེང་བུ་སྐད་ཅིག་སོ་སོར་གནས་པ་ལ༔ གཅིག་ལ་གཅིག་གི་ལྡན་པ་མ་ཡིན་པས༔ ཀ་བུམ་བཞིན་དུ་ལྟོས་པར་མི་རུང་ངོ་༔ ༧ རྒྱུ་མཚན་སྒོ་ནས་རྒྱས་སུ་བརྗོད་བྱས་ན༔ ཡེ་ཤེས་རྩ་རླུང་ཐིག་ལེ་གསུམ་པོ་དེའི༔ རྩ་ནི་དགྱེས་རྡོར་སྟོང་ཕྲག་གིས་གསུངས་ཤིང་༔ རྩ་གནས་འཁོར་ལོར་གྲངས་དང་ས་དམིགས་བསྟན༔༨ རླུང་ཀྱང་ཕྱེད་བཅས་སུམ་ཅུ་སོ་གཉིས་མཚམས༔ ཆ་རེ་ཚང་པར་དཔལ་ལྡན་དུས་འཁོར་བཤད༔ ཐིག་ལེ་མི་ཤིག་དྭངས་མ་ལྔ་ལྡན་ནམ༔ འོད་ཟེར་ལྔ་པའི་རླུང་ཞེས་རྒྱུད་སྡེ་མཐུན༔ ༩ འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་སྡེ་ནས༔ འགྱུ་བ་ཉི་ཤུའི་བར་ན་ཡེ་ཤེས་རླུང་༔ ཆ་ཤས་སྐུ་རིགས་ཐིག་ལེ་བསམ་མི་ཁྱབ༔ གསུངས་པ་དག་གི་རྣམ་པར་ཤེས་བྱེད་དུ༔ ༡༠ རྩ་ལ་དཀར་དམར་ཁམས་རླུང་རྒྱུ་བ་ནི༔ སྟོང་ཕྲག་བདུན་ཅུ་རྩ་གཉིས་དབྱེ་བ་དང་༔ ཕྱི་ནང་འགྱུ་བ་ཆེ་ཆུང་རླུང་གི་གྲངས༔ རླུང་རྫས་སྔགས་ཀྱི་ཐིག་ལེ་ཐམས་ཅད་ཀུན༔ ༡༡གནས་ཚུལ་གཉུག་མར་ཡེ་ནས་དབྱེར་མེད་པས༔ གྲངས་བཟུང་བསྒྲུབ་གཞིའི་ཕྲ་བ་གྱ་ཚོམ་གནས༔ གྲངས་དེ་ངེས་པར་མཐར་ཐུག་ཡིན་ན་ཀོ༔ དེ་དག་བཅད་དེ་ལོགས་ན་ཡོད་པར་རིག༔ ༡༢ ལྟ་ཞིག་དེ་ལྟར་ཡིན་དུ་ཆུག་ནའང་༔ རྡུལ་ཤེས་སྐད་ཅིག་ཆོས་ལས་འདས་པ་ཡིན༔ འགྱུར་མེད་གཉུག་མ་ཞེས་སུ་ཅི་སྟེ་འཐད༔ ཐ་དད་དུས་དབྱེ་ལ་སོགས་ཡོད་ཕྱིར་རོ༔ ༡༣ གཏན་ཚིག་འདི་ནི་ཤིན་ཏུ་བཙུན་པ་སྟེ༔ སྟོང་ཉིད་དབུ་མ་ཆེན་པོའི་བཀའ་རྟགས་རྒྱ༔ གསར་རྙིང་གཉིས་ཀའི་ཐུན་མོང་གཞུང་ལུགས་པས༔ ཐུགས་བསྟོད་ང་རྒྱལ་སྙེམས་དེ་བསྐྱེད་མཛད་ཕྱིར༔ ༡༤ སྤྲོས་བྲལ་དབྱིངས་ཀྱི་བྱིན་བརླབས་ཆེན་པོ་ལས༔ ལྷ་དང་རྫོགས་པའི་རིམ་པ་བསྒོམ་ཙམ་གྱིས༔ སྐུ་དང་ཡེ་ཤེས་བསྐྱེད་པར་འདོད་པ་ཡང་༔ འགྱུར་མེད་འདུས་མ་བྱས་སུ་འགལ་བའི་ཚིག༔ ༡༥ ཡེ་ཤེས་ངོས་ལ་མཚན་དཔེ་རྟགས་ལྡན་ནས༔ འགྱུར་མེད་འདུས་མ་བྱས་སུ་ཡོད་གྱུར་ན༔ ལམ་དང་སྒྲུབ་པའི་རིམ་ལ་མ་ལྟོས་པར༔ རྟོགས་པ་མངོན་གྱུར་འབྲས་བུ་ཡོད་པར་འགྱུར༔ ༡༦ དེ་གཉིས་གང་ཡང་མིན་ན་བསྒྲུབ་གཞི་དེ༔ ལུས་དང་སེམས་དང་ཚོགས་པའི་སྟེང་དུ་བརྟགས༔ ལུས་ན་རྡུལ་གྱི་ཆོས་ལས་ཇི་ལྟར་བརྒལ༔ ཤེས་པ་སེམས་དང་དེ་ལ་ཁ་དོག་མེད༔ ༡༧ རླུང་ནི་འཕོ་བས་བར་ཁུག་ཆོད་པའི་ཕྱིར༔ ཕྱེད་བཅས་ཚོད་བཟུང་མི་འགྱུར་ཚིག་གི་ལམ༔ ཙམ་ཞིག་རྩིས་ཐང་བྱེད་པའི་རྟོག་གེ་བ༔ མགོ་མཁྲེགས་དག་གི་སྨྲ་བའི་སྤོབས་པ་ཞན༔ ༡༨ ཕུང་པོ་འབྱུང་ཁམས་ཡབ་ཡུམ་ལྷུན་གྲུབ་ཏུ༔ བདེ་གཤེགས་རིགས་བརྒྱ་ལྔའམ་རིགས་གཅིག་གི༔ སྒྲུབ་གཞིའམ་རང་བཞིན་ཉིད་དུ་སངས་རྒྱས་ན༔ སྒེར་དུ་བཀར་བས་གཉུག་གསུམ་ཅི་སྟེ་བསྟོད༔ ༡༩གྲངས་མེད་བདེ་གཤེགས་དཔའ་བོ་མཁའ་འགྲོར་བཅས༔ རྡོ་རྗེའི་ལུས་ལ་དཀྱིལ་འཁོར་དུ་ལྡན་པར༔ རྒྱུད་ལས་གསུངས་འདི་སྐུ་དབེན་གཞི་མིན་ན༔ གཞན་དུུ་འཁོར་བས་བསྡུས་པའི་གཟུགས་སྐུའམ༔ ༢༠ རང་བཞིན་སྟོང་ཉིད་ལ་ནི་ས་དམིགས་ཀྱི༔ བཀར་དང་ཕུང་པོ་ཀུན་ལ་རྣམ་དབྱེར་མེད༔ ཆ་ལུགས་འདི་འདྲར་བཞག་དུ་ཡོད་མིན་ན༔ མཚན་མ་ཞལ་ཕྱག་ཇི་སྟེ་རུང་བར་འགྱུར༔ ༢༡སྣང་ཚུལ་རྟག་གཟུགས་སྐུ་ལ་དབྱེར་མེད་ན༔ དེ་ལྟར་བཤད་པའང་རང་གི་ལྟག་ཆོད་ཀྱི༔ བདེ་གསང་སྒྱུ་འཕྲུལ་དྲྭ་བ་ལས་ཞུགས་བཞིན༔ དམ་ཉམས་གྲྭལ་དུ་སུ་ཞིག་དགའ་བཞིན་འཇུག༔ ༢༢ བསྐྱེད་རྫོགས་གཉིས་ཀྱི་དབང་གིས་ཐ་དད་ན༔ གཅིག་གིས་གཅིག་ལ་སྨིན་བྱེད་མི་འགྱུར་བས༔ འབྲེལ་མེད་འབྲེལ་བས་བསྒོམ་པས་ལྷ་སྐུ་གཉིས༔ དེ་ཡང་གདུལ་བྱ་མགོ་རྨོངས་རྒྱུ་རུ་བས༔ ༢༣ མྱ་ངན་འདས་པས་བསྡུས་པའི་སྒྲུབ་གཞི་ན༔ ཐམས་ཅད་སྟོང་པས་གཞོན་རླུང་ལུས་ཕྲ་དང་༔ དྭངས་མ་རྩ་ཉིད་དེ་རུ་བཟུང་བ་ཡི༔ དགོས་དང་ཁྱད་པར་བཅས་སུ་འབྱིན་པར་རིག༔ ༢༤ རླུང་དང་ཐིག་ལེའི་སྤྲིན་ལའང་དེ་བཞིན་ཏེ༔ ཕྱི་ནང་གསང་བའི་ཁྱད་པར་ཙམ་ཞིག་ན༔ བསྒྲུབ་གཞི་ཡིན་མིན་ཐ་སྙད་རྣམ་པར་ངེས༔ དོན་མེད་ཡིན་ནོ་དེ་ཚུལ་གཏན་ལ་ཕོབ༔ ༢༥ འོད་ཟེར་ལྔ་དང་དྭངས་མ་ལྔ་བསྡུས་ཏེ༔ འཁོར་འདས་གང་གི་བསྡུས་པའི་རང་བཞིན་ཀྱང་༔ བསྒྲུབ་གཞིར་མི་འཐད་ཆ་ཤེས་དབྱེར་ཡོད་པས༔ འགྱུར་བའི་ཟུག་རྔུར་ངེས་པ་དོན་གྱིས་གྲུབ༔ ༢༦ སྣང་སྟོང་བདེན་གཉིས་འདོད་ལ་དེ་བཞིན་ཉིད༔ དབྱེར་མེད་ཆེན་པོའི་ཕྱག་རྒྱའི་བཅད་ཟིན་ནས༔ དག་གཞི་དག་ཆོས་སྦྱར་བའི་འབྲས་བུ་རུ༔ རྣམ་པར་འབྱེད་པ་བཞད་གད་རྒྱུ་རུ་བས༔ ༢༧ གཉུག་མའི་སྒོ་གསུམ་སྣང་བའི་ངོ་བོ་འདི༔ དག་ཏུ་དགོས་སམ་ཡང་ན་མི་དགོས་རུང་༔ མ་དག་སྒྲུབ་གཞིར་བྱས་ལ་དོན་འགྱུར་དབེན༔ དག་ན་སངས་རྒྱས་ས་ལ་ཡོད་དམ་མེད༔ ༢༨ཐ་དད་གསུམ་དང་རིལ་པོ་གཅིག་བདེན་དུ༔ རྒྱུད་སྡེ་ཀུན་ནས་ཞལ་གྱིས་བཞེས་སམ་ཅི༔ འདི་ལས་འཕྲོས་ཏེ་རང་གཞན་ཐམས་ཅད་ཀྱི༔ འདོད་མིན་བཀའ་བསྟན་ལམ་རྒྱུད་མཐའ་དག་ནས༔ ༢༩ སྟོང་གཟུགས་མངོན་སུམ་འོད་གསལ་ཐིག་ལེ་དང་༔ སུམ་སྐོར་ལ་སོགས་རྩ་དང་གསང་ཐིག་གི༔ རྣམ་བཞི་བྱེ་བྲག་དྲུག་དང་བརྒྱད་དཀྱིལ་རྩ༔ ཆོས་ཉིད་དབུ་མ་གཞོན་རླུང་ཕྲ་བར་བཅས༔ ༣༠ སྙིང་ཀའི་མི་ཤིགས་རླུང་དང་ཐིག་ལེ་དང་༔ སོ་གཉིས་ཉི་ཤུའི་བར་དུ་རྒྱུ་བ་དང་༔ རྫོགས་ཆེན་རྒྱུད་ནས་སྲོག་རླུང་ཡན་ལག་བཞི༔ གཡོ་བ་མེད་པའི་རྒྱ་གྲམ་རླུང་རྣམས་ནི༔ ༣༡ གཅིག་གམ་ཁྱད་པར་སྔགས་ཆོས་གང་ཡོད་པ༔ ཀུན་ལ་རྟོགས་དཔྱོད་ཤེས་རབ་མ་ཞུགས་བཞིན༔ ངེད་ཀྱི་ལམ་འདི་བཟང་ཞེས་ཁྱད་གསོད་ཀྱིས༔ གཞན་དུ་གྲུབ་མཐའ་སྨོད་པའི་ཉེས་པ་ཁུར༔ ༣༢ ནང་དུ་ཡང་དག་འཇོག་ལ་བླུན་པོ་ཟེར༔ བཤད་བསྒྲུབ་གང་གིས་ཁམས་གསུམ་ཉོན་མོངས་པ༔ ཆགས་བཅས་སྤོངས་པར་མ་ཤེས་རང་ཉིད་ཀྱང་༔ སྲིད་ལས་མ་གྲོལ་གཞན་ཕན་བསྒྲུབ་པོ་ལོ༔ ༣༣ ཀུན་ཀྱང་གཉུག་མའི་ཕྲ་ཙམ་དེར་བསྙེགས་ན༔ དག་ཆོས་གཞན་ལ་སྦྱོར་པའི་བློ་རྩིངས་འདི༔ རྡོ་རྗེ་འཆང་ལ་བཀལ་བས་སྒྲོ་འདོགས་མཁན༔ ཀྱེ་མ་སྐྱེ་འགྲོ་མི་ཡི་ཕོད་པ་ལ༔ ༣༤ འོན་ཀྱང་རྣམ་ཀུན་མེད་པ་མ་ཡིན་ཏེ༔ ཆོས་ཉིད་བསམ་གྱིས་མི་ཁྱབ་དྲན་བྱས་ནས༔ ཚུལ་མཐོང་བློ་ཡིས་འགལ་འདུ་མི་སྒྲིགས་པར༔ དད་པས་རྟོགས་བྱར་སོ་སྐྱེ་དག་གིས་བལྟ༔ ༣༥གནས་སྐབས་རྒྱུད་སྡེ་ཕྱི་ནང་གསང་བ་གསུམ༔ མ་ཟད་ཐེག་རིམ་གསར་རྙིང་མཐའ་ཡས་ཀྱང་༔ མཐར་ཐུགས་རྫོགས་པ་ཆེན་པོའི་ཉག་ཕྲན་དེ༔ ཕྱོགས་རེའི་མིག་ལྡན་རྟོག་གེའི་ག་ལ་ཤེས༔ ༣༦རྟགས་སྣང་སྟོང་གཟུགས་མཐོང་བའི་རང་གདངས་དང་༔ ཁྱད་པར་སྙིང་ཀའི་འོད་གསལ་སྐུ་ཐིག་སོགས༔ བཤད་པ་ཙམ་དང་གཉུག་མའི་སྐུ་གསུང་ཐུགས༔ ཡོད་པ་མཚུངས་ཀྱང་ཅིག་ཤོས་མུ་སྟེགས་འདྲར༔ ༣༧བསླན་པས་ནུས་པ་ཡོད་པས་རང་ཐོག་ཏུ༔ བརྒྱུད་ཆུ་འདྲེན་མཁན་མིག་རྒྱང་མ་ཐུང་ན༔ དེ་ལས་གཞན་ཀྱང་གར་ཐོད་སྨྲ་བར་སྤོབ༔ ཚུལ་གང་ལས་སུ་བདུད་ཀྱིས་ཁ་མ་དབྱེར༔ ༣༨འདི་མན་གཏེར་དཔེ་ལས་ཕབ་མ་གྲུབ་པ་འདྲ། དཔེ་མི་དག་པས་དེ་ལུགས་དཔྱད་འཚལ།

ལྟ་བ་དོན་གྱི་ཞེ་ཕུགས་ལ་བརྣག་པ་ཚིག་བཞི་པ།

ལྟ་བ་དོན་གྱི་ཞེ་ཕུགས་ལ་བརྣག་པ་ཚིག་བཞི་པ་ཞེས་བྱ་བ་བཞུགས་སོ། །

གྲངས་མེད་གོང་ནས་མངོན་པར་བྱང་ཆུབ་ཀྱང་། །འགྲོ་ལ་སྨན་སླད་ཡང་ཡང་སངས་རྒྱས་ཀྱི། །བྱང་ཆུབ་སེམས་བསྐྱེད་ཚོགས་བསགས་ཞིང་སྦྱོངས་ནས། །བཅུ་གཉིས་མཛད་བཟང་སྟོན་ལ་འཚལ་ལོ། ༡།གང་དེའི་སྐུ་གསུམ་ཆོ་རོལ་སྣ་ཚོགས་ཀྱིས། །གདུལ་བྱའི་བློ་དང་འཚམས་པས་འཁོར་ལོ་བསྐོར། །ཆུ་ཕྲན་ཐམས་ཅད་རྒྱ་མཚོར་འབབ་པ་བཞིན། །རྣམ་མཁྱེན་ཡང་དག་མཆོག་ལ་གཞོལ་ཞིང་འདྲེས། ༢།གནས་སྐབས་ཚིག་དོན་སོ་སོར་ལྟར་སྣང་ཡང་། །ལྡེམ་དགོངས་དགོངས་པ་བཞི་ཡི་ཕྱག་རྒྱའི་བཏབས། །རྒྱུད་སྡེ་རྒྱ་མཚོར་མཐའ་དྲུག་ཚུལ་བཞིའི་བཅིངས། །གདུལ་བྱ་འགའ་ཡང་ཆུད་ཟོས་མེད་པར་མཛད། ༣།དེ་ནས་རིམ་བཞིན་བློ་རྩལ་སྨིན་པ་ལ། །ཤེས་རབ་ཅན་དག་སྒྲོགས་སུ་མི་འཛུད་སླད། །མཐར་ཐུག་འབྲས་བུ་རྡོ་རྗེ་ཐེག་པའི་རྩེ། །མ་བསྒོམ་སངས་རྒྱས་རྫོགས་པ་ཆེན་པོར་བསྟན། ༤།དེང་སང་མི་ཤེས་མངོན་པའི་ང་རྒྱལ་ཅན། །ཁ་ཅིག་དམ་ཉམས་ཞུགས་གྲྭལ་རྒྱུག་ནས་ཀྱང་། །ཀློང་ཆེན་རབ་འབྱམས་སྨིན་གླིང་ལོ་ཆེན་སོགས། །ལྟ་བ་མ་ཡིན་དགག་གི་སྟོང་ཉིད་དུ། ༥།གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་ཆོས་ལ། །མཛད་དེ་བྲལ་གཞི་སྐུ་གཉིས་རིགས་ཁམས་ནི། །ཟུང་འཇུག་བསྐྱེད་རྫོགས་ལམ་གྱིས་མངོན་བྱེད་པར། །བྲལ་ལས་སྨིན་འབྲས་མི་བཞེད་དེ་ལྟ་ནའང་། ༦།ཚིག་ལས་གདོང་གཏད་འབྲུ་གཉེར་མགོ་མཁྲེགས་ཀྱང་། །སྤྱི་ནས་དོན་རྒྱ་རླབས་ཀྱིས་མ་ཆོད་དང་། །ཤུགས་ཀྱིས་གྲུབ་ལ་ཕྱི་མིག་མ་བལྟས་ནས། །མེད་པར་དགགས་སུ་ཐུགས་ཞེན་ཆེ་བས་སྟབས། ༧།རྒྱལ་བའི་དགོངས་པ་རང་འདོད་ཕྱོགས་སུ་འཐེན། །བློ་རིམ་ཐེག་པའི་དགོངས་མཐུན་མཐར་ཐུག་ཏུ། །ཆུ་བོ་གཅིག་འདྲེས་མ་རྟོགས་རང་ལྕེ་བཅད། །དེ་དག་ཀུན་གྱིས་འདི་ལ་གཟིགས་མོར་མཛོད། ༨།གལ་ཏེར་རང་གི་རྒྱུད་དང་མན་ངག་ལ། །གནོད་ཅིང་འགལ་བར་གྱུར་བ་མ་མཐོང་ན། །ཕྱིས་ནས་གཞན་སྟོང་དགྲ་ལྟར་བལྟ་བར་བྱས། །གཞན་ནི་འདི་ཕྱི་གཉིས་འགལ་དེ་སྤངས་འཚལ། ༩།སངས་རྒྱས་ཐུགས་རྗེའི་མངའ་བདག་དམ་པ་དེའི། །ཐོག་མེད་བདག་གཉིས་མངོན་ཞེན་ལྷན་སྐྱེས་དང་། །གྲུབ་མཐའ་ངན་པའི་སྒྲོ་བཏགས་བྲག་གཞོམ་ཕྱིར། །ཉན་རང་དབུ་སེམས་ལྟ་བས་ཐོག་ཆེན་ཕབ། ༡༠།ཕྱི་ནས་དེ་ཡང་མཐར་ཐུག་མ་ཡིན་པར། །དགོངས་ནས་དགོས་དབང་བཙན་པོར་རང་གིས་བཀྲལ། །རྩོད་གཞིར་མ་གྱུར་བླ་མེད་ཐེག་པའི་བབས། །ཡང་དག་སངས་རྒྱས་སྙིང་པོ་ཡོད་པར་བསྟན། ༡༡།དགོངས་འགྲེལ་རྒྱལ་ཚབ་མི་ཕམ་མགོན་པོ་ཡིས། །འོད་བྱེད་སར་བཞུགས་འཕགས་མཆོག་ཐོགས་མེད་ལ། །བླ་མའི་རྒྱུད་ལས་ཐ་སྙད་མཐར་ཐུག་པ། །རིག་པ་བཞི་དང་དཔེ་དོན་དགུ་དགུའི་བཤད། ༡༢།གོང་ནས་གོང་མར་འཁྲིད་པའི་ཐབས་མཁས་ཅན། །ཤིན་ཏུ་བདེན་གང་སྙིང་རྗེའི་མངའ་བདག་ལ། །ཐེག་པ་གོང་མ་མཚན་ཉིད་མེད་པའི་དོན། །གདེངས་སུ་གྱུར་བའི་བྱང་ཆུབ་སེམས་དཔའི་འཁོར།༡༣།ཕྱི་ནས་ཐེག་པ་དམན་པས་ཁྲིད་དོ་ཞེས། །ཁས་གཏོགས་བསྐུར་བ་འདེབས་པའི་སྐྱབས་སྤངས་ལ། །ཁ་མྱག་བུ་ཡི་དཔེ་ལ་སོགས་པ་ཀུན། །སྔ་ཕྱི་སྨིན་རིམ་ཡིན་རྟགས་གོར་མ་ཆགས།༡༤།ཀུན་མཁྱེན་ཆེན་པོ་སངས་རྒྱས་སྤྲུལ་སྐུ་དེའི། །བར་ཐ་གཉིས་ཀ་ངེས་པ་དོན་དུ་གསུངས། །ཟུང་འཇུག་འོད་གསལ་རང་བྱུང་ཡེ་ཤེས་ནི། །བྲལ་གཞི་མེད་ན་སྲིད་རྩེའི་ལྟ་བ་ཅན། ༡༥།བསྟན་པ་འདི་ལས་ཕྱི་རོལ་གྱུར་བ་སྟེ། །ནམ་མཁའི་ཡིད་ཅན་ཐལ་བས་བྱུག་པར་རུང་། །ཡེ་ནས་ཡོད་པས་རང་བཞིན་ལྷུན་གྲུབ་ཞེས། །དཔེ་དོན་སྙིང་པོ་བསྟན་པའི་མདོ་བཞིན་བཞག །༡༦།ཡང་ཅིག་འཁོར་བའི་འཁྲུལ་སྣང་འདི་དག་ཀུན། །མེད་ལ་ད་ལྟ་སྣང་སྟེ་མྱང་འདས་ཀྱི། །སྣང་བ་རབ་འབྱམས་དོན་ལ་ཡོད་ནའང་། །ད་ལྟ་མི་སྣང་ཞེས་སུ་གསུངས་པ་དང་། ༡༧།ཆོས་དབྱིངས་མཛོད་ཀྱི་ལེའུ་བཅུ་གཅིག་པར། །ཐེག་པ་གཞན་ནས་ཆོས་ཕྱིར་ཁྱབ་པ་ཡི། །སྟོང་པ་ཉིད་ལ་བློ་རྩེ་གཏད་པ་དང་། །འདི་ནི་རིག་པ་འོད་གསལ་གཞིར་བཞག་སྟེ། ༡༨།རང་ཐོག་ངོ་སྤྲད་དེ་ཡི་ངོ་བོ་ཉིད། །ཡོད་མེད་ཡིན་མིན་འདས་པར་གཏན་ཕབ་ནས། །ཐེག་པ་གཞད་དང་བལྟ་བའི་ཚུལ་མི་མཐུན། །གསུངས་པ་དག་གི་དོན་ལ་བློ་གཞལ་འཚལ། ༡༩།ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་ལས་ཀྱང་། །མ་བཙལ་བཞག་པའི་དོན་གྱི་མན་ངག་གིས། །ཡེ་ཡོད་དང་པོའི་སངས་རྒྱས་རང་ལས་རྙེད། །ཞེས་གསུངས་པ་ཡི་དོན་ཀུན་གྱིས་ཤེས་བྱོས། །༢༠ཁྱད་པར་དམ་པ་དང་པོའི་སངས་རྒྱས་ལས། །རྟོན་པ་བཞི་ལྡན་གསུངས་པའི་ཡེ་ཤེས་ནི། །རྣམ་ཀུན་མཆོག་ལྡན་གཉུག་མའི་བདེ་ཆེན་ཏེ། །གཞན་དུ་མ་གསུང་གཙོ་བོའི་ཁྱད་པར་མཛད། ༢༡།དྲི་མེད་འོད་དང་རྒྱུད་རྒྱལ་སམྦུུ་ཊ། །གཉིས་མེད་རྣམ་རྒྱལ་ཏནྟྲ་ལ་སོགས་ནས། །སྙིང་ལ་གནས་པའི་ཡེ་ཤེས་གསུངས་པ་དང་། །ཀྱཻ་ཡི་རྡོ་རྗེར་ལྷན་སྐྱེས་ཆོས་གསུམ་གསུངས། ༢༢།མེད་པར་དགག་པས་རྣམ་སྤྱི་སྙིང་གནས་པར། །རློམ་པའི་སྙིང་ཁམས་མཐོན་པོའི་བསྟན་བཟོད་ཀྱང་། །ལྷན་ཅིག་སྐྱེས་པའི་ཆོས་དང་ཡེ་ཤེས་གསུམ༔ འབྱམས་ཀླས་དེ་ལ་ཅུང་ཟད་བཞག་མི་འཚལ། ༢༣།ངོ་བོ་རང་བཞིན་ཐུགས་རྗེ་ཞེས་བྱ་བ། །གསུམ་གྱི་ཚུལ་དུ་དབྱེར་མེད་ཡེ་ཤེས་དང་། སེམས་ཀྱི་ཁྱད་པར་འབྱེད་པའི་གནས་འཕྲོའི་ཤན། །དེ་ཡང་རུང་པའི་གཏན་ཚིག་འདྲ་ཡོད་དམ། ༢༤།སྐུ་ལྔ་ལ་སོགས་ཟད་མེད་ཆོས་ཕུང་པོ། །གཞི་དང་སྙིང་པོ་མེ་ཏོག་རང་བཞིན་རྒྱུད། །ཆོས་ཅན་ཆོས་ཉིད་རིགས་གཉིས་རྣམ་པར་བཞག །མེད་པར་དགག་ལ་རུང་བར་ཅི་ལྟར་བཞག །༢༥།ཀུན་རྫོབ་ལྷར་དག་མཐོང་བའི་ལྟ་བ་འདི། །སྔགས་ཀྱི་ཁྱད་ཆོས་ཉིད་དུ་ངེས་པའི་ཕྱིར། །རྒྱུད་སྡེ་ཀུན་ནས་ལུས་དཀྱིལ་བཀོད་པའང་། །དེ་ལྟ་ན་ནི་གང་ལ་འཐད་པར་རིག །༢༦།སྔ་མོར་དབྱིངས་དང་ཡེ་ཤེས་ཀ་དག་དང་། །ལྷུན་གྱིས་གྲུབ་ལ་སྐྱོན་ཡོན་འཛིང་སྣོལ་ཕྱིར། །ཟུང་འཇུག་བསྟན་པ་སྐྱོན་མེད་རང་གི་གཞི། །སྣང་བ་གསུམ་དུ་བསྟན་པ་མིན་ནམ་ཅི། ༢༧།དག་མཉམ་ཟུང་འཇུག་སྔགས་ཀྱི་ཁྱད་ཆོས་ན། །མ་ཡིན་དགག་གིས་དེ་ཉིད་མི་མཚོན་པར། །མེད་པར་དགག་པས་བརྟགས་པའི་འབྲས་བུ་ལས། །སྐུ་དང་ཡེ་ཤེས་ངེས་པ་ཇི་ལྟར་སྐྱེ། ༢༨།དགག་པའི་རྣམ་པར་བཅད་པའི་ལྟ་བ་དེ། །སངས་རྒྱས་ཡེ་ཤེས་དུས་ཀྱི་འཛིན་སྟངས་སམ། །དེ་ཉིད་མངོན་སུམ་ཡུལ་དུ་རུང་བ་ལ། །ཡིད་ཆེས་པ་ཡི་གཏན་ཚིག་ཅི་ཞིག་བདོག །༢༩ །འཁོར་བའི་ཆོས་ཀུན་སངས་རྒྱས་རྫོགས་ཆེན་ན། །རང་ལུགས་པའམ་གནས་ཚུལ་གང་ཞིག་ལྟ། །ལྟ་བ་མི་དགོས་པའམ་གཞན་པོ་ལ། །མ་ཡིན་དགགས་གི་ཐ་སྙད་ཅི་སྟེ་འགལ། ༣༠།ཁྱད་པར་སྒྲོན་མ་དྲུག་གི་ངོ་སྤྲོད་འདི། །མེད་པར་དགག་ལ་མཛེས་པར་མི་འགྱུར་ཏེ། །ཕྱོགས་གཅིག་དབུ་མ་སེམས་ཀློང་སྤྱི་འབྱམས་ལ། །མངོན་སུམ་དབང་པོའི་མཐོང་བ་ག་ལ་སྲིད། ༣༡།མེད་དགག་ཉིད་ལ་མཚན་ཉིད་བཞག་མེད་ལ། །ཕྱག་རྒྱ་བཞི་ལྡན་གསང་སྔགས་རྡོ་རྗེའི་ཐེག །རྟོགས་པ་བཞི་ཡི་གྲུབ་འབྲས་མངོན་སུམ་དང་། །རྫོགས་ཆེན་རང་རིག་ལྟ་བས་ལྟ་བ་དག །༣༢༈རྙིང་མའམ་སྔགས་ཀྱི་ལྟ་བ་མེད་དགག་སུ། །མཁས་གྲུབ་བཀའ་ལུང་གང་གི་དཔང་མེད་བཞིན། །གཞན་སྟོང་བ་ལ་སྙིང་ནད་ཆེན་པོའི་ཤུགས། །མ་ཡིན་དགག་གི་སྟོང་ཉིད་གསུངས་ལ་གཟས། ༣༣།གསར་རྙིང་སུས་ཀྱང་རང་སྣང་ལོངས་སྐུ་དང་། །གཞོན་ནུ་བུམ་སྐུ་གཉུག་མའི་སྒོ་གསུམ་པོ། །འཁྲུལ་བ་རང་སོར་མ་མཛད་དེ་དག་གི །ངོ་བོ་འགྱུར་མེད་གཞོམ་པའི་ཐོ་ལུམ་རྨད། ༣༤།མཐར་ཐུག་རྫོགས་པ་ཆེ་ལ་ཀ་དག་དང་། །ལྷུན་གྲུབ་ཟུང་འཇུག་ཡེ་ཤེས་རང་རིག་གཞི། །ཁྱབ་ཚུལ་གནས་ཡུལ་སྒོ་ལམ་ཚིག་དོན་ཀྱང་། །མེད་པར་དགག་ལ་སྒྲོ་བཏགས་མཚན་མར་ཟད། ༣༥།གལ་ཏེ་སེམས་དང་ཡེ་ཤེས་གནས་དབྱེ་བ། །དེ་ཡང་ཇི་ལྟ་བུར་ན་འཐད་པར་མངོན། །དེ་བས་དེ་ཉིད་རྟོགས་པའི་རྣལ་འབྱོར་བས། །རྣམ་ཀུན་ཆད་ལྟའི་འཕྲང་ལ་བཤར་མི་རིག །༣༦།གནས་ཡོངས་འགྱུར་བའི་ཚད་མ་མཆོག་གི་ཡུལ། །འབྲས་ཆོས་ཉི་ཤུ་རྩ་ལྔའི་བདག་ཉིད་ནི། །མཐོང་བའི་མངོན་རྗེས་ཚད་མ་མིན་ཞེས་དང་། །འགྱུར་བའི་དམིགས་རྣམ་ཅན་གྱི་སངས་རྒྱས་ཅི། ༣༧།ཆད་པ་རི་བོང་རྭ་ལ་མ་མཐོང་བ། །ཅི་བཞིན་ཆོས་ཉིད་ཅི་ཡང་མ་ཡིན་པས། །གར་ཡང་མི་མཁྱེན་རྣམ་མཁྱེན་མིང་དོན་འགལ། །དེ་ཕྱིར་ནའང་འདི་ལ་བཟོད་པར་རིག། ༣༨།སོ་སྐྱེ་ཆོས་ཉིད་རྗེས་སུ་དཔག་པ་དང་། །འཕགས་པས་མངོན་སུམ་མཐོང་བའི་མངོན་སུམ་ཀྱང་། །བཅད་ལྡོག་སེལ་བའི་འཇུག་པའི་མེ་༼ མེད་དཔྱད། ༽དགག་ལ། །མཐུན་པ་མེད་ཕྱིར་དང་བླང་སྤྲོས་མི་བཟོད། ༣༩།མི་སློབ་རྒྱུ་འོད་ཟུང་འཇུག་ལྷ་སྐུ་དེ། །མཐར་ཐུག་མཐའ་རུ་གྲུབ་པ་མ་ཡིན་ན། །སངས་རྒྱས་ས་ལའང་སྤོངས་སུ་མི་བཏུབ་པའི། །བསྒྲིབ་པ་སྲ་བ་དེ་ལྟ་ཅི་ཞིག་གུ ༤༠།མདོ་ལས་དྲན་ཉེར་བཞག་གི་ཤེས་རབ་དང་། ཁྱད་པར་མེད་ན་ཁྱེད་ཅག་རྙིང་མ་བའི། །ལྟ་བ་རང་རིག་འོད་གསལ་རྟགས་སྣང་བཅས། །ངོ་སྤྲོད་ཟོལ་དེ་རྫུན་མའི་ཁྱད་ཆོས་གཏམ། ༤༡།ཡང་ཅིག་ཆོས་ཅན་ཆོས་ཉིད་རང་རིག་དྭངས། །ཁོ་ན་ཉིད་དེ་དབྱིངས་རིག་ལྟ་བ་བཞིའི། །མཐར་ཐུག་དོན་གྱི་དགོངས་པ་འོད་གསལ་རྒྱུད། །བཅུ་བདུན་དག་ལས་གང་ལ་མཛད་པར་ལྟོས། ༤༢།མཐར་ཐུག་མཐོང་བའི་ཚད་མ་ཅི་བཞིན་པ། །དེ་བཞིན་ཉེ་ལམ་ཡིན་པར་གསུངས་པ་ལས། །གཞན་དུ་དེ་སྐད་ཆེ་བ་བརྗོད་པ་དེ། །དེ་ཡི་མ་ཡིན་སྒྲོ་འདོག་ཙམ་དུ་བས། ༤༣།ཁྲེགས་ཆོད་གཞི་ལ་ཐོད་རྒལ་ལམ་ཞེས་པ། །འདི་ཡང་ཕྱོགས་རེ་ལས་སུ་དགོངས་བཅས་ཚིག །མ་གཏོགས་གཞི་ལམ་འཛོལ་བའི་བསྒྲུབ་པ་འདིའི། །ཅུང་ཟད་གྲུབ་མེད་ཤར་ནུབ་དོན་གཉེར་བཞིན།༤༤ཁྱད་པར་ཐལ་འགྱུར་ལས་སུ་དབྱིངས་རིག་ལྟ། །མཐར་ཐུག་ཁོ་ན་ཉིད་དུ་ཅི་སྟེ་གསུངས། །དམ་ཚིག་བཞི་ལས་ལྷུན་གྲུབ་གཅིག་པུ་ཡི། །ཚུལ་གྱི་སྒྲོས་དང་བཅས་སུ་ཟུར་ཕྱིན་དཀའ། ༤༥།གཅིག་པུ་ཞེས་པའི་རང་རིག་བྱང་ཆུབ་སེམས། །ཡེ་ནས་ལྷུན་གྱིས་གྲུབ་པར་གནས་པ་དེ། །ངོ་བོ་ཀ་དག་སྤྲོས་པ་བྲལ་བ་རུ། །ཟུང་འཇུག་གནས་པས་མེད་དང་ཕྱལ་བ་གསུངས། ༤༦།མུ་ཏིག་ཕྲེང་བར་འཁོར་བའི་ཆོས་འདི་རྣམས། །ཐོག་མ་ཉིད་ནི་འདི་ལྟར་མེད་ཅེས་དང་། །རང་བཞིན་ལྷུན་གྱིས་གྲུབ་པའི་འབྲས་བུའི་ཆོས། །ལྔ་ཚན་ལྔ་ཡི་དག་པ་ཆེན་པོ་བཤད། ༤༧།འདི་ཡང་འཁོར་བ་གཞན་གྱི་སྟོང་པ་དང་། །བྲལ་གཞིའི་འབྲས་བུ་མོ་གཤམ་བུ་མེད་པས། །སྣང་སྟོང་ངོ་མཉམ་སྐུ་གཉིས་རྟག་པ་ཆེ། །གཟུགས་སྐུ་ཚོགས་གཉིས་ལས་མ་བྱུང་བ་ཡི། ༤༨།རྒྱུ་ལས་མ་བྱུང་བ་ཡི་འབྲས་བུ་དང་། །ལུང་ལས་མ་བྱུང་མན་ངག་གྲུབ་པའི་མཐའ། །སེམས་ལས་མ་བྱུང་རང་བྱུང་སངས་རྒྱས་འདི། །སྔ་འགྱུར་བ་ལས་གཞན་པ་སུ་ཞིག་འདོད། ༤༩།དཔེ་དོན་རྟགས་ཀྱི་ངེས་པར་ངོ་སྤྲོད་ནི། །ཅི་ཡི་ཕྱིར་ན་ལྟ་བ་རྟོགས་སླད་དེ། །འོད་སྐུ་ཟེར་གྱི་རྟགས་ལ་བསྡུ་བའང་། །མེད་པར་དགག་ལ་སྒྲོས་སུ་བཏགས་པ་མཚར། ༥༠།གཞན་ཡང་རྫོགས་ཆེན་རྒྱུད་རྣམས་ཐམས་ཅད་ནས། །རང་བྱུང་ཡེ་ཤེས་གཞིར་བཟུང་དེའི་ངོ་བོ། །ཡོད་མེད་སྤྲོས་དང་བྲལ་བར་གཏན་ལ་ཕབ། །གཟིགས་མོར་མཛད་དེ་དོན་གྱི་འགེང་གཤོག་འཚལ། ༥༡།དེ་ཕྱིར་ཐོག་མར་བྱུང་བའི་ཆོས་སྐུ་ནི། །ཡེ་ནས་རང་རིག་རྣམ་པར་དག་པ་ཉིད། །བློ་དངོས་དྲི་མས་ཀ་ནས་དག་པ་རུ། །ཕྲེང་མཛེས་ཆེན་པོ་ཉིད་དུ་ལེགས་མཛད་དང་། ༥༢།དེ་ལྟར་གནས་པའི་འཁྲུལ་མེད་གཞི་ཡི་རྒྱུད། །རང་རིག་འོད་གསལ་སྐུ་གསུམ་མ་བསྐྱེད་རྫོགས། །འབྲས་བུ་ཡེ་ནས་རང་གནས་འཁོར་དང་འདས། །འདུ་འབྲལ་མེད་པར་གསུངས་པའང་དེ་ཡིན་དེ། ༥༣།གནས་སྣང་ཆོས་ཅན་ཆོས་ཉིད་ལྷག་པ་ཡི། །བདེན་གཉིས་ཟུང་འཇུག་ཆོས་སྐུ་ཞེས་བྱ་སྟེ། །དག་པའི་རང་བཞིན་ལོངས་སྐུའི་སྣང་བ་ལ། །མི་རྟག་འགྱུར་བའི་ཟུག་རྔུ་ཅུང་ཟད་མེད། ༥༤།དེ་ཕྱིར་རྟག་ཁྱབ་ལྷུན་གྱིས་གྲུབ་པ་དང་། །མཁའ་ཡི་རྡོ་རྗེ་ལྷན་སྐྱེས་བདེ་བ་ཆེ། །ནམ་མཁར་མི་འདྲ་སྟོང་གསལ་རིག་བཅས་ཡིན། །རིགས་མཐུན་མི་མཐུན་གཞན་སེལ་བཅས་སུ་དབྱེས། །གཞི་གནས་མཚན་ཉིད་འཛིན་དང་ཡུལ་ཁྱབ་ཀྱི། །དབྱེ་བས་ངོ་སྤྲོད་དོན་ལ་སེམས་པར་བྱོས། །༥༥ འདི་མན་རིག་གསར་སྐབས་བརླག་སོང་བས་དཔེ་མ་རྙེད།

ཚིག་གསུམ་གནད་དུ་བརྡེག་པའི་ངོ་རང་ཐོག་ཏུ་སྤྲད་པ།

ཚིག་གསུམ་གནད་དུ་བརྡེག་པའི་ངོ་རང་ཐོག་ཏུ་སྤྲད་པའི་རིག་པ་ཡོངས་གཅོད་དུ་བསྟན་པ་བཞུགས་སོ། །

ཨེ་མ་ཧོ། རིག་འཛིན་སྡེ་སྣོད་བྱེ་བའི་དགོངས་པའི་བཅུད། །རབ་ཏུ་སྟོན་པས་རྡོ་རྗེ་སེམས་གཉིས་པ། །བདུད་འཇོམས་རྡོ་རྗེ་དེ་ལ་གསོལ་བ་འདེབས། །རྩོམ་པ་མཐར་ཕྱིན་དོན་དང་ལྡན་པར་མཛོད། ༡།སངས་རྒྱས་དགོངས་པ་རང་བྱུང་ཡེ་ཤེས་ནི། །ཡེ་ནས་ཡོངས་ཀྱི་རྒྱུད་ལ་སྦས་པ་མེད། །འོན་ཀྱང་རྟོག་པས་སྒྲིབ་ནས་རང་བཅིང་བ། །འདི་ཡི་རང་མཚངས་རིག་ནས་དགོད་མོ་འཆོར། ༢།དེ་ཡང་སྒོམ་ཞེས་བྱ་བའི་ཁ་ཕོ་མཁན། །དེང་སང་རྣམ་པ་མང་ཞིག་མཆི་ནའང་། །ལ་ལས་གནས་ཚུལ་སྟོང་ཉིད་རྗེན་པར་སྨྲ། །རྟེན་འབྲེལ་མངོན་སུམ་དོན་ལ་ཕྱིན་ལོག་པ། ༣ ཁྱོད་ཀྱི་ལྟ་བུ་རྒྱུ་མེད་འབྲས་མེད་པ། །མངོན་སུམ་མཐོང་བདེན་རྗེས་དཔག་ཚད་མིན་བཞིན། །མ་མཐོང་རྟགས་ཀྱིས་རང་འདོད་སྒྲུབ་པར་འགྱུར། །དེ་ཡང་སྤྲོས་བྲལ་ཙམ་དུ་གློ་བ་དགའ། ༤།འགའ་ཞིག་བདེན་གཉིས་ཤྭ་བོའི་རྭ་བཞིན་བལྟའ། །དེ་ཡང་ཀུན་རྫོབ་ཏུ་ནི་ཡོད་པ་དང་། །དམ་པའི་དོན་ལ་སྟོང་ཉིད་ཞེས་སྨྲ་བའི། ༼ འདི་ན་ཚིག་རྐང་གསུམ་ལས་མི་འདུག་པས་དཔྱད། ༽༦།དེ་ཡང་སྟོང་ཉིད་སྤྲོས་བྲལ་ཅི་སྟེ་ཡིན། །ཀ་བ་མེད་པའི་བུམ་པར་གནོད་ཅི་བསྐྱལ། །རི་བོང་རྭ་དེའི་ཁྱོད་ལ་ཚིམ་བྱེད་དམ། །དེ་ལྟ་ན་ནི་ཟུང་འཇུག་ག་ལ་ཡིན། ༧།འགའ་ཞིག་སེམས་ནི་ཆོས་སྐུ་ཉག་གཅིག་ཏུ། །སྟོན་ཅིང་གནས་འགྱུ་རིག་པས་ཆོག་ཟེར་བ། །གནས་འགྱུ་གཉིས་ནི་ཅི་ལྟར་འདུ་བྱས་མིན། ༼ འདི་ཚིག་རྐང་གསུམ་ལས་མི་འདུག་པས་དཔྱད། ༽༨།གནས་པ་རྟག་ན་འགྱུ་མེད་རྟག་མཐའ་ཞིག །འགྱུ་བ་ཆད་ན་ཆད་མཐའ་མ་བྲལ་བ། །གནས་འགྱུ་རིག་ཡོད་མཚན་མ་དམིགས་པ་སྟེ། །དེ་ལྟའི་བདག་ཉིད་གཞན་མིན་བདག་ཉིད་ཅན། ༩།ལྟ་མིན་བཞི་དང་ལྡན་པའི་ཆོས་སྐུ་དེ། །རྨོངས་ལས་གང་ཞིག་ཡང་དག་ཉིད་ཡིན་པར། །མཁས་པས་བལྟ་བ་དུས་རྣམས་ཀུན་ཏུ་མེད། །དེ་འདྲ་སྤངས་ལ་ཡང་དག་སྐལ་བ་ཡོད། ༡༠།འགའ་ཞིག་རྣམ་གཅོད་སྨྲ་བའི་སྟོང་ཉིད་ནི། །སྤྲོས་བྲལ་དོན་དམ་བསྒོམ་པའི་བདག་ཉིད་རྣམས། །ཇི་ལྟར་གཤིས་ཀྱི་གནས་ལུགས་མཐོང་སྲིད་དེ། །གོ་སྤྱི་སྒོམ་དུ་སྤྲོས་དང་བྲལ་ལ་མེད། ༡༡།བྲལ་གཞིའི་ཡེ་ཤེས་ཆོས་སྐུ་མི་ལྡན་པས། །ནམ་མཁའ་བསྒོམ་དུ་མེད་པ་ཅི་ཞིག་བྱ། །དེ་ནི་ཡང་དག་ཇི་ལྟའི་དོན་ཡིན་ཀྱང་། །གཟིགས་པ་མེད་ན་རྒྱལ་ལ་བསྐུར་བ་འདེབས། ༡༢།དེ་དག་སྤངས་ཀྱང་བསྒོམ་དུས་མི་རྟོག་པ། །ཧད་དེ་བ་རུ་འབྱམས་སུ་ཀླས་པ་འགའ། །ལུང་མ་བསྟན་ལ་རེ་ལྟོས་འཆའ་བ་ཁྱོད། །སྐྱེ་མཆེད་མུ་བཞིའི་ལམ་ཁྱོད་ངོ་མཚར་གནས། ༡༣།འགའ་ཞིག་དྭངས་ཆ་མངོན་དུ་བྱེད་ནས་ནི། །ཀུན་གཞིའི་རྣམ་ཤེས་བསྒོམ་པས་ལྟ་སྟངས་བསྟོད། །འོད་ཀྱི་ལུས་ཅན་བསམ་གཏན་ཡང་དག་པ། །བྱད་ལེགས་ཐོབ་པ་ཁྱོད་འདྲ་བཅུ་བདུན་ཡོད། ༡༤།འགའ་ཞིག་སྔ་ཕྱི་བསལ་བའི་བར་ཉིད་དུ། །ཡེ་ཤེས་དུས་གསུམ་འབྲེལ་ཐག་ཆད་ལྟ་བ། །དྲི་མེད་བསལ་བཞག་མེད་པའི་ཡེ་ཤེས་ཀྱིས། །སྒྲ་དེ་རྣ་བའི་དབང་པོ་དགབ་སམ་ཅི། ༡༥།འགའ་ཞིག་ཤར་ཆའི་རྣམ་རྟོག་ངང་བསྐྱངས་ནས། །ངོ་ཤེས་ཙམ་གྱིས་ཆོག་པར་འཛིན་པའང་། །དུག་ཡིན་ངོ་ཤེས་འཐུང་ན་མི་གནོད་པ། །ཁྱེད་ཀྱི་ལྟ་བ་ཤེས་བཞིན་དུག་འཐུང་མཚར། ༡༦།སྤངས་བས་མི་སྤོངས་ཀུན་རྟོག་རྩལ་སྣང་བ། །འགགས་པ་མེད་དེ་སྒྱུ་མ་སྟོང་གཟུགས་སུ། །ཤར་ཀྱང་རང་གྲོལ་ཅོག་བཞག་ཆེན་པོ་ནི། །ལྟོས་གཞི་བྲལ་ཞིང་ཅེར་གྲོལ་ཤེས་པ་དགོས། ༡༧།བསམ་གཏན་གཏད་སོ་གཅིག་ལ་མདུང་ཚུགས་སུ། །གནས་ནས་རགས་པ་དྭངས་ནས་འོག་འགྱུ་དེ། །ཕྲ་བ་མ་ཚོར་ཞིབ་པར་དཔྱོད་མེད་པ། །ཞི་ལྷག་ཟུང་འཇུག་ཡིན་ན་ལྷ་ལ་ཡོད། ༡༨།དེ་འདྲའི་སངས་རྒྱས་གནས་ཀྱི་ཡོན་ཏན་ཅན། །བཤད་ན་མཁས་པས་བཞད་གད་བྱེད་པ་དང་། སྙིང་རྗེའི་བཤུམ་མོ་ཡོད་ཀྱི་བག་མཛོད་ལ། །ཐོས་པའི་མཐའ་རྒྱ་ཆོད་ཅིག་ཕྱི་མོ་ནས། ༡༩།གཞན་ཡང་དེང་དུས་རྫོགས་ཆེན་པ་འགའ་ཡི། །ཅི་ཡང་མི་བྱེད་རང་བབ་གནས་པ་དེ། །ཆོས་སྐུ་ཡིན་ཟེར་དེ་ཡང་དོན་མ་འབྲེལ། །སེམས་མེད་གནས་ལྔར་དངོས་གནས་ཅིས་མི་བྱེད། ༢༠།རྫོགས་པ་ཆེན་པོ་གཡོ་སྒྱུའི་ལྟ་འདྲ་མིན། །དེ་ལ་སྨྲ་བསམ་བརྗོད་བྲལ་ཁས་མི་ལེན། །གང་ཡང་སངས་རྒྱས་ཡེ་ཤེས་ལ་གནས་པ། །དེ་ནི་ལྷུན་གྲུབ་རྫོགས་ཆེན་ཁྱད་པར་ཆེ།༢༡།རྟོག་མེད་ཀུན་གཞི་སྒོམ་དུ་མི་ལྟ་བར། །གསལ་སྟོང་རིག་པ་དེ་བཞིན་ཉིད་ཀྱི་གཞི། །ཇི་བཞིན་མ་རིག་ལྷན་སྐྱེས་རྨོངས་བྲལ་བ། །དོན་གྱི་ཀུན་གཞི་མ་ཡིན་ཁྱད་པར་༡འཕགས། ༢༢།སྣ་ཚོགས་སྡུད་ཅིང་སྣོད་བཅུད་རྒྱ་ཆེན་དམིགས། །ལུས་གནས་དོན་དུ་བག་ཆགས་མ་གྱུར་བ། །གསལ་ལ་རྟོག་མེད་ཀུན་གཞིའི་ཤེས་བཅས་ལས། ཁྱད་པར་འཕགས་པའི་ཡོན་ཏན་དང་༢ཡང་ལྡན། ༢༣།ང་དང་བདག་དུ་བཟུང་བའི་ལོག་ཤེས་ལས། །ལྟོས་ནས་ཡུལ་དུ་ཞེན་པར་བྱས་པ་ཡི། །ཉོན་མོངས་ངར་འཛིན་ཡིད་ཀྱི་རང་བཞིན་ལས། །བདག་འཛིན་བྲལ་བའི་ཁྱད་ཆོས་དེ་ཡང་༣འཕགས། །ཚོགས་ཡུལ་སྣ་ཚོགས་ཕ་རི་ཚུར་རི་བཞིན། །གང་ཡོད་ལ་བརྟེན་བྱད་དང་མེ་ལོང་གིས། །རྣམ་པ་ལྟ་བུར་ཤེས་པའི་སེམས་ཡིད་ལས། །ཡུལ་ལམ་བྱས་པ་མེད་པའི་ཁྱད་པར་༤འཕགས། །ཆོས་ཅན་ལ་ལྟོས་ཇི་སྙེད་ཤེས་པའང་། །ཆོས་ཉིད་ལ་གནས་གཡོ་མེད་ལྷུན་འབྱམས་པ། །ཡུལ་ལ་གཅིག་དུ་འཛིན་པའི་ཤེས་དབང་ལས། །རྣམ་པར་མི་སེམས་ཤེས་པའི་ཁྱད་པར་༥འཕགས། །གཟུང་བ་ཡུལ་ཞེན་ཉེ་བར་ལེན་པ་ཡི། །ཡུལ་གྱི་རྗེས་སུ་འབྲང་བའི་རྟོག་པ་སྐྱེ། །མེ་ལོང་ལྟ་བུར་ཡུལ་ཀུན་འུབ་ཆུབ་པའི། །ཕྱིར་ལ་སྙོགས་པ་མེད་པའི་ཁྱད་པར་༦འཕགས །བཅོ་ལྔའི་ཟླ་བ་ཡུལ་དང་འདྲེས་པ་ལས། །གསལ་བཞིན་མ་ཡིན་ནམ་མཁའ་དག་པའི་ངང་། །སྣོད་བཅུད་སྣང་བ་མ་འདྲེས་ཐ་དད་ཀྱང་། །ནམ་མཁའ་ཉིད་ལ་གོས་པ་མེད་བཞིན་༧སྣང་། །སྐྱེ་བ་ཡུལ་མེད་ཡེ་ནས་ཤེས་པ་ལ། །དུས་གསུམ་འབྲེལ་ཆད་ཀ་དག་ཆེན་པོ་ནི། །སྐྱེ་བའི་ཡུལ་ལ་ལྟོས་པའི་ཤེས་བཅས་ལ། །ཁྱད་པར་འཕགས་པའི་ངོ་མཚར་རྨད་༨པོ་ཆེ། །གང་ཞིག་ཡུལ་ལ་སེམས་ནས་སྐྱེས་པ་སྟེ། །ཡུལ་ཞིག་པ་ན་འགགས་པར་འགྱུར་བ་ན། །རྩ་བའི་རིག་པ་སྐྱེ་བ་མེད་པ་ལ། །འགགས་དང་མ་འགགས་མེད་པར་གྲོལ་བས་༩ཁྱད། །སྐྱེ་བ་ཅན་ལ་གནས་སོགས་ཡོད་ནའང་། །དེ་མེད་པ་ནི་མཉམ་ཉིད་བཅུ་ལ་གནས། །གནས་དང་མི་གནས་མེད་པའི་བདག་ཉིད་དེ། །སེམས་གནས་ཐབས་ཀྱི་མི་ཟིན་ཁྱད་པར་༡༠འཕགས། །སེམས་ནི་དུག་གསུམ་རང་བཞིན་དང་ལྡན་པའི། །བྱིང་རྒོད་རྨུགས་པའི་སྐྱོན་དང་མ་བྲལ་བའི། །དེ་ལ་གནས་འགྱུའི་ཉེས་པ་བརྟེན་པའི་ཕྱིར། །རིག་པ་བྱིང་རྨུགས་བརླ་བའི་ཁྱད་པར་༡༡འཕགས། །སེམས་ནི་དབང་པོ་རྟོག་མེད་ཅི་བཞིན་དུ། །ཡུལ་ཀུན་ཤེས་ཀྱང་རང་ཉིད་མི་ཤེས་ལ། །རིག་པ་གཏིང་གསལ་རང་ཤེས་གཟུང་འཛིན་བྲལ། །བྲལ་བཞིན་ཤེས་པའི་ཁྱད་པར་བླ་ན་མེད། །སེམས་དང་སེམས་བྱུང་གཙོ་འཁོར་མང་ཡོད་དེ། །དེ་ལས་ཉོན་མོངས་བག་ཆགས་ལས་སོགས་ན། །རིག་པ་གཅིག་པུའི་འུབ་ཆུབ་གོ་གདལ་ན། །ཆ་ཤས་སྤྲོས་དང་བྲལ་སྣང་ཁྱད་པར་༡༢འཕགས། །གཅིག་པུ་ངོས་བཟུང་བྲལ་བའི་ངོ་བོ་ནི། །ཆོས་ཀུན་སྙིང་པོར་ཡེ་ནས་སངས་རྒྱས་པས། །བྱས་དང་མི་རྟག་མཚན་ཉིད་བོར་བའི་ཕྱིར། །འདུས་མ་བྱས་པའི་ལྷུན་གྲུབ་ཁྱད་པར་༡༣འཕགས། །ངོ་བོ་ཡེ་སྟོང་སྤྲོས་དང་བྲལ་བ་ལ། །རང་བཞིན་གསལ་ཁྱབ་ལྷུན་གྱིས་གྲུབ་སྣང་བ། །ཐུགས་རྗེ་ཕྱོགས་མེད་ཀུན་ཤར་ཡེ་ཤེས་སྟེ། །གཞི་ལ་གནས་པའི་ཁྱད་༡༤པར་གསུམ་དང་ལྡན། །འགྱུར་མེད་རྟག་ཁྱབ་ཆོས་སྐུ་བདེ་བ་ཆེ། །ཆོས་ཀྱི་དབྱིངས་ལས་རང་བྱུང་རིག་པའི་ལྷ། །མ་འགགས་ཟང་ཐལ་འཁོར་འདས་དག་མཉམ་བརྡལ། །ཀུན་ཤེས་ལྷུན་གྲུབ་མཚན་ཉིད་ལྔ་ཡི་༡༥འཕགས། །ཆོས་ཀུན་ཆོས་ཉིད་ཟད་པའི་ངང་དུ་ཆུད། །གཉིས་རྟོག་བྲལ་བཞིན་གནས་སྣང་གཉིས་ཆར་མཁྱེན། །བློ་ཡི་ཡུལ་འདས་དོན་གྱི་དངོས་མཚན་ཞི། །ཡུལ་ལ་ཁྱབ་པའི་ཁྱད་པར་གཉིས་དང་༡༦ལྡན། །གཞན་ལས་མ་བྱུང་རང་བྱུང་ཆེན་པོ་ནི། །སུས་ཀྱང་གང་དུ་སྔ་ཕྱིར་བསྒྱུར་དུ་མེད། །མི་ཤིགས་ཐིག་ལེ་ཆེན་པོའི་བདག་ཉིད་དེ། །རྒྱུ་མེད་རྐྱེན་དང་བྲལ་བའི་ཁྱད་པར་༡༧འཕགས། །སྐྱོན་ལ་བསལ་མེད་ཡོན་ཏན་གསར་ཐོབ་མེད། །རྩོལ་མེད་ཡེ་བབ་གཉུག་མ་ཆེན་པོ་ནི། །བདེ་སྡུག་སྣ་ཚོགས་འབྲལ་འདུའི་སེམས་ཉིད་ལས། །དེང་ལེན་གཡོ་འགྱུར་འབྲལ་འདུ་མེད་པའི་༡༨འཕགས། །རིམ་བཞིན་རྟོགས་ནས་ཤེས་སྨྲོ་སྒྲོ་འདོགས་འཕྱང་། །མི་རྟོག་མི་རྟོགས་རྨོངས་པའི་སྐྱོན་མེད་པའི། །ཟག་མེད་ཀུན་མཁྱེན་ཐ་དད་སྒྲོ་འདོག་ཆོད། ཁྱད་༡༩པར་ཆེ་བ་མཆོག་ཨེ་མ་ཧོ། །སྐྱེ་འགགས་གྲངས་ལས་དུས་གསུམ་རྣམ་པར་དབྱེ། །དུས་གསུམ་འབྲེལ་ཆད་ཀ་དག་ཆེན་པོ་ནི། །ཐ་སྙད་ཀུན་ཞི་དབྱེ་བསྡུ་མེད་པ་ཡི། །ཀ་དག་༢༠ཕྱལ་བ་ཆེན་པོ་ཁྱད་པར་འཕགས། །ཐམས་ཅད་ཐམས་ཅད་བྱང་ཆུབ་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་སུ་མ་འདུས་ཆོས་མེད་པས། །བྱང་ཆུབ་རང་བཞིན་དེ་ལ་འགྱུར་མེད་ནི། །མངོན་བྱང་མི་འགྱུར་རྡོ་རྗེའི་ཁྱད་པར་༢༡འཕགས། །ཟག་མེད་རང་བཞིན་ཉི་ཤུ་རྩ་གཅིག་གི །དོན་ལྡན་བྲལ་སྨིན་འབྲས་བུ་ཉེར་སྤྱད་དུ། །འོས་ཕྱིར་ཆོས་ཉིད་མཐུན་པར་གཤེགས་པ་ཡི། །ཚིག་གི་གཞར་ཡང་འདི་ལ་སྤྲོས་པའོ། །གཞི་དང་ལམ་གྱི་ཀ་དག་དངོས་གཅིག་ཀྱང་། །རླུང་སེམས་སྐྱོན་དང་བྲལ་ལམ་མ་བྲལ་ཁྱད། །ཤེས་ནས་ལམ་གྱི་རིག་པ་ལ་བཞག་པའི། །དགོངས་པའི་དངས་དྲུག་ཡང་དག་ངང་འབྱམས་སྟེའི། །རྒྱ་མཚོ་ཅོག་བཞག་རླབས་ཀྱིས་མི་གཡོ་བར། །རིག་པ་ཤེས་རབ་རང་བྱུང་སྒྲོན་མ་ནི། །གསང་བཅུད་ཕུན་སུམ་ཚོགས་ལ་ཀློང་ཡན་པས། །ཟིལ་གནོན་གསུམ་གྱི་སྣང་སེམས་ཅེར་བཞག་ནས། །༈རང་གྲོལ་གསུམ་གྱི་མངག་གཞུགས་རྩལ་ཡན་ཏེ། །སྐྱེལ་སོ་ཆེན་པོ་གཅིག་དུ་གདེངས་ཆེན་རྙེད། །ངོ་མཚར་བདུན་གྱི་རང་བཞིན་དེ་རིག་ནས། །ཏིང་འཛིན་ཟབ་མོ་མཐར་ཕྱིན་གྲོལ་དྲུག་གནས། །དེ་ལས་ནང་གསལ་དབྱིངས་ཀྱི་སྐུ་གསུམ་དང་། །ཆོས་སྐུའི་ཡེ་ཤེས་ཕྱིར་གསལ་སྐུ་གཉིས་ཀྱིས། །རང་གཞན་དོན་གཉིས་ལྷུན་གྲུབ་ཉི་མ་ཤར། །དེ་སླད་བླ་མའི་ཟབ་དགུའི་གདམས་པའི་བཅུད། །ཆུ་བརྒྱ་མ་དྲོས་མཚོ་རུ་འུབ་ཆུབ་ལྟའི། །རྣམ་པར་མི་རྟོག་ཡེ་ཤེས་ངོ་བོ་ནི། །མངོན་རྟགས་འཛིན་སོགས་ལྔ་སྤངས་རང་མཚན་ཉིད། །མགོན་པོ་བྱམས་པས་མཛད་པའི་དགོངས་པ་བཞིན། །བདག་ནི་སྐྱེས་སྦྱངས་ཤེས་རབ་དམན་གྱུར་ཀྱང་། །ཡང་དག་ཇི་ལྟའི་དོན་གྱི་དངོས་ཞལ་ཉིད། །བླ་མའི་དྲིན་གྱི་རྗེན་ཅེར་བསྟན་པ་ལ། །ལམ་ནོར་ཉེས་པ་མེད་པར་གོར་མ་ཆགས། །གཞི་ལམ་འབྲས་བུའི་རྣམ་བཤད་མཐའ་ཡས་ཀྱང་། །འདི་མ་ཤེས་ན་ཀུན་ཀྱང་འོལ་ཚོད་ཙམ། །འདི་མཐོང་ཐམས་ཅད་དོན་ལ་གནས་པ་ལ། །བཤད་ཀྱང་མི་དགོས་རང་གམ་འདུག་པ་འདྲ། །སྙན་སྙན་སྤྲོས་པའི་ཚིག་ལ་རྟོན་པ་ན། །གཞན་གསུམ་ཕྱིན་ལོག་གོལ་བའི་མཚང་རིག་ནས། །སྤྲོས་པ་བསྐྱུང་བའི་ཚིག་ལ་བཟློས་སྐྱོན་སོགས། །མཆིས་ཡང་ཚིག་ལ་མ་བརླན་སེམས་དོན་ཚོལ། །༈འདོན་དང་སྒྲུབ་པའི་དགེ་ལ་མ་ཆགས་ཤིང་། །མཉམ་བཞག་བྱ་བ་དགུ་སྤྲུགས་དང་ལྡན་པའི། །རང་བཞག་བསལ་དུ་སྒྲུབ་མེད་གཞི་ཕྱལ་བ། །དེ་ལས་སྣང་བཞི་ལུགས་ལྡོག་མངོན་སུམ་རྟོགས། །༈དོན་གྱི་མཐར་ཐུག་མ་གྱུར་ང་ཡི་བསླུས། །དེ་ཚུལ་རྣལ་འབྱོར་ག་ག་ཨ་བྷྱེ་ཡིས། །རང་གི་ཉམས་སུ་བསྟར་པའི་དངོས་འབྲས་ལས། །གཞན་ལ་འདོམ་དུ་རིགས་བདག་གནང་བ་ཐོབ། །བསྐུལ་པོ་པདྨ་མ་ཏི་དེའི་ངོ་རུ། །ཏིང་འཛིན་སྲང་དུ་ཚུད་པའི་ཕྱིར་གདམས་སོ། །ཟབ་གསང་རྫོགས་ཆེན་ལྟ་བའི་རྒྱུད་མཐའ་དག །མང་དུ་བཞུགས་པས་འགྲམ་ཆུ་མི་ལྡང་ཀྱང་། །ཀུན་གྱིས་གཟིགས་མོ་མཛད་ན་དོན་རྩ་ཡིན། །བསྐུར་བཏབ་དཔལ་འཛིན་རྗེས་སུ་སོན་པར་འགྱུར་། །དེ་བས་ནང་དོན་རིག་པར་འདོད་རྣམས་ཀྱིས། །འདི་ལ་རྣལ་འབྱོར་བྱ་བ་གདམས་ངག་གོ ། འཇིགས་མེད་སྒྲ་དབྱངས་རྒྱ་མཚོའི་གསུང་བསྐྱེད་དང་། །ཆོས་སྐུའི་བླ་མའི་རིང་བསྲེལ་བཀའ་དྲིན་ལས། །ཡེ་ཤེས་དངོས་གྲུབ་བརྙེས་ལ་ཅི་ཞིག་བསྙོན། །དེ་ཡང་ང་རང་དགའ་སྤྲོད་བདུད་ཡིན་ནམ། །ཞེས་རྣལ་འབྱོར་པདྨ་བློ་གྲོས་ཀྱི་ངོར་འོད་གསལ་རྫོགས་པ་ཆེན་པོའི་ཚིག་རྣལ་འབྱོར་དུ་བྱེད་པ་ག་ག་ཨ་བྷྱེའི་བྲིས་པ་དུས་གསུམ་ཀུན་ཏུ་བཀྲ་ཤིས་བར་གྱུར་ཅིག །མངྒ་ལཾ། །

རྟོགས་པའི་ཐོལ་གླུ་དཔའ་བོ་མཁའ་འགྲོ་དགྱེས་པའི་གད་མོ།

རྟོགས་པའི་ཐོལ་གླུ་དཔའ་བོ་མཁའ་འགྲོ་དགྱེས་པའི་གད་མོ་ཞེས་བྱ་བ་བཞུགས་སོ༔

ཨེ་མ་ཧོ༔ ཚོགས་སྨོན་ལས་འཕྲོ་བཟང་པོའི་རྒྱུ་རྐྱེན་གྱིས་བསྐྱེད་པའི༔ དལ་འབྱོར་ཕུན་སུམ་ཚོགས་པའི་ཞིང་བཟང་ཞིག་རྙེད་ནས༔ སྐུ་གསུམ་དམིགས་མེད་ཐུགས་རྗེའི་སྤྲིན་ཆེན་ལས་ཐོན་པའི༔ ཐེག་གསུམ་གྲུ་ཆར་རིགས་ཁམས་ས་བོན་ལ་ཐེབ་ཕྱུང་༔ རང་རིག་དོན་གྱི་གསང་ཆེན་ཀུན་བཟང་གི་ཆོས་སྐུ༔ རང་མདངས་སྒྱུ་འཕྲུལ་རྡོ་རྗེའི་བླ་མ་རུ་ཤར་ནས༔ འགགས་མེད་གསུངས་འདིའི་སྣང་བའི་དབང་ཁྲིད་ཀྱི་མཐུ་ལས༔ གཞི་རིག་བྱང་ཆུབ་ཆེན་པོའི་སྨིན་བྱེད་དུ་ཐལ་ལོ༔ ལྟ་བས་འཁོར་འདས་དབྱེར་མེད་དག་མཉམ་རིམ་རྟོགས་ནས༔ བསྒོམ་བྱུང་སྣང་བ་རྣམ་འབྱེད་རང་དབང་ཀྱང་བརྙེས་ཤིང་༔ དེ་རིང་ཕུན་ཚོགས་ལྔ་ལྡན་ཚོགས་སྒྲུབས་སུ་ཞུགས་ཏེ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་དུས་གཅིག་ལ་འདུམ་ཕྱིར༔ སྣང་སྟོང་ཐབས་ཤེས་ཐིག་ལེའི་ཟབ་མོ་དབང་མཆོག་མཐུའི༔ མགོན་པོ་ལྔ་ཡི་རང་བཞིན་ཕྱི་ནང་གི་དཀྱིལ་འཁོར༔ ཉི་ཁྲི་ཆིག་སྟོང་འབབས་པ་སྒྲ་གཅན་ལ་ཐིམ་ནས༔ རླུང་གི་འགྲོས་ཀྱིས་སྣང་བའི་ཡེ་ཤེས་འདི་མཚར་རོ༔ ཁམས་གསུམ་ཞིང་བསྒྱུར་དུག་གསུམ་རྩི་བསྒྱུར་གྱི་བདུད་རྩི༔ དང་དུ་བླངས་བའི་དམ་ཚིག་རིགས་ལྔ་ཡི་བརྟུལ་ཞུགས༔ འདོད་ཡོན་ལྷ་མོའི་འཇོ་སྒེག་ནམ་མཁའི་མཛོད་རྣམ་རོལ༔ སྣང་སྲིད་གཞིར་བཞེངས་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་འཁོར༔ ཚིམ་པ་དྲུག་ལྡན་བདེ་ཆེན་དགའ་སྟོན་དེའི་མཐུ་ལས༔ གཞི་རྒྱུད་བདེ་གཤེགས་སྙིང་པོ་སྐུ་གསུམ་གྱི་དཀྱིལ་འཁོར༔ མ་རྟོགས་ཡེ་ཤེས་ལྷ་ཚོགས་གཞན་བཟུང་གི་གོལ་རྟོག༔ རང་རིག་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་རུ་སྨིན་ནས༔ རྣམ་སྨིན་སྐྱེས་ཀྱི་ཕུང་ཁམས་སྐྱེ་མཆེད་ལ་བརྟེན་བཞིན༔ རྣམ་དག་སེམས་ཉིད་ཕྱག་རྒྱ་ཆེན་པོར་ནི་མངོན་པ༔ དངོས་གྲུབ་ལྷ་ཡི་ཚོགས་འཁོར་དམ་པ་ཞེས་དེ་ཀོ༔ ད་ནི་རིག་པ་འཛིན་པའི་གྲྭལ་འགོ་ལ་གནས་སོ༔ ལས་ཅན་རྣལ་འབྱོར་ཐབས་ཤེས་ཟུང་འཇུག་གི་ལྷ་སྐུ༔ དཔའ་བོ་དཔའ་མོར་ཡེ་ནས་རང་གྲོལ་གྱི་ངོ་བོ༔ དེ་རིང་རྗེས་དཔག་རྟགས་དང་གཏན་ཚིག་ལས་འདས་པར༔ མངོན་གྱུར་སྐལ་ལྡན་མི་ཡི་ཚོགས་འཁོར་དེ་ཚར་ཕྱིན༔ རྩ་རླུང་ལས་སུ་རུང་བའི་ཐབས་ལྡན་པའི་སྤྱོད་པ༔ གསུམ་པའི་དབང་གི་ཉམས་ལེན་དབབ་ལྡོག་གིས་མཐུ་ཡིས༔ དཔེ་ཡི་འོད་གསལ་མྱོང་བའི་ཤིང་རྟ་ལས་དྲངས་ནས༔ རང་བཞིན་ལྷན་ཅིག་སྐྱེས་པའི་རང་ཞལ་ཀྱང་མཇལ་བྱུང་༔ སྣང་སྲིད་ལྷ་སྐུར་སྨིན་པ་བསོད་ནམས་ཀྱི་ཚོགས་ལས༔ ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཚོགས་མཐར་ཐུག༔ ཡེ་རྫོགས་སྐུ་གཉིས་འཕྲལ་དག་དེ་རིང་གི་སྐལ་བཟང་༔ འདི་ལས་གཞན་ཞིག་ནམ་ཡང་བརྗོད་གཞི་ཡི་དབུལ་སོང་༔ ཨ་ཧོ་ཡེ༔ དེ་སྔོན་མ་དག་སྒྱུ་མའི་བརྫུ་བག་གི་རོལ་བའི༔ འདོད་ཡོན་སྒེག་མོའི་བཞིན་རིས་བསླུ་བྲིད་ལ་མཁས་ཀྱང་༔ དེ་ནི་ཡེ་ཤེས་རྒྱན་གྱི་འཁོར་ལོ་རུ་རྫོགས་སངས༔ འདོད་ཡོན་སོ་ན་མི་འདུག་ཆ་མེད་དུ་དེངས་སོང་༔ ང་བདག་ཀུན་དཀྲིས་དམ་པོའི་འཆིང་བ་ཞིག་ཡོད་དེ༔ འཆིང་བྱ་འཆིང་བྱེད་འཆིང་ཡུལ་མཁན་པོ་རང་མ་རྙེད༔ མ་བཀྲོལ་རང་གྲོལ་ཡེ་གྲོལ་ཆེན་པོ་རུ་གྲོལ་ནས༔ བདག་འཛིན་སོ་ན་མི་གནས་ཆ་མེད་དུ་དེངས་སོང་༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་ཕྲག་དོག༔ བག་ཉལ་ཀུན་ནས་སྡང་བའི་མཚན་ཉིད་ཞིག་ཡོད་དེ༔ རང་བྱུང་ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་དུ་དག་ནས༔ ཉོན་མོངས་སོ་ན་མི་གནས་ཆ་མེད་དུ་དེངས་སོང་༔ ངམ་འབྲོག་གཡང་ས་རིགས་དྲུག་སྙིགས་མ་ཡི་གནས་ངན༔ སྡུག་བསྔལ་གཅོང་རོང་ཟབ་མོའི་ལྟུང་གནས་ཤིག་ཡོད་དེ༔ རང་སྣང་དོན་གྱི་འོག་མིན་ཆེན་པོ་རུ་གྲོལ་ནས༔ གནས་རིས་སོ་ན་མི་འདུག་ཆ་མེད་དུ་དེངས་སོང་༔ རྣམ་སྨིན་སྡུག་བསྔལ་སྙིགས་མ་འབྱུང་འདུས་ཀྱི་གཡར་ཁང་༔ ཟག་བཅས་འདོར་ལེན་སྒྱུ་མའི་ལུས་པོ་ཞིག་ཡོད་དེ༔ དབྱིངས་ལྔ་བདེ་ཆེན་ཡུམ་གྱི་དཀྱིལ་འཁོར་དུ་གྲོལ་ནས༔ ཕུང་པོ་སོ་ན་མི་གནས་ཆ་མེད་དུ་དེངས་སོང་༔ སྐྱེ་འགགས་རྒྱུ་རྐྱེན་འབྲེལ་བའི་ཚོགས་བརྒྱད་ཀྱི་རྟོག་པ༔ འགྱུར་བཅས་ཟུག་རྔུའི་རྩེན་པའི་སེམས་སྣང་ཞིག་ཡོད་དེ༔ ཆོས་སྐུ་གཞི་ལྡན་ཆེན་པོའི་དགོས་པ་རུ་གྲོལ་ནས༔ སྣང་སེམས་སོ་ན་མི་འདུག་ཆ་མེད་དུ་དེངས་སོང་༔ བདག་སྣང་ལོག་རྟོག་ངན་པས་བཅོས་མ་ཡི་གཟུགས་བརྙན༔ གཞན་སྣང་དམུ་རྒོད་འཁྲུལ་བའི་སེམས་ཅན་ཞིག་ཡོད་དེ༔ རིག་འཛིན་སྨིན་པ་རྒྱ་མཚོའི་དཀྱིལ་འཁོར་དུ་དག་ནས༔ རྒྱུད་ལྔ་སོ་ན་མི་གནས་ཆ་མེད་དུ་དེངས་སོང་༔ ས་ལམ་ཏིང་འཛིན་རྟོགས་པའི་ཡོན་ཏན་གྱི་རྣམ་གྲངས༔ ལྟོས་བཏགས་དག་པའི་རྟེན་ཅིང་འབྲེལ་འབྱུང་ཞིག་ཡོད་དེ༔ ཅིག་ཆོད་བློ་རིམ་གྲོལ་བས་ཆོས་ཟད་ལ་སླེབས་ནས༔ ཉམས་རྟོགས་སོ་ན་མི་འདུག་ཆ་མེད་དུ་དེངས་སོང་༔ ཉོན་མོངས་ཟག་པ་ཟད་པའི་རྟེན་མེད་ཀྱི་མཁའ་ལ༔ ཁམས་གསུམ་དབང་མེད་ཟག་པའི་ཉམ་ང་ཡི་གཡང་སྟོང་༔ ལུས་ལྔའི་ཟག་པ་ཕྱག་རྒྱ་ཆེན་པོ་རུ་སྲ་ཡས༔ འདི་ཡང་ངོ་མཚར་རྨད་བྱུང་རྣལ་འབྱོར་པའི་ཁྱད་ཆོས༔ ད་ནས་ཐོད་རྒལ་འབྱུང་བའི་ཆོས་གསུམ་རང་ལྷག་ནས༔ འདོད་ན་ཞག་བཅུའི་བྱང་ཆུབ་ཡོན་ཏན་ཚོར་དབང་བསྒྱུར༔ ཚོམ་བུ་ཕྱམ་གཅིག་ཐོགས་མེད་གཞན་དོན་ལ་ཆས་འགྲོ༔ འཁོར་བ་དོང་སྤྲུགས་རྟེན་དེ་རིང་ནས་འགྲིགས་བྱུང་༔ དགའ་འོ་ལྷན་སྐྱེས་བདེ་ཆེན་ཐོབ་པ་ངས་དགའ་བ༔ སྐྱིད་དོ་ཟག་མེད་དབྱིངས་ལ་འཕྱོ་བ་འདིའི་སྐྱིད་པ༔ བདེའོ་འཁོར་བའི་མྱ་ངན་སངས་པ་འདི་བདེའོ༔ འཚེངས་སོ་བཅོམ་ལྡན་གདན་སར་འཁོད་པ་འདིའི་འཚེངས་སོ༔ འགྱུར་མེད་རྡོ་རྗེ་ལྟ་བུའི་གངས་ཆེན་པོར་འགྱིངས་ཤིང་༔ བསྙིལ་མེད་རྐང་བ་བརྒྱད་པའི་སྙེམས་པ་དེ་འཆང་ནས༔ འཛད་མེད་ཆུ་སྤྲིན་ལ་ ༼ སྤྲིན་ལྟ་བུའི་སེམས་བསྐྱེད་མཆན། ༽དཀྱུའི་དུས་རྔ་དང་བརྩེ་བཞིན༔ འཇིགས་མེད་སྒྲ་དབྱངས་ཆེན་པོའི་གདུགས་ཞོ་ཞིག་ལོས་ཕབས༔ ཀུན་རྨོངས་ཁྲི་མུན་ཁྲོད་ན་ལས་ཉོན་གྱིས་བཅིངས་ཏེ༔ བཟོད་མེད་བཙོན་སྡུག་ཕ་མ་མཁའ་མཉམ་གྱིས་སེམས་ཅན༔ དགའ་བའི་གར་བསྒྱུར་རྩེ་བྲོའི་གླུ་ཆུང་ཞིག་སྒྲོགས་དང་༔ མི་འཇིགས་དབུགས་དབྱུང་ཆེན་པོ་རྣལ་འབྱོར་ངས་སྩལ་ཡོང་༔ དབྱིངས་བཞུགས་རྟོགས་པ་མངོན་གྱུར་འབྱོན་བཞུགས་ཀྱི་སངས་རྒྱས༔ འགྲོ་བའི་སྡུག་བསྔལ་གཟིགས་པས་ཐུགས་ངལ་དེ་ཐོངས་དང་༔ ད་ནས་ཕྲིན་ལས་རྫོགས་པར་ངེད་ཅག་གིས་བསྒྲུབ་གཏོང་༔ མཐུན་འགྱུར་བྱིན་རླབས་མེ་ཏོག་སྤྱི་བོ་རུ་སྩོལ་ཤོག༔ དེ་ལྟར་སྙན་འགྱུར་གླིང་བུའི་གླུ་དབྱངས་སུ་བླངས་པས༔ རྒྱལ་བའི་ཞིང་ཁམས་རྒྱ་མཚོར་སྙན་སྤྲིན་གྱི་རོལ་མོའི༔ བསྟོད་དབྱངས་ཕྱོགས་དུས་གནས་སྐབས་ཐམས་ཅད་པར་ཁྱབ་འབྱུང་༔ ཆོས་ཉིད་རང་སྒྲའི་མཆོད་པས་དགྱེས་སྐོངས་སུ་གྱུར་ཅིག༔ ཐེག་ཆེན་དམ་པའི་ཆོས་ཀྱི་རྒྱལ་རྔ་རུ་བརྡུང་བས༔ འགྲོ་ཀུན་མ་རིག་མལ་དུ་དུབ་པ་ལས་བསླང་ནས༔ ཡང་དག་བདེན་པའི་དོན་གྱིས་གསང་ལམ་དུ་བཀོད་དེ༔ འགོགས་བདེན་མཐར་ཐུག་མྱུར་ཐོབ་འཁོར་ལོ་རུ་གྱུར་ཅིག༔ འདིར་འཚོགས་རྩ་གསུམ་རྡོ་རྗེའི་མཆེད་ལྕམ་དང་བཅས་པའི༔ སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་སྤྲིན་དུ་འཇོ་བའི༔ བྱིན་རླབས་དངོས་གྲུབ་བདུད་རྩིའི་དུས་ཆར་གྱི་མཐུ་ལས༔ ཉམས་རྟོགས་མྱུ་གུའི་གེགས་སྒྲོལ་སྨིན་བྱེད་དུ་གྱུར་ཅིག༔ ཆོས་ཅན་རྟེན་འབྲེལ་འཁྲུལ་འཁོར་འདུས་བྱས་དང་འཁོར་བ༔ མཉམ་གྲོལ་འདུས་མ་བྱས་པ་ལྷུན་གྲུབ་ཀྱི་སྦུབས་སུ༔ ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་པའི་སྐུར་མཉམ་གྲོལ༔ མངའ་དབང་རྫོགས་པའི་ཀུན་བཟང་གཏན་སྲིད་ལ་འགོད་འགྲོ༔ ཅེས་ཀྱང་ཤེས་རབ་བློ་འཕེལ་དང་། པདྨ་བློ་གྲོས་ཟུང་གིས་བསྐུལ་བ་ལ་བརྟེན་ནས་དབུ་ཙམ་བཙུག་པ་ལ། རྡོ་རྗེ་འཛིན་པ་ཆེན་པོ་འགྱུར་མེད་རྣམ་པར་རྒྱལ་བ་ནས་ཀྱང་ལེགས་སོའི་མཐུན་འགྱུར་དང་དབུགས་དབྱུང་ཐོབ་པ་ལས་སྒྱིད་སྙོམས་ལེ་ལོ་སྤང་ནས་ཚིག་རིས་ལ་སྤངས་བླང་མེད་པར་ཐོལ་བྱུང་དུ་དུས་མཐའི་སྔགས་མིང་ག་ག་ཨ་བྷྱེས་གླུར་བླངས་པ་མ་བཅོས་པའི་དོ་ཧ་ཞིག་གོ །སརྦ་མངྒ་ལཾ། །

རྡོ་རྗེ་རིག་པའི་ཐོལ་གླུ་སེང་གེའི་རྩལ་སྤྲུགས་མ།

རྡོ་རྗེ་རིག་པའི་ཐོལ་གླུ་སེང་གེའི་རྩལ་སྤྲུགས་མ་བཞུགས་སོ། །

ཨེ་མ་ཧོ༔ སྣང་སྲིད་རྣམ་པར་དག་པ་མཆོག་གི་རང་བཞིན་དུ། །གཟོད་ནས་ལྷུན་གྱིས་གྲུབ་པའི་ཆེ་བ་བབས་ཀྱི་ཚུལ། །འཕྲལ་དུ་མིན་ཀྱང་ཅི་རེ་ལོང་དུ་ཐལ་བའི་ཚོགས། །བསམ་ཞིང་སྙིང་ནས་བརྩེ་བའི་མིག་ཆུ་རབ་ཏུ་དཀུ། ༡།མི་ཤེས་རྒྱར་འཐུམ་རང་ལ་རང་གི་སྦས་ཤིང་གབ། །འདི་ན་ཁྲོན་པའི་རྗེས་སྙོག་སྐོམ་གྱིས་མ་འབྱོར་འདྲའི། །ཅུང་ཞིག་གཟུ་བོའི་རེ་འགའ་འམ་གཏན་གྱི་ཉོན་མི་མོངས། །དེ་ཚུལ་མཐོང་བའི་རྣལ་འབྱོར་ཁོང་ནས་བརྩོན་མི་ལྷོད། ༢།ཇི་ཞིག་གནམ་ལྕགས་སྲ་འབར་གཞོམ་བྲལ་ཕ་རོལ་འབིགས། །དེ་བཞིན་ཐོག་མེད་འཁྲུལ་བའི་བྲག་ལ་རབ་གཟེན་པ། །ཡེ་ཤེས་བརྟན་འཛིང་བཟློག་ཏུ་མེད་པའི་མཚོན་ཆེན་གྱིས། །དམ་རྒྱའི་ཟུང་དམན་ལྷོད་པོར་བྱེད་ལ་མི་ཕྱོགས་སམ། ༣།གང་གིས་མི་འབྱེད་གང་ཡང་མི་དགོས་རང་གྱེས་པའི། །འཕྲོག་བྱེད་གསོབ་འདྲའི་ཁོང་སྐྱོན་བརྟོལ་མཁས་རྣལ་འབྱོར་ང། །མཁའ་ལ་དཀྱུས་བསྐྱོད་འོལ་དུ་ལྷུང་བ་སྲིད་ལས་ཏེ། །འདི་ན་དེ་བས་མི་སྲིད་ཆགས་སོགས་འཆིང་བས་སོ། ༤།བློ་ཡི་དཔྱད་སྟེ༵་སྣ་ཚོགས་མཆིལ་བའི་ཅ་ཅོ་ལྟའི། །རང་གམ་བཞག་སྟེ༵་རྨོངས་པའི་ཕྱུགས་འདྲའི་རྗེས་མི་དཔག །ཤུགས་ཀྱིས་བཀག་སྟེ༵་རྡོལ་ཆུ་མི་འབྱུང་རེ་བ་དང་། །སྙིང་ཁུ་ཕྱུང་སྟེ༵་དབྱེ་གསལ་བྱེད་པ་ངོ་མཚར་གནས། ༥།སྟོང་མིན་གཉིས་ཀྱིས་བྲལ་ལན་ལས་ཀྱང་རྒྱང་བསྲིང་བ། །རིག་ཙམ་ཐིག་གིས་མི་འགྱུར་གཟེར་ཆེན་ཡེ་གདབ་གང་། །ང་འདིར་བདོག་ཅེས་སྨྲ་བྱེད་སྒྲོན་པའི་གསུང་མཐོན་ཀྱང་། །དབང་དང་ཤེས་རབ་སྒྲ་འཛིན་བྱེད་པའི་སྟོང་ལེགས་སམ། ༦།སྤྲོས་པས་དབྱེན་དུ་ནམ་མཁའི་ཁམས་སུ་དཔེར་བརྗོད་དེ། །བརྟེན་ནས་བཏགས་པའི་འདུས་མ་བྱས་དེ་གང་ཞིག་ལྟ། ཁྱུང་དང་ཟ་འོག་བཻཌཱུར་ངོ་ཏིའི་གྱི་ནས་ཕྱོགས། །ཉམས་མྱོང་མེད་ལ་གཞན་གྱི་གནམ་པོར་འགྱུར་ལགས་སོ། ༧།མ་ཡིན་གཞན་གཅོད་པ་དེ་ཐོག་མའི་སངས་རྒྱས་སུ། །རློམ་ཀྱང་མཐོང་མ་མཐོང་གི་ཟུར་གཉིས་གཅིག་མི་ཟླུམ། །བློ་འདས་རྟོགས་པའི་བློ་མ་དག་དང་ཡིད་གཡོན་དུ། །འཛིང་ཞིང་ལྐོག་ཏུ་དྲུང་གིས་གཟུགས་ལ་ཅེ་རེ་ལྡོང་། ༨།ཀྱེ་ཧོ། །རང་བཞིན་ནམ་མཁའི་ནོར་བུ་འབར་བ་སློང་བྱེད་བྲལ། །རང་སྣང་སྟོན་པ་བི་མ་ར་སྨིས་འདྲ་འབག་གིས། །ལུ་གུ་རྒྱུད་རྟེན་སྐྱོན་ཆགས་དབྱེ་བའི་ཐུར་མའི་ཐེབ། གར་སོང་ཆ་མེད་རྨད་དེའི་མཚན་ཉིད་གཏན་ལ་ཕེབ། ༩།གྲགས་ཕྱིར་སྙེམས་འཆང་གཞན་གྱི་ལྟ་མིན་ངེས་པའི་རྙེད། །དགའ་སྐྱིད་ཆེན་པོས་དྲུག་པའི་དབང་པོ་རབ་དགང་སྟེ། གདོང་བ་ལྔ་ལྡན་རྩལ་གྱི་མ་རྫོགས་ཧེ་རུ་ང་། །ལུས་ལ་འཕྱོང་སྐྱེད་ཅུང་ཞིག་བརྟས་ནས་ག་བུར་གྱི། ༡༠།སྤོ་ལྟའི་སྨྲ་བའི་དབང་པོའི་ཚོགས་ཀྱི་འགྱིང་གནས་སུ། །དེ་དག་རྗེས་སོན་མགོ་བོའི་མར་གད་ཏ་བསིགས་ཏེ། ལྟ་དང་ལྟ་མིན་གྲོང་ཁྱེར་ཆེན་པོ་བསྟི་བའི་ཚོགས། །ཡང་དག་སྒྲ་ལ་ཟིལ་གནོན་བྱེད་དེ་གནོད་སྦྱིན་འདོད། ༡༡།སྨོན་པ་མེད་པའི་གདེངས་དང་གཟོན་པ་མེད་པའི་གདེངས། །རྒྱུ་འབྲས་དངོས་འཛིན་སྲིན་པོ་བཞི་ལ་ཐོབ་པ་འདི། །རྟེན་ཅིང་འབྲེལ་ལ་གདོང་གཏད་ཀྱིས་མིན་ཤེས་རབ་ཞུགས། །དངོས་དངོས་མེད་དང་རྣམ་རིག་རྫས་ལ་སྐྱབས་ཀྱི་བཏང་། ༡༢ །དེང་སྔོན་ཡིད་ཀྱི་གྲོགས་པོ་གཡོན་ལ་མཁས་པ་དེ། །བསད་དང་ཟིན་ན་དེ་ཙམ་ངལ་བ་མ་དགོས་ཞེས། །ཕྱི་ལ་འགྱོད་ཀྱང་ད་ལྟ་དགོས་པ་མ་མཆིས་སོ། །དོ་གལ་ཆེ་ན་ཀུན་གྱིས་དེ་ལྟའི་རིག་སྔགས་བསླབ། ༡༣ །གྱི་ན་གཤོང་མེད་སྙམ་པར་གནས་ལ་དགོས་འབྲེལ་གྱིས། །སྟོང་དེ་སྟོང་ཀྱང་རྣ་བའི་དབང་པོའི་ཚེར་མ་བཞིན། །དབེན་པ་གང་སྟེ་མི་དབེན་གང་སྟེ་རིག་གེ་རྗེན། །ཆོས་ཅན་ཆོས་ཉིད་རང་རིག་ལྟ་གསུམ་ཅིག་ཆར་བའོ། ༡༤།ཡོད་སྟོང་མེད་སྟོང་རང་སྟོང་ངོ་བོའི་སྟོང་། །གནས་སྟོང་འགྱུ་སྟོང་སྟོང་སྟོང་གཞན་གཉིས་རྣམ་བཅུ་བོའི། །སྤྲོས་པས་དབེན་ཏེ་དུས་གསུམ་སངས་རྒྱས་ཞལ་བསྡུར་ཀྱང། །འདི་ལས་ལྷག་པའི་གཏུག་ས་མེད་པའི་སྐྱེལ་སོ་ཆེ། ༡༥།ཡེ་གྲོལ་རང་གྲོལ་ཅེར་གྲོལ་མཐའ་གྲོལ་གཅིག་གི་ངང་། །དུས་ཀྱི་གྲོལ་ལ་གནད་དང་གདེང་གིས་གྲོལ་ཐོབ་པ། །འཁོར་བའི་སྲོག་གཅོད་འདྲེ་ཆེན་དེ་ཀོ་སྙིང་ལ་ཞུགས། །ཏིང་འཛིན་གསུམ་དང་ཅོག་བཞག་བཞི་ཡི་བརླབ་ཀྱི་རླབས། ༡༦།སྲོག་མེད་སྐུ་དང་སེམས་མེད་སེམས་ཅན་ལ་སོགས་པའི། །མི་སྲིད་སྲིད་པའི་འགལ་བའི་རྒྱན་འདྲ་བསམ་ཡས་པ། །རྟོག་གེ་རྟོག་ཆེ་བླུན་བསྒོམ་མུན་རྡོས་ཕྲག་དོག་དང་། །བཅས་ཏེ་གནས་པའི་སྲིད་པ་མཐའ་མའི་ཟབ་ཏིག་གིས། ༡༧།རྣམ་པར་གཅོད་ལ་བློ་ཚུབ་སློང་བའི་དགག་སྒྲར་ཚོགས། །དབང་པོའི་རང་མདངས་ཡིད་ཀྱི་རང་རྩལ་རྣལ་འབྱོར་མཆོག །རང་རིག་མངོན་སུམ་དམིགས་བྲལ་བཞིན་ལ་རྗེས་མི་ཆགས། ཧོ་ཡེ་དེ་ལྟའི་ཁྱད་པར་གང་ཡང་མེད་དོ་སྐད། ༡༨།ས་ཀུ་ཙི་ཡི་ཙིཏྟ་ཚལ་པར་བྱེད་པའི་ངག །འདི་ཡང་སེང་གེའི་སྒྲ་ཞེས་རྒྱལ་བའི་མེ་ཏོག་གི །གུས་པས་མཆོད་པ་དེ་ལས་གཞན་ཞིག་མ་ལགས་ཀྱང་། །ཆེས་ཆེར་བརྟོལ་བ་མེད་ཅེས་བསྐུར་བ་མ་བཏབས་སོ། །༡༩།དེང་གང་དེ་ལྟའི་རིགས་ལ་བློའི་ལྕེ་ལྡེ། །རང་རང་སྤྲོས་བྲལ་གཟིམ་ཆུང་འོག་ཏུ་ནི། །འབད་པས་སྣོར་ཏེ་གཞན་ལ་བཞིན་རྔམས་སྟོན། །ལེགས་ཀྱང་རང་འཚེ་དེ་ཙམ་མེད་པར་ཞུའོ། །༢༠ །ཞེས་རྣམ་པ་ཉི་ཤུའི་བྱང་ཆུབ་པའི་གྲངས་ལྡན་བསྟན་འཛིན་རྣམ་པར་རྒྱལ་བའི་བཞེད་སྐོང་དུ་ག་གཱ་བས་སོ། །

ལྟ་བའི་རྒྱང་གླུ་བསོད་ནམས་ཚོགས་ཀྱི་མཐར་ཐུག་གི་ངོ་ཏི་ལས་བརྩམས་པ་རང་བྱུང་དོན་སྦྱར།

།ཨེ་མ་ཧོ༔ ལྟ་བའི་རྒྱང་གླུ་བསོད་ནམས་ཚོགས་ཀྱི་མཐར་ཐུག་གི་ངོ་ཏི་ལས་བརྩམས་པ་རང་བྱུང་དོན་སྦྱར་བཞུགས་སོ། །

ཨ་ཡེ༔ འབྱོར་ལྡན་ཡོ་བྱད་ཚོགས་པའི་དངོས་པོའི་སྟོབས་ཞུགས༔ ཡར་ལ་དགྱེས་ལྡན་ལྷ་ཡི་ཚོགས་སུ་ལྷུན་གྲུབ༔ ཟུང་འཇུག་དཀྱིལ་འཁོར་ཚོམ་བུ་མ་བཀོད་རང་བྱུང་༔ རྡོ་རྗེ་ཕུང་པོ་དབྱེར་མེད་ཕྱག་རྒྱའི་ཡེ་བཏབས༔ དེ་ལས་སྐུ་ཡི་སྨིན་སོ་གཟུགས་ཀྱི་རོལ་མོ༔ རྟེན་འབྲེལ་གསུང་ཐུགས་འཁོར་ལོ་ཟག་པ་མེད་བཞུགས༔ སྐལ་ལྡན་ཕོ་མོ་ཚོགས་པའི་ཐབས་ཤེས་སྣང་ལྡོག༔ དངོས་གྲུབ་མཆོག་དང་ཐུན་མོང་ཉེ་རྒྱུ་ཨེ་མ༔ ཚིམ་པ་དྲུག་ལྡན་བདེ་ཆེན་ཐབས་ཀྱི་གསང་སྒོ༔ དབྱེ་མེད་ཏིང་འཛིན་ས་དྲུག་གོ་སྦྱོར་འཕེན་པ༔ འདི་ནི་རྨད་བྱུང་བླ་མེད་ཟབ་མོའི་ཁྱད་ཆོས༔ འབྱོར་ལྡན་ཡོ་བྱད་ཚོགས་པ་ཕྱི་ཡི་ཚོགས་འཁོར། །རང་ལུས་ཚོགས་སུ་ཤར་བ་ནང་གི་མཆོད་པ༔ རྒྱན་གྱི་ཡོན་ཏན་ལྷུན་གྲུབ་གསང་བའི་ཚོགས་གསུམ༔ དབྱེར་མེད་དཀྱིལ་འཁོར་གཅིག་གི་རྫོགས་པ་ཆེན་པོ༔ དེ་ལ་ཡོན་ཏན་ཁྱད་པར་བསམ་མཐའ་ཡས་པ༔ གནས་ཀྱི་ཕུན་སུམ་ཚོགས་པ་དབྱིངས་གཅིག་རབ་འབྱམས༔ སྟོན་པ་ཕུན་སུམ་ཚོགས་པ་ཀུན་བཟང་རིགས་ལྔ༔ འཁོར་གྱི་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོ༔ ཆོས་ཀྱི་ཕུན་སུམ་ཚོགས་པ་དགོངས་པ་དབྱེར་མེད༔ མངོན་གྱུར་བསོད་ནམས་གཤོག་པ་ཡངས་པ་འདིའི་སད༔ དུས་གསུམ་དུས་མེད་གཅིག་གིས་གསུམ་ལ་ཡེ་ཕོག༔ ལམ་གྱི་མཚམས་སྦྱོར་རྟེན་འབྲེལ་ཁྱད་པར་བླ་མེད༔ ཚོགས་སྒྲུབ་ཆེན་པོའི་གྲུབ་མཐའ་མཐར་ཕྱིན་འདི་ཀོ༔ དེ་ལས་རབ་རྩེ་གནས་དུས་ངེས་པ་ལྔ་ལྡན༔ བྲལ་བའི་ཕུན་ཚོགས་བཟླུམ་གཟུགས་མངོན་གྱུར་ཟབ་ལམ༔ སྦྱོར་མཐའི་མཐོང་བའི་ཁྱད་པར་ལམ་དུ་བྱེད་པ༔ ས་དགུ་བགུགས་༼ དགུག་དཔྱད། ༽པའི་དམ་རྒྱ་ཉིད་ཀྱང་ཐལ་ཐལ༔ ཕྱོགས་ཀྱི་རབས་མཐའི་སངས་རྒྱས་ས་རུ་གཤེགས་པའི༔ མི་ཟད་ཕྱེ་ཕྲག་བྱེད་པའི་མི་འདྲར་འགྲོ་བྱེད༔ རྣལ་འབྱོར་ཏིང་འཛིན་རྒྱལ་པོ་སྐུ་གཉིས་འབྲས་བུ༔ དངོས་གྲུབ་སྣང་སྤྱོད་རྒྱས་འདེབས་ཏིང་འཛིན་ཧེ་རུ༔ དེ་འདྲ་བསམ་མིན་ལས་བསྐལ་བསམ་པས་དཔག་ཡས༔ ཉི་ཟླ་ཁྱུང་ཆེན་ཡིད་བཞིན་ནོར་བུ་ཟ་འོག༔ དགོངས་ཀློང་བརྟུལ་ཞུགས་ལམ་དུ་སློང་བྱེད་ཨེ་མ༔ རིག་པ་བརྟུལ་ཞུགས་སྤྱོད་པའི་མཐའ་ཡི་གྲུབ་མཐའི༔ ཉོན་མོངས་ལམ་དུ་ཁྱེར་མཁས་བརྟུལ་ཞུགས་གྲུབ་ནས༔ མྱོང་གྲོལ་འདིའི་ཀོ་རྟོགས་པའི་རྩལ་གསུམ་བཞད་སོང་༔ ཐོག་མ་ཐ་མ་མེད་པའི་དབྱིངས་ཀྱི་ཡེ་ཤེས༔ སངས་རྒྱས་ཐམས་ཅད་ཡེ་ཤེས་སྐུ་རུ་རྩལ་རྫོགས༔ འདིར་ནི་ཐབས་ཤེས་དབྱེར་མེད་འབྱུང་ལྔའི་སྟོན་པ༔ རང་ཞལ་མངོན་དུ་འགྱུར་བྱེད་སེང་གེའི་རྣལ་འབྱོར༔ གོམ་སྟབས་ཆེན་པོའི་འཇིག་རྟེན་གསུམ་པོ་བརྒལ་བཏང་༔ སྦུབས་གསུམ་གཅིག་འདྲིལ་རྡོ་རྗེའི་ལྟོ་བ་ཡངས་པ༔ ཆ་མེད་ཆ་ཡངས་གཟུགས་མེད་གཟུགས་བཟང་དམ་པ༔ སྣ་ཚོགས་གཟུགས་འཆང་སྤྲུལ་བཞིའི་པདྨོ་མ་ཆགས༔ ཡེ་ཤར་ཡེ་ཐིམ་རྫོགས་ཆེན་ངང་ལ་ལ་བཟླ༔ ཅེས་ལྟ་བའི་རྒྱང་གླུ་དོན་སྦྱར་འདི་ཡང་མཁན་རིན་པོ་ཆེ་འགྱུར་རྣམ་མཚན་གྱིས་བཞེད་སྐོང་དུ་དུས་མཐའི་སྔགས་མིང་ག་ག་ཨ་བྷྱེ་ནས་སྣང་བ་བན་བུན་གྱི་ཐོལ་གླུ་རེས་ཕར་རེས་ཚུར་ཤོར་བའི་གྲྭ་མིག་ནས་བཏོན། སྟོང་གྲོན་གྱི་སྒྲོམ་ལ་རྒྱས་པ་འགྲེལ་བ་ཅན་ལ་འགྲེལ་མེད་དུ་ཡོད་དོ། །སརྦ་མངྒ་ལཾ། འདི་ཡི་དཔེ་ཤིན་ཏུ་མི་དག་པས་དཔྱད་འཚལ།

རྟོགས་པའི་དོན་གྱི་འདྲ་འབག་རྡོ་རྗེའི་དྭ་ཧའི་རྩེ་མོ།

རྟོགས་པའི་དོན་གྱི་འདྲ་འབག་རྡོ་རྗེའི་དྭ་ཧའི་རྩེ་མོ་ཞེས་བྱ་བ་བཞུགས་སོ། །

ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ནི། །ངོ་བོ་རང་བཞིན་ཐུགས་རྗེ་མ་བཅོས་པར། །ལྷུན་གྲུབ་སྐུ་གསུམ་རྒྱལ་བའི་ཕྱི་མོ་ལ། །རྣམ་པ་ཀུན་ཏུ་འབྲལ་མེད་རིག་པས་འདུད། ཁྱེད་གསུང་མ་ལྡོག་ཙམ་དུ་ཅུང་ཟད་ཅིག །བྲི་རྒྱུ་མ་རྙེད་དལ་ཞིག་དཀའ་བསམ་ན། །རང་སེམས་ཆོས་ཉིད་དག་པའི་འོད་གསལ་དུ། །བདུད་འཇོམས་དཔའ་བོ་ཆེ་ལ་གསོལ་བཏབ་བྲིས། །ཨེ་མ་ཧོ། དངོས་ཀྱི་དག་པ་ཆོས་ཉིད་དེ་བཞིན་པ། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་ནི། །སེམས་ཅན་རྣམས་ཀྱིས་སྐད་ཅིག་གཞལ་མི་ནུས། །འདུས་མ་བྱས་པ་བློ་ལས་ཟང་ཐལ་ལོ། །ཡང་དག་གཉུག་མ་ཁྱབ་བརྡལ་ཆེན་པོ་ནི། །ཡེ་ནས་སེམས་ཅན་ཀུན་ལ་འབྲལ་འདུ་མེད། །དེ་ཉིད་བྱང་ཆུབ་རིག་སྟོང་སྐུ་ཡིན་ཏེ། །སྐུ་ནི་མི་མངོན་མ་སྐྱེས་སྒྱུ་མའི་གར། །མེད་སྣང་ཉག་གཅིག་བདེ་བ་ཆེན་པོ་སྟེ། །ལྷུན་གྱིས་གྲུབ་པ་རང་བཞིན་མ་འགགས་པས། །རོལ་པའི་རྩལ་དུ་འཁོར་འདས་ཨ་ཕྱིར་བཞེངས། །སྣང་བ་ཐམས་ཅད་བྱང་ཆུབ་སྐུ་ལའོ། །སྐུ་ལས་སྣ་ཚོགས་བཟང་ངན་ལྟར་སྣང་བ། །དག་པའི་ཞལ་དང་ཕྱག་དང་དེ་བཞིན་ཡུལ། །ཡབ་ཡུམ་རྒྱན་སྣང་རྩལ་གྱི་འཁོར་ལོ་ཆེ། །གཞིར་བཞེངས་མཉམ་པ་ཉིད་ལ་བབས་ཀྱིས་གྲུབ། །དེ་ལ་ཕྱོགས་ཆད་མི་དམིགས་སྒྱུ་འཕྲུལ་རྩེན། །དཔག་པའི་གྲངས་མེད་ཐམས་ཅད་སྐུར་ཤར་བ། །བཟོ་དང་སྐྱེ་བ་ལ་སོགས་མཐའ་མི་མངོན། །གང་འདུལ་རྩོལ་བྲལ་འདུས་མ་བྱས་སུ་ཞུགས། །མང་པོར་སྐུར་གསལ་དབུགས་འབྱིན་ཞིང་ལྔ་རུ། །རིགས་བརྒྱ་རིགས་ལྔ་ལ་སོགས་རྩོལ་མེད་ལས། །འཛད་མེད་ཡེ་ཤེས་འཕྲུལ་གྱི་སྒོ་རུའོ། །ངོ་བོ་དབྱིངས་བཞུགས་རིག་པའི་རང་བཞིན་གདངས། །སྐྱེ་འགགས་འགྱུར་མེད་བཅོས་མེད་བབས་ཀྱི་ཀློང་། །ཞལ་ཕྱག་མཚན་བྲལ་ཆོས་ཀྱི་དེ་བཞིན་མཆོག། །སྟོང་ལ་སྣང་ལ་ཡོད་མཉམ་མེད་མཉམ་པར། །རང་དག་ཟུང་འཇུག་ལང་ཚོས་མཛེས་འཛུམ་ཟེར། །ཕ་རོལ་མཐར་ཕྱིན་སྲིད་ཞིར་མཁར་སྦྲུམ་ཡུམ། །དེ་ཙམ་ཆར་མིན་གང་གི་གཞིར་བཞུགས་ཡབ། །སྣང་སྟོང་མ་བྲལ་བྱང་ཆུབ་ཆོས་ཀྱི་སྐུ། །ཐམས་ཅད་སྐུ་ལ་འདུ་འབྲལ་མ་མྱོང་བ། །མི་གནས་དག་པ་རྒྱལ་ཀུན་བླ་མར་བཞུགས། །ངོ་བོ་ཉིད་དབྱིངས་རིག་པའི་དོན་གྱི་སྐུ། །ཐམས་ཅད་ཐམས་ཅད་རྡོ་རྗེའི་སྐུ་ལ་རྫོགས། །མི་ཤིག་ཆོས་ཆེན་བདུན་གྱི་བདག་ཉིད་ནི། །ནམ་མཁའ་ལྟ་བུར་སྤྲོས་པའི་དྲྭ་བ་དབེན། །ཡེ་ནས་རང་ལ་འབྲལ་འདུ་ཡོད་མ་མྱོང་། །མི་འགྱུར་རྡོ་རྗེ་ལྟ་བུ་སྐུ་ཡི་དབྱིངས། །ཨེ་མ་ཧོ། གསུང་མེད་གསུང་ནི་ཆེད་བརྩལ་འཆིང་བ་དག །དབང་པོ་རབ་འབྲིང་ཐ་མའི་སྒོར་ཤར་ཏེ། །གང་ཟག་བདག་མེད་ཙམ་དང་ཆོས་ཕྱེད་རྟོགས། །སོ་སོར་རྟོག་དངོས་ཀུན་འབྱུང་འདྲེན་པ་གསུམ། །ཐམས་ཅད་གསུངས་ལ་བདག་གཉིས་རྟོགས་པར་རྫོགས། །དེ་ཀུན་མ་སྐྱེས་མ་འགགས་མི་གནས་གསུམ། །རྡོ་རྗེ་རྡུལ་བྲལ་དག་པའི་གསུངས་མཆོག་ཏུ། །འཁུ་ཞིང་གཤོང་བ་མ་དམིགས་ཆུ་བོ་ཕྲན། །བདག་ལྟ་ལྟ་སྤྱོད་གོང་འོག་འཛིང་མཉམ་སྤྱོད། །དངོས་གྲུབ་རྗེ་འབངས་གྲོགས་ཀྱི་གཉིས་མེད་ཀྱི། །གང་ལྟར་བསྐལ་བའི་གཉེར་བྱ་རྣམ་པ་གསུམ། །ལྡན་ཆོས་དཀའ་ཐུབ་རིག་བྱེད་ཐེག་བསྟན་པ། །གསུང་གསང་རྡོ་རྗེ་བཀོད་པ་ལྷུན་གྲུབ་ཏུ། །ཐམས་ཅད་ཐམས་ཅད་རྣམ་དག་ལྷ་ཡི་ལྷ། །དངོས་གྲུབ་ཐམས་ཅད་མ་བཙལ་རང་ལ་རྫོགས། །དེ་ཡང་མཆོག་གསང་རབ་འདིར་ཆུ་བོ་ཕྲན། །སྣང་སྲིད་ལྷར་བཀོད་དབྱིངས་ཡེ་རྒྱུ་འབྲས་སུ། །རློམ་ནས་ཁྱེར་སོ་གསུམ་དང་ཞི་བདེ་ཡི། །དག་སྦྱོངས་རིག་རྟོག་དགའ་བཞིའི་ལྷན་སྐྱེས་ཀྱི། །ཡེ་ཤེས་དངོས་གྲུབ་སྒྲུབ་པར་ངེས་དབང་བསྒྱུར། །སྣོད་བཅུད་སྣང་སྲིད་བྱང་ཆུབ་སྐུ་གསུང་ཐུགས། །རིགས་ལྔ་སྐུ་ལྔ་ཡེ་ཤེས་རིག་པའི་དབྱིངས། །རང་བཞིན་བྱང་ཆུབ་གསུང་ཆེན་ཨ་ཏི་ལ། །ཀུན་རྫོགས་དེ་དག་ཆུ་བོ་ཕྲན་རྣམས་ཀྱང་། །གསུངས་ཆེན་གཅིག་པུར་དྲངས་པའི་ལུང་བསྟན་ཆེ། །མ་ཟད་དེ་དག་སྒྲིབ་པ་བརྒྱད་དུ་ངེས། །ངང་ལ་གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །རྒྱ་མཚོ་ཆེ་ཀློང་ཐེག་ཕྲན་སྟེགས་ཀུན་འབབས། །གཞན་གང་སྤྲོས་པ་ཚིག་གི་བཟང་ངན་ངག །ཀུན་བཟང་བདེ་གཤེགས་སྙིང་པོའི་གསུང་ཉིད་དེ། །སྒྲ་སྐད་གསུང་ཆེན་མི་ཟད་རྒྱན་དུ་ཤར། །དེ་དག་བསལ་བཞག་མེད་པའི་གསང་སྔགས་མཆོག །ཨེ་མ་ཧོ། རྣམ་པ་ཐམས་ཅད་ཐམས་ཅད་མཆོག་ལྡན་ཐུགས། །དབྱིངས་མེད་དབྱིངས་ཉིད་སྤྲོས་མཚན་ཀུན་དང་བྲལ། །ཟབ་ཞི་གཞོན་ནུ་བུམ་པ་སྐུ་ཡི་གདངས། །བྱང་ཆུབ་རང་བཞིན་འཛིན་མེད་རང་སར་ཞི། །འབྲལ་མེད་སྐྱོངས་མེད་བཙལ་ལས་གྲུབ་པ་མེད། །འབྲེལ་འབྱུང་སྒྱུ་མའི་ཆོས་སུ་ཚར་མ་ཕྱིན། །གཞི་མེད་རྩ་བྲལ་ཁྱབ་བརྡལ་མུ་མཐའ་མེད། །སྣང་མིན་སྟོང་མིན་གཉིས་གཉིས་མཐར་མ་བརྒལ། །བརྒལ་དང་མ་བརྒལ་ཆེད་དུ་འཛིན་པ་ཞིག །གང་ལྟར་བརྟགས་པ་དེ་བཞིན་མ་ཡིན་ལ། །འགལ་མིན་རང་གི་རིག་བྱ་སོ་སོ་བ། །རྟོག་པ་ཟད་པ་གཏད་མེད་རྒྱ་ཡན་ནི། །མ་བཅོས་ལྷུག་པ་ཕྱལ་བ་ཟང་ཀ་མ། ཁྲལ་ཁྲོལ་འདིར་དམིགས་དག་པའི་དགོངས་ཤར་བ། །རེ་དོགས་གཉིས་མེད་མཉམ་གྲོལ་ཡེ་ཤེས་སུ། །མ་སྤངས་རང་གྲོལ་ཉོན་མོངས་རྒྱན་དུ་ཤར། །མེ་ལོང་ཆོས་དབྱིངས་མཉམ་ཉིད་སོར་རྟོགས་དང་། །བྱ་གྲོལ་ཆེན་པོའི་ལས་བཞི་ལྷུན་གྲུབ་པོ། །ཤིན་ཏུ་རྣལ་འབྱོར་ལྟ་བསྒོམ་སྤྱོད་པ་ཡི། །ཐ་སྙད་བཏགས་པ་ནམ་མཁའི་གོ་རིམ་བཞིན། །བྱར་མེད་གཤིས་ལ་འཚལ་བ་མ་ཡིན་ཏེ། །བཅིང་བ་མེད་པ་གྲོལ་བར་ག་ལ་སྲིད། །བསྡམ་པ་མེད་པར་གློད་པ་ཡོད་དམ་ཅི། །གོས་པ་མེད་པ་དག་པར་གནམ་པོའི་ཡུལ། །དམིགས་སུ་མེད་པ་དམིགས་པའི་དུག་གིས་བསླད། །འཁྲུལ་བ་མེད་ལ་གྲོལ་བ་ལྟོས་གཞི་ཟད། །དཔེ་ཡིས་མཚོན་པར་མི་ནུས་རང་བཞིན་བབས། །ཚིག་གིས་བརྗོད་བྱར་མི་འོས་གདོད་མ་ཉིད། །དོན་གྱི་སྟོན་བྱའི་དངོས་མེད་རྩ་བྲལ་དོན། །ཡིད་དཔྱོད་སྒྲོགས་སུ་མ་ཚུད་རིག་པའི་གདངས། །ཡུལ་འཛིན་རེ་དོགས་བྲལ་བ་རང་གི་ཞལ། །མི་རྟོག་མི་གཉིས་གཟུང་འཛིན་འཇུག་པ་གྲོལ། །སེམས་སུ་མ་འཁྲུལ་ངོ་བོ་ཉིད་ཀྱི་ངང་། །བག་ཆགས་མངལ་རྒྱར་མ་ཚུད་རྗེན་པའི་ཞལ། །ཐུགས་ཕྲད་ཡུལ་ལ་མི་འཕྲོ་ཡུལ་མ་འགགས། །ཆེད་འཛིན་ཞིག་པས་མངོན་པའི་ང་རྒྱལ་མེད། །གཉེན་པོ་བཟང་ངན་གང་གིས་བསྒྱུར་དུ་མེད། །གཞི་རྫོགས་ལམ་རྫོགས་འབྲས་བུ་ལྷུན་གྲུབ་རྫོགས། །ཡེ་རྫོགས་ཕྱལ་བ་སྐྱོན་ཡོན་སླད་མ་ཞུགས། །མ་ཉམས་མ་སྨད་རྒྱ་ཆེ་དཔང་ཀྱང་མཐོ། །མ་ཆགས་དག་པ་འཁོར་འདས་གཉིས་ཆར་ཡང་། །དག་དང་མ་དག་རིག་དང་མ་རིག་ལས། །ཐམས་ཅད་ཀུན་བཟང་མི་བཟང་མེད་པར་ནི། །ཕྱམ་གཅིག་མ་སྐྱེས་དང་པོའི་གཞི་ལ་ཕྱལ། །སངས་རྒྱས་ཀུན་ལས་སྔར་རྒྱས་ཡེ་ཕྲལ་མིན། །སེམས་ཅན་ཀུན་ལ་བསྐལ་བ་དོར་མེད་པ། །སྟོང་ཉིད་མཚན་མ་སྨོན་པ་མེད་པས་བསྡུས། །དེ་ཡང་གཏིང་གསལ་ཆེན་པོར་རང་བཞིན་ལྷག །གློ་བུར་བྱིས་པའི་མ་རིག་ཁམས་ཆེན་པོའི། །ཀུན་གཞིར་མ་བསྒྱུར་ངང་ལ་སྐྱོན་མ་ཞུགས། །རྨི་ལམ་བཞིན་དུ་འཁྲུལ་པའི་ལྷན་སྐྱེས་ཀྱི། །ཀུན་ཏུ་བཏགས་གང་རླུང་ལྔའི་དེ་མ་ཐག །ཡེ་ནས་གཞི་ལ་མ་ནོངས་ཨ་ལ་ལ། །རྩལ་གྱིས་ངོ་བོ་སྒྲིབ་པ་ཡུལ་མེད་དུ། །རྟོགས་པ་ཙམ་ཞིག་ལམ་གྱི་བདོ་རུ་བཤད། །སངས་རྒྱས་རྣམས་ཀྱི་ཐུགས་ལ་གཤིས་གཞིག་ཀྱང་། །ཡེ་ཤེས་རྒྱ་མཚོ་ཆེ་འདིར་ཆུ་བོ་གཅིག །དུ་བྲལ་རང་བཞིན་བྱས་པའི་ཆོས་མ་ཡིན། །དབང་གིས་བརྡ་ཤོག་དགོད་དུ་མ་དགོས་ལ། །དགོངས་བརྒྱུད་བྱིན་རླབས་སྟོབས་ཀྱིས་སྤྱི་བླུགས་རྫོགས། །གང་མ་ལྡན་ཀྱང་དེས་ནི་བཤོལ་དུ་མེད། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་ཡུལ་ལས་འདས། །བཟླས་བརྗོད་རྫོགས་རིམ་ཟད་པའི་སྤྲོས་མེད་ནི། །དམ་ཚིག་བསྲུང་མེད༵་ཕྱལ༵་ཡས་གཅིག༵་ཏུ་གྲུབ༵།།རང་བཞིན་བཅུ་ཡིས་དེ་ལ་ཅི་ཞིག་བྱས། །སྒྲིབ་པའི་སྤྲིན་ལ་དཀར་ནག་ཡོད་དམ་ཅི། །མཚོན་དུ་མེད་ལ་དཔེ་ཡི་གཞོལ་འགྱུར་རམ། །གནས་ལུགས་ཅི་བཞིན་རྒྱུ་འབྲས་གཉིས་ལས་མིན། །ལྟོས་ནས་བརྟགས་པའི་ཡུལ་ཀུན་མེད་པ་ན། །ལྟོས་གཞི་ཡོད་སྙམ་ལོག་པའི་བློ་བྲེལ་ལོ། །འདུས་བྱས་བསྒྲུབ་པས་འདུས་མ་བྱས་མི་འགྲུབ། །མཁའ་ལ་ཐེམ་སྐས་བཙུག་འདོད་མི་བླུན་ནམ། །ཐོས་བསམ་གཉིས་ཀྱི་དེ་ལ་དབང་མ་བསྐལ། །མཉམ་པར་བཞག་པའི་བདེན་དོན་ཇི་བཞིན་པ། །རང་བཞིན་བབས་ཀྱིས་ཉམས་མྱོང་ཁུང་ནས་རྡོལ། །ཆོས་ཉིད་མཁའ་ལ་མཁྱེན་གཉིས་ཉི་མ་འཆར། །མ་བཞག་གཉེར་བའི་རྙོགས་མ་དཀྲུག་པ་ལས། །ཆུ་བོའི་དྭངས་གསལ་གསལ་བར་ག་ལ་མངོན། །ཐོག་མཐའ་མེད་པ་ཤེས་རབ་ཡེ་ཤེས་ཆེ། །གཞལ་བྱ་བློ་ཡིས་འཇལ་བར་ཅི་སྟེ་ནུས། །རིག་པ་ཡེ་ནས་གཞན་དུ་མ་སོང་བས། །ནམ་ཡང་འདུ་འབྲལ་ཡོད་པ་མ་ཡིན་ནོ། །ང་དང་ང་ཡིར་འཛིན་པ་གཉིས་མེད་ཀྱང་། །མོས་པ་ཚིག་གི་མཚོན་ཆར་དེ་སྐད་དུ། །སེམས་དང་སེམས་བྱུང་ཉོན་མོངས་ཉེ་བར་བཅས། །ཐམས་ཅད་མ་ལུས་བྱང་ཆུབ་རོལ་བར་ཤར། །ངོ་བོ་མི་གཡོས་མི་འགྱུར་རྡོ་རྗེར་ཆེ། །རྒྱ་མཚོ་ཆེ་ལས་རླངས་པ་ཅི་བཞིན་ནོ། །ཡེ་ནས་གཡོ་མེད་རིང་བོ་ལྟར་བརྟན་ཡང་། །ཕྱོགས་མེད་ཐུགས་རྗེ་དག་པའི་རྟོགས་མེད་པ། །ཡིད་བཞིན་ལྗོན་པ་འདོད་འཇོའི་བུམ་བཟང་བཞིན། །བཅུ་གཉིས་མཛད་པ་གཞན་ངོར་རྒྱུན་མི་ཆད། །ངང་ཉིད་སྤྲོས་མེད་མཁའ་བཞིན་དག་པ་ལ། །གློ་བུར་སྤྲིན་བཞིན་མ་དག་འཁྲུལ་པའི་སྒོར། །སེམས་ཅན་རྣམས་ཀྱི་རྣམ་པར་རྟོག་པའི་གདུང་། །འོན་ཀྱང་རྣམ་དག་དབྱིངས་ཀྱི་བཏང་བའང་མེད། །ངང་མདངས་ངེས་པ་དོན་གྱི་དབྱིངས་འཁྱིལ་བར། །གདུལ་བྱའི་དབང་གི་གང་འདུལ་སྣ་ཚོགས་གསུངས། །ངེས་དོན་མཐར་ཐུག་འདི་ཡི་ཉག་ཕྲན་རེ། །ཁམས་དབང་བསམ་པར་མཐུན་ཏེ་མི་གསུང་གསུངས། །བསྟན་མེད་གཟུགས་མེད་དམིགས་མེད་མཚོན་མེད་ལ། །རྟོག་མེད་བརྗོད་མེད་སྐྱེ་མེད་འགགས་པ་མེད། །གནས་མེད་འགྲོ་འོང་མེད་པ་དོར་ལེན་མེད། །ཐ་དད་གཅིག་ཏུ་མ་ངེས་གྲུབ་མཐའ་ནི། །ལྟར་མེད་བསྒོམ་མེད་རང་བཞིན་དག་པ་དེ། །སྤྱོད་མེད་སྒྲུབ་མེད་སྤྲོས་མེད་ཕྱལ་བ་ཆེ། །མེད་པ་ཕྱང་ཆད་བེམ་སྟོང་ཕྱོགས་གཅིག་མིན། །ལུང་མ་བསྟན་མིན་ལུང་དུ་སྟོན་པའང་མེད། །འདི་ཡིན་འདི་མིན་མིང་དངོས་མཐར་ཞེན་ཞིག །རྟག་མིན་ཆད་མིན་བདག་མིན་སྲོག་སོགས་མིན།།གང་ལྟར་བརྗོད་ཀྱང་ཐམས་ཅད་བྱང་ཆུབ་མིང་། །གང་ཡང་འགལ་མེད་ཡིན་མིན་སྤྲོས་པ་ཞི། །སྔར་དང་མུ་དང་གྲུབ་པ་གཞན་ཀུན་མཉམ། །ཕྱི་ནང་བར་མེད་ཡངས་པ་གོ་སྐབས་འབྱེད། །སྟེང་འོག་ཕྱོགས་མེད་སངས་རྒྱས་སེམས་ཅན་མཉམ། །ལྷ་མེད་འདྲེ་མེད་ཕན་གནོད་གཞི་རྩ་མེད། །སྣང་ངོ་སྟོང་ངོ་ཡིན་ནོ་མིན་པ་མེད། །ཐམས་ཅད་ཀུན་གྱི་སྤྱི་ཆིངས་ཡིན་པས་ན། །དངོས་རྣམས་སྟོང་ཉིད་ངང་དུ་ལ་བཟློས་ཤིག །སྟོང་རྣམས་རང་གསལ་ངང་དུ་ལ་བཟློས་ཤིག །སྐྱེ་རྣམས་སྐྱེ་མེད་ངང་དུ་ལ་བཟློས་ཤིག །སྐྱེ་མེད་ཉག་གཅིག་ངང་དུ་ལ་བཟློས་ཤིག །ཉག་གཅིག་སྤྲོས་མེད་ངང་དུ་ལ་བཟློས་ཤིག །སྤྲོས་མེད་ཡེ་གྲོལ་ངང་དུ་ལ་བཟློས་ཤིག །ཡོངས་གྲོལ་ཕྱོགས་མེད་ངང་དུ་ལ་བཟློས་ཤིག །ཕྱོགས་མེད་ཁྱབ་བརྡལ་ངང་དུ་ལ་བཟློས་ཤིག །ཁྱབ་བརྡལ་བུམ་པའི་སྐུ་རུ་ལ་བཟློས་ཤིག །ཐམས་ཅད་ཕྱམ་གཅིག་ཡེ་སངས་ལ་བཟློས་ཤིག །ཆོས་ཅན་ཆོས་ཉིད་ཆེན་པོར་འགགས་སུ་བསྡོམ། །ཆོས་ཉིད་རིག་པ་ཆེན་པོར་འགགས་སུ་བསྡོམ། །རིག་པ་ཡེ་གྲོལ་ཆེན་པོའི་འགགས་སུ་བསྡོམ། །ཡེ་གྲོལ་གཉིས་སུ་མེད་པར་འགགས་སུ་བསྡོམ། །མིང་ལ་ངལ་བ་ཐེག་པ་རིམ་པ་བརྒྱད། །ཤིན་ཏུ་རྣལ་འབྱོར་སེམས་ཀློང་མན་ངག་གནད། །འབུམ་ཕྲག་དགོངས་པ་འདུས་ལ་སུ་ཞིག་སྨྱོན། །དེ་ཕྱིར་རང་རིག་སྟོང་གསལ་གང་གི་ཀློང་། །འཁོར་འདས་དབང་ཐོབ་རྣལ་མའི་ངང་ཉིད་ལས། །གར་ཡང་མ་ཕྱིན་གདོད་མའི་རྒྱལ་ས་ན། །མི་གཡོ་བྱང་ཆུབ་སྙིང་པོ་རང་ལ་འབྱོར། །རྩལ་དང་རོལ་པའི་ཡུལ་ལ་རང་ཆེར་དབང་། །ངང་ལས་ཀུན་འབྱུང་སྣང་བ་མཐའ་ཡས་པས། །ཡོན་ཏན་ལྷུན་སྡུག་བཀོད་པའི་མཁྱེན་གཉིས་ཆར། །དག་གྲོལ་གཉིས་ལྡན་ཐིག་ལེ་བདེ་ཀློང་ཆེ། །མེད་གཅིག་ལྷུན་གྲུབ་ཕྱལ་བའི་གནས་ཀུན་འདུས། །༈ཨེ་མ་ཧོ། ངང་ལ་བལྟ་བར་བྱ་བ་མེད་པ་ལ། །ལྟ་བ་ཞེས་སུ་སྒྲོ་བཏགས་མིང་ལ་ངལ། །བལྟར་མེད་ངང་ལ་མཐོང་བ་ཆེན་པོ་ནི། །ཀུན་ཁྱབ་སྟོང་བ་བྱང་ཆུབ་ལྟ་བའོ། །བལྟས་ཤིང་ཡང་དག་དོན་ལ་མཐོང་བ་མེད། །མ་བལྟས་ཅི་ཡང་མ་མཐོང་ངང་མཐོང་ལ། །ངང་མཐོང་སངས་རྒྱས་ཀུན་གྱི་དེ་ཉིད་མཐོང་། །དེ་ཉིད་མཉམ་ཉིད་བྱང་ཆུབ་ཁྱོད་ལ་བརྡོག །རབ་ཏུ་མི་གནས་བྱང་ཆུབ་ཆེན་པོའི་དོན། །བརྡལ་ཁྱབ་རྡོ་རྗེ་ཡེ་ཡོད་རིག་པའི་སྐུ། །མཐོང་བར་འདོད་པས་རྩོལ་སྒྲུབ་ལོག་ལྟ་བའི། །རང་ལ་བཞག་ནས་གཞན་དུ་བཙལ་བས་ཅི། །མཁན་པོ་རང་སྟོང་བལྟ་བྱའི་ཡུལ་བཅས་པ། །མཉམ་གྲོལ་དབྱེར་མེད་བཞག་པས་རབ་མཐོང་བ། །མིག་དང་དབང་པོའི་ཡུལ་ལས་བསྐལ་ནའང་། །དེ་ནི་མི་ལྟ་ལྟ་བ་ལྟ་བའི་ཟབ། །ཨེ་མ་ཧོ། བསྒོམ་མེད་བྱང་ཆུབ་སྙིང་པོ་བླ་ན་མེད། །ངང་བཞག་རྒྱ་ཡན་ལྷུན་འབྱམས་ལྷུག་པའི་ངང་། །སྙེམ་མེད་ཕྱམ་གཅིག་ཀློང་རྫོགས་བསལ་བཞག་མེད། །མ་བཟུང་མ་བཏང་འཇུར་བུའི་སྒྲོགས་ལས་གྲོལ། །མ་བཅོས་འོད་གསལ་གཉུག་མ་རང་གི་རིག །སྟོང་པའི་བདེ་ཀློང་ཡངས་བ་ཕྱམ་བྲལ་བ། །བཞི་ཆ་གསུམ་མིན་དུ་མ་གཅིག་འདས་པས། །དེ་ལས་སྐྱོངས་བསྡུད་མེད་དོ་ཨེ་མ་ཧོ། །བསྒོམ་གྱིན་རྣལ་མ་བྱང་ཆབ་ཞལ་ལ་སྒྲིབ། །ཡིད་དཔྱོད་ལམ་ན་བློ་ལས་འདས་པ་མེད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དེ་ལ་བློས་བཅོས་བསྒོམ་པས་ཅི་ཞིག་བྱས། །རང་བཞིན་ཐ་མལ་འཁྲུལ་བའང་མ་ཡིན་ཏེ། །མ་འཁྲུལ་རྩེ་གཅིག་སྐུ་བཞི་ལྷུན་གྲུབ་པ། །ལམ་གྱི་རིག་པར་ཧར་སངས་ཡན་པ་ནི། །གུ་ཡང་བློ་བདེ་བྱར་མེད་ཆེན་པོ་སྟེ། །རྟོག་ཚོགས་ཕྲ་རགས་གང་ཅི་ཕྱམ་གཅིག་པར། །རང་གྲོལ་གཉེན་པོ་མེད་པས་རང་རྒྱས་ཆོད། །ཅེར་གྲོལ་ལྟོས་པ་མེད་པའི་དམ་རྒྱས་ཟིན། །ཡེ་གྲོལ་བསྐྱར་གཞི་མེད་པའི་ཡོངས་ཡེ་ཐེབ། །དེ་ཕྱིར་ངང་ལ་བསྒོམ་དང་མི་བསྒོམ་མེད། །ཡེངས་དང་མ་ཡེངས་དྲན་པས་ཟིན་མ་ཟིན། །གང་ཡང་ཐུག་ཕྲད་གཟུང་འཛིན་དག་པའི་ངོར། །ཡོངས་གོལ་ཀ་དག་ཆེན་པོའི་སྤྱི་རྒྱས་ཆོད། །ཨེ་མ་ཧོ། ངང་ལ་སྤྱོད་དང་སྤྱད་བྱ་གཉིས་མེད་དེ། །སྤྱད་པའི་བྱ་བྲལ་དོན་ལ་ཕྱིར་ཞིང་ནོངས། །དགེ་སྡིག་རྒྱུ་འབྲས་འདས་པའི་བྱང་ཆུབ་ལ། །ཅོག་བཞག་རང་གི་གནས་ན་གནད་དུ་ཕེབས། །དགེ་བ་སྒྲུབ་པས་སྲིད་ན་མངོན་མཐོ་ལ། །སྡིག་པ་སྤྱད་པས་སྲིད་པའི་དམན་ཙམ་དུ། །གཉིས་ཀྱང་སྡུག་བསྔལ་གསུམ་གྱི་དམ་རྒྱས་ཟིན། །དོན་ལ་མེད་མཉམ་དག་མཉམ་གཞི་ལ་མཉམ། །ཚེ་གང་སྡིག་ལ་སྤྱོད་པའི་གང་ཟག་གིས། །ཐ་ཆད་ལས་ལ་དུས་གང་འདའ་བ་དང་། །ཚེ་གཅིག་དགེ་ལ་སྤྱོད་པའི་གང་ཟག་གཉིས། །མཉམ་ཉིད་རྟོགས་ལ་གྲོལ་དང་མི་གྲོལ་མེད། །སྐད་ཅིག་དུས་ལ་ནོངས་བ་མེད་པར་ནི། །ལྷན་ཅིག་རྟོགས་པས་ལས་ལ་མ་རེག་པར། །གྲོལ་ལ་སྔ་ཕྱི་མེད་པའི་གཏན་ཚིག་གི །རྒྱུ་འབྲས་ཅན་ལ་ལོག་པར་ཞུགས་པ་འདྲ། །དགེ་སྡིག་སྤངས་ལེན་འཛོལ་བའི་གང་ཟག་གི །ལོག་རྟོག་ནོར་བ་ཆེན་པོའི་འཕྲང་ལ་ཐོགས། །དེ་ཕྱིར་བཟང་ངན་བར་གསུམ་ཆམ་བཞག་སྟེ། །དགུ་སྤྲུགས་བྱ་བ་བཏང་བ་སྤྱོད་མེད་གནད། །ཨེ་མ་ཧོ། ངང་ལ་ཐོབ་དང་མ་ཐོབ་གཉིས་མེད་པས། །ལེན་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད། །རང་གི་ངང་ལས་གཞན་ལ་བསྒྲོད་དུ་མེད། །ཕྱིན་པར་བྱ་བའི་ལམ་གྱིས་ཅི་ཞིག་བྱ། །ཐམས་ཅད་མ་ལུས་འབྲས་ལས་དབྱིངས་མ་གཡོས། །གཉེར་བྱ་སངས་རྒྱས་ཡོན་ཏན་ཡིད་སྨོན་མེད། །འཁོར་བ་འཁྲུལ་བའི་ཡུལ་ལ་དོགས་པ་མེད། །ཡུལ་མེད་དག་མཉམ་རང་གི་གཞི་ལ་སངས། །གར་ཡང་མ་འཁྲུལ་གང་དུ་གྲོལ་བ་མེད། །གྲོལ་བ་མེད་པས་འཁྲུལ་བ་ག་ལ་སྲིད། །ཡེ་ནས་གྲོལ་ལ་ཡང་གྲོལ་འཐད་མ་ཡིན། །སངས་རྒྱས་ཉིད་ཀྱི་རང་སྣང་དག་པ་ཙམ། །རང་ཞལ་རིག་དང་མ་རིག་ཁྱད་པར་ལས། །གཞན་དུ་བཅིང་བ་མེད་ཅིང་བགྲོལ་བ་མེད། །རྒྱུ་དང་རྐྱེན་གྱི་སྒྲུབ་བྱ་མེད་པས་ཕྱིར། །མཐར་ཐུག་དོན་གྱི་ངེས་པའི་སྙིང་པོ་ཆེ། །རང་བྱུང་ཡེ་ཤེས་ཉི་མ་ཁུང་ནས་ཤར། །མ་རིག་མུན་པ་གདོད་མའི་གཞི་ལ་སང༵ས། །སྐུ་དང་ཡོན་ཏན་རང་གི་ངང་ལ་རྒྱས༵། །གྲོལ་བ་མང་ཙམ་བཏགས་པ་དེ་ཙམ་མོ། །རྒྱུ་ལས་མ་བྱུང་རང་བྱུང་ཆེན་པོ་ནི། །སྣང་བཞི་ཚད་ཕྱིན་བློ་ཟད་ཆོས་ཟད་དུ། །གཟུང་འཛིན་ཡུལ་མེད་དག་པ་ཆོས་སྐུའི་ཀློང་། །ཕྲ་བ་སྣང་ཤེས་ཟད་པའི་གཉེན་པོ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་དེར་ལྷག་ནས། །སྤྲོས་མཚན་ཉེར་ཞི་གཞི་ལས་རབ་འཕགས་པའི། །ཁྱད་པར་དྲུག་ལྡན་བདེ་བ་ཆེན་པོ་རུ། །ལྷུན་གྲུབ་རང་བཞེངས་ཆོས་ཉིད་གཏན་སྲིད་ཟིན། །ཐི་བྱ་ཚང་འཇུག་ལྟ་བུར་གྲོལ་བ་དང་། །མ་པང་བུ་འཇུག་ལྟ་བུར་གྲོལ་བ་དང་། །དེ་ལས་དབང་པོ་ས་བླར་མ་ཕྱིན་ཀྱང་། །སྔར་འདྲེས་མིར་འཕྲད་ལྟ་བུར་ཡང་དག་ཐོབ། །མངལ་གྱི་སྒོ་བཀག་གདམས་པའི་འཕྲོ་མཐུད་ཀྱི། །ཉེས་ཅན་བཙོན་ཐར་འདྲེན་ཆུར་ཝ་འཇུག་གིས། །འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན་པར་བྱེད། །དེ་དག་རབ་འབྲིང་ཐ་མའི་གདེངས་ཐོབ་མཐུ། །སྐད་ཅིག་གསུམ་ལྔ་བདུན་ནམ་ཉེར་གཅིག་གི །སྤྲུལ་པའི་རང་བཞིན་འབྱིན་ནམ་མི་འབྱིན་པར། །ཉོན་མོངས་མ་སྤངས་རང་བྱུང་ཡེ་ཤེས་གྲོལ། །ཆོས་ཅན་མ་སྤངས་ཆོས་ཉིད་རོལ་བར་འཕོས། །བདག་ལྟ་མ་སྤངས་ལྷུན་གྲུབ་ཆེན་པོར་ཞི། །འཁོར་བ་མ་སྤངས་གདོད་མའི་གཞི་ལ་སངས། །འདས་པ་མི་ལེན་རང་གི་རང་བཞིན་གསལ། །སྤྲོས་པ་མ་སྤངས་ཀ་ནས་དག་པར་རོལ། །སྤྲོས་མེད་མ་གྲུབ་ལྟོས་གཞི་མེད་པར་ལྷུག །མི་འཇིགས་གདེངས་ཐོབ་རེ་དོགས་མེད་པར་འཕྱོ། །རྩོལ་མེད་གཏིང་གསལ་ཡེ་ནས་འཕོས་འཕགས་བྲལ། །དབྱིངས་ལ་དབྱིངས་ཞུགས་གདངས་ལ་གདངས་སུ་འཕོས། །མཁའ་ལ་མཁའ་ཐིམ་ལྟ་བུར་དག་མཉམ་བརྡལ། །ཕྱི་རྟགས་སྣ་ཚོགས་མི་འཇིགས་རྟེན་གྱི་རིགས། །འབྱུང་བ་འཇའ་ལུས་ཆེན་པོ་འོད་དུ་དག ། ཆུང་ངུ་རྡུལ་ཕྲན་ཉིད་དུ་དེངས་པ་ཡི། །ནང་གི་རིག་པ་རང་གྲོལ་ཡེ་ཤེས་སུ། །གཟུང་འཛིན་འཇུག་ཞི་གནམ་སྟོང་ཟླ་བ་ལྟར། །སྐད་ཅིག་བག་ཆགས་སྣང་བར་བཅས་པ་དང་། །འོད་གསལ་དབྱིངས་སྣང་རང་བྱུང་རང་དག་ནས། །ཐིམ་ལ་མ་རྨུགས་ཡེ་ཤེས་ཆེན་པོ་ནི། །ལྷུན་གྲུབ་ཡོན་ཏན་འགགས་མེད་ཁ་སྦྱོར་གྱི། །བདེ་བ་ཆེ་ལ་དམིགས་མེད་ལྷུན་གྱིས་འབྱམས། །སྐུ་ལྔ་ཞིང་ལྔ་རིགས་ལྔའི་བཀོད་པ་ཡི། །སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅིར་ཡང་རྩེན། །རྣམ་དག་དབུགས་འབྱིན་ཞིང་ལྔར་སྟོན་པ་ཡི། །ཅི་བཞིན་ཤུགས་ཀྱི་ཡེས་ཤེས་ལས་འཁྲུངས་པས། །རིགས་ལྔའི་མཁའ་འགྲོ་ས་བཅུའི་བརྟན་པ་ལ། །གང་འདུལ་རྟག་ཁྱབ་ངེས་པར་བསམ་མི་ཁྱབ། །མཆོག་གི་མཛད་པ་ཉེ་བར་སྟོན་པ་ཡི། །ཐུབ་པ་མཚན་དཔེའི་རང་བཞིན་སྤྲུལ་བའང་། །རྒྱ་ཆད་མེད་ཅིང་ཕྱོགས་ལྷུང་བྲལ་བར་གྱུར། །དེ་ཕྱིར་བྱང་ཆུབ་དགོས་འདོད་བུམ་པ་བཟང་། །ལས་སྨོན་དག་པའི་རྩོལ་དང་རྟོགས་བྲལ་བར། །སྐུ་གསུང་ཐུགས་ཀྱི་ཕུན་ཚོགས་བསམ་བྱར་མིན། །མཐའ་ཡས་རབ་འབྱམས་ཞིང་ལ་ལྷུན་གྱིས་གྲུབ། །གཉིས་འཛིན་མེད་པའི་ངང་ལ་འུབ་ཆུབ་པོ། །ཨེ་མ་ཧོ། །ཆོས་ཉིད་བྱང་ཆུབ་རང་བྱུང་རིག་པ་ལ། །བསྒོམ་དང་ལྟ་དང་འབྲས་བུའི་ཐ་སྙད་གྲོལ། །འོན་ཏེ་རིམ་གྱི་དང་པོའི་ལས་ཅན་ལ། །རང་སྣང་སྟོན་པས་རང་ལ་ཤར་ནས་སྣང་། །རྡོ་རྗེའི་གནས་སུ་རྣམ་པར་བཀོད་པ་གང་། །ཡིད་དཔྱོད་ཚིག་གི་ལམ་དུ་མཚོན་ཚུལ་ཙམ། །དེར་ནི་གོལ་ཤོར་ནོར་བའི་འཕྲང་བསྟན་པའི། །ཤན་འབྱེད་འཕྱོང་ལ་རྣམ་མང་བཀྲོལ་བའང་། །འདིར་ནི་ཐམས་ཅད་གཞི་རུ་གཞི་སྣང་རྩལ། །གང་ཡང་ཡིན་ཏེ་མིན་པའི་མཐའ་ལས་འདས། །གང་ཡང་མིན་དེ་ཡིན་པའི་མཐའ་ཡས་པའི། །རྟག་མིན་ཆད་མིན་དངོས་མཚན་ཐེར་ཟུག་མིན། །བདེན་མིན་རྫུན་མིན་བག་ཆགས་རྟེན་གཞི་མེད། །མི་མངོན་མི་འགྱུར་ཟག་མེད་འདུས་མ་བྱས། །ལྷུན་གྱིས་གྲུབ་པ་རྒྱ་ཆད་ཕྱོགས་ལྷུང་གི །དམིགས་མེད་རང་བྱུང་རིག་པར་འབྱམས་སུ་ཀླས། །འཁོར་འདས་ཐམས་ཅད་རིག་པའི་ཀློང་མ་གཡོས། །སེམས་དང་སེམས་བྱུང་རོལ་བ་རང་གི་འཕྲུལ། །རང་སར་དག་མཉམ་རིག་པ་དེར་མི་གཅིག །གཞན་མིན་ནམ་མཁར་སྤྲིན་གྱི་རྒྱུ་རྩལ་བཞིན། །ཕན་མེད་གནོད་མེད་བཟང་དང་ངན་པར་མཉམ། །བདེ་གསལ་མི་རྟོག་ཉམས་ཀྱི་སྣང་བའང་། །གང་ལྟར་ཤར་ཀྱང་རྟོག་པ་ཙམ་ཞིག་གི །འཕོང་རྐྱེན་ཐར་བར་ཉེ་བ་ཁྱད་ཆོས་སོ། །ཅི་ཕྱིར་ཞེ་ན་དེ་དག་རིམ་པ་ནི། །མ་ཞེན་མི་ངལ་ལམ་གྱི་མ་རྨུགས་སུ། །བྱིང་རྒོད་ཁ་ཡན་ཆོས་ཉིད་ཆུ་བོའི་རྒྱུན། །མི་གོལ་བྱང་ཆུབ་མི་སྣང་རང་རྒྱས་ཆོད། །བྱང་ཆུབ་རྒྱན་སྣང་ཀུན་གྱི་གཞི་ལ་དེངས། །ཤེས་རབ་རང་བྱན་རྣམ་པར་ཤེས་ལ་མེད། །ཡེ་ཤེས་མཁྱེན་ཆ་ཡིད་ལ་དྭངས་གསལ་མེད། །ཆོས་ཉིད་བདེ་ཀློང་ཞེན་པའི་རེ་བ་མེད། །སྤྱན་དང་མངོན་ཤེས་ཟག་པ་དོན་ལ་མེད། །བྱང་ཆུབ་ངང་འཁྱིལ་སེམས་མེད་གནས་ལྔ་ལྟར། །མི་རྟོག་ཙམ་མིན་རིག་པར་གཟུང་འཛིན་མེད། །དམ་པའི་དོན་ལ་དམིགས་མེད་ཤེས་རབ་འབར། །ཡེ་ཤེས་ཉག་གཅིག་མངོན་པའི་ང་རྒྱལ་མེད། །ཀློང་གསལ་ལྷུན་འབྱམས་མཐར་ཞེན་སྤྲོས་མེད་པ། །གཟུང་འཛིན་ཡུལ་མེད་ཟང་ཐལ་ཡོངས་གྲོལ་དུ། །རྟོགས་ནས་གོལ་ཤོར་ནོར་བའི་འཕྲང་ལས་གྲོལ། །ཨེ་མ་ཧོ། །དེ་ལྟར་ལྟ་བསྒོམ་སྤྱོད་འབྲས་ཤན་འབྱེད་འཕྱོངས། །གནད་རྣམས་ཐམས་ཅད་གང་ཤར་རྐང་བཅད་དུ། །དུམ་ཆོད་དུམ་ཆོད་བྱས་ནས་སྨྲས་པ་ནི། །ཐོས་པ་ཆུང་བས་འགལ་འདུ་ཡོད་ན་བཤགས། །ཚིག་དོན་གོང་འོག་འཛིང་འཁྲུགས་ཟློས་པའི་སྐྱོན། །མཐའ་དག་རང་སྐྱོན་བརྡོལ་བའི་སྤྱི་མཚན་པ། །ཡང་དག་ངེས་པ་ནང་ནས་མ་རྙེད་རིག །དེ་ལ་ཐུགས་རྗེའི་གཟིགས་ནས་བདག་ལ་ཞུ། །འོན་ཀྱང་བླ་མ་མཆོག་གི་ཐུགས་རྗེ་དང་། །སྔོན་སྨོན་བཟང་པོའི་ཀུན་བཟང་བསྟན་པར་འཕྲད། །བག་ཆགས་དཀར་པོའི་གསོས་སུ་འགྱུར་སྙམ་སྟེ། །གླུ་འདི་ཡིད་ལ་གང་བབས་སྨྲས་པའོ། །འགལ་དང་མི་འགལ་ཆོས་ཉིད་གཤིས་ལ་མེད། །ནང་དོན་རྟོགས་པ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སེམས་ཅན་རྣམས་ལ་གཞིར་བཞུགས་པས། །སྙིང་པོ་བྱང་ཆུབ་སྐལ་བ་ལོས་ཀྱང་ཡོད། །དེ་སླད་ཐེ་ཚོམ་སྲིད་པ་ཟད་པའི་ཆོས། །རྡོ་རྗེ་མཆོག་ཏུ་གསང་བར་སྐལ་བ་བཞག །རྒྱུད་ཚོད་དེ་ལས་མི་འདུག་རྟོགས་འབུལ་ཞུ། །དགོངས་བརྒྱུད་བསྟན་པ་རིན་ཆེན་རྗེས་སུ་བསྙེད། །ཕུན་ཚོགས་འབྲས་ལ་སྨོན་ལམ་བཟང་བཏབ་པས། །བདག་འདྲ་མ་རིག་སྐལ་དམན་སེམས་ཅན་རྣམས། །ཕྱམ་གཅིག་གདོད་མའི་གཞི་ལ་ཡེ་རྒྱས་ནས། །དོན་གཉིས་མཐར་ཐུག་རྡོ་རྗེ་འཆང་ཐོབ་ཤོག །ཞེས་ཁྱེད་ཞལ་མ་ལྡོག་ཙམ་དུ་སྨྲས་པ་པོ་ག་ག་ཨ་བྷྱེའི་བཅས་བཅོས་སུ་མེད་པར་རོ། །

ཏནྟྲ་ཀུན་གྱི་བསྡུས་དོན།

༄༅། །ཏནྟྲ་ཀུན་གྱི་བསྡུས་དོན་བཞུགས་སོ། །གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། །གནས་དང་ཡུལ་དང་སྒོ་དང་ལམ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གིས། །འོད་ཀྱི་ཡང་ཞུན་བཅུ་བདུན་སོགས། །རྫོགས་ཆེན་རྒྱུད་ཀྱི་ཁོང་སྙིང་བསྡུས། །ཅེས་ཀྱང་ག་གཱས་སོ། །དགེའོ། །

དེ་ཡང་སེམས་ཅན་གྱི་རྒྱུ༵་ལ༵ས་མ༵་བྱུང༵་། །བཅོས་མའི་ལམ་རྐྱེན་ལ་མ་ལྟོས་པས༵་མཐར་ཐུག་གི་གཞི་དང་འབྲས༵་བུ༵་དབྱེར་མེད། འདུས་མ་བྱས། མ་བཅོས་ཡེ་སངས་རྒྱས་པ་རང་བཞིན་༼ གཞི་རྒྱུད་རང་བཞིན་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར། མཆན། ༽གྱི་རྒྱུད། འགྲོ་བ་ཀུན་ལ་རྩ༵་བའི༵་དཀྱིལ་འཁོར་གསུམ་གྱི་བདག་ཉིད་དུ་ཡེ་རྫོགས་ལྷུན་གྲུབ་རང་ཆས་སྤྱི་བླུགས་སྒྲུབ་གསལ་འགྲོ་འོང་དང་བྲལ་བར་བཞུགས་པའི་བྱུང༵་ ༼ གཞི་རྒྱུད་སེམས་ཅན་དུ་འདོད་པ་ལས་འཕགས་པར། སངས་རྒྱས་རང་ཆས་སུ་ཡོད་པར་བསྟན་པའི་གཞིའི་རྒྱལ་པོ། མཆན། ༽རྒྱལ༵་ཞེས་བྱའོ། །རྒྱུ་མཚན་དེས་ན་སངས་རྒྱས་རང་ལ་ཡོད་པའི་གཞན་ནས་བཙལ་མི་དགོས་པའི་ ༼ གཞི་རྫོགས་པ་ཆེན་པོའི། མཆན། ༽ཁྱད་ཆོས་སུ་བསྟན་པ་སྟེ། ནམ་མཁའ་འབར་བའི་རྒྱུད་ལས། རང་བཞིན་སྟོང་པ་ལྷུན་གྲུབ་ཡིན། །རང་བཞིན་རྒྱུ་རྐྱེན་མེད་པ་ཡིན། །ཞེས་དང་། ངེས་དོན་འདུས་པ་ལས། སེམས་ཅན་རྒྱུ་ལས་མ་བྱུང་བའི། འབྲས་བུ་ཆོས་སྐུར་ངེས་པར་ཡོད། །གཟུགས་སྐུ་ཚོགས་གཉིས་ལས་མ་བྱུང་། །དེ་ཕྱིར་ཆོས་སྐུ་རྟོགས་གྱུར་ན། །ཚོགས་མ་བསགས་པར་འབྲས་བུ་རྫོགས། །དེ་ཕྱིར་རྒྱུ་མེད་འབྲས་བུ་ཡོད། །ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། རྒྱུ་ལས་མ་བྱུང་རྐྱེན་མ་བསྐྱེད་པས། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །ཞེས་དང་། རང་ཤར་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །ཆོས་ཉིད་སྟོང་པའི་ཀློང་དཀྱིལ་དུ། །ལུ་གུ་བརྒྱུད་ནི་དཀྱིལ་ཡིན་ཏེ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། ཞེས་སོ། །དེ་ལྟ་བས།༼ སྦྱངས་གཞི་ཆོས་ཉིད་ཀྱི་མདངས་འོད། སྦྱངས་བྱའི་དྲི་མ་འཁོར་བའི་ཆོས་དང་འཛོམས་པ་ལས། སྦྱོངས་བྱེད་ལམ་གྱི་རྣམ་པར་ཤར་བས་རྩེ༵་མོ༵་ཞེས་པའམ། མཆན། ༽དོན་མཚོན་བྱེད་ཐབས་ཀྱི་རྒྱུད་ཐེག་ཆོས་གྲུབ་མཐའི་ལྟ་སྒོམ་སྤྱོད་འབྲས་ཀུན་གྱི་རྩེ༵་མོ༵ར་གྱུར་བ་འདི་ཉིད་ཀྱིས་གདམས་ངག་ཐོབ་ནས་སམ། རང་སེམས་ཆོས་ཀྱི་སྐུ་མངོན་སུམ་བཅར་ཕོག་ཏུ་ངོ་འཕྲོད་པ་ལ། བསྔགས་བརྗོད་དུ་རི་བོ་སྤྱི་ཆིངས་ཀྱི་ལྟ་བ་ཐོ༵བ་པ་ཞེས་ཐོས་པ་སྒོམ་དུ་ཤར་ནས་སོ་སོ་རང་གི་རིག་པས་མ་བཅོས་རྣལ་བཞག་ཆེན་པོར་ལ་བཟླ་བ་ནི། ཡིད་དཔྱོད་སེམས་ཀྱི་བསྒོམ་པ་རྣམ་རྟོག་གཟུང་འཛིན་ཤེས་སྒྲིབ་ཀྱི་འཆིང་བ་ཀུན་དང་འགྲན་ཟླ་བྲལ་བའི་སྒོམ་དུ་མེད་པའི་བསྒོམ་པའི་རྒྱལ༵་པོ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཡེ་ཤེས་སྒྲོན་མ་ལྟ་བ་ཀུན་གྱི་རྩེ་མོར་གྱུར་བས་ཆེ། །གསལ་ལ་མ་ཡེངས་སྒོམ་པ་ཀུན་གྱི་རྩེ་མོར་གྱུར་བས་ཆེ། །རང་བྱུང་མ་བཅོས་སྤྱོད་པ་ཀུན་གྱི་རྩེ་མོར་གྱུར་བས་ཆེ། །འཛིན་མེད་རང་གསལ་འབྲས་བུ་ཀུན་གྱི་རྩེ་མོར་གྱུར་བས་ཆེ། །ཞེས་དང་། རང་ཤར་ལས། མ་བཅོས་ཆགས་མེད་སྤྱོད་པ་ཀུན་གྱི་རྩེ། །འཛིན་མེད་རང་གྲོལ་བསྒོམ་པ་ཀུན་གྱི་རྩེ། །ཟང་མ་ཐལ་བྱུང་ལྟ་བ་ཀུན་གྱི་རྩེ། །ཞེས་དང་། གཅིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས། རྒྱུ་བ་ལྡང་མའི་ཤེས་པས་རྒན་པོ་ཡང་། །དགོས་པ་གཏམ་ཏམ་ཐོས་པས་གོ་བ་བཞིན། །འདི་ཉིད་ཐོས་པ་ཙམ་གྱིས་གྲོལ་བར་འགྱུར། །འདི་ཉིད་མ་རྟོགས་ན་སོ་དར་གྱུར་ཀྱང་། །བྱིས་པ་ཡིན་ཏེ་སངས་རྒྱས་དོན་མ་རྟོགས། །འདི་ཉིད་ཐོབ་ནས་བྱང་ཆུབ་མངོན་དུ་བྱེད། །དེ་ཕྱིར་འདི་ཉིད་ཁྱད་པར་འཕགས་པ་སྟེ། །བསྒོམ་མི་དགོས་ཏེ་ཐོས་པ་བསྒོམ་དུ་འཆར། །མ་བསྒོམ་བཞག་ཀྱང་མི་གསལ་དགག་དུ་མེད། །ཐོས་པ་ཙམ་གྱི་ཡེ་སྒོམ་ཆེན་པོ་ཡིན། །ཞེས་དང་། ཀུན་གསལ་ལས། མ་བསྒོམ་རྒྱུན་ཆད་མེད་པའི་དཔེ། །ཆུ་བོ་ལྟ་བུར་བསྟན་པ་ཡིན། །མ་བསྒོམ་དོན་དང་མི་འབྲལ་བར། །སྦྱོར་རྩིར་སྦྲང་འདབ་འཕྱར་བ་བཞིན། །མ་བསྒོམ་ངང་གིས་གསལ་བ་ནི། གསལ་དངས་ཉི་མའི་སྙིང་པོ་འདྲ། ཞེས་སོ། །འཕགས་པའི་ ༼ ལམ་རྫོགས་པ་ཆེན་པོ་ཆོས་ཉིད་མངོན་སུམ་གྱི་བསྔགས་པ་བརྗོད་པའོ། མཆན། ༽ལམ་གྱིས་རྗེས་སུ་འགྲོ་བའི་ངེས་གསང་བླ་ན་མེད་པའི་ལྟ་བསྒོམ་མཐར་ཕྱིན་པའི་འབྲས༵་བུ༵་ནི། ཡོ༵་ག༵་ཞེས་པས་སྒྲ་ལས་དྲངས་ན་རྣལ་འབྱོར་ལ་འཇུག་སྟེ། རང་ཤར་ལས། བསམ་གྱིས་མི་ཁྱབ་རྣལ་འབྱོར་ཀྱང་། །རྣམ་པ་ལྔ་ཡི་ཁོག་ཏུ་འདུས། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རྩལ་ཆེན་རྫོགས་དང་ལུང་ཆེན་ཐོབ། །དབུགས་ཆེན་འབྱིན་དང་ལུས་སེམས་ཕྱེད། །བཀའ་སྡོད་ལས་ཀྱི་རྣལ་འབྱོར་རོ། །ཞེས་གསུངས་པའི་ནང་ནས། །བྱ་བ་རྫོགས་པའི་རྣལ་འབྱོར་ནི། །ཀ་དག་སངས་རྒྱས་ཆེན་པོ་ཡིན། །དེ་ལས་གཤེགས་སུ་མེད་པར་གསུངས། །ཞེས་དང་། ཀ་དག་འགྱུར་མེད་ཆེན་པོ་ལ། །བྱ་རྩོལ་ཐམས་ཅད་བྲལ་བ་སྟེ། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་ཡིན། །ཞེས་བྱ་བ་རྫོགས་པའམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་བས། སངས་རྒྱས་ཀྱི་ས་དྲུག་མངོན་དུ་མཛད་དེ་བཅུ་དྲུག་ཡེ་ཤེས་བླ་མའི་ཀུན་བཟང་དབྱེ་བ་མེད་པའི་ས་ལ་གནས་པ་ནི་ཐེག་པའི་རིམ་པ་གཞན་དག་གི་བརྒྱུད་འབྲས་དང་འདིས་དངོས་ཀྱི་འབྲས་བུ་ཡིན་པས། ཁྱད་པར་འཕགས་པའི་དབང་གི་རྒྱལ༵་པོར་གྱུར་པའོ། །འདི་དག་ཀྱང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཚོགས་འཁོར་ཀྱི་སྐབས་སུ། གཞི་ནི་ལྷུན་གྱི་གྲུབ་པ་ལ། །ལམ་ནི་མངོན་གསུམ་སྣང་བ་ཤར། །འབྲས་བུ་གཞི་ལ་རྫོགས་པར་མཛོད། །ཅེས་དང་ཚུལ་མཚུངས་པའོ། །ཡང་འགྲེལ་ཚུལ་གཞན་དུ། འབྲས་བུ་ངོ་བོ་གཞི་རང་བཞིན་གྱི་སངས་རྒྱས་མ་བཅོས་ལྷུན་གྲུབ་ཏུ་ཡོད་པའི་ཕྱིར་དང་། དེ་ཉིད་ཇི་ལྟ་བས་མཐོང་བ་མཐར་ཐུག་གི་འབྲས་བུ་དེ་ལས་བོག་དབྱུང་དུ་མེད་པའི་ཡང་རྩེ༵་མོར༵་ཕྱིན་པའི་ཐོ༵བ་རྒྱལ༵་ཞེས་བྱ་སྟེ། ཀུན་གསལ་ལས། འབྲས་བུའི་ངོ་བོ་ནི་སོ་སོའི་ལྟ་བ་ཡོངས་སུ་རྫོགས་པའོ། །ཞེས་དང་། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །འབྲས་བུས་མཚོན་པའི་ཚིག་ཚོགས་ནི། །མཐར་ཕྱིན་པ་དང་རྫོགས་པ་དང་། །ཞེས་པ་ལྟར་རོ། །འབྲ༵ས་བུ༵་ཡོག༵་རྒྱལ་ཞེས་པ་ལམ་ལ་འགྲེལ་ན། །སྤྱིར་ཐེག་པ་ལ་གདུལ་བྱ་ལམ་གྱི་རྟེན་དང་། ལམ་གྱི་སྟེགས་དང་། ལམ་གྱི་མཐར་ཐུག་གི་འབྲས་བུ་ལ་འགོད་པའི་ཐེག་པ་ཡོད་ཀྱང་། ཡོ་ག་ཞེས་པ་རྣལ་འབྱོར་ཏེ། མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་ཞེས་དང་། ཐུན་མོང་གི་རྒྱུད་རྣམས་ལས། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་ལ་གསུངས་པ་ལྟར་བྱས་ཏེ། འདིར་གསང་སྔགས་ལའང་གཞི་སྦྱོང་བ་དང་། བསྒྱུར་བ་དང་། གཞི་དངོས་པོ་ལམ་བྱེད་གསུམ་ལས་ཕྱི་མ། འབྲས་བུ་དངོས་ལམ་བྱེད་ཡིན་པ་དང་། ཡོ་ག་ཀུན་གྱི་མཐར་ཐུག་གི་སྐྱེལ་སོ་བླ་ན་མེད་པ་ཡིན་པས་ཞེས་ཀྱང་རུང་ངོ་། །སློབ་འབངས་རེ་བའི་དབྱུག་གུ་ཡིས། །ནམ་མཁའི་རྔ་སྒོག་བརྡུང་བ་ན། །དོན་སྟོང་ལོག་པའི་སྒྲ་འབྱིན་འདི། །སྨྲ་འདོད་མེད་ཀྱང་ཀྱལ་ཀ་ཙམ། །རྫོགས་པ་ཆེན་པོའི་ཁྱད་ཆོས་འདི། །རྙིང་མ་རྣམས་ལ་ཆ་མེད་ན། ཁོ་བོ་གྲོང་སྔགས་ཐོས་ཆུང་གིས། །སྨོས་ཅི་དགོས་ཏེ་དོགས་པ་མེད། ག་གཱས་སོ། །དཔེ་ཤིན་ཏུ་མི་དག་པས་དཔྱད་འཚལ།

ཉམས་ལེན་གནད་ཀྱི་དམར་བྱང་ཚོགས་བརྒྱད་རང་གྲོལ།

ཉམས་ལེན་གནད་ཀྱི་དམར་བྱང་ཚོགས་བརྒྱད་རང་གྲོལ་བཞུགས་སོ། །

དེ་ལ་ཐུན་བཞིར་སྤྱོད་པའི་རྣལ་འབྱོར་བས། །འོད་གསལ་ཆེན་པོའི་ལམ་གྱི་ཉམས་ལེན་ཚོགས། ཁྲིགས་སུ་བསྡེབ་ནས་ལེགས་པར་བཤད་པ་ལ། །ཆོས་བདག་དཔའ་བོ་མཁའ་འགྲོའི་གནང་བ་སྩོལ། །དེ་ཡང་དང་པོ་མལ་ནས་ལངས་ཏེ་ཧ་ཞེས་རླུང་རོ་དགུ་སྤྲུགས་མཐར་རང་ཉིད་སངས་རྒྱས་མཁའ་འགྲོར་གསལ་ལ་འབྱུང་ཁམས་དག་སྦྱོར་བྱས་ལ་ཅུང་ཞིག་བསྒོམ་ནས་སྔོན་འགྲོ་དང་མཐར་དཀར་འགྱེད་བྱས་ལ་ནང་ཇ་གསོལ་ལོ། །དེ་ནས་ཐོད་རྒལ་བྱིན་འབེབས་མཐར་ ༼ དམིགས་པ་ནི་ནུབ་ཕྱོགས་པདྨ་འོད་ཀྱི་ཞིང་ཁམས་སོགས་ནས་དུས་གསུམ་གྱི་སངས་རྒྱས་དང་བརྒྱུད་པ་དགུ་ལྡན་གྱི་བླ་མ་ཐམས་ཅད་འོད་ཕུང་འཇའ་སྤྲིན་ལྟ་བུའི་རྣམ་པར་བྱོན་ནས་མིག་གི་ཨ་འབྲས་ནས་སྙིང་ཀའི་དབྱིངས་ཐིག་ལ་ཐིམ་པར་བསྒོམ། མཆན། ༽རང་རྡོ་རྗེ་མཁའ་འགྲོར་གསལ་ལ་ཐོད་རྒལ་བསྒོམ། ཐུན་མཐར་ཁྲ་འགྱེད་དང་དགེ་བསྔོ་བྱའོ། །དེ་ནས་དྲོས་ཇ་གསོལ། ཡང་རང་ཉིད་རིན་ཆེན་མཁའ་འགྲོར་གསལ་ལ་བྱིན་འབེབས་དམིགས་པའམ་གསོལ་འདེབས་བསྡུས་པ་གང་རུང་གི་མཐར་ཐོད་རྒལ་བསྒོམ། ཐུན་མཐར་དམར་འགྱེད་དང་དགེ་བསྔོ་བསྒྲགས། དགོང་ཇ་དང་དེའི་མཐར་ཡང་གསོལ་མཆོད་བསྡུས་པའི་མཐར་རང་པདྨ་མཁའ་འགྲོ་མར་གསལ་ལ་བྱིན་འབེབས་མཐར་ཐོད་རྒལ་བསྒོམ་མོ། །ཐུན་མཐར་བརྐྱང་ཕྱག་བརྒྱ་བརྡབ་སྟེ་བཙལ་ལོ། །དེ་ནས་ནུབ་ཇ་གསོལ་ལ་བྱིན་འབེབས་རང་ཉིད་ཀརྨ་མཁའ་འགྲོར་གསལ་ལ་ཐོད་རྒལ་བསྒོམ་མོ། །ཐུན་མཐར་འཆི་སྦྱངས། འཕོ་ལུང་། ནག་འགྱེད་རྣམས་བྱས་ལ་ཚེ་བསྙེན་ཅུང་ཟད་བཟླའོ། །དེ་ནས་རང་ཉིད་ཁྲོས་མར་བསྒོམ་ནས་གཉིད་འོད་གསལ་དུ་སྦ་བ། ཤེས་བྱ་བུམ་པར་བསྡུ་བ་རྣམས་བྱའོ། །ཟླ་བ་དྲུག་གི་དབང་དུ་བྱས་ན། ཟླ་བ་དང་པོ་ལ་ཁྲོས་མ། གཉིས་པར་སངས་རྒྱས། གསུམ་པར་རྡོ་རྗེ་མཁའ་འགྲོ། བཞི་བར་རིན་ཆེན། ལྔ་བར་པདྨ། དྲུག་པ་ལ་ཀརྨ་མཁའ་འགྲོ་བྱས་ན་ལེགས། ཟླ་བ་གཅིག་གམ། ཞག་བདུན་སོགས་ལ་སྔ་མ་ལྟར་རོ། །ནུབ་ཐུན་ལ་ཐིག་ལེ་གཏེམ་ཀྱང་ཆོག་གོ །ཐོད་རྒལ་གཞན་ལ་འབྱུང་ཁམས་དག་སྦྱོར་མཐར་སྔོན་འགྲོའི་རྗེས་སུ་ཁྲེགས་ཆོད་བསྒོམ། དེ་ནས་ནང་ཇའི་རྗེས་སུ་ཐོད་རྒལ་བྱིན་འབེབས་སམ་བླ་མའི་རྣལ་འབྱོར་མཐར་ཐོད་རྒལ་བསྒོམ། ཉིན་གུང་བླ་མའི་རྣལ་འབྱོར་མཐར་ཐོད་རྒལ་བསྒོམ། དགོང་མོའང་དེ་འདྲ་ལ། བད་ཀན་ཅན་གྱིས་ཐུན་སོ་སོའི་མཐར་ཕྱག་འཚལ་ཅི་མོས། ནུབ་མོའང་དེ་འདྲ་འམ་ཁྲེགས་ཆོད་གང་རུང་བསྒོམ། དེ་ནས་ཐུན་མཐར་འཆི་སྦྱང་། འཕོ་ལུང་། ལུས་སྦྱིན། གཉིད་འོད་གསལ་དུ་སྦ་བ་རྣམས་དང་བཅས་སྔ་མ་དང་འདྲའོ། །ཐོད་རྒལ་བྱིན་འབེབས་ནི། གཏེར་གསར་ལས། འདུག་ས་འདི་རུ་བྱིན་གྱིས་རློབས༔ ཞེས་པ་སྨད་ན་ཡོད་པ་དེ་ཡིན། ཀུན་ལ་ཐུན་མཐར་བསྔོ་སྨོན་ཐུན་འགོར་སེམས་བསྐྱེད་རེ་དགོས་པ་འདྲའོ། །དེ་ལྟར་ཉམས་ལེན་བསྲང་དུ་གཟུད་བའི་ཐབས། གངས་རིའི་ཁྲོད་ཀྱི་སྨྱོན་པ་ག་གཱ་པས། །རང་གཞན་ཀུན་ལ་ཕན་པའི་བསམ་པ་ཡི། །བྲིས་པའི་དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །ལྟ་སྒོམ་སྤྱོད་འབྲས་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་བཞི་ལ་གོལ་ས་དགུ་ཡོད། ལྟ་བ་ཆད་ལྟ་ཅང་མེད་དུ་བལྟས་ན་གཟུགས་མེད་དུ་གོལ། སྣང་བའི་འོད་ལ་གསལ་བ་རིས་ཆད་དུ་བལྟས་ན་གཟུགས་ཁམས་སུ་གོལ། སྟོང་གཟུགས་ལ་དག་གྲོལ་དུ་འཛིན་ན་འདོད་ཁམས་སུ་གོལ། སྒོམ་པ་ལ་མི་རྟོག་རྩེ་གཅིག་ཏུ་བསྒོམ་པས་ཞི་གནས་སུ་གོལ་བའི་གཉེན་པོ་རིག་པའི་གསལ་ངར་འདོན་པ་གཅེས་སོ། །རྣམ་པ་གསལ་བ་རེས་ཅན་གུད་བཅད་དུ་བསྒོམ་ན་ཀུན་གཞིའི་རྣམ་ཤེས་སུ་གོལ་བས་གཉེན་པོ་སྤྲོས་བྲལ་ལ་གསལ་སྣང་བཏོན། བྱུང་ཚོར་བཀག་པའི་སྟོང་པ་བསྒོམ་ན་མུ་མེད་དུ་གོལ་བས་རང་ཁར་བཀག་པ་མེད་པར་བཞག །སྤྱོད་པ་ལ་ཞེན་མེད་དུ་མ་གྱུར་པར་གང་བྱུང་ཐ་མལ་དུ་སྤྱོད་ན་སྨྱོན་པ་ལྟ་བུར་ལྷ་ ༼ ལྟ་དཔྱད། ༽མིན་དུ་གོལ། ཚིག་ལ་ཞེན་ན་འཇིག་ལྟར་འགྱུར་བས་གྲུབ་མཐའི་ཞེན་པ་སྤང་། སྣང་བ་མ་བཟུང་ཧད་པོ་ཡིན་ཀྱང་རིག་ངོ་མ་ཟིན་ན་གཏི་མུག་ལུང་མ་བསྟན་དུ་གོལ་བས་རིག་ངོ་ཟིན་པ་གཅེས་སོ། །ད་ནི་འབྲས་བུ་ལུ་གུ་རྒྱུད་བསྒོམ་པའི་རྣལ་འབྱོར་བ་ལ་ནི་རྣམ་རྟོག་གི་དཔྱད་པ་ཞུགས་པ་ཙམ་ལས་གོལ་ས་ཅི་ཡང་མེད་དེ། ཀློང་དྲུག་ལས། ལུ་གུ་རྒྱུད་ལ་གོལ་ས་མེད། ཅེས་སོ། །འཆི་ལུགས་ནི་རྣམ་པ་མང་ཡང་། མཁའ་འགྲོ་ལྟར་འཆི་དུས་སྐད་ཅིག་གིས་ལུས་དབྱིངས་སུ་ཡལ་བ་དང་། ནམ་མཁའ་ལྟར་རང་བབས་སྤྲོ་བསྡུ་བྲལ་བའི་དབྱིངས་སུ་ལུས་ཀྱི་ཆ་ཤས་དང་ཕྱེད་སོགས་ནས་མི་སྣང་བ་ཡལ་བ་དང་། དང་པོ་ལུས་རྡུལ་ཕྲན་དུ་འཐོར། །དེ་ནས་དབྱིངས་སུ་ཡལ་བའི་འཆི་ལུགས་གསུམ་ཁྲེགས་ཆོད་ཀྱིས་སོ། །ལུས་འོད་ལུས་སུ་བཞེངས་པ་རིག་འཛིན་ལྟ་བུའི་འཆི་ལུགས་ཞེས་པདྨ་འབྱུང་གནས་ལྟ་བུ་འོད་ལུས་ཀྱིས་འགྲོ་དོན་བྱེད་པ། ལུས་འོད་ཕུང་དུ་དབྱིངས་སུ་ཡལ་བ་ནི། མེ་དཔུང་ལྟ་བུའི་འཆི་ལུགས། ལུས་འཇའ་འོད་ཀྱིས་བཏུམ་ནས་ཇེ་ཆུང་ལ་སྐྲ་སེན་ཙམ་ལྷག་པ་འཇའ་ལུས་ཆུང་ངུ་སྟེ། དེ་རྣམས་ཐོད་རྒལ་གྱི་འཆི་ལུགས། ཡང་བུ་ཆུང་ལྟར་ནམ་འཆི་འདིར་འཆིའི་རྩིས་གདབ་མེད་པར་འཆི་བ་བུ་ཆུང་ལྟ་བུའི་འཆི་ལུགས་དང་། རི་དྭགས་ལྟར་དབེན་པ་ནས་འཆི་བ། སྤྲང་པོ་ལྟར་སྲང་མདོར་འཆི་བ་རྣམས་ཁྲེགས་ཐོད་ཐུན་མོང་གི་འཆི་ལུགས་སོ། །ག་གཱ་ཨ་བྷྱེས་སོ། །

གསུང་མགུར་ལྷའི་རྔ་སྒྲ་རྒྱུ་འབྲས་དང་པོའི་རྣམ་པར་བཞག་པ་སྲིད་གསུམ་འགྲོ་བའི་མགོན་པོ།

གསུང་མགུར་ལྷའི་རྔ་སྒྲ་རྒྱུ་འབྲས་དང་པོའི་རྣམ་པར་བཞག་པ་སྲིད་གསུམ་འགྲོ་བའི་མགོན་པོ་ཞེས་བྱ་བ་བཞུགས་སོ། །

འགྲོ་མགོན་བདུད་འཇོམས་རྡོ་རྗེ་ལ་གསོལ་བ་འདེབས། ཞེས་གསོལ་བ་བཏབ་ནས་ཆེད་དུ་སྨོས་བྱ་ལ། ངས་ཉིན་གཅིག་སྲོག་གཅོད་ཀྱི་ཉེས་པ་མང་པོ་བཤད་ནས་སྲོག་གཅོད་ལ་མི་དགེ་བ་མང་པོ་ཚང་ཞེས་བྱས་པ་ན་གཞན་ཞིག་གི་མི་དགེ་བ་གཅིག་ལ་མང་པོ་ཡོད་ན་ཐན་ཡིན་ཟེར་བ་ན་ངས་དེ་ལོས་བདེན་བསམ་ནས་ཡོད་དུས། ང་ཉིན་གཅིག་དགོན་ནང་ལ་འགྲོ་བའི་ལམ་ཞིག་ན་ཁྱི་རྒན་རྒྱ་བོ་གཅིག་འདུག་པ་དེ་ལ་ངས་རྡོས་བརྒྱབ་ནས་སོ་ཕུད་བཏང་དུས། ཨ་ར་ར་ཟེར་དུས་ངས་ཐན་རེད་བསམ་ནས་བཟློག་པ་བརྒྱབ་དུས། ཁྱི་རྒན་ན་རེ། ཞེ་སྡང་ཅན་ཁྱོད་ཀྱི་ཞེ་སྡང་དེ་བཟློག །འདོད་ཆགས་ཅན་ཁྱོད་ཀྱི་འདོད་ཆགས་དེ་བཟློག །གཏི་མུག་ཅན་ཁྱོད་ཀྱི་གཏི་མུག་དེ་བཟློག །ཕྲག་དོག་ཅན་ཁྱོད་ཀྱི་ཕྲག་དོག་དེ་བཟློག །ང་རྒྱལ་ཅན་ཁྱོད་ཀྱི་ང་རྒྱལ་དེ་བཟློག །ཁྱོད་རང་བཟློག་པ་བརྒྱབ་ཤེས་མཁན་ཞིག་ཡིན་ན་དུག་ལྔ་དེ་བཟློག །ཁྱད་པར་ཧེབ་རྒན་ཁྱོད་ཀྱི་ཤ་ཆང་ཟ་བའི་ཆེད་དུ་སེམས་ཅན་གསོད་པ་དང་། དཀོར་ཟས་བརླག་པ་དེ་བཟློག །དགྲ་ལ་བཟློག་བསམ་པའི་ངན་སེམས་དེ་བཟློག །རང་ལ་མ་འོང་བསམ་པའི་ཡིད་བྱེད་དེ་བཟློག །བཟློག་པ་རྒྱག་མ་ཤེས་ན་ཁྱོད་འདྲ་བ་ཟེར་བ་ན། ང་སྙིང་ཤ་ཅུང་ཟད་ཟིན་ནས། ཁྱོད་སུ་ཡིན་དྲིས་ཚེ། འོ་ང་ནི་ཁྱོད་མཁའ་རེའི་དུས་ན་མ་བྱང་ཆུབ་ཆོས་ཀྱི་སྒྲོལ་མ་ཡིན། ད་ལྟའི་མ་ཡང་ཡིན། མ་ཚད་ཁྱོད་ཀྱི་སྔ་སོར་ལུག་གྲོ་བོ་ཞིག་བསད་དུ་བཅུག་ནས་ཤ་ཟོས་པ་དེ་ང་ཡིན། གསོད་མཁན་དེ་དགེ་ལེགས་ཡེ་ཤེས་ཡིན་ཟེར་བ་ན། ངས་བསམ་པ་མ་བདེ་ནས། ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མོ་སངྒ་ཡ། ཞེས་མཚན་བརྗོད་ན་ཕན་ཡོན་ཆེ་བསམ་ནས་བརྗོད་ཚེ། ཁྱི་རྒན་ན་རེ། དེ་ཡང་བསམ་པ་བཟང་། ཕན་ཡོན་ཡང་ཆེ་དང་། དེ་བས་ངས་བཤད་པ་འདི་ཡང་སངས་རྒྱས་ལ་ཐུགས་དབེན་ཆེ། བུ་ཁྱོད་མ་ཡེངས་པར་ཉོན་ཅིག་ཟེར་ནས་བཤད་པ་མི་གོ་བ་མང་པོ་བྱེད། ཁྱད་པར་དུ་བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདེན་པའི་ཚིག་ཞིག་ཨ་མས་བུ་ལ་འདོམས། །དྲན་པ་བསྡུས་ལ་རྣ་བའི་དབང་པོ་གཏོད། །གཏོད་ལ་གང་སྨྲས་བཞིན་དུ་གནས་པར་བྱོས། །དེང་སང་རྒྱལ་བསྟན་སྙིགས་མར་གྱུར་བ་ཡི། །དམ་ཆོས་རྣམ་དག་སྒྲུབ་པ་ཉིན་སྐར་ཙམ། །མ་ཟད་ཆོས་ལ་བརྟེན་པའི་སྡིག་པ་ནི། །སྣ་ཚོགས་འཕྱང་མོ་ཉུག་ཏུ་རྣམ་པར་སྤྱོད། །དམ་པ་རྣམས་ཀྱིས་གསང་སྔགས་ཆོས་བསྟན་པ། །གོ་བ་ལོག་ནས་ཕྱིན་ཅི་ལོག་ཏུ་བལྟས། །མཚན་ཉིད་ཆོས་ཀྱི་གྲུབ་མཐའ་ཆས་ཆོད་བྱས། །ང་ལ་དེ་ལས་ལྷག་པའི་ཐབས་ཡོད་ཟེར། །དམར་ཆོག་བྱས་པར་དམ་ཅན་བསྲུང་མ་མནོལ། །སེམས་ཅན་བསད་པས་ཡེ་ཤེས་ལྷ་ཡང་གཡེལ། །སྡིག་པ་བྱས་པས་ནག་ཕྱོགས་རླུང་ལྟར་འཚུབས། །སྡུག་བསྔལ་སྦྱིན་པའི་འབྲས་བུའི་ངན་སོང་ལྟུང་། །མཆོད་གྲྭལ་བཞག་པའི་གཙང་མས་དམ་རྫས་མནོལ། །སྲོག་བཅད་གཞན་གྱི་ཁ་དབུགས་དངོས་སུ་བླང་། །གཞན་ཡང་མི་དགེ་བཅུ་པོ་ལེགས་པར་ཚང་། །དགེ་བ་བཅུ་ཡི་རྣམ་བཞག་གཏན་ནས་ཆད། །རྣམ་པར་དཔྱད་ན་མཚམས་མེད་གྲངས་འགྲོ་བ། །ཚེ་ཐུང་ནད་མང་འབྲས་བུའི་སྡུག་བསྔལ་ལ། །མནོག་ཆུང་རང་གཞན་གཉིས་ཀ་ཕུང་བ་ཡི། །ངན་པ་ཐ་ཆད་སྲོག་གཅོད་དེ་སྤོངས་ཤིག །གང་ཞིག་ལང་ཚོའི་གེ་སར་འཛུམ་པ་ལ། །འགལ་རྐྱེན་ཐ་གུའི་དཀྲིས་པའི་ངན་སྤྱོད་ཀྱི། །སྒྲ་འོད་ཟེར་གསུམ་སྣང་བྱེད་སྦྲོན་པ་འདི། །བསམ་ཞིང་བསམ་ན་འདྲེ་ཡི་ཆོས་ལུགས་ཡིན། །སྙིང་རྗེའི་སྐེད་བཅིང་ལྷོད་པའི་བྱང་སེམས་སྐད། །གནས་སྐབས་བདེ་བའང་འཕྲོག་པའི་ཆོམ་པོ་དེའི། །མཐར་ཐུག་གཏན་དུ་བདེ་བའང་འདོད་པ་ནི། །ར་ཞིག་མི་ཤོས་གཡག་ཞིག་ཁ་བཏང་ཡིན། །ལ་ཟླ་འགའ་ལ་འཚོ་བའི་ཉམ་ཆུང་དེའི། །གཞན་ལ་མི་གནོད་རང་ཁ་རང་གི་བཏོན། །དེ་མཐུས་རེ་ཞིག་གྱི་ནར་གནས་པ་ལ། །མི་འདོད་མངོན་པར་འཚེ་བ་ཉོན་རེ་མོངས། །གང་ལ་ཤ་ཚ་སྙིང་རྗེ་ཕར་ཞོག་དང་། །མ་ཚད་ལག་གི་འདུ་བྱེད་གཡོ་བཞིན་དུ། །ངག་གིས་མ་ཎི་བཏོན་ནས་ཁ་ས་འཐེན། །ཁྱོད་འདྲའི་བཤད་བཤད་ཆོས་དེ་མི་བདེན་ངེས། །གདོང་ནས་མཆི་མ་གཡོ་ཞིང་མ་ཉེས་པའི། །ཞོ་ཤས་བསྐྱང་བའི་མ་འབྲི་དྲིན་ཆེན་དེས། །དབུགས་སྲོག་སྡུད་པའི་བདག་པོ་གཤེད་གྱུར་ལ། །ལན་བརྒྱར་གསོད་པའི་སྨོན་ལམ་འདེབས་པར་བྱེད། །སྐུ་རིམ་ཡིན་ཟེར་དམར་ཆོག་བྱེད་པ་འདི། །ཆོས་ལ་འཐེན་ནས་སྡིག་པ་བསྒྲུབ་པ་སྟེ། །སྡིག་གཞན་ཀུན་ལས་སྲོག་གཅོད་ཆེ་བཞིན་དུ། །ཁྱད་པར་ཆེ་བ་འདོན་པའི་རྣོ་སོ་ཡིན། །དེ་ལྟར་སྲོག་བཅད་བསོད་ནམས་ཞིང་ལ་མཆོད། །ཡང་ན་ངན་སློང་གང་ལ་ས་བོན་བཏབས། །མ་དག་སྦྱིན་པ་ཡིན་པས་དེའི་འབྲས་བུ། །དཀར་ནག་བསླུ་བ་མེད་པར་ངེས་པར་སྨིན། །དེ་བཞུགས་དགེ་འདུན་གྲངས་ཀྱི་སྲོག་གཅོད་རེ། །རྗེས་སུ་ཡི་རང་གྲངས་ཀྱི་སྲོག་གཅོད་རེ། །བར་གྱི་བསྐལ་པར་དེ་གྲངས་དམྱལ་མྱོང་རེ། །ཚོགས་ཞིག་རྫོགས་པར་ཨེ་འདུག་སྡིག་རྒན་པོ། །དེ་ལྟར་སྡིག་གི་ཟབ་གནད་ཀུན་ཚང་བས། །ཤ་ཁྲག་བུད་ཤིང་སྐམ་པོ་སྤུང་བའི་མཐུས། །ཉོན་མོངས་མེ་ལྕེའི་ཁང་པར་བསྟི་བ་ན། །ཉམས་དགའི་རྐང་བྲོ་དེ་ན་ཡོད་དམ་ཀྱེ། །ཞེས་ཟེར་བ་ན། ངས་ཁ་ཞིག་གཙེ་དགོས་བསམ་ནས་སྨྲས་པ། །ཐབས་མཐོན་སྙིང་རྗེ་ཤེས་རབ་སྟོང་བ་ཉིད། །ཆོས་དབྱིངས་མཁའ་ལ་དྲང་བའི་དཀྱུས་བསྐྱོད་མཆོག །འགྲོ་ལ་ཐུགས་རྗེའི་གཟིགས་བའི་མཆུ་སྡེར་གྱིས། །སྡུག་བསྔལ་ཀླུ་ཚོགས་བསྒྲལ་བར་མཛད་ལ་འདུད། །གང་མ་བྱོན་ན་མུན་པའི་བསྐལ་བ་རུ། །དགེ་སྡིག་རྒྱུ་འབྲས་རྣམ་བཞག་མི་ཤེས་ཤིང་། །གང་ཞིག་གིས་མཐུའི་བླང་དོར་ཚུལ་འབྱེད་པའི། །རྒྱལ་བ་ཉིན་མོར་བྱེད་པའི་བསྟན་པ་ལ། །སྦྱོར་བ་སྒྲོལ་བ་ལ་སོགས་ཐབས་མཁས་རྒྱུད། །ཏནྟྲ་བཅོ་བརྒྱད་མདོ་ལུང་ཐམས་ཅད་དུ། །ཤ་ཆང་ཟ་བ་སྔགས་ཀྱི་དམ་ཚིག་དང་། །རིག་མ་བརྟེན་པ་ལས་ཀྱི་ཕྱག་རྒྱལ་གསུངས། །ཤ་ནི་སྙིང་རྗེ་ཅན་གྱིས་བཟའ་བ་དང་། །ཆང་ནི་དམ་ཚིག་ཅན་གྱི་འཐུང་བྱ་ཡིན། །ཁྱད་པར་གྷ་ན་ཚོགས་ཀྱི་མཆོད་པ་ལ། །ཤ་ཆང་མེད་ན་མི་རུང་ཞེས་ཀྱང་བསྟན། །ལྷག་པར་འཕགས་པའི་དགེ་འདུན་མང་པོ་ཡི། །ཞལ་དུ་དུད་འགྲོའི་ཤ་ཁྲག་སོང་བ་ན། །དེ་ཡི་འབྲེལ་ཐོག་བསོད་ནམས་ཚོགས་རྫོགས་ནས། །དོན་དང་ལྡན་པར་འགྱུར་བ་ཨ་ལ་ལ། །གསང་སྔགས་ལམ་དུ་སྲོག་གཅོད་ཡོད་པ་དང་། །དེ་ཡང་ངན་སོང་གསུམ་པོ་བསྒྲལ་ཞིང་ཡིན། །བསྒྲལ་ནས་ཐར་བར་བཀོད་པ་སྙིང་རྗེ་ཡིན། །མཐར་ཐུག་བདེ་བ་ཐོབ་པ་ཐབས་མཁས་ཡིན། །གཞན་ཡང་སྲོག་གཅོད་གཅིག་ལ་སྡིག་པ་གཅིག །དེ་ལས་མང་པོ་ཡོད་ཅེས་ག་ལ་འཐད། །ཚོགས་ཀྱི་མཆོད་པར་ཤ་ཆང་དགོས་གསུངས་ཏེ། །དེ་ཡིས་མནོལ་བར་འགྱུར་བ་གང་དུ་ཡོད། །སེམས་ཅན་དེ་ལའང་རབ་ཏུ་བཟང་བ་ཡིན། །ལུས་དེ་མཆོད་པར་གྱུར་བ་སྐལ་བ་བཟང་། །ད་སྔོན་འཁོར་བ་གྲངས་མེད་ལུས་བླང་ཀྱང་། །དེ་དག་ཐམས་ཅད་དོན་མེད་གྱི་ནར་འདས། །ལུས་ངན་དུད་འགྲོར་སྐྱེ་བའི་རྒྱུན་བཅད་པ། །གནས་སྐབས་བདེ་བ་ཞེས་སུ་སྨོན་ནས་ཀྱང་། །ཡུན་རིང་གནས་ལ་སྤྲོ་བའི་ཡིད་ཡོད་ན། །ཁྱོད་ཀྱི་དུད་འགྲོའི་ལུས་ཤིག་སྨོན་ལམ་ཐོབ། །གཞན་ཡང་སངས་རྒྱས་ཐམས་ཅད་མཁྱེན་པ་དེའི། །ཆོས་ཕྱིར་སྐུ་ལུས་མེ་དོང་མཆོང་བ་དང་། །བླ་མ་མཆོད་སླད་སྐུ་གཏོང་ལ་སོགས་པ། །ཆོས་ལ་བསྔོས་པའི་སྡིག་པར་སུ་ཡིས་འདྲེན། །སྙིང་སྟོབས་ཆེན་པོའི་ལུས་སྦྱིན་བྱས་པ་དང་། །སྦྱིན་པའི་སྟོབས་དང་མནྡྷེ་བཟང་མོ་སོགས། །བྱང་ཆུབ་སྤྱོད་སླད་ཤ་ཁྲག་གཏོང་བ་རྣམས། །མ་དག་སྦྱིན་པར་ལུང་རིག་ཇི་ལྟར་དག །སྐུ་བཏང་ལེན་པོ་དེ་ལ་སྡིག་པའང་། །འབྱུང་བ་ཡིན་ན་ཚོགས་ཆེན་རྫོགས་གནས་མེད། །སེམས་ཅན་མ་བསྲུང་བྱང་ཆུབ་སེམས་དཔའ་ཞེས། །རྣམ་པ་ཀུན་ཏུ་བརྗོད་པར་མི་ནུས་སོ། །ལྷ་དང་སྲུངས་མ་མཆོད་པར་བྱེད་པ་ཚོའི། །ཤ་ཁྲག་དམར་གྱི་གཏོར་མ་ཟེར་བ་ལས། །དཀར་གཏོར་རྐྱང་བས་མཆོད་པ་འོང་བའང་། །ངས་ནི་རྣམ་པ་ཀུན་ཏུ་མ་མཐོང་ངོ་། །ཚོགས་ཀྱི་མཆོད་པ་ཡེ་ཤེས་ལྷ་ལ་འབུལ། །ཤ་ཁྲག་གཏོར་མ་དམ་ཅན་སྲུང་མར་འབུལ། །བདུད་གཅོད་ལམ་དུ་ཤ་ཁྲག་མཆོད་སྦྱིན་བྱེད། །ཀུན་གྱིས་མནོལ་ན་སྐྱིད་སྡུག་གྲ་མཉམ་རེད། །འདི་ན་དུད་འགྲོ་ཁྱོད་ལས་ལྷག་པ་ཡི། །ཆོས་ཀྱི་དབང་ཕྱུག་སྐྱེ་བོ་དམ་པའི་ཚོགས། །ས་རྡུལ་གྲངས་དང་མཉམ་པ་ཐམས་ཅད་གང་། །དེ་འདྲའི་སྡིག་པ་ཆེ་བ་མ་ཤེས་སམ། །གཞན་ཡང་རིག་ཚད་གསོད་པའི་བཤན་པའི་གྲལ། །བསད་བསད་འདྲེན་པའི་བླ་མ་ཡོད་པས་ན། །ཁྱོད་ཀྱིས་ལོག་ལྟའི་སྒྲིབ་པས་ཐམས་ཅད་ལ། །སྡིག་པ་ཅན་ཞེས་རེས་སུ་བཅད་དུའང་མེད། །མ་བསད་པས་ནི་ཤ་ཁྲག་མི་འབྱུང་ལ། །དེ་མེད་དགེ་འདུན་འཚོ་བ་རོ་བདའ་བ། །ཉེས་པ་དེ་ལྟ་བུ་ཞིག་མི་གནང་བས། །དགྱེས་མཆོད་དམ་པའི་ཚོགས་མཆོག་ངེས་པར་རྫོགས། །སྙིང་སྟོབས་ཆེན་པོའི་བདུད་གང་བསད་པ་དང་། །ཨོ་རྒྱན་ཆེན་པོའི་མུ་སྟེགས་བསྒྲལ་བ་རྣམས། །ཚོགས་རྫོགས་པ་ལས་ཐར་བའི་གེགས་ཡིན་ཞེས། །རྣམ་པ་ཀུན་ཏུ་བརྗོད་པར་མི་རུང་ངོ་། ཞེས་བརྗོད་པ་ན། ཧ་ཧ། དེ་ཚོ་ཡིན་ན་བཟང་གི་དང་མིན་ཟེར་ཞེས་ཞེ་ཁྲེལ་བྱེད་པ་ལ། །ངས་ཡང་ན་དེ་ལས་གཞན་ཞིག་ཡོད་ན་ང་ལ་ལན་ཞིག་རྒྱོབ་བྱས་པ་ན། ཁྱོད་ལ་ལན་ནི་ངས་ཐ་ ༼ ལྷ་དཔྱད་ ༽མི་ཐེབ་ན་དང་དགོས་མེད་ཟེར། ངས་ད་ལྟ་ཁྱོད་ལ་ལན་མེད་བྱས་ཚེ། འོ་ན་ངས་ཁྱོད་ལ་གཟབ་གཟབ་བྱས་ནས་ལན་ཞིག་ལྷ་མི་འདེབས་ན་ཟེར། ཨ་ཧ་ཧ། རྟེན་འབྲེལ་ཟབ་མོ་ཕྱིན་ཅི་མ་ལོག་པ། །སྙིང་རྗེའི་བདག་ཉིད་གང་དེའི་ལེགས་གཟིགས་ནས། །མཐར་ལྟའི་རི་དྭགས་ཚོགས་ཀུན་བསྐད་མཛད་པ། །ཐུབ་པ་སེང་གེའི་སྒྲ་དེ་རྒྱལ་གྱུར་ཅིག །ཨ་མས་ཁྱོད་ལ་སྙིང་གཏམ་སྨྲས་པ་ན། །སྦྱོར་སྒྲོལ་དམ་པ་གསང་སྔགས་ལམ་ཡིན་ཏེ། །དེ་ཡང་གོལ་བའི་འཕྲང་ཞིག་འདི་མིན་པ། །ཤ་ལྔ་བདུད་རྩི་ལྔ་སོགས་དམ་ཚིག་རྫས། །དམ་ཚིག་ཅན་གྱི་སྐལ་བར་གསུངས་ནའང་། །དེ་ནི་ཡན་ལག་ཡིན་ཏེ་རྩ་བ་མིན། །སེམས་ཅན་བྱམས་སྤངས་རྩ་བ་ཉམས་པ་ལགས། །རྩ་བ་མེད་ན་ཡན་ལག་གྱི་ན་ཙམ། །རྩ་བ་ཅན་གྱི་གང་ཟག་ཐམས་ཅད་ཀྱི། །སྡིག་པ་མེད་དེ་གསང་སྔགས་རྫས་ཡིན་མོད། །ཐེག་ཆེན་རྫས་ལ་བཟང་ངན་ལྟ་མི་རུང་། །ཚོན་པོའི་ཚིལ་དེ་དགོས་ཞེས་གང་ན་ཡོད། །སྙིང་རྗེ་ཅན་གྱི་ཤ་ལ་ཟ་ནའང་། །སྙིང་རྗེ་མེད་པ་སྲོག་ལ་གཅོད་པ་ལགས། །དམ་ཚིག་ཅན་གྱིས་ཆང་མ་བཏུང་ནའང་། །འབོག་དང་བརྒྱལ་བ་དམ་ཚིག་ཅན་ལ་མེད། །ག་ཎས་མཆོད་པར་ཤ་ཆང་དགོས་གསུངས་ཀྱང་། །གསངས་སྔགས་ཡང་དག་རྫས་དེ་བཟའ་བ་ལས། །རེག་པ་ཙམ་ཡང་མི་འདོད་གྱུར་བཞིན་པར། །འདི་ན་ཚབ་མར་དུད་འགྲོ་བསོད་པ་སྨད། །གཙང་རྨེ་གཉིས་འཛིན་ཅན་དེ་དམ་ཚིག་ཞེས། །རྡོ་རྗེ་འཆང་གི་གསུང་བ་ག་ལ་ཡོད། །དེ་ལ་དགྱེས་པའི་ལྷ་ཞིག་ཡོད་པ་དེ། །སྲོག་དབུགས་སྡུད་པའི་འབྱུང་པོར་གདོན་མི་ཟ། །ཅི་ཕྱིར་རྒྱལ་བ་སྙིང་རྗེའི་མངའ་བདག་གིས། །སེམས་ཅན་ཀུན་ལ་བུ་གཅིག་མ་བཞིན་དུ། །བདག་ཏུ་གཟུང་བ་འདི་ལ་ཐེ་ཚོམ་མེད། །དེ་བསད་དེ་ལ་མཆོད་པས་ག་ལ་དགྱེས། །ཇི་ལྟར་གདུག་པའི་བུ་ལ་གསོད་པ་ཡིས། །དགྲ་དེའི་གཡུལ་བཤམ་ཕན་ཚུན་རྩོད་པ་ན། །བྱམས་པའི་མ་དེའི་བུ་ལ་སྡང་བ་ནི། །ཕར་ཞོག་རང་སྲོག་ཕུང་ཀྱང་འགྱོད་པ་མེད། །དེ་བཞིན་སངས་རྒྱས་ཐུགས་རྗེ་ཆེ་རྣམས་ཀྱིས། །སེམས་ཅན་བསད་ན་དགྱེས་པར་ཕར་ཞོག་དང་། །མ་ཟད་སེམས་ཅན་སྲོག་གི་ཚབ་མ་རུ། །བརྩེ་བདག་རང་ལ་ཕངས་བར་མི་མཛད་དོ། །མ་དེ་མགྲོན་དུ་བོས་པའི་གཡོས་སྦྱར་ལ། །བུ་དེའི་ཤ་ཁྲག་ཐང་མར་བཤམས་པ་ནི། །དགའ་སྤྲོ་ཕར་ཞོག་ཕྱིར་ཞིང་སྡུག་བསྔལ་གྱི། །ཁོན་དུ་སྤྲོད་པ་འདི་ལ་ཐེ་ཚོམ་བྲལ། །གལ་ཏེ་དམ་ཚིག་ཅན་ཞིག་ཁྱོད་ལགས་ན། །འདི་ན་བ་ལང་མི་རྟ་ཁྱི་སོགས་པ། །མིང་མཐར་བས་ཤིང་བདུད་རྩི་ལྔ་དཀོན་ན། །དེ་ཡི་ཚབ་ཞིག་དགོས་པར་ཁྱོད་བདེན་གྲང་། །སེམས་ཅན་བསད་ན་རང་ལ་དཔེ་ལོང་དང་། །འཇིག་རྟེན་འདི་ན་གྱ་ནོམ་དངོས་པོ་ནི། །ལྷུན་སྡུག་བཀོད་ལེགས་ཡིད་འཇུག་གང་བདོག་ལས། །ཐ་ན་ཡན་ལག་ཙམ་ལ་འདམ་པར་ངེས། །སངས་རྒྱས་བྱམས་བརྩེའི་བདག་དེ་ཐམས་ཅད་ཀྱི། །ཐུགས་ལ་ངལ་བ་ཆེས་ཆེར་བསྐྱེད་ནས་ཀྱང་། །སེམས་ཅན་ཉོན་མོངས་ཉེས་མེད་གང་དེ་དག །སྲོག་ལ་ཆད་པས་བཅད་དེའི་ཚོགས་རྫོགས་སམ། །ལྷག་པར་དགེ་འདུན་དཀོན་མཆོག་རིན་པོ་ཆེ། །བསོད་ནམས་ཞིང་དུ་ལྷུན་གྱིས་གྲུབ་པ་ལ། །བསྔོས་ནས་སེམས་ཅན་སྲོག་ལ་གཟེས་པ་ན། །དེ་ལས་ལྕི་བ་ཐམས་ཅད་དུ་ན་དཀོན། །ཆོས་དང་སངས་རྒྱས་སྐུ་ལའང་དེ་བཞིན་དེ། །རྣམ་བཞག་འགལ་བའི་ལས་དེ་བྱེད་པ་ལས། །ཆོས་ཞིག་འདོད་ན་ཚེ་ཐར་བཏང་བ་མཆོག །སྟོན་པ་སངས་རྒྱས་ཐམས་ཅད་ངེས་པར་དགྱེས། །ཇི་ལྟར་བུ་ལ་མངར་ཟས་བྱིན་པ་ཙམ། །ཕ་དང་མ་ལ་དགའ་མགུར་ལྡན་པ་དང་། །བུ་དེའི་སྲོག་གི་འཇིགས་པ་བསལ་བྱས་ན། །ལྟ་ཞིག་གཞོལ་དུ་མེད་པའི་དྲིན་དུ་བལྟ། །ཐོག་མེད་དུས་ཀྱི་མ་འདྲེས་བཤེས་པོ་ལ། །མཉེས་པའི་ཐབས་ཤིག་ངེས་པར་དེ་ན་ཡོད། །དེ་འདྲའི་དགེ་བ་བྱེད་པ་སུ་ཞིག་སྟེ། །དེ་འདྲའི་བྱང་ཆུབ་སེམས་དཔའ་སུ་ཞིག་ཡོད། །སྲོག་གཅོད་གོང་ན་སྡིག་གཞན་མེད་གསུངས་ཤིང་། །ལྷག་པར་སོ་ཐར་ལམ་དུ་སྲོག་གཅོད། །རིས་བདུན་གང་ལའང་ཆེ་བར་བཞག་པ་དང་། །བྱང་ཆུབ་སེམས་སྐྱེད་གནོད་སེམས་ཀྱིས་ལྟུང་ལ། །རྡོ་རྗེ་ཐེག་པའི་སྣང་བ་ལྷར་བསྒོམ་ན། །ལྷ་བསད་པ་དང་ཁྱད་པར་ཅི་ཡོད་དེ། །མ་ཚད་རང་བཞིན་ཁྱིམ་དུ་གནས་པ་ལའང་། །མི་དགེ་བཅུ་པོ་ཚང་པས་ལྕི་བར་བཞག །སྲོག་གཅོད་དངོས་ཏེ་སྦྱོར་བས་འགུམ་པ་པོ། །གང་དེའི་སྲོག་དང་ཤ་ཁྲག་སྦྱིན་ནམ་ཅི། །སྐྱབས་སྡོམ་ནས་བཟུང་ཚངས་སྤྱོད་ལ་གནང་ངམ། །ལུས་ཀྱི་མི་དགེ་གསུམ་པོ་ཡོངས་སུ་ཚང་། །རྫུན་གྱི་མཚན་ཉིད་ཚང་བ་སྨྲེ་ངན་གཏམ། །གསང་སྔགས་དམ་རྫས་ལ་སོགས་ཟེར་བ་དང་། །གཞན་ཡང་བླ་མ་འགའ་རེས་ངས་འདྲེན་ཟེར། །ཕྲ་མའི་མཚན་ཉིད་ལུས་སེམས་དབྱེ་བར་བྱས། །ཚིག་རྩུབ་འདི་ཉིད་བཤའ་དགོས་ལ་སོགས་ཟེར། །དེ་ལས་རང་ལ་དཔེ་ཞིག་ལོང་མཛོད་དང་། །ཁྱོད་ཀྱི་སྲོག་དེ་བཅད་ཞེས་ལས་ཟབ་པའི། །མི་སྙན་ངག་དེ་གཞན་དུ་ཆེ་ཤོས་མེད། །དེ་ལ་བརྟེན་པའི་ངག་འཁྱལ་བསམ་མི་ཁྱབ། །གཞན་ཡང་ཤ་དང་ཁྲག་ལ་བརྣབ་སེམས་སྐྱེས། །སེམས་ཅན་གསོད་པར་འདོད་པའི་གནོད་སེམས་ཀྱི། །རྒྱལ་བའི་བཀའ་ལ་རྩིས་ཐང་མི་བྱེད་དོ། །ཁྱད་པར་བླ་མ་སོགས་ལ་ཁ་བསྔོས་ནས། །རང་གི་ཁ་ཟས་མ་ཞུས་མཚང་རེ་ཆེ། །སེམས་ཅན་གཅིག་གི་སྡིག་པ་མ་ཐེག་ན། །ངས་ཀྱང་སྐྱིད་ལ་དེ་ཡང་མཐུ་སྡུག་སྐད། །དེ་ལྟ་ན་ནི་ལོག་ལྟ་རྔམ་པོ་ཆེ། །ལར་ནི་སེམས་ཅན་ཕ་མར་མ་གྱུར་མེད། །རིག་པས་དཔྱད་ན་དེ་ཉིད་བསད་པ་ནི། །མཚམས་མེད་གྲངས་སུ་འགྲོ་སྙམ་ལུང་ནའང་སྣང་། །འོན་ཀྱང་རྒྱུ་འབྲས་རྟོགས་དཀའ་རྒྱལ་བས་གསུངས། །མི་དགེ་བཅུ་སྤངས་དགེ་བཅུ་ཡིན་གསུངས་ན། །ལྷག་པའི་དགེ་བ་དེ་ལས་ལྡོག་ནས་བརྩམས། །ལྷག་པ་ཕར་ཞོག་སྤངས་དང་རྣམ་བཞག་འགལ། །སྔགས་ཀྱི་སྒྲོལ་བ་ཐབས་ཀྱི་ཁྱད་པར་ཅན། །འཚང་བ་གསུམ་ལྡན་བླ་ན་མེད་པ་ནི། །རལ་གྲི་རྣོན་པོའི་སྦྱོར་བ་རྩུབ་མོ་ཅན། །ཁྱོད་ཀྱི་ཆོས་ལུགས་འདི་ལས་རིང་བར་སོན། །དེ་ལྟ་ན་ནི་བསད་པ་གསོ་ནུས་སྲིད། །གཞན་དུ་སྲོག་དབུགས་ལེན་པའི་རྒྱུ་རྩལ་གྱི། །སྣ་ཚོགས་ཐབས་དང་བྱེད་པ་ལ་ལྟོས་ན། ཁྱི་རྒན་རྒྱ་པོ་ངས་ཀྱང་དཀའ་ཚེགས་མེད། །སེམས་ཅན་བསད་ནས་ཤ་ཁྲག་དམར་མཆོད་ཀྱི། །ལྷ་ཚོགས་དགྱེས་པར་འདོད་པའི་བློ་ངན་འདི། །མུ་སྟེགས་རྣམས་ཀྱི་གཞན་གྱི་མགོ་བཅད་ནས། །ཨ་སྔོན་གནམ་ལ་མཆོད་པའི་ལན་མོ་ཡིན། །སྙིང་རྗེའི་གཞན་དོན་དམིགས་པའི་ཆོས་ལུགས་འདི། །ཤེས་རབ་རྫོགས་བྱང་བརྙེས་པའི་གསུང་ཡིན་པས། །གནོད་པ་བྱས་པ་བྱང་ཆུབ་ལམ་ཡིན་ཞེས། །ནམ་ཡང་ཁྱོད་ཀྱི་ཕྱིན་ཆད་མ་བྱེད་ཅིག །སྙིང་རྗེའི་སྒྲོལ་བ་གསང་སྔགས་ལམ་ཡིན་ཀྱང་། །བསད་པ་གསོ་ནུས་དེ་ཡི་ཁྱད་ཆོས་སུ། །འདྲེན་པར་ནུས་པའི་ཕྱི་རྟགས་ཅན་དག་ལ། །འགྲན་འདོད་ཁྱོད་ལ་བཞད་གད་གནས་སུ་སོན། །སྙིང་སྟོབས་ཆེན་པོ་ལ་སོགས་བྱང་སེམས་འགས། །ཤ་དང་ཁྲག་ལ་རྔམ་སེམས་མ་ཡིན་ཏེ། །དེ་རྒྱུད་དགེ་བས་དྲང་པའི་སྡོང་པོ་ལ། །དེ་དང་མཐུན་པའི་འབྲས་བུ་སྨིན་པ་ལགས། །གལ་ཏེ་ལུས་ཀྱི་མཆོད་སྦྱིན་བྱས་ཞེ་ན། །ཡང་ན་ཁྱོད་ཀྱི་ལྟོག་འཕོངས་དབུལ་བ་ཡི། །དུད་འགྲོ་རྣམས་ལ་མཆོད་སྦྱིན་ངེས་པར་གྱིས། །རང་གཞན་དོན་གཉིས་འགྲུབ་པར་གདོན་མི་ཟ། །བསམ་བཞིན་མཆོད་ན་དགེ་བ་ཡོད་པ་སྲིད། །ཤེས་བཞིན་ཁྱོད་ཀྱིས་སྒྲུབ་པར་མ་ནུས་ན། །མི་འདོད་མི་ཤེས་ཞེ་སྡང་རྒྱུར་གྱུར་བ། །གཞན་སྲོག་གཅོད་པ་དུད་འགྲོར་ག་ལ་ཕན། །གལ་ཏེ་བསམ་མི་ཤེས་ཀྱི་ལེགས་འབྱུང་ཞེས། །བཤད་ཀྱང་མི་བདེན་ཤ་ལ་རྔམས་པ་ཁྱོད། །འདོད་ཆགས་དགེ་བར་འགྱུར་བའི་རྣམ་བཞག་ཞིག །བསྟན་དུ་ཡོད་ན་དེ་ཡང་ཁྱོད་རེ་བདེན། །བསམ་བཞིན་དགེ་བའི་ཆེད་དུ་མཛུབ་མོ་ཙམ། །བསྲེགས་པར་མི་ནུས་རང་ལ་སྙིང་རྗེ་ན། །སྲོག་གི་མཆོད་པ་དུད་འགྲོ་བསམ་མེད་ལས། །བསམ་ཡོད་གཞན་དོན་ཅན་ཁྱོད་ཁ་གཤོབ་ཆེ། །མི་འདོད་ཆོས་ལ་བརྟེན་པའི་ཞེ་སྡང་གི །ཕྱིར་ཞིང་ཐར་པ་མེད་དེ་ཁྱོད་ཀྱིས་བྱེད། །དེས་ནི་བསམ་པ་མི་དགེའི་བྱེ་བྲག་གི །སྲོག་དེ་གཅོད་ལ་སྨོན་ལམ་ལོག་པ་འདེབས། །ཁྱོད་ཀྱི་མ་ཤེས་ཉེས་པ་མེད་ཅེ་ན། །མ་མཐོང་དུག་ཟོས་འབྲས་བུ་མངོན་དུ་གྱུར། །སངས་རྒྱས་ཐབས་མཁས་འགྲོ་བའི་བླ་མ་དེའི། །སོ་སྐྱེས་ལུས་ཀྱི་སྦྱིན་པ་མ་གནང་བ། །འགྱོད་པ་ཡོད་ལ་མ་དག་སྦྱིན་པ་རུ། །དགོངས་པར་ཡང་ནི་ཐེ་ཚོམ་ཅི་ཞིག་ཟ། །འཕགས་པས་བསམ་བཞིན་གཞན་ཕན་རྒྱུ་མ་ནི། །རླབས་ཆེན་སྤྲུལ་པའི་ཆུ་གཏེར་གཏིང་དཔོག་མིན། །སློང་བ་པོ་ལ་བསྔོ་རྒྱུའི་རང་མཚན་སྲོག །བསམ་མི་ཁྱབ་འགྱུར་ཙམ་ལའང་ཐེ་ཚོམ་ཟ། །འཁོར་གསུམ་རློམ་པ་ཟད་ལས་དོ་གལ་གྱི། །ཁྱོད་ལུས་སེམས་ཅན་དོན་དུ་དམ་ཆོས་ལ། །དཀའ་བ་སྤྱོད་པའི་དམ་རྫས་མྱོང་གྲོལ་བ། །ཉེས་པ་ཅུང་ཟད་ཙམ་ཡང་ཡོད་པ་མིན། །གལ་ཏེ་གཅིག་ལ་གནོད་པ་ཅུང་ཡོད་ཀྱང་། །མཐའ་ཡས་སེམས་ཅན་ཁུར་ཆེན་ཁུར་བོ་ལ། །དེ་ཙམ་ཆུང་ངུའི་ཆེད་དུ་ཆེ་མ་སྤོངས། །དེའི་འཁོར་བ་དེ་ལ་མཐའ་ཞིག་སྡུམ། །དེ་ལྟར་སྲོག་བཅད་གཅིག་ལ་མི་དགེ་བཅུ། །ཚང་བས་རང་རང་རྣམ་སྨིན་རྒྱུ་མཐུན་དང་། །དབང་དང་བྱེད་པའི་འབྲས་བུ་ལྔ་བཅུ་པོ། །སྨིན་པ་འདི་ལ་ཐེ་ཚོམ་ཡོད་རེ་ཀན། །ཡང་ཅིག་སྡོམ་གསུམ་ཉམས་པའི་ཉེས་པ་ཀུན། །ཅིག་ཆར་འདུ་བྱེད་པ་ལ་འདི་འདྲ་མེད། །སྲོག་ལན་ལྔ་བརྒྱའི་ཆད་པ་རྩུབ་མོ་ཡང་། །ངེས་པར་འབྱུང་བ་བདེན་པར་སྨྲ་བས་གསུངས། །ཀུན་སློང་སྟོབས་ཀྱིས་ངན་སོང་རྣམ་པ་གསུམ། །སྡུག་བསྔལ་ཞིང་གི་ལྕི་བས་སྒྲིབ་པ་དང་། །བཅས་ཏེ་མི་བཟད་འབར་བའི་སྦྲུལ་གདུག་ལ། །རྒྱན་པོར་འཆང་བ་ངོ་མཚར་རྨད་པོ་ཆེ། །མི་ཁོམ་བརྒྱད་པོ་མགྲོན་དུ་དགུགས་པ་སྟེ། །ཕྱུགས་ཀྱི་མཆོད་སྦྱིན་བྱེད་པའི་ཀླ་ཀློར་ངེས། །འདི་དང་བསྟན་པའི་རྣམ་བཞག་མི་འགལ་ན། །རིག་པའི་དབང་ཕྱུག་རྣམས་ཀྱང་སྨྲ་ལ་དགའ། །དུད་འགྲོར་སྐྱེས་པ་ཡིད་སྨོན་གནས་མིན་ཀྱང་། །ཤི་བའི་འོག་ཏུ་ཅི་འདྲ་ཤེས་པར་མེད། །གལ་ཏེ་ཚེ་སྲོག་མཐའ་རུ་མ་ཕྱིན་ཅིང་། །གནད་གཅོད་སྡུག་བསྔལ་རབ་ཏུ་བརྣག་དཀའ་བ། །དེ་ནི་སྨོན་པའི་གནས་སུ་འོས་པ་ན། །ཁྱོད་ཀྱིས་ཉིན་ཚེ་བ་ཞིག་སྨོན་ལམ་ཐོབ། །ཁྱོད་ནི་སྡིག་པས་གོས་པའི་གྲིབ་དང་གཅིག །ང་ཉིད་ཉོན་མོངས་སྡང་བའི་གྲིབ་དང་གཉིས། །ཡེ་ཤེས་ལྷ་ཚོགས་གཡེར་བའི་སྐྱོན་གསུམ་གྱིས། །ཐར་བ་ཐོབ་ལ་ཕྱིར་ཞིང་གནོད་པ་འདྲ། །སྲོག་ཆད་ཚོར་བ་མྱོང་བའི་མིག་ཆུ་དང་། །བརྩེ་བདག་སྙིང་རྗེའི་གདུང་བའི་སྤྱན་ཆབ་དང་། །ཕྱི་མར་འོ་དོད་འབོད་པའི་མིག་ཆུ་གསུམ། །ཚོགས་ཀྱི་མཆོད་པ་དེ་ལ་དགོས་སམ་ཅི། །འདི་ནི་ཆོས་ཀྱི་དབང་ཕྱུག་ཆེན་པོ་རྣམས། །སྲོག་གཅོད་གོང་ན་དགེ་བ་མེད་ཅེ་ན། །དེ་ནི་རྒྱལ་བ་གང་གིས་མ་གསུང་བས། །ཕྱིར་ལོག་བདུད་ཀྱི་ལུང་བསྟན་ངེས་པར་འདུག །སྲོག་བཅད་དགེ་བ་མིན་པའི་ཚད་མ་རུ། །ཁྱི་རྒན་ངས་ཀྱང་གཏན་ཚིག་ཞིག་གྲུབ་ན། །ང་ལས་གཞན་པའི་མཁས་རྣམས་སྨོས་ཅི་དགོས། །འདི་འདྲའི་ཉེས་པ་གཏན་ནས་མི་འཚལ་ལོ། །གལ་ཏེ་བསད་ཤ་སྡིག་ཁྲག་ཞིག་མེད་ཀྱང་། །ཞིམ་མངར་རོ་བཅུད་ནུས་པ་སྟོང་ལྡན་པའི། །ཁ་ཟས་བཟང་པོ་བུར་སྦྲང་ལ་སོགས་པས། །མ་ངོམས་ཤ་ཞིག་ཟེར་ན་བྱ་ཐབས་མེད། །རིག་རིག་བསད་བྱེད་བཤན་པ་ཞིག་ཡིན་ནས། །བསད་བསད་འདྲེན་པར་ནུས་ན་ངོ་མཚར་ཆེ། །འོན་ཀྱང་ཁྱོད་ལ་སེམས་ཅན་གསོད་ལས་གཞན། །ངེས་པ་སྐྱེ་བས་གྲུབ་རྟགས་རེ་ཡོད་དམ། །ཞེས་ཟེར་བ་ན། །བདག་གི་བསམ་པ་ལ་དེ་འདྲ་བདེན་བསམ་ནས་ངེས་པ་སྐྱེས་ནས། བདག་གི་འདི་ལྟར། ཨ་མ་དེ་ལྟ་ན་ཤ་ཟ་རྒྱུ་མེད་ན་འདུག་མི་ཐུབ། ཤ་ཟ་མི་རུང་བར་འདུག་ན་ཅི་བྱེད་བྱས་པ་ན། མོ་ན་རེ། སྡིག་མེད་དེ་ཟོས་ཀྱང་བཟང་། དགེ་འདུན་པ་ལ་དྲངས་ཀྱང་བཟང་ཟེར། ཡང་བདག་གི་བསམ་པ་ལ། སྲོག་མ་བཅད་ན་ཕན་ཡོན་ཅི་ཡོད་བསམ་ནས་སྨྲས་པ། ཨ་མ་སྲོག་མ་བཅད་ན་དགེ་བ་ཅི་ཡོད་བྱས་པ་ན། ཡང་ཁྱི་རྒན་མོ་ན་རེ། ཡེ་ཤེས་ཆེན་པོའི་མཐའ་ཡས་ཆོ་རོལ་ངོམས། །ཤེས་རབ་ཆེན་པོའི་སྲིད་ལས་རྣམ་པར་འཕགས། །སྙིང་རྗེ་ཆེན་པོའི་ཞི་ལ་མི་བཞོལ་༼ གཞོལ་དཔྱད། ༽བ། །བླ་མ་སངས་རྒྱས་ལྷ་དང་བཅས་ལ་འདུད། །གང་ཞིག་གཞན་ལ་ཕན་པའི་བསམ་པ་ཡིས། །རང་དང་དེ་ལ་ལྡོག་པ་ཐམས་ཅད་ལ། །སྙོམས་སེམས་བློ་བཟང་ཉི་མའི་རང་བཞིན་ཅན། །འཆང་ནས་གཞན་གནོད་སྤངས་པའི་འོད་སྟོང་འགྱེད། །སྲིད་གསུམ་འགྲོ་བའི་ཁམས་ན་ལྟ་བའི་ཚུལ། །མ་ལུས་རྡུལ་སྙེད་གྲངས་ལ་སྙོགས་ནའང་། །རང་ཉིད་ཡིད་ལ་བྱེད་པ་འབའ་ཞིག་ལས། །གཞན་ལ་ཕན་འདོད་ཐུབ་མཆོག་ཁོ་ནའི་ལུགས། །ལྷ་དང་དེ་བཞིན་གདོང་བཞི་ལ་སོགས་པ། །དྲང་སྲོང་མངོན་ཤེས་ཐོབ་པ་ཐམས་ཅད་ཀྱི། །རྣམ་དཀར་དགེ་བའི་ཕུང་པོ་ཇི་སྙེད་པ། །རིན་ཆེན་བྱང་ཆུབ་སེམས་ཀྱི་ཆར་མི་ཉེ། །དེ་ཡི་རྒྱུ་གང་གཞན་ལ་བརྩེ་བས་འཁྲུངས། །སྡུག་བསྔལ་འདོར་བར་འདོད་པའི་སྙིང་རྗེ་དང་། །བདེ་བ་ཐོབ་པར་འདོད་པའི་བྱམས་པ་དང་། །ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་དང་། །བདེ་ཐོབ་ཡིད་ལ་དགའ་བའི་ཡི་རང་རྣམས། །སྲོག་གཅོད་གཅིག་པོ་བྱེད་པའི་གང་ཟག་ལ། །འཚལ་བ་མིན་པའི་དོན་དེ་ཤེས་བྱས་ནས། །སྐྱོན་ཏེ་སྤངས་བ་དམ་བའི་ལམ་དུ་ཚུད། །སྲོག་གཅོད་གཅིག་ལ་མི་དགེ་བཅུ་ཚང་ལ། །དེ་སྤངས་དེ་ལ་བརྟེན་པའི་དགེ་བཅུ་འཐོབ། །སྡོམ་པ་གསུམ་ཚང་ཚེ་འདིར་ཚེ་རིང་ལ་། །ཕྱི་མ་བྱང་ཆུབ་ལམ་གྱི་རྒྱུར་འགྲོ་གསུངས། །ཐམས་ཅད་ཀུན་གྱི་ཡིད་དུ་འོང་བ་དང་། །སྲོག་ལ་གེགས་མེད་སླར་ཡང་བྱེད་པ་མཐུན། །ཐམས་ཅད་མཁྱེན་རྣམས་དེ་ལ་དགྱེས་པ་དང་། །ལྷ་དང་སྲུང་མ་རྟག་ཏུ་བྱམས་པ་དང་། །ནག་ཕྱོགས་རྣམས་ཀྱི་ནུས་མཐུ་སྐལ་བ་ཞན། །ཚེ་འདིར་འཆི་བ་བསླུ་བའི་བྱིན་རླབས་ཀྱི། །གང་ལྟར་སྨོན་པ་ཐམས་ཅད་ཡིད་བཞིན་འགྲུབ། །འཆི་བདག་བཞིན་སྡུག་སྤངས་བ་ངོ་ཚས་སྐྱེངས། །གྲིབ་རིགས་སུམ་བརྒྱ་དྲུག་ཅུ་སྲིད་མཐའ་ཙམ། །གང་སྒྲུབ་ལྷ་ལ་དཀའ་ཚེགས་མེད་པར་འགྲུབ། །དེ་ལྟར་གདོལ་བའི་བྱ་སྤྱོད་ཀུན་བྲལ་བས། །མཾ་ས་ཐམས་ཅད་གསང་སྔགས་རྫས་སུ་འོས། །ནག་ཕྱོགས་དམར་ལ་དགའ་རྣམས་གོ་སྟོང་ཡིན། །རིམ་གྲོ་གང་བྱས་ཚད་འགྲོ་གནད་སྨིན་ཡིན། །གཞན་ཞིག་སངས་རྒྱས་ཉིད་ལ་མཆོད་པ་དང་། །བྱམས་པའི་སེམས་ཅན་གཅིག་ལ་བསྒོམ་པ་མཉམ། །གཞན་ལ་དགེ་བསྐུལ་སྲོག་གཅོད་སྤངས་བཅུག་ན། །གསོད་པའི་སེམས་དེ་འཆོས༵་པས་ཡོན་ཏན་དང་། །གཞན་ཞིག་སྲོག་གི་འཇིགས་པ་སྐྱོབ༵ས་པ་ནི། །དམ་པའི་ཆོས་སུ་ངེས་པར་འགྲོ་བ་ཡིན། །དེ་ལྟར་ཕན་བརྩོན་བྱང་ཆུབ་ད༵གེ་འདུན༵་བྱོན། །འདི་ནི་སང༵ས་རྒྱས༵་ཕྲིན་ལས་རྨད་དུ་བྱུང་། །ཨ་ལ་ལ་ཏེ་ངོ་མཚར་རྨད་དུ་བྱུང་། །དེས་ན་རྟག་ཏུ་སྲོག་གི་སྐྱབས་བཞིན་སྤེལ། །སྲོག་ལ་མི་འཇིགས་སྩལ་བའི་སྦྱིན་པ་དང་། །སེམས་ཅན་དོན་ལ་དགོངས་པའི་ཚུལ་ཁྲིམས་དང་། །གནོད་སེམས་སྤང་བར་བཟོད་པའི་དཀའ་ཐུབ་དང་། །གཅིག་ཏུ་རང་གཞན་དགེ་བསྐུལ་བརྩོན་འགྲུས་ཕྱིན། །བསམ་གཏན་སྐྱེ་བའི་བར་ཆད་ཀུན་ཞི་ཞིང་། །ཤེས་རབ་སྙིང་རྗེའི་རྒྱུད་དུ་ལེགས་འཁྲུངས་ནས། །ཚོགས་གཉིས་འབྲས་བུར་སྨིན་པའི་དགེ་མཚན་གྱིས། །དོན་གཉིས་ལྷུན་གྱིས་འགྲུབ་འགྱུར་ཨེ་མ་ཧོ། །ལྷག་པའི་ཀུན་རྫོབ་དེ་བཞིན་གཤེགས་པ་ལ། །ཁྲག་འབྱིན་སྤངས་པས་བཞུགས་པར་གསོལ་བཏབ་འདིའི། །ལྷག་པའི་ཆོས་སྐུ་དག་སྣང་རྒྱུད་འཁྲུངས་ནས། །ད་ལྟ་ཉིད་ནས་གསང་སྔགས་རྩེ་མོར་ཕྱིན། །སྲོག་ལ་མི་འཇིགས་བརྩལ་བའི་སྦྱིན་པ་དང་། །སྲོག་གཅོད་སྤོང་ཞེས་སྙན་པར་སྨྲ་བ་དང་། །དེ་དང་དོན་མཐུན་རང་གི་སྤྱོད་པ་དང་། །གཞན་དོན་སྤྱོད་ལ་དཀའ་ཚེགས་ཁྱད་གསོད་ཅིག །ཐབ༵ས་མཁས་མཛད་པས་བདག་གཞན་དོན་སྒྲུབ་ནས། །ཐ༵བས་ཤེས་ཟུང་འཇུག་སྒྱུ་འཕྲུལ་གར་རྩེན་པའི། །ཐ༵བས་མཆོག་འདིས་མཚོན་རྣམ་པ་སྣ་ཚོགས་ཀྱི། །ཐ༵བས་བྱུང་རྡོ་རྗེ་འཆང་གི་སྐུ་འགྲུབ་ཤོག །ཞེས་ཟེར་ནས་རི་མགོ་ཞིག་ཏུ་བྲོས་སོང་། །ཞེས་པ་འདི་ཡང་རྨོངས་པ་ག་ག་ཨ་བྷྱེས་སོ། །དགེའོ། །དགེའོ། །དགེའོ། །

དོན་གནས་ཀྱི་ངེས་འབྱུང་བཟློག་པའི་མཆིད་ལྷན་རྡོ་རྗེའི་ཐོ་ཆེན།

དོན་གནས་ཀྱི་ངེས་འབྱུང་བཟློག་པའི་མཆིད་ལྷན་རྡོ་རྗེའི་ཐོ་ཆེན་བཞུགས་སོ། །

རང་གི་རང་ལ་གྲོས་འདུན་བྱས་པ་ཐམས་ཅད་ཀྱི་རྩེ་མོ་གནད་མཚང་སུན་འབྱིན་འདི་ཐམས་ཅད་ཀྱི་ཐུགས་ལ་ངེས་པར་བཞག་འཚལ། བླ་མ་རིན་པོ་ཆེ་མཁྱེན་ནོ། །མཁྱེན་གཉིས་ཉི་ཟླའི་འོད་ཆེན་འབུམ་བརྡལ་བས། །ཤེས་བྱའི་གནས་ཀུན་དང་བཅས་གནས་མིན་བཅས། །ཆ་ཙམ་མི་ཤེས་མུན་པ་དཔྱིས་འབྱིན་པའི། །ཤེས་རབ་སྙིང་རྗེར་བཅས་ལྡན་སྤྱི་བོའི་མཆོད། །དེ་སླད་བདག་ལ་བྱམས་པའི་ཐུགས་རྗེ་ཡི། །ཉེར་བཟུང་སྤྲིན་ལས་ལེགས་པར་འཐོན་པ་སྟེ། །བྱིན་རླབས་དབང་ཁྲིད་གདམས་པའི་རླན་གྱིས་བརླན། །ཐར་པའི་ས་བོན་སོ་ནམས་བྱས་ནའང་། །དཔེར་ན་ཞུགས་ཀྱིས་རུང་མིན་བྱས་པའི་རྒྱུ། །དེ་ལ་སྨིན་པའི་གོ་སྐབས་མི་དབྱེ་བཞིན། །བདག་ནི་རང་གི་ཉེས་པ་དངོས་བརྒྱུད་ཀྱི། །ད་ཙམ་ཐར་པའི་ཞིང་ས་རྒོད་པོར་ཤོར། །དེ་ཕྱིར་རང་གི་རང་ལ་གྲོས་ཤིག་འཚལ། །འོན་ཀྱང་མ་ཉན་རྡོ་རྗེ་དམྱལ་བས་ནོངས། །དེ་དུས་ད་ལྟའི་ཁ་ཕོ་མཐོན་པོ་དེ། །ཡོད་ནས་འོ་དོད་མ་ཤོར་ཁྱོད་རེ་དཔའ། །ཐོས་བསམ་སྒོམ་པའི་དཔ༵ལ་གྱིས་ཆེས་ཕྱུག་པའི། །དགེ༵་བའི་བཤེས་གཉེན་དམ་པ་མཆོག་གྱུར་བ། །འཇམ་དཔལ་དབྱངས་དངོས་སྤྲུལ་པའི་ཟློས་གར་དུ། །གྲགས་པའི་ཡིན་བཞིན་ཚད་མར་གནས་སམ་ཀྱཻ། །གལ་ཏེ་ཐུགས་རྗེ་ཡེ་སྤྲུལ་མགོན་པོ་ནི། །རང་དབང་བཞིན་དུ་འགྲོ་ངོར་སྐྱེ་བ་སྟོན། །མཁྱེན་བརྩེ་ནུས་པའི་ཡོན་ཏན་མ་སྨད་པ། །དེ་འདྲའི་རྟགས་མཚན་གཞན་ངོར་མི་སྣང་ནའང་། །རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས། །རང་སྐྱོན་ལྟ་བའི་མེ་ལོང་འོད་པོ་ཆེ། །ཡོད་པ་དེ་ལ་བྱི་དོར་བཅས་པས་ལྟོས། །ངེས་པ་ཐོབ་ན་སླད་ནས་ཅི་དགར་མཛོད། །ཀྱེ་མ་ཉམ་ཐག་འགྲོ་བ་ཐམས་ཅད་ལ། །དེང་ནས་ཕྱིན་ཆད་གཡོ་སྒྱུ་ཀུན་སྤང་ཏེ། །རང་འདོད་འཁྲིས་པའི་རྩ་བ་ཆོད་པ་ཞིག ། ཕ་ཅིག་ཐུགས་རྗེའི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ངེས་པར་འབྱུང་བ་ཕྱོགས་གཅིག་ལ་གནས་ནའང་དེར་གན་དུ་བསྟི་བའི་བླུན་པ་འགའ་ཞིག་གི་དེ་ལས་ལྡོག་པར་སྨྲས་པ། །ཀྱེ་མ། ཁྱོད་ནི་རིག་པ་འཛིན་པའི་གདུང་འཚོབ་པ། །འགྲོ་བ་མགོན་པོ་བྲལ་འདི་མི་སྐྱབས་པར། །རང་སར་གནས་ལ་ཡ་མཚན་སུ་ཞིག་བྱེད། །ཉན་རང་ཞི་བ་ཕྱོགས་གཅིག་རྗེས་སུ་སོན། །ཁྱད་པར་ཉམ་ཐག་གཤིན་ཏུ་གྱུར་བ་ལ། །ཁྱོད་ཀྱི་ཆོས་སྐལ་བཅད་ན་སུ་ཞིག་འདྲེན། །བདག་ཅག་གསོན་པོའི་གྲྭལ་དུ་གནས་པ་ཡི། །གདོང་གི་རླན་ཆེན་སྐམ་པར་འགྱུར་རམ་ཅི། །མཐོང་བའི་ཡིད་བཅད་མ་མཐོང་ཆོས་སྐལ་བཅད། །ཁྱོད་ལས་ཐུགས་རྗེ་ཆུང་བ་སུ་ཞིག་ཡོད། །ཡུལ་འདིར་རེ་ས་སྐྱབས་གནས་ཁྱོད་གཅིག་ཙམ། །དེའི་ཀྱང་དོར་ན་ངེད་ཚོའི་ཅི་ཞིག་བྱ། ཁྱད་པར་ཁྱེད་ཀྱི་དངོས་པོ་སེམས་བསྐྱེད་ན། །དམ་བཅའ་དེ་ལས་འགལ་བའི་གཞན་དབང་གིས། །སྲིད་པའི་འཁོར་ལོ་ཉིད་ལས་ཐར་ནས་ཀྱང་། །གཞན་དོན་ལྷུན་གྱིས་གྲུབ་པར་ག་ལ་ཞིག །བླ་མ་གཞན་ཞིག་ཆ་མེད་རྒྱུས་མེད་དེ། །ངེས་ཚོས་དེ་ལ་དད་པ་ག་ལ་ཞོག །དེས་ན་སྙིང་རྗེ་ཆེན་པོའི་རྗེས་བསྐྱང་ནས། །ཐམས་ཅད་ཐུགས་ལ་བརྟགས་པ་ཁྱེད་མཁྱེན་ནོ། །མིན་ཀྱང་ངེད་ཚོ་སུན་མས་སླེབ་པའི་དུས། །ཁྱེད་ལས་རེ་ས་མེད་དོ་ཐུགས་རྗེའི་ཟུང་། །ཁྱད་པར་བླ་མ་དམ་པ་གང་དེ་ཡི། །སྤྲུལ་པའི་ཟློས་གར་ཡིན་པ་ཨེ་མ་ཧོ། །དེ་ཕྱིར་ཁྱོད་ཀྱི་ཐུགས་རྗེ་མ་ཆུང་ཞིག །དེ་ཚོ་དགོས་མེད་དྲན་རྒྱུ་ངན་པ་ཞིག ། །དེ་ལས་གཞན་ཞིག་ཡོད་ན་སྒྲུབ་པར་རིགས། །དེ་འདྲའི་སྡར་སྐད་མ་ཤོར་སྐུ་ཚེ་རིང་། །ཞེས་ཟེར་བས། དེ་ནས་བདག་གི་བསམ་བློ་ཞིག་བྱས་ནས། ཞེ་ལ་འདི་ལྟར་ཤར་བྱུང་ནས་ལན་དུ་བསྙད་པ། ཀྱེ་ཧུད། མངོན་སུམ་ཚིག་གཞར་དེ་ལྟར་འདེབས་ན་ཡང་། ཁ་ཙམ་ཡིན་གྱི་ཁོ་ན་ཉིད་དུ་མིན། །གལ་ཏེ་ཡིན་ན་བདེན་པའི་གཏམ་ལ་ཉོན། །ཉོན་ལ་སྨྲས་པ་བཞིན་དུ་ཉམས་སུ་ལོང་། །དེ་ལ་རང་གི་སྐྱོན་རྣམས་སྔ་མོར་སྟོན། །རོ་མགོ་ཞིག་དུ་འདོན་ཆ་བཀྲམ་པ་ན། །གཞན་གྱི་བླ་མ་དག་ལས་ལྷག་པ་ཡི། །ངག་གི་སྒྲ་དང་ཆོ་གའི་འགྲིགས་ལ་སོགས། །དེ་ལྟར་བྱས་ནས་གཡོ་སྒྱུར་ཟོལ་ཟོག་གིས། །མི་བློ་འགྱུར་ནས་དད་པ་སྐྱེ་ན་བསམ། །གང་སླད་གཞན་གྱི་དོན་ལ་འགྲོ་མདོག་ཀྱང་། །བསམ་ཞིང་ལོངས་སྤྱོད་གནས་ལ་འདོད་པས་འདུག །ངེད་ཀྱི་ཆོས་ཞེས་མཆོག་ཏུ་གཟེངས་བསྟོད་ནས། །གཞན་གྱིས་ཡིན་སྙམ་ཉན་ལོ་བྱས་པའང་། །ཞེ་འདོད་རང་ལ་རློམས་པ་འབའ་ཞིག་ལས། །གཞན་དོན་ཕར་ཞོག་སྙིང་རྗེ་ཕྲན་ཙམ་བྲལ། །རང་གི་བསམ་པ་རང་གི་ཤེས་པས་ན། །བལྟས་ན་རང་ཡང་གར་སྐྱེ་མི་ཤེས་འཚལ། །གཞན་ལ་ངོ་སྤྲོད་བྱེད་བློ་བྱེད་པའང་། །བདག་ལ་ཁྲེལ་བས་གཡོ་སྒྱུ་མ་བྱས་སོ། །འདྲེན་སྟོན་ཕར་ཞོག་བརྡའ་ཙམ་མི་འབྱོར་ལ། །རློམ་ཆེ་ཚེ་འདིར་མི་འགྱོད་ཕྱི་མའི་དུས། །སྡུག་བསྔལ་འོ་དོད་འབོད་པ་ལ་བསམ་ནས། །ད་ཕྱིན་མགོ་ཞིག་མི་སྐོར་དམ་བཅའ་བྱས། །གཤིན་པོ་རྣམས་ལ་ཕན་ཞིག་ཐོགས་པ་ན། །ཡོན་ཞིག་མེད་ཀྱང་ཆོས་ཞིག་མ་བཏབ་ན། །བྱང་ཆུབ་སེམས་དང་བྲལ་བར་གྱུར་ནའང་། །ཡོན་ལ་བལྟས་ནས་འདོན་པ་ཆོས་བཙོང་ཟེར། །ཡོན་མེད་ཆོས་བཏབ་ས་བོན་མེད་འབྲས་བཞིན། །ཞེ་ན་ཡོན་ཡོད་ནུས་མཐུ་བྱུང་བ་དང་། །དེ་མེད་དེ་ཉིད་ཅི་མི་སྙམ་པར་འདོར། །སེམས་ཅན་བློས་བཏང་བྱང་སེམས་ཉམས་མིན་ནམ། །སྙིང་རྗེ་མེད་ལ་སྟོང་ཉིད་ལྟ་བ་མེད། །དེ་མེད་དེ་ལ་སྐྱོབ་པའི་ཐུགས་རྗེ་མེད། །རང་འདོད་ལྡན་པ་སེམས་ཅན་མ་ཡིན་ནམ། །རྒྱལ་སྲས་རྣམས་ལ་དེ་ཉིད་ཡོད་དམ་ཅི། །ང་འདྲ་མེད་པར་བྱ་ཐབས་བྲལ་བ་མིན། །སངས་རྒྱས་བཅོམ་ལྡན་མཁྱེན་བརྩེ་ནུས་ལྡན་པ། །ཞི་བར་གཟིམས་ཀྱང་གཞན་ཞིག་འབྱོན་ཡོད་ན། །དམན་བདག་ལྟ་བུའི་ཐབས་ཀྱིས་ག་ལ་སྡུག །ཐོ་ཅོ་བག་མེད་ཟོབ་མཁན་གྱིས་སྟོང་ཀྱང་། །གཞན་དུ་རང་གི་ལོག་ལྟའི་བློ་སྐྱོན་གྱིས། །སངས་རྒྱས་མཛད་སྤྱོད་གཡོ་སྒྱུར་མཐོང་བའི་མིག །ས་ཐོབ་འཕགས་པའང་བཞུགས་ལ་སུ་ཞིག་བསྙོན། །གལ་ཏེ་ད་དུང་སེམས་ཅན་མགོ་སྐོར་ན། །གཤིན་པོའི་རོ་དོམ་མང་པོ་བླང་ནས་ཀྱང་། །མཐོང་བ་རྣམས་ཀྱི་ངང་ཚུལ་མ་ཤེས་པས། །དྲང་པོར་མ་སྨྲས་འདི་ཡང་ནག་པོའི་ཆོས། །བླ་མ་གཞན་ལ་དད་པ་མ་ཞོག་ན། །དེ་ཡི་སྐྱོན་ཞིག་ཁྱོད་ཀྱིས་མཐོང་ངམ་ཅི། །གལ་ཏེ་མཐོང་ཀྱང་འཕགས་ཡུལ་གྲུབ་པའི་ཚོགས། །ཕལ་ཆེར་ཤིན་ཏུ་ཉམས་པ་ལྟར་མངོན་ནོ། །དེ་ཡི་ཡོན་ཏན་སྦས་ནས་མ་གསལ་ཞིང་། །སྤྱོད་པ་བརླིང་པོའི་དགོངས་གཞིར་རག་མ་ནུས། །གང་ཞིག་སྐྱོན་དང་བཅས་ནས་ཞེས་སུ་བསྙད། །ཁྱོད་ཀྱིས་གང་ཟག་རྒྱུད་ཚོད་འཇལ་ནུས་སམ། །མ་ནུས་ཉེས་པ་ཟབ་མོ་ཅེས་ཕྱིར་བྱེད། །སྟོང་གསུམ་སེམས་ཅན་ཐམས་ཅད་བསད་པ་ལས། །རྒྱལ་སྲས་རྣམས་ལ་བསྐུར་བ་བཏབ་བ་ཡི། །སྡིག་ཆེན་དེ་ལ་དོ་ཟླ་ཡོད་མ་ཡིན། །འགའ་ཞིག་དེ་ལ་བྱམས་སེམས་མེད་པར་འདུག །ཡང་ན་དེ་ནི་བརྣབ་སེམས་ཆེའོ་ཟེར། །ཡང་ན་ཆགས་སྡང་ཆེ་ཞེའམ་ཡང་ན་ནི། །དེ་ཡི་ངན་སྤྱོད་སྣ་དགུ་བྱེད་ཅེ་ན། །བྱམས་པ་ལུས་ཀྱིས་མིན་ཏེ་སེམས་ཀྱིས་ཡིན། །བསྒྲལ་ནས་ཐར་བར་དགོད་མིན་མཐོང་ངམ་ཅི། །བསྐམ་ཆགས་ཚུལ་མཐོང་རང་སྐྱོན་ཤར་བ་ལས། །བླ་མ་མཆོག་ལ་དེ་ལྟ་ཡོང་མེད་ཀྱི། །ཇི་ལྟར་ཤིན་ཏུ་དག་པའི་མེ་ལོང་ལ། །མི་མཛེས་སྐྱེ་བོའི་གཟུགས་བརྙན་ངོམས་པ་ན། །དེ་ཉིད་ཇི་བཞིན་ཤར་ཀྱང་མེ་ལོང་ལ། །སྐྱོན་དེ་ལྷན་ཅིག་སྐྱེས་པ་མ་ལགས་སོ། །དེ་བཞིན་བླ་མ་ལ་སོགས་ཡུལ་སྣང་བ། །ཐམས་ཅད་འཛིན་པ་སེམས་ཀྱིས་བཟོས་པ་ལས། །དག་མཉམ་ཆེན་པོའི་ངོ་རུ་འདུ་འབྲལ་མེད། །ལྟ་བ་དེ་འདྲ་གནས་སྣང་སངས་རྒྱས་མཐུན། །ཇི་ལྟར་རྙོགས་མ་ཅན་གྱི་རྫིང་བུ་ལ། །འཕོས་པའི་ག་བུར་དབང་པོའི་གཟུགས་བརྙན་ཀྱང་། །མོག་མོག་པོར་གྱུར་བཟོ་ཡི་སྤྲུལ་བའང་། །སངས་རྒྱས་སྤྲུལ་སྐུ་དངོས་སུ་མཐོང་ཡོད་ཕྱིར། །རྒྱུ་མཚན་དེས་ན་སྐྱོན་དེ་རང་ལ་ཡོད། །མིག་སྐྱོན་ཅན་གྱིས་མཁའ་ལ་རབ་རིབ་བཞིན། །དེ་བས་རང་གི་ཉེས་པས་གཞན་དག་ལ། །རློམ་པའི་བདག་ཉིད་ལ་སོགས་གང་ཡང་མཐོང་། །མཁྲིས་ནད་ཅན་གྱིས་དུང་ལ་སེར་པོ་དང་། །རྟོག་མེད་འཁྲུལ་པའི་ཟླ་གཉིས་སྨིག་རྒྱུ་བཞིན། །རང་གི་སྐྱོན་དེ་གཞན་ལ་བརྟགས་ནས་ཀྱང་། །དེ་ལྟར་མཐོང་བ་ཡིན་པར་ཤེས་པར་བྱོས། །གཞན་ཡང་དེང་སང་སྒྲོན་མེའི་བསྐལ་བ་ལ། །དམ་ཆོས་སྐྱོབས་པའི་ཡོན་ཏན་ལྡན་པ་དང་། །སངས་རྒྱས་མི་ཡི་གཟུགས་སུ་བྱོན་པ་དང་། །དགེ་འདུན་རིག་གྲོལ་ཕུན་ཚོགས་མཆོག་བརྡོ་བའི། །མཆོད་པའི་ཡུལ་དང་གཞན་ཡང་ཕ་མ་དང་། །སྡུག་བསྔལ་བ་སྟེ་དགེ་སྟོབས་ཆེ་བའི་ཡུལ། །བསམ་ན་ཐབས་ཀྱིས་གཏུག་པ་མི་འདུག་པར། །མ་ཟད་ཁྱོད་ཀྱིས་དེ་ཙམ་ག་ལ་འབྱོར། ཁམས་གསུམ་གནས་པའི་སེམས་ཅན་མ་ལུས་པ། །དོན་ལ་ཡེ་སངས་རྒྱས་པ་ཆོས་ཀྱི་སྐུ། །ལྟར་ནའང་ཀུན་མཆོད་བཀུར་བར་འོས་པ་ལ། ཁྱོད་ཞེས་ལོགས་སུ་བཀར་བར་རིག་མ་ཡིན། ཁྱད་པར་དུའང་སྐྱོན་གྱི་ལྗོན་པ་ལ། །ཡོན་ཏན་ལོ་འདབ་སྦྲུལ་གདུག་ནོར་བུ་ཙམ། །མཆིས་ནའང་ཁྱོད་ཀྱི་མཆོད་གནས་མི་རིག་ན། །ཀུན་ཏུ་ཐ་ཆད་དུག་ལ་བཟའ་འམ་ཅི། །ཞེས་སུན་དབྱུང་ངོ་། །དེས་ན་ད་སྔོན་ཁྱོད་ཀྱི་བྱ་བ་ཐམས་ཅད་སྟོང་ཟད་བྱས་ཐལ་བསམ་ནས་ལན་དུ་སྨྲས་པ། །དཀོན་མཆོག་བསླུ་བ་མེད་ལ་ཕྱག་འཚལ་ལོ། །དེ་ལྟར་ཁྱོད་ལ་ཡོན་ཏན་མེད་བཞིན་དུ། །ཤི་གསོན་སྟོང་ལ་ལག་སྦྲེལ་བྱས་བྱས་ནས། ཁྲོ་ཆུ་བླུད་སར་ཁྱོད་ཀྱང་གདུང་བ་དང་། །འབྲེལ་བ་ཐོགས་པའི་ཕོ་མོ་ཐམས་ཅད་ཀྱི། །ཚོགས་ཤིག་རྫོགས་པར་ཕར་ལ་ཞོག་མཛོད་དང་། །བླ་མ་ངན་པའི་རྒྱུད་དེ་དེའི་མཐོང་ནས། །ལོག་པར་ལྟ་བས་དམྱལ་བར་འཕེན་པར་འགྱུར། །ད་ཕྱིན་ཕན་ཆད་བླ་མ་ཐམས་ཅད་ཀྱི། །ནང་ན་གནོད་མི་སྐྱེལ་བ་ཉིན་སྐར་ཙམ། །བཟང་ངན་རྒྱུད་ཚོད་དཔོག་པར་དཀའ་བའི་ཕྱིར། །ཀུན་ཀྱང་མཆོད་ལས་རང་གར་གནས་པ་མཆོག །དཔེར་ན་སྨན་དང་དུག་གཉིས་མི་ཤེས་པའི། །སྐྱེ་བོའི་གང་འདྲེའི་བརྟེན་པར་བྱས་པ་ན། །ཡང་ན་འཚང་དང་ཡང་ན་ཕུང་བར་བྱེད། །རང་གར་གནས་ནས་བཏང་སྙོམས་མཆོག་ཏུ་མངོན། །གཞན་ཡང་སྐྱེ་བོ་རྣམས་ཀྱི་མི་ཤེས་པས། །ཁྱོད་ཚོ་སྐྱེ་བ་མཐོན་པོའི་གང་ཟག་ཏུ། །གྲགས་པས་བསླུས་ན་གཞན་དུ་མ་གྲགས་པས། །དམན་པར་སྣང་བ་རྣམས་ཀྱི་སྨོས་ཅི་ཞིག །གཞན་ཡང་མཆོད་འོས་སྤྱིན་འོས་གང་ལྟར་ཡང་། །མཐོང་བ་ཐམས་ཅད་ཚད་མ་ག་ལ་ཡིན། །དེ་ཕྱིར་རྟག་ཏུ་སེར་སྣས་བཅིང་བའི་མི། །གང་ལས་འཛིང་བ་སུ་ཞིག་དཀོན་པར་རིག །ཞེས་ཚད་མར་བལྟས་པས་དེ་ཧ་ཅང་ཐལ་བའི་ལན་བཏབ་པ། ཨེ་མ་སངས་རྒྱས་སྤྲུལ་པ་བསམ་ཁྱབ་དཀའ། །རྫོགས་པའི་བྱང་ཆུབ་བླ་མེད་ཡོན་ཏན་འཕགས། །དམ་ཆོས་བྱིན་རླབས་རང་བཞིན་བསམ་ལས་འདས། །དཀོན་མཆོག་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །ད་སྔོན་ང་ལ་ཡོན་ཏན་མེད་ནའང་། །ཕྱིར་ན་ལོག་པར་སྤྱོད་པའི་ཡོན་འཇུ་ན། །དམ་ཆོས་ཡོན་ཏན་བརྗོད་མཐའ་ཡས་པ་དང་། །ལེགས་པར་བལྟས་ན་འདྲེའི་ཀྱང་དངོས་གྲུབ་འབྱུང་། །དེ་བས་ཁྱོད་ངོས་བསོད་ནམས་ཚོགས་རྫོགས་པ། །སེམས་ཅན་བཟང་ངན་རྣམ་མི་རྟོག་ཞེས་སུ། །བདེན་པར་སྨྲ་བའི་ཞལ་ནས་ལེགས་འཐོན་པས། །ཁྱོད་ཀྱི་ཕྱིར་ཞིང་བསོད་ནམས་ཆུད་མ་ཟད། །བླ་མ་ང་ལ་ཡོན་ཏན་མེད་པ་དང་། །གཡོ་ཟོབ་དཔལ་གྱི་ཕྱུག་པའི་སེ་མོ་དོ། །དབང་པོ་ཀུན་ཚང་ཁྱོད་ཀྱི་མ་མཐོང་ནི། །དེ་བྲལ་ཡིད་ལྟ་གཅིག་གི་ག་ལ་སྟེ། །གལ་ཏེ་དེ་ཡི་མདུན་དུ་དགུག་ནུས་ཤིང་། །གཟུར་གནས་སྤྱང་པོའི་གཞན་སེམས་ཤེས་པ་ན། །མངོན་པར་ཤེས་ལྡན་འཁྲུལ་ལས་གྲོལ་བའི་ལམ། །འདམ་ཞིང་ངོ་སྤྲོད་ཐོས་པར་གྱུར་ལ་ཉེ། །དེ་ལྟ་ན་ནི་ཐར་བར་སྦྱོར་ནུས་གྲང་། །འོན་ཀྱང་དངོས་པོ་ཐོག་མེད་གནས་བྱིན་པས། །དེ་ཐོས་མཐོང་བར་དགོད་ནུས་ཉིན་སྐར་ཙམ། །བས་ཏེ་རྒྱུ་སོགས་འབྲས་བུ་བསླུ་བ་མེད། །བླ་མ་གཞན་ཡང་ཡོན་ཏན་མ་མཐོང་ཀྱང་། །དེ་ལ་མཆོད་ན་འབྲས་བུ་བཟང་པོ་ནི། །ཇི་ལྟར་ངན་ཀྱང་ལོག་སྤྱོད་ཉིད་ལས་སུ། །དམན་པ་མེད་དེ་བསོད་ནམས་ཡོད་སྟོང་ཐོབ། །ཚུལ་དེ་ཉིད་ལ་རྣམ་པར་དཔྱད་པ་ན། །གནོད་པ་སྦྱོར་བའི་བླ་མ་སྲིད་མཐའ་ཙམ། །མ་ཟད་ཕན་པ་སྣ་རེ་མི་འབྱུང་བ། །དེ་ནི་ཉིན་མོ་སྐར་མ་ཤར་བ་བཞིན། །གལ་ཏེ་བླ་མ་བཟང་པོ་མ་འབྱོར་ཀྱང་། །སྡུག་བསྔལ་བ་ཡི་སེམས་ཅན་སྦྱིན་འོས་ཏེ། །མཆོད་ན་ཡོན་ཏན་ལྡན་དང་ཁྱད་མེད་ཀྱང་། །ཡོན་ཏན་མཆོག་མངའ་བའང་དེ་ལ་དགྱེས། །ཁྱད་པར་སྲོག་གི་འཇིག་པ་བསལ་བྱས་ན། །དེ་ལས་ཡོན་ཏན་ཕུན་ཚོགས་ཆོས་ཀྱི་དངོས། །མི་རྙེད་རྣམ་པར་འཚེ་སྤངས་ཆོས་ཡིན་ཞེས། །གནས་ཚུལ་གཟིགས་པས་སེང་གེའི་སྒྲ་དབྱངས་བསྒྲགས། །སྙིང་རྗེའི་གཞན་དབང་གྱུར་བའི་བཅོམ་ལྡན་གྱིས། །སྟོན་པ་གཞན་གྱི་ལུགས་ལས་འཕགས་པའི་གསུངས། །བསོད་ནམས་ཕུང་པོ་མངོན་སུམ་མཐོང་བ་འདིར། །མཉམ་པ་ཚངས་དབང་སོགས་ཀྱིས་ཀྱང་མ་རྙེད། །ངེད་ཚོ་སྐྱེ་བ་མཐོན་པོར་གྲགས་པ་ནི། །ཡོན་ཏན་ཇི་ལྟར་ལྡན་པར་གྱུར་ནའང་། །སངས་རྒྱས་ཉིད་ཀྱི་བརྒྱ་སྟོང་ཆར་མི་ཉེ། །དེས་ཀྱང་བདག་ཅག་འདྲེན་རྒྱུ་མ་བྱུང་བ། །གང་ལ་ཡོན་ཏན་མེད་དམ་ཡང་ན་ནི། །ཡེ་ཤེས་མཆོག་གི་ཁྱོད་མ་གཟིགས་སམ་ཀྱེ། །ཡང་ན་སྙིང་རྗེ་ཆེན་པོའི་དོར་རམ་ཅི། །ལས་ཀྱི་ཉེས་པས་རང་གིས་སྐལ་ངན་བྱས། །དཔེར་ན་འདྲེན་བྱེད་ལྡོང་བའི་གང་ཟག་གི །ཉི་མ་སྟོང་གི་འོད་ནི་ཅིག་ཆར་དུ། །བརྡལ་ཀྱང་མི་མཐོང་རང་གི་དབང་སྐྱོན་ལས། །ཉིན་བྱེད་འོད་ཟེར་མེད་པ་ཡིན་ནམ་ཅི། །དེ་བཞིན་ཡོན་ཏན་ཡོད་པར་གྱུར་ནའང་། །ནམ་མཁའི་ཁམས་སུ་སོར་རྡིལ་འཕེན་བཞིན་བྱར། །མེད་ཕྱིར་ངས་ནི་ཐར་བའི་ལམ་བསྟན་ཀྱང་། །ཐར་བ་རང་ལ་རག་ཞེས་གསུངས་པ་ལགས། ཁྱོད་ཀྱི་ལོག་ལྟའི་སྒྲིབ་པ་རྔམ་པོ་ཆེ། །བྱེད་པ་དེ་ནི་རྨོངས་ནས་དུག་ཟོས་པས། །འཆི་བ་ཇི་བཞིན་ཡིན་པས་ནམ་དུའང་། །སྦྲུལ་གདུབ་རྒྱན་པོ་འཆང་བར་མ་བྱེད་ཅིག །གཞན་ཡང་མཆོག་དམན་ཀུན་ལ་མཉམ་པ་ཡི། །བསམ་པ་བཟང་པོ་གསེར་དང་འདྲ་བ་དག །བྱོལ་སོང་གིས་ཀྱང་བསོད་ནམས་ལན་བརྒྱར་འཁོར། །དེ་སླད་རྣམ་དག་དད་པའི་དབང་དུ་བྱེད། །དེ་ལྟའི་ཐམས་ཅད་སངས་རྒྱས་སུ་བལྟ་ན། །དག་སྣང་རྡོ་རྗེ་ཐེག་པའི་རྩ་བ་ཡིན། །སྔོན་ཆད་རྒན་མོ་ཁྱི་སོའི་སངས་རྒྱས་བཞིན། །གཞན་ངོར་འབྲས་བུ་བསྐྱེད་པར་ཐེ་ཚོམ་མེད། །གཞན་ཡང་བླ་མར་ཡོན་ཏན་མེད་ནའང་། །ཐོས་གྲོལ་འཕོ་བ་ཟབ་མོ་ཆོས་ཀྱི་མཐུས། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཞེས་གསུངས། །དེ་ཙམ་གྱིས་ཀྱང་ཕན་ཞིག་ཐོགས་པར་ངེས། །ཞེས་བྱས་པ་ན། འོ་ན་བླ་མ་མིན་ཀྱང་བཤན་པ་སོགས་ཀྱིས་ཀྱང་ཕན་ཐོགས་ན་བླ་མ་མི་དགོས་བསམ་ནས་སྨྲས་པ། ཨེ་མ། བླ་མ་དམ་པ་མཐོང་ན་གྲོལ་བ་དང་། །ཐོས་གྲོལ་གསུང་དང་འབྲེལ་བས་གྲོལ་ཞེས་སུ། །རྡོ་རྗེ་འཆང་གི་བཀའ་ཡི་གྲུབ་ནའང་། །ད་ནི་ཁྱོད་ལྟར་དགོས་པ་ག་ལ་ཡོད། །བླ་མ་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །འདུས་པའི་རྩ་བ་བཀའ་དྲིན་བླ་ན་མེད། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་ཡིན་པས་ན། །རྒྱལ་བའི་སྣང་བརྙན་འབུམ་ཕྲག་བསྙེན་ལས་ལྷག །ཞེས་དང་དུས་གསུམ་སངས་རྒྱས་བསྙེན་པ་བས། །བླ་མ་མཆོག་ལ་བསྙེན་པ་འབུམ་ཆར་གསུངས། །རྡོ་རྗེའི་ཚིག་དེ་ཐམས་ཅད་མ་ལུས་པ། །ཚིག་ཏུ་བས་ཏེ་དགོས་པ་མེད་པ་འདྲ། །ཅི་ཕྱིར་དུད་འགྲོ་ཞིག་ཏུ་མཚུངས་ཞེས་སུ། ཁྱོད་ཀྱི་དམ་བཅའ་བཟུང་བ་དེ་ཡི་ཕྱིར། །སངས་རྒྱས་མཆོག་ཀྱང་སེམས་ཅན་ལ་གཞལ་ན། །དམྱལ་སོགས་ཡོན་ཏན་ཡོད་པ་སྨོས་ཅི་དགོས། །གལ་ཏེ་དེ་དག་ཡོན་ཏན་ཅན་ལགས་ན། །སྡུག་བསྔལ་འབར་བའི་ཕྲེང་བའི་ཀློང་ཆེན་དུ། །ཐར་བ་མེད་དེ་ཁྱེད་ཀྱི་བསྔགས་འོས་པས། །ཆེད་དུ་གཉེར་བར་བྱ་བར་རིག་པར་བྱོས། །སེམས་ཅན་ཉིད་ལས་ལྷག་པའི་མཐུ་མེད་ན། །ཐུགས་རྗེ་ཆེ་ཞེས་སུ་ཞིག་འདོད་པར་བྱེད། ཁྱོད་ནི་ལོག་ལྟའི་སྒྲིབ་པ་རྔམ་པོ་ཆེར། །ཕ་རོལ་གཞན་ཡང་སྦྱོར་བ་མ་ཡིན་ནམ། ཞེས་ཟེར། དེ་ལ་ཡང་གནས་ཚུལ་གྱི་ལན་བཏབ་པ། །བླ་མ་མཆོག་ལ་གུས་པས་ཕྱག་འཚལ་ལོ། །ཁྱོད་ཀྱི་གོལ་སའི་ཐེ་ཚོམ་བཅད་པར་བྱ། །གཞན་ལ་འཕོ་བ་འདེབས་པའི་གང་ཟག་ཏེ། །བླ་མ་ཡོན་ཏན་ཅན་ཞིག་མ་དགོས་ན། །ནེ་ཙོའི་ཁ་ནས་འདོན་པ་ཅན་དེ་ཡི། །འདྲེན་པར་མདོ་རྒྱུད་གང་རུང་མ་མཐོང་ངོ་། །འབྲེལ་ཚད་དོན་དང་ལྡན་པའི་བླ་མ་ནི། །མཐོང་གྲོལ་ཡིན་ཏེ་ཐོས་གྲོལ་དྲན་གྲོལ་ཡིན། །འོན་ཀྱང་བླ་མའི་ཡོན་ཏན་ཐམས་ཅད་དག །སེམས་ཅན་ཕན་པར་བརྩོན་ལས་ཐོབ་པ་སྟེ། །མ་ཟད་དུས་གསུམ་སྲས་བཅས་ཐམས་ཅད་ཀྱང་། །གང་ལ་སྙིང་རྗེའི་ཚོགས་ཆེན་སྤྲིན་ལས་བྱུང་། །སངས་རྒྱས་ཀུན་གྱི་བླ་མ་དམྱལ་བ་ཡིན། །མི་དགའ་མི་དགོས་དམྱལ་བ་ངོ་མཚར་འབར། །སྡུག་བསྔལ་གཞི་མེད་ངོ་བོ་ཉིད་མཐོང་ན། །དོན་ལ་རྡོ་རྗེ་སེམས་དཔའི་ཞིང་ཁམས་ཡིན། །གལ་ཏེ་དམན་པའི་འགྲོ་བ་མ་དམིགས་ན། ཁྱོད་ཀྱི་བྱང་ཆུབ་སེམས་དཔའ་གང་གིས་འགྲུབ། །གལ་ཏེ་བྱང་ཆུབ་བླ་མེད་སེམས་བསྐྱེད་པ། །དབེན་ཕྱིར་སངས་རྒྱས་ཉིད་ཀྱང་དཀའ་བར་གནས། །སེམས་ཅན་དག་ལ་ད་ལྟའི་དུས་ནའང་། །དེ་བཞིན་ཉིད་མེད་ཞེའམ་ཡང་ན་ནི། །སངས་རྒྱས་རྣམས་ཀྱི་མཆོད་པ་ཕུལ་བ་ལ། །ཉེར་སྤྱོད་མཆོག་གི་འདོད་པ་ཡོད་དམ་ཅི། །སེམས་ཅན་དག་ལ་ཕན་པར་བྱས་པ་ན། །རྫོགས་སངས་རྒྱས་དེ་དགྱེས་མི་འགྱུར་རམ་ཅི། །ཕན་པར་བསམ་པ་ཙམ་གྱི་ཡོན་ཏན་ཀྱང་། །སངས་རྒྱས་མཆོད་ལས་འཕགས་ཞེས་མ་གསུངས་སམ། །དེ་ཕྱིར་སེམས་ཅན་ཡོན་ཏན་མེད་ནའང་། །དེས་ཀྱང་དགེ་བའི་འབྲས་བུ་བསྐྱེད་བྱེད་པས། །བཟང་ངན་རྣམ་རྟོག་ཕྱོགས་ལྷུང་དབྱེ་མི་དགོས། །མོས་གུས་ཡོད་ན་བླ་མར་མ་གྱུར་མེད། །སྣང་སྲིད་ཐམས་ཅད་བླ་མར་ཤར་བ་ན། །ངོ་མཚར་རྨད་དུ་བྱུང་བ་ཨ་ལ་ལ། །དེ་ལྟར་མ་རྟོགས་ཡུལ་དུ་བཟུང་བ་ན། །དེ་ཡང་གཟུང་འཛིན་འཁོར་བའི་ཕྱོགས་སུ་བྱས། །ཆོས་དབྱིངས་རྣམ་དག་སྤྲོས་བྲལ་རིག་པའི་གདངས། །ཤེས་རབ་ཡེ་ཤེས་དོན་གྱི་བླ་མར་ཤར། །སྲིད་ཞི་མཁར་སྡུད་ཐམས་ཅད་མཉམ་པ་ཉིད། །དེ་ལྟར་ནའང་བླ་མར་མ་གྱུར་མེད། །སངས་རྒྱས་མཆོད་པའི་ཕན་ཡོན་ནམ་མཁའ་འདྲ། །དེ་ཡི་བདག་ཉིད་མངའ་བའང་ནམ་མཁའ་འདྲ། །སྤྲུལ་བའི་སྐུ་རུ་ཤར་བའང་ནམ་མཁའ་འདྲ། །དམིགས་མེད་མཁའ་ལྟར་བརྡལ་འདི་ཨེ་མ་ཧོ། །གཤིན་པོ་རྗེས་སུ་འཛིན་སོགས་བླ་མེད་ཐབས། །མ་བསྒོམ་སངས་རྒྱས་ཆོས་ལྔའི་ལམ་མཆོག་ལས། །ཐོས་གྲོལ་ཞེས་སུ་མཚན་གྱིས་དོན་བཀྲལ་པའི། །དེ་སྒྲོགས་པ་ཡི་གང་ཟག་རྣམ་དབྱེ་མེད། །དམ་ཆོས་ཡོན་ཏན་དཔག་མེད་ནམ་མཁའ་འདྲ། །དེ་ལ་མཆོད་པའི་ཕན་ཡོན་ནམ་མཁའ་འདྲ། །སྐྱོབས་པའི་ཐུགས་རྗེ་བསམ་དཀའ་ནམ་མཁའ་འདྲ། །དེ་འཛིན་དགེ་འདུན་ཡོན་ཏན་ནམ་མཁའ་འདྲ། །སངས་རྒྱས་དོན་གཉིས་གྲུབ་ལ་ཕྱག་འཚལ་ལོ། །བདེན་གཉིས་ཟུང་དུ་འཇུག་ལ་ཕྱག་འཚལ་ལོ། །རིག་གྲོལ་ཕུན་སུམ་ཚོགས་ལ་ཕྱག་འཚལ་ལོ། །ཀུན་འདུས་བླ་མ་མཆོག་ལ་ཕྱག་འཚལ་ལོ། །བདག་གི་ལས་ངན་དད་ཟས་གཤིན་པོའི་དཀོར། །སྣ་ཚོགས་སྤྱོད་པའི་ཉེས་པ་ཐམས་ཅད་ཀུན། །དག་ནས་མཐའ་ཡས་འགྲོ་བ་མ་ལུས་པ། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །ཞེས་སྨྲས་པ་ན། འོ་ན་དཀོར་ནི་ཞུས་ན་ཁྱོད་ཀྱི་ངེད་རྣམས་ཀྱི་ཡིད་མ་བཅད་དང་ཆོས་གཉིས་ཡོད་ཟེར་ནས་འདུག་པ་ལ་བདག་གི་དཀོར་གྱི་ཉེས་པ་བཤད་པར་བྱས་པ། རིན་ཆེན་རྣམ་གསུམ་གྲགས་པའི་གདུགས་དཀར་གྱི། །ཐུགས་རྗེའི་གྲིབ་བསིལ་འགྲན་ཟླ་མེད་པ་ཡིས། །སྡུགབསྔལ་ཚ་བའི་གདུང་བས་རབ་གཙེར་པ། །མང་ཚོགས་སྐྱོབས་པར་མཛད་ལ་ཕྱག་འཚལ་ལོ། །གང་ཞིག་གང་ལ་འབྲེལ་བའི་གཞན་ངོས་ནས། །བསོད་ནམས་ཤིང་རྟའི་ལེགས་པར་དྲངས་བ་ཡི། །སྡུག་བསྔལ་མུན་པ་བསྐལ་པར་བྱེད་པའི་གཟི། །བདེ་ལེགས་མགྲོན་དུ་འགུགས་ལ་སུ་ཞིག་བསྙོན་། །འོན་ཀྱང་མཆོད་ཡུལ་རང་གི་ངོར་ལྟོས་ནས། །གང་ཟག་ལྡན་དང་གྲོལ་ལ་གནང་ཡིན་གྱི། །གཞན་དུ་ཉེས་པའི་ཀོང་བུར་གྱུར་བ་ཡི། །དམན་བདག་ལྟ་བུ་འོས་པ་མ་ཡིན་ནོ། །གལ་ཏེ་ཤེས་བཞིན་དུ་ནི་དུག་འཐུང་ན། །དེ་ཡང་འཆི་བའི་གནས་སུ་ངེས་པར་མངོན། །ཕྱི་ནས་དུག་གི་ནད་ཀྱིས་ཉེན་པ་ན། །དེ་ཡང་འགྱོད་པའི་གནས་ཤིག་མ་ཡིན་ནམ། །དེ་ཕྱིར་རང་གི་རང་ལ་བྱམས་སེམས་ཀྱི། །ཤ་ཚ་ཤེས་ན་དེ་ལས་ལྡོག་པར་རིག །གང་གིས་ད་དུང་སྤྱོད་པར་གྱུར་བ་ན། །ཁྱོད་ལས་སེམས་པ་སྟོར་བ་སུ་ཞིག་གུ །ད་ལྟ་ཉེས་པ་འབྱུང་བ་ཤེས་བཞིན་དུ། །དཀོར་ནག་དུག་ལ་ཟ་བར་མི་རིགས་སོ། །ཉེས་པ་གང་ན་དམྱལ་བའི་གནས་ཉིད་དུ། །ལྟུང་ནས་ཐར་བ་མེད་པ་འཆི་ཤེས་བཞིན། །དེ་ལྟར་འབྱུང་བར་ཤེས་བཞིན་ཁྱད་བསད་ན། །མ་འོངས་རྣམ་སྨིན་ནད་ཀྱིས་ཉེན་པའི་དུས། །འགྱོད་པ་ཕྱིས་ཞིག་འཕྱིས་པར་འགྱུར་བ་སྟེ། །དེང་ནས་རྒྱུ་ཡི་དུག་ལ་བསྐམ་མི་རིག །དེ་ཡི་ཉེས་པ་ཐ་དག་འབྱུང་བ་ནི། །ལུང་དང་རིག་པ་གཉིས་ཆར་ཡོད་པ་སྟེ། །དང་པོར་བྱེད་པ་རིག་པའི་དབང་བྱས་ན། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་གསུམ། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བཞི། །ཐམས་ཅད་མ་ལུས་འདི་ལ་ཚང་བ་སྟེ། །བརྣབ་སེམས་ཡིན་ཏེ་གཞན་གྱི་ནོར་ལ་བརྔམ། །གནོད་སེམས་གཞན་ཞིག་ཕུང་བར་གྱུར་ན་བསམ། །རྫུན་ནི་རང་ལ་ཡོན་ཏན་ཡོད་མདོག་བྱས། །ཕྲ་མ་གཞན་ལ་དད་ལས་ལྡོག་པར་བརྩམས། །ཚིག་རྩུབ་གཞན་གྱི་སྐྱོན་མཐོང་སྙད་བཏགས་པས། །དེ་ལ་ཁྲོ་བས་ཞེ་གཅོད་སྣ་ཚོགས་སྨྲས། །ངག་འཁྱལ་རྙེད་པས་རྙེད་ཚོལ་ཁ་གསག་དང་། །ཚུལ་འཆོས་ལ་སོགས་བཤད་པ་མང་པོ་བྱེད། །དེ་ཕྱིར་ལོག་པའི་འཚོ་བ་རྒྱང་བསྲིང་སྟེ། །ཡང་དག་ཆོས་དང་མཐུན་པ་བརྟེན་པར་བྱ། །གཞན་ཡང་དེ་ལ་བརྟེན་པའི་ཞེ་སྡང་ནི། །བདག་ལ་སྨད་ཅེས་དེ་ལ་རྒྱབ་ཀྱིས་ཕྱོགས། །ལོངས་སྤྱོད་གནས་ལ་འདུན་པའི་འདོད་ཆགས་དང་། །རྒྱུ་འབྲས་ཚུལ་ལ་རྨོངས་པའི་གཏི་མུག་དང་། །བླ་མ་གཞན་ལ་ཕྲག་པ་དོག་པ་དང་། །དམན་ལས་ལྷག་གོ་སྙམ་པའི་ང་རྒྱལ་དང་། །རང་གི་མཆོད་སྦྱིན་མི་ནུས་སེར་སྣ་སྟེ། །དེ་ཕྱིར་ཉོན་མོངས་དྲུག་པོ་ཡོངས་སུ་རྫོགས། །རྒྱུ་ལ་ཉོན་མོངས་དྲུག་པོ་ཚང་བའི་ཕྱིར། །འབྲས་ལ་རིགས་དྲུག་གནས་རིས་རིམ་གྱིས་འགྲིམ། །ལས་ལ་མི་དགེ་བཅུ་པོ་ཚང་བའི་ཕྱིར། །བསགས་ལ་རྣམ་སྨིན་ལ་སོགས་ལྔ་བཅུ་འཁོར། །དཀོན་མཆོག་གསུམ་གྱི་དཀོར་ལ་བརྐུས་པའང་ལགས། །ཅི་ཕྱིར་ཆོས་བཙོང་ལོངས་སྤྱོད་ལ་འཇབ་པ། །བྱང་ཆུབ་སེམས་དཔའི་ལྟུང་བ་ཆེས་སྦོམ་པ། །དེས་ན་དེ་ལ་རྣམ་པར་མི་སྤྱོད་འཚལ། །ཐམས་ཅད་མཁྱེན་པ་སྟོན་པ་མཆོག་གིས་ནི། །ལྡན་དང་གྲོལ་ལ་ང་ཡིས་གནང་བ་སྟེ། །མ་ཡིན་པ་ལ་ཅུང་ཟད་གནང་བ་མེད། །ཞེས་དང་ཨོ་རྒྱན་སངས་རྒྱས་གཉིས་པས་ཀྱང་། །དཀོར་ནག་དུག་ལ་ཟ་བའི་གང་ཟག་སྟེ། །ལྡན་གྲོལ་གཉིས་ལ་རྨ་བྱ་བཞིན་མཛའ་སྟེ། །གཞན་དུ་ཐར་པའི་གོ་སྐབས་དཀོན་པར་ཕྱིན། །གསུངས་ཕྱིར་བདེན་སྨྲའི་བཀའ་ལ་ཁྱོད་ཡིད་རྟོན། །གཞན་ཡང་རིག་འཛིན་འཇིགས་བྲལ་གླིང་བ་ཡིས། །གསོན་གྱིས་དད་པས་བྱིན་པའི་ཟང་ཟིང་དང་། །གཤིན་པོའི་འགགས་ལ་ཐུག་པའི་ཉེར་སྤྱོད་ཀྱིས། །ཐར་པའི་སྲོག་རྩ་བཙན་ཐབས་གཅོད་དོ་གསུངས། །དེ་ཕྱིར་རྒྱབ་སྐྱོར་ལུང་གིས་གྲུབ་ནའང་། །མི་རྟོན་ད་དུང་བག་མེད་སྤྱོད་པ་ན། །རྒྱུ་འབྲས་ཚུལ་དེ་ཤེས་བཞིན་ཁྱད་བསད་པས། །ལོག་པར་ལྟ་བའི་སྒྲིབ་པའང་རྔམ་པོ་ཆེ། །ཡོན་ཏན་ལྡན་པའི་བླ་མ་གཞན་མཐོང་དང་། གྲུབ་པ་ཐོབ་པའི་སྦས་པའི་རྣལ་འབྱོར་བ། །ང་དང་འདྲའི་ཟོག་པོ་ཡིན་ངེས་སུ། །སྙམ་ནས་སངས་རྒྱས་མཐོང་ཀྱང་ལོག་པར་བལྟ། །གཞན་ཡང་སྐྱོན་གྱི་ཕུང་པོ་མང་ན་ཡང་། །ལེགས་པར་བཤད་ན་མགོ་རྙོགས་རྒྱུ་ཉིད་ལས། །གཞན་ལ་ཕན་པ་ཉིན་མོའི་སྐར་མ་ཙམ། །སྙམ་ནས་སླར་ཡང་རང་ལ་ཐིམ་པར་བྱས། །ཞེས་བྱས་པ་ན། དེ་ན་རེ་འོ་ན་མཆོད་ཡུལ་གྱི་རང་ངོས་ནས་དཀོར་མི་ཞུས་ན་སྦྱིན་ཡུལ་ལྟ་ག་ལ་ཞུས། དེ་ཕྱིར་མཆོད་སྦྱིན་གཉིས་ཀ་མ་བྱས་པ་ལྷག་གོ་གསམ་ནས་སྨྲས་པ། གང་ཞིག་བསླུ་མེད་རྟེན་འབྲེལ་འཆད་པ་ཡི། བདེན་སྨྲ་བསྟན་བཅས་དེ་འཛིན་བཅས་ལ་འདུད། གོང་དུ་ཁྱོད་ཀྱིས་སྨྲས་པ་དེ་ལྟར་ན། །མཆོད་ཡུལ་གང་ལ་ངེས་པར་གནོད་པ་བྱས། །རང་གི་ཚོགས་ཤིག་ཨེ་རྫོགས་སྙམ་པ་ན། །དེ་ནི་རང་འདོད་ཡིད་བྱེད་གཅིག་པུ་ལས། །མ་ཟད་གཞན་ཉིད་བཏང་སྙོམས་བཞག་པས་ན། །དེ་ཡང་བློས་བཏང་ཉེས་པ་མེད་དམ་ཅི། །གལ་ཏེ་སེམས་ཅན་ཐམས་ཅད་མི་བསྲུང་ན། །དེ་ནི་བྱང་ཆུབ་སེམས་དཔའ་ག་ལ་ཡིན། །དེ་ཕྱིར་གཞན་ལ་གནོད་པ་མི་སྐྱེལ་བ། །དེ་ཡི་ཐབས་ནི་མཆོད་སྦྱིན་སྤངས་པ་འདྲ། །གཞན་ཡང་མཆོད་ཡུལ་དགེ་འདུན་གཟུགས་མཆོད་དང་། །མ་ཟད་གླན་པ་གྲུ་བཞི་ཡན་གསུང་ན། ཁྱོད་ལྟར་ཆོས་སྟོན་མཆོད་པར་བྱས་ནའང་། །དགེ་འདུན་ལྡན་གྲོལ་མ་གཏོགས་གནོད་ཞིག་བྱེད། །གཞན་གནོད་སྤངས་པ་དམ་ཆོས་མ་ཡིན་ནམ། །དེ་ལྟར་བྱས་པ་བྱང་སེམས་ཡིན་ནམ་ཅི། །དེ་ཡི་ཕྱིར་ན་རྣལ་མའི་ཆོས་ཉིད་ནི། །སེར་སྣའི་འཆིང་བ་དེ་རུ་རིག་པ་ཡིན། །མཆོད་ཡུལ་ཡོན་ཏན་ཆ་བཅས་ཀྱིས་མིན་ན། །སྦྱིན་ཡུལ་དམན་པ་རྣམས་ཀྱིས་སྨོས་པས་ཅི། །དེ་ཕྱིར་སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །ཕྱིར་ཞིང་སྡུག་བསྔལ་སྦྱིན་ན་ཧ་ཅང་ཐལ། །སྡུག་བསྔལ་གང་ན་ལན་ཆགས་འཇལ་དགོས་པའི། །དགེ་སྡིག་འབྲས་བུ་ཁྱོད་ཀྱིས་མི་འདོད་དམ། །དེས་ནི་སྙིང་རྗེའི་དབང་དུ་བྱེད་པ་ངས། ། རྣམ་ཀུན་མཆོད་སྦྱིན་རང་ལ་མི་བསམ་མོ། །ཞེས་བློ་ལྡོག་པ་ལ་དེ་ཉིད་ཡང་དག་པའི་ཚུལ་ལ་སྦྱོར་བའི་ལན་བཏབ་པ། བསླུ་མེད་དཀོན་མཆོག་གསུམ་དང་བླ་མར་བཅས། །སྐྱེ་བ་ནམ་ཡང་འབྲལ་བར་མ་གྱུར་ཅིག །ཁྱོད་ཀྱི་སེར་སྣ་བྱང་སེམས་ག་ལ་ཡིན། །སྔོན་བྱོན་རྒྱལ་བས་མཆོད་སྦྱིན་ཚོགས་བྲུན་༼ བྲིན་དཔྱད། ༽ནོ། །གང་དག་སྔ་མོ་བྱོན་པ་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་དེ་དོར་བར་བྱས་སམ་ཅི། །གཞན་མཆོད་རང་གི་ཚོགས་ཞིག་མ་བསམ་ནའང་། །སྦྱིན་ཡུལ་དགའ་བའང་དགེ་བ་མ་ཡིན་ནམ། །གལ་ཏེ་དགའ་བ་དགེ་བ་མ་ཡིན་ན། །སྡུག་བསྔལ་གནས་ལ་སྦྱོར་བ་ཡིན་ནམ་ཅི། །དེ་ལྟ་ན་ནི་ཁྱོད་ཀྱི་ཞེ་འདོད་དེ། །ཕྱིན་ཅི་ལོག་ཏུ་དགྲ་དང་གཉེན་ལ་ཐལ། །གལ་ཏེ་དགྲ་ལ་མི་དགའ་འདོད་པ་ན། ཁྱོད་ཀྱི་སྦྱིན་པའི་གནས་སུ་ཡང་དག་གདའ། །དེ་བཞིན་གཉེན་ལ་དགའ་བའི་སེམས་ཡོད་པས། ཁྱོད་ཀྱིས་ཕ་མ་གསོ་བའང་རིག་མ་ཡིན། །དེ་ལྟར་དགྲ་ལ་སྡུག་བསྔལ་འོང་བ་ན། །རྣམ་སྨིན་བྱང་བས་ཁྱོད་ནི་གདུང་བར་རིག །གཉེན་ལ་དགའ་བ་བྱུང་བར་གྱུར་བའི་ཚེ། །བསོད་ནམས་ཟད་པས་ཁྱོད་ནི་གདུང་བར་རིག །དེ་ཕྱིར་དགྲ་ལ་དགའ་བའང་ཁྱོད་དགར་རིག །གཉེན་ལ་སྡུག་བསྔལ་ནའང་ཁྱོད་དགའ་རིག །དེ་ལྟར་མོད་ཀྱི་ཁྱོད་ཀྱི་བསམ་པ་ནི། །ཕྱིན་ཅི་ལོག་ཏུ་གཉེན་ལ་གནག་པར་འགྱུར། །དགྲ་ལ་སྡང་བས་བདེ་བ་འདོད་པ་ན། །ཁྱོད་ལ་བདེ་སྡུག་གཉིས་ལས་སྡུག་བསྔལ་བ། །འདམ་ཕྱིར་ནམ་ཡང་བདེ་བ་མི་གཉེར་བར། །རང་ལ་མཚོན་གྱིས་གདབ་པའང་བྱ་རིག་ན། །དེ་ནི་དཀའ་བཟློག་པ་དང་ཀརྞ་པས། །རྗེས་སུ་སོན་པར་གྱུར་བ་མིན་ནམ་ཅི། །དེ་དག་དམ་པའི་ལམ་ལས་རྒྱང་བསྲིང་བས། །ང་དང་ལྟ་སྤྱོད་མཐུན་པ་མ་ལགས་སོ། །ཕ་རོལ་ཕྱིན་པ་དྲུག་གི་དང་པོ་ནི། །སྦྱིན་པས་བསོད་ནམས་ཚོགས་ཆེན་བྲུན་༼ བྲིན་དཔྱད། ༽མིན་ནམ། །དེ་ཡང་སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཏེ། །སེར་སྣའི་སྐྱོན་གྱིས་མི་ཚུག་བཟོད་པ་སྟེ། །བསྙེལ་མེད་བརྩོ༵ན་པ༵་དེ་ལས་མི༵་གཡེ༵ང་ཞིང་། །འཁོར་གསུམ་དམིགས་མེད་དྲུག་པོའང་རྟེན་ཅིང་འབྲེལ། །ཕྱིན་དྲུག་སྤྱོད་པ་བྱང་ཆུབ་ལམ་མིན་ནམ། །དེ་སྤངས་གཞན་དུ་བྱང་ཆུབ་སྤྱོད་པ་གང་། །གལ་ཏེ་སེམས་ཅན་སྡུག་བསྔལ་སྦྱིན་འདོད་པ། །དེ་ནི་བྱང་ཆུབ་སེམས་དཔའ་མིན་པ་དང་། །ཁྱོད་ལྟར་དབུལ་ཕོངས་བསལ་བ་སྤོང་བྱེད་པ། །དེ་ཉིད་བྱང་ཆུབ་སེམས་དཔའ་ཉིད་ལས་རིང་། །བསོད་ནམས་ཚོགས་དེ་ཁྱོད་ཀྱིས་བཅད་པའི་ཕྱིར། །ཡེ་ཤེས་ཚོགས་དང་གཟུགས་སྐུ་དཀའ་བར་གནས། །གཟུགས་སྐུ་མེད་པས་ཆོས་སྐུ་མི་འབྱུང་སྟེ། །དེ་ཕྱིར་ཁྱོད་ནི་སངས་རྒྱས་ས་བོན་གཅོད། །སངས་རྒྱས་ས་བོན་བཏན་དུ་བདེ་བ་མཆོག །བཅད་ན་གཞན་གནོད་ཆེན་པོ་མ་ཡིན་ནམ། །དེ་ནི་ཆོས་ཀྱི་མཆོག་ཏུ་ཕྱར་མི་རུང་། །གཅིག་ལ་སྦྱིན་མཆོད་མཐའ་ཡས་འགྲོ་དོན་དེ། །མ་མཆོད་འགྲོ་མང་དོར་བའང་མ་ལགས་སམ། །གལ་ཏེ་མཐའ་ཡས་འགྲོ་བ་ཀུན་སྤངས་ནས། །གཅིག་ལྟ་ཁྱོད་ཀྱིས་བསྲུང་བའང་དོར་བ་ཡིན། །སེམས་ཅན་ཀུན་གྱི་བྱང་ཆུབ་གཞི་དམ་པ། །སེམས་ཅན་གཅིག་གི་དོན་དུ་བཅད་པ་དང་། །མཐའ་ཡས་འགྲོ་བ་ཀུན་བསད་ཉེས་པ་སྟེ། །སེམས་ཅན་གཅིག་ལ་བསྔོ་བའང་མ་ལགས་སམ། །སེམས་ཅན་ཀུན་གྱི་ཚོགས་ཞིག་རྫོགས་ནས་ནི། །སངས་རྒྱས་སྐུ་གཉིས་འགྲུབ་པའི་བདག་ཉིད་དུ། །སེམས་ཅན་གཅིག་གི་སྡུག་བསྔལ་གྱིས་སྦྱིན་ན། །དེ་དགེས་དེ་ཡང་སྲིད་པར་འཆིང་ངམ་ཅི། །སངས་རྒྱས་སྙིང་རྗེའི་བདག་ཉིད་མཆོག་མངའ་བས། །གནས་སྐབས་རྣམ་གསུམ་སྦྱིན་པ་གཏོང་བ་དང་། །མཐར་ཐུག་སངས་རྒྱས་བདག་ཉིད་མཆོད་སྦྱིན་པས། །དེ་བཞིན་ཁྱོད་ཀྱང་བསམ་པ་བཟང་བསྐྱེད་རིག །གནས་སྐབས་དགའ་བའི་བདེ་བ་ཙམ་གྱིས་ནི། །མ་ཟད་བྱང་ཆུབ་བླ་མེད་ཁྱོད་འདོད་ན། །ར་ཞིག་མི་ཤོས་གཡག་ཞིག་ཁ་བཏང་བ། །དེ་ཡང་ཀྱེ་མ་གཞན་གྱི་གནམ་པོར་བྱེད། །དམ་ཆོས་ཆགས་བྲལ་མཆོད་པར་བྱས་ནའང་། །སེམས་ཅན་དོན་ཏེ་དེ་ཡི་རྣམ་ཀུན་ཏུ། །མཆོད་དང་སྦྱིན་པ་སྤངས་པ་གཞན་དོན་ཞེས། །ལོག་ལྟའི་མཚོན་དེའི་རང་ལ་མི་གདབ་རིག །ཞེས་བྱས་པ་ན། །འོ་ན་ད་ཁྱོད་ཀྱི་ང་རང་གཅིག་པུ་ལ་མི་ཉན་པས་དཀོར་མི་ཟ་བསམ་པ་དེ་ཡང་སྤངས་བར་རིག །རང་འདོད་ཉག་གཅིག་བྱེད་པ་བྱང་སེམས་ཉམས་པ་ལགས་ཟེར་ནས། རྒྱུ་འབྲས་བསླུ་མེད་སྟོན་པ་བཅོམ་ལྡན་འདས། །བསྟན་དང་བསྟན་འཛིན་བཅས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་གཞི་བཞག་དཀོར་སྒྲིབ་ཡོད་བསམ་དེ། །གཅིག་དུ་གནས་པའང་རང་ལ་སེམས་བསྐྱེད་ཆེ། །རང་ལ་སེམས་བསྐྱེད་བྱང་ཆུབ་ལམ་རེད་དམ། །གཞན་གྱི་བསོད་ནམས་ཚོགས་རྫོགས་སངས་རྒྱས་ན། །དེ་དགེས་ཁྱོད་ཀྱང་འཁོར་བའི་བཙོན་ར་འདྲལ། །དེས་ན་རྣམ་ཀུན་དོན་དུ་བྱོན་པར་འཚལ། །སེམས་ཅན་མང་པོའི་ཚོགས་དེ་བཅད་བྱས་ན། །དེ་ཡང་སྒྲིབ་པ་ཆེན་པོ་མ་ཡིན་ནམ། །སེམས་ཅན་གཅིག་གི་དོན་དུའང་སྐུ་བཏང་ན། །འབྲེལ་ཐོགས་བརྒྱ་ཕྲག་མང་པོ་སྨོས་ཅིག་དགོས། །མང་པོའི་དོན་དུ་དམྱལ་ལྟ་མ་བཟོད་ན། །ཁྱོད་ཀྱི་སེམས་བསྐྱེད་ཁ་བཟང་རོག་པོ་རྒྱ། །ཀྱེ་མ་གཞན་གྱིས་བཞད་གད་བྱས་ནས་སུ། །དེ་ཡང་ཧ་ཅང་ཐལ་བ་ངོ་མཚར་ཆེ། །དེའི་ལན་དུ་བདག་གིས་ཐལ་སྡེབ་ཞིག་བྱས་ནས་མགོ་མཚུང་གི་རིག་པ་དགོད་པ། །རྟེན་འབྲེལ་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཁྱོད་ཀྱི་གོལ་ས་དེ་ཡང་བཅད་པར་བྱ། །གཞིར་བཞག་དཀོར་སྒྲིབ་མེད་ཅེས་བྱར་བསམ་སྟེ། །རྣམ་སྨིན་ཁྱད་དུ་བསད་པ་སེམས་བསྐྱེད་ཆུང་། །ཅིའི་ཕྱིར་དེ་ལ་རྣམ་པར་སྨིན་མེད་ན། །རྟེན་འབྲེལ་ཀུན་རྫོབ་བདེན་པ་ལོག་པར་བལྟས། །ཀུན་རྫོབ་བདེན་པ་ཁྱད་དུ་བསད་བྱས་ཏེ། །དེ་ཕྱིར་དམ་པའི་དོན་ལུང་ལྟོས་གཞི་མེད། །བདེན་གཉིས་མེད་པར་ལྟ་བ་གང་དེ་ཡི། །ལོག་པར་སྤྱོད་པའི་འབྲས་བུ་བསམ་མི་ཁྱབ། །དེ་འབྲས་སྡུག་བསྔལ་བརྣག་དཀའི་རང་བཞིན་ཅན། །ཚོར་བར་འགྱུར་བ་འདི་ལ་ཐེ་མི་ཚོམ། །གལ་ཏེ་གཞན་ལ་བསོད་ནམས་ཚོགས་བཀྲུན་ན། །རང་གི་དགེ་སྦྱོར་སོགས་ལ་འབུང་བས་ཏེ། །རང་དོན་ནོར་རྫས་རློམ་པའི་གཞན་དབང་གི །དེ་ཡང་སྒྲིབ་པ་ཆེན་པོ་མ་ཡིན་ནམ། །གང་ཞིག་བཅོམ་ལྡན་གཞན་གྱི་དོན་ཕྱིར་རུ། །རང་གི་སྐུ་ལའང་ཕངས་བར་མི་མཛད་ན། །རང་གི་སྦྱིན་པ་ཕར་ལ་ཞོག་མཛོད་དང་། །སེམས་ཅན་འབྱོར་བ་འཕྲོག་པའང་ཧ་ཅང་ཐལ། །འབྲེལ་ཐོགས་གཞན་དོན་དུ་ནི་མ་དམིགས་ན། །དེ་ཡང་སེམས་བསྐྱེད་བར་མ་དོ་རུ་ལུས། །ཁྱོད་ཀྱི་ད་ལྟ་དོན་གཉིས་གྲུབ་པ་ཡི། །སངས་རྒྱས་མཆོག་ལ་འགྲན་པར་བཟོད་དམ་ཅི། །གཞན་ཕྱིར་ལས་སྦྱངས་བྱང་ཆུབ་མྱུར་སྟེར་བའི། །ལན་ལ་འཛིན་སྤངས་གནམ་པོར་འགྱུར་རམ་ཅི། །དེ་བཞིན་བསོད་ནམས་ཚོགས་ཆེན་ཕར་བཀྲུན་པ། །དེ་ནི་ཁ་བཟང་རོག་པོ་ག་ལ་ཡིན། །སེམས་ཅན་གཞན་འབྱོར་ཙམ་ཡང་མ་འདོད་ན། །དེ་ལྷག་གཏན་གྱི་བདེ་བ་ག་ལ་ཞིག །ཁྱོད་ཀྱི་སེམས་དེ་ཁ་བཟང་རོག་པོ་རྒྱ། །ཀྱེ་མ་རང་ལ་ནོར་གྱི་སེམས་བསྐྱེད་ཆེ། །འོ་ན་སེམས་ཅན་སྦྱིན་པ་བསླང་བ་ན། །གཞན་འབྱོར་མི་འདོད་ཉེས་པ་དེར་བྱུང་ན། །བསླངས་ནས་མ་བྱིན་དེ་ཡི་ཞེ་བཅད་ན། །སྡང་བའི་འབྲས་བུ་དམྱལ་བར་མི་འཕེན་ནམ། །ཁྱོད་ཀྱི་སེམས་ཅན་བསྲུང་བ་དེ་ཉིད་ནི། །སེར་སྣའི་གླང་པོའི་ཞེ་སྡང་རལ་གྲིའི་མཆོག ། འཆང་ནས་གཞན་གཅོད་པ་ལ་ཆས་པ་འདྲ། །དེ་ཕྱིར་ཆེས་ཆེར་བཞད་གད་བྱེད་པར་རིག །སེམས་ཅན་ཚོགས་མི་བཅག་ལ་སྙད་བཏགས་དེ། །རང་ལ་ནོར་རྫས་འདོད་པའི་བསོད་ནམས་དེའི། །འཁོར་བའི་བཙོན་རར་འདྲལ་ནས་མྱ་ངན་འདས། །ཐོབ་པ་མདོ་རྒྱུད་གང་ལས་མ་གསུངས་ཞིང་། །སེམས་ཅན་མང་པོའི་བསོད་ནམས་ཚོགས་དེ་ནི། །མཆོད་སྦྱིན་ཡུལ་ལ་སྤེལ་བྱའི་དངོས་པོ་ཡི། །སྡུག་པར་འགྱུར་གྱི་ཡོན་ཏན་སྡུག་བསྔལ་ཞིང་། །ཟད་པར་འགྱུར་པའི་དཔེ་མེད་སྒྲོན་སྐལ་སླད། །དེས་ན་ཁྱོད་ཀྱི་སྣ་ཚོགས་བསོད་ནམས་ཚོགས། །ཕྱིན་དྲུག་འབྲས་བུ་སྡོང་པོ་མ་རུལ་བ། །སྨིན་ལེགས་བསྡུ་བ་བཞི་ཡི་འཁྲི་ཤིང་དུ། །ལོག་ལྟའི་སྟྭ་རེའི་གཡུག་པར་མ་བྱེད་ཅིག །དེ་ལྟར་རང་གཞན་ཀུན་གྱི་གོལ་ས་ཡི། །རྨོངས་པའི་ཁྲོད་དུ་བྱེད་པའི་གཞན་དབང་ཀྱང་། །བཀའ་ལུང་རིག་པའི་འོད་ཀྱིས་མཐར་བྱས་ཚེ། །ལོག་རྟོག་མུན་པ་རྒན་པོ་ངོ་ཚས་སྐྱེངས། །མཁྱེན་པའི་འདབ་ཡངས་ཆོས་ཉིད་ལམ་དུ་བསྐྱངས། །གཟིགས་པའི་ཐུགས་རྗེ་གནས་ངན་འགྲོ་ལ་རྒྱས། །སྣ་ཚོགས་གང་འདུལ་མཛད་པ་བསམ་མི་ཁྱབ། །མ་རིག་གདེངས་ཀ་གཅོད་མཁས་ཐུབ་དེ་མཆོད། །རྟེན་འབྲེལ་ཚུལ་གྱི་སྐད་གསང་མཐོན་པོར་བཅས། །མཐར་ལྟའི་རི་དྭགས་དཔུང་པ་གཅོག་མཛད་དེ། །འཆོས་སྐྱོབས་གཡུ་རལ་རྒྱས་པའི་འཕྲོག་བྱེད་ཀྱི། །སྡུག་བསྔལ་དབྱར་རྔའི་སྒྲ་དབྱངས་གནོན་དེར་མཆོད། །ལྷ་དང་མི་དང་བཅས་པའི་འགྲོ་འདི་དག །རྣམ་ཀུན་ཚོགས་ཀྱི་ཞིང་ས་བཟང་པོ་རུ། །བདེ་ལེགས་འབྲས་བུ་མི་དམན་འབུམ་དགོད་པའི། །དྲང་ངེས་ཆོས་ཆར་བསྙིལ་དེ་རྒྱལ་གྱུར་ཅིག །སངས་རྒྱས་ཀུན་གྱི་ཐུགས་རྗེའི་ཆབ་ཆེན་པོ། །རྣམ་མང་རང་བཞིན་གཅིག་ཏུ་འབབ་པ་ཡི། །བྱིན་རླབས་དངོས་གྲུབ་ནོར་བུ་འབུམ་བརྡལ་བའི། །བརྒྱུད་བཅས་ཆུ་གཏེར་ཆེ་དེ་སྤྱི་བོའི་མཆོད། །བདག་གི་སྐྱེ་བ་འདི་དང་གཞན་དག་དུ། །བག་མེད་དཀོན་མཆོག་གསུམ་གྱི་དཀོར་སྤྱོད་པའི། །ཐ་དག་ཉེས་པའི་མེ་འཕྲེང་འབུམ་དཀྲིག་པ། །ཆལ་ཆིལ་དོང་ནས་གཞིལ་བར་ཁྱེད་མཁྱེན་ནོ། །དེ་བཞིན་འབྲེལ་བ་ཐོགས་པའི་དད་ཅན་རྣམས། །རྒྱུ་སོང་འབྲས་བུ་ཆུད་དུ་མི་གཟོན་པར། །དམིགས་བཅས་ཚོགས་འདི་དམིགས་མེད་ཕྱོགས་རྒྱས་ཏེ། །དོན་གཉིས་མཐའ་རུ་ཕྱིན་པའི་རྒྱུར་གྱུར་ཅིག །རྨོངས་པ་ག་གཱ་ཨ་བྷྱེའི་མོས་གུས་ཀྱི་རྒྱུ་འབྲས་བསླུ་མེད་ལ་འདུན་བཞིན་དུ་ངེས་འབྱུང་གསར་པ་ཞིག་ཤར་ཚེ་དེ་མ་ཐག་ཏུ་གྲོང་ཚིག་སོགས་དབྱེ་བསལ་མེད་པར་སུག་བྲིས་སུ་རང་ལོ་ཉེར་དྲུག་པ་ལ་བགྱིས་པའོ། །དགེའོ། །དགེའོ། །དགེའོ། །

བདེན་པའི་གཏམ་དྲང་སྲོང་ཡོངས་ཀྱི་བླ་མ།

བདེན་པའི་གཏམ་དྲང་སྲོང་ཡོངས་ཀྱི་བླ་མ་ཞེས་བྱ་བ་བཞུགས་སོ༔

རྙེད་དཀའི་དལ་འབྱོར་རིན་ཆེན་ཐོབ་དུས་འདིར༔ དམ་ཆོས་རྣམ་དག་བསྒྲུབ་པ་འདུན་མའི་རྩེ༔ གལ་ཏེ་དེ་བཞིན་སྒྲུབ་པར་མ་ནུས་ཀྱང་༔ གཟུགས་བརྙན་བསྟན་ལ་རྒྱབ་ཀྱིས་མ་ཕྱོགས་དགོས༔ བསམ་ན་རང་ལ་ཞོ་ཤས་སྐྱོང་སྨོན་དུ༔ འཁོར་བའི་བྱ་བ་ཟིན་དུས་མཐའ་མེད་པས༔ ནམ་ཞིག་དམ་ཆོས་ངང་བསྲིང་ཕྱི་བཤོལ་དོར༔ དེ་ལྟར་རང་རེ་ཚེ་ལ་ངེས་མེད་སོམ༔ སྐད་ཅིག་མི་སྡོད་ཆུ་བོའི་རྒྱུན་བཞིན་ཟད༔ ལང་ཚོའི་འགྱུར་བ་དབང་པོའི་ཡུལ་དུ་མངོན༔ སེམས་ཀྱི་མི་རྟག་བར་སྣང་རླུང་རྒྱུ་བཞིན༔ ནམ་ཟླ་དུས་བཞི་ཟློས་གར་མཁན་པོ་འདྲ༔ གྲོགས་ཁྱིམ་མི་རྟག་ཚོང་དུས་མགྲོན་པོ་འདྲ༔ ཕྱི་ནང་མི་རྟག་རྨི་ལམ་གྲོང་ཁྱེར་འདྲ༔ བྱ་བྱེད་མི་རྟག་སྒྱུ་མའི་ལྟད་མོ་འདྲ༔ འདོད་ཡོན་མི་རྟག་སྤྲུལ་བའི་རྩེད་མོ་བཞིན༔ བསམ་མནོ་བྲང་ལ་མཛུབ་མོའི་ཚུགས་ལ་ཐོངས༔ བཤོལ་དུ་སངས་རྒྱས་སྟོང་གི་ནུས་མཐུ་སྡུག༔ རང་དྲིན་རང་ལ་ཡོད་ན་བསམ་ཤེས་ཡིན༔ གཞན་ཟེར་ཚིག་བབས་བདུད་ཀྱི་སྒྲ་སྙན་ལགས༔ འདི་སྣང་དོན་གཉེར་བདུད་ཀྱིས་བརླམ་པ་ཡིན༔ རང་འདོད་ཕུག་བཅུག་ཐེག་པ་དམན་པའི་གྲྭལ༔ གར་ཐིག་རོལ་མོ་ང་རྒྱལ་ཕྲག་དོག་རྒྱུ༔ དབེན་པ་བརྟེན་ན་བསམ་གཏན་རང་འཁོར་ཡིན༔ ཐོས་བསམ་ཤེས་རབ་དགོས་ཟེར་རྣམ་གཡེངས་ཡིན༔ གོས་མཛེས་ལུས་བརྒྱན་རྒྱགས་པའི་གཞི་མ་ཡིན༔ ལྟོ་རྒྱབ་དོན་གཉེར་ཡུལ་གྱི་བསླུ་བྲིད་དེ༔ བསམ་པའི་བློ་ཡིས་ཐོང་ན་བརྟུལ་ཞུགས་ཡིན༔ དེ་ལས་ཟེར་སྒྲོས་གཉེར་ན་སད་ཁྱེར་ཚོས༔ རི་ཡི་སྒོམ་ཆེན་མུ་གེའི་ཤི་བའི་དཔེ༔ སྔར་ཡང་མེད་དང་སླད་ཀྱང་འབྱུང་མི་སྲིད༔ སངས་རྒྱས་ཤཱཀྱ་ཐུབ་པས་ཐུགས་བསྐྱེད་པ༔ ཉམས་དང་གྱི་ནར་བར་དོར་ཆུད་མི་ཟ༔ མདོ་རྒྱུད་ཀུན་དྲིལ་བསྒྲུབ་བརྒྱུད་བསྒོམ་པའི་ལུང་༔ འདི་ལ་མ་བརྟེན་ཟུང་འཇུག་འགྲུབ་མི་སྲིད༔ འདི་ཉིད་སྨོད་པ་ཐར་མེད་དམྱལ་བའི་རྒྱུ༔ འདི་དང་སུ་ལྡན་སངས་རྒྱས་ཐག་མི་རིང་༔ གྲྭ་སའི་འགྲིགས་འགྲིགས་གྲབ་ཤོམ་ཆེ་རྔམས་ཀྱིས༔ སངས་རྒྱས་བསྟན་པ་འཛིན་པའི་རྣམ་གཡེངས་འདི༔ སངས་རྒྱས་སྟོང་དང་གྲུབ་ཐོབ་བརྒྱད་ཅུ་ཡིས༔ རྣམ་པར་ཐར་བ་ལས་གཞན་རྒྱན་པོ་ལ༔ དགའ་བས་འདུ་འཛི་ལྷག་བསམ་བཟང་བསྒྱུར་ཕྱིར༔ ཐབས་ལ་མཁས་འདྲ་ཡིན་རྒྱུ་མ་ཡོད་ན༔ དེ་འདྲའི་སྤྲོས་པ་ཡོད་པའི་སྒོམ་ཆེན་པ༔ སྔ་ཕྱི་ཀུན་ལས་རི་མོར་མ་མཛད་དེ༔ སྤོང་ཀློག་གཉིས་ལས་གཙིགས་སུ་གང་མཛད་ལྟོས༔ དེ་ཡི་གཞན་ལ་འགྲན་བཙུག་ཁོང་ཚོའི་མཛོད༔ རང་ཅག་དེ་འདྲ་སྟོན་པས་མཛད་པ་ཡི༔ གཙོ་བོར་མ་བྱས་ཤེས་ནས་སྒོམ་ལ་ལྟོས༔ བོད་ཀྱི་མར་མི་དྭགས་པོ་ཀློང་ཆེན་སོགས༔ ཀུན་ལ་མཛད་པ་ཇི་འདྲ་ཡོད་པ་དང་༔ པཎ་ཆེན་ལྔ་བརྒྱའི་སྤྲོས་པ་དེ་བཞེས་ན༔ ཁྱིམ་ཆུང་སྤང་ནས་ཁྱིམ་ཆེན་སྙེམ་པ་མཐོ༔ ཉོན་མོངས་ཐ་རྒོད་ཞིང་ས་ཚེ་འདི་ཡི༔ གྲགས་སྙན་མཛེས་དང་གཞན་ཟློས་ཅ་ཅོ་ལ༔ ནཻ་ཙོ་ལྟ་བུའི་མཁས་པའི་ཡིད་སྨོན་མེད༔ དེ་ཕྱིར་བྱང་ཆུབ་སེམས་དང་མ་བྲལ་པའི༔ ཟབ་མོ་སྣང་སྟོང་སྲིད་པ་ཐ་མའི་ཆོས༔ སེམས་ཅན་ཀུན་དང་ལྷན་ཅིག་བསྡོམ་པས་ལས༔ རྡོ་རྗེ་འཆང་གི་གོ་ས་ཐོབ་གྱུར་ནས༔ འགྲན་སེམས་སྤང་ལ་བུད་བསྙེགས་ཐོབ་གསུམ་ཡོད༔ གཏད་པ་བཞི་པོ་ཚགས་སུ་ཚུད་པ་ན༔ གོང་མའི་གདན་ས་ཐོག་མར་མི་གྲྭལ་བུད༔ དེ་ནས་འདོད་ཆགས་སྲིད་པ་མཐའ་དག་དང་༔ སླད་མཆོག་དག་པ་འཇིག་རྟེན་གྲྭལ་དུ་སླེབས༔ ཅེས་ཀྱང་ཆོས་དང་མཐུན་ན་བདག་འདྲ་ནི༔ ཕྱི་ཚུལ་ངན་ཀྱང་གུས་པས་མཉན་པར་རིག༔ ཆོས་དང་མ་མཐུན་བཟང་བོའི་སྤྱོད་འཆོས་ཀྱང་༔ བདུད་ཀྱི་སྤྲུལ་བའི་སངས་རྒྱས་ཡིན་པར་ངེས༔ ཚེ་ལུས་འདི་ལ་སྐྱིད་ཀྱི་སྣ་ཟིན་ན༔ ཅུང་ཟད་སྡུག་སྙམ་སེམས་ཀྱི་གྲོགས་པོ་འདི༔ ཅོལ་ཆུང་འདོད་ཡོན་ཡུལ་གྱིས་བྲིད་སྐྱེན་པས༔ འདམ་ཀ་རིང་ཐུང་བདེ་ལ་གཟབ་པར་མཛོད༔ གང་ཞིག་སྟོན་པ་སུ་ཡིས་རྗེས་འཇུག་པ༔ དེ་ཡི་མཛད་པའི་ལད་མོ་བྱེད་པར་གསུངས༔ དགྲ་བཅོམ་ལྔ་བརྒྱའི་འཇིག་རྟེན་མཛེས་ཆོས་དང་༔ བསོགས་བཀྲུན་མཛད་པའི་ལོ་རྒྱུས་འདྲ་ཡོད་དམ༔ རྡོ་རྗེ་འཆང་གི་དགའ་ལྡན་བརྩེགས་མ་རུ༔ ཐོ་ཅོ་མ་སྤང་འགྲན་སེམས་ཕུག་བཙུག་དང་༔ གཞན་ཡང་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ སྟོབས་ཀྱིས་འཁོར་ལོའི་བསྒྱུར་རྒྱལ་བུ་རམ་ཤིང་༔ འཁོར་ལོ་བསྒྱུར་བའི་ངེས་འབྱུང་འདི་དག་དང་༔ གང་ཟག་སུས་ངག་བྱེད་བརྗོད་མཐུན་པར་བཤིབ༔ དགེ་བ་འདི་ཡིས་ས་སྟེང་འགྲོ་བ་ཀུན༔ འཕུར་འགྲོའི་བསྟན་པ་གྱི་ནར་མི་འདོར་བར༔ ཚུལ་བཞིན་ཉམས་ལོངས་བརྟུལ་ཞུགས་གྲུབ་པ་ཡི༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་གང་བར་ཤོག༔ ཁྱད་པར་དེང་སང་ལུང་གི་བསྟན་པ་རུ༔ རིམ་པས་དམན་པ་སྙིགས་མའི་མཐུས་གཟིར་བ༔ བརྩོན་འགྲུས་འདི་ཡིས་བསྒྲུབས་དང་འབྲས་བུར་འཕོས༔ ད་ལྟ་ཉིད་དུ་གོང་མར་མཉམ་གྱུར་ཅིག༔ ཚུལ་འདི་ཁྲག་འཐུང་ནམ་མཁའ་འཇིགས་མེད་ཀྱིས༔ འགྱུར་མེད་སྐལ་ལྡན་ངག་གི་དབང་ཕྱུག་སོགས༔ བསྒྲུབ་བརྩོན་ཀུན་ལ་ཐུགས་ཀྱི་བརྣག་བྱ་རུ༔ ཁོ་བོ་དངོས་ཀྱི་སེམས་ལ་འདྲ་འབག་བཞག༔ བཀྲ་ཤིས་ཤོག །

ཡིན་པ་བཅུ་གཉིས་ཀྱི་གླུ། བླ་མ་ཆོས་ཀྱི་འདྲེན་སྟོན་ཡིན།༡།ངེས་འབྱུང་ཆོས་ཀྱི་མགོ་བོ་ཡིན།༢།མ་རིག་ཆོས་ཀྱི་བསྐུལ་མ་ཡིན།༣།སྐྱབས་འགྲོ་ཆོས་ཀྱི་ས་བོན་ཡིན།༤།ཚུལ་ཁྲིམས་ཆོས་ཀྱི་ལུས་པོ་ཡིན།༥།བྱངས་སེམས་ཆོས་ཀྱི་སྲོག་རྩ་ཡིན།༦།ཐོས་བསམ་ཆོས་ཀྱི་མིག་བུ་ཡིན།༧།ལྟ་བ་ཆོས་ཀྱི་ཁོང་སྙིང་ཡིན།༨།བསྒོམ་པ་ཆོས་ཀྱི་རྐང་བ་ཡིན།༩།སྤྱོད་པ་ཆོས་ཀྱི་ལག་པ་ཡིན།༡༠།བརྩོན་འགྲུས་ཆོས་ཀྱི་རང་མདོ་ཡིན།༡༡།འབྲས་བུ་ཆོས་ཀྱི་དོན་པོ་ཡིན།༡༢།ཡིན་པ་རྣམ་པ་བཅུ་གཉིས་འདི། །ཚུལ་བཞིན་ཉམས་སུ་བླང་མཛོད་དང་། །ཀུན་ཏུ་འོད་ལ་བྱང་ཆུབ་པོ། །ག་གཱས་སོ། །

༈ མིན་པ་བཅུ་གཉིས་ཀྱི་གླུ། དད་མེད་བླ་མ་བརྟེན་པ་མིན།༡།ལེགས་སྨོན་ཡོད་ན་ངེས་འབྱུང་མིན།༢།སྐྱོ་ཤེས་མེད་ན་བསྐུལ་མ་མིན།༣།ཡིད་ཆེས་མེད་ན་སྐྱབས་འགྲོ་མིན།༤།ངོས་ལྐོག་ཡོད་ན་ཚུལ་ཁྲིམས་མིན།༥།དགྲ་གཉེན་ཡོད་ན་བྱང་སེམས་མིན།༦།ཆེ་འདོད་ཡོད་ན་ཐོས་བསམ་མིན།༧།མཐར་འཛིན་ཡོད་ན་ལྟ་བ་མིན།༨།དམིགས་གཏད་ཡོད་ན་བསྒོམ་པ་མིན།༩།དུས་ཚོད་མ་འབྲེལ་སྤྱོད་པ་མིན།༡༠།བརྩོན་འགྲུས་མེད་ན་ཆོས་པ་མིན།༡༡།སྤངས་རྟོགས་མ་རྫོགས་འབྲས་བུ་མིན།༡༢།འོན་ཀྱང་ཐེག་གསུམ་སོ་སོའི་པོ། །མིན་པ་བཅུ་གཉིས་རྡོ་རྗེའི་གླུའི། །གོལ་ས་སྒྲིབ་པ་ཀུན་དག་ནས། །མ་ཆགས་པདྨའི་ས་ནོན་ཤོག །ཤྲཱི་བས་སོ། །

༈ཆོག་པ་རྣམ་པ་བཅོ་བརྒྱད་ཀྱི་གླུ། འདི་སྣང་བློ་ཡིས་ཐོང་ན་ཆོག །༡།གང་བྱས་ཆོས་སུ་འགྲོའི་སྐལ་ལྡན་བུ། །མི་རྟག་བློ་སྣ་རྒྱུད་ལ་སྐྱེ་ན་ཆོག །༢།ལེ་ལོ་ཕྱི་བཤོལ་མི་འཆོར་སྐལ་ལྡན་བུ། །དཀོན་མཆོག་ཡིད་ཆེས་སྐྱབས་འགྲོ་བྱས་ཀྱང་ཆོག །༣།ཆོས་ཀུན་ཅིག་དྲིལ་ཡིན་ནོ་སྐལ་ལྡན་བུ། །བྱང་ཆུབ་སེམས་འདི་རྒྱུད་ལ་བསྟེན་ཀྱང་ཆོག །༤།ཐེག་ཆེན་རྣལ་འབྱོར་ཡིན་ནོ་སྐལ་ལྡན་བུ། །སྟོང་ཉིད་དོན་ལ་གཅིག་དུ་གཞོལ་ཀྱང་ཆོག །༥།ལྟ་བའི་སྤྱི་ཆིངས་ཡིན་ནོ་སྐལ་ལྡན་བུ། །བདག་མེད་ཙམ་ཞིག་ཁོལ་བུར་རྟོགས་ཀྱང་ཆོག །༦།སྲིད་རྩ་དེས་ཀྱང་ཆོད་དོ་སྐལ་ལྡན་བུ། །ཚུལ་ཁྲིམས་མིག་འབྲས་ལྟ་བུར་བསྲུང་ཀྱང་ཆོག །༧།ཡོན་ཏན་གཞི་རྟེན་ཡིན་ནོ་སྐལ་ལྡན་བུ། །བསམ་གཏན་ཙམ་དེར་གནས་ན་དེའི་ཀྱང་ཆོག །༨།ཉོན་མོངས་ཉེས་པས་མི་གོས་སྐལ་ལྡན་བུ། །འབྲལ་མེད་བླ་མ་བསྟེན་ན་དེས་ཀྱང་ཆོག །༩།བྱིན་རླབས་དགོངས་བརྒྱུད་འཕོའོ་སྐལ་ལྡན་བུ། །དབང་བསྐུར་ཙམ་ཞིག་ཐོབ་ན་ལོས་ཀྱང་ཆོག༡༠།སྐྱེ་བདུན་ཕན་ལས་མི་ལེན་སྐལ་ལྡན་བུ། །རྣམ་དག་དམ་ཚིག་བསྲུང་ན་དེས་ཀྱང་ཆོག །༡༡།རིགས་ཡོད་གསོས་སུ་བྱེད་དོ་སྐལ་ལྡན་བུ། །དག་སྣང་མོས་གུས་བྱས་ན་དེས་ཀྱང་ཆོག །༡༢།བར་དོ་ལྷ་རུ་འཆར་རོ་སྐལ་ལྡན་བུ། །ཀུན་རྫོབ་ལྷ་རུ་བསྒོམ་ན་དེས་ཀྱང་ཆོག །༡༣།སྣང་བ་དག་པར་འགྱུར་རོ་སྐལ་ལྡན་བུ། །འོད་གསལ་རྫོགས་རིམ་བསྒོམ་ན་དེས་ཀྱང་ཆོག །༡༤།ཕྱག་རྒྱ་ཆེན་པོ་ཐོབ་པོ་སྐལ་ལྡན་བུ། །ཟུང་འཇུག་རྫོགས་ཆེན་བསྒོམ་ན་དེས་ནི་མཆོག །༡༥།འབྲས་བུ་སྐུ་གཉིས་འགྲུབ་པོ་སྐལ་ལྡན་བུ། །མ་ཎི་ཁ་ཏོན་བྱས་ན་དེས་ཀྱང་ཆོག །༡༦།རི་བོ་ཏ་ལར་སྐྱེའོ་སྐལ་ལྡན་བུ། །བདེ་སྨོན་ཡི་དམ་བྱས་ན་དེ་ཡིས་ཆོག །༡༧།བདེ་བ་ཅན་དུ་སྐྱེའོ་སྐལ་ལྡན་བུ། །གཞན་ཡང་དམན་པའི་དགེ་སྦྱོར་གཅིག་ཀྱང་མེད། །གང་དང་གང་ཞིག་གྲུབ་ན་དེ་ཡིས་ཆོག །༡༨།དགེ་བ་སྒྲུབ་འདོད་དོན་གཉེར་མེད་པ་ལས། །ཆོས་ཀྱི་བརྡུགས་པ་མིན་ནོ་སྐལ་ལྡན་བུ། །འདི་ལས་གང་ཞིག་མོས་པ་ཆོས་སྐལ་དེའི། །ཁྱོད་རང་གཏན་གྱི་འདུན་མ་འགྲུབ་པར་ཤོག །ག་གཱས་སོ། །

༈ཀྱཻ་མ། ཚེ་ལ་ལོང་མེད་མྱུར་དུ་འཆི་ཆོས་སྒྲུབ། །འཆི་དུས་དེ་ལ་སུས་ཀྱང་སྟོང་མི་འགྱུར། །རང་འགོ་རང་གིས་འདོན་པའི་དུས་ལ་བབས། །ཕྱི་ནས་ཐར་པ་སྒྲུབ་པའི་རྟེན་མི་རྙེད། །ཐར་ལམ་སྟོན་པའི་བླ་མ་མཇལ་བར་དཀའ། །དམ་པའི་ཆོས་ཀྱི་སྣང་བའང་མི་འབྱུང་ན། །ད་རེས་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལ། །ཆོས་ལ་དོན་གཉེར་མེད་དང་ཕྱི་བཤོལ་དང་། །བྱ་བ་ངན་ཞེན་སྒྱིད་ལུགས་ལེ་ལོ་གཡེངས། །དེ་འདྲ་དེ་ཡིས་བློ་མདངས་བདུད་ཀྱིས་བསྒྱུར། །དེ་བས་ཚིག་གཅིག་སྒྲུབ་པར་མ་ཆ་ཡང་། །འཆི་བས་གཏུགས་ཀྱང་ཆོས་ལ་དུན་དུན་གཞོལ། །མཚམས་སྦྱོར་བཟང་པོ་ཉེ་བར་གང་གོམས་པའི། །ལས་འཕྲོས་རྟེན་ལ་བྱང་ཆུབ་ཐག་མི་རིང་། །ཆོས་ལ་བཟང་ངན་འདམ་ཀ་མི་འཚལ་གྱི། །དེ་བཞིན་ཆེ་ཆུང་གང་འགྲུབ་ཉམས་སུ་བསྟར། །ཁྱད་པར་གཞི་ལམ་འབྲས་བུའི་ཕྱག་རྒྱ་ཆེ། །འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད། །རང་སེམས་མཐའ་བྲལ་བདར་ཤ་ཆོད་པ་སྟེ། །དེ་ཉིད་ངང་ལ་མ་བཅོས་རྣལ་བཞག་པས། །རྣལ་འབྱོར་རྣམ་བཞིའི་རྟོགས་པ་ཀློང་ནས་རྡོལ། །ཐུན་གཅིག་ཙམ་ཞིག་མཉམ་པར་བཞག་ངོས་ནས། །འཆི་བས་གཏུགས་ཀྱང་འོད་གསལ་མ་བུ་འདྲེས། །མ་སྒོམ་སངས་རྒྱས་གདམས་པ་ཟབ་ཁྱད་ཅན། །དེ་སྐད་རང་ལ་མེད་ཀྱང་ཁྱེད་གསུང་ངོར། །སྔགས་རྒན་ག་གཱས་ཁ་ལ་བབ་ཚོད་དོ། །༈ཀྱཻ། ཞལ་གདམས་ཞལ་གདམས་ཟེར་མཁན་མང་ལགས་ཀྱང་། །གདམས་ན་གདམས་བཞིན་སྒྲུབ་པ་རབ་ཏུ་དཀོན། །བསྒྲུབ་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་པོ། །ཞལ་གདམས་མིན་པ་གཅིག་ཀྱང་ཡོད་མ་ཡིན། །འོན་ཀྱང་ཁྱོད་ལ་ཁ་ཏ་གཅིག་ཡོད་དེ། །དགེ་བསྒྲུབ་སྡིག་པ་སྤང་ན་དེ་ཡང་ཆོས། །ཚུལ་ཁྲིམས་སྣ་རེ་བསྲུང་ན་དེ་ཡང་ཆོས། །སྙིང་རྗེ་བྱང་སེམས་བསྒོམ་ན་དེ་ཡང་ཆོས། །སྟོང་ཉིད་ལྟ་བ་སྒོམ་ན་ཆོས་ཀྱི་མཆོག །སྔོན་བྱོན་ཕ་རྒྱུད་གོང་མའི་རྣམ་ཐར་བཞིན། །དབེན་པ་བརྟེན་ཅིང་རང་རྒྱུད་འདུལ་སྦྱོང་གིས། །ཆགས་སྡང་སྣ་རེ་ཐོང་ཀྱང་དེ་ཡང་ཆོས། །ཁྱད་པར་ཚུལ་གནས་ཐོས་དང་བསམ་ལྡན་པས། །མཉམ་བཞག་སྙིང་པོ་ཚོལ་དང་སངས་རྒྱས་ཀྱི། །འབྲས་བུ་བླ་ན་མེད་པ་ལག་བཅིངས་ཡིན། །ལེ་ལོ་སྙོམས་ལས་ཅན་ལ་བདུད་མི་འབྱུང་། །དེ་ཚོ་ང་ཡིས་ཁྱོད་ལ་ཞལ་གདམས་བརྡའ། །ཐོས་བསམ་གཉིས་ཀྱིས་སྲིད་རྩ་མི་ཆོད་དེ། །མ་ཡེངས་ཏིང་འཛིན་བསྒོམ་འདིར་གཙོ་བོར་ངེས། །བསམ་གཏན་གྱིས་ནི་ཉོན་མོངས་མགོ་གནོན་ཙམ། །བདག་མེད་དོན་བསྒོམ་སྡིག་པ་མིང་མཐར་བྱེད། །ཅེས་ཀྱང་ག་གཱ་ཨ་བྷྱེའི་འབྲེལ་མེད་གཏམ། །སུས་ཀྱང་དོན་དུ་མི་འགྱུར་ཁྱི་སྔུན་རྩྭ། །༈ལས་དང་སྐལ་བ་ལྡན་པའི་སྐྱེས་བུ་ཁྱོད། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་པའི་དུས། །སྙིང་པོ་ཆོས་ལ་གཉེར་ཀ་མ་བྱས་ན། །གཏན་གྱི་འདུན་མ་སྒྲུབ་པའི་དུས་ཚོད་ཡོལ། །ཚེ་འདིའི་སྣང་ཤེས་རྨི་ལམ་ལྟ་བུ་སྟེ། །རྟག་འཛིན་ཞེན་པའི་འཆིངས་རྒྱ་མ་ཆོད་ན། །འདོད་ཡོན་སྒེག་མོའི་མཚར་སྡུག་ལང་ཚོ་ཡིས། །ངན་འགྲོའི་གཡང་ལ་བསྐྱུར་བར་གདོད་མི་ཟ། །རང་ཚོད་རང་གིས་འཛིན་པར་མ་བྱས་ན། །གཉེན་གྱི་གཅམ་ཚིག་བདུད་ཀྱི་ཕོ་ཉ་ཡིན། །འཆིངས་པ་དམ་ལྡན་འཁོར་བའི་ཁྲི་མུན་དུ། །བུ་ཁྱོད་བདེ་བའི་གོ་སྐབས་མི་རྙེད་དེ། །དེ་བས་དབེན་གསུམ་གོང་མའི་གདན་ས་རུ། །ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པར་འཚལ། །ཅེས་ཀྱང་ག་གཱས་སོ། །༈ཀྱཻ། ཚེ་འདི་བློ་ཡིས་མ་ཐོངས་ན། །ཇི་ལྟར་བྱས་ཀྱང་འཁོར་བའི་རྒྱུ། །ཆོས་ལ་ཕྱི་བཤོལ་བྱས་གྱུར་ན། །འགྲུབ་པའི་དུས་མེད་འཆི་ཁ་འགྱོད། །ལྟ་བ་སྤྲོས་བྲལ་མ་རྟོགས་ན། །མཚན་བཅས་བསྒོམ་པས་སངས་མི་རྒྱ། །ཉིན་མཚན་ཏིང་འཛིན་མ་བསྒོམ་ན། །གོ་ལོ་ཐོས་བློས་གྲོལ་མི་འགྱུར། །རྟག་ཏུ་ཆོས་སྤྱོད་གང་འགྲུབ་པར། །སྤྱོད་པའི་གནད་དུ་དེ་ཟབ་པོ། །མཉམ་བཞག་ནམ་མཁའ་ལྟ་བུ་རུ། །ཞི་ལྷག་ཟུང་འཇུག་ཆེན་པོར་སྐྱོངས། །རྗེས་ཐོབ་སྒྱུ་མ་ལྟ་བུ་རུ། །དོན་གཉིས་ལྷུན་གྲུབ་དགེ་རྩ་སྤྱད། །དེས་ནི་མཐར་ཐུག་འབྲས་བུ་ཐོབ། །སངས་རྒྱས་ཀུན་གྱི་ཞལ་གདམས་ཀྱང་། །འདི་ལས་ཟབ་པ་མེད་དོའང་། །དེ་ལྟའི་གདམས་པ་ཐམས་ཅད་ཀྱང་། །དམ་པ་གསུམ་གྱི་སྦུབ་ནས་འདོན། །ཆོས་ཀྱི་རྩ་བ་འདུས་པའོ། །སློབ་བུ་གཉིས་ཀྱི་ཐུགས་དམ་དུ་ག་གཱས་སོ། །

ཞལ་གདམས་སྐྱོན་ཐོག་མདའ་མོ།

ཞལ་གདམས་སྐྱོན་ཐོག་མདའ་མོ་ཞེས་བྱ་བ་བཞུགས་སོ ། །

ཨཻ། ཁྱེད་ལ་ཞལ་གདམས་དགོས་པའི་བཀའ་ནན་དེ། །བསམ་ཞིང་བསམ་ན་རང་གིས་རང་ལ་ལྟོས། ཁ་ན་སོ་མེད་མགོ་ཡི་སྐྲ་དཀར་ཞིང་། །སྐྱི་མོའི་གཉེར་མ་རྒྱལ་མཚན་འཕུར་མ་འདྲ། །མིག་ནི་སེར་པོ་གོས་ཀྱི་སྔ་སོ་རིང་། །འགུལ་ལྕི་སེམས་ཀྱི་ཕོད་ཚོད་གདེང་ཉམས་ཏེ། །ཉམ་ཆུང་དབང་མེད་མི་འདུག་ཁ་མེད་ལས། །འགྲོ་ས་ཡོད་ན་རན་ལས་ཕྱི་ཐལ་ཁུར། །དེ་ཚོས་ཁྱེད་ལ་ཞལ་གདམས་བཤད་ཀྱིན་འོངས། །ལྕི་ན་མི་ཐེག་སྲབ་ན་ཁྱོད་མི་སྐྱོབ། །སྲན་ན་མི་ཆོད་སྙི་ན་ཕོ་བ་ཁོལ། །དེས་ཀྱང་ཁྱོད་ལ་གསལ་འདེབས་མ་གོའམ། །ཁྱད་པར་ངས་ཡིན་འདོད་པའི་ཁྱི་རྒན་དེ། །ཤི་ན་རོ་བདག་ཙམ་ཡང་མི་བྱེད་པར། །མཚེར་ཤུལ་ཚོ་ན་ཡོད་པ་གཟིགས་ལགས་སམ། །གསོན་པོའི་ཁྲེལ་བཀྲུ་ཙམ་གྱིས་ཅིང་མི་ཕན། །ཅུང་ཟད་ཕན་ཀྱང་དེ་ཡང་བྱེད་མཁན་ཉུང་། །ངས་ཡིན་ཁོས་ཡིན་མཆོད་འགོ་ཤིན་ཏུ་མང་། །མི་རྒྱུ་གཉིས་ཀ་ལྷན་དུ་ཤི་བ་འདྲ། །ཁ་མཁས་ཁ་ནས་འགྲམ་ཆུ་འཐག་པའི་དུས། །ལག་འཁུམ་ལག་ནས་གང་སོབ་གླུད་རྫོང་བྱེད། །དམར་པོའི་རྒྱུ་རྫས་རྫ་ལ་འགྲོ་བའང་དཀོན། །མ་ཟད་རིག་རྒྱུ་ཡོད་དེ་རྩི་རྒྱུ་མེད། །བསམ་ཞིང་བསམ་ན་ལྷ་འདྲེའི་ཆོ་འཕྲུལ་འདྲ། །ཚེ་སྟོད་ཆོས་སྐད་སྐྱུགས་ཏེ་ཁ་བོ་ཆེ། །ཚེ་སྨད་སེམས་ཚེགས་ཆེ་ཞིང་མི་ཉན་མང་། །འཆི་ཁ་སྡར་སྐད་ཤོར་ནས་མིག་རྩ་བརླན། །དེ་འདྲའི་མདོ་ཤོར་མ་མཛད་སྐུ་ཚེ་རིང་། །ཚེ་ཕྱེད་སྒོམ་སྒྲུབ་དགོས་ཞེས་ཁ་ས་འཐེན། །དོན་ལ་ཟླ་བ་གཅིག་གིས་བཟླས་བརྗོད་དང་། །ཉིན་རེ་ཐུན་ཐུང་གཅིག་གི་མཉམ་བཞག་མེད། །ད་སྔ་ཕན་ཆད་འཆི་ཆོས་ཅི་ཡོད་སོམ། །དེ་ཡང་སྡིག་གིས་གོས་སམ་མ་གོས་ལྟོས། །ཞལ་གདམས་དེ་ཚོས་འཚངས་ལ་ཨེ་ཕོག་གམ། །ཆོས་ལུགས་ཀུན་གྱི་སྤྱི་དགྲ་ཆོས་རྒྱུས་ཅན། །བླ་སེར་ཀུན་གྱི་ལྟག་བདུད་མཉམ་འགྲོགས་ཅན། །གཞན་གྱི་བྱ་སྤྱོད་རྟོག་པའི་བློ་སྤྱང་པོ། །དེ་ཚོ་ཡང་དག་དོན་གྱི་གླེན་པ་ཡིན། །གལ་ཏེ་རང་འགའ་གཅིག་པུར་འཁྱམས་དུས་སུ། །ཐབས་ཆགས་ཤུལ་མིའི་འཁོར་བ་སྟོངས་སོ་ཞེས། །ངེས་དོན་མིག་གི་མཐོང་རྒྱུ་མ་ཡོད་ན། །འདིང་ལོག་སྣེ་ན་མདུད་ལོག་ཤིན་ཏུ་མང་། །རང་ལུས་དགྱེ་རྒུ་རང་ལག་མེད་མི་སྲིད། །གཞན་ཁག་བཞག་ཀྱང་ཆོས་རྒྱལ་རྒྱུས་ཡོད་མིན། །དེ་དུས་འགྱོད་དང་ཐེབ་རིགས་སུམ་བརྒྱ་བརྒལ། །བསམ་བློ་ཐོང་ལ་རང་མདོ་མ་ཤོར་ཅིག །རང་ལ་ཡོད་ཚད་སྐྱོན་དེ་གཞན་ལ་མེད། །རང་ལ་མེད་ཀྱང་ཡོན་ཏན་གཞན་ཡོད་སྲིད། །གང་མཐོང་མི་བདེན་སྨིག་རྒྱུ་མིག་ཡོར་བཞིན། །དེ་ཚོ་ཤེས་པར་མཛོད་ཅིག་རིགས་ཀྱི་བུ། །ལྟ་བ་རང་སེམས་སྤྲོས་བྲལ་འདི་ལ་ཟེར། །དེ་ལས་གཞན་ན་མེད་དོ་ཁོ་ཐག་ཆོད། །བསྒོམ་པ་དེ་ཤེས་མ་ཡེངས་ཙམ་ཞིག་ཡིན། །དེ་ལས་གཞན་ན་མེད་དོ་ཁོ་ཐག་ཆོད། །སྤྱོད་པ་བརྩོན་འགྲུས་ཐང་ལྷོད་མེད་པ་ཡིན། །དེ་ལས་གཞན་ན་མེད་དོ་ཁོ་ཐག་ཆོད། །འབྲས་བུ་རང་ངོ་མངོན་དུ་གྱུར་བ་ཡིན། །དེ་ལས་གཞན་ན་མེད་དོ་ཁོ་ཐག་ཆོད། །རང་མདོ་ཨེ་ཤོར་རང་གི་བྱ་བ་ཡིན། །དེ་ལས་གཞན་ན་མེད་དོ་ཁོ་ཐག་ཆོད། །ཞལ་གདམས་ཤི་མཚངས་ཁོང་ནས་འབྲུ་བ་ཡིན། །དེ་ལ་གསང་བརྐུང་མེད་དོ་ཁོ་ཐག་ཆོད། །དེ་སྐད་སྙིང་གི་ལེགས་བཤད་ངེས་པ་ལ། །ཐུགས་ཁྲོ་མ་མཛད་ག་གཱས་མཐེ་བོང་སློང་། །

ཀ་དག་དོན་གྱི་རྣལ་འབྱོར་ཆེན་པོ་ཁྱེད། །ཁ་བཤད་ཚིག་གི་ལམ་ལ་མ་ཞེན་པར། །ག་ནས་འཇུག་པའི་ཐེག་སྒོ་བསམ་ཡས་ཀྱང་། །ང་ཡིས་སྨྲས་པ་འདི་ནི་གྲུབ་མཐར་བཟུང་། །ཅ་ཅོའི་ཚིག་གིས་སྤྲོས་བྲལ་མི་མཚོན་པས། །ཆ་མེད་དམུས་ལོང་ལྟ་བུའི་མཁས་གཞན་ལས། །ཇ་སིག་ཉལ་ཆོག་ཏིང་འཛིན་བསྒོམ་པའི་ལུང་། །ཉ་ཟླ་ལྟ་བུར་ཡོན་ཏན་རྒྱ་མཚོའི་གང་། །ཏ་ཐ་ག་ཏའི་དགོངས་པ་མཐར་ཐུག་འདི། །ཐ་མལ་མ་བཞག་ཨུ་དུམ་ཝ་ར་བཞིན། །ད་ལྟ་ཉིད་ནས་གཙིགས་མཛོད་བརྩོན་འགྲུས་ཀྱིས། །ན་འཆི་ཐོག་བབས་འགྱོད་པ་མེད་པར་མཛོད། །པ་ར་པུ་རིའི་རྣམ་པར་རྟོག་པའི་ཚོགས། །ཕ་རོལ་ཕྱིན་པའི་དོན་དུ་མ་གོལ་བར། །བ་ལ་ཧ་བཞིན་སྡུག་བསྔལ་སྲིན་གླིང་འདྲའི། །མ་རིག་སྐྱེ་བོའི་ཁྲོད་ནས་རིང་དུ་དགྲོལ། །ཙ་ཙུབ་སྤྱོད་པས་ཡང་དག་གནད་དང་རིང་། །ཚ་གྲང་ངལ་དུབ་དཀའ་བ་ཁྱད་བསད་ན། །ཛ་ཡ་མཆོག་གི་མཛད་པ་ཇི་བཞིན་དུ། །ཝ་ལེར་ངེས་འབྱུང་རང་ངམ་སྙིང་ལ་ཆོས། །ཞྭ་གོས་སྟེང་ནས་མཛེས་སྡུག་གིས་མིན་ཀྱང་། །ཟ་ཐང་ཀུན་ལ་མེད་པའི་འབྲས་བུ་མཆོག །འ་ཅག་སྒོམ་ཆེན་པ་ལ་ཡོད་པར་ངེས། །ཡ་ཀི་སངས་རྒྱས་བསྟན་པ་དེ་ཡིན་ནོ། །ར་རི་ཟ་ཟི་བཟའ་གཏད་ཀུན་བྲལ་ཆོས། །ལ་བཟླ་རྨད་བྱུང་ངེས་དོན་རྫོགས་པ་ཆེ། །ཤ་ཐང་ཆད་དུ་བསྒོམ་པས་མ་བསྒྲུབ་བཞིན། །ས་མཆོག་ཀུན་བཟང་གཏན་སྲིད་རང་ཐོག་ཟིན། །ཧ་ཧའི་གད་རྒྱང་རྡོ་རྗེའི་གསུང་མཐོན་པོ། །ཨ་དོན་སེམས་ཀྱི་ཁོ་ན་ཉིད་ལ་བརྣག ། ཧ་ཅང་རྟོག་གེར་འཆེལ་བའི་སྟོན་ཆེན་ཀྱང་། །ཨ་ཕ་གྲུབ་ཐོབ་བརྒྱུད་པའི་རྣམ་ཐར་མིན། །ཧ་ཧ་འདི་འདྲ་གཞུང་ལུགས་པ་ལ་མེད། །ཨ་ཏི་མཆོག་གི་འཇའ་ལུས་འོད་སྐུར་དེངས། །དེ་སྐད་ཟླ་བ་གྲགས་པའི་དབང་ཕྱུག་ལ། །ག་གཱ་ཨ་བྷྱེའི་གླུ་བྲོའི་བསྟོད་པར་ཕུལ། །༈ཀ་མ་ལ་ལྟར་མཛེས་པའི་ལང་ཚོ་ཡང་། །ཁ་དོག་མི་སྡུག་འགྱུར་བ་ལ་ལྟོས་ནས། །ག་ལེར་ད་ཙམ་ཡོད་དམ་སུས་ཤེས་ཀྱི། །ང་ཅག་རི་ལ་བསྒོམ་དུ་གཤེགས་རེ་རན། །ཅ་ཅོའི་འདྲ་མིན་བསླུ་བྲིད་བདུད་ཀྱི་རིགས། །ཆ་ལུགས་སྣ་ཚོགས་བཅོས་ནས་བར་ཆད་བྱེད། །ཇ་ཆང་བཟའ་བཏུང་བཟང་དགུ་མ་འབྱོར་ཀྱང་། །ཉ་མོ་ཆབ་དང་མི་འབྲལ་ཇི་བཞིན་དུ། །ལ་ཏ་ལྗོན་པའི་འཁྲི་ཞིང་གིས་བརྒྱན་ཅིང་། །ཐ་མལ་སྐྱེ་བོའི་དགོན་པས་དབེན་རི་ལ། །ད་ལྟ་ཉིད་དུ་ལ་འུར་དེངས་རེ་རན། །ན་དགའ་ཤི་སྐྱིད་བརྟུལ་ཞུགས་དེ་ནས་འགྲུབ། །པ་ནས་རྒྱུན་བཞིན་ཉམས་ལེན་བར་མ་ཆད། །ཕ་རྒན་གྲུབ་ཐོབ་ཡོངས་ཀྱི་རྗེས་སུ་སྙོགས། །བ་ལང་ལྟ་བུར་གཏི་མུག་རོ་ཉལ་དུ། །མ་བྱེད་སྙོམས་ལས་འཛིན་བའི་ལེ་ལོ་སྤོངས། །ཙ་རི་དྲ་སོགས་བྱིན་རླབས་མཉམ་པའི་གནས། །ཚ་གྲང་གཉིས་ཀྱི་མཐའ་ལ་མ་ལྷུང་བའི། །ཛ་ཞེས་རྒྱལ་པོའི་གྲགས་ཐོབ་བཀའ་ཕེབས་བཞིན། །ཝ་སྐྱེས་ཕས་རྒོལ་བདུད་ཀྱི་མི་བརྫི་བས། །ཞྭ་མོའི་ཏོག་ལྟར་ཐེག་པའི་སྤྱི་ཕུད་ཀྱི། །ཟ་ཐང་རང་བྱུང་འོད་གསལ་ལྷུན་གྲུབ་གླིང་། །འ་འོལ་ཙམ་དུ་གཞན་དྲིང་མི་བཏུབ་པར། །ཡ་མ་ར་ཛའི་གཏུག་པར་བརྟེན་པར་མཛོད། །རྭ་བཞིན་མཁྲེགས་པའི་རྒྱུད་ཀྱི་འཆོས་སྐྱོབས་སུ། །ལ་ཀླུང་ཉུལ་བའི་གཡེལ་བསྟོད་མ་གྲགས་ཀྱང་། །ཤ་ཁྲག་ཟག་བཅས་སྲིད་པའི་དབེན་པ་ན། །ས་སྟེང་བསྐོར་བས་ངོ་མ་དེ་ཡིན་ནམ། །ཧ་ལ་རེག་ཕུང་དཀོར་ནག་གཏོང་བསྡུད་ཀྱིས། །ཨ་ཁུ་ངན་སོང་མགྲོན་པོ་སྙེམས་པ་མཐོ། །ཧ་ཅང་གཞན་ལ་སྒྲོ་བསྐུར་མ་ཡིན་ཏེ། །ཨཱཿཡིག་མ་བྲིས་རང་དོད་རི་མོ་ཡིན། །སངས་རྒྱས་སྟོང་གི་དགག་པར་མི་སྤྱོད་དོ། །སྤོངས་བ་བསམ་གཏན་ཐར་བའི་དངོས་རྒྱུར་ངེས། །དེ་སྐད་ཟླ་བ་གྲགས་པའི་དབང་ཕྱུག་ལ། །ག་གཱ་ཨ་བྷྱེའི་སྨྱོན་ཚིག་དུམ་ཆོད་སྨྲས་མངྒ་ལཾ། །

༈ཀ་དག་སེམས་ལ་བརྟགས་ཀྱང་། །ཁ་ཞེ་མི་མཚུངས་ཁྱེད་མཁྱེན། །ག་ནས་འོང་བའི་ངེས་འབྱུང་། །ང་བདག་འདྲེ་ཡིས་སྤེལ་ལམ། །ཅ་ཅོའི་ངག་འཁྱམས་དེ་ཚོ། །ཆ་ལུགས་བཟང་པོ་མ་རེད། །ཇ་ཆང་ཁ་སྐྱིད་ཆོག་གྱི། །ཉ་ཡུ་ཁྱི་ལ་ཤོར་འགྲོ། །ཏ་ལའི་ལོ་མའི་གྲིབ་བསིལ། །ཐ་ཆད་ཟས་གོས་སྦྱོང་བ། །ད་ལྟའི་ཆོས་པས་མི་འདོད། །ན་འཆིའི་རྐྱེན་དེ་གར་ཁྱག ། པ་སངས་ལྟ་བའི་ཐིག་ལེ། །ཕ་རོལ་སྐྱེ་བོའི་གཏོང་བ། །བ་ལང་ངང་ཚུལ་དེ་འདྲ། །མ་རབ་ཡིན་ཀྱང་སྤངས་ངོ་། །ཙ་མ་ར་ཡི་སེམས་ལྡན། །ཚ་གྲང་བཟེ་རེའི་དཀའ་ཐུབ། །ཛ་ལང་སྤྱོད་པའི་ཐོ་ཅོ། །ཝ་སྐྱེས་རྒྱལ་བོར་བརྫུས་བཞིན། །ཞྭ་གོས་ཁ་དོག་དོན་གཉེར། །ཟ་ཆོག་སྐོར་ལ་རྒྱུག་པའི། །འ་འོལ་གྲགས་འདོད་དགེ་ཚུལ། །ཡ་ཀའི་སྟོན་པའི་ལུགས་མིན། །རྭ་བཞིན་རང་རྒྱུད་གྱོང་པོ། །ལ་འུར་རྒོད་འདུལ་བྱེད་ན། །ཤ་རྐྱང་རི་དྭགས་བཞིན་དུ། །ས་འདིར་སྡོད་སྲན་ཚུགས་དགོས། །ཧ་ཅང་གཡེངས་དད་ཆེ་ན། །ཨ་ཏི་དམ་པ་ཟབ་སྟེ། །ཧ་ལའི་དུག་དེས་ཕུང་ནས། །ཨ་དོན་གནད་ལ་འབྱོར་དཀའ། །ཅེས་ཟེར་ཡལ། འདི་ཤེས་རབ་བློ་འཕེལ་ལ་རྩེད་མོའི་ཚུལ་དུ་གསུངས་སོ། །༈ ཀ་པ་ལ་རུ་བཞེས་སྤྲོས་འདོད་ཡོན་བསྐྱིལ། །ཁ་ནས་དྲེགས་པ་གཟིར་བའི་སྔགས་སྒྲ་སྒྲོགས། །ག་ལེར་བཏང་སྙོམ་མཛད་པའི་བར་ཞིག་ན། །ང་ཡི་ལྟད་མོ་ཆེ་བ་འདི་འདྲ་མཐོང་། །ཅ་ཅོའི་གཏམ་དང་བསྲེས་ན་ནུས་པས་སྟོངས། །ཆ་བྱད་འདྲ་མིན་འགའ་ཡི་མིག་ལ་འཛེར། །ཇ་ཆང་མཚོའུ་ཆུང་གི་རྦ་ཀློང་ན། །ཉ་དང་ཆུ་སྲིན་རྒྱུ་བའི་ཐེ་ཚོམ་གནས། །ཏ་ལེར་ཕྱག་རྒྱའི་པདྨོའི་ཟེའུ་འབྲུའི་འདབས། །ཐ་ཆུང་ཐེག་པ་ཆེ་བའི་གླང་པོ་འདྲ། །ད་ལྟ་སྔོན་མཐར་མ་མཐོང་སྲིད་མིན་པ། །ན་ག་ཀླུ་ཡི་བསྟིམ་པའི་ཅིང་སྲིད་དེ། །པ་སངས་ལྟར་དཀར་ཁ་བའི་རྡུལ་ཕྲན་གྱིས། །ཕ་རོལ་གཞན་གནོད་སྐད་ནས་དགྲ་བཞིན་བལྟ། །བ་ཡ་བེ་ཏེ་གང་ནས་འབྱུང་དོག་གི །མ་གྷི་ཏ་འདྲར་ཙི་ཏེ་ཛྭ་ལ་ཚོལ། །ཙ་རའི་མཇུག་མ་བདེ་ཆེན་རྒྱན་ཆར་མཛད། །ཚ་སྒོག་རམ་པ་ཕུག་གི་ནོར་དུ་བསྲེལ། །ཛ་ལང་སྤྱོད་པས་གཞན་ལ་ཆེ་རྔམ་འདོན། །ཝ་གི་ཤྭ་རིའི་སྙེམས་པ་ཟོན་བཅས་འཛིན། །ཞྭ་ལྷྭམ་སྟབས་སུ་མ་བདེའི་ལྟོ་ཉལ་སོགས། །ཟ་ཟི་སྣ་ཚོགས་བསྒྲུབ་ཀྱི་བྲེལ་བ་འདི། །འ་ཅག་རྣལ་འབྱོར་བ་ལ་མཛའ་འོ་སྐད། །ཡ་ཀི་བརྟན་མཁས་ཅན་གྱི་ཅི་དགོངས་ན། །ར་ཡི་འོ་ཞོའི་འཚོ་བ་ཙམ་བརྟེན་ནས། །ལ་འུར་དབེན་པའི་རི་ལ་སྡོད་དོ་ལོ། །ཤ་ཁྲག་བཟའ་བཏུང་སྲེད་པས་གདུང་བ་ན། །ས་འདིར་རྒྱུ་བས་དམར་འགྱེད་མཁན་པོ་འགའི། །ཧ་ལ་རེག་ཕུང་མ་དག་སྦྱིན་པ་ཞིག །ཨ་ཏིའི་རྣལ་འབྱོར་བ་ཡི་སྨོན་ལམ་མཛད། །ཧ་ཅིང་ཐལ་བས་ཚོགས་ཀྱི་མཆོད་པ་དེས། །ཨ་བུ་བླ་མའི་དངོས་གྲུབ་ཡིན་ནོ་གསུང་། །མངྒ་ལཾ། །

༈ཀ་ལ་ཞེས་བྱའི་མིང་གིས་ཐོབ་པ་དེ། །ཁ་དོག་མཛེས་པ་སྤངས་ལས་སུ་ལ་འཇུག །ག་དར་ཕྱར་བཞིན་ལྷག་མངོན་བན་ཆུང་ཁྱེད། །ང་ལ་མི་སྡུག་བཞིན་རིས་ཇི་སླད་ངོམ། །ཀ་ལིང་གྲོང་ཁྱེར་བདག་པའི་མགོ་དགུ་བ། །ཁ་ཚིག་སྐམ་པོའི་བརྗོད་རུང་མ་བརྗོད་ཀྱང་། །ག་ན་ཡོད་ཀྱི་ཐེ་ཚོམ་ཟ་མི་དགོས། །ང་བདག་འགོང་པོ་འདི་ཡིས་གཏན་དུ་ཕུང་། །ཅ་ཅོ་མང་བརྗོད་གཞན་རྒྱུད་ནེམ་ནུར་བསྐྱེད། །ཆ་མེད་མི་ལ་འདྲ་མིན་ཚུལ་ཆོས་ལེགས། །ཇ་ཤའི་བཟའ་བཏུང་ངོམས་མེད་རྒྱུན་དུ་གསོལ། །ཉ་ཉིལ་གསོན་སྲོག་འཕྲོག་པའི་ཕོ་བཟོ་མཐོ། །ཏ་ལེར་རྒྱུ་བའི་མུ་ཏོའི་ཚན་པ་དང་། །ཐ་ཤལ་ཞེས་སུ་ཚིག་གིས་སྨ་འབེམས་གནས། །ད་ནས་ཕྱིན་ཆད་སུའང་མ་རྙེད་ན། །ན་ཉིན་ཕན་ཆད་བརྗོད་པ་མ་སྤོབས་སོ། །པ་ལ་སྲིད་ཀྱི་ཕྱོགས་སུ་རིགས་མིན་ནའང་། །ཕ་ཕོག་ཆོས་ཀྱི་བྱ་བར་དོར་ཉེས་ན། །བ་ཡ་བེ་ཡི་གཡེངས་བ་ཡིན་ནམ་ཅི། །མ་ཤེས་གྱ་ཚོམ་གོམ་པ་ཁོ་བོ་འཁྱོལ། །ཙ་ཌིའི་སྐད་དོ་རྣལ་འབྱོར་རྒྱུད་ལ་འཚམ། །ཚ་གྲང་བཟོད་སྲན་ཆུང་བའི་བཏང་སྙོམས་བྱས། །ཛ་ཡ་འཆི་བདག་བདུད་ལས་ཐོབ་འདོད་ན། །ཝ་སྐྱེས་གྱོང་འཆོས་གཞུ་མོའི་བསད་ལ་ལྟོས། །ཞྭ་ཐོད་ཕུད་དེ་བཀུར་བའི་གནས་ཞིག་ལ། །ཟ་འདྲེ་ཁོང་ན་གདོན་པ་མ་ཤེས་ཏེ། །འ་འོལ་སྙེམས་པ་མཐོན་པོའི་གོམས་སྟབས་ཅན། །ཡ་རབ་དམ་པའི་གྲལ་ན་ཁྱི་རྗེས་ཟིན། །རྭ་རྨིག་ལྡན་པའི་དུད་འགྲོས་ལུང་བ་ཁེངས། །ལ་ལུང་ཀུན་ན་འཚོ་སྐྱོང་ཕྱིར་དུ་རྒྱུ། །ཤ་ཚས་གཉེན་ངོ་འཚོ་བའི་བླ་མ་འདིས། །ས་མཐའ་བསྐོར་དེ་ཁྱབ་པ་ངོ་མཚར་ཆེ། །ཧ་ཧའི་གད་མོ་ཉོ་བའི་སྙན་ངག་འདི། །ཨ་ཅིང་ཀུ་རེ་ཡིན་ནོ་སྙིང་ཉེ་བོ། །ཧ་བོ་ཁ་ནས་ཤོར་བའི་སྨྲེ་སྔགས་འདིར། །ཨ་ཁུ་ཀུན་གྱིས་ཡང་ཡང་ལྟད་མོ་མཛོད། །ཧ་མི་གོ་བའི་རྒྱན་གྱིས་བཅིངས་པ་ནི། །ཨ་ཡེ་མཁོ་བའི་དུས་ཤིག་ངེས་པར་ཡོད། །ཧ་ལ་ཁོག་དུ་ཤོར་བའི་འཚོ་བ་དང་། །ཨ་ཕ་གཡང་ལ་འཕང་བའི་ངན་སྦྱོར་ཀྱང་། །ཧ་ལམ་རྒྱུ་མཚན་མཚུངས་པས་བྱེད་པ་འདི། །ཨ་བོ་ཞེས་པས་བསྟི་སྟངས་བྱས་པར་ངེས། །

༈ ཨ་ལ་ངམ་པའི་བདུད་རྩིས་བརླན་ཟིན་ཀྱང་། །ཧ་རིས་དྲི་མ་ཆགས་པའི་སྡོང་པོ་འགའ། །ས་རྡོ་བེམ་པོ་ལྟ་བུའི་རང་བཞིན་འདི། །ཤ་ཁྲག་སྔ་ནས་ཤེས་པས་སྤངས་སོ་སྙམས། །ལ་ལའི་ཞེ་འདོད་འཇིག་རྟེན་ཕུག་སུ་བཅོལ། །རང་བཞན་སྡོད་རྒྱུ་མེད་པ་ཨེ་གཟིགས་ལགས། །ཡ་ཀི་མཆོད་གནས་ཀུན་གྱི་རྟོགས་པ་ནི། །འ་ཆུ་ཐུར་དུ་རྒྱུག་ལས་མྱུར་གཞོལ་འབབས། །ཟ་ཆོག་འདྲེན་སྟོབས་བྱེད་པའི་གཡོ་སྒྱུ་འཁྲུངས། །ཞྭ་གོས་ལྟར་སྣང་མཛེས་པའི་ཁྱད་ཆོས་ཅན། །ཝ་ལེར་ལྷག་ན་ངོ་བསྟོད་ཡོད་པ་སྟེ། །ཛ་ལང་ལྟ་སྤྱོད་མཐུན་པ་ཉིན་སྐར་འདྲ། །ཚ་གྲང་ངལ་བ་སྤངས་བའི་སྐུ་བསོད་ལ། །ཙ་རི་ལ་སོགས་གནས་སྐོར་མི་འོང་ལྟར། །ན་ཚ་རྐྱེན་ཆགས་མིན་པའི་བར་ཆད་ལ། །ད་ལྟ་སུས་ཀྱང་བག་ཟོན་མི་མཛད་ངེས། །ཐ་མལ་སྐྱེ་བོའི་ཁྱུའི་ལྡང་ནེ་ཙོ་ལ། །ཏ་ཐ་ག་ཏའི་སྐལ་བ་མེད་པ་ཡང་། །ཉ་མོ་ཆུ་ལ་གནས་བཞིན་སྐམ་བྱིན་ཅེས། །ཇ་སིག་བསྙོན་འདོར་སྨྲ་བས་ལྟག་ཆོད་འཚར། །ཆ་བྱད་སྟེང་ན་ཡོད་པའི་བསྟན་པ་དང་། །ཅ་རེ་གྲོང་ན་བསྟི་བའི་རྗེས་འཇུག་གིས། །ང་ཚོའི་སྟོན་པའི་རྗེས་སུ་ཟིན་སྲིད་ན། །ག་ལེར་ཟས་གཙང་རྒྱལ་སྲིད་ཅེས་མི་འདོད། །ཁ་མང་ང་ལ་སྨྲ་བར་བསྐུལ་བ་ན། །ཀ་མ་ལ་འདྲའི་ལྷག་བསམ་མཛེས་ཀྱང་རུང་། ཁ་ལག་འཛིན་རྒྱུ་མ་དབང་སྣ་ཚོགས་ཞིག ། ཀ་དག་བློ་མཐོའི་ལད་མོ་བཀྱགས་ནས་ཡོད། །ཅེས་ཀྱང་ག་གཱས་སོ། །

ཆོས་པ་བརྟགས་པའི་རབ།

ཆོས་པ་བརྟགས་པའི་རབ་ཞེས་བྱ་བ་བཞུགས་སོ། །

སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆོས་པ་བརྟགས་པའི་སརྒ་མང་ཡོད་ཀྱང་། །ཐོག་མར་བྱུང་བ་བརྟགས་པ་ནི། །ཆེ་འདོད་བསྟོད་གྲོགས་དོན་གཉེར་བསྒྲུབ་པ་དང་། །ཟ་འདོད་དཀོར་སྐལ་བསམ་ནས་བསྒྲུབ་པ་དང་། །ཕྲག་དོག་འགྲན་སེམས་བྱས་ནས་བསྒྲུབ་པ་དང་། །ངུར་སྨྲིག་དགོས་ལེགས་བསྒོས་འདོད་སྒྲུབ་པ་ནི། །ཀུན་སློང་དུག་ཅན་ཡིན་པས་སྤང་བར་བྱ། །ཁྱི་རྒྱུག་ལུག་འགྲོགས་ལུང་མ་བསྟན་པ་རུ། །གཞན་ཟེར་ངག་ཉན་བསྒྲུབས་པ་འབྲིང་པོ་ཡིན། །གང་གི་ཚུལ་ཁྲིམས་ཡོན་ཏན་ཤེས་པ་ཡིས། །ངེས་འབྱུང་ཐར་བ་འདོད་པ་རབ་ཡིན་ཏེ། །གཞན་དོན་སངས་རྒྱས་འདོད་པ་རབ་ཀྱི་ཕུལ། །༈ཚེ་གཅིག་མྱུལ་སྒྲུབ་འདོད་པའི་རྩེ་མོར་བྱོན། །འདི་དག་སོ་ཐར་ཐེག་ཆེན་ཚུལ་ཁྲིམས་དང་། །གསུམ་ལྡན་རྡོ་རྗེ་ཐེག་པའི་འདུལ་བ་ཡིས། །དམ་ཚིག་བཅས་པར་ཡན་ལག་ལམ་དུ་བསྒྲོད། །༈དེ་ལྟར་རབ་ཏུ་བྱུང་བར་གང་དག་ཀྱང་། །བར་དུ་བདུད་ཀྱི་གཡེངས་བ་མང་པོ་ཡོད། །རང་ལ་ང་རྒྱལ་ཡོད་ན་བདུད་ཀྱིས་གཡེངས། །མཐོ་ལ་འགྲན་སེམས་ཡོད་ན་བདུད་ཀྱིས་གཡེངས། །མཉམ་ལ་ཕྲག་དོག་ཡོད་ན་བདུད་ཀྱིས་གཡེངས། །དམན་ལ་ཁྱད་གསོད་ཡོད་ན་བདུད་ཀྱིས་གཡེངས། །ཀུན་ལ་ཆས་ཆོད་ཡོད་ན་བདུད་ཀྱིས་གཡེངས། །དགེ་སྦྱོང་ཆོས་བཞི་མི་གཅིག་བདུད་ཀྱིས་གཡེངས། །༈རབ་བྱུང་མཆོག་འཛིན་ཡོད་ན་བདུད་ཀྱིས་གཡེངས། །རྒྱན་དང་མཛེས་ཆོས་ཆེ་ན་བདུད་ཀྱིས་གཡེངས། །མདོར་ན་ཉོན་མོངས་གཉེན་པོར་སོང་བ་ན། །ཡང་དག་ཡིན་གྱི་ཉོན་མོངས་སྣོན་མ་རུ། །གྱུར་ཚད་ཐམས་ཅད་བདུད་ཀྱིས་གཡེངས་བ་ཡིན། །བདུད་དབང་མ་གྱུར་ཤཱཀྱའི་སྲས་ཞེས་བྱ། །རབ་བྱུང་ཀུན་གྱིས་འདི་ལ་གཟིགས་མོ་མཛོད། །སྐྱོན་དེ་རང་ལ་ཨེ་ཡོད་བསམ་བྱུང་བསྐྱེད། །བསྟན་པ་གནས་མིན་གང་ལ་རག་ལས་པའི། །བསླབ་པ་ཀུན་གྱི་གཞི་ཡིན་གལ་ཆེན་མཛོད། །ཞེས་ཀྱང་སྨྱོན་པ་ག་གཱ་ཨ་བྷྱེས་སོ། །

བླ་མ་ཨོ་མུག་གི་ངོར་བྲིས་པ་སྐྱེ་མེད་རྡོ་རྗེའི་གླུ་དབྱངས།

བླ་མ་ཨོ་མུག་གི་ངོར་བྲིས་པ་སྐྱེ་མེད་རྡོ་རྗེའི་གླུ་དབྱངས་བཞུགས་སོ། །

ཡེ་ཤེས་ཁྱད་པར་ཆེ་བ་བཤད་པ་ནི། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས་པ་ནི། །གཞན་བྱུང་རྣམ་པར་རྟོགས་ལས་ཁྱད་དུ་༡འཕགས། །ཡུལ་འཕྲོ་འདུ་མེད་པའི་རིག་པ་ནི། །ཡུལ་འཕྲོས་ལྟོས་པས་གཡོ་ལས་ཁྱད་པར་༢འཕགས། །ཕྱི་གསལ་ཡུལ་ཤེས་པ་ཡི་སེམས་ཉིད་ལས། །ནང་གསལ་གཉིས་ཆར་མཁྱེན་པས་ཁྱད་པར་༣འཕགས། །ཡུལ་མེད་ཙམ་ནས་འགགས་པའི་སེམས་ཉིད་ལས། །འགགས་མེད་ངང་གིས་གསལ་བས་ཁྱད་པར་༤འཕགས། །ཞི་གནས་རྟེན་ལ་གནས་པའི་སེམས་ཉིད་ལས། །ངང་གནས་རྒྱ་ཡན་ཆེན་པོའི་ཁྱད་པར་༥འཕགས། །རྟོག་བཅས་སྣ་ཚོགས་བསམ་པའི་སེམས་ཉིད་ལས། །རྟོགས་མེད་དྲན་བསམ་འཕོ་བྲལ་ཁྱད་པར་༦འཕགས། །རྟོག་མེད་ལུང་མ་བསྟན་པའི་སེམས་ཉིད་ལས། །ཐ་དད་སྒྲོ་འདོག་ཆོད་པས་༧ཁྱད་པར་ཆེ། །ང་རུ་ཞེན་པའི་བདག་འཛིན་སེམས་ཉིད་ལས། །འཛིན་པའི་གཉིས་ཆོས་བྲལ་བས་ཁྱད་པར་༨འཕགས། །བྱིང་རྒོད་རྨུག་པའི་དབང་གྱུར་སེམས་ཉིད་ལས། །རྒོད་རྨུག་དྲི་མ་མེད་པས་ཁྱད་པར་༩འཕགས། །དུག་གསུམ་རང་བཞིན་ལྡན་པའི་སེམས་ཉིད་ལས། །སྐུ་གསུམ་ཀློང་ནས་གསལ་བས་ཁྱད་པར་༡༠འཕགས། །དུག་ལྔའི་རྒྱུད་འཁྲུལ་འདུ་བྱེད་སེམས་ཉིད་ལས། །ཐུག་འཕྲད་རྣམ་ལྔ་གྲོལ་བའི་ཁྱད་པར་༡༡འཕགས། །བྱིང་ཆད་ཆད་རྟག་ཕྱོགས་ལྷུང་སེམས་ཉིད་ལས། །ཀ་དག་ལྷུན་གྲུབ་ཟུང་འཇུག་ཁྱད་པར་༡༢འཕགས། །དགག་སྒྲུབ་འཁྲུལ་བར་ཤར་བའི་སེམས་ཉིད་ལས། །འདོད་བློའི་འཁྲིས་ཟད་ནམ་མཁའི་ཁྱད་པར་༡༣འཕགས། །ཟང་མ་ཐལ་བྱུང་ཡུལ་ལ་མི་འདྲེས་པ། །ཟག་བཅས་ཡུལ་འདྲེས་དམིགས་ལས་ཁྱད་པར་༡༤འཕགས། །སྤྲོས་པ་མཐའ་རུ་ལྟ་བའི་དམིགས་པ་ལས། །ལྟ་མིན་གཞི་བྲལ་ཆེན་པོའི་ཁྱད་པར་༡༥འཕགས། །ཡེ་བབ་རང་སྟོང༵་མཚ༵ན་བྲལ་བརྗོ༵ད་མེད་པ། །ཡོད་འཛིན་མཚན་འཛིན་བརྗོད་ལས་ཁྱད་པར་༡༦འཕགས། །རྟག་ཆད་གཅིག་དང་དུ་མར་ངེས་པ་ལས། །དུ་བྲལ་རྗེན་པ་མཐའ་དག་ཁྱད་པར་༡༧འཕགས། །རང་བཞིན་བབ་ལས་གཡོས་པའི་སེམས་ཉིད་ལས། །ཀུན་ཁྱབ་བརྡལ་བ་ཉག་གཅིག་ཁྱད་པར་ཆེ། །ཡེ་ནས་མ་འཁྲུལ་ངོ་བོ་བསླད་མ་ཞུགས། །ཙམ་པོ་བ་མིན་གྲོལ་བའི་ཁྱད་པར་༡༨འཕགས། །ཡེ་ཤེས་མཁྱེན་པ་མ་འགགས་པས། །གཞན་ཕྱིར་བརྩེ་བའི་སྤྱོད་ལམ་དྲུག །ལ་སོགས་མ་འདྲེས་བཅོ་བརྒྱད་པོ། །འདི་ཡི་འདི་ལྡན་པ་ལས་སོ། །རང་བཞིན་བསམ་གཏན་བར་མེད་ལ། །འབྱམས་སུ་ཀླས་པའི་ཐབས་ཆེན་གྱིས། །ལྷག་མཐོང་རིག་པ་དེ་ཟིན་པ། །སྐྱོན་མེད་དག་པས་སྐྱོང་བར་བཤད། །ཞི་གནས་རྩེ་གཅིག་ནོར་བའི་སྐྱོན། །དེ་ཡང་བྱེད་རྩོལ་ལྟོས་མ་ལྟོས། །སྣང་བ་སྒྱུ་མ་ལྟར་རྟོགས་ནས། །ཤེས་པ་རང་ཡལ་རྗེས་མེད་དུ། །རིག་པ་ཟང་ཐལ་ལ་གནས་ན། །སྣང་ཤེས་རིག་པ་ཅོག་བཞག་གོ །སྤྲོ་བསྡུ་མེད་པའི་གཏིང་གསལ་དངས། །རིག་པ་ཆོས་ཉིད་ངོས་བཟུང་ནས། སྣང་བ་ཤར་པར་ཅེར་གྱིས་བཞག །དགོངས་པ་གཡོ་མེད་རི་བོ་བཞི། ༼ ཅོག་བཞག་བཞི།༽།བཀྲོལ་མ་དགོས་པས་རང་གྲོལ་བ། །སླད་ནས་མ་ཡིན་ཡེ་གྲོལ་བ། །༼ ཟིལ་གནོན་གསུམ་ཀྱང་དེ་ལ་ཟེར། ༽།བསལ་བཞག་མེད་པར་ཡོངས་གྲོལ་བ། །ཅེར་གྱིས་ཤར་བ་ཐོལ་གྱིས་གྲོལ། །མཐའ་གཞན་གཅིག་འདས་ཆེན་པོར་གྲོལ། །༼ གྲོལ་ལུགས་ལྔ། ༽དེ་ལྟའི་ཚུལ་དུ་བསྐྱང་བ་ན། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ག་གཱ་ཨ་བྷྱེའི་གང་དྲན་ལ། །ཚིག་ལ་མ་བསམ་རྐང་བཅད་དུ། །དུམ་ཆོད་དུམ་ཆོད་སྨྲས་པའོ། །དགེའོ། །

སྐུ་ལུས་སྐྱོན་གྱིས་མ་གོས་དགེ་ཚུལ་དཔལ་བཟང་གི་བཀོད་པ། །བཟླས་བརྗོད་ཆུ་ཀླུང་འདྲ་བ་དགེ་ཚུལ་དཔལ་བཟང་གི་བཀོད་པ། །ཐུགས་བསམ་སོལ་བའི་མདོག་འདྲ་དགེ་ཚུལ་དཔལ་བཟང་གི་བཀོད་པ། །ཕྱི་དཀར་ནང་ནག་སྣག་བུམ་དགེ་ཚུལ་དཔལ་བཟང་གི་བཀོད་པ། །བསྲུང་སྡོམ་སྲོག་ལྟར་བཙའ་བ་ཉན་ཐོས་དཔལ་བཟང་གི་རྣམ་ཐར། །ཐུན་འགོར་བྱང་སེམས་བསྐྱེད་པ་ཉན་ཐོས་དཔལ་བཟང་གི་རྣམ་ཐར། །ཐུན་མཐར་དམོད་པ་བོར་བ་ཉན་ཐོས་དཔལ་བཟང་གི་རྣམ་ཐར། །རྟག་ཏུ་བཟློག་པ་བྱེད་པ་ཉན་ཐོས་དཔལ་བཟང་གི་རྣམ་ཐར། །དབྱར་གསུམ་རྩ་རླུང་སྦྱང་བ་ཨ་ནུ་དཔལ་བཟང་གི་རྣམ་ཐར། །དགུན་གསུམ་ཤ་ཆེན་དགུ་བརྩེགས་ཨ་ནུ་དཔལ་བཟང་གི་རྣམ་ཐར། །རྟག་ཏུ་དྲོད་ཁུང་བསྙེགས་པ་ཨ་ནུ་དཔལ་བཟང་གི་རྣམ་ཐར། །རླུང་སེམས་འབྱོངས་ན་དགའ་བ་ཨ་ནུ་དཔལ་བཟང་གི་རྣམ་ཐར། །རི་ནས་སྡོད་འདོད་མེད་པ་བྱ་བྲལ་དཔལ་བཟང་གི་རྣམ་ཐར། །ཐུན་ལ་ལུས་གནད་མེད་པ་བྱ་བྲལ་དཔལ་བཟང་གི་རྣམ་ཐར། །སྒོམ་ལ་ནན་ཏན་མེད་པ་བྱ་བྲལ་དཔལ་བཟང་གི་རྣམ་ཐར། །ཨ་ཏིའི་རྣལ་འབྱོར་ཟེར་བ་བྱ་བྲལ་དཔལ་བཟང་གི་རྣམ་ཐར། །བལྟས་སྔར་ཆོས་བཞིན་འཆོས་པ་ཞི་དུལ་དཔལ་བཟང་གི་རྣམ་ཐར། །ནང་ནས་ཆོས་བརྒྱད་ཆེ་བ་ཞི་དུལ་དཔལ་བཟང་གི་རྣམ་ཐར། །གསང་བ་ལྷག་མ་མང་བ་ཞི་དུལ་དཔལ་བཟང་གི་རྣམ་ཐར། །འགྲོ་ན་ཐག་རིང་མི་ཆོད་སེམས་ཆུང་དཔལ་བཟང་གི་རྣམ་ཐར། །འདུག་ན་བློ་རྩ་རྩིང་བ་སེམས་ཆུང་དཔལ་བཟང་གི་རྣམ་ཐར། །ཅི་བྱའི་ངེས་བཟུང་མེད་པ་སེམས་ཆུང་དཔལ་བཟང་གི་རྣམ་ཐར། །གར་འདུག་གཏད་སོ་མེད་པ་སེམས་ཆུང་དཔལ་བཟང་གི་རྣམ་ཐར། །ཡོན་པོའི་ཤིང་སྐྱེན་འཆོས་ཕྱིར་ཕ་རྒན་ངས་བསྟན་ཡོད། །ལྟ་བ་ནམ་མཁའ་ལྟ་བུར་སྤྲོས་མེད་ཅིག་དགོས་སོ་དཔལ་བཟང་། །སྒོམ་པ་རྒྱ་མཚོ་ལྟ་བུར་རྟོག་མེད་ཅིག་དགོས་སོ་དཔལ་བཟང་། །སྤྱོད་པ་རི་བོ་ལྟ་བུར་གཡོ་མེད་ཅིག་དགོས་སོ་དཔལ་བཟང་། །འབྲས་བུ་སྟོན་ཐོག་ལྟ་བུར་སྨིན་པ་ཞིག་དགོས་སོ་དཔལ་བཟང་། །ཁྱེད་ལ་རེ་བ་ཆེ་བས་རྣམ་ཐར་མཚངས་ཐོག་ཏུ་བཞག་ཡོད་སྐུ་མཁྱེན། །དེ་ལྟར་སྐྱོན་སྤངས་རྟོགས་པ་མཐར་ཕྱིན་དེས་ཕ་ཡི་བུ་རྒོད། །ཅེས་ཀྱང་ག་གཱས་སོ། །

རང་སེམས་ཕུག་དེད་རྒྱལ་བའི་ཡེ་ཤེས་དངོས།

ཨེ་མ་ཧོ༔ རང་སེམས་ཕུག་དེད་རྒྱལ་བའི་ཡེ་ཤེས་དངོས༔ འདི་ལ་སྡེ་སྣོད་རྒྱུད་སྡེའི་གསང་བ་རྫོགས༔ རྩལ་ལས་རོལ་བ་རང་ཤར་རང་གྲོལ་དུ༔ ཡེ་ནས་སངས་རྒྱས་གདེངས་གིས་འབྲས་བུ་བརྙེས༔ ཅེས་ཀྱང་ག་གཱས་སོ། །

༈ ཡུལ་དུ་སྣང་བ་ཕྱི་ཡི་ནམ་མཁའ་ཡིན། །རྩ་སྦུབས་སྟོང་པ་ནང་གི་ནམ་མཁའ་སྟེ། །སེམས་ཉིད་སྟོང་ཆ་གསང་བའི་ནམ་མཁའོ། །ཁྲེགས་ཆོད་ལུགས་ཀྱིས་གཅིག་ལ་གཅིག་འབྲེལ་འཆར། །ཕྱིར་སྣང་སྒྲོན་མ་སྤྲུལ་སྐུའི་ནམ་མཁའ་ལ། །རྩ་བཞིར་ལམ་དབྱིངས་ལོངས་སྤྱོད་རྫོགས་པའི་སྐུ། །ཙིཏྟ་གཞི་དཀྱིལ་ཆོས་སྐུའི་ནམ་མཁའ་སྟེ། །ངོ་བོ་རང་གསལ་བདག་གཅིག་བཞག་པས་འཆར། །དེ་སྐད་ཉི་སར་བློ་གྲོས་གསུང་བསྐུལ་བཞིན། །གསེར་ཤོད་སྨྱོན་པ་ག་གཱ་ཞེས་བྱའི་སྨྲས། །

༈ཨཻ། སེམས་ཉིད་སྦུབས་གསུམ་རྒྱ་ཡིས་བཅིངས་པ་ལས། །གྲོལ་ནས་ཆོས་ཉིད་དོན་གྱི་ནམ་མཁར་བསྲེ། །ནམ་མཁའི་ངང་ནས་ནམ་མཁའི་ཆོ་འཕྲུལ་དུ། །ནམ་མཁའི་ཕྱག་རྒྱ་ཁྲོས་མ་ནག་མོར་ལྡང་། །བདག་བཟུང་གཞི་གསུམ་ནམ་མཁའི་ངང་དུ་འདོར། །བརྟུལ་ཞུགས་ནམ་མཁའི་ཆུ་སྲིན་ཕྱག་གིས་གདབས། །སྙིང་རྗེ་ནམ་མཁས་ནམ་མཁའི་མགྲོན་ལ་འགྱེད། །འདི་ནི་ནམ་མཁའ་སྒོ་འབྱེད་ཡངས་པ་ཧོ། །དེ་ལས་ཅི་ཡང་མེད་དོ་སྐུ་ཚེ་རིང་། །ག་གཱས་སོ། །

༈ཀྱཻ༔ གསོན་དང་གྲོགས་ཁྱེད་དལ་མཆོག་ཐོབ་དུས་འདིར༔ གསེར་གཞོང་ནོར་བུའི་སྤྲས་པའི་བདག་ཉིད་ཀྱི༔ ངན་སྐྱུགས་འཕྱགས་བཞིན་སྡིག་པར་མི་བརྩོན་ཏེ༔ ཤིན་ཏུ་ཐ་ཆད་མཁས་པས་སྨད་ཅེས་གསུང་༔ ཁྱད་པར་རང་རེའི་ཚེ་ལ་ངེས་པ་མེད༔ འཆི་བདག་བདུད་ནི་ནམ་འོང་ཆ་མ་མཆིས༔ དོ་ནུབ་ཙམ་ཡང་མི་འཆིའི་གདེངས་མེད་པས༔ དེ་ཕྱིར་བརྩོན་པས་གོ་བཙན་བགོ་འཚལ་ལོ།༔ འཁོར་བ་མེ་འོབ་ལྟ་བུར་མནར་ཞིང་གདུང་༔ ལན་གཅིག་ཙམ་ཡང་བདེ་བར་བསྟིར་མེད་པས༔ སྡུག་བསྔལ་བརྣག་དཀའ་བདེ་བར་འཁྲུལ་བ་འདི༔ ཀྱཻ་མ་ཤེས་པ་རྣལ་མར་གནས་ཡིན་ནམ༔ དཀར་ནག་ལས་ནི་ལུས་དང་གྲིབ་བཞིན་འགྲོགས༔ དགེ་སྡིག་དབང་གིས་བདེ་སྡུག་རྒྱུན་མི་ཆད༔ གང་ཡང་སྲིད་པར་འཛིན་པའི་གཏོད་ཕུར་བས༔ རྨི་ལམ་ཙམ་གྱི་རྒྱུ་འབྲས་འདམས་ཀ་ཚོལ༔ ཁྱད་པར་འབྲས་བུ་བླ་མེད་ནོར་ཐོབ་པ༔ ཨུ་དུམ་ཝ་ར་འཇིག་རྟེན་འབྱུང་སྲིད་ཀྱི༔ བརྒྱ་སྟོང་ཁྲག་ཁྲིག་ཟླ་བོར་ལ་མི་བསྙེཊ༔ གྱི་ནར་མ་འདོར་དོན་གྱི་སྙིང་པོར་ཟུངས༔ ག་གཱ་ཨ་བྷྱེ་ནས་སོ། །

ཉིད་ཀྱིས་རང་གི་སྙིང་ཀར་རྩ་བའི་བླ་མ་རིག་འཛིན་བདུད་འཇོམས་རྡོ་རྗེ་སྐུ་མདོག་སྔོན་པོ་ལོངས་སྐུའི་བརྒྱན་ཆས་ཅན་ཕྱག་གཡས་འཁོར་ལོ་དང་གཡོན་རྡོ་རྗེ་རྒྱ་གྲམ་རྣམ་པས་ཁ་ཆོད་ཅན་གྱི་བྷནྡྷ་བདུད་རྩིའི་བཀང་བ་བསྣམས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ་གསལ་བའི་སྐུ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བའི་དཀྱིལ་འཁོར་རྟེན་དང་རྟེན་པར་བཅས་པ་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་བྱོན་ནས་སིབ་སིབ་ཐིམ་པར་མོས་ལ། །ཨོཾ་བཛྲ་གུ་རུ་ཧེ་རུ་ཀ་ས་མ་ཡ་ཛ་ཛཿ ཞེས་ཅི་མང་བརྗོད་ལ་དེ་ལས་མ་ཡེངས། སྐབས་སུ་རང་གི་སེམས་ཀྱི་ངོ་བོ་ལ་ཡང་ནས་ཡང་དུ་ལྟོས་ལ་རྩ་བདར་ཆོད་དང་། ཅི་ཡང་མཐོང་དུ་མེད་པ་ནི་གནས་ལུགས་རང་བབས་ཀྱི་གཤིས་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་སེམས་དང་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་མཐོང་བ་ཡིན་པས། བཟའ་གཏད་དང་དམིགས་འཛིན་བཅས་བཅོས་དགག་བསྒྲུབ་སྤང་བླང་མེད་པར་དེའི་ངང་ལ་ཞོག་དང་། བདེ་སྡུག་དང་མཚན་མ་བྲལ་བའི་ཆོས་སྐུ་ལྷུན་གྲུབ་ཆེན་པོའི་ངང་དུ་འཁོར་འདས་རང་གྲོལ་བའི་གདམས་པ་ཟབ་གནད་ཅན་ཡིན་ནོ། །ཞེས་ཀྱང་འོད་གསལ་དྲྭ་བ་སྡོམ་པའི་འཁྲིལ་བར་ནས་སྣང་ཆ་ལ་མཁའ་འགྲོ་རིག་བྱེད་མས་གསུངས་བའོ། །འབར་གྲག་གི་ཉམས་སྣང་རང་གྲོལ་བའི་ཆེད་དུ་སྔགས་མིང་ག་གཱ་བས་སོ། །

འོ་ཁྱོད་ལ་ཞལ་གདམས་ཤིག་དགོས་ན།

འོ་ཁྱོད་ལ་ཞལ་གདམས་ཤིག་དགོས་ན། རང་གི་ཚེ་ལ་ངེས་པ་མེད་པར་འཆི་བ་ལས་མ་འདས་པའི་ངང་ཚུལ་ལ་བསམ་ཏེ་མི་རྟག་པ་བསྒོམ་ཞིང་ངེས་པར་རྒྱུད་ལ་སྐྱེས་པ་ཞིག་མཛོད། དེ་ལྟར་འཆི་བའི་འོག་ཏུ་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། འཁོར་བའི་སྡུག་བསྔལ་སྤྱི་དང་རིགས་དྲུག་སོ་སོའི་སྡུག་བསྔལ་ཡོད་ཚུལ་རྣམས་གོ་ལོ་ཐོས་ལོ་ཙམ་དུ་མ་སོང་བར་ཐར་འདོད་ཀྱི་བློའམ་ངེས་འབྱུང་ཡང་དག་པ་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ། དེའི་རྒྱུ་སྡིག་པ་ཡིན་པའི་ཕྱིར་ན་སྤོང་ཅི་ནུས་སུ་བྱེད། གཏན་བདེ་འགྱུར་བ་མེད་པ་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་ཐོབ་བྱེད་ཟག་བཅས་དང་ཟག་མེད་ཀྱི་དགེ་རྩ་ཅི་འགྲུབ་ལེ་ལོ་དང་སྙོམས་ལས་མེད་པར་བྱེད། ཁྱད་པར་དུ་ཚུལ་ཁྲིམས་ཀྱི་བསླབ་པས་གཞི་བཟུང་། ཏིང་ངེ་འཛིན་གྱི་བསླབ་པས་ངང་བསྐྱང་། དེ་དང་ལྡན་པའི་ངང་ནས་བསྒོམ་ལ་འཇུག་པར་བྱ་སྟེ། ལྟ་བས་ང་བདག་དང་ཡུལ་སེམས་དུ་སྣང་བ་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ། བསྒོམ་པས་དེས་སྟོང་ཉིད་ཡིན་པའི་ངེས་ཤེས་ཀྱི་ངང་དང་མ་བྲལ་བར་རྒྱུན་བསྲིང་ནས་སྐྱོང་། སྤྱོད་པས་སྟོང་ཉིད་རྟོགས་པའི་ཆ་རྐྱེན་དུ་འགྱུར་བའི་ཕྱིར་ན། རྟག་ཏུ་ཆོས་སྤྱོད་ལ་དུས་འདའ་བར་བྱས་ཏེ་བརྩོན་འགྲུས་བརྩམས། ཐམས་ཅད་ལའང་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། མཇུག་བསྔོ་བ་དམ་པས་ཟིན་པར་བྱའོ། །ཁྱད་པར་དུ་རང་གི་དབང་དང་ཆོས་དྲིན་ཆེན་པོ་དང་ཟབ་མོ་གང་ལ་ཆོད་པའི་བླ་མ་དེ་ཉིད་བཟང་ངན་ཇི་ལྟར་སྣང་ཡང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་དེའི་རྒྱུད་ལས་འབྱུང་བའི་ཕྱིར་ན། ཆོས་དྲིན་མ་ཆོད་པའི་བླ་མ་བཟང་འདམ་བྱས་ཀྱང་འབྲེལ་བ་མེད་པས་དེ་ལ་བརྟེན་ནས་བྱིན་བརླབས་འཇུག་མི་སྲིད་དེ། དེས་ཕྱིར་ན་དྲིན་ཆེན་བླ་མ་གང་ཡིན་དེ་སྤྱི་བོའི་གཙུག་ཏུ་བསྒོམ་ལ་དབང་བཞི་བླང་ཞིང་ཐུགས་ཡིད་བསྲེ་བ་ནི། ལྟ་སྒོམ་ཐམས་ཅད་ལམ་དུ་འགྲོ་བ་དང་། ཆོས་ལ་བར་ཆད་མེད་པ། བདུད་ཀྱིས་གླགས་མི་རྙེད་པ། ནད་གདོན་དང་རྐྱེན་ངན་སེལ་བ། བྱིན་རླབས་དངོས་གྲུབ་འབྱུང་བ། དབང་བཞི་ཡོངས་སུ་རྫོགས་ཤིང་དམ་ཚིག་ཉམས་ཆགས་སྦྱོང་བར་བྱེད་པ། གོལ་ཤོར་ནོར་གསུམ་གྱི་འཕྲང་དང་བྲལ་བ་ཡིན་པས་ན་ཐུགས་ཡིད་བསྲེས་ལ་ཅི་གནས་སུ་ཞོག་དང་། འཆི་ཁར་ཡང་བླ་མའི་སྣང་བ་ཤར་ནས་ཐུགས་ཡིད་བསྲེས་པས་བསྲེ་འཕོ་ཟུང་འཇུག་ཏུ་སངས་རྒྱས་པའི་གནད་ཟབ་མོ་བསྐྱེད་རིམ་དང་རྫོགས་ཆེན་ཀུན་གྱི་གནད་གཅིག་ཏུ་དྲིལ་བ་འབྲས་བུ་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་མྱུར་དུ་ཐོབ་པའི་གདམས་པ་ཟབ་མོ་ཡིན་ནོ། །སྟོང་སྤྲུལ་ཕྱག་རྒྱའི་ངོ་སྐལ་དུ་ག་གཱས་སོ། །

སེམས་དོན་མདོར་བསྡུས་བདུད་རྩིའི་བཅུད་ཐིག།

སེམས་དོན་མདོར་བསྡུས་བདུད་རྩིའི་བཅུད་ཐིག་བཞུགས་སོ། །

འོ་ཁྱོད་ཀྱི་ད་ལྟའི་སེམས་ལ་སྣང་བའི་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གཞན་དུ་གྲུབ་པ་མེད་པར་སེམས་ཀྱི་འཁྲུལ་སྣང་ཡིན་པར་བློ་ཐག་མ་ཆོད་ཀྱི་བར་དུ་དཔྱད། དེའི་སེམས་ཙམ་མན་ཆད་ཀྱི་གྲུབ་མཐའ་རྫོགས་པ་ཡིན་ནོ། །དེ་ནས་སེམས་དེ་ཡང་ཇི་འདྲ་ཡོད་ལྟོས་དང་ཅི་ཡང་མ་མཐོང་བ་ནི་ངོ་བོ་སྟོང་པའི་ཡེ་ཤེས་ཞེས་བྱ། དེས་དབུ་མ་མན་ཆད་ཀྱི་གྲུབ་མཐའི་དོན་རྟོགས་པའོ། །ངོ་བོ་སྟོང་བཞིན་པའི་སེམས་ཉིད་གསལ་སེང་ངེ་བ་འདི་རང་བཞིན་འོད་གསལ་བ་ཞེས་བྱའོ། །གསལ་སྟོང་དབྱེར་མེད་པའི་ཡེ་ཤེས་ཀུན་མཁྱེན་ཀུན་གཟིགས་ཤེས་རབ་ཀྱི་ཆ་ནས་ཐུགས་རྗེ་ཀུན་ཁྱབ་ཞེས་བྱའོ། །གསལ་རིག་སྟོང་གསུམ་འདུ་འབྲལ་མེད་པ་དེ་ནི་གཞི་རྒྱུད་སྐུ་གསུམ་ལྷུན་གྲུབ་ཞེས་བྱ་བ་ཡིན། དེའི་ངང་མངོན་དུ་བྱ་བའི་རྒྱུན་བསྐྱངས་ཏེ་འཁྲུལ་རྟོག་གཟུང་འཛིན་ཐ་མལ་གྱི་མ་རྙོགས་པར་ཆེད་དུ་འཛུར་བའི་མ་བཅིངས་བར་བཞག་པ་ནི་མཉམ་བཞག་དམིགས་གཏད་དང་བྲལ་བའི་བསྒོམ་པ་ཡིན་ནོ། །གལ་ཏེ་རྟོག་པ་སྐད་ཅིག་ཆ་མེད་བྱུང་ཞིག་དུ་ཤར་ཀྱང་དགག་བསྒྲུབ་སྤང་བླང་དང་བྲལ་བའི་ཆོས་ཉིད་དུ་ཤེས་པའི་ངང་ནས་རྗེས་མཐུད་མེད་པར་གནས་ལུགས་བསྐྱངས་བས་རང་རྒྱུད་འཛིན་ཞེན་གྱིས་མི་འཆིངས་བ་ནི་རང་གྲོལ་ཞེས་བྱ་སྟེ། རྗེས་ཐོབ་རྩལ་སྦྱོངས་ཀྱི་དགོངས་པའོ། །དེ་ནས་སྤྱོད་དུ་མེད་པ་མཉམ་བཞག་གི་སྤྱོད་པ་དང་། སྤྱོད་དུ་ཡོད་པ་རྗེས་ཐོབ་ཀྱི་སྤྱོད་པ་གཉིས་སུ་དུས་ཚོད་དང་བསྟུན་དེ་སྤྱད་དོ། །འབྲས་བུ་ནི་རང་ངོའི་སྐུ་གསུམ་ཡེ་ཤེས་དང་བཅས་པ་སྒྲིབ་བྱེད་ཀྱི་དྲི་མ་མཐའ་དག་དང་བྲལ་དེ་མངོན་དུ་གྱུར་ནས་མཛད་པའི་ཕྲིན་ལས་ཕྱོགས་མེད་དུ་རྒྱས་པའོ། །ཅེས་ཀྱང་ཐུབ་བསྟན་ངོར་ག་གཱས་སོ། །དགེའོ། །

སེམས་དོན་གནད་ཀྱི་མེ་ལོང་།

སེམས་དོན་གནད་ཀྱི་མེ་ལོང་བཞུགས་སོ༔

འོ་ཁྱེད་ཀྱི་ཕྱིའི་ཆོས་ཐམས་ཅད་སེམས་སྣང་རྨི་ཡུལ་ལྟ་བུར་ཐག་ཆོད་ཅིག༔ དེ་ནས་སེམས་ཁོ་རང་གི་ངོ་ལ་ལྟོས་ཤིག༔ བལྟས་པས་མ་མཐོང་བ་ནི་ཆོས་སྐུ་ངོ་བོ་སྟོང་པ་ཉིད་ཡིན་ནོ༔ སྟོང་བཞིན་དུ་མ་འགགས་པ་ནི་ལོངས་སྐུ་རང་བཞིན་གསལ་བ་ཡིན་ནོ༔ སྟོང་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀུན་ཤེས་ཀུན་རིག་གི་བདག་ཉིད་དེ་སྤྲུལ་སྐུ་ཐུགས་རྗེ་ཀུན་ཁྱབ་ཡིན་ནོ༔ རང་ལ་སྐུ་གསུམ་ལྷུན་གྲུབ་ཏུ་དེ་ལྟར་ཡོད་པ་ནི་གཞི་ཡིན་ནོ༔ དེ་ལྟ་བུའི་གཞི་ཡོད་མེད་ཀྱི་མཐའ་བྲལ་ཆེན་པོ་མ་ཤེས་པའི་གཟུང་འཛིན་ཕྱིར་བལྟས་སུ་གཡེངས་བས་ནི་སེམས་ཅན་ཐམས་ཅད་འཁྲུལ་བ་ཡིན་ནོ༔ ཤེས་ནས་ཀུན་ཏུ་བཟང་པོ་གྲོལ་བ་ཡིན་ནོ༔ ད་ལྟ་ལྟ་བས་ཤེས༔ བསྒོམ་པས་ངང་དུ་གནས་ནས་སྣང་བ་ལ་ཞེན་ཆགས་གཟུང་འཛིན་དུ་མ་ཤོར་བ་ནི་ལམ་ཡིན་ནོ༔ དེ་མངོན་དུ་གྱུར་ཏེ་སྐུ་དང་ཡེ་ཤེས་ཕྲིན་ལས་མཐར་ཕྱིན་པ་ཐོབ་པ་ནི་འབྲས་བུ་ཡིན་ནོ༔ འདི་ལས་གཞན་མེད་དོ༔ ཅེས་ཀྱང་དཔལ་བཟང་ངོར་ག་གཱས་སོ། །

ཆོས་འབྱོར།

ཆོས་འབྱོར་ལ། སེམས་ཀྱི་ངོ་བོ་ལ་ལྟོས། བལྟས་དུས་རང་བཞིན་ཅི་ཡང་མ་མཐོང་བ་ནི་ཀ་དག་གི་གནས་ལུགས་ཡིན། འོན་ཀྱང་སྟོང་བ་གཏད་ཡལ་དུ་མ་ཡིན་པར། གསལ་མདངས་འགགས་མེད་དུ་ཤར་བ་ནི་ལྷུན་གྱིས་གྲུབ་པའི་གནས་ཚུལ། དེ་གཉིས་དབྱེར་མེད་ཟུང་འཇུག་སོ་སོར་རང་རིག་གི་རྩལ་ཅིར་ཡང་འཆར་བ་ཐུགས་རྗེ་ཀུན་ཁྱབ་ཆེན་པོ་གསུམ་གྱི་ཚུལ་དུ་འདུ་འབྲལ་མེད་པ་གཞི་ཡིན། སྐུ་གསུམ་གྱི་ཡེ་ཤེས་ཆེན་པོ་དེ་རང་ངོ་ཤེས་པའི་ལྟ་བ་ལ། བཞག་ཐབས་ཀྱི་གནད་ཀྱིས་སེམས་རིག་པ་ལ་ནང་འཕྲད་དེ་སྟོང་གསལ་འཛིན་བྲལ་དུ་བབས་ཀྱིས་གནས་པས་ཡེ་ཤེས་རང་མལ་དུ་འཁྱིལ་བ་བསྒོམ་པ་དམིགས་གཏད་དང་བྲལ་བ་ལ། ལས་དང་པོ་བས་དགེ་སྦྱོངས་གཞོན་ནུའི་སྤྱོད་པས་བསླབ་གསུམ་སྲོག་ལྟར་བསྲུང་ནས་འཁོར་བའི་གཡང་སར་མི་འཇུག །བར་དུ་བརྟུལ་ཞུགས་རོ་སྙོམས་ཀྱི་སྤྱོད་པས་ཆགས་མེད་བྱ་བ་བཏང་། རྟག་ཏུ་ལྟ་བསྒོམ་གྱི་གཟེར་དང་ལྡན་པས་རྐྱེན་དང་བསྲེས་ནས་རྐྱེན་ཐུབ་བཅུ་ལ་གདེངས་སུ་གྱུར་དུས། རྒྱལ་པོ་ས་འཛིན་གྱི་སྤྱོད་པས་གཞན་དོན་ཕྱོགས་མེད་དུ་བྱ་བ་སྟེ། སྤྱོད་པ་འདི་དག་གིས་ལྟ་བསྒོམ་ལ་སྟོངས་ཐེབ་ན་མཐར་ཕྱིན་གྲོལ་བའི་འབྲས་བུ་སྐུ་དང་ཡེ་ཤེས་རྒྱ་མཚོའི་མངའ་དབང་རྫོགས་པ་རྡོ་རྗེ་འཆང་ཀུན་ཏུ་བཟང་པོའི་གཏན་ཚིག་གོ །ཆོས་འབྱོར་ལ་གདམས་པ་རང་ལ་མེད་པའི་སྟོང་འུད་ག་གཱས་སོ། །

ཤིན་ཏུ་སྤྲོས་པ་མེད་པའི་རྣལ་འབྱོར།

ཤིན་ཏུ་སྤྲོས་པ་མེད་པའི་རྣལ་འབྱོར་བཞུགས།

བླ་མ་མཆོག་ལ་གུས་པར་ཕྱག་བྱས་ནས། །ཉིད་གསུང་མ་ལྡོག་ཙམ་ཞིག་སྨྲས་པ་ན། །མ་རྟོགས་ཕྱོགས་རྟོགས་དབང་གིས་རྣམ་མཁྱེན་ལ། །མ་དཔོག་སྐྱེ་བོའི་རང་བཞིན་མཐོལ་ལ་སོགས། །སུས་ཀྱང་རང་གམ་བཞག་ནས་སྔར་མ་མཐོང་། །ཕྱི་ལ་ནན་ཏན་བཙལ་ནས་ལེགས་མ་འཚལ། །གཉིས་བཅས་མཐར་ཞེན་སེམས་རྟོག་གིས་རྙོགས་པས། །ད་ནི་རང་ལ་ངེས་དོན་ཇི་བཞིན་གྱི། །ཟུང་འཇུག་རིག་སྟོང་འབྲལ་འདུ་མ་མྱོང་བ། །དུས་གསུམ་རྒྱལ་བའི་བྱང་ཆུབ་དབྱེར་མེད་དོན། །གཞི་ལམ་འབྲས་བུ་རྫོགས་པ་ཆེན་པོ་ཉིད། །སྐྱེས་རྙེད་ཐོབ་བའི་ཚུལ་ཅན་འཛིན་ན་གོལ། །སེམས་ཀྱི་རྙོགས་མ་དྭངས་པའི་ཤེས་རབ་ཉིད། །ཡེ་ཤེས་འགོགས་མེད་སྤྲོས་བྲལ་ཆེན་པོ་ལ། །བལྟ་དང་གཏད་སོ་མེད་པར་བབས་ཀྱི་གནས། །འཛིན་རྩོལ་བྱེད་བཅིང་བག་ཆགས་ལུང་མ་བསྟན། །གང་དུའང་མ་ཕྱིན་དབུ་མ་ལྟོས་བཏང་གཞིར། །ཕྱོགས་ལྷུང་ཉིང་འཁྲུལ་ལྷན་པས་མ་ཐེབ་པ། །མཉམ་བཞག་ཡེངས་དུས་གང་ཡང་དགག་སྒྲུབ་སོགས། །མ་འཆལ་ཐམས་ཅད་རོལ་བ་རྩལ་དུ་ཤར། །སྤངས་པས་མི་སྤོངས་ཤེལ་འོད་ཟེར་གདངས་བཞིན། །དེ་ཕྱིར་དབྱེ་བསལ་མེད་པའི་ངང་དུ་ཡང་། །ཐམས་ཅད་མ་ལུས་བཟང་ངན་སྔ་ཕྱི་མེད། །ཤར་གྲོལ་གནས་གསུམ་སྔ་ཕྱི་མེད་པར་ནི། །ཐམས་ཅད་ཆོས་ཉིད་རིག་པའི་མཉམ་ཉིད་ཀྱིས། །ཡེ་ནས་འདའ་བ་མེད་པའི་སྔར་རྒྱས་ཐེབ། །འབྲས་བུ་གཞི་ལ་མ་གཏོགས་ཕྱིས་གྲོལ་བ། །བལྟས་ན་བཟང་ཞེན་འཁོར་འདས་མཉམ་ཉིད་ཡིན། །ཀུན་རྟོག་ལ་སོགས་སྤོངས་འགོགས་ལམ་ཉིད་ཀྱི། །བྱར་མེད་བྱ་བཏང་འཕགས་པ་བསླུ་མང་མཁན། །སེམས་ཉིད་རིག་ཉིད་ཡིན་གཞན་དམིགས་སུ་མེད། །སངས་རྒྱས་སེམས་ཅན་བཟང་ངན་དམིགས་སུ་མེད། །ལས་དང་རྣམ་སྨིན་ལེན་པོ་དམིགས་སུ་མེད། །ཡོད་མཉམ་མེད་མཉམ་སྟོང་མཉམ་བདེན་རྫུན་མཉམ། །སྐྱེ་མཉམ་གྲོལ་རིག་མཉམ་ཡེངས་རྨུག་པ་མཉམ། །ཡིན་མཉམ་མིན་མཉམ་གང་གང་གང་ཡང་མེད། །གྲོལ་མེད་འཁྲུལ་མེད་ཐོབ་དང་མ་ཐོབ་མེད། །དེ་དག་ཀུན་ཡིན་གང་སྨྲས་འགལ་བ་མེད། །གནད་གཅིག་བྱང་ཆུབ་རང་གི་རིག་པ་ཡི། །ཀུན་ཀྱང་ཡེ་ཤེས་ཆེན་པོར་བྱིན་རླབས་ཟིན། །ལྟ་སྤྱོད་གོང་འོག་མི་འཛིང་སྤོངས་ལེན་མེད། །སྤྱོད་ལྟའི་ཐོ་ཅོའི་དགོངས་པར་ཁ་མ་བསྒྱུར། །བསྒོམ་མེད་མ་སྒོམ་མེད་པ་ཡེངས་བ་མེད། །མ་དམིགས་མ་བཅིངས་མ་གྲོལ་ཕྱིས་གྲོལ་བ། །ནོར་པ་ཟད་པའི་ལམ་གྱི་འབྲས་བུ་གོར། །ཐོབ་ཤོར་མ་མྱོང་པ་དེར་འབྱོར་འབྲས་སུ། །མ་ཡིན་ངང་མཐོངས་སངས་རྒྱས་དེ་ཉིད་ཐོབ། །ཞེས་ཁྱེད་ཀྱི་ཁ་མ་བཅག་ཙམ་དུ་ག་གཱ་ཨ་བྷྱེས་བྲིས། །དགེའོ། །

སྙིང་གཏམ་ཚིག་གསུམ།

སྙིང་གཏམ་ཚིག་གསུམ་པ་ཞེས་བྱ་བ་བཞུགས་སོ༔

ཀྱཻ༔ ལེགས་པར་གསོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ སྔོན་ལས་འཕྲལ་རྐྱེན་བཟང་པོའི་རྒྱུ་འབྲས་ཀྱི༔ དལ་འབྱོར་མི་ལུས་རིན་ཆེན་ཐོབ་པ་འདི༔ སྟོང་ལོག་ཨི་བྱེད་གང་ཟག་ཁྱོད་ལ་རག༔ ༡ཡར་འགྲོ་མར་འགྲོས་ས་མཚམས་ད་རེས་ཡིན༔ འདུན་མ་གཏན་ལེགས་གཏན་ཉེས་སོ་མཚམས་ཏེ༔ ད་རིས་འདི་ལ་ཆོས་ཞིག་མ་བྱས་ན༔ རིན་ཆེན་གླིང་ནས་སྟོང་ལོག་བྱེད་པ་འདྲ༔ ༢གཏན་བདེ་རྫོགས་པའི་སངས་རྒྱས་གོ་འཕང་ཞིག༔ འགྲུབ་ན་དེ་ལས་མདོ་ཆེན་གང་ཟག་མེད༔ མ་འགྲུབ་རང་གར་འདུག་ན་མདོ་ཤོར་ཡིན༔ ཐར་མེད་ལས་ངན་བསོག་ན་ཕུང་རྒན་ཟེར༔ ༣དེ་ཡང་ཆོས་ལ་ཕྱི་བཤོལ་མི་འཚལ་ཏེ༔ འཆི་བདག་བདུད་པོ་ནམ་འོང་ཆ་མེད་ཡིན༔ འཆི་ཁར་འགྱོད་པ་སྐྱེས་པ་ཕྱི་བ་ཡིན༔ ལག་ཅིག་རྩོད་ཐེབས་ཡོད་པ་ད་རེས་ཡིན༔ ༤བསླབ་པ་གསུམ་གྱི་གཞི་མ་ཚུལ་ཁྲིམས་ཡིན༔ ཡུལ་དང་གྲོགས་ངན་མ་སྤངས་བསྲུང་ཐབས་དཀའ༔ འཁོར་བའི་སྡུག་བསྔལ་མཐོང་ནས་ཡིད་དབྱུང་སྟེ༔ ཐར་འདོད་ངེས་འབྱུང་མེད་ན་ལེགས་སྨོན་ཙམ༔ ༥གཞན་གྱི་གཡེམ་ལ་རྒྱུག་པའི་བྲོད་ཆུང་དེ༔ དང་པོ་ཞུ་སྔ་ཐ་མ་ཉམས་སླ་བས༔ རང་དམ་རྡོ་ལ་རི་མོ་བྲིས་པ་ལྟར༔ སུ་ཡི་ཁ་ལ་མི་ཉན་དབེན་པ་བརྟེན༔༦ དེ་ལྟར་བྱས་ན་བསམ་གཏན་རང་འཁོར་ཡིན༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་བྱང་ཆུབ་སེམས༔ དཀའ་ཚིགས་མེད་པར་རྒྱུད་ལ་ངེས་པར་འཁྲུངས༔ ས་ལམ་ཡོན་ཏན་ཡར་ངོས་ཟླ་བཞིན་འཕེལ༔ ༧དབེན་པར་མི་ཚུགས་གཞན་དོན་སྒྲུབ་པོ་ལོས༔ ཐ་མ་རང་དོན་འཆོར་བའི་རྒྱུ་རུ་འགྱུར༔ གྲོང་ཡུལ་ཀུན་ཏུ་ཁྱི་བཞིན་ཉུལ་བ་དེའི༔ དམ་ཆོས་རྣམ་དག་འགྲུབ་པ་ཉིན་སྐར་ཙམ༔ ༨མི་ཁོམ་མི་འགྲུབ་སྙམ་པའི་ངང་རིང་བོ༔ འཆི་བདག་བློ་བུར་བྱུང་ན་ཅི་ཞིག་བྱ༔ རང་གིས་རང་ལ་རང་དྲིན་ཆེ་བར་མཛོད༔ རྒྱུ་རྫས་ལོངས་སྤྱོད་རྩ་ཁའི་ཟིལ་བ་འདྲ༔ ༩བསོགས་བཀྲུན་སྤེལ་བའི་ཤ་ཐང་༼ ཆང་དཔྱད། ༽ཉོ་བ་འདི༔ འདི་ཕྱི་གཉིས་བརླག་ལན་ཆགས་ཁུར་བོས་ནོན༔ དེ་ལ་བསམ་ནས་ཡུལ་ངན་མགོ་མ་འཁོར༔ འདི་སྣང་བྱ་བ་རི་མོའི་མར་མེ་འདྲ༔ ༡༠ལོངས་སྤྱོད་ཉམས་ལ་ཕན་པ་ཀྱང་སྲིད་དམ༔ ཟིན་དུས་མེད་པའི་ཚུལ་ལ་ལེགས་བསམ་ནས༔ ཕྱི་བཤོལ་འཁྲུལ་བ་མ་སྤེལ་རིགས་ཀྱི་བུ༔ ཕ་མ་ཉེ་འབྲེལ་རྨི་ལམ་སྐྱེས་བུ་འདྲ༔ ༡༡ཉེ་རིང་ཆགས་སྡང་མ་བྱེད་རིགས་ཀྱི་བུ༔ བསྟོད་བསྐུར་སྙན་གྲགས་སྒྲ་ཡི་བརྙན་དང་འདྲ༔ དགའ་སྡུག་རེ་དོགས་མ་བྱེད་རིགས་ཀྱི་བུ༔ རང་གི་ལུས་འདི་ལ་ཁའི་ཐོ་ཡོར་འདྲ༔༡༢རྟག་འཛིན་གཅེས་སྤྲས་མ་ཆེ་རིགས་ཀྱི་བུ༔ འདོད་ཡོན་ཐམས་ཅད་ནམ་མཁའི་འཇའ་ཚོན་འདྲ༔ སྡུག་སེམས་རྗེས་དེད་མ་བྱེད་རིགས་ཀྱི་བུ༔ རྣམ་རྟོག་སེམས་འདི་ཤིང་མགོའི་བྱ་དང་འདྲ༔༡༣ནམ་འཕུར་ཆ་མེད་ཡིན་ནོ་རིགས་ཀྱི་བུ༔ བརྟགས་ཤིང་དཔྱད་ན་ཕྲེང་བའི་མུ་དང་འདྲ༔ གཅིག་ཏུ་གྲུབ་པ་མེད་དོ་རིགས་ཀྱི་བུ༔ དུ་མའི་ངོ་བོ་འདི་ཞེས་ངོས་གཟུང་མེད༔༡༤དངོས་པོར་ཞེན་པ་ཡིན་ནོ་རིགས་ཀྱི་བུ༔ ཉོན་མོངས་དུག་ལྔ་སྐྱེ་བའི་གཞི་མེད་ཀྱི༔ ངོ་བོ་དེ་ལ་ལྟོས་ཤིག་རིགས་ཀྱི་བུ༔ འཛིན་པས་འཁོར་བར་རྟག་ཏུ་བཅིངས་ན་ཡང་༔ ༡༥དོན་ལ་འཆིང་ཞེན་མེད་དོ་རིགས་ཀྱི་བུ༔ ལྟ་བ་ནམ་མཁའ་ལྟ་བུར་རྒྱ་ཆེ་ལ༔ དམིགས་བསམ་བརྗོད་པ་མེད་དོ་རིགས་ཀྱི་བུ༔ བསྒོམ་པ་ཉི་ཟླ་ལྟ་བུར་འོད་གསལ་ཞིང་༔ ༡༦འཆར་ནུབ་གསལ་སྒྲིབ་མེད་དོ་རིགས་ཀྱི་བུ༔ སྤྱོད་པ་ཕ་རོལ་མི་དང་བསྟུན་པ་ཡིས༔ བླང་དོར་ཚུལ་བཞིན་གྱིས་ཤིག་རིགས་ཀྱི་བུ༔ འོན་ཀྱང་རང་བཞིན་གཤིས་ཀྱི་བབ་བསྟུན་ན༔ ༡༧སྤྱོད་དང་མི་སྤྱོད་མེད་དོ་རིགས་ཀྱི་བུ༔ འབྲས་བུར་སྟོན་ཐོག་བཟང་པོ་སྨིན་པ་བཞིན༔ རང་བཞིན་དབུལ་བ་སེལ་ལོ་རིགས་ཀྱི་བུ༔ དེ་ལྟར་ཁ་གཡང་བོས་པའི་བྱིན་རླབས་ཀྱིས༔ ༡༨བཀའ་བཞིན་ཁྱོད་ལ་ཕན་པའི་རྒྱུ་གྱུར་ནས༔ བློ་ངན་དུག་སྡོང་རྩ་བ་དྲུངས་ཕྱུང་སྟེ༔ རྟག་ཏུ་ཆོས་ལ་གཞོལ་བའི་བཀྲ་ཤིས་ཤོག༔ ཅེས་པ་འདི་རང་ལ་མེད་པའི་ཁ་བཤད་ཆུ་ཡི་སྦུ་བ་དོ་གལ་ཆེན་པོའི་རླུང་གིས་དཀྲུག་པ་ལས་ཆགས་ཤིང་། རྒྱན་དང་སྡེབ་སྦྱོར་སྙན་ཚིག་མེད་པའི་གསོགས་ཤིང་གསོབ་པ། ཚིག་བཅད་བཅོ་བརྒྱད་དང་རྐང་བའི་དམན་པའི་བཅུ་དགུའི་རྟེན་འབྲེལ་ལ་བཟང་སྙམ་སྟེ། བསོད་ནམས་ཆོས་གྲགས་ཞེས་ལེགས་སྦྱར་གྱི་སྐད་དུ་པུནྱེ་དྷརྨ་ཀིརྟི་འདི་རྗེས་འཇུག་ལ་ཤིན་ཏུ་ཞལ་དྲོ་བའི་བླ་དག་ཙམ་མིན་པའི་དོན་ཐོབ་མཐུན་པའི་ལྷག་བསམ་གྱིས་ག་གཱ་ཨ་བྷྱེས་བསྐུལ་མ་འདེབས་པའི་ཡི་གེའི་འདུ་བྱེད་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་ཝ་གི་ཤྭ་རི་ནས་བགྱིས་པས་རང་བཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱུ་གྱུར་ཅིག །སརྦ་མངྒ་ལཾ། །

དེ་ཡང་སེམས་ཅན་ཐམས་ཅད་མར་ཤེས་པ།

དེ་ཡང་སེམས་ཅན་ཐམས་ཅད་མར་ཤེས་པ་དང་། དྲིན་དྲན་པ་གཞིར་བཞག་གིས་འཁོར་བ་སྤྱི་དང་རང་དགོས་ཀྱི་སྡུག་བསྔལ་ལ་སྤྱོད་པ་དམིགས་ཡུལ་དུ་བྱས་ནས། དེ་ལྟར་ན་སེམས་ཅན་ཐམས་ཅད་ཕ་མ་ཡིན་པས་ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམ་ཀྱིས་བྱམས་སྙིང་རྗེའི་ཡུལ་དུ་རིག་པས་འཁོར་བའི་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་དང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བྲལ་བདེར་གནས་ལ་དགའ་བ་དག་སྐྱེ་སྟེ། དེ་དག་གིས་དྲངས་བས་དེ་ལྟ་ན་གང་ཆེད་དུ་བྱ་བའི་དམིགས་ཡུལ་ནི་སེམས་ཅན་ཡིན་པས་སྙིང་རྗེའི་གཞན་དོན་དུ་དམིགས་པ་དང་། སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བ་དང་། མི་འགྱུར་ཞིང་ཡོན་ཏན་དང་བདེར་གནས་ཀྱི་མཐར་ཐུག་ནི་སངས་རྒྱས་ཀྱི་གོ་འཕང་ལས་གཞན་དུ་མ་དམིགས་པར་ཤེས་ནས་ཤེས་རབ་ཀྱིས་རྫོགས་བྱང་དེ་ཐོབ་པ་ལ་སྨོན་པ་དང་བདག་ཉིད་ཀྱིས་བསྒྲུབ་འདོད་འབྱུང་། དེ་ཡང་བདག་ཉིད་ཀྱིས་སེམས་ཅན་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྙམས་ཏེ་ཐག་བཅད་ནས་དམ་བཅའ་བཟུང་བ་ནི་འབྲས་བུ་ལ་དམ་བཅའ་བ་སྨོན་སེམས་ཡིན། དེའི་ཆེད་དུ་འབྲས་བུའི་རྒྱུ་ལམ་བསྒྲུབ་པར་བྱ་སྙམ་དུ་དམ་བཅའ་བ་ནི་འཇུག་སེམས་བསྐྱེད་པ་ཡིན། འཇུག་པ་དངོས་སམ་བསླབ་བྱ་ནི་ཕར་ཕྱིན་དྲུག་དང་འབྲེལ་བའི་ཐོས་བསམ་བསྒོམ་བསྒྲུབ་ཆེ་ཕྲ་ཆུང་གསུམ་ཐམས་ཅད་ལ་དངོས་སུ་འཇུག་ནས་བསྒྲུབ་པ་ཡིན། དེ་དག་ནི་ཀུན་རྫོབ་སེམས་བསྐྱེད་ཡིན། སེམས་བསྐྱེད་དང་ཕྱིན་དྲུག་གི་སྤྱོད་པ་དེ་དག་འཁོར་གསུམ་རྣམ་དག་གིས་རྒྱས་ཐེབས་པ་ནི་དོན་དམ་སེམས་བསྐྱེད་ཀྱི་ཉམས་ལེན་ཙམ་པོ་པ་དང་། དེ་གཉིས་སྨིན་བྱེད་དུ་གྱུར་ནས་ས་དང་པོ་ཐོབ་དུས་བདག་མེད་མངོན་སུམ་དུ་རྒྱུད་ལ་སྐྱེས་པ་ནི་དོན་དམ་སེམས་བསྐྱེད་དོ་སྙམ། བྲེལ་ཚུབ་ཀྱི་ངང་ནས་ག་གཱས་སྨྲས་པ་འདིའི་ཆོ་མིན་རིགས་མིན་གྱི་ཐུགས་དམ་བསྐང་བར་གྱུར་ཅིག །

གས་རྗེ་མཚུངས་མེད་རིན་ཆེན་རྣམ་པ་གསུམ།

ན་མོ། ཐུགས་རྗེ་མཚུངས་མེད་རིན་ཆེན་རྣམ་པ་གསུམ། །བཀའ་དྲིན་སུམ་ལྡན་རྩ་བརྒྱུད་བླ་མའི་ཚོགས། །གསོལ་བ་འདེབས་སོ་སྐྱེ་དང་ཚེ་རབས་ཀུན། །མི་འབྲལ་རྗེས་སུ་སྐྱོང་ལ་བྱིན་གྱིས་རློབས། །ལན་གཅིག་རྙེད་པའི་དལ་འབྱོར་རིན་ཆེན་ཀྱང་། །སྐད་ཅིག་མི་རྟག་སྒྱུ་མའི་ཆོ་རོལ་བཞིན། །སྙིང་པོ་ཡང་དག་ད་རེས་མ་ལོན་ན། །ཕྱི་ནས་འདི་འདྲའི་རྟེན་འབྲེལ་འགྲིགས་དཀའ་བས། །གཏན་གྱི་འདུན་མ་ཚགས་སུ་ཆུད་པ་ན། །དེ་བས་རང་དྲིན་རང་ལ་ཆེ་བ་མེད། །འཇིག་རྟེན་ཆོས་བརྒྱད་སྒེག་མོའི་བཞིན་རིས་འདྲ། །འདོད་པའི་ཡོན་ཏན་གཡོ་ཅན་བསླུ་མཁན་འདྲ། །རང་གི་སེམས་ནི་ཅོལ་ཆུང་བྱིས་པ་འདྲ། །དེ་ནི་ལུང་བསྟན་ཡིན་ལ་ཞལ་གདམས་ཡིན། །དེ་བས་དཀའ་ཐུབ་གཉེན་པོའི་ཕྱོགས་བརྟེན་ནས། །རྣམ་པ་ཀུན་ཏུ་རི་དྭགས་སྨས་མ་བཞིན། །སྲས་བཅས་རྒྱལ་བས་ཞི་བ་བརྙེས་པའི་གནས། །དབེན་པ་གསུམ་གྱིས་བརྟུལ་ཞུགས་ལ་གནས་ན། །གཏན་བདེ་འགྱུར་བ་མེད་པའི་གོ་ས་རུ། །དོན་གཉིས་ལྷུན་གྱིས་འགྲུབ་པའི་གཏན་ཚིག་གོ །དེ་སྐད་རྙིང་སྔགས་རྒན་པོའི་ཁ་རྒྱག་ཙམ། །བསོད་ནམས་ཚེ་རིང་ངོར་ག་གཱས་སོ། །

བླ་མ་ཨོ་མུག་ལ་སྤྲིང་བ།

བླ་མ་ཨོ་མུག་ལ་སྤྲིང་བ་ནི། སངས་རྒྱས་ཀུན་དང་འདུ་འབྲལ་མེད། །ཡེ་བབས་རིག་སྟོང་དོན་གྱི་ལྷ། །ཆོས་སྐུའི་མཁྱེན་བརྩེའི་རང་གཟུགས་པ། །བདུད་འཇོམས་རྡོ་རྗེར་ཕྱག་འཚལ་ལོ། །གང་གི་རྡོ་རྗེའི་གསུང་གསང་ལས། །ཟབ་དང་རྒྱ་ཆེ་ཐབས་ཤེས་རབ། །སྣ་ཚོགས་གཅིག་དུ་འདུས་པའི་ཆོས། །གཉིས་མེད་བསྩལ་བའི་དམ་ཚིག་གཅིག །ཁྱོད་ཀྱིས་བདག་ལ་དྲིས་པའི་ལན། །ཟག་མེད་མངོན་ཤེས་མི་ལྡན་ཕྱིར། །གསལ་ཉམས་ཤར་ཆ་ཙམ་པོ་བ། །ཕོ་རོག་དགོངས་པ་དེ་བསྟན་ན། །སྲིད་པ་ཁམས་གསུམ་འཁོར་བ་འདི། །རྨི་ལམ་ཙམ་ཞིག་ལུང་བསྟན་པ། །དེ་ལ་ངེས་པ་འཚལ་བ་ན། །ཤི་ཞེས་རྣམ་རྟོག་ནོར་བ་ཙམ། །ཤི་བའི་མཁན་པོ་ཞིག་མཆིས་ན། །དེ་ལ་འཆི་བ་ཡོད་གྲང་ན། །མཁན་པོ་མེད་པའི་སྐྱེ་ཤི་འདོད། །དེ་ནི་མོ་གཤམ་བུ་ལའོ། །སྐྱེ་བ་ཞེས་ཀྱང་ལོག་རྟོག་པ། །ཡོད་པ་སྐྱེ་བར་མི་འགྱུར་ཏེ། །མ་སྐྱེས་གོང་ནས་ཡོད་པའི་ཕྱིར། །མེད་པ་སྐྱེ་བར་མི་འགྱུར་ཏེ། །རི་བོང་རྭ་ལ་སྐྱེ་ཡོད་དམ། །ཡོད་དང་མེད་པ་གཉིས་ཡིན་དང་། །གཉིས་མིན་ཞེས་བྱ་མི་སྲིད་དེ། །ཡོད་པ་ཡིན་ན་མེད་པ་མིན། །མེད་པ་ཡིན་ན་ཡོད་པ་མིན། །ཡོད་པ་མིན་ན་མེད་པ་ཡིན། །མེད་པ་མིན་ན་ཡོད་པ་ཡིན། །དེ་ཕྱིར་སྐྱེ་བ་ཡོད་མིན་པས། །འཆི་བར་འགྱུར་བ་གང་ཞིག་ཡིན། །དེ་ལ་འཆི་བ་ཞིག་ཡོད་ན། །ནམ་མཁའི་མེ་ཏོག་རྒས་པར་ཐལ། །གལ་ཏེ་ད་དུང་མི་གོ་ན། །ཤི་ཞེས་བྱ་བ་ཅི་ལ་ཟེར། །འགགས་པར་འགྱུར་བ་ལྟ་ཞིག་ན། །ནམ་མཁའི་ཡིད་ཅན་ཐལ་བས་ཕྱུག ། འགགས་པ་མ་ཡིན་སྐྱེ་ཡོད་ཕྱིར། །རྟེན་ཅན་འབྲེལ་པའི་ཡུལ་མེད་ན། །ཤི་ཞེས་བྱ་བ་ཅི་ལ་ཟེར། །གལ་ཏེ་ཤི་རྒྱུ་ཞིག་ཡོད་ན། །གཟུང་འཛིན་འཁྲུལ་བ་འདྲ་མིན་པས། །དེ་ལས་སུ་ཡང་ཡོད་མི་འགྱུར། །ཆོས་རྣམས་མ་ལུས་ཐམས་ཅད་ནི། །ཡེ་གནས་སྤྲོས་བྲལ་ཆེན་པོ་སྟེ། །དེ་ཡི་ནང་ནས་ཆ་ཤས་ཀྱི། །འཆི་མཁན་རང་སྐྱ་ཐུབ་པ་ཞིག །ངས་ནི་ཀུན་ཏུ་མ་རྙེད་ཀྱང་། །ཁྱེད་ཀྱིས་རྙེད་ན་ང་ལ་སྟོན། །ཆོས་སྐུ་ཁྱབ་བདག་རིག་པའི་དབྱིངས། །སྐྱེ་འགགས་གནས་གསུམ་བྲལ་པའི་གཤིས། །རང་བཞིན་འོད་གསལ་ཆེན་པོ་ཉིད། །ཟང་ཐལ་རྟོག་བྲལ་ངང་གསལ་བ། །གསལ་ལ་སྟོང་པའི་ཁྱད་ཆོས་ཅན། །ཡེ་ཤེས་དྲི་མེད་རྗེན་པ་ནི། །ཉིད་ལ་ཆོས་སྐུའི་སྟོན་པ་དེའི། །དགོངས་བརྡ་སྙན་བརྒྱུད་གཅིག་རྫོགས་སུ། །རང་སྣང་ཚུལ་དུ་ཤར་བར་བྱས། །འདི་ནི་སངས་རྒྱས་ཉག་གཅིག་གི །རང་ཞལ་སྒྲིབ་པ་བྲལ་བའི་དངོས། །མཐོང་བཞིན་རང་གིས་རང་བསླུ་ན། །དེ་ལས་འཁྲུལ་བ་རྙེད་མི་འགྱུར། །དེ་ཕྱིར་གཟེབ་བཅུར་མ་ལྟུང་བས། །རང་གནས་རིག་པ་རླུང་སེམས་དང་། །བསམ་གཏན་ཉམས་ཀྱི་ཤུན་ཕྲོལ་ལ། །རང་རིག་ཚུལ་དུ་འབྱམས་ཀླས་ན། །རྣལ་འབྱོར་དབང་པོ་དེ་ལ་ཟེར། །མདོར་ན་སེམས་འདི་ཆོས་རྣམས་ཀུན། །བྱེད་པའི་རྒྱལ་པོ་ཡིན་པའི་ཕྱིར། །མདང་གི་རྨི་ལམ་འཁྲུལ་བ་ཀུན། །དེ་རིང་དབྱིངས་སུ་ཞིག་ནས་མེད། །དེ་རིང་འཁྲུལ་བའང་དེ་དང་འདྲ། །དེ་ཕྱིར་འཁྲུལ་བ་སེམས་ཀྱི་ཆོས། །ལྷུན་གྲུབ་རིག་པའི་རྩལ་ཉིད་ལས། །རོལ་བ་འགགས་མེད་ཆ་ཡིན་པས། །གཞི་མེད་རྩ་བ་བྲལ་བ་ནི། །བད་ཀན་ཅན་གྱི་སྐྲ་ཤད་དང་། །མཁྲིས་ནད་ཅན་ཀྱི་དུང་བཞིན་ནོ། །གང་ལྟར་ཤར་བའི་རྣམ་པར་རྟོག ། ཤར་སྟོང་མཚན་མ་བྲལ་བ་ནི། །ཀུན་བཟང་རིག་པའི་ཁྱད་ཆོས་ཆེ། །གང་ལྟར་ཚོར་བའི་དྲི་རྣམས་ཀུན། །ཚོར་སྟོང་མཚན་མ་བྲལ་བ་ནི། །ཀུན་བཟང་རིག་པའི་ཁྱད་ཆོས་ཆེ། །གང་ལྟར་མཐོང་པའི་གཟུགས་རྣམས་ཀུན། །མཐོང་སྟོང་མཚན་མ་བྲལ་བ་ནི། །ཀུན་བཟང་རིག་པའི་ཁྱད་ཆོས་ཆེ། །གང་ལྟར་ཐོས་པའི་སྒྲ་རྣམས་ཀུན། །ཐོས་སྟོང་ཆེན་པོའི་བདག་ཉིད་ནི། །ཀུན་བཟང་རིག་པའི་ཁྱད་ཆོས་ཆེ། །གང་ལྟར་མྱོང་དང་རེག་པ་ཀུན། །མྱོང་རེག་མཚན་མ་བྲལ་བ་ནི། །ཀུན་བཟང་རིག་པའི་ཁྱད་ཆོས་ཡིན། །གང་དུ་ཉོན་མོངས་དུག་ལྔ་ཀུན། །སྣང་སྟོང་གསལ་སྟོང་བདེ་སྟོང་དང་། །ཚོར་སྟོང་འགགས་མེད་བདག་ཉིད་དེ། །ཀུན་བཟང་རིག་པའི་ཡེ་ཤེས་ལྔ། །དེ་ཕྱིར་ཐུག་འཕྲད་རང་ ༼ ཡུལ་ཤེས་རིག་པ། ༽གྲོལ་གསུམ། །བཞག་ ༼ རྒྱ་མཚོར་སྣང་བ་ཅོག་བཞག་རིག་པ་ཆེར་བཞག་རི་བོ། ༽ ཐབས་བཞི་དང་ ༼ ཐོག་བབ། རྒྱས་འདེབས། རང་གནས། ༽ ཏིང་འཛིན་གསུམ། །གྲོལ་ལུགས་བཞི་དང་ལྡན་པ་དེ། །ལྷག་པའི་ལྟ་དགོངས་སྐྱོངས་ཤེས་ན། །འཆི་མེད་གཉུག་མ་ཆོས་སྐུའི་ཞལ། །བྱང་ཆུབ་སེམས་མཆོག་རིག་པ་ལས། །ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་མ་ཚོལ་ཞིག །བཙལ་ཀྱང་དབྱིངས་ནས་མི་རྙེད་གསུངས། །དེ་ཚུལ་ཤེས་མཛོད་རྡོ་རྗེའི་གྲོགས། །དེ་ལྟར་བསྒོམ་པའི་སྐལ་ལྡན་ལ། །འཁྲུལ་འཁོར་རྩ་མ་ཆོད་པའི་རྟགས། །ཕྱི་སློང་ནང་སློང་གསང་བའི་སློང་། །ལྷ་འདྲེའི་ཆོ་འཕྲུལ་ཐན་ལྟས་ངན། །སེམས་ཀྱི་དགའ་སྡུག་འབྱུང་གསུངས་བ། །ཁྱེད་ཀྱི་ཐུགས་ལ་མངའ་བཞིན་པ། །ཁྱད་པར་མོ་རྩིས་སྨན་དཔྱད་འཁྲུགས། །མ་དག་བསྐལ་བ་ཞིག་ནས་ཀྱང་། །དག་དབྱིངས་དྭངས་མར་འཕོ་བའི་ལྟས། །དེ་དག་ཉམས་སུ་ཤེས་པ་ན། །ཉམས་ཀུན་རྨི་ལམ་བཞིན་ཡལ་ལོ། །ཤེས་ཉམས་བཅུ་དང་སྣང་ཉམས་ཚོགས། །ཐམས་ཅད་ཆོད་ན་རྣལ་འབྱོར་བ། །གཅོད་པ་ཞེས་བྱ་དེ་ལ་ཟེར། །ལྷག་མ་རོ་བཤའ་ཡིན་པའོ། །དེ་ཚུལ་དགོངས་ལ་རྣམ་རྟོག་དོར། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བར་ལྟུང་བྱེད་ཡིན་ཞེས་གསུངས། །དེ་ཕྱིར་རྣམ་རྟོག་སྤངས་བ་གང་། །འཁོར་པའི་གྲོང་ལས་དགོན་པར་ཕྱིན། །ཁྱད་པར་བླ་མེད་ཐིག་ལེ་ཆེ། །དབྱིངས་དང་རིག་པ་མངོན་གྱུར་ལམ། །བརྟེན་ན་འཆི་བདུད་བཅོམ་ནུས་པས། །སྣང་པའི་འཆི་བ་ཉི་ཚེ་བ། །འཇོམས་པ་འདི་ལ་ཐེ་ཚོམ་མེད། །མཐར་ཐུག་ཡེ་ཤེས་གསུམ་གྱི་དངོས། །མངོན་གྱུར་སྐལ་བ་ཁྱེད་ལ་མཛའ། །ང་ཡང་དེ་དུས་སླེབས་ནས་སུ། །ལྕང་ལོའི་ཟར་བུ་དཔྱང་བཞིན་དུ། །རིག་འཛིན་བླ་མའི་མཆོད་གྲྭལ་འཛིན། །ཨ་ཧོ་ཡེ། །ཀ་དག་གི་རང་ཞལ་རྗེན་པ་ཡི་ཆོས་སྐུ། །མངོན་གྱུར་གྱི་ངང་ལ་ཆམ་བརྡལ་དུ་ཞོག་དང་། །བྱ་བྱེད་རང་མི་དགོས་ལྷུན་གྲུབ་དུ་གསལ་བ། །དེང་དུས་ཀྱང་མ་ཉམས་མ་སྨད་པར་ཉེ་འདུག །བྱས་ཆོས་ཀྱི་རྙོགས་པའི་སྐལ་དམན་པའི་ལམ་གྱིས། །དྭངས་གསལ་གྱི་ཆུ་བོ་མཐོང་དུས་ཞིག་རློམ་པ། །ཐལ་རྩེད་དང་འདྲ་བའི་དོན་མེད་དེ་བོར་ལ། །རང་བབས་སུ་ལྷུག་དང་མཐོང་མེད་དེ་མཐོང་ཡོད། །དཀར་ནག་གི་སྤྲིན་གྱིས་ཉིན་བྱེད་མཆོག་འོད་ཟེར། །གཡུར་བག་ལ་ཤོར་དོགས་རྣལ་འབྱོར་བས་དགོས་སྐད། །དཀའ་ཐུབ་ཀྱི་སྤྱོད་པས་ཕྱག་བསྐོར་མང་བྱས་ཀྱང་། །དཀྱིལ་འཁོར་ལ་བརྙས་ཐབས་ཡང་དག་ཞིག་རེད་ཀོ །འབག་འབུག་གི་བཟླས་བརྗོད་གྲངས་ཀ་རེ་གཉེར་ཀྱང་། །འཇིགས་སྐྱོབས་ཀྱི་ཞེ་འདོད་རྣལ་མ་རུ་འདུག་གོ །ལྷ་བསྒོམ་གྱི་ང་རྒྱལ་བརྟན་པོ་སྟེ་བཟུང་བཟུང་། །ངར་འཛིན་གྱི་ཕུང་བའི་རྟོག་བཅས་ལས་མ་འདས། །སྐྱབས་ཡུལ་གཞན་བཙལ་སྙམ་འགྲོ་འདུག་གི་སེམས་པ། །འདུ་འཛི་དང་རྣམ་གཡེང་ལྟད་མོ་རུ་ངོ་མཚར། །བྱར་མེད་དུ་གནས་ལ་སྙེམས་བྱེད་བདུད་ལྡང་ངོ་། །ཞེན་མེད་ཀྱི་ངང་ནས་གཟུ་བོ་ཡི་རྣལ་འབྱོར། །ཆོས་མེད་རང་མ་ཡིན་བློ་བདེ་ཞིག་དགོས་སོ། །རྣམ་རྟོག་གིས་བསླུས་བསླུས་ནང་བདུད་ཀྱི་མཚངས་མང་། །སེམས་ཉིད་ཀྱི་རང་བཞིན་ནམ་མཁའི་ཁམས་སྤྲོས་བྲལ། །མ་རིག་གིས་བཅིངས་ཤིང་བདག་ཡོད་ལ་ཞེན་པ། །མ་ཆོད་ན་རྣལ་འབྱོར་ཟེར་བ་དེ་ཧོ་ཧོ། །གཞན་ཁྲེལ་དང་རང་ཉིད་ཡི་མུག་གི་སྣོན་མ། །གདམས་ངག་གི་ཆར་རྒྱུན་རྡོ་ཐོག་ཏུ་བབས་བབས། །ལོ་འབྲས་སུ་སྨིན་པའི་ཉེར་སྤྱད་ལ་རུང་འདོད། །གཞན་དག་གི་གནམ་པོར་འགྱུར་བ་ཞིག་དེ་ཀོ །རོ་སྙོམ་གྱི་གཅོད་ཡུལ་རེ་དོགས་ལ་འབེབས་ནུས། །རྒྱ་ཡན་གྱིས་སྤྱོད་པ་རང་བབས་སུ་རྣལ་བཞག །སྤྲོས་བཅས་དང་དམིགས་པ་ཀ་དག་སུ་ལྷུན་འབྱམས། །ཤར་སྟོང་གི་རོལ་བའི་ལྟས་མོ་ལ་མ་ཞེན། ཆུ་ཟླ་ལ་རྒན་པོའི་བློ་གྲོས་བཞིན་གཟུར་གནས། །ཆ་ལུགས་ཀྱི་འཆོས་ཚུལ་མཛེས་མཛེས་ཞིག་མེད་ཀྱང་། །སངས་རྒྱས་དེ་ལག་མཐིལ་རི་མོ་བཞིན་ལྡན་འདུག །ཁ་ཕོ་རང་ཆེ་བ་བརྒྱུད་པ་ཡི་ལན་རེད། །དོན་རྩ་ན་མེད་པ་ང་རང་གི་མཚངས་ཡིན། །བཤད་བཤད་ནི་སྙན་པ་བླ་རྒན་གྱི་དྲིན་ཡིན། །ཐུགས་ཁྲེལ་དེ་ཡོད་པ་བླུན་པོ་ཡི་ཚིག་ཞིག །ཁྱད་པར་དུ་གཞན་གྱིས་གོ་བདེ་ཡི་གྲོང་ཚིག །གོང་འོག་ནི་མི་འགལ་ཚིག་ཀ་ལ་རྟོན་མིན། །དོན་བཟང་ལ་རྟོན་དང་བློ་ལྡན་ཞིག་དེ་ལགས། ཞེས་རིག་འཛིན་ཆེན་པོ་བདུད་འཇོམས་རྡོ་རྗེའི་རིགས་ཀྱི་མྱུ་གུར་སྐྱེ་སྲིད་འཛིན་པ་ཀུན་བཟང་བདེ་ཆེན་རྡོ་རྗེ་དང་འཇིགས་མེད་སྒྲ་དབྱངས་རྒྱ་མཚོ་འཇམ་དཔལ་དགྱེས་པའི་རྡོ་རྗེ་སོགས་ཀྱི་བཀའ་འབངས་ཡོངས་ཀྱི་ཐ་ཤལ་བ་བསྟན་པའི་བླ་བཙོང་དུག་ལྔ་དབྱར་གྱི་ཆུ་རྒྱུན་ལྟར་འཕེལ་བ་ག་གཱ་ཨ་བྷྱེའི་རྡོ་རྗེའི་མཆེད་ལ་ཐུགས་གསལ་ཡིན། །དགེའོ། །མངྒ་ལཾ། །

ཞལ་གདམས་སྐྱོན་མཚངས་འབྲུ་བ་སྙིང་གི་ཐུར་མ

ཞལ་གདམས་སྐྱོན་མཚངས་འབྲུ་བ་སྙིང་གི་ཐུར་མ་བཞུགས། །

ཨ་ཡེ། གང་ཞིག་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་དུ་བསྡུས་པ་ཡི། །སྤྱི་གཟུགས་སྐལ་བ་དགེ་བའི་ངོར་གཏད་ནས། །དྲིན་ཆེན་བླ་མར་ཤར་ལ་ཕྱག་འཚལ་ལོ། །ཞལ་གདམས་སྨྲ་བ་དམ་པའི་མཛོད་ལྡན་ལས། །དམན་པ་བདག་ལྟའི་ཡུལ་དུ་མ་གྱུར་ཀྱང་། །བསྐུལ་བའི་ངག་ལ་གདོང་བཟློག་ཡང་འབྲས་ཀྱིས། །ཅུང་ཟད་བརྗོད་འདིར་ཐུགས་དམ་མཐིལ་སོ་མཛོད། །ལར་ནི་དེང་སང་སྙིགས་མའི་གཞན་དབང་གིས། །མི་ཐུབ་ལྔ་བྱུང་གང་དུ་བལྟས་ནའང་། །དམ་པའི་ཚུལ་དང་མཐུན་པ་ཉིན་སྐར་ཙམ། །ལགས་ཀྱང་ཐམས་ཅད་མཚངས་ནས་མི་འབྲུ་སྟེ། །ང་དང་ཁྱོད་གཉིས་ངང་ཚུལ་མཚུངས་འདྲར་མཆིས། །རང་སྐྱོན་འཆད་ཀྱི་ཉིད་ལ་དེ་ཡོད་ན། །ཞལ་གདམས་མཚངས་ཐོག་ཁེལ་བ་ཞེས་བྱ་སྟེ། །དེ་ལ་གཉེན་པོ་འཚམས་པར་བརྟེན་ན་ལེགས། ཀྱེ་ལགས། བནྡྷེ་ཁྲིམས་ཉམས་བླ་མ་མཉམ་གྲོགས་ཀྱིས། །དད་པ་དག་སྣང་སྤུ་ཙམ་མེད་པ་དང་། །གཡོ་རྒྱུའི་ལྟག་བདུད་བྱེད་པའི་འདུན་ཕུག་གིས། །དངོས་སམ་ཟུར་གཏམ་སྨྲ་བའི་སྐྱོན་དང་གཅིག །ཆུང་ནས་དགེ་འདུན་མཉམ་འགྲོགས་བདུད་ཀྱིས་གཡེངས། །ཅི་མི་སྙམ་པའི་བརྙས་ཐབས་སྣ་ཚོགས་དང་། །ཕྲག་དོག་གཞི་ཡོད་མེད་པའི་ཚུལ་མིན་གྱིས། །སྒྲོ་བསྐུར་མ་གུས་བན་དྲེད་རྣམས་ཀྱི་སྐྱོན། །ཆོས་ལ་མཉམ་འགྲོགས་ཐོབ་གྲངས་མང་ངོ་སྐད། ཁས་ལེན་སླ་སྟེ་ཉམས་ལེན་དཀའ་བར་འདུག །ནེ་ཙོའི་ཁ་ནས་ཆོས་བཤད་མིན་ནམ་ཟེར། །ཞེ་ཁྲེལ་ཆོས་སྤངས་བན་དྲེད་རྣམས་ཀྱི་སྐྱོན། །ཚུལ་ལྡན་མཐོང་ན་བཟང་བརྫུ་མཁན་དུ་སེམས། །མཁས་པ་མཐོང་ན་ང་རྒྱལ་ཅན་དུ་རློམ། །རྟོགས་ལྡན་མཐོང་ན་མི་ཆོས་བླ་མར་དྲན། །དེ་ཡང་བན་དྲེད་བདག་གི་སྐྱོན་དུ་མཆི། །གྲུབ་ཐོབ་མཐོང་ན་བསླུ་བྲིད་མཁན་དུ་བལྟ། །བཟོད་ལྡན་མཐོང་ན་ཁས་ཞན་སྙོམ་ཆུང་དང་། །ཆོག་ཤེས་ཅན་མཐོང་འཁོས་མེད་མདོ་ཤོར་སྙམ། །འདི་ཡང་བན་དྲེད་བདག་གི་སྐྱོན་དུ་མཆི། །དགེ་བསྒྲུབ་མཐོང་ན་དགོས་སྣང་ཤར་རམ་ཟེར། །སྡིག་སྤང་མཐོང་ན་ཆས་ཆོད་དམོད་པར་བྱེད། ཁྲེལ་མེད་མཐོང་ན་དེ་ཡི་རྗེས་སུ་སློབ། །འདི་ཡང་བན་དྲེད་བདག་གི་སྐྱོན་དུ་མཆི། །དམེ་བོ་མཐོང་ན་ཚུལ་བརྗོད་བསྟོད་ར་བྱེད། །ཚོང་ཁེ་མ་བྱིན་ལེན་མཐོང་ཕོ་རྒོད་ཟེར། །རྟག་ཏུ་ངན་སྤྱོད་བྱེད་ཀྱང་ཕོ་བཟོ་མཐོ། །འདི་ཡང་བན་དྲེད་བདག་གི་སྐྱོན་དུ་མཆི། །དམ་ཆོས་མཐོང་ན་ཕྱིར་ཞིང་ཞེན་ཁ་ལོག །ནག་ཆང་མཐོང་ན་སྲེད་པ་མེ་ལྟར་འབར། །དཀོར་ཟས་མཐོང་ན་ཧབ་ཐོབ་རྔམས་ཟས་བྱེད། །འདི་ཡང་བན་དྲེད་བདག་གི་སྐྱོན་དུ་མཆི། །མཐོན་པོ་མཐོང་ན་ཁ་གསག་སུ་ལས་ཆེ། །སྤྲང་པོ་མཐོང་ན་ཞེ་སྡང་སུ་ལས་ཆེ། །སེམས་ཅན་མཐོང་ན་སྙིང་རྗེ་སུ་ལས་ཆུང་། །འདི་ཡང་བན་དྲེད་བདག་གི་སྐྱོན་དུ་མཆི། །དང་པོ་ཚུལ་ཁྲིམས་ཡོད་སྙམས་ང་རྒྱལ་སྦོས། །བར་དུ་སྡོམ་པ་ཤོར་སྙམ་ངོ་སོ་དམའ། །ཐ་མ་དྲེད་པོ་ངེས་འབྱུང་རྩ་བ་ཆད། །འདི་ཡང་བན་དྲེད་བདག་གི་སྐྱོན་དུ་མཆི། །སྐྱོན་ཞིག་ཡོད་ན་ངན་རྒྱབ་སྔགས་ཀྱི་འཚོ། །ཆོས་ཁྲིམས་བསྡམས་ན་གཅིག་རྒྱབ་གཅིག་གིས་བསྲུང་། །རྟག་ཏུ་ཁྱིམ་གྱི་ཁ་འཛིན་གཡེངས་བས་བྲེལ། །འདི་ཡང་བན་དྲེད་བདག་གི་སྐྱོན་དུ་མཆི། །ཕྱི་ཚུལ་ངན་པའི་འདོད་ཆགས་མི་སོད་དེ། །ཁྱིམ་པ་སུན་འབྱིན་འདི་ལ་དགོས་འབྲས་མེད། །མ་འཁྱུད་ཚིམ་པ་མེད་པའི་དུས་ཡིན་པས། །འཁྲིགས་ཚིག་ཁྲོམ་བཤད་འདི་ཡང་བན་དྲེད་སྐྱོན། །བསོད་ནམས་མེད་ན་ལོངས་སྤྱོད་མི་འབྱུང་བས། །སྡིག་པའི་ཉོ་ཚོང་འདི་ལ་དགོས་པ་མེད། །སྡོམ་པ་གསུམ་ཀ་བརྒྱ་ལ་མ་བསྲུང་ཀྱང་། །སྐྱབས་འགྲོ་མེད་པ་འདི་ཡང་བན་དྲེད་སྐྱོན། །རྩིག་རྨང་མེད་པའི་ཁང་བ་ངོ་མཚར་ཆེ། །གཞི་རྟེན་མེད་པའི་སྡོམ་པ་ངོ་མཚར་ཆེ། །སྐྱོན་འདི་ཁྱིམ་པ་ངེད་ཚོར་སྨོས་ཅི་དགོས། །དགེ་སྦྱོངས་ཆོས་བཞི་ལྡན་པའི་མེད་དོ་ལོ། །ཨེ་མ་འདི་འདྲ་མཐའ་མི་མངོན་པ་ཡི། །མང་པོ་བརྗོད་ན་རང་གིས་རང་ལ་ཁྲེལ། །གཞན་གྱི་སྔོན་ནས་དེ་ལས་སྨ་མི་ཕབས། །ད་ནི་ཁ་གཡང་འབོད་པའི་དུས་ལ་བབས། །ད་རིས་དལ་འབྱོར་རིན་ཆེན་ལག་ཏུ་ཐོབ། །དོན་མེད་རྡོ་བཞིན་ཨེ་བོར་ཁྱེད་ཅིག་མཁྱེན། །འཆི་བདག་བདུད་ནི་སྐད་ཅིག་གཅིག་མི་སྡོད། །མ་ཚོར་ཐ་མར་ལུས་སམ་ཁྱེད་ཅིག་མཁྱེན། །འཁོར་བ་མེ་ཡི་འོབ་ལ་བསིལ་བ་མེད། །སྡུག་བསྔལ་བདེ་བར་ཨེ་རྩི་ཁྱེད་ཅིག་མཁྱེན། །དཀར་ནག་ལས་འདི་ཀུན་བྱེད་མཁན་པོར་གྲུབ། །སྤོངས་ལེན་ཕྱིན་ལོག་མ་བྱེད་ཁྱེད་ཅིག་མཁྱེན། །བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི། །རྗེས་སུ་ཟིན་པར་མཛོད་ཅིག་ཁྱེད་ཅིག་མཁྱེན། །བྱང་ཆུབ་སེམས་བསྐྱེད་སངས་རྒྱས་རྒྱུ་རུ་ངེས། །འདི་ལ་གལ་ཆུང་མ་བྱེད་ཁྱེད་ཅིག་མཁྱེན། །དཀྱིལ་འཁོར་དབང་ཕྱུག་དྲིན་ཆེན་བླ་མ་ལ། །དད་གུས་དག་སྣང་མ་ཆུང་ཁྱེད་ཅིག་མཁྱེན། །གསང་སྔགས་ཐམས་ཅད་དབང་ལ་བརྟེན་ནས་འགྲུབ། །ཆུ་བོ་རྒྱུན་མི་བཅད་པ་ཁྱེད་ཅིག་མཁྱེན། །དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ཡིན། །གལ་ཆུང་ཞོལ་ལུས་མ་བྱེད་ཁྱེད་ཅིག་མཁྱེན། །མ་ཐོབ་བར་དུ་ཤེས་པར་མི་འགྱུར་བས། །སྒྲོ་འདོག་ཕྱི་ལྟར་ཆོད་ཅིག་ཁྱེད་ཅིག་མཁྱེན། །མགོ་གནོན་གཉེན་པོ་བསྒོམ་བྱུང་རྒྱུ་ཡིན་པས། །བསམ་པའི་ཤེས་རབ་བསྐྱེད་ཅིག་ཁྱེད་ཅིག་མཁྱེན། །རྩ་བ་དྲུངས་ནས་བྱུང་བའི་གཉེན་པོ་བ། །བསྒོམ་བྱུང་ཤེས་རབ་བསྐྱེད་པར་ཁྱེད་ཅིག་མཁྱེན། །ཐ་སྙད་མཁས་ཀྱང་ཁ་རྒྱལ་རྩོད་རྒྱུ་མེད། །དགོས་མེད་ལིང་གིས་བསྐྱུར་ཅིག་ཁྱེད་ཅིག་མཁྱེན། །རྒྱུ་རྫས་ཡོད་ཀྱང་ཕྱི་མ་ཁྱེར་ས་མེད། །ཆོས་རྒྱགས་གྱིས་ལ་བསྒོམ་ཞིག་ཁྱེད་ཅིག་མཁྱེན། །རྩི་སྒོ་ཡོད་ཀྱང་ཕྱི་མ་ཕན་ཐོགས་མེད། །སྟོང་རྒྱུག་བཤད་དགའ་མ་ཆེ་ཁྱེད་ཅིག་མཁྱེན། །མཁྱེན་ནོ་མཁྱེན་ནོ་ཁྱེད་གཅིག་མཁྱེན་ལ་ཐོངས། །ངས་ནི་ཁྱེད་ལ་གསང་རྐུང་ཅུང་ཟད་མེད། །ལེགས་བཤད་བྱིས་པའི་ཁ་ནས་བྱིན་ཟིན་གྱི། །ད་ནི་མ་འགྱང་བསྒོམ་སྒྲུབ་དང་དུ་ལོང་། །བློ་ལྷག་ངེས་པར་ཡོང་ངོ་ཁྱེད་ཅིག་མཁྱེན། །ཕྱི་ཚུལ་ང་ལ་མེད་དེ་རྫ་བུམ་འདྲ། །ནང་བཅུད་མ་དཱ་ན་ཡིས་མི་མཚུངས་བའི། །རིག་འཛིན་བརྒྱུད་པའི་ཞལ་ཆབ་དངར་བོ་ཡོད། །ཐེ་ཚོམ་ཅུང་ཟད་མི་དགོས་ཁྱེད་ཅིག་མཁྱེན། །ས་དགེ་ཀར་འབྲུག་ཕྱག་ཆེན་ཉམས་ལེན་དེའི། །མདོ་སོ་འདི་ལ་འདུས་སོ་ཁྱེད་ཅིག་མཁྱེན། །བསྐྱེད་རྫོགས་སྒྱུ་འོད་དགོངས་མིན་མཐར་ཐུག་གི །ངེས་དོན་འདི་ལས་མེད་དོ་ཁྱེད་ཅིག་མཁྱེན། །གང་ཟག་ཕོ་མོའི་བརྟེན་ལ་ཁྱད་མེད་པས། །སྒྲུབ་གཞི་འདི་ལ་རུང་ངོ་ཁྱེད་ཅིག་མཁྱེན། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཐམས་ཅད་ཀྱི། །མཐར་ཐུག་སྐྱེལ་སོ་ཡིན་ནོ་ཁྱེད་ཅིག་མཁྱེན། །བུམ་གསང་ཤེས་རབ་བཞི་བའི་དབང་རྣམས་ཀྱི། །ལམ་གྱི་གནད་ཀྱང་ཚང་ངོ་ཁྱེད་ཅིག་མཁྱེན། །རིམ་ལྔ་སྦྱོར་དྲུག་ལ་སོགས་ཟབ་ཟབ་ཀྱང་། །བཞི་པའི་ཡེ་ཤེས་ཡོངས་གཅོད་མཐོང་མིན་པས། །ད་ནས་རྒྱན་མེད་དགྲ་བཅོམ་ཅི་བཞིན་དུ། །མངོན་རྟོགས་རིམ་པའི་ཡོན་ཏན་གསལ་རྫོགས་ཀྱིས། །མ་ཁྱབ་པ་ལས་ཐལ་བས་བཀབ་པའི་མེས། །མི་བསྲེགས་ཞེས་སུ་སྦས་པའི་རྣལ་འབྱོར་སྨོད། །ཁྱོད་མ་མཐོང་བའི་རྒྱུ་མཚན་མ་ངེས་པའི། །ལྟར་སྣང་རྗེས་དཔག་སྤྱོད་ཡུལ་གྱུར་པ་ཡི། །འཕགས་པའི་མཉམ་བཞག་དེ་ལ་རེ་སྨོན་མེད། །ཇི་ལྟར་ཉི་མས་ཕྱེ་བའི་པདྨ་འཛུམ་པ་ལས། །སྦྲང་རྩིའི་དགའ་སྟོན་བུང་བའི་ལུས་ཁམས་གསོས་སུ་སྨིན། །དེ་བཞིན་རྟོགས་པའི་སྣང་བའི་རྣམ་པར་རྗེས་ཐོབ་པའི། །བདུད་རྩིའི་བགོ་བྱ་འགྱེད་འདི་གཞན་དགའི་སྟོན་ཆེན་ཡིན། །ཅེས་ཀྱང་སྨྲ་བའི་སྤོབས་མེད་ཀྱང་། །ཁ་གཡང་བོས་པ་ཡིན་ནོ་ལགས། །འདི་ཡི་སྨྲ་གཞི་ཆོས་ཡིན་པས། །ཕན་པའི་སེམས་ཀྱིས་བསླང་བ་ཡིས། །དགེ་བའི་རྩ་བ་ཡོད་ཀྱང་སྲིད། །ཡོད་ན་མཁའ་ཁྱབ་སེམས་ཅན་ཀུན། །ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི། །གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ། །མ་བརྟགས་བྲེལ་དང་མི་དཔོག་རྒྱུ། །གང་ཟག་རྒྱུད་ཚོད་མ་ཤེས་དང་། །རྨོངས་ཕྱིར་སྦྱངས་བརྩོན་མེད་ཕྱིར་གྱི། །འགལ་འཁྲུལ་ཡོད་ན་མཁས་ལ་བཤགས། །ཚིག་བཅད་རྐང་བས་དམན་པ་དང་། །གྲོང་ཚིག་གསལ་དང་བསྐྱར་བཟློས་སོགས། །ཁྱབ་དང་དབང་ཕྱུག་གྲུབ་མཐའ་ལས། །ཡང་དག་རྟོན་འདིར་སྐྱོན་མ་ཡིན། །ཅེས་ཀྱང་ག་གཱ་ཞེས་སྔགས་མིང་དུས་མཐར་སྐྱེས་པ་དེའི་བྲེལ་ཚུབས་ཀྱི་ངང་ནས་འབྲོག་རི་བ་འཇིགས་དགའ་ལ་སྨྲས་སོ། །༈ རྐྱེན་ངན་རྩ་བ་ངར་འཛིན་འདི་ལ་ཐུག ། འདྲེ་གདོན་རྩ་བ་རྣམ་རྟོག་ཡིན་ནོ་ལོ། །རྩུབས་ན་རྩུབས་ན་འཁོར་བའི་སྡུག་བསྔལ་རྩུབས། །གདོན་ན་གདོན་ན་ཉོན་མོངས་དུག་ལྔའི་གདོན། །ཞེས་ཟེར་རོ། །

སྐྱོན་མཚངས་སུན་འབྱིན་ཡོན་ཏན་གསལ་བྱེད་སྒྲོན་མེ།

སྐྱོན་མཚངས་སུན་འབྱིན་ཡོན་ཏན་གསལ་བྱེད་སྒྲོན་མེ་བཞུགས་སོ། །

སྒྲ་དབྱངས་རྒྱལ་པོ་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀྱི་ངོ་བོ། །གང་འདུལ་སྤྲུལ་སྐུ་ཡི་འབྱུང་གནས། །ཀུན་བཟང་ཆོས་སྐུ་དང་དབྱེར་མེད། །སྒྲ་དབྱངས་རྒྱལ་པོ་དེ་མཁྱེན་ནོ། །ང་མན་ངག་ལུང་གི་སློབ་དཔོན་ལ། །འཆལ་བར་སྨྲ་བ་ཉམ་ཉེས་གནས། །འོན་ཀྱང་དམ་ཚིག་མ་བསམ་རུང་། །བློ་ཆུང་གྲགས་པ་གཉེར་བ་དང་། །མི་ཤེས་ང་རྒྱལ་༡ཆེན་པོ་དང་། །ཞེ་ནས་ཆོས་ལ་སྡང་༢བ་དང་། །མ་རྟོགས་ཐེ་༣ཚོམ་དྲི་བ་རྣམས། །གཞན་ཡང་ཕྲག་དོག་༤མ་རུང་ཅན། །ཉོན་མོངས་གདོན་༥གྱི་ཟིན་པ་སྟེ། །ཅི་མཛད་ཆོས་སུ་མཐོང་བ་ཁྱེད། །དེ་ལ་དགོངས་པ་མི་འཚམས་ཞུ། །དགེ་སྦྱོངས་ཆོས་བཞི་མི་ལྡན་ན། །སྔགས་པ་དེ་ལ་སྡོམ་པ་༦མེད། །རང་གཞན་གྲུབ་མཐའ་སྨོད་པ་ཡི། །སྔགས་པ་དེ་ལ་སྡོམ་པ་༧མེད། །བླ་མ་མཆོག་དང་བླ་མའི་སྲས། །རྡོ་རྗེའི་སྤྱི་རིང་ཉེ་བ་ལ། །སྨོད་པར་བྱེད་པའི་སྔགས་པ་ལ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་༨མེད། །གཞན་ཡང་ལོག་པར་ལྟ་བ་ཉིད།།སྡིག་པ་དེ་ལས་ལྕི་བ་༩མེད། །གང་ཟག་ལོག་ལྟའི་ལེགས་སྤྱད་ཀྱང་། །ལོག་སྤྱོད་མ་རུང་ཐར་བ་༡༠མེད། །དེ་ཚོ་གཞན་གྱི་མེད་ལུགས་ཡིན། །རྒྱུ་ལྔ་མེད་ལྔ་བསྡོམ་པས་བཅུ། །དེ་ལ་ཡོད་པའི་སྐྱོན་བརྒྱད་དེ། །ཡང་ན་ང་༡རྒྱལ་ཕྲག་དོག་༢ཡོད། །ཡང་ན་མཁས་པའི་གྲགས་པ་༣ཡོད། །དེ་ལས་ལྷག་སྙམ་༤བཟོ་མ་ཡོད། །གཞན་ལ་ལྟ་ལོག་བསྐྱེད་པ་༥ཡོད། །བླ་མས་བླ་མར་འགྲན་༦འདོད་ཡོད། །མངོན་ཤེས་ཟོལ་གྱིས་བསྒྲུབ་འདོད་དེ། །སྟག་མིའི་བུ་སོགས་ཚོལ་༧དུ་ཡོད། །ཞེ་ནས་འགྲེས་པའི་མི་དག་ལ། །གཏོ་ལོག་སྐར་ངན་སྦྲ་ཕུབ་བཅུག །དེ་འདྲའི་བྱང་ཆུབ་སེམས་བསྐྱེད་༨ཡོད། །དེ་ཚོ་ཡོད་པའི་ཚན་གྲངས་ཡིན། །གཞན་ཡང་སྐྱོན་ནི་བསམ་ཡས་འབྱུང་། །ང་གཞན་སེམས་ཤེས་པའི་རྣལ་འབྱོར་ལ། །ཀུན་གྱི་འཁུ་འཁྲིག་ཟ་ཡོད་ཀྱང་། །དོན་ལ་གནས་པའི་མངོན་ཤེས་མེད། །ཕོ་རོག་མངོན་ཤེས་ཐང་ག་བས། །གཞལ་ན་ཐེ་ཚོམ་ཟར་མེད་ཀྱང་། །ཉིད་ལ་ཅི་གསུང་བལྟས་པ་འདྲ། །དེ་ཡང་བླ་མ་གྲོགས་གཉན་པའི། །ཉེས་པ་ཞོར་ལ་སོགས་པ་འདྲ། །རྡོ་རྗེ་འཆང་དངོས་ཀུན་བཟང་བར། །ཡང་དག་དད་པ་མ་འབྱོར་བས། །ལྟ་ཟབ་རྟོགས་པའི་ཉམས་མྱོང་ལ། །སྔ་སོར་བྱུང་དང་དམ་པའི་དྲུང་། །གཟེང་བསྟོད་ཐོབ་པའི་ཡང་དག་བཀའ། །ཟོལ་དུ་མཐོང་ཞིང་ཐེ་ཚོམ་པས། །དོན་གྱི་ཉམས་མྱོང་མ་ཤེས་པར། །ཚིག་ལ་ཆོས་ཀྱི་བཤད་པ་སྟེ། །རྩ་བ་བླ་མའི་གསུང་སོར་བཞག །བརྗོད་སྒྲོས་འདི་ལྟར་ལེགས་སྙམ་པས། །མར་ལ་ཆོས་བཤད་བྱེད་དུས་སུ། །ཡར་ལ་མཆིད་སྒྲོས་འདོག་གི་འདུག །དོན་དེ་དོན་ལ་ཟབ་པ་ན། །ཚིག་ལ་རྟོན་ཅིང་དོན་བོར་བ། །ཁ་དཔེ་ཙམ་གྱིས་ཞུ་བ་པོ། །མི་རུང་སྙམ་ནས་ཐལ་མོ་སྦྱར། །གཤིན་རྗེ་ཆོས་རྒྱལ་ལ་གསང་ནས། །ཁ་ཁོག་མི་མཚུངས་མི་དེ་མཚར། །རེག་པས་གྲོལ་བའི་གང་ཟག་ལ། །ཕོ་མོའི་ཁྱད་པར་དབྱིངས་སུ་དག །བཅིང་བས་གྲོལ་བའི་ཙཀྲ་དེ། །སུས་ཀྱང་ཡུལ་ལ་ཁྱད་པར་མེད། གནས་སྐབས་དོན་དང་མཐར་ཐུག་གོ །ནམ་དུས་བྱེད་ལ་དགོས་བབས་རེ། །ཐུགས་རྗེ་ཡེ་སྤྲུལ་མཁན་པོ་རེ། །གྲོང་ཆོག་བྱེད་པའི་གཞན་དོན་ཉིད། །འཆད་སོགས་འབྲེལ་བ་མེད་པ་སྟེ། །ལྟ་བ་ལོག་པའི་གང་ཟག་ལ། །ཕན་ཐོགས་འབྲེལ་བ་དེ་ཙམ་རྟགས། །དེ་ཚོ་ཡིན་ལུགས་བཤད་པ་སྟེ། །གནད་མཚངས་དྲུངས་ནས་འབྱིན་པ་ནི། །སྙིང་ལ་ཕོག་པར་མ་བྱེད་པར། །གདམས་ངག་མཆོག་ཏུ་ཟུང་ཤིག་ཀྱེ། །ཨ་ཙ་མ་སྟེ་ཉེས་པའི་གཡང་། །མིག་བཙུམ་འཕྱོང་ཀྱང་རྗེས་མི་འབྲང་། །ལོང་བས་སྨྱོན་པའི་རྗེས་སུ་འདྲ། །འདི་ནི་འགལ་ཞེས་སྨྲ་ན་ཡང་། །འགལ་བའི་རྟགས་སུ་སྲ་བསྲེ་བཀོད། །ཐོས་གྲོལ་བཀའ་བརྒྱད་གཉིས་པོ་ལ། །ཤུགས་ལ་ཐལ་བ་གླན་ ༼ ཀླན་དཔྱད། ༽གྱིན་གདའ། །དེ་གཉིས་བསྲེས་པ་བསྐྱེད་རྫོགས་མིན། །ཞེ་ན་ཆོས་སྤངས་མི་འདུག་གམ། །བསྐྱེད་རྫོགས་གཉིས་ཞིག་མིན་ནོ་ནའང་། །ཆོ་ག་མིན་ཞེས་བརྗོད་པ་ན། །རྒྱུད་རྣམས་ཀུན་ན་སྦྱོར་སྒྲོལ་དེ། །ཆས་ཆོད་བྱེད་དམ་ལེགས་པར་སོམས། །ཡང་ན་ང་རང་ལྟ་ལོག་པའི། །རྒྱུ་མཚན་ཡོད་ན་དེ་སྨྲོས་ཤིག ། མ་ངེས་རྟགས་ཏེ་གྱི་ནར་ཟད། །ཐོས་གྲོལ་བཀའ་བརྒྱད་ཟེར་བ་གཉིས། །ལྷ་ཚོགས་ངོ་བོ་གཅིག་པ་ཡིན། །གང་གི་ཆོ་ག་བྱས་ཀྱང་ཆོག །སྨྱོན་པ་རྡོལ་ཐབས་སྨྲ་བ་ལེགས། །བསྐྱེད་པ་རྐྱང་བ་མ་ཡིན་ཏེ། །དེ་འདྲ་མུ་སྟེགས་པ་ལ་ཡོད། །རྫོགས་རིམ་རྐྱང་བ་ཐབས་མེད་མིན། །ཐབས་མཁས་བསྐྱེད་རྫོགས་ཟུང་འཇུག་གམ། །ང་ཡི་བཀའ་བརྒྱད་ལ་བཏགས་ཏེ། །གནས་སྐབས་བབས་སུ་བྱས་པའང་། །དུ་བ་ཡོད་པའི་རྟགས་ཉིད་ཀྱི། །རྗེས་སུ་མེ་ཡོད་དཔོག་མ་ནུས། །ལས་སྦྱོར་ཡོད་པའི་རྟགས་ཉིད་ཀྱིས། །ཡན་ལག་གཞན་ཡོད་མི་ཤེས་པ། །མཁས་རློམ་དེ་ནི་མིག་རྒྱང་ཐུང་། །དགོས་སུ་ཆོ་ག་མེད་ཀྱང་རུང་། །ཞལ་བསྒྱུར་གང་ལའང་མི་རུང་ན། །ཤནྟིཾ་པུཥྚིཾ་ཝ་ཤཾ་རྣམས། །ཆོ་ག་ཀུན་ལ་ཡོད་མི་རུང་། །དམིགས་པའི་ལྡེ་ཁའང་བསྒྱུར་མི་རུང་། །ལར་ཆོ་ག་མེད་པའི་ལས་སྦྱོར་དུ། །ངན་སྔགས་དུག་སྦྱོར་ལ་ཡོད་ཀྱང་། །དཀོན་མཆོག་གསུམ་ལ་བརྟེན་པ་མེད། །གསལ་གསུམ་གསོ་འཚངས་རྫོང་འཕྲང་སྲོག །ཚིག་གིས་རྩལ་དུ་མ་བཏོན་ཉིད། །དོན་ལ་མེད་པ་ག་ལ་ཡིན། །ཐོས་གྲོལ་གནོད་བྱེད་མ་རཱ་ཕཊ། །དེ་ཡང་ཅི་འདྲ་བསམ་པར་གྱིས། །མ་ཚང་བསྒྲལ་ལས་ཞིག་དུ་ངེས། །གཞན་ཡང་དེ་འདྲ་བསམ་མི་ཁྱབ། །ཕྲིན་ལས་བཅོལ་ན་འདིར་ཡང་མཚུངས། །རྣལ་འབྱོར་ལྡན་ན་འདིར་ཡང་མཚུངས། །བྱང་ཆུབ་སེམས་སྐྱེས་བསྒྲལ་འདྲེན་ནུས། །དེ་ལྟ་ན་འདི་བསྒྲལ་བར་ངེས། །གཞན་དུ་ལས་ངན་རྒྱུན་བཅད་ཅིང་། །བྱང་ཆུབ་སྐྱེ་ཕྱིར་མནན་པར་ངེས། །མནན་བསྒྲལ་ཟུང་གི་ཁྱད་ཆོས༡་ལགས། །གང་ལ་གདགས་ཀྱང་ཆོག་པ་དེ། །ཕྲིན་ལས་བདེ་བླག་གི་ཁྱད་ཆོས༢་ཡོད། །སྒེར་དུ་ཡོད་པར་དཔག་པས་ཤེས། །འཛད་མེད་ཀློང་རྡོལ་གྱི་ཁྱད་ཆོས༣་ཡོད། །གང་བྱས་འགལ་བ་མེད་པ་འདིའི། །ཆོས་ཅན་དུམ་བུར་གཞིག་པའི་ཁྱད་ཆོས༤་ལགས། །ལྷ་བསྐྱེད་ཡོད་ཀྱང་ཆོག་པ་མེད། །ཨ་འཐས་རྫ་མ་འཆའ་བ་དེ། །གཞན་ལ་བསམ་པ་ངན་པས་སྦྲན། །ཆོས་ལ་བརྟེན་ནས་ལས་ངན་སོགས། །དེ་འདྲ་མིན་པའི་ཁྱད་ཆོས༥་ཡོད། །ལྷ་བསྐྱེད་དམ་ཚིག་སེམས་དཔའ་གསལ། །ཡེ་ཤེས་སེམས་དཔར་བྱིན་རླབས་ཞུ། །དེ་ཉིད་ཐིམ་པས་ནུས་ལྡན་པ། །ལྷ་གཞན་དུ་གོལ་བ་མ་ཡིན་ནམ། །དེ་འདྲ་མིན་པའི་ཁྱད་ཆོས༦་ཡོད། །བྱེད་པོ་དབང་ཕྱུག་གསེར་མདོག་ཏུ། །རེ་བས་ལྟོས་ཐག་འཆའ་བ་འདྲ། །འགལ་དང་འགལ་ན་དེ་ལ༡་འགལ། །ཡེ་ཤེས་སེམས་དཔའ་རང་ཡིན་གྱི། །མི་ཆེན་དཔོན་ལ་རེ་བ་མིན། །རྨ་རྒྱལ་སྤོམ་རའི་ཤེད་གཡར་ཞེས། །བྱིས་པའི་ཁ་སྲོལ་བདེན་ནམ་ཅི། །སངས་རྒྱས་རང་ཉིད་ཡིན་པའི་ཕྱིར། །མ་རིག་དུས་ན་མ་ཉམས་ན། །རིག་ན་རང་ཐོག་རང་གྲོལ་བ། །དམ་ཚིག་སེམས་དཔའ་གེགས་མེད་ཡིན། །མིན་ནས་ཡིན་མདོག་བྱས་པ་མིན། །ཟླ་བ་གྲགས་པའི་ཕ་བཞིན་དུ། །བློ་རྒྱ་བསྐྱེད་ལས་ཁྱད་པར༧་འཕགས། །རང་གི་ཐབས་མཁས་མ་ཡོད་ནས། །ཡེ་ཤེས་ལྷ་ཡི་ལག་དམར་དེའི། །ཆགས་སྡང་དབང་གི་ཁྱོད་ཟེར་བཞིན། །སྲོག་ལ་འགམ་ན་འབྱུང་པོའམ། །སངས་རྒྱས་མིན་པར་ཐག་གི་ཆོད། །འགལ་དང་འགལ་ན་དེ་ལ༢་འགལ། །གདན་གསུམ་ཚང་བ་ལྷ་ཡི་དལ། །ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་ཡིན། །ཚིག་གི་བརྗོད་པ་དོན་ལ་གནས། །གསར་དུ་བསྐྱེད་ལས་ཁྱད་པར༨་འཕགས། །ཁྱོད་ཀྱི་དགྲ་བོ་འཆི་བདག་དེ། །ཐལ་འཛོ་ཞིག་དུ་ཡིན་མདོག་གྱིས། །ས་ལ་ས་མདའ་ཞིག་གིས་རྒྱོབ། །ག་ཤེད་ནས་གཤེད་པོ་ཆེན་པོ་བྱོན། །འཆི་བདག་བསད་དོ་སེམས་པས་ཆོག །ཁྱོད་རང་བསྒྲལ་ལས་དེ་འདྲར་ཟད། །འགལ་དང་འགལ་ན་དེ་ལ་༣འགལ། །ལྷ་རང་ཉིད་ཡིན་པ་མ་མཐོང་ན། །བོང་བ་གསེར་དུ་མི་འགྱུར་བཞིན། །གསར་དུ་བསྐྱེད་པའི་བྱ་ཐབས་བྲལ། །སྣང་གྲགས་རིག་གསུམ་ཆོས་ཉིད་ལས། །འདའ་བ་མེད་སྟོན་ཁྱད་པར་༡༠འཕགས། །ལར་ལྷ་བསྐྱེད་མེད་ཀྱང་མི་ཆོག་སྟེ། །ལྷ་ཡིན་ནས་གཞན་ཚོལ་དེའི་མི་ཆོག །ཡོད་པ་ཕུག་དུ་བཞག་ནས་ཀྱང་། །མེད་པ་གསར་དུ་དོན་གཉེར་བ། །འགལ་དང་འགལ་ན་དེ་ལ་༤འགལ། །དཀྱིལ་འཁོར་གསུམ་གྱི་རང་བཞིན་ལ། །ཕྲིན་ལས་སྒྲུབ་པར་མི་ནུས་ནས། །ད་གདོད་ཤ་བའི་ཐད་ཀྱི་མདའ། །མོས་པ་ལམ་བྱེད་ལྟ་དགོངས་མཐོ། །སྙམ་པ་དེ་ལས་ཁྱད་པར་༡༡འཕགས། །མ་ཚང་རྟེན་འབྲེལ་རྫས་མཚོན་གྱིས། །བསྒྲལ་མནན་གཉིས་མིན་འདྲ་བ་འདི། །གཞན་གྱི་ལུགས་ལ་འགལ་གྱུར་ཀྱང་། །ང་ཡི་ལུགས་ལ་འབྲེལ་ཞིང་བཟང་། །བསྐྱེད་རིམ་མིན་ན་རྫོགས་རིམ་ཡིན། །རྫོགས་རིམ་མིན་ན་བསྐྱེད་རིམ་ཡིན། །ཡང་ན་མུ་སྟེགས་ལུགས་ཞེས་སུ། ཁྱོད་རང་སྨྲ་བར་སྤོབས་སམ་ཅི། །གང་ཡང་ཐུགས་དམ་གནད་བསྐུལ་འདིའི། །བྱས་ལ་འགལ་བ་ཡོད་མ་ཡིན། །སྟོབས་བཅུ་ལྡན་སོགས་ཞིང་རྣམས་ལ། །བསྒྲལ་འདྲེན་མནན་པའི་ནུས་པ་ཡོད། །དགྲ་ཆོས་མ་གཡེལ་ཟེར་བ་དེར། །ཁྱད་པར་དབྱེ་བ་དཀའ་བ་འདུག །རྫོགས་རིམ་རྣལ་འབྱོར་ལ་ལྡན་གྱི། །རྒྱུད་ཤེས་མཁྱེན་ལྡན་མིན་པས་ཅི། །ཡིན་རྒྱུ་མེད་པའི་ཆོས་ཉིད་ལ། །ཡིན་ཏུ་རྟོག་ན་མཚན་མར་བལྟས། །མིན་རྒྱུ་མེད་པའི་དག་མཉམ་ལ། །མིན་ཞེས་བསལ་བས་ཡོད་ཁས་བླངས། །ཡོད་པ་རྟག་པར་ལྟ་བ་ཞིག །ཡང་ན་ཆད་པ་ལས་གཞན་བྲལ། །ལྟ་མིན་གང་ཏང་རུང་བ་དེ། །འགལ་དང་འགལ་ན་དེ་ལ༥འགལ། །ལྷ་བསྐྱེད་ཡོད་ཀྱང་ཆོག་པ་སྟེ། །མཉམ་རྗེས་གཉིས་མེད་མ་འདྲེས་པར། །མཚན་མ་ཅན་གྱི་ངོར་བྱས་སོ། །ལྷ་བསྐྱེད་མེད་པའང་མ་ཡིན་ཏེ། །གདན་གསུམ་ལྷ་རུ་ཡེ་གནས་ལ། །ཡིན་པར་སྐད་ཅིག་དྲན་རྫོགས་སུ། །གནས་ཚུལ་རང་ཞལ་བལྟས་པ་ན། །གྲབ་ཤོམས་རྒྱས་རྒྱས་བྱེད་མེ་དགོས། །ང་དང་ལྟ་སྤྱོད་མ་མཐུན་པས། །ང་ལ་འགལ་བ་མཐོང་བ་སྟེ། །ཁྱོད་དང་ལྟ་སྤྱོད་མ་མཐུན་པས། །ཁྱོད་ཀྱང་འགལ་བར་ང་ཡི་མཐོང་། །གཅིག་ལ་ཚང་བ་ཀུན་དགོས་ན། །ཉན་ཐོས་ཐེག་ཆེན་ལམ་གཉིས་ཀྱི། །བདེན་བཞི་ཡོད་མེད་ལ་སོམས་དང་། །ཡོད་པ་བདེན་ན་ཁྱོད་ལྟ་ལྷག །མེད་པ་ལྟ་ན་ནམ་མཁའ་བཞིན། །ང་ལ་ཆོག་པའི་རྫས་མཚོན་འདིའི། །ཁྱོད་རང་མི་ཚིམ་སྤྲོས་ལ་དགའ། །ང་གོང་ནས་གོང་དུ་ཕྱིན་ཙ་ན། །ད་རུང་ལྟོས་པ་ཇེ་ཆུང་ལགས། །དེ་ལས་ལྷག་པ་ཟད་པ་ན། །རྫས་མཚོན་ཙམ་ཡང་མི་དགོས་སོ། །མནོལ་བསང་ལྷ་ཆབ་སྔོན་མོ་དེ། །རྫས་སྦྱོར་རེད་དམ་བསྐྱེད་རྫོགས་རེད། །གསེར་འོད་གཡང་སྐྱབས་ཅི་ཞིག་འདུག །རྒྱུ་མཚན་བསམ་མི་ཁྱབ་པ་ཡོད། །ལར་རྡོ་རྗེ་སྡེར་མོ་ཉུང་ངུ་དེ། །དུག་སྦྱོར་རེད་དམ་བསྐྱེད་རྫོགས་རེད། །འཁོར་ལོ་འབར་བའི་ཙཀྲ་དེའི། །སྲི་བཟློག་ནུས་པ་ཡིན་གྲང་དང་། །བསྐྱེད་རྫོགས་མེད་པ་རེད་དམ་ཅི། །ཐོལ་གྲོལ་ཡིན་ཀྱང་བསྐྱེད་རྫོགས་ཡིན། །བཀའ་བརྒྱད་ཡིན་ཀྱང་དེ་ལྟར་ཏེ། །དངོས་ནས་གང་ཡང་མིན་ཟེར་ཞིང་། །ཤུགས་ལ་ཡིན་པའི་རྣོ་ཞིག་གདགས། །བསྐྱེད་རྫོགས་གཉིས་མིན་གང་ན་གདའ། །རང་ཚིག་འགལ་བ་ལྟག་སྤྲོད་ཐལ། །རྒྱལ་བ་ཁྲོ་ཚོགས་མ་ལགས་པའི། །ཁྱོད་ལ་སྒྲོལ་བྱེད་གཞན་ཡོད་པ། །བཀའ་སྲུང་དྲེགས་པ་ཡིན་གྱུར་ན། ཁྱོད་དོན་དེ་ཡི་བསད་པའི་སྡིག །གང་གི་ཁུར་དུ་མི་འགྱུར་ཀྱང་། ཁྱོད་ལ་ངེས་པར་ཉེ་བར་འགྱུར། །གསལ་བ་གསུམ་པོ་མི་རུང་སྟེ། །འགལ་དང་འགལ་ན་དེ་ལ༧་འགལ། །གལ་ཏེ་ཡི་དམ་སྒོར་མི་རུང་། །སྨྱོན་ཚིག་བབས་བཅོལ་བྱ་མི་དགོས། །སོ་སོའི་སྐྱེ་བོའི་འཁོར་བ་དང་། །རྣལ་འབྱོར་ཟས་གོས་འཚོ་རྐྱེན་ཕྲན། །ཕྱོགས་ཙམ་འདྲ་ཡང་ཡོངས་སུ་མིན། །མི་ལྡན་དེ་ལ་བསྲུང་བསྲེལ་ཆུང་། །ཚིག་གི་ངལ་བ་དོན་གཉེར་བས། །སྤྲོས་པ་དག་ལ་དགའ་བ་དང་། །དེ་མེད་པ་དང་རབ་ཏུ་མེད། །གོ་རིམ་མཐོ་དམན་འཛོལ་བ་ལ། །མ་རྟོགས་སྐྱོན་དུ་བརྗོད་བྱེད་པ། །འགལ་དང་འགལ་ན་དེ་ལ༨་འགལ། །འདི་ལ་ཡན་ལག་མ་ཚང་བས། །དཀོན་མཆོག་བདེན་པ་མེད་པ་དང་། །དགྲ་བགེགས་བཟློག་མནན་མ་ནུས་པ། །རང་གི་ལས་ལས་གཞན་གང་ཞིག །ཁྱོད་ལ་མཐོང་ཐོས་ཡོད་གྱུར་ན། །ངེས་པར་ང་རང་དམན་པར་འགྱུར། །ཡོན་ཏན་མེད་ཅིང་སྐྱོན་ཡོད་པ། །མངོན་སུམ་མཐོང་བ་རྗེས་སུ་དཔག །གང་གི་སྨ་འབབ་ནུས་ནའང་། ཁྱོད་རང་རང་གི་དེ་ལྟར་གྱིས། །ཁྱོད་འགལ་བ་བརྒྱད་དང་ལྡན་པའི་ལས། །ང་འབྲེལ་བ་བརྒྱད་ཀྱི་གྲུབ་པ་ཐོབ། །གཅིག་དུ་དམ་པའི་ཆོས་དང་འགལ། །གཉིས་སུ་བླ་མའི་དཀའ་དང་འགལ། །གསུམ་དུ་སྡོམ་དང་དམ་ཚིག་འགལ། །བཞི་རུ་འགལ་བ་བརྒྱད་ཀྱིས་འགལ། །ལྔ་རུ་བསོད་ནམས་ཟད་པས་འགལ། །དྲུག་དུ་ཆོས་སྐལ་དམན་པས་འགལ། །བདུན་དུ་རྟོག་པའི་སྒྲིབ་པས་འགལ། །བརྒྱད་དུ་ལོག་པར་ལྟ་བས་འགལ། །དགུ་རུ་ང་ཡི་ཁྲེལ་བས་འགལ། །བཅུ་རུ་འགལ་རྐུབ་བུད་པས་འགལ། །བཅུ་དང་བརྒྱད་འབྲེལ་འགལ་བ་ངོ་རེ་ཚ།། ངོ་ལྐོགས་མི་ཐུབ་འཇིག་རྟེན་ལུགས་སུ་འགལ། །བླ་མ་མི་བསྲུང་ཆོས་ཀྱི་ལུགས་སུ་འགལ། །མ་བརྟགས་གཟུ་ལུམ་མཁས་པའི་ལུགས་དང་འགལ། །ཐ་མ་ངན་སོང་གཤིན་རྗེའི་སྐྱེ་བོར་འགལ། །བཞི་དང་བཅོ་བརྒྱད་ཁྱོད་ལ་འབྲེལ། །དེ་དུས་ང་ཡི་ཐུགས་རྗེའི་ཕྲིན་ལས་ཀྱི། །དྲན་པ་གསུམ་གཡོས་ཐར་བའི་ཞིང་འདྲེན་ཤོག ། ནམ༵་མཁ༵འ་འཇི༵གས་མེ༵ད་ང་ཉིད་ནི། །འཁོར་ངན་བྱུང་གྱི་ནོན་ནོན་ནས། །ང་ནི་རང་སེམས་སུན་པ་ཡིན། །ཐུགས༵་ཀྱི༵་རྡོ༵་རྗེ༵་ང་ཉིད་ནི། །བླ་མ་བཟང་པོའི་བསྐྱང་བསྐྱང་ནས། །ད་ནི་རང་གདེངས་ཐོབ་པ་ཡིན། །བཞ༵ད་པ༵་རྩ༵ལ་ཆེན་ང་ཉིད་ཀྱིས། །བྱང་ཆུབ་དགེ་བློ་སྦྱངས་སྦྱངས་ནས། །ད་ནི་སྨོན་བཟང་བཏབས་པ་ཡིན། །རང་བཞིན་ཉིད་མཁྱེན་ང་ཉིད་ཀྱིས། །དངོས་པོའི་རང་བཞིན་རྟོགས་རྟོགས་ནས། །ཁྲོ་མེད་གོ་ཆ་གྱོན་དེ་འགྲོ། །ཟག་མེད་དབྱིངས་ལ་བསྐྱོད་དེ་འགྲོ །གཉིས་མེད་ངང་ལ་ཧར་སང་ཡན། །ཞེས་སྤྲུལ་པའི་སྐུ་མཆོག་བསྟན་འཛིན་རྣམ་པར་རྒྱལ་བའི་གསུངས་མ་ལྡོག་པས་ནམ་མཁའ་འཇིགས་མེད་རྡོ་རྗེའི་བྲིས་སོ། །དགེའོ། །དཔེ་ཡི་ནང་ནས་ཚིག་རྐང་རེ་ཟུང་ཆད་སྙམ་དཔྱོད་ལྡན་རྣམས་ཀྱི་དཔྱད་འཚལ།

ཡང་བསྐྱེད་རིམ་ཡིན་པའི་རྒྱུ་མཚན།

ཡང་བསྐྱེད་རིམ་ཡིན་པའི་རྒྱུ་མཚན་ཡོད། ཁྲོ་བོ་རོལ་བའི་དཀྱིལ་འཁོར་འདི། །བསྐྱེད་པའི་རིམ་པའི་ལྷ་ཡིན་ཏེ། །གང་ལ་ཕྲིན་ལས་གསོལ་བ་འདིའི། །བསྐྱེད་པ་ཡིན་པ་གྲུབ་པ་ལགས། །རྫོགས་པ་ཡིན་པའི་རྒྱུ་མཚན་ནི། །ཚིག་འདི་རྟོགས་པ་གཞི་ཡི་ཚིག །དགོངས་པ་མཉམ་ཉིད་རང་རྫོགས་པ། །གསར་དུ་མ་བསྐྱེད་ཡེ་རྫོགས་པ། །དེ་ཕྱིར་རྫོགས་པའི་རིམ་པ་ཡིན། །ཡེ་ཤེས་མཐའ་གསུམ་བྲལ་བ་འདི། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ལུས་མེད་ལུས་སྟེ་ལུས་ཀྱི་མཆོག ། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །དེ་ཕྱིར་བསྐྱེད་རྫོགས་ཟུང་འཇུག་གོ །ཕྱི་ལྟར་དགྲ་བགེགས་ཉམས་པ་སྒྲོལ། །བསད་མནན་གྲོལ་བ་ཟུང་འཇུག་གོ །ནང་ལྟར་དུག་གསུམ་རུ་ཏྲ་སྒྲོལ། །གཉིས་མཉམ་སེམས་འགགས་རིག་པའི་སྐུ། དེ་ཕྱིར་མནན་བསད་ཟུང་འཇུག་པའོ། །གསང་བ་མ་རིག་གཞི་ལ་སངས། །ནམ་ཡང་ལྡང་བ་མེད་པར་མནན། །དེ་ཕྱིར་མནན་བསད་ཟུང་འཇུག་གོ །བསྐྱེད་པ་མཚན་མའི་དགྲ་བགེགས་སྒྲོལ། །རྫོགས་པས་ཡེ་ཤེས་དབྱིངས་སུ་འཁྱིལ། །གཉིས་སྟོབས་འབྱུང་བ་མ་ལ་ཞ། །ཡ་བྲལ་བསམ་ངན་མཚོན་ཆ་ལས། །ཁྱད་དུ་འཕགས་པའི་གནམ་གཟེར་ཡོད། །སྦྱོར་ངན་རྫས་དང་དུག་སྦྱོར་གྱི། །མ་བྱས་པ་ཡི་ལས་ཆུད་ཟོན། །འདི་ནི་ལས་རླུང་རྒྱུ་བ་བཅོམ། །དེ་ཕྱིར་གསང་བའི་གཟེར་ཞིག་གོ །གཞན་དུ་ལྷ་བསྐྱེད་གློ་བུར་བ། །མ་ཎིའི་སེལ་ལ་སྐྱབས་སུ་མཆི། །འདི་ནི་གཟོད་ནས་མ་བྲལ་བ། །རང་སྟོབས་མཐུ་ཡི་བསད་གསོ་བ། །ཨ་བྷྱི་ཙརྱ་ཕྲིན་ལས་ཆེ། །བསད་པ་འདྲེན་པའི་ཁྱད་ཆོས་ཡོད། །ཆ་ལག་ཁ་ཚང་དགོས་པ་དེ། །ལྟ་དགོངས་གདེངས་གིས་མ་ཡིན་པར། །རྫས་ཀྱི་ཨ་མཆོད་ཁས་འདོན་པ། །ཡིན་ན་མུ་སྟེགས་ངན་སྔགས་ངེས། །ཁ་ཉིད་ཚང་ལས་སྒྲོལ་བ་ཡི། །གདམས་པ་དེ་ལ་འདྲེན་པ་མེད། །མི་འདྲེན་གནོད་སེམས་རྗེས་འགྲོ་བས། །བྱང་ཆུབ་སེམས་དང་འགལ་བ་དེ། །ཆོས་ལོག་ཡིན་རྒྱུ་མ་ཡོད་ན། །སྙིང་རྗེའི་བསྒྲལ་བ་ཐབས་ཆེན་པོ། །རང་དབང་ཐོབ་པའི་རྣལ་འབྱོར་གྱི། །མ་ཚང་ཆོ་ག་ཐར་ཐོར་ཏེ། །སྒྲོལ་སྦྱོར་དུས་མཉམ་ཨེ་མ་ཧོ། །དེ་ཚོ་ང་ཡི་ཁྱད་ཆོས་སུ། །ངེས་ཀྱང་གཞན་གྱི་མི་ཤེས་སོ། །མིན་ཀྱང་དམ་པ་རྣམས་ལ་གནས། །དེ་ཡང་འཕྲལ་གྱི་ཁ་ད་ཡོད། །འདི་ཡང་ག་གཱའི་སྨྲས་པའོ། །དགེའོ་ཐོག་མཐའ་བར་གསུམ་དགེ །

ཆོས་སྐུའི་བླ་མས།

ཆོས་སྐུའི་བླ་མས། དེ་ལྟར་ཡུལ་སྣང་མེད་པའི་རང་བཞིན་ལྟར། །ཡུལ་ཅན་བྱང་ཆུབ་སེམས་ཀྱི་རང་བཞིན་ཡང་། །མེད་པའི་ངོ་བོ་ནམ་མཁའ་ལྟ་བུ་སྟེ། །སྨྲ་བསམ་བརྗོད་ལས་འདས་པ་ཤེས་པར་བྱ། །ཞེས་གསུངས་པས། རིག་པ་ཟང་ཐལ་བ་མཐོང་དུ་མེད་པའི་མཐོང་བ་ཆེན་པོ་དམིགས་མེད་རྟོག་བྲལ་རྗེན་པའི་ཡེ་ཤེས་ནི་ཀ་དག་ཕྱལ་བ་རང་གསལ་བའི་ཁྱད་ཆོས་དུ་མ་ཡོད་པས་སེམས་དང་ནོར་ས་མེད་ལ། དེ་ཉིད་ངོ་ཟིན་པའི་ངང་དེར་སྣང་སེམས་ཀྱི་སྤྲོས་པ་ཐམས་ཅད་རྒྱ་མཚོ་དྭངས་བ་ལ་གཟའ་སྐར་ཤར་བ་རྒྱ་མཚོ་ལས་མ་འདས་པ་ལྟར་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་ངང་དུ་བཞག་པ་རྒྱ་མཚོ་ཅོག་བཞག་གི་དགོངས་པ། སྣང་བ་ཐམས་ཅད་རིག་པ་གཅིག་གི་ཀློང་དུ་བཞག་ནས་གཟུང་ཡུལ་ལ་འཛིན་པ་མ་འགྱུས་བཞག་པ་དེ་ཡང་ལུང་མ་བསྟན་མིན་པར་རིག་གེ་རྗེན་ནེ་བའི་ཆོས་སྐུ་ངོས་ཟིན་པའི་ངང་དུ་བཞག་པ་རིག་པ་ཅོག་བཞག །རིག་པ་དྭངས་པ་ལ་ཡུལ་ཤར་བ་ཐུགས་རྗེའི་རྩལ་མ་འགགས་པས་རྟོག་མེད་ཡིན་ཀྱང་། རིག་ཅིང་གསལ་བས་རྟོག་པར་འདྲ་བར་སྣང་ལ། སྤྲོ་བསྡུ་མེད་པར་རང་བབས་སུ་བཞག་དུས་ཆོས་ཉིད་ཀྱི་ངང་ལས་མི་འདའ་བ་ནི་སྣང་བ་ཅེར་བཞག །དགོངས་པ་ཆོས་ཉིད་རིག་པ་ལས་མི་གཡོ་བས་རྐྱེན་སྣང་ཆོས་ཉིད་ཀྱི་གསལ་འདེབས་སུ་དག་པའི་གདེངས་རྙེད་པ་རི་བོ་ཅོག་བཞག་གི་དགོངས་པའོ། །

༈ ཡང་སྣང་སེམས་གང་ཤར་ཤར་དུས་ནས་རིག་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་ཐེབ་པ་རྒྱས་འདེབས་ཏིང་འཛིན་གྱི་དགོངས་པ། རྐྱེན་ཁར་ཤོར་བའི་གང་ཟག་གིས་སླར་རིག་པ་ཡུལ་བཙན་ཐབས་སུ་འབེབས་པ་ཐོག་བབ་ཏིང་འཛིན་གྱི་དགོངས་པ། །རང་གནས་ཀྱི་རིག་པ་འོད་གསལ་བའི་གཤིས་ལྟ་བསྒོམ་སྤྱོད་འབྲས་ལས་འདས་པས། མི་ལྟ་བས་ལྟ་བ། མི་སྒོམ་པས་སྒོམ་པ། མི་སྤྱོད་པར་བྱ་བྲལ། མི་སྒྲུབ་པས་འབྲས་བུ་སྟེ། རིག་པ་གཅིག་གི་ཆོས་ཉིད་ཀྱི་ངང་དུ་འབྱམས་སུ་ཀླས་པ་ནི་རང་གནས་ཀྱི་ཏིང་འཛིན་ཡེ་ནས་གནས་པའི་དགོངས་པ་ཤེས་པ་སྟེ། དེ་ལ་གདེངས་གྲོལ་ཐོག་ཏུ་བཅའ་བ་དང་འདི་གཉིས་ཀྱང་འབབ་སོ་གཅིག་སྟེ། རྣམ་རྟོག་རང་གི་རང་གྲོལ་བ་སྦྲུལ་གྱི་མདུད་པ་ལྟ་བུ་དབང་པོ་འབྲིང་གི་གྲོལ་བ་དང་རང་གནས་ཀྱི་ཏིང་འཛིན་དགོངས་པ་གཅིག་སྟེ། གང་ཡང་ཆོས་ཉིད་གཅིག་གི་རང་བཞིན་རྩལ་དང་རོལ་བའི་ཡོ་ལང་དང་ཆོ་འཕྲུལ་དུ་གནས་པ་དང་རྣམ་རྟོག་ཐམས་ཅད་ཀྱང་རང་བཞིན་གཞིའི་འོད་གསལ་ཡིན་པས་ངོ་བོ་བརྗོད་དུ་མེད་པར་མཉམ་པ་དང་། རང་བཞིན་འགགས་མེད་དུ་ཉམས་པའི་རང་གྲོལ་བར་ཤར་བའང་མཉམ་པའི་དང་། །རྒྱས་འདེབས་དང་ཕན་མེད་གནོད་མེད་དུ་གྲོལ་བ་མཉམ་སྟེ། གང་ཤར་ཐམས་ཅད་ལ་རིག་པ་ཉིད་བཞེངས་བཞུགས་ཀྱི་ཁྱད་པར་ལས་དོན་དུ་ཆུ་དང་རླབས་སུ་ཤར་བ་ལ་བཟང་ངན་མེད་པའི་ཟག་མེད་ཡེ་ཤེས་འདུས་མ་བྱས་པའི་སྤྱི་རྒྱས་བཏབ་པའི་བསལ་བཞག་དང་ཐོབ་ཤོར་མེད་པའི་ཁང་སྟོང་དུ་རྐུན་པོ་ཞུགས་པའི་གྲོལ་ཚུལ་དབང་པོ་རབ་ཀྱི་དང་། དབང་པོ་ཐ་མ་འོད་གསལ་ངོ་ཤེས་པས་གྲོལ་བ་སྔར་འདྲེས་ཀྱི་མི་དང་འཕྲད་པ་ལྟ་བུ་དང་ཐོག་བབ་ཀྱི་ཏིང་འཛིན་ཀྱང་གཅིག་ཏུ་འབབས་ཏེ་དེ་དུས་ཀྱི་འོད་གསལ་ལམ་རིག་པ་གཤིས་རང་བབ་ན་གནས་པ་ངོ་ཤེས་པའི་ངང་དུ་ཀློང་འབྱམས་པ་སྟེ། དེ་ལྟ་བུའི་རྣམ་རྟོག་ཐམས་ཅད་ཀྱི་ངོ་བོ་ཡེ༵་གྲོལ༵། །རང་བཞིན་རང་གིས་རང༵་གྲོལ༵་བ། །ཅེ༵ར་གྱི་མཐོང་སར་དུས་གཉིས་པར་མི་སྡོད་པར་གྲོལ༵་བས་མ་གྲོལ་བ་དང་གྲོལ་བའི་བསལ་བཞག་མེད་པར་མཐ༵འ་ནས་ཡོ༵ངས་སུ་གྲོལ༵་བ་དེ་དག་རིག་པ་གཅི༵ག་ཏུ་གྲོལ༵་བ་ཉིད་དུ་གདེངས་འཆའ་བ་ལས་གཞན་དུ་བློའི་མང་པོ་བཞག་པའི་རྗེས་སུ་བསྙེགས་ན་རྟོག་པས་སྔར་ཡང་འཁྲུལ། ད་ཡང་བཅིང་པར་འགྱུར་བའི་ཚུལ་ཤེས་པར་བྱས་ནས་རང་བབས་ཀྱིས་བསམ་གཏན་ཆུ་བོའི་རྒྱུན་གྱི་ཏིང་འཛིན་གྱི་སྐྱོངས་ཤེས་དགོས་པ་དེ་ལྟ་བུའི་གན༵ད་ཀྱི་གྲོལ༵་བའང་ཡེ་ཤེས་རང་རིག་པའི་ཚུལ་དུ་མཉམ་པར་བཞག་པའོ། །རྗེས་ཐོབ་ཀྱི་དུས་སུའང་དང་པོའི་ལས་ཅན་བྱ་བ་གང་བྱས་རིག་ཐོབ་ཏུ་གནས་བཞིན་ཞེན་མེད་རྨི་ལམ་ལྟ་བུར་བལྟས་ནས་སྐྱོང་། །གདེངས་ཐོབ་པ་ན་རི་བོ་ཅོག་བཞག་གི་ངང་ལས་འདའ་མི་སྲིད་པའི་ཁྱད་པར་ཤེས་པར་བྱའོ། །༈དེ་ལྟར་སྐྱོང་ལུགས་དང་གྲོལ་ལུགས་བཤད་པ་དེ་ཐམས་ཅད་རིག་པ་གཅིག་ཏུ་འགགས་བསྡམ་པའང་མུ་ཏིག་ཕྲེང་བ་ལས། །འདི་ནི་རྫོགས་པའི་སངས་རྒྱས་ཏེ། །ངོ་བོ་ཉིད་ལས་མ་གཡོས་པའོ། །ཞེས་རྟོག་བྲལ་ཟང་ཐལ་འོད་གསལ་བའི་རིག་ཆ་ཡེ་ཤེས་དེ་ངོས་ཟིན་ནས་ངང་ལས་མི་གཡོ་བ་ལ་གྲོལ་བ་ལྔ་དང་བཞག་ཐབས་བཞི་ཏིང་འཛིན་གསུམ་དང་བཅས་པ་ཡོངས་སུ་རྫོགས་པའོ། །ག་གཱས་སོ། །

སྐུ་གསུམ་ལམ་སྣང་དུ་སྦྱོངས་ནས་ད་ལྟ་རྟོགས་པའི་རྩལ་གསུམ་རྫོགས་ནས་མཐར་ལུས་རྒྱ་རལ་བ་དང་མཉམ་དུ་རང་བཞིན་བརྒྱད་ཅུའི་རྟོགས་༼ རྟོག་དཔྱད། ༽ཚོགས་འགགས་ནས་འཆི་སྲིད་གཞིའི་འོད་གསལ་ལ་ཐིམ་དུས་ཐུགས་རྗེ་ཉིད་རིག་ཙམ་ནང་དུ་གཡོས་ཏེ་སླར་ཡང་གཞི་སྣང་འཆར་བ་ན་སྲོག་རླུང་ཡན་ལག་བཞི་ལྡན་ཕྱིར་འཕགས་པས། ངོ་བོའི་གདངས་སྟོང་ལ་གོ་ཕྱེ་བའི་རྣམ་པར་ཡོད་པ་ལ། རང་བཞིན་གྱི་གདངས་འོད་ཀྱི་ཁྱིམ་གྱི་རྣམ་པ། ཐུགས་རྗེའི་རིག་གདངས་ཤེས་རབ་ཀྱི་རྣམ་པར་ཤར་བ་ན། སྐད་ཅིག་དེ་ཉིད་ལ་རང་སྣང་དུ་ངོ་ཤེས་པའི་ར༵ང་ངོ༵ར་སྣང༵་བའི་ཁྱད་ཆོས། དེ་དང་ལྡན་པའི་རིག་པ་ག༵ཞི་ལུང་མ་བསྟན་ལ༵ས་འཕ༵གས་པའི་ཁྱད་པར་དེ་ལྡན་པའི་སྟོབས་ཀྱི་གྲོལ་འཁྲུལ་གྱི་བྱེ༵་བྲག༵་ཕྱེད༵་པའི་ཁྱད་པར་ཁྱད་པར་བྱེད༵་པའི་ཐོ༵ག་ཏུ་གྲོལ༵་བ༵་དང་རྒྱུ་རྐྱེན་སྒྲ་དང་གཏན་ཚིག་གཞ༵ན་ལ༵ས་མ༵་བྱུང༵་ཞིང་རང་གི་ཀུན་གཞིའི་རྙོགས་པ་དྭངས་ནས་བྱང་ཆུབ་བླ་ན་མེད་པའི་རང༵་སར༵་གན༵ས་དེ་ཕྱིན་ཆད་འཁྲུལ་མི་ཤེས་པའི་ཁྱད་ཆོས་དྲུག་དང་ལྡན་ནོ། །ག་གཱས་སོ། །

ཞལ་གདམས་ངེས་འབྱུང་ཤིང་རྟ།

ཞལ་གདམས་ངེས་འབྱུང་ཤིང་རྟ་བཞུགས་སོ༔

ཀྱཻ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཞལ་མཐུན་པ་མདོ་རྒྱུད་ཐམས་ཅད་ནས༔ འཁོར་བ་ལ་ངེས་འབྱུང་བསྐྱེད་པའི་ཕྱིར༔ བློ་ལྡོག་པའི་ཐབས་ལ་རྣམ་བཞི་གསུངས༔ མདོ་རང་གི་ལུས་ངག་སེམས་ལ་བལྟའ༔ ཆོས་གདམས་ངག་ཐོབ་པའི་སྐལ་བཟང་པོ༔ འདི་རྙེད་པ་དལ་འབྱོར་མི་ལུས་ཟེར༔ དེ་སྟོང་ལོག་བྱས་ན་བསམ་བརླག་ཡིན༔ ཚེ་གཅིག་གི་འདུན་མ་མཁས་པ་ལ༔ མི་སྤྱང་གྲུང་ཅན་ཞེས་ཀུན་གྱིས་བསྟོད༔ དེ་ངན་གཡོ་ཅན་གྱི་གང་ཟག་ཞིག༔ མཁས་ཟེར་ན་གཏན་འདུན་གྲུབ་པ་ཡིན༔ ལས་སྐལ་བ་རང་ལ་འབྱོར་ནའང་༔ དོན་ཆོས་ཀྱིས་མ་མཆོད་མི་བོ་དེ༔ གདོན་འཆི་བདག་ནད་ཀྱིས་ཐེབ་པའི་དུས༔ འགྱོད་ལྷག་གི་འགྲོ་ཡང་འཕྱིས་པ་ཡིན༔ དུས་དེ་ཙམ་ཞིག་ན་དགའ་བཞིན་དུ༔ འཚེར་མེད་པར་བློ་བདེ་ངེས་རྙེད་པ༔ མི་མདོ་ཅན་ཟེར་བ་ངག་དོན་ཅན༔ ཁྱོད་རང་དྲིན་རང་ལ་ཆེ་བ་ལགས༔ ཕྱི་འབྱུང་བཞིའི་འགྱུར་བ་མ་ངེས་ཤིང་༔ ནང་སྒྱུ་ལུས་རྒུད་པས་གཉེར་མ་ཆགས༔ སེམས་སྐད་ཅིག་འགྱུར་ལྡོག་མི་རྟག་པ༔ འདི་ཤེས་བཞིན་མཐོང་ཀྱང་ཁྱད་དུ་བསད༔ རང་མཆི་བར་ངེས་ཀྱང་སྡོད་གྲབ་ཤོམ༔ མི་མཆི་བ་མཐོང་ཀྱང་འཇིགས་པ་མེད༔ མི་ཁྱོད་ལ་དཔའ་གདེངས་ཅི་ཡོད་ན༔ སང་ཙམ་ཞིག་གནས་པའི་ངེས་སོ་བྲལ༔ གནས་ཁང་ཁྱིམ་ཁྱོད་ཀྱི་མལ་འཆའ་སྙམ༔ རྒྱུ་ལོངས་སྤྱོད་ཁྱོད་ཀྱི་སྤྱོད་དོ་བ༔ གྲོགས་དགའ་མཛའ་ཁྱོད་དང་འགྲོགས་ཀོ་ལོ༔ དེ་ཐམས་ཅད་དོན་མེད་ཁྱི་རྒན་སེམས༔ ཆོས་ཐོས་པ་མང་ཡང་བསྒྲུབ་པ་དཀོན༔ མགོན་བརྟེན་པ་མང་ཡང་དད་པས་ཕོངས༔ དབང་ཐོབ་པ་མོད་ཀྱང་དམ་སྡོམ་བྲལ༔ དེ་མི་ནག་ཕལ་ལས་ཁྱད་པར་གང་༔ གཟུགས་ཆོས་པར་བཅོས་ཀྱང་སེམས་རྒྱུད་མཁྲེགས༔ རྟགས་དམར་སེམ་བསྒྱུར་ཀྱང་བསླབ་བྱའི་དབུལ༔ ཚིག་ཁ་ཏོན་ཙམ་ལ་ཆས་ཆོད་བྱས༔ འཆི་རན་དུས་སྒྲེན་མོ་ལག་སྟོང་ཡིན༔ ཕྱི་དམར་སེར་རྟགས་དེ་མ་མཛེས་ཀྱང་༔ དམ་ཁྲིམས་ལྡན་སྙེམས་དེ་མ་ཡོད་ཀྱང་༔ ཚིག་སྡེ་སྣོད་བཤད་ཡང་མ་སྙན་ཀྱང་༔ མཆོག་གྲུབ་ཐབས་སྒོམ་ཆེན་དག་ལ་ཡོད༔ སེམས་བཏགས་ན་གར་མཁན་སྤྲེའུ་འདྲ༔ གྲོགས་གང་གིས་བསྒྱུར་ཀྱང་དེ་སྟངས་བྱེད༔ གར་ཐིག་དང་དབྱངས་རོལ་མཛེས་ཆོས་ཀྱི༔ དགྲ་འཆི་བདག་ལ་གོ་ངོམ་བསམ་གྱིན་འདྲ༔ ད་བསམ་ཞིང་འཆི་བས་གཏུག་དེ་ཡོད༔ ཡོད་ངེས་ཀྱང་རང་སེམས་མ་ཤེས་པས༔ ཕྱི་འདོད་ཡོན་བུ་མོའི་བྱད་མདངས་ལ༔ ཆགས་དྲག་ན་ཤི་འདྲེ་ཡི་དྭགས་ཡིན༔ ཆོས་བྱད་བློའི་སྟངས་ཀ་མ་སྔ་དགོས༔ བྱང་ཚར་ན་མགོ་མཇུག་མ་འཚམས་ན༔ མི་གཞན་གྱིས་ཁྲེལ་ཞིང་རང་སྡུག་བསྔལ༔ དོན་དེ་ཕྱིར་རང་ལ་བསྐུལ་མ་དགོས༔ ལར་ཆགས་སྡང་འདི་ལ་མ་ཕྲི་ཞིང་༔ ཆོས་བྱས་ཀྱང་ཞེན་ལོག་མེད་པ་ཚོ༔ ངས་གྲུབ་སྙམ་གྲང་ཀྱི་གློ་བ་དགའ༔ དེ་ལེགས་སྨོན་ཙམ་ལས་ཡོད་རེ་ཀན༔ དོན་བྱང་ཆུབ་སེམས་ཉིད་མ་སྦྱངས་བ༔ སྒོམ་ཡིན་ནོ་ཙམ་པས་རྒྱགས་པ་ཡང་༔ དེ་ཐར་བའི་ལམ་དུ་འགྲོ་སྲིད་ཀྱང་༔ སངས་རྒྱས་པའི་ལམ་བཟང་ཡིན་རེ་ཀན༔ དག་སྣང་དང་མོས་གུས་མ་ལྡན་ན༔ ངག་འདོན་པ་རྡོ་རྗེ་ཐེག་པ་མིན༔ སྣང་སྲིད་འདི་ལོག་ལྟར་ཤར་བ་ཡི༔ མཐར་སངས་རྒྱས་སྟོང་གི་སྐྱོབས་རེ་ཀན༔ སེམས་གནས་ལུགས་བབས་སུ་མ་བཞག་པར༔ རྒྱས་འདེབས་དང་ཕྱི་འབྱམས་སྟོང་ཉིད་ཀྱི༔ ཡིད་དཔྱོད་པ་ཡིན་སྙམ་མཆོག་འཛིན་གྱི༔ ཚི་ཆད་ལས་སྒོམ་གོ་ཆོད་རེ་ཀན༔ དེ་སྐད་དུ་སྨྲ་བའི་ཟོབ་རྫུན་འདི༔ ཁྱེད་སློབ་མས་ནན་བསྐུལ་མ་བཟོད་ནས༔ རྔ་དབྱུག་གུའི་བརྡུང་བའི་དཔེ་བཞིན་དུ༔ སྔགས་རྒན་པོ་ག་གཱ་ཨ་བྷྱེས་བྲིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

མངོན་མཐོའི་སྤོ་ལ་ཕུན་ཚོགས་འབྱོར་བས་སྒེག །གང་བའི་བསིལ་སྦྱིན་མདུན་ནས་གུས་པས་བསྐོར། །ཡ་གྱལ་གཏམ་གྱི་གཞི་ལས་གདུང་པའི་ཚོགས། །རྨེག་མེད་དེ་འདྲའི་མིག་སྟོང་ཀུན་ནས་གཟིགས། །ཨེ་མ་ཧོ། གཟོད་ནས་དྲི་བྲལ་རིགས་ཁམས་བདེ་བར་གཤེགས། །གློ་བུར་མ་རིག་གསུམ་གྱི་སེལ་ཞུགས་པ། །རྣམ་པར་འབྱུང་བའི་ངང་ཚུལ་གཉེན་པོ་དང་། །དགོངས་པ་གཙོ་བོར་བཟུང་ལས་བསམ་མི་ཁྱབ། །ཀུན་ལས་ཉེ་ལམ་རང་བཞིན་གསང་བའི་མཛོད། །པདྨ་ཀ་རའི་ཐུགས་རྗེ་ཆུ་འཛིན་ལས། །ཕྲིན་ལས་སྒྲ་དབྱངས་འབྱིན་པའི་སྐལ་བཟང་གི །མདོངས་མཐའ་དགའ་བའི་མིག་འབར་གཏན་བདེ་སྦྱིན། །འདི་ན་རང་རིག་འོད་ཀྱི་ཁང་བུ་རུ། །དབྱིངས་སུ་འཕོས་པས་མ་དག་སྣང་བའི་ལམ། །གོང་འཕེལ་ཉམས་དང་འབྲས་བུར་འཕོ་བ་རུ། །འཁྲུལ་བས་བཏགས་པའི་སྣང་ཤེས་གྲོལ་བའི་ཐབས། །དམ་ཉམས་འདྲེས་ཁྱེར་སླད་ཀྱི་མ་ཞུགས་ལ། །བརྒྱུད་ཐག་ཉེ་ཞིང་བྱིན་རླབས་སྤྲིན་ཕུང་འཁྲིགས། །ཚིག་བརླིང་དོན་ཟབ་སྐལ་བཟང་བཅུ་ཕྲག་དྲུག །རང་བཞིན་སྤྲུལ་བ་སྐུ་རུ་དབུགས་དབྱུང་བས། །འོད་གསལ་རྒྱུད་སྡེ་འབུམ་ལས་གཅུས་དཀྲུགས་གིས། །གནད་བས་ཨོ་ཌི་ཡ་ནའི་རང་བྱུང་སྐུའི། །བརྩེ་བས་བཞག་པའི་གཟིགས་བསྟོད་དང་བཅས་ཏེ། །ཁོ་བོ་ཕྲན་ལ་དགེ་བ་དམ་པར་བསྩལ། །དུས་ཀྱི་ཕུན་སུམ་ཚོགས་པ་མཉམ་པ་ཉིད། །ཚ་གྲང་ཕྱོགས་སུ་མ་ཆད་སྣོད་བཅུད་ཀྱི། །སྟོབས་ཀྱི་ཕ་རོལ་ཕྱིན་པ་རང་དབང་བ། །ཉེ་བའི་འདུ་བ་གྲངས་ཀྱི་བར་མར་སྤྱོད། །དམར་ཕྱོགས་མཁའ་འགྲོ་བསམ་གཏན་མཉམ་འདུ་ཞིང་། །ཁྱད་པར་སྟོང་པའི་རྩ་བཞིའི་བྱེད་པ་རྒྱས། །དེ་མཐུའི་རང་བཞིན་ཡེ་ཤེས་དྲང་པོར་སྲོང་། །དྲུག་རྒྱུད་གཡངས་ལས་བཟུང་ཞིང་ལམ་ལྔ་འགོགས། །སྨིན་ཁྲིད་དབང་དང་བཅས་པའི་སྐལ་ནོད་ཡོད། །མཐོང་ཐོས་རྟོག་གེ་ཟོལ་གྱིས་མ་སུན་ལ། །ཡན་ལག་ལྟ་བ་རྒྱུད་ལ་རབ་བསྙེན་ནས། །བྱིན་རླབས་བཀའ་འདི་རྩོད་མེད་ཉེ་བར་ལོངས། །ཕྱོགས་ལྷུང་གདོན་གྱི་རླབས་པའི་གཞན་དབང་གིས། །རང་ཕུང་སྦྲུལ་གདུབ་རྒྱན་པོ་འགྱེད་སྤྲོ་ན། །གཞན་ཡང་འཕྱོན་མའི་གྲོགས་པོ་ཕུང་དྲལ་བྱེད། །དེ་འདྲ་དེ་ལས་སྙིང་རྗེ་རྔམས་པོར་སྤྱོད། །དེ་སྐད་རྙིང་སྔགས་རྒན་པོའི་རིགས་སྐྱེས་པ། །ག་གཱ་ཨ་བྷྱེ་སྨྱོན་པས་ཅལ་སྒྲོགས་སུ། །ཁ་ཡོག་རྒྱུ་རུ་སྤྲིངས་ཏེ་ཐལ་ལོའང་། །ཆོས་ལས་སྨྲོས་ཕྱིར་དགེ་རྩ་འགྲོ་ལ་བསྔོ། །མངྒ་ལམ། །དགེའོ། །

༈ ཀྱཻ་ཧོ། རང་གི་སེམས་ལ་ཡང་ཡང་ལྟོས། །བལྟས་ཀྱང་སེམས་ཀྱི་གཏིང་མི་མཐོང་། །མ་མཐོང་བཞིན་དུ་རང་གསལ་ན། །སྟོང་གསལ་གཉིས་མེད་ཡེ་ཤེས་ཡིན། །བཅས་བཅོས་བསྒྱུར་བཀོད་མི་བྱེད་པར། །རང་བཞག་རྣམ་པར་རྟོག་པའི་ཚོགས། །ཆུ་རླབས་བཞིན་དུ་རང་གྲོལ་ན། །འཆིང་བ་མེད་པར་གྲོལ་འབྲས་བརྙེས། །ཞེས་ཀྱང་ཁྱུག་ལོའི་ངོར་ཤྲ་བས་སོ། །

༈ ཀྱཻ། བདག་འཛིན་བློ་ཡིས་མ་ཐོང་ན། །ཇི་ལྟར་བྱས་ཀྱང་འཁོར་བའི་རྒྱུ། །ཆོས་ལ་ཕྱི་བཤོལ་བྱས་གྱུར་ན། །འགྲུབ་པའི་དུས་མེད་འཆི་ཁ་འགྱོད། །ས་མཁན་བླ་མ་མ་བརྟེན་ན། །ཆོས་ཀྱི་དེ་ཉིད་མི་ཤེས་སོ། །དབང་གི་སྨིན་པར་མ་བྱས་ན། །གསང་སྔགས་བསྒྲུབ་ཀྱང་ངན་སོང་ལྷུང་། །དམ་ཚིག་སྡོམ་པ་མ་བསྲུང་ན། །རིགས་ཆད་སྒྲུབ་པ་ལོག་པར་འགྱུར། །བྱང་ཆུབ་སེམས་ཀྱིས་མ་ཟིན་ན། །གང་ཡང་ཐེག་དམན་ལམ་དུ་གོལ། །ལྟ་བ་སྤྲོས་བྲལ་མ་རྟོགས་ན། །མ་རྟོགས་ཕྱོགས་རྟོགས་ཙམ་དུ་འཁྲུལ། །གཡོ་མེད་ཏིང་འཛིན་མ་བསྒོམ་ན། །གོ་ལོ་ཐོས་ལོའི་ག་ལ་གྲོལ། །རྟག་ཏུ་ཆོས་སྤྱོད་མ་བསྒྲུབ་ན། །དལ་ཁོམ་རེ་འགའི་དོན་མི་འགྲུབ། །མཉམ་བཞག་ནམ་མཁའ་ལྟ་བུ་རུ། །ཞི་ལྷག་ཟུང་འཇུག་ངོ་བོ་སྐྱོངས། །རྗེས་ཐོབ་སྒྱུ་མ་ཇི་བཞིན་དུ། །དོན་གཉིས་ལྷུན་གྲུབ་དགེ་རྩ་སྤྱད། །དེས་ནི་མཐར་ཐུག་འབྲས་བུ་ཐོབ། །སངས་རྒྱས་ཀུན་གྱི་ཞལ་གདམས་ཀྱང་། །འདི་ལ་མ་འདུས་ཅུང་ཟད་མེད། །དེ་ལྟའི་ཉམས་ལེན་ཐམས་ཅད་ཀྱང་། །དམ་པ་གསུམ་གྱི་སྦུབས་ནས་འདོན། །ཆོས་རྣམས་རྩ་བ་མདོར་བསྡུས་པའོ། །སློབ་བུ་གཉིས་ཀྱི་ཆོས་སྐལ་དུ་ག་གཱས་སོ། །

ཀྱཻ་ཧོ། ཚེ་འདི་བློས༡་ཐོང་སྐྱབས་༢འགྲོ་སེམས་བསྐྱེད་༣རེམ། །བླ་མར་གསོལ༤་བཏབས་ཚོགས༥་བསགས་སྒྲུབ༦་པ་སྦྱོངས། །ཁྱད་པར་བརྡ་རྒྱུད་མི་རྟོག་འོད་གསལ༧་བསྐྱོངས། །གནད་འདི་རྣམས་ལ་སྒྲུབ་བརྒྱུད་ཕྱག་བཞེས་འདུས། །༈སྐུ་གསུམ་རིགས་འདུས་བླ་མར་གསོལ་བ་འདེབས། །ཕུང་པོའི་ཐོག་ནས་ཕྱི་ནང་སྒྲིབ་པ་སྦྱོངས། །སྒྱུ་མའི་བུད་མེད་དག་དང་འབྲེལ་འདྲེས་བཅད། །སྣང་བའི་ཆོས་ཀུན་རྨི་ལམ་ལྟ་བུར་བལྟ། །ཚུལ་ཁྲིམས་བསྲུང་ནས་དབེན་པའི་ཏིང་འཛིན་བསྒྲུབ། །སེམས་ལ་ངེས་ལོངས་ཐེག་པ་འཚོལ་བར་བྱ། །ཉིན་རེ་བཞིན་དུ་ཡིག་བརྒྱ་བརྒྱ་རྩ་འདོན། །ནམ་ཡང་གཞན་གྱི་ཁ་ལ་མི་རྒྱུག་པར། །རང་ཚོད་བཟུང་ནས་དབེན་ས་བརྟེན་པ་དགོས། །ཀུན་ཏུ་རྒྱུ་ནི་སྲོག་གི་དགྲ་རུ་ལྡང་། །གཟུ་བོར་གནས་པ་ཁ་ད་མཆོག་ཡིན་ནོ། །ཅེས་སོ། །

རྗེ་བཙུན་བླ་མ་རིན་པོ་ཆེ་ཞི་བར་གཟིམ་པའི་གདུང་མདུན་ན་བདག་ཉལ་ནས་གཉིད་མ་ཟིན་པར་ཞག་གསུམ་དུ་ལོངས་པའི་ཐོ་རངས།

རྗེ་བཙུན་བླ་མ་རིན་པོ་ཆེ་ཞི་བར་གཟིམ་པའི་གདུང་མདུན་ན་བདག་ཉལ་ནས་གཉིད་མ་ཟིན་པར་ཞག་གསུམ་དུ་ལོངས་པའི་ཐོ་རངས་ན། ཀྱེ་མ་ད་ནི་གསེར་ཞལ་ཇི་ཞིག་མཇལ། །ཀྱེ་མ་ད་ནི་བསོད་ནམས་གང་ལ་བསགས། །ཀྱེ་མ་ད་ནི་རེ་ལྟོས་སུ་ལ་འཆའ། །ཀྱེ་མ་ད་ནི་བླང་དོར་སུ་ལ་དྲི། །ཀྱེ་མ་ད་ནི་དབང་བསྐུར་སུ་ལ་ཞུ། །ཀྱེ་མ་ད་ནི་འདྲེན་སྟོན་སུ་ཡིས་བགྱིད། །ཞེས་བརྒྱལ་སོང་ནས་ཅུང་ཞིག་ན་དྲིལ་བུ་ཞིག་གི་སིལ་སྒྲ་ཐོས་པའི་སྣང་བ་ཤར་བས་བརྒྱལ་སངས་བས། འོད་ལྔའི་དྲྭ་བ་འཁྲིགས་པའི་དབུས་ཐིག་ལེ་སྟོང་པའི་སྒྲོན་མ་ཞིག་གི་དཀྱིལ་དུ་སྐུ་སྔར་ལས་གཟི་བརྗིད་ཆེ་བ་ཞལ་འཛུམ་པའི་ཉམས་བག་ཅན་ཞིག་ཏུ་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་མངོན་སུམ་དུ་བཞུགས་པར་སྣང་བའི་ཞལ་ནས་ཁྱོད་ཀྱིས་ཅི་བྱེད་དུ་ཡོད་པའང་གསུངས་པའི་མོད་ལ། བདག་གིས་ཅི་ཡང་ཞུ་མ་རྣལ་བར་ཞབས་སྤྱི་བོར་བླངས་ནས་མཆི་མ་བླགས་བཞིན་ཇེན་པ་ན། །བླ་མའི་ཞལ་ནས་ཨ་ཡ་ཨ་ཡེ་ང་ནི་སྔར་ནས་གར་ཡང་མི་གནས་ད་ལྟའང་གང་ནས་ཀྱང་མ་བྱོན་ཞེས་གསུངས་ནས། ཀྱེ་ཧོ་ང་ལ་ལུས་གཉིས་ཡོད་པ་ཡིན། །བཏགས་པའི་ལུས་ནི་སྒྱུ་མའི་འདོད་ཡོན་བཞིན། །ལས་སྨོན་དགེ་བའི་མིག་སྔར་སྣང་བ་ལས། །རང་བཞིན་བདེན་པར་འཛིན་པ་ཁྱོད་ཀྱིས་ནོངས།༡།དོན་དམ་ཡེ་ཤེས་ཆོས་སྐུ་མཁའ་ཁྱབ་ཕྱིར། །གསང་བ་བསམ་གྱིས་མི་ཁྱབ་རང་བཞིན་ཏེ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ་བཞིན་ཉིད། །འདི་ན་མི་སྣང་བྱ་བ་ཨ་རེ་འཁྲུལ།༢།ཡེ་ཤེས་སྒྱུ་མའི་ལུས་ནི་དུས་རྟག་པར། །འཕོ་འགྱུར་མེད་བརྟེན་རྡོ་རྗེའི་གདན་ལ་རོལ། །ངེས་པ་ལྔ་དང་ལྡན་པའི་རང་བཞིན་ལས། །འདའ་ཉམས་མེད་པར་མ་མཐོང་ཁྱོད་ཀྱིས་གོལ།༣།ང་ཡིས་བཏགས་གཟུགས་རྣམ་པ་ཐམས་ཅད་པས། །སྤྲུལ་པ་རྣམ་བཞིར་ཅིར་ཡང་འགོག་མེད་པར། །རྒྱུན་མི་འཆད་པར་རྟག་པའི་ཐུགས་རྗེ་ལས། །རིས་ཆད་ཕྱོགས་གཅིག་ལྟ་བ་ཉོན་རེ་མོངས།༤།ད་ལྟའང་འཚོ་གཞེས་གཟུགས་སྐུ་མང་ཡོད་ན། །མྱ་ངན་འདས་ཞེས་བྱ་བ་ཅི་ལ་བྱུང་། །ལར་ནི་གནམ་ཟླ་ལྟ་བུའི་ཡེ་ཤེས་ལུས། །དེ་ཡོད་དེ་ལ་བཤུམ་མོ་མི་དགོས་ཀྱིས། ༥།སྤྲུལ་པའི་ཆུ་ཟླ་བྱེ་བ་ཕྲག་གྲངས་མེད། །དེ་ཡོད་དེ་ལའང་དེ་བཞིན་རིག་མ་ཡིན། །ཆུ་ལ་དང་བོ་ཉིད་ཀྱི་ཟླ་བ་མེད། །མེད་བཞིན་ཡོད་མཐོང་སླར་ནི་འགགས་སོ་ཞེས། ༦།མི་ཤེས་བླུན་པོ་དག་བཞིན་འཛེར་ཞིང་འཕྲེང་། །མྱ་ངན་ཉམ་ཐག་འོ་དོད་ཅི་ཞིག་ཡིན། །མཁའ་ལམ་དབང་པོའི་གཞུ་ལ་བདག་ཏུ་རེ། །བྱིས་པ་རྣམས་ནི་ག་ཆད་རྒྱུག་བཞིན་ཀྱང་།༧།དེ་ཡི་རྣམ་པའང་ཕྱིར་ཞིང་ནུར་ནས་འགྲོ །བླ་མ་ཡུལ་གོལ་རེ་འཁེང་དེ་ཙམ་མོ། །འཁོར་འདས་ཆོས་ཀུན་སེམས་ཀྱི་རོལ་བའི་རྩལ། །དེ་ལ་ཐ་དད་མ་ལྟ་ཕ་ཡི་བུ།༨།རོ་གཅིག་བྱང་ཆུབ་སེམས་སུ་ཡེ་སངས་རྒྱས། །དེ་ལས་ཆོས་བདག་མ་ལྟ་ཕ་ཡི་བུ། །བླ་མ་གཞན་དུ་འཛིན་པའི་དག་སྣང་ཀྱང་། །ཤེས་བྱའི་སྒྲིབ་པས་ཡིན་ནོ་ཕ་ཡི་བུ།༩།གཞི་མེད་རྩ་བ་བྲལ་བའི་སྡུག་བསྔལ་མཁན། །གང་ཟག་བདག་ཏུ་མ་ལྟ་ཕ་ཡི་བུ། །དག་སྣང་བྱེད་པོ་ལྟ་ཞིག་གྲུབ་ནའང་། །ཉོན་མོངས་སྒྲིབ་པས་ཡིན་ནོ་ཕ་ཡི་བུ།༡༠།ང་ནི་སྒྲོ་བསྐུར་བྲལ་བའི་དགེ་སློང་སྟེ། །དེ་ལ་གཟུགས་སུ་བལྟས་ན་སྒྲོ་འདོགས་ཡིན། །ཚོར་སོགས་ལྷག་མའི་ཕུང་ཁམས་དེ་བཞིན་དེ། །སྣང་ཞེན་འཁྲུལ་བའི་ཚོགས་ལས་གྲོལ་བའོ།༡༡།ང་ནི་མི་གནས་པ་ཡི་ཡེ་ཤེས་ཡིན། །སྟོང་པའི་ཕྱོགས་སུ་ལྟ་ན་བསྐུར་འདེབས་དངོས། །ང་ནི་མཚན་མ་བྲལ་བའི་རྣམ་ཐར་ལ། །གཟུགས་སོགས་རྫས་སུ་འཛིན་པ་དེས་མི་མཐོང་།༡༢།ང་ནི་སྨོན་པ་མེད་པའི་རྣམ་ཐར་གྱི། །རང་ལ་གཞན་དུ་བལྟ་བ་དེའི་མི་མཐོང་། ། དམིགས་པ་ཡུལ་ཡིན་དད་པའི་རྣམ་པ་སེམས། །འདུས་པའི་བློ་ལ་སྙན་མིང་ཅི་བཏགས་ཀྱང་།༡༣།སྲིད་རྩའི་ཉེས་དམིགས་བདག་གཉིས་རྟོགས་ལས་བྱུང་། །ཁྱེད་ཅག་འཁོར་པ་ང་ཉིད་མྱང་འདས་སུ། །རེ་སྨོན་གཉིས་སྣང་མ་རིག་དུག་སྡོང་ལ། །སྨན་གྱི་ལོ་འབྲས་སྨིན་འདོད་ཨ་རེ་མཚར།༡༤།དེ་ལྟས་དེ་ལ་དད་མོས་མི་ཟེར་གྱི། །སངས་རྒྱས་མ་ལྟ་རང་གི་སེམས་ལ་ལྟོས། །ང་ནི་ཡེ་ནས་འདུས་མ་བྱས་པའི་ཕྱིར། །འདུས་བྱས་རྩོལ་སྒྲུབ་རྐྱེན་གྱི་ཁ་ན་མེད། ༡༥།རང་བྱུང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡིན། །རང་ཉིད་སྟོར་ནས་རང་གིས་འཚོལ་བ་ཁྱོད། །ང་མཐོང་འབྲེལ་བའི་ཚད་མས་ཀྱང་ངེས་ཀྱི། །རྨི་ལམ་སངས་རྒྱས་རང་རྒྱུད་སར་ཡོད་ཅེས།༡༦།འཁྲུལ་སྣང་བདེན་འཛིན་བྱིས་པའི་རྣམ་ཐར་ཙམ། །ང་དང་གནམ་ས་ཙམ་དུ་རིང་པར་འགྱུར། །ཁྱོད་རང་བདེ་གཤེགས་སྙིང་པོའི་དབྱིངས་ཀྱི་གཟུགས། །ལས་སྨོན་བསོད་ནམས་སྒྲིབ་གསུམ་དག་པའི་རིམ།༡༧།སྔོན་དང་ད་ལྟ་ང་འདྲར་སྣང་བར་ཟད། །དེ་ལས་ཐ་དད་འཛིན་པ་བློ་རྒྱ་ཆུང་། །བལྟམས་བཞུགས་གྲོངས་བར་སྣང་བའི་ཚུལ་མཐོང་བློས། །མྱ་ངན་འོ་དོད་བོས་པས་སུ་ཞིག་འོང་།༡༨།རང་གདངས་རང་དང་འདུ་འབྲལ་མ་མཆིས་ཀྱི། །འདུས་བྱས་མཐའ་བཞིར་འཁྲུལ་བས་ཅི་ཞིག་ལྟོ། །གལ་ཏེ་སངས་རྒྱས་ཡུལ་དུ་གྲུབ་ཞིག་ནས། །དམྱལ་བ་རྣམས་ཀྱི་འོ་དོད་བོས་པའི་སྒྲིབ།༡༩།རྣམ་མཁྱེན་ཐུགས་རྗེས་མ་བཟུང་ཅི་ལ་ཡིན། །དེ་བས་རང་སྣང་དག་དང་མ་དག་ལན། །རང་སྣང་དག་ན་དག་པ་རབ་འབྱམས་ཏེ། །སྣང་སྟོང་དབྱེར་མེད་རྡོ་རྗེ་བླ་མའི་སྐུ།༢༠།གྲགས་སྟོང་ཟུང་འཇུག་རྡོ་རྗེ་རྒྱལ་པོའི་གསུང་། །དྲན་སྟོང་རོ་གཅིག་རྡོ་རྗེ་སྙིང་པོའི་ཐུགས། །ཐམས་ཅད་སྐུ་གསུང་ཐུགས་ཀྱི་འཁོར་ལོར་གྲོལ། །ཐམས་ཅད་སྐུ་གསུང་ཐུགས་ཀྱི་རྒྱན་དུ་ཆེ།༢༡།ཐམས་ཅད་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱིས། །གསུང་ལྔའི་ཆོས་འཁོར་མ་བསྐོར་ཅི་ཞིག་ཡོད། །མ་དག་སྣང་བའང་དོན་ལ་ཚད་མིན་ཏེ། །ང་ཡི་གསང་བ་གསུམ་ལ་གཟུང་འཛིན་གྱིས།༢༢།གོལ་སྒྲིབ་ཐག་ཁྲར་སྦྲུལ་མཐོང་ཇི་བཞིན་དུ། །དོན་ལ་མཐོང་དང་མཐོང་བློ་གཉིས་ཀ་འཁྲུལ། །དེ་བས་མ་བཅོས་དོན་གྱི་རྣལ་མ་ལ། །ལྟ་དང་བལྟ་བྱ་མེད་པར་ཆམ་གྱིས་ཞོག༢༣།ངོ་བོ་ཆོས་སྐུའི་བླ་མའི་དགོངས་བརྒྱུད་འཕོ། །སྤྲོས་བྲལ་བློ་ལས་འདས་པའི་རྟོགས་པ་འཆར། །དབྱེར་མེད་རོ་གཅིག་བྱང་ཆུབ་རང་དོན་གྲུབ། །སྒོམ་དང་ཡིད་དཔྱོད་མེད་པར་ངང་དངས་བཞག༢༤།རང་བཞིན་ལོངས་སྐུའི་བླ་མའི་བརྡ་བརྒྱུད་ཐོབ། །སེམས་བྲལ་ཡེ་ཤེས་དཀྱིལ་འཁོར་མཐའ་ཀླས་འཆར། །ཐེག་ཆེན་ཆོས་ཀྱི་རྒྱལ་སྲིད་དེ་ལ་དབང་། །སྤང་བླང་རེ་དོགས་མེད་པའི་རང་གྲོལ་ཞོག །༢༥།ཐུགས་རྗེས་སྤྲུལ་སྐུའི་བླ་མའི་ཚིག་བརྒྱུད་ཐོབ། །རྩོལ་མེད་རང་བྱུང་ཕྲིན་ལས་རབ་འབྱམས་ཀྱིས། །མཐའ་ཡས་མཁའ་ཁྱབ་འགྲོ་དོན་ལྷུན་གྲུབ་འབྱུང་། །ང་ཉིད་ཁྱོད་ཡིན་ཁྱོད་ཀྱང་ང་ཡིན་ཏེ།༢༦།སྲིད་ཞིའི་བདེ་སྡུག་བཟང་ངན་འཁྲུལ་པའི་ཆོས། །ཐེག་གཅིག་དབྱེ་བ་མེད་པའི་དགོངས་ཀློང་དུ། །ཕྱམ་གྲོལ་གདལ་ཡངས་ཆེན་པོར་ཨ་ཨཱཿཕཊཿ༢༧

བརྒྱུད་གསུམ་བླ་མའི་ཚོགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི།

བརྒྱུད་གསུམ་བླ་མའི་ཚོགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །གདོད་མའི་མགོན་པོ་སྤྲོས་ཀུན་ཉེར་ཞི་མཆོག་ཏུ་མི་འགྱུར་ཁྱད་ཆོས་དྲུག་ལྡན་རྡོ་རྗེའི་ཁམས། །རྣམ་ཐར་བཞི་ལྡན་སྟོང་ཉིད་བདེ་ཆེན་སྙིང་པོའི་སྒེག་མོས་གདུལ་བྱའི་དོན་དུ་རབ་བསྐུལ་ལས། །དུ་མའི་བསྐལ་བ་བཟང་བོའི་སྔ་རོལ་ཕུན་ཚོགས་ལྔ་ལྡན་གཞི་སྣང་ཆེན་པོའི་ཞིང་ཁམས་དེར། །མངོན་རྫོགས་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་ཞེས་བྱ་ཆོས་རྒྱལ་ཀློང་ཆེན་པ་ལ་འདུད། །ས་མཐོའི་གྲུབ་མཐའ་གངས་རིའི་སྤོ་ལ་སྔོན་ནས་སྙོག་པས་ལོངས་སྤྱོད་འཁོར་ལོའི་རྩ་མདུད་རྒྱ། །ཅིག་ཅར་གྲོལ་བས་གཞུང་ལུགས་རྒྱ་མཚོར་བློ་གྲོས་རབ་རྒྱས་ལུང་རིག་གཡུ་རལ་ལན་བུ་གཡོ། །བརྒལ་བརྟགས་རིག་པའི་སྡེར་མོའི་ཤུགས་ཀྱིས་ལོག་སྨྲའི་གཉིས་འཐུང་ཀླད་པ་འགེམས་ཤིང་ཐལ་འགྱུར་གྱི། །མགྲིན་རྔ་ལྡིར་བའི་རིགས་གྲྭ་ཀུན་ཏུ་འགྲན་མེད་མི་ཡི་སེང་གེ་འཇིགས་མེད་གླིང་པས་སྐྱོངས། །ཀ་དག་དྲི་མེད་གཞི་དབྱིངས་བུམ་སྐུའི་ཀློང་། །སྤྲོལ་བྲལ་འོད་གསལ་གཉུག་མའི་གདན་ཁྲི་ལ། །ཁྱབ་གདལ་དགོངས་པའི་རྒྱལ་པོ་གཏན་སྲིད་ཟིན། །གདོད་མའི་མགོན་པོ་ཆོས་ཀྱི་དབང་པོར་འདུད། །རྩིབས་སྟོང་སྔོན་མིན་ཐུགས་རྗེའི་ཤུགས་ཀྱིས་ས་གསུམ་གདུལ་བྱར་རང་དབང་བསྒྱུར། །ཡན་ལག་བཞི་པའི་དཔུང་ཆེན་བཤམས་མིན་ཀུན་རྟོག་བག་ཆགས་གཡུལ་ལས་རྒྱལ། །ལས་དབང་བསོད་ནམས་ཤུགས་ཀྱིས་མ་ཡིན་བསྡུ་བཞིའི་འགྲོ་ཀུན་རྣམ་མཁྱེན་ལམ་ལ་དཀྲི། །ཐེག་དགུའི་འཁོར་བསྒྱུར་བཀའ་དྲིན་མཚུངས་བྲལ་ཡོན་ཏན་རྒྱ་མཚོའི་ཤེས་པ་སྩོལ། །ཞེས་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པས་མདུན་བསུས་ནས། །དེ་ལ་འདིར། སོགས། དེ་སྐད་འཕགས་ཚོགས་འདུས་སྡེའི་སྙན་དབང་དྲུང་དུ་ལེགས་བཅད་ཚིག་གི་དགའ་སྟོན་ཕུལ་བ་འདིས། །བདག་གི་སྐྱེས་རབས་སྲིད་གསུམ་རྒྱ་མཚོའི་ཕ་མཐའ་འགྲིམ་པ་དེ་སྲིད་ཀུན་མཁྱེན་ཡབ་སྲས་ཀྱིས། །རྗེས་སུ་ཞུགས་ཤིང་གང་གི་སྤང་རྟོགས་ལེགས་བྲིས་ལམ་ལ་གོམ་པའི་འདེགས་འཇོག་བསྒྱུར་ནུས་ནས། །བསྟན་འགྲོའི་དོན་མཆོག་རླབས་ཆེན་འགྲུབ་པའི་སྙེ་མ་སྤོམ་པོ་གཡུར་དུ་ཟ་བར་ཤོག་ཅིག་གུ །སྟོབས་བཅུ་མངའ་བའི་བསྟན་པ་མ་རྫོགས་པར། །སྙིང་ཐིག་གསང་བའི་མན་ངག་འདི་ཉིད་ཀྱང་། །མི་ཉམས་གོང་འཕེལ་འགྲོ་བའི་ཉེར་འཚོའི་གཞིར། །འགྱུར་བའི་བཀྲ་ཤིས་དེ་ཡང་དེང་འདིར་སྩོལ། །རྒྱལ་བ་ཀུན་གྱི་སོགས། །

ཡུམ་ཀ་བདེ་ཆེན་རྒྱལ་མོ་ལ་བརྟེན་པའི་ཚོགས་ཀྱི་སྐབས་སུ་བཤད་པའི་རྣལ་འབྱོར་མཆོག་གི་ནང་གི་གནས་ལ་སོགས་པ་ཅུང་ཟད་བཤད་ན།

ཡུམ་ཀ་བདེ་ཆེན་རྒྱལ་མོ་ལ་བརྟེན་པའི་ཚོགས་ཀྱི་སྐབས་སུ་བཤད་པའི་རྣལ་འབྱོར་མཆོག་གི་ནང་གི་གནས་ལ་སོགས་པ་ཅུང་ཟད་བཤད་ན། རོ་རྐྱང་གཉིས་ལ་བརྟེན་ནས་སྐྱེས་པའི་རྩ་ཉེར་བཞི་ཡི་གེ་བྷ་ག་ཡུམ་གྱི་མཁའ་རུ་གནས་པ་ལ། ཁམས་དྭངས་མ་ཡབ་ཡུམ་ཟུང་འཇུག་གི་རང་གི་རང་བཞིན་ཡོད་དེ། དེ་ཡང་རྩ་བའི་ཕོ་བྲང་། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ན་ནམ་མཁའ་ལ་སྤྱོད་པ་བརྒྱད་ཐུགས་ཀྱི་འཁོར་ལོར་བཞུགས་ཏེ་དེར། པུ། པུ་ལི་ར་མ་ཡར། ཐོད་པའི་དུམ་བུ་དང་རབ་གཏུམ་མ་ ༼ མགོ་ལའོ། ༽དཀར་པོ། ཛྭ། ཛ་ལན་དྷ་རར་ ༼ སྤྱི་གཙུག །༽ ཀེང་རུས་ཆེན་མོ་དང་གཏུམ་མིག་མ་སེར་བོའོ། །ཨཽ། ཨོ་ཌི་ཡཱ་ནར་ཀེང་རུས་ཅན་དང་། འོད་ལྡན་མ་དམར་པོ་༼ རྣ་བ་གཡས། ༽ཨ། ཨར་བུ་ཏར་མཆེ་བ་རྣམ་པར་གཙིགས་མ་དང་སྣ་ཆེན་མ་ ༼ སྤྱི་བོའི་རྒྱབ་དུ། ༽ལྗང་ཀུའོ། །གོ གོ་དྷ་བཱ་རི་ན། ལྷ་དགྲ་དང་དཔའ་པོའི་བློ་གྲོས་མ་ནམ་མཁའི་མདོག་ཅན། ༼ རྣ་བ་གཡོན་མའོ། །༽རཱ། ར་མེ་ཤྭ་རར་འོད་དཔག་མེད་དང་། མིའུ་ཐུང་མ ༼ སྨིན་མའི་དབུས། ༽དཀར་སྐྱའོ། །དེ། དེ་ཝི་ཀོ་ཊར་རྡོ་རྗེ་འོད་དཔག་མེད་དང་ལང་ཀའི་དབང་ཕྱུག་ ༼ མིག་གཉིས་སུ། ༽ལྗང་གུ་དང་མུ་ཏིག་ལྟ་བུ། མཱ། མ་ལ་ཝར་ན་རྡོ་རྗེ་ལུས་དང་ཤིང་གྲིབ་མ་ ༼དཔུང་རྩར། ༽པདྨ་དང་སེར་སྐྱེའོ། །དེ་དག་ནི་ཐུགས་ཀྱི་འཁོར་ལོ་ནམ་མཁའ་ལ་སྤྱོད་པའོ། །མངོན་བརྗོད་བླ་མ་ལས། དཔའ་བོ་རྣམས་གདོང་གཅིག་པ་ཕྱག་བཞི་པ། རལ་པའི་ཅོད་པན་ཅན་ཐུགས་རྗེའི་ཁྲོ་ཞིང་འཇིགས་པ་རྡོ་རྗེ་དྲིལ་བུ་ཕྱག་གཉིས་ཀྱི་འཁྱུད་པ། གཡོན་དང་གཡས་པའི་ཕྱག་གཉིས་ལ་ཁ་ཊྭཱཾ་ཀ་དང་ཅང་ཏེའུ་དང་། ཕྱག་རྒྱ་ལྔ་ཡི་བརྒྱན་པ། གཡས་བརྐྱང་པས་བཞུགས་པའོ། །རབ་གཏུམ་མ་ལ་སོགས་པའི་ལྷ་མོ་རྣམས་ནི། ཞལ་གཅིག་པ་ཕྱག་གཉིས་པ། སྡིག་མཛུབ་ཀྱིས་ཐོད་པ་འཁྱུད་པ། སྤྱན་གསུམ་པ། སེར་སྐྱའི་གཟུགས་ཅན། སྐྲ་གྲོལ་བ། གཟུགས་གཉིས་པ་གཉིས་སུ་མེད་པར་མཉམ་པར་ལྡན་པ། ཕྱོགས་ཀྱི་གོས་ཅན་རྣམ་པར་རོལ་བ། མགྲིན་པའི་ནོར་བུ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་དང་། ཚངས་པའི་སྐུད་པ་དང་། མགུལ་རྒྱན་དང་། མགོ་བོའི་ཕྲེང་བ་དང་། གཡེར་ཀའི་སྐ་རགས་ཅན། ཞེས་སོ། །གསུང་གི་འཁོར་ལོ། ཀ་ཀ་མ་རུ་པར། མྱུ་གུ་ཅན་དང་ས་བསྲུང་མ་ ༼ མཆན་ཁུང་གཉིས་སུ། ༽དཀར་པོ། ཨོ། ཨོ་ཌིར་རྡོ་རྗེ་རལ་པ་ཅན་དང་༼ ནུ་མ་གཉིས་སུ། ༽འཇིགས་བྱེད་ཆེན་མོ་དམར་མོ། ཏྲི། ཏྲི་ཤ་ཀུ་ནེར་དཔའ་པོ་ཆེན་པོ་དང་། རླུང་གི་ཤུགས་ཆེན་མ་ ༼ ལྟ་བའི་དབུས་སུའོ། །༽ནག་མོ། ཀོ་ཀོ་ས་ལར་རྡོ་རྗེའི་ཧཱུྃ་མཛད་དང་ཆང་འཐུང་མ་ནམ་མཁའ་ལྟར་ ༼ སྣ་རྩེར། ༽སྔོ་བསང་། ཀ་ཀ་ལིང་ཀར་རབ་ཏུ་བཟང་པོ་དང་སྔོ་བསང་མ་སེར་ ༼ ཁ་ལ། ༽སྐྱ། ལ། ལམ་བྷ་ཀར་རྡོ་རྗེ་བཟང་པོ་དང་ ༼ མགྲིན་པར། ༽རབ་བཟང་མ་དཀར་མོ། ཀཱ ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ་ལྗང་གུ་ ༼ སྙིང་ལ། ༽ཧི། ཧི་མ་ལར་མིག་མི་བཟང་དང་ ༼ བཤང་སྒོར། ༽བྱ་གདོང་མ་ནམ་མཁའ་ལྟར་སྔོ་བསང་ངོ་། །གསུང་གི་འཁོར་ལོ་ས་ལ་སྤྱོད་པའོ། །མངོན་བརྗོད་ལས། མྱུ་གུ་ཅན་ལ་སོགས་པའི་དཔའ་བོ་ནི་ཞལ་གཅིག་པ། ཕྱག་བཞི་པ། སྤྱན་གསུམ་པ། རལ་པའི་ཅོད་པན་དང་། དར་དཔྱང་དང་ལྡན་པ། ཕྱག་གཉིས་ན་པདྨ་དང་དྲིལ་བུས་འཁྱུད་པ། གཡོན་པའི་ཕྱག་ན་ཁ་ཊྭཱཾ་ཀ །གཡས་ན་ཅང་ཏེའུ། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ་གཡས་བརྐྱང་བས་བཞུགས་པའོ། །ཨེ་ར་བ་ཏི་ ༼ དཔྱད། ༽ལ་སོགས་ལྷ་མོ་རྣམས་ནི། ཕྱག་གཉིས་པ་ཞལ་གཅིག་པ་ཐོད་པ་དང་ལྡན་པས་འཁྱུད་ཅིང་པདྨ་དང་ལྡན་པའི་སྡིག་མཛུབ་བྱེད་པ། མགུལ་རྒྱན་དང་གདུ་བུ་དང་དཔུང་རྒྱན་དང་། རྣ་རྒྱན་དང་ཚངས་པའི་རྐུད་པ་དང་ལྡན་པའོ། །ཐོད་པའི་ཕྲེང་བས་མགུལ་ཅིང་གཡེར་ཁའི་སྒྲ་སྒྲོགས་སྐུ་རེགས་ལྡན། ཞེས་སོ། །པྲེ། པྲེ་ཏ་པུ་རིར་ ༼ མཚན་མ།༽ སྟོབས་པོ་ཆེ་དང་། འཁོར་ལོའི་ཤུགས་ཅན་མ་ནག་མོ། གྲི གྲི་ཧ་དེ་བ་ཏ་ར་ ༼ གཞང་ལ། ༽རྡོ་རྗེ་རིན་ཆེན་དང་དུམ་སྐྱེས་མ་སེར་མོ། །སོ། །སོ་རཥྛར་རྟ་མགྲིན་དང་། ཆང་འཚོང་མ་དམར་ ༼ བརླ་གཉིས། ༽མོ། །སུ། སུ་ཝརྞ་དི་པར་ནམ་མཁའི་ ༼ བྱིན་པ་གཉིས་སུ། ༽སྙིང་པོ་དང་། འཁོར་ལོའི་གོ་ཆ་མ་ལྗང་གུ ན། ན་ག་རར་དཔལ་ཁྲག་འཐུང་ ༼ སོར་མོ་རྣམས་ལ།༽མ་དང་། རབ་དཔའ་མོ་དམར་མོ། །སུ། སིནྡྷུ་རར་པདྨ་གར་གྱི་དབང་ཕྱུག་དང་། སྟོབས་ཆེན་མ་ཟླ་བ་དང་ ༼ རྐང་བོལ་གཉིས་སུ། ༽སེར་སྐྱའོ། །མ། མ་རུར་རྣམ་པར་སྣང་མཛད་དང་། འཁོར་ལོའི་བསྒྱུར་མ་དུད་ཁའི་མདོག་ ༼ མཐེ་བོང་གཉིས་ལ། ༽ ཅན། ཀུ་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་། བརྩོན་འགྲུས་ཆེན་མོ་དཀར་ ༼ པུས་མོ་གཉིས་སུ། ༽བོའོ། །མངོན་བརྗོད་ལས། སྟོབས་པོ་ཆེ་ལ་སོགས་པའི་དཔའ་བོ་ནི། ཞལ་གཅིག་པ། ཕྱག་བཞི་པ། རལ་པའི་དབུ་རྒྱན་འཆང་བ། ཕྱག་གཉིས་ལ་འཁོར་ལོ་དང་དྲིལ་བུའི་འཁྱུད་པ། ཕྱག་གཞན་ལ་ཁ་ཊྭཱཾ་ཀ་དང་ཅང་ཏེའུ་འཛིན་པ། ཕྱག་རྒྱ་ལྔའི་བརྒྱན་པ། གཡས་བརྐྱང་བས་བཞུགས་པའོ། །འཁོར་ལོའི་ཤུགས་ཅན་མ་ལ་སོགས་པའི་ལྷ་མོ་ནི་གདོང་གཅིག་པ། ཕྱག་གཉིས་པ། ཐོད་པ་དང་སྡིགས་མཛུབ་འཁོར་ལོ་འཛིན་པས་དམ་དུ་འཁྱུད་པ། སྤྱན་གསུམ་པ། དྲག་པོའི་གཟུགས་ཅན། སྐྲ་གྲོལ་བ། གཅེར་བུ་གཉིས་སུ་མེད་པར་སྦྱོར་བས་མཉམ་པར་གནས་པ། ཕྱོགས་ཀྱི་གོས་ཅན་མགྲིན་པའི་ནོར་བུ་དང་ནས། ཐུགས་ཀྱི་འཁོར་ལོ་དང་། གཞན་ཚིག་གཅིག་གཡེར་ཁའི་འོག་པགས་བྱས་པ་ཞེས་པའི་ཁྱད་པར་ཙམ་གྱིས་བར་རོ། །འདི་དག་ས་འོག་ལ་སྤྱོད་པར་གསུངས་སོ། །བྱང་ཕྱོགས་ལ་སྦྱར་ན། ལུས། མཁའ་འགྲོ་མའོ། །༼ སྔོན་པོ། ༽ཆོས། དུམ་སྐྱེས་མའོ། །༼ དམར་མོ། །༽ཚོར་བ། ལཱ་མའོ། །༼ ལྗང་གུ་སྟེ་སྔོ་བསང་།༽སེམས། གཟུགས་ཅན་མ། ༼ གསེར་མདོག །༽འདུན་པའི་རྫུ་འཕྲུལ་རབ་གཏུམ་མ། བརྩོན་འགྲུས་གཏུམ་མིག་ཅན། དཔྱོད པའི་འོད་ལྡན་མ། སེམས་ཀྱི་སྣ་ཆེན་མོའོ། །དད་པའི་དབང་པོ་བརྟན་པའི་བློ་ཆེན་མའོ། །བརྩོན་འགྲུས་ཀྱི་མིའུ་ཐུང་མའོ། །དྲན་པའི་ལང་ཀའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་ས་བསྲུང་མའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ཀྱི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྔོ་བསང་ལྷ་མོའོ། །ཤེས་རབ་ཀྱི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡན་ལག་ཁ་གདོང་མ། དགའ་བ་འཁོར་ལོའི་ཤུགས་ཅན་མ། ཤིན་སྦྱངས་དུམ་སྐྱེས་མའོ། །ཆོས་རབ་རྣམ་འབྱེད་ཆང་འཚོང་མ། །དྲན་པ་འཁོར་ལོའི་གོ་ཆ་མ། །བཏང་སྙོམས་ཤིན་ཏུ་དཔའ་མོའོ། །ཡང་དག་ལྟ་བ་སྟོབས་ཆེན་མོ། །རྟོགས་པ་འཁོར་ལོའི་བསྒྱུར་མ། ངག་དཔའ་མོ་ཆེན་མོ། །ལས་མཐའ་ཁ་གདོང་། འཚོ་བ་འུག་གདོང་། རྩོལ་བ་ཁྱི་གདོང་མ། དྲན་པ་ཕག་གདོང་མའོ། །ཏིང་ངེ་འཛིན་ནི་བདེ་མཆོག །དགེ་ཆོས་མ་སྐྱེས་བསྐྱེད་པ་གཤིན་རྗེ་བསྲེགས་མའོ། །སྐྱེས་པ་བསྲུང་བ་གཤིན་རྗེ་ཕོ་ཉའོ། །མི་དགེ་སྐྱེས་སྤོངས་གཤིན་རྗེ་མཆེ་ ༼ གཙིགས། ༽མ། མ་སྐྱེས་མི་བསྐྱེད་གཤིན་རྗེ་འཇོམས་མའོ། །ག་གཱས་རྒྱུད་ལས་བཏུས་ཏེ་བྲིས་པའོ། །དཔེ་མི་དག་པས་དཔྱད།

འབྱུང་བ་གཡོ་འཁྲུགས་བཟློག་པའི་རྫས་སྔགས་འཁོར་ལོའི་ལས་མཐའ་བསྡུས་པ་ཟད་པར་ལྷུན་གྲུབ།

ཡེ་ཤེས་སྒྱུ་འཕྲུལ་རོལ་བ་ལས༔ འབྱུང་བ་གཡོ་འཁྲུགས་བཟློག་པའི་རྫས་སྔགས་འཁོར་ལོའི་ལས་མཐའ་བསྡུས་པ་ཟད་པར་ལྷུན་གྲུབ་བཞུགས་སོ། །

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་དུས་ཀྱི་ཐ་མ་ལ༔ ཉོན་མོངས་དམུ་རྒོད་རགས་པས་རྐྱེན༔ དབྱིངས་ཀྱི་ཁ་དོག་བདག་བཟུང་པའི༔ ཕྱི་ནང་འབྱུང་དང་འབྱུང་འགྱུར་འཁྲུགས༔ ནང་ནས་ནད་རིགས་བཞི་བརྒྱ་འབྱུང་༔ ཕྱི་རོལ་བཙའ་ཐན་ཞོད་ཆེས་པས༔ སྐྱེ་འགྲོའི་སྲོག་ལ་ཆད་པ་དང་༔ ལུས་སེམས་དུ༔ ཁའི་བཀྲེས་སྐོམ་ཉེན༔ བཟློག་བྱེད་རྡོ་རྗེའི་མེ་ཆུའི་ཆར༔ འདི་འདྲ་པདྨའི་ཕྲིན་ལས་ཏེ༔ རྫས་སྔགས་འཁོར་ལོའི་ལས་མཐའ་ལས༔ རིམ་པ་དང་པོ་གཉིས་སྟོན་ཏོ༔ ས་མ་ཡཱ༔ དང་པོ་རྫས་ཀྱི་མཆོག་གྱུར་བ༔ གསང་སྔགས་ཞི་བ་དུང་ཕྱུར་ཞིག༔ བཟླས་པས་བསྒྲུབ་མཛད་ཆོས་སྨན་གཙོ༔ དེ་འཁོར་བྱ་ཁྱུང་ལྔ་བ་དང་༔ ཡང་འཁོར་མནོལ་གྲིབ་སངས་བའི་ཕྱིར༔ ལྷ་ལ་ཙནྡན་ཀླུར་ཉ་སྦྲིད༔ སྤེན་པ་བདུད་ལ་སུར་ནག་དང་༔ མཐོ་སྐྱེས་ཀུ་ཤ་དྲི་བཟང་དྲུག༔ གསུར་བྱེད་ཟས་མཆོག་རྩམ་པ་དང་༔ སངས་ཕྱེ་ཤུལ་ལོ་དགྱེས་བྱེད་དུ༔ ལན་ཚ་རོ་ཡི་མཆོག་ཏུ་གྱུར༔ རྐྱང་གི་མུར་མུར་མཐིང་རིལ་ཀླད༔ ཁུ་བྱུག་ཁྲག་བཅས་སྦལ་སྦྲུལ་ཤ༔ ཉ་དང་ལྕུང་མོ་དུང་མགྲོན་བུ༔ སྤྲིན་གྱི་རྡོ་ནི་རྙེད་ན་རབས༔ མ་འབྱོར་བསེ་སྦུར་གྱིས་ཀྱང་རུང་༔ སྔགས་འདི་བཏབས་པ་ཁྲི་ཡི་བརླབས༔ དེ་ནས་བདུག་པ་ཙམ་གྱི་སྔོན་པོར་འགྱུར༔ ཨོཾ་སང་སང་ཆེནྦྷ་ཚནྦྷ་བྷརྱཱ༔ ཞེས་བྱའོ༔ གལ་ཏེ་ཞི་བས་མ་འཕྲོད་ན༔ གཡུལ་དུ་གུམ་དང་མཛེ་ཤིའི་ཤ༔ སྦྲུམ་མའི་བང་སང་དུས་ཀྱི་ཁྲག༔ ཡུགས་ས་དགུ་ཡི་འགབ་ལྷམ་འབོག༔ མཚམས་མེད་བྱས་དང་ནལ་བུའི་མཆོག༔ བདུག་པ་དེ་ལ་སྔགས་འདི་གདབས༔ ཨོཾ་བིགྣིན་དེ་ཝ་ན་ག་ཏྲི་གུ་ཧྱེ་ས་ལ་མ་ར་ཡ༔ རྨུགས་རྨུག་ཐིབ་ཐིབ་པཱ་རཱ་ཏ་ག་ཕཊ༔ ཞེས་བདུག་གོ༔ དེས་ནི་ཆར་གཅོད་ཐེ་ཚོམ་མེད༔ ཁྱད་པར་རྫས་སྔགས་བསྡུས་པ་ནི༔ བྱ་རྒྱལ་རྒོད་གྱི་ཚིལ་བདུག་ལ༔ ཨོཾ་སུརྱ་ཛྭ་ལ་རཾ་རཾ༔ ཞེས་བྱའོ༔ ཡང་ན་དམིགས་པ་འདི་ལྟར་བྱ༔ རང་ཉིད་འོད་དཔག་མེད་ཡུལ་གོས་དཀར་མོ་དང་འཁྲིལ་བའི་ཐུགས་ནས་ཡི་གེ་རཾ་དམན་ནག་གཅིག་ཆད་དེ༔ ཡི་གེ་ཕྲ་མོ་དེ་གྲངས་མེད་པར་འཕེལ་ནས་འོད་དམར་མེའི་ཕྲེང་བས་ས་འོག་ས་སྟེང་ས་བླ་ཐམས་ཅད་གང་བར་བསམ་ལ༔ ཨོཾ་རཾ་ཛྭ་ལ་བཛྲ་ཡཀྴ་རཾ་ཕཊ༔ ནཱ་ག་པཙྩ་པཙྩ་ཧཱུྃ་ཧཱུྃ༔ ཞེས་བརྗོད་འབུམ་ཕྲག་གཅིག་གི་མཐར༔ ནམ་དགོས་དུས་སུ་སྔགས་ཙམ་འགྲུབ༔ ཁྱད་པར་ནང་གི་དམིགས་སྔགས་ལ༔ སྤྱི་བོ་མགྲིན་སྙིང་རྩ་འཁོར་དང་༔ ལྟེ་བའི་དབྱིངས་ཕྱུག་ཡི་གེ་ཨེ༔ དམར་ནག་ལས་རླུང་གིས་བསྐུལ་པས༔ རྟ་གདོང་མེ་ཡི་འབར་བརྟན་པས༔ སྤྱི་བོའི་ཝཾ་ཡིག་ཞུ་བདེ་ནི༔ དབྱེར་མེད་མཐར་ནི་ཐིག་ལེ་སྐམ༔ མེ་འདི་ཕྱི་ནང་གཞན་གསུམ་བཅས༔ བདེ་སྟོང་ཆེན་པོར་རྒྱས་ཐེབ་བསམ༔ སྤྲིན་གཏོར་པ་ལ་རླུང་མང་རྔུབ༔ ཉི་མའི་དངོས་གྲུབ་ཞུགས་སྤོར་སྟོབས༔ དྲོད་ཐོབ་ནམ་མཁའི་ས་ལ་འབེབས༔ མིག་ཏུ་ཀླུ་ཡི་རླུང་གནས་པ༔ དབུ་མའི་ནང་དུ་དྲང་བ་ཡི༔ འོད་གསལ་བ་ཡི་ཉི་མ་འཆར༔ ཡང་ན་རྐྱང་མར་གཞུགས་པ་ཡི༔ དབྱར་དགུན་གོ་ཟློག་དངོས་གྲུབ་ཡོད༔ ཁྱིམ་མིའི་རྩ་ལ་ཟིན་པ་ན༔ ཉེ་བར་ཐོབ་པའི་ཡེ་ཤེས་དང་༔ ཟད་པར་མེ་ཡི་ཏིང་འཛིན་འཆར༔ ཁྱད་པར་སྤྱི་བོའི་འཁོར་ལོ་ཡི༔ རྩ་འཁོར་མཐར་བཅས་མེ་ཡི་ཁྱབ༔ ཐིག་ལེ་ཟད་ནས་མེ་ཡི་ཁྱབ༔ དམིགས་ཤིང་རླུང་གྲངས་བརྒྱ་བཟུང་ན༔ ཐན་པ་ཆུ་ཡི་འཇིགས་པ་མེད༔ ཡང་ནི་ཆུ་ཡི་སྙིང་སྟོབས་ཀྱི༔ རྡུལ་གྱི་ཞུགས་ལ་བཀྲམ་པས་མོད༔ ལུས་ཀུན་བསིལ་བའི་རེག་བྱའི་ཁྱབ༔ བསམ་པ་དེ་ཡི་ཆར་ཆེན་འབེབས༔ དེ་སྐད་རྙིང་སྔགས་རྒན་པོའི་རིགས༔ ག་གཱ་ཨ་བྷྱེའི་རང་འདོད་སྨྲས༔ ཟླ་བ་གྲགས་པའི་ཐུགས་དམ་གྱི༔ དགྱེས་པ་སྐོར་ཕྱིར་མཆོད་པ་འབུལ༔ ཨོཾ་ན་མོ་རཏྣ་ཏྲ་ཡ་ཡ་མེ་དུ་ཤ་ན་ཡཾ་ཁ་ལ་བྷེ་ནན་ནན༔ ཨོཾ་ར་ཛ་ཙནྜ་ས་མ་ཡ་ཛ་ཛ་ས་པ་རི་ཝ་རི་པདྨ་ཤ་ཝ་རི་ཀརྨ་ཡཾ་ཡཾ་སརྦ་སུ་ཁ་སུརྱ་གུ་ཌ་ཧཱུྃ༔

བཅོམ་ལྡན་སྨན་བླའི་དགོངས་མཛོད།

བཅོམ་ལྡན་སྨན་བླའི་དགོངས་མཛོད་ལས༔ གསོ་བ་རིག་པའི་རྣོ་མདེའུ་གདུང་སེལ་ཟིལ་ཐིག་བརྒྱད་པ་ལས༔ ཟླ་བའི་ཟིལ་ཐིག་ནི༔ དུས་ཀྱི་དབང་ཞེས་སྙད་བཏགས་ཀྱང་༔ ཀུན་ནས་སྡང་བའི་བསླང་བ་ལ༔ མིང་གི་རིགས་བརྗོད་མི་ཤེས་པའི༔ བསམ་མི་ཁྱབ་པ་ཟུག་རྔུ་འབྱིན༔ སྨན་གྱི་བླ་དང་ཤཱཀྱའི་དབང་༔ གུ་ཎ་ན་ཐ་དར་མོ་སྨན༔ བཻ་རོ་ལ་སོགས་འཚོ་བྱེད་ལ༔ ཕྱག་འཚལ་ཟླ་བའི་ཟིལ་ཐིག་བཀྲལ༔ གང་ཞིག་རྟགས་དང་སྨན་དཔྱད་གཉིས༔ དང་པོ་རྟགས་ཀྱི་རིམ་པ་ནི༔ སྔོན་ཆད་མ་ཏྲཾ་རུ་དྲ་ཡི༔ བུ་ག་དགུ་ནས་བྱུང་བའི་ནད༔ གནམ་ནད་རིགས་ལ་རྣམ་པ་བརྒྱད༔ སྐྱེ་འགྲོའི་སྲོག་དབུགས་སྡུད་པར་བྱེད༔ ཀླད་པ་ན་ཞིང་རྒྱུད་པ་ལ༔ འཐེན་འབྱུང་པ་ལ་རྣམ་པ་བརྒྱད༔ འཛུམ་དང་མི་འཛུམ་སྒུར་བོའི་རིགས༔ ཀུན་ཀྱང་ཞག་མ་བདུན་ན་ནི༔ ཀྲོ་ཏ་ཧོ་དེ་ཡི་གཉེན་པོ་རུ༔ ཤ་ཡི་སྦྱོར་བ་འདི་ལྟ་སྟེ༔ ཚེ་ཚེ་ར་ཡི་ཤ་བསྲེགས་ཐལ༔ རྭ་དང་ཆུ་ཡི་ཀླད་པ་དང་༔ ཟེར་མོའི་ཤ་ཁྲག་ཁྱད་པར་རྒྱུད༔ ག་རུ་ཌ་ཡི་སྡེར་མོ་དང་༔ འབྲས་བུ་གསུམ་གྱི་རང་བཞིན་པ༔ རྙེད་ན་རང་ཤིའི་ཐོད་པ་ཁྲག༔ ཞིབ་ཏུ་བརྟུལ་ནས་དུག་འཇོམས་དུ༔ ར་ཡི་རྩོ་གླུམ་དཀྱིལ་དུ་ནི༔ ཞག་བདུན་རས་ཁུག་ནང་ནས་བསྙལ༔ དེ་ནས་རིལ་བུར་དྲིལ་བ་ཡིས༔ བདུད་རྩི་སྦྱོར་བ་ཁྱད་འཕགས་འདིས༔ དགོས་སུ་འཛུམ་བུ་ལྟག་དགྱེས་ཐུབ༔ རྩ་ལ་གཡས་འགྱུར་གཡོན་པ་ལྡེམ༔ གཏར་བསྲེགས་བྱས་ན་ཚེ་དུས་བྱེད༔ ཆུ་ལ་འཇའ་ཚོན་ཁ་དོག་བཀྲ༔ མཐའ་རུ་ཟངས་ཀྱི་ཁ་དོག་འབར༔ གཉིད་ཡར་ངོས་མི་ཟིན་པ་འབྱུང་༔ ལག་པ་གཡུག་ཅིང་ཁ་སོ་སྡོམ༔ དེ་ནི་སྨན་པས་བཏང་བར་བྱ༔ རྟགས་ཀུན་ཡོངས་སུ་མ་ཚང་བ༔ རྗེས་སུ་བཟུང་ངོ་དེ་ལས་གཞན༔ ཁྱུང་གི་སེར་སྒོང་ཕག་གི་ཀླད༔ ཁ་དམ་མིག་ནི་མཐོང་སྐར་བལྟ༔ ལ་སོགས་ནད་ཀུན་ལ་ཕན་ཀྱང་༔ ལྡེ་ཁས་མདེའུ་སྨན་གྱི་གཙོ༔ ཨ་རུ་གསེར་མདོག་འཕུར་མོ་ནག༔ ག་བུར་ནག་པོ་གུར་གུམ་རྣམས༔ གཙོ་གཉིས་སྲང་ལ་ཨ་རུ་ཕྱེད༔ གཞན་རྣམས་ཆ་མཉམ་གླ་རྩི་ཡི༔ ཁ་ཚར་བཏབ་ཅིང་ནག་པོ་སེལ༔ ༈ གཙོ་གཉིས་སྟེང་དུ་ཨ་རུ་ར༔ ཕྱེད་དང་བོང་ཁྲག་ཤ་བའི་རྭ༔ རྒྱུས་ཆུ་དང་བཅས་ཁྱད་པར་དུ༔ ག་བུར་ནག་པོ་སུམ་བསྡབ་ཀྱིས༔ བསྐྱེད་པ་སྨན་ཆེན་ཁ་ཚར་གདབས༔ གླ་ཝ་བ་དམར་པོའི་ཁྲག་གིས་བསྒྲིལ༔ རིལ་བུ་དེ་ཡིས་ས་ནད་ནི༔ གཡས་བསྐོར་ལྕེ་དཀར་མགོ་བོ་ན༔ སྦུ་སྐྱུགས་ལ་སོགས་ཀུན་ལ་ཕན༔ ཁྱད་པར་ནད་དེར་གཟའ་དུག་བསྲེ༔ ཡང་ཅིག་ཆུ་ནད་བྱ་བ་ནི༔ དུས་སུ་མི་འབྱུང་སེར་ལྗངས་དྭངས༔ གྲང་བའི་ཆུ་ལ་ཚ་བའི་རྩ༔ དྲུག་འགྱུ་འགྱུར་ཞིང་ཆད་ཅིང་སྡོད༔ འཆི་ལྟས་ཚང་ཞིང་རིག་པ་དྭངས༔ མི་ལྡོག་ཀུ་ཡ་གཏིང་ན་མེད༔ ཆལ་ཆོལ་སྨྲ་ན་དཔྱད་ལས་འདས༔ གཞན་དུ་གསོ་བ་འདི་ལྟ་སྟེ༔ བོང་དཀར་གཙོ་ལ་འབྲས་བུ་གསུམ༔ ག་བུར་ཁ་ཚར་བཏབ་པ་ཡི༔ སད་མདའི་ཚད་པ་མངོན་དུ་འབྱིན༔ གུར་གུམ་བཟང་པོ་གླ་རྩི་དང་༔ གི་ཝཾ་དག་པའམ་མིའི་གི་ཝཾ༔ གནས་ཆེན་གང་རུང་ངམ་ཚབ་མ་རུ༔ གི་ཝཾ་གང་རྙེད་ལུག་རུ་ཡི༔ ཁནྚ་མང་ལ་གི་ཝཾ་ནི༔ རབ་ཏུ་བཟང་པོའི་བྱིན་གྱིས་བརླབས༔ དེ་ནས་ལོ་བརྒྱད་དྲི་ཆུ་ཡི༔ ནང་བཏབ་མིང་ཅན་དུག་ཉིང་དང་༔ གཞན་ཡང་མཁྲིས་སྣ་གང་རུང་མང་༔ སྡིག་སྲིན་ལ་སོགས་གཙོ་ཕལ་ཚུལ༔ གོང་མའི་ཕྱེད་ཆ་འོག་མར་བྱ༔ སྨན་ཆེན་པོ་ཡི་སྤྱི་རྒྱས་གདབ༔ དེ་ཡིས་ངེས་པར་སེལ་བར་འགྱུར༔ རི་ཐང་མཚམས་ནས་ཨ་ཀར་ནི༔ སོ་ལྔ་གྲངས་མང་སྦྲེལ་ཏེ་བྱ༔ གཤིན་ཡུལ་གོམ་གཅིག་འདོར་བ་ཡང་༔ ཐ་མ་གསོན་གྱི་གྲལ་འགོར་ཆུད༔ ཏྲེ་ཏྲེ་ཧོ་དང་པར་བ་ཏ༔ དཀར་ནག་ཁྲ་བོ་ཐམས་ཅད་ལ༔ འདི་ཡིས་མི་སེལ་གང་ཡང་མེད༔ ཡང་ཅིག་མེ་ནད་དམར་པོ་ནི༔ ཕྱི་རྟགས་ལུས་ལ་ཤ་བཀྲ་དམར༔ ཆུ་ནི་ཚ་ལ་རྩ་ནི་གྲང་༔ ཕྲ་ཞིང་རྒྱུ་བས་འཛེར་རུ་འདྲིལ༔ ལུས་ལ་རྒལ་བ་རྡོལ་བ་འདྲ༔ དེ་ལ་བ་ཤ་ཀཱ་ཡི་འཇལ༔ བཞག་པས་ཟ་ཕྲུག་གོལ་རྩེར་འབྱུང་༔ ནང་ལ་བྱུང་ན་བ་ཤ་ཀ༔ རྐྱང་བས་སྨན་བཏང་འདར་ཡིད་བྱེད༔ དོམ་ནག་མཁྲིས་པ་གླ་བའི་རྩི༔ བོད་ཀྱི་གུར་གུམ་སྨན་ཆེན་ཚབས༔ བདུད་རྩི་ལོ་མ་སྤྲུ་ནག་དང་༔ སླེ་ཏྲེས་ཀོ་བྱི་ཉུང་ངུ་བཏབ༔ བདུན་ཐང་གིས་བསྡུས་རྗེས་སུ་བཏང་༔ སྨད་ལ་ཤ་བཀྲ་སྔོན་པོ་འབྱུང་༔ ཞ་གྲུམ་གྱུར་དང་བེར་བ་ནི༔ པུས་མོ་མན་ཆད་བཅོས་སུ་ཡོད༔ དེ་ལ་ཁ་ཅིག་འབམ་དུ་འཁྲུལ༔ མ་ངེས་ནད་རྟགས་གཉིས་གསུམ་ལས༔ མི་འབྱུང་བ་ལ་བཅོས་ཚུལ་སླ༔ གསེར་ཐང་བརྒྱད་པ་གྲངས་བསྐྱལ་མཐར༔ གོ་བྱིལ་བདུན་པ་ཆུ་དང་ནི༔ སྦྲང་སྨྱོན་ནམ་བུ་རམ་ནག་པོའི་བྱུགས༔ ཡང་ན་སྐར་ཆུ་བཟང་པོ་ཡིས༔ རབ་ཏུ་བཀྲུས་ཏེ་ནང་ནས་བཏུང་༔ དེ་ཡིས་རིག་པ་འོར་སྟོང་སེལ༔ སྲིད་ན་ཡང་ཡང་བསྐྱལ་བ་དང་༔ མཐར་ནི་བོང་ཁྲག་ཉེར་ལྔའམ༔ ཕག་བྲུན་བརྒྱད་པས་སླེབ་པས་ཆོག༔ དེ་ཡི་ལྡེ་ཁ་འདི་ལྟ་སྟེ༔ ཕག་བྲུན་གཡུ་འབྲུག་ཁ་ཆུ་ཚབ༔ གང་རུང་ལྟོ་འགྲོའི་མིག་དང་སྙིང་༔ རབ་དང་གྱུར་ན་སྔོ་ཁྲའམ༔ བྱང་ནས་ཐེག་པ་དུག་འདོན་ཅན༔ ཨ་རུའི་ཤ་དང་རུས་གཟེར་ན༔ རུས་པ་སྐྱུར་གྱིས་དུག་བླང་བ༔ གོ་ཡུ་སུག་སྨེལ་གླ་དམར་རིལ༔ བཏང་བས་མི་སེལ་གང་ཡང་མེད༔ དེ་ནི་མེ་ནད་བཅོས་ཐབས་སྟེ༔ འདི་ལ་མེ་བཙའ་གདབས་མི་རུང་༔ ཕྱི་རྒྱུས་གྱིས་ནི་འབམ་རྩ་དྲག༔ གཏར་བས་གྲང་མཉམ་མཆོག་ཏུ་འཕགས༔ ཡང་ཅིག་རླུང་ནད་ལྷོག་པ་འདྲ༔ དེ་ལ་ཐ་མལ་གནས་པའི་དུས༔ སྐད་ཅིག་སྐྲང་རྡོལ་མྱུར་དུ་འཕེལ༔ གཉིད་ཡོར་རྩ་ལ་ཚ་གྲང་འཐབ༔ ཁྱད་པར་མཚེར་བའི་སྦོར་ཤབ་པའི༔ སྣོད་མཉམ་དོན་ལ་རིས་མོས་ལྷག༔ དེ་ལ་མ་བཅོས་ཞག་གསུམ་འཆི༔ སྔགས་ཀྱིས་མི་ཕན་འཁོར་ཞིང་སྐྲང་༔ མེ་དབལ་འདྲ་ཡང་ཆུ་ཡི་ལྟས༔ རྩ་རྒྱུས་འབུ་སྲིན་འདྲ་བས་གང་༔ རྐེ་སྐྲང་འདྲ་བའང་འབྱུང་སྲིད༔ ཁྲག་བཤལ་ཆུ་ལ་རྣག་ཤལ་འབྱུང་༔ རྒྱུ་མའམ་གློ་བ་ལ་བབས་ནས༔ ཁ་ཕོ་སྡོམ་ཞིང་སྡང་མིག་ཅན༔ སྦྲིན་འདྲ་འབྱུང་པ་གང་ཡང་རུང་༔ འགའ་ཞིག་སྨྱོ་འབོག་བརྒྱལ་བའང་འབྱུང་༔ དེ་ལ་བཅུད་ཆེན་སྨན་གྱི་རིགས༔ འགལ་བ་ལྟག་སྤྲོད་བདུན་ཚན་སྡེབ༔ དུག་འདོན་བྱས་པའི་ཨ་བར་སྐྱུར༔ སྨན་ཆེན་སྲིད་བཅུད་ལྟག་སྤྲོད་དང་༔ སྦྲང་སྨྱོན་དབྱར་རྩ་དགུན་འབུ་རྣམས༔ བཅུད་ལྡན་གཙོ་ལ་མྱོས་ལྡན་བློན༔ ལྷག་མ་གྲོང་གི་ཚུལ་དུ་བྱ༔ དེའི་སེལ་ཡང་ནི་དེ་ལས་གཞན༔ ཕོ་གླང་ཚ་གྲང་འདྲ་བ་ལ༔ ཚ་ཤེས་ཆེ་བས་ནད་དེ་ལ༔ འདི་ལྟར་སྦྱོར་བ་ལྔ་བ་སྦྱོར༔ ཨ་རུ་སྨན་ཆེན་རྣམ་གཉིས་ལ༔ དྲོད་དང་མི་ལྡན་བསིལ་གསུམ་དང་༔ གྲང་བའི་ཤས་དང་ལྡན་པ་ལ༔ མཁྲིས་ཆེས་དརྱ་ཀ་པ་དང་༔ ཚ་བ་གསུམ་དང་ལྕགས་ཀྱི་གདོངས༔ ནུས་མཉམ་ཆུ་བུར་འཐོར་ལ་ཕན༔ ཆུ་དགགས་པ་ལ་ལྕམ་པའི་ཐང་༔ རྒྱ་ཚྭ་ལ་སོགས་སྤྱི་དང་མཚུངས༔ ཡང་ཅིག་ཀུན་ལ་ཤེས་པ་རུ༔ ལྷག་པ་དཔྱད་མཐའི་མི་ཐུག་པ༔ ཚད་ལྡན་མཁྲིས་སྣ་རྣམ་ ༼ མི་དོམ་རྒོད་གོ་བོ་དྲེད། ༽ ལྔ་ལ༔ ཚད་པར་བུང་བ་གྲང་བར་ནི༔ དྲོད་དང་ལྡན་པའི་སྒ་ཡིས་བཏང་ཡང་ཅིག་རླུང་གཉན་ངོ་བོ་རླུང་༔ མངོན་དུ་གྱུར་བ་ཚད་པ་ལ༔ ཚ་སྨན་བཏང་ན་གྲང་བས་འཆི༔ ཡང་ཅིག་ངོ་བོ་སྐྲང་བ་ལ༔ རླུང་གི་མངོན་གྱུར་གློ་བས་ཆུ་དམར་དངས༔ རྩ་ཆུ་ནང་འདོམ་རྐྱལ་སྟོང་རྩ༔ ལ་སོགས་གྲངས་མཐར་མི་ཐུག་པ༔ སྦྱོར་བ་ཉི་ཤུ་རྩ་ལྔ་པས༔ མི་སེལ་གང་མེད་ནད་པར་གནང་༔ དེ་ལ་སྣ་ཚོགས་ལྟག་སྤྲོད་བཅུ༔ ནུས་པ་མཉམ་པ་ལྔ་ཡི་གྲངས༔ འབྲས་གསུམ་ཚྭ་གསུམ་ཙནྡ་གཉིས༔ རྩ་དྲུག་མ་ནུ་ཤུ་དག་ནི༔ དཀར་ནག་གཉིས་དང་ལི་ཤི་དང་༔ དྲི་ལྡན་སྲི་ཡང་འུ་སུ་དང་༔ ཕག་བྲུན་གོས་ཐལ་གསེར་མཁྲིས་དང་༔ ཁྱད་པར་མཆོག་གི་མཾ་ས་ནི༔ རབ་ཏུ་མང་བ་ཉེར་བཞི་ལ༔ རྩི་ཡི་ཁ་ལོ་བསྒྱུར་བ་དང་༔ དེ་ལ་ཁ་ཚར་འདི་དག་གདབས༔ གཉན་རྩ་ཤར་ན་སྤངས་རྒྱན་སྔོན༔ ཚད་པར་ག་བུར་གྲང་བར་ནི༔ དྲོད་དང་ལྡན་པའི་སེ་འབྲུ་དགོས་༔ རླུང་ལ་གཙོ་བོ་ཏིང་ཀུ་དང་༔ ཡང་ཅིག་བད་ཀན་ཉིད་ལ་ནི༔ བཞུ་བྱེད་རང་བཞིན་གོས་གྲེ་དང་༔ གློ་བར་ཅུ་གང་རྒུན་འབྲུམ་པ༔ ལ་སོགས་རིགས་པས་འཕྲུལ་བ་ཡི༔ མི་སེལ་བ་ལ་ཅི་ཡང་མེད༔ གལ་ཏེ་ལ་སྨན་མ་འཛོམ་ན༔ འདི་དག་ཚབ་ཀྱི་སྔོ་ཡིས་འཐུས༔ བྲག་ཞུན་ཁྲག་རྒན་སྙེམ་པ་རུ༔ ཁྲག་འཇང་སྣ་ཚོགས་འཚང་ལ་ཕན༔ སྟོངས་ཚད་སྨན་རྗེས་ཆུ་བསྐོལ་བ༔ ཕོར་བ་བདུན་གྱིས་ངེས་པར་སེལ༔ འདི་འདྲ་སྨན་མཐུན་སྨན་ལ་འགལ༔ སྨན་གྱི་རང་བཞིན་གྲུབ་སྨྱོན་ལུགས༔ གོང་སྨན་རྒྱལ་མོའི་རྨི་ལམ་དུ༔ བསྩལ་བ་ག་གཱ་ཨ་བྷྱེའི་ལུགས༔ ཆོས་ཀྱི་གྲོགས་པོ་སརྦ་ཛྙཱ༔ དེ་ལ་མཆོད་པའི་ཚུལ་དུའོ། །བཀྲ་ཤིས་དཔལ་དུ་འབར་གྱུར་ཅིག །མངྒ་ལཾ། །༈བདུད་རྩི་སྨན་གྱི་ལྷ་ལ་འདུད༔ ཟག་མེད་ཕན་གྱི་མཆོག་གྱུར་བ༔ ཟུག་རྔུ་འབྱིན་པ་བླ་ན་མེད༔ གྲུབ་ཐོབ་ལུགས་ཀྱི་འགལ་མིན་ཟུངས༔ རིན་ཆེན་ལྔ་ཡི་ཐལ་བ་ལས༔ བྱས་ལས་རྒྱ་སྐེགས་ཨ་རུ་ར༔ ཡང་ཅིག་དུང་གི་ཐལ་བ་དང་༔ འབིགས་པན་ཚ་གསུམ་ལ་སྔོ་སྨན༔ གང་དག་ཟོས་པར་རིལ་བུ་ནི༔ ནུས་དང་ལྡན་པ་དྲི་ཆེན་ཅན༔ དེ་ཡིས་སྐྲན་རིགས་ཐམས་ཅད་སྐེམ༔ ཡང་ཅིག་ཚ་བའི་རིགས་རྣམས་ལ༔ ངོ་མི་ཤེས་པ་སྣ་ཚོགས་ཏུ༔ ཡང་ཟབ་དཔའ་བོ་དཔུང་དྲུག་གི༔ སྦྱོར་བ་ཕུལ་དུ་ཕྱིན་པ་ལ༔ བོང་བ་དང་ནི་ག་བུར་ནག༔ གུར་གུམ་གླ་རྩི་དོམ་གྱི་མཁྲིས༔ སྨན་ཆེན་པོ་སྟེ་རྣམ་པ་དྲུག༔ སྦྱར་བ་མི་བུ་དྲི་ཆུར་སྦྱོངས༔ དཔའ་པོ་དྲུག་སྦྱོར་གཡུལ་ཀུན་སེལ༔ དེ་ཚབ་བསྡུས་ཁྲིག་ཉི་ཤུ་ནི༔ དཔའ་བོ་ཉི་ཤུ་ཞེས་བྱ་བ༔ གཟེར༡་འཇོམས་གཙོ་བོར་བྱས་པ་ཡི༔ ཁྲག་ལ་བབས་པའི་ཚད་ལ་བསྔགས༔ ལྕགས༢་གདོང་གཙོ་བོར་བྱས་པ་ཡི༔ མཁྲིས་ལ་བབས་པའི་ཚད་པ་སེལ༔ ཤ་ཁ་༣ར་ལ་གཙོར་སྦྱར་བས༔ ཁམས་ལ་ཚད་པ་བརྒྱབ་པ་ཡི༔ བསམ་སེ་ཁྲག་ཤ་རྣག་ཤ་སེལ༔ གཡུ་འབྲུག༤་རུས་ལ་གཙོར་སྦྱར་བས༔ རུས་ལ་ཚད་པ་བརྒྱབ་པ་སེལ༔ དར་ཤིང་༥བ་ཡི་གཙོ་སྦྱར་བས༔ གྲིབ་ཆིངས་རུས་བཞི་འཁུམ་པ་སེལ༔ ཙནྡན༦དམར་པོ་གཙོར་སྦྱར་བས༔ ཁྲག་དང་གློ་ཚད་རྒྱབ་པ་སེལ༔ ཤིང་༧མངར་རྒུན་༨འབྲུམ་གཙོ་སྦྱར་བས༔ གློ་ཚད་འཁྲུགས་ཚད་སེལ་བར་ངེས༔ ཨ་ཀར༩་གཙོ་བོར་སྦྱར་བ་ཡི༔ རླུང་དང་སྟོང་ཚད་ངེས་པར་སེལ༔ ཕག་ཁྲག༡༠བྲུན་བཅས་གང་རུང་གི༔ ལྷག་པར་དུ་ནི་གཉན་རིམ་ལའོ༔ སྨན་ཆེན༡༡་པོ་ཡི་ཐམས་ཅད་ལ༔ སྤྱི་ཚད་གཟེར་ཐུང་རྒྱས་འགྲམ་ཚད༔ སེལ་ངེས་ཡང་ཅིག་གྷི་ཝཾ་དམ༔ ལུག་རུ་སེར་པོའི་ཁནྚ༡༢་ཡིས༔ མཆིན་པ་ལ་ནི་ནད་ཀུན་སེལ༔ ཡང་ཅིག་མིང༡༣་ཅན་ནག་པོ་ཡིས༔ གཉན་སྤྱི་ཁྱད་པར་ཁ་དོམ་སེལ༔ འབྲས་བུ་གསུམ༡༤་གྱི་རང་བཞིན་གྱི༔ སྣོད་ཀྱི་ནད་རྣམས་ཆོམ་པར་བཅོམ༔ ཡང་ཅིག་སྐྱུ་རུ་ར་སོགས་ཀྱི༔ གཙོ་སྦྱར་བྱས་པས་སྟོད་ནད་ཚད༔ མ་ལུས་སེལ་བར་ཐེ་ཚོམ་བྲལ༔ གླ་རྩི་གཙོ་སྦྱར་རིམ་སྨྱོན་སེལ༔ བོང་ཁྲག་གཙོ་སྦྱར་བར་ཏ་སེལ༔ ར་ཁྲག་གླད་བཅས་གཙོ་སྦྱར་བས༔ ཡ་མ་ལ་ཕན་ཤ་བའི་གདོང་༔ མིག་རྣག་མིག་ཆུའི་འཛུམ་བུ་སེལ༔ ཡང་ཅིག་བདུད་རྩི་ལོ་མ་ཡིས༔ གྲེ་བ་ན་ལ་ཕན་པ་དང་༔ ཡང་ཅིག་ཐ་རམ་ན་རམ་པ༔ བྱ་རྐང་བ་ཡིས་རྒྱུ་ཚད་སེལ༔ དེ་དག་རང་རང་གཙོ་སྟེ་སྦྱར༔ ཁྱོན་ཀྱི་སྨན་སྦྱོར་སྡེ་ཚན་གཅིག༔ གཞན་དུ་ཡང་ནི་ཨ༡༩་མྲ་ཏ༔ དེ་ཡིས་ཕོ་ཁོ་ལ་སོགས་པའི༔ སྣ་ཚོགས་ནད་ཀྱི་རིགས་བྱེད་སེལ༔ ཀུན་ལ་སྤྱི་རུ་རྒྱས་བཏབ་པ༔ ཕུར་༢༠ནག་གཙོ་དང་བཅས་པ་དགོས༔ འདི་ལས་གང་གི་མཆོག་མེད་དོ༔ དེ་ལྟར་ཉི་ཤུ་སྦྱོར་བ་ལ༔ གང་གང་ནད་ལ་གང་གང་གཙོ༔ བཏབས་པས་ས་སྟེང་ནད་ཀྱི་རིགས༔ གཉན་རིམས་མཐའ་དག་ངེས་པར་སེལ༔ རྡོ་རྗེ་མཁའ་འགྲོའི་ཐ་ཚིག་རྒྱ༔ གྲུབ་སྨྱོན་བརྒྱད་པ་ག་གཱ་ཡིས༔ དཀོན་མཆོག་བཞེད་པ་སྐོང་སླད་དོ༔ དཔེ་མི་དག་པས་དཔྱད།

གློ་བ་གཏུབས་ནས་སྐྱོག་གི་མཐིལ་གྱིས་བསྣུར་ནས་དམར་ཁུ་ཅུང་ཟད་ཙམ་ཡང་མེད་པའི་བར་དུ་ཡང་ཡང་ཁུ་བ་བླང་༔

གློ་བ་གཏུབས་ནས་སྐྱོག་གི་མཐིལ་གྱིས་བསྣུར་ནས་དམར་ཁུ་ཅུང་ཟད་ཙམ་ཡང་མེད་པའི་བར་དུ་ཡང་ཡང་ཁུ་བ་བླང་༔ དེ་ནས་ཤ་སྣ་ཐམས་ཅད་དང་ཆུ་བཞི་སོགས་བསྲེས་ཏེ་གཏུབ་ནས་ཅུང་ཟད་བཙོས་པའི་ཁུ་བ་དང་བཅས་རས་ཀྱི་ནང་ནས་ཚགས་སུ་བཙག་པ་གངས་ཆུར་བསྲེས༔ དོན་སྙིང་རྩིག་མ་མེད་པར་ཚགས་སུ་བཙག་པར་བྱ་སྟེ༔ དེ་ནི་མང་མི་ཉན༔ མཁྲིས་པ་ལ་སོགས་པའི་ཁུ་བ་ཡང་བསྲེས༔ འོམ་བུ་དང་བསྲེས་ནས་དམར་ཞད་ཡོད་པ་དེ་ཉིད་རབ་ཉིན་ཞག་གཅིག་གམ༔ ཐ་མའང་སྟོང་ཕྱར་ལྔའི་ཚེ་ལ་སིདྡྷི་འདོན་བཞིན་ཕྱར་ལ༔ ནོར་མགོ་དཀར་གཅིག་ལ་སྒ་བསྟད༔ བལ་ཐིག་གིས་གློ་བྱས༔ མགོར་བལ་དཀར་སྤྲས་ལ༔ ནོར་གྱི་ཁ་བྱང་ཕྱོགས་སུ་བསྟན་ནས༔ འོ༔ ང་ནི་རྩི་ཆེན་བལ་མགོ་ཡིན༔ ནོར་ལྷའི་རྒྱལ་པོའི་ཕོ་ཉ་ཡིན༔ གོད་འདྲེ་བྱུར་གསུམ་གཡོན་དུ་བསྒྱུར༔ ཕྱུགས་གཡང་གོང་འཕེལ་བཀྲ་ཤིས་བྱེད༔ ཅེས་རྟེན་འབྲེལ་སྙིང་པོ་བཟླ་ཞིང་༔ གློ་ཆད་ཐལ་ལོ༔ ཞེས་དྲིན་བསྒྲགས་སོ༔ མཇུག་ཏུ་ནོར་ཆེ་ཤོས་ལ་རྭ་ཚེ་བཞི་དང་༔ ཆུང་ཤོས་ལ་ཕྱེད་གསུམ་བླུད་ཅིང་༔ མཐར་རྔ་མ་དཀར་པོ་ཅན་གཅིག་ལ་བླུད་ཅིང་རྔ་མདུད་བརྒྱབ་ནས༔ བཀྲ་ཤེས་པར་གྱུར་ཅིག༔ ཅེས་བྱའོ༔ ཨ་རུ་བཅུ་ཆ་འོམ་བུའི་བསྐྱེད་པའི་ཐང་༔ ཡང་ཡང་བླུད་ཅིང་རྐེ་ཆེན་ལག་ལེབ་གཏར༔ སྲོ་ལོ་དམར་པོ་ཅུ་གང་ནག་སྐྱེས་སྨུག༔ ལག་པས་བཅིངས་དུས་ཧྲུག་ཧྲུག་གངས་སྐད་གྲགས༔ རོག་པོ་འཛོམས་སྐྱེས་རི་བོང་གློ་བར་བཅས༔ ཅུར་ནས་སམ་ནི་གྲང་ཐང་བཏང་བ་ཡིས༔ ནད་འདིའི་སྟོང་ལ་ཐེབ་ཀྱང་རེ་རེ་ཙམ༔ ཚེ་ཟད་མ་གཏོགས་ཐར་བར་ཐེ་ཚོམ་མེད༔ དྲང་སྲོང་མུ་ཁྱུད་འཛིན་ཡིན་ཟེར་བ་ཡི༔ ཨ་ཙརྱ་སྔོན་སྨན་ཕོར་འཛིན་པ་ཞིག༔ བར་སྐབས་དང་པོ་བྱུང་བའི་དུས་ཉིད་ན༔ སྨན་ཁོལ་དྲི་ཡིས་གླིང་བཞི་ཁྱབ་པ་བྱུང་༔ བར་དུ་འོ་འོ་ཟེར་ཞིང་ཕུ་ཡིས་བཏབས༔ ཐ་མ་ཡང་བྱུང་ཀྱེ་མ་ཀྱེ་ཧུད་ཡ༔ འགྲོ་བའི་ལས་ཟད་ཟེར་ནས་ཅུང་ཟད་ཁྲོས༔ ལན་གསུམ་རྟེན་འབྲེལ་བདེན་པ་མངོན་དུ་འགྱུར༔ དེ་ནི་དྲང་སྲོང་དགོངས་པའི་གཏད་ཚུལ་ཡིན༔ ཕྱི་ནས་ལེགས་ཉེས་སྤྲེའུའི་གར་རྩེད་བཞིན༔ ཡ་ཡ་བརྗིད་ངེས་མཁན་པོར་ཉེས་སོ་ཟེར༔ དྲང་སྲོང་མི་སྣང་ཆོས་ཉིད་དབྱིངས་སུ་ཡལ༔ གློ་རྩི་མཁན་པོ་ག་གཱ་ཨ་བྷྱེ་ཡིས༔ སྔར་མེད་བདུད་རྩིའི་གཏེར་སྒོ་ཅུང་ཟད་ཕྱེས༔ རྒྱུ་འབྲས་དབུལ་བ་སེལ་བའི་བཙས་སུ་བཞག༔ ད་དུང་བྱང་སེམས་སྐྱེ་བ་སྤྲུལ་པའི་སྐུ༔ པུ་ཤུད་ཁྲག་གིས་ཁྱུ་བརྒྱ་བསྲུང་བའི་མཆོག༔ དེ་འབྲས་ཐབས་མཁས་བཅུ་ཕྲག་ལོང་བའང་༔ རྡོ་རྗེའི་བྲག་ལ་དགོངས་པའི་རྒྱ་ཡིས་བཏབས༔ མ་འོངས་དུས་ན་མུ་སྟེགས་ཕྱོགས་ནས་འབྱུང་༔ ཀུན་རྫོབ་དེ་ཡིས་ལོག་པའི་ལྟ་བ་འཇོམས༔ ས་མ་ཡཱ༔ མི་ཡི་སྐྲ་ཤད་དྲེག་པ་སྣར་བླུད་ན༔ དེས་ནི་ཡུལ་ཕྱོགས་གཅིག་གི་བསྲུང་དུ་འགྱུར༔ ཨོཾ་ན་ག་ཧ་ར་ཀ་ར་ཏི་ཁ་ལམ་བྷི་ར་ཧཱུྃ་ཕཊ༔ སྔགས་འདི་གསང་ཞིང་ཡིད་ཀྱིས་མ་བརྗེད་ན༔ མི་དེ་ཡོད་པའི་ཁྱིམ་གྱི་གློ་ནད་ཁོག༔ གངས་སྐྱེས་སེང་གེ་འཇིགས་མེད་ཀྭ་བར་བཅིངས༔ དེས་ནི་མི་ཚེ་གཅིག་གི་གདོན་ལས་རྒྱལ༔ ས་མ་ཡཱ༔ ཤྲཱི་བས་སོ༔

ཆུ་བཞི།

ཆུ་བཞི་ནི། མིག་ཆུ། ཁ་ཆུ་གཅིན་ཁུང་མཁྲིས་པ་ལག་ཞབས་ཤ་ ༼ བཙོས་ནས་བླུད་ན་ཆོག །༽ཁུ་བ་རྨེན་བཞི་ཆུ་ནང་ ༼ ལ་བཀྲུས་པའི་ཁུ་བ། ༽གློ་བ་འཐར་ནས་ ༼ ལག་པ་མི་ཚིག་ཙམ་གྱི། ༽བཙག་ཁུ་བླུག་ ༼ རྒྱུ་དཀར་མའི་རྙིང་དཀར། ༽རྩོ་བཙག་ཁུ་འོམ་བུ་རྣམས་འཁྱག་བཅུག་ནས། ཨ་རུ་རྡོག་གསུམ་ཅུ་གང་འཐེབ་གང་། གངས་ཆུ་བཅས་བསྲེས་ལ་སྟོང་ཕྱར་གསུམ་བྱས་ནས། ཁལ་ཆེན་ལ་རྭ་ཚེ་བཞི། འབྲི་དང་ཁལ་སར་ལ་རྭ་ཚེ་གསུམ། སོ་ཉིས་རྔ་བཞར་ལ་རྭ་ཚེ་གཉིས་སམ་ཕྱེད་གསུམ། ཡ་རུ་ལ་ཕྱེད་དོ། །བེའུ་ལ་གང་བླུད། གངས་ཆུ་ཅི་ཙམ་མང་ཡང་བཟང་། ཉུང་ན་གཏན་ནས་མི་ནོན། བཀྲ་ཤིས་པར་གྱུར་ཅིག །ད་གཙུག་གཉིས་ཀྱི་ཤ་སྣ་དང་རྙིང་པ་ ༼ རས་ཁུག་ནང་བཙག །༽མ་ཎི་བརྒྱ་མཁར་གྱི་ཕྱེ་མ་ཅུང་ཟད་བསྲེས། ༈སྣ་ཆུ་སུག་མགོའི་བར་གྱི་ཆུ། སྙིང་། ༈སིདྡྷི་སྟོང་གཅིག་གི་ཚེ་ཕྱར། ༈དབང་པོ་རྣམ་ལྔ་མིག་སྣ་རྣ་བ་ལྕེ་སྙིང་། ༈རྨིག་སྣེ་རྭ་སྣེ། ༈འཁོར་ལོས་ཉེ་ཆར་གྱི་འབྱུང་བ་དགྲར་ལངས་བཟློག་པར་འདོད་པས་མན་ངག་མེ་ཡི་གའུ་ལ༔ རང་ཉིད་ཡི་དམ་གྱི་མདུན་དུ་ཆོས་སྐྱོངས་ཆེན་པོ་སྤྱན་དྲངས༔ སྔགས་འདི་ཤིང་བྱང་ངམ་རྒྱ་ཤོག་ལ་བྲིས་ནས་སྟོང་རྩ་གཅིག་གིས་སྔགས༔ ཆོས་སྐྱོངས་ཀྱི་ཕྲིན་ལས་ཕོ་ཉ་འོད་ཟེར་དམར་པོའི་ཚུལ་གྱིས་མེའི་བཅུད་ཐམས་ཅད་བསྡུས་ཤིང་འཁོར་ལོ་ལ་ཐིམ༔ སླར་ཡང་འཕྲོས་པས་རླུང་ལྷ་འཁོར་དང་བཅས་པ་སྲོག་ནས་དྲངས་ཤིང་བསྟིམས་པས་ཐུགས་དམ་བསྐུལ་བ་དང་གནད་ལ་བོར་བས་ཟད་པར་མེ་རླུང་གི་དངོས་གྲུབ་ཕུན་སུམ་ཚོགས་པ་སྩོལ་བར་ཞལ་གྱིས་བཞེས་ཤིང་ནམ་དགོས་སུ་ཕྲིན་ལས་གསོལ་བསྐུལ་ལ༔ ༼ འཁོར་ལོ་བཀྱག་གོ ༽ སྔགས་ནི་ཨོཾ་ཤ་ཝ་རི་ས་མ་ཡ༔ ཨགྞེ་རཱ་ཛ་ས་མ་ཡཱ༔ དྷརྨ་པ་ལ་པདྨ་ས་མ་ཡཱ༔ ཡཾ་ཡཾ་ཛ་སྭཱ་ཧཱ༔ རཾ་རཾ་ཛ་སྭཱ་ཧཱ༔ སུརྱ་ཛྭ་ལ་སྭཱ་ཧཱ༔ སརྦ་སུ་ཁ་སྭཱ་ཧཱཿ བིགྣཾ་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ཤིནྟཾ་བྷོ་དྷི་ཙིཏྟ་ཀུ་རུ་བཾ༔ ཛྭ་ལ་ཛྭ་ལ་རཾ་རཾ༔ ཙཀྲ་ཙཀྲ་ཛྭ་ལ་པུཥྚཾ་ཀུ་རུ་ཧོ༔ རྟེན་འབྲེལ་སྙིང་པོའི་བརྒྱན་པར་བྱའོ༔ དེ་ལྟར་བྱས་པས་ཆར་ཆུ་མ་གཏོགས་པའི༔ ཁ་བ་བུ་ཡུག་སེར་བ་ལ་སོགས་བསྲུང་༔ གྲང་བའི་དམྱལ་བའང་དམིགས་སྔགས་འདིའི་བཟློག་གི༔ དེ་ལས་གཞན་མ་ཀུན་ལ་ཅི་ཞིག་སྨོས༔ ས་མ་ཡཱ༔ འདི་ཡང་ཛྙཱ་ནའི་མཚན་ཅན་བཞེད་སྐོངས་སུ། །ག་གཱ་ཨ་བྷྱེས་དག་སྣང་ཉིད་ལས་བཤུས། །དགེ་བས་འགྲོ་ཀུན་སངས་རྒྱས་ཐོབ་པ་དང་། །སོར་རྟོགས་ཡེ་ཤེས་འཕྲིན་ལས་ལྷུན་གྲུབ་ཤོག །

གྲང་དམྱལ་རྒྱུ་མཐུན་བཟློག་པའི་མེ་འཁོར།

གྲང་དམྱལ་རྒྱུ་མཐུན་བཟློག་པའི་མེ་འཁོར་ནི༔ དཀོན་མཆོག་གསུམ་དང་རྗེ་བཙུན་ལྷག་པའི་ལྷ༔ ཨཱརྱ་ཏཱ་རེ་པད་འབྱུང་བླ་མ་རྗེའི༔ བྱིན་རླབས་ཐུགས་རྗེའི་ཡུལ་ཕྱོགས་འདི་ཉིད་དུ༔ ཁ་ཆར་བུ་ཡུག་གནོད་པ་ཞི་གྱུར་ཅིག༔ ན་མོ་རཏྣ་ཏྲ་ཡ་ཡཱ༔ ཨརྱ་ཏཱ་རེ་པདྨ་ཀ་ར་གུ་རུ་ཧོ༔ སརྦ་བིགྷྣན་བཾ་བཾ་མ་ར་ཡ་རྦད་ནན༔ ཅེས་ཀྱང་ཐུགས་རྗེ་ཡི་སྤྲུལ་མགོན་པོ་འཁྲུལ་བྲལ་གྲུབ་པའི་རྡོ་རྗེའི་བཀའ་མ་ལྡོག་བར་དུས་མཐའི་སྔགས་མིང་ག་གཱས་སོ། །དཔེ་མི་དག་པས་དཔྱད།

ཕྱུག་གི་རྔ་བསྲུང་ཟབ་མོ་རྡོ་རྗེའི་རྒྱ་ཆིངས།

ཕྱུག་གི་རྔ་བསྲུང་ཟབ་མོ་རྡོ་རྗེའི་རྒྱ་ཆིངས་ཞེས་བྱ་བ་བཞུགས་སོ༔ སརྦ་ཤུ་བྷཾ༔ གྷ་དྷྱ༔ རྟ་ཕྱུགས་བུ་མེད་ལ་སོགས་པ༔ གང་ཞིག་མངལ་ནས་མི་འཛིན་པས༔ བསྲུང་བ་རྡོ་རྗེའི་རྒྱ་ཆིངས་ལ༔ སྔགས་ནས་བཏགས་ཀྱང་འགལ་བ་མེད༔ གང་ལའང་རྫས་ཀྱི་རིམ་པ་ནི༔ ཉེ་བར་བསྡོགས་དགོས་འདི་ལྟ་སྟེ༔ འུག་ ༼ ཨུག་དཔྱད་ ༽ ཆོས་སྤང་རྒྱན་ཤང་ཤང་དྲིལ༔ ཟླུམ་པར་བཏུས་ནས་རྟག་དུ་ངུ་༔ ཆ་ག་བ་ཡི་ཕྱེ་མ་དང་༔ བྱ་ཕོའི་འོག་ཞོལ་སྲེ་མོང་མངལ༔ སྦྲུལ་ཤ་དུག་འདོན་བྱས་པ་རྣམས༔ ཟར་མ་དག་གི་ཆུས་སྦྱངས་ནས༔ སྐ་སླ་ཞོ་ལྟར་གྱུར་བ་དེ༔ ཁུང་དུ་བཏང་ཞིང་མངལ་སྒོར་བྱུག༔ བསྲུང་མདུད་འཁོར་ལོར་བཅས་སུ་བྱིབ༔ དེ་ཡིས་ལྟེ་བསྲུང་གདོད་མི་ཟ༔ གལ་ཏེ་འཁོར་ལོ་བྱེད་འདོད་ན༔ བྷྱེ་ཀྲིའི་གཟུགས་ནི་ལེགས་པར་བྲི༔ སེམས་ཅན་གང་ཡིན་གཟུགས་ཉིད་ནི༔ དེ་ཡི་ལྟོ་བ་ལ་བཞུགས་ཏེ༔ མངལ་སྒོར་སྔགས་འདིའི་བསྲུང་བར་བྱ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་རཀྵ་རཀྵ༔ ཞེས་ཀྲོ་ཏའི་གཤམས་ནས་བ་སུ་དཱེ་ཝ་ཤྲཱི་མ་ཧཱ་རཀྵ་རཀྵ༔ ཞེས་སོགས་བཏགས༔ མི་ལ༔ མ་ནུ་ཥེ་ན་ཨ་ཝ་རཀྵ་རཀྵ༔ ནོར་ལ༔ བ་སུ་སྭཱ་ཧཱ༔ རཀྵ་རཀྵ་བྷྲུཾ༔ རྟ་ལ༔ ཧྱ་ཀ་དི་རཀྵ་རཀྵ༔ ཞེས་བྲིས༔ ཕྱུགས་ཀྱི་ཁོག་པར་སྔགས་མགོ་རྭ་གཡས་ཐད་དུ་བཞུགས་གསོལ་བྱས་ནས༔ ཨོཾ་བྷྲུཾ༔ མ་མ་བ་སུ་དྷ་ར་རཀྵ་རཀྵ༔ བཻ་ཤྲ་མ་ཎ་ཡེ་རཀྵ་རཀྵ༔ ཛཾ་བྷ་ལ་ཛ་ལེནྡྲཱ་རཀྵ་རཀྵ༔ རྟ་ལ༔ ཨཱརྱ་རེ་མནྟ་རཀྵ་རཀྵ༔ ཀུ་བེ་ར་རཀྵ་རཀྵ༔ ཀུ་བེ་ར་རཀྵ་རཀྵ༔ ག་ཎ་པ་ཏི་རཀྵ་རཀྵ༔ མ་ཧཱ་དཱེ་ཝ་རཀྵ་རཀྵ༔ མི་ལ༔ ཨོཾ་བུདྡྷ་དྷརྨ་སཾ་གྷ་ཡ་རཀྵ་རཀྵ༔ གུ་རུ་དྷེ་ཝ་ཊཱཀྐི་ནི་རཀྵ་རཀྵ༔ ཨ་བཛྲ་ཀྲོ་ཏ་བཛྲ་པ་ཎི་རཀྵ་རཀྵ༔ ཞེས་བྲིས་སོ༔ དེ་ནས་སྔགས་ནི༔ ཨོཾ་བ་སུ་དཱེ་ཝ་ནོར་གྱི་ཁ་ཕུང་བསྲུང་ཤིག་རཀྵ་རཀྵ་སྭཱ་ཧཱ༔ ཞེས་བརྗོད་པའི་གཤམ་དུ༔ སརྦ་བི་ཀ་ཐུམ་རཀྵ་རཀྵ་ཀུ་རུ་ཧོ༔ སྟོང་གིས་ཁྲི་ཡི་གོད་ཁ་ཐུབ༔ ཕྱུགས་ཀྱི་རྔ་སྤུངས་ ༼ སྲུངས་དཔྱད་ ༽མགོ་ལ་བཏགས༔ མི་ཡི་སྒབ་མཐའ་གཡོན་པའོ༔ ཞེས་ཀྱང་བསྲུང་བ་འདི་ལྟ་བུ། ད།གོས་ཞེས་ཨ་སྤེན་བཀའི་བསྐུལ་ངོར། །ག་གཱ་ཨ་བྷྱེ་ཞེས་བྱ་བས། །འགོངས་པོ་སྤུན་དགུའི་ཁ་ཆིངས་གདབས། །དགེའོ། །དགེའོ། །དགེའོ། །།སརྦ་མངྒ་ལཾ། །དཔེ་མི་དག་པས་དཔྱད།