Nitartha Digital Library
Tibetan
 
previousདཔལ་དགྱེས་པའི་རྡོ་རྗེའི་རྣམ་བཤད་རྣམ་པར་འགྲེལ་པ། བྷ་བ་བྷ་དྲ།no next

དཔལ་དགྱེས་པའི་རྡོ་རྗེའི་རྣམ་བཤད་རྣམ་པར་འགྲེལ་པ།
བྷ་བ་བྷ་དྲ།

བརྟག་པ་དང་པོའི་འགྲེལ་པ།

དང་པོ། རྡོ་རྗེའི་རིགས་བཤད་པའི་ལེའུ།


DTG002_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ཤྲཱི་ཧེ་བཛྲ་སྱ་བྱཱ་ཁྱ་བི་ཝ་ར་ཎ་ནཱ་མ། བོད་སྐད་དུ། དཔལ་དགྱེས་པའི་རྡོ་རྗེའི་རྣམ་བཤད་རྣམ་པར་འགྲེལ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གིས་སྒྲིབ་པའི་ཚོགས་རྣམས་དག་པ་ནི། །བདག་མེད་འོ་མའི་དབང་བསྐུར་བ་ཡིས་དག །སྐྱུ་རུ་ར་བཞིན་གཞན་གྱི་དོན་སྐྱེས་པ། །དེ་ནི་རྡོ་རྗེ་འཛིན་པ་ཁྱེད་ཀྱིས་སྲུངས། །དགྱེས་པའི་རྡོ་རྗེའི་ཡིད་ནི་དགྱེས་པའི་རྡོ་རྗེ་ཉིད། །རྣམ་པར་དབྱེ་བ་མངོན་པར་འདོད་པ་སྟེ། །རྡོ་རྗེ་འཛིན་པ་ཉིད་ནི་མ་གཏོགས་པ། །འགྲོ་བ་གསུམ་ན་བདེ་འགྲོ་དེ་སུ་ཞིག །གུས་པའི་སྟོབས་ལས་སྐྱེས་པའི་བསམ་པ་ཡིས། །རྣམ་པར་དབྱེ་བ་དགྱེས་རྡོར་བདག་བློས་བསྟོད། །བསྟོད་པ་ཉིད་ཀྱང་ཇི་ལྟར་དེ་བཞིན་མིན། །རང་ཡིད་རབ་ཏུ་དད་པའི་དོན་ཕྱིར་རོ། །དེ་ལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི་རྒྱུད་གཞན་ཉིད་དུ་གྱུར་པ་སྟེ། དགྱེས་པའི་རྡོ་རྗེ་ཆེན་པོ་ལས་བྱུང་བ་ནི་མ་ཡིན་ནོ། །གང་གི་ཕྱིར་མིང་གཅིག་གིས་མང་པོར་རྗོད་པར་བྱེད་དོ། །ཇི་ལྟར་གཽ་ཞེས་པའི་སྒྲས་ཕྱུགས་དང༌། །ས་གཞི་དང༌། མཐོ་རིས་དང༌། མིག་ལ་སོགས་པ་རྣམས་སོ། །རྒྱུད་གཞན་ཉིད་དུ་གྱུར་པ་འདི་ཉིད་ཀྱང་བླ་མའི་རིམ་པ་ལས་རྟོགས་པའོ། །འདིར་སྡུད་པ་པོ་ནི་རྡོ་རྗེ་སྙིང་པོ་ཉིད་ཡིན་ལ། གསོལ་བ་འདེབས་པ་ཡང་དེ་ཉིད་དེ། སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱང་ངོ༌། །འདིར་སྟོན་པ་པོ་དང༌། བསྟན་པ་དང༌། སྟོན་པ་ནི་སྡུད་པ་པོ་དང༌། གནས་ཕུན་སུམ་ཚོགས་པ་རྟོགས་པར་བྱ་བའི་དོན་དུ་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པའི་ངག་བརྗོད་པ་ནི་སྡུད་པ་པོའིའོ། །གང་གི་ཕྱིར་དོན་སྟོན་པ་པོ་ལ་སོགས་པའི་ཆེ་བའི་བདག་ཉིད་རྟོགས་པ་སྔོན་དུ་འགྲོ་བ་ཅན་ནི་དད་པའི་རྗེས་སུ་འབྲང་བས་ཡང་བསྟན་པ་ལ་རབ་ཏུ་འཇུག་པ་སྟེ། སྟོན་པ་པོ་ལ་སོགས་པ་ཆེ་བའི་བདག་ཉིད་གསལ་བར་བྱ་བའི་དོན་དུ་ཡིན་གྱི་བསྟན་པ་ཆེ་བའི་བདག་ཉིད་གསལ་བའི་དོན་དུ་ནི་མ་ཡིན་ནོ། །སྡུད་པར་བྱེད་པ་ཡང་གཞན་གྱི་དོན་ཉིད་དགོས་པའོ། །དེའི་དོན་གྱིས་ན་གཞན་གྱི་དགོས་པ་ནི་འབྲས་བུ་ཡིན་ཞེས་པའི་ཐ་ཚིག་གོ །དེ་ལ་གང་གི་ཚེ་བཅོམ་ལྡན་འདས་དུས་གཅིག་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུངས་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་སུ་གནས་པ་དེ་ཡང༌། གང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཐབས་ནི་ཅི་དགྱེས་པའི་རྡོ་རྗེ་འམ། །གཞན་ཉིད་


DTG002_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དམ། དེ་ལས་སོ་སོར་ཁྱད་པར་དུ་གྱུར་པ་ཞེས། རྡོ་རྗེ་སྙིང་པོ་ལ་སོགས་པ་རྣམས་ཀྱིས་འདུལ་བའི་དོན་དུ་ཞུས་པ་ལ། ཕྱག་རྒྱ་ཆེན་པའི་དངོས་གྲུབ་ཀྱི་ཐབས་ལ་ཐེ་ཚོམ་བསལ་བ་དེའི་ཚེ་བདག་གིས་བཅོམ་ལྡན་འདས་ལས་མངོན་དུ་ཐོས་ཞེས་པའི་ངག་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། འདི་སྐད་ཅེས་པ་ཉིད་ཀྱིས་འཆད་པར་འགྱུར་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནས། །ཟེ་འབྲུ་ལ་ཨའི་རྣམ་པའོ་ཞེས་པའི་བར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་བདག་ཉིད་ཅན་གྱི་རྒྱུད་དུ་གསུངས་ཏེ། གང་གི་ཕྱིར་བདག་གིས་བསྡུས་པ་ཉིད་དུ་བརྗོད་ཅེས་པའི་དོན་ཏོ། །གཅིག་ནས་གཅིག་ཏུ་བརྒྱུད་པའམ། །གཞུང་འདིའི་དོན་དུ་གཞུང་བའམ། །ཇི་ལྟ་པ་དེ་བཞིན་དུ་འམ། །ཅི་གཞུང་གཟུང་བ་ཙམ་ཉིད་བསྡུས་ཏེ་སྟོན་པར་བྱེ་པ་ཡིན་ཞེ་ན། གསུངས་པ། བདག་གིས་ཐོས་ཞེས་པ་སྟེ། བཅོམ་ལྡན་འདས་ལས་བདག་ཉིད་ཀྱིས་མངོན་དུ་ཐོས་པས་གཞུང་གི་དོན་གཟུང་བ་ནི་བརྒྱུད་པ་ཡང་མ་ཡིན་པ་དང༌། ཇི་ལྟ་བ་དེ་བཞིན་དུ་ཡང་མ་ཡིན་པ་དང༌། གཞུང་གི་ལུས་བཟུང་བ་ཙམ་ཉིད་ཀྱང་མ་ཡིན་ནོ། །དེ་ཡང་གཞུང་ལས་ཀྱི་ཚོགས་དང་བཅས་པ་ནི་བསྟན་པའོ། །དཔལ་ཧེ་རུ་ཀ་ནི་བརྗོད་པར་བྱ་བར་གྱུར་པའོ། །བཅོམ་ལྡན་འདས་ཀྱིས་ནི་སྟོན་པར་བྱེད་པ་མ་ཡིན་ན་སྡུད་པ་པོས་ཇི་ལྟར་ནུས་ཤེ་ན། གསུངས་པ། དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་གཅིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གསུངས་པ་གཅིག་གི་རང་བཞིན་དུ་བལྟས་པ་ནི། སེམས་ཀྱི་རང་བཞིན་ཞེས་པའོ། །དུས་ནི་འདིར་ལྷ་རྣམས་འདུས་པ་ཞེས་པ་ནི་དུས་ཏེ། རྟེན་དུ་གྱུར་པའི་གཞལ་ཡས་ཁང་དང་བརྟེན་པའི་དཀྱིལ་འཁོར་ཞེས་པའི་དོན་ཏོ། །དེ་སྐད་དུ་གསུངས་པ། དཀྱིལ་འཁོར་ངེས་པའི་དུས་དག་ཏུ། །བདག་དང་སྔགས་དང་ཕྱག་རྒྱ་དག །ལྷ་རྣམས་གྲུབ་པའི་མཐའ་དག་ནི། །རྒྱལ་པ་ཡིས་ནི་དུས་སུ་གསུངས། །ཞེས་པའོ། །བྷ་ག་རྣམ་པ་དྲུག་དང་ལྡན་པས་ན། བཅོམ་ལྡན་འདས་ཏེ། དེ་ལ་བཅོམ་ལྡན་འདས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་ནི་བག་ཆགས་མ་ལུས་པ་བཅོམ་པའི་བདག་ཉིད་ཅན་ཀུན་རྫོབ་དང་དོན་དམ་པ་རྣམ་པར་དག་པའི་པའི་རང་བཞིན་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ།


DTG002_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཟུགས་བཟང་པ་ཕུན་སུམ་ཚོགས་པ་ནི་ཇི་ལྟར་མེ་ལོང་དུ་གཟུགས་བརྙན་འབྱུང་བར་འགྱུར་བ་ལྟར། །དངོས་པོ་མ་ལུས་པ་ཡེ་ཤེས་སུ་འཆར་བའི་རྒྱུ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་ཡེ་ཤེས་གཅིག་གི་མཚན་ཉིད་དུ་གྱུར་པ་ལས་སོ། །གྲགས་པ་དང་དཔལ་ཕུན་སུམ་ཚོགས་པ་ནི་སྙིང་རྗེ་ལ་སོགས་པའི་ཡོན་ཏན་གྱི་སྟོབས་ལས་འགྲོ་བ་ཐམས་ཅད་ལ་ཕན་པ་སྟེར་བའི་ནུས་པས་གྲགས་པ་ཕུན་སུམ་ཚོགས་པའི་ཡང་དག་པ་ལ་བརྟེན་པ་དང༌། བདག་པོར་སྦྱོར་བ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི་དངོས་པོ་མ་ལུས་པ་ཕྱིན་ཅི་མ་ལོག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །བཙོན་འགྲུས་ཕུན་སུམ་ཚོགས་པ་ནི། འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་རབ་ཏུ་སྐྱེས་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡེ་ཤེས་ལྔའི་བདག་ཉིད་ཅན་དེ་རྣམས་ཀྱིས་ན་བྷ་ག་རྣམ་པ་དྲུག་དང་ལྡན་པ་རྡོ་རྗེ་འཛིན་པ་ཉིད་ཡིན་གྱི་གཞན་མ་ཡིན་པས་ན་སྟོན་པ་པོ་ཆེ་བའི་བདག་ཉིད་གྲུབ་བོ། །དེ་ཡང་གང་གི་ཕྱིར་བག་ཆགས་དང་བཅས་པའི་ཀུན་ནས་ཉོན་མོངས་པའི་ཕུང་པོ་འབྱེད་པའམ་འཇོམས་པས་ན་བྷ་གའོ། །དེ་སྦྱོར་བས་ན་རྡོ་རྗེ་འཛིན་པ་ཉིད་བཅོམ་ལྡན་འདས་སོ། །དེས་ན་གསུངས་པ།དང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བཙོན་འགྲུས་ཕུན་སུམ་ཚོགས་པའོ། །ཞེས་ཐོས་ལ། དེས་ན་ཡང་ནི་ཕུན་སུམ་ཚོགས། །ཇི་ལྟར་རྒྱལ་བ་སྐལ་བཟངས་ལྡན། །དེ་བཞིན་གཞན་ལ་ལྡན་པ་མིན། དེ་ཡི་ཕྱིར་ན་བཅོམ་ལྡན་འདས། །ཞེས་པའོ། །ཡང་ན་ཉོན་མོངས་པ་དང༌། ཕུང་པོ་དང༌། འཆི་བདག་དང༌། ལྷའི་བུའི་བདུད་འཇོམས་པས་ན་བྷ་གའོ། །དེ་སྐད་དུ་གསུངས་པ། འཇོམས་པ་ལས་ནི་བྷ་གར་བརྗོད། ཉོན་མོངས་བདུད་སོགས་འཇོམས་པས་ན། ཤེས་རབ་ཉོན་མོངས་དེ་འཇོམས་པ། །དེས་ན་ཤེས་རབ་བྷ་གར་བརྗོད། །ཅེས་པའོ། །དེ་སྐད་དུ་ཡང་འཆད་པར་འགྱུར་ཏེ། བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་པ་ལས་ནི་བཅོམ་ལྡན་འདས། །ཞེས་པའོ། །དེ་ལ་འདོད་ཆགས་དང༌། ཞེ་སྡང་


DTG002_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ང་རྒྱལ་དང༌། ལྟ་བ་དང༌། ཐེ་ཚོམ་གྱི་མཚན་ཉིད་ཅན་གྱི་ཉོན་མོངས་པ་དང་པོར་གྱུར་པ་དེ་དག་ནི་ཉོན་མོངས་པ་རྣམས་སོ། །གཙོ་བོར་གྱུར་པ་གང་ཡིན་པ་དེ་དག་ནི་ཉོན་མོངས་པ་ལ་སོགས་པ་སྟེ། བདུད་ནི་སེམས་ཅན་རྣམས་ལ་འདིས་གནོད་པར་བྱེད་པས་ན་བདུད་ཅེས་བ་ཉོན་མོངས་པ་དང༌། ཕུང་པོ་དང༌། འཆི་བདག་དང༌། ལྷའི་བུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའམ། དེའི་བདག་ཉིད་དུ་འཆང་བས་ན་ཐམས་ཅད་ཀྱང་དེ་ཡིན་ལ། དེ་བཞིན་གཤེགས་པ་རྣམས་ཀྱང་སྟེ་རྟོགས་ཤིང་སོན་པ་དང་ལྡན་པའོ། །དེ་སྐད་དུ་ཡང་འཆད་པར་འགྱུར་ཏེ། དཔལ་ལྡན་བཞིན་ཉིད་གཤེགས་ཤིང༌། །སླར་ཡང་དེ་བཞིན་ཉིད་གཤེགས་པ། །ཤེས་རབ་རིག་པ་འདི་ཡིས་ནི། །དེ་བཞིན་གཤེགས་པ་ཉིད་དུ་བརྗོད། །ཅེས་པའོ། །དེ་བཞིན་ཉིད་དུ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་གཤེགས་པ་སྟེ་རྟོགས་པ་དང་ལྡན་པའོ། །གཤེགས་ཤིང་བྱོན་པ་ཞེས་བྱ་བ་ནི་བདག་ཉིད་དེའི་བདག་ཉིད་ལ་དེ་བཞིན་ཉིད་དུ་སོན་པ་དང་ལྡན་པའམ། །འཛིན་པ་དང་ལྡན་པ་སྟེ། །ཁམས་དོན་དུ་མར་གྱུར་པའོ། །དེ་རྣམས་ཀྱི་སྐུ་དང༌། གསུང་དང༌། ཐུགས་གང་རྣམས་ནི་གང་གིས་ཀྱང་དབྱེ་བར་མི་ནུས་པས་ན་རྡོ་རྗེ་སྟེ། དེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ནི་བཙུན་མོ་སྟེ་ཤེས་རབ་ཀྱི་ཕ་རལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཉིས་སུ་མེད་པའི་ཡེ་ཤེས་དེ་དེ་བཞིན་གཤེགས་པ་ཞེས་པའི་ཚིག་ལས་སོ། །དེ་ལྟ་བུའི་བྷ་ག་བག་ཆགས་དང་བཅས་པའི་ཉོན་མོངས་པའི་ཕུང་པོ་འཇོམས་པར་བྱེད་པའི་ཕྱིར་རམ། །དེ་བཞིན་གཤེགས་པ་ཐམས་ཅད་སྐྱེས་པར་བྱེད་པས་སམ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་འབྱུང་བ་དང་རྒྱུར་གྱུར་པས་སམ། དགའ་བའི་གནས་སུ་གྱུར་པས་སོ། །དེ་ཉིད་གསུངས་པ། གང་གི་ཕྱིར་ན་བྷ་ག་ནི། བཅོམ་ལྡན་འདས་དང་སངས་རྒྱས་ཏེ། །དེས་ན་འདོད་ཆགས་ཉེས་པ་མེད། །ཅེས་པ་སྟེ། སངས་རྒྱས་རྡོ་རྗེ་འཆང་ཆེན་པོའོ། །བག་ཡང་རྣམ་པར་ཐར་པ་གསུམ་རྣམ་པར་དག་པས་ན་གྲུབ་གསུམ་པའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཕྱིར་དང༌། དྲི་མ་ཐམས་ཅད་བསལ་ལ་བས་ན་དཀར་བའོ། །ཀུན་གྱི་གཙོ་བོ་བས་གོང་ནས་གོང་དུ་སྤངས་པའོ། །ལྷ་རྣམས་ཀུན་གྱི་གོ་སྐབས་འབྱེད་པས་


DTG002_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནམ་མཁའ་ནང་དུ་ཆུད་པའོ། །འདོད་ཆགས་སྣ་ཚོགས་པའི་གནས་ཉིད་བས་ན་དབུས་སུ་སྣ་ཚོགས་པདྨའོ། །སྣ་ཚོགས་གཉིས་སུ་མེད་པའི་རང་བཞིན་པས་ན་དབུས་སུ་སྣ་ཚོགས་རྡོ་རྗེས་མནན་པའོ། །ཡང་གསུངས་པ། གྲུ་གསུམ་གྱིས་ནི་གཅིག་འགྱུར་ཏེ། །ཞེས་པ་དང༌། ཡང་གསུངས་པ། ཨེ་ཡི་ཆ་བྱད་བཟང་པོ་གང༌། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཀུན་གྱི་གཞིར་གྱུར་པ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་བ་ལ་སོགས་པའོ། །ཝཾ་ཡིག་ཅེས་པ་ནི་སྣ་ཚོགས་རྡོ་རྗེའོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་བྱ་བ་ནི་སངས་རྒྱས་རྣམས་སྐྱེད་པར་བྱེད་པ་དང་འཛིན་པས་ནའོ། །མང་པོའི་ཚིག་ཀྱང་འདིར་བདེ་བར་གཤེགས་པ་ཐམས་ཅད་གནས་པ་དང་ལྷ་རྣམས་ཀྱི་རང་བཞིན་གྱིས་ན་ཞེས་པའི་ཚིག་ལས་ཏེ། འཇིག་རྟེན་པའི་ཐ་སྙད་ལས་ཀྱང་མཐོང་བ་ནི། གནས་གཅིག་ཉིད་ལ་བླ་མའི་ཞབས་དང༌། ཁྱེད་ཀྱི་ཞབས་ཞེས་པ་དང༌། ཉིད་ཅེས་བྱ་བ་ལ་སོགས་པའོ། །ཡང་གསུངས་པ། ངེས་པར་གསུངས་པ་ནི་བཅོམ་ལྡན་འདས་རྣམས་སོ་ཞེས་པ་དང༌། བཅོམ་ལྡན་འདས་རྣམས་བདག་ནི་འཁྲུལ་པར་གྱུར་ལགས་སོ་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་གཞི་གཅིག་ལ་ཡང་ཚིག་མང་པོ་སྟེ། དོན་དང་རྟགས་དང༌། ཚིག་དང་སྡེ་བ་སྦྱོར་ལ་སོགས་པ་འཇིག་རྟེན་པའི་ལུགས་ཤེས་པའོ། །བཞུགས་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་གྱུར་པའི་མཚན་ཉིད་ཡིན་ནམ་མ་ཡིན་སྙམ་པའི་གདུལ་བྱ་ཉན་པ་རྣམས་ཀྱི་ཐེ་ཚོམ་སེལ་བའོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་དུས་གཅིག་ཏུ་གང་གི་ཚོལ་ཁོར་རྣམས་ཀྱིས་བསྐོར་བའི་བཅོམ་ལྡན་འདས་བཞུགས་པ་དེའི་ཚེ་བཅོམ་ལྡན་འདས་ལས་མངོན་སུམ་ཉིད་དུ་འདི་སྐད་བདག་གིས་ཐོས་ཞེས་པར་འབྲེལ་ཏོ། །དེ་ལྟར་གསང་བ་ཁྱད་པར་དུ་གྱུར་པའི་གནས་པ་དང༌། དེ་བཞིན་དུ་ཁྱད་པར་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་ཞེས་བྱ་བས་ཆོས་སྟོན་པ་ཁྱད་པར་དུ་གྱུར་པ་ཉིད་འཆད་པ་དང་ལྡན་པའོ། །དེ་ལྟ་བས་ན་གསོལ་བ་འདེབས་པའི་གནས་སྐབས་སུ་སྡུད་པ་པོས་འཆད་པར་འགྱུར་བ་ཐོས་པའོ། །དེས་ན་སྡུད་པ་པོའི་རྒྱུད་ནི་བརྗོད་པར་བྱ་བའི་བསྟན་པར་བྱ་བ་དང༌། དེ་ཉེ་བར་སྟོན་པའི་མཚན་ཉིད་ཅན་གྱིས་སྟོང་པ་ནི་


DTG002_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བླག་ཏུ་རྟོགས་པའི་ཆེ་བའི་བདག་ཉིད་དེ། གང་གི་ཕྱིར་ཆེ་བ་སྟེ་ཆེན་པོ་ཉིད་ཀྱིས་གནས་སྐབས་ཐོབ་པའོ། །དེ་བཞིན་དུ་འཇིག་རྟེན་པ་ལ་ཡང་ཡོད་དེ། རིན་པོ་ཆེ་ཆེར་འོང་བ་ནི་གསེར་གྱིས་སོ་ཞེས་པའོ། །ལ་ལ་དག་དུས་གཅིག་ན་ཞེས་པ་ནི་ས་མ་ཡ་ནི་དུས་ཏེ་གཅིག་པ་དེ་ཡང་ལྷན་ཅིག་མི་གནས་པ་སྟེ། སྐད་ཅིག་མ་གཅིག་ཅེས་པའི་དོན་ཏོ། །དེའི་ཚེ་ཉིད་དུ་བདག་གིས་གང་འཆད་པར་འགྱུར་བ་ཐོས་པ་སྟེ། རྡོ་རྗེ་སྙིང་པོའི་ཤེས་རབ་ཀྱིས་སོ། །དེ་སྐད་དུ་ཡང་འཆད་པར་འགྱུར་ཏེ། དངོས་པོ་བསྒོམ་འགྱུར་ཤེས་རབ་ཅན། །ཞེས་འདི་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་རྡོ་རྗེ་སྙིང་པོ་ལ་བོད་པ་མཛད་དེ་ཞེས་པ་ནི་སྡུད་པ་པོ་དེའི་ནུས་པ་ཉིད་གྲུབ་པ་སྟེ་ཤེས་རབ་དང་ལྡན་པས་བསྡུ་བའི་དོན་དུ་གསོལ་བ་བཏབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་འམ། གཞལ་ཡས་ཁང་དུ་ཞེས་པ་བླངས་པ་སྟེ། ལྷག་མ་ནི་སྔར་བཞིན་དུ་བརྗོད་པར་བྱའོ། །ད་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནས། ཟེ་འབྲུལ་ཨ་ཡིག་གོ་ཞེས་བྱ་བའི་བར་གྱིས་གཞུང་ཇི་ལྟ་བ་བཞིན་དུ་ཐོས་ཏེ་རྟོགས་པར་བྱ་བའོ། །ཡང་ན་འདི་ལྟར་འཆད་པར་འགྱུར་བའི་བཅོམ་ལྡན་འདས་ལས་བདག་གིས་མངོན་སུམ་ཉིད་དུ་ཐོས་པ་སྟེ་བཅོམ་ལྡན་འདས་ཉིད་ཀྱིས་སྟོན་པས་ན་སྟེ། འཆད་པར་འགྱུར་བ་ལས་སོ། །དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་ནས་ཟེའུ་འབྲུ་ལ་ཨ་ཡིག་གོ་ཞེས་པའི་བར་གྱིས་གཞུང་ཇི་ལྟར་ཐོས་པ་བཞིན་རྟོགས་པར་བྱའོ། །དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་ནས་བཞུགས་སོ་ཞེས་བྱ་བའི་བར་གྱི་ངག་ནི་སྔར་བཤད་པ་ཉིད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་ནས་རྡོ་རྗེའི་སྙིང་པོ་ལ་སོགས་པ་རྣམས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཐབས་ཡོངས་སུ་ཞུ་བ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ཐོགས་ལས་བྱུང་པ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཙམ་མངོན་དུ་བྱ་སྟེ། རྡོ་རྗེ་འཆང་ཆེན་པོས་བསྟན་པ་མཛད་ཅེས་པའི་དོན་ཏོ། །ཅི་བཀའ་སྩལ་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྣམས་དེའི་བདག་ཉིད་དུ་གང་ལ་ཡོད་པ་དེ་རྡོ་རྗེ་འཆང་ཆེན་པོའོ། །


DTG002_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྙིང་པོ་ནི་སྙིང་པོ་དེ་ཉིད་དུ་སྟོན་ཅིང་བདེན་པ་ལ་དམིགས་པའོ་ཞེས་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོའོ། །དེ་ནི་དཔལ་ཧེ་རུ་ཀའི་ལུས་དང་ཡན་ལག་གོ །དེ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཐབས་ཉིད་དུ་གསུངས་པས་ན་སྔར་ཉིད་དུ་འབྲེལ་ཏོ། །དེ་ཉིད་དུ་སྟོན་པ་ཉིད་ཀྱིས་ན་སྟེ་འཆད་པར་འགྱུར་བ་ལས་སོ། །དེ་རྣམས་ཀྱིས་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཁྲོ་བོའི་འཁོར་ལོས་ཡིན་གྱི། །ཤིན་ཏུ་གདུག་ཅིང་ཁྲོ་བ་རྣམས་ལ་ཞི་བར་སྦྱོར་བ་མ་ཡིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་ཕྱི་རོལ་གྱི་ཁྲོ་བ་ཙམ་ཡིན་ཞིང་འགྲོ་བ་མ་ལུས་པ་ཉེ་བར་འཚོ་བའི་ནང་གི་ཐུགས་རྗེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཐབས་སུ་མ་རུངས་པ་འདུལ་བ་ལ་སྦྱོར་བའི་ཧེ་རུ་ཀ་སངས་རྒྱས་ཀྱིས་མཛད་པ་བསྟན་པ་སྟེ། རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཞེས་པའི་དོན་ཏོ། །དེས་ཇི་ལྟར་འགྱུར་ཞེ་ན། གསུངས་པ། རྗེ་བཙུན་ཞེས་བྱ་བ་སོགས་པ་སྟེ། རྗེ་བཙུན་ནི་མངོན་པར་འདོད་པའམ། ཡི་དམ་སྟེ། ལྷ་དང་ལྷ་མ་ཡིན་ལ་སོགས་པ་ཀུན་གྱི་བླ་མར་གྱུར་པའི་ཕྱིར་རོ། །གསང་བ་ནི་འདིའི་དོན་དམ་པར་གསང་བ་ཞེས་པ་སྟེ། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་བསྐྱེད་པའི་རིམ་པ་དེ་ལྟ་བུའི་གསང་བ་ལས་ཤིན་ཏུ་རྒལ་བ་ནི་ཤིན་ཏུ་གསང་བ་སྟེ་དོན་དམ་པ་རྫོགས་པའི་རིམ་པའོ། །དེ་དག་གིས་གདུལ་བྱ་རྣམས་ལུགས་བཞིན་དུ་སྒྲོལ་བས་ན། ཆེས་གསང་བར་གྱུར་པ་ཞེས་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་དང༌། རྡོ་རྗེ་འཆང་གི་སྙིང་པོ་ལ་བྱ་སྟེ། དེ་ཡང་སྙིང་རྗེའི་བདག་ཉིད་ཅན་གྱི་ཁྲོ་བོ་སྤྱན་གསུམ་པ། དཔལ་ཧེ་རུ་ཀའི་གཟུགས་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པས་ན། རྗེ་བཙུན་ཞེས་པ་སྟེ་ལྷག་མ་ནི་སྔ་མ་བཞིན་ནོ། །སྡུད་པ་པོ་རང་གི་ཚིག་གི་རྗེས་ལ་བཅོམ་ལྡན་འདས་ཉིད་ཀྱིས་ཇི་ལྟར་གསུངས་པ་དེ་བཞིན་དུ་བསྟན་པ་ནི། ཨེ་མའོ་ཞེས་པ་ལ་སོགས་པ་སྟེ། ཨེ་མའོ་ཞེས་པ་ནི་ཐབས་ཀྱི་ཆེ་བའི་བདག་ཉིད་གསལ་བར་བྱ་བའི་དོན་དུའོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། དེ་ཉིད་བཅུད་དུ་གྱུར་པས་ན་རྡོ་རྗེ་སྙིང་པོའོ། །དེའི་ཕྱག་མཚན་ཡང་རྡོ་རྗེ་ཞེས་པའི་དོན་ཏོ། །ལེགས་སོ་ལེགས་སོ་ཞེས་པ་ནི་ཁྱད་པར་དུ་ཤིན་ཏུ་བཟང་བར་འགྱུར་ཞེས་པའི་དོན་ཏོ། །ཆེན་པོ་ནི་གཞན་དོན་ཡོངས་


DTG002_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་པ་ཕུན་སུམ་ཚོགས་པ་ལ་སོགས་པས་བརྩེ་བས་ན་སྙིང་རྗེ་སྟེ། དེ་ཉིད་ཀྱིས་ན་སྙིང་རྗེ་ཆེན་པོའོ། །བོད་པའི་ཚིག་གཉིས་ཀྱིས་ནི་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཉིད་ཀྱིས་འགྲོ་བའི་དོན་རྫོགས་པ་ཅན་ཉིད་དུ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ནི་གསོལ་བ་འདེབས་པའི་གནས་སྐབས་ཏེ་དེའི་བྱང་ཆུབ་སེམས་དཔའོ། །སྡུད་པ་པོའི་གནས་སྐབས་སུ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་གྲུབ་པས་ན་རྡོ་རྗེ་སེམས་དཔའ་དང༌། སེམས་དཔའ་ཆེན་པོ་དང༌། དམ་ཚིག་སེམས་དཔའ་ཞེས་པའི་ཚིག་གསུམ་པོ་ཁྱད་པར་དུ་གྱུར་པ་མི་བསྐྱོད་པའི་ཐུགས་སྙིང་པོའི་རྒྱུ་མཐུན་པ་ཉོན་ཅིག་པར་འབྲེལ་ཏོ། །དེས་ན་མི་བསྐྱོད་པའི་རིགས་སུ་གྱུར་པའི་སྙིང་པོར་གྲུབ་པའོ། །ཅི་རྗོད་པར་བྱེད་པ་ཡིན་ཞེ་ན་གསུངས་པ། དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ཞེས་པ་སྟེ། དགྱེས་པ་རྡོ་རྗེའི་མིང་ཞེས་པ་དང་རང་བཞིན་ཞེས་པ་ནི་དེ་ཉིད་དེ་བཞིན་དུའོ། །དེ་ནས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་སྟེ། དཔལ་ཧེ་རུ་ཀ་དེ་ཉིད་ལ་བརྗོད་པར་བྱ་བ་ཡང་ཉོན་ཅིག་པའོ། །གང་གི་ཚེ་ཅི་རྡོ་རྗེ་སྙིང་པོ་ཁྱོད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཐབས་འདྲི་བ་དེ་མི་བསྐྱོད་པའི་སྙིང་པོར་གྱུར་པ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ལ། ཉོན་ཅིག་པ་ནི་བློ་བརྟན་པར་གྱིས་ཤིག་པའོ། །འདུས་པ་རྣམས་ལ་སྔར་ཆོས་ཀྱི་ཚུལ་སྟོན་པར་བྱེད་པ་ན་འགྲོ་བ་སྐལ་བ་མེད་ཅིང་ལྐོག་ཏུ་གྱུར་པ་རྣམས་ལ་ཡང་མ་ཡིན་ནོ། །གསུངས་པ་ཡང་ད་ལྟར་གྱི་དུས་སུ་ནི་ཇི་ལྟར་སྟོན་ཞེ་ན། བདེན་མོད་ཀྱི་ཆོས་སྟོན་པ་ཡང་རྟག་ཏུ་འཇུག་པ་ཉིད་དུ་བསྟན་པའི་དོན་དུའོ། །འདི་ལྟར་སྟོན་པ་པོ་དང་བསྟན་པ་ཡང་རྟག་ཏུ་རབ་ཏུ་འཇུག་པར་བྱེད་པ་ཉིད་དོ། །འོན་ཀྱང་སེམས་ཅན་རྣམས་ནི་སྒྲིབ་པ་དང་བཅས་པས་ན་སྟོན་པ་དང་བསྟན་པ་རྣམས་ཀྱང་མཐོང་བ་མ་ཡིན་པ་དང་ཐོས་པ་མ་ཡིན་པ་སྟེ། དེ་དང་དེ་དག་ལ་ལོང་བ་དང༌། འོན་པ་ལྟ་བུར་གྱུར་པས་ནའོ། །དེ་བཞིན་དུ་གང་གི་ཕྱིར་རིགས་ཅན་མ་ཡིན་པའི་སེམས་ཅན་རྣམས་ཀྱིས་ནི་བཅོམ་ལྡན་འདས་དང་དེའི་ཆོས་རྣམས་ལ་མཐོང་ཞིང་ཐོས་མོད་ཀྱི་སེམས་དད་པ་དང་བཅས་པར་མ་སྐྱེས་པ་ཉིད་དུ་ཟད་དོ། །དེ་སྐད་དུ་ཡང་གསུངས་པ། གང་ཕྱིར་སངས་རྒྱས་འབྱུང་འགྱུར་ཡང༌། །སྐལ་བ་མེད་ལ་འབྲས་མི་འབྱུང༌། །ཇི་ལྟར་རྡོ་སྟེངས་ཆར་


DTG002_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བབ་ཀྱང༌། །ས་བོན་ལས་ནི་མྱུ་གུ་མིན། །ཞེས་སོ། །ཡང་འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲུལ་བ་སྣ་ཚོགས་པ་རྣམས་ཀྱིས་དུས་མཉམ་དུ་འགྲོ་བ་མ་རུངས་པ་འདུལ་བའི་དོན་དུ། བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ་ཉིད་དུ་སྟོན་པར་མཛད་དེ། དེས་ན་སྟོན་པར་བྱེད་པ་ནི་རྟག་ཏུ་རབ་ཏུ་འཇུག་པ་ཉིད་དོ། །ཡང་ན་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་རྣམས་སུ་སྤྲུལ་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་ཆོས་སྟོན་པར་བྱེད་པ་ཡང་ད་ལྟར་གྱི་དུས་སུ་སྟོན་པའི་དོན་དུ་ཡིན་ལ། འདས་པའི་དུས་སུ་ནི་དགྱེས་པའི་རྡོ་རྗེ་ཉིད་དུ་བསྟན་པར་གསུངས་ཤིང་རྒྱས་པར་བཤད་པའོ། །འདོད་པ་ཡིས་ནི་རྐྱེན་སྦྱར་བས། །གཙོ་བོར་སྒྲ་དོན་འདས་མ་ཡིན། །ཞེས་བྱ་བའི་རིགས་པས་སོ། །སྔར་ནི་རྡོ་རྗེ་སྙིང་པོ་ལ་སོགས་པ་རྣམས་ཀྱིས་ཐུན་མོང་གི་ཞུ་བ་ལ་ཞུགས་པ་ཡིན་ལ། ད་ནི་ཁྱད་པར་དུ་སྟོན་པར་བྱ་བས་ན། རྡོ་རྗེ་སྙིང་པོ་ཞེས་པ་ལ་སོགས་པ་སྟེ། གསོལ་བ་ཞེས་པ་ནི། དེ་ཡི་རྗེ་ལ་ཞུས་པར་བརྗོད། །ཅེས་པའི་དོན་ཏོ། །འདིར་ཡང་ལྐོག་ཏུ་ཇི་ལྟར་སྟོན་པར་བྱེད་ཅེ་ན་འདི་ཉིད་དུ་འདུས་པར་གྱུར་པ་དེ་རྣམས་ཉིད་ལས་གང་གསོལ་བ་འདེབས་པ་ནི་རྡོ་རྗེ་སྙིང་པོའོ། །དེ་ལ་ཡང་མངོན་སུམ་དུ་གསོལ་བ་འདེབས་པ་ནི་ད་ལྟར་གྱི་དུས་སུ་མི་འགྱུར་རམ་ཞེ་ན་མ་ཡིན་ཏེ། མ་འོངས་པའི་དུས་ཀྱི་སེམས་ཅན་སྐལ་བ་མེད་པ་རྣམས་ནི་དེའི་ཚེ་མ་འོངས་པའི་དུས་སུ་གསོལ་བ་འདེབས་པའི་གནས་སྐབས་རྡོ་རྗེ་སྙིང་པོ་ལ་མངོན་དུ་གསོལ་བ་འདེབས་པ་ཡིན་ལ། སྔར་གྱི་དུས་སུ་ནི་གསོལ་བ་འདེབས་པའི་སྐབས་ཡིན་ལ་སྡུད་པར་བྱེད་པའི་གནས་སྐབས་སུ་ནི་བདག་ཉིད་ཀྱི་ནུས་པ་ཐ་དད་པའི་བློས་རྣམ་པར་གཞག་སྟེ། རྡོ་རྗེ་སྙིང་པོས་ལྐོག་ཏུ་དེས་པར་བསྟན་ཏོ། །དེས་ན་སྡུད་པ་པོའི་གནས་སྐབས་ལས་གསོལ་བ་འདེབས་པའི་གནས་སྐབས་སྔོན་དུ་གྱུར་པའོ། །དེ་ཡང་འདུས་པའི་རྗེས་ལ་སྡུད་པར་བྱེད་པ་ཉིད་མངོན་སུམ་དུ་གྱུར་པ་སྟེ། དེས་ན། རྡོ་རྗེ་སྙིང་པོས་གསོལ་བ་བཏབ། །ཅེས་པ་དང༌། གསུངས་ཞེས་པ་འདིར་སྐྱོན་མེད་པའོ། །གང་ཕྱིར་རྡོ་རྗེ་སེམས་དཔའ་ལགས། །ཇི་ལྟར་སེམས་དཔའ་ཆེན་པོ་ལགས། །གང་གི་དམ་ཚིག་སེམས་དཔའ་ལགས། །བཅོམ་ལྡན་འདས་ཀྱིས་བདག་ལ་གསུངས། །ཞེས་བྱ་བ་ནི་ཡི་གེ་བཅོ་བརྒྱད་པའི་ཚིགས་སུ་བཅད་


DTG002_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གཞན་གྱི་ཕྱེད་པ་ཡང་ཞེས་པ་སྟེ། གཙོ་བོར་གྱུར་པས་ན་དག་གི་རྒྱུ་མཚན་ནོ། །ད་ནི་དྲིས་པའི་ལན་བསྟན་པའི་དོན་དུ་གསུངས་པ། བཅོམ་ལྡན་འདས་ཀྱིས་ཞས་བྱ་བ་ལ་སོགས་པ་སྟེ། མི་ཕྱེད་ཅེས་བྱ་བ་ནི་གང་གིས་ཀྱང་འབྱང་པའི་ནུས་པ་མེད་པས་ན་མི་ཕྱེད་པའོ། །རྡོ་རྗེ་དང་འདྲ་བས་ན་རྡོ་རྗེའོ། །དེས་ན་གང་གིས་ཀྱང་འབྱེད་པར་བྱེད་པའི་ནུས་པ་མེད་པ་ཉིད་མི་ཕྱེད་རྡོ་རྗེ་ཞེས་བྱའོ། །གང་གི་ཕྱིར་གང་གིས་ཀྱང་མི་ཕྱེད་པའི་རྡོ་རྗེ་དེ་ནི་རིན་པོ་ཆེའི་བྱེ་བྲག་གོ །དེ་བཞིན་དུ་རིན་པོ་ཆེ་བརྟག་པའི་བསྟན་བཅོས་ལས། ས་གཞིའི་འབྱུང་ཁུངས་ནས་གང་རིན་པོ་ཆེ་ཡིན་པར་གྱུར་ན་ཁ་དོག་དམར་ཞིང་ཐམས་ཅད་འབིགས་པར་བྱེད་ཀྱང་རྡོ་རྗེ་ནི་རྡོ་རྗེ་ལ་འབིགས་པར་བྱེད་པ་མ་ཡིན་ནོ་ཞེས་སོ། །དེ་སྐད་དུ་རིན་ཆེན་འབྱུང་གནས་ཀྱི་ཐེག་པ་ཆེན་པོའི་མདོ་ལས་གསུངས་ཏེ། འདི་ལྟ་སྟེ། འཇམ་དཔལ་རྡོ་རྗེ་རིན་པོ་ཆེས་ནི་རིན་པོ་ཆེ་རྣམས་འབིགས་པར་བྱེད་པ་དེ་བཞིན་དུ་རྡོ་རྗེ་རིན་པོ་ཆེ་རྣམས་ལ་ནི་དེས་ཀྱང་འབིགས་པར་བྱེད་པ་མ་ཡིན་ནོ་ཞེས་གསུངས་སོ། །རྒྱུ་དེ་ལྟ་བས་ན་གང་གི་ཚེ་མི་ཕྱེད་པར་གྱུར་པ་དེའི་ཚེ་རྡོ་རྗེའོ། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་པ་ནི་གསུམ་པོ་རྣམས་ཏེ་ལུས་ལ་སོགས་པའི་སྲིད་པ་རྣམས་ཡང་དག་པར་བསྡུས་པ་སྲིད་པ་གསུམ་གཅིག་ནི་སེམས་ཙམ་ཉིད་དོ། །དེ་བཞིན་དུ་མི་ཕྱེད་པས་ན་རྡོ་རྗེ་ཉིད་ནི་སེམས་དཔའ་སྟེ། གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་གཞན་དུ་འབྲེལ་ཏེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱིས་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཀྱི་སྐུ་ཞེས་པའི་ཐ་ཚིག་གོ ། ཤེས་རབ་རིག་པ་འདི་ཡིས་ཞེས་བྱ་བ་ལ། འདི་ཡིས་ནི་ཞེས་པ་ནི་ལུང་གིས་ཏེ་སེམས་ཙམ་ཉིད་དུའོ། །དེ་བཞིན་དུ་ཡང་སེམས་རྣམ་པར་དག་པས་སེམས་ཙམ་དུ་གང་ལས་ཤེ་ན། ཤེས་རབ་རིགས་པ་ཞེས་གསུངས་ཏེ། རིགས་པ་ནི་འདིར་རྗེས་སུ་དཔག་པའི་ཚད་མ་སྟེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་སེམས་ཙམ་ཉིད་དུ་རྣམ་པར་གནས་པའོ། །གང་གི་ཕྱིར་གཅིག་པ་དང་དུ་མས་ནི་དངོས་པོ་ཀུན་ལ་ཁྱབ་པ་ཡིན་ལ། དེ་དག་ལོག་པས་དངོས་པོ་རྣམས་ཀྱང་ངེས་པར་ལྡོག་པ་སྟེ་ཇི་ལྟར་ཤིང་ལོག་པས་ཤིང་ཤ་པའི་དོན་ལྡོག་པའོ། །སྦྱོར་བ་དགོད་པ་ནི་འདི་ཡིན་


DTG002_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གང་ཞིག་གཅིག་དང་དུ་མ་དང་བྲལ་བ་དེ་དང་དེ་ནི་གྲུབ་པ་མ་ཡིན་ཏེ། ཇི་ལྟར་ནམ་མཁའི་མེ་ཏོག་བཞིན་ནོ། །ཆོས་ཐམས་ཅད་ཀྱང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །འོ་ན་གཞན་དག་ནི་གཅིག་དང་དུ་མ་དང་བྲལ་བར་འདོད་པ་མ་ཡིན་ཏེ། དེས་ན་གཏན་ཚིགས་ཀྱི་ངོ་བོ་མ་གྲུབ་པའོ་སྙམ་དུ་སེམས་ན། གང་ལ་ཤར་ཕྱོགས་དང༌། ནུབ་ཕྱོགས་ལ་སོགས་པའི་དབྱེ་བས་ཕྱེད་པ་དེ་ནི་གཅིག་ཏུ་གྲུབ་པ་མ་ཡིན་ནོ། །དུ་མ་ཡང་གཅིག་པ་སྔོན་དུ་འགྲོ་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་སངས་རྒྱས་པ་རྣམས་ཀྱིས་རྟོགས་པའོ། །རིགས་པ་ཅན་ལ་སོགས་པ་རྣམས་ལ་རབ་ཏུ་གྲུབ་པ་ནི་ཆ་ཤས་ལ་སོགས་པའི་རྫས་རྣམས་སོ། །ཤར་ཕྱོགས་དང༌། ནུབ་ཕྱོགས་ལ་སོགས་པའི་དབྱེ་བས་ཕྱེ་བའི་རྡུལ་ཕྲ་རབ་འདུས་པ་རྣམས་ཀྱང་ཡེ་ཤེས་སུ་སོན་པའི་རྣམ་པའོ། །དེའི་ཕྱིར་རང་གི་སེམས་ཙམ་འདི་ཉིད་ཕྱི་རོལ་གྱི་དོན་བརྫུན་པའི་རྣམ་པར་སྣང་བ་ལས་སོ། །དེ་སྐད་དུ་ཡང་གསུངས་པ། སེམས་ནི་ཆེན་པོ་གཅིག་ཉིད་ལས། །ཞེས་བྱ་བ་ལ་སོགས་པའོ། །དེ་དང་དེ་བཞིན་དུ་ལུང་གཞན་ལས་ཀྱང་གསུངས་ཏེ། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་གཟུང་བ་དང༌། འཛིན་པ་རྣམ་པར་སྤངས་པ་ཆོས་ཐམས་ཅད་བདག་མེད་པར་མཉམ་པ། རང་གི་སེམས་ཙམ་མ་སྐྱེས་ཤིང་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ཡང༌། ཇི་ལྟར་མེ་ལོང་ནང་གི་གཟུགས། །མཐོང་ཡང་དེ་ལྟར་ཡོད་མ་ཡིན། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང༌། །གཅིག་དང་དུ་མ་རྣམ་པར་སྤངས། །རྒྱུ་རྐྱེན་དག་ནི་ལོག་པ་དང༌། །བྱེད་པའི་རྣམ་པ་འགག་པས་ན། །སེམས་ཙམ་དུ་ནི་རྣམ་པར་གནས། །སྐྱེ་བ་མེད་པར་ད་སྨྲའོ། །ཞེས་པ་ལ་སོགས་པའོ། །དེ་ལྟར་ལུང་གི་ཚད་མས་གྲུབ་པས་ན་རྡོ་རྗེ་སེམས་དཔའི་སྒྲས་ནི་མི་བསྐྱོད་པ་དྲན་པ་ཡེ་ཤེས་ཙམ་གྱི་རྣམ་པ་ཞེས་པར་སྟོན་ཏོ། །ཡེ་ཤེས་ཆེན་པོའི་རོས་གང་བ། །ཞེས་བྱ་བ་ལ། ཡེ་ཤེས་ནི་ཐམས་ཅད་ཤེས་པ་དང༌། ལམ་ཤེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་སྟེ། ཀུན་མཁྱེན་པ་གསུམ་ནི་ཡེ་ཤེས་སོ། །དེའི་རོ་ནི་གཉུག་མ་ཉམས་སུ་མྱོང་བའོ། །ཆེན་པོ་ཡང་དེ་ཉིད་ཡིན་ཏེ་དེ་བཞིན་དུ་དེ་རྣམས་ཀྱིས་གང་ཞིང་ཕུན་སུམ་ཚོགས་པ་ཐོབ་པའོ། །ཡང་ན་ཡེ་ཤེས་ཆེན་པོ་ནི་ལྷན་ཅིག་སྐྱེས་


DTG002_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཏེ། དེའི་རོའོ། །ཡང་ན་མཉམ་པ་ཉིད་དང༌། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི། ཡེ་ཤེས་ཆེན་པོའོ། །དེ་ལྟ་བས་ན། ངག་རྣམ་པར་དག་པ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅེས་པའི་དོན་ཏོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རོས་གང་བ་ཞེས་བྱ་བའམ། སེམས་དཔའི་སྒྲ་ནི་ངེས་པའི་ཚིག་གིས་བྱེད་པས་དོན་དུ་བྱ་བའོ། །རྒྱུ་དེ་ལྟ་བས་ན་སེམས་དཔའ་ཆེན་པོར་བརྗོད་པ་ནི་མི་བསྐྱོད་པའོ། །འདི་དག་ཀྱང་ཡི་གེ་དགུ་པའི་ཚིག་གོ །རྟག་ཏུ་ཞེས་པ་ལ་སོགས་པ་ལ། དམ་ཚིག་ནི་ཀུན་རྫོབ་པོ། དེ་ཡང་རྣམ་པ་གཉིས་ཏེ། ཡང་དག་པ་དང་ཡང་དག་པ་མ་ཡིན་པའོ། །དེ་ལ་ཡང་དག་པ་ནི་ཡོངས་སུ་དག་པའི་སྦྱིན་པ་ལ་སོགས་པས་དཔལ་ཧེ་རུ་ཀ་ལ་སོགས་པར་སྤྲུལ་པའི་སྐུའོ། །ཡང་དག་པ་མ་ཡིན་པ་ནི་དབང་ཕྱུག་ཆེན་པོ་དང་བརྒྱ་བྱིན་ལ་སོགས་པར་སྤྲུལ་པའི་གཟུགས་དང༌། འཁོར་ལོས་སྒྱུར་བ་ལ་སོགས་པར་སྤྲུལ་པའི་གཟུགས་དང༌། འགྲོ་བ་ལ་སོགས་པར་སྤྲུལ་པའི་གཟུགས་དང༌། འཇིག་རྟེན་པའི་ལུགས་སུ་རྣམ་པར་གཞག་པ་ཐ་ན་བུམ་པ་དང་སྣམ་བུ་ལ་སོགས་པ་བརྡར་བཏགས་པའི་ཚུལ་ལོ། །དེ་ཡང་འདི་སྐད་དུ་རྟག་ཏུ་དམ་ཚིག་གི་བྱེད་པ་རྒྱུན་མི་འཆད་པར་རྟག་ཏུ་དགོས་པའི་བྱ་བ་བྱེད་པ་ལ་རྟག་ཏུ་འཇུག་པ་ཀུན་དུ་སྟོན་པ་ལས་དེ་སེམས་ཅན་གྱི་དོན་བྱ་བའི་གནས་སྐབས་གཟིགས་ནས་བཅོམ་ལྡན་འདས་ཀྱིས་ཐུགས་རྗེའི་དབང་གིས་བསྒྲུབ་པའོ། །དེས་ན་རབ་ཏུ་འཇུག་པ་ནི་དམ་ཚིག་སེམས་དཔའ་ཞེས་བརྗོད་དོ། །བརྗོད་པར་བྱ་བའི་ཡུལ་དུ་བྱས་པ་ནི་མི་བསྐྱོད་པའོ། །དེ་ཡང་ལུས་རྣམ་པར་དག་པ་མེ་ལོང་ལྟ་བུ་དང༌། བྱ་བ་གྲུབ་པ་ཡེ་ཤེས་ཀྱི་བདག་ཉིད་ཅན་སྤྲུལ་པའི་སྐུའི་རང་བཞིན་ཞེས་པ་ནི་ཚིགས་སུ་བཅད་པ་བྱེད་པ་ཡི་གེ་བཅོ་བརྒྱད་པའོ། །གང་འདི་ལྟ་བུའི་ཐུགས་དེ་ཉིད་ལ་དགྱེས་པའི་རྡོ་རྗེའི་སྒྲ་ཇི་བཞིན་འཇུག་ཅེས་གསོལ་བ་འདེབས་པ་པོ་འདྲི་ན། དེ་ལ་བསྟན་པའི་དོན་དུ་གསུངས་པ། དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། གང་ནི་དགྱེས་པའི་རྡོ་རྗེ་ལགས། །ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་གྱུར་པའི་དོན་ཏོ། །དོན་ནི་འདི་ཡིན་ཏེ། དེ་ལྟ་བུའི་ཐུགས་ལ་ཡང་ཅི་ཕྱིར་ཁྱད་པར་དུ་བརྗོད་པ་


DTG002_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པའི་རྡོ་རྗེའི་སྒྲ་རབ་ཏུ་འཇུག་ཅེ་ན་དེ་ཉིད་གསུངས་པ། ཇི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟ་བུ་ནི་དགྱེས་པའི་རྡོ་རྗེ་ཞེས་པའི་མིང་ངོ༌། །དོན་གྱི་དབྱེ་བ་ཆ་བསྙམས་ཏེ། གཟུང་བྱ་གཟུང་ཞིང་གང་གི་མིང་རྣམས་དེ་དང་དེ་བཞིན་དུའོ། །དེས་ན་སྔར་གྱི་ཇི་ལྟར་ལགས། །ཞེས་པར་འབྲེལ་ཏོ། །དགྱེས་པའི་རྡོ་རྗེའི་བསྡུས་པའི་དོན་གྱི་རྗེས་ལ་ཡན་ལག་གི་དོན་འདྲི་བར་བསྟན་པ་ནི། ཧེའི་ཡི་གེ་ཞེས་བྱ་བ་ལ་སོགས་པ་སྟེ། ཅི་ཞིག་བརྗོད་ཅེས་པ་དང༌། དོན་ཇི་ལྟ་བུ་ཞེས་པ་ནི་ཁྱད་པར་མེད་དོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པར་བསྒྲལ་བའི་དོན་དུ་གཤེགས་པའམ་བཞུད་པ་ནི་ཧེ་སྟེ། དེ་ཡང་ཧེ་ག་ཏོ་ཞེས་པས་དེས་པའི་ཚིག་བྱེད་པས་རབ་ཏུ་སྦྱོར་བའོ། །འདིར་ཀ་ནི་བདེ་བ་སྟེ་ཐུགས་རྗེའི་བཀོད་པ་ནི་སྙིང་རྗེའོ། །གང་གི་ཕྱིར་སྙིང་རྗེ་དང་ལྡན་པ་ནི་ཕ་རོལ་གྱི་སྡུག་བསྔལ་དང་སྡུག་བསྔལ་ཅན་ལ་དེ་ཉིད་སྡུག་བསྔལ་བའོ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇུག་པས་ན་ཆེན་པོ་སྟེ། དེ་བཞིན་དུ་དེ་ཉིད་སྙིང་རྗེ་ཡང་ངོ༌། །ཐབས་དང་ཤེས་རབ་བདག་ཉིད་ནི་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའོ། །ཉོན་ཞེས་པ་ནི་རྣ་བའི་སྤྱོད་ཡུལ་དུ་བྱ་བའོ། །དེས་ན་དྲིས་པའི་ལན་བསྡུ་བ་ནི། དའི་ཞེས་པ་ནི་བྱེད་པའི་དྲུག་པ་སྟེ། ང་ཡིས་བཤད་ཅེས་པའི་ཐ་ཚིག་གོ །དེ་དག་གི་ནི་རྗོད་པར་བྱེད་པ་དང༌། བརྗོད་པར་བྱ་བ་དག་སྟེ་ངག་དང་ངག་ཅན་གྱི་མཚན་ཉིད་དུ་འབྲེལ་ཏོ། །དེ་ཡང་རྗོད་པར་བྱེད་པ་ནི་བརྗོད་པར་བྱ་བའི་དོན་ལ་ངེས་པའོ། །བརྗོད་བྱ་ཕྱིན་ཅི་མ་ལོག་པར་རྟོགས་པ་ཉིད་ནི་རྗོད་པར་བྱེད་པའི་དགོས་པའོ། །བརྗོད་པར་བྱ་བའི་དགོས་པ་ཡང་ཡུལ་རྣམས་རྣམ་པར་དག་པའོ། །དེའི་ཡང་དགོས་པ་ནི་འགྲོ་བ་མ་ལུས་པ་རྗེས་སུ་གཟུང་བ་དང་ལྡན་པ་ལྷན་ཅིག་སྐྱེས་པའི་བདེ་བའི་བདག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །དེ་སྐད་དུ་ཡང་འཆད་པར་འགྱུར་ཏེ། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན། །དགྱེས་པ་རྡོ་རྗེའི་ཐབས་ཤེས་ནས། །གང་ཞིག་ཡུལ་རྣམས་རྣམ་སྦྱོང་བ། །དེས་ནི་བླ་མེད་རྙེད་པར་འགྱུར། །ཞེས་པའོ། །རྒྱུད་ཀྱི་བརྗོད་པར་བྱ་བའི་ལུས་བརྗོད་པར་བྱ་བ་ནི་ལྟ་སྟངས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་ལྟ་སྟངས་ནི་རྣམ་པ་བཞིའོ། །དགུག་པ་ཞེས་


DTG002_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དགའ་བཟངས་མ་ལ་སོགས་པ་འགུགས་པའོ། །དོན་བྱེད་རྣམ་མང་ཞེས་བྱ་བ་ནི་གྲོང་ཁྱེར་དཀྲུག་པ་དང༌། ཆར་དབབ་པ་དང༌། སྤྲིན་དྲལ་བ་ལ་སོགས་པའོ། །རེངས་པ་ཞེས་པ་ནི་སྟོབས་ཅན་ལ་སོགས་རེངས་པར་བྱེད་པ་སྟེ་གནས་ནས་མི་གཡོ་བའོ། །ཇི་ལྟར་རིགས་པ་ནི་རིམ་པར་རོ། །བསྐྱེད་དང་ཞེས་པ་ནི་ས་བོན་ལ་སོགས་པའོ། །གནས་དང་བྱེད་རྒྱུ་ཞེས་པ་ནི་ཆོས་འབྱུང་དང་གཞལ་ཡས་ཁང་ལ་སོགས་པའོ། །དོན་བྱེད་ཅེས་པ་ནི་དངོས་པོའི་ནུས་པ་སྟེ། དེ་ཡང༌། ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ནི་དམིགས་མི་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །ཡེ་ཤེས་རྣམ་ཤེས་ཞེས་བྱ་བ་ལ་ཡེ་ཤེས་ནི་དངོས་གྲུབ་གཏན་ལ་དབབ་པའི་ཡེ་ཤེས་སོ། །རྣམ་ཤེས་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་ཡེ་ཤེས་སོ། །ལྷ་རྣམས་ཇི་ལྟར་འབྱུང་བ་ཞེས་བྱ་བ་ནི་ཇི་ལྟར་འབྱུང་བ་ལས་མི་འདའ་བ་སྟེ། བསྐྱེད་པའི་རིམ་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རང་གི་སྙིང་གར་ས་བོན་དགོད་པ་དང༌། སྟོང་པ་ཉིད་དང༌། སྡིག་པ་བཤགས་པ་ལ་སོགས་པ་དང༌། བྱམས་པ་ལ་སོགས་པ་རིམ་པ་བཞིན་དུ་བལྟ་བར་བྱའོ། །ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །དང་པོར་གཅིག་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཡི་གེ་བཅུ་བདུན་པའི་ཚིགས་སུ་བཅད་པ་ཕྱེད་པའོ། །དང་པོར་གཅིག་ནི་བསྒོམ་པ་ཞེས་པ་ནི། འོ་ན་རྫོགས་པའི་རིམ་པ་ལ་སྙིང་རྗེས་ཅི་བྱེད་ཅེ་ན། གསུངས་པ། ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །ཞེས་པ་སྟེ། ཧེ་རུ་ཀ་བསྐྱེད་པའི་རིམ་པ་ཞེས་པའི་དོན་ཏོ། །ཧེ་རུ་ཀ་ནི་ཐུན་མོང་གི་ལྷ་རྣམས་ཉེ་བར་མཚོན་པའོ། །སྐྱེད་པའི་རིམ་པ་རྒྱས་པར་བཤད་པ་གསུངས་པ། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྟེ། མ་བྱུང་བ་ལས་སྐྱེ་བ་དང༌། བྱུང་བཞིན་དུ་འཇིག་པ་ནི་དངོས་པོ་སྟེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་ཚོགས་དང༌། ལས་དང་ཉོན་མོངས་པའི་ཕུང་པོའོ། །དེ་ཉིད་བརྗོད་པར་བྱ་སྟེ། ཁྱད་པར་དུ་གྱུར་པས་མི་གནས་པའི་མྱ་ངན་ལས་འདས་པ་རྗེས་སུ་ཐོབ་ཅེས་བྱ་བའི་བར་དུ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པའི་ཐབས་ལས་མི་གཞན་ཞེས་པའི་དོན་ཏོ། །འོ་ན་འདྲི་ལྟར་རྣམ་པར་གྲོལ་བ་ལས་དངོས་པོ་རྣམས་ཀྱིས་ཇི་ལྟར་


DTG002_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་སྟེ། འདིས་འཆིང་བས་ན་འཆིང་བ་ཡིན་ལ་སྲིད་པ་ཉིད་འཆིང་བའོ། །དེས་ན་སྡུག་བསྔལ་ལོ་ཞེ་ན། གསུངས་པ། རྣམ་གྲོལ་འགྱུར་ཞེས་པ་ལ་སོགས་པ་སྟེ། དེའི་ཕུང་པོ་དང་ལས་དང་ཉོན་མོངས་པ་ལ་སོགས་པ་ཡོངས་སུ་མཐར་ཐུག་པའི་ཡེ་ཤེས་ཡོངས་སུ་ཤེས་པ་ནི་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་ལྟ་བུ་ཤེས་པའོ། །དེ་ཉིད་དེ་ལྟ་བས་ན་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པས་དཀྲིས་པས་དེ་ལྟར་དེ་བཞིན་དུ་གྱུར་པས་ནི་འཆིང་བའོ། །དེ་ཉིད་སྡུག་བསྔལ་གྱི་རྒྱུ་ཡིན་ཞིང་མངོན་པར་ཞེན་པའམ། དཀྲིས་པ་དེ་ཉིད་མྱ་ངན་ལས་འདས་པ་ཡིན་པས་དེ་ཉིད་བདེ་བའི་རྒྱུའོ། །དེ་བཞིན་དུ་གསུངས་པ། ཀུན་རྟོག་མུན་པ་སྟུག་པོས་མངོན་པར་ཟིལ་གནོན་ཅིང༌། །འདོད་ཆགས་ལ་སོགས་བཟློག་དཀའི་དྲི་མས་གཡོགས་གྱུར་པ། །རབ་ཏུ་འཐོར་རླུང་གིས་བསྐྱོད་གློག་ལྟར་གཡོ་བ་ཡིས། །སེམས་ནི་འཁོར་བ་ཡིན་པར་རྡོ་རྗེ་ཅན་གྱིས་གསུངས། །རྟོག་པ་ལས་ནི་རྣམ་པར་གྲོལ་ཞིང་འོད་གསལ་བ། །འདོད་ཆགས་ལ་སོགས་དྲི་མའི་སྒྲིབ་གཡོགས་རབ་ཏུ་སྤངས། །གཟུང་བ་དང་ནི་འཛིན་པ་མེད་ན་དེ་ཉིད་ནི། །མྱ་ངན་འདས་པའི་དོན་དུ་སེམས་ཅན་མཆོག་གིས་གསུངས། །དེ་བས་སྡུག་བསྔལ་མང་པོའི་ཚོགས་ཀྱི་རྒྱུར་གྱུར་པ། །འདི་ལས་གཞན་པ་འགའ་ཡང་ཡོད་པ་མ་ཡིན་ལ། །ཐར་འདོད་འཕགས་པ་ཁྱེད་ཀྱི་བདེ་བ་དཔག་མེད་པ། །སྐྱེ་བའི་རྒྱུ་ཡང་འདི་ལས་གཞན་པ་འགའ་ཡང་མེད། །སྡུག་བསྔལ་མ་ལུས་ཟད་བྱའི་གོ་ཆ་བགོས་ནས་ནི། །རྫོགས་སངས་རྒྱས་ཀྱི་བདེ་མཆོག་ཐོབ་པར་འདོད་པ་ཡིས། །སེམས་ནི་བརྟན་བྱས་དེ་ལ་འབད་དེ་དཔྱད་བྱས་ལ། །དེ་ཡི་རང་བཞིན་བདག་གི་རང་བཞིན་ཉིད་དུ་བྱ། །སྐྱེ་ལྡན་རྣམས་ཀྱི་ཡིད་འདི་ཇི་སྲིད་རྟོགས་པའི་མུན་པའི་སྣམ་བུ་མཐུག་པོས་དཀྲིས་གྱུར་པ། །དེ་སྲིད་སྡུག་བསྔལ་དཔག་ཏུ་མེད་ཡིན་དེ་ནས་དེ་ནི་ཇི་སྲིད་བཤུས་པར་གྱུར་པ་ན། །དེ་སྲིད་བདེ་བ་རྒྱ་ཆེན་མཚུངས་མེད་ཡིན་པས་འཕགས་མཆོག་དེ་ལ་ནན་ཏན་གྱིས་ཤིག་དང༌། །དེ་ཟད་ནས་ནི་དེ་ཉིད་ལ་གནས་ཡོན་ཏན་རྒྱས་པར་རང་བཞིན་གྱིས་ནི་སྣང་བར་འགྱུར། །ཞེས་སོ། །ཡང་ན་དངོས་པོ་ཉིད་ཀྱིས་འཆིང་བ་དང༌། དེ་ཉིད་ཀྱིས་གྲོལ་བའི་དངོས་པོའི་ཁྱད་པར་དེ་ཇི་ལྟ་བུ་ཞེ་ན། གསུངས་པ།


DTG002_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གྲོལ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡོངས་སུ་ཤེས་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་རྣམ་པར་དག་པའི་ཡེ་ཤེས་སོ། །དེས་ན་གྲོལ་བའོ། །དེ་ཡང་གང་གི་ཕྱིར་རྣམ་པར་དག་པའི་འཆིང་བ་ནི་སྡོམ་པའི་བྱ་བ་བྱེད་པ་མ་ཡིན་ནོ་ཞེས་པ་སྟེ། དེ་ཡང་གསེར་གྱི་སྐེ་རགས་དང་དཔུང་རྒྱན་ལ་སོགས་པའི་བཅིང་བ་བཞིན་ནོ། །དེ་ལྟ་ན་ཡང་ཇི་ལྟར་གྲོལ་ཞེ་ན་གསུངས་པ། དངོས་པོ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བས་ན་དངོས་པོ་སྟེ། ཕུང་པོ་ལ་སོགས་པ་ལྷ་རྣམས་ཀྱི་གཟུགས་སུ་བསྐྱེད་པ་སྟེ། བསྐྱེད་པའི་རིམ་པ་ཞེས་པའི་དོན་ཏོ། །དེ་ཡང་དུས་རིང་པོར་རྒྱུན་མི་འཆད་པར་གོམས་པ་བསྒོམས་པས་ཡུལ་དུ་བྱས་ཞེས་པའོ། །ཤེས་རབ་ཅན་ཞེས་པ་ནི་བོད་པའོ། །འདིར་ཤེས་རབ་ཅན་གྱིས་བསྒོམས་པའི་དབང་དུ་བྱས་ཞེས་བསྟན་པའི་དོན་དུའོ། །བསྐྱེད་པ་ནི་ཇི་ལྟ་བུ་ཞེ་ན། དངོས་པོ་མེད་པ་ལས་ཞེས་པ་ལ་སོགས་པ་སྟེ། འང་གི་སྒྲ་ནི་ངེས་པ་ཉིད་དོ། །དེའི་དངོས་པོ་ནི་བསྐྱེད་པའོ། །ཡང་དངོས་པོ་མེད་པ་དེ་ཉིད་ནི་མ་སྐྱེས་པ་ཉིད་ཡིན་ལ། ཇི་ལྟར་ཡོངས་སུ་ཤེས་པ་ནི་བདག་མེད་པར་ཡོངས་སུ་ཤེས་པ་སྟེ། ངེས་ན་བསྐྱེད་པའི་དགོས་པ་ནི་སེམས་ཅན་ལ་སྡུག་བསྔལ་སྐྱེ་བ་སྐྱེད་པར་མི་བྱེད་པའོ། །དེས་ན་རྫོགས་པའི་རིམ་པ་ལ་ཡང་བདག་མེད་པའི་ཡེ་ཤེས་མངོན་དུ་བྱས་པ་དང༌། བསྐྱེད་པའི་རིམ་པ་བསྒོམ་པས་ཀྱང་མངོན་དུ་བྱས་ཏེ་ཟག་པ་མེད་པའི་བདེ་བ་ཉིད་འབའ་ཞིག་ལ་གནས་པའོ་ཞེས་ཤེས་པར་བྱའོ། །དེ་ལྟར་ན་བསྐྱེད་པ་དེ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་ཕུང་པོ་ལ་སོགས་པའི་དངོས་པོ་གཉུག་མར་ཡོད་པ་མ་ཡིན་ཏེ། དེ་ལྟ་བུ་དེ་ནི་དེ་ཉིད་དོ། །ཧེ་རུ་ཀ་ཡང་དེ་ཉིད་ཡིན་ཏེ། དེས་ན་དེ་ལྟར་ཧེ་རུ་ཀའོ། །བསྒོམ་པར་བྱ་བ་རྫོགས་པའི་རིམ་པ་ནི་བསྐྱེད་པའི་རིམ་པ་རྣམ་པར་དག་པར་བྱེད་པས་ན་དེ་ལྟར་ཧེ་རུ་ཀ་བསྒོམ་པའོ། །དེ་ཡང་མ་ནིང་དུ་ངེས་པར་བསྟན་པ་ནི་མདོའི་ཚིག་ལས་སོ། །དངོས་པོ་མེད་པ་ཞེས་བྱ་བ་ནི་དངོས་པོ་ཡོད་པ་མ་ཡིན་པའི་རང་བཞིན་དེའི་དངོས་པོ་ཞེས་བྱའོ། །དོན་དམ་པར་ན་ཕྱག་དང༌། ཞལ་དང༌། གཟུགས་ཀྱི་རྣམ་པ་དེའི་དོན་ནི་སྒྱུ་མ་ལྟ་བུའོ། །ཡང་ན་དངོས་པོས་ཇི་ལྟར་གྲོལ་བར་


DTG002_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེ་ན། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྟེ་དངོས་པོ་དེ་ནི་སེམས་ལ་ཡང་དང་ཡང་དུ་བཀོད་ཅིང་བསྒོམ་པས་ན་དངོས་པོ་ཞེས་བྱའོ། །དེས་ན་དངོས་པོ་བསྒོམ་པ་ཉེ་བར་འཇོག་པའོ། །ཇི་ལྟར་བསྒོམ་ཞེ་ན། གསུངས་པ། དངོས་པོར་ཡོད་པ་མ་ཡིན་པའི་རང་བཞིན་ཡང་དེའི་རང་བཞིན་དུ་སྟེ། དེ་ལྟ་བུའོ། །དངོས་པོ་མེད་པ་ཉིད་ཀྱིས་བསྒོམ་པར་བྱ་བའོ་ཞེས་པའི་དོན་ཏོ། །དངོས་པོ་མེད་པ་ཉིད་ཅིས་ཤེ་ན། གསུངས་པ། ཡོངས་ཤེས་པ་ཞེས་པ་སྟེ། ཆོས་རྣམས་མ་ལུས་པའི་མཚན་ཉིད་རབ་ཏུ་ཤེས་པའོ། །ཅི་དངོས་པོ་མེད་པ་ཙམ་ཞིག་བསྒོམ་པར་བྱའམ་ཞེ་ན་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པ་སྟེ་ཕུང་པོ་ལ་སོགས་པའི་ཚོགས་རྣམ་པར་དག་པ་དེ་རྟག་ཏུ་སྦྱོར་བ་དེ་ནི་དེ་ལྟར་ཞེས་བྱ་སྟེ། ཧེ་རུ་ཀའང་དེའོ། །དེ་སྐད་དུ་ཡང་འཆད་པར་འགྱུར་ཏེ། མིག་ལ་གཏི་མུག་རྡོ་རྗེ་མ། །ཞེས་པ་ལ་སོགས་པ་དང༌། ཤ་ལ་པུ་ཀྐ་སཱི་རུ་བརྗོད། །ཅེས་བྱ་བ་ལ་སོགས་པ་དང༌། འདི་རྣམས་རང་བཞིན་སྐྱེ་བ་མེད། །ཅེས་བྱ་བ་ལ་སོགས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །རྫོགས་པའི་རིམ་པ་ཉིད་གསུངས་པ་ལུས་གནས་ཞེས་བྱ་བ་ལ་སོགས་པ་ལ། ལུས་ནི་རྣམ་པར་དག་པའི་ཕུང་པོ་ལ་སོགས་པའི་ཚོགས་སུ་གྱུར་པའི་གཟུགས་སོ། །འདིར་ལུས་ལ་མ་བརྟེན་ན་ནི་དེ་བཞིན་དུ་དམིགས་པར་མི་འགྱུར་རོ། །ཇི་ལྟ་བུ་ཞེ་ན། གསུངས་པ། ཡེ་ཤེས་ཆེན་པོ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་མངོན་པར་ཞེན་པ་ལས་བྱུང་བའི་བག་ཆགས་ཙམ་དུ་གནས་པ་ཐམས་ཅད་ཀྱང་སྤང་བའོ། །དེའི་རང་བཞིན་གྱིས་རྣམ་པར་དག་པ་ལས། གང་ཕུང་པོ་ལ་སོགས་པའི་རྣམ་པར་དག་པར་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ནི་ཧེ་རུ་ཀའི་རྣམ་པ་ཉིད་དོ། །དེ་ལྟ་བས་ན་གསུངས་པ། ཁྱབ་པ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱབ་ཅིང་དེའི་བདག་ཉིད་དུ་བྱེད་པས་ན་ཁྱབ་པའོ། །དངོས་པོ་ཀུན་ཞེས་བྱ་བ་ནི་རྣམ་པར་དག་པའི་ཕུང་པོ་ལ་སོགས་པའོ། །དེ་ལ་སྦྱོར་བ་དགོད་པ་ནི་འདི་ཡིན་ཏེ། གང་ཞིག་རྣམ་པར་དག་པ་དེ་ནི་ཧེ་རུ་ཀའི་གཟུགས་ཡིན་ཏེ། ཇི་ལྟར་ཕྱག་བཅུ་དྲུག་པ་ལ་སོགས་པ་ལྟ་བུའོ། །ཕུང་པོ་ལ་སོགས་པ་འདི་རྣམས་ཀྱང་རྣམ་པར་དག་


DTG002_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

༄༅།།པ་ཡིན་པས་སོ། །གང་གི་ཕྱིར་ལྷའི་རྣལ་འབྱོར་པ་གང་ཞིག་ཇི་སྲིད་དུ་རྣམ་པར་དག་པ་དེ་སྲིད་དུ་དེའང་དེའི་བདག་ཉིད་དུ་སྒྲུབ་པར་བྱེད་དེ། ཧེ་རུ་ཀའི་རྣལ་འབྱོར་པས་ཀྱང་ཇི་སྲིད་རྣམ་པར་དག་པ་དེ་སྲིད་དུ་མངོན་པར་འདོད་པའོ། །གང་ལྷ་རྣམས་སུ་ལྷག་པར་མོས་པ་ཉིད་ཇི་ལྟར་དེ་ཉིད་དུ་ལྷག་པར་མོས་པ་སྟེ། དེ་ཡང་ལུས་གནས་ཞེས་པ་ལ་སོགས་པ་རྣམས་ཏེ། དེ་ལྟར་ཧེ་རུ་ཀ་ཞེས་བྱ་བ་བསྟན་པ་བཤད་པར་བྱ་བ་ནི། སྐྱེས་པ་ཉིད་ནི་སྐྱེ་བ་མེད། །ཅེས་བྱ་བའི་དོན་ཏོ། །མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་མངོན་ཞེན་མེད་པ་དང་བཅས་པ་གང་ཅུང་ཟད་ཐམས་ཅད་ནི་ཉེས་པ་ཡོད་པ་མ་ཡིན་ནོ། །ད་ནི་ལུས་ཉིད་ཧེ་རུ་ཀའི་སྐུ་སྒྱུ་མ་ལྟ་བུའི་ལུས་འཛིན་པ་ཤིན་ཏུ་འདྲི་བར་བྱ་བ་མ་ཡིན་པར་སྟོན་པས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་སེམས་ཙམ་མོ། །ལུས་ནི་ཕུང་པོ་ལ་སོགས་པ་སྟེ་རྡོ་རྗེ་ཡང་དེ་ཉིད་ཡིན་ལ། དེ་བཞིན་དུ་ལུས་ཀྱང་དེ་ཉིད་དོ། །དུ་ཞེས་པ་ནི་རྩ་རྣམས་དུ་ལགས་ཞེས་པའི་དོན་ཏོ། །རྩ་སུམ་ཅུ་རྩ་གཉིས་ཞེས་པའི་གྲངས་བསྟན་པས་ནི་དྲིས་པའི་ལན་ནོ། །བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་རྩ་སུམ་ཅུ་གཉིས་པོ་རྣམས་ལྷ་རྣམས་ཀྱི་རྣམ་པར་བསྒོམས་ནས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་རྒྱུ་བ་རྣམས་ལས་སྒྲུབ་པའི་ཐབས་སྒྲུབ་པ་པོས་བྱང་ཆུབ་ཀྱི་སེམས་རྒྱུ་བ་ཞེས་པའོ། །དེས་ན་ལས་སུ་བྱ་བའི་སྒོ་ནས་དྲིས་པའི་ལན་ནོ། །བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་ཆེན་པོ་ནི་ཟག་པ་མེད་པའི་བདེ་བ་ཆེན་པོ་གནས་པ་ལས་གཞན་དུ་མི་བསྒྲུབ་པའི་ཕྱིར་རོ། །གང་དུ་བདེ་བ་ཆེན་པོ་དེ་གནས་པ་ནི་ལུས་སོ། །དེ་ལ་རང་གི་གནས་ཇི་ལྟ་བ་ནས་འཛག་ཅིང་རྒྱུ་བས་རྒྱུན་གྱི་བྱ་བ་བྱེད་པ་ནི་རྩ་དེ་རྣམས་སོ་ཞེས་བྱ་བར་འབྲེལ་ཏོ། །དེ་ལྟ་བུའི་ཁྱད་པར་དུ་བྱ་བའི་སྒོས་ནི་དྲིས་པའི་ལན་ནོ། །རྩ་དེ་རྣམས་ཀྱི་ནང་ནས་གཙོ་མོ་ནི་དུ་ཞེ་ན་ཞེས་པ་ལ་གསུངས་པ་ནི་མིང་གསུམ་གྱིས་བསྟན་ཏོ། །དེ་ལ་རྐྱང་མ་ཞེས་བྱ་བ་ལ་སོགས་པས་ནི་གནས་ངེས་པར་བཤད་པ་གསུངས་པ། རྐྱང་མ་ཤེས་རབ་རང་བཞིན་ཞེས་བྱ་བ་ནི། གཡོན་ན་གནས་པ་ལགས་སོ། །རོ་མ་ཐབས་ཀྱིས་ཞེས་པ་ནི་གཡས་པ་ན་གནས་པའི་ཕྱིར་རོ། །དབུས་གནས་


DTG002_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་སྨིན་མའི་དབུས་ན་སྟེ། གསུངས་པ། དེ་དག་གི་ནི་མཐའ་གཡས་གཡོན་དག་དང༌། དབུས་ཀྱི་རྩ་གསུམ་པོ་དག་ནི་གཙོ་བོར་གནས་པ་ཞེས་སོ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་བྱ་བ་ནི་རྩ་གསུམ་པོ་དག་གིས་ཐུན་མོང་དང་ཁྱད་པར་གྱི་རང་རང་གི་ལས་བྱང་ཆུབ་ཀྱི་སེམས་རྒྱུ་བའི་དོན་དུ་གསུངས་པ། མི་བསྐྱོད་ཅེས་བྱ་བ་ལ་སོགས་པའོ། །ཡང་ན་སྤྱི་པོ་བདེ་བ་ཆེན་པོའི་གནས་ཏེ་བདེ་བ་ཆེན་པོ་རྟོགས་པའི་རྒྱུ་བྱང་ཆུབ་ཀྱི་སེམས་གནས་པའི་ཕྱིར་རོ། །དེར་གནས་ཤིང་འཛག་པ་ལས་རང་རང་གི་ལས་བྱེད་པའོ། །རྩ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱི་ནང་ནས་རྩ་གསུམ་ནི་གཙོ་བོའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཡང་ན་རྩ་རྣམས་དུ་ལགས་ཞེས་པའི་ངག་ནི་མཆོག་དང༌། རྩ་སུམ་ཅུ་རྩ་གཉིས་པོར་སྦྱོར་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པའི་ཚིག་ནི་རྩ་སུམ་ཅུ་རྩ་གཉིས་ཞེས་པའི་སྔར་གྱི་ཚིག་ཏུ་སྦྱར་རོ། །དེས་ན་དོན་ནི་འདི་ཡིན་ཏེ་རྡོ་རྗེ་སྙིང་པོས་རྩ་སུམ་ཅུ་རྩ་གཉིས་པོ་རྣམས་ལ་རྩ་རྣམས་ནི་དུ་ལགས་ཞེས་དྲིས་པའོ། །རྩ་སུམ་ཅུ་རྩ་གཉིས་ལ་སོགས་པ་གསུངས་པའི་རྗེས་ཀྱི་ཚིག་བྱང་ཆུབ་ཀྱི་སེམས་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱིས་དྲིས་པའི་ལན་དུ་བྱས་པའོ། །ཟླ་བ་འབབ་ཅེས་པ་ནི་བདེ་བའི་རྒྱུར་གྱུར་པ་ལས་སོ། །ཟླ་བ་ནི་ཨ་ལ་སོགས་པའི་ཡི་གེ་དང༌། དུས་ཀྱི་ཆའི་བདག་ཉིད་ཀྱིས་ནི། ཟླ་བ་དང་ཉི་མ་སྟེ་ཁམས་དག་ལས་སོ། ད་ནི་ཡང་རྩ་སུམ་ཅུ་རྩ་གཉིས་པོ་རྣམས་ཀྱི་མིང་རྒྱས་པར་བཤད་པས་དྲིས་པའི་ལན་དུ་བྱ་བ་ནི། མི་ཕྱེད་ཅེས་པ་ལ་སོགས་པའོ། །རྐྱང་མ་ལ་སོགས་པ་རྣམས་ནི་ཐོག་མ་ཉིད་དུ་གཙོ་བོར་རྙེད་པར་སྟོན་ཏེ། དབུས་སུ་གནས་པའི་བདག་མེད་མར་རྣམ་པར་དག་པ་དག་པའི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པ་ལས་སོ། །ཅི་བདུད་འདྲལ་མ་ནི་ཇི་ལྟ་བུ་ཞེ་ན། ཀ་ཏ་ཡ་ན་དང༌། བདུད་འདྲལ་མ་དག་མིང་ཙམ་དུ་ཐ་དད་པའོ། །དེ་རྣམས་ཞེས་བྱ་བ་ལ་སོགས་པས་ནི་རང་བཞིན་དྲིས་པ་ལ་གསུངས་པ་ནི། སྲིད་གསུམ་ཡོངས་གྱུར་ཞེས་བྱ་བ་ལ། ཡོངས་སུ་གྱུར་པ་ནི་ཡོངས་སུ་གྱུར་པ་སྟེ། ཡོངས་སུ་སྨིན་པ་ཅན་ནོ། །དེའི་རང་བཞིན་གྱིས་ན་རྩ་རྣམས་ཉིད་དུ་ཡོངས་སུ་གྱུར་པའོ། །དོན་ནི་འདི་ཡིན་ཏེ། སྐུ་ལ་སོགས་པའི་སྲིད་པ་གསུམ་


DTG002_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཡོངས་སུ་གྱུར་པ་ནི་ཡོངས་སུ་སྨིན་པར་གྱུར་པའོ། །སྲིད་གསུམ་རྩ་གསུམ་གྱི་རང་བཞིན་གྱིས་ན་ཡོངས་སུ་གྱུར་ཅེས་པའི་དོན་ཏོ། །དེ་ཡང་ཇི་ལྟར་ས་བོན་ལས་མྱུ་གུའི་གཟུགས་སུ་གྱུར་པ་ཅན་ནོ། །ཐམས་ཅད་ཅེས་བྱ་བ་ནི་རོ་མ་ལ་སོགས་པ་ཡོངས་སུ་གཟུང་བའི་དོན་ཏོ། །གཟུང་དང་འཛིན་པ་ཞེས་པ་ནི་གཟུང་བ་དང་འཛིན་པས་ཉེ་བར་མཚོན་པ་སྟེ། རྟག་པ་དང་མི་རྟག་པ་ལ་སོགས་པ་ཀུན་ཉེ་བར་གཟུང་བའོ། །འོ་ན་གང་གི་ཚེ་གཟུང་བ་དང་འཛིན་པ་སྤངས་པ་ལས་གང་གི་ཕྱིར་སངས་རྒྱས་ལ་སོགས་པས་དོན་གྱི་བྱ་བ་ཇི་ལྟར་བྱེད་ཅེ་ན། གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་ལ་ཉེ་བར་སྦྱོར་བ་མཛད་པའི་ཐུགས་རྗེ་ཆེན་པོའི་ཐབས་ནི་ཐམས་ཅད་དོ། །དེས་ན་དངོས་པོ་ནི་དོན་རྣམས་སོ། །དེ་ཉིད་ཀྱིས་ན་མཚན་ཉིད་དོ། །བརྟགས་ཞེས་པ་ནི་བྱིས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པ་དེ་ཉིད་དུ་བརྟགས་པ་སྟེ། དེས་ན་བརྟགས་ཞེས་པ་ནི་གཟུང་བ་དང་འཛིན་པའི་རྣམ་པའོ་ཞེས་པའི་ཐ་ཚིག་གོ །དེས་ནི་འདི་སྐད་བསྟན་པར་འགྱུར་ཏེ། ཇི་ལྟར་བདེན་པ་མ་ཡིན་པའི་དོན་ནི་སྒྱུ་མ་ལྟ་བུ་སྟེ། དོན་གྱི་རྣམ་པ་ནི་ཡེ་ཤེས་ལས་བྱས་པའོ། །དེ་བཞིན་དུ་རྩའི་རྣམ་པ་ཡང་སྟེ་འཛིན་པ་ལ་སོགས་པས་སྦྱོར་བའི་བརྟགས་པ་རྣམ་པར་དག་པའི་རྣམ་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དོན་གྱི་བྱ་བ་བྱེད་པ་ལ་འགལ་བ་མེད་པའོ། །དེ་རྣམས་ནི་གནས་སོ་སོའི་བྱེད་པས་བྱ་བ་ཡང་གཞན་ནོ་ཞེས་འདྲི་ན་དེའི་ལན་དུ་གཞན་མ་ཡིན་ནོ་ཞེས་ང་སྨྲའོ། །གནས་དང༌། ལས་དང༌། ཉེ་བར་བསྟན་པ་བརྗོད་པ་ནི་དེ་ལ་མི་ཕྱེད་མ་ནི་མཚོག་མར་གནས་ཏེ་སོ་དང་སེན་མོ་འབབ་པའོ། །ཕྲ་གཟུགས་མ་ནི་སྤྱི་གཙུག་ཏུ་གནས་ནས་སྐྲ་དང་བ་སྤུ་འབབ་པའོ། །བཟང་མོ་ནི་རྣ་བ་གཡས་པར་གནས་ཏེ་པགས་པ་དང་དྲི་མ་འབབ་པའོ། །གཡོན་པ་མ་ནི་རྒྱབ་ཀྱི་སྒལ་ཚིགས་སུ་གནས་ཏེ་ཤ་འབབ་པའོ། །མི་ཐུང་མ་ནི་རྣ་བ་གཡོན་པར་གནས་ཏེ་རྒྱུས་པ་འབྱུང་བའོ། །རུས་སྦལ་སྐྱེས་མ་ནི་སྨིན་མའི་དབུས་སུ་གནས་ཏེ་རུས་པ་འབྱུང་བའོ། །སྒོམ་པ་མོ་ནི་མིག་དག་ལ་གནས་ཏེ་མཁལ་མ་འབྱུང་བའོ། །དབང་བསྐུར་མ་ནི་དཔུང་པའི་རྩ་བར་གནས་ཏེ་སྙིང་འབྱུང་བའོ། །སྐྱོན་མ་ནི་བྲང་དུ་གནས་ཏེ་མིག་དག་འབྱུང་བའོ། །


DTG002_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་མ་ནི་ནུ་མ་དག་ལ་གནས་ཏེ་མཁྲིས་པ་འབྱུང་བའོ། །མ་མོ་ནི་ལྟེ་བ་ལ་གནས་ཏེ་གློ་བ་འབྱུང་བའོ། །མཚན་མོ་ནི་སྣའི་རྩེ་མོ་ལ་གནས་ཏེ་རྒྱུ་མའི་ཕྲེང་བ་འབྱུང་བའོ། །བསིལ་སྦྱིན་མ་ནི་ཁ་ལ་གནས་ཏེ་ངོས་ཀྱི་ཆུ་རྒྱུས་འབྱུང་བའོ། །ཚ་བ་མོ་ནི་སྐེ་ལ་གནས་ཏེ་ལྟོ་བ་འབྱུང་བའོ། །གཞོལ་མ་ནི་སྙིང་ལ་གནས་ཏེ་བཤད་པ་འབྱུང་བའོ། །རངས་མ་ནི་མཚོག་མ་ན་གནས་ཏེ་མཚན་མའི་བར་གྱི་སྦུབས་འབྱུང་བའོ། །ཤིན་ཏུ་གཟུགས་ཅན་མ་ནི་ཆུ་སོར་གནས་ཏེ་བད་ཀན་འབྱུང་བའོ། །སྤྱི་མ་ནི་བཤང་ལམ་དུ་གནས་ཏེ་རྣག་འབྱུང་བའོ། །རྒྱུ་སྦྱིན་མ་ནི་བརླ་ལ་གནས་ཏེ་ཁྲག་འབྱུང་བའོ། །སྦྱོར་བྲལ་མ་ནི་རྗེ་ངར་ལ་གནས་ཏེ་རྡུལ་འབྱུང་བའོ། །སྡུ་གུ་མ་ནི་སེན་མོ་རྣམས་ལ་གནས་ཏེ་ཚིལ་འབྱུང་བའོ། །གྲུབ་མ་ནི་རྐང་པའི་བོལ་དུ་གནས་ཏེ་མཆི་མ་འབྱུང་བའོ། །འཚེད་མ་ནི་མཐེ་བོང་ལ་གནས་ཏེ་ལུང་པ་འབྱུང་བའོ། །ཡིད་བཟངས་མ་ནི་པུས་མོ་དག་ལ་གནས་ཏེ་སྣབས་འབྱུང་བའོ་ཞེས་བྱ་བ་དེ་དག་ནི་རྩ་ཉི་ཤུ་རྩ་བཞིའོ། །གསུམ་འཇུག་མ་དང༌། འདོད་མ་དང༌། ཁྱིམ་མ་དང༌། གཏུམ་མོ་དང༌། བདུད་འཇོམས་མ་ཞེས་པ་ནི་སྙིང་གི་པདྨར་གནས་ཏེ་བདུད་རྩི་རྣམ་པ་ལྔ་འབྱུང་བའོ། །དེ་ལྟ་བུའི་རྩ་ལྔ་པོ་དག་ནི་སཾ་པུ་ཊིའི་རྒྱུད་ཀྱི་དོན་ཙམ་བླངས་ཏེ། ལས་དང་ཉེ་བར་བསྟན་པ་བྱས་པ་ཡིན་ནོ། །གང་འདི་ལྟར་ཕུང་པོ་ལ་སོགས་པ་ལ་བརྟེན་ཅིང་རྒྱུ་དང་བཅས་པ་ཇི་ལྟར་ཤེས་ཞེས་པ་རྡོ་རྗེ་སྙིང་པོའི་དྲི་བ་འདིར་བླངས་པའོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་གསུངས་པ། སྡོམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་གི་ཡི་གེ་ནི་བསྐྱར་ཏེ་དྲི་བའོ། །དེའི་དོན་ནི་འདི་ཡིན་ཏེ་སྡོམ་པའི་དབྱེ་བ་རྗེས་སུ་འདྲི་བ་ཀྱེ་རྡོ་རྗེ་སྙིང་པོ་ཁྱོད་འདྲི་བ་ཞེས་པ་ཅི་ཞེ་ན། བཤད་པར་བྱ་ཞེས་པ་སྟེ། ཟག་པ་དང་བཅས་པ་ལས་ཡིད་ཀུན་ནས་དཀྲིས་པ་ཡང་དག་པར་སོང་བས་ན་སྡོམ་པ་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པའོ། །དེའི་དབྱེ་བ་ནི་ཐབས་ཏེ། དབྱེ་བ་དང༌། གསལ་བར་བྱེད་པ་དང༌། རྟོགས་པའི་ཡུལ་དུ་བྱེད་པ་འདིས་ན་རྟོགས་པར་སྟོན་པ་ཞེས་པ་སྟེ། དེ་དག་གི་རྒྱུན་དང་ལྡན་པའི་རང་བཞིན་དུ་སྟོན་ཞེས་པའི་དོན་ཏོ། །དེ་ཉིད་གསུངས་པ། ཨཱ་ལི་དང་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་ནི་མཐའི་


DTG002_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་མ་ཡིན་པ་སྟེ། ཨཱ་ལི་ཞེས་པ་ནི་ཤེས་རབ་པོ། །ཀཱ་ལི་ཞེས་པ་ནི་ཐབས་སོ། །ཐུགས་ནི་ཆོས་ཀྱི་སྐུའི་བདག་ཉིད་དོ། །གསུང་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །སྐུ་ནི་སྤྲུལ་པའི་སྐུའི་ངོ་བོའི་ཞེས་པ་གོ་རིམས་བཟློག་ནས་སྦྱར་བར་བྱའོ། །ཨེ་ཝཾ་ལ་སོགས་པ་བསྟན་པའི་བཤད་པ་གསུངས་པ། ཨེ་ཞེས་བྱ་བ་ལ་སོགས་པ་ལ། སྤྱན་ཞེས་བྱ་བ་ནི་སའི་ཁམས་སོ། །མཱ་མ་ཀཱི་ནི་ཆུའི་ཁམས་སོ། །གོས་དཀར་མོ་ནི་མེའི་ཁམས་སོ། །སྒྲོལ་མ་ཞེས་པ་ནི་རླུང་གི་ཁམས་སོ། །སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་མ་དྲུག་ཅུ་རྩ་བཞི་དང༌། དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བརྒྱད་པ་ནི་འདབ་མ་བརྒྱད་པའོ། །ལོངས་སྤྱོད་ཀྱི་འཁོར་ལོ་བཅུ་དྲུག་ཅེས་པ་ནི་པདྨ་འདབ་མ་བཅུ་དྲུག་ཅེས་པའོ། །བདེ་བ་ཆེན་པོའི་འཁོར་ལོ་སུམ་ཅུ་རྩ་གཉིས་ཀྱང་པདྨ་ཞེས་པ་སྟེ་པདྨའི་འདབ་མ་རྣམས་ནི་འོག་ནས་འོག་ཏུ་བསྐོར་བར་བྱའོ། །འཁོར་ལོའི་གྲངས་ཉིད་ཀྱིས་རྣམ་པར་གཞག་པ་ཞེས་བྱ་བ་ནི་འཁོར་ལོ་བཞི་པོ་རྣམས་སུ་རྣམ་པར་གཞག་པའོ། །སྐུ་གསུམ་པོ་རྣམས་ནི་སྤྲུལ་པའི་འཁོར་ལོ་ལ་སོགས་པ་དེ་ཉིད་དུའོ། །བདེ་བ་ཆེན་པོའི་སྐུ་ཡང་བདེ་བ་ཆེན་པོའི་འཁོར་ལོ་དེ་ཉིད་དུ་རྣམ་པར་གཞག་པར་བྱའོ། །དེ་མ་ཡིན་ན་ངོ་བོ་ཉིད་ཀྱི་སྐུ་ཉིད་ཀྱིས་མ་ཡིན་པར་འགྱུར་རོ། །གང་གི་ཕྱིར་གསུངས་པ། སྐྱེ་གནས་སྙིང་མགྲིན་མགོ་བོར་ཡང༌། །སྐུ་གསུམ་ལ་ནི་རྣམ་པར་གནས། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །བདེ་བ་ཆེན་པོའི་འཁོར་ལོར་བརྗོད། །ཅེས་པའོ། །མཚན་ཉིད་དང་བྲལ་བ་ཞེས་པ་ནི་འདིའི་མཚན་ཉིད་དང་མི་འདྲ་བ་ཞེས་པ་སྟེ། དེ་བཞིན་དུའོ། །འཕགས་པའི་བདེན་པ་བཞི་ཞེས་པ་ལ། འཕགས་པ་ནི་རིང་དུ་སོང་བ་སྟེ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་སོང་བ་ཞེས་པ་ནི་ཉན་ཐོས་སོ། །དེ་རྣམས་ཀྱི་བདེན་པ་ནི་དོན་དམ་པའོ། །སྔགས་ཀྱི་ཐེག་པ་ཆེན་པོར་ནི་ཐེག་པ་ཐམས་ཅད་བསྡུས་པའི་ཕྱིར། དེ་རྣམས་ཀྱི་ལུས་ཀྱི་ནང་དུ་ཆུད་པ་ལས་སོ། །འཕགས་པའི་བདེན་པ་རྣམ་པ་བཞིར་གསུངས་པ་བརྗོད་པར་བྱ་སྟེ། རུས་པ་བདེན་པ་བཞི་པོ་ཉིད། །ཅེས་པའོ། །སྡུག་བསྔལ་ནི་སྐྱེ་བ་དང༌། རྒ་བ་དང༌། འཆི་བ་དང༌། བརྩེ་བ་དང་བྲལ་བ་དང༌། མི་སྡུག་པ་


DTG002_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྲད་པའི་མཚན་ཉིད་ཅན་གྱི་སྡུག་བསྔལ་བ་རྣམ་པ་ལྔའོ། །ཀུན་འབྱུང་ཞེས་བྱ་བ་ནི་ཀུན་འབྱུང་བ་སྟེ། ཀུན་ནས་སྐྱེ་བར་གྱུར་པ་ལས་ཏེ་སྲེད་པའོ། །འགོག་པ་ནི་མྱ་ངན་ལས་འདས་པ་སྟེ། དེ་ཡང་སྡུག་བསྔལ་གྱི་ཡིན་པ་དང༌། དེ་ཡང་ཀུན་འབྱུང་གི་ཡིན་པའོ། །ལམ་ཞེས་པ་ནི་འགོག་པའི་དོན་དུ་སྟེ། དེ་ཡང་ཡང་དག་པའི་ངག་དང༌། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །བདག་གི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང༌། དགའ་བ་དང༌། མཆོག་ཏུ་དགའ་བ་དང༌། དགའ་འབྲལ་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་དང༌། གནས་བརྟེན་པ་དང༌། ཐམས་ཅད་ཡོད་པ་དང༌། མང་པོས་བཀུར་བ་དང༌། དགེ་འདུན་ཕལ་ཆེན་དང༌། ཟླ་བ་དང༌། ཉི་མ་དང༌། ཨཱ་ལི་དང༌། ཀཱ་ལི་དང༌། འཕོ་བ་བཅུ་དྲུག་དང༌། དབྱུ་གུ་དྲུག་ཅུ་རྩ་བཞི་དང༌། ཆུ་ཚོད་སུམ་ཅུ་རྩ་གཉིས་དང༌། ཐུན་ཚོད་བཞི་པོ་སྟེ་ཀུན་མཐའི་དབྱེ་བ་མ་ཡིན་པའོ། །འདིར་དང་གི་སྒྲ་ནི་ལྷན་ཅིག་སྐྱེས་པའམ། གཞན་རྣམས་ལ་བསྟན་ཏོ། །ཟླ་བ་དང་ཉི་མ་ཞེས་པ་ནི་རིམ་པ་ཇི་ལྟར་གཡོན་དང་གཡས་ཀྱི་སྣ་བུག་གཉིས་སོ། །ཟླ་བ་དང་ཉི་མ་ཞེས་པ་ནི་ཞག་གཅིག་གི་ཐུན་ཕྱེད་ལས་འཕོ་བ་བཅུ་དྲུག་གི་རླུང་ངོ༌། །ཞག་གཅིག་གིས་དབྱུ་གུ་དྲུག་ཅུ་རྩ་བཞི་ནི་ཆུ་ཚོད་ཀྱི་ཕྱེད་ཆའོ། །ཆུ་ཚོད་ནི་དབྱུ་གུ་གཉིས་ཞེས་པའི་དོན་ཏོ། །ཞག་གཅིག་གི་ཆུ་ཚོད་ནི་སུམ་ཅུ་རྩ་གཉིས་སོ། །ཐུན་གཅིག་ནི་ཆུ་ཚོད་བཞི་པོ་རྣམས་ཀྱིས་སོ། །དཔྱིད་ཟླ་འབྲིང་པོའི་ཉིན་མཚན་མཉམ་པའི་ཚེ་ནི་ཐུན་བཞི་ལ་དབྱུ་གུ་མཉམ་པའོ། །དབྱུ་གུ་གཅིག་ལ་དབྱུ་གུ་དྲུག་ཅུས་ལྷག་པའི་སུམ་བརྒྱའོ། །དེ་ལྟ་བུའི་དབྱུ་གུ་གཉིས་ཀྱིས་ནི་ཆུ་ཚོད་དོ། །ཆུ་ཚོད་བཞི་ཡིས་ནི་ཐུན་གཅིག་གོ །གཞན་དག་ནི་ཉིན་མཚན་སོང་བའི་ཞག་ལ་ནི་འགྲིབ་པ་དང་འཕེལ་བར་འགྱུར་ཏེ། ཇི་ལྟར་དགུན་ཟླ་འབྲིང་པོའི་ཟླ་བའི་མཚན་མོ་ལ་དབུགས་སུམ་ཅུ་རྩ་དྲུག་གི་དབྱུ་གུ་ཡིན་ལ། ཉིན་མོའི་དབུགས་ཉི་ཤུ་རྩ་བཞིའོ། །དགུན་ཟླ་ཐ་ཆུངས་ཀྱི་མཚན་མོ་ལ་དབྱུ་གུ་ཉི་ཤུ་རྩ་བཞི་


DTG002_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཉིན་མོའི་སུམ་ཅུ་རྩ་དྲུག་གོ །དཔྱིད་ཟླ་ར་བའི་མཚན་མོ་ལ་དབྱུ་གུ་སུམ་ཅུ་རྩ་གཉིས་ཡིན་ལ། ཉིན་མོ་ལ་ནི་ཉི་ཤུ་རྩ་བརྒྱད་དོ། །དཔྱིད་ཟླ་ཐ་ཆུངས་ཀྱི་མཚན་མོ་ལ་དབྱུ་གུ་ཉི་ཤུ་རྩ་བརྒྱད་ཡིན་ལ། ཉིན་མོ་ལ་ནི་སུམ་ཅུ་རྩ་གཉིས་སོ། །དབྱར་ཟླ་ར་བའི་མཚན་མོ་ལ་དབྱུ་གུ་ཉི་ཤུ་རྩ་དྲུག་ཡིན་ལ། ཉིན་མོ་ལ་ནི་ཉི་ཤུ་རྩ་བཞིའོ། །དབྱར་ཟླ་འབྲིང་པོའི་མཚན་མོ་ལ་ནི་དབྱུ་གུ་ཉི་ཤུ་རྩ་བཞི་ཡིན་ལ། ཉིན་མོ་ལ་ནི་སུམ་ཅུ་རྩ་དྲུག་གོ །དབྱར་ཟླ་ཐ་ཆུངས་ཀྱི་མཚན་མོ་ལ་དབྱུ་གུ་སུམ་ཅུ་རྩ་དྲུག་ཡིན་ལ། ཉིན་མོ་ལ་ནི་སུམ་ཅུ་རྩ་བཞིའོ། །སྟོན་ཟླ་ར་བའི་མཚན་མོ་ལ་ནི་དབྱུ་གུ་ཉི་ཤུ་རྩ་བརྒྱད་ཡིན་ལ། ཉིན་མོ་ལ་ནི་སུམ་ཅུ་རྩ་གཉིས་སོ། །སྟོན་ཟླ་འབྲིང་པོ་ལ་ཉིན་མཚན་མཉམ་པས་ན་གོང་གི་དཔྱིད་ཟླ་འབྲིང་པོ་དང་འདྲ་བ་མི་འཐད་གསུང༌། སྟོན་ཟླ་ཐ་ཆུངས་ཀྱི་མཚན་མོ་ལ་ནི་ཉི་ཤུ་རྩ་བརྒྱད་ཡིན་ལ། ཉིན་མོ་ལ་ནི་སུམ་ཅུ་རྩ་གཉིས་སོ། །དགུན་ཟླ་ར་བའི་མཚན་མོ་ལ་ནི་སུམ་ཅུ་རྩ་དྲུག་ཡིན་ལ། ཉིན་མོ་ལ་ཉི་ཤུ་རྩ་དྲུག་ཏུ་འགྱུར་རོ་ཞེས་པ་དེ་ལྟ་བུའི་འཕོ་བ་བཅུ་དྲུག་གི་འཕེལ་བ་ལ་སོགས་པ་ནི་རླུང་གི་ཆོས་སོ། །རླུང་ལས་འབྱུང་བ་དང་འབྱུང་བའི་བདག་ཉིད་ཅན་གྱི་ལུས་ཡིན་པ་དེས་ན་འཕོ་བ་ལ་སོགས་པ་བརྗོད་པ་ཡིན་ནོ། །ཡང་ན་ལུས་ཀྱི་གནས་སྐབས་སུ་བརྗོད་པའི་དོན་དུ་འཕོ་བ་འཕེལ་བ་ལ་སོགས་པ་བརྗོད་པའོ། །དེ་ལྟར་ཐམས་ཅད་བཞི་པའོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་རྣམ་པ་བཞིའི་དབང་དུ་བྱས་ཏེ། བསྙེན་པ་དང༌། སྒྲུབ་པ་དང༌། ཉེ་བར་སྒྲུབ་པ་དང༌། སྒྲུབ་པ་ཆེན་པོ་ལ་སོགས་པ་དང༌། རྒྱུ་མཐུན་པ་ལ་སོགས་པར་བརྗོད་དོ་ཞེས་པར་ཡང་བསྟན་ཏོ། །གཏུམ་མོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ནི། སྤྲུལ་པའི་འཁོར་ལོ་ལ་སོགས་པའི་འཆད་པར་འགྱུར་བ་བསྟན་པར་བྱ་སྟེ། །དེ་རྣམས་ཀྱི་དོན་ནི་དེ་དག་ཉིད་དུ་སྐབས་སུ་བབ་པའི་ཕྱིར་རོ། །རྡོ་རྗེ་ནི་ལྷན་ཅིག་སྐྱེས་པའོ། །དེའི་རིགས་དང་གྲང་བྱ་འདིས་ནི་རྡོ་རྗེའི་རིགས་ཏེ་ལུས་སོ། །དེ་དག་གཙོ་བོར་སྟོན་པ་གཞུང་གི་ཚོགས་ལ་ཡང་ལེའུ་ཞེས་བྱ་སྟེ། དེ་ཡང་དང་པོ་སྟེ་གཉིས་པ་མ་ཡིན་པའོ། །དེ་དག་ནི་དཔལ་དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ་ལས་ལེའུ་དང་པོའོ།། །།

གཉིས་པ། སྔགས་ཀྱི་ལེའུ།


DTG002_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ལེའུ་དང་པོར་མཐུ་དང་ཆོག་


DTG002_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཞེས་མདོར་བསྟན་ནས། རྒྱས་པར་བཤད་པ་ནི་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ལེའུ་གསུངས་པ། སྔགས་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ནི་དེ་ཁོ་ན་ཉིད་བསྐུལ་བའི་ཚིག་ཡིན་ལ་སྔགས་མངོན་པར་བརྗོད་པ་ནི་ལེའུ་སྟེ། དེའི་རྣམ་པར་དབྱེ་བ་བདག་གིས་བསྟན་པར་བྱའོ། །དེའི་ཡང་ལྷ་རྣམས་བསྒོམ་པ་དང༌། མཆོད་པ་དང༌། རབ་ཏུ་གནས་པ་དང༌། སྦྱིན་སྲེག་དང༌། དཀྱིལ་འཁོར་ལ་སོགས་པ་ལས་ཀྱི་ཚིགས་རྣམས་ཀྱི་སྔོན་དུ་འགྲོ་བ་ཅན་ནི་གཏོར་མ་སྦྱིན་པའོ་ཞེས་པ་ནས་དང་པོར་གཏོར་མའི་སྔགས་བརྗོད་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ཞེས་པ་ནི་ཁས་ལེན་པའོ། །ཨ་ཧཾ་གི་ཡི་གེར་བྱས་པ་ལས་ཧཾ་ཡིག་ཕྱིས་ནས་ཨ་ཡིག་ཏུ་གྱུར་པ་ནི་སེམས་ཨ་ཧཾ་ཀ་ར་སྟེ། བདག་ཏུ་འཛིན་པའི་གནས་སུ་གྱུར་པའོ། །ཨ་ཧཾ་ཀ་ར་བདག་འཛིན་ལ་བརྟེན་པས་ན་ཉོན་མོངས་པ་ལ་སོགས་པའི་གཞིར་གྱུར་པའོ། །དེས་ན་ཉོན་མོངས་པ་རྣམས་ཀྱི་རབ་ཏུ་སྐྱེ་བ་ནི་ཨ་ཧཾ་བདག་ཉིད་ལས་སོ། །ཨ་ཀཱ་རོ་མུ་ཁཾ་ཞེས་པ་ནི་གཙོ་བོར་བྱེད་པའོ། །གང་དག་གི་ཞེ་ན། གསུངས་པ། ས་རྦྦ་དྷ་རྨཱ་ཎཱཾ་ཞེས་པ་སྟེ། ཕུང་པོ་ལ་སོགས་པ་རྣམས་ཀྱིའོ། །སེམས་ཉིད་ང་རྒྱལ་བ་དེ་དག་ལས་ཉོན་མོངས་པའོ། །དེ་རྣམས་ལས་ཕུང་པོ་ལ་སོགས་པའི་རྟོག་པའོ་ཞེས་སྙམ་དུ་དགོངས་སོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། གསུངས་པ། ཨཱ་དྱ་ཞེས་བྱ་བ་ལ་སོགས་པ་སྟེ་ཐོག་མ་ཉིད་ནས་ཐམས་ཅད་མ་སྐྱེས་པའོ། །འདི་ཡང་མ་ཡིན་པར་དགག་པའི་མ་སྐྱེས་པ་སྟེ། སྐྱེས་བཞིན་དུ་མ་སྐྱེས་པས་ན་ཨའོ། །སྐྱེས་པ་ཉིད་དེ་ལྟར་རབ་ཏུ་རྟོགས་ཞེས་པར་དགོངས་སོ། །དེས་ན་རྒྱུ་དང་འབྲས་བུ་དང་བཅས་པའི་དངོས་པོ་ལ་སོགས་པ་ནི་ཚད་མས་རབ་ཏུ་གནོད་པས་བསལ་བར་སྣང་བ་ཙམ་ལ་ཨཱ་དྱ་ནུ་ཏྤ་ནྣ་ཏྭཱ་ཏ་ཅེས་སོ། །དེ་ཡང་རྒྱུ་ཅི་ཞེ་ན། ཨཱ་དྱ་ནུ་ཏྤ་ནྣ་ཏྭཱ་ཏ་ཅེས་པ་ཐོག་མ་ནས་མ་སྐྱེས་པའི་ཚུལ་གྱི་ས་རྦ་དྷ་རྨཱ་ཎཱཾ་སྟེ། ཆོས་ཀུན་ཨ་ཡི་སྒོ་ཅན་ནོ། །ཞེས་ཤེས་པར་བྱའོ། །དེའི་རང་བཞིན་ཡང་ཇི་ལྟ་བུ་ཞེ་ན། གསུངས་པ། ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཨོཾ་ཡིག་ནི་སྐུའི་བདག་ཉིད་ཅན་གྱི་སྤྲུལ་པའི་སྐུའོ། །ཨཱཿ་ཡིག་ནི་གསུང་གི་བདག་ཉིད་ཅན་གྱི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཧཱུཾ་ཡིག་ནི་ཐུགས་


DTG002_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུའོ། །ཡང་གཞན་དག་གི་རང་བཞིན་ཇི་ལྟ་བུ་ཞེ་ན། ཕཊ་སྭཱ་ཧཱ་ཞེས་པ་ལ་ཕཊ་ཤེས་རབ་བོ། །སྭཱ་ཧཱ་ནི་སྙིང་རྗེའོ། །འབྱུང་པོ་ནི་སེམས་ཅན་རྣམས་སོ། །དེའི་སྔགས་ནི་གཏོར་མ་གཏོང་བ་པོས་གཏོར་མ་གཤེགས་སུ་གསོལ་བའི་དུས་སུ་བལྟ་བར་བྱའོ། །ཡང་ན་བྱ་བ་བྱེད་པ་ནི་ལས་སོ། །དེ་ཡང་ཡོད་པ་མ་ཡིན་པར་བྱེད་པ་ཨའིའོ་ཞེས་པས་ནི་ཨ་ཀཱ་རོ་སྟེ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེས་ན་སྟོང་པ་ཉིད་དང་ཆད་པ་མ་ཡིན་པ་དེ་བཞིན་ཉིད་དང༌། བདེན་པ་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཡང་དག་པར་འབྱུང་བ་དང་། ཆོས་ཡང་དག་པར་གནས་པ་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་པ་ནི་མིང་གི་རྣམ་གྲངས་སོ། །དེས་ན་ནམ་མཁའི་རང་བཞིན་ལས་འགྱུར་བ་མེད་ཅིང་བྱ་བ་རྣམ་པར་སྤངས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ལྷ་རྣམས་ཇི་ལྟར་འབྱུང་བ་མདོར་བསྟན་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དབང་དུ་བྱས་པ་དེའི་ཚེ་རྒྱས་པར་བཤད་པ་གསུངས་པ། །དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་ཞེས་པ་ལ་སོགས་པ་ལ་སྐྱེད་པར་བྱེད་པའི་ཡི་གེ་བྷྲཱུཾ་ཨཱཾ་ཛྲཱྀ་ཁཾ་ཧཱུཾ་ཞེས་པ་རིམ་པ་ཇི་ལྟ་བར་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པའི་ས་བོན་རྣམས་སོ། །སྔར་གྱི་གཏོར་མའི་རྗེས་ལ་འདི་བསྟན་པ་སྟེ། བི་ར་ཤུ་མ་མུ་ཞེས་པའི་ཡི་གེ་རྣམ་པ་ལྔས་རིམ་པ་ཇི་ལྟར་བདུད་རྩི་རྣམ་པ་ལྔའི་གཟུགས་ཀྱིས་གཏོར་མ་ཉིད་བཟའ་བ་ལ་སོགས་པ་རྫོགས་ཤིང་སྨིན་པའི་དོན་ཇི་ལྟ་བ་གསུངས་པ་ནི་རྫོགས་པར་བྱེད་པའི་ས་བོན་ཡི་གེ་གསུམ་ཞེས་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། དེ་བ་ཞེས་པ་ནི་སྤྲུལ་པ་སྣ་ཚོགས་པས་རོལ་ཞིང་སེམས་ཅན་གྱི་དོན་སོ་སོར་ལུགས་བཞིན་དུ་ཞེས་པ་སྟེ། སྙིང་རྗེའི་ཆའོ། །པི་ཙུ་ནི་རས་བལ་ལྟར་འཇམ་པ་ལས་སོ། །བཛྲ་ཞེས་པ་ནི་མི་ཕྱེད་པ་སྟེ་ཤེས་རབ་ཀྱི་ཆའོ། །སྔགས་འདི་ནི་ཕྱག་བཅུ་དྲུག་པའི་འཆད་པར་འགྱུར་བ་གང་ལས་སྔགས་བཏུས་པས་ནི་ཕྱག་བཅུ་དྲུག་པའི་སྙིང་པོ་ཡིན་ཞེས་པའོ། །སྔགས་ཐམས་ཅད་ལ་སོགས་པ་འདི་དག་ཀྱང་ཇི་ལྟར་འབྱུང་བ་བཞིན་དུ་བལྟ་བར་བྱ་སྟེ། ཡང་དག་པར་སྦྱོར་ཞིང་སྤེལ་བ་


DTG002_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིང་བ་མ་ཡིན་པར་གཞིབས་ནས་གཙོ་བོའི་སྔགས་དང་སྭཱ་ཧཱའི་ཡི་གེ་གཉིས་ཀྱི་བར་དུ་ཧཱུཾ་ཡིག་དང་ཕཊ་ཀྱི་ཡི་གེ་སྤེལ་བར་བྱ་བ་ནི་ཇི་ལྟར་ཤིང་གཉིས་ཀྱི་བར་དུ་ཤིང་གཞན་དག་གིས་སྤེལ་བ་བཞིན་ནོ། །མཐུ་དང་ཞེས་བྱ་བ་ལ་སོགས་པ་རྣམས་གྲོང་ཁྱེར་དཀྲུགས་པ་ལ་སོགས་པས་བསྟན་པ་དེ་བཤད་པ་ནི། ཨ་ཀ་ཙ་ཊ་ཞེས་བྱ་བ་ལ་སོགས་པ་སྟེ། གྲོང་རེ་རེ་ནས་འཁྲུགས་པ་ནི་ཀུན་ནས་གཡོ་བའོ། །རང་བཞིན་གཞན་དུ་འགྱུར་བས་ན་གྲོང་ཁྱེར་འཁྲུགས་པའོ། །དེ་ཡང་དབང་དུ་གྱུར་པའི་ཁྱད་པར་རོ། །སྔགས་འདི་ནི་བྱམས་པ་ལ་དམིགས་པའི་རྣལ་འབྱོར་པ་གང་ཞིག་གིས་བཟླ་བར་བྱའོ། །རྣལ་འབྱོར་མ་རྣམས་ཞེས་བྱ་བ་ལ་སོགས་པས་ནི། རྣལ་འབྱོར་མ་རྣམས་བསྐྱེད་པའི་རྒྱུ། །ཞེས་བསྟན་པའི་བཤད་པ་སྟེ། ཨ་ལ་སོགས་པ་སོ་སོར་འདི་རྣམས་ཀྱི་མགོ་བོར་ཟླ་ཕྱེད་ཐིག་ལེ་སྦྱིན་པར་བྱའོ། དེ་ཡང་སྔགས་སུ་བཟླ་བ་ནི་ས་བོན་རེ་རེ་རྣམས་སམ། །བསྡུས་ཏེ་བཟླ་བར་བྱའོ། །སྐུ་ལ་སོགས་པ་ཞེས་པ་ནི། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་འབའ་ཞིག་མ་ཡིན་གྱི་བཟའ་བ་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་ཡང་ངོ༌། །དེ་སྐད་དུ། དཔལ་གསང་བ་འདུས་པ་ལས། ས་བོན་ཡི་གེ་གསུམ་གྱིས་རྫོགས། །ཞེས་གསུངས་སོ། །ར་ཀྵ་ར་ཀྵ་ཞེས་པའི་ཀྵ་ཡིག་ནི་གཉིས་བརྡ་སྟེ། རེ་ཕའི་ནི་མ་ཡིན་ནོ། །རེངས་པར་བྱེད་པ་ཞེས་པས་ནི་རེངས་པ་མདོར་བསྟན་པའི་བཤད་པ་སྟེ། ཨོཾ་ཧཱུཾ་སྭཱ་ཧཱ་རེངས་པར་བྱེད་པའོ། །མཐུ་ལ་སོགས་པའི་དབང་དུ་བྱེད་པའི་བསྟན་པ་བཤད་པ་ནི། ཨོཾ་ཨཾ་སྭཱ་ཧཱ་ཆེ་གེ་མོ་དབང་དུ་གྱིས་ཤིག་ཅེས་པའོ། །སྐྲོད་པར་བྱེད་པ་འདིས་སྐྲོད་པ་མདོར་བསྟན་པ་བཤད་པ་སྟེ། ཨོཾ་ཁཾ་སྭཱ་ཧཱ་ཨུ་ཙ་ཏ་ཡ་ཞེས་པའོ། །མངོན་སྤྱོད་ཅེས་བྱ་བས་ནི། མངོན་སྤྱོད་མདོར་བསྟན་པའི་བཤད་པ་སྟེ། ཨོཾ་བུཾ་སྭཱ་ཧཱ་ཨ་བི་ཙ་ར་ཀ་ཞེས་པའོ། །དེ་ལས་གཞན་ཡང་མཐུ་ལ་སོགས་པ་མདོར་བསྟན་པ་བཤད་པར་བྱའོ། །དེ་ལ་དགུག་པ་བཤད་པ་འདི་ལྟར་བལྟ་བར་བྱ་སྟེ། ཨོཾ་ཧཱུཾ་སྭཱ་ཧཱ་ཆེ་གེ་མོ་ཨཱ་ཀ་ཪྵ་ཡ་ཞེས་པའོ། །དེ་ལ་སོགས་པ་སྦྱོར་བ་འདི་རྣམས་ཀྱི་ཁ་དོག་ལ་སོགས་པ་ནི་ཇི་ལྟར་རྟོགས་པ་བཞིན་དུ་བྱའོ། །ཨ་ཕུ་ཞེས་བྱ་བ་ལ་སོགས་པ་ནི་ཀླུས་བྱིན་གྱིས་བརླབས་པའི་རྫིང་བུའི་འཛིམ་པ་ནག་པོ་བླངས་ཏེ་


DTG002_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཕུ་ཞེས་པའི་སྔགས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་དེ་ལས་མཐའ་ཡས་ཀྱི་རྣམ་པར་བྱའོ། །དུར་ཁྲོད་ཀྱི་སོ་ཕག་ཅེས་པ་ནི་འཇིམ་པ་སྐམ་པོ་ཕྱེ་མར་བྱས་པའོ། །ཨ་རྫ་ཀ་ཞེས་པ་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པའི་པ་ན་སེའོ། །ཚངས་པའི་ས་བོན་ཞེས་པ་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པའི་པ་ལ་ཤའི་ས་བོན་ནོ། །དེ་ཡང་སྐར་མ་རྒྱལ་ལ་གཟུང་བ་ནི་དགུན་ཟླ་འབྲིང་པོར་སྐར་མ་རྒྱལ་གྱི་དུས་སུ་བསྒྲུབ་པར་བྱའོ། །དེ་རྣམས་གསུངས་པ། ཡང་དགུན་ཟླ་འབྲིང་པོའི་སྐར་མ་རྒྱལ་ཉི་མ་གཟས་ཟིན་པའི་དུས་སུ་ཚངས་པའི་ས་བོན་ལ་སོགས་པ་སྔར་བསྡུས་པ་དེས་སྟ་རེའི་གཟུགས་བྱའོ་ཞེས་པ་ལ་དག་ཟེར་རོ། །རྡོ་རྗེ་མ་ལ་སོགས་པ་ཞེས་པ་ནི་རྡོ་རྗེ་མ་ལ་སོགས་པ་གཞན་དག་རྣལ་འབྱོར་མ་རྣམས་ཀྱི་སྦྱོར་བས་རེངས་པ་ལ་སོགས་པ་བྱ་བའོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ་ལས་སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། །།

གསུམ་པ། ལྷའི་ལེའུ།


DTG002_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ལྷ་རྣམས་ཇི་ལྟར་འབྱུང་བའོ་ཞེས་པའི་གང་མདོར་བསྟན་པ་དེའི་བཤད་པ་ནི་ལྷའི་ལེའུ་གསུངས་པའོ། །ལྷ་ཞེས་བྱ་བ་ལ་སོགས་པ་ལ། ལྷ་ཞེས་པ་ནི་ཐུན་མོང་གི་ལྷ་དང་ཁྱད་པར་དུ་གྱུར་པའི་ལྷ་རྣམས་སོ། །དེ་དག་གཉིས་ཀ་བསྟན་པའི་ལེའུ་གང་ཡིན་པ་དེ་བསྟན་པར་བྱའོ། །དེ་ལ་རང་གི་སྙིང་གར་རེ་ཕ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་སྔོན་པོ་བལྟ་བར་བྱའོ། །དེ་ལྟ་བུ་དག་ནི་ཕྱིས་འཆད་པར་འགྱུར་ཏེ། རང་གི་སྙིང་གར་རེ་ཕ་བསྒོམ། །དེ་ལས་བྱུང་བ་ཉི་དཀྱིལ་འཁོར། །དེར་ནི་ཧཱུཾ་གི་རྣམ་པ་ཉིད། །ཐབས་དང་ཤེས་རབ་རང་བཞིན་ཅན། །ཞེས་པའོ། །དེ་ནས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་གསུམ་བསྒོམ་པར་བྱའོ། །དེ་ལྟར་གསུངས་པ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པའོ། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པ། །ཞེས་པའོ། །དེ་ནས་ས་བོན་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་རྡོ་རྗེ་འཆང་དང༌། དེ་དང་འདྲ་བའི་བླ་མ་རྗེ་བཙུན་དང༌། དཀྱིལ་འཁོར་གྱི་འཁོར་ལོ་དགུག་ཅིང་གསལ་བར་བལྟས་ཏེ། དེ་དག་གི་མདུན་དུ་གཟུགས་རྡོ་རྗེ་མ་ལ་སོགས་པ་


DTG002_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཡང་དག་པར་མཆོད་པ་དང༌། ཕྱག་བྱ་ཞིང་བཤགས་པ་ལ་སོགས་པ་ཡང་བྱའོ། །དེ་ལྟ་བུ་དག་ཀྱང་ཕྱིས་འཆད་པ་སྟེ། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །རྒྱན་རྣམས་ཐམས་ཅད་འཛིན་པ་ནི། །ཞེས་པ་དང༌། ཡང་ལྷ་དབང་བསྐུར་བའི་ལེའུ་ལས་ཀྱང༌། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་དེ་ཞེས་པ་དང༌། སྤྱོད་པའི་ལེའུ་ལས་ཀྱང༌། དངོས་གྲུབ་རྙེད་པའི་སློབ་མ་གང༌། །ཡང་དག་ཡེ་ཤེས་སྣང་བའོ། །མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། །ཞེས་པ་དེས་ན་སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། ཡོངས་སུ་བསྔོ་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བའི་རྗེས་ལ་བདག་ཉིད་དབུལ་བར་བྱའོ། །དེ་ཉིད་ཀྱང་འཆད་པར་འགྱུར་ཏེ། ལུས་ཀྱི་སྦྱིན་པ་བྱིན་ནས་སུ། །ཞེས་པའོ། །དེ་ནས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་སྟེ། བདག་ཉིད་དཔལ་ཧེ་རུ་ཀར་གྱུར་ནས་འགྲོ་བ་མ་ལུས་པ་རྣམས་ཀྱང་དཔལ་ཧེ་རུ་ཀར་བྱའོ་ཞེས་པའོ། །དེ་ཉིད་ཀྱང་འཆད་པར་འགྱུར་ཏེ། འཁོར་བའི་རྣམ་པ་ཧེ་རུ་ཀ །འགྲོ་བ་སྒྲོལ་བའི་གཙོ་བོ་ཉིད། །ཅེས་པའོ། །དེས་ན་བདག་གིས་འགྲོ་བ་བསྒྲལ་བར་བྱའོ་ཞེས་པ་དང༌། དེ་བཞིན་དུ་བདག་གིས་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལམ་ལ་གནས་པར་བྱའོ་ཞེས་ལམ་ལ་བརྟེན་པར་བྱའོ། །དེ་ལྟ་བུ་ཡང་འཆད་པར་འགྱུར་ཏེ། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཀྱེ་ཡི་རྡོ་རྗེའི་ཐབས་རྙེད་ནས། །གང་ཞིག་ཡུལ་རྣམས་རྣམ་སྦྱང་བ། །གང་ཕྱིར་བླ་མེད་དེ་ནི་རྙེད། །ཅེས་པའོ། །སྦྱོར་བ་དེ་དག་གི་རྗེས་ལ། དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བྱམས་པ་ནི་སེམས་ཅན་མ་ལུས་པ་རྣམས་ལ་བུ་གཅིག་པ་ལྟར་བརྩེ་བའོ། །སྙིང་རྗེ་ནི་སེམས་ཅན་རྣམས་སྡུག་བསྔལ་བའམ། སྡུག་བསྔལ་བའི་རྒྱུ་རྣམས་ལས་ཡང་དག་པར་བསྒྲལ་བར་འདོད་པ་སྟེ། དེ་ཡང་སྡུག་བསྔལ་ནི་འབྲས་དང་ཆུ་བུར་ལ་སོགས་པའི་བདག་ཉིད་ཅན་ནོ། །སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ལ་སོགས་པ་སྟེ། དེ་དག་བསལ་བའི་དོན་དུའོ། །དགའ་བ་ནི་སེམས་ཅན་རྣམས་སྡུག་བསྔལ་རྣམས་ལས་གྲོལ་ཞིང་བདེ་བར་གྱུར་པ་ལ་སེམས་དགའ་བའོ། །བཏང་སྙོམས་ནི་སྡུག་བསྔལ་བ་དང༌། བདེ་བ་


DTG002_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། སྨད་པ་དང༌། བསྟོད་པ་དང༌། གྲགས་པ་དང༌། མ་གྲགས་པ་དང༌། རྙེད་པ་དང༌། མ་རྙེད་པའི་མཚན་ཉིད་ཅན་གྱིས་འཇིག་རྟེན་པའི་ཆོས་རྣམས་ལ་སེམས་མཉམ་པ་ཉིད་དུ་གྱུར་པའོ། །དེ་ནས་ཞེས་པ་ནི་སྦྱོར་བ་ཀུན་གྱི་རྗེས་ལའོ། །ཡང་ནི་ཞེས་པ་འདིས་ནི་སྔར་གྱི་རྣམ་པར་ཐར་པའི་སྒོ་གསུམ་བསྟན་ཏོ། །དེས་ན་སྟོང་པ་ཉིད་ཅེས་པས་ཉེ་བར་མཚོན་པའི་རྣམ་པར་ཐར་པའི་སྒོ་གསུམ་འདི་ཉིད་དུ་བལྟ་བར་བྱའོ། །དེ་ནས་སྟོང་པ་ཉིད་ཀྱི་རྗེས་ལ་བྱང་ཆུབ་ཏུ་རྟོགས་ནས་རིང་པོ་མ་ཡིན་པར་འདིས་སྟོང་པ་ཉིད་ཀྱི་བྱང་ཆུབ་ཏུ་བྱེད་པའི་སྔགས་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པ་སྟེ། སྟོང་པ་ཉིད་ཀྱི་རྗེས་ལ་སྔགས་འདི་བརྗོད་དོ་ཞེས་པའི་ཐ་ཚིག་གོ །དེ་ནས་རེ་ཕ་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཡང་དེས་བྱིན་གྱིས་བརླབས་པ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེའི་འོད་ཟེར་གྱིས་རྡོ་རྗེ་ཕྲ་མོའི་བདག་ཉིད་ཅན་གྱི་རྡོ་རྗེ་ར་བ་དང༌། རྡོ་རྗེའི་གུར་དང༌། རྡོ་རྗེའི་ས་གཞིའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་ལྟ་བུ་ཡང་དེ་ནས་འཆད་པར་འགྱུར་ཏེ། དང་པོར་རེ་ཕ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའོ། །དེར་ཆོས་འབྱུང་གི་ཕྱག་རྒྱ་སྐད་ཅིག་གིས་བསམ་པར་བྱའོ། །དེ་ཡང་འཆད་པར་འགྱུར་ཏེ། ནམ་མཁའི་ཁམས་སུ་བྷ་ག་བསམ། །ཞེས་པའོ། །དེའི་ནང་གི་དབུས་སུ་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་སའི་དཀྱིལ་འཁོར་ལཾ་ཡིག་ལས་བྱུང་བ་གྲུ་བཞི་སེར་པོའོ། །དེའི་སྟེང་དུ་ཆུ་ནི་བཾ་ཡིག་ལས་བྱུང་ལ་ཟླུམ་ཞིང་དཀར་བའོ། །དེའི་སྟེང་དུ་མེའི་དཀྱིལ་འཁོར་རཾ་ལས་གྲུ་གསུམ་ཁ་དོག་དམར་པོའོ། །དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཡཾ་ཡིག་ལས་སྐྱེས་པ་གཞུའི་དབྱིབས་ཅན་ནག་པོའོ། །དེའི་སྟེང་དུ་བདག་ཉིད་སེམས་ཙམ་དུ་བལྟ་བར་བྱའོ། །དེ་ནས་ས་ལ་སོགས་པ་ཡོངས་སུ་གྱུར་པ་ལས། གཞན་ཡས་ཁང་གྲུ་བཞི་པ་ལ་སོགས་པ་དང་ལྡན་པར་བསྒོམ་པར་བྱའོ། །དེ་ལྟར་ཡང་འཆད་པར་འགྱུར་ཏེ། འཁོར་ལོས་དང་སྔོན་འགྲོ་ཆུ། །ཇི་ལྟར་རིགས་པ་བྱིན་ཟ་དང༌། །ལྷ་རྣམས་ཀྱི་ནི་རླུང་ཆེན་པོ། །ཇི་ལྟར་སྒོམ་པ་པོ་འབྱུང་བ། །ཆོས་འབྱུང་ལས་སྐྱེས་འཁོར་ལོ་ཉིད། །ཅེས་པ་དང༌། གྲུ་བཞི་སྒོ་བཞི་


DTG002_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའོ། །དེའི་དཀྱིལ་འཁོར་གྱི་དབུས་སུ་སྣ་ཚོགས་པདྨའི་སྟེང་དུ་རོ་ལ་གནས་པའི་ཉི་མའི་གདན་བསམ་པར་བྱའོ། །ཤར་ལ་སོགས་པའི་སྒོ་བཞི་པོ་རྣམས་དང༌། དབང་ལྡན་ལ་སོགས་པ་མཚམས་བཞི་པོའི་སྟེང་དུ་དབང་པོ་དང༌། གཤིན་རྗེ་དང༌། ཆུ་བདག་དང༌། གནོད་སྦྱིན་དང༌། འབྱུང་པོའི་བདག་པོ་དང༌། མེ་ལྷ་དང༌། བདེན་བྲལ་དང༌། རླུང་ལྷ་རྣམས་པ་སྐྱེལ་བའི་སྙིང་གར་གནས་པའི་ཉི་མའི་གདན་རྣམས་བསམ་པར་བྱའོ། །དེ་ལྟར་ཡང་འཆད་པར་འགྱུར་ཏེ། དང་པོར་རོ་ནི་རྣམ་བསྒོམ་པ། །ཞེས་པའོ། །ཚངས་པ་ལ་སོགས་པའི་གདན་དག་ལས་དབུས་ཀྱི་ཉི་མའི་གདན་ལ་ཟླ་བའོ། །དེ་སྟེང་དུ་རང་གི་ས་བོན་ཡོངས་སུ་གྱུར་པའི་རང་གི་མཚན་མའི་ལྟེ་བར་དེས་བྱིན་གྱིས་བརླབས་པ་ལ་ཨཱ་ལི་དང་ཀཱ་ལིའོ། །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །དེ་དག་ཀྱང་འཆད་པར་འགྱུར་ཏེ། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་པར་བསྒོམ། །ཞེས་པའོ། །དེ་ཡང་ས་བོན་དང་མཚན་ནི་རང་གི་ལྷའི་ཡིན་ཏེ། ཟླ་བ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་རྒྱུའི་རྡོ་རྗེ་འཆང་ཕྱག་བཞི་པ་ལ་སོགས་པའི་ཧེ་རུ་ཀའམ་གཞན་དག་གི་གཟུགས་སོ། །འོན་ཀྱང་དཀར་པོར་གྱུར་པའམ། སྔོན་པོའི་མདོག་འཆང་བའི་ཕྱག་གཉིས་པའི་ཧེ་རུ་ཀའམ། བདག་མེད་མ་ལ་སོགས་པ་གཞན་དག་ཀྱང་ངོ༌། །དེ་ལྟ་བུ་ཡང་འཆད་པ་ཡིན་ཏེ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཡི་ནི་གདན། །ཡི་གེ་ལས་བྱུང་གོང་བུའི་ཧཱུཾ། །ཞེས་པ་དང༌། སེམས་དཔའི་གཟུགས་བརྙན་ལས་བྱུང་བ། །དཀྱིལ་འཁོར་བདག་པོ་ཞེས་པ་དང༌། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་པའོ། །རང་གི་གདན་ལ་ས་བོན་དང་མཚན་མ་ལ་སོགས་པ་དང་པོའི་རྣལ་འབྱོར་བརྩམ་པར་བྱ་བ་ནི་ཇི་སྲིད་མངོན་པར་བྱང་ཆུབ་པ་ལྔ་ལས་རྒྱུའི་རྡོ་རྗེ་འཆང་ནི་སྤྱིའི་རྣལ་འབྱོར་རོ། །རྡོ་རྗེ་འཛིན་པ་རང་གི་བ་སྤུའི་བུ་ག་ནས་ཨ་ལ་སོགས་པའི་ཡི་གེ་དང༌། ག་ལ་སོགས་པའི་ཡི་གེ་བྱུང་ཞིང་རབ་ཏུ་ཞུགས་པའི་བདག་ཉིད་ཅན་ནོ། །དེ་ནས་ཡང་དེ་བཞིན་དུ་བྱུང་སྟེ། རང་གི་རང་བཞིན་དུ་ཞུགས་ནས་རྡོ་རྗེ་འཛིན་པ་དཀྱིལ་འཁོར་གྱི་བདག་པོ་དེའི་པདྨའི་དབུས་སུ་བསམ་པར་བྱའོ། །


DTG002_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་གནས་སྐབས་སུ་སེམས་ཅན་རབ་ཏུ་ཞུགས་པ་དང༌། འབྱུང་བར་བསམས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་རབ་ཏུ་ཞུགས་པའི་རྗེས་ལ་བདག་ཉིད་ཞུ་བར་གྱུར་པ་ལས་ལྷ་མོ་རྣམས་ཀྱིས་བསྐུལ་བ་དང་ལྡན་པ་བསམ་པར་བྱའོ། །དེ་དག་ཀྱང་འཆད་པ་སྟེ། ཟླ་བ་ཉི་མ་མཉམ་སྦྱོར་བས། །གཽ་རི་ལ་སོགས་རབ་ཏུ་གྲགས། །ཞེས་པ་དང༌། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །རིགས་མར་བཅས་པ་ཞུ་བར་གྱུར། །དེ་ལ་ལྷ་མོ་རྣམས་ཀྱིས་བསྐུལ། །སྣ་ཚོགས་གླུ་ཡི་མཆོད་པས་སོ། །ཞེས་པའོ། །གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པ་ལ། དེ་ཡང་སྔར་གསུངས་པའི་རྣལ་འབྱོར་ཐམས་ཅད་ལ་ལྟོས་ནས་གཉིས་པའི་རྣལ་འབྱོར་རོ། །ས་བོན་བསྡུ་བ་ནི་གང་གི་ཞེ་ན། བསྐུལ་བའི་རྗེས་ལ་ཐབས་དང་ཤེས་རབ་དག་ས་བོན་གཉིས་ཀྱི་གཟུགས་ཀྱིས་ཞུ་བ་དེ་བསྡུས་པའོ། །དེ་ལྟར་ཡང་འཆད་དེ་ཨ་ཧཱུཾ་དག་ལས་སྐྱེས་པའོ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་པ་ནི། །དེ་ཡང་རང་གི་ས་བོན་ཡོངས་སུ་གྱུར་པ་ལས་མཚན་མའི་ལྟེ་བར་བྱིན་གྱིས་བརླབས་པ་དེ་ཡོངས་སུ་གྱུར་པ་ལས་རང་གི་ལྷའི་གཟུགས་བརྙན་ནོ། །དེ་རྫོགས་པ་ནི་བཞེངས་པ་སྟེ། ཕྱག་དང་ཞལ་ལ་སོགས་པའི་གཟུགས་ཀྱིས་རབ་ཏུ་སྐྱེ་ཞིང་འབྱུང་བའོ། །དེ་ལྟ་བུ་དག་ཀྱང་འཆད་པར་འགྱུར་ཏེ། ཞུ་བ་གཟུགས་ལས་བཞེངས་ནས་ནི། །རྡོ་རྗེ་ཆེན་པོ་དག་གི་སྐུ། །ཞེས་པའོ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པ་ནི་རྣལ་འབྱོར་བཞི་པ་སྟེ། གང་གི་ཞེ་ན་ཡི་གེ་དེའི་དང༌། སྔགས་ཀྱི་དགོད་པ་ནི་ཉེ་བར་དགོད་པ་སྟེ། ཨོཾ་དྷ་རྨཱ་དྷཱ་ཏུ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདིས་བྱིན་གྱིས་བརླབ་ཅེས་པའི་ཐ་ཚིག་གོ །དེ་ལྟ་བུ་ཡང་ཕྱིས་འཆད་པ་སྟེ། ཆོས་ཀྱི་བདག་ཉིད་བརྗོད་པའོ། །ཕྱག་གཉིས་པའི་ཧེ་རུ་ཀའམ། བདག་མེད་མའམ། འཆད་པར་འགྱུར་པའི་ལྷ་མོ་གཞན་རྣམས་ནི་མངོན་པར་བྱང་ཆུབ་པ་ལྔ་ཡིས་སོ། །ཕྱག་བཞི་པ་ལ་སོགས་པའི་ཧེ་རུ་ཀ་གསུམ་པོ་དག་ནི། རྡོ་རྗེ་འཆང་སྔོན་དུ་སོང་བ་ལས་བསྐྱེད་པའོ་ཞེས་ཤེས་པར་བྱའོ། །རེ་ཕ་ཞེས་བྱ་བ་ལ་སོགས་པ་ལ། སྔོན་དུ་ཞེས་པ་ནི་ཐོག་མའོ། །གུར་བཅིང་བ་ཞེས་པ་ལ། འང་གི་ཡི་གེ་ནི་ས་གཞི་ཡང་རྡོ་རྗེའི་རང་བཞིན་དུ་བསྒོམ་པར་བྱ་ཞེས་བྱ་བར་འབྲེལ་ལོ། །


DTG002_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་འོད་ཟེར་རྣམས་ལོགས་སུ་སོང་བ་ལས་རབ། སྟེང་དུ་སོང་བ་ལས་གུར་རོ། །འོག་ཏུ་སོང་བ་ལས་ས་གཞི་ཞེས་བྱ་བར་དགོངས་སོ། །ཡང་ན་ས་བོན་བསྡུ་ཞེས་པ་ནི་ས་བོན་གྱིས་ལྷ་རྣམས་སྐྱེད་པར་བྱེད་པའི་རྒྱུ་རྡོ་རྗེ་འཆང་གིའམ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་འམ། ཡང་དག་པར་བསྒྲུབ་པའི་སྦྱོར་བ་སྟེ། དེ་ཡང་རྡོ་རྗེ་ར་བ་དང༌། གུར་དང༌། ས་གཞི་དང༌། ཆོས་འབྱུང་དང༌། གཞལ་ཡས་ཁང་དང༌། གདན་དག་ལ་ས་བོན་ལ་སོགས་པས་རིམ་པ་བཞིན་དུ་ཡང་དག་པར་བསྐྱེད་པའོ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་བྱ་བ་ནི་ལྷའི་གཟུགས་སུ་བསྒོམ་པར་བྱ་སྟེ། རྡོ་རྗེ་འཆང་ཞུ་སྔོན་དུ་སོང་བ་ལས་གླུས་བསྐུལ་བའི་རྗེས་ལའམ། །ཡང་ན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྗེས་ལ་རྫོགས་པར་བྱུང་པའོ། །དེ་ཡང་རྗེས་སུ་ཆགས་པའི་མཐར་ཐུག་པའམ། ཡང་ན་དབང་བསྐུར་པའི་བར་དུའོ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་བྱ་བ་ལ་དགོད་པ་ནི་ཀུན་ནས་ཉེ་བར་དགོད་པ་སྟེ། དེས་ན་དཀྱིལ་འཁོར་འབྱིན་ཅིང་དགོད་པའོ། །ཡིག་འབྲུ་ནི་མི་ཟད་པ་དང༌། མི་འགྱུར་བ་སྟེ། བདག་མེད་པའོ། །དེ་ཡང་དོན་དམ་པ་དང་དེའི་རང་བཞིན་ཡིན་པའི་ཕྱིར་ཡིག་འབྲུ་དགོད་པའོ། །ས་བོན་བསྡུ་བའི་ཡན་ལག་ཅུང་ཟད་གསུངས་པ་རེ་ཕ་ཞེས་བྱ་བ་ལ་སོགས་པའོ། །དང་པོར་ནི་ཐོག་མར་ཏི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའོ། །ཐོག་མར་རོ་ནི་ཞེས་པ་ལ་སྣ་ཚོགས་པདྨའི་སྟེང་དུ་རོ་ཏེ་གན་རྐྱལ་དུ་བསྒོམ་པར་བྱའོ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བརྗོད། །ཅེས་བྱ་བ་ལ་ཆོས་རྣམས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། བདག་མེད་ཅིང་སྟོང་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་བདག་ཉིད་ནི་རང་བཞིན་ཏེ། ཕུང་པོ་ལ་སོགས་པ་དེའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅེས་དགོངས་སོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ལས་སྐུ་འབྱུང་བ་ཉིད་དུ་བྱིན་གྱིས་བརླབས་པའི་སྔགས་ནི། ཨོཾ་དྷ་རྨཱ་དྷཱ་ཏུ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པའོ། །བརྗོད་ཅེས་པ་ནི་རྒྱུད་གཞན་ལས་གསལ་བ་ཉིད་དུ་བརྗོད་པའོ། །དེ་ཡང་ཇི་ལྟར་དཔལ་གསང་བ་འདུས་པ་ལས། ཨོཾ་དྷ་རྨཱ་དྷཱ་ཏུ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པའོ། །རྣལ་འབྱོར་པ་ནི་དེ་ཡིས་ཏེ་རོའི་སྟེང་དུའོ། །སྔོན་དུ་བརྗོད་པའི་ཉི་མ་ལ་རྣལ་འབྱོར་པ་གནས་པའོ། །དེས་ན་བདག་ཉིད་དཔལ་ཧེ་རུ་ཀར་


DTG002_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱའོ། །དེ་སྐད་དུ་བརྗོད་པར་ཡང་བསྐུལ་བའི་རྗེས་ལའམ། །ས་བོན་ཡོངས་སུ་གྱུར་པ་ལས་སམ། མངོན་པར་བྱང་ཆུབ་པ་ལྔའི་སྦྱོར་བ་ལས། ཧེ་རུ་ཀ་ཉིད་དུ་བསྒོམ་པར་བྱའོ། །དེའི་རྗེས་ལ་ཨོཾ་དྷ་རྨཱ་དྷཱ་ཏུ་སྭཱ་བྷཱ་བ་ཨཱཏྨ་ཀོ་ཉ་ཧཾ། ཞེས་པ་འདིས་བྱིན་གྱིས་བརླབ་པར་བྱ་ཞེས་པའོ། །རང་གི་སྙིང་གར་བྱ་ཞེས་པ་ནི་བསྒོམ་པ་ཉེ་བར་རྩོམ་པའི་འདུས་སུ་རང་གི་སྙིང་གར་རེ་ཕ་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེར་ནི་ཞེས་པ་ནི་ཉི་མའི་དཀྱིལ་འཁོར་དེ་ཉིད་དུའོ། །དེ་ཡང་སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་པའི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་ཀྱི་རང་བཞིན་ཧཱུཾ་གི་རྣམ་པར་བསྒོམ་པར་བྱའོ། །དེས་ན་ཉི་མ་དང་ཧཱུཾ་གི་རྣམ་པར་མཆོག་ཏུ་ཉེ་བར་མཚོན་པས་ལས་གང་ཡང་རུང་པའི་ལྷ་རྣམས་བསྒོམ་པར་བྱ་བ་དེ་ལྟ་བུ་ཉིད་ཀྱང་རང་གི་གདན་ལ་གནས་པའི་ས་བོན་ཞེས་པས་བསྟན་ཏོ། །དེ་ལྟ་བུ་ཡང་སྔར་བརྗོད་པ་ཉིད་དོ། །ད་ནི་ཕྱག་གཉིས་པ་སྐྱེད་པར་བྱེད་པའི་ཁྱད་པར་གསུངས་པ། ནག་པོ་ཞེས་བྱ་བ་ལ་སོགས་པ་ལ། འཇིགས་པ་ཆེན་པོ་ཞེས་པ་ནི་གཙིགས་པ་ལས་སོ། །རྡོ་རྗེ་ནི་རྣམ་པར་དབྱེ་བའི་མཐའ་ཅན་དང་བྲལ་བའོ། །བྱུང་བ་ཞེས་པ་ནི་རྡོ་རྗེ་ཡང་དག་པར་བྱུང་སྟེ། དེ་ལས་ནི་ཧེ་རུ་ཀའོ། །དེའི་ལྟེ་བ་ལ་ཉི་མ་ལ་གནས་པའི་ཧཱུཾ་བསྒོམ་པར་བྱའོ། །དེ་ཡང་དེ་ཁོ་ན་ཉིད་དེ། དེ་ལྟར་ཡང་གང་གི་ཕྱིར་ཆོས་ཐམས་ཅད་ནི་རྒྱུ་དང་བྲལ་བའི་ཕྱིར་སྒྱུ་མ་ལྟ་བུའི་དངོས་པོར་གྱུར་པ་ནི་ཧཱུཾ་ངོ༌། །ཡང་ན་ཧཱུཾ་ཡིག་དེའི་ཡང་དེ་ཁོ་ན་ཉིད་དེ། སྤྲོ་བའི་གཟུགས་སུ་བསྒོམ་པར་བྱ། །ཞེས་པ་དང༌། རྡོ་རྗེ་ལྟེ་བའི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་བདུན་ནོ། །ཧཱུཾ་ཡིག་གིས་ཉེ་བར་མཚོན་ནས་ཟླ་བ་དང༌། ཨཱ་ལི་དང༌། ཀཱ་ལི་དང༌། རྡོ་རྗེ་དང༌། ཧཱུཾ་ཡིག་དང༌། ཉི་མ་ཡོངས་སུ་གྱུར་པ་ལས་ཕྱག་གཉིས་པའི་ཧེ་རུ་ཀའི་བདག་ཉིད་དུ་བལྟས་ཏེ། དེའི་རང་བཞིན་ནི་ཞེ་སྡང་གི་བདག་ཉིད་མི་བསྐྱོད་པའི་སྐུར་བསྒོམ་པར་བྱའོ། །དེ་ནས་སྐུ་དང་མིག་ལ་སོགས་པ་བྱིན་གྱིས་བརླབས་པའི་རྗེས་ལ་དབང་བསྐུར་བའི་ཧེ་རུ་ཀའི་བདག་ཉིད་ཅན་གྱི་དབུལ་ཐུགས་ཀྱི་བདག་པོས་མཚན་པའོ་ཞེས་དགོངས་སོ། །རྡོ་རྗེ་སྐྱེ་བ་ཞེས་པ་ནི་ཧཱུཾ་ཡིག་ལས་སྐྱེས་པ་ལ་དེས་བྱིན་གྱིས་བརླབས་ཏེ། རྡོ་རྗེའི་ལྟེ་བ་ལས་ཧཱུཾ་བྱུང་བ་ནི་རྡོ་རྗེ་ལས་སྐྱེས་སོ། །ཡང་


DTG002_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡོ་རྗེ་སྐྱེ་བ་ཞས་པ་ནི་དོན་དམ་པར་ན་འཆི་བདག་གི་བདུད་ལས་རྒྱལ་བས་སོ། །དེས་ན་རྡོ་རྗེ་ལྟ་བུ་མི་ཕྱེད་པ་དེ་འདི་ལ་ཡོད་པས་ན་དེ་སྐད་ཅེས་བྱའོ། །འདམ་སྐྱེས་སྔོན་པོ་འདྲ་བའི་མདོག །ཅེས་བྱ་བ་ནི་ནག་པོ་ཆེ་ཞེས་པའི་ཁྱད་པར་ཏེ། སྔོ་བ་དང་འདྲེས་པ་སྐྱ་རེངས་ཀྱི་མདངས་ཅན་གང་གི་ཧེ་རུ་ཀའི་བདག་ཉིད་ཀྱི་སྐུ་ནི། །སྔོ་དང་ཉི་མའི་མདོག་ཅེས་པ་དང༌། གནག་ཅིང་སྔོ་དང་སྐྱ་རེངས་མདོག །ཅེས་པའོ། །གང་ཞིག་སེམས་ཉིད་གསལ་བ་ལས་སྐྱེས་པ་དེ་ནི་ཕྱག་གཉིས་པའི་ཧེ་རུ་ཀར་སྒོམ་པར་བྱེད་པ་ཡིན་ཏེ། ཤེས་རབ་ཉིད་ཀྱི་འབྲས་བུར་གྱུར་པའི་ཕྱིར་རོ། །ངེས་པར་ཞེས་བྱ་བ་ནི་ཕྱོགས་གཉིས་པོ་དེ་ལ་ལྟོས་ནས་སོ། །སྒོམ་པར་བྱེད་པ་འདི་གསུངས་པ། ནམ་མཁར་ཞེས་པ་སྟེ། ཆོས་འབྱུང་གི་ནང་གི་གཞལ་ཡས་ཁང་ནི་ནམ་མཁའོ། །རྡོ་རྗེ་སྐྱེ་བ་ཞེས་པ་ནི་ཧེ་རུ་ཀའོ། །སྙིང་རྗེ་ཆེ་ཞེས་པ་ནི་བླ་མའོ། །མཆོད་པར་བྱ་ཞེས་པ་ནི་སྡིག་པ་བཤགས་པ་ལ་སོགས་པའི་དོན་ཏོ། གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་པོ་རྣམས་ཀྱིས་སམ། ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད་པ་སྟེ་གསུམ་པའོ། །རྒྱན་རྣམས་ཐམས་ཅད་རབ་འཛིན་པ། །ཞེས་པ་ནི་འཁོར་ལོ་དང་རྣ་ཆ་ལ་སོགས་པ་འཛིན་པ་རྣམས་ཀྱིས་སོ། །དེས་ཧེ་རུ་ཀའི་དཀྱིལ་འཁོར་གྱི་འཁོར་ལོ་དང༌། རྡོ་རྗེ་འཆང་དང་འདྲ་བའི་བླ་མ་རྗེ་བཙུན་མདུན་དུ་དམིགས་ཏེ། རང་གི་སྙིང་གའི་ས་བོན་ལས་སྤྲོས་པ་དེ་དག་གིས་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པས་ཡང་དག་པར་མཆོད་པ་དང༌། སྡིག་པ་བཤགས་པ་ལ་སོགས་པ་བྱའོ་ཞེས་དགོངས་སོ། །དེ་རྣམས་ཐམས་ཅད་ཀྱིས་ཐུན་མོང་གི་རྣལ་འབྱོར་རོ། །རྣལ་འབྱོར་མ་བརྒྱད་ནི་ཕྱག་གཉིས་པའི་དཀྱིལ་འཁོར་བ་ཡང་འདི་དང་འདྲ་ཞེས་པའོ། །དཀར་མོ་ཞེས་བྱ་བ་ལ་སོགས་པ་ལ་ཆུ་ལག་མ་ཞེས་པ་ནི་ཆུས་བཀང་བའི་བུམ་པ་ཞེས་པའོ། །སྨན་ཞེས་པ་ནི་ཐོད་པར་བདུད་རྩི་ལྔ་བླུགས་པའོ། །རོ་འཛིན་ཞེས་པ་ནི་རོ་དྲུག་གིས་བཀང་བའི་ཐོད་པ་འཛིན་པའོ། །གཡུང་མོས་མགྲིན་པར་འཁྱུད་ཅེས་པ་ནི་རླུང་གི་གྲྭ་ནས་གཡུང་མོས་མགྲིན་པར་འཁྱུད་པར་གྱུར་པ་ཇི་ལྟར་འགྱུར་བ་ཞེས་པ་སྟེ། བྱ་བའི་ཁྱད་པར་འཁྱུད་པའི་ཕྱག་རྒྱ་དང་ལྡན་ཞེས་པའི་དོན་ཏོ། །ཆགས་པ་ཆེན་པོ་ནི་ཕྱག་གཉིས་པའི་ཧེ་རུ་ཀའོ། །རྗེས་སུ་ཆགས་པ་ནི་དེའིའོ། །ནང་དུ་གྱུར་པའི་ཕྱག་


DTG002_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་མཚན་ཉིད་ནི། སྙིང་རྗེ་ཆེན་པོར་ཤེས་པར་བྱ། །ཞེས་པ་ནི་ཚིག་ལྷག་མའོ། །དཀར་མོ་ལ་སོགས་པ་རྣམས་ནི། གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཞེས་པའི་ས་བོན་རྣམས་ཀྱིས་གནས་རྣམས་སུ་རིམ་པ་ཇི་ལྟ་བར་བསྐྱེད་པའམ། ཕྱག་གཉིས་པའི་སྙིང་གནས་འོད་ཟེར་ཕྲ་མོ་སྤྲོས་པ་ལས་བལྟ་བར་བྱའོ། །དེ་རྣམས་ཀྱི་སྐུ་མདོག་དང་གདན་ལ་སོགས་པ་ནི་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་ལས་འཆད་པར་འགྱུར་ལ། ཁྱད་པར་གྱི་དབྱེ་བ་ནི་ཕྱག་མཚན་ཙམ་མོ། །ཕྱག་གཉིས་པ་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པ་ཉིད་དུ་བསྟན་པའི་དོན་དུ་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པ་ལ་གདན་གྱི་སྟེང་དུ་ཟླ་བ་ཡིན་ལ། དེའི་སྟེང་དུ་ཨ་ལ་སོགས་པ་དང༌། ཀ་ལ་སོགས་པའི་ཡི་གེའོ། །དེ་ཉིད་དུ་ས་བོན་ལས་བསྐྱེད་པའི་མཚན་མ་ལ་གནས་པའི་ས་བོན་དེའི་སྟེང་དུ་བདུད་ལས་རྒྱལ་བའོ་ཞེས་སྦྱར་རོ། །ཕྱག་གཉིས་པ་ནི་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པ་ཤེས་རབ་མེད་པའོ་ཞེས་མན་ངག་ལས་རྟོགས་པར་བྱའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། སེམས་དཔའ་ནི་མངོན་པར་བྱང་ཆུབ་པའི་སྦྱོར་བ་དེ་ཉིད་ལས་རྡོ་རྗེ་འཆང་བ་སྟེ། ལྷག་མ་ནི་གོ་སླའོ། །ད་ནི་ཡེ་ཤེས་ཀྱི་འཁོར་ལོ་དང་དམ་ཚིག་གི་འཁོར་ལོ་དག་རིག་པར་བྱ་བ་གསུངས་པ། རྣམ་པར་སྤྲོས་ཞེས་པ་ལ་སོགས་པ་སྟེ། རྣམ་པར་སྤྲོ་བ་ནི་རང་གི་སེམས་ལས་ལྷ་རྣམས་སུ་རབ་ཏུ་གསལ་བར་བྱ་ཞེས་པ་སྐབས་འདིར་བླངས་ཏེ། དམ་ཚིག་གི་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་ལུས་ལ་ལྡན་པ་སྐུ་མདོག་དང༌། ཕྱག་མཚན་དང༌། དབྱིབས་ལ་སོགས་པར་གྱུར་པ་ཡིན་ནོ་ཞེས་པའོ། །དེ་བཞིན་དུ་ཅི་གང་དུ་རྣམ་པར་སྤྲོས་ཤེ་ན་གསུངས་པ། ནམ་མཁའི་དཀྱིལ་འཁོར་ཞེས་པ་ནི་ཡི་གེ་དགུ་པའི་ཚིག་གོ །དེ་ཡང་རང་གི་སྙིང་གའི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་ཀྱི་ལྷ་རྣམས་བསྡུ་ཞིང་བཀུག་སྟེ། གཞན་མ་ཡིན་པ་ཉིད་དུ་རབ་ཏུ་གཞུག་པར་བྱའོ། །སྙིང་པོ་ནི་དམ་ཚིག་གི་དཀྱིལ་འཁོར་རྣལ་འབྱོར་པའི་སེམས་ཙམ་དུ་སྙོམས་པར་འཇུག་པ་དང་ལྡན་པའོ། །ཇི་སྐད་དུ། སེམས་ཙམ་དུ་ནི་སྙོམས་འཇུག་པ། །རྣལ་འབྱོར་ཞེས་སུ་བརྗོད་པ་ཡིན། །ཞེས་བརྗོད་པས་སོ། །དེས་ན་ཞེ་སྡང་ཞེས་པ་ནི་དེ་ཉིད་ཕྱི་རོལ་གྱི་དོན་ལ་རྣམ་པར་སྡང་བའོ། །དེ་ལྟ་བུ་ཉིད་ཀྱི་བདག་ཉིད་གྱུར་


DTG002_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཞེ་སྡང་བདག་ཉིད་ཅན་ནོ། །སྔོ་དང་ཉི་མ་མཚུངས་མདོག་ནི། མཐའ་ཅན་གྱི་རྣམ་པར་དབྱེ་བ་མེད་པའོ། །དེས་ན་སྔོ་བ་ཡང་ཡིན་ལ་ཉི་མ་ཡང་ཡིན་པས་ན་སྔོ་དང་ཉི་མ་མཚུངས་པའི་མདོག་གོ །གྲོང་ཁྱེར་དཀྲུག་པའི་སྔགས་ཀྱིས་བཟླས་པ་ནི་ཧེ་རུ་ཀ་རྣམ་པ་བཞི་ལས་གང་ཡང་རུང་བ་བསྒོམ་པར་བྱ་ཞེས་པ་ནི་མན་ངག་གོ །བ་ནྡུ་ཡང་ཡིན་ལ་དམར་པོ་ཡང་དེ་ཉིད་ཡིན་པས་བ་ནྡུ་དམར་པོ་ཅན་ནོ། །དེ་ཡང་རྒྱས་པར་ན་སྤྱན་ནོ། །བ་ནྡུའི་ཁྱད་པར་དམར་པོ་ཅི་དགོས་ཤེ་ན། དཀར་པོའི་བ་ནྡུ་ཡང་མཐོང་བས་སོ། །ཡང་ན་རྒྱས་པ་རྟོགས་པར་བྱའི་དོན་དུ་དམར་པོས་ཁྱད་པར་དུ་བྱས་པའོ། །གང་གི་ཕྱིར་རྒྱས་པ་ནི་དམར་པོ་ཉིད་ཀྱིས་རབ་ཏུ་བསལ་བར་གྱུར་པའོ། །ཡང་རྒྱས་པ་ཉིད་ཀྱིས་ཟླུམ་པོར་ཡང་སྟེ། དེའི་སྤྱན་ནི་ཁྲོ་བར་བྱེད་པ་དང༌། འདྲེན་ཅིང་འཐོབ་པར་བྱེད་པ་དང༌། སེམས་ཅན་གྱི་དོན་ལ་དམིགས་པར་བྱེད་པས་ན་སྤྱན་ནོ། །བ་ནྡུ་ལྟར་རྒྱས་ཤིང་དམར་བའི་སྤྱན་ནི་བ་ནྡུ་དམར་པོའི་སྤྱན་དེ་ཉིད་དེ། ཟླུམ་ཞིང་དམར་ལ་རྒྱས་པའི་སྤྱན་ཞེས་པའི་དོན་ཏོ། །དེ་ལྟ་བུ་ཡང་ལྷ་རྣམས་ཀྱི་སྤྱིའི་ཚུལ་དུ་ཤེས་པར་བྱ་ཞེས་པའོ། །སྐྲ་སེར་གྱེན་དུ་འཁྱིལ་བ་ཞེས་པ་ནི་སྐྲ་སེར་ཞིང་གྱེན་དུ་འཁྱིལ་བ་ཇི་ལྟ་བ་དེ་བཞིན་དུ་མིག་གི་རྫི་མ་ཡང་སེར་ཞིང་གྱེན་དུ་འདེགས་པའོ། །ཕྱག་རྒྱ་ལྔ་ལ་སོགས་པ་ནི་གོ་སླའོ། །སྡང་ལྟ་ཞེས་པ་ནི་སྡང་བ་ཡང་དེ་ཡིན་ལ། དེ་བཞིན་དུ་ལྟ་བ་ཡང་དེ་ཡིན་ཏེ། ཟླུམ་ཞིང་རྒྱས་པ་དམར་བའི་སྤྱན་དང་ལྡན་པའི་ཕྱིར་རོ། །དེས་ན་དེའི་སྤྱན་ཟླུམ་ཞིང་དམར་བ་ནི་ཤེས་རབ་དང་ལྡན་ཞིང་སྙིང་རྗེའི་རྣམ་པར་དག་པའོ། །གང་གི་ཕྱིར་བཅོམ་ལྡན་འདས་ནི་དོན་དམ་པར་སེམས་ཅན་རྣམས་ལ་སྡང་ཞིང་ཁྲོ་བ་ནི་མ་ཡིན་ནོ། །འོན་ཀྱང་སྡང་བར་བཅོས་པ་སྟེ། སེམས་ཅན་རྣམས་ཉོན་མོངས་པ་ཉིད་དུ་ལྡན་པའི་ཕྱིར་རོ། །ཁྲོ་ཞིང་སྡང་བ་ཉིད་ཀྱིས་ནི་སྟག་གི་པགས་པའི་རྒྱན་ཅན་ནོ། །བརྒྱད་གཉིས་ལོའི་ཚུལ་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པའོ། །དེ་དག་ཀྱང་ལྷའི་གཟུགས་ཐམས་ཅད་ཀྱི་ཐུན་མོང་དུ་བརྗོད་དོ། །རྡོ་རྗེ་ཐོད་པ་དང་ཞེས་པ་ནི་རྡོ་རྗེས་མཚན་པའོ། །གཡོན་པ་ནས་ཀྱང་ཁ་ཊྭཱཾ་ག །ཞེས་པ་ནི་ཉེ་ཞིང་གསལ་བར་བཅར་བའོ། །སྐུ་མདོག་ནག་པོ་ཞེས་པ་ནི་བྱམས་པས་གནག་པའོ། །ཧཱུཾ་གི་ཡི་གེ་འདོན་པའི་བདག །ཅེས་པ་ནི་ངག་ཏུ་སྟེ། ཁྲོ་ཞིང་གདུག་པར་སྟོན་པར་བྱེད་


DTG002_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དུར་ཁྲོད་ལ་སོགས་པའི་ཚིགས་སུ་བཅད་པ་ནི་ཡི་གེ་སུམ་ཅུ་རྩ་གཉིས་པའོ། །ས་ས་ཏི་ནི་རོ་གནས་ཞེས་པ་སྟེ། ཨ་ཡིག་ཕྱིས་པ་དེས་ན་ཥ་གྲུབ་སྟེ། སྲོག་ཆགས་ཕྲ་མོ་ཙམ་གནས་པའོ། །དེ་ཡང་མེད་པ་ལས་བདེན་པར་མངོན་པར་ཞེན་པ་ལས་གནས་པར་གྱུར་པ་དེ་གང་གི་ཚེ་དུར་ཁྲོད་དེ། བདག་མེད་པ་ཉིད་ཀུན་རྫོབ་ཏུ་གདན་དུ་བྱས་པའོ། །དེའི་རྣམ་པར་དག་པ་ནི་གཞལ་ཡས་ཁང་གི་ཕྱི་རོལ་དུ་ཡང་དུར་ཁྲོད་དོ། །དེ་དག་ཀྱང་ཐུན་མོང་དུ་གྱུར་པའོ། །གང་གི་ཕྱིར་དེ་རྣམས་ཀྱི་ཕྱག་གཉིས་པ་བསྐྱེད་པར་ཡང་གསུངས་པ། ཕྱག་བཞི་ནི་ཞེས་བྱ་བ་ལ་སོགས་པ་ལ་ཕུང་པོ་ལ་སོགས་པ་བདུད་བཞི་ལས་རྒྱལ་བའི་རྣམ་པར་དག་པ་ནི་ཕྱག་བཞིའོ། །སྔར་གྱི་ཧེ་རུ་ཀའི་སྐུ་མདོག་དང༌། གཟུགས་དང༌། དབྱིབས་གང་གི་ཡང་ས་བོན་ནི་ཧཱུཾ་ཡིག་ཡིན་པས་སྔར་གསུངས་པའི་སྐུ་མདོག་དང༌། གཟུགས་དང༌། ཧཱུཾ་ལས་བྱུང་བ་དེ་ཕྱག་བཞི་པའི་ཡང་ངོ༌། །ཁྲག་གིས་བཀང་བ་ཞེས་པ་ནི་ཐུན་མོང་ངོ༌། །ཤེས་རབ་རྡོ་རྗེ་ཕག་མོ་ནི་མིང་ངོ༌། །རྡོ་རྗེ་འཆང་ཞུ་བ་སྔོན་དུ་སོང་བ་ལས་བསྐུལ་བའི་རྗེས་ལ་ཞུ་བ་བསྡུས་པ་ལས་སྐྱེས་པའི་ཧཱུཾ་དང༌། དེ་ལས་བྱུང་བའི་ས་བོན་གཉིས་པོ་རིམ་པ་ཇི་ལྟ་བར་རོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང་གྲི་གུག་གི་ལྟེ་བ་ལ་དེ་དག་གིས་བྱིན་གྱིས་བརླབས་པའི་ཕྱག་མཚན་གཉིས་སོ། །དེ་དག་ཡོངས་སུ་གྱུར་པ་ལས་ཐབས་དང་ཤེས་རབ་སྟེ། ཕྱག་བཞི་པའི་ཐབས་དང་ཤེས་རབ་བོ། །དེ་བཞིན་དུ་ཞུ་བ་བསྡུས་པ་ལས་སྐྱེས་པ་ཧཱུཾ་ཨཾ་གི་ས་བོན་གཉིས་སོ། །དེ་དག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང་གྲི་གུག་གི་ལྟེ་བ་ལ་དེ་དག་གིས་བྱིན་གྱིས་བརླབས་པའོ། །དེ་དག་ཡོངས་སུ་གྱུར་པ་ལས་ཕྱག་དྲུག་པའི་ཐབས་དང་ཤེས་རབ་བོ། །དང་པོ་སྔོན་པོ་གཅེར་བུ་ཞེས་པ་ནི་སྔོན་པོ་ཉིད་གཅེར་བུ་སྔོན་པོ་སྟེ། ཞལ་དང་པ་སྔོན་པོ་ཞེས་བྱ་བའི་དོན་ཏོ། །ལ་ལ་དག་ནི་གཅེར་བུ་ཞེས་པའི་ཚིག་ནི་སྨད་གཡོགས་དང་བྲལ་བའོ། །ཕྱག་བཞི་པ་དང་དྲུག་པ་དག་གི་ལྷག་མ་ནི་མང་པོར་ཡོད་དེ། ཕྱག་བཅུ་དྲུག་པ་བཞིན་ནོ། །འོན་ཀྱང་ལྷ་རྣམས་བསྒོམས་པའི་དོན་བསྡུས་པ་ནི་ཕྱག་བཞི་པའི་ཧེ་རུ་ཀ་དང༌། བདག་མེད་མ་དང༌། ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་སུ་ཤེས་པར་བྱའོ། །ཁམས་གསུམ་གྱི་ཞེས་པ་ནི་ཁམས་གསུམ་པོ་རྣམས་ཏེ། འདོད་པ་དང༌། གཟུགས་དང༌།


DTG002_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་པ་ཞེས་བརྗོད་པ་བསྡུས་པའོ། །དེའི་བདག་ཉིད་ནི་རང་བཞིན་ནོ། །དེ་ཡང་སེམས་ཙམ་མོ། །ཇི་སྐད་གསུངས་པ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་དེ་ཉིད་ནི་ཟག་པ་མེད་པའི་བདེ་བ་སྟེ་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་ཏོ། །རོ་མནན་པ་ཞེས་པ་ནི་སྲོག་མེད་པའི་གང་ཟག་གོ །དེས་ན་རོ་འདི་ཉིད་ཁམས་གསུམ་གྱི་བདག་ཉིད་ཅན་ཡིན་ལ། ཁམས་གསུམ་གྱི་བདག་ཉིད་ཅན་ཡང་རོ་སྟེ། ཆགས་པ་དང༌། ཆགས་པ་མེད་པ་དང༌། བདག་དང་གཞན་དུ་རིག་པ་ལ་སོགས་པ་བྲལ་བར་ཆོས་མཐུན་པས་ནའོ། །དེ་རུ་མནན་པ་ནི་ཧེ་རུ་ཀའོ། །མནན་པ་ནི་ཨ་ཀྲན་ཏ་ཏེ། ཏ་རྐྱེན་དུ་བྱས་པས་བདུན་ནོ། །གང་དུ་རྐང་པས་མནན་པར་བྱས་པ་སྟེ། དེ་དང་དེ་ནི་ཟག་པ་མེད་པའི་བདེ་བ་དེའིའོ། །དེ་ཡང་ཟག་པ་དང་བཅས་པའི་བདེ་བའི་བདག་ཉིད་མ་ཡིན་པ་ལས་བདེ་བའི་བདག་ཉིད་དུ་བྱས་པའོ། །དེ་སྐད་དུ་ཡང༌། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་པ་དང༌། བྱམས་པས་ཀྱང་གསུངས་ལ། སེམས་ནི་རང་བཞིན་འོད་གསལ་བ། །ཉོན་མོངས་རྣམས་ནི་གློ་བུར་བ། །ཞེས་སོ། །དེས་ན་མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ་ལས་ལོགས་ན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་དགོངས་སོ། །ཡང་ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་གཞན་ཡོད་མ་ཡིན། །ཞེས་པའོ། །དེས་ན་ལྷན་ཅིག་སྐྱེས་པའི་བདེ་བ་ཉིད་རོའི་རང་བཞིན་དུ་མནན་ཞེས་པའི་དོན་ཏོ། །དེ་དག་ནི་དགྱེས་པ་རྡོ་རྗེའི་རྣམ་པར་འགྲེལ་པ་ལས། ལྷའི་ལེའུ་སྟེ་གསུམ་པའོ།། །།

བཞི་པ། ལྷ་དབང་བསྐུར་བའི་ལེའུ།


DTG002_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་འཆད་པར་འགྱུར་བའི་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་དང༌། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་རྗེས་ལ་སྒྲིབ་པ་ཐམས་ཅད་གཞོམ་པའི་དོན་དུ་དབང་བསྐུར་བ་རྫོགས་པའི་ལྷའི་གཟུགས་ཀྱིས་རྣལ་འབྱོར་རིགས་སོ་ཞེས་ལྷ་དབང་བསྐུར་བའི་ལེའུ་གསུངས་པ། ལྷ་ཞེས་བྱ་བ་ལ་སོགས་པ་ལ། རང་གི་སྙིང་གར་གནས་པའི་རང་གི་ས་བོན་ལས་འོད་ཟེར་བྱུང་བ་ནི་འོད་ཟེར་ནག་པོས་སངས་རྒྱས་རྣམས་སྤྱན་དྲངས་པའི་རྗེས་ལ་ཞེས་བྱ་བར་སྦྱོར་རོ། །འོད་ཟེར་ནག་པོས་རབ་ཏུ་གསལ་བའི་འོད་ཟེར་གང་ཡིན་པ་དེ་ནི་འོད་ཟེར་ནག་པོ་སྟེ། དེའི་རང་བཞིན་ནི་འོད་ཟེར་ནག་པོའོ། །འོད་ཟེར་ནག་པོ་ཞེས་པ་ནི་འགུགས་པ་དང་


DTG002_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འཇུག་པར་བྱེད་པ་དང༌། མཚོན་པར་བྱེད་པ་དང༌། སྐྱེ་བ་མེད་པས་བསྡིགས་པར་བྱེད་པ་དེ་ཉིད་མཐའི་ཚིག་དང་ལྡན་པས་དོན་འཛིན་པར་བྱེད་པའོ། །དེས་འགུགས་པར་བྱེད་པས་ན་ལྕགས་ཀྱུའོ། །དེ་ཡང་ཨའི་སྒྲས་ས་མ་ནྟ་སྟེ། མཐའ་ཡས་པའོ། །ཀ་ར་ནི་བྱེད་པ་སྟེ་ལྕགས་ཀྱུའི་རྣམ་པའོ། །གང་གིས་བྱ་བ་མཐའ་ཡས་པ་ལས། དེ་ནི་ལྕགས་ཀྱུའི་འོད་ཟེར་ཉིད་དོ། །ཡང་དེ་ལྟ་བུའི་རྣམ་པ་ཙམ་གྱིས་ནི་འགུགས་ཤིང་འཛིན་པ་མ་ཡིན་ནོ། །སངས་རྒྱས་རྣམས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཁམས་གསུམ་ན་བཞུགས་པ་ཡིད་ཀྱིས་དམིགས་ཏེ་ཕྱི་ནས་སྔར་བརྗོད་པའི་འོད་ཟེར་ནག་པོའི་གཟུགས་ཀྱིས་སྤྱན་དྲངས་ནས་གསོལ་བ་གདབ་ཅེས་བྱ་བར་འབྲེལ་ཏོ། །དེར་ཅི་བྱས་ནས་ཤེ་ན། མ་མོ་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ། བརྒྱད་ཅེས་པ་ནི་བདོག་ཅིང་འདོད་པས་ན་གཟུགས་ལ་སོགས་པ་ལ་ཁྱབ་པའི་ཚུལ་གྱིས་ན་འདོད་པར་གྱུར་པའོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་པོ་ཡང་ངོ༌། །མ་མོ་ནི་དེ་རྣམས་ཉིད་སེམས་ཅན་ཐམས་ཅད་ལ་མ་ལྟར་བརྩེ་བར་གྱུར་པ་ལས་སོ། །དེ་རྣམས་ཀྱིས་ཡང་དག་པར་མཆོད་ནས་གསོལ་བ་གདབ་ཅེས་པ་ནི། དེ་དག་ཙམ་གྱིས་ན་མཆོད་པའི་རྗེས་ལ་གསོལ་བ་གདབ་ཅེས་པའོ། །གསོལ་བ་གདབ་པ་ཡང་གསུངས་པ། ཨོཾ་ཨ་བྷི་ཥི་ཉྩ་ཞེས་པ་ལ་སོགས་པའོ། །ཡང་ན་མ་མོ་བརྒྱད་ཀྱིས་ཞེས་པ་ནི། གཽ་རཱི་ལ་སོགས་པ་རྣམས་ཀྱིས་དང༌། སངས་རྒྱས་རྣམས་དང་ལྷན་ཅིག་ཏུ་གཟུགས་རྡོ་རྗེ་མ་ལ་སོགས་པ་འཆད་པར་འགྱུར་བའི་ཚིག་ལས་ཐོབ་པ་རྣམས་ཀྱིས་སོ། །ཡང་དག་པར་མཆོད་ཅེས་བྱ་བ་ནི་དེ་བཀུག་སྟེ། རྟག་ཏུ་མཆོད་པའོ། །ཧེ་རུ་ཀའི་གཟུགས་ཞེས་བྱ་བ་ནི་ཧེ་རུ་ཀའི་རྣམ་པ་སྟེ། མི་བསྐྱོད་པ་རྣམ་པར་དག་པའི་གཟུགས་གང་ཡིན་པ་རྣམས་ཀྱིས་དེ་བཞིན་དུའོ། །དེ་དག་ཀྱང་ཉེ་བར་མཚོན་པའོ། །ཡང་ལྷ་རྣམས་དབང་བསྐུར་བར་བྱ་བ་དེ་ཉིད་དུ་རིགས་ཀྱི་བདག་པོ་དགུག་པར་བྱ་ཞེས་ཤེས་པར་བྱའོ། །ཡང་ན་ཧེ་རུ་ཀའི་གཟུགས་ཉིད་ཀྱིས་དཀྱིལ་འཁོར་པ་དང་ལྷན་ཅིག་ཏུའོ། །བདུད་རྩི་ལྔ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔ་པོ་དེ་དག་ཉིད་བདུད་རྩི་སྟེ་དེ་དག་གིས་འཛིན་པའོ། །དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱི་བུམ་པ་ནི་སྣ་


DTG002_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་བུམ་པའོ། །ལྔས་དབང་བསྐུར་བ་ནི་དེ་དག་གིས་དབང་བསྐུར་བའོ་ཞེས་པ་ལ་སོགས་པའོ། །གང་གི་ཚེ་དབང་བསྐུར་བ་ན། དེའི་ཚེ་མེ་ཏོག་གི་ཆར་ལ་སོགས་པ་འབབ་ཅེས་པའི་དོན་ཏོ། །ཆར་གྱི་སྒྲས་ནི་མང་བར་བསྟན་ཏོ། །གུར་ཀུམ་ནི་མཚོན་པ་སྟེ། དྲི་ཞིམ་པོ་སྣ་ཚོགས་པའི་ཆར་པ་འབབ་པར་འགྱུར་རོ། །གཟུགས་རྡོ་རྗེ་མ་དང༌། སྒྲ་རྡོ་རྗེ་མ་དང༌། དྲི་རྡོ་རྗེ་མ་དང༌། རོ་རྡོ་རྗེ་མ་དང༌། རེག་རྡོ་རྗེ་མ་དང༌། ཆོས་ཀྱི་དབྱིངས་རྡོ་རྗེ་མ་རྣམས་ནི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་རིམ་པ་ཇི་ལྟ་བ་བཞིན་དུ་མེ་ལོང་དང༌། པི་བང་དང༌། དྲིའི་དུང་པོར་དང༌། རོའི་ལྷུང་བཟེད་དང་། ཁ་དོག་སྣ་ཚོགས་པའི་གོས་དང༌། ཆོས་འབྱུང་འཛིན་པ་རྣམས་དཀར་པོ་དང༌། ནག་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། དམར་སེར་དག་སྟེ། དེ་རྣམས་ཀྱིས་མཆོད་པ་སྟེ། དེ་དག་ཀྱང་གསུངས་པ། གཟུགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་དག་ཐམས་ཅད་ཉིད་ལ་དེ་རྣམས་ཀྱིས་མཆོད་པར་བྱས་པ་སྟེ། དབང་བསྐུར་བའི་དུས་སུ་ཉེ་བར་མཚོན་པའོ། །སྤྱན་ལ་སོགས་པ་ཞེས་པ་ནི་སངས་རྒྱས་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་ཏེ་རིམ་པ་བཞིན་དུ་དཀར་བ་དང༌། སྔོ་བ་དང༌། དམར་བ་དང༌། སེར་བ་སྟེ། འཁོར་ལོ་དང་། ཨུཏྤལ་དམར་པོ་དང༌། པདྨ་དང༌། ཨུཏྤལ་སེར་པོ་འཛིན་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེའི་གླུ་དང༌། བསྟོད་པ་བྱེད་པ་དག་ཏུ་བལྟ་བར་བྱའོ། །དེ་ཡང་ཀོ་ལླ་ཨི་རེ་ཊྛི་ཞེས་པ་ལ་སོགས་པ་རྡོ་རྗེའི་གླུ་འཆད་པར་འགྱུར་བས་སོ། །སྤྱི་བོར་ཞེས་པ་ནི་སྤྱི་བོའི་རྣམ་གྲངས་ནི་སྤྱི་བོའི་སྐྲར་གནས་པའོ། །རང་གི་རིགས་ཞེས་པ་ནི་མི་བསྐྱོད་པའོ། །འདིས་ནི་ཞེས་པ་ནི་ཧེ་རུ་ཀ་སྟེ། རྣམ་པར་དབྱེ་བ་མ་བྱས་པར་རོ། །རྫོགས་པ་ཉིད་ནི་ཡན་ལག་བཞིའི་རྣལ་འབྱོར་གྱིས་རྫོགས་པའི་དོན་ཏོ། །དེ་ལ་བསྙེན་པའི་ཧེ་རུ་ཀ་བསྐྱེད་པ་ཙམ་མོ། །ཉེ་བར་བསྒྲུབ་པ་ནི་མིག་ལ་སོགས་པ་བྱིན་གྱིས་བརླབ་པའོ། །སྒྲུབ་པ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའོ། །སྒྲུབ་པ་ཆེན་པོ་ནི་དབང་བསྐུར་བའོ། །དེ་རྣམས་ཀྱི་འབྲས་བུ་ཆུང་དུ་དང༌། འབྲིང་པོ་ལ་སོགས་པའི་དབྱེ་བ་ནི་སྐབས་སུ་བཤད་པར་བྱའོ། །ཐུན་གསུམ་དུ་བྱིན་གྱིས་བརླབ་པའི་སྒོམ་པ་རྣམ་པར་བསྒོམས་ནས་ལངས་


DTG002_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཞེས་བྱ་བ་ལ་ཐུན་གསུམ་དུ་སྟེ། བྱིན་གྱིས་བརླབས་པ་ནི་ལྷ་རྣམས་སུ་རྣམ་པར་དགོད་པའོ། །དེ་རྣམས་ཀྱི་སྒོམ་པ་ནི་གོམས་པའོ། །དེའི་སྒོམ་པ་ནི་ཆོ་གའོ། །ལངས་པ་ནི་རྣལ་འབྱོར་གྱིས་གནས་པའོ། །ཐུན་དང་བསྒོམས་པའི་ཕྱི་རོལ་གྱི་བྱ་བ་གསུངས་པ། ལྷའི་ཞེས་བྱ་བ་ལ་སོགས་པ་ལ། ལྷའི་གཟུགས་ནི་འདུག་པ་དང༌། ཟ་བ་དང༌། ཉལ་བ་ལ་སོགས་པ་རྣམས་སུ་ལྷའི་ང་རྒྱལ་གྱིས་ཡུལ་རྣམས་ལ་ལྷའི་གཟུགས་སུ་ཉེ་བར་ལོངས་སྤྱོད་པའི་རྣལ་འབྱོར་གྱིས་ངེས་པ་ཉིད་དོ་ཞེས་དགོངས་སོ། །དེ་དག་ཀྱང་དེ་དང་དེར་འཆད་པར་འགྱུར་རོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ་ལས། ལྷ་དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། །།

ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུ།


DTG002_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བདག་གི་དེ་ཁོ་ན་ཉིད་ལ་སོགས་པ་དེ་ཁོ་ན་ཉིད་བཞི་པོ་མདོར་བསྟན་པ་རྒྱས་པར་བཤད་པ་གསུངས་པ། ད་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་ལྷ་རྣམས་རྫོགས་པའི་རྗེས་ལ་སྟེ། གང་གི་ཕྱིར་ལྷ་རྣམས་དེ་ཁོ་ན་ཉིད་དུ་རིག་ཅིང་བསྒོམས་ནས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བས་སོ། །དེ་ཁོ་ན་ཉིད་ཅེས་པ་ནི་དེ་ཁོ་ན་ཉིད་རྣམ་པ་བཞིའོ། །དེ་ལ་ཡུལ་རྣམས་སྐྱེས་པ་དེའི་ཚེ་དེའི་རྣམ་པར་ཤེས་པ་དང་ཕུང་པོ་ལྔ་རྣམས་སོ། །དེ་རྣམས་ཀྱི་བདག་ཉིད་ནི་རང་བཞིན་ཏེ། གཅིག་དང་དུ་མ་ལ་སོགས་པའི་མཚན་ཉིད་དོ། །དེའི་དེ་ཁོ་ན་ཉིད་ནི་བདག་མེད་པའི་རང་བཞིན་ཏེ། དངོས་པོ་མེད་པ་ཞེས་བྱ་བའི་བར་དུའོ། །དེ་ཡང་གསུངས་པ། ངེས་པར་དངོས་པོ་ཐམས་ཅད་ནི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཡང་ན་ཡུལ་ལ་སོགས་པ་རྣམས་ཀྱི་བདག་ཉིད་དུ་ངེས་པའི་དབང་པོ་ནི་འཛིན་པའི་རང་བཞིན་ནོ། །དེས་ན་ངེས་པར་འགྱུར་བའི་རྟེན་དང༌། བརྟེན་པར་ངེས་ཤིང་དམིགས་པ་རྣམས་ཏེ། ཕུང་པོ་ལྔ་རྣམས་སོ། །དེའི་བདག་ཉིད་ནི་རང་གི་མཚན་ཉིད་དོ། །དེ་སྐད་དུ་ཡང་གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་དོ། །ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་དོ། །འདུ་ཤེས་ནི་མཚན་མར་འཛིན་པའི་མཚན་ཉིད་དོ། །འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དོ། །རྣམ་པར་ཤེས་པ་ནི་ཡུལ་གྱི་རྣམ་པར་ཤེས་པའི་མཚན་ཉིད་དོ་ཞེས་པའོ། །དེ་དག་གི་དེ་ཁོ་ན་ཉིད་ནི་སྔར་གྱི་བཞིན་ནོ། །དེ་ཉིད་ཀྱང་གསུངས་


DTG002_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ངོ་བོས་ཞེས་བྱ་བ་ལ་སོགས་པ་ལ་ངོ་བོས་ནི་གཉུག་མའི་བདག་ཉིད་དོ། །དེ་ལ་མེད་ཅེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་བརྟགས་པའི་གཅིག་དང་དུ་མའི་མཚན་ཉིད་དུ་ཡོད་པ་མ་ཡིན་པའོ། །ངོ་བོ་ཉིད་ཀྱིས་ཞེས་པ་ནི་གོང་ནས་གོང་དུ་ཡང་ངོ༌། །ཅིས་ཤེ་ན་གསུངས་པ། གཟུགས་ཞེས་པ་སྟེ། དཀར་པོ་དང༌། སེར་པོ་ལ་སོགས་པ་དང༌། རིང་པོ་དང༌། ཐུང་དུ་ལ་སོགས་པའི་མཚན་ཉིད་ནི་གཅིག་པ་ཉིད་ལ་སོགས་པའི་ཚད་མས་གནོད་པས་ན་ཡོད་པ་མ་ཡིན་པའོ། །ཡང་ན་རང་ཉིད་ཀྱིས་རང་བཞིན་གྱི་གནས་རྟག་པ་ཉིད་དུ་ཡོད་པ་མ་ཡིན་ཏེ། བདག་མེད་པའི་དེ་ཉིད་ཀྱིས་གཟུགས་ལ་སོགས་པའི་བདག་ཉིད་ཅན་གྱི་མཚན་ཉིད་དེ། གང་གི་ཕྱིར་བདག་མེད་པར་མཐོང་བས་གཅིག་པ་ལ་སོགས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཇི་ལྟ་ཇི་ལྟར་དེ་ཁོ་ན་ཉིད་གཉི་ག་ཡང་བདག་མེད་པ་ཙམ་གྱི་རང་བཞིན་དུ་གནས་པའོ། །གལ་ཏེ་གཟུགས་ལ་སོགས་པའི་ཡུལ་རྣམས་ནི་མེད་དུ་ཆུག་ན་དེ་བཞིན་དུ་ཡང་མིག་ལ་སོགས་པའི་དབང་པོ་དང༌། དེའི་རྣམ་པར་ཤེས་པ་ལ་སོགས་པ་ནི་ཡོད་དམ་ཞེ་ན། །གསུངས་པ། མཐོང་བ་པོ་མེད་ཅེས་པ་ལ་མཐོང་བ་ནི་ལྟ་བ་པོ་མིག་སྟེ། གང་གི་མིག་གིས་བལྟ་བ་པོ། །ཞེས་བརྟགས་པ་དེ་དེའི་བདག་ཉིད་དུ་མ་སྐྱེས་པའོ། །འང་གི་ཚིག་ནི་དེའི་རྣམ་པར་ཤེས་པ་ཡང་སྟེ། དེ་གཉིས་ཀ་ཡང་ཡོད་པ་མ་ཡིན་པ་ནི་ཚད་མས་གནོད་པ་མ་ཡིན་པའི་ཕྱིར་རོ། །དེའི་ལུང་གིས་གནོད་པ་བསྟན་པ་ནི། །ཇི་ལྟར་མེ་ལོང་གཟུགས་བརྙན་ལ། །མཐོང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་དང་དངོས་མེད་ཀྱང༌། །གཅིག་དང་དུ་མ་རྣམ་པར་སྤངས། །ཞེས་པ་ཡང་སྟེ། ལུང་གཞན་ལས་ཀྱང་ངོ༌། །དེའི་ཕྱིར་གཟུགས་ལ་སོགས་པ་མེད་པ་ནས་སྒྲ་དང་དྲི་ལ་སོགས་པ་མེད་པའོ། །དེ་བཞིན་དུ་སྒྲ་དང༌། རྣ་བ་དང༌། དེའི་རྣམ་པར་ཤེས་པ་ཡང་ངོ༌། །ཐོས་པ་པོ་ཞེས་པ་ནི་རྣ་བའི་དབང་པོའོ། །སྣོམ་པ་པོ་ཞེས་པ་ནི་སྣའི་དབང་པོའོ། །མྱོང་བ་པོ་ཞེས་པ་ནི་ལྕེའི་དབང་པོའོ། །རེག་པ་པོ་ཞེས་པ་ནི་རེག་པར་སྦྱོར་བའི་ཆོས། རེག་པ་པོ་སྟེ་ལུས་ཀྱི་དབང་པོའོ། །སེམས་ཞེས་པ་ནི་ཡིད་ཀྱི་དབང་པོའོ། །སེམས་ལས་བྱུང་བ་ཞེས་པ་ནི་བདེ་བ་ལ་སོགས་པའོ། །ཐམས་ཅད་ལ་ཡང་དང་འང་གི་སྒྲ་


DTG002_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་ཇི་ལྟར་རང་རང་གི་རྣམ་པར་ཤེས་པ་ཡང་འགོག་པར་བྱེད་པའོ། །ཡང་ན་ངེས་པའི་དབང་པོས་གཟུང་བ་ལ་སོགས་པའི་ཚུལ་གྱིས་ན་གཟུགས་ལ་སོགས་པ་ཡོད་པ་མ་ཡིན་པ་ཉིད་དེ། དངོས་པོ་མེད་པའི་ཕྱིར་རོ། །དེས་ན་ཡང་བདག་མེད་པ་འབའ་ཞིག་ཏུ་གནས་སོ། །དེ་ནི་བདག་མེད་པ་ཞེས་བྱ་བའི་དེ་ཁོ་ན་ཉིད་དང༌། ལྷ་རྣམས་ཀྱི་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རྣམ་པར་དག་པ་བསྒོམ་པ་རྣམས་ལ་ཟག་པ་མེད་པའི་བདེ་བ་ཆེན་པོ་འགྲུབ་པ་ཡིན་ནོ། །འོ་ན་གང་གི་ཚེ་བསྒོམ་པར་བྱ་བ་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་པ་དེ་མངོན་དུ་བྱ་བ་ནི་དེ་དང་འདྲ་བ་ཡིན་པ་དང༌། ལ་ལ་དག་ནི་རྟོགས་ནས་བསྒོམ་པར་བྱ་བ་ཡིན་ནམ། ལ་ལ་དག་ཀྱང་ལྷན་ཅིག་སྐྱེས་པ་དེ་བསྒོམ་པས་མངོན་སུམ་དུ་བྱ་བར་འདོད་པ་ཡང་དེ་ཁོ་ན་ཉིད་མཐོང་ཞིང་མངོན་སུམ་དུ་རྟོགས་ནས་བསྒོམ་པར་བྱའོ། །དེའི་ཕྱིར་དེ་དང་འདྲ་བ་ཞིག་མངོན་སུམ་དུ་བྱེད་ཅིང་རྟོགས་པར་བྱའོ་ཞེ་ན། གསུངས་པ། སྐྱེད་བྱེད་ཅེས་བྱ་བ་ལ་སོགས་པ་ལ་འདིར་བུ་མོ་ཞེས་པ་ཡང་ཤེས་པར་བྱ་སྟེ། དེ་ལ་བུ་མོ་ནི་འཆད་པར་འགྱུར་བའི་ངག་ལས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་སྦྱོར་བའོ། །རྟག་ཏུ་ཞེས་པ་ནི་འཁོར་བ་མཐས་གཏུག་པར་རོ། །སྐྱེད་བྱེད་མ་ལ་སོགས་པའི་སྒྲས་བསྒོམ་པ་རྟོགས་པ་ནི་སྒྲ་ཇི་བཞིན་པའི་དོན་ཏོ། །ཡང་འཆད་པར་འགྱུར་ཏེ། ཕྲག་དོག་ཁྲོ་བ་རྣམ་སྤངས་པའི། །སློབ་མ་ཆེར་འགྱུར་ཤེས་ནས་ནི། །ཞེས་པའོ། །བྲམ་ཟེ་མོས་ནི་རྒྱལ་རིགས་དང༌། རྗེའུ་རིགས་ཀྱང་ཉེ་བར་མཚོན་པ་ལས་སོ། །ཧེ་བཛྲ་ཞེས་བྱ་བ་ལ་སོགས་པ་ལ་རིགས་རྣམ་པ་ལྔའི་ཆ་དག་ལས། གཙོ་བོའི་དབང་དུ་བྱས་པ་ནི་རང་ཉིད་ཀྱི་ལྷའི་གཟུགས་སུ་རྫོགས་པ་རྡོ་རྗེ་དང་པོར་བྱས་པས་སོ། །མཆོད་པ་ནི་ཡང་དག་པའི་སྦྱོར་བའི་མཆོད་པ་བྱེད་པས་སོ། །བུ་མོ་ཡང་ཐོས་པ་དང་ལྡན་པ་དང་སྙིང་རྗེ་དང་ལྡན་པ་རྣམས་ཏེ་གཞན་དག་ནི་མ་ཡིན་ནོ་ཞེས་དགོངས་སོ། །དེ་ཉིད་ཀྱང་འཆད་པར་བྱེད་དེ། ཤེས་རབ་གདོང་ཡང་བཅིངས་པ་དང༌། །ཐབས་ཀྱི་གདོང་ཡང་དེ་བཞིན་ནོ། །ཞེས་པའོ། །དེ་ལྟར་ན་སྐྱེད་བྱེད་མ་ལ་སོགས་པས་ནི་དགེ་བ་དང་བྲལ་ལོ་ཞེ་ན། གསུངས་པ། དེ་ཉིད་རིག་པའམ་སྡུག་པ་ཞེས་པ་སྟེ་དེ་ཁོ་


DTG002_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཁྱེན་པའོ། །དེ་ཁོ་ན་ཉིད་ལ་འདོད་པས་ཀུན་ལ་ཆགས་པར་ནུས་ཞེས་པའི་དོན་ཏོ། །སྔོན་དུ་དགེ་བ་བཅུ་ལ་སོགས་པ་དང༌། ལུང་ལ་སོགས་པའི་བྱ་བའི་ཚོགས་ལ་སོགས་པ་དུ་མས་སློབ་མ་འདུས་བྱས་ལ་ཆུ་ལ་སོགས་པ་ནས་སློབ་དཔོན་གྱི་དབང་བསྐུར་བ་སྦྱིན་པའི་བར་དུ་སྔོན་དུ་འགྲོ་བ་ཅན་གྱིས་རྒྱུད་འདིར་བཤད་པ་སྟེ། དེའི་དོན་དུ་བཤད་པའོ། །ཡང་བདག་མེད་མ་བཤད་པ་ནི་ལྷན་ཅིག་སྐྱེས་པ་དང་འབྲེལ་པ་གང་གི་རྣམ་པ་བསྟན་པ་ནི། ལྷན་ཅིག་སྐྱེས་པ་དེ་ཁོ་ན་ཉིད་ལ་འདོད་པ་སྐྱེས་པས་ཤེས་རབ་འདི་རྣམས་ལ་གསང་བ་ལ་སོགས་པའི་དབང་སྦྱིན་པར་བྱའོ། །དེས་ན་གལ་ཏེ་བདག་མེད་མ་ལས་སྐྱེད་བྱེད་མ་ལ་སོགས་པ་འགྲོ་བ་འདི་དག་ཕྱིན་ཅི་ལོག་ཏུ་སྣང་བ་དེ་དག་གོ་ཞེ་ན། སློབ་མ་ཉིད་ལས་རྟོགས་པའམ། དེ་ཡང་རྐྱེན་དུ་བྱེད་པ་སྟེ། གྲོལ་བ་ཉིད་དུ་སྐྱེད་བྱེད་མ་ལ་སོགས་པ་གཟུང་བ་ནི་ལོག་པར་སྣང་བའི་དངོས་པོ་ཡིན་ཡང་བསྟན་པ་ལས་རྟོགས་པའི་རྒྱུའོ་ཞེས་དགོངས་སོ། །མཆོད་པ་གདོན་མི་ཟ་བར་བྱ་བ་ཡིན་པས་ན་གསུངས་པ། བསྟན་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་དག་ནི་སྒྲུབ་པ་པོས་ཇི་ལྟར་རྙེད་པ་དེ་དག་ཏུ་གྱུར་པ་བསྟེན་པར་བྱ་བའོ། །ཇི་ལྟར་ཞེ་ན། གསུངས་པ། རབ་ཏུ་འབད་ཅེས་པ་དེ་རབ་ཏུ་འབད་པ་ཉིད་ནི་དེ་ལྟ་བུ་འདིས་བྱ་བ་སྟེ། གཞན་དུ་ན་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་མི་འགྱུར་བ་སྟེ། ཅི་ལྷན་ཅིག་སྐྱེས་པའི་རང་བཞིན་དང༌། བདག་མེད་མ་ཡང་ཇི་ལྟ་བུ་མངོན་སུམ་དུ་ཤེས་པར་མི་ནུས་པའོ། །དེ་དག་ནི་གང་གི་ཕྱིར་ཤེས་རབ་མས་མ་གཏོགས་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ནམ། བདག་མེད་མ་ཡང་རུང་སྟེ། མངོན་སུམ་དུ་རྟོགས་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །གལ་ཏེ་ཡང་སྒྲུབ་པ་པོ་དང་འདྲ་བ་མ་ཡིན་པར་གྱུར་ན་ནི་ཇི་ལྟར་བསྟེན་པར་བྱ་ཞེ་ན། གསུངས་པ། ཇི་ལྟར་དབྱེ་བ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་དེ་རྣམས་ནི་སྒྲུབ་པ་པོ་དང་དབྱེ་བར་མི་འགྱུར་བ་སྟེ། དེ་ཡང་མི་འདྲ་བ་ནི་དམ་ཚིག་དང༌། སྡོམ་པ་ལ་གནས་པ་ལ་སོགས་པ་མི་མཐུན་པ་མ་ཡིན་པ་དག་དེ་བཞིན་དུ་བསྟེན་པར་བྱའོ། །རྟག་ཏུ་མཆོད་པར་བྱེད་པར་འདོད་པས་དམ་ཚིག་དང་སྡོམ་པ་ལ་གནས་པ་རྟག་ཏུ་བསྟེན་པར་བྱའོ་ཞེས་དགོངས་སོ། །བསྟེན་


DTG002_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཤིན་ཏུ་གསང་བར་བྱ་བ་ཡིན་པས་ན་གསུངས་པ། ཤིན་ཏུ་གསང་བ་ཞེས་པ་ནི་ཤུགས་ཏེ། མ་གསང་ཞེས་པ་ནི་མ་གསང་བ་ལས་སྡུག་བསྔལ་བར་བྱེད་པའོ། །ཅིས་ཤེ་ན། གསུངས་པ། སྦྲུལ་དང་ཞེས་པ་སྟེ་སྦྲུལ་དང་སྟག་ལ་སོགས་པའོ། །ཆོམ་རྐུན་ནི་ནོར་ལ་སོགས་པ་འཕྲོག་པ་སྟེ། དེ་ཡང་མ་གསང་བ་ལས་སྡུག་བསྔལ་བར་བྱེད་པའོ། །མེ་ཡིས་ཞེས་པ་ནི་ཁྱིམ་ལ་སོགས་པ་ཚིག་པས་སོ། །ས་སྤྱོད་ནི་ས་གཞི་སྟེ། དེ་ཡང་ལྕུག་མ་དང༌། ཁྱིམ་དང༌། ཆུ་ཀླུང་དང༌། རི་ཕུག་དང༌། རྩིག་པ་ལ་སོགས་པ་རལ་བདག་དང་གཡང་ས་དག་ཏུ་གཞན་གྱིས་བསྐུལ་ནས་འགྲོ་ཞིང་དེ་རྣམས་ཀྱིས་དུག་ལ་སོགས་པ་སྟེར་བའོ། །ཡང་ན་སྲིན་པོ་ལ་སོགས་པ་རྣམས་ས་ལ་རྒྱུ་བས་ན་ས་སྤྱོད་དོ། །ཡང་ན་རྒྱལ་པོ་ལ་སོགས་པ་སྟེ། མ་གསང་བ་ལས་སྡུག་བསྔལ་བར་སྟོན་པ་ཡིན་ལ་གསང་ཞིང་མ་སྨྲས་པ་ནི་དངོས་གྲུབ་ཏུ་འགྱུར་བའོ། །ཡང་ན་ཇི་ལྟར་དབྱེ་བར་མི་འགྱུར་ཞེས་པ་ལ་སོགས་པ་ནི་དེ་རྣམས་བརྟེན་པས་ཡེ་ཤེས་ཀྱི་དབྱེ་བ་སྟེ། ཇི་ལྟར་བསྟེན་པའི་ཕ་རོལ་དག་ལས་ཡང་དག་པར་འཕོ་བའི་ཡེ་ཤེས་སྐྱེ་བ་དེ་ལྟར་བསྟེན་པར་བྱ་ཞེས་པའོ། །གསང་བ་ཡིས་ནི་དངོས་གྲུབ་ཡིན་ལ། དེ་ནས་མ་གསང་ན་སྐྱོན་གསུངས་པ། མ་གསང་ཞེས་པ་ལ་སོགས་པའོ། །གང་གི་ཚེ་ལྷན་ཅིག་སྐྱེས་པ་ནི་ཤེས་རབ་ཀྱིས་མཚོན་པ་དེའི་ཚེ་མིག་གི་སྤྱོད་ཡུལ་དུ་བསྐྱེད་པ་མ་ཡིན་ནོ། །ཅི་དེ་དག་ལས་ངེས་པར་སྐྱེད་པར་བྱེད་ཅེ་ན། གསུངས་པ། ཕྱག་རྒྱ་ཞེས་པ་ལ་སོགས་པ་ལ། ཕྱག་རྒྱ་གསུངས་པ་ནི། དེ་ཡང་རིགས་ལྔ་ལས་མ་གཏོགས་པ་ནི་མ་ཡིན་ཞེས་པའི་དོན་ཏོ་ཞེས་བྱ་བའི་སྒྲ་ནི་སྐྱེད་བྱེད་མ་ལ་སོགས་པའོ། །དེ་དག་གིས་ཅིར་འགྱུར་ཞེ་ན་གསུངས་པ། ཐར་པའི་རྒྱུ་ཞེས་པ་ལ་ཐར་པ་ནི་བགྲོད་དང་བགྲོད་མིན་ལ་སོགས་པའི་འཛིན་པ་ལས་གྲོལ་བའོ། །དེ་ཉིད་ཀྱི་རྒྱུར་སྐྱེད་བྱེད་མ་ལ་སོགས་པ་བསྟེན་པ་ངེས་པའིའོ། །ཡང་འཆད་པར་འགྱུར་བ་ཡང༌། བགྲོད་དང་བགྲོད་མིན་ཞེས་པ་ལ་སོགས་པའོ། །ཕྱག་རྒྱ་ཞེས་པའི་སྒྲས་ཇི་ལྟར་མྱུར་དུ་འཇུག་པར་འགྱུར་ཞེ་ན། གསུངས་པ། རྡོ་རྗེ་འདིས་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་ག་བུར་གྱིས་ཏེ། ཡང་དང་ཡང་དུ་


DTG002_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འདེབས་ཤིང་མཚོན་པར་བྱེད་པ་འདིས་ན་ཕྱག་རྒྱའོ། །དེ་ཡང་འདོད་པ་ཅན་རྣམས་ཀྱི་ག་པུར་ཕལ་ཆེ་བར་གྱུར་པ་ལས་སོ། །ཡང་ན་རྡོ་རྗེ་འདིས་ཞེས་པ་ནི་སྟོང་པ་ཉིད་ཀྱིས་ཏེ། དེ་ཡང༌། རྡོ་རྗེ་རྡོ་རྗེ་ཞེས་བརྗོད་པ། །ཉོན་ཅིག་རྡོ་རྗེའི་མཚན་ཉིད་ནི། །ཟླ་བའི་འོད་མཚུངས་དག་པའི་བློ། །རྡོ་རྗེ་ཞེས་ནི་གསུངས་པའོ། །ཞེས་གསུངས་སོ། །རིགས་ཞེས་པ་ནི་མིང་ཅི་ཞེ་ན། གསུངས་པ། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུད་གཞན་ལས་ནི་རིགས་དུ་མ་གཟུང་བ་དེ་དག་ནི་འདོད་པ་མ་ཡིན་པ་འདིས་ན་ལྔའི་གྲངས་སུ་བྱས་པའོ། །རྒྱུན་མི་འཆད་པར་རིགས་གསུམ་པོ་དག་གམ་ཞེ་ན་གསུངས་པ། དམ་པའི་ཞེས་པ་སྟེ། ངེས་པ་ཉིད་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུ་ཡིན་པ་ལས་སོ། །དེ་དག་གི་ཡང་ཁྱད་པར་ནི་སྐྱེད་བྱེད་མ་ལ་སོགས་པའོ། །གལ་ཏེ་འདི་ལྟ་བུ་ནི་འཇིག་རྟེན་པ་དང་འགལ་བའི་ཕྱིར་བསྟན་པར་བྱ་བ་མ་ཡིན་ནོ་ཞེ་ན་གསུངས་པ། སྙིང་རྗེ་ཆེན་པོ་ཞེས་པའོ། །གལ་ཏེ་ཁྱེད་ནི་སྙིང་རྗེ་ཆེན་པོའི་ཡོན་ཏན་མངའ་བ་དེའི་ཚེ་འཇིག་རྟེན་གྱི་རྣམ་པར་གཞག་པ་ལས་འདས་པ་འགྲོ་བ་མ་ལུས་པའི་དོན་ཡོངས་སུ་རྫོགས་པར་བྱེད་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པའི་རིགས་སྐྱེད་བྱེད་མ་ལ་སོགས་པ་རྣམས་ཁྱེད་ཀྱིས་བསྟན་པ་ནི་རྗེས་སུ་མཐུན་པའམ་རིགས་སོ་ཞེ་ན། གསུངས་པ། གང་གི་ཕྱིར་སྔགས་ཀྱི་གཞུང་གིས། འཇིག་རྟེན་པའི་སྤྱོད་པའི་ལུགས་ལས་ཤིན་ཏུ་འདས་པ་ཉིད་ཀྱིས་འགྲུབ་པའོ། །དེ་སྐད་དུ། འཇིག་རྟེན་སྤྱོད་ལས་རྣམ་པར་གྲོལ། །ཅི་གསུངས་དམ་ཚིག་སྡོམ་པ་ལས། །སངས་རྒྱས་ཀུན་ཡང་མི་འདའ་བས། །སྔགས་ཀྱི་སྤྱོད་པ་ཞེས་སུ་བརྗོད། །ཅེས་གསུངས་སོ། །རྒྱུད་གཞན་དག་ལས་མངོན་པར་འདོད་པ་རྣམས་གཟུང་བའི་རྡོ་རྗེ་ལ་སོགས་པའི་རིགས་ཀྱིས་མིང་ལྔ་པོ་རྣམས་གསུངས་པ། རྡོ་རྗེ་གཡུང་མོ་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པར་ངེས་ཞེས་པའོ། །རྒྱུད་འདིར་ནི་ལྔ་ཆར་ཡང་རྡོ་རྗེའི་རིགས་ཡིན་ཞེས་དགོངས་སོ། །གཡུང་མོ་ལ་སོགས་པ་ལྔ་པོ་རྣམས་ཉིད་ཇི་ལྟར་དམ་པ་ཡིན་ཞེ་ན། གསུངས་པ། དེ་བཞིན་ཞེས་བྱ་བ་ལ་སོགས་ཏེ་ཚིགས་སུ་བཅད་པ་འདི་ནི་ཡི་གེ་བཅུ་བདུན་པའོ། །དེ་བཞིན་གཤེགས་པའི་


DTG002_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཇི་ལྟ་བུ་ཞེ་ན། གསུངས་པ། མིང་ཞེས་པ་ནི་མིང་དུ་རབ་ཏུ་གྲུབ་པ་ཞེས་བྱ་སྟེ། མིང་གིས་དངོས་གྲུབ་ངེས་པར་སྟེར། །ཞེས་བྱ་བའི་ཐ་ཚིག་གོ །མིང་ནི་རིགས་ཀྱི་ཁྱད་པར་དག་གིས་སོ། །འདི་རྣམས་ཞེས་པ་ནི་གྲངས་རྣམ་པ་ལྔ་པོས་རིགས་ཀྱི་རྣམ་པར་གཞག་པའོ། །མདོར་བསྡུས་པ་ཞེས་པ་ནི་རིགས་དྲུག་པ་ལ་ལྟོས་ནས་སོ། །གསུངས་པ། དེ་དག་ནི་དེ་བཞིན་གཤེགས་པ་ཉིད་ལ་ཀུན་རྫོབ་ཀྱི་གཟུགས་ཀྱིས་བརྟེན་པའོ། །རིགས་རྣམ་པ་ལྔ་རྣམས་ཀྱིས་དེ་ནས་རིམ་པ་ཇི་ལྟ་བ་བཞིན་དུ་བསྟེན་པ་དག་ལས་དངོས་གྲུབ་སྟེར་ཞེས་པའོ། །དེས་ན་ཡང་རྡོ་རྗེ་ཞེས་པའི་སྒྲས་ནི་མི་བསྐྱོད་པ་དང་གཡུང་མོའོ། །པདྨའི་སྒྲས་ནི་སྣང་བ་མཐའ་ཡས་དང་གར་མའོ། །ལས་ཀྱི་སྒྲས་ནི་དོན་ཡོད་གྲུབ་པ་དང་ཚོས་མའོ། །དེ་བཞིན་གཤེགས་པའི་སྒྲས་ནི་རྣམ་པར་སྣང་མཛད་དང་བྲམ་ཟེ་མའོ། །རིན་པོ་ཆེའི་སྒྲས་ནི་རིན་ཆེན་འབྱུང་ལྡན་དང་གཏུམ་མོའོ། །གཡུང་མོ་ལ་སོགས་པའི་བུ་མོ་རྣམས་ཀྱང་དགོངས་པའི་སྐད་ཀྱིས་ཡང་འཆད་པར་འགྱུར་བ་དང༌། རིགས་ནི་རྣམ་པ་ལྔ་རུ་བརྗོད་ཅེས་པ་དང༌། ཁ་དོག་དབྱེ་བ་སོ་སོ་ཡིན། །ཞེས་པས་ཀྱང་ངོ༌། །དོན་དམ་པར་ནི་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པ་དང༌། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་རིམ་པ་བཞིན་དུ་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པའི་དེ་བཞིན་གཤེགས་པ་རྣམས་སུ་ཤེས་པར་བྱའོ། །དེས་ན་དེ་བཞིན་གཤེགས་པའི་རང་བཞིན་ལས་མཆོག་ཏུ་གྱུར་པ་དག་གོ །དེ་བཞིན་གཤེགས་པའི་སྒྲས་ནི་ཇི་ལྟར་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ལ་རབ་ཏུ་འཇུག་པ་དེ་བཞིན་དུ་གསུངས་པ། དེ་བཞིན་ཉིད་ཅེས་ཀྱང་གསུངས་ཏེ། དེ་བཞིན་ཉིད་ནི་སྟོང་པ་ཉིད་དང༌། བདག་མེད་པ་དང༌། ཡང་དག་པའི་མཐའི་ཞེས་པ་དོན་གཞན་མ་ཡིན་པའོ། །དེ་སྐད་དུ་ཡང་སྟོང་པ་ཉིད་དང༌། གསོག་མ་ཡིན་པ་དང༌། ཆད་པ་མ་ཡིན་པ་དང༌། སྙིང་པོ་མེད་པ་མ་ཡིན་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པ་དང༌། གཞན་མ་ཡིན་པ་ཉིད་དང༌། ཆོས་


DTG002_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་གསུངས་ཏེ། དེ་དག་ནི་ཐུན་མོང་དུ་གྱུར་པའོ། །གཤེགས་པ་ནི་འགོག་པ་སྟེ། སྒྱུ་མ་ལྟ་བུར་གྱུར་པ་ལས་སོ། །དཔལ་ལྡན་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པས་སོ། །དེ་བཞིན་སླར་ཡང་གཤེགས་པ་ཞེས་པ་ལ་སླར་གཤེགས་པ་ནི་འབྱུང་བའོ། །དེ་བཞིན་ནི་དེ་བཞིན་ཉིད་དེ། སྒྱུ་མ་ལྟ་བུ་ལས་སོ། །སྐྱེ་བ་དང་འགག་པ་ནི་ཀུན་རྫོབ་ཏུ་སྟེ་དེ་བཞིན་ཉིད་དུ་གནས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ། སྟོང་པ་འདིས་ན་དེ་བཞིན་གཤེགས་པའོ། །དེ་སྐད་དུ་ཡང༌། འདི་རྣམས་ནི་ཆོས་རྣམས་ཀྱི་རང་བཞིན་དུ་གནས་པའོ་ཞེས་གསུངས་སོ། །ཡང་ན་དེ་བཞིན་ཉིད་དུ་གཤེགས་པ་ཞེས་པ་ནི་དེ་བཞིན་ཉིད་དུ་གནས་པ་སྟེ། ཆོས་ཀྱི་སྐུའི་རང་བཞིན་ནི། །ཞེས་པའི་དོན་ཏོ། །སླར་ཡང་གཤེགས་ཞེས་པ་ནི་སླར་འབྱུང་ཞིང་སྐྱེས་པ་དང༌། སྒྱུ་མ་ལྟ་བུར་བསྟན་པ་སྟེ་སྤྲུལ་པའི་སྐུའི་རང་བཞིན་ནོ། །དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ཉིད་གསུངས་པ། འདི་ཡིས་ནི་ཞེས་པ་ལ་སོགས་པ་ལ་གོང་དུ་གསུངས་པའི་ཤེས་རབ་ཀྱིས་བཀོད་པ་དང་ལྡན་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྦྱོར་བ་ལས། དེ་བཞིན་གཤེགས་པ་ཞེས་མངོན་པར་བརྗོད་དོ། །དེ་ལྟ་བུའི་དོན་མཛད་ཅིང་འཆད་པ་དང་ལྡན་པས་དེ་བཞིན་གཤེགས་པར་མངོན་པར་བརྗོད་དོ་ཞེས་དགོངས་སོ། །ཡང་ན་ཤེས་རབ་ཅེས་པ་ནི་དེ་བཞིན་ཉིད་ཡོངས་སུ་ཤེས་པའོ། དེ་ཉིད་ཇི་ལྟ་བུ་ཞེ་ན། གསུངས་པ། རིགས་པ་ཞེས་པ་སྟེ་གཟུང་བ་ལ་སོགས་པ་རྣམས་ཚད་མས་འགོག་པར་བྱེད་པའི་ཕྱིར་ཞེས་པའོ། །གང་ལ་ལྟོས་ནས་མདོར་བསྡུས་པ་ཞེན། གསུངས་པ། རིགས་ནི་ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་བཅུག་པས་ན་རྣམ་པ་དྲུག་གོ །བརྗོད་ཅེས་པ་ནི་དེ་བཞིན་གཤེགས་པ་རྣམས་སོ། །རིགས་དྲུག་པ་ལ་ལྟོས་ནས་རིགས་རྣམ་པ་ལྔའོ་ཞེས་གསུངས་པ་མདོར་བསྡུས་པས་ནི་རྣམ་པ་ལྔ་ཞེས་པའོ། །རིགས་རྣམ་པ་ལྔ་ལ་ལྟོས་ནས་རིགས་རྣམ་པ་གསུམ་ཞེས་བྱ་སྟེ། དེ་གཉིས་གསུངས་པ། ཕྱི་ནས་ཞེས་བྱ་བ་ལ་སོགས་པ་ལ། གསུམ་ཞེས་པ་ནི་རྣམ་པ་


DTG002_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ། སྐུ་ལ་སོགས་པའི་རང་བཞིན་རྣམ་པ་གསུམ་གྱིས་སོ། །དབྱེ་བ་ཡིས་ཞེས་པ་ནི་སོ་སོར་གྱུར་པས་སོ། །དེ་ཡང་རིན་ཆེན་འབྱུང་ལྡན་དང༌། དོན་ཡོད་གྲུབ་པ་དང༌། རྡོ་རྗེ་སེམས་དཔའ་རྣམས་ནི་ཐུགས་ཀྱི་ཁོངས་སུ་གཏོགས་པའོ། །རིགས་གསུམ་པོ་དག་ལ་ལྟོས་ནས་རིགས་གཅིག་ཏུ་བསྡུ་བར་བལྟ་བར་བྱ་སྟེ། སྐུ་དང་གསུང་ཡང་ཐུགས་ཀྱི་ཁོངས་སུ་གཏོགས་པས་སོ། །དེ་ཡང་འཆད་པར་འགྱུར་ཏེ། མི་བསྐྱོད་ཞེ་སྡང་གཟུགས་ཅན་གྱིས། །ཐུགས་ཀྱི་བདག་པོ་རིགས་གཅིག་པ། །ཞེས་པའོ། །རིགས་དྲུག་པ་ལ་ལྟོས་པའི་རིགས་རྣམས་ཇི་ལྟར་འགྱུར་ཞེ་ན། གསུངས་པ། རིགས་དང་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བ་ཡང་ཡིན་ལ། ལྔ་ཡང་ཡིན་པས་ན་འབྱུང་བ་ལྔ་སྟེ། དེ་རྣམས་ནི་རིགས་སོ། །དེ་ཡང་འཆད་པར་འགྱུར་ཏེ། བོ་ལ་ཀ་ཀྐོ་ལ་སྦྱོར་བས། །རེག་པ་སྲ་བའི་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །ཅེས་བྱ་བ་ལ་སོགས་པའོ།། །ཡང་ན་འབྱུང་བ་ལྔ་ཞེས་བྱ་བ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་དང༌། རིམ་པ་བཞིན་དུ་གཟུགས་ལ་སོགས་པ་དང༌། ཕུང་པོ་ལྔའི་རང་བཞིན་དང༌། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔ་པོ་རྣམས་སོ། །དེ་སྐད་དུ་ཡང༌། ཕུང་པོ་ལྔ་ནི་མདོར་བསྡུས་ན། སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །འོ་ན་རིགས་ཀྱི་སྒྲས་ནི་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་འཇུག་ཅེ་ན། འདི་ཡིས་ཞེས་པ་ལ་སོགས་པ་གསུངས་སོ། །རིགས་དང་བགྲང་བྱ་ཞེས་བྱ་བ་ནི་གྲངས་སམ། བགྲང་བྱ་ཞེས་པས་ན་རིགས་སོ། །འདི་ཡིས་ནི་ཞེས་བྱ་བ་ནི་འགོད་པ་དག་གིས་སོ་ཞེས་བྱ་བའི་སྒྲ་ནི་དོན་ཇི་ལྟ་བར་རྟོགས་པའོ། །རིགས་ཀྱི་སྒྲས་ནི་དེ་བཞིན་གཤེགས་པའི་དགོད་པ་ལ་ཐུན་མོང་དུ་རབ་ཏུ་འཇུག་པའོ། །གཞན་དུ་ནི་ཇི་ལྟ་བ་དེ་ལྟ་བུའོ་ཞེས་དགོངས་སོ། །ཡང་བགྲང་བྱ་ནི་གཙོ་བོ་དག་ལས་ཏེ། བགྲང་བྱ་གཙོ་བོ་དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་དུ་འགྲོ་བ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། དེས་ན་ཡང་འདིས་ནི་ཞེས་པ་ནི་རང་བཞིན་དགོད་པ་འདིས་དེ་བཞིན་གཤེགས་པའི་ཚོགས་ལ་རིགས་ཞེས་མངོན་པར་བརྗོད་པར་བྱ་ཞེས་སྦྱར་རོ། །ཡང་ན་ཞེས་


DTG002_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲ་ནི་རིགས་དང་བགྲང་བྱ་འདི་ཡིས་ནི། །ཞེས་པར་འབྲེལ་ཏོ། །རིགས་རྣམས་ནི་དེ་བཞིན་གཤེགས་པ་རྣམ་པ་ལྔ་པོ་དེ་དག་གི་བདག་ཉིད་དོ། །དེ་བཞིན་དུ་ཕུང་པོ་དང་ལུས་ནས་བརྩམས་པ་དེས་ཀྱང་རིགས་སུ་ཤེས་པར་བྱའོ། །ད་ནི་སྔགས་དང་ལྷའི་དེ་ཁོ་ན་ཉིད་ཅི་ཞེ་ན། གསུངས་པ། མེད་ཅེས་བྱ་བ་ལ་སོགས་པ་ལ། སྒོམ་པ་པོ་མེད་ཅེས་བྱ་བ་ནི་རྣམ་པར་དབྱེ་བའི་ཆ་མེད་པར་བསྟན་པའོ། །སྒོམ་པ་ནི་གོམས་པར་བྱེད་པ་སྟེ། དེ་མ་གྲུབ་པས་ན་སྒོམ་པ་པོ་དང༌། བསྒོམ་པར་བྱ་བའི་དོན་ཀྱང་མེད་པའོ། །གཉིས་པོ་མ་གྲུབ་པས་བསྒོམ་པར་ལྡན་པར་ཡང་མེད་དོ། །དེས་ན་ཤུགས་ཀྱིས་སྔགས་དང་ལྷ་གཉིས་པོ་ཡང་མེད་པས་བསྒོམ་པ་མ་གྲུབ་པའོ་ཞེས་པ་འདི་ནི་ཡི་གེ་བཅུ་བདུན་པའི་ཚིགས་སུ་བཅད་པ་ཕྱེད་དོ། །འོ་ན་གང་གི་ཕྱིར་རྫོགས་པའི་བྱང་ཆུབ་ཏུ་ཇི་ལྟར་འགྱུར་ཞེ་ན། གསུངས་པ། ཡང་དག་གནས་ཞེས་བྱ་བ་ལ་སོགས་པ་ལ། ལྷ་ནི་ལྷ་རྣམས་སོ། །དེས་ན་སྔགས་དང་ལྷ་རྣམས་ཡང་དག་པར་གནས་པའོ། །ཇི་ལྟར་གྲོལ་ཞེ་ན། སྤྲོས་པ་མེད་ཅེས་བྱ་བ་ལ་སྤྲོས་པ་ནི་གཟུང་བ་ལ་སོགས་པའི་རང་བཞིན་ནོ། །གང་གི་ཕྱིར་དེ་ལྟ་བུའི་རང་བཞིན་ནི་གཟུང་བ་ལ་སོགས་པ་སྟེ། དེ་བཞིན་དུ་དེ་དག་གིས་སྟོང་པ་ནི་རང་བཞིན་ཏེ། དེ་དག་གི་བདག་ཉིད་དུ་ཡང་དག་པར་གནས་ཞེས་པའོ། །དེ་ཡང་བསུབ་ཅིང་བསྒྱུར་བ་ལས་ལྔ་པ་བཞིན་ནོ། །རང་བཞིན་མེད་པ་དང་ལྡན་པའི་ལྷ་ལ་སོགས་པ་བསྒོམ་པའི་དབང་དུ་བྱས་ནས་རྫོགས་པའི་བྱང་ཆུབ་ཏུ་འགྱུར་ཞེས་དགོངས་སོ། །ལྷ་རྣམས་ནི་གང་དག་ཅེ་ན། གསུངས་པ། རྣམ་སྣང་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །དཔག་མེད་ནི་སྣང་བ་མཐའ་ཡས་སོ། །སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ནི་རིགས་དྲུག་པོ་དག་ཀྱང་བསྟན་ཏོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ནི་རིགས་ལྔ་དང༌། དྲུག་དང༌། གསུམ་ལས་གཞན་པའི་རང་བཞིན་དུ་མི་གནས་པ་སྟེ། དེའི་བདག་ཉིད་དུ་གྱུར་པའི་ཕྱིར་རོ། །ད་ནི་ཧེ་རུ་ཀ་ལ་སོགས་པའི་མིང་གིས་མི་སྟོན་གྱིས་ཀྱང་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་སྒོས་འདི་རྣམས་མིང་གཞན་དག་གིས་བསྟན་པའི་དོན་དུ་གསུངས་པ། ཚངས་པ་ཞེས་བྱ་བ་ལ་


DTG002_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ་གང་ཅུང་ཟད་འཕེལ་བར་བྱེད་ཅིང་སྐྱེད་པར་བྱེད་པའི་གཞིར་གྱུར་པས་ན་ཚངས་པ་ཞེས་བྱའོ། །དེས་ན་གསུངས་པ། སྒྲིབ་བྲལ་ཞེས་པ་སྟེ། སྒྲིབ་པ་དང་བྲལ་བར་བྱེད་ཅིང་རྫོགས་པའོ། །དེ་ནས་སྐྱེད་པར་བྱེད་པས་ན་ཚངས་པའོ། །ཅི་ཞེ་ན། གསུངས་པ་སངས་རྒྱས་ཞེས་པ་སྟེ། དངོས་པོའི་དེ་ཁོ་ན་ཉིད་རྟོགས་པས་ན་སངས་རྒྱས་སོ། །དེ་ཡང་རྣམ་པར་སྣང་མཛད་ཅེས་པ་འདིས་ཏེ། སངས་རྒྱས་ཞེས་པའི་ཁྱད་པར་གྱི་ཚིག་གོང་ནས་གོང་དུ་སྦྱར་བར་བྱའོ། །དེ་ནས་ཁྱབ་འཇུག་ནི་ཁྱད་པར་དང༌། སྟོན་པ་ཞེས་པའི་ཚིག་ལས་ས་ཡིག་ཏུ་བྱས་ནས་སོ། །དེ་ཡང་གཟུང་བ་ལ་སོགས་པ་འཇོམས་པའི་མཚན་ཉིད་ཅན་ཏེ། དེས་ན་ཁྱབ་འཇུག་ནི་སངས་རྒྱས་མི་བསྐྱོད་པའོ། །ཞི་བ་ནི་སངས་རྒྱས་སྣང་བ་མཐའ་ཡས་སོ། །ཅི་ཞེ་ན། ཤིན་ཏུ་བཟང་བ་དང༌། དགེ་བ་དང་རྣམ་པར་དག་པའི་ཕྱིར་རོ། །དེའི་བདག་ཉིད་དུ་གྱུར་པ་ནི། ཞི་བ་ཞེས་བྱ་བར་དགོངས་སོ། །ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཀུན་གྱི་བདག་ཉིད་ཀྱི་རང་བཞིན་དུ་མཉམ་པར་གནས་པས་ན་ཐམས་ཅད་ཅེས་པ་ནི་སངས་རྒྱས་རིན་ཆེན་འབྱུང་ལྡན་ནོ། །རྟག་ཏུ་ཞེས་པ་ནི་ཟག་པ་མེད་པའི་བདེ་བའོ། །དམ་པའི་བདེ་བ་ནི་འདི་ཉིད་ཤིན་ཏུ་བཟང་བ་དང༌། གསལ་ཞིང་བཟང་བར་གྱུར་པའི་ཚེ་ནའོ། །དེའི་རང་བཞིན་ནི་དམ་པའི་བདེ་བའོ། །དེས་ན་དེ་ཉིད་ཅེས་པ་ནི་སངས་རྒྱས་རྡོ་རྗེ་སེམས་དཔའོ། །དེ་སྐད་དུ་ཡང༌། སངས་རྒྱས་རྡོ་རྗེ་འཛིན་པར་བརྗོད། །ཅེས་གསུངས་སོ། །རྣམ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་ཞེས་པ་ནི་སྤྲུལ་པ་སྟེ། དགའ་བ་ཞེས་པ་དང༌། རོལ་པ་ཞེས་བྱ་བ་འདིས་སོ། །དེའི་སྟོང་པ་ལ་སོགས་པའི་རང་བཞིན་གྱི་ཡེ་ཤེས་ནི་རྣམ་སངས་རྒྱས་ཏེ། སངས་རྒྱས་དོན་ཡོད་གྲུབ་པའོ། །ཡང་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཐོབ་པ་རིམ་པ་ཇི་ལྟ་བ་བཞིན་དུ་སྔར་གསུངས་པའི་བྱ་བའི་སྒོས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ནི་ཚངས་པ་ལ་སོགས་པ་རྣམས་སུ་གྱུར་པའོ། །རྡོ་རྗེ་སེམས་དཔའ་ཉིད་ནི་ཡེ་ཤེས་རྣམ་པ་ལྔ་ཆར་ཐོབ་པའོ། །ད་ནི་ལྷའི་སྒྲས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ལ་དེ་བཞིན་དུ་འཇུག་པར་བསྟན་པ་ནི་ལུས་ལས་ཞེས་བྱ་བ་ལ་སོགས་པ་སྟེ། ལུས་ནི་རྣམ་པར་དག་


DTG002_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕུང་པོ་ལ་སོགས་པའི་རང་བཞིན་ནོ། །འབྱུང་བ་ཉིད་ཅེས་པ་ནི་དེར་ཐ་མི་དད་པའི་རང་བཞིན་གྱིས་གནས་པའོ། །ལྷ་ཞེས་པ་འདིར་ནི་བཅོམ་ལྡན་འདས་ཀྱིས་ཚིག་ཏུ་ཡང་བསྟན་པའི་དོན་དུ་གསུངས་པ། འདི་ལ་བྷ་ག་མངའ་ཞེས་པ་ལ་སོགས་པ་སྟེ། བྷ་ག་ནི་ཕུན་སུམ་ཚོགས་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ནི་རྟོགས་པའོ། །ཡོན་ཏན་ནི་གོམས་པར་བྱ་བ་དེ་རྣམས་ལ་ཡོན་ཏན་ཞེས་བྱའོ། །འདིར་དྲག་པོ་ཕྱིས་པ་ནི་གསུང་རབ་ལས་སོ། །ཀུན་ཞེས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་གཞན་གྱིས་མ་བཅོམ་པའོ། །ཡང་ན་ཡོན་ཏན་ཀུན་ནི་དྲག་པོ་མེད་པས་ན་ཡང་དག་པར་བསྡུས་པའོ། །ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་དུ་སྟོན་པར་བྱེད་པའོ། །ཉོན་མོངས་པ་ལ་སོགས་ཞེས་བྱ་བ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ལྟ་བ་དང༌། ཐེ་ཚོམ་གྱི་ཉོན་མོངས་པ་རྣམས་སོ། །སོགས་པའི་སྒྲས་ནི་ཕུང་པོ་དང༌། ཉོན་མོངས་པ་དང༌། འཆི་བདག་དང༌། ལྷའི་བུའི་བདུད་རྣམས་གཟུང་ངོ༌། །བཅོམ་པ་ནི་དེ་རྣམས་ཀྱི་ཐ་མལ་གྱི་རང་བཞིན་འཇོམས་པ་སྟེ། དེ་རྣམས་ཀྱི་ཐ་མལ་པའི་རང་བཞིན་གྱིས་རྣམ་པར་དག་ཅེས་པའི་དོན་ཏོ། །དེས་ཀྱང་ཤེས་རབ་ཏུ་བསྒྲུབས་སོ། །དེ་སྐད་དུ་ཡང༌། ཤེས་རབ་ཉོན་མོངས་འཇོམས་པས་ན། །དེ་ཕྱིར་ཤེས་རབ་བཅོམ་ལྡན་བརྗོད། །ཅེས་གསུངས་སོ། །ཡང་ན་ཤེས་རབ་ནི་མ་རིག་པ་རྣམ་པར་སྦྱོང་ཞིང་ཉོན་མོངས་པ་ཡང་ཤེས་རབ་དེས་འཇོམས་ཤིང་ལྡོག་མི་ནུས་སོ་ཞེས་གསུངས་སོ། །དེས་ན་དག་པ་ནི་སེམས་རྣམ་པར་དག་པའོ། །སེམས་རྣམ་པར་དག་པ་ནི་འཆི་བདག་ལ་སོགས་པའི་བདུད་རྣམས་རྣམ་པར་དག་པའོ། །གང་གི་ཕྱིར་བདུད་རྣམས་ནི་སེམས་ཉིད་ལས་རབ་ཏུ་བྱུང་བས་སོ། །དེ་སྐད་དུ་ཡང༌། སེམས་ཉིད་བདུད་ནི་ཆེན་པོ་སྟེ། །སེམས་ཉིད་དེ་བཞིན་གཤེགས་མ་ཡིན། །རང་གིས་སེམས་ནི་འདུལ་དོན་དུ། །བདུད་རྣམས་ཉེ་བར་ཞི་བར་བྱ། །ཞེས་གསུངས་སོ། །དེས་ན་ཉོན་མོངས་པ་ལ་སོགས་པ་རྣམ་པར་དག་པ་ཉིད་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་རྣམས་སོ་ཞེས་ཤེས་པར་བྱ་སྟེ། དེར་རབ་ཏུ་སྦྱོར་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེས་ན་ཡང་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པའི་ཚིག་ལས་བཅོམ་ལྡན་


DTG002_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་སྒྲ་དང༌། དེ་བཞིན་གཤེགས་པའི་སྒྲ་ནི་འདིས་ལེགས་པར་འགྱུར་བ་ཡིན་ནོ། །ད་ནི་སྐྱེད་བྱེད་མ་ལ་སོགས་པའི་ཚིག་རྣམས་ནི་ངེས་པའི་དོན་སྦས་ཏེ། དྲང་བའི་དོན་དུ་གསུངས་པ། སྐྱེ་འགྲོ་སྐྱེད་ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་གང་ཞིག་དམ་ཚིག་དང་སྡོམ་པ་ལ་སོགས་པ་ལ་གནས་པས་ནི་ཤེས་རབ་སྟེ། ཡུན་རིང་མོར་གུས་པ་རྒྱུན་མི་འཆད་པར་ལྷན་ཅིག་སྐྱེས་པ་གོམས་པར་བྱས་པ་ལས་དེ་ཉིད་རྒྱལ་བར་འགྱུར་བའོ། །དེས་ན་སྐྱེ་འགྲོ་སྐྱེད་པ་ནི་སངས་རྒྱས་རྣམས་སྐྱེད་པ་སྟེ་རབ་ཏུ་རྫོགས་པར་བྱེད་པའོ། །སྲིང་མོ་ནི་སྐལ་བ་སྟེ། སྐལ་ཤེས་གསལ་བར་སྟོན་པ་ལས་སོ། །དེ་ཡང་ལྷན་ཅིག་སྐྱེས་པ་ལྷན་ཅིག་ཏུ་ཁོང་དུ་ཆུད་པས་ཀྱང་སྐལ་བ་སོ་སོར་སྟོན་པར་བྱེད་པར་འབྲེལ་ཏོ། །སེམས་རྣམ་པར་དག་པ་ལས་སོ། །གདོང་བཟང་བ་ལ་སོགས་པ་ཕྱི་རོལ་གྱི་ཡོན་ཏན་དང༌། སྒྲུབ་བ་པོ་དང་སེམས་མཐུན་པའི་སེམས་ཅན་དང་རྣལ་འབྱོར་པ་སྒྱུར་ཞིང་འཚེད་པས་ན་བཙོ་བླག་མའམ། ནང་དུ་སྐྱེས་པའི་ཁྱད་པར་གྱི་བུ་རྣམས་དང༌། སེམས་ཅན་དང༌། ནོར་དང༌། གོས་ལ་སོགས་པ་རྣམས་ཀྱང་འཚེད་པ་འདིས་ན་ཡང་ངོ༌། །ཡོན་ཏན་འཇོ་ཕྱིར་ཞེས་པ་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་འཇོ་ཞིང་འགེངས་པའི་ཕྱིར་དང༌། ཕ་མ་དག་ལས་རང་ཉིད་སྐྱེས་པས་ཀྱང་ཅུང་ཟད་འདྲ་བའི་ཡོན་ཏན་བཞོས་ནས་བདག་ཉིད་དུ་འགེངས་པར་བྱེད་པ་འདིས་ཀྱང་ངོ༌། །གཡོ་བའི་ཕྱིར་ཞེས་པ་ནི་འཇིག་རྟེན་པའི་རྣམ་པར་གཞག་པ་དག་ལའོ། །དེ་ཡང་གཡོ་བ་ནི་གཡོ་བའི་གནས་སྐབས་ཏེ་བརྫུན་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ནང་ནས་སྐྱེས་པའི་ཁྱད་པར་གྱིས་ཀྱང་གར་མ་སྟེ། གཡོ་བས་ནའོ། །མི་རེག་པ་ཞེས་བྱ་བ་ལ་རེག་པ་ནི་གཟུགས་ལ་སོགས་པའི་མཚན་ཉིད་དོ། །དོན་དམ་པར་ན་དེ་ཡོད་པ་མ་ཡིན་ཞེས་པ་དང་ནང་དུ་སྐྱེས་པའི་ཁྱད་པར་གྱི་བུས་ཀྱང་མི་རེག་པ་ཞེས་བྱའོ། །གཏུམ་མོ་ཡང་མ་བརྗོད་པ་ནི་མི་རེག་པ་ཉིད་ཀྱིས་བསྡུས་པའོ། །དེ་ལྟ་བུ་བཀོད་ཅིང་གསལ་བ་བྱས་པས་ནི། སྐྱེད་བྱེད་མ་ལ་སོགས་པའི་སྒྲའམ། ཡང་ན་ཤེས་རབ་དག་པ་སྟེ། སེམས་ཅན་གྱི་བསམ་པའི་བྱེ་བྲག་ཤེས་པར་བྱས་ལ། དྲང་དོན་དུ་གསུངས་སོ། །དེ་སྐད་དུ་ཡང༌། བསམ་


DTG002_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱེ་བྲག་ཇི་བཞིན་དུ། སེམས་ཅན་རྣམས་མ་བཤད་པར་འཚལ། །ཞེས་གསུངས་པའོ། །སློབ་མའི་དོན་དུ་ཆུ་ལ་སོགས་པ་དང༌། སློབ་དཔོན་དུ་དབང་བསྐུར་བ་ཐོབ་ནས་དྲང་དོན་བཤད་པར་བྱ་བ་ནི། སྔགས་ཀྱང་མེད་ཅེས་བྱ་བ་ལ་སོགས་པ་མདོར་བསྟན་པའི་སྔགས་དང་རྒྱུད་ཀྱི་རྒྱས་པར་བཤད་པ་གསུངས་པ། བརྗོད་པ་བཟླས་པ་ཞེས་བྱ་བ་ལ་སོགས་པ་ལས། བརྗོད་པ་ནི་ངག་ཏུའོ། །དེ་ཡང་ཇི་སྲིད་དུ་བརྗོད་པ་དེ་སྲིད་ནི་སྔགས་སོ། །གང་ཞེ་ན། གསུངས་པ། ཨཱ་ལི་ཞེས་བྱ་བ་ལ་སོགས་པ་སྟེ། ཨཱ་ལི་དང་ཀཱ་ལི་བརྗོད་པའི་བདག་ཉིད་དོ། །དེ་དག་བརྗོད་པའི་བདག་ཉིད་ཅན་གྱི་སྒྲ་དང་ལྡན་པའོ། །དེས་ན་ཡང་ཨཱ་ལི་ཀཱ་ལི་ལས་མ་གཏོགས་པའི་སྒྲ་ནི་གང་ཡང་ཡོད་པ་མ་ཡིན་ལ། སྔགས་ནི་སྒྲའི་བདག་ཉིད་ཅན་ཏེ་དེ་ནི་བདག་མེད་པ་ཉིད་དོ། །དེས་ན་སྔགས་ནི་བདག་མེད་པ་ཞེས་བྱ་སྟེ་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་བཤད་པ་ནི་ཇི་ལྟ་བུ་ཞེ་ན། ལུས་ལ་བྱའོ་ཞེས་གསུངས་པ། རྐང་པའི་རྗེས་ནི་ཞེས་བྱ་བ་ལ། རྐང་པ་ནི་ཡེ་ཤེས་ཏེ་དེ་ཉིད་རྗེས་སུ་བྱ་བ་ནི་རྗེས་སོ། །གང་ཡང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད་རྗེས་ཞེས་པའི་དོན་ཏོ། །དེས་ན་ཡང་རྣལ་འབྱོར་རྒྱུན་མི་འཆད་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རང་བཞིན་སེམས་ཀྱིས་འདྲི་ཞིང་སྒོམ་པར་བྱེད་པའོ། །དེ་དག་གིས་ནི་ཕྱི་རོལ་གྱི་དཀྱིལ་འཁོར་གྱིས་ཅི་ཞིག་བྱ་ཞེས་པའོ། །དེ་ཁོ་ན་ཉིད་བཤད་པའི་སྐབས་སུ་ཡེ་ཤེས་ཙམ་ཉིད་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཡིན་པས་ན་རང་གི་སེམས་ཉིད་བསྒོམ་མོ་ཞེས་པའོ། །ཅི་ཞེ་ན། གསུངས་པ། ཉིད་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་ཉེད་པ་ནི་བྱང་ཆུབ་ཏུ་འཛིན་ཞིང་འཆང་བ་ལས་སོ། །སོར་མོ་ཉིད་པ་ཞེས་བྱ་བ་ནི་སོར་ཚིགས་ཉེད་པ་དེ་ཉིད་ཕྱག་རྒྱའོ། །སོར་ཚིགས་ཉེད་པ་ཡང་ཕྱག་རྒྱ་སྟེ། ཇི་སྲིད་ལུས་ཀྱི་རྣམ་པར་གཡེང་བ་ལ་སོགས་པ་ཕྱག་རྒྱ་ཡིན་པར་ནི་དེ་ཉིད་ཀྱི་དག་ལས་སོ། །དེས་ན་རྟག་ཏུ་རྣལ་འབྱོར་དང་ལྡན་པས་ནི་ཕྱག་རྒྱ་དང༌། ལག་པ་ཉེད་པ་ལ་སོགས་པ་ཉིད་ཀྱིས་ཅི་ཞིག་བྱ་སྟེ། འབད་པ་མེད་པའི་ཕྱག་རྒྱས་འགྲུབ། །ཅེས་བྱ་བའི་དོན་ཏོ། །བསམ་བྱ་དང༌། བསམ་གཏན་དུ་གྱུར་པའི་དཀྱིལ་འཁོར་གསུངས་པ། དཀྱིལ་འཁོར་


DTG002_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་ལ། གང་བསམས་དེ་ནི་བསམ་གཏན་ནོ། །ཞེས་བྱ་བ་ནི་སེམས་ཉིད་དུ་གནས་པར་བྱས་པའོ། །གང་ཡིན་ཞེ་ན། གང་རྣམ་པ་སྣ་ཚོགས་པའི་བསམ་གཏན་ཏེ། ཕྱག་བཞི་པ་ལ་སོགས་པའི་གཟུགས་རྣམས་སུ་བསམས་པའོ། །སྔར་གྱི་རྗེས་སུ་གྱུར་པ་དེའི་ཡང་དང་ཡང་དུ་དྲན་པར་བྱའོ་ཞེས་པ་ནི་བསམ་གཏན་གྱི་དཀྱིལ་འཁོར་དུ་བཤད་པའོ། །ད་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་གསུངས་པ། ཕ་ལས་བདེ་བ་ཐོབ་ཅེས་བྱ་བ་ལ་སོགས་པ་ལ། ཕ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། བདེ་བ་ལས་སྐྱེས་པའི་ཕྱིར་རོ། །ཡང་ན་བདག་ཉིད་ནི་ཕ་སྟེ་དེ་ཡང༌། ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་འཆད་པར་འགྱུར་བའི་ངག་ལས་སོ། །ཐོབ་པ་ཞེས་པ་ནི་དགའ་བ་ལ་སོགས་པའི་དབྱེ་བས་ཆ་ཡང་དག་པར་ཕྱེ་སྟེ་འདིར་ཐོབ་པར་ལྟའོ། །ཅི་ཞེ་ན། གསུངས་པ། བདེ་བ་ཉིད་ནི་བདེ་བ་གང་ཡིན་པའོ། །དེའི་བདེ་བ་ནི་ཞེས་པ་ནི་རང་ཉིད་དང༌། དེའི་བདག་ཉིད་ཉམས་སུ་མྱོང་བ་སྟེ། མ་ལུས་པ་བདེ་བ་ཉིད་དུ་རང་རིག་པར་ཉམས་སུ་མྱོང་བའི་ཕྱིར་རོ། །བདག་ཉིད་ལ་ཉམས་སུ་མྱོང་བ་དཔེར་བྱ་སྟེ། དེར་གཞན་དག་རྣམས་ལ་ཡང་དེར་དཔག་ཅིང་གཞལ་བ་ལས་ཡིན་གྱི་ཉམས་སུ་མྱོང་བ་ནི་མ་ཡིན་ནོ། །དེ་དག་གིས་ནི་ཐུན་མོང་དུ་བརྗོད་ནས་ཁྱད་པར་དུ་གསུངས་པ། འཆི་བ་འདིར་ཞེས་པ་ལ་སོགས་པ་ལ། འཆི་བ་ནི་ཡུལ་རྣམ་པ་ལྔ་རྣམས་དང༌། དབང་པོ་ལྔ་དང་བྲལ་བ་སྟེ། གང་ཞིག་གི་བདེ་བ་དགའ་བྲལ་རྒྱུ་ལས་གྱུར་པ་སྟེ། གང་ཡང་ཡིད་ཀྱི་དབང་པོ་འབའ་ཞིག་བདེ་བ་ལ་དམིགས་ནས་གནས་པ་ཙམ་མོ། །དེའི་བདེ་བ་ཞེས་བྱ་བ་ནི། དེས་ན་དགའ་བྲལ་གྱི་བདེ་བའི་རྒྱུ་ལས་བྱུང་བ་གང་གི་བདེ་བ་ནི་དེའི་བདེ་བའོ། །དེ་ཡང་དེའི་བདེ་བ་ནི་ལྷན་ཅིག་སྐྱེས་པ་རྟོགས་པའི་བྱེད་རྒྱུ་སྟེ། དེས་ནི་དེའི་བདེ་བ་ཉིད་བསམ་གཏན་ནོ། །བསམ་བྱ་ནི་ཡེ་ཤེས་ཀྱི་དམིགས་པར་བྱའོ་ཞེས་པའི་དབང་དུ་བྱས་པ་ནི་དེ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པའོ། །ལྷན་ཅིག་སྐྱེས་པ་ལ་ནི་དམིགས་པར་བྱས་པ་ལ་དམིགས་པར་མ་གྲུབ་པའོ། །དེས་ན་ཡང་ལྷན་ཅིག་སྐྱེས་པ་ཉིད་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཡིན་པར་དགོངས་ལ། ལྷན་ཅིག་སྐྱེས་པ་ཉིད་ཀྱང་རང་


DTG002_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པའོ་ཞེས་དགོངས་སོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས། དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་ལྔ་པའོ།། །།

དྲུག་པ། སྤྱོད་པའི་ལེའུ།


DTG002_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་ལ་འཇུག་པ་ལྷ་རྣམས་བསྒོམས་པ་ལ་སོགས་པས་རང་གི་ཁྱིམ་མམ། དུར་ཁྲོད་ལ་སོགས་པར་སྔར་བསྙེན་པའི་ཆོ་གས་དགུག་པ་ལ་སོགས་པའི་ནུས་པ་སྐྱེས་པས་དེ་ཁོ་ན་ཉིད་ལ་རང་གི་སེམས་བརྟན་ཞིང་རྟོགས་པའི་དོན་དུ་རྣལ་འབྱོར་པས་རྣམ་པར་རྟོག་པ་མེད་པའི་སྤྱོད་པ་བྱ་བ་ནི་སྤྱོད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བདག་གི་དེ་ཁོ་ན་ཉིད་ལ་སོགས་པ་བསྟན་པ་ལས་གཞན་པའི་སྐབས་ཤེས་པར་བྱས་པ་ལ། སྤྱོད་པ་བཤད་པར་བྱའོ་ཞེས་པར་འབྲེལ་ཏོ། །རྣམ་པར་རྟོག་པ་མེད་པ་ཉིད་དུ་བསྟན་པ་དང་ངེས་པའི་དོན་དུ་སྤྱོད་པ་འདིས་ཐ་སྙད་དུ་བྱེད་པ་སྟེ། སྤྱོད་པ་ཡང་རྣ་ཆ་བཟང་པོ་ལ་སོགས་པ་འཛིན་ཅིང་རིགས་རྣམ་པ་ལྔས་འཆག་པ་ལ་སོགས་པ་མཚོན་པ་སྟེ། དེ་ནི་འཇིག་རྟེན་ལས་བརྒལ་ཞིང་མཆོག་དང༌། ཕུལ་དུ་འགྱུར་བའི་མཐར་ཐུག་པ་སྟེ། བཟང་པོའི་རང་བཞིན་དུ་གྱུར་པ་ཉིད་ལས་སོ། །དེས་ན་གསུངས་པ། སྤྱོད་པ་ཞེས་པའོ། །སྤྱོད་པ་བྱེད་པའི་དགོས་པ་གསུངས་པ། མཐར་འགྲོ་བ་ཞེས་པ་གསུངས་ཏེ། དངོས་གྲུབ་ནི་སྤྱོད་པ་བྱེད་པ་གང་གིས་ཕྱག་རྒྱ་ཆེན་པོར་རོ། །མཐར་ཞེས་པ་ནི་ལྷག་མར་གཏུགས་པའོ། །འགྲོ་བ་ནི་རྫོགས་པ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་བ་དང༌། རྟོགས་པ་ཞེས་བྱ་བའི་བར་དུའོ། །དེ་སྤྱོད་པ་བྱ་བ་ལ་རབ་བཤད་བྱ་ཞེས་བྱ་བར་འབྲེལ་ཏོ། །ཇི་ལྟ་བུ་ཞེ་ན། གསུངས་པ། ཀྱེའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་དག་གོ །དངོས་གྲུབ་ནི་རྟོག་པ་མེད་པ་དང༌། བརྟན་པ་དང༌། ངེས་པར་བརྟན་པ་སྟེ། དེའི་རྒྱུར་གང་གི་ཕྱིར་སྤྱོད་པ་བྱེད་པ་དེ་བཞིན་དུའོ། །གསུངས་པ། དེ་དག་གིས་ནི་སྤྱོད་པ་བྱེད་པས་རྟོགས་པ་མེད་ཅིང་དངོས་གྲུབ་བརྟན་པའི་དོན་དུ་སྟེ། དེས་ཀྱང་ཕྱག་རྒྱ་ཆེན་པོ་གྲུབ་པའོ་ཞེས་ཤེས་པར་བྱའོ། །སྤྱོད་པ་གསུངས་པ། སྒོམ་པ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། སྒོམ་པར་བྱེད་པ་ནི་ལྷ་རྣམས་ཀྱི་རྣམ་པ་མ་བྱུང་བ་ཉིད་ལས་བསྙེན་ཅིང་བསྟེན་པས་ན་སྒོམ་པ་པོའོ། །བཟང་ཞེས་པ་ནི་ལྷ་རྣམས་ཀྱིས་བཟང་བ་སྟེ། ལྷ་


DTG002_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་རོལ་པར་གྱུར་པས་ན་བཟང་པོའོ། །རྣ་ཆ་དག་ལ་ཇི་ལྟ་བ་དེ་བཞིན་དུ་འཁོར་ལོ་ལ་སོགས་པ་ཡང་སྟེ། དེས་ན་རུས་པའི་རྣ་ཆས་ནི་སྐྱོན་མེད་ཅིང་རོལ་པའི་དོན་དུ་སྟེ། འཛིན་ཞེས་པའི་རྣམ་པས་སོ། །ལག་གདུབ་གཉིས་ཞེས་བྱ་བ་ནི་ཀེང་རུས་ཀྱི་ཕྲེང་བ་གཉིས་སོ། །བཅུ་ཕྱེད་ནི་བདུད་རྩི་རྣམ་པ་ལྔའོ། །བཟའ་བ་ནི་རྣལ་འབྱོར་པས་གང་གི་ཚེ་བདུད་རྩི་ཟ་བ་དེའི་ཚེ་བརྟགས་ནས་བཟར་རུང་ཞེས་ཤེས་པར་བྱའོ། །དེའི་སྤྱོད་པ་ཡང་ཇི་ལྟ་བུས་ཤེ་ན། གསུངས་པ། ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧེ་རུ་ཀའི་སྦྱོར་བ་ནི་གང་གི་ཚེ་རྩེ་གཅིག་པའི་ཏིང་ངེ་འཛིན་དེའི་ཚེའོ། །དེ་ལ་གནས་པས་ཟ་བ་དང༌། ཉལ་བ་ལ་སོགས་པ་རྣམ་པར་མི་རྟོག་པས་འཇིག་རྟེན་པའི་འཕྲོག་པའོ། །ཅིས་ཤེ་ན། གསུངས་པ། རིགས་ལྔ་དག་གིས་ཞེས་པ་སྟེ། བྲམ་ཟེ་དང༌། རྒྱལ་རིགས་དང༌། རྗེའུ་རིགས་དང༌། དམངས་རིགས་དང༌། མཐར་སྐྱེས་རྣམས་ཇི་ལྟར་གསེར་གྱི་རྣམ་པ་ལྟ་བུ་རྣམས་སོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། གསུངས་པ། ལྔ་ཞེས་བྱ་བ་ལ་སོགས་པ་སྟེ་ཡང་དག་པར་ལྡན་པ་ནི་གང་ཞིག་ཏུ་བསྡུས་པ་སྟེ། ལྔ་པོ་རྣམས་ཀྱི་རིགས་རྣམས་སོ། །དེས་ན། རིགས་གཅིག་ཏུ་ནི་རྣམ་པར་བརྟག །ཅེས་བྱ་བ་ལ། ནའི་སྒྲས་ནི་ཁྱད་པར་དུ་གྱུར་པའི་དོན་ཏོ། །རིགས་གཅིག་པ་རྣམས་སོ། །བརྟགས་ཏེ་རྣམ་པར་གཞག་ཅེས་པ་ནི་ལྷག་མའོ། །བྲམ་ཟེ་ལ་སོགས་པ་རྣམས་ལས་གང་ཡང་རུང་བ་གཅིག་པོ་དེ་ཉིད་དུ་བརྟགས་པ་ནི་མཆོག་སྟེ། གཅིག་ཏུ་བརྟགས་པ་མཆོག་ཡིན་པས་ལྔ་པོ་དག་གིས་ཅི་ཞིག་བྱ་སྟེ། བསྡུས་པའི་རྣམ་པ་ཞེས་དགོངས་སོ། །ཇི་ལྟ་བུ་ཞེ་ན། གསུངས་པ། དུ་མ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་ལ། དུ་མ་ནི་གཅིག་ལས་མི་མཐུན་པ་སྟེ། མང་པོ་དག་གི་དབྱེ་བའོ། །དེ་དག་གི་རིགས་ནི་བྲམ་ཟེ་ལ་སོགས་པ་གཞན་རྣམས་དག་གིས་ནི་མཚོན་པར་མི་བྱ་ཞེས་པ་སྟེ། གང་གི་ཕྱིར་ཁྱད་པར་གྱི་མཚོན་བྱ་མེད་པས་སོ། །དེས་ན་ཡང་གཅིག་ཏུ་གྱུར་པའི་རྣམ་པ་ནི་ཁྱད་པར་ཏེ་མི་ཕྱེད་པ་ཉིད་དོ། །ཇི་ལྟ་བུ་ཞེ་ན། བརྗོད་པར་བྱ་སྟེ། འདི་ལྟ་སྟེ་དཔེར་ན། ཉོན་མོངས་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་དང༌། ཁུ་བ་དང༌། ཁྲག་ལ་སོགས་པ་རྣམས་དང༌།


DTG002_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མ་དང༌། སྟོང་པ་ཉིད་ལ་སོགས་པའི་མཚན་ཉིད་ཅན་གྱི་ཆོས་རྣམས་ནི་བྲམ་ཟེ་ལ་སོགས་པ་ལྔ་པོ་རྣམས་ལ་ཐུན་མོང་དུ་མཐོང་བ་སྟེ། དེ་དག་གི་དབྱེ་བ་ནི་རྣམ་པར་གཞག་པ་ཙམ་མོ། །དེ་བས་ན་རིགས་གཅིག་ཏུ་རྣམ་པར་གཞག་སྟེ། སྒྱུ་མ་ལྟ་བུའི་རྣལ་འབྱོར་པས་ཐ་སྙད་ཀྱི་ལུགས་ཙམ་དུ་གནས་པར་བྱ་ཞེས་པའོ། །ནུས་པ་དང་མི་ལྡན་པས་སྤྱད་པར་བྱ་བ་མ་ཡིན་ཞེས་པས་ན་དངོས་གྲུབ་བསྒྲུབ་པའི་གནས་གསུངས་པ། ཤིང་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། འདིར་ཡང་མཚན་མོ་ཞེས་པའི་མཐར་ཚིག་གསུམ་གྱི་ཚིགས་སུ་བཅད་པའོ། །གཅིག་ཉེ་བ་མ་ཡིན་པ་དང༌། གཉིས་མ་ཡིན་པ་དང༌། གྲིབ་མ་ལྟོས་པ་མེད་པའི་ཁྱད་པར་དུ་གྱུར་པའི་ཤིང་དག་གོ །བཟང་བར་ཞེས་བྱ་བ་ནི་རང་གི་ཁྱིམ་དུ་སྔར་བསྙེན་པ་བྱས་པས་རང་གི་འདོད་པའི་ལྷ་རྨི་ལམ་དུ་མཐོང་བ་དང༌། དང་པོར་ནག་པོ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལེའུ་བརྒྱད་པ་ལས་གསུངས་པའི་མཚན་མ་མཐོང་བ་དང༌། སེམས་བསྐྱེད་པ་ལ་སོགས་པ་དང༌། ཇི་ལྟར་གྲུབ་པ་དེ་ལྟར་དགུག་པ་ལ་སོགས་པའི་དངོས་གྲུབ་ནི་དོན་དུ་གང་དུར་ཁྲོད་ལ་སོགས་པ་རྣམས་སུ་བསྒོམ་པ་དེ་ནི་བཟང་བར་བརྗོད་དོ། །མ་མོའི་ཁྱིམ་ཞེས་བྱ་བ་ནི་ཚངས་མ་དང༌། དྲག་མོ་ལ་སོགས་པ་མ་མོ་བདུན་པོ་དེ་རྣམས་ཀྱི་གཟུགས་བརྙན་དེ་དག་གང་དུ་གནས་པ་དེ་ནི་མ་མོའི་ཁྱིམ་མོ། །དེ་དག་ནི་མཚན་མོ་ཡང་ངོ༌། །ཡང་ན་དབེན་པའམ་བས་མཐའ་རུ། །ཞེས་བྱ་བ་ནི་རང་དབང་དུ་གནས་པའོ། །དབེན་པ་ཞེས་པ་ནི་རིའི་བྱ་སྐྱིབས་ལ་སོགས་པའམ། མ་རུངས་པའི་སྐྱེ་བོ་སྤངས་པའོ། །བས་མཐའ་ཞེས་པ་ནི་བར་མཚམས་ཐག་རིང་བ་སྟེ། སྒྲིབ་གཡོགས་ཀྱིས་ཆོད་པ་དག་གོ །དེ་ལྟ་བུ་ནི་བས་མཐའ་སྟེ་གླིང་ལ་སོགས་པའོ། །སྒོམ་པ་བཟང་བར་བརྗོད་པར་བྱ། །ཞེས་པ་ནི་ཀུན་ལ་སྦྱོར་རོ། །ཅུང་ཟད་ཅེས་བྱ་བ་ལ་སོགས་པ་ནི་ཇི་ལྟ་བུ་ཡང་སྟེ། གནས་རྣམས་སུ་བསྒོམ་པ་ལ་སོགས་པ་དང༌། ནོར་བུ་དང་སྔགས་ལ་སོགས་པས་ནུས་པ་ཐོབ་པའོ། །ཡང་ཅི་ཞེ་ན། རྟོགས་ཞེས་བྱ་བར་འབྲེལ་ཏེ་དེ་དག་གིས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་རྟོགས་ཞེས་པའི་དོན་ཏོ། །དེ་ཡང་སྔགས་ལ་སོགས་པའི་ནུས་པའི་


DTG002_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་བའོ། །ཇི་ལྟར་བྱང་ཆུབ་སེམས་དཔའི་ཕྱག་དང་ཞབས་ལ་སོགས་པར་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལ་སོགས་པའི་མཚན་མར་སོན་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་བཞིན་ནོ། །སྔགས་ལ་སོགས་པ་ནུས་པ་འབྲས་བུར་གྱུར་པ་མཐོང་བས་སངས་རྒྱས་སུ་འགྱུར་བར་བྱེད་པར་རྗེས་སུ་དཔག་གོ །ཇི་ལྟར་འཇིག་རྟེན་ན་ཡང་གྲོག་མ་འཕོ་བ་ལ་སོགས་པའི་མཐོང་བར་གྱུར་པས་དེ་མ་ཐག་ཏུ་ཆར་འབྱུང་བ་བཞིན་ནོ། །སངས་རྒྱས་ཇི་ལྟ་བུར་འབྱུང་བ་བཞིན་ནོ། །སྤྱོད་པ་བྱེད་པ་ནི་འདོད་ཅེས་པ་ལ། ནིའི་སྒྲ་ནི་ཁྱད་པར་དུ་གྱུར་པའི་སྤྱོད་པ་བྱེད་ཅེས་པའི་དོན་ཏོ། །དངོས་གྲུབ་ཀྱི་མཚན་མ་མཐོང་བས་སྤྱོད་པ་བརྩམ་པར་བྱའོ་ཞེས་གསུངས་པ། དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །འདིས་ནི་ཞེས་བྱ་བ་ནི་འཆད་པར་འགྱུར་བ་གང་གི་སྤྱོད་པས་སོ། །སྤྱོད་པ་ནི་རིག་མ་དང་ལྷན་ཅིག་འགྲོགས་པས་སྤྱད་པར་བྱའོ་ཞེས་གསུངས་པ། ཤིན་ཏུ་བཞིན་བཟངས་ཞེས་བྱ་བ་ལ་སོགས་པ་རང་གི་ཞེས་བྱ་བ་ནི། བདག་ཉིད་ཀྱིས་དབང་བསྐུར་བ་སྟེ། རང་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་མན་ངག་དེ་ལ་སྦྱིན་པར་བྱ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་པོའི་རང་གི་བདག་ཉིད་དུ་གྱུར་པས། འཁྱུད་ཅིང་དབང་བསྐུར་བ་ནི་ཁྲུས་བྱས་པ་དང་ལྡན་པའོ། །ཁ་ཅིག་ནི་སྒྲུབ་པ་པོས་ཇི་སྲིད་དུ་བདག་གི་བར་བྱས་པས་སོ་ཞེས་པའོ། །སྙིང་རྗེ་ཅན་ཞེས་བྱ་བ་ལ། སྙིང་རྗེ་དེ་ནི་དངོས་གྲུབ་ཏུ་འགྱུར་བའི་རྩ་བའོ་ཞེས་པས་ན་སྙིང་རྗེ་ཅན་ཏེ་སྙིང་རྗེ་དང་ལྡན་པའོ། །དེས་ཀྱང༌། སྙིང་རྗེ་དམན་ན་འགྲུབ་མི་འགྱུར། །ཞེས་པ་འདི་ཉིད་ཀྱི་ངག་ལས་སོ། །རྡོ་རྗེ་བུ་མོ་ཞེས་བྱ་བ་ནི་སྔར་གྱི་ལོ་ཅན་བསྟེན་པས་ཆོས་བསྟེན་པར་ནུས་པ་ཉིད་ཀྱི་བུ་མོ་བསྐྱེད་ཅིང་བསྡུ་བ་སྟེ། དེ་ཡང་བཅུ་དྲུག་པའི་ན་སོ་ཅན་ནོ། །གཟུང་ཞེས་པ་ནི་ལག་པས་གཟུང་ཞིང་ཁྱེར་བ་སྟེ། འཇུག་ཅེས་བྱ་བའི་དོན་ཏོ། །རང་གིས་དབང་བསྐུར་ཞེས་བསྟན་པ་ནི་རང་གི་ཁྱིམ་ཐབ་ལྟ་བུའམ། གཟུང་ཞིང་ཁྱེར་ཞེས་པས་ངེས་པར་བཤད་པའོ། །སྤྱོད་པ་བྱ་བར་རྟོགས་ཞེས་བྱ་བ་ནི་དེ་ཉིད་ཉེ་བར་བསྡུ་བའི་དོན་ཏོ། །ཡང་བསྐྱར་ཏེ་བསྟན་པ་དེས་ན་ཡང་གང་གི་ཚེ་འདི་


DTG002_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་བུ་མོ་རྙེད་པ་དེའི་ངེས་པའི་དངོས་གྲུབ་ཏུའོ་ཞེས་ཤེས་པར་བྱའོ། །རྡོ་རྗེ་རིགས་ཀྱི་དངོས་མེད་ན། །ཞེས་བྱ་བ་ལ་སོགས་པས་ནི་ཕྱོགས་གཞན་སྟོན་པར་བྱེད་དོ། །རང་ཞེས་བྱ་བ་ནི་རང་གི་མཚན་ཉིད་བསྟན་པའོ། །འདོད་པ་ནི་རང་གིའོ། །ལྷའི་རིགས་ནི་དེ་ལྟ་བུའོ། །གཞན་ཞེས་པ་ནི་རྡོ་རྗེའི་རིགས་ལ་སོགས་པ་རྣམས་ལས་ཏེ། རྡོ་རྗེ་རིགས་ལ་སོགས་པ་ལས་གཞན་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་མཚོན་པར་བྱེད་པ་ཡང༌། །སྐྱེས་པའམ་ནི་བུད་མེད་ཀྱི། །གང་གི་སྲིན་ལག་རྩ་བ་ན། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ནི་དམ་པའི་རིགས། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །ཕྱོགས་གསུམ་པ་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ་གཞན་གྱི་རིགས་ལས་བྱུང་བ་ཞེས་བྱ་བ་ནི་དགའ་བཟང་མ་ལ་སོགས་པ་དགུག་པའི་རྣལ་འབྱོར་མ་མཆོག་རྙེད་པའོ། །བྱང་ཆུབ་ཀྱི་ས་བོན་ནི་རྒྱུའི་ཆོས་རྣམས་སོ། །དེའི་བཅུག་ཅེས་པ་ནི་དགོད་ཅིང་གསོལ་བར་སྟོན་པའོ། །དེས་སྦྱངས་པ་ཞེས་པ་ནི་ཐ་མལ་པའི་གནས་སྐབས་ལས་གྲོལ་བའོ། །གཟུང་ཞིང་ཁྱེར་ཞེས་པ་ནི་དེ་ལྟ་བུ་རྙེད་ནས་སྤྱོད་པ་བྱའོ་ཞེས་སྔར་གྱི་དང་འབྲེལ་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་མི་ཕྱེད་པ་སྟེ། སྦ་བ་དང༌། གསང་བ་དང༌། དེ་ཁོ་ན་ཉིད་ཅེས་པའི་བར་དུའོ། །དེ་མངོན་པར་རྟོགས་པས་ན་ཚིག་ཅེས་བྱ་སྟེ་རྡོ་རྗེའི་ཚིག་གོ །དེས་ལྡན་པ་ནི་འབྲེལ་པ་སྟེ། གླུ་བླང་ཞེས་པའི་དོན་ཏོ། །དགའ་བ་སྐྱེས་ཞེས་པ་ནི་ངག་གི་བྱ་བ་བསྟན་པའོ། །ལུས་ཀྱི་བྱ་བ་གསུངས་པ། གལ་ཏེ་དགའ་བ་ཞེས་བྱ་བ་ལ་སོགས་པ་ལ། ཐར་པའི་རྒྱུ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་གར་རྣམས་ནི་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པ་དེ་རྣམས་རྣལ་འབྱོར་པས་ནི་དེ་ལ་མངོན་པར་ཞེན་པ་མེད་པ་སྟེ། དེ་བས་ན་གར་གྱི་བྱ་བ་ནི་ཐར་པའི་རྒྱུར་གྱུར་པ་ཡིན་ནོ། །རྡོ་རྗེ་རྐང་པ་ཞེས་པ་ནི་གོམ་སྟབས་བརྒྱད་པའོ། །དེ་རྣམས་ནི་དུ་ཞེ་ན། འདི་ལྟ་སྟེ། གཡས་པའི་བརླ་ཅུང་ཟད་བསྐུམ་སྟེ་རྐང་པ་གཡས་པས་གནས་པ་ནི་མཐོ་གང་ཙམ་གྱི་སྟེང་དུ་ནི་ཤིན་ཏུ་མནན་པར་བྱ་ཞིང་རྐང་པ་གཡོན་པས་ཤར་ཕྱོགས་ལ་སོགས་པ་རྣམས་སུ་དགོད་ཅིང་བསྒྱུར་བར་བྱའོ། །དེ་བཞིན་དུ་གཡོན་པའི་བརླ་བསྐུམས་ཏེ་རྐང་པ་གཡོན་པས་གནས་ཏེ་རྐང་པ་གཡས་པས་བསྒྱུར་ཞིང་དགོད་པར་ཡང་དེ་བཞིན་དུ་བྱའོ། །གང་ཡང་འཆད་


DTG002_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་པ་ཡང་ཡིན་ལ་དེ་དག་གི་རྐང་སྟབས་བརྒྱད་པའི་གར་ཞེས་པ་སྟེ། རྐང་པ་གཅིག་ལ་མན་ངག་གིས་བརྒྱད་དུ་བསྒྱུར་བའོ། །ཡོ་གཱི་ཞེས་པ་ནི་ལྷའི་རྣལ་འབྱོར་དང་ལྡན་པས་སོ། །མཉམ་པར་གཞག་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་སྤྱོད་པ་ལ་མོས་པ་དང་བྲལ་ཞིང་ལྷའི་རྣལ་འབྱོར་ཉིད་དམ་སེམས་བརྟན་པའོ། །དེས་ན་འདི་ཉིད་ཀྱིས་ནི་སེམས་ཀྱི་བྱ་བར་ཡང་སྟོན་ཏོ། །དེས་ན་མངོན་པར་ཞེན་པ་མེད་པའི་ཐར་པ་ཞེས་བྱ་བས་ཡང་དག་པར་བསྡུས་པ་སྟེ། ཐ་མལ་པའི་བྱ་བ་ལས་བཟློག་པའོ། །སེམས་ཀྱི་བྱ་བ་བརྟན་པའི་དོན་དུ་སྔར་གསུངས་པའི་རྒྱན་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པའོ། །ཁ་ཊྭཱཾ་ག་གཟུགས་ཤེས་རབ་སྟེ། །ཞེས་པ་ནི་ཁ་ཊྭཱཾ་ག་ནི་དངོས་པོ་མེད་པ་རྣམ་པར་དག་པའོ། །ཐབས་ཀྱི་གཟུགས་ཀྱིས་ཅིང་ཏེའུ་ཉིད། །ཅེས་བྱ་བ་ནི་ཅང་ཏེའུ་བརྡུང་བ་སྟེ། སྒྱུ་མ་ལྟ་བུའི་རང་བཞིན་དུ་རྣམ་པར་དག་པའོ། །དེ་དག་གིས་གཉིས་ཀ་ཡང་གཟུང་བར་བྱ་ཞེས་ཤེས་པར་བྱའོ། །ཞེ་སྡང་རྣམ་པར་དག་ཅེས་བྱ་བ་ལ་གཟུང་བ་ལ་སོགས་པ་ལ་ཞེ་སྡང་བས་ན་ཞེ་སྡང་ཧེ་རུ་ཀའོ། །རྣ་ཆ་ལ་སོགས་པ་རྣམས་ནི་འཇིག་རྟེན་པའི་ཚུལ་མིའི་རུས་པ་ལ་སོགས་པའི་བདག་ཉིད་རྣམས་ཀྱང་མི་བསྐྱོད་པ་ལ་སོགས་པའི་བདག་ཉིད་དུ་རྣམ་པར་དག་པས་ན། མིའི་རུས་པ་ལ་སོགས་པའི་རྣ་ཆ་ལ་སོགས་པ་རྣམས་ལྷའི་གཟུགས་ཀྱི་བདག་ཉིད་ཅན་དུ་རྣམ་པར་དག་པའོ། །ལྷའི་གཟུགས་སུ་རྣམ་པར་དག་པ་ཡང་བདག་མེད་པ་ཉིད་དུ་རྣམ་པར་དག་པར་ཤེས་པར་བྱའོ། །དེ་ལྟར་ཡང་ཐ་མལ་གྱི་བག་ཆགས་ཀྱིས་བསྒོས་པའི་གླུ་རྣམས་རྣམ་པར་དག་པའི་གླུ་ཡིན་ལ་དེ་ཡང༌། རྣམ་པར་དག་པའི་སྔགས་ཡིན་ལ་སྔགས་ཀྱང་བདག་མེད་པར་རྣམ་པར་དག་པའོ། །དེ་ལྟར་ཐ་མལ་གྱི་ལུས་ཀྱི་བྱ་བའི་གར་རྣམ་པར་དག་པའི་གར་དང༌། ལྷའི་གཟུགས་ཀྱང་བདག་མེད་པར་རྣམ་པར་དག་པ་ཞེས་བྱའོ། །དེ་ལྟ་བུ་ཉིད་གསུངས་པ། སྔགས་སུ་གནས་ཞེས་བྱ་བ་ལ་སོགས་པ་སྟེ། གླུ་དང་གར་དག་ནི་བསྒོམ་པ་དང་བཟླས་པའོ། །དེས་ན་གཉིས་ཀ་རྣལ་འབྱོར་པས་སྤྱད་པར་བྱའོ་ཞེས་གསུངས་པ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། རྟག་པར་རྟག་ཏུ་ཞེས་བྱ་


DTG002_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་བླང་བར་འདོད་པ་ཡང་གང་དང་གང་དུ་དགའ་བ་མ་སྐྱེས་པ་དེའི་ཚེ་ནི་ལེན་པར་འདོད་པ་མེད་པ་སྟེ། དེ་དང་དེར་ཞེས་པའི་དོན་ཏོ། །སྨན་ནི་ཞེས་བྱ་བ་ལ་སྨན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། ཉོན་མོངས་པ་ཐམས་ཅད་ཀྱི་ནད་གསོ་བར་བྱེད་པའི་ཕྱིར་རོ། །དེས་ན་གསུངས་པ། སྨན་ནི་བདུད་རྩི་ལྔའོ། །དེ་ཡང་སྦར་ལ་སོགས་པས་སྦྱངས་ཏེ་བཟའ་བར་བྱའོ། །དེ་སྐད་དུ་ཡང༌། མི་འཆི་བཅུ་ཕྱེད་བཟའ་བ་ཞེས་མདོར་བསྟན་པ་བཤད་པའི་ཚིག་གོ །ཆུ་ནི་རྟག་པར་བཏུང་བ་ཉིད། །ཅེས་བྱ་བ་ལ་འང་གི་སྒྲ་ནི་སྡུད་པར་བྱེད་པ་སྟེ། རྟག་ཏུ་མ་ཡིན་པར་ཡང་ཞེས་པ་སྟེ། དང་པོའི་དོན་ལ་གཉིས་པའོ། །ཨ་རི་ནི་དགྲ་སྟེ། འདོད་ཆགས་ལ་སོགས་རྣམས་དང་འགལ་བའི་ལས་རྣམས་སོ། །རྟག་པར་ནི་རྒྱུན་དུ་གནས་པ་སྟེ། དེ་དག་ཉིད་བཏུང་བར་བྱའོ། །དེ་ཡང་གང་གི་ཕྱིར་ཆུ་ལ་སོགས་པ་འཐུངས་པས་ནི་རྫིང་ལ་སོགས་པ་ནས་ཀྱང་ཟད་པར་འགྲོ་བས་དེ་ཡང་དེས་སྟོང་ངོ་ཞེས་བརྗོད་པ་ལྟར་འདོད་ཆགས་ལ་སོགས་པ་རྒྱུན་དུ་གནས་པ་རྣམས་ཀྱང༌། རྣལ་འབྱོར་པས་འཐུངས་ན་དེ་དག་ཀྱང་དེས་དེར་ཟད་པར་འགྱུར་རོ། །སྨན་ལ་ཟོས་པ་དག་གིས་ནི་ཅིར་འགྱུར་ཞེ་ན། གསུངས་པ། རྒ་ཤི་ཞེས་བྱ་བ་ལ་སོགས་པ་ལ། རྒས་པ་དང༌། འཆི་བ་དག་གིས་མི་འཇོམས་པའོ། །གང་ཡང་ཆོ་ག་འདིས་ནི་རྟག་ཏུ་བསྲུང་བར་གྱུར་པ་ཡིན་ཏེ། གང་གི་ཕྱིར་ཀུན་ཀྱང་མངོན་སུམ་ཉིད་དུ་འཆི་བ་ལ་སོགས་པ་མེད་པར་འགྱུར་བའོ། །འཆི་བ་ཡང་ལས་དང་ཉོན་མོངས་པའི་དབང་ལས་གྱུར་པ་སྟེ། ཆོ་ག་འདིས་ནི་རྣལ་འབྱོར་པ་རྣམས་ལས་དང་ཉོན་མོངས་པ་ཤིན་ཏུ་ཕྲ་བ་ཉིད་དུ་འགྱུར་བའོ། །རྒས་པ་དང་འཆི་བ་ནི་ཅི་ཞེ་ན། དེས་ན་རིམ་པ་འདི་ཡང་བྱང་ཆུབ་བསྒྲུབ་པ་ལ་གོམས་པར་བྱེད་པ་སྟེ། བསྲུང་བའི་འཁོར་ལོ་ལ་སོགས་པ་དང་འདྲའོ། །ཧཱུཾ་བྱུང་ནི་ལྷག་པའི་ཧེ་རུ་ཀ་སྟེ། དེ་དང་ཉེ་བར་གྱུར་པ་ཡང་ཧཱུཾ་བྱུང་ཞེས་དེ་སྐད་དུ་བརྗོད་པའོ། །ཤིང་ལ་སོགས་པའི་བདག་ཉིད་ཧེ་རུ་ཀའི་སྐུར་བསམ་པ་ཡིན་གྱི་མོས་པ་ཙམ་གྱིས་ནི་མ་ཡིན་ནོ། །དེ་སྐད་དུ་ཡང༌། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ལུས་ངག་ཡིད་ཀྱི་སྒོམ་པ་སྟེ། །རང་བཞིན་ཉིད་དུ་བྱས་པས་ན། །དེས་ནི་དངོས་གྲུབ་ཐོབ་པའོ། །ཞེས་གསུངས་སོ། །


DTG002_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པར་དག་པའི་ཐོད་པ་རྣམ་པ་ལྔ་དཔྲལ་བའི་སྟེང་དུ་འཛིན་པའོ། །རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྤྱོད་པའོ། །དེས་ན་རྣམ་པ་ལྔ་པོ་ལ་སོགས་པ་དེ་དག་ཀྱང་སངས་རྒྱས་རྣམ་པ་ལྔའི་རྣམ་པར་དག་པར་ཤེས་པར་བྱའོ། །ཐལ་བ་ཞེས་པ་ནི་དུར་ཁྲོད་ན་གནས་པས་སོ། །དེ་བཞིན་དུ་སྐྲའི་མཆོད་ཕྱིར་ཐོགས་པ་ཡང་ངོ༌། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་མི་ཕྱེད་པས་ན་རྡོ་རྗེ་སྟེ་གཟུང་བ་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པའོ། །ཇི་ལྟར་ཞེ་ན་ཀ་ནི་བདེ་བ་སྐྱོང་བར་བྱེད་པས་ན་རྡོ་རྗེ་ཐོད་པའི་ཧེ་རུ་ཀ་སྟེ། དེའི་སྤྱོད་པའོ། །བརྐམ་དང་ཞེས་བྱ་བ་ནི་གཟུང་བའི་དངོས་པོའོ། །རྨོངས་དང་ཞེས་བྱ་བ་ནི་མ་རིག་པ་སྟེ་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པའོ། །དེས་ཉེ་བར་མཚོན་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམ་པ་ལྔ་ཡང་བལྟ་བར་བྱའོ། །ཆུ་ནི་རྟག་པར་བཏུང་བ་ཉིད། །ཅེས་པ་མདོར་བསྟན་པའི་རྒྱས་པར་བཤད་པ་གཉིས་སོ། །འཇིགས་དང་ཞེས་བྱ་བ་ནི་རྣམ་པར་གཡེང་པའོ། །ཁྲོ་ཞེས་བྱ་བ་ནི་བདུད་རྣམ་པ་བཞིའི་གནོད་པ་འོང་བ་ལས་སེམས་ཀྱིས་འཇོམས་པའོ། །ངོ་ཚ་བ་ནི་འཛེམ་པ་སྟེ་སེམས་ཀྱི་ཞུམ་པའོ། །དེའི་བྱ་བ་ནི་བརྟན་པའི་བྱ་བ་ལ་སོགས་པས་སྤོང་བའོ། །གཉིད་ཅེས་པ་ནི་བདག་མེད་པ་སྟེ། །འཛིན་པའི་བྱ་བ་ལ་མི་སེམས་པའོ། །དེ་ཡང་རྐང་པ་ལ་སོགས་པའི་ཐུན་མོང་དུ་ལྷ་དང༌། ལྷ་མ་ཡིན་དང༌། མི་རྣམས་དང༌། དམྱལ་བ་དང༌། ཡི་དགས་དང༌། བྱོལ་སོང་ལ་ཡང་ཡོད་ལ། ངོ་ཚ་བའི་བྱ་བ་ནི་ལྷ་དང༌། ལྷ་མ་ཡིན་དང༌། མི་རྣམས་ལའོ། །དེ་བས་ན་ཐུན་མོང་དང༌། ཁྱད་པར་གྱི་དངོས་གྲུབ་རྣམས་ཀྱི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་སྤོང་པའོ། །བདག་ཉིད་ཅེས་བྱ་བ་ནི་གཉུག་མའི་ལུས་སོ། །སྤངས་ན་ཞེས་བྱ་བ་ནི་ཉེ་བར་འཚེ་བ་ཐམས་ཅད་བཅོམ་ནས་སྤྱོད་པ་བྱའོ་ཞེས་བྱ་བར་འབྲེལ་ཏོ། །རྣལ་འབྱོར་པ་བདག་ཏུ་འཛིན་པ་མེད་པར་གྱུར་པས་ནི་ཉོན་མོངས་པས་གནོད་པ་མ་ཡིན་པའོ། །དེས་ན་ཡང་རྣམ་པར་རྟོག་པ་དང་བྲལ་བས་ཀུན་དུ་བཟང་པོའི་སྤྱོད་པ་བྱེད་པ་ཉིད་ནི་ཅི་སྟེ། འདིར་ཐེ་ཚོམ་དུ་གྱུར་ཅེས་དགོངས་སོ། །ལུས་ཀྱི་ཞེས་བྱ་བ་ལ་


DTG002_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ་གང་གཏོང་བར་བྱེད་པ་ནི་ལེན་པ་ཉིད་གཙོ་བོ་ཉིད་ཡིན་གྱི། ལུས་གཏོང་བ་ནི་གཙོ་བོ་མ་ཡིན་ནོ། །འོ་ན་ལུས་གཏོང་བ་མ་ཡིན་ནམ་ཞེ་ན། སེམས་ཅན་ཐམས་ཅད་ལ་དེ་སྟེར་བར་བྱེད་པ་ཡང་དེ་ཀུན་ལ་སྟེ། སེམས་ཅན་རྣམས་ཉིད་ལའོ། །དེས་ན་ཡང་སེམས་ཅན་རྣམས་ཉིད་ཀྱི་དོན་དུ་ཁྱད་པར་བྱ་བའི་ཚུལ་གྱིས་སྤྱད་པ་སྤྱོད་པར་བྱེད་པའོ། །ཅི་ཡང་འདིས་བདག་ཉིད་ཀྱི་དངོས་པོ་གཏོད་བར་བྱེད་པ་ཡང་རང་གི་སེམས་ཉིད་ཀྱིས་ཏེ། གང་ཅུང་ཟད་བསོད་ནམས་ཅི་སྐྱེས་པ་དེ་དག་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུའོ་ཞེས་ཤེས་པར་བྱའོ། །སྤྱོད་པ་འདི་ཡང་འདི་ནི་སེམས་ཅན་ཐམས་ཅད་དོ་སྙམ་པའི་བསམ་པ་འདིས་ལུས་འདི་སྦྱིན་པར་བྱེད་པའོ་ཞེས་པ་ནི་མ་ཡིན་ནོ། །འོ་ན་དེ་ཇི་ལྟར་ལུས་དེ་བྱིན་ལ་སྤྱོད་པ་བྱེད་པ་ཡིན་ནམ་ཞེ་ན། གསུངས་པ། སྐལ་དང་ཞེས་བྱ་བ་ལ་སོགས་པ་ལ་སྐལ་བ་ནི་རང་གི་ལུས་ཀྱི་མཚན་ཉིད་དོ། །སྐལ་མིན་ནི་སེམས་ཅན་ཐམས་ཅད་ཀྱི་མཚན་ཉིད་དེ། འདི་དག་ནི་ཕན་ཚུན་མ་ཡིན་པར་དགག་པའོ། །དེས་ན་དེ་དག་ཉིད་དུ་དཔྱད་པར་བྱ་བ་མ་ཡིན་པའོ། །བདག་ཏུ་འཛིན་པ་མེད་པས་སེམས་ཅན་ཐམས་ཅད་དབྱེར་མེད་ཅིང་དེ་རྣམས་དང་བདག་ཉིད་མི་གཞན་པ་ནི་འགྲོ་བའི་རང་བཞིན་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་མཉམ་པ་འདིས་ཡིན་གྱི་གང་ཕྱིར་སྦྱིན་པ་ནི་རྣམ་པར་དཔྱད་ཅིང་ཐམས་ཅད་དུ་སྦྱིན་པར་བྱ་བ་མ་ཡིན་པ་ཉིད་དོ། །དེས་ཀྱང་དེར་སྐལ་བ་ཡང་དག་པར་འབྱུང་བར་འགྱུར་བ་ལས་སོ། །དེ་ཉིད་འཆད་པར་འགྱུར་ཏེ། གང་ཕྱིར་འགྲོ་ཀུན་ང་ལས་བྱུང༌། །སྲིད་གསུམ་པོ་ཡང་ང་ལས་བྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་པའོ། །གང་གི་ཚེ་རང་བཞིན་མི་འབྱེད་པའི་བློ་སྐྱེས་པ་དེའི་སྤྱོད་པ་སྤྱད་པར་བྱའོ་ཞེས་དགོངས་སོ། །བརྐམ་པ་ལ་སོགས་པ་བསྟན་པའི་བཤད་པ་གསུངས་པ། བཟའ་བཅས་ཞེས་བྱ་བ་ལ་སོགས་པ་ལ་བཅའ་བ་ནི་ཁུར་བ་ལ་སོགས་པའོ། །བཟའ་བ་ཞེས་པ་ནི་གསོལ་བ་ལ་སོགས་པའོ། །བཏུང་བ་ཉིད་ནི་འཐུང་བ་སྟེ་བཏུང་བྱའི་རྫས་སོ། །དེ་ཡང་ཇི་ལྟར་རྙེད་པ་བཟའ་བའོ། །ཅིའི་ཕྱིར་ཞེ་ན། གསུངས་པ། ཞེན་པ་ཙམ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་


DTG002_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དངོས་པོ་དང་དངས་པོ་མེད་པར་འཛིན་པ་ཉིད་ནི་ཞེན་པ་སྟེ་དེ་གཏང་བར་བྱའོ། །བཟའ་དང་བཟའ་མིན་ཞེས་བྱ་བ་ལ་སོགས་པས་ནི་སྔར་གསུངས་པའི་རྒྱས་པར་བཤད་པའོ། །བླ་མ་ལ་བསྙེན་བཀུར་བའི་དོན་དུ་གསུངས་པ། དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་ནི་དགུག་པ་ལ་སོགས་པའོ། །ཡང་དག་ཡེ་ཤེས་ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་སོ། །མངོན་ཕྱག་འཚལ་ཞེས་པ་ནི་བླ་མ་ལ་ཞེས་པ་སྟེ། ཡི་གེ་དགུ་པའི་ཚིག་གོ །བསྒོམ་པའི་དུས་སུ་ཡང་མཆོད་པའི་རྗེས་ལ་ཕྱག་བྱ་བར་བལྟའོ་ཞེས་བསྟན་ཏོ། །དེ་དག་ཅིའི་ཕྱིར་ཞེ་ན། གསུངས་པ། མནར་མེད་ཅེས་བྱ་བ་ལ་སོགས་པ་ལ། སྤང་བ་ནི་བཏང་བ་སྟེ་ངོ་བོ་ཡང་ངོ༌། །གལ་ཏེ་བླ་མ་ལ་བཀུར་སྟི་མི་བྱེད་པ་དེ་ནི་གྲུབ་པར་གྱུར་ཀྱང་དེ་མནར་མེད་པར་འགྲོ་བ་ཡང་ཅིས་འགྲུབ་པར་འགྱུར་ཞེས་པའོ། །བསླབ་དང་ཞེས་པ་ནི་བཟོ་ལ་སོགས་པའི་རིག་པ་བསླབ་པའོ། །ཆོ་ག་ནི་སྐྲ་བྲེགས་པ་ལ་སོགས་པའི་བརྟུལ་ཞུགས་འཛིན་པ་སྟེ། གང་དེ་མཆོད་སྦྱིན་ནི་ཕྱི་རོལ་གྱིའོ། །དཀའ་ཐུབ་ནི་བུད་མེད་དང༌། ཉ་དང༌། ཤ་ལ་སོགས་པ་སྤང་བའོ། །སྔགས་དང་བསམ་གཏན་རྣམ་པར་སྤངས། །ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་སྔགས་དང༌། བསམ་གཏན་གཅིག་པུ་ལས་གཞན་པའི་ལྷའི་སྔགས་དང་བསམ་གཏན་ཏེ་དེ་དག་སྤང་བར་བྱའོ། །ཡང་ན་སྔགས་དང་བསམ་གཏན་ནི་ལས་ཀྱི་ཚོགས་བསྒྲུབ་པའི་དོན་དུ་སྟེ་དེ་དག་སྤང་བར་བྱའོ། །དམ་ཚིག་ཅེས་པ་ནི་འཇིག་རྟེན་པའི་རྣམ་པར་གཞག་པའོ། །སྡོམ་པ་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་བྱ་བ་ཉིད་ཀྱིས་སོ། །དེ་ལ་འཇིགས་པ་ནི་འཇིགས་པའོ། །འཇིགས་པ་བསྟན་པའི་བཤད་པ་ནི། །བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་སེང་གེ་ནི་ཐམས་ཅད་ལ་དམན་པར་བལྟ་ཞིང་གནོད་པར་ཡང་མི་བྱེད་པའོ། །དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ངོ༌། །སྙིང་རྗེས་གཞན་གྱི་དོན་བྱ་བ་གསུངས་པ། རྣལ་འབྱོར་པས་སེམས་ཅན་ཐམས་ཅད་བསྒྲལ་བའི་སེམས་ཀྱིས་དུས་ཐམས་ཅད་དུ་བཏུང་བར་བྱའོ། །སྙིང་རྗེ་ནི་སྲིད་པ་སྟེ་དེ་དང་མ་བྲལ་ཞེས་པའི་དོན་ཏོ། །དེ་དག་ནི་རྣལ་འབྱོར་པའི་ཆོས་ཏེ། སེམས་


DTG002_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དོན་ལས་གཞན་པའི་བྱ་བ་མེད་ཅེས་པའོ། །དེས་ན་གསུངས་པ་ཀུན་གྱིས་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་སྙིང་རྗེའི་བྱ་བ་རྣལ་འབྱོར་པའི་སེམས་ཀྱིས་བཏུང་བ་ནི་འཐུང་བ་སྟེ། བདག་ཏུ་འཛིན་པ་ཐམས་ཅད་འཐུང་ཞེས་པའི་དོན་ཏོ། །ཆང་དང་བུར་ཆང་ལ་སོགས་པ་བཏུང་བ་ནི་གཡེང་བ་བྱེད་པས་ན་འགོག་པ་གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། ནུས་པ་ཐོབ་པའི་རྣལ་འབྱོར་པས་ཡུལ་དང༌། དུས་དང༌། གནས་དག་ཏུ་ཆང་ལ་སོགས་པ་སྤྱད་པར་བྱ་བ་མ་ཡིན་ནོ་ཞེས་འཆད་པར་འགྱུར་ཏེ། དེ་ནས་རང་ཉིད་བཏུང་བར་བྱ། །ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་གང་གི་ཚེ་ཆང་ལ་སྤྱོད་པ་དེའི་ཚེ་མཆོད་པར་བྱ་བ་མ་ཡིན་མོད། ཡང་ན་གལ་ཏེ་བཏུང་བ་དང་བཏུང་བ་མ་ཡིན་པ་གཉིས་མེད་པས་བཏུང་བར་བྱ་ཞིང་དེའི་ཚེ་ཡང་རྩེད་མོར་ནི་མ་ཡིན་ཏེ། །རྣལ་འབྱོར་ཉམས་པར་འགྱུར་བའི་ཕྱིར་རོ། །གཞན་དུ་ན་སེམས་ཅན་ཐམས་ཅད་ཀྱི་དོན་ཉིད་ལྷའི་རྣལ་འབྱོར་གྱིས་བསྒྲུབ་པ་ལས་ཉམས་པར་འགྱུར་རོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས་ལེའུ་དྲུག་པའོ།། །།

བདུན་པ། བརྡ་དང་གནས་གཏན་ལ་འབེབས་པའི་ལེའུ།


DTG002_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་གྲུབ་པའི་རྣལ་འབྱོར་མ་རྣམས་བལྟ་བའི་དོན་དུ། གནས་དང་ཞིང་ལ་སོགས་པ་རྣམས་སུ་བགྲོད་ཅིང༌། དེ་རྣམས་ལས་མངོན་པར་འདོད་པའི་གྲུབ་པའི་མཐའ་བདག་དང་འབྲེལ་པ་ལས་རྟོགས་པའི་ཕྱིར་དང༌། དེ་རྣམས་དང་བདག་མཉམ་ཞིང་འདྲ་བར་བསྐྱེད་པའི་དོན་དུ་དེ་དག་གི་བརྡ་སྟེར་བར་རིགས་སོ་ཞེས་པ་དང༌། བརྡ་ལ་གོམས་པར་ཡང་རིགས་ཞེས་པའོ། །བརྡ་ཆེན་ཞེས་གང་མདོར་བསྟན་པ་ནས་བརྩམས་ཏེ། ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཙྪོ་མའི་སྒྲའི་བརྡ་ཅན་ཏེ། དེ་ཡང་བརྡ་དང་ལྡན་ཞིང་ཕྱག་རྒྱའི་རབ་ཏུ་དབྱེ་བ་ཞེས་པའི་བར་དུའོ། །གང་གིས་ཞེས་པ་ནི་བརྡ་དང་ལྡན་པས་སོ། །སྤུན་དང་སྲིང་མོ་ཞེས་པ་ནི་ཐུན་མོང་གི་གྲུབ་པའི་མཐའ་གཟུང་བ་སྟེ། གང་ལ་དེས་སོར་མོ་གཅིག་གིས་འོངས་སམ་ཞེས་པ་དེ་ལ་གཉིས་བྱིན་པ་དེས་ནི་ལེགས་པར་འོངས་ཞེས་པའི་དོན་དུ་བརྗོད་དོ། །དེས་ན་གསུངས་པ། ཁྱོད་ལེགས་འོངས་སམ་ཞེས་པ་ལ། །བརྗོད་ཅེས་པ་ནི་ཁྱོད་ལེགས་


DTG002_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པར་འོངས་སམ་ཞེས་བརྗོད་པའི་དོན་ཏོ། །སོར་མོ་གཅིག་སྟོན་པར་བྱེད་པ་དེ་ལ་སོར་མོ་གཉིས་སྟོན་པར་བྱེད་པ་ནི་ཤིན་ཏུ་ལེགས་པར་འོངས་པ་རྟོགས་པའི་དོན་དུ་སྟེ། གསུངས་པ། གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ནི་ཤིན་ཏུ་ལེགས་པར་འོངས། །ཞེས་པའི་དོན་ཏོ། །བསྙུན་གྱི་ཞེས་བྱ་བ་ལ་སོགས་པ་ཡང་སོར་མོ་གཅིག་ཕྱག་རྒྱ་ཉིད་ཕྱག་རྒྱའི་ལན་དུ་བལྟ་བར་བྱའོ། །གོས་ནི་ཞེས་བྱ་བ་ལ་སོགས་པ་གོས་གྱོན་པ་དག་ལས་ཇི་ལྟར་འདུལ་བར་བྱེད་པའོ། །རྩེ་གསུམ་ཞེས་བྱ་བ་ནི་མཐེ་བོས་མཐེ་ཆུང་མནན་ཏེ་སོར་མོ་གསུམ་པར་བྱས་པའོ། །འཁོར་ལོ་ཞེས་བྱ་བ་ནི་མཐེ་བོ་དང་མཛུབ་མོ་དག་ཕན་ཚུན་དུ་རྩེ་མོ་སྦྱར་ཏེ་སོར་མོ་གསུམ་དགྲོལ་བ་སྔོན་དུ་འགྲོ་བས་ཟླུམ་པོའི་རྣམ་པར་འཆད་པར་བྱེད་པའོ། །ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་ནི་རེངས་པར་བྱེད་ཅིང་འགོག་པར་བྱེད་པའོ། །ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་མཚོན་པར་བྱས་ཏེ། ཕྱག་རྒྱའི་ལན་ནི་དབྱེ་བ་སྟེ། ཕྱག་རྒྱའི་རྗེས་ལ་ཞེས་པའི་དོན་ཏོ། །ཁྱོད་ཀྱིས་ཕྱག་རྒྱ་ཤེས་སོ་ཞེས་པ་དང་ལན་དུ་རྟོགས་སོ་ཞེས་དགོངས་སོ། །གང་གི་ཕྱིར་དམ་ཚིག་འདི་རྣམས་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་པ་དང༌། རྣལ་འབྱོར་མ་རྣམས་ཀྱི་ཡིན་པ་དེས་ན་ཅི་ཞེ་ན། གསུངས་པ། །རྣལ་འབྱོར་མས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་མས་ཞེས་པ་ནི་རྣལ་འབྱོར་མ་རྣམས་སོ། །དེས་སྨྲས་པ་ནི་སྒྲུབ་པ་པོ་ལ་བསྟོད་པའི་ཕྱག་རྒྱར་རྟོགས་པའོ། །བསྟོད་པ་གསུངས་པ། ཨེ་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱོད་ནི་གསང་བ་ཆེན་པོ་འདི་ལྟ་བུ་རྟོགས་པ་ཞེས་ངོ་མཚར་བའོ། །བུ་ནི་སྙིང་རྗེ་ཆེ་ཞེས་པ་ནི་བོད་པ་སྟེ། གང་རྣལ་འབྱོར་མ་རྣམས་ཀྱིས་དེ་ནི་བརྩེ་བ་དང་ལྡན་ཞིང་འགྲོ་བའི་དོན་རྫོགས་པར་འདོད་པའོ་ཞེས་དེ་དག་གིས་རྟོགས་པའོ། །གཞན་ཡང་ཅི་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། ལག་པ་གཉིས་བསྐུམས་པས་ཕྲེང་བ་འཛིན་ཞིང་བརྩེ་བར་གར་བྱེད་པ་དེ་ནི་ཕྲེང་བའི་ལག་པའོ། །སྟོན་པ་ཡང་དེ་ཡིན་ཏེ། དེ་དག་གིས་ནི་འདུ་བར་བྱ། །ཞེས་བརྗོད་པའོ། །ཇི་ལྟར་མེ་ཏོག་གི་ཕྲེང་བས་ནི་འདུ་བར་བྱེད་པ་དེ་བཞིན་དུ་བདག་ཀྱང་འདུ་བར་བྱ་


DTG002_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དགོངས་སོ། །གཞན་ཡང་བསྟན་པར་བྱ་བ་ཅི་ཞེ་ན་གསུངས་པ། ཕྲེང་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ན་བརྩེ་བས་གཟུང་བ་འདི་ནི་དེ་ལྟར་ན་བརྩེ་བས་བཏང་བ་ནི་མངོན་པར་བཏང་བའོ། །དེས་ན་ཕྲེང་བ་ཡང་ཡིན་ལ་མངོན་པར་བཏང་བ་ཡང་ཡིན་ཞེས་ཕྱིས་ཕན་ཚུན་དུ་བསྡུས་པའི་ཚིག་གི་ཕྲད་དོ། །དེས་ན་ཡང་ཕྲེང་བ་མངོན་པར་གཏང་བར་བྱས་ནས་ཕྲེང་བ་རྣལ་འབྱོར་པ་ལ་ལན་དུ། ཕྲེང་བ་མངོན་པར་གཏང་བྱས་ནས། །ཞེས་བྱ་བ་བརྗོད་པས་སྔར་གྱི་བྱ་བ་དག་ཅེས་བྱ་བ་དང་འབྲེལ་ཏོ། །ཅིས་ཤེ་ན་གསུངས་པ། དམ་ཚིག་ཅེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ཀྱིས་དམ་ཚིག་གམ་འདུ་བའམ། ཐ་སྙད་དུ་གནས་ཏེ་དམ་བཅས་པ་ཡིན་ནོ། །ཇི་ལྟར་ཞེ་ན་གསུངས་པ། ཕྱི་རོལ་ཞེས་བྱ་བ་ནི་འགྲོ་བ་དང་དེ་ཉིད་དུ་འོང་བ་ཡང་ངོ༌། །དེའི་དོན་ནི་འདི་ཡིན་ཏེ། ཀྱེ་བུ་ཕྱི་རོལ་དུ་ཞེས་པ་དང༌། གང་དུ་ཞེ་ན། གསུངས་པ། དེ་ལ་འདུ་བ་ཞེས་པའོ། །གང་དུ་འགྲོ་ཞེ་ན། གང་ལ་ས་འོངས་པ་དེར་འདུ་བའོ། །སུ་ཞ་ན་གསུངས་པ། བཟང་པོ་སྤྱོད་ཡུལ་ལ་གནས་པ། །ཞེས་པ་ལ་བཟང་པོའི་རྣལ་འབྱོར་མ་རྣམས་དང་འདུ་བ་ནི་མཆོག་ཅེས་གསུངས་པ་གང་དག་དང་མི་འབྲལ་ལོ་ཞེས་པའོ། །གང་འདུས་པ་ཉིད་ནི་བཟང་པོའི་རྣལ་འབྱོར་པ་དེ་དག་དང་མི་འབྲལ་བར་ངེས་པར་འགྲོ་ཞེས་པའི་ཐ་ཚིག་གོ །དེར་ཡང་རྣལ་འབྱོར་མ་རྣམས་འདུས་པ་ནི་འཇིག་རྟེན་པའི་ཐ་སྙད་ལས་འདས་པའི་ཚིག་ཏུ་ཁྱོད་ཀྱིས་བྱས་པའོ་ཞེས་པ་དེས་ན་གསུངས་པ། གང་སྨྲས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ལ་གནས་པ་ལ་སོགས་པ་སྟེ། ཕྲེང་བ་གཏོང་བར་སྟོན་པའོ། །དེ་ནས་ཡང་ཕྲེང་བའི་ལག་པས་བདག་ཉིད་འདུ་བར་བྱའོ་ཞེས་སྟོན་པ་ནི་ཕྲེང་བ་བཏང་བས་མངོན་པར་འདུ་བར་བྱའོ་ཞེས་སྟོན་པའོ། །ཡང་ན་འཇིག་རྟེན་ལས་འདས་པའི་རང་གི་གྲུབ་པའི་མཐའ་མི་འགོག་པར་བཀུག་ཅིང་སྨྲ་བ་སྟེ། རྣལ་འབྱོར་མས་དེ་དག་ཐམས་ཅད་བྱའོ་ཞེས་བརྗོད་པ་སྟེ། དེ་དག་གིས་སྟོན་པ་ནི་ཕྲེང་གྲུབ་ཅེས་པའོ། །དེ་ནས་འདུ་བའི་གནས་གསུངས་པ། གནས་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ཀྱང་གོ་སླའོ། །འདི་རྣམས་ཞེས་བྱ་བ་ལ་


DTG002_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ། འདི་རྣམས་ནི་ས་བཅུ་གཉིས་པོ་སྟེ། ས་བཅུ་གཉིས་རྣམ་པར་དག་པ་ཞེས་པའི་དོན་ཏོ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །འདིས་ནི་གཞིན་གྱིས་བརྗོད་མི་བྱ། །ཞེས་བྱ་བ་ནི་གང་གི་ཕྱིར་ས་བཅུའི་དབང་ཕྱུག་དང༌། མགོན་པོ་ཧེ་རུ་ཀའི་གནས་འདི་རྣམས་ཀྱིས་བརྗོད་པའོ། །ཅིར་འགྱུར་ཞེ་ན། གཞན་གྱིས་མ་ཡིན་པར་འདི་ཉིད་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱིས་དག་ལ་དབྱེར་མི་ཕྱེད་པས། དེའི་རང་བཞིན་ཏེ། ས་རྣམས་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་ས་རྣམས་ནི་རབ་ཏུ་དགའ་བ་ལ་སོགས་པའོ།། དེ་ཡང་འདི་ལྟ་སྟེ། ས་དང་པོ་ནི་རབ་ཏུ་དགའ་བའོ། །དེ་བཞིན་དུ་དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་དང༌། སྦྱང་དཀའ་བ་དང༌། མངོན་དུ་གྱུར་པ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་ནོ། །ས་བཅུ་གཅིག་པ་ནི་སངས་རྒྱས་ཀྱི་སའོ། །ས་དེ་དག་ཀྱང་ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ས་དང་པོ་རབ་ཏུ་དགའ་བ་ཞེས་བརྗོད་ཅེ་ན། ཅིའི་ཕྱིར་ན། སངས་རྒྱས་ཀྱི་ས་བཅུ་གཅིག་པར་བརྗོད་ཅེས་པའི་བར་དུའོ། །ས་དང་པོ་ནི་བསམ་པ་རྒྱ་ཆེ་བ་དང༌། འཇིག་རྟེན་ལས་འདས་པའི་སེམས་ཐོབ་པ་དང༌། བརྩེ་བས་རྒྱས་ཤིང་རབ་ཏུ་དགའ་བ་འཛིན་པས་ན་རབ་ཏུ་དགའ་བ་ཞེས་བརྗོད་དོ། །ས་གཉིས་པ་ནི་བདེ་བ་ཐམས་ཅད་སྐྱེས་པས་ཚུལ་ཁྲིམས་འཆལ་བའི་དྲི་མ་དང་བྲལ་བ་འཛིན་པས་ན་དྲི་མ་མེད་ཅེས་བརྗོད་དོ། །ས་གསུམ་པ་ནི་སྣང་བ་ཚད་མེད་པ་བསྟེན་ཅིང་གཟུང་སྟེ་དེའི་ཏིང་ངེ་འཛིན་དང་དེའི་ཐོས་པ་དང༌། བསམ་པ་ཡང་འཆང་བས་ན་འོད་བྱེད་པ་ཞེས་བརྗོད་དོ། །ས་བཞི་པ་ནི་ཉོན་མོངས་པའི་བུད་ཤིང་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྲེགས་པར་གྱུར་པས་ནི་དེའི་བྱང་ཆུབ་ཀྱི་ཆོས་བསྒོམས་པས་ན་འོད་འཕྲོ་བ་ཞེས་བརྗོད་དོ། །ས་ལྔ་པ་ནི་དེ་རྣམས་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཏེ། དེ་བསྒོམས་པའི་ཐབས་ལུས་ཉོན་མོངས་པར་གནས་པ་དེ་འཛིན་པར་བྱེད་པས་ན་སྦྱང་དཀའ་བ་ཞེས་བརྗོད་དོ། །ས་དྲུག་པ་ནི་མངོན་པར་འདུ་བྱེད་བ་ལ་རབ་ཏུ་འཇུག་པ་བསྒོམས་པས་མངོན་སུམ་དུ་བྱེད་ཅིང༌། ཕལ་ཆེར་མཚན་མ་མེད་པ་ཡིད་ལ་བྱས་པ་


DTG002_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར་བྱེད་པས་ནི་མངོན་དུ་བྱེད་པ་ཞེས་བརྗོད་དོ། །ས་བདུན་པ་ནི་བར་ཆད་མེད་ཅིང་རྒྱུན་མ་ཆད་པར་མཚན་མ་ཡིད་ལ་བྱེད་པས་རིང་པོར་འཇུག་ཅིང་རྣམ་པར་དག་པའི་སལ་རབ་ཏུ་འཇུག་པ། འཛིན་པར་བྱེད་པས་ན་རིང་དུ་སོང་ཞེས་བརྗོད་དོ། །ས་བརྒྱད་པ་ནི་མཚན་མ་མེད་པ་ལྷུན་གྱིས་གྲུབ་པས། མཚན་མ་དང་ཉོན་མོངས་པའི་ཚོགས་རྣམས་ཀྱིས་མི་གཡོ་བར་འཛིན་པས་ན་མི་གཡོ་བ་ཞེས་བརྗོད་དོ། །ས་དགུ་པ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་གནས་ཤིང་སྐྱོན་མེད་པ་ཤིན་ཏུ་རྒྱས་པ་ཐོབ་པ་འཛིན་པས་ན་ལེགས་པའི་བློ་གྲོས་ཞེས་བརྗོད་དོ། །ས་བཅུ་པ་ནི་ནམ་མཁའ་ལྟར་ལུས་ཀྱི་གནས་ངན་ལེན་པ་དག་ལ་སྤྲིན་ཆེན་པོ་དང༌། ཆོས་ཀྱི་མཛོད་ལྟ་བུ་ནས་སྤྲོས་ཤིང་གསལ་བར་བྱེད་པ་འཛིན་པར་བྱེད་པས་ན་ཆོས་ཀྱི་སྤྲིན་ཞེས་བརྗོད་དོ། །ས་བཅུ་གཅིག་པ་ནི་ཤིན་ཏུ་ཕྲ་བའི་ཉོན་མོངས་པའི་སྒྲིབ་པ་རབ་ཏུ་འཇོམས་ཤིང་ཉོན་མོངས་པ་འཇོམས་པ་ལ་ཐོགས་པ་མེད་པ་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པ་འཛིན་པར་བྱེད་པས་ན་སངས་རྒྱས་ཀུན་དུ་འོད་ཅེས་བརྗོད་དོ། །མོས་པ་སྤྱོད་པའི་ས་ནི་ཐམས་ཅད་ཀྱི་ནང་དུ་ཆུད་པ་སྟེ། ཐ་མི་དད་པའི་ཕྱིར་རོ། །སངས་རྒྱས་ཀྱིས་ཡང་འབྲས་བུར་གྱུར་པས་ལོགས་ཤིག་ཏུ་མ་བསྟན་པས་བཅུ་སྟེ། རབ་ཏུ་དགའ་བ་ལ་སོགས་པ་དང༌། གནས་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །མོས་པ་སྤྱོད་པའི་ས་དང༌། སངས་རྒྱས་ཀྱི་ས་ནི་དུར་ཁྲོད་དང༌། ཉེ་བའི་དུར་ཁྲོད་པ་ཇི་ལྟ་བ་བཞིན་དུ་སྦྱར་རོ། །ཡུལ་བསྟན་པའི་རྗེས་ལ་དས་བསྟན་པའི་དོན་དུ་གསུངས་པ། ཉིན་པར་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་དགས་ཟླ་ཕྱེད་ཅེས་བྱ་བའི་ཡི་དགས་རྣམས་ནི་མངོན་པར་འདོད་པའོ། །ཟླ་བ་ཕྱེད་ནི་ཕྱོགས་ཏེ་དེ་ཡང་ནག་པོ་ཉིད་དོ། །ཡང་ན་ཡི་དགས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། བདག་གི་སྡིག་པ་རྣམས་བསྐུལ་ཞིང་འཁོར་བའི་འགྲོ་བ་རྣམས་དེར་ཁྱེར་བར་བྱེད་པས་ནའོ། །དེ་སྐད་དུ་ཡང༌། སྡིག་པ་ཐམས་ཅད་སྐུལ་བྱེད་ཅིང༌། །འཁོར་བ་དག་ནི་སྒྲོལ་བ་པོ། །དེས་ན་ང་ནི་ཡི་དགས་གསུངས། །ཆོས་ཀུན་རྣམ་པར་དག་པའོ། །ཞེས་གསུངས་སོ། །ལྷག་མའི་དོན་ནི་སྔ་མ་བཞིན་ནོ། །རྒྱལ་མཚན་ཞེས་བྱ་བ་ལ། གང་མངོན་པར་


DTG002_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱང་བ་ཐམས་ཅད་རྒྱལ་མཚན་ནོ། །མཚོན་བསྣུན་ཞེས་བྱ་བ་ནི་གཡུལ་ངོར་བསྣུན་པའོ། །ལན་བདུན་པ་ཡང་ཞེས་བྱ་བ་ལ། ལན་བདུན་དུ་བར་མ་ཆད་པར་མིར་སྐྱེས་པ་གང་ཡིན་པ་དེ་ནི་ལན་བདུན་པ་སྟེ། བསོད་ནམས་དང་ལྡན་པའི་སྐྱེས་བུའོ། །དེ་དག་ཐམས་ཅད་ཀྱིས་ཀྱང་དམ་ཚིག་ཉེ་བར་མཚོན་པ་ཞེས་པ་ནི་ལྷག་མའོ། །བཟའ་བར་བྱ་ཞེས་པ་ནི་ཆང་དག་ཀྱང་བཏུང་བར་བྱ་སྟེ་ཞེས་དགོངས་སོ། །དེ་ཡང་དམ་ཚིག་ཏུ་བཏུང་བ་མ་ཡིན་པ་སྟེ། འོན་ཀྱང་སེམས་ཅུང་ཟད་ཡང་དག་པར་དགའ་བའི་དོན་དུའོ། །དེ་ཡང་གང་གི་ཕྱིར་འཆད་པར་འགྱུར་ཏེ། དེ་ནི་ཆང་ཡང་འཐུང་བར་བྱེད། །དེ་ནས་རབ་ཏུ་བརྟུལ་ཞུགས་ཅན། །ཞེས་པའོ། །དེ་ཡང་རྣལ་འབྱོར་པས་ཁྱད་པར་དུ་ལན་བདུན་པའི་ཤ་ཞིམ་པར་བཟའ་བར་བྱ་བ་ཡིན་ལ། དེ་ཡང་ཐུན་མོང་དུ་ནི་ཁྱབ་པའི་སྙིང་རྗེ་ཅན་གྱིས་སོ། །གང་ཞིག་རང་ལ་ཆགས་པས་ཟ་བ་དེ་ནི་བདག་ཉིད་སླུ་བར་རྟོགས་ནས་གསུངས་པ། སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་བདག་ནི་རྟག་པ་དང༌། གཙང་བ་དང༌། སྙིང་པོ་ཅན་དང༌། བདག་པོ་ཞེས་ཕུང་པོ་ལྔར་མཉམ་པས་ན་བདག་ཉིད་བདེ་བ་དང༌། བདག་ཉིད་སྡུག་བསྔལ་བ་དང་བྲལ་བར་འདོད་ཅིང་བདག་ཉིད་ལ་སྙིང་རྗེ་བསྐྱེད་ནས་རང་གི་ར་ལ་སོགས་པ་མཐོ་རིས་ཀྱི་དོན་དུ་གསོད་པར་བྱེད་པའི་སླུ་བར་བྱེད་པ་འབའ་ཞིག་པ་ཉིད་དེ། གང་གི་ཕྱིར་དེ་ལྟ་བུ་ཉིད་བྱས་པ་ལས་འབྲས་བུ་ཤིན་ཏུ་མེད་པ་ཉིད་ཀྱི་ཕྱིར་རོ། །སུས་བྱེད་ཅེ་ན། ལན་དུ་བརྗོད་པ། མཁས་པས་སོ་ཞེས་པ་ནི་བཞད་གད་དང་བཅས་པའི་ཚིག་ཉིད་དེ། དེ་ཡང་མཁས་པ་ནི་བྲམ་ཟེ་ལ་སོགས་པའི་ངག་ལ་དད་པའོ། །དེ་སྐད་དུ་ཡང༌། རང་གི་ར་ལ་སོགས་པ་གསོད་ཅེས་པ་ནི་རིག་བྱེད་པའི་ངག་གོ །རིགས་ཀུན་ལ་ནི་བཟའ་བྱ་བ། །རྟག་ཏུ་སྡེར་ཆགས་ལྔ་ལྔ་སྟེ། །རི་བོང་གཟུགས་མོ་བྱི་ཐུར་དང༌། །པ་མེན་དང་ནི་རུས་སྦལ་དང༌། །བསེ་དང་རྣམ་པ་ལྔ་པོ་ཡིན། །ཞེས་དྲང་སྲོང་བའི་ཚིག་གོ །རྣམ་ཤེས་སྟོབས་དང་ཤུགས་ཀྱིས་ནི། །དུད་འགྲོ་སྐྱེ་བ་བདུན་གྱི་མཐར། །རྣམ་པ་གང་དང་གང་གིས་ནི། །བློ་དང་ལྡན་པས་བཀུག་སྟེ་བཟའ། །ཞེས་པ་ནི་བདེ་བྱེད་པའིའོ། །དེས་ན་བཟའ་བ་ཡང་བསོད་པ་


DTG002_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཉེ་བར་མཚོན་པ་ཡིན་ཞིང་གཞན་དུ་ན་མི་གཙང་བ་ཉིད་དུ་ཐལ་བར་འགྱུར་ཏེ། རྣམ་པ་གང་དང་གང་གིས་བཀུག་པའི་ཁྱད་པར་ལགས་སོ། །དེ་ནས་གང་གི་ཕྱིར་དེ་རྣམས་ནི་མཁས་པ་ལྟར་སྣང་བ་ཡིན་ཏེ། རང་གི་ལུང་དང་ཡང་འགལ་བར་སྤྱོད་ཅིང་དོན་མེད་པའི་ཆ་ལ་བརྟེན་པའི་ཐེ་ཚོམ་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། རིག་བྱེད་པ་ན་རེ། གང་གི་ཕྱིར་སྙིང་རྗེ་ཆོས་ཀྱི་གཙོ་ཞེས་པའི་ཕྱིར་དང༌། རི་དགས་ཤ་སྲེད་མཆོད་སྦྱིན་བྱེད། །ལས་ཀྱི་བསོད་ནམས་དམན་པར་སྐྱེས། །ཞེས་དྲང་སྲོང་ལས་ཁྱབ་པ་དང་ལྡན་པའོ་ཞེས་གསུངས་སོ། །དེ་ལ་རི་དྭགས་ཀྱི་ཤལ་ཆགས་ཤིང་སྲེད་པས་སྲོགས་ཆགས་སུ་སྐྱེའོ་ཞེས་པ་ནི་ཁྱབ་པ་མ་གྲུབ་པའོ། །ཡང་བདེ་བྱེད་ཀྱིས་གསུངས་པ། ཐོག་མར་སྙིང་རྗེ་རྒྱས་པར་བྱ། །ཞེས་པའོ། །དེས་ན་ཡང་སྲོག་བཅད་པ་ལས་ཕུང་བར་འགྱུར་བས་ན་དོན་དུ་ངེས་ནས་དེ་ལ་རབ་ཏུ་འཇུག་པའི་མཁས་པ་ཞེས་པ་ནི་ཇི་ལྟར་བཞད་གད་གྱི་གནས་མ་ཡིན། ལ་ལར་ཡང་མཁས་པའོ་ཞེས་པའི་ཚིག་ཡོད་དོ། །དེའི་དོན་ནི་བདག་ཉིད་ལ་སྙིང་རྗེ་བསྐྱེད་ཅིང་གསོད་པར་བྱེད་པ་དེ་ནི་མཁས་ཤིང་རིག་པ་དང་ལྡན་པ་དང༌། ཤེས་རབ་དང་ལྡན་པའོ་ཞེས་པའི་གཏམ་རྒྱུད་དག་ལས་སོ། །དེར་ནི་སྔར་གྱི་རིག་པ་ཡིས། །ཕྱིན་ཅི་ལོག་ཅེས་པ་ལ། མཁས་པ་མ་ཡིན་པར་བཤད་པའོ། །དེས་ན་ཡང་སྙིང་རྗེས་འགྲོ་བའི་སྡུག་བསྔལ་འཕྲོག་པར་བཞེད་པའི་མཛད་པ་ནི་དངོས་གྲུབ་ཐམས་ཅད་ཀྱི་རྒྱུའོ་ཞེས་དེ་རྟོགས་པའི་དོན་དུ་གསུངས་པ། སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེ་ནི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་རྒྱུའི་འགྲོ་བ་འདོན་པར་འདོད་པའི་མཚན་ཉིད་ཅན་ནོ། །གང་དེ་ལྟ་བུ་ཡིན་ན་མངོན་སྤྱོད་ལ་སོགས་པ་ཇི་ལྟར་གསུངས་ཤེ་ན། གདུག་པ་ཞེས་བྱ་བ་ལ་སོགས་པ་ལ། གདུག་པ་ནི་དཀོན་མཆོག་གསུམ་ལ་གནོད་པ་ལ་སོགས་པའི་ལས་ཀྱིས་བདག་ཉིད་ལ་སྡུག་བསྔལ་འཕེལ་བར་བྱེད་པས་ན་མ་རུངས་པ་སྟེ། དེ་རྣམས་ཀྱི་དེ་དག་སྤངས་པས་ཡང་དག་པའི་ལམ་ལ་སྦྱར་བའི་དོན་དུ་མངོན་སྤྱོད་ལ་སོགས་པ་ཐམས་ཅད་ནི་རབ་ཏུ་གྲགས་པར་ཟད་དོ། །དེ་ཡང་ཇི་ལྟ་བུ་ཞེ་ན། གསུངས་པ། ཆོ་གའི་གཙོ་བོ་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་ཞེས་པ་ནི་ཆོ་གས་སྒྲུབ་པར་


DTG002_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའོ། །དེ་ཡང་གཙོ་བོ་སྟེ་མཆོག་གོ །དེས་ན་ཆོ་གའི་གཙོ་བོའི་སྒྲས་ནི་གཙོ་བོའི་ཆོ་ག་ཞེས་ཤེས་པར་བྱ་སྟེ་སྙིང་རྗེ་བརྗོད་པར་བྱ་བའི་དོན་གྱི་ནང་ནས་ཕུལ་དུ་བྱུང་བའི་ཕྱིར་རོ། །སྙིང་རྗེ་ཕལ་ཆེ་བའི་ཡིད་ཅན་ཉིད་ལ་མངོན་སྤྱོད་ལ་སོགས་པ་རྗེས་སུ་གནང་བ་ཡིན་ནོ། །དེ་བས་ན་ཡང་ཅིའི་ཕྱིར་གདུག་པ་ལ་སྡུག་བསྔལ་སྟེར་ཞེ་ན། གང་ཇི་སྲིད་དུ་སྡིག་པའི་རྒྱུ་ལས་ལྡོག་པ་དེ་སྲིད་དུ་སེམས་ཅན་ལ་སྦྱོར་བ་དང་བྲལ་བས་ནི་མ་ཡིན་ནོ། །འདིས་ཀྱང་མངོན་སྤྱོད་ལ་སོགས་པའི་བློ་ཡང་སྙིང་རྗེའི་རབ་ཏུ་སྦྱོར་བའི་ཁྱད་པར་ལས་སོ། །དེ་ལ་འདུ་བའི་གནས་སུ་གང་བྱ་བའི་དོན་དུ་བསྟན་པ་གསུངས་པ། དེ་ལ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་པ་ནི་ཉིན་མོ་ཐབས་ཀྱི་ཆའོ། །དེ་ཡང་གསལ་བའི་བདག་ཉིད་ལས་ཡོན་ཏན་དུ་གྱུར་པའོ། །མཚན་མོ་ནི་ཤེས་རབ་ཀྱི་ཆ་སྟེ། དེ་ཡང་དྲི་མ་དང་བྲལ་བས་ན་སྐྱོན་ནོ། །ཡོན་ཏན་དང་སྐྱོན་དག་ནི་ཐབས་དང་ཤེས་རབ་དག་གོ །དེས་ན་ཡོན་ཏན་དང་སྐྱོན་གྱི་རང་བཞིན་ནི་འགྲོ་བ་དང་འོང་བའི་དུས་སུའོ། །དེ་ལྟར་ན་ཐམས་ཅད་ཀྱང་ཡོན་ཏན་དང་སྐྱོན་ལས་མ་གཏོགས་པ་མྱ་ངན་ལས་འདས་པ་དང་འཁོར་བ་ཇི་ལྟ་བུ་ཞེས་པའོ། །དེ་ལྟ་ན་ཡོན་ཏན་དང་སྐྱོན་ཡང་རེས་འགའ་ནི་མྱ་ངན་ལས་འདས་པའོ། །རེས་འགའ་ནི་འཁོར་བ་སྟེ། མ་དག་པས་ཡོན་ཏན་ཡང་འཁོར་བའོ། །རྣམ་པར་དག་པ་ལས་ནི་སྐྱོན་དག་ཀྱང་མྱ་ངན་ལས་འདས་པའོ། །དེ་ཡང་མངོན་པར་ཞེན་པ་དང་ལྡན་པས་ནི་མྱ་ངན་ལས་འདས་པ་ཡང་སྐྱོན་ན། །མངོན་པར་ཞེན་པ་མེད་པས་ནི་འཁོར་བ་ཡང་ཡོན་ཏན་ནོ་ཞེས་པའོ། །མི་བྱ་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་ལ། སྐྱེས་བུ་དམ་པའི་བྱ་བ་ནི་བྱ་ཞེས་པ་སྟེ། སྦྱིན་པ་ལ་སོགས་པའོ། །དེ་ལས་བཟློག་པས་ནི་མི་བྱ་བའོ། །ཡོད་མ་ཡིན་ཞེས་པ་ནི་མེད་པའོ། །མི་བཟའ་ཞེས་བྱ་བ་ནི་བཟའ་བར་བྱ་བ་མ་ཡིན་པ་གོ་ཀུ་ད་ཧ་ན་ལ་སོགས་པའོ། །ཡོད་མ་ཡིན་ཞེས་པ་ནི་དེ་ལྟ་མོད་ཀྱི་འདི་དག་བཟའ་བ་ཉིད་དོ། །མི་བསམ་ཞེས་བྱ་བ་ནི་བཟང་པོའི་བྱ་བ་བྱེད་པས་མི་བསམ་ཞེས་པ་སྟེ། ཕ་རོལ་གྱི་དོན་དུ་མི་འགྱུར་བ་བསམ་པར་བྱ་བ་མ་ཡིན་པས་སོ། །མི་སྨྲ་ཞེས་བྱ་བ་ནི་ངོ་ཚ་བའི་གཏམ་བཟུང་ནས་མི་བརྗོད་པ་


DTG002_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཕ་རོལ་པོ་དག་ལ་གསལ་བར་མི་སྟོན་པའི་ཚིག་གོ །ཡང་མི་དགེ་བ་དེ་དག་མི་བརྗོད་པས་ནི་དེ་མེད་པའོ། །འདིས་ནི་སྡིག་པ་བཤགས་པར་ཡང་བསྟན་ཏོ། །ཡང་ན་བྱ་བ་མ་ཡིན་པ་ལ་སོགས་པ་ཐམས་ཅད་ཉིད་དེ། གང་འཇིག་རྟེན་པ་དང་འགལ་བ་དེ་མེད་པའོ། །དེ་མེད་པ་ནི་མ་ཡིན་པ་སྟེ། སྲོག་གཅོད་པ་ལ་སོགས་པ་གསུམ་ནི་ལུས་ཀྱི་ཉེས་པར་སྤྱོད་པའོ། །ངག་གི་ཉེས་པར་སྤྱོད་པ་ནི་བརྫུན་ལ་སོགས་པ་རྣམ་པ་བཞིའོ། །ཡིད་ཀྱི་ཉེས་པར་སྤྱོད་པ་ནི་བརྣབ་སེམས་ལ་སོགས་པ་གསུམ་སྟེ། དེས་ན་ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་བླང་བར་བྱ་བ་མ་ཡིན་ཞེས་བྱ་བ་སྟེ། དེ་རྣམས་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་རོ། །དེས་ན་གང་གི་ཕྱིར་དགེ་བ་ཀུན་ཀྱང་སྒྱུ་མ་ལྟ་བུར་ལྷག་པར་མོས་པར་བྱ་ཉིད་མི་དགེ་བ་མ་ཡིན་པར་རྟག་ཏུ་བྱང་ཆུབ་ཀྱི་སྤྱོད་པ་ཉིད་ལས་ཏེ་དེའིའོ། །བདག་དང་གཞན་ལ་བརྗེ་བ་གསུངས་པ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་བདག་ནི་བདག་དང་ངའོ་ཞེས་ང་རྒྱལ་བ་དེ་བཞིན་དུ་སེམས་ཅན་ཕ་རོལ་པོ་དག་ལའོ། །གཞན་ཞེས་བྱ་བ་ནི་གཞན་དུ་ང་རྒྱལ་བ་དེ་བཞིན་དུ་བདག་ཉིད་ལ་ཡང་བྱའོ། །དེ་ནི་གང་སྔར་གསུངས་ཏེ། ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །ཅེས་པའོ། །བཟའ་དང་ཞེས་བྱ་བ་ལ་སོགས་པ་ནི་ཁ་ད་ནཾ་སྟེ། ད་ཕྱིས་པ་ལས་སོ། །ཁ་ནུ་ཨ་པ་ད་ར་ན་གཅོད་ཅིང་བཟའ་བའི་སྒྲའི་བྱིངས་ལས་རབ་ཏུ་སྦྱོར་བའོ། །སྤྱོད་པའི་ལེའུར་བསྟན་པའི་གར་དང་གླུའི་རྣམ་པར་དག་པ་བཤད་པ་གསུངས་པ། ཇི་སྙེད་ཅེས་བྱ་བ་ལ་སོགས་པའོ། །ནམ་གྱི་ཚེ་ཞེན། གསུངས་པ། གང་གི་ཚེ་དཔལ་ཧེ་རུ་ཀའི་གོ་འཕང་ལ་རྣལ་འབྱོར་པ་གནས་པ་དེའི་ཚེ་དེ་ལྟ་བུ་ཡིན་ནོ། །དེ་ལ་འདོད་པའི་ལྷ་དཔལ་ཧེ་རུ་ཀ་ཀུན་བརྗོད་པའི་དོན་དུ་གསུངས་པ། དཔལ་ཞེས་བྱ་བ་ལ་སོགས་པ་ལ། དཔལ་གྱི་སྒྲས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། གཟུང་བ་དང་འཛིན་པ་ལ་སོགས་པ་དང་བྲལ་བས་སོ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །ཅེས་བྱ་བ་ལ། ཧའི་སྒྲའི་བྱིངས་ལས་ཨི་སྟེངས་སུ་རྐྱེན་དང་ལྡན་པ་ཕྱི་བས་ཧེའོ། །ནི་ཨི་དིའི་སྒྲ་ལས་ཨི་ཕྱིས་པས་དེས་ན་ཡང་ཧེ་ཞེས་བྱ་སྟེ་རྙེད་པས་ཧེ་ནི་ཞེས་པར་སྦྱར་རོ། །དེས་ན་རྒྱུ་ལ་སོགས་


DTG002_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོང་པ་ཉིད་ནི་ཧེའི་སྒྲ་ཞེས་པའི་དོན་ཏོ། །དུ་ནི་ཚོགས་དང་བྲལ་བ་ཞེས་བྱ་བ་ལ། ཚོགས་ནི་ལྷ་ལ་སོགས་པ་རྟོག་ཅིང་དཔྱོད་པ་སྟེ་དེ་དང་བྲལ་བ་ནི་ལྷ་རྣམས་དངོས་པོ་མེད་པར་འགྱུར་ཞིང༌། དེས་ན་ཡང་ལྷར་སྐྱེ་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའི་སྨོན་ལམ་དང་བྲལ་བའོ། །གང་ལས་ཤེ་ན། རུ་ཡིག་གི་དོན་གྱིས་སོ། །དེས་ན་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་མཚན་ཉིད་ཅན་གྱི་རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་གིས་བསྡུས་སོ། །ཀ་ནི་གང་དུའང་མི་གནས་ཞེས་བྱ་བ་ལ། གནས་པ་ནི་གནས་ལས་ཉེ་བར་མཚོན་པ་ཉིད་དེ། སྐྱེ་བ་དང་འཇིག་པ་ཡང་གཟུང་ངོ༌། །དེས་ན་ཡང་དོན་དམ་པར་གནས་ལ་སོགས་པ་ནི་གང་དུ་ཡང་ཡོད་པ་མ་ཡིན་ཏེ། ཀུན་རྫོབ་ཏུ་ནི་ཡོད་དོ་ཞེས་དགོངས་སོ། །རོ་མཉམ་པའི་རང་བཞིན་དུ་ཉེ་བར་བསྡུ་བ་ནི་སྒོ་ནས་གང་དང་གང་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བོ་ཞེས་པ་ནི་ཤེས་པའི་རྟེན་གྱིས་ངོ་བོ་ལས་སྐྱེ་ཞིང་རབ་ཏུ་འབྱུང་བས་ན་སྐྱེ་བོ་ཞེས་པ་སྟེ། ལུས་ལ་སོགས་པའི་དབང་པོ་རྣམས་སོ། །ཤ་ཞེས་བྱ་བ་ནི་ཡུལ་རྣམས་ཏེ། ཤ་དང་ཆོས་མཐུན་པས་ན་ཤའོ། །སེམས་ཉིད་ཀྱིས་ཐམས་ཅད་བཟའ་བ་ཡང་བརྐམ་ཆགས་དང་བྲལ་བར་བྱའོ། །དེ་བཞིན་དུ་ཡུལ་རྣམས་ལ་ཡང་ངོ༌། །མཁས་པས་བཟའ་བྱ་བ་ཞེས་བྱ་བ་ལ། མཁས་པ་ནི་གཟུང་བ་མེད་པར་གནས་པ་སྟེ། སྐྱེ་བོ་གང་དང་གང་རྣམས་ཀྱི་ཡུལ་གྱི་བཟའ་བྱ་ཟ་བ་ཙམ་བྱེད་པའོ། །དེ་དང་དེའི་ཡུལ་སོ་སོ་བདག་ནི་ཇི་ལྟར་དབང་དུ་བྱེད་པར་གྱུར་པའི་སེམས་ཅན་ཏེ། དབང་པོ་དང་སྐྱེ་མཆེད་ལ་སོགས་པ་མཐུན་པར་འགྲོ་བ་སྟེ། ཇི་ལྟར་འདོད་པ་ལྟར་ཞེས་པའི་དོན་ཏོ། །དེ་བས་ན་ཡུལ་རྣམ་པར་དག་པའི་ལོངས་སྤྱོད་པའི་དབང་པོས་ལོངས་སྤྱོད་པས་ནི་སྲིད་པའི་བཙོན་རར་མི་ལྟུང་ཞིང༌། མི་གནས་པའི་མྱ་ངན་ལས་འདས་པའི་སྐམ་སར་གནས་པར་བརྗོད་དོ། །དེ་ཡང་འཆད་པར་འགྱུར་ཏེ། དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པ་ཉིད། །ཅེས་པའོ། །དེས་ན་དབང་པོར་གནས་པ་རོ་མཉམ་པའི་རང་བཞིན་གྱི་འབྲས་བུའོ། །ཡང་ན་སྐྱེ་བོ་དབང་པོ་ལ་བརྟེན་ནས་ཡུལ་


DTG002_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་པ་སྐྱེ་ཞེས་པས་ན་སྐྱེ་བོའོ། །སྐྱེ་བོའི་ཞེས་པ་ནི་བྱེད་པའི་དོན་གྱིས་དྲུག་པའོ། །དེའི་དོན་ནི་འདི་ཡིན་ཏེ། དབང་པོ་འདི་རྣམས་ལ་རྣམ་པར་ཤིས་པ་རྣམས་བརྟེན་པ་ཉིད་ངོ་ཞེས་སྦྱར་ཏེ། ཡུལ་རྣམས་ལ་དམིགས་ཞེས་པར་འབྲེལ་ཏོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གང་ལས་ཤེ་ན་གསུངས་པ། རྡོ་རྗེ་ཐོད་པའི་སྦྱོར་བ་ཞེས་བྱ་བ་ལ། རྡོ་རྗེ་ནི་མི་ཕྱེད་པ་སྟེ་རྟོག་པ་མེད་པ་ཉིད་དོ། །ཀཾ་ནི་བདེ་བ་སྟེ་སྐྱོང་བས་ན་རྡོ་རྗེ་ཐོད་པའོ། །དེའི་སྦྱོར་བ་ནི་དཔལ་ཧེ་རུ་ཀའི་སྦྱོར་བ་སྟེ་ཏིང་ངེ་འཛིན་ཏོ། །དེས་ན་བརྡ་དང་གནས་ལ་སོགས་པ་གང་དུ་གཏན་ལ་འབེབས་པའི་ལེའུ་ལ་བརྡ་དང་གནས་གཏན་ལ་འབེབས་པའི་ལེའུ་ཞེས་བྱའོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས་ལེའུ་བདུན་པའོ།། །།

བརྒྱད་པ། བསྐྱེད་རྫོགས་ཀྱི་རིམ་པ་མངོན་པར་བརྗོད་པའི་ལེའུ།


DTG002_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྣལ་འབྱོར་མ་རྣམས་ཀྱིས་གསུངས་པ་དང༌། མ་གསུངས་པའི་རྒྱུ་རྟོགས་པར་བྱ་བའི་ཕྱིར་དང༌། གནས་དང་བྱེད་རྒྱུ་ངེས་པར་བཤད་པའི་དོན་དུ་རྣལ་འབྱོར་མའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། རྣལ་འབྱོར་མའི་སྐྱེ་གནས་དང་བྱེད་རྒྱུ་བསྟན་པའི་དབང་དུ་བྱས་པའོ། །རྣལ་འབྱོར་མ་ནི་བདག་མེད་མ་ལ་སོགས་པ་རྣམས་སམ། རྣལ་འབྱོར་མ་རྣམས་སོ། །དེས་ན་བདག་མེད་མ་ལ་སོགས་པའི་འཁོར་ལོ་ནི། རྣལ་འབྱོར་མའི་འཁོར་ལོ་ཡིན་པ་སྟེ། རྣལ་འབྱོར་མ་རྣམས་ཀྱང་སོ་སོར་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པ་སྟེ་རང་གཙོ་བོར་གྱུར་པ་ལས་སོ། །བདག་མེད་མ་ཡང་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པས་སོ། །དེ་ཡང་འཆད་པར་འགྱུར་ཏེ། བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཞེས་པའོ། །ནམ་མཁའི་ཁམས་སུ་ཞེས་པ་ནི་སྟོང་པ་ཉིད་དོ། །བྷ་ག་ཞེས་པ་ནི་སྟོང་པ་ཉིད་བསྒོམ་པར་བྱས་ནས་རྡོ་རྗེ་ར་བ་ལ་སོགས་པའི་དབུས་སུ་སྐད་ཅིག་ཙམ་གྱིས་ཆོས་འབྱུང་གི་ཕྱག་རྒྱ་གྲུ་གསུམ་གྱེན་དུ་གནས་པའི་ནང་གི་དབུས་སུ་སྣ་ཚོགས་པདྨ་དང༌། སྣ་ཚོགས་རྡོ་རྗེ་ལ་གནས་པར་བསམས་པའོ། །དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་འཆད་པར་འགྱུར་བ་བསྒོམ་ཞིང་བརྟག་པར་བྱའོ། །དེ་ཉིད་གསུངས་པ། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ་ལྷ་རྣམས་བསྒོམ་པ་ལས་སྔོན་དུ་འཆད་པར་


DTG002_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་གཞལ་ཡས་ཁང་གི་རིམ་པའི་ལུགས་ལས་མི་འདའ་བར་བསྒོམ་པར་བྱ་ཞེས་འདིར་བླང་བར་བྱའོ། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །ཅེས་བྱ་བ་ནི་ཕྱི་ནས་གཞལ་ཡས་ཁང་དུ་ལྷ་རྣམས་ཀྱི་ཚོགས་རིམ་པར་བསྐྱེད་པ་ལས་མི་འདའ་བར་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །གཞལ་ཡས་ཁང་བསྐྱེད་པའི་ཚུལ་གསུངས་པ། ས་དང་ཞེས་བྱ་བ་ལ་སོགས་པ་ལ། སའི་དཀྱིལ་འཁོར་ནི་ལཾ་ལས་བྱུང་བའོ། །ཆུའི་ཞེས་པ་ནི་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་རོ། །སྔོན་ཞེས་པ་ནི་གཞལ་ཡས་ཁང་གི་རྒྱུར་རོ། །དེ་ལྟ་བུའི་ཁྱད་པར་ནི་སྔར་གྱི་དང་གཞན་དག་ལ་ཡང་སྦྱར་བར་བྱའོ། །ཇི་ལྟར་རིགས་པ་ཞེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་བཀོད་པའོ། །བྱིན་ཟ་ཞེས་པ་ནི་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་རོ། །ལྷ་རྣམས་ནི་རོལ་པས་ན་ལྷ་སྟེ་རེངས་པ་ལ་སོགས་པའི་མཚན་ཉིད་དོ། །དེ་ཡང་འཕེལ་ཞིང་རྒྱས་པས་ན་ལྷ་རྣམས་ཏེ། ལཾ་ཡིག་ལ་སོགས་པའི་ས་བོན་གྱི་ཡི་གེ་རྣམས་སོ། །དེ་རྣམས་ལ་ལྷ་རྣམས་ཞེས་བྱ་བ་ནི་ལྔ་པའི་དོན་ལ་དྲུག་པའོ། །རླུང་ཆེན་ཞེས་པ་ནི་ཡཾ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་ཞེས་པའི་དོན་ཏོ། །སྒོམ་པ་པོ་ཞེས་པ་ནི་སེམས་ཙམ་གྱི་གཟུགས་ཏེ། སེམས་ཉིད་ས་ལ་སོགས་པའི་རང་བཞིན་དུ་བྱུང་ཞེས་པའི་དོན་ཏོ། །ཇི་ལྟར་བྱས་ནས་འདི་དག་སྒོམ་པར་བྱེད་ཅེ་ན། གསུངས་པ། ཇི་ལྟར་རིགས་ཞེས་པ་སྟེ། ལཾ་ཡིག་ལ་སོགས་པའི་རྣམ་པ་ལས་རིམ་པ་ཇི་ལྟ་བ་བཞིན་དུ་ས་ལ་སོགས་པའི་དཀྱིལ་འཁོར་རྣམས་བསྐྱེད་པར་གྱུར་པ་ནི་བསྡུས་པའི་དོན་ཏོ། །ཆོས་འབྱུང་ལས་སྐྱེས་འཁོར་ལོ་ཞེས་པ་ནི་ཆོས་འབྱུང་གི་ཕྱག་རྒྱའི་དབུས་སུ་གནས་པའི་སྣ་ཚོགས་པདྨ་དང༌། སྣ་ཚོགས་རྡོ་རྗེའི་ལྟེ་བར་ས་ལ་སོགས་པའི་དཀྱིལ་འཁོར་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་བསྒོམ་པར་བྱ་ཞེས་པ་སྟེ་ཐུན་མོང་ངོ༌། །ཁྱད་པར་གསུངས་པ། རིམ་པ་གཉིས་ཞེས་པ་སྟེ། བདག་མེད་པའི་དཀྱིལ་འཁོར་གྱི་མཚན་ཉིད་དོ། །དག་པ་ཞེས་པ་ནི་དུས་རིབ་བོར་གུས་པ་རྒྱུན་མི་འཆད་པར་གོམས་པ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའོ། །སྐྱོན་མེད་པ་ཞེས་པ་ནི་གཟུགས་ལ་སོགས་པའི་རྣམ་པར་རྟོག་པའི་སྐྱོན་ཏེ། དེ་


DTG002_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གང་གི་ཕྱིར་དོན་དམ་པར་དེ་ལས་ངེས་པར་འབྱུང་བ་སྟེ། དེ་བཞིན་དུའོ། །ཡང་ན་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་གྱིས་དྲི་མ་མེད་ཅིང་རང་གི་ཉེས་པ་དང་ཆོས་མཐུན་པས་ན་སྐྱོན་ཏེ། གང་གི་ཚེ་མཐོང་བ་ཙམ་གྱིས་ཉོན་མོངས་པ་ལས་ངེས་པར་བྱུང་བ་ནི་སེམས་ཅན་རྣམས་ལས་སོ་ཞེས་དེ་བཞིན་དུ་བརྗོད་པ་སྟེ། དེ་དག་ཀྱང་ཐུན་མོང་ངོ༌། །འཕར་མ་གཉིས་བསྟན་པའི་བཤད་པ་གསུངས་པ། ཟེ་འབྲུ་ལས་ནི་གཅིག་གྱུར་ཏེ། །ཞེས་པ་ལ་པདྨ་ལ་སོགས་པ་ལས་མ་གཏོགས་པར་ནི་ཟེའུ་འབྲུ་འབྱུང་བ་མ་ཡིན་ནོ། །དེས་ན་པདྨ་འདབ་མ་བཞིའི་ཟེ་འབྲུ་ཞེས་མན་ངག་ཏུ་སྟོན་ཏོ། །ནང་གི་འཕར་མས་གཅིག་གྱུར་པའོ། །གྲུ་གསུམ་གྱིས་ནི་ཕྱི་མ་བརྗོད། །ཅེས་པ་ནི་ཆོས་འབྱུང་གི་ནང་དུ་སོན་པ་གྲུ་གསུམ་གྱི་རྣམ་པའི་ནམ་མཁར་སྟོན་པ་ནི་ཕྱི་མ་སྟེ་ཕྱི་རོལ་གྱི་འཕར་མ་ཉིད་དོ། །དེ་ཡང་གྲུ་བཞི་ལ་སོགས་པ་དང་ལྡན་པ་སྟེ། གྲུ་བཞི་པ་ལ་སོགས་པ་ནི་འཆད་པར་འགྱུར་བ་ཐུན་མོང་གི་མཚན་ཉིད་ལས་སོ། །གདན་རྣམས་གསུངས་པ་ནི་དེ་དབུས་ཞེས་བྱ་བ་ལ་སོགས་པ་ལ། དེ་དབུས་ཤི་བ་རྣམ་པར་བསམ། །ཞེས་པ་ནི་ཡི་གེ་དགུ་པའི་ཚིག་སྟེ་འཕར་མ་གཉིས་པའི་གཞལ་ཡས་ཁང་གི་དབུས་སུ་རོ་བསམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། གསུངས་པ། བཅོ་ལྔའི་གདན་གྱི་བདག་ཉིད་ལ་ནི་གང་ཡང་ཉི་མའི་དཀྱིལ་འཁོར་བཅོ་ལྔའི་བདག་ཉིད་ནི་བཅོ་ལྔའོ། །རོ་ཞེས་པ་ནི་རིགས་ཙམ་དུ་བྱས་པས་གཅིག་གི་ཚིག་གོ །ཉི་མའི་དཀྱིལ་འཁོར་བཅོ་ལྔའི་གདན་དུ་ཡོངས་སུ་གྱུར་པ་དེ་རུ་རོ་བཅོ་ལྔ་བསམ་ཞེས་པའི་དོན་ཏོ། །ཉི་མའི་གདན་རྣམས་ཀྱང་ལྷ་མོ་རྣམས་ཁྲོས་པའི་བདག་ཉིད་ཡིན་པའི་ཕྱིར་ཡིན་གྱིས། ཟླ་བའི་གདན་ནི་སྟོན་པའི་ཚིག་མེད་པས་སོ། །ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་གྱུར་པ། །ཞེས་བསྟན་པའི་བཤད་པ་གསུངས་པ། དེའི་ཞེས་བྱ་བ་ལ་སོགས་པ་ལ་དེའི་སྟེང་དུ་ཉི་མའི་གདན། དེའི་སྟེང་དུ་ཟླ་བ། དེའི་སྟེང་དུ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་རྣམ་པར་དག་པ་དབྱངས་ཡིག་བཅུ་དྲུག་ཉིས་འགྱུར་རོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམ་པར་དག་པ་ལྕེ་རྩེ་ཅུང་ཟད་བསྐྱོད་པས་བརྗོད་པའི་བྱེ་བྲག་གི་དབྱེ་བ་ཌ་ཌྷ་ད་དྷ་ཡ་ལའི་གསལ་བྱེད་དྲུག་དང་བཅས་པ་ཉིས་འགྱུར་དང༌། ཀ་ལ་


DTG002_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞིའོ། །ཟླ་བའི་སྟེང་དུ་ས་བོན་ཉིད་ཅེས་པ་ནི་གསལ་བྱེད་དང་དབྱངས་ཀྱི་ཚོགས་གཉིས་ཀ་ཡང་མནན་པའི་ཟླ་བའི་སྟེང་དུ་རང་གི་ས་བོན་ཡོངས་སུ་གྱུར་པ་ལས་མཚན་མ་སྟེ། དེའི་ལྟེ་བར་ས་བོན་གནས་པའོ། །དེ་ལྟར་ནི་འཆད་པར་འགྱུར་ཏེ། རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་ཉིད་དུ་བརྗོད་ཅེས་པའོ། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །ཞེས་པ་ནི་དེ་ཐམས་ཅད་བདུད་ལས་རྒྱལ་བས་མནན་ཞེས་པའི་དོན་ཏོ། །གཉིས་འདུས་པ་ལས་བད་ཆེན་པོ། །ཞེས་པ་ནི་ཟླ་བ་དང་ཉི་མ་དག་སྟོང་པ་དང་། སྙིང་རྗེའི་རང་བཞིན་གཉིས་འདུས་ཤིང་དབྱེར་མེད་པར་མི་ཕྱེད་པ་ལས་བདེ་བ་ཆེན་པོའོ། །དེ་ལྟར་ཡང་འཆད་པར་འགྱུར་ཏེ། ཨཱ་ལི་ཤེས་རབ་ཀཱ་ལི་ཐབས། །ཟླ་བ་ཉི་མ་རབ་དབྱེ་བ། །ཞེས་པའོ། །ཨ་ལ་སོགས་པ་དང་ཀ་ལ་སོགས་པ་ཉི་མ་ཉིད་དུ་རྣམ་པར་གཞག་པར་བྱ་བ་གསུངས་པ། ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས། །ཞེས་པ་ནི་དབང་བསྐུར་བའི་དཀྱིལ་འཁོར་དུ་བསྟན་པའི་དོན་དུ་གསུངས་པ། ཟླ་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཟླ་བ་ཉི་མ་ཞེས་པ་ནི་ཟླ་བ་དང་ཉི་མ་དག་ཨ་ལ་སོགས་པ་དང༌། ཀ་ལ་སོགས་པ་ཉིད་འདུས་ཤིང་འབྲེལ་བ་ནི་འབྲེལ་པ་ལས་སོ། །གང་དག་ཅེ་ན་གསུངས་པ། གཉིས་ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་དང༌། བདག་མེད་མ་གཉིས་སོ། །དེ་ཡང་ཅི་ཞེ་ན། གསུངས་པ། དཀར་མོ་ལ་སོགས་ཞེས་པ་ལ། །མངོན་པར་བྱང་ཆུབ་ལྔ་དག་ལས། །རྡོ་རྗེ་འཆང་དུ་གྱུར་པའི་བ་སྤུའི་བུ་ག་དག་ཏུ་ཨ་ལ་སོགས་པ་དང༌། ཀ་ལ་སོགས་པའི་ཡི་གེའི་ཚོགས་རབ་ཏུ་ཞུགས་ཤིང་དེ་བཞིན་དུ་ཕྱུང་ནས། བདག་མེད་མའི་ནང་དུ་ཞུགས་ནས་གཅིག་ཏུ་གྱུར་ཅིང་ཆོས་འབྱུང་དུ་ཞུ་བར་གྱུར་པར་བསམ་པར་བྱའོ། །དེ་ནས་ཞུ་བ་བསྡུས་པ་ལས་ལྷ་དགུའི་བདག་ཉིད་ཅན་གཙོ་བོ་རྡོ་རྗེ་སེམས་དཔའ་སེམས་ཅན་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་སྤྲུལ་པའོ་ཞེས་དགོངས་སོ། །དེ་ལ་ཡང་ཨ་ལ་སོགས་པ་དང༌། ཀ་ལ་སོགས་བཞུ་བའི་སེམས་ཅན་རྣམས་དབང་བསྐུར་བས་དམ་པའི་བདེ་བ་ཐོབ་པ་ལས་སྐྱེས་པའོ་ཞེས་ཤེས་པར་བྱའོ། །ཡང་འཆད་པར་འགྱུར་ཏེ།


DTG002_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་ཤེས་བར་རང་བཞིན་ལས། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཞེས་པའོ། །ཟླ་བ་ལ་སོགས་པ་རྣམས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པར་རྣམ་པར་དག་པར་གསུངས་པ། མེ་ལོང་ཞེས་བྱ་བ་ལ་སོགས་པ་སྟེ། ཅུང་ཟད་ཀུན་ནས་བལྟ་ཞིང་དམིགས་ཏེ་རབ་ཏུ་གནས་པར་བྱས་པ་ལས་གང་གི་ཕྱིར་གཟུང་བ་ལ་སོགས་པའི་བདག་ཉིད་ཅན་གྱི་དངོས་པོ་རྣམས་ནི་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པའི་ཕྱིར། མེ་ལོང་དང་ཆོས་མཐུན་པ་སྟེ། གཟུགས་བརྙན་དང་འདྲ་བ་ལས་སོ། །ཡེ་ཤེས་ཀྱང་ཡུལ་དུ་དམིགས་པའི་ཕྱིར་ཏེ། ཡེ་ཤེས་རྗེས་སུ་འཇུག་ཅིང་གོང་ནས་གོང་དུ་འགྲོ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་དེ་སྦྱོར་བ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མཉམ་པ་ཉིད་ནི་ཆོས་རྣམས་རང་བཞིན་མེད་པའོ། །ཡེ་ཤེས་ནི་དེ་ཉིད་འོད་གསལ་བ་ལས་སོ། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་ཉིད་དུ་བརྗོད། །ཅེས་བྱ་བ་འདི་ནི་རྣམ་པར་དབྱེ་བ་མ་བྱས་ཏེ། རང་གི་ས་བོན་ལས་རྫོགས་ཤིང་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པའི་ལྷ་རྣམས་རང་གི་མཚན་མ་ནི་སོ་སོར་རྟོག་པའི་ཡེ་ཤེས་རྣམ་པར་དག་པ་སྟེ། དེ་ཡང་སོ་སོར་རྟོག་པ་ནི་དངོས་པོ་མ་ལུས་པ་ཕྱིན་ཅི་མ་ལོག་བྱས་སོ། །ཡེ་ཤེས་ནི་དེ་ལ་དམིགས་པ་སྟེ། དེས་ན་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་རྣམས་གཅིག་གྱུར་བྱ་ནན་ཏན། །ཞེས་བྱ་བ་ནི་ཟླ་བ་དང༌། ས་བོན་དང༌། མཚན་མ་དང༌། ཨཱ་ལི་ཀཱ་ལི་དག་ལས་གང་གཅིག་ཏུ་གྱུར་པ་དེ་ནི་ནན་ཏན་ཞེས་བྱའོ། །དེའི་ཡང་བྱ་བ་ནི་སེམས་ཅན་གྱི་དོན་ལ་རབ་ཏུ་འཇུག་པའི་སྤྲུལ་པའི་སྐུའི་མཛད་པའོ། །ཡེ་ཤེས་ཀྱང་དེ་ཉིད་སྒྱུ་མ་ལ་སོགས་པའི་གཟུགས་ཀྱིས་སྤྲུལ་ཞིང་དམིགས་པ་ལས་སོ། །གཟུགས་རྫོགས་ཆོས་དབྱིངས་དག་པ་ཞེས་བྱ་བ་ལ། གཟུགས་ནི་གཟུགས་བརྙན་དང་འདྲ་བའོ། །རྫོགས་པ་ནི་ལྷ་རྣམས་ཀྱི་ལུས་སོ། །དག་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཏེ། གཟུགས་བརྙན་རྫོགས་ཞེས་པའི་དོན་ཏོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་དོ། །དེ་ཉིད་ནི་ཡེ་ཤེས་ཏེ་དག་ཅིང་གསལ་བའི་བདག་ཉིད་ཀྱི་ཕྱིར་རོ། །ལྷའི་ལེའུར་ཕྱེད་གཉིས་པ་བསྐྱེད་པའི་


DTG002_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་སྔར་བསྟན་པ་འདིའི་བཤད་པ་ནི། ད་ལྟར་བདག་མེད་མ་བསྐྱེད་པའི་སྐབས་སུ་མངོན་པར་བྱང་ཆུབ་པ་ལྔའི་སྦྱོར་བས་ཐུན་མོང་དུ་བྱས་པའོ། །དེའི་ཁྱད་པར་གསུངས་པ་རྣམ་པ་ལྔ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། འབྲས་བུའི་གཟུགས་ཀྱིས་རྣམ་པར་འབྱེད་ཅིང་གསལ་བར་བྱེད་པ་སྟེ། དེ་བཞིན་གཤེགས་པ་ལྔའི་རྣམ་པས་རྡོ་རྗེ་འཆང་ཉིད་དུ་སྒོམ་པར་བྱེད་ཅེས་བྱ་བར་འབྲལ་ཏོ། །ཇི་ལྟ་བུ་ཞེ་ན་གསུངས་པ། ཆོ་ག་ལྔ་གསུངས་པ་ཞེས་བྱ་བ་ནི་ཟླ་བ་ལ་སོགས་པའི་གཟུགས་རྣམ་པ་ལྔ་ལས་སོ། །ཨཱ་ལི་དང་ཀཱ་ལི་རྣམ་པར་དག་པ་བརྗོད་པ་གསུངས་པ། ཨཱ་ལི་ཞེས་བྱ་བ་ལ་སོགས་པ་སྟེ། ཨཱ་ལི་དང་ཀཱ་ལི་དག་མཉམ་པ་ནི་འདྲ་བའོ། །ཀུན་ནས་སྦྱོར་བ་ནི་ཉིས་འགྱུར་བསྐོར་བ་སྟེ། གང་གི་ཚེ་རྣམ་ལྔའི་སྦྱོར་བ་དེ་བཞིན་དུའོ། །དེ་འབྲས་བུའི་གཟུགས་ཀྱི་རྡོ་རྗེ་འཆང་གི་རྒྱ་ཆེ་བའི་གདན་ནོ། །དེ་དག་ཀྱང་སྐྱེད་པར་བྱེད་པའི་ས་བོན་དང༌། མཚན་མ་ནི་ཅི་ཞེ་ན། གསུངས་པ། ཡི་གེ་ལས་བྱུང་གོང་བུའི་ཧཱུཾ། །ཞེས་བྱ་བ་ལ་ཡི་གེ་ཞེས་བྱ་བ་ནི་མི་འགྱུར་བ་དང༌། མི་ཟད་པས་སོ། །ལས་བྱུང་ནི་རྡོ་རྗེ་སྟེ། དེས་ན་ཡི་གེ་ལས་བྱུང་ངོ༌། །དེ་ལྟ་བུའི་གོང་བུ་ནི་ལུས་ཏེ། གང་གི་རྡོ་རྗེ་སེམས་དཔའ་ལ་དེ་སྐད་དུ་བརྗོད་དོ། །དེའི་ཧཱུཾ་ཡིག་དང་དེ་ལྟ་བུའི་རྡོ་རྗེ་ནི་མཚན་མ་ཡིན་ལ། ཧཱུཾ་ཡིག་ནི་ས་བོན་ཞེས་སྟོན་ཏོ། །འོན་ཀྱང་ས་བོན་གཉིས་ནི་ཡོད་པ་མ་ཡིན་པ་སྟེ། དེ་གསུངས་པ། ཕཊ་ཀྱི་རྣམ་པ་འདོད་མི་བྱ། །ཞེས་བྱ་བ་ལ། ཕཊ་ནི་ཆོས་ཀྱི་བརྡས་འབྱེད་པར་བརྗོད་དོ། །རྣམ་པ་ནི་བྱེད་པ་སྟེ་བྱ་བའོ། །དེའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་འཆང་གི་ཤེས་རབ་ཀྱི་ས་བོན་ནི་ཐ་དད་པར་ཡོད་པ་མ་ཡིན་པ་སྟེ། ས་བོན་གཅིག་པ་ཉིད་ལས་ཐབས་དང་ཤེས་རབ་གཉིས་ཀ་རྫོགས་ཞེས་པའི་དོན་ཏོ། །འབྲས་བུ་ཧེ་རུ་ཀར་གྱུར་པ་ལས་ནི་ཤེས་རབ་དང་འབྲེལ་པའི་ས་བོན་ཡང་ལོགས་ཤིག་པ་ཉིད་དོ། །དེའི་ཕྱིར་རྒྱུའི་རྡོ་རྗེ་འཆང་དུ་གྱུར་པ་ལ་ནི་ཤེས་རབ་ཉིད་ཀྱང་ས་བོན་ལོགས་ཤིག་ཏུ་ནི་ཡོད་དོ་ཞེས་བྱ་བའི་ཐེ་ཚོམ་ནི་འདོད་པ་མ་ཡིན་ནོ་ཞེས་གསུངས་སོ། །ཤིན་ཏུ་རྒྱས་པར་གསུངས་པ། སེམས་པའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་


DTG002_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །ཞེས་བྱ་བ་ལ་སེམས་དཔའ་ནི་ཨ་ཡིག་ལ་སོགས་པའི་ས་བོན་དང་མཚན་མའོ། །གཟུགས་བརྙན་ནི་ཟླ་བ་དང་ཉི་མ་དག་སྦྱོར་བའོ། །དེ་དག་ལས་བྱུང་བ་ནི་དེ་དག་ཡོངས་སུ་གྱུར་པ་ལས་ས། །དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་ཏེ། དེས་བསྒོམ་ཞེས་པར་འབྲེལ་ཏོ། །དེ་དག་ཇི་ལྟ་བུ་ཡིན་ཞེ་ན། ཡང་དག་ཅེས་པ་ལ། ཡང་དག་ནི་སཾ་གི་སྒྲས་བདེ་བའོ། །དེའི་རང་བཞིན་ནི་རྡོ་རྗེ་འཆང་ཆེན་པོ་ལ་ཡང་དེ་སྐད་དུ་བརྗོད་པས་དེ་བསྒོམ་པར་བྱ་སྟེ། དཔལ་ཧེ་རུ་ཀ་ཕྱག་བཞི་པ་དང༌། ཕྱག་དྲུག་པ་དང༌། ཕྱག་བཅུ་དྲུག་པའི་རྣམ་པའི་གཟུགས་སུ་ཡང་བསྒོམ་པར་བྱའོ། །ད་ནི་ཉེ་བར་བསྡུ་བ་གསུངས་པ། གོང་མ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། གོང་མ་ནི་ཧེ་རུ་ཀ་གསུམ་པོ་སྟེ། ཇི་ལྟར་ལེའུ་གཉིས་པར་ཞལ་བརྒྱད་དང་ཕྱག་བཅུ་དྲུག་པ་གསུངས་པ་དང༌། ལེའུ་གསུམ་པར་ཕྱག་བཞི་པ་ལ་སོགས་པ་དང་ལྡན་པའི་ཕྱག་བཞི་པ་དང༌། ཕྱག་དྲུག་པ་ལ་སོགས་པ་དང་ལྡན་པའི་ཕྱག་དྲུག་པ་གསུངས་སོ། །དེས་ན་ཡང་སྔར་དང་འདྲ་བས་གོང་མ་བཞིན་ནོ། །ཕྱག་དང་ཞལ་ལ་སོགས་པ་ཞེས་པའི་སྒྲས་ནི་གར་གྱི་ཉམས་ཏེ། ཞལ་དང་མདོག་ལ་སོགས་པ་རྣམ་པར་འགྱུར་བར་བལྟ་བར་བྱའོ། །དེས་ན་ཡང་ཕྱག་དྲུག་པ་དང༌། ཕྱག་བཅུ་དྲུག་པའི་རྡོ་རྗེ་འཆང་བ་ནི་ཕྱག་དྲུག་པ་དང༌། ཕྱག་བཅུ་དྲུག་པའི་དཔལ་ཧེ་རུ་ཀའི་རྒྱུ་འགྱུར་པ་དག་སྟེ། རྩ་བའི་ཞལ་ནི་དཀར་པོའོ། །གཡས་པ་ནི་ནག་པོ། གཡོན་པ་ནི་དམར་པོ། ལུས་ཐམས་ཅད་ནི་དཀར་བའོ། །དེ་ཉིད་གསུངས་པ། ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་པ་སྟེ། ལུས་ཐམས་ཅད་ནི་དཀར་པོ་ཡིན་ནོ། །ད་ནི་བདག་མེད་མ་སྐྱེད་པར་བྱེད་པའི་སྐབས་སུ་བབ་པ་རྣམ་པ་ལྔའི་སྦྱོར་བའི་རྒྱུ་ཉིད་གསུངས་པ། འདི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ནི་རྣམ་པ་ལྔ་པོ་ཉིད་དོ། །བདག་མེད་མ་ལ་སོགས་པ་རྣལ་འབྱོར་མ་བཅོ་ལྔ་བསྐྱེད་པའོ། །དེ་རྣམས་ཀྱང་ཆགས་པ་ཆེན་པོ་དང་ལྡན་པ་སྟེ། རྗེས་སུ་མཐུན་པའི་ཐབས་དང་འཁྱུད་ཅིང་སྦྱོར་བའི་ཕྱིར་རོ། །དེས་ན་གསུངས་པ། ཐབས་དང་ཤེས་རབ་རང་བཞིན་ལས། །ཞེས་པའོ། །དེ་ནས་སྟོང་པ་ཉིད་དང་རྣམ་པར་དག་པའི་སྙིང་རྗེའི་རང་བཞིན་གྱི་ཐབས་ཀྱི་ངོ་བོ་ཨཱ་ལི་དང༌། ཀཱ་ལི་ཤེས་རབ་དང་ཐབས་


DTG002_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྟན་པ་བཤད་པ་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་པའོ། །དེ་ལྟ་བུ་ཡང་ཅི་ཞེ་ན། གསུངས་པ། ཟླ་བ་ཉི་མ་ཞེས་བྱ་བ་ལ་སོགས་པ་ལ། ཟླ་བ་ནི་གསུམ་པ་གཅིག་གི་ཚིག་མི་མངོན་པར་བྱས་པའོ། །དེས་ན་ཟླ་བ་ནི་ཨ་ལ་སོགས་པ་རྣམས་སོ། །ཉི་མ་ནི་ཀ་ཡིག་ལ་སོགས་པའོ། །རབ་དབྱེ་བ་ནི་ཁྱད་པར་དག་ལས་སོ། །དེས་ན་ཨ་ལ་སོགས་པ་དང༌། ཀ་ཡིག་ལ་སོགས་པ་རྣམས་ཀྱི་ཡི་གེ་འདྲེས་པ་ནི་དགོས་པ་ཡོད་པ་མ་ཡིན་ཏེ། སྒྲའི་ལུགས་སུ་མི་གནས་པས་སོ། །དེས་ན་ཡང་སོ་སོ་གསལ་བ་ལས་ཨཱ་ལི་ནི་ཤེས་རབ་བོ། །ཀཱ་ལི་ནི་ཐབས་སུ་གསལ་བར་བྱས་པའོ། །འདི་ལས་དཀར་མོ་ལ་སོགས་པ། །ཁ་དོག་དབྱེ་བ་སོ་སོ་ཡིན། །ཞེས་པ་ནི་དཔལ་ཧེ་རུ་ཀ་ཕྱག་བཞི་པ་དང༌། ཕྱག་དྲུག་པ་དང༌། ཕྱག་བཅུ་དྲུག་པའི་གཽ་རཱི་ལ་སོགས་པའི་དཀྱིལ་འཁོར་པ་རྣམས་ཨ་ལ་སོགས་པ་དང༌། ཀ་ལ་སོགས་པའི་ཡི་གེ་འདི་ཉིད་ལས་ཡང་དག་པར་བྱུང་བའོ། །དེ་དག་གིས་ནི་འདི་སྐད་དུ་སྟོན་ཏེ། ཨཱ་ལི་དང་ཀཱ་ལི་གཉིས་ཀྱི་ཚོགས་རང་གི་ཞལ་དུ་ཞུགས་ནས་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨའི་དབུས་སུ་བཀོད་ཅིང་ཞུ་བར་གྱུར་པར་བསམ་པར་བྱའོ། །ཞུ་བ་དེ་ཡོངས་སུ་གྱུར་པ་ལས་ག་ལ་སོགས་པའི་ས་བོན་གཽ་རཱི་ལ་སོགས་པའི་ལྷ་རྣམས་དཔལ་ཧེ་རུ་ཀ་ཕྱག་བཞི་པ་ལ་སོགས་པའི་རྣལ་འབྱོར་མ་རྣམས་སུ་བལྟ་བར་བྱ་ཞེས་པའོ། །ཕྱག་གཉིས་པའི་དཀྱིལ་འཁོར་ནི་སྔར་བཞིན་དུ་གདན་གྱི་སྟེང་དུ་སྐད་ཅིག་གིས་རང་ཉིད་ཇི་ལྟ་བར་གཾ་ཡིག་ལ་སོགས་པའི་ས་བོན་ཙམ་གྱིས་རྫོགས་པ་དེ་དག་ཉིད་དོ། །ཁ་དོག་དབྱེ་བ་སོ་སོ་ཞེས་པ་ནི་གཽ་རཱི་ལ་སོགས་པ་བརྒྱད་པོ་རྣམས་ཀྱི་ཁ་དོག་ནི་དཀར་པོ་ལ་སོགས་པའི་ཁ་དོག་གི་དབྱི་བ་སྣ་ཚོགས་པ་ཉིད་དོ། །བསྐྱེད་པ་ནི་ཨཱ་ལི་དང༌། ཀཱ་ལི་ཞུ་ཞིང་གཅིག་ཏུ་གྱུར་པ་ལས་སོ་ཞེས་དགོངས་སོ། །ཡང་ན་ཁ་དོག་ནི་ཡི་གེ་སྟེ་གཾ་ཡིག་ལ་སོགས་པའི་ས་བོན་དབྱེ་བ་སོ་སོའོ། །སོ་སོ་ནི་དབྱེ་བའི་བཤད་པའོ། །རེ་ཞིག་ནང་གི་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་ཀྱི་དབང་དུ་བྱས་པས་གང་གྱུར་པ་དེ་ནི་ནང་གི་འཕར་མ་སྟེ། ནང་དུ་གྱུར་པ་དག་ལ་བདག་མེད་མ་ལ་སོགས་པ་རྣམས་ཀྱིས་མནན་པ་ཉིད་ཀྱིས་སོ། །དེས་


DTG002_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ན་བདག་ཉིད་དུ་གྱུར་པ་ཕུང་པོ་ལྔ་རྣམས་ནི། བདག་མེད་མ་ལ་སོགས་པ་རྣམས་ཀྱིས་རྣམ་པར་དག་པའོ། །དེས་ན་གསུངས་པ། ཕུང་པོ་ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ཕུང་པོ་ལྔ་རྣམས་ལ་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱི་ཕྱག་དང་ཞལ་ལ་སོགས་པའི་གཟུགས་ནི་རང་བཞིན་ཏེ་དེས་ན་རྣལ་འབྱོར་མ་རྣམས་སུ་བསྒོམ་པར་བྱའོ། །རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་གཟུགས་ལ་སོགས་པ་རྣམ་པར་དག་པར་རོ་ཞེས་དགོངས་སོ། །དབང་པོ་ཞེས་པ་ནི་ཤར་གྱི་འདབ་མའོ། །གཤིན་རྗེ་ཞེས་པ་ནི་ལྷོའིའོ། །ཆུ་དབང་ཞེས་པ་ནི་ནུབ་ཀྱིའོ། །ལུས་ངན་ཞེས་པ་ནི་བྱང་གི་འདབ་མའོ། །དབུས་སུ་ཞེས་པ་ནི་ཟེ་འབྲུ་ལའོ། །ཕྱི་རོལ་གྱི་ནི་འཕར་མ་ཞེས་པ་ནི་ཕྱི་རོལ་གྱི་སྐྱེ་མཆེད་ཀྱི་རང་བཞིན་དུ་གྱུར་པ་ལ་གཽ་རཱི་ལ་སོགས་པས་མནན་པ་ཉིད་དོ། །སྲིད་དང་ཞི་བའི་རང་བཞིན་གྱིས། །ཞེས་པ་ལ། སྲིད་པ་ནི་གཟུང་བའོ། །མྱ་ངན་ལས་འདས་པ་ནི་གཟུང་བ་ལས་གྲོལ་བའོ། །ལྷ་མོ་ཐམས་ཅད་ཁ་དོག་གནག །ཅེས་པ་ནི་བདག་མེད་མ་ལ་སོགས་པ་ལྷ་མོ་བཅོ་ལྔ་པོ་རྣམས་སོ། །གཽ་རཱི་ལ་སོགས་པ་རྣམས་ནི་འཆད་པར་འགྱུར་བའི་སྣ་ཚོགས་པའི་ཁ་དོག་ཉིད་དོ། །གྲི་གུག་ནི་གྲི་གུག་ཉིད་དོ། །འཁོར་ལོ་ཞེས་བྱ་བ་ལ་སོགས་པའི་རྒྱན་གསུངས་པ་ནི་དཔུང་རྒྱན་ལ་སོགས་པར་བལྟ་བར་བྱའོ། །དེ་ལྟར་ཐམས་ཅད་རྣམ་པར་བཤད། །ཅེས་པ་ནི་དེ་དག་ཐམས་ཅད་ཉིད་མངོན་པར་བྱང་ཆུབ་པ་རྣམ་པ་ལྔར་བསྟན་ཏེ། ཐམས་ཅད་ཀྱི་སྐུ་མདོག་དང༌། ཕྱག་མཚན་ལ་སོགས་པ་འདྲའོ། །ས་བོན་དག་ནི་ཐ་དད་དེ། །ཇི་ལྟར་བདག་མེད་མ་ནི་ཨཾ་ངོ་། །རྡོ་རྗེ་མ་ནི་ཨཱཾ་ངོ༌། །དཀར་མོའི་ཨིཾ་ངོ༌། །ཆུ་མའི་ཨཱིཾ་ངོ༌། །རྡོ་རྗེ་མཁའ་འགྲོ་མའི་ཨུཾ་ངོ༌། །པུ་ཀྐ་སཱིའི་ཨཱུཾ་ངོ༌། །རི་ཁྲོད་མའི་རྀཾ་ངོ༌། །གཏུམ་མོའི་རཱྀཾ་ངོ༌། །གཡུང་མོའི་ལྀཾ་ངོ༌། །ཡང་ན་དཀར་མོའི་ལཱྀཾ་ངོ༌། །ཆོམ་རྐུན་མའི་ཨེཾ་ངོ༌། །རོ་ལངས་མའི་ཨཻཾ་ངོ༌། །གྷ་སྨ་རིའི་ཨེཾ་ངོ༌། །མཁའ་སྤྱོད་མའི་ཨཽཾ་ངོ༌། །ས་སྤྱོད་མ་ནི་ཨཾ་ངོ༌། །ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །ཞེས་བྱ་བ་ནི་ཡི་གེ་བདུན་པའི་ཚིག་སྟེ། སྐྱོན་ནི་སེམས་ཀྱི་སྐྱོན་དུ་བྱེད་པས་ན་སྐྱོན་ཏེ། ང་རྒྱལ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ལྟ་བ་དང༌། ཐེ་ཚོམ་གྱི་མཚན་ཉིད་ཅན་གྱི་ཉོན་


DTG002_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་འཁོར་བ་རྩད་ནས་གཅོད་པའི་གྲི་གུག་ནི་གཅོད་པས་ན་གྲི་གུག་གོ །ང་རྒྱལ་ལ་སོགས་པ་མ་རུངས་པའི་སྐྱོན་གཅོད་པ་ནི་ཤེས་རབ་རྣམ་པར་དག་པའི་གྲི་གུག་གོ་ཞེས་དགོངས་སོ། །དེ་སྐད་དུ་ཡང༌། ཤེས་རབ་ཉོན་མོངས་འཇོམས་པའོ། །ཞེས་གསུངས་སོ། །དངོས་དང་ཞེས་བྱ་བ་ལ་སོགས་པ་ལ་དངོས་དང་དངོས་པོ་མེད་པ་ལ་སོགས་པ་ནི་མི་མཐུན་པར་བརྟགས་པས་ན། དངོས་དང་དངོས་མེད་དེ་སེམས་ཀྱི་རྣམ་པར་དག་པའོ། །དེའི་མགོ་བོ་ནི་ཐ་མལ་གྱི་བག་ཆགས་ཀྱི་རང་བཞིན་ཏེ། དེ་གཅད་པ་ནི་པདྨའི་སྣོད་དེ་ཐོད་པའོ། །དེ་དག་གིས་ནི་ཡང་སྲིད་པ་མེད་པར་སྟོན་ཏོ། །དངོས་དང་དངོས་པོ་མེད་པ་ལ་སོགས་པ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་ཡང་སྲིད་པ་མེད་པ་ནི་རྟོག་པ་རྣམ་པར་དག་པའི་ཐོད་པ་འཛིན་པའོ་ཞེས་དགོངས་སོ། །རང་གི་སེམས་ལས་བྱུང་བའི་བདུད་ཐམས་ཅད་ཐ་མལ་བའི་སེམས་བཅོམ་པ་ནི་བདུད་བཅོམ་པའོ་ཞེས་གསུངས་པ། ཁྲག་ཅེས་བྱ་བ་ལ་སོགས་པ་ལ། གྲོལ་བའམ་དངོས་གྲུབ་ཕྱིར་ཞེས་པ་ནི་གང་གི་ཕྱིར་བདུད་ནི་ཐར་པ་ལ་འཆིང་བར་བྱེད་པ་སྟེ། དེ་སེམས་ཉིད་ཀྱིས་འཇོམས་པའོ། །རྣམ་པར་སྤྲོས་པ་ཙམ་གྱི་གཟུགས་ཉིད་ཀྱིས་བཅོམ་ནས་དེ་རྣམས་ཀྱི་ཁྲག་ནི་ལྷག་མར་བྱས་ཏེ་གཟུང་བའོ། །དེའི་ཕྱིར་དེ་རྣམས་ནི་ཕྱིས་སྐྱེ་བར་མི་འགྱུར་བའོ། །དེ་སྐད་དུ་ཡང༌། སེམས་ཉིད་ལས་ནི་བདུད་ཆེན་པོ། །སེམས་ཉིད་དེ་བཞིན་གཤེགས་པ་ཡིན། །རང་གི་སེམས་ནི་གདུལ་བའི་ཕྱིར། །བདུད་ནི་ཉེ་བར་ཞི་བར་བྱ། །ཞེས་གསུངས་སོ། །བདུད་རྣམས་བཞིའི་ཁྲག་ནི་རྣམ་པར་དག་པའི་ཁྲག་ཏུ་སྤྲུལ་པའོ། །སྟོང་པའི་རྣམ་པ་ཁ་ཊྭཱཾ་ག །ཞེས་པ་ནི་སྟོང་པ་ཉིད་ཀྱི་རྣམ་པ་ནི་མི་རྟོག་པ་ལ་སོགས་པ་སྟེ། དེའི་རྣམ་པར་དག་པ་ནི་ཁ་ཊྭཱཾ་གའོ། །ཐབས་ཀྱིས་རོ་ནི་རྣམ་པར་བརྟག །ཅེས་པའི་ཁ་ཊྭཱཾ་གའི་སྟེང་དུ་རོ་སྟེ། སྙིང་རྗེའི་རྣམ་པར་དག་པའོ། །ད་ནི་དུས་རིང་པོར་གུས་པ་རྒྱུན་མི་འཆད་པར་བསྒོམས་པས་དངོས་གྲུབ་ཀྱི་མཚན་མ་མཐོང་བའོ་ཞེས་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པ་ལ། ནག་པོ་ཞེས་པ་ནི་འོད་ཟེར་ཞེས་པ་ལྷག་མའོ། །ཡན་ལག་དྲུག་ཅེས་པ་ནི་མིག་


DTG002_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་བྱིན་གྱིས་བརླབས་པ་དེ་དག་དུས་གཅིག་ཏུ་ཐམས་ཅད་མཐུན་པར་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་དང༌། དབང་བསྐུར་བ་འང་དེ་བཞིན་དུའོ། །དེ་ལྟར་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་དང༌། སྤྱན་མ་ལ་སོགས་པའི་རྡོ་རྗེ་གླུས་བསྟོད་པ་དང༌། བདུད་རྩི་མྱང་བ་དང༌། གཏུམ་མོའི་སྦྱོར་བ་དང༌། སྔགས་བཟླས་པ་དང༌། བསྡུ་ཞིང་གཤེགས་སུ་གསོལ་བ་ཡང་བྱའོ། །དགའ་བྲལ་མཐའ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ལ། དགའ་བྲལ་མཐའ་ནི་ལྷན་ཅིག་སྐྱེའོ། །ཡང་ཞེས་པ་ནི་ཁྱད་པར་དུ་གྱུར་པའི་དཀྱིལ་འཁོར་དུ་རྟོགས་པར་བྱའོ། །དེའི་དོན་ནི་འདི་ཡིན་ཏེ་ལྷན་ཅིག་སྐྱེས་པའི་རང་བཞིན་ཉིད་ལ་ཁྱད་པར་དུ་གྱུར་བའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་པའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ལ་སོགས་པ་བསྟན་པའི་དོན་དུ་གསུངས་པ། རིམ་པ་ཞེས་བྱ་བ་ལ་སོགས་པ་ལ། རིམ་པ་ནི་བསྐྱེད་པའི་རིམ་པ་ཞེས་པའི་དོན་དང༌། རྫོགས་པའི་རིམ་པ་ཞེས་པའི་དོན་ཏོ། །དེ་དག་ཀྱང་རིམ་གཉིས་མཉམ་པར་གནས་ནས་ནི། རྡོ་རྗེ་ཅན་གྱིས་ཏེ་སངས་རྒྱས་རྣམས་ཀྱིས་སོ། །ཆོས་བསྟན་པ་ནི་དེ་ཡང་རིམ་པ་གཉིས་པ་ལ་བརྟེན་ནས་ཆོས་བསྟན་ཏོ་ཞེས་བྱ་བར་དགོངས་སོ། །དེ་དག་གི་ནང་ནས་བསྐྱེད་པའི་ཆ་བསྟན་ནས་རྫོགས་པའི་ཕྱོགས་ཀྱང་དགའ་བ་ལ་སོགས་པ་སྟོན་ཞེས་པ་དེས་ན་གསུངས་པ། བསྐྱེད་པ་ཡི་ནི་ཆ་བཤད་དོ། །ཞེས་བསྟན་པ་ཉིད་ཀྱིས་སོ། །རྫོགས་པ་གསལ་བར་བྱ་བ་གསུངས་པ། ནམ་མཁའི་ཁམས་ཞེས་བྱ་བ་ལ་སོགས་པ་ལ། པདྨ་ལ་ཞེས་པ་ནི་ཆོས་འབྱུང་དུ་སྐྱེས་པའི་ཡེ་ཤེས་སོ། །བྷ་ག་ཞེས་པ་ཡེ་ཤེས་བརྗོད། །ཅེས་པ་ནི་འདིར་ལྷན་ཅིག་སྐྱེས་པ་རྟོགས་པ་ཡིས་སོ། །ཡེ་ཤེས་ནི་རྡོ་རྗེའོ། །དེ་ཉིད་ནི་བྷ་ག་སྟེ། ཆོས་ཐམས་ཅད་ཀྱི་ཉོན་མོངས་པའི་ཕུང་པོ་བག་ཆགས་བག་ལ་ཉལ་དང་བཅས་པས་འཇོམས་པར་བྱེད་པའི་ཕྱིར་རོ། །སྒོམ་པ་ཞེས་བྱ་སྙོམས་འཇུག་ཉིད། །ཅེས་པ་ནི་པདྨ་དང་རྡོ་རྗེ་དག་ཡང་དག་པར་སྦྱོར་བའི་སྒོམ་པའོ། །དེའི་བདེ་བ་འཁོར་ལོར་བརྗོད། །ཅེས་པ་ནི་སྙོམས་པར་འཇུག་པ་ལས་བྱུང་བའི་བདེ་བའི་ཡེ་ཤེས་ནི་འཁོར་ལོའོ་ཞེས་ཡང་དག་པར་བསྒོམ་པར་བྱ་སྟེ། དང་པོའི་དགའ་བ་ཞེས་པའི་དོན་ཏོ། །ཇི་ལྟར་འགྱུར་


DTG002_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་ལ། དགའ་བདེ་ལ་སོགས་པ་ལས་སྐྱེ་བའི་རིམ་པས་རང་གི་བདག་ཉིད་ཡང་དག་པར་རིག་པའི་དོན་དུ་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །གང་ལྷན་ཅིག་སྐྱེས་པའི་མིང་ནི་དེ་ཁོ་ན་ཉིད་དོ། །དེ་ནི་ལྷ་རྣམས་སོ། །དེ་ལྟ་མོད་ཀྱི་རང་རིག་པ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། གསུངས་པ། ཇི་ལྟར་འབྱུང་བ་ཁུ་བ་ཡིན། །ཞེས་པ་ལ། ཁུ་བ་ནི་བདེ་བ་འབྱུང་བ་ལས་མི་འདའ་བའོ། །ཇི་ལྟར་འབྱུང་བ་ནི་དེ་ལྟར་རང་རིག་པའི་བྱང་ཆུབ་ཀྱི་སེམས་ཡིན་པས་སོ། །དེ་ལྟར་ན་ཇི་ལྟར་གྱི་སྒྲས་འདིར་བླངས་པའོ། །དེས་ན་ཡང་དེ་ཁོ་ན་ཉིད་ཀྱི་ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་སོ་ཞེས་པས་ན་དེ་ཡང་གསུངས་པ། དེའི་རྣམ་པ་གཉིས་ཞེས་པ་ལ། གཉིས་ནི་ཞུ་བ་དང༌། བདེ་བའི་རང་བཞིན་གྱི་རྣམ་པར་དབྱེ་བ་གང་ལ་ཡོད་པ་དེ་ནི་རྣམ་པ་གཉིས་ཏེ། གཉིས་པོ་ཉིད་ནི་གཉིས་སུ་དབྱེ་བའོ། །ཅི་ཞེ་ན་གསུངས་པ། དེས་ན་ལྷན་ཅིག་སྐྱེས་པ་ཞེས་པ་ལ། ལྷན་ཅིག་ཏུ་བྱུང་ཞིང་ལྷན་ཅིག་ཏུ་སྐྱེས་པས་ན་ལྷན་ཅིག་སྐྱེས་པ་སྟེ་ཞུ་བའོ། །དེ་ཡང་ལུས་ཀྱི་ཉེ་བར་རྩོམ་པ་ཉིད་ལས་ཏེ། འགྲོ་བ་དེ་ཉིད་དུ་སྐྱེས་པའི་བདེ་བ་ཡང་བདག་ཉིད་དུ་སྐྱེད་པར་བྱེད་པའི་རྩོམ་པ་ལས་སོ། །ཡང་ན་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་གནས་པར་བརྗོད་དོ། །ཡང་ན་ཞུ་བ་དེའི་ལྷན་ཅིག་སྐྱེས་པ་ནི་ཕན་ཚུན་དུ་རྟག་པར་ལྟོས་ནས་སྐྱེ་བའོ་ཞེས་པ་སྟེ། ཕན་ཚུན་ལྟོས་པ་ཡང་རིགས་ཙམ་ཉིད་དོ། །དེའི་ཞེས་པ་ནི་ཇི་ལྟར་འབྱུང་བ་སྟེ་ཞུ་བ་ཡང་དག་པ་ཉིད་ལས་སོ། །ལྷན་ཅིག་སྐྱེས་པའི་གཉིས་ཀྱི་དབྱེ་བ་ལས་བཞིར་དབྱེ་བ་བསྟན་པའི་དོན་དུ་གསུངས་པ། བཙུན་མོ་ཞེས་བྱ་བ་ལ་སོགས་པ་ལྟེ། སྐྱེས་པ་དང་བུད་མེད་དག་བདེ་བ་སྐྱེ་བ་ནི་ཐབས་དང་ཤེས་རབ་ཏུ་འགྱུར་བ་ཡིན་ནོ། །དེས་ན་བཙུན་མོ་ཉིད་ལ་ལྟོས་ནས་སྐྱེས་བུ་ནི་ཐབས་སོ། །སྐྱེས་བུ་ལ་ལྟོས་ནས། བཙུན་མོ་ནི་ཤེས་རབ་བོ། །གཉིས་ལས་མ་གཏོགས་པ་མ་ཡིན་པས་ན་གཉིས་པོ་དག་ལས་ནི་ཞུ་བ་དེ་ཕུན་སུམ་ཚོགས་པ་ཆེ་བའི་བདག་ཉིད་དོ་ཞེས་དགོངས་སོ། དེས་ན་འགྲོ་བ་རྣམས་ཕོ་དང་མོ་དག་ཉེ་བར་འདུས་པ་ཉིད་ལས་ཏེ། དེ་ཉིད་ཀྱང་གང་ཅུང་ཟད་སྒྲུབ་པ་པོར་བྱེད་པ་ནི་བདེ་བར་བསྒྲུབ་པར་བྱ་བ་ཉིད་ཀྱི་བར་


DTG002_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དུའོ། །ཕྱི་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཅེས་པ་ནི་བདེ་བ་དང་ཞུ་བའོ། །དོན་དམ་པ་ནི་ཉམས་སུ་མྱོང་བས་ན་དོན་དམ་པ་སྟེ་བདེ་བའོ། །ཀུན་རྫོབ་ནི་བདེ་བ་རྟོགས་པར་བྱེད་པས་ན་ཀུན་རྫོབ་སྟེ་ཞུ་བའོ། །གང་ཞིག་སྙོམས་པར་འཇུག་པ་ཙམ་ལས་སྐྱེས་པ་ནི་བདེ་བ་སྟེ། དེས་ན་ཡང་གང་ཤེས་པར་བྱེད་པ་ནི་ཞུ་བའོ། །དེ་དག་ནི་ཞུ་བ་དང་བདེ་བའི་སྒྲས་སོ། །དེས་ན་ཞུ་བ་ལས་གང་སྐྱེས་པ་ནི་བདེ་བ་གཞན་སྟེ། དོན་དམ་པའོ། །དོན་དམ་པའི་བདེ་བ་སྐྱེས་པ་ཉིད་ཀྱི་རང་བཞིན་ཐོབ་པ་དེ་ལྟ་བུ་ཡང་ཀུན་རྫོབ་ཞུ་བ་ཞེས་པའོ། །དེས་ན་ལྷན་ཅིག་སྐྱེས་པ་བཞིའི་དབྱེ་བས་ཁྱད་པར་གྱི་གྲུབ་པའོ། །ད་ནི་ཐུན་མོང་དུ་གྲུབ་པ་ཉིད་གསུངས་པ། རེ་ཞིག་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེས་བུའམ། བཙུན་མོ་དག་འབྲེལ་བའི་ཞུ་བ་དང་བདེ་བའི་ལྷན་ཅིག་སྐྱེས་པའོ་ཞེས་པའི་དོན་ཏོ། །དེས་ན་ཡང་བཙུན་མོའི་ལྷན་ཅིག་སྐྱེས་པ་ནི་ཞུ་བ་དེའོ། །སྐྱེས་བུའི་ཡང་ལྷན་ཅིག་སྐྱེས་པའི་ཞུ་བ་དང་བདེ་བ་སྟེ། ཐབས་དང་ཤེས་རབ་དག་གི་ལྷན་ཅིག་སྐྱེས་པའི་དབྱེ་བ་རྣམ་པ་བཞིས་ནི་ཐུན་མོང་དུ་གྲུབ་པའོ། །སྙོམས་པར་འཇུག་པ་ལས་བྱུང་བའི་བདེ་བ་དང་དེའི་ཞུ་བ་སྟེ། དེས་ན་ཞུ་བས་བསྐྱེད་པའི་བདེ་བ་གཞན་དག་ནི་དོན་དམ་པའི་མིང་ཅན་ནོ། །དོན་དམ་ལྷན་ཅིག་སྐྱེས་པའི་བདེ་བ་སྐྱེས་པ་དེ་ཉིད་ཀྱི་ཞུ་བ་ཡང་ཀུན་རྫོབ་ཀྱི་མིང་ཅན་ནོ། །ལྷན་ཅིག་སྐྱེས་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཁྱད་པར་གྲུབ་པའོ། །རྣམ་བཞི་ཞེས་པ་ནི་བསྡུས་པའི་དོན་ཏོ། །དེས་ན་ཡང་དེ་ཁོ་ན་ཉིད་ཅན་གྱིས་ལྷན་ཅིག་སྐྱེས་པའོ། །དེ་ཉིད་ཕྱིར་ན་དགའ་བ་ནི། །བཞི་ཡི་རབ་ཏུ་དབྱེ་བ་ཡིས། །ཞེས་པ། དེ་ཉིད་ཕྱིར་ན་ནི་ཁྱད་པར་དུ་གྲུབ་པའོ། །བཞིའི་རབ་ཏུ་དབྱེ་བ་ནི་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཀྱི་རྒྱུས་སོ། །དགའ་བའི་དགའ་བ་ལ་སོགས་པའི་ཡེ་ཤེས་རྣམས་ཀྱི་རབ་ཏུ་དབྱེ་བ་གཞན་དང་གཞན་དག་གི་ཁྱད་པར་རོ། །དེས་ན་གསུངས་པ། གང་ཕྱིར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་པའོ། །དེ་ཉིད་གང་ལ་བརྟེན་ནས་ཤེ་ན། གསུངས་པ། རྫོགས་པའི་རིམ་པའི་ཕྱོགས་ལ་ནི། །ཞེས་པ་ལ། རིམ་པ་ནི་ཐོབ་པར་བྱ་བ་ཡིན་ཞིང་བསྒྲུབ་པར་བྱ་བ་ཡིན་པས་ན་རིམ་པ་སྟེ་ཐབས་སོ། །རྫོགས་པ་ནི་ལྷན་


DTG002_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས་པ་ཡོངས་སུ་ཤེས་པའི་རིམ་པ་སྟེ། རྫོགས་པའི་རིམ་པའོ། །རྡོ་རྗེ་པདྨ་སྙོམས་པར་འཇུག་པ་དེའི་ཚེ་བདེ་བ་ནི་བདེ་བ་ལས་ཞུ་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །དེ་ཉིད་ཕྱོགས་ཏེ། བསྐྱེད་པའི་རིམ་པའི་ཕྱོགས་ལ་ལྟོས་ནས་སོ། །དེར་བརྟེན་པ་ཡིན་ཡང་ལྷན་ཅིག་སྐྱེས་པ་དེ་དངོས་ཀྱི་རྒྱུ་མ་ཡིན་ནོ། །བཞིའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི། ལྔ་པ་མི་མངོན་པར་བྱས་པའོ། །མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་བྲལ་བའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་དུ་གྱུར་པ་ལ་བཞིའི་རབ་ཏུ་དབྱེ་བ་ནི་མ་ཡིན་ཏེ། དེའི་གཉིས་སུ་མེད་པ་ཉིད་ཀྱིས་རྣམ་པ་གཞན་དུ་མ་ཡིན་པས་སོ། །ལྷན་ཅིག་སྐྱེས་པའི་དགའ་བ་རྣམ་པ་བཞིར་རབ་ཏུ་དབྱེ་བ་ནི། ཇི་ལྟ་བུ་ཞེ་ན་གསུངས་པ། དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། གང་སྙོམས་པར་འཇུག་པ་ལས་བྱུང་བའི་བདེ་བ་སྐྱེས་པ་དེ་དག་དམན་པའི་རྒྱུན་དག་གིས་བསྡུས་ནས་ངེས་པ་ཉིད་དུ་འབྲིང་པོ་ལས་གཞན་པའི་བདེ་བ་དང་ཞུ་བ་སྐྱེས་པའོ། །འབྲིང་པོ་ཡང་རྒྱུན་དག་གིས་དེ་བཞིན་དུ་སྟེ། མཆོག་ལས་གཞན་པའི་ཞུ་བ་དང་བདེ་བ་སྐྱེས་པའོ། །མཆོག་དག་ཀྱང་རྒྱུན་གྱིས་དེ་བཞིན་དུ་མཆོག་གི་མཆོག་ཏུ་གྱུར་པ་ལས་གཞན་པའི་བདེ་བ་དང་ཞུ་བ་སྐྱེས་པའོ། །དེས་ན་ཡང་དམན་པ་དག་ལས་ནི་དགའ་བ་སྐྱེས་པའོ། །འབྲིང་པོ་དག་ལས་ནི་མཆོག་ཏུ་དགའ་བའོ། །མཆོག་དགའ་ལས་ནི་དགའ་བྲལ་ལོ། །མཆོག་གི་མཆོག་ཏུ་གྱུར་པ་དག་ལས་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ་ཞེས་པ་ལ་སོགས་པ་རྣམས་ཀྱིས་ནི་རྐྱེན་གྱི་དབྱེ་བས་ཕྱེ་བའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ཡང་རང་ཡང་དག་པར་རིག་པའི་རང་བཞིན་ནོ། །ཅི་དེ་ཉིད་དེ་ཡང་ཇི་ལྟ་བུ་ཞེ་ན། དོན་དམ་པ་དེ་ནི་སྐྱེ་བ་དང༌། སྐྱེས་པའི་རང་བཞིན་དང༌། རྟོགས་པར་བྱ་བ་དང༌། རྟོགས་པར་བྱེད་པའི་རང་བཞིན་ནི་མ་ཡིན་ཏེ། འོན་ཀྱང་བླ་མའི་ཞབས་ལ་བསྙེན་བསྐུར་བ་ལས་ཤེས་པའོ། །དགའ་བ་དང་པོ་དཔའ་བོ་ཉིད། །ཅེས་བྱ་བ་ལ་སྙོམས་པར་འཇུག་པ་ལས་བྱུང་བའི་བདེ་བ་བསྐྱེད་པའི་ཞུ་བ་དག་ནི་དགའ་བ་སྟེ། བདེ་བའི་ཡེ་ཤེས་འཕེལ་བའི་བདག་ཉིད་ཅན་ནོ། །དེ་ཡང་དམན་པར་གྱུར་པས་ན་དམན་པའོ། །ཇི་ལྟར་རྡོ་རྗེའི་རྩ་བར་བྱང་ཆུབ་ཀྱི་སེམས་གནས་པར་གྱུར་པ་ནི་དེ་ཉིད་


DTG002_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བདེ་བ་མྱང་བའི་ཉམས་སུ་མྱོང་བའམ་རྟོགས་པ་སྟེ། དེ་ཡང་རྟོགས་པ་དང་པོ་ཉིད་ལས་སོ། །གང་གི་ཕྱིར་བརྒྱ་ལམ་ན་ཉམས་སུ་མྱོང་བ་ཡང་ཐ་མལ་གྱི་གནས་སྐབས་ན་ནི་རྟོགས་པར་བྱེད་པ་མ་ཡིན། དེ་ཡང་དཔའ་བོ་སྟེ་ཐབས་སུ་གྱུར་པའོ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་བྱ་བ་ལ། མཆོག་ཏུ་དགའ་བ་ནི་དགའ་བ་དང་པོ་ལ་ལྟོས་ནས་སོ། །འབྲིང་པོ་ནི་ཞུ་བར་གྱུར་པ་ལས་འབྲིང་པོའོ། །མཆོག་ཀྱང་ཡིན་ལ་དགའ་བ་ཡང་དེ་ཡིན་པས་དེ་སྐད་དུའོ། །ཇི་ལྟར་རྡོ་རྗེའི་དཀྱིལ་དུ་བྱང་ཆུབ་ཀྱི་སེམས་གནས་པར་གྱུར་པ་དེ་ཉིད་ལས་ཉམས་སུ་མྱང་ཞིང་རྟོགས་པ་སྟེ། ཁྱད་པར་དུ་གྱུར་པའི་བདེ་བའི་ཡེ་ཤེས་མངོན་དུ་བྱས་པའོ། །དེ་ཡང་རྣལ་འབྱོར་མ་སྟེ། ཤེས་རབ་བོ། །ཤིན་ཏུ་བདེ་དགའ་ཐམས་ཅད་དེས། །ཞེས་པ་ནི་འདིར་ཡིད་ཤིན་ཏུ་བདེ་ཞིང་དགའ་བ་ནི་བདེ་བ་སྟེ། བདེ་བ་ཡང་དེ་ཡིན་ལ་དགའ་བ་ཡང་དེ་ཡིན་པས་ཤིན་ཏུ་བདེ་དགའོ། །ཐམས་ཅད་དམ་མ་ལུས་པ་ནི་ཡང་དག་པ་བདུན་ཏེ། གང་འདིར་དབང་པོ་ལྔ་རྣམས་དང་ཡུལ་རྣམ་པ་ལྔ་ལས་སོ། །དེ་ལས་བདེའི་སྒྲས་ངེས་པ་ནི་ཡི་གེ་སྦྲེལ་བའི་དོན་ཏེ་བདེ་བའི་སྒྲར་འབྲེལ་ཏོ། །འདི་ཡང་མཆོག་ཏུ་དགའ་བའི་ཕ་རོལ་དུ་བལྟ་བར་བྱ་སྟེ། དེ་ལྟ་བུ་ལ་དགའ་བྲལ་ཉིད། །ཅེས་བརྗོད་དོ། །མཆོག་ནི་ཞུ་བ་དང་བདེ་བ་ཡང་དག་པར་བྱུང་བ་ལས་མཆོག་ཏུ་གྱུར་པ་ཡང་ཇི་ལྟར་རྡོ་རྗེ་ནོར་བུའི་རྩར་བྱང་ཆུབ་ཀྱི་སེམས་གནས་པར་གྱུར་པ་དེ་ཉིད་ཉམས་སུ་མྱོང་བ་རྟོགས་པ་ནི་བདེ་བའི་ཡེ་ཤེས་ཀྱི་ཁྱད་པར་རོ། །དེ་བདེ་ཐབས་ལས་ཐམས་ཅད་རིག །ཅེས་བྱ་བ་ལ། ཐབས་ཀྱི་སྒྲས་ནི་འདིར་ཞུ་བའི་གནས་སྐབས་ལ་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། དེ་དག་ལས་མཆོག་ཏུ་གྱུར་པ་དག་སྟེ། ཞུ་བ་དང་བདེ་བ་ལས་ཕུང་པོ་ལ་སོགས་པ་ཐམས་ཅད་དོ། །རིག་པ་ནི་ཤེས་པ་སྟེ་ལྷན་ཅིག་སྐྱེས་པའི་དགའ་བར་རོ། །མཆོག་ཏུ་གྱུར་པའི་བདེ་བར་ཡང་དག་པར་གྱུར་པ་ལས་སོ། །དེ་ཡང་མཆོག་ཏུ་གྱུར་པའི་བདེ་བའི་ཁྱད་པར་ཉམས་སུ་མྱོང་བ་ནི་ཁྱད་པར་གྱི་རང་བཞིན་ནོ། །ཇི་ལྟར་རྡོ་རྗེ་ནོར་བུའི་དཀྱིལ་དུ་བྱང་ཆུབ་ཀྱི་སེམས་གནས་པར་གྱུར་པ་དེ་ཉིད་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱ་བ་སྟེ། བདེ་བ་ཐམས་ཅད་ལས་སྐྱེ་བ་ནི་སྔར་


DTG002_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་དགའ་བ་རྣམས་ཞུ་བ་དེའི་རྐྱེན་ལས་སྐྱེ་བར་བལྟ་བར་བྱའོ། །དགའ་བ་བདེ་བ་ཅུང་ཟད་བདེ། །ཞེས་བྱ་བ་ནི་དགའ་བ་ནི་བདེ་བ་ཅུང་ཟད་ཅེས་པའི་དོན་ཏོ། །མཆོག་ཏུ་དགའ་བ་ལ་ལྟོས་པས་བདེ་བ་ཆུང་བ་ལས་སོ། །དེས་ན་གསུངས་པ། མཆོག་ཏུ་དགའ་བ་དེ་ལས་ལྷག །ཅེས་པ་ལ། ལྷག་པ་ནི་ལྷག་པར་གྱུར་པ་སྟེ། དེའི་ཕྱིར་དགའ་བ་ལས་ལྷག་པ་ནི་དེ་ལས་ལྷག་ཅེས་པའོ། །དགའ་བྲལ་དགའ་བ་ཆགས་བྲལ་ཉིད། །ཅེས་བྱ་བ་ནི་བྲལ་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་བྲལ་བ་སྟེ། དེ་རྣམས་སུ་མི་འཛིན་པས་ནའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཙམ་ལ་བརྟེན་ནས་བདེ་བའི་ཡུལ་དང་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཙམ་དུ་གནས་པའི་བདག་ཉིད་དུ་བྱས་པ་ནི་བྲལ་བ་ཡིན་པའོ་ཞེས་པའི་དོན་ཏོ། །དེ་ཡང་དགའ་བ་དང༌། བདེ་བ་འཛིན་པ་དང་བྲལ་བའི་ཤེས་པ་ཀུན་རྫོབ་ཀྱི་རང་བཞིན་ལས་འདོད་ཆགས་ཀྱི་ཡུལ་ལ་མ་ཐོགས་ཤིང་བྲལ་བ་ཡང་དེ་ཡིན་ལ། མ་ཆགས་པ་ཡང་དེ་ཡིན་པས་ཆགས་བྲལ་ཏེ། གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ཆགས་པ་དང་བྲལ་བའོ། །ཆགས་པ་དང་བྲལ་བ་ཉིད་དགའ་བྲལ་ཏེ། བདག་ཉིད་བདེ་བ་ཅུང་ཟད་དོ་སྙམ་པའི་ང་རྒྱལ་ཙམ་དུ་གནས་ཞེས་པར་དགོངས་སོ། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་བྱ་བ་ལ་ལྷག་མ་ཞེས་པ་ནི་ལྔ་པ་མི་མངོན་པར་བྱས་པ་སྟེ། དགའ་བྲལ་གྱི་ལྷག་མའོ། །དེས་ན་ཚོགས་པའི་ལྷག་མ་ཐོབ་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་པས་དགའ་བྲལ་གྱི་ཚོགས་པའི་ལྷག་མར་གྱུར་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། ནོར་བུའི་དཀྱིལ་གྱི་ཚོགས་པ་ལས་ཐོབ་པའོ། །ལྷག་མ་ཞེས་པ་ནི་མཆོག་དགའ་དང༌། དགའ་བྲལ་དུ་ཡང་སྦྱར་རོ། །ནིའི་སྒྲ་ཡང་ཁྱད་པར་ཉིད་དུ་སྟོན་པའི་དོན་ཏོ། །སྙོམས་པར་འཇུག་པ་ཙམ་ལས་བྱུང་བའི་ཞུ་བ་དེའི་ལྷག་མར་གྱུར་པ་ནི་དགའ་བ་སྟེ། རྡོ་རྗེ་རྩ་བའི་ཚོགས་པ་ལས་རྙེད་པའོ། །དགའ་བའི་ཚོགས་པའི་ལྷག་མར་གྱུར་པ་ནི་མཆོག་དགའ་སྟེ། རྡོ་རྗེ་དཀྱིལ་གྱི་ཚོགས་པ་ལས་རྙེད་པའོ། །མཆོག་དགའི་ཚོགས་པའི་ལྷག་མར་གྱུར་པ་ནི་དགའ་བྲལ་ཏེ། རྡོ་རྗེ་ནོར་བུའི་


DTG002_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་ཚོགས་པ་ལས་ཐོབ་པ་ཞེས་པའོ། །ལ་ལ་དག་འདོད་པ་ནི་འདི་ཡིན་ཏེ། བགྲང་བ་ཙམ་གྱིས་ལྷན་ཅིག་སྐྱེས་པའི་དགའ་བ་ལྷག་མ་ཉིད་དུ་རྟོགས་པ་ནི་བྱང་ཆུབ་ཀྱི་སེམས་ལྟུང་བ་ཉིད་ལ་དགའ་བྲལ་དུ་བྱས་ནས། ལྷན་ཅིག་སྐྱེས་པའི་དགའ་བ་དགའ་བྲལ་གྱིས་སྔོན་དུ་ཁྱེར་བར་བྱེད་དོ། །དེ་ནི་བདེན་པ་མ་ཡིན་ཏེ། བསྒྲུབ་བྱ་གྲུབ་པ་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར་ལྷན་ཅིག་སྐྱེས་པ་ནི་རྐྱེན་གྱིས་བསྒྲུབས་པས་སོ། །དེ་ཡང་དངོས་སུ་འམ། བརྒྱུད་ནས་ཏེ། དགའ་བ་དང་མཆོག་ཏུ་དགའ་བས་ཤེས་པར་བྱེད་དོ་ཞེ་ན། འོ་ན་དགའ་བྲལ་གྱི་རྗེས་སུ་འབྲངས་པས་ཅི་ཞིག་བྱ་སྟེ། དགའ་བྲལ་ནི་བསྒྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པ་མ་ཡིན་པའོ། །ཅི་སྟེ་ཡང་བྱང་ཆུབ་ཀྱི་སེམས་ལྟུང་བ་ལས་ནི་སྡུག་བསྔལ་བ་ཉིད་དོ། །དེ་ཇི་ལྟར་དགའ་བ་ཞེས་པ་ནི་བདག་ཉིད་དུ་བྱེད་པ་ཡིན། དང་པོར་རེག་པར་འདོད་པ་དང༌། །ཞེས་པ་ནི་ཡི་གེ་བདུན་གྱི་ཚིག་སྟེ། རེག་པ་ཞེས་པ་ནི་ཡུལ་དེ་རྣམས་ལ་རེག་པར་རོ། །འདོད་པ་ནི་གང་གི་ཚེ་རེག་པར་འདོད་པ་སྟེ་དང་པོའི་དགའ་བའོ། །གཉིས་པ་བདེ་བར་འདོད་པ་དང༌། །ཞེས་བྱ་བ་ནི་བདེ་བ་ཙམ་དུ་འདོད་པ་སྟེ་མཆོག་ཏུ་དགའ་བ་ཞེས་པའི་དོན་ཏོ། །གསུམ་པ་འདོད་ཆགས་འཇིག་པ་ཉིད། །ཅེས་པ་ནི་ཆགས་པའི་བདེ་བ་ལ་ཞེན་པ་མེད་པ་སྟེ། འདིར་འདོད་ཆགས་མེད་པས་ན་དགའ་བྲལ་དེའི་ཆགས་པ་མེད་པ་ཉིད་ཡིན་ནོ། །དེས་ན་གསུམ་པ་དགའ་བྲལ་ནི་ཡུལ་ལ་འཛིན་པ་མེད་པ་སྟེ། བདེ་བ་ཙམ་གྱི་ལྷག་མ་འཛིན་པའོ། །བཞི་པ་ཞེས་པ་ནི་དགའ་བ་བཞི་པ་སྟེ། གང་ལྷན་ཅིག་སྐྱེས་པ་ཞེས་པ་དེར་གྱུར་པའོ། །དེ་རྣམས་ལས་དགའ་བ་དང་མཆོག་ཏུ་དགའ་བ་དང༌། དགའ་བ་འདི་དག་ཇི་ལྟ་བུ་ཞེ་ན། གསུངས་པ། བསྒོམ་པར་བྱ་ཞེས་པ་སྟེ། གང་བསྒོམ་པར་བྱ་བ་ནི་དགའ་བ་ལ་སོགས་པ་སྟེ། རྣམ་པར་རྟོག་པ་དང་ལྡན་པའོ། །བཞི་པ་ནི་རྟོག་པ་དང་བྲལ་བའོ་ཞེས་པའི་དོན་ཏོ། །མཆོག་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་ལ། མཆོག་དགའ་ནི་བརྗོད་པ་སྟེ། བདག་དང་བདག་གིར་འཛིན་པའི་རྒྱུན་གྱི་རང་བཞིན་ཅུང་ཟད་ཀྱིས་འཆིང་བས་སོ། །དགའ་བྲལ་ནི་ཆགས་པ་དང་བྲལ་བའོ། །མྱ་ངན་ལས་


DTG002_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ནི་ལས་དང་ཉོན་མོངས་པའི་འཆིང་བ་སྤངས་པའོ། །དབུ་མ་ཞེས་པ་ནི་སྙོམས་པར་འཇུག་པ་ཙམ་ལས་ཡང་དག་པར་བྱུང་བ་ཉིད་དོ། །དགའ་བ་ཙམ་ནི་དེ་ལྟ་བུ་སྟེ། དང་པོའི་དགའ་བ་ཞེས་པའི་དོན་ཏོ། །དེ་ཡང་འཁོར་བའི་རྣམ་པ་ཉིད་དོ། །ལྷན་ཅིག་སྐྱེས་པ་འདི་དག་སྤངས། །ཞེས་པ་ལ། འདི་དག་ནི་དགའ་བ་ལ་སོགས་པ་གསུམ་པོ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ཏུ་ཤིན་ཏུ་འཛིན་པ་མེད་པའི་རང་བཞིན་ནི་ལྷན་ཅིག་སྐྱེས་པའོ་ཞེས་དགོངས་སོ། །ཇི་ལྟ་བུ་ཞེ་ན་གསུངས་པ། འདོད་ཆགས་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། ཆགས་པ་མེད་པ་དང༌། ཆགས་བྲལ་མེད་པ་དང༌། དབུ་མ་མེད་པ་སྟེ། ཆགས་པ་དང་ཆགས་བྲལ་ལ་སོགས་པ་ལས་གྲོལ་ཞིང་སོ་སོར་མི་དམིགས་པ་ཞེས་རྟོགས་སོ། །གང་གི་ཕྱིར་དགའ་བ་དང༌། མཆོག་དགའ་ནི་ཆགས་པ་ཡིན་ལ། དགའ་བྲལ་ནི་ཆགས་པ་མེད་པའི། །དེ་དག་ནི་དབུས་སུ་བཞི་པ་རྟོགས་པར་ཡང་དམིགས་པར་མི་འགྱུར་རོ། །དེ་ལྟ་བུའི་རང་བཞིན་ནི་ཇི་ལྟར་རྟོགས་པར་བྱ་ཞེ་ན། དེ་ལ་བརྗོད་པར་བྱ་ཞེས་པ་གསུངས་པ། གཞན་གྱིས་བརྗོད་མིན་ཞེས་བྱ་བ་ལ་སོགས་པ་སྟེ། ངག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། ཡུལ་མེད་པ་གཟུགས་དང་སྒྲ་ལ་སོགས་པའི་རང་བཞིན་ཉིད་དང་བྲལ་བ་དང༌། ཕྱོགས་གང་དུ་ཡང་བུམ་པ་ལ་སོགས་པ་བཞིན་དུ་མིག་ལ་སོགས་པའི་རང་བཞིན་གྱིས་མི་དམིགས་པའོ། །འོ་ན་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་མིང་ཙམ་སྟེ། རི་བོང་གི་རྭ་བཞིན་བརྟགས་པས་གང་གི་རྣམ་པས་ཀྱང་རྟོགས་པར་བྱ་བ་མེད་དོ་ཞེ་ན་གསུངས་པ། བདག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། ཅི་ལྷན་ཅིག་སྐྱེས་པ་ནི་ཤེས་པར་བྱར་མེད་པ་སྟེ། འོན་ཀྱང་ཕ་རོལ་གྱི་སྒྲ་ནི་ནང་ཉིད་ཡིན་པས་བདག་གིས་བདག་ལ་སྟེ་བདུན་པའི་དོན་དུ་བལྟ་བར་བྱའོ། །དེ་བས་ན་བདག་གིས་བདག་ལ་ལྷན་ཅིག་སྐྱེས་པ་ཤེས་པར་བྱའོ། །དེ་ཡང་བསོད་ནམས་ལས་ཏེ་བླ་མ་དང་དཀོན་མཆོག་གསུམ་ལ་སོགས་པ་མཆོད་པ་ལ་སོགས་པའི་ཚོགས་ལས་བྱུང་བའོ། །གང་འདི་ལྟར་བླ་མ་བསྟན་པ་ལ་སོགས་པ་ཇི་ལྟར་བྱེད་ཅེ་ན། གསུངས་པ། བླ་མའི་ཞེས་པ་ལ་སོགས་པ་སྟེ། བླ་མའི་དུས་


DTG002_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ནི་རིམ་པ་སྟེ། གཅིག་ནས་གཅིག་ཏུ་གྱུར་པ་སྟེ་བླ་མ་གཅིག་ནས་གཅིག་ཏུ་ཞེས་པའི་དོན་ཏོ། །དེས་ན་བླ་མའི་དུས་ཐབས་བསྟེན་པ་སྟེ། དགོས་པའི་དོན་ལ་ཡོན་འབུལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་བསྟེན་པས་སོ། །བསྟེན་པ་དེ་དག་གིས་ནི་བླ་མ་ཉིད་ཀྱི་ཐུགས་དགྱེས་ཤིང་གསལ་བར་གྱུར་ཏེ། རིགས་ཀྱི་འདོད་པའི་ཡུམ་དང་སྙོམས་པར་འཇུག་པ་ལས་བྱུང་བའི་དགའ་བ་ལ་སོགས་པའི་ཐབས་གཟུང་ངོ༌། །དེས་ན་བསོད་ནམས་དང༌། བདག་གིས་བདག་ལ་ལྷན་ཅིག་སྐྱེས་པ་ཤེས་པར་བྱ་ཞེས་པའོ། །ད་ནི་འདིའི་རོ་མཉམ་པ་ཉིད་བསྟན་པའི་དོན་དུ་གསུངས་པ། དམན་དང༌། འབྲིང་དང་ཞེས་བྱ་བ་ལ་སོགས་པའོ། །བསྟན་པ་འདིའི་བཤད་པ་གསུངས་པ། དམན་པའི་གནས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དམན་པ་དང༌། བཅོམ་པ་དང༌། བྲལ་བ་དང༌། མེད་པ་ཞེས་པའི་དོན་ཏོ། །དེས་ན་གསུངས་པ། ཕྲ་བའི་དོན་ཞེས་པ་སྟེ། ཕྲ་བའི་ཚིག་ནི་ཤེས་པ་ཕྲ་བའི་དོན་དངོས་པོ་མེད་པའི་མཚན་ཉིད་དེ་འདིར་དེ་བཞིན་དུ་བརྗོད་ཅེས་པའོ། །མཆོག་ནི་དངོས་པོར་བརྗོད་པར་བྱ། །ཞེས་པ་ནི་དངོས་པོ་ཡོད་པའི་རང་བཞིན་དུ་གྱུར་པའོ། །དབུ་མ་གཉིས་ཀྱིས་སྤངས་པ་ཉིད། །ཅེས་པ་ནི་དངོས་དང་དངོས་པོ་མེད་པ་ལས་གྲོལ་བའི་གཉི་གར་གྱུར་པ་ཞེས་པའི་དོན་ཏོ། །དབང་པོ་དྲུག་ཅེས་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ། །བརྟན་པ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །གཡོ་བ་ནི་དེའི་རྣམ་པར་ཤེས་པ་དག་གོ །ཡང་ན་བརྟན་པ་ནི་རྟག་པའོ། །གཡོ་བ་ནི་མི་རྟག་པའོ། །འདི་ཀུན་ཞེས་བྱ་བ་ཉིད་མེད། །ཅེས་བྱ་བ་ལ། ཀུན་ཞེས་པ་ནི་ཀུན་བསྡུས་པས་སོ། །དེས་ན་ང་ཉིད་དུ་མ་སྐྱེས་པ་སྟེ། ང་ཉིད་ནི་ཕུང་པོའོ། །མེད་པ་ནི་དེ་རྣམས་མ་བྱུང་བས་ན་ང་ཉིད་མེད་པའོ། །མཚུངས་པར་འདོད་ཅེས་བྱ་བ་ནི་དབང་པོ་དྲུག་དང༌། ཡུལ་དང་རྣམ་པར་ཤེས་པ་སྟེ། ཕུང་པོ་ལྔ་པོ་དངོས་དང་དངོས་པོ་མེད་པ་དང༌། གཉིས་ཀའི་རང་བཞིན་དང་འདྲ་ཞིང་མཉམ་པར་བྱ་བའོ། །དེ་ཉིད་བསྒོམས་པས་ཞེས་བྱ་བའི་ཚིག་ཏུ་བརྗོད་པ་དང༌། རོ་མཉམ་ཞེས་པའི་ཚིག་ཏུ་བརྗོད་པ་ནི་བསྟན་པའོ། །མཉམ་ཞེས་བྱ་བ་ལ་སོགས་པ་ལ། མཉམ་ཞེས་བྱ་བ་མཚུངས་པར་བརྗོད། །ཅེས་པ་


DTG002_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡི་གེ་བདུན་གྱི་ཚིག་གོ །དེ་ཡང་བདེ་བ་དང༌། སྡུག་བསྔལ་བ་ལ་སོགས་པ་སེམས་ཙམ་གྱིས་འདྲ་ཞིང་མཚུངས་པའོ། །དེ་ཡི་འཁོར་ལོ་རོ་ཞེས་བརྗོད། །ཅེས་བྱ་བ་ནི་དེ་ནི་མཚུངས་པ་སྟེ། བདེ་བ་ལ་སོགས་གསད་པའོ། །རོ་ནི་ཉམས་སུ་མྱོང་བའོ། །འཁོར་ལོ་ནི་ཚིམ་པ་སྟེ། གཞན་དང་གཞན་དུ་འདོད་པ་དང་བྲལ་བས་སོ། །བསྒོམ་པ་ནི་ལྷན་ཅིག་སྐྱེས་པ་དེ་ཉིད་དུ་རྩེ་གཅིག་པའི་ཏིང་ངེ་འཛིན་རྣམས་ཏེ། རོ་མཉམ་པའི་རང་བཞིན་ཞེས་བྱ་བར་དགོངས་སོ། །སྒོམ་པ་རོ་གཅིག་མཉམ་པ་ཉིད། །ཅེས་བྱ་བ་ནི་གཅིག་ཏུ་གྱུར་པ་སྟེ། གཉུག་མ་གང་གི་རོ་མཉམ་པ་དེ་ཉིད་དོ། །དེས་ན་སེམས་སུ་མཉམ་པའི་རང་བཞིན་པས་ན་བདེ་བ་ལ་སོགས་པ་དེ་ཕན་པའི་རང་བཞིན་ཅན་ནོ། །དོན་འདི་ཡིས་ཞེས་བྱ་བ་ནི་སྔར་བརྗོད་པའི་རྒྱུ་ཉིད་ལས་སོ། །དེའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་ཀུན་གྱི་བྱ་བ་མཉམ་པ་དེའི་ཕྱིར་རང་བཞིན་གཅིག་པ་ཞེས་བྱའོ། །དེ་དག་ཐམས་ཅད་རང་གི་སེམས་ལས་མི་གཞན་པ་ཉིད་གསུངས་པ་ང་ལས་བྱུང་ཞེས་བྱ་བ་ལ་སོགས་པ་སྟེ། ད་ནི་སེམས་ཉིད་དུ་གྱུར་པ་སྟེ། དེས་ན་ང་ལས་བྱུང་བའོ། །ཉིད་ནི་ངེས་པར་གཟུང་བ་སྟེ། ཅི་ཞེ་ན་གསུངས་པ། འགྲོ་བ་ཐམས་ཅད་ཅེས་བྱ་བ་ལ། འགྲོ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་དོ། །སྲིད་གསུམ་ནི་ལུས་དང༌། ངག་དང༌། ཡིད་དང༌། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་གསུམ་མོ། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །ཞེས་བྱ་བ་ལ། ང་ནི་སེམས་ཙམ་གྱི་ཕུང་པོ་ལ་སོགས་པ་ལ་ཁྱབ་པ་སྟེ་དམ་བཅའ་བའོ། །ཉེ་བར་བསྡུ་བ་གསུངས་པ། འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་པ་སྟེ། དེ་དག་ལས་གཞན་པའི་བརྟན་པ་དང་གཡོ་བ་ལ་སོགས་པ་ལ་ཡང་ཁྱབ་ཅེས་པའོ། །ཡང་ན་ང་ལ་སོགས་པ་རྣམས་ཀྱིས་ལྷན་ཅིག་སྐྱེས་པ་ཞེས་བརྗོད་དོ། །དེ་སྐད་དུ་ཡང༌། འགྲོ་བ་ཐམས་ཅད་སངས་རྒྱས་ལྔ་ཡི་བདག་ཉིད་དེ། །གང་ཞིག་རང་གི་སེམས་ཉིད་ལས་ནི་གར་བཟང་པོ། །བདེ་བ་ཆེན་པོ་ཞེས་པ་གང་ཚེ་གཙོ་བོ་སྟེ། །གཅིག་ཉིད་དུ་མའི་ཉམས་ཀྱིས་གར་མཛད་དོ། །ཞེས་གསུངས་སོ། །ཚུལ་འདིས་བསྐྱེད་པའི་རིམ་པའི་


DTG002_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་རབ་ཏུ་དབྱེ་བ་བཤད་པ་རྫོགས་པའི་རིམ་པས་རིག་ཅིང་རྟོགས་ལ། བསྐྱེད་པའི་རིམ་པ་བཤད་པས་རྫོགས་པ་རྟོགས་ཤིང་རིག་པའི་དོན་དུ་བསྐྱེད་པའི་རིམ་པ་ཇི་ལྟར་བྱུང་བ་དང་བསླབ་པའི་དོན་དུ་གསུངས་པ། དེ་ལྟར་ཤེས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ལྷན་ཅིག་སྐྱེས་པའི་རང་བཞིན་ནི་འགྲོ་བའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཏེ། གང་ཞིག་ལྷན་ཅིག་སྐྱེས་པ་ལ་དུས་རིང་པོར་གུས་པ་རྒྱུན་མི་འཆད་པར་བསྒོམས་པ་དེས་ནི་འགྲུབ་པར་ཐེ་ཚོམ་མེད་ཅེས་པར་འབྲེལ་ཏོ། །ཤིན་ཏུ་མཉམ་གཞག་ཅེས་པ་ནི་མི་དགེ་བ་ཡོངས་སུ་སྤོང་བའི་དགེ་བ་སྟེ། དེ་ཡང་དགེ་བ་དང་མི་དགེ་བ་རོ་གཅིག་ཉམས་པའི་རང་བཞིན་ལྷན་ཅིག་སྐྱེས་པ་ཇི་ལྟ་བ་བཞིན་དུ་དམིགས་པར་བྱའི། སེམས་སྐྱོ་བ་ཙམ་དང་གཡོ་བའི་རང་བཞིན་གྱིས་ནི་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ནི་སྤུ་གྲིའི་སོ་ལ་ཡོད་པའི་སྦྲང་རྩིའི་ཐིགས་པ་དང་མཚུངས་པ་སྟེ། ཐབས་དང་བྲལ་བའི་དགེ་བས་ནི་བསྒྲུབ་མི་ནུས་པས་སོ། །ཡང་ན་ཤིན་ཏུ་མཉམ་གཞག་ནི་དད་པ་སྟེ། རིམ་པ་གཉིས་ཀ་ལ་ཡང་གུས་པ་ཉིད་དུ་གནས་པའོ། །འགྲུབ་པར་ཞེས་པ་ནི་འགྲུབ་པ་ཉིད་དོ། །དེས་ན་གསུངས་པ། ཐེ་ཚོམ་མེད་ཅེས་པའོ། །བསོད་ནམས་ཆུང་བས་ཞེས་པ་ནི་དེ་བསོད་ནམས་ཆུང་ཞིང་ཉུང་བ་དེ་དག་གོ །གང་གིས་ཀྱང་སྟེ་བརྒྱ་ལམ་ན་སངས་རྒྱས་ཀྱི་བྱིན་གྱི་རླབ་ཀྱིས་ཐབས་ཀྱི་རྒྱུ་མཚན་དང༌། གོམས་པ་ལ་རབ་ཏུ་འཇུག་པའི་རྒྱུས་རྟོགས་པར་བྱེད་པའི་བསོད་ནམས་འདིས་བྱས་པ་སྟེ། བསོད་ནམས་གཞན་གྱིས་ནི་མ་ཡིན་ནོ། །ཡང་ན་མཚམས་མེད་པ་ལྔ་ལ་སོགས་པ་བྱེད་པ་འདིས་ཀྱང་སྟེ། བསོད་ནམས་ཆུང་བར་གྱུར་པའོ་ཞེས་དགོངས་སོ། །ཀྱང་ཞེས་པའི་སྒྲས་ནི་བསོད་ནམས་དང་ལྡན་པས་འགྲུབ་པ་ཉིད་ལ་ཐེ་ཚོམ་དུ་འགྱུར། ད་ནི་རྒྱུན་མི་འཆད་པར་གསུངས་པ། བཟའ་དང་ཞེས་བྱ་བ་ལ་སོགས་པ་ལ། ཉལ་དང་ཞེས་པ་ནི་དེ་བཞིན་དུ་གཉིད་ཡུར་བ་ཡིན་ཡང་སེམས་དཔའ་དང༌། ཇི་ལྟར་གཉིད་ལོག་ཀྱང་རྨི་ལམ་དུ་འོང་བའོ། །ཡང་ན་ཉལ་ཞིང་ལོག་པ་འདིས་ཀྱང་མཆོག་ཏུ་རྒྱུན་མི་འཆད་པར་སྟོན་ཏོ། །རྟག་ཏུ་


DTG002_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་རྟག་པ་དང༌། རྒྱས་པ་དང༌། རེངས་པ་སྟེ། དེ་ཡང་ལྷན་ཅིག་པའི་དུས་ཀྱི་རྟག་པ་དང་འཕེལ་བ་ཞེས་པ་དང༌། རྟག་པ་དེའི་རང་བཞིན་དུ་གྱུར་པ་ཞེས་པས་ན་རྟག་པ་སྟེ་དུས་རིང་བ་ཉིད་དོ་ཞེས་པའི་དོན་ཏོ། །ནིའི་སྒྲ་ནི་བསྡུ་བའི་དོན་ཏོ། །དེས་ན་ཞེས་པ་ནི་ལྔ་པ་མི་མངོན་པར་བྱས་པའོ། །དེས་སྒོམ་པར་བྱེད་པ་ནི་གུས་པ་རྒྱུན་མི་འཆད་པ་ལ་ཞུགས་པས་རྟག་ཏུ་འགྲོ་བ་སྟེ། དེས་འགྲུབ་པའོ་ཞེས་སྔར་གྱི་བྱ་བར་འབྲེལ་ཏོ། །དེ་ལྟ་བུས་ཅིར་འགྱུར་ཞེ་ན། གསུངས་པ། ཕྱག་རྒྱ་ཆེན་པོ་མངོན་འདོད་པ། །ཞེས་པ་ལ་ཕྱག་རྒྱ་ཆེན་པོ་ནི་ལྷ་རྣམས་སོ། །དེར་བདག་ཉིད་མངོན་པར་འདོད་པ་དེ་ཡང་དེ་བཞིན་ནོ། །ལྷའི་གཟུགས་ཀྱི་བདག་ཉིད་དུ་འདོད་པའོ་ཞེས་པའི་དོན་ཏོ། །དེ་ཁོ་ན་ཉིད་མ་ཡིན་པ་ཅུང་ཟད་ཀྱང་མེད་ཅེས་པ་བསྟན་པའི་དོན་དུ་གསུངས་པ། བསྒོམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། བསྒོམ་པ་ཞེས་པ་ནི་གོམས་པར་བྱེད་པའོ། །ཉིད་ནི་ངེས་པར་གཟུང་བའོ། །འགྲོ་བ་ཐམས་ཅད་ཅེས་བྱ་བ་ནི་བཤད་ཟིན་ཏོ། །གང་གི་ཕྱིར་ཡིད་ལ་མངོན་པར་ཞེན་ཅིང་གོམས་པ་ཉིད་ཀྱིས་སྒོམ་པར་བྱེད་པའོ། །མངོན་པར་ཞེན་པ་མངོན་དུ་སོང་བས་དངོས་པོ་མེད་པ་ཉིད་ཇི་ལྟར་སྒོམ་པར་བྱེད་ཅེ་ན། གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ནི་ཕུང་པོ་ལ་སོགས་པ་རྣམས་གཅིག་དང་དུ་མ་ལ་སོགས་པ་སྟོང་པའི་ཤེས་པ་ནི་སྒོམ་པ་སྟེ། དེ་ལྟ་བུའི་སྒོམ་པ་ནི་སྒོམ་པ་མ་ཡིན་ནོ། །གང་ལས་གང་གི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་མཐུ་དང་བྲལ་བ་ཡིན་ན་དེ་རྣམས་གཅིག་པ་ལ་སོགས་པ་དང་བྲལ་བ་ཇི་ལྟ་བུ་དངོས་པོ་མེད་པ་དེ་ལ་ནི་ཡོངས་སུ་ཤེས་པ་ཡང་མ་གྲུབ་པས་སོ། །གཞན་ཡང་འགྲོ་བ་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་བསྟན་པ་ནི། བརྟན་དང་ཞེས་བྱ་བ་ལ་སོགས་པ་སྟེ། གཡོ་བ་ནི་སྲོག་ཆགས་རྣམས་སོ། །བརྟན་པའི་སྒྲས་བརྗོད་པར་བྱ་བ་གསུངས་པ། རྩྭ་ལྕུག་ཅེས་བྱ་བ་ལ་སོགས་པ་ལ། དམ་པ་དེ་ཉིད་ངེས་བསྒོམ་བྱ། །ཞེས་པ་ནི་ཡི་གེ་བདུན་པའི་ཚིག་སྟེ། དེས་ནི་མངོན་པར་ཞེན་པ་མེད་པའི་བསྒོམ་པ་ནི་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་ཀྱི་རང་བཞིན་གསུངས་


DTG002_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པ། བདག་གི་དངོས་པོ་ནི་བསམ་པ་དང་སེམས་ཉིད་དོ་ཞེས་པའི་བར་དུའོ། །དེ་ཉིད་ཀྱི་རང་བཞིན་གང་ཡིན་པ་དེ་དེ་བཞིན་དུའོ། །དེ་སྐད་དུ་ཡང༌། གང་སེམས་ཅན་དེ་རྣམས་ཉིད་ཀྱི་མཐོང་བ་དང༌། ཐོས་པ་དང༌། སྣོམ་པ་དང༌། མྱོང་བར་བྱེད་པ་དང༌། རེག་པ་ལ་སོགས་པ་ཉམས་སུ་མྱོང་བ་གང་ཡིན་པ་དེ་དག་ཐམས་ཅད་རང་གི་སེམས་ཉིད་ཀྱི་རང་བཞིན་ནོ་ཞེས་གསུངས་སོ། །དེས་ན་ཡང་གང་དང་གང་དུ་གང་དང་གང་གིས་མཐོང་བ་ལ་སོགས་པར་བྱེད་པ་དེ་དང་དེ་ཉིད་དུ་དེ་དང་དེའི་རང་གི་སེམས་ཉིད་ནི་རང་གི་སེམས་ཉིད་ལས་གཞན་དུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའོ། །གང་གིས་བདེ་བ་ལ་སོགས་ནི་སྔོན་པོ་ལ་སོགས་གཟུགས་སུ་སྣང་བ་ནི་དེའི་སེམས་ཉིད་དེ་དག་གི་རྣམ་པར་རོ། །དེ་ཡང་དགྲ་དང་ཟིན་ལ་སོགས་པ་དང༌། ལས་དང་ལས་མ་ཡིན་པ་ལ་སོགས་པ་དང༌། དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་རྣམས་ཀྱང་དེ་དག་གི་སེམས་ཉིད་དོ། །སེམས་ཉིད་དུ་གསུངས་པ་ནི་བདུད་འདི་དག་ནི་སེམས་ཉིད་དོ། །སེམས་ཉིད་དེ་བཞིན་གཤེགས་པ་ཡིན། །རང་གི་སེམས་ནི་འདུལ་དོན་དུ། །བདུད་ནི་ཉེ་བར་ཞི་བར་བྱ། །ཞེས་པའི་ཚིག་ལས་སོ། །གང་དེ་ལྟ་བུ་ཡིན་ན་སེམས་ཅན་མ་གྲོལ་བ་ཇི་ལྟ་བུ་ཞེ་ན། གསུངས་པ། དེ་རྣམས་ཞེས་པ་ལ་སོགས་པ་སྟེ། དེ་རྣམས་ནི་ཐུན་མོང་དུ་འགྲོ་བ་རྣམས་ལ་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་རང་བཞིན་ཡོད་པ་ཡིན་ནོ། །འོན་ཀྱང་རང་རིག་པ་འདི་ལྟ་བུ་རང་གིས་ཉམས་སུ་མྱོང་བ་ཉིད་ཀྱི་ཚོར་བ་ཡོད་པ་མ་ཡིན་པ་སྟེ། ཐ་མལ་གྱི་གཟུགས་ཉིད་ཀྱིས་གཟུང་བ་ལས། དེ་དག་གིས་བདུད་བཟུང་ནས་ཀྱང་གཟུང་བ་ལྟ་བུ་སྟེ་རྟོགས་པས་སོ། །གང་གི་ཕྱིར་དངོས་པོ་རྟོགས་ནས་བཟུང་བ་ཡིན་གྱི། ཐ་མལ་པས་ཀྱང་དངོས་པོའི་རང་བཞིན་མི་རྟོགས་ཤིང་གོ་བ་མ་ཡིན་པའོ། །དངོས་པོ་ཡང་བསྒོམ་པར་བྱས་ནས་གྲོལ་བ་ཐོབ་པ་ཡིན་གྱིས། དེ་ཡང་དེ་ལྟར་མ་བསྒོམས་ན་རང་བཞིན་དམིགས་པར་མི་འགྱུར་རོ། །རང་བཞིན་མཐོང་བ་ལས་ནི་དངོས་པོ་རྣམས་མཐོང་བ་སྟེ། རང་བཞིན་ནི་གྲོལ་བ་ཉིད་ཡིན་པས་སོ། །དེ་ཡང་འཆད་པར་འགྱུར་ཏེ། །རང་བཞིན་མྱ་ངན་འདས་པ་ཉིད། །ཅེས་པའོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཡང་གཟུང་བ་མ་ཡིན་ཏེ། གཟུང་


DTG002_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པའི་མངོན་པར་ཞེན་པས་སོ། །དེས་ན་གསུངས་པ། རང་རིག་ལས་ནི་འགྲུབ་པར་འགྱུར། །ཞེས་པ་ལ། རང་རིག་ནི་དེའི་བདེ་བ་ཆེན་པོ་རང་ཡང་དག་པར་རིག་པས་སོ། །དེས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །རྟོགས་པ་ཙམ་གྱིས་ཀྱང་ཇི་ལྟར་དངོས་གྲུབ་ཏུ་འགྱུར་ཞེ་ན། གསུངས་པ། རང་རིག་ཕྱིར་ན་བསྒོམས་པ་ཉིད། །ཅེས་པ་སྟེ། རང་རིག་པ་ཉིད་བསྒོམས་པ་ལས་མ་གཏོགས་པའི་དངོས་གྲུབ་ནི་ཡོད་པ་མ་ཡིན་པ་སྟེ། ལྷན་ཅིག་སྐྱེས་པའི་རང་བཞིན་ལྷ་རྣམས་ཀྱི་དངོས་པོར་བསྒོམ་པས་གྲོལ་བར་སྟེར་བར་འགྱུར་ཞེས་བྱ་བར་དགོངས་སོ། །དགེ་བ་དང་མི་དགེ་བའི་ལས་རྣམས་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ་ཞེས་གསུངས་པ། རང་རིག་པའི་རང་བཞིན་ལས་ཞེས་པའོ། །དེ་ལྟ་མོད་ཀྱི་གྲོལ་བར་ཇི་ལྟར་འགྱུར་ཞེ་ན། གསུངས་པ། གནོད་པ་ལས་ནི་ལས་སྐྱེས་ཏེ། །ཞེས་བྱ་བ་ལ། གནོད་པ་ནི་རྣམ་པར་རྟོག་པ་སྟེ། མངོན་པར་ཞེན་པ་ཞེས་པའི་དོན་ཏོ། །དེ་ཡང་ལྷན་ཅིག་སྐྱེས་པ་ནི་ཤེས་བྱའི་སྒྲིབ་པས་བསྒྲིབས་ཏེ་མ་མཐོང་བས་ལྷན་ཅིག་སྐྱེས་པ་ཉིད་ལས་ལས་ཀྱི་སྣང་བ་སྐྱེ་བར་བྱེད་དེ། ཇི་ལྟར་རབ་རིབ་ཅན་ལྟ་བུར་དག་པའི་རང་བཞིན་ནམ་མཁའི་ངོས་སུ་བདེན་པ་མ་ཡིན་པ་ལས་སྐྲ་ཤད་ཀྱི་ཕུང་པོ་རྣམས་སོ། །གང་གིས་འཕྲོག་ཅིང་ཞེས་བྱ་བ་ནི་རང་ཉིད་ལས་དང་ཉོན་མོངས་པ་འཇོམས་པའི་ལྷན་ཅིག་སྐྱེས་པའི་དགའ་བའོ། །རང་གིས་བྱེད་ཅེས་པ་ནི་ལས་དང་ཉོན་མོངས་པར་ཡང་བྱེད་པ་སྟེ། རང་ཉིད་ཀྱིས་གྲོལ་བ་དང་འཁོར་བ་བྱེད་ཅེས་པའི་དོན་ཏོ། །རང་ཉིད་རྒྱལ་པོ་ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པར་མངོན་པར་ཞེན་པ་མེད་པའི་རང་བཞིན་མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པ་ནི་རང་ཉིད་དོ། །རང་ཉིད་གཙོ་བོ་ཞེས་པ་ནི་བདག་ཉིད་ལ་བདག་ཉིད་ཀྱིས་ཁྱབ་པའོ། །ཡང་ན་རང་ཉིད་ལས་དཀྱིལ་འཁོར་སྤྲུལ་པ་དང༌། རང་ཉིད་གཟུང་བ་ལ་སོགས་པ་དེ་དག་ཉིད་དུ་མངོན་པར་ཞེན་པ་འཇོམས་པ་དང༌། རང་ཉིད་དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱིས་ན་རྒྱལ་པོ་སྟེ། རང་ཉིད་བརྟན་པ་དང་གཡོ་བ་ལ་ཁྱབ་ཅེས་པའོ། །ད་ནི་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བ་ཉིད་གསུངས་པ། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ། འདོད་


DTG002_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ནི་འཁོར་བའི་བྱ་བའི་དགོས་པ་ལ་ཆགས་པའོ། །ཞེ་སྡང་ནི་སེམས་ཀུན་ནས་མནར་སེམས་པའོ། །ཕྲག་དོག་ནི་གཞན་གྱི་ཡོན་ཏན་ལ་མི་བཟོད་པའོ། །གཏི་མུག་ནི་ཤེས་བྱའི་སྒྲིབ་པ་སྟེ། དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་ལ་རྟག་པ་དང་བདག་ཉིད་ལ་སོགས་པར་ཤེས་པའི་རང་བཞིན་ནོ། །ང་རྒྱལ་ནི་སེམས་ཁེངས་པ་གང་གི་ཕྱིར་འདི་ལྟར་ཕུང་པོ་ལྔ་རྣམས་ལ་བདག་ཉིད་དུ་བཀོད་པ་ཡང་ང་འམ་བདག་གོ་ཞེས་ཁྱད་པར་དེ་དང་དེའི་བདག་ཉིད་དུ་ཁེངས་པ་སྟེ། གང་གི་ཕྱིར་འདི་ལྟར་ཕུང་པོ་ལྔ་རྣམས་ལ་བདག་ཉིད་དུ་བཀོད་པ་ཡང་ང་འམ་བདག་གོ་ཞེས་ཁྱད་པར་དེ་དང་དེའི་བདག་ཉིད་དུ་ཁེངས་པར་བྱེད་པའོ། །དེ་ཡང་རྣམ་པ་བདུན་དུ་ཕྱེད་པ་ནི་འདི་ལྟ་སྟེ། ང་རྒྱལ་ནི་ཤེས་པ་དང༌། རིགས་དང་ནོར་ལ་སོགས་པ་རྣམས་ཀྱིས་དམན་པ་ལས་རིགས་ལ་སོགས་པ་མཐོའོ་སྙམ་པའོ། །ལྷག་པའི་ང་རྒྱལ་ནི་རིགས་དང༌། ཤེས་པ་དང༌། ནོར་ལ་སོགས་པ་མཚུངས་པ་ལས་གཏོང་བ་དང༌། ཚུལ་ཁྲིམས་དང༌། སྐྱེས་བུ་ལ་སོགས་པས་བཟང་ངོ་སྙམ་པའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་ནི་རིགས་དང༌། ཤེས་པ་དང༌། ནོར་ལ་སོགས་པས་བཟང་བ་ལས། རིགས་དང༌། ཤེས་པ་དང༌། ནོར་ལ་སོགས་པ་བཟང་ངོ༌། །ངའོ་སྙམ་པའི་ང་རྒྱལ་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་བདག་དང་བདག་གི་དང་བྲལ་བ་ལ་བདག་གིར་སེམས་མངོན་པར་ཞེན་ཅིང་ཁེངས་པའོ། །མངོན་པའི་ང་རྒྱལ་ནི་གོང་མའི་ཁྱད་པར་མ་ཐོབ་པར་བདག་གིས་མངོན་སུམ་ཉིད་དུ་ཐོབ་པའོ་ཞེས་སེམས་ཁེངས་པའོ། །ཅུང་ཟད་སྙམ་པའི་ང་རྒྱལ་ནི། ཤེས་པ་དང༌། རིགས་དང༌། ནོར་ལ་སོགས་པ་ཁྱད་པར་ཤིན་ཏུ་འཕགས་པ་ལ་རིགས་དང༌། ཤེས་པ་དང༌། ནོར་ལ་སོགས་པ་ཅུང་ཟད་ཀྱིས་དམན་སྙམ་པའོ། །ལོག་པའི་ང་རྒྱལ་ནི་ཡོན་ཏན་མ་ཡིན་པ་ལ་ཡོན་ཏན་ཅན་ནོ་སྙམ་དུ་སེམས་ཁེངས་པའོ། །དེ་ལྟ་བུའི་འདོད་ཆགས་པའི་ཉོན་མོངས་པས་དེ་གནས་ལ། བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་བྱ་བར་འབྲེལ་ཏོ། །དེའི་སྒྲ་ནི་ལྷན་ཅིག་སྐྱེས་པ་ཉིད་དོ། །གནས་ནི་ཡེ་ཤེས་ཏེ། འདིས་ཉོན་མོངས་པ་ཟད་ནས་གོ་འཕང་དུ་བགྲོད་པའོ། །དེ་ཉིད་གོ་འཕང་ཡང་ཡིན་གནས་ཀྱང་ཡིན་པ་སྟེ། ལྷན་


DTG002_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས་པའི་ཡེ་ཤེས་ཞེས་པའི་དོན་ཏོ། །ཉམས་དགའ་ཞེས་པ་ཡང་དཔེས་བསྐྲུན་དུ་མེད་པ་ཉིད་ལས་སོ། །ལྷན་ཅིག་སྐྱེས་པ་དང་ལྡན་པ་དེ་ལ་ནི་བཅུ་དྲུག་གི་ཆས་སྦྱར་བ་མ་ཡིན་ནོ། །གང་གི་ཕྱིར་ཟླ་བ་ནི་བཅུ་དྲུག་གིས་དུས་ཏེ་དེའི་ཡང་ཆ་ནི་བཅུ་དྲུག་ཡིན་པས། བཅུ་དྲུག་ཆར་ཡང་ངོ༌། །དེ་ཡང་དོན་གྱིས་བྱ་བ་མི་བྱེད་པ་དེས་ན་ཡང་ཉོན་མོངས་པ་དེ་དག་མི་གནས་སོ་ཞེས་པའི་དོན་ཏོ། །དོན་བྱེད་པའི་ནུས་པའི་ཆ་ཡང་ཡོད་པ་མ་ཡིན་ནོ་ཞེས་དགོངས་སོ། །ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ཞེས་བྱ་བ་ལ། ཆོས་ནི་གཉུག་མ་སྟེ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནོ། །དེ་ཡང་གཅིག་དང་དུ་མ་ལ་སོགས་པའི་རང་བཞིན་དང་བྲལ་བའོ། །ལས་སྐྱེས་ནི་དེ་ལས་བྱུང་བ་སྟེ། ཆོས་འབྱུང་ལས་སྐྱེས་སོ། །ཆོས་འབྱུང་གི་གནས་འདི་ཡིས་བསྐྱེད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེས་ན་སྐྱེས་པ་ཞེས་པ་ནི་དེ་ཉིད་དུའོ། །ཡེ་ཤེས་ནི་རབ་ཏུ་གསལ་བའི་རང་བཞིན་ཉིད་ཀྱིས་སོ། །མཁའ་མཉམ་ནི་གཉུག་མར་གྲུབ་པ་ལས་སོ། །དེ་ཇི་ལྟ་བུའི་ཡེ་ཤེས་ཡིན་ཞེ་ན། གསུངས་པ། ལྷན་ཅིག་ཐབས་དང་བཅས་ཞེས་པ་སྟེ། ཐབས་དང་བཅས་པས་འཕེལ་བས་ན་ཐབས་དང་བཅས་པ་ནི་ཤེས་རབ་བོ། །དེ་དང་ལྷན་ཅིག་པ་ནི་དེར་རབ་ཏུ་བསྒྲུབ་པ་སྟེ། དེ་ལས་མ་གཏོགས་པས་ཤེས་པའི་ནུས་པ་མེད་ཅེས་པའི་དོན་ཏོ། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཞེས་པ་འདིས་ནི་ཤེས་རབ་ཀྱི་ཆོས་འབྱུང་གི་ནང་གི་དཀྱིལ་འཁོར་དུ་སེམས་ཅན་རྣམས་དབང་བསྐུར་བས་བདེ་བ་ཆེན་པོ་ཐོབ་པ་དང༌། དེ་ལས་སྐྱེས་པ་ཞེས་རྟོགས་པར་བྱ་བའི་དོན་ཏོ། །ཡང་ན་འཇིག་རྟེན་གསུམ་ནི་སྤྲུལ་པ་ལ་སོགས་པའི་སྐུ་གསུམ་མོ། །དེ་ལ་ལྷན་ཅིག་སྐྱེས་པ་ལས་བྱུང་བའི་དཀྱིལ་འཁོར་གོམས་པ་ཉིད་ནི་འདོད་པར་འགྱུར་བའི་སྦྱོར་བའོ། །དེ་ཉིད་ཀྱིས་ན་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །དེ་ཉིད་ཅི་ཞེ་ན། གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ཐབས་ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །རང་བཞིན་ནི་དེ་དག་ཏུ་ངེས་པ་སྟེ། ལྡོག་པས་བྱས་པའི་ཐ་དད་ཙམ། །


DTG002_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ཏོ། །དེའི་དོན་ནི་འདི་ཡིན་ཏེ། ལྷན་ཅིག་སྐྱེས་པ་རྟོགས་པ་ལས་ལྷའི་རྣམ་པ་བསྒོམས་པས་སྐུ་གསུམ་འགྲུབ་ཅེས་པའམ། ཡང་ན་ཐབས་དང་ཤེས་རབ་ཀྱི་རང་བཞིན་ལས་སེམས་ཅན་ཐམས་ཅད་སྐྱེ་ཞེས་པའོ། །ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །ཞེས་པ་ནི་ཡི་གེ་དགུ་པའི་ཚིག་སྟེ། ཞུ་བའི་རྣམ་པར་ཡང་དཔལ་ཧེ་རུ་ཀ་སྟེ་དེ་ཡང་ཐབས་སོ། །དེའི་བདེ་བ་འདོད་མར་བརྗོད། །ཅེས་པ་ལ། དེའི་བདེ་བ་ནི་བདེ་བའི་རྒྱུན་ལས་བྱུང་བའི་བདེ་བ་དེའོ། །དེ་ནི་འདོད་མ་སྟེ་དེ་དག་ལྷན་ཅིག་སྐྱེས་པར་རྗོད་པར་བྱེད་པ་དོན་དམ་པར་གྱུར་པ་ལྷན་ཅིག་སྐྱེས་པའི་དགའ་བ་རྟོགས་པའོ། །གང་གི་ཕྱིར་དེ་དག་གི་རང་བཞིན་ཡིན་ཞེ་ན་གསུངས་པ། གཅིག་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྡུལ་ཕྲ་རབ་ཚོགས་པའི་རང་བཞིན་ཉིད་ལས་གཅིག་དང་དུ་མའི་རང་བཞིན་ནོ། །དེ་ཞེས་པ་ནི་ཞུ་བའི་རྣམ་པའོ། །སྐད་ཅིག་གཅིག་ལ་མཆོག་དགའ་བ། །ཞེས་བྱ་བ་ལ། དགའ་བ་ནི་བདེ་བ་དང་ཤེས་རབ་སྟེ། དེ་ཡང་སྐད་ཅིག་མ་ཉིད་དགའ་བའོ། །དེ་ལྟ་བུའི་དགའ་བས་ནི་གཉིས་སྤངས་པ་ཉིད་ལས་སོ། །ཁུ་བ་དང་བདེ་བ་དག་ནི་ཐབས་དང་ཤེས་རབ་ལ་སོགས་པ་དག་ཏུ་སྟོན་པ་ཉིད་དོ། །དེའི་ལྷན་ཅིག་སྐྱེས་པའི་རྣམ་པའི་དོན་དུ་གསུངས་པ། རང་གི་རིག་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། ལྷན་ཅིག་སྐྱེས་པའི་རང་བཞིན་ལ་དྲིས་པའི་སྦྱོར་བ་དང༌། ལན་དུ་གྱུར་པ་ཡོད་པ་མ་ཡིན་པས་ངག་གི་ལམ་འདས་སོ། །འདིས་ནི་བྱིན་གྱིས་བརླབས་རིམ་པ། །ཞེས་བྱ་བ་ལས་བྱིན་གྱིས་བརླབས་པ་ནི་འཇུག་པ་སྟེ། ལྷ་རྣམས་ཐམས་ཅད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ལ་སོགས་པ་སྟེར་བ་དང༌། འདིར་བྱིན་གྱིས་བརླབས་པ་སྟེ། གང་དུ་ཡང་གྱུར་པ་མ་ཡིན་པའི་དོན་ཏོ། །ཡང་ན་ལྷག་མ་ལས་ལྷག་པའི་དུས་དེ་བཞིན་དུ་གནས་པ་ནི་ལྷག་པར་གནས་པ་དེ་བྱིན་གྱིས་རླབས་སོ། །དེས་ན་ཐོག་མ་དང་ཐ་མ་སྤངས་པའི་དུས་སུ་གནས་ཞེས་པའི་དོན་ཏོ། །དེ་ཡང་ལྷན་ཅིག་སྐྱེས་པའོ། །དེའི་རིམ་པ་ནི་ཡུལ་རྣམས་སོ་སོར་རྟོགས་པ་ཉིད་ཀྱིས་ལྷག་མར་འགྲོ་བས་ན་བྱིན་རླབས་རིམ་པའོ། །དེ་ཡང་སྙོམས་པར་འཇུག་པ་ཙམ་ལས་བྱུང་བའི་བདེ་བ་ལ་


DTG002_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་དགའ་བ་གསུམ་གྱི་རང་བཞིན་ཐབས་སོ། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་པ་ལ་ཀུན་མཁྱེན་ཡེ་ཤེས་ནི་རྣམ་པར་དབྱེ་བ་མི་མངོན་པར་བྱས་ནས་ཀུན་མཁྱེན་ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་ལ། དེ་ཡང་དེའི་བདག་ཉིད་དུ་བྱིན་གྱིས་བརླབས་པའི་རིམ་པའི་རང་བཞིན་ཏེ། གང་གི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །འོ་ན་གང་གི་ཕྱིར་གཉིས་སུ་མེད་པའི་རང་བཞིན་གྱི་རྟོགས་པའི་སྐད་ཅིག་མ་ནི་ཇི་ལྟ་བུ་ཞེ་ན། གསུངས་པ། ས་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་གྱིས་སྐད་ཅིག་ཅེས་པ་ནི་ལྔ་པ་མི་མངོན་པར་བྱས་ནས། དེ་དག་གནས་ཉམས་དགའ་ཞེས་པ་ལ་བསྙེགས་ཏེ། དེ་གནས་སུ་ཞུགས་པའི་སྐད་ཅིག་ཙམ་ཐོབ་ནས་སྤང་ཞིང་མེད་པར་བྱ་བའི་ལས་འདིར་བླང་བར་བྱའོ། །གང་ལས་ཤེ་ན། གསུངས་པ། མི་གནོན་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་རང་གཞན་དག་གི་རིག་པ་ནི། །རང་གཞན་དག་གི་རིག་པ་ཞེས་བྱའོ། །ཅི་ཞེ་ན་གསུངས་པ། ཚོར་བ་ཡིས་ཞེས་པ་སྟེ། ས་ལ་སོགས་པས་ཤེས་པ་ལ་གནོད་པ་ནི་ས་ལ་སོགས་པས་སོ། །དེའི་དོན་ནི་འདི་ཡིན་ཏེ། །གང་གི་ཕྱིར་ལྷན་ཅིག་སྐྱེས་པ་འབྱུང་བ་རང་ཉིད་ཀྱིས་བརྟེན་པ་ཡང་མི་བདེན་པ་ལྟ་བུ་ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཡེ་ཤེས་ཇི་ལྟར་སྐྱེས་པར་འགྱུར་ཞེས་པའོ། །དབྱེ་བའི་ཁྱད་པར་ཤིན་ཏུ་ཆེ་ཡང་དེར་མ་ཤེས་སོ་ཞེས་བསྟན་པའི་དོན་དུ་གསུངས་པ། མཐོ་རིས་ཞེས་པ་ལ་སོགས་པ་སྟེ། དབྱེར་མེད་ཅིང་སེམས་གཅིག་པ་ཙམ་ནི་འདིར་མཐོ་རིས་ལ་སོགས་པའི་གཟུགས་ཞེས་བྱའོ། །གཟུགས་གཅིག་པ་དེ་ནི་རྣལ་འབྱོར་པའོ། །སྐད་ཅིག་ཅེས་པ་ནི་དེའི་ཚེའོ། །ལྷན་ཅིག་སྐྱེས་པ་སྣ་ཚོགས་པ་ཉིད་ནི་སྒྱུར་ཞིང་གནོད་པར་མི་ནུས་པ་ཉིད་དོ་ཞེས་གསུངས་སོ། །རང་བཞིན་ཆ་ཡི་རྣམ་རྟོག་གིས། །གནོད་པ་ཉིད་ནི་ནུས་པ་མིན། །ཞེས་པ་ལ་གནོད་པ་ནི་རང་བཞིན་ཉིད་ལ་དབྱེ་བ་ཉིད་དང༌། བསྒྱུར་ཞེས་པའི་བར་དུའོ། །མི་ནུས་ཞེས་པ་ནི་གང་དུ་ཡང་བསྒྱུར་དུ་མི་ནུས་པ་ཉིད་དོ། །གཞན་


DTG002_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ན་ལྷན་ཅིག་སྐྱེས་པ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །དངོས་གྲུབ་ཀྱི་ཐབས་གཞན་པ་ཡིན་པ་ཉིད་དུ་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་ལས་རྒྱས་པ་ལ་སོགས་པ་ཞེས་པ་ནི་ཡི་གེ་དགུ་པའི་ཚིག་གོ །དག་པའི་དངོས་གྲུབ་འབྱུང་མ་ཡིན། །ཡང་ནི་སྲིད་མཐར་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་སྐྱེ་བ་གཞན་དུ་ཡང་དངོས་གྲུབ་འབྱུང་བ་མ་ཡིན་ནོ་ཞེས་འབྲེལ་ཏོ། །སྐྱེ་བ་ནི་སྐྱེ་བའོ། །སྲིད་པའི་མཐར་ཞེས་པ་ནི་ཕུང་པོ་ལ་སོགས་པའི་མཐའོ། །དེ་ལ་དངོས་གྲུབ་འབྱུང་མ་ཡིན་ནི་རིག་བྱེད་ལ་སོགས་པ་རྣམས་ལས་སོ། །ཇི་ལྟར་ཡང་དངོས་གྲུབ་ཅེ་ན། །དག་འབྱུང་ཡང་ནི་ཞེས་པ་ལ། དག་པ་ནི་གཉིས་ཏེ། དོན་དམ་པའི་རང་བཞིན་དང་ཀུན་རྫོབ་ཀྱི་རང་བཞིན་ཞེས་པ་སྟེ། སྔ་མ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ཅིག་ཤོས་ནི་ལྷའི་རྣམ་པའོ། །དེ་དག་ཕུང་པོ་ལ་སོགས་པ་རྣམ་པར་དག་པར་བསྒོམས་ནས་རྫོགས་པའི་བྱང་ཆུབ་སྟེར་བར་ནུས་ཞེས་པའི་ཐ་ཚིག་གོ །ལྡོག་པའི་སྒོས་ཐབས་བསྡུ་བ་གསུངས་པ། དེ་མེད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཞེས་པ་ནི་རྣམ་པར་དག་པ་གཉིས་སོ། །རྣམ་པར་དག་པ་གཉིས་པོ་དེ་ཡང་དཔལ་དགྱེས་པའི་རྡོ་རྗེ་ལས་གཞན་པས་ནི་ཇི་ལྟ་བ་བཞིན་དུ་མི་ཤེས་པའོ་ཞེས་གསུངས་སོ། །མི་ཤེས་ཞེས་བྱ་བ་ལ་སོགས་པའོ། །ཡང་ཐབས་ཤེས་པ་ཙམ་གྱིས་འགྲུབ་པ་མ་ཡིན་ནོ་ཞེས་གསུངས་པ། ཆུ་བོ་ཞེས་པ་ལ་སོགས་པ་སྟེ། རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས་གནས་པར་བྱ་ཞེས་པར་འབྲེལ་ཏོ། །ཇི་ལྟ་བུ་ཞེ་ན་གསུངས་པ། ཆུ་བོ་ཞེས་པ་སྟེ། ཆུ་བོའི་རྒྱུན་ནི་ཆུ་དང་བཅས་པ་ངོགས་གཉིས་ཀྱི་བར་དེ་ཉིད་དུ་རྒྱུན་དུ་འབབ་ཅིང་འཇུག་པ་གང་ཡིན་པ་དེ་ཉིད་རྣལ་འབྱོར་དེའིའོ། །ཇི་ལྟ་བུ་ཞེ་ན། གསུངས་པ། མར་མེའི་ཞེས་པ་ལ་སོགས་པ་སྟེ། མར་མེའི་འོད་ཟེར་གྱི་རབ་ཏུ་བཅིངས་པ་ནི་གཞན་དང་གཞན་དུ་འགྱུར་བ་མར་མེའི་འོད་ཟེར་རབ་ཏུ་བཅིང་བ་ཉིད་ནི་མར་མེའི་རྩེ་མོ་རབ་བཅིང་ལྟར་རོ། །གཞན་དག་ནི་བསྟན་པ་དང་རྟག་ཏུ་བཤད་པ་ནི། ཉིན་དང་མཚན་དུ་ཞེས་བྱ་བའོ། །ཡང་ན་དེ་ཁོ་ན་ཉིད་ཡང་དག་པར་བསྡུས་པའི་རྣལ་འབྱོར་བས་སོ། །ཀུན་རྫོབ་ཏུ་ནི་སྒྲུབ་པ་པོ་གང་གིས་ཏེ། དེ་ཉིད་


DTG002_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དོན་དམ་པར་ཤེས་པར་བྱེད་པའི་ཐབས་ལ་གོམས་པར་བྱས་པ་དང༌། འབྲས་བུ་སྟེར་བར་འགྱུར་རོ་ཞེས་དགོངས་སོ། །ཡང་ན་དེ་ཁོ་ན་ཉིད་ཀྱི་སྒྲ་ནི་ཐུན་མོང་དང་མཆོག་གི་ཚིག་གོ །དེས་ན་ཡང་དེ་ཉིད་ནི་གཉིས་ཏེ་ཀུན་རྫོབ་དང་དོན་དམ་པ་དག་གོ །རྣལ་འབྱོར་ནི་ཕན་ཚུན་དུ་མི་ཕྱེད་པའོ། །དེ་ལྟ་བུར་འགྱུར་བའི་རྒྱུ་དེས་ན་རྟག་ཏུ་སྒྲུབ་པ་པོས་རྣམ་པར་གཞག་པར་བྱའོ། །དེ་ཉིད་རྣལ་འབྱོར་གྱིས་ཇི་ལྟ་བུར་འགྱུར་ཞེ་ན། གསུངས་པ། ཆུ་བོའི་རྒྱུན་ཉིད་རབ་ཏུ་འཇུག་པ་གང་གི་རྒྱུན་དེ་དེ་བཞིན་དུའོ། །ཡང་ཁྱད་པར་ནི་མར་མེ་ཞེས་པ་ལ་སོགས་པ་སྟེ། མར་མེའི་འོད་ཟེར་དག་རབ་ཏུ་བཅིངས་པ་དེ་ལྟར་རོ། །ཇི་ལྟར་ཆུ་བོའི་རྒྱུན་དག་དང༌། མར་མེའི་རྩེ་མོ་རབ་ཏུ་བཅིངས་པ་དེ་དག་གི་བདག་ཉིད་དེ་བཞིན་དུ་ཀུན་རྫོབ་དང་དོན་དམ་པའི་རྣལ་འབྱོར་གྱིས་ཐེ་ཚོམ་མེད་པར་ལྷག་པར་མོས་ཤིང་ཀུན་རྫོབ་ཏུ་བསྒོམས་པ་ལ་རྣམ་པར་གཞག་པར་བྱའོ་ཞེས་གསུངས་སོ། །ལེའུ་རྫོགས་པའི་སྒོས་ལེའུ་གསུངས་པའི་དོན་བསྡུས་ཏེ་གསུངས་པ། རྣལ་འབྱོར་མའི་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་མ་རྣམས་ཀྱིའམ། རྣལ་འབྱོར་མའི་འཁོར་ལོ་འདིར་རྗོད་པར་བྱེད་པའོ་ཞེས་པ་དེ་བཞིན་དུ་འདུ་བ་ནི་ཐབས་ཏེ། རྣལ་འབྱོར་མ་ཆེན་མོ་ཤིན་ཏུ་རྣམ་པར་དག་པའི་ཤེས་རབ་འདུ་བ་ཉིད་ཀྱིས་སོ། །དེ་དག་སྦྱོར་པ་སྟེ། ཕན་ཚུན་དུ་ཁྱད་པར་སྦྱོར་བའི་བར་དུའོ། །དེས་བསྒྲུབ་པར་བྱ་བའི་བདེ་བ་གང་དག་ཏུ་བརྗོད་པའི་ལེའུ་གང་ཡིན་པ་དེ་ལ་ཡང་དེ་སྐད་དུ་ཞེས་བྱའོ། །བསྐྱེད་པ་དང་རྫོགས་པའི་རིམ་པ་མངོན་པར་བརྗོད་པའི་རིམ་པ་སྟེ་བརྒྱད་པའོ། །དེ་ཡང་ཁྱད་པར་དུ་བགྲངས་པ་དག་ལས་ལེའུའི་ལྷག་མ་གསུངས་པའི་དོན་ནི་བདག་གིས་བརྗོད་པའོ། །དེ་བཞིན་དུ་གཞན་ལ་ཡང་ངོ༌། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས། ལེའུ་བརྒྱད་པའོ།། །།

དགུ་པ། རྣམ་པར་དག་པའི་ལེའུ།


DTG002_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལ་སོགས་པ་རྣམས་རྣམ་པར་དག་པས་རྣམ་པར་དག་པ་བསྒོམས་ནས་ཐར་པ་ཐོབ་པ། བསྐྱེད་པ་དང་རྫོགས་པ་རྣམ་པར་དག་པ་གཉིས་ཀྱི་ཚུལ་སྔར་གྱི་ལེའུར་བསྟན་པ་ཞེས་པའི་བཤད་པ། དེ་ནས་གཞན་ཡང་རྣམ་པར་དག་པའི་ལེའུ་གསུངས་


DTG002_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་དག་པ་ནི་ཀུན་རྫོབ་དང༌། དོན་དམ་པའི་རང་བཞིན་ནོ། །དོན་དམ་པའི་རྣམ་པར་དག་པ་གསུངས་པ། ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་ལ། ངེས་པར་གྱི་སྒྲ་ནི་དོན་དམ་པའི་ཚིག་གོ །དེས་ན་ཡང་དངོས་པོ་རྣམས་ནི་ཕུང་པོ་ལ་སོགས་པ་རྣམས་ཏེ་དོན་དམ་པར་ནའོ། །རྣམ་པར་དག་པ་ཅི་ཞེ་ན། གང་དེ་བཞིན་ཉིད་དུ་བརྗོད་པ་སྟེ། དེ་ཡང་རང་བཞིན་སྟོང་པ་ཉིད་ལ་སོགས་པ་རྫོགས་པའི་རང་བཞིན་ཏེ། ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་བར་དུའོ། །གང་ཡང་དེ་རྣམས་ཀྱིས་སྣང་བའི་རྣམ་པའི་རང་བཞིན་བརྫུན་པ་དེ་ནི་ཀུན་རྫོབ་རྣམ་པར་དག་པར་བསྟན་པའི་དོན་དུ་གསུངས་པ། ཕྱི་ནས་ཞེས་བྱ་བ་ལ་སོགས་པ་སྟེ་ལྷ་རྣམས་ཀྱིའོ། །རེ་རེའི་དབྱེ་བ་ནི་ཁྱད་པར་རོ། །ལྷ་རྣམས་ནི་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་བརྗོད་ཅེས་པར་འབྲེལ་ཏོ། །རྣམ་པར་དག་པ་ནི་རྣམ་དག་པར་འགྱུར་བའོ། །དེ་ཡང་ཕུང་པོ་ལ་སོགས་པ་རྣམས་ཐ་མལ་གྱི་གཟུགས་མངོན་པར་འདོད་པ་མ་ཡིན་པ་ཡོངས་སུ་སྤངས་པས་སྔར་གྱི་མངོན་པར་འདོད་པའི་རང་བཞིན་དུ་སྦྱོར་བའོ། །དེ་ཡང་དོན་དམ་པར་ན་བདག་མེད་པའི་ས་གཟུང་བ་ལ་སོགས་པའི་མངོན་པར་འདོད་པ་མ་ཡིན་པའི་རང་བཞིན་ཡོངས་སུ་སྤོངས་པ་ནི་མངོན་པར་ཞེན་པ་རྣམས་མངོན་པར་འདོད་པར་བྱ་བའི་རང་བཞིན་མ་ཡིན་ནོ་ཞེས་སྦྱར་བར་བྱའོ། །ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱིས་མཆོད་ཡོན་ལ་སོགས་པས་མཆོད་པའི་ཚུལ་མི་སྤོང་བ་སྟེ། མཆོད་པ་ལ་སོགས་པའི་ཚུལ་ཅན་ནོ་ཞེས་བྱ་བར་སྦྱར་རོ། །དོན་དམ་པར་རྣམ་པར་དག་པའི་ཚུལ་དེ་སྲིད་པ་གསུངས་པ། དབང་པོ་དྲུག་ཅེས་བྱ་བ་ལ་སོགས་པ་ལ་ཕུང་པོ་ལྔ་དང་དབང་པོ་དྲུག་ཅེས་བྱ་བ་ནི། ཕུང་པོ་ལྔ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །སྐྱེ་མཆེད་དྲུག་ཅེས་བྱ་བ་ནི་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་གོ །འབྱུང་ཆེན་ལྔ་ཞེས་བྱ་བ་ནི་ས་ལ་སོགས་པའི་འབྱུང་བ་ལྔ་རྣམས་སོ། །རང་བཞིན་གྱིས་ནི་རྣམ་པར་དག །ཅེས་བྱ་བ་ནི་དེ་རྣམས་ངོ་བོས་སམ། རང་བཞིན་ཉིད་ཀྱིས་སོ། །རྣམ་པར་དག་ནི་གཟུང་བ་ལ་སོགས་པའི་དྲི་མ་སྤངས་པའོ། །གང་དེ་ལྟར་དེ་དག་གིས་ཅི་


DTG002_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་ཅེ་ན། གསུངས་པ། ཤེས་བྱའི་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་བྱའི་སྒྲིབ་པ་ནི་མི་ཤེས་པ་སྟེ། གཟུང་བ་ལ་སོགས་པར་མངོན་པར་ཞེན་པའི་རང་བཞིན་རྨོངས་པ་ཞེས་པའི་དོན་ཏོ། །ཉོན་མོངས་ཞེས་པ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། ང་རྒྱལ་དང༌། གཏི་མུག་དང༌། ལྟ་བ་དང༌། ཐེ་ཚོམ་རྣམས་ཀྱིས་བསྒྲིབས་པའོ། །དབང་པོ་ལ་སོགས་པ་ལས་བྱུང་བ་ནི་ཅུང་ཟད་བསྒྲིབས་པ་སྟེ། དེའི་དྲི་མ་རྣམས་ནི་རང་བཞིན་མ་ཡིན་པ་ཉིད་ལས་སོ། །སྦྱང་བྱ་ཞེས་པ་ནི་གཉུག་མ་ཕུན་སུམ་ཚོགས་པའི་རང་བཞིན་དུ་བྱེད་པའོ། །གང་གི་ཕྱིར་དེ་རྣམས་ནི་རང་བཞིན་གྱིས་དྲི་མ་མེད་པ་གཉུག་མའི་རང་བཞིན་ནི་སྦས་ཤིང་བྱིབས་ནས། གཟུང་བ་ལ་སོགས་པའི་རང་བཞིན་གློ་བུར་བའི་རྨོངས་པ་ནི་བསལ་བར་བྱས་པའོ། །ཇི་ལྟར་ནམ་མཁའ་ནི་ཐོག་མ་མེད་པ་ནས་གྲུབ་པས་དྲི་མ་མེད་པ་ཉིད་དེ། མུན་པ་དང༌། །བུག་རྣལ་སོགས་པའི་སྒྲིབ་གཡོགས་ཀྱིས་བཀབ་པས་གློ་བུར་བའི་རང་བཞིན་ཉིད་ཀྱི་གནས་སྐབས་བསལ་བར་བྱེད་དོ། །དེ་ཡང་ཇི་ལྟར་གཉེན་པོས་བསལ་བའི་གནས་ནམ་མཁའ་ཉིད་དེ་བསལ་བས་ན་དྲི་མ་མེད་པ་ཞེས་བརྗོད་དོ། །དེ་བཞིན་དུ་གཏི་མུག་ལ་སོགས་པའི་མི་མཐུན་པ་ཡང་གཉེན་པོར་གྱུར་པ་དག་བདག་མེད་པས་བསལ་བས་ན། ཕུང་པོ་ལ་སོགས་པ་ཡང་གཟུང་བ་ལ་སོག་པའི་དྲི་མ་བསལ་བའོ། །གཞན་ཡང་དག་པར་གྱུར་པའི་ལྷན་ཅིག་སྐྱེས་པའི་བདག་ཉིད་ཅེས་པ་ཡང་གསུངས་པ། རང་རིག་བདག་ཉིད་དམ་པ་ཉིད། །ཅེས་པའོ། །ཀུན་རྫོབ་ཏུ་རྣམ་པར་དག་པ་ལྟ་ཞོག་གི །དོན་དམ་པའི་རྣམ་པར་དག་པ་ཇི་ལྟ་བུ་ཞེ་ན། གསུངས་པ། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་ལ། གཞན་ནི་ཀུན་རྫོབ་འབའ་ཞིག་རྣམ་པར་དག་པ་འདིས་སོ། །རྣམ་གྲོལ་མིན་ནི་དོན་དམ་པའི་རྣམ་པར་རྟོག་པ་ལ་མ་ལྟོས་པར་རོ། །དེ་ཡང་གཟུང་བ་ལ་སོགས་པར་གཟུང་བས་ནི་གྲོལ་བར་མི་འགྱུར་ཞིང༌། འཛིན་པ་ཡང་སྡུག་བསྔལ་གྱི་རྒྱུ་སྟེ། གང་གི་ཕྱིར་བསྒྲུབ་བྱ་ནི་བདེ་བ་ལས་སོ། །ཕུང་པོ་ལ་སོགས་པ་དང་རང་རིག་པ་ཉིད་ཇི་ལྟར་འབྲེལ་ཞེ་ན། གསུངས་པ། ཡུལ་གྱིས་ཉེ་བར་མཚོན་ནས་


DTG002_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལ་སོགས་པ་ཡང་གཟུང་ངོ༌། །དེས་ན་ཡུལ་ལ་སོགས་པ་རྣམས་ནི་རང་རིག་པའི་བདེ་བ་མཆོག་གོ་ཞེས་འབྲེལ་པས་ན་འབྲེལ་པ་ཉིད་དོ། །ཅི་ཞེ་ན། གསུངས་པ། དངོས་པོ་དག་པ་ཞེས་བྱ་བ་ལ། དགའ་བའི་དངོས་པོ་ནི་གཉུག་མ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པ་དེ་དག་ཡུལ་ལ་སོགས་པ་དེ་རྣམས་སུ་གྱུར་པ་སྟེ་རྣམ་པར་དག་པའི་རང་བཞིན་ཉིད་དོ། །དེས་ན་དངོས་པོ་འདི་ཡང་ཡུལ་ལ་སོགས་པ་རྣམས་ཀྱི་རང་བཞིན་ཏེ། རང་བཞིན་མཆོག་ཏུ་རྣམ་པར་དག་པ་དེའི་བདག་ཉིད་ཀྱང་རང་གིས་རིག་པའི་བདེ་བའོ། །དེས་ན་ཡུལ་ལ་སོགས་པ་དང་འབྲེལ་པར་གྱུར་པ་ཞེས་པའོ། །ཅི་ཞེ་ན། གསུངས་པ། གཟུགས་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ལ་སོགས་པའི་ཡུལ་ཞེས་པའི་གཟུགས་ལ་སོགས་པ་ནི་སྒྲ་ལ་སོགས་པ་སྟེ། གང་གི་ཡུལ་ཡིན་པ་དེ་དག་གོ །གང་ཡང་གཞན་རྣམས་ཞེས་པ་ནི་ཕུང་པོ་ལ་སོགས་པར་སྣང་བའི་རྣལ་འབྱོར་མ་རྣམས་སོ་ཞེས་པས་ཡི་གེ་དགུ་པའི་ཚིག་གོ །གང་གཟུགས་ལ་སོགས་པའི་ཡུལ་རྣམས་དང༌། ཕུང་པོ་ལ་སོགས་ཀུན་རང་བཞིན་གྱིས་དག་པའི་རྣལ་འབྱོར་པ་མཐོང་ཞིང་སྣང་བ་ཡིན་གྱི། སོ་སོ་སྐྱེ་བོས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་གི་ཕྱིར་དེ་རྣམས་ཤེས་བྱའི་སྒྲིབ་པ་རབ་རིབ་ཀྱིས་མཐོང་བ་ཉམས་པ་རྣམས་ཀྱིས་གཟུགས་ལ་སོགས་པ་དངོས་པོར་མཐོང་བའོ་ཞེས་གསུངས་པ། དངོས་པོ་འདི་ཀུན་དག་པ་ཉིད། །ཅེས་པ་སྟེ། ཉིད་ནི་ངེས་པར་གཟུང་བའོ། །དེས་ན་དངོས་པོ་དག་པ་ཉིད་ནི་ཇི་ལྟ་བུ་ཞེ་ན། གསུངས་པ། ཇི་ལྟར་འགྲོ་བ་སངས་རྒྱས་བདག །ཅེས་པ་ནི་ཕུང་པོ་ལ་སོགས་པ་སངས་རྒྱས་ཀྱི་རང་བཞིན་ཏེ་འགྲོ་བ་ནི་ཕུང་པོའི་རང་བཞིན་ནོ། །སངས་རྒྱས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེས་ན་འདི་ནི་རྣམ་པར་དག་པའི་རང་བཞིན་ནོ། །ཕུང་པོ་ལ་སོགས་པ་འདི་ཐམས་ཅད་དོ་ཞེས་པར་འབྲེལ་ཏོ། །གང་དང་གང་གི་རང་བཞིན་ལས་མ་གཏོགས་པ་དེ་དང་དེ་ནི་སྐད་ཅིག་ཙམ་དུ་ཡང་མི་གནས་ཏེ། ཇི་ལྟར་མེའི་ཚ་བ་བཞིན་ནོ། །དེས་ན་རྣལ་འབྱོར་བས་ཕུང་པོ་ལ་སོགས་པ་རྣམས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ཤིན་ཏུ་གསལ་བར་ཀུན་དུ་སྣང་ཞིང་


DTG002_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའོ་ཞེས་པའོ། །དེ་སྐད་དུ་ཡང༌། ཤེས་རབ་ཕ་རོལ་ཕྱིན་ཡེ་ཤེས། །གཉིས་མེད་དེ་ནི་དེ་བཞིན་གཤེགས། །ཞེས་གསུངས་སོ། །ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སྙིང་པོས་དྲིས་སོ། །གཟུགས་ལ་སོགས་པའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་དྲིས་པའི་ལན་ནོ། །ཅིའི་སླད་དུ་ཞེ་ན་ཞེས་པ་ཡང་དྲིས་པའོ། །གཟུང་བ་ཞེས་པ་ལ་སོགས་པ་ནི་ཡང་ལན་བཏབ་པའོ། །གང་ལགས་ཞེས་པ་ནི་ཡང་དྲིས་པའོ། །དེ་ཉིད་ཀྱང་གསུངས་པ། མིག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། མིག་ལ་སོགས་པས་གཟུགས་ལ་སོགས་པ་རིམ་པ་བཞིན་དུ་འཛིན་པ་ཉིད་དེ། དེ་དག་ལ་བརྟེན་ནས་ཤེས་པས་འཛིན་པ་ཉིད་ཀྱིས་སོ། །དེས་ན་མིག་ལ་སོགས་པའི་དབང་པོ་རྣམས་དང༌། དེའི་རྣམ་པར་ཤེས་པ་རྣམས་ཀྱིས་འཛིན་པས་ན་རྣམ་པར་མ་དག་པ་ཉིད་དུ་གྲུབ་པོ། །དེ་ཡང་ཡུལ་རྣམས་དང་། དབང་པོ་རྣམས་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་ན་མ་གྲུབ་པའོ། །དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱང་མ་གྲུབ་སྟེ། བདེན་པ་མ་ཡིན་པ་དག་ལ་བརྟེན་ཅིང་དམིགས་པའི་ཕྱིར་རོ། །དེ་ཡང་དེ་རྣམས་ལ་དམིགས་པ་ཉིད་ནི་གཟུང་བ་དང་འཛིན་པ་ཉིད་ཀྱིས་སོ། །དེས་ན་ཡུལ་དང༌། དབང་པོ་དང༌། རྣམ་པར་ཤེས་པ་རྣམས་ནི་མི་བདེན་པའི་རང་བཞིན་པས་ན་གསལ་བ་ཉིད་དུ་རྣམ་པར་མ་དག་པ་ཉིད་དོ། །གང་གི་ཕྱིར་དེ་རྣམས་དེ་དག་དང་བྲལ་བས་ནི་དམན་པ་མ་ཡིན་པའི་རང་བཞིན་ནོ། །དམན་ཞིང་ངན་པ་མ་ཡིན་པ་ཡང་རྣམ་པར་དག་པ་ཞེས་པའོ། །དེ་ལྟ་མོད་ཀྱི་སྤྱོད་ཡུལ་དག་ཏུ་མི་འགྲུབ་བོ་ཞེ་ན། གསུངས་པ། བསྟེན་བྱ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་ཅེས་བྱ་བ་ནི་ཡུལ་འདི་དག་ཉིད་བསྟེན་པར་བྱ་བའོ། །ཇི་ལྟར་བསྟེན་པར་བྱ་བའམ། མི་བྱ་ཞེ་ན་གསུངས་པ། བསྟེན་བྱ་ཞེས་པའོ། །ཇི་ལྟར་བྱས་ནས་བསྟན་པར་བྱ་ཞེ་ན། གསུངས་པ། དག་པས་དུག་མེད་བྱས་ནས་ནི། །ཞེས་པ་ལ། དུག་ནི་བི་ཥའི་སྒྲས་དཀའ་བ་སྟེ། གཟུང་བ་ལ་སོགས་པའི་མངོན་པར་ཞེན་པའོ། །དེ་ཡང་དེ་རྣམས་ལས་ངེས་པར་འབྱུང་བ་ནི་དུག་མེད་པ་སྟེ་ཡུལ་རྣམས་སོ། །དེ་ཉིད་མ་མཐོང་བ་རྣམས་ལ་དུག་མེད་པར་བྱས་


DTG002_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེས་ན་དུག་མེད་པར་བྱེད་པ་ཡང་ཡུལ་དག་ལའོ་ཞེས་པར་འབྲེལ་ཏོ། །དེ་སྐད་དུ་ཡང༌། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱང༌། བསྟེན་ན་མྱུར་དུ་འགྲུབ་པའོ། །ཞེས་གསུངས་སོ། །གང་དེ་ལྟ་བུའི་དེ་ཁོ་ན་ཉིད་མ་མཐོང་བའི་ལོགས་པའི་བློ་དང་ལྡན་པ་དག་ནི་དུག་ཡིན་ལ། དེ་ལྟ་བུ་ནི་དུག་མེད་པ་སྟེ་དེ་ཁོ་ན་ཉིད་མཐོང་བ་མ་འཁྲུལ་བའི་བློ་དང་ལྡན་པ་དག་ལས་སོ། །དག་པས་ཞེས་པ་ནི་དག་པ་དག་སྟེ། གང་གི་ཕྱིར་དེ་བཞིན་དུ་ལྷའི་རྣམ་པ་ཉིད་ཀྱིས་ཡུལ་ལ་མི་འཛིན་ཞིང་རྣམ་པར་དག་པས་ཉེ་བར་ལོངས་སྤྱད་པར་བྱ་བ་དང༌། བསྒོམ་པར་བྱ་བས་བསྟེན་པ་ཉིད་དོ། །ཡུལ་གྱིས་ཉེ་བར་མཚོན་པའི་ཕུང་པོ་ལ་སོགས་པ་རྣམས་ཀྱང་ཡང་དག་པར་བསྟེན་པའོ། །རྣམ་པར་དག་པ་དེ་གསུངས་པ། གཟུགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ནི་དབང་པོ་ལྔ་དང་དོན་རྣམས་སོ། །ཚོར་བ་ནི་བདེ་བ་དང་སྡུག་བསྔལ་དུ་ཉམས་སུ་མྱོང་བའི་བདག་ཉིད་ཅན་ནོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཅན་ནོ། །འདུ་བྱེད་ནི་སེམས་མངོན་པར་འདུ་བྱེད་པའོ། །རྣམ་པར་ཤེས་པ་ནི་ཡུལ་དག་གི་རྣམ་པར་ཤེས་པར་བྱེད་པའོ། །གང་ཕྱིར་རྟག་ཏུ་རྣམ་དག་པས། །དེ་ཉིད་རྣལ་འབྱོར་པས་འགྲུབ་འགྱུར། །ཞེས་པ་ནི་གཟུགས་ལ་སོགས་པ་འདི་རྣམས་རྡོ་རྗེ་མ་ལ་སོགས་པའི་ལྷ་རྣམས་སུ་འབྲེལ་ཏོ། །ཕུང་པོ་རྣམ་པར་དག་པ་ནི་ཀུན་རྫོབ་ཀྱི་རང་བཞིན་ནོ། །དེ་ཉིད་ནི་དོན་དམ་པར་རྣམ་པར་དག་པའི་རྣལ་འབྱོར་པས་ཀྱང་འགྲུབ་པ་ཉིད་དོ། །གཞག་ཅེས་པ་ནི་རྣམ་པར་གཞག་པའོ། །དེ་ནས་ཕྱི་ཡི་འཕར་མ་བཤད། །ཡང་ནི་ལྷ་མོ་དཀར་མོ་སོགས། །ཞེས་པ་ནི་གཞན་པའི་གཽ་རཱི་ལ་སོགས་པའི་ལྷ་རྣམས་སོ། །འདི་དག་ཕྱི་རོལ་གྱི་འཕར་མ་ལའོ། །གཞན་དག་གིས་གཽ་རཱི་ལ་སོགས་པའི་ལྷ་རྣམས་དེ་ཡང་བཤད་ཅེས་འབྲེལ་ཏོ། །ཕྱི་རོལ་གྱི་འཕར་མའི་གྲྭ་རྣམས་སུ་པུ་ཀྐ་སཱི་ལ་སོགས་པར་སྔར་གསུངས་པ། དེའི་རྗེས་སུ་གཞན་དག་གིས་གཽ་རཱི་ལ་སོགས་པ་དང་ལྡན་པར་བཤད་ཅེས་བྱ་བར་དགོངས་སོ། །ནང་ན་ཡང་གཽ་རཱི་ཡོད་པས་ན། གཞན་གྱི་སྒྲ་ནི་སྒོ་སྲུང་ཉིད་དུ་ཁྱད་པར་དུ་བྱས་པའོ། །འོག་ཏུ་ས་སྤྱོད་མ་ཞེས་པ་ནི་བསྒོམ་པའོ། །འདྲི་བ་ལ་ཕྱི་རོལ་གྱི་འཕར་མའི་ནུབ་


DTG002_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྒོའི་ནང་དུའོ། །སྟེང་དུ་མཁའ་སྤྱོད་མ་ཞེས་པ་ནི་བསྒོམ་པའོ། །འདྲི་བ་ལ་ཤར་སྒོའི་ནང་དུའོ། །རྡོ་རྗེ་མ་ལ་སོགས་པ་བརྒྱད་པོ་རྣམས་ནི་ཕྱོགས་རྣམས་སུ་ངེས་པར་བྱས་པའོ། །འདིར་ནི་ཕྱི་རོལ་གྱི་གཽ་རཱི་ལ་སོགས་པ་རྣམ་པ་བཅུ་པོ་རྣམས་ཤེས་པའོ། །དེས་ན་གསུངས་པ། བསྐྱེད་པའི་རིམ་པ་ཉིད་ཀྱི་ཕྱོགས། །ཞེས་པ་སྟེ། དེས་ན་ཡང་དབང་ལྡན་དུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནས་འདིའི་མཐར་ཐུག་པའི་གཞུང་གིས་ནི་བསྐྱེད་པའི་རིམ་པ་ཉིད་ཀྱི་དབང་དུ་བྱས་ཏེ་རྟོགས་པར་བྱའོ། །སྲིད་པ་དང་མྱ་ངན་ལས་འདས་པ་དག་ནི་ཤིན་ཏུ་མངོན་པར་ཞེན་པ་ཟད་པར་བྱ་བའི་དོན་དུ་ས་སྤྱོད་མ་དང༌། མཁའ་སྤྱོད་མ་དག་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དག་ཅེས་པའོ། །དེས་ན་གསུངས་པ། སྲིད་དང་ཞེས་བྱ་བ་ལ་སོགས་པའོ། །ལྷ་མོ་འདི་གཉིས་ཞེས་པ་ནི་ལྷ་མོ་དེ་དག་གཉིས་སོ། །དེ་ལྟར་ཕུང་པོ་ལྔ་རྣམ་པར་དག་པ་གསུངས་ནས། ཡུལ་རྣམ་པར་དག་པ་གསུངས་པ། གཟུགས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། རོ་ལ་གྷ་སྨ་རཱི་རབ་གྲགས། །ཞེས་པ་ནི་ཡི་གེ་དགུ་པའི་ཚིག་གོ །ཆོས་ནི་དངོས་པོ་རྣམས་སོ། །ཁམས་ནི་རང་བཞིན་ཏེ་བདེ་བའོ། །ཕྱག་བཅུ་དྲུག་པའི་རྣམ་པར་དག་པའི་ཆ་གསུངས་པ། ཕྱག་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། སྟོང་པ་ཉིད་བཅུ་དྲུག་གིས་ཕྱག་བཅུ་དྲུག་རྣམ་པར་དག་པའོ་ཞེས་པར་འབྲེལ་ཏོ། །འདི་ལྟ་སྟེ། ནང་སྟོང་པ་ཉིད་ནི་ནང་གི་ཆོས་མིག་ལ་སོགས་པས་སྟོང་ཞེས་པའོ། །ཕྱི་སྟོང་པ་ཉིད་ནི་ཕྱིའི་ཆོས་གཟུགས་ལ་སོགས་པའི་ཡུལ་རྣམས་གཟུགས་ལ་སོགས་པ་ཉིད་ཀྱིས་སྟོང་ཞེས་པའོ། །ཕྱི་ནང་སྟོང་པ་ཉིད་ནི་ནང་གི་ཆོས་ཕྱིའི་ཆོས་ཀྱིས་སྟོང་ལ། ཕྱིའི་ཆོས་ནང་གི་ཆོས་ཀྱིས་སྟོང་ཞེས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཆོས་ཀུན་སྟོང་ཞེས་པའོ། །ཆེན་པོ་སྟོང་པ་ཉིད་ནི་ཤར་ལ་སོགས་པའི་ཆོས་སྟོང་ཞེས་པའོ། །དོན་དམ་པ་སྟོང་པ་ཉིད་ནི་དོན་དམ་པ་མྱ་ངན་ལས་འདས་པ་ཉིད་ཀྱིས་སྟོང་པ་ཉིད་མྱ་ངན་ལས་འདས་ཞེས་པའོ། །འདུས་བྱས་སྟོང་པ་ཉིད་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་རྣམས་འདུས་བྱས་པ་རྣམས་ཉིད་ཀྱིས་སྟོང་ཞེས་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་སྐྱེ་བ་དང་འགག་པ་ལ་སོགས་པས་


DTG002_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་འདུས་མ་བྱས་པ་སྟེ། དེས་ན་དེ་ནི་སྟོང་པ་ཞེས་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི། གང་གི་མཐར་མི་དམིགས་པ་དེར་སྐྱེས་པ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཞེས་པའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་གང་གི་ཐོག་མ་དང་ཐ་མར་ཡང་མ་གྲུབ་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཞེས་པའོ། །དོར་བ་མེད་པ་སྟོང་པ་ཉིད་ནི་གང་གི་ཆོས་རྣམས་སྤོང་ཞིང་དོར་བ་སྟེ་པོར་ཞིང་བཏང་བའོ། །དེས་ན་དོར་བ་མེད་པ་སྟོང་པ་ཉིད་ཅེས་པའོ། །རང་བཞིན་སྟོང་པ་ཉིད་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་གང་གི་རང་བཞིན་ནི་དེ་ཉིད་ཀྱིས་སྟོང་ཞེས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཕུང་པོ་ལྔ་ལ་སོགས་པའི་ཆོས་ཐམས་ཅད་དེ་ཉིད་ཀྱིས་སྟོང་ཞེས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་གཟུགས་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་གཟུགས་ཀྱི་ཕུང་པོ་ལ་སོགས་པས་སྟོང་ཞེས་པའོ། །མི་དམིགས་པ་སྟོང་པ་ཉིད་ནི་འདས་པ་དང་། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཆོས་རྣམས་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བས་མི་དམིགས་པའོ་ཞེས་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་འདུ་ཞིང་སྦྱོར་བ་མེད་པའི་གང་གི་ཆོས་རྣམས་ཀྱི་དངོས་པོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་སྦྱོར་བ་སྟེ། སྦྱོར་བ་དེས་སྟོང་ཞེས་པའོ། །དངོས་པོ་སྟོང་པ་ཉིད་ནི་གང་གི་ཕྱིར་ཡང་དག་པར་སྦྱོར་བའི་རང་བཞིན་དང་བྲལ་བ་ལས་དངོས་པོ་མེད་པའི་ངོ་བོ་ཡིན་ལ། དངོས་པོ་ནི་ཉེ་བར་ལེན་པའི་ཕུང་པོའོ། །དངོས་པོ་དེ་ཡང་དངོས་པོ་ཉིད་ཀྱིས་སྟོང་ཞེས་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི་དངོས་པོ་མེད་ཅིང་འདུས་མ་བྱས་པ་དེས་སྟོང་ཞེས་པའོ། །རང་གི་དངོས་པོ་སྟོང་པ་ཉིད་ནི་ངོ་བོ་སྟེ། རབ་བཞིན་ཕྱིན་ཅི་མ་ལོག་པ་དེས་སྟོང་ཞེས་པའོ། །གཞན་གྱི་དངོས་པོ་སྟོང་པ་ཉིད་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ཡེ་ནས་གནས་པ་སྟེ། གནས་པ་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་མི་འགྱུར་བ་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་སྟེ། དེ་དག་ནི་དེས་སྟོང་པའོ། །དེ་ནི་གཞན་གྱི་ཆའོ། །འདིར་ནི་སྟོང་པ་ཉིད་བཞི་པོ་


DTG002_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་གཏོགས་པར་བྱ་སྟེ། སྟོང་པ་ཉིད་བཅུ་དྲུག་ཏུ་གཟུང་བའོ། །བདུད་དག་པ་ལས་ཞབས་རྣམས་ཉིད། །ཅེས་པ་ལ། ཕུང་པོའི་བདུད་ནི་ཚངས་པའི་གཟུགས་འཛིན་པའོ། །ཉོན་མོངས་པའི་བདུད་ནི་གནོད་སྦྱིན་གྱི་གཟུགས་སོ། །འཆི་བདག་གི་བདུད་ནི་གཤིན་རྗེའི་གཟུགས་སོ། །ལྷའི་བུའི་བདུད་ནི་དབང་པོའི་གཟུགས་ཞེས་པའོ། །དེས་ན་བདུད་བཞི་ལས་རྣམ་པར་རྒྱལ་བའི་དག་པ་ནི་ཞབས་བཞི་རྣམ་པར་དག་པའོ། །རྣམས་ཀྱི་ཚིག་ནི་མང་པོའི་ཚིག་ཉིད་དོ། །རྣམ་ཐར་བརྒྱད་ཀྱི་ཞལ་རྣམས་ཉིད། །ཅེས་པ་ནི་ཞལ་བརྒྱད་ཀྱི་རྣམ་པར་དག་པ་ནི་རྣམ་པར་ཐར་པའོ། །དེ་ལ་རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་དང་གཟུགས་ལ་སྔོན་པོ་དང་བྲལ་ཞིང་གནག་པ་ལ་སོགས་པ་དང་བྲལ་བར་བལྟ་བ་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པའི་འདུ་ཤེས་དང་ལྡན་ཞིང་ཕྱི་རོལ་གྱི་གཟུགས་ནི་སྔར་བཞིན་ཞེས་པ་ནི་གཉིས་པའོ། །དེ་དག་ཀྱང་གཉིས་ཀྱི་དངོས་པོས་དངོས་པོ་མེད་པའི་རང་བཞིན་ཏེ། སྔོན་པོ་ལ་སོགས་པ་དང་བྲལ་བ་སྟེ། འདོད་པ་ན་སྤྱོད་པའོ། །བསམ་གཏན་དང་པོའི་ས་དག་ནི་ཁ་དོག་དང་ཆགས་པ་དག་གྲངས་ཇི་ལྟ་བ་བཞིན་དུ་བསམ་གཏན་དང་པོ་དང༌། གཉིས་པའི་གཉེན་པོ་སྟེ་ས་གཞན་དག་ནི་མ་ཡིན་ནོ། །རྣམ་པར་ཐར་པ་དཀར་ཞིང་བཟང་བའི་ལུས་ཀྱི་མངོན་སུམ་དུ་བྱེད་པ་ཤེས་ནས་གནས་སོ་ཞེས་པ་ནི་དཀར་པོའི་རྣམ་པར་ཐར་པ་བསམ་གཏན་བཞི་པ་སྟེ་རྣམ་པར་ཐར་པ་གསུམ་པའོ། །དེ་ཡང༌། སྣང་ཞིང་གསལ་བའི་རང་བཞིན་པས། །མི་དགེ་བའི་རང་བཞིན་མ་ཡིན་ཏེ། །དགེ་བའི་རྣམ་པ་ཉིད་ཀྱིས་སོ། །གཟུགས་མེད་པའི་རྣམ་པར་ཐར་པ་བཞི་པ་དེ་རྣམས་ནི་དགེ་ཞིང་མཉམ་པར་གཞག་པ་ཉིད་དེ། གཟུགས་མེད་པས་ནི་རྣམ་པར་ཐར་པ་ཞེས་པ་ཐོབ་ཅིང་ཉོན་མོངས་པ་དང་མཉམ་པར་མ་བཞག་པ་མ་ཡིན་ཏེ། ཇི་ལྟར་འཆི་བ་སྲིད་པ་ལ་སོགས་པ་བཞིན་ནོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི་རྣམ་པར་ཐར་པ་བརྒྱད་པ་འགོག་པའི་སྙོམས་པར་འཇུག་པ་སྟེ། འདུ་ཤེས་དང་ཚོར་བ་འགོག་པ་ནི་གཟུགས་མེད་པའོ། །རྣམ་པར་ཐར་པ་བཞི་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། རང་བཞིན་གྱིས་


DTG002_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་བའི་མཚན་ཉིད་དོ། །སའི་ཁམས་ལ་སོགས་པའི་རྣམ་པར་དག་པ་གསུངས་པ། ས་ནི་ཞེས་བྱ་བ་ལ་སོགས་པའོ། །ཉོན་མོངས་པའི་རྣམ་པར་དག་པ་གསུངས་པ། རྡོ་རྗེ་ཅན་ཞེས་པ་སྟེ་བདག་མེད་པའོ། །དེ་ཡང་ཞེ་སྡང་སྟེ་ཞེ་སྡང་གི་རང་བཞིན་ཡིན་པའི་ཕྱིར་རོ། །ལ་ལར་ནི་འཁོར་ལོ་ཅན་ཞེས་པ་སྟེ། དེའི་ཚེ་བདག་མེད་མའི་དཀྱིལ་འཁོར་གྱི་འཁོར་ལོ་ཅན་ཏེ། དཀྱིལ་འཁོར་གྱི་གཙོ་མོ་ཞེས་པའི་དོན་ཏོ། །ཕྲ་མ་ནི་འདི་ལྟར་ཡང་རང་གི་དོན་ཉིད་དུ་མཐུན་པ་དག་འབྱེད་པའི་ཚིག་སྟེ། དེའི་རང་བཞིན་ནི་ཕྲ་མའོ། །གསང་བའི་གཽ་རཱི་ནི་ནང་གི་འཕར་མ་ལ་གནས་པ་ཉིད་དོ། །གཏི་མུག་ཅེས་པ་ནི་རྣམ་པར་དབྱེ་བ་མ་བྱས་པའོ། །དེས་ན་ཡང་བདག་མེད་མ་དང༌། ཆུ་མ་དང༌། རྡོ་རྗེ་མས་རྣམ་པར་དབྱེ་བ་ཞེ་སྡང་དང༌། འདོད་ཆགས་དང༌། ཕྲག་དོག་དང༌། ཕྲ་མ་དང༌། གཏི་མུག་རྣམས་རིམ་པ་བཞིན་དུ་བལྟ་བར་བྱའོ། །འདི་ལྟར་བསྐྱེད་པའི་ལྷའི་གཟུགས་ཀྱིས་ཕུང་པོ་ལ་སོགས་པས་ཕུང་པོ་དག་པར་བྱེད་པ་འདི་ལྟ་བུ་གསུངས་པ། འདིས་ནི་ཞེས་པ་ལ་སོགས་པ་སྟེ། ཕུང་པོ་ཞེས་པ་ནི་ཚོགས་ཏེ། ཕུང་པོ་ལ་སོགས་པའི་ཚོགས་པ་ཞེས་པའི་དོན་ཏོ། །ཕུང་པོ་ལ་སོགས་པའི་མཚན་ཉིད་ནི་འཁོར་བའོ། །འདིས་ཅི་ལྟར་གྲོལ་ཞེ་ན། གསུངས་པ། གང་དག་ཅེས་བྱ་བ་ལ་སོགས་པ་ལ་འཆིང་བ་ནི་འཆིང་བར་བྱེད་པ་སྟེ། འཆིང་བ་ལས་གྲོལ་ཞེས་པ་ནི་བཅིངས་པ་ལས་གྲོལ་བའོ། །ཇི་ལྟ་བུ་ཉིད་གསུངས་པ། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ལ་གྲོལ་བ་ནི་ཤེས་བྱའི་སྒྲིབ་པས་འཛིན་པ་ལས་སོ། །གང་ལས་ཤེ་ན། གང་ལྷན་ཅིག་སྐྱེས་པའི་དེ་ཉིད་མ་རིག་པ་ཉིད་དོ། །དེ་ཁོ་ན་ཉིད་ལ་ཞུགས་པས་འཁོར་བ་ཉིད་བསྒོམ་པར་བྱས་ནས་གྲོལ་བར་འགྱུར་བ་ཉིད་ཅེས་པའོ། །གསུངས་པ། དེ་ཉིད་རྣམ་སྤངས་དངོས་གྲུབ་རྙེད་མི་འགྱུར། །ཞེས་བྱ་བ་ལ། དངོས་གྲུབ་མི་ཐོབ་པ་ནི་དེ་ཁོ་ཉིད་སྤངས་པའོ། །དོན་དམ་པའི་རྣམ་པར་དག་པ་ཉེ་བར་བསྡུ་བ་གསུངས་པ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཕུང་པོ་ལ་སོགས་པ་འདི་དག་གོ །དེའི་ཕྱིར་ཕུང་པོ་ལ་སོགས་པ་ནི་དོན་དམ་པ་མ་ཡིན་ནོ་ཞེས་བྱ་བར་འབྲེལ་ཏོ། །


DTG002_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་མིང་རྣམས་ཇི་ལྟར་གསལ་བར་བྱེད་ཅེ་ན་གསུངས་པ། སེམས་ཀྱི་རྣམ་པར་དག་ཅེས་པ་སྟེ། སེམས་ཉིད་དེ་དང་དེའི་རང་བཞིན་དུ་སྣང་བ་སྟེ། བག་ཆགས་ཀྱིས་དཀྲིས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཇི་ལྟར་བྱིས་པས་རྣམ་བརྟགས་པས། །ཕྱི་རོལ་དོན་དུ་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང༌། །ཞེས་པ་དང༌། གང་ཕྱིར་བསྒོམ་པ་གང་གང་གིས། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ན་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་པའོ། །ཡང་ན་ཇི་ལྟར་སྣང་བ་དེ་བཞིན་དུ་གཟུགས་ལ་སོགས་པ་འདི་རྣམས་ཡོད་པ་མ་ཡིན་ཏེ། འོན་ཀྱང་སེམས་རྣམ་པར་དག་པ་སྟེ། སེམས་ཙམ་ཉིད་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །རྣམ་པར་དག་པའི་སྒྲ་ནི་དོན་མང་པོའི་ཚིག་སྟེ་རྣམ་པར་དབྱེ་བ་མ་བྱས་པའོ། །དེ་དག་གི་དོན་ཉེ་བར་བསྡུ་བ་གསུངས་པ། དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་རང་བཞིན་དག་པ་ནི་དག་པའི་རང་བཞིན་ཏེ། དེ་ལྟ་བུའི་འགྲོ་བའི་རང་བཞིན་དེ་ནི་རང་བཞིན་དག་པའི་འགྲོ་བ་ཞེས་པ་སྟེ། དག་པའི་རང་བཞིན་གྱི་འགྲོ་བ་ནི་ཚིག་གི་དོན་ཏོ། །འགྲོ་བ་རྣམ་པར་དག་པའི་རང་བཞིན་དུ་ཤེས་པ་ནི་ངས་ཤེས་པ་སྟེ། སེམས་རྣམ་པར་དག་ཅེས་པ་ནི་ལྷག་མའོ། །དེ་ལྟར་བསྟན་པའི་ང་རྒྱལ་དེ་བཞིན་དུ་སྒྲུབ་པ་པོ་གཞན་གྱི་བློས་ཀྱང་བྱ་ཞེས་དགོངས་སོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས་རྣམ་པར་དག་པའི་ལེའུ་སྟེ་དགུ་པའོ།། །།

བཅུ་པ། དབང་གི་ལེའུ།


DTG002_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་ཀྱི་བསླབ་པ་རབ་ཏུ་གསལ་བར་བྱའོ་ཞེས་པ་དབང་མ་གཏོགས་པར་ལྷན་ཅིག་སྐྱེས་པ་ཇི་ལྟ་བ་བཞིན་དུ་སྟོན་མི་ནུས་པས་ན་དེའི་དོན་དུ་དབང་གི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་རྣམ་པར་དག་པའི་རྗེས་ལའོ། །དེས་ན་འདིར་དབང་ལ་མ་ལྟོས་པར་དེ་ཁོ་ན་ཉིད་བརྗོད་པ་མ་ཡིན་ནོ། །ཇི་ལྟར་དཀྱིལ་འཁོར་གྱི་རིམ་པ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལུགས་སོ། །བརྗོད་པ་དེ་རྣམས་ཀྱིས་ཀྱང་དབང་བསྐུར་བ་མ་གཏོགས་པར་དེ་ཁོ་ན་ཉིད་བརྗོད་ཕ་མ་ཡིན་ལ་དབང་བསྐུར་བ་ལ་ཡང་དཀྱིལ་འཁོར་མེད་པར་མ་ཡིན་ནོ། །


DTG002_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དེས་ན་དཀྱིལ་འཁོར་གྱི་རིམ་པ་ཇི་ལྟ་བ་བཞིན་བཤད་ཅེས་པར་འབྲེལ་ཏོ། །དཀྱིལ་འཁོར་ཡང་དབང་བསྐུར་བའི་ཐབས་མེད་པར་མ་ཡིན་པས་དབང་བསྐུར་ཞེས་པ་དེའི་ཕྱིར་གསུངས་པ་སློབ་མ་ཞེས་བྱ་བ་ལ་སོགས་པའོ། །ད་ནི་དཀྱིལ་འཁོར་གྱི་རིམ་པ་དེ་སྙེད་གསུངས་པ། ནོར་འཛིན་ཞེས་བྱ་བ་ལ་སོགས་པ་སྟེ། ལྷའི་བདག་ཉིད་ཅེས་པ་ནི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་བསྒོམ་པའོ། །ཧཱུཾ་ལས་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་ནི། རེ་ཕ་ལས་ནི་ཉི་མ་རྣམ་པར་བསྒོམ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་བསྟན་པའོ། །དེས་ན་དེ་ཉིད་ཀྱང་འཆད་པར་འགྱུར་ཏེ། སྔར་གསུངས་པ་ཉིད་ཅེས་པ་ལ་སོགས་པའོ། །དཀྱིལ་འཁོར་བྱེད་པའི་རྣལ་འབྱོར་གྱི་གནས་གསུངས་པ། སྐྱེད་ཚལ་ཞེས་བྱ་བ་ལ་སོགས་པ་སྟེ། དབེན་པ་ཞེས་པ་ནི་སྐྱེ་བོ་མ་རུངས་པ་སྤངས་པའོ། །ཕྱོགས་ཞེས་པ་ནི་གང་ཡང་རུང་བའི་ཕྱོགས་གཅིག་གོ །རྡུལ་ཚོན་དམ་པ་ཞེས་པ་ནི་མིའི་རུས་པའི་ཚོན་གྱིས་བྲིས་པའོ། །འབྲིང་པོ་བསྟན་པའི་བཤད་པ་ནི། །རིན་ཆེན་ལྔ་ཞེས་པ་ལ་སོགས་པའོ། །ཐ་མའི་ཚོན་ཀྱང་འབྲས་དང་གྲོ་ལ་སོགས་པ་ཇི་ལྟར་རྙེད་པ་དེ་ཉིད་གསུངས་པ། ཡང་ན་འབྲས་ལ་སོགས་པས་སོ་ཞེས་སོ། །ཡང་ན་རྡུལ་ཚོན་གྱིས་དམ་པར་བྲི་ཞེས་པ་སྟེ། ཡོ་བ་དང་ཆད་པ་མེད་པར་རྡུལ་ཚོན་སྙིང་པོས་བྲི་བའོ། །ཡང་ན་ནི་འཕང་གི་སྒྲ་སྟེ་བསྡུ་བའོ། །འབྲིང་པོ་ཞེས་པ་ནི་ཤིན་ཏུ་སྦོམ་ཞིང་ཕྲ་བ་མ་ཡིན་པའོ། །མཐེ་བོང་གསུམ་ནི་ལྷག་པར་བྱ། །ཞེས་པ་ནི་ནས་གང་ངམ། མཐེ་བོས་ལྷག་པའོ། །ལག་པའི་ཁྲུས་འཇལ་བ་ཡང་སྐྱེས་བུ་ཚད་མའི་མཐེ་བོ་འམ་ནས་ཉི་ཤུ་རྩ་བཞིར་གྱུར་པའོ། །དཀྱིལ་འཁོར་ཡང་རིག་མ་མེད་པར་གསང་བ་དང་བཞི་པའི་དབང་མེད་པས་ན་དེ་དེར་རབ་ཏུ་གཞུག་པར་བྱའོ་ཞེས་པ་དེས་ན་གསུངས་པ། རིག་མ་ཞེས་བྱ་བ་ལ་སོགས་པ་ལ་བཟང་མོ་ཞེས་པ་ནི་བཞིན་ལ་སོགས་པ་མཛེས་ཤིང་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པའོ། །ཡང་ན་ཇི་ལྟར་གང་རྙེད་དེ། །ཞེས་པ་ནི་ཡི་གེ་དགུའི་ཚིག་སྟེ། དབང་བསྐུར་བའི་དོན་དུ་གཞུག་པར་བྱའོ་ཞེས་པ་ལྷག་མའོ། །བཅུ་དྲུག་ལོན་ཞེས་པ་ནི་ཐུན་མོང་གི་ལོའི་ངེས་པ་བསྟན་པའོ། །ལོ་བཅུ་དྲུག་གིས་ཉེ་བར་མཚོན་ཏེ།


DTG002_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ནས་བརྩམས་ནས་ཉི་ཤུ་རྩ་ལྔའི་བར་དུའོ། །བསྟེན་པའི་སྒྲ་ནི་དེ་དག་ཉིད་ལ་བསྟན་པའི་དོན་དུ་གསུངས་པ། དེ་སྲིད་ཅེས་བྱ་བ་ལ་སོགས་པ་སྟེ། ལོ་བཅུ་གཉིས་པ་ནས་བརྩམས་ནས་ཉི་ཤུ་རྩ་ལྔའི་བར་ནི་ལྷག་པའི་ཞུ་བ་འབྱུང་བར་འགྱུར་ཞེས་དགོངས་སོ། །ཕྱག་རྒྱའི་སྒོ་ཡང་བཅིང་བ་དང༌། ཐབས་ཀྱི་སྒོ་ཡང་དེ་བཞིན་ནོ། །ཞེས་པ་ནི་ཤེས་རབ་ཀྱི་པདྨའི་ཟེའུ་འབྲུའི་བུག་སྒོ་དང༌། ཐབས་ཀྱི་རྡོ་རྗེའི་ནོར་བུའི་བུག་སྒོར་ཕཊ་ཡིག་སེར་པོས་བཀག་ནས། ཕྱག་རྒྱ་བསྟེན་ཞེས་བྱ་བར་འབྲེལ་ཏོ། །དེ་དག་གིས་ནི་ཧཱུཾ་ཡིག་ལས་པདྨར་གྱུར་ནས། ཨ་ཡིག་གིས་དེའི་ཟེའུ་འབྲུར་རོ། །ཡང་ཧཱུཾ་ཡིག་སིས་ནི་རྡོ་རྗེ་སྟེ། རབ་ཏུ་ཞུགས་པ་ནི་དེའི་ཟེའུ་འབྲུའོ་ཞེས་བསྟན་ཏོ། །འདི་ལྟར་དེ་བསྟན་པའི་དོན་དུ་གསུངས་པ། བསྟན་པ་ཞེས་པ་སྟེ། དེའི་ཤེས་རབ་བསྟན་པས་སོ། །གང་འབྱུང་བ་ནི་བྱང་ཆུབ་ཀྱི་སེམས་སོ། །མཐེ་བོ་དང་སྲིན་ལག་དག་གི་རྡོ་རྗེའི་ལག་པས་གཟུང་སྟེ། ཇི་ལྟར་སྔོན་གྱི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་ཆུ་ལ་སོགས་པའི་དབང་སྔོན་དུ་ཐོབ་པའི་སློབ་མའི་ཁར་ནི་བཏུང་བར་བྱ་ཞེས་པ་སྟེ། གསང་བའི་དབང་བསྟན་ཏོ། །ཤེས་རབ་ཡེ་ཤེས་བསྟན་པའི་དོན་དུ་གསུངས་པ། བྱ་བར་བྱ་ཞེས་པ་ལ་སོགས་པ་སྟེ། སྔར་བསྟན་པ་བཞིན་དུ་རིགས་ལྔ་ལ་སོགས་པ་དང་འབྲེལ་པའི་བཅུ་དྲུག་ལ་སོགས་པའི་སྒྲས་དམ་ཚིག་དང་སྡོམ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཤེས་རབ་ཉིད་དོ། །རོ་མཉམ་ཞེས་པ་ནི་ལྷན་ཅིག་སྐྱེས་པའོ། །སློབ་མའི་སྤྱོད་ཡུལ་ཞེས་པ་ནི་ལྷན་ཅིག་སྐྱེས་པ་སློབ་མའི་སྤྱོད་ཡུལ་དུ་ཞེས་པ་སྟེ་ཤིན་ཏུ་བཟང་བའི་སློབ་མ་ལའོ། །དེ་ཡང་སློབ་མ་ལ་ཆུ་ལ་སོགས་པའི་དབང་བསྐུར་བའི་རིམ་པས་གསང་བའི་དབང་ཡང་ཐོབ་པ་དེ་ཉིད་ཀྱི་སྤྱོད་ཡུལ་ཏེ། གང་གི་ཡུལ་དུ་གྱུར་པའོ། །སློབ་མའི་སྤྱོད་ཡུལ་ཞེས་པ་ནི་རོ་མཉམ་པ་དེ་ལྟ་བུའི་རྣམ་པར་བྱ་ཞེས་པར་འབྲེལ་ཏེ་བྱ་བར་བྱ་ཞེས་པའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། གསུངས་པ། རང་རིག་ཅེས་བྱ་བ་ལ་སོགས་པ་སྟེ། ལྷན་ཅིག་སྐྱེས་པ་བསྟན་པ་ཤིན་ཏུ་བཤད་པ་ནི། རང་རིག་ཅེས་པ་ལ་སོགས་པ་སྟེ། རང་རིག་བདེ་བ་ཉམས་སུ་མྱོང་བ་ལས་


DTG002_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ་ཞེས་པ་ལ་ལ་དག་གི་ཚིག་གོ །དེ་ལྟར་འགྱུར་བ་ནི་ལུས་ལས་སོ་ཞེས་བཤད་དོ། །ལྷག་མ་ནི་གོ་སླའོ། །རྡུལ་བྲལ་ཞེས་པ་ནི་ཉོན་མོངས་པའི་ཆའི་རྡུལ་ཏེ་དེ་ལས་ཁྱད་པར་དུ་གྱུར་ཅིང་ཐ་མལ་གྱི་བྱ་བ་ལ་སོགས་པ་མི་བྱེད་པས། འདིར་རྟོགས་པར་བྱས་ནས་ཞེས་པས་དེ་བཞིན་དུ་བསྟོད་དོ། །སྟོང་པ་ཞེས་པ་ནི་གཟུང་བ་ལ་སོགས་པའོ། །མཆོག་ཅེས་པ་ནི་དགའ་བྲལ་དག་ལས་སོ། །དེས་ན་གསུངས་པ། མཐའ་ཞེས་པ་སྟེ། མཐར་འགྱུར་བས་ན་མཐའོ། །དེ་ཡང་གསུངས་པ། དགའ་བྲལ་དང་པོ་ཞེས་པ་སྟེ། དགའ་བྲལ་གང་གི་དང་པོར་དེ་བཞིན་ནོ། །ཕྱིས་ནས་སྐད་ཅིག་མའི་ཞུ་བ་དེ་དག་དབྱེར་མི་ཕྱེད་པར་གསུངས་པ། ཤེས་རབ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །ཅེས་པ་ལ་སྲོག་ནི་རླུང་སྟེ། རླུང་གི་དེ་ཁོ་ཉིད་རིག་པ་སྲོག་ཆགས་ཀུན་དང་འབྲེལ་པས་སོ། །དེ་ཉིད་འགྲོ་བའི་བདག་ཉིད་དེ། །ཞེས་པ་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་མཉམ་ཞིང་གནས་སྐབས་ནི་རང་བཞིན་ནོ་ཞེས་རང་བཞིན་དུ་སྨྲ་བ་རྣམས་ཀྱིའོ། །དེས་ན་རང་བཞིན་དོན་གྱི་རྣམ་པ་ནི་འགྲོ་བའོ་ཞེས་པས་ན་འགྲོ་བའི་བདག་ཉིད་དོ། །དེ་ཉིད་ཐམས་ཅད་ཁྱབ་པ་པོ། །ཞེས་པ་ནི་བདག་ཏུ་སྨྲ་བ་རྣམས་ཏེ་འགྲོ་བ་ཐམས་ཅད་ལ་བདག་གིས་ཁྱབ་ཅིང་བྱས་པའི་རང་བཞིན་ནི་འདིའོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ལུས་ཐམས་ཅད་ལ་ཁྱབ་ཅིང་གནས་པའོ་ཞེས་པར་ཡང་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །ཡང་ན་ཐམས་ཅད་ཀྱིས་ལུས་རྣམས་ལ་གནས་པས་སོ། །སེམས་ཅན་ཞེས་པ་ནི་འགྲོ་བ་ཀུན་རྟག་པའི་སེམས་ཉིད་ཙམ་མོ་ཞེས་རིག་བྱེད་ཀྱི་མཐའ་པ་རྣམས་ཀྱིའོ། །རྣམ་པར་ཤེས་པའི་ཚུལ་ཞེས་པ་ནི། སངས་རྒྱས་པ་ཉིད་ཀྱི་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱིའོ། །སྐྱེས་བུ་སྔོན་རབས་ཞེས་པ་ནི་རིག་བྱེད་པ་རྣམས་ཀྱིའོ། །དབང་ཕྱུག་ཅེས་པ་ནི་དབང་ཕྱུགས་བྱེད་པ་པོ་རྣམས་ཀྱི་སྟེ་ཡི་གེ་དགུའི་ཚིག་གོ །བདག་དང་ཞེས་པ་ནི་སྔར་གྱི་བསྟན་པ་དེ་འདིར་བཤད་པའོ། །གསོ་བ་ཞེས་པ་ནི་བརྟན་གཡོ་ཐམས་ཅད་སྲོག་དང་བཅས་པ་སྟེ་ཞེས་པ་ཕྱོགས་ཀྱི་གོས་ཅན་ལའོ། །སེམས་ཅན་ཞེས་བྱ་བ་ནི་བི་ཀྲ་མ་པ་ཏི་སྟེ་རྒྱལ་པོའི་


DTG002_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་རིག་པའི་ལུགས་ཞེས་པའི་དོན་ཏོ། །དུས་ཞེས་པ་ནི། འབྱུང་བ་རྣམས་ནི་དུས་ལས་གྱུར། །སྐྱེ་དགུ་རྣམས་ཀྱང་དུས་ཀྱིས་བསྡུས། །ཞེས་དུས་སུ་སྨྲ་བ་རྣམས་ཀྱིའོ། །གང་ཟག་ཉིད་དང་ཞེས་པ་ནི་ཉན་ཐོས་པ་རྣམས་ཀྱིའོ། །དེ་དག་གི་དོན་བསྡུ་བ་གསུངས་པ། དངོས་པོ་ཀུན་གྱིས་ཞེས་བྱ་བ་ལ་སོགས་པའོ། །ད་ནི་དགའ་བ་རྣམས་ཀྱི་གྲངས་ཀྱི་རིམ་པ་གསུངས་པ། དང་པོར་ཞེས་བྱ་བ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པའི་མཚན་ཉིད་རྡོ་རྗེ་སྙིང་པོ་ལ་སོགས་པས་ཐོས་ནས་ངོ་མཚར་བ་གསུངས་པ། དེ་སྐད་ཅེས་བྱ་བ་ལ་སོགས་པའོ། །དེ་སྐད་ཅེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ། །མཆོག་ཏུ་ངོ་མཚར་གྱུར་ནས་ཞེས་པ་ནི་ཡི་གེ་དགུ་པའི་ཚིག་གོ །ངོ་མཚར་ནི་སྔར་མ་མཐོང་བའི་སེམས་ཀྱི་གནས་སྐབས་ལས་སོ། །རྒྱལ་བ་ནི་ཡུལ་དག་སྤངས་པས་སོ། །ས་ལ་འགྱེལ་བར་གྱུར་ཞེས་པ་ནི་དེ་ཡང་ཨ་ཕྱིས་པ་སྟེ་གསུང་རབ་ལས་སོ། །དེ་ཉིད་ཇི་ལྟ་བུ་ཞེ་ན་གསུངས་པ། དང་པོར་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་བའི་གཟུགས་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་སྟེ། དེ་དང་མི་ཕྱེད་པའི་མཆོག་ཏུ་དགའ་བ་ལ་དམིགས་པ་སྟེ། བདེ་བ་ལས་མ་གཏོགས་པའི་ཕུང་པོ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། གསུམ་པ་ལྷན་ཅིག་སྐྱེས་པ་མེད། །ཅེས་པའོ། །དེ་ཞེས་པའི་སྒྲ་ནི་གཏན་ཚིགས་ཏེ། དགའ་བ་ལ་སོགས་པ་རྣམས་ལ་ལྷན་ཅིག་སྐྱེས་པ་མེད་པའི་གཏན་ཚིགས་སོ། །གང་གི་ཕྱིར་ལྷན་ཅིག་སྐྱེས་པ་ནི་ཡོད་པ་དང༌། མེད་པ་དང༌། རྟག་པ་དང༌། མི་རྟག་པར་མ་གྲུབ་ཅིང་སྤངས་པ་དང་བླངས་པ་ལ་སོགས་པ་གཉིས་རྣམ་པར་སྤངས་པས་ཕུང་པོ་ལ་སོགས་པ་རྣམས་ཀྱང་ཡོད་པ་དང་མེད་པ་ལ་སོགས་པའི་རང་བཞིན་སྤངས་པའོ། །ཚིགས་སུ་བཅད་པ་དེ་ཡང་ཡི་གེ་དགུ་པའི་ཚིག་བཞི་པའོ། །འདི་ཉིད་ཀྱི་དོན་རྒྱས་པར་བཤད་པ་གསུངས་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་བཀའ་སྩལ་ཀྱེ་རྡོ་རྗེ། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་བའོ། །སངས་རྒྱས་ཀུན་གྱི་སྐུ་གཅིག་པ། །ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ཐམས་


DTG002_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཅིག་པའོ། །མི་ཕྱེད་པའི་སྐུ་ནི་དེའི་ཞེས་པ་སྟེ། དེ་བཞིན་དུའོ། །ཅི་གསུངས་ཤེ་ན་གསུངས་པ། ཐེ་ཚོམ་ཞེས་པ་ལ་སོགས་པ་སྟེ། ཐེ་ཚོམ་སེལ་བ་བཟང་པོ་ཞེས་པའི་ཐེ་ཚོམ་ནི་གཉིས་ཏེ། ལྷན་ཅིག་སྐྱེས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཡིན་ཞེས་པ་དང་དེ་བསལ་བྱ་ཞེས་པ་དེ་ལྟ་བུའི་ཚིག་གོ །རྡོ་རྗེ་སྙིང་པོས་ཞེས་པ་ནི་དེའི་གནས་སྐབས་སུའོ། །རྟོགས་བྱའི་ཕྱིར་ཞེས་པ་ནི་ལྷན་ཅིག་སྐྱེས་པ་ལ་གཅིག་ཏུ་ངེས་པར་བྱ་བའི་ཕྱིར་རོ། །དེས་ན་ཡང་བཟང་པོའི་ཚིག་གོ །ད་ནི་བཅོམ་ལྡན་འདས་ཀྱི་གསུང་བསྟན་པར་བྱ་སྟེ། འདོད་ཆགས་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། དོན་དེ་ཉིད་ནི་སླར་བརྗོད་པ། །དོན་གཞན་ལ་ནི་བརྟེན་པས་སོ། །ཞེས་པའི་རིགས་པས་ཚིགས་སུ་བཅད་པ་ཕྱེད་ཀྱིས་ཟློས་པའི་སྐྱོན་སྤངས་སོ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ཞེས་པ་ནི་འདོད་ཆགས་སྤངས་པས་དགའ་བ་དང་མཆོག་དགའ་སྤངས་པའོ། །ཆགས་བྲལ་སྤངས་པས་དགའ་བྲལ་སྤངས་པའོ། །འདོད་ཆགས་དང་ཆགས་བྲལ་ཏེ་གཉིས་ཀར་བསྒོམ་པ་སྤངས་པ་ཉིད་ནི། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཅེས་པའི་ཡི་གེ་དགུ་པའི་ཚིག་གོ །བརྗོད་ཅེས་པ་ནི་འདི་དག་བརྗོད་པ་ཙམ་སྟེ་དོན་དམ་པར་ན་ལྷན་ཅིག་སྐྱེས་པའི་བྱང་ཆུབ་ནི་ངག་གི་སྤྱོད་ཡུལ་ལས་འདས་པའོ། །ལྷན་ཅིག་སྐྱེས་པ་དེ་ཇི་ལྟར་མཚོན་ཞེ་ན་གསུངས་པ། དགའ་བྲལ་དང་པོར་ཞེས་བྱ་བ་ལ་སོགས་པ་སྟེ། དགའ་བྲལ་ཡང་དེ་ཡིན་ལ་དང་པོ་ཡང་དེ་ཡིན་པས་དགའ་བྲལ་དང་པོ་སྟེ་དེར་མཚོན་པར་བྱེད་པ་སྟེ། དགའ་བྲལ་དང་པོར་བྱས་པ་ནི་མཚོན་ཞེས་པར་དགོངས་སོ། །ལྷག་མ་ནི་གོ་སླའོ། །དང་པོ་སྤྲིན་དང་འདྲ་བ་ཡིན། །ཞེས་པ་ནི་དང་པོ་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། གང་ཞིག་སྣང་བ་ནི་སྤྲིན་དང་འདྲ་ཞེས་པར་འབྲེལ་ཏོ། །དེ་ཡང་ཇི་ལྟར་ནམ་མཁའ་ལ་སྤྲིན་གནས་པ་ནི་ཅུང་ཟད་ཀྱང་དམིགས་སུ་མེད་དོ། །དེ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སྣང་བ་ཉིད་ན་དོན་དམ་པར་གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བས་དོན་དམ་པར་ན་དམིགས་སུ་མེད་དོ། །གང་གི་ཆོ་གྲུབ་ཅེ་ན་གསུངས་པ། གྲུབ་པ་ཞེས་པ་སྨོས་པའི་སྒྲ་ནི་ལྷན་ཅིག་སྐྱེས་པའི་ཡིན་ཏེ། རང་བཞིན་


DTG002_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་པའི་ཕྱིར་རོ། །ཉིད་ཀྱི་སྒྲ་ནི་ཁྱད་པར་ཏེ་ལྷན་ཅིག་སྐྱེས་པ་བརྟན་པར་གྱུར་པ་ནི་དཀྱིལ་འཁོར་ཁྱད་པར་དུ་གྱུར་པའི་རང་བཞིན་གྱི་སྣོད་ཡིན་ཞེས་དགོངས་སོ། །མི་གནས་པའི་རྣལ་འབྱོར་ལ་གནས་པའི་དཔེ་གསུངས་ནས། སྒྱུ་མའི་དཔེ་གསུངས་པ་ནི། སྒྱུ་མ་ལྟ་བུ་ཞེས་པ་ལ། སྒྱུ་མའི་ཤེས་པ་དང་འདྲ་བས་ན་སྒྱུ་མ་ལྟ་བུ་སྟེ། དེ་ཡང་ཇི་ལྟར་གླང་པོ་ཆེ་དང་རྟའི་ཚོགས་སྤྲུལ་པའི་ཚེ་སྒྱུ་མ་མཁན་སྤྲུལ་པའི་ཤེས་པ་ལ་ནི་བདེན་པ་མ་ཡིན་པར་སྣང་བའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པ་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར་རོ། །རྨི་ལམ་གྱི་དཔེ་གསུངས་པ། རྨི་ལམ་འདྲ་ཞེས་པ་ནི་ཡུད་ཙམ་སྟེ། ཡུད་ཙམ་དུ་ཤེས་པའི་སྟོབས་ཀྱིས་སོ། །རྨི་ལམ་ཞེས་པ་ནི་རྨི་ལམ་ན་དོན་དུ་སྣང་བའི་ཤེས་པ་བཞིན་ཏེ། ཇི་ལྟར་རྨི་ལམ་ན་འདོད་ཆགས་ཅན་ལ་སོགས་པ་དོན་མེད་བཞིན་དུ་སྣང་བའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པ་མངོན་དུ་གྱུར་པའི་དཀྱིལ་འཁོར་སྣང་བ་འདི་ཡང་ངོ༌། །དེའི་དོན་གསལ་བར་བྱ་བའི་ཕྱིར། རྨི་ལམ་སད་པའི་མི་ཕྱེད་པ། །ཞེས་པ་ལ། རྨི་ལམ་ནི་ཉལ་ཞིང་ལོག་པས་ན་རྨི་ལམ་ཞེས་པའི་དོན་ཏོ། །ཉལ་ཞིང་ལོག་པའི་རྨི་ལམ་ཙམ་དང་སད་པའི་ཤེས་པ་མི་ཕྱེད་པ་ནི་སད་པ་དང་མི་ཕྱེད་པའི་ཡེ་ཤེས་སོ། །སད་པ་དང་མི་ཕྱེད་པའི་ཡེ་ཤེས་དང་འདྲ་བ་ནི་སད་པ་དང་མི་ཕྱེད་པ་བཞིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། ཅི་བདག་ཉིད་ནི་ཉལ་ལོ་ཞེའམ། རྨི་ལམ་རྨིའོ་ཞེའམ། སད་དོ་ཞེས་ཕྱེ་ཞིང་ཕྱེད་པའི་ཡེ་ཤེས་རྣལ་འབྱོར་པ་ལས་འབྱུང་བར་མི་འགྱུར་རོ། ཡང་ན་དོན་ལ་དམིགས་པ་ཡང་བདེན་པ་མ་ཡིན་བརྫུན་པ་ཡང་མ་ཡིན་པ་ནི་དེའི་དོན་ཏོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པ་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་ངོ༌། །གང་གི་ཕྱིར་ཅི་དེར་དཀྱིལ་འཁོར་བསྒོམ་པ་ཡང་ཅི་མེད་དོ་ཞེས་སྙམ་པ་ཡང་རྣལ་འབྱོར་པ་ལ་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་དཀྱིལ་འཁོར་ཡང་འབྱེད་པར་མི་དམིགས་སོ། །དེས་ན་དེ་ཉིད་འཆད་པར་འགྱུར་ཏེ། ཇི་ལྟར་རྨི་ལམ་དེ་བཞིན་སྒྱུ། །ཞེས་པ་ལ་སོགས་པའོ། །མི་ཕྱེད་མཚན་ཉིད་དངོས་གྲུབ་པོ། །ཞེས་པ་ལ། མཚན་ཉིད་ནི་སྐྱེས་པ་


DTG002_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དཀྱིལ་འཁོར་གྱིའོ། །དངོས་གྲུབ་ནི་ཨཱ་ས་མ་ནྟ་སྟེ། ཀུན་ནས་གྲུབ་པ་སྟེ། དེ་ཡང་གོམས་པ་ཕུལ་དུ་གྱུར་པ་ལས། མཐར་ཐུག་པར་འགྲོ་བ་དང༌། སྐྱེས་པ་དང༌། སྐྱེད་པ་པོ་དང༌། ཐོག་མ་དང་ཐམ་ཅན་ལ་སོགས་པ་མི་ཕྱེད་པའི་མཚན་ཉིད་ཅན་གྱི་དངོས་གྲུབ་པོ། །དེ་ལྟ་བུའི་ཕྱག་རྒྱ་རྣལ་འབྱོར་པ་ཡིས་འགྲུབ་ཅེས་བྱ་བར་འབྲེལ་ཏོ། །སྟོན་པས་དཀྱིལ་འཁོར་འདི་སྐད་གསུངས། །ཞེས་པ་ལ། འདི་སྐད་ཀྱི་སྒྲ་ནི་རྒྱུ་མཚན་ཏེ་གང་གི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བས་དབང་བསྐུར་བ་དང་དེ་ཁོ་ན་ཉིད་བསྟན་ཏོ། །དེས་ན་དཀྱིལ་འཁོར་གསུངས་སོ་ཞེས་དགོངས་སོ། །སྟོན་པ་ནི་ངེས་པར་འགྱུར་བའི་བསྟན་པ་ལས་སོ། །ལྷག་མ་ནི་གོ་སླའོ། །རིན་ཆེན་ལྔ་ཞེས་པ་ནི་གསེར་དང༌། དངུལ་དང༌། མུ་ཏིག་དང༌། བྱི་རུ་དང༌། དུང་ཞེས་པ་སྟེ་རིན་ཆེན་ལྔའོ། །སར་པ་ཞེས་པ་ལ་སོགས་པ་ནི་ལས་གཞན་དག་ལས་ཁྱད་པར་དུ་གྱུར་པ་སྟེ། སར་པ་ནི་སྲ་བའོ། །ལེགས་པར་བཀལ་བ་ཞེས་པ་ནི་སངས་རྒྱས་ལྔས་བྱིན་གྱིས་བརླབས་པའི་སྐུད་པ་ལྔས་སོ། །ཤིན་ཏུ་ཚད་མ་ཞེས་པ་ནི་དཀྱིལ་འཁོར་ལས་ཉིས་འགྱུར་གྱིས་རིང་བའོ། །མཛེས་པ་ཞེས་པ་ནི་ལེགས་པར་བསྒྲིལ་བའོ། །སྲད་བུས་ཞེས་པ་ནི་དཀྱིལ་འཁོར་ཞེས་པར་འབྲེལ་ཏེ། ཤེས་རབ་ཅན་ཞེས་པ་ནི་དཀྱིལ་འཁོར་གྱི་བྱ་བ་ཤེས་པའོ། །གདབ་པ་ནི་དཀྱིལ་འཁོར་ལ་བྲི་བའོ། །དཀྱིལ་འཁོར་གྱི་བདག་པོའི་སྔགས་འབུམ་བཟླས་པ་དང༌། དཀྱིལ་འཁོར་བ་སོ་སོ་རྣམས་ཀྱི་སྔགས་ཁྲི་ཁྲི་ཉིད་དོ་ཞེས་གསུངས་ལ། འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་བ་ཡི་དེ་བཞིན་ཁྲི། །ཞེས་པ་ནི་ཡི་གེ་བཅུ་བདུན་པའི་ཚིགས་སུ་བཅད་པ་བྱེད་པའོ། །གཏོར་མ་ཕྱིན་ནས་ས་སྤྱད་པ་ལ་སོགས་པ་བྱའོ་ཞེས་གསུངས་པ། གཏོར་མ་ཞེས་བྱ་བ་ལ་སོགས་པ་སྟེ། སྦྱིན་ཞེས་པ་ནི་ས་སྦྱིན་པར་བྱས་ནས་སོ། །བསྲུང་བ་ཞེས་པ་ནི་བྱ་བ་ལ་སོགས་པ་འདིར་བླང་བར་བྱའོ། །གང་ཞིག་དབང་ནི་རབ་དབྱེ་བ། །རང་གི་དཀྱིལ་འཁོར་ཆོ་གས་སྦྱིན། །ཞེས་པ་ནི་འདིར་འཆད་པར་འགྱུར་བ་སློབ་དཔོན་ལ་སོགས་པའི་དབང་རྣམས་དང༌། རྒྱུད་གཞན་ལས་གསུངས་པའི་ཆུ་ལ་


DTG002_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྦྱིན་པར་བྱའོ། །དཀྱིལ་འཁོར་ཞེས་པ་ནི་སྒྲུབ་པ་པོས་བསྒོམ་པའི་ལྷའོ། །ཆོ་གས་ཞེས་པ་ནི་ཆོ་ག་རྣམས་ཀྱིས་ཏེ། ཆོ་ག་དང་འདྲ་བའི་ཆོ་ག་ཉིད་ནི་མ་ཡིན་པའོ། །དེ་ཡང་ཆོ་ག་ནི་དཀྱིལ་འཁོར་མཐོང་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །མཆོད་པ་ལ་སོགས་པ་འདིར་འཆད་པར་འགྱུར་བ་ཇི་ལྟར་རབ་ཏུ་བསྒྲུབས་པ་ཉིད་དེ། དེས་ན་གསུངས་པ། མཆོད་དང་ཞེས་བྱ་བ་ལ་སོགས་པའོ། །འཁོར་ལོ་འཕར་མ་གཉིས་བཟང་བྲི། །ཞེས་པ་ནི་ཡི་གེ་དགུ་པའི་ཚིག་གོ །དབང་ལྡན་དུ་ནི་ཅི་གསུངས་པ། །ཞེས་བྱ་བ་ནི་ཡང་ངོ༌། །དེ་ལྟ་དེ་ལྟར་འོག་དང་སྟེང༌། །ཞེས་བྱ་བ་ལ། འོག་གི་སྒྲ་ནི་ས་ཡིག་ཕྱིས་པ་ལས་གྲངས་མེད་པ་ཉིད་དོ། །རྡོ་རྗེ་སེམས་དཔའ་བསྙེམས་བྱས་ནས། །ཞེས་བྱ་བ་ནི་བདག་མེད་མ་དང་བརྩམ་པར་བྱ་བའོ། །རྐང་པ་གཡས་པ་བརྐྱང་བྱས་ཏེ། །ཞེས་པ་ནི་རྐང་པ་གཡས་པ་བརྐྱང་བར་བྱས་པ་སྟེ། རྐང་པ་གཡས་པས་ལན་ལྔར་གདབ་ཅིང་བརྐྱང་བའོ། །དེ་ནི་གཡས་བརྐྱང་བའི་སྟང་སྟབས་སུ་ཤེས་པར་བྱའོ། །ཡང་གཡོན་པ་ཡང་བསྐུམ་པར་བྱའོ་ཞེས་པ་སྟེ་རྐང་པ་གཡོན་པ་བསྐུམ་པར་བྱས་ནས་སོ། །སློབ་དཔོན་དཀྱིལ་འཁོར་འཇུག་པ་ཉིད། །ཅེས་པ་ལ། དཀྱིལ་འཁོར་ནི་གཉིས་པོའི་ཚིག་མི་མངོན་པར་བྱས་པའོ། །ལྷག་མ་ནི་གོ་སླའོ། །ཕྱིས་ནས་ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་རྗེས་ལའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ཉིད་ནི་འཁོར་བ་དང་མྱ་ངན་ལས་འདས་པར་མི་གནས་པ་གསུངས་པ། འཁོར་བ་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་བ་ནི་བདག་དང་བདག་གིར་གྱུར་པ་སྟེ། འདིར་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་འཁོར་བའོ། །མྱ་ངན་ལས་འདས་པ་ནི་རྣམ་པར་བྱང་བའམ། རྣམ་པར་དག་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་མི་ཕྱེད་པ་ནི་ཕན་ཚུན་དུ་ཁྱད་པར་ཡོད་པ་མ་ཡིན་ཞེས་པ་སྟེ། གཉི་ག་ཡང་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འཁོར་བ་ཉིད་ནི་མྱ་ངན་འདས། །ཇི་ལྟར་གྱུར་པའི་དོན་བསྟན་པའོ། །ཞེས་གསུངས་སོ། །ད་ནི་ལེའུ་འདིར་དེ་ཁོ་ན་ཉིད་ཀྱི་དོན་བསྡུ་བ་གསུངས་པ། མཆོག་དགའ་ཞེས་བྱ་བ་ལ་སོགས་པ་སྟེ།


DTG002_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དགའ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ། །བསྒོམ་པ་ནི་བསྒོམ་པར་བྱ་བའོ། །སྒོམ་པ་པོ་ནི་ཚོར་བ་པོའོ། །ལུས་ཀྱང་ཞེས་པ་ནི་རྣམ་པར་ཤེས་པ་གཟུང་སྟེ། གང་རྣམས་དེ་རྣམས་ཀྱིས་གཟུང་བ་ནི་དབང་པོ་རྣམས་སོ། །གཟུང་བ་ཞེས་པ་ནི་ཡུལ་རྣམས་སོ། །འཛིན་པ་ཞེས་པ་ནི་རྣམ་པར་ཤེས་པ་རྣམས་སོ། །སྒྱུག་བྲོ་ཞེས་པ་ནི་སྨད་ཅིང་དམན་པ་དག་གོ །རྨོངས་པ་ཞེས་པ་ནི་མི་གཙང་བས་རྨོངས་པའོ། །གཙང་སྦྲ་ནི་ཡང་དག་པར་བྱུང་བའི་དངོས་པོའོ། །དེ་ཡང༌། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །དེ་བཞིན་ང་རྒྱལ་ཕྲག་དོག་གིས། །དེ་ཀུན་དེ་གནས་ཉམས་དགའ་བར། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པས་ཀྱང་ངོ༌། །འདོད་ཆགས་ལ་སོགས་པ་མི་དམིགས་པས་བསྟན་པ་དེ་དག་གི་བཀོད་པ་ནི། ཆགས་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ཕྲ་མ་ཞེས་པ་ནི་ངག་གིས་ཉེས་པར་སྤྱོད་པ་སྟེ། ཉོན་མོངས་པའི་ཆའོ་ཞེས་དགོངས་སོ། །མཐོང་བྱ་ཞེས་པ་ནི་དཀྱིལ་འཁོར་རོ། །སྒོམ་དང་ཞེས་པ་ནི་དེ་བསྒོམ་པའོ། །སྒོམ་པ་པོ་ཞེས་པ་ནི་རྣལ་འབྱོར་པའོ། །བཤེས་དང་ཞེས་པ་ནི་རྗེས་སུ་མཐུན་པའི་དངོས་པོའོ། །དགྲ་ཞེས་པ་ནི་དེ་ལས་བཟློག་པའོ། །དེས་ཅིར་འགྱུར་ཞེ་ན། གསུངས་པ། རློམ་སེམས་མེད་པའི་ཞེས་པ་ལ། རློམ་སེམས་ནི་རྣམ་པར་རྟོག་པའོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་སྣ་ཚོགས་པའོ་ཞེས་པ་ལ། ལྷན་ཅིག་སྐྱེས་པའི་མིང་ནི་སྣ་ཚོགས་རྨད་དུ་བྱུང་བའམ། ཁྱད་པར་དུ་གྱུར་པའི་ཡིད་ཀྱིས་ཤེས་པའོ། །འོག་ན་ཕུང་པོ་ལ་སོགས་པ་མཚན་ཉིད་ཅན་ནི་ལུས་ཏེ། དེ་ཡང་རང་བཞིན་མེད་པ་ཡིན་ན། ཇི་ལྟར་འབྱུང་བའི་བདག་ཉིད་ཅེས་པ་དེ་ཉིད་གསུངས་པ། འདི་སྐད་གསོལ་ཞེས་པ་སྟེ། གཟོད་ནས་ཞེས་པ་ཐོག་མ་ཉིད་ནས་སོ། །རྡོ་རྗེ་ཅན་ཞེས་པ་ནི་རྡོ་རྗེ་སེམས་དཔའོ། །ལྷག་མ་ནི་གོ་སླའོ། །བོ་ལ་ཞེས་བྱ་བ་ལ་སོགས་པ་ལ། ས་ནི་དེ་ལས་ཞེས་པ་ནི་ཆོས་ཐམས་ཅད་བདག་མེད་པ་ལས་མེར་མེར་པོའི་རང་བཞིན་དུ་སྐྱེ་བ་སྒྱུ་མ་ལ་སོགས་པའི་རྣམ་པས་ས་ལ་སོགས་པ་བྱུང་ཞེས་དགོངས་སོ། །དེས་ན། ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར། །ཞེས་པར་འབྲེལ་ཏོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི། གང་ཕྱིར་འབྱུང་བ་ཆེ་


DTG002_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ། །ཞེས་པ་ནི་གཅིག་དང་དུ་མ་ལ་སོགས་པས་མི་ཕྱེད་པས་དེ་ཕྱིར་དེ་ཉིད་མིན་པའོ། །ཡང་ན་དབང་པོ་གཉིས་སྦྱོར་བ་ལས་གང་རྟོགས་པའི་བདེ་བ་དེ་ནི་འབྱུང་བ་ཆེའོ། །དེ་ཉིད་ཀྱང་དེ་ཁོ་ན་ཉིད་དང་འདྲ་བས་སོ། །འོན་ཀྱང་དཔྱད་པར་མ་བྱས་པ་མ་ཡིན་པས་དེ་ཉིད་མིན་ཞེས་བརྗོད་དོ། །དེ་ཁོ་ན་ཉིད་ནི་ལྷན་ཅིག་སྐྱེས་པའོ། །དེ་ཁོ་ན་ཉིད་ཅི་ཞེ་ན་གསུངས་པ། ལྷན་ཅིག་སྐྱེས་ཞེས་བྱ་བ་ལ་སོགས་པ་སྟེ། མཆོག་ཏུ་གྱུར་པ་དག་གི་ལྷན་ཅིག་སྐྱེས་པའི་དགའ་བའི་ཞུ་བ་དེ་དག་ལས་འབྱུང་བར་འགྱུར་ཏེ། དེ་ཡང་ལྷན་ཅིག་སྐྱེས་པའི་དགའ་བ་འདི་ནི་གོམས་པ་ལས་འདི་ལྟར་རྟོགས་ཤིང་གང་གི་ཚེ་མངོན་དུ་འགྱུར་བའོ། །དེའི་ཚེ་ལས་དང་ཉོན་མོངས་པའི་རང་བཞིན་དུ་སླར་མི་ལྡོག་པའོ། །གོམས་པ་ཕུལ་དུ་བྱུང་བ་མཐར་ཐུག་པ་མ་ཡིན་ན། ལས་དང་ཉོན་མོངས་པ་སླར་འབྱུང་བ་ཉིད་དོ། །དེས་ན་ཡང་ལྷན་ཅིག་སྐྱེས་པ་དེ་ཅི་ཞེ་ན་གསུངས་པ། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། ཕུང་པོ་ལ་སོགས་པའི་ངོ་བོ་ནི་རང་བཞིན་ནོ། །དེ་ཡང་ཆོས་ཀྱི་དབྱིངས་ནི་ཐམས་ཅད་ཀྱི་རྣམ་པ་སྟེ། ཕུང་པོ་ལ་སོགས་པ་སྣང་བའི་སེམས་ཉིད་གཅིག་ཏུ་བསྡུས་པས་ན། རྣམ་པ་ཐམས་ཅད་སྡོམ་ཅིག་པ། །ཞེས་པ་སྟེ་ལྷན་ཅིག་སྐྱེས་པའོ། །སྙིང་རྗེ་ཐབས་ཞེས་པ་ལ་ཐབས་ནི་ཉེ་བ་སྟེ། ཆོས་མཐུན་པ་ལས་རང་གི་ངོ་བོའི་བསྒོམ་པའི་ཡན་ལག་ཏུ་གྱུར་པའོ། །ཡང་ཐབས་ནི་རྣམ་པར་དཔྱོད་པའི་རང་བཞིན་དུ་གཟུང་སྟེ། དེ་ཡང་བློའི་ཁྱད་པར་ལས་སེམས་ཅན་དུ་དམིགས་པའི་བློ་སྙིང་རྗེ་ནི་ཐབས་ཇི་ལྟ་བ་བཞིན་ཏེ། མངོན་པར་ཞེན་པ་རྣམས་ལ། སྙིང་རྗེ་ལྡན་པ་ནི་ཀུན་རྫོབ་ཐ་སྙད་དུའོ་ཞེས་དགོངས་སོ། །དེས་ན་གསུངས་པ། ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །ཞེས་པ་སྟེ། རྒྱུ་དང་བྲལ་བ་ནི་རྒྱུ་ལ་སོགས་པ་དང་བྲལ་བའོ། །ཤེས་རབ་སྟོང་པ་ཉིད་ནི་ཕྱག་རྒྱའོ། །དེའི་དོན་གསལ་བར་གསུངས་པ། སྟོང་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་པས་དེ་རྣམས་ཀྱང་རང་བཞིན་གྱིས་སྟོང་པ་སྟེ། སྙིང་རྗེ་ཡང་ངོ༌། །ཆོས་ཐམས་ཅད་དེ་ཉིད་རྣམ་པར་དཔྱད་པས་སྟོང་པ་ཉིད་དབྱེར་མི་ཕྱེད་པ་སྟེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་དག་དབྱེར་མེད་ཅིང་སོ་སོར་མ་ཡིན་པ་


DTG002_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞེ་ན། གསུངས་པ། བྱང་ཆུབ་སེམས་ཞེས་པ་ལ། བྱང་ཆུབ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །སེམས་ནི་སྒྱུ་མ་ལ་སོགས་པའི་རང་བཞིན་ཙམ་དུ་དངོས་པོ་གཟུང་བའི་བློ་དང་ལྡན་པའོ། །དེས་ན་བྱང་ཆུབ་ཀྱང་ཡིན་ལ་སེམས་ཀྱང་ཡིན་པས་བྱང་ཆུབ་སེམས་ཏེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་ལ་རབ་ཏུ་བརྗོད་ཅེས་པར་འབྲེལ་ཏོ་ཞེས་པའི་སྒྲ་ནི་དགོངས་པ་གསལ་བར་བྱེད་ཅེས་པའོ། །བྱང་ཆུབ་སེམས་ཀྱི་སྒྲ་ནི་ཕྱི་རོལ་གྱི་དོན་ཏོ། །དོན་དམ་པར་ནི་བླ་མའི་མན་ངག་ལས་རྟོགས་པ་དང༌། རང་ལས་རྟོགས་པའི་ཚུལ་ལོ། །དེ་བས་ན་བཟླས་པ་ལ་སོགས་པ་གཞན་དུ་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ་སྔགས་མེད་ཅེས་བྱ་བ་ལ་སོགས་པ་སྟེ། གང་དེ་ལྟ་བུས་བྱང་ཆུབ་ཐོབ་པར་འགྱུར་ཞེ་ན། གསུངས་པ། དེ་ཉིད་སྔགས་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་སྔར་གསུངས་པའི་སེམས་དེ་ཉིད་དང་ལྷན་ཅིག་སྟེ། སྟོང་པ་ཉིད་ཀྱི་སེམས་དང་དེ་ཉིད་དུ་ལྷན་ཅིག་བསྡུས་པ་ཞེས་པ་དེ་བཞིན་དུ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱིས་སེམས་སུ་འདུས་པའོ། །དེའི་གཟུགས་ཅན་འདི་ནི་སྔགས་བཟླས་པ་ལ་སོགས་པ་སྟེ། སྔགས་བཟླས་པ་ལ་སོགས་པ་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ནོ། །དེ་ལྟ་མོད་ཀྱི་གཟུང་བ་དང་འཛིན་པ་ལ་སོགས་པའི་རང་བཞིན་ཉིད་ནི་ཡོད་པ་མ་ཡིན་ལ། མངོན་པར་ཞེན་པ་མེད་པ་ཉིད་དུ་གནས་པ་སྟེ། དེ་ལྟ་བུ་ཉིད་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་ཅེས་དགོངས་སོ། །ཚིགས་སུ་བཅད་པ་འདི་ནི་མེ་མར་ལྔ་པའོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས་དབང་གི་ལེའུ་སྟེ་བཅུ་པའོ།། །།

བཅུ་གཅིག་པ། ལྟ་སྟངས་བཤད་པའི་ལེའུ།


DTG002_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་དང་པོར་ལྟ་སྟངས་མདོར་བསྟན་པ་དེ་བཤད་པའི་དོན་དུ་ལེའུ་བཅུ་གཅིག་པ་གསུངས་པ། མཉམ་པར་ཞེས་པ་ལ་སོགས་པ་ལ། མཉམ་པར་ནི་རེངས་པའི་ལྟ་སྟངས་ཀྱི་ཁྱད་པར་རོ། །ལྟུང་བར་བྱེད་པའི་ལྟ་སྟངས་གསུངས་པ། མ་རུངས་ཞེས་པ་ནི། དྲག་པོའི་ལས་ཀྱི་སྒོ་ཡིས་སོ། །དཔྲལ་བ་ཅན་ཞེས་པ་ནི་གནས་ཀྱི་ཁྱད་པར་གྱི་སྒོ་གཉིས་ཡིན་ནོ། །ལྟུང་བར་བྱེད་པ་ནི་དེ་ལྟར་འགྱེལ་བར་བྱེད་པའོ། །ལྟུང་བ་ཡང་ལས་ཀྱི་སྒོ་ནས་


DTG002_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གི་ཐ་སྙད་དོ། །དབང་གསུངས་པ། དབང་གི་ཞེས་བྱ་བ་ལ་སོགས་པ་སྟེ། གཉིས་ནི་མིག་འབྲས་ཏེ་གཉིས་སུ་བརྗོད་པས་ནི་མིག་འབྲས་གཉིས་ཀ་ཡང་གཡོན་དུ་བཟློག་པའོ་ཞེས་པ་སྟེ། ཕྱི་མ་དག་ལ་ཡང་རྟོགས་པར་བྱ་བ་ཉིད་དོ། །དགུག་པ་གསུངས་པ། དགུག་པ་ཞེས་བྱ་བ་ལ་སོགས་པ་སྟེ། དགུག་པ་སྦྱར་ནས་ལྟ་སྟངས་སྦྱར་བ་ནི་མིག་འབྲས་གཉིས་པོ་ཡང་ཞེས་བསྒྲེ་བར་བྱའོ། །དེས་ན་ཡང་གཡས་པའི་ཆའི་མིག་འབྲས་གཉིས་བཟློག་ཅིང་བལྟ་བར་བྱའོ། །སྟེང་ནས་ཀྱང་ནི་མིག་འབྲས་གཉིས་སྦྱར་རོ་ཞེས་བྱ་བ་ནི། །ལྟུང་བའི་མིག་འབྲས་ཀྱི་ལྟ་སྟངས་བཞིན་དུ་དཔྲལ་བར་སྦྱར་བར་བྱའོ། །དེས་ན་དཔྲལ་བ་ཞེས་པ་དེ་ཉིད་གསུངས་པའོ། །རེངས་པ་བཤད་པ་ནི། དབུ་མ་ཞེས་པ་ལ་སོགས་པ་སྟེ། གཡོན་དུ་བསྟན་པ་ལ་སོགས་པ་དང་བྲལ་བ་ནི་མཉམ་པ་སྟེ་དེས་ན་དབུ་མའོ། །གཉི་ག་སྣ་ཡི་བེམས་པོའི་མཐའ། །ཞེས་བྱ་བ་ནི་མིག་འབྲས་གཉིས་པོ་སྣ་བུག་གཉིས་ཀྱི་དབུ་མ་ཉིད་དུ་གནས་པའོ་ཞེས་རྟོགས་པར་བྱ་བ་སྟེ། མཉམ་པ་ཉིད་དུའོ། །དེ་ཡང་དབང་ལ་ནི་ཧོ་ཡིག་དམར་པོའམ། ཧི་ཡིག་བལྟ་བར་བྱ་བ་ཡིན་ལ་དགུག་པའི་ལྟ་སྟངས་ལ་ནི་ཧཱུཾ་ཡིག་དམར་པོའམ། ཛ་ཡིག་གོ ། རེངས་པ་ལ་ལཾ་ཡིག་སེར་པོའམ། ཧཱུཾ་ཡིག་གོ །ལྟུང་བ་ལ་ནི་ཕཊ་ཡིག་ནག་པོའོ། །འབྱུང་བའི་རླུང་ལ་སོགས་པའི་སྦྱོར་བས་ལྟུང་བ་ལ་སོགས་པ་གོམས་པར་བྱའོ་ཞེས་པས་ན་གསུངས་པ། འབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། །ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །རྡོ་རྗེའི་ཤིང་ལ་ཞེས་བྱ་བ་ནི་སྣུམ་དང་ལྡན་པའི་ཤིང་རྣམས་སོ། །གཡོ་བཅས་ཞེས་པ་ནི་གཡོ་འགུལ་ཅན་ནོ། །དེ་ཡང་འདི་ལྟར་དུས་རིང་པོར་གུས་པ་རྒྱུན་མི་འཆད་པར་གོམས་པས་རྣལ་འབྱོར་པའི་ལྟ་སྟངས་ཕུལ་དུ་གྱུར་ནས་འགྲུབ་པའོ། །དེས་ན་གསུངས་པ། ཟླ་དྲུག་ཅེས་བྱ་བ་ལ་སོགས་པས་སོ། །འདི་ལ་འཁྲུལ་པ་མི་བྱ་ཞེས་པ་ནི་འདིར་དེ་ལྟ་བུའི་བློས་འཁྲུལ་པ་ཞེས་པ་སྟེ། རྒྱུ་དང་འབྲས་བུ་བྱ་བ་དང་བྱེད་པ་ལ་བློས་འཁྲུལ་པ་སྟེ། ད་མི་བྱེད་པ་སྟེ། གང་ལས་ཤེ་ན་གསུངས་པ། བསམ་གྱིས་མི་ཁྱབ་ཅེས་པ་སྟེ་ལྟ་སྟངས་ནི་སྒྲུབ་པར་བྱེད་པ་ཡིན་ལ། བསྒྲུབ་པར་བྱ་བ་དེ་ནི་མཐུའོ། །བསམ་པར་མི་བྱ་བ་ཞེས་


DTG002_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བསྒྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པའི་རང་བཞིན་ཡང་ལུང་དང་རིགས་པས་གནོད་པའི་ལྟ་སྟངས་ལས་འབྱུང་བ་དབང་ལ་སོགས་པ་བསྒྲུབ་པར་བྱ་བ་ལྟ་བུར་མི་བསམ་པ་སྟེ། སྐྱོན་མེད་པའི་ལྟ་སྟངས་རྣམས་ལ་གོམས་པར་བྱའོ་ཞེས་དགོངས་སོ། །དེ་ཉིད་ཅི་ཞེ་ན། གསུངས་པ། སངས་རྒྱས་ཞེས་པ་སྟེ། དངོས་པོ་རྣམས་ཀྱི་གང་ལྷན་ཅིག་སྐྱེས་པའི་ཆོས་མཁྱེན་པ་དང་ལྡན་པ་ནི་སངས་རྒྱས་ཏེ། སྔར་གྱི་རྣལ་འབྱོར་པ་ཉིད་དོ། །དེའི་མཐུ་ཡང་དོན་ཅི་ཞེ་ན། གསུངས་པ། རྫུ་འཕྲུལ་ཞེས་པ་སྟེ། གང་དེ་དག་ནི་གྲུབ་པའི་རྣལ་འབྱོར་པས་རོལ་པར་མཛད་པའོ། །དེ་ཡང་གར་ལ་སོགས་པར་རོལ་པར་དགོས་པའི་བློས་བྱེད་པ་ནི་མཁས་ཤིང་བློ་དང་ལྡན་པ་ལ་ཅི་ཡང་ཡོད་པ་མ་ཡིན་ཏེ། འོན་ཀྱང་སེམས་ཅན་རྣམས་གཞུག་པར་བྱ་ཞེས་པའི་བློ་སྟེ། ཡི་གེ་དགུ་པའི་ཚིག་གོ །སེམས་ཅན་རྣམས་རང་གི་བསྟན་པ་ལའོ་ཞེས་ཀྱང་སྦྱར་རོ། །དེས་སེམས་ཅན་ཇི་ལྟར་འཇུག་པར་འགྱུར་ཏེ། ལྟུང་བ་ལ་སོགས་པ་འཆི་བ་ཉིད་ཀྱིས་སོ་ཞེ་ན། དེ་དགག་པ་གསུངས་པ། གསད་པར་འདིར་ནི་བྱ་བ་མིན། །ཞེས་པ་སྟེ། བྱ་བ་ཞེས་པ་ནི་གནོད་ཅིང་སླུ་བ་ལ་སོགས་པ་སྟེ། དེ་མི་བྱ་བའོ། །འོན་ཀྱང་མངོན་པར་འདོད་པ་ཤིན་ཏུ་འབྱུང་བ་མ་ཡིན་པའོ་ཞེས་པས་ན་གསུངས་པའོ། །དམ་ཚིག་ཅེས་པ་ལ་སོགས་པ་སྟེ། སངས་རྒྱས་རྣམས་ཀྱི་དམ་ཚིག་ནི་སེམས་ཅན་རྣམས་ཀྱི་དོན་ངེས་པ་ཉིད་དུ་རྫོགས་པར་བྱེད་པའོ། །དེའི་ཉམས་པ་ནི་མི་གནས་པར་བྱེད་པ་འབའ་ཞིག་ཡིན་ནོ། །ཤིང་ལ་སོགས་པ་ལྟུང་བ་ལ་སོགས་པའི་ནུས་མཐུ་མཐོང་བ་དང༌། མ་རུངས་པའི་སེམས་ཅན་རྣམས་གཞུག་པར་བྱ་བའི་དོན་དང༌། ལྷག་མ་དབང་ལ་སོགས་པས་ཀྱང་ངོ་ཞེས་དགོངས་སོ། །སེམས་ཅན་སླུ་བ་སྤངས་ནས་སུ། །བྱ་མིན་ཐམས་ཅད་བྱ་བའོ། །ཞེས་བྱ་བ་ལ་བྱ་མིན་ཐམས་ཅད་ནི་མི་དགེ་བ་བཅུའི་མཚན་ཉིད་གང་ཡིན་པ་སྟེ་བྱ་བའོ། །འོན་ཀྱང་སེམས་ཅན་སླུ་བ་སྤངས་པའོ། །སླུ་བ་ནི་འདོད་པའི་དོན་ལ་སྦྱོར་བར་མི་བྱེད་པའོ། །དེའི་དོན་ནི་འདི་ཡིན་ཏེ། སེམས་གཅིག་ཏུ་བསྡུས་པ་ནི་སྲོག་གཅོད་པའོ། །བཙུན་མོ་ལ་ཞུ་བ་མ་ཡིན་པ་ནི་མ་བྱིན་པར་ལེན་པའོ། །རང་གི་རིག་མ་བསྟན་པ་ནི་འདོད་པས་ལོག་པར་གཡེམ་


DTG002_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །སེམས་ཅན་ཐམས་ཅད་བསྒྲལ་བ་ནི་བརྫུན་དུ་སྨྲ་བའོ། །ལས་ངན་པ་ལས་སེམས་ཅན་འབྱེད་པ་ནི་ཕྲ་མའོ། །ཚིག་རྩུབ་མོ་ནི། སྐུ་ནི་མི་གཙང་སྨྱུང་བ་སྟེ། །སྲིད་པ་ངན་པའང་འབྱུང་མི་འགྱུར། །ནམ་མཁའི་དབང་པོའི་གཞུ་འདྲ་བའི། །སྐུ་དང་ལྡན་པར་སྟོན་པའོ། །ཞེས་པའི་བརྩེ་བ་མེད་པའི་ཚིག་གོ །ངག་འཁྱལ་པ་ནི་བཞིན་བཟངས་ལང་ཚོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཡང་དག་པར་བསྔགས་པ་དང༌། བསྟེན་པར་བྱ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱང་རྣམ་པར་དག་པའི་ཡུལ་ལ་ལོངས་སྤྱོད་པར་བསྔགས་པ་ནི་ངག་འཁྱལ་པའོ། །བརྣབ་སེམས་ནི་ཉོན་མོངས་པ་བདེ་བརླག་པར་བྱེད་པའི་སེམས་སོ། །གནོད་སེམས་ནི་བྱ་བ་ངན་པའི་ལས་སེལ་བར་བྱ་བའི་དོན་དུ་སེམས་ཅན་ལ་འཚེ་བ་མེད་པའི་སེམས་སོ། །ལོག་པར་ལྟ་བ་ནི་བརྫུན་པ་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་ན་མ་གྲུབ་པ་ལ་དགེ་བ་དང་མི་དགེ་བ་ལ་སོགས་པ་ཡང་ཀུན་རྫོབ་ཙམ་སྟེ་དོན་དམ་པར་ནི་མ་ཡིན་ནོ་ཞེས་པ་དེ་ལྟ་བུ་དག་ནི་རྣལ་འབྱོར་པས་བྱ་བའོ། །དེས་ན་ཐ་མལ་པ་རྣམས་ནི་བྱ་བ་མ་ཡིན་ཏེ་བྱེད་པར་མི་ནུས་ཤིང་དཀའ་བའི་ཕྱིར་རོ། །སླུ་བས་ཉེས་པ་ཅི་ཡོད་ཅེ་ན། གསུངས་པ། སེམས་ཅན་གནོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པ་དང༌། སེམས་ཅན་ལ་ཕན་པས་ནི་དེ་བཞིན་གཤེགས་པ་ལ་སོགས་པ་སྒྲུབ་པའི་ཐབས་མང་པོས་ནི་བསྒྲུབ་བྱ་ཕྱག་རྒྱ་ཆེན་པོ་འགྲུབ་པའོ། །སེམས་ཅན་ལ་གནོད་པ་གཅིག་པུས་ནི་དངོས་གྲུབ་རྙེད་མི་འགྱུར་ཞེས་དགོངས་སོ། །དེ་སྐད་དུ་ཡང༌། སེམས་ཅན་ལ་ཕན་དབང་གིས་ན། །དངོས་གྲུབ་ཉིད་དུ་བགྲོད་པའོ། །ཞེས་གསུངས་སོ། །དེ་ལ་དམ་ཚིག་བཟའ་བྱ་བ། །ཞེས་པ་ལ། དམ་ཚིག་ནི་མི་འདའ་བས་སོ། །དེ་ལ་ཞེས་པ་ནི་དངོས་གྲུབ་བསྒྲུབ་པ་ལའོ། །དགྱེས་པའི་རྡོ་རྗེ་ཞེས་པ་ནི་དམ་ཚིག་རྣམས་ཇི་སྲིད་དགྱེས་པའི་རྡོ་རྗེར་གསུངས་པ་དེ་སྲིད་རྣམས་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་པས་བསྟེན་ཏོ་ཞེས་རྟོགས་པར་བྱའོ། །དེས་ན་དངོས་གྲུབ་ནི་གདོན་མི་ཟ་བར་ཉེ་བར་འགྱུར་བ་མ་ཡིན་ནོ་ཞེས་གསུངས་པ། དངོས་གྲུབ་ཕྱིར་ཞེས་པའོ། །དམ་


DTG002_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གསུངས་པ་ན་དང་པོ་ཞེས་བྱ་བ་ལ་སོགས་པའོ། །བདུད་རྩི་ལྔ་ཡང་དེ་བཞིན་བཟའ། །ཞེས་པ་ལ། དེ་བཞིན་ནི་ན་དང་པོ་ལ་སོགས་པའི་སྒྲོན་མ་ལྔའི་དམ་ཚིག་བརྗོད་པ་ཉིད་དོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཡང་སྟེ། བདུད་རྩི་རྣམ་པ་ལྔ་དང་མི་ཕྱེད་པའི་དམ་ཚིག་མངོན་པར་བརྗོད་པ་རྣམས་སོ། །དེ་ལ་ནི་དང་པོ་དང༌། རྣམ་པར་སྣང་མཛད་ནི་བྷྲཱུཾ་ཡིག་ལས་སྐྱེས་པའོ། །ག་དང་པོ་དང་མི་བསྐྱོད་པ་ནི་ཧཱུཾ་ཡིག་ལས་བྱུང་བའོ། །དང་པོའི་ཤྭ་དང་རིན་ཆེན་འབྱུང་ལྡན་ནི་ཨཱཾ་ཡིག་ལས་བྱུང་བའོ། །ཧ་དང་པོ་དང་དོན་ཡོད་གྲུབ་པ་ནི་ཁཾ་ཡིག་ལས་བྱུང་བའོ། །མཐའི་ཤྭ་དང༌། སྣང་བ་མཐའ་ཡས་ནི་ཛྲཱྀཾ་ཡིག་ལས་བྱུང་བའོ། །དེ་སྐད་དུ་ཡང་རྡོ་རྗེ་གདན་བཞི་པ་ལས། ལྕགས་ཀྱུ་ཆེན་པོ་ཞེས་བྱ་བ། །ཡེ་ཤེས་ལྡན་པ་འདོད་པའི་ལྷ། །རྡོ་རྗེ་ལྕགས་ཀྱུ་མི་བསྐྱོད་པ། །གནས་པའི་ལྕགས་ཀྱུ་རིན་ཆེན་འབྱུང༌། །དོན་ཡོད་གྲུབ་པ་ལྕགས་ཀྱུ་རྒྱལ། །འོད་དཔག་མེད་པ་ལྕགས་ཀྱུ་གཡོ། །ཞེས་གསུངས་སོ། །རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་ནི་བདུད་རྩི་ལྔ་ལ་བརྗོད་དོ། །བྷྲཱུཾ་དང༌། ཨཱཾ་དང༌། ཛྲཱྀཾ་དང༌། ཁཾ་དང༌། ཧཱུཾ་ཡིག་རྣམས་ལས་རིམ་པ་ཇི་ལྟ་བ་བཞིན་འབྱུང་བའོ། །དེ་བཞིན་བཟའ་ཞེས་པ་ནི་སྦར་བ་དང༌། སྦྱང་བ་ལ་སོགས་པས་བསྒྲུབས་ནས་སོ་སོར་ཉེ་བར་ལོངས་སྤྱོད་པར་བསྟན་ཏོ། །དེ་སྐད་དུ་ཡང༌། ཇི་ལྟར་བདུད་རྩི་ལྔ་བཟའ་བ། །བརྩོན་འགྲུས་ལྔ་ཡང་དེ་བཞིན་བཟའ། །ཞེས་གསུངས་སོ། །གཞན་དག་ནི་གོ་སླའོ། །སྐྱེ་བ་བདུན་པ་མདོར་བསྟན་པའི་བཤད་པ་ནི། སྐྱེ་བ་བདུན་པ་ཞེས་བྱ་བ་ལ་སོགས་པ་སྟེ། དགའ་བྲལ་དགའ་བ་ལ་སྨོད་པ། །ཞེས་པ་ལ་བྲལ་བ་ནི་ཉན་ཐོས་ཀྱི་བྱང་ཆུབ་བོ། །དགའ་བ་ནི་འཁོར་བའོ། །དེ་དག་སུན་འབྱིན་པ་ཞེས་པ་ནི་དགའ་བྲལ་གྱི་དོན་འདིས་སུན་འབྱིན་པ་སྟེ། དེས་ན་དགའ་བྲལ་དགའ་བ་སྨོད་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་སྨད་ནས་མི་གནས་པ་ལ་གནས་སོ་ཞེས་པའི་དོན་ཏོ། །སྐད་སྙན་མིག་དང་ལྡན་པ་ཞེས་པ་ནི་ཡི་གེ་བདུན་གྱི་ཚིག་གོ །དེ་ཡི་ཟོས་པ་ཙམ་གྱིས་ནི། །ཞེས་པ་ནི་ཟོས་པ་ཙམ་གྱིས་སོ། །མཁའ་སྤྱོད་


DTG002_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེས་པ་ལ་སྐད་ཅིག་ཅེས་པ་ནི་དེ་མ་ཐག་ཏུའོ། །དེས་ན་ཤ་ཆེན་ཟོས་པ་ཙམ་གྱིས་མཁའ་སྤྱོད་ཉིད་དུ་སྟེ། སྐྱེ་བ་བདུན་པའི་མཚན་ཉིད་དོ། །ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་གསུངས་པའི་ཐབས་ཀྱི་རིམ་པ་ནི། ཀུ་རུ་ཀུ་ལླེའི་བཤད་ཅེས་པ་སྟེ་ཡི་གེ་བཅུ་པའི་ཚིག་གོ ། བརྟག་པ་བཅུ་གཉིས་ཞེས་པ་ནི་དགྱེས་པའི་རྡོ་རྗེ་བརྟག་པ་བཅུ་གཉིས་པའོ། །སྒྲུབ་ཐབས་གསུངས་པ། ཧྲཱིཿ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ལས་ཡང་དག་པར་བྱུང་བའི་མཚན་དང་ཁ་དོག་མཐུན་པའི་རྣལ་འབྱོར་མ་བཅུ་བཞི་པོས་བསྐོར་བ་ནི་བདག་མེད་མ་དང་འདྲ་ལ་ཁ་དོག་དང་མཚན་མ་ནི་མི་མཐུན་པའོ། །ལྷག་མ་ནི་གོ་སླའོ། །རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ། །ཞེས་པ་ནི་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་སྟེ་འདིར་ཡང་དག་པར་རྟོགས་པ་ཞེས་པའོ། །དེ་ཉིད་རྟོགས་པའི་རྒྱལ་པོ་སྟེ། རྟོག་པ་ནི་གཞུང་དུམ་བུར་བྱས་པའོ། །དེ་ལྟར་ན་རྒྱལ་པོ་ཡང་ཡིན་ཞིང་དེ་བཞིན་དུ་རྟོག་པ་ཡང་ངོ༌། །རྫོགས་སོ་ཞེས་པ་ནི་གཞུང་དང་དོན་ཡང་དག་པར་ལེན་ཅིང་འཛིན་པའམ། མཐར་ཐུག་པའོ། །དཔལ་དགྱེས་པའི་རྡོ་རྗེ་ལེའུ་བཅུ་གཅིག་གི་བདག་ཉིད་ཅན་གྱི་རྣམ་པར་འགྲེལ་པ་ཞེས་བྱ་བ་སྟེ་བརྟག་པ་དང་པོའོ།། །།

བརྟག་པ་གཉིས་པའི་འགྲེལ་པ།

དང་པོ། རབ་ཏུ་གནས་པ་བཤད་པའི་ལེའུ།


DTG002_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་གང་ཡང་ཆོས་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་ཅན་ཏེ། དེའི་ཚེ་ཡང་སོ་སོའི་སྐྱེ་བོ་སེམས་དགའ་བའི་དོན་དུ་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པ་བཤད་པར་བྱེད་པའི་ལེའུ་གསུངས་པ། བཤད་དུ་གསོལ་ཞེས་པ་ལ་སོགས་པ་སྟེ། གསོལ་པ་ནི་རྡོ་རྗེ་སྙིང་པོས་སོ། །རབ་གནས་མཚན་ཉིད་ནི་རང་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞེས་པར་འབྲེལ་ཏོ། །རྡོ་རྗེ་སྙིང་པོ་བདག་ཅེས་པ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །སྙིང་པོ་ནི་དེ་རྣམས་ཀྱི་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ། །བདག་ཉིད་ནི་གང་གི་སྟེ་དེ་བཞིན་དུའོ། །ཐམས་ཅད་ཅེས་པ་ནི་སངས་རྒྱས་ཐམས་ཅད་དོ། །གཅིག་པ་ནི་དབྱེར་མི་ཕྱེད་པ་གང་གི་ལུས་དེ་དག་གོ །དེས་ན་གསོལ་བ་གདབ་པའི་རྗེས་ལ་བསྟན་པ། གསུངས་པ། སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་སྟེ།


DTG002_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་གསུངས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བསྡུས་པར་དཀྱིལ་འཁོར་བཞེངས་སུ་གསོལ་བ་ལྟར་ཞེས་པའོ། །དེ་སྐད་དུ་གསུངས་པར་གྱུར་པས་ནི་བགེགས་བྱུང་བར་གྱུར་ན་བགེགས་གཞོམ་པའི་དོན་དུ་ཉི་མ་གུང་ལ་མངོན་སྤྱོད་ཀྱི་སྦྱིན་སྲེག་བྱ་བའོ། །དུས་གཞན་ལ་འཆད་པར་འགྱུར་བའི་ཞི་བ་ལ་སོགས་པ་བྱས་ལ་ས་སྦྱོང་བ་སྔོན་དུ་འགྲོ་བ་ཅན་གྱི་དཀྱིལ་འཁོར་བཞེངས་པར་བྱའོ། །དེ་སྔོན་དུ་འགྲོ་བ་ཅན་གྱི་རབ་ཏུ་གནས་པ་ནི་སྐུ་གཟུགས་ལ་སོགས་པའོ་ཞེས་པ་སྟེ། དེས་ན་གསུངས་པ། སྲོད་ལ་ཞེས་པ་ལ་སོགས་པ་སྟེ། མཚན་མོའི་དུས་ནི་སྟ་གོན་གྱི་དབང་དུ་བྱས་ནས་སོ། །སྔ་དྲོ་སྐུ་ལ་སོགས་པའི་རབ་ཏུ་གནས་པ་ཞེས་པའོ། །བློ་ལྡན་ནམ་རབ་མཐོང་ཞེས་པ་ནི་རབ་ཏུ་གནས་པ་ཤེས་པའོ། །བསྟན་པ་དང་འཆད་པར་འགྱུར་བའི་ཆོ་ག་ནི་བདག་གིས་དཀྱིལ་འཁོར་གྱི་ཆོ་གར་བྱས་པས་དེར་ཤེས་པར་བྱའོ། །སྔགས་ཀྱི་ཕྱི་རོལ་སོན་ཞེས་པ་ནི་སྔགས་བཟླས་པའོ། །དཀྱིལ་འཁོར་མཆོད་པའི་དོན་དུ་མེ་ཏོག་དབུལ་བའི་སྔགས་ཨོཾ་བཛྲ་པུ་ཥྤེ་ཨཱཿ་ཧཱུཾ་ཞེས་པ་ལ་སོགས་པའོ། །མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་སྔར་བཞིན་པས་ན། གོང་མའི་རྒྱུད་ཀྱི་ཆོ་ག་རིམ་པ་ཞེས་པ་སྟེ། གོང་མའི་རྒྱུད་ཀྱི་སྒྲས་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའོ། །དེར་ཨ་རྒྷཾ་ལ་སོགས་པ་དུང་ཆོས་ལ་སོགས་པའི་ཕྱག་རྒྱས་ཨོཾ་པྲ་བར་ས་ཏྐཱ་ར་ཨ་རྒྷཾ་པྲ་ཏཱི་ཙྪ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་དབུལ་བར་བྱའོ། །ད་ནི་སྦྱིན་སྲེག་གསུངས་པ་ཞི་བ་ཞེས་བྱ་བ་ལ་སོགས་པའོ། །མེ་ལྷའི་མཆོད་ཡོན་ལ་སོགས་པའི་སྔགས་གསུངས་པ། ཨོཾ་ཛཿ་ཧཱུཾ་ཞེས་པ་ལ་སོགས་པའོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས་རབ་ཏུ་གནས་པ་བསྟན་པའི་བརྟག་པ་གཉིས་པའི་ལེའུ་དང་པོའོ།། །།

གཉིས་པ། དངོས་གྲུབ་གཏན་ལ་དབབ་པའི་ལེའུ།


DTG002_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་ལ་རབ་ཏུ་ཞུགས་ཤིང་བསྒོམས་པས་ཀྱང༌། ཅི་དངོས་གྲུབ་ཀྱི་མཚན་མ་མཐོང་བར་འགྱུར་ན་ཡང་དེར་ལྡོག་པ་ལ་ཐེ་ཚོམ་སྐྱེ་བས་དེ་སེལ་བ་དངོས་གྲུབ་གཏན་ལ་དབབ་པའི་ལེའུ་གསུངས་པ། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། །ཞེས་པ་ནི་ཡི་གེ་དགུ་པའི་ཚིག་སྟེ། ཇི་ལྟར་ནམ་མཁའ་ནི་རང་བཞིན་མེད་པ་སྟེ། ཕུང་པོ་ལ་སོགས་པའི་ཆོས་


DTG002_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་རང་བཞིན་མེད་པ་ཡིན་ན་ཇི་ལྟར་སེམས་ཅན་འགྲུབ་ཅེས་པར་འབྲེལ་ཏོ། །ཇི་ལྟ་བུ་ཞེ་ན་གསུངས་པ། རྒྱ་མཚོར་ཀུ་བ་ཇི་ལྟ་བུ། །ཞེས་པ་སྟེ། རྒྱ་མཚོར་ཀུ་བས་འགྲུབ་པར་བྱེད་པ་ནི་ཡོད་པ་མ་ཡིན་ནོ། །ཡང་ན་དེར་གང་གི་ཚེ་འགྲུབ་པ་ཡིན་ན་དེའི་ཚེ། སེམས་ཅན་འདིས་འདོད་པའི་ལྷའི་རྣལ་འབྱོར་རྣམ་པ་ཇི་ལྟ་བུ་ལས་འགྲུབ་ཅེས་དྲིས་པའོ། །དྲིས་པའི་ལན་ནི་དངོས་གྲུབ་འགྲུབ་པའི་ཐབས་བསམ་གྱིས་མི་ཁྱབ་པའི་རྣམ་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་ཅེས་བྱ་བ་ལ་སོགས་པ་འདི་ནི་ཡི་གེ་བདུན་གྱི་ཚིགས་སུ་བཅད་པ་ཕྱེད་དོ། །དེས་ན་བདག་མེད་མའི་རྣལ་འབྱོར་གྱི་བདག་ཉིད་དམ་དཔལ་ཧེ་རུ་ཀའི་རྣལ་འབྱོར་གྱི་བདག་ཉིད་ཀྱིས་རྟག་ཏུ་གནས་པའོ། །དངོས་གྲུབ་འདོད་པས་ཞེས་བྱ་བ་ལ་དངོས་གྲུབ་ནི་ནུས་པ་སྟེ། དེ་འདོད་པའོ། །དང་པོར་རྣལ་འབྱོར་པ་གང་གིས་རང་གི་ཁྱིམ་ལ་སོགས་པར་བསྒོམ་པར་བྱའོ་ཞེས་པས་ན། གསུངས་པ། རང་ཁྱིམ་ཞེས་པའོ། །མཚན་དུས་སུ་ཞེས་པ་ནི་མཚན་མོ་ཉིད་ལ་དངོས་གྲུབ་མང་བར་འགྱུར་བས་སོ། །བདག་ཉིད་གྲུབ་པའི་སེམས་ཀྱིས་ཞེས་པ་ནི་གང་གི་ཕྱིར་བདག་ཉིད་ང་རྒྱལ་སྔོན་དུ་སོང་བས་ཐམས་ཅད་ཀྱི་དངོས་གྲུབ་ཏུ་འགྱུར་བའོ། །དེ་སྐད་དུ་ཡང༌། ཕུང་པོ་བདག་ལས་བྱུང་བ་ཡིས། །གང་ཞིག་འཁོར་བ་འདི་རྣམས་ཀྱི། །བདག་ཉིད་ང་རྒྱལ་སྦྱོར་སངས་རྒྱས། །དེ་ཉིད་སངས་རྒྱས་རང་བཞིན་ནོ། །ཞེས་གསུངས་སོ། །བཟའ་དང་བཏུང་དང་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པ་ནི། གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་མི་གནས་སོ་ཞེས་པ་འདིས་བཤད་པའོ། །རྒྱུན་མི་འཆད་པའི་བཤད་པ་གསུངས་པ། རྐང་པ་འཁྲུད་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དང་པོར་གང་གིས་རང་གི་ཁྱིམ་ལ་སོགས་པར་ཐུན་གསུམ་དང༌། གཞན་པའི་དུས་སུ་ཡང་བསྒོམ་པར་བྱ་སྟེ། འདོད་པའི་ལྷར་ལྷག་པར་མོས་པར་གནས་པར་བྱ་ཞེས་དགོངས་སོ། །དེས་ན་གསུངས་པ་སྐད་ཅིག་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་དོན་དུ་ཞེས་པ་ནི་དངོས་གྲུབ་ནི་ནུས་པའི་དོན་དུའོ། །དངོས་གྲུབ་འདོད་པས་ཞེས་བྱ་བ་


DTG002_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པས་སོ། །བསམ་གཏན་སྡིག་པ་འཇིག་བྱེད་པ། །ཞེས་བྱ་བ་ནི་རང་གི་ཁྱིམ་ལ་སོགས་པ་གང་གིས་དང་པོར་བསམ་གཏན་གྱི་ཐོག་མ་མེད་པ་ནས་གྲུབ་པའི་སྡིག་པ་འཇིག་པར་བྱེད་དོ། །དེ་ནས་སྡིག་པ་མེད་པ་དང༌། ཉོན་མོངས་པ་ཕྲ་བར་གྱུར་པའི་རྗེས་ལ་དུར་ཁྲོད་ལ་སོགས་པར་བསྒོམ་པ་བྱས་པས་དགུག་པ་ལ་སོགས་པའི་ནུས་པ་སྐྱེ་བར་འགྱུར་བའོ། །སྡིག་པ་འཇིག་པ་ཞེས་པ་ཡང་ཇི་ལྟར་ཤེས་ཤེ་ན། གསུངས་པ། དངོས་གྲུབ་ཕྱིར་ཞེས་པ་ལ་སོགས་པ་སྟེ། སྡིག་པ་ཞིག་པ་དང༌། ཉོན་མོངས་པ་ཅུང་ཟད་ཕྲ་བར་འགྱུར་ལ་དེ་ནས་ལེའུ་བརྒྱད་པ་ལས་གསུངས་པའི། དང་པོ་ནག་པོར་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ་དངོས་གྲུབ་ཀྱི་མཚན་མ་དག་ཀྱང་འབྱུང་བ་སྟེ། ཟླ་བ་ཕྱེད་དུ་བསྒོམ་ཞེས་བྱ་བའི་དོན་ཏོ། །ཐབས་གཞན་དང་ཐུན་མོང་མ་ཡིན་པ་གསུངས་པ། ཐབས་གཞན་ཞེས་བྱ་བ་ལ་སོགས་པ་སྟེ། བདག་མེད་མའམ་དཔལ་ཧེ་རུ་ཀའི་སྒོམ་པ་མ་གཏོགས་པར་འཁོར་བར་ཐབས་གཞན་ཡོད་པ་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། གསུངས་པ། རང་གཞན་དོན་ཏེ། འཁོར་བ་ལས་སྒྲོལ་བའོ། །དེས་ན་རབ་སྒྲུབ་ཕྱིར་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེའི་དོན་གྱི་ཐབས་གཞན་ཡོད་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །རིག་མ་ལྷན་ཅིག་གོམས་བྱས་པས། །ཞེས་པ་ནི་རྒྱུད་གཞན་ལས་འཕྲལ་དུ་མངོན་དུ་བྱེད་པར་འགྱུར་བ་མ་ཡིན་ལ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་ཀྱང་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་ཉིད་དུའོ། །དེ་ཡང་སྡིག་པ་འཇོམས་ཤིང་མངོན་དུ་འགྱུར་བ་ནི་བསྐལ་པ་གཅིག་ལ་སོགས་པ་མ་གཏོགས་པར་མི་འབྱུང་ཞེས་པའོ། །དེ་ལ་ལྟོས་ནས་ཟླ་བ་ཕྱེད་དུའམ། ཉི་མ་གཅིག་ནི་ལྷན་ཅིག་ཙམ་ཉིད་དོ། །འཕྲལ་དུའམ་དེ་མ་ཐག་ཅེས་པ་ནི་ཟླ་བ་ཕྱེད་ཀྱི་མཐར་རམ། ཉི་མ་ཕྱེད་ཀྱི་མཐར་ཏེ། ཚེ་འདི་ཉིད་ལ་སངས་རྒྱས་པའམ། རྡོ་རྗེ་འཛིན་པ་ཐོབ་པར་འགྱུར་རོ། །སྡིག་པ་ཞིག་ནས་མངོན་དུ་འགྱུར་བ་གསུངས་པ། འཇིགས་སྨྱོ་ཞེས་བྱ་བ་ལ་སོགས་པ་སྟེ་འཇིགས་པ་ནི་སྐྲག་པར་བྱེད་པའོ། །སྨྱོ་བ་ནི་སེམས་རྣམ་པར་འགྱུར་བའོ། །སྡུག་


DTG002_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་ཞེས་པ་ནི་འབྲས་དང་ཆུ་བུར་ལ་སོགས་པའོ། །མྱ་ངན་ནི་ཡིད་ཀྱི་གདུང་བའོ། །འཚེ་བ་ནི་འཆིང་བ་དང་སྡོམ་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །སོགས་ཀྱི་སྒྲས་ནི་ཕྲ་མ་དང༌། །ངན་རྩུབ་མོ་ལ་སོགས་པའོ། །གཞན་ཡང་སྲིན་པོ་ལ་སོགས་པ་དང༌། རྒྱལ་པོའི་ཆད་པ་ལ་སོགས་པ་ཡང་བྱེད་པའོ། །འདོད་ཆགས་ལ་སོགས་པ་ནི་ཉོན་མོངས་པ་དྲུག་སྟེ། འདོད་ཆགས་ཀྱིས་ཉེ་བར་མཚན་པ་ཉིད་ལས་སོ། །དེ་རྣམས་ཀྱི་སྒྲུབ་པ་པོ་ལ་གནོད་པར་མི་འགྱུར་ཞེས་པ་དེས་ན་གསུངས་པ། སྒྲུབ་པ་པོ་ནི་ཉོན་མོངས། །ཞེས་པ་སྟེ། སྡིག་པ་ཞིག་པ་ཉིད་ཀྱི་ཕྱིར་རོ། །དེས་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་དོན་ཉིད་དུ་བསྐྱེད་པ་སྟེ། ཐ་མལ་གྱི་ལས་ཀྱི་འབྲས་བུའི་རྣམ་པར་སྨིན་པ་ནི་མ་ཡིན་ཏེ། དེའི་རྣམ་པར་དག་པ་ཉིད་ལས་སོ། །ཡང་ན་རྣམ་པར་དག་པ་ལ་གོམས་པའི་ལས་ཀྱིས་འཇིགས་པ་ལ་སོགས་པའི་མཚན་ཉིད་ལ་མངོན་དུ་མཐོང་པ་ནི་འདིར་འབྲས་བུ་ཉེ་བར་སྤྱོད་པར་འགྱུར་བའོ། །ཆོས་ལ་བཟོད་པའི་བསམ་གཏན་དུ་བསྟན་པའི་དོན་དུ་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་པ་ནི་དེ་བཞིན་དུ་ཞེས་པའི་སྒྲའི་དོན་ཏོ། །ཇི་ལྟར་ན་འཇིགས་པ་ལ་སོགས་པ་དང༌། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྒྲིབ་པ་རྣམས་ཀྱིས་གང་མི་གནོད་པ་དེ་བཞིན་དུ་རྣལ་འབྱོར་བ་དེ་ཡང་སྐད་ཅིག་ཙམ་ཡང་དུ་འབོད་ཀྱིས་འཇིགས་པར་ཏེ། ཚ་བ་ལ་སོགས་པའི་དམྱལ་བར་ཇི་ལྟར་སྐྱེ་ཞིང་གནས་ཏེ་མི་གནས་ཞེས་པའི་དོན་ཏོ། །གསུངས་པ། དེ་དག་གིས་ནི་དམྱལ་བ་ལ་སོགས་པར་སྐྱེ་བའི་ལས་དང༌། སྡུག་བསྔལ་དང༌། རྣམ་པར་སྨིན་པའི་སྒྲིབ་པས་མི་གནོད་པའོ། །རྣམ་པར་དག་པ་ཉིད་ནི་ཐམས་ཅད་ཀྱི་བྱེད་པ་མེད་པ་ཅིས་མི་གནས་ཤེ་ན་གསུངས་པ། ངེས་པར་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ།། ཕན་དང་ཞེས་པ་ནི་དེ་དག་གི་དོན་ལ་ཕན་པའོ། །གནོད་པ་ཞེས་པ་ནི་དེ་ལས་བཟློག་པའོ། །དེ་ལྟ་བུའི་འབྲས་བུ་བྱུང་བ་དག་གོ །གང་གི་ཕྱིར་རྣམ་པར་དག་པའི་ལས་ཀྱིས་ནི་ཕན་པའི་འབྲས་བུ་བྱུང་བ་སྟེ། ཐུན་མོངས་དུ་གྱུར་པ་གཅིག་གི་ཚིག་གོ །དེ་ལྟ་བུའི་ལས་ཀྱི་འབྲས་བུ་དེའམ།


DTG002_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་པོ་དེ་དག་གཉིས་ཀ་ལོངས་སྤྱོད་པ་ནི་རང་བཞིན་མེད་པ་ཉིད་དུ་ངེས་པར་ཤེས་ཤིང་རྣམ་པར་དཔྱོད་པ་མི་གནས་པའོ། །གང་གི་ཕྱིར་ཉོན་མོངས་པ་ཟད་པར་འགྱུར་བ་ནི་དེ་ལྟ་བུ་བསམ་པས་སྐྱེས་པའོ། །ཇི་ལྟར་དམྱལ་བར་གནས་པའི་རྣལ་འབྱོར་པ་གནས་ཀྱང་གནས་པ་ཉིད་མ་ཡིན་ནོ་ཞེས་དགག་པ་གསུངས་པ། མཚམས་མེད་ལྔ་ཞེས་པ་ལ་སོགས་པ་ལྔ་ནི་མ་དང༌། ཕ་དང༌། དགྲ་བཅོམ་པ་གསོད་པ་དང༌། དགེ་འདུན་གྱི་དབྱེན་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །མཚམས་མེད་པ་ནི་ཤི་ནས་དམྱལ་བ་ཉིད་དུ་འགྲོ་བ་ཞེས་བརྗོད་དེ། དེས་ན་མཚམས་མེད་པ་ལྔའོ། །དེ་ལྟ་བུའི་ལས་ཀྱི་སྒྲིབ་པ་བྱེད་པ་ནི་སྲོག་གཅོད་པ་ལ་དགའ་བ་སྟེ། དེས་ན་འདིར་ཡན་ལག་རྣམ་པ་ལྔས་སྲོག་གཅོད་པ་སྟོན་ཏོ། །གཞན་ཡང་སྐྱེ་བ་དམན་པ་དང༌། །ཞེས་པ་ནི་སྐྱེ་བའི་སྒྲིབ་པ་དང་ལྡན་པ་ཕ་རོལ་པ་ལ་སོགས་པའོ། །རྨོངས་དང་ཞེས་པ་ནི་ཤེས་བྱའི་སྒྲིབ་པ་དང་ལྡན་པའོ། །མ་རུངས་ལས་བྱེད་ཅེས་པས་ནི་མ་བྱིན་པར་ལེན་པ་ལ་སོགས་པ་ལ་གནོད་པའི་ལས་བྱས་པས་ཡི་དགས་སུའོ། །གཟུགས་ངན་ཡན་ལག་མ་ཚང་བ། །ཞེས་པ་ལ་གཟུགས་ངན་ནི་བལྟ་བར་མི་འོས་པའོ། །ཡན་ལག་མ་ཚང་བ་ནི་མིག་ལ་སོགས་པ་མཚང་བ་སྟེ། གཟུགས་དམན་པར་གྱུར་པ་ཞེས་དགོངས་སོ། །དེ་དག་ཐམས་ཅད་དུ་ཇི་ལྟར་སྐྱེས་པ་ནི་མི་ཁོམ་པ་བརྒྱད་དུ་གནས་པ་སྟེ། དེ་དག་གིས་ཀྱང་ད་མི་བྱེད་པ་སྡོམ་པ་དང༌། ཐབས་ལ་གོམས་པར་བྱས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་པ་དེས་ན་གསུངས་པ། དེ་རྣམས་འགྲུབ་པར་འགྱུར་ཞེས་པའོ། །དགེ་བ་བཅུ་བྱས་པས་འགྲུབ་པར་གསུངས་པ། དགེ་བ་བཅུ་ཞེས་བྱ་བ་ལ་སོགས་པ་སྟེ། བླ་མ་ལ་གུས་ཞེས་བྱ་བ་ནི་ལུས་དང་སྲོག་ཕུལ་ནས་ཀྱང་བླ་མ་བསྟེན་པའོ། །དེ་ལྟ་བུ་ཡང་བླ་མ་བསྙེན་བཀུར་བར་བསྟན་པར་བལྟའོ། །དབང་པོ་དུལ་ཞེས་པ་ནི་དང་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཞེས་རབ་ཀྱི་མཚན་ཉིད་ཀྱི་དབང་པོ་སྟེ། དེས་དུལ་ཞིང་གང་ལྡན་པར་བྱས་པ་དེ་དག་གོ །སྤྱོད་པའི་དུས་རྣམས་པར་གཞག་པའི་དོན་དུ་གསུངས་པ། རྟག་ཏུ་ཞེས་བྱ་བ་ལ་སོགས་


DTG002_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དངོས་གྲུབ་ཅེས་པ་ནི་དགུག་པ་ལ་སོགས་པའི་དངོས་གྲུབ་བོ། །མཉམ་པར་གཞག་པས་ཞེས་པ་ནི་དངོས་གྲུབ་གྱི་བར་ཆད་སེལ་བའོ། །གསང་ལ་སྤྱོད་ཅེས་པ་ནི་ཇི་ལྟར་གྱུར་པའི་གསང་བས་དེ་བཞིན་དུ་སྤྱོད་པའོ། །དངོས་གྲུབ་ནི་གསང་བར་སྤྱོད་པར་གནས་པ་ཞེས་པའི་དོན་ཏོ། །སྔགས་པ་ལ་ཞེས་པ་ལ། ཐབས་ཞེས་རབ་ཅན་གྱི་ཡེ་ཤེས་ནི་སྔགས་སོ། །དེ་རྟག་ཏུ་ཡོད་པས་རྣལ་འབྱོར་པའོ། །དེ་བཞིན་དུ་རྣལ་འབྱོར་མ་ཞེས་པ་ནི་མི་སྣང་བའི་ལྷ་རྣམས་ཀྱིས་སོ། །གནང་བ་རྙེད་ཅེས་པ་ནི་རྨི་ལམ་ལ་སོགས་པར་རོ། །གནང་བ་བྱིན་པ་གསུངས་པ། ཁྱེར་ཞེས་བྱ་བ་ལ་སོགས་པའོ། །ཆེ་གེ་མོ་ཞེས་པ་ནི་རིགས་ལྔའི་ནང་ནས་གང་ཡང་རླུང་བ་གཅིག་གིའོ། །སེམས་ཅན་དོན་གྱིས་ཞེས་པ་ནི་བྱིན་གྱིས་བརླབས་པའི་ཕྱག་རྒྱ་དེ་དང་ལྷན་ཅིག་ཏུ་གནས་ཤིང་ཇི་སྲིད་སྤྱོད་པ་བྱས་པའོ། །དེས་ན་དེ་དག་ནི་རང་དང་འདྲ་བའི་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། དཀྱིལ་འཁོར་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་བྱའོ། །དེས་གྲུབ་པ་དང་ཇི་ལྟར་འདོད་པ་བཞིན་དུ་སེམས་ཅན་གྱི་དོན་བྱེད་ཅེས་པར་འབྲེལ་ཏོ། །དེ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཞེས་བྱ་བར་དགོངས་སོ། །ཡང་ན་གང་གི་ཚེ་ཕྱི་རོལ་གྱི་ཕྱག་རྒྱ་ལ་མ་ལྟོས་པར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པ་ནི་དེའི་ཆོ་དཀྱིལ་འཁོར་ཉིད་འབའ་ཞིག་ཉེ་བར་བསྟན་པ་དེ་ལྟ་བུར་དེའི་བདག་ཉིད་ཀྱི་རྣལ་འབྱོར་པས་རྫོགས་པའོ་ཞེས་པ་ནི་མན་ངག་གོ །རྡོ་རྗེ་འཛིན་ཞེས་པ་ནི་སྤྲུལ་པ་ལ་སོགས་སྐུ་གསུམ་གྱི་རྡོ་རྗེ་གང་གིས་འཛིན་པར་བྱེད་པས་ན་རྡོ་རྗེ་འཆང་ངོ༌། །གང་གི་ཚེ་སྤྲུལ་པ་ལ་སོགས་པའི་སྐུ་རྫོགས་པས་སེམས་ཅན་གྱི་དོན་བྱེད་ཅེས་པའི་དོན་ཏོ། །གང་གི་ཕྱིར་སྤྲུལ་པ་ལ་སོགས་པའི་སྐུ་རྫོགས་པ་ཉིད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉིད་དོ། །སི་ཧླ་ག་བུར་ཞེས་བྱ་བ་ལ་སོགས་པས་ན་ནད་མེད་པ་ཉིད་དུ་རྟོགས་པར་བྱའོ། །བྱང་ཆུབ་སེམས་ཀྱི་ས་བོན་བཅུག་སྟེ་ཞེས་མདོར་བསྟན་པའི་བཤད་པ་ནི་ཕྱག་རྒྱ་ལ་ཆོས་བསྟན་པ་བྱང་ཆུབ་སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང༌། བླ་མ་སངས་རྒྱས་ཕྱག་འཚལ་འདུད། །ཆོས་ལ་ཕྱག་


DTG002_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་སྐྱབས་སུ་མཆི། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་པོ་དག་ལའང་བདག་ཕྱག་འཚལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་བྱ་བས་དཀོན་མཆོག་གསུམ་པོ་དག་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བའོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་དང་། དེ་སྲིད་དེ། སྡིག་པ་ཐམས་ཅད་སོ་སོར་བཤགས། །ཞེས་བྱ་བས་ནི་སྡིག་པ་བཤགས་པའོ། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཞེས་པ་ལ་ནི་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱ་བ་དང༌། བདག་གཞན་དོན་ནི་རང་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པ་བགྱི། །ཞེས་པས་བྱང་ཆུབ་ཀྱི་སེམས་གཟུང་བའི་མཐར་དེ་ལ་དགེ་བ་བཅུ་ལ་སོགས་པའི་ཆོས་བསྟན་པར་བྱའོ་ཞེས་པ་དེས་ན་གསུངས་པ། དགེ་བ་བཅུ་ནས་བརྩམས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །ཞེས་པའོ། །ལྷའི་གཟུགས་ཀྱི་སེམས་དང་ཞེས་པ་ལ། ལྷའི་གཟུགས་ནི་བརྟགས་ཤིང་བསྒོམས་པའི་ལྷའི་གཟུགས། དེའི་སེམས་ཀྱང་དེ་བཞིན་དུའོ། །དམ་ཚིག་ཀྱང་ཞེས་པ་ནི་འདིར་དམ་ཚིག་ནི་སེམས་ཀྱང་གཅིག་པ་ཉིད་ཅེས་ཏེ་ལྷན་ཅིག་སྐྱེས་པའོ། །དེས་ན་རབ་ཏུ་དབྱེ་ཞེས་པ་སྔར་གྱི་བྱ་བར་འབྲེལ་ཏོ། །ཟླ་བ་གཅིག་གིས་ཞེས་པ་ལ། ཟླ་བ་ཡང་ཡིན་ལ་གཅིག་ཀྱང་ཡིན་པའོ། །དུས་དེ་དག་དེ་ཙམ་གྱིས་ཇི་ལྟར་སྣོད་དུ་འགྱུར་ཞེ་ན། གསུངས་པ། མཆོག་ཐོབ་ཅེས་བྱ་བ་ལ་སོགས་པའོ། །དེ་ནི་སྔོན་དུ་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་པ་འཇིག་རྟེན་པའི་རྣམ་པར་རྟོག་པས་སྟོང་པ། ཆོས་ཉིད་ཟབ་མོ་བླ་མ་ལས་རྟོགས་པ་དང༌། དེས་ཆོས་ཤེས་པ་ཡང་ཅུང་ཟད་བསྒྲིབས་པ་བསལ་བར་བྱེད་པའོ་ཞེས་སྟོང་ཏོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱོགས་གཞན་གྱིས་གྲུབ་མཐའ་གསུངས་པའོ། །དེ་ཡང་ཞེས་པ་ལ། ཡང་ནི་ཕྱོགས་གཞན་དུའོ། །དེས་ན་མཆོག་ཐོབ་པའམ། ཡང་ན་བདག་གི་ནུས་པས་བཀུག་ནས་ཁྱེར་ཏེ། སྤྱོད་པ་སྤྱད་དོ་ཞེས་དགོངས་སོ། །སྤྱོད་པ་ཞེས་པ་ནི་སྤྱོད་པའི་ལེའུར་གསུངས་སོ། །བདག་གི་དལ་བ་མངོན་དུ་བྱ་བའི་ཕྱིར་ཞེས་པ་ནི་བརྟན་པ་དང་ལྡན་པའི་ལུང་རིགས་མང་དུ་ཤེས་པ་སྟེ། དེ་ཡིས་དངོས་པོ་མེད་པར་བྱས་ཤིང་རྣམ་པར་དག་པ་དེའི་རིགས་ལྔར་གནས་ཤིང་རྒྱུ་བ་ལ་སོགས་


DTG002_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་དང་ལྡན་པའི་ཕྱོགས་ཡོངས་སུ་མི་གཏོང་བར་བྱའོ། །དེས་ཀྱང་མངོན་དུ་བྱེད་པས་ན་དལ་བ་མངོན་དུའི་ཕྱིར་རོ། །དེས་ན་སྤྱོད་པ་ནི་བསྟན་པ་ཉིད་དུ་བྱེད་པ་སྟེ། དལ་ཞིང་བརྟན་པ་མངོན་དུ་བྱེད་པའི་ཕྱིར་སྤྱོད་པ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པའི་ལུགས་ལས་འདས་པའི་སྤྱོད་པ་བྱེད་པ་མ་ཡིན་ནམ་ཞེ་ན། སྒྲུབ་པ་པོས་འཇིག་རྟེན་ལས་འདས་པ་ཉིད་བསྒྲུབས་ནས་ཕྱིར་མི་ལྡོག་པའི་སེམས་ཀྱིས་འགྲུབ་པར་འགྱུར་བ་ཡིན་གྱི། དེ་མ་ཡིན་ན་ཡང་འཇིག་རྟེན་དུ་འཇུག་པའི་བྱ་བ་ནི་ནུས་པ་མ་ཡིན་ཞེས་པའོ། །སྤྱོད་པ་བྱེད་པ་ཡང་དངོས་གྲུབ་ངེས་པ་ཅན་ཏེ། གང་གི་ཚེ་འདི་ལྟ་བུའི་སྤྱོད་པ་དག་གིས་གྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་འདོད་པའོ་ཞེས་ངེས་པ་སྐྱེ་བར་འགྱུར་ཏེ། དེས་ན་ཡང་དལ་བའམ། བརྟན་པའོ་ཞེས་དགོངས་སོ། །དེ་ལྟ་བུ་སྟོན་པ་གསུངས་པ། སྤྱོད་པ་མིན་ཞེས་བྱ་བ་ལ་སོགས་པ་སྟེ། འཇིགས་པའི་གཟུགས་ཅན་ཞེས་བྱ་བ་ནི་བྱིས་པ་དག་ལ་རབ་ཏུ་འཇིགས་པའི་གཟུགས་ཅན་གྱིས་སོ། །འོ་ན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་དེ་ཇི་ལྟར་བདག་མེད་མའི་རྣལ་འབྱོར་པས་ཕྱག་རྒྱ་དང་བཅས་པ་སྤྱོད་པ། སྤྱད་པའི་དངོས་གྲུབ་བསྒྲུབ་པའི་དུས་སུ་ཤེས་རབ་འབའ་ཞིག་གིས་ཡིན་གྱི་གཉིས་ཀྱི་བདག་ཉིད་ཀྱིས་བྱེད་པ་མ་ཡིན་ནོ་ཞེས་པ། ཕྱག་རྒྱའི་ཁྱད་པར་ཇི་ལྟར་ཞེས་པ་ཡི་གེ་དགུ་པའི་ཚིག་གོ །ཕྱག་རྒྱ་ཇི་ལྟ་བུ་ཞེས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱེད་པ་སྟེ། གཞན་མ་ཡིན་པས་ཇི་ལྟར་བྱེད་ཅེས་པའི་དོན་ཏོ། །དེ་ཉིད་གསུངས་པ། ཕྱག་རྒྱ་ཉིད་ཅེས་བྱ་བ་ལ་སོགས་པའོ། །བུད་མེད་ཅེས་བྱ་བ་ལ་སོགས་པས་ནི་ལན་གསུངས་པའོ། །ནུ་མ་སྤངས་ཞེས་པ་ནི་ནུ་མ་སྤངས་ནས་སོ། །བོ་ལ་འགྱུར་ཞེས་པ་སྟེ། བོ་ལ་ཉིད་དུ་འགྱུར་ཞེས་པའི་དོན་ཏོ། །གང་དུ་གནས་པར་བསྒོམ་ཞེ་ན། གསུངས་པ། ཀ་ཀྐོ་ལ་དབུས་ཞེས་པའོ། །འགྲམ་གཉིས་དྲིལ་བུ་ཞེས་པ་ནི་བོ་ལའི་ངོས་སུ་འབྲས་བུའི་པགས་པར་བསྒོམ་པར་བྱའོ། །དབུས་ཀྱི་ཁྱད་པར་ནི་ཟེ་འབྲུ་བོ་ལ་ཅན་དུ་འགྱུར་ཞེས་པའོ། །ཆོས་འབྱུང་ཉིད་རྡོ་རྗེ་སྟེ་འབྲས་བུ་པགས་པའི་གཟུགས་བརྙན་གྱིས་གནས་སོ་ཞེས་པ་ནི་ལྷག་མའོ། །གསུངས་པ། དེ་དག་གིས་བདག་མེད་


DTG002_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྣལ་འབྱོར་པས་སྤྱོད་པ་བྱེད་པ་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་དུས་དང༌། དངོས་གྲུབ་བསྒྲུབ་པའི་དུས་སུ་རིགས་རྣམ་པ་ལྔའི་ནང་ནས་དེ་བླང་བར་བྱ་སྟེ། བདག་ཉིད་སྐད་ཅིག་ཙམ་གྱིས་འདི་ལྟ་བུའི་སྐྱེས་བུར་བསྒོམས་ནས་སྙོམས་པར་འཇུག་པ་ལས་ལྷན་ཅིག་སྐྱེས་པ་མཚོན་པའམ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་བྱ་ཞེས་པའོ། །ལ་ལ་དག་ནི་གཞུང་འདིས་བུ་མེད་ཉིད་སྤངས་ཏེ་སྐྱེས་བུ་ཉིད་དུ་སྐད་ཅིག་ཙམ་གྱིས་མངོན་དུ་བྱེད་པའི་ནུས་པ་རྙེད་ནས་སྤྱོད་པ་བྱའོ་ཞེས་བྱ་བར་བསྟན་ཏོ། །ལྷག་མ་ཞེས་བྱ་བ་ལ་སོགས་པས་ནི་རྒྱན་དང་སྐུ་མདོག་ལ་སོགས་པ་ཅན་གྱི་ཕྱག་གཉིས་པའི་ཧེ་རུ་ཀ་ཉིད་སྟོན་ཏོ། །ཕྱག་མཚན་ནི་གྲི་གུག་དང་ཐོད་པ་ཉིད་དོ། །གཞན་དུ་ན་བདག་མེད་མ་ཉིད་དུ་འགྲུབ་པར་མི་འགྱུར་རོ་ཞེས་པའོ། །ཡང་ན་བདག་མེད་མའི་རྣལ་འབྱོར་བས་སྤྱོད་པ་མ་བྱས་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབས་པ་དེའི་ཚེ་རྗེས་སུ་མཐུན་པའི་གཟུགས་དང་ལྡན་པའི་བདག་མེད་མར་བསྒོམ་པ་འབའ་ཞིག་གིས་འགྲུབ་ཅེས་པའོ། །བདག་ཉིད་ཆེན་པོ་ཉིད་ཅེས་པ་ནི་མཐུ་ཆེན་པོས་སོ། །དགའ་ཆེན་ཞེས་པ་ནི་ཐོག་མ་མེད་པ་ནས་རོལ་པ་ལ་རབ་ཏུ་འཇུག་པ་ནུ་མ་དང་ཆོས་འབྱུང་སྤངས་པ། རྡོ་རྗེ་དང་འབྲས་བུའི་པགས་པ་གཉིས་དང་ལྡན་པའི་ཧེ་རུ་ཀའི་ལྷག་མའི་གཟུགས་འཛིན་པ་སྐྱེས་བུར་གྱུར་ཅིང་ཐོབ་པས་འགྲུབ་པའོ་ཞེས་གསུངས་པ། ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པའོ། །འདི་ལས་ཞེས་བྱ་བ་ནི་སྤྱོད་པ་བྱས་པ་ལས་སོ། །གསལ་བར་ཞེས་པ་ནི་གསལ་བར་ནུས་པས་ཏེ། འཇིག་རྟེན་པའི་ལུགས་ཉིད་དུ་གསལ་བར་ནུས་པས་སོ། །ཇི་ལྟར་བདག་མེད་མའམ། དཔལ་ཧེ་རུ་ཀའི་རྣམ་པར་བསྒོམ་པར་བྱ་ཞེ་ན། གསུངས་པ། སྐྱེ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བ་ནི་ཕུང་པོའི་རྗེས་སུ་འཛིན་པའོ། །འཇིག་པ་ནི་མི་གནས་པའོ། །དེ་དག་ནི་ཐབས་དང་ཤེས་རབ་གནོད་མི་འགྱུར་བ་སྟེ། ཐབས་དང་ཤེས་རབ་ཀྱིས་དེ་དག་སེལ་ཞེས་པའི་དོན་ཏོ། །གང་ལས་ཤེ་ན། གསུངས་པ། གང་ཕྱིར་ཐབས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གང་འབྱུང་བ་ནི་སྐྱེ་བའོ། །དེ་ཐབས་ཀྱི་སྒྲས་མངོན་པར་བརྗོད་དོ། །འཇིག་ཅེས་པ་ནི་རབ་ཏུ་འཇིག་པ་སྟེ། དེ་ཡང་ཤེས་རབ་ཅེས་པའི་སྒྲས་མངོན་པར་བརྗོད་པའོ། །སྲིད་


DTG002_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེ་བའི་མཐར་བྱེད་པས་ན་སྲིད་མཐར་བྱེད་ཅེས་པ་སྟེ། སྐྱེ་བ་དང་སྲིད་མཐར་བྱེད་ཅེས་པའི་དོན་ཏོ། །དེ་ཡང་སྐྱེ་བ་ནི་ངེས་པ་ཉིད་དུ་མི་འཇིག་པ་མ་ཡིན་པས་འཇིག་པའོ། །འཇིག་ཅིང་མི་འཇིག་པ་མ་ཡིན་པ་ལས་སྐྱེ་བའོ་ཞེས་པ་སྟེ། དེ་དག་ཀྱང་ཕན་ཚུན་དུ་ལྟོས་ནས་འབྱུང་བ་དང་འཇིག་པ་དག་གོ །དེ་དག་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་དག་གིས་འགྲོ་བ་མནན་པ་སྟེ། དེ་ཡང་སྒྱུ་མ་ལྟ་བུའི་རྣམ་པ་ཉིད་ནི་དེ་ཁོ་ན་ཉིད་མ་ཡིན་ཏེ། ཚད་མ་དང་ལུང་གིས་མ་གྲུབ་པའི་ཕྱིར་རོ། །དེ་དག་ནི་སྐྱེ་བ་དང་འཇིག་པ་དག་གི་ཡང་ཆོས་དེ་ལྟ་བུའི་ཆོས་ཅན་གྱི་རྗེས་སུ་བྱེད་ཅིང་བརྗོད་པའོ་ཞེས་པ་དེས་ན་གསུངས་པ། དེས་ན་འདི་ལ་ཞེས་པ་ལ་སོགས་པ་སྟེ། འདི་ལ་ཞེས་པ་ནི་འགྲོ་བ་ལའོ། །ཇི་ལྟར་དེ་དག་ལ་དེ་ཁོ་ན་ཉིད་དུ་མི་གནས་ཤེ་ན། གསུངས་པ། དེ་ཉིད་ལ་ནི་ཆགས་པ་མེད། །ཅེས་པ་སྟེ་ཆགས་པ་མེད་ཅིང་འཇིག་པའི་རྗེས་ལ་ནི་ཆགས་ཤིང་སྐྱེ་བ་སྟེ། རོལ་ཅིང་སྐྱེས་ཞེས་བྱ་བའི་བར་དུའོ། །འཇིག་པའི་དངོས་མེད་ཟད་པ་མེད། །ཅེས་པ་ལ། འཇིག་པ་ནི་རོལ་པ་དང་སྐྱེ་བ་སྟེ། དངོས་པོ་མེད་པས་མི་ཟད་པ། །ཞེས་བྱའོ། །དེ་ཁོ་ན་ཉིད་ཀྱི་བསམ་གཏན་བྱས་ནས་བསྐྱེད་པའི་རིམ་པ་རྣམ་པར་བསྒོམ་པའོ་ཞེས་པ་དེས་ན་གསུངས་པ། བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་ལ། སྤྲོས་པ་ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྒྱས་བཞེས་པའི་དོན་ཏོ། །བརྟུལ་ཞུགས་ཞེས་པ་ནི་མཐའ་གཅིག་ཏུ་ངེས་པ་དང་ལྡན་པའོ། །ཅི་བྱས་ནས་བསྒོམ་ཞེ་ན། གསུངས་པ་སྤྲོས་པ་རྨི་ལམ་ཞེས་བྱ་བ་ལ་སོགས་པའོ། །ཡང་དེས་ཅི་བྱེད་ཅེ་ན། གསུངས་པ། སྤྲོས་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་སྤྲོས་པ་རྣམས་རྨི་ལམ་དང་འདྲ་བས་བསྒོམ་པ་རབ་ཀྱི་མཐར་ཐུག་པའི་བར་དུ་གྱུར་པས་བདག་དང་གཞན་ལ་སོགས་པའི་སྤྲོས་པ་མེད་པར་བྱེད་པ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་མཚན་ཉིད་འཇིག་པའོ། །བར་མའི་སྲིད་པ་ཞེས་བྱ་བ་ནི་འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་དག་གི་བར་དུ་རྐྱེན་ཚོགས་པར་མ་གྱུར་ན་ཞག་བདུན་གྱི་བར་དུ་གནས་པའོ། །སེམས་ཅན་དེ་ནི་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པས་ལྷན་


DTG002_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས་པའི་དགའ་བ་སྟེ། དེ་ལས་མི་གཞན་པའི་དཀྱིལ་འཁོར་ཞེས་པའོ། །དེ་བསྟན་པའི་དོན་དུ་གསུངས་པ། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་རྒྱ་ཆེན་པོ་ནི་ཇི་སྐད་གསུངས་པའི་མཚན་ཉིད་ཅན་གྱི་ཤེས་རབ་བོ། །དབང་ནི་དེ་ཡིས་དབར་བསྐུར་བའོ། །གསུངས་པ། དེ་དག་གིས་ནི་དབང་པོ་གཉིས་སྙོམས་པར་འཇུག་པ་ལས་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་གནས་ཤིང་བརྟན་པར་བྱས་པ་ལས་རྟོགས་པ་ནི་ལྷན་ཅིག་སྐྱེས་པ་སྟེ། དེ་ཉིད་བླ་མའི་མན་ངག་གིས་ངེས་པ་ཉིད་དུ་བྱེད་པ་གང་ཡིན་པ་དེ་ནི་དབང་བསྐུར་བ་བཞི་པའོ། །དེས་ན་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས་ཇི་ལྟར་རྟོགས་པ་ནི་ལྷན་ཅིག་སྐྱེས་པ་སྟེ་དེའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཞེས་པར་འབྲེལ་ཏོ། །དེས་ན་གསུངས་པ། དེའི་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་ཞེས་པ་ནི་དཀྱིལ་འཁོར་རོ། །བྱིན་རླབས་སམ་མཐུ་ནི་ཕུལ་དུ་གྱུར་པར་བྱུང་བ་ལས་སོ། །དེའི་ཞེས་པ་ནི་གསུངས་པ་དེ་དག་གིས་ཏེ། ལྷན་ཅིག་སྐྱེས་པ་ལས་རྣམ་པར་དག་པའི་དཀྱིལ་འཁོར་སྤྲུལ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ལྷན་ཅིག་སྐྱེས་པའི་བདག་ཉིད་ཀྱི་དཀྱིལ་འཁོར་ནི་བདེ་བའི་རང་བཞིན་ལྷན་ཅིག་སྐྱེས་པ་སྟེ། དེ་བས་ན་བདེ་བའི་དཀྱིལ་འཁོར་དག་ནི་དེའི་བདག་ཉིད་དོ་ཞེས་བསྟན་པའི་དོན་དུ་གསུངས་པ། བདེ་བ་ཞེས་པ་ལ་སོགས་པ་སྟེ། ནག་པོ་ལ་སོགས་པ་ནི་བདེ་བ་ཡང་ཡིན་ལ་དཀྱིལ་འཁོར་ཡང་ཡིན་པ་དེས་ན་བདེ་བ་དང་དཀྱིལ་འཁོར་ཐ་དད་པ་མ་ཡིན་པའོ། །དངོས་པོ་ཞེས་པ་ནི་སྐྱེ་བའོ། །དངོས་མེད་ནི་སྐྱེ་བ་མེད་ནི་སྐྱེ་བ་མེད་པའོ། །ལྷག་མ་ནི་གོ་སླའོ། །ད་ནི་མ་འོངས་པའི་སེམས་ཅན་ཐེ་ཚོམ་སྐྱེ་བར་འགྱུར་བ་བསལ་བའི་དོན་དུ་རྡོ་རྗེ་སྙིང་པོས་བསྐྱེད་པའི་རིམ་པ་དགོས་པ་མེད་པའོ་ཞེས་ཞུས་པ་ལ་བསྟན་པའི་དོན་དུ་གསུངས་པ། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། རྫོགས་པའི་རིམ་པའི་རྣལ་འབྱོར་ཞེས་པ་ནི། རྫོགས་པའི་རིམ་པའི་རྣལ་འབྱོར་ཏེ། རིམ་པར་སྦྱོར་བས་སོ། །ཅི་ཞེ་ན་གསུངས་པ། འདི་ཞེས་པ་སྟེ། དེ་ཡང༌། ནམ་མཁའི་ཁམས་ནི་པདྨ་ལ། ཞེས་པ་ལ་སོགས་པ་བརྟག་པ་དང་པོའི་ལེའུ་བརྒྱད་པར་བསྟན་པའི་བཤད་པ་ནི་རྣལ་འབྱོར་པ་འདི་ཡིས་ཡིན་ནོ། །རྫོགས་པ་ཉིད་ཅི་ཞེ་ན། གསུངས་པ། དམ་པའི་


DTG002_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་བརྗོད་ཅེས་པ་སྟེ། ཡི་གེ་དགུ་པའི་ཚིག་གོ །གང་ཡང་བདེ་བ་ཆེན་པོ་ནི་དེའི་བདེ་བ་སྟེ། ཟག་པ་མེད་པ་ཞེས་པའི་དོན་ཏོ། །དེ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེའི་དོན་ནི་འདི་ཡིན་ཏེ། འདི་ནི་སྔར་གསུངས་པའི་རྫོགས་པའི་རིམ་པའི་རྣལ་འབྱོར་གང་ཡིན་པ་དེ་ནི་བདེ་བ་ཆེན་པོར་བསྒྲུབ་པའོ། །གཞན་ཡང་ཁྱད་པར་དུ་གྱུར་པ་འདི་ནི་རྫོགས་པ་བསྒོམ་པ་མེད་པ་སྟེ། རྫོགས་པ་ཞེས་པ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་རོ། །ཅི་ཞིག་འཚལ་ཞེས་བརྗོད་པའི་དོན་དུ་གསུངས་པ། བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ། །ཞེས་པ་སྟེ། བསྐྱེད་པའི་རིམ་པ་ལ་གནས་ཤིང་ངལ་བསོ་བ་ནི། བསྒོམ་པ་དམན་པའི་རིམ་པས་སྒྲུབ་པར་བྱེད་པས་ན་ཅི་ཞིག་བྱ་སྟེ། དེ་བསྒོམས་པས་མི་འགྲུབ་པའི་ཕྱིར་རོ་ཞེས་དགོངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་ལན་ཏེ། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་པ་ནི་དད་པ་ཆེ་བའི་བདག་ཉིད་དོ། །དད་པའི་ཤུགས་ཞེས་པ་ནི་དད་པས་བསྐུལ་བའི་བདག་ཉིད་པས་ན་ཤུགས་ཏེ། དེ་ལྟ་བུ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གཟུགས་ལ་སོགས་པ་ནི་ཡོད་པ་མ་ཡིན་ནོ་ཞེས་སྔར་བརྗོད་པ་ཉིད་དོ། །དེ་ལ་དང་པོར་ནི་སེམས་རབ་ཏུ་དང་བའོ། །དེ་ནས་ནི་ཡིད་ཆེས་པའོ། །དེའི་རྗེས་ལ་མངོན་པར་འདོད་ཅིང་རབ་ཏུ་འཇུག་ཅེས་པའོ། །ཉམས་ཤིང་མི་གནས་ཞེས་པ་ནི། ཉམས་མྱོང་མེད་པར་འཇུག་པ་དག །ཅེས་དགོངས་སོ། །བསྐྱེད་པའི་རིམ་པ་ནི་སྒྱུ་མ་ལྟ་བུ་ཡིན་ལ་དེས་ན་སྒྱུ་མ་ལྟ་བུ་ཉིད་ཀྱིས་རབ་ཏུ་འཇུག་པར་མི་བྱེད་ཅིང་ཐམས་ཅད་དུ་དེ་ལྟ་བུ་འདོར་བ་ནི་ཉམས་ཤིང་མི་གནས་པ་ཉིད་དོ། །དེ་ཡང་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་ཉམས་སུ་མྱོང་བ་དང་རྟོགས་པས་སོ། །དེ་ལྟ་བུ་བསྐྱེད་རིམ་མེད་ན་ལུས་མེད་ལ། དེ་མེད་ན་རྫོགས་པའི་རིམ་པའི་རྣལ་འབྱོར་མེད་ལ། དེ་མེད་ན་བདེ་བ་ཆེན་པོ་རྟོགས་པ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ལུས་ལས་བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས་བདེ་བ་ཉེ་བར་འཐོབ་པའོ། །བདེ་བ་ཡང་ཉམས་སུ་མྱོངས་བའི་ཡུལ་ཡིན་ལ། ཉམས་སུ་མྱོང་བ་ཡང་གཟུགས་ལ་སོགས་པ་ལས་ལོགས་ཤིག་ན་མེད་དོ། །གཟུགས་ལ་སོགས་པའི་བདག་ཉིད་ཀྱང་ལུས་ཏེ། དེས་ན་དེ་དག་མེད་པར་བདེ་བ་ཐོབ་པར་མི་


DTG002_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའོ་ཞེས་པ་ནི་གསུངས་པ། ལུས་ཀྱི་དངོས་མེད་ཅེས་བྱ་བ་ལ་སོགས་པ་སྟེ། བདེ་བ་སྨྲ་བར་མི་ནུས་ཞེས་པ་ནི་ཉམས་སུ་མྱོང་བ་ཙམ་དུ་རྟོགས་པ་ལས། ལྷག་མ་ནི་གོ་སླའོ། །བདེ་བ་ནི་གཟུགས་ལ་སོགས་པ་དེའི་བདག་ཉིད་དུ་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། གང་དང་གང་གི་རང་བཞིན་ཡིན་པ་དེ་ནི་མེད་པར་དམིགས་པར་མི་འགྱུར་ཏེ། ཇི་ལྟར་མེ་ཏོག་མེད་པར་དྲི་མི་དམིགས་པ་བཞིན་ནོ། །གཟུགས་ལ་སོགས་པའི་རང་བཞིན་གྱི་བདེ་བ་ཡང་ངོ་ཞེས་པ་ནི་སྦྱོར་བའོ། །མེ་ཏོག་ལ་གནས་ཞེས་པ་ནི་མེ་ཏོག་དང་འབྲེལ་བའི་དྲི་སྟེ། འབྲེལ་པ་ཡང་འབྲེལ་པའི་ཡུལ་གྱི་རང་བཞིན་ཉིད་དོ། །གཟུགས་ལ་སོགས་པའི་རང་བཞིན་ཡང་བདེ་བའོ་ཞེས་པ་ནི་ཕྱོགས་ཀྱི་ཆོས་ཉེ་བར་བསྡུ་བ་ལ་བློ་བརྟན་པར་བྱ་བའི་དོན་དུ་དཔེར་བྱས་པའོ། །དེ་བཞིན་ཞེས་པ་ལ་སོགས་པ་ནི་ཤིང་མེད་ན་ཤ་པ་མེད་པ་ལྟ་བུ་ཞེས་དགོངས་སོ། །ཇི་ལྟར་བདེ་བ་ཆེན་པོའི་བདག་ཉིད་ནི་འགྲོ་བ་སྟེ། དེ་བཞིན་དུ་བདག་ཉིད་ཀྱང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་པའི་དོན་དུ་གསུངས་པ། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ཞེས་པ་ནི་སྒྱུ་མ་ལྟ་བུའི་དངོས་པོར་དམིགས་པའོ། །དངོས་པོ་མེད་ཅེས་པ་ནི་རང་བཞིན་མེད་པ་ཉིད་ལས་སོ། །དངོས་པོ་རྟོགས་ཕྱིར་སངས་རྒྱས། །ཞེས་པ་ནི་སྟོང་པ་ལ་སོགས་པའི་རང་བཞིན་གྱིས་རྟོགས་པ་ལས་སོ། །རྨོངས་པ་ཞས་པ་ནི་ཤེས་བྱའི་སྒྲིབ་པས་གཡོགས་པའོ། །ལེ་ལོ་ཅན་ཞེས་པ་ནི་གཟུང་བ་ལ་སོགས་པར་འཛིན་པ་ལ་འདུག་པས་སྙོམ་ལས་ཏེ། དེ་དག་གི་ངོ་བོའོ། །དེས་ན་ལེ་ལོས་བསྣུན་པ་དང༌། །ཞེས་པ་དང༌། དེས་ཀྱང་མི་ཤེས་ཞེས་སྔར་གྱི་དང་འབྲེལ་ཏོ། །བདེ་བ་ཅན་དུ་ཞུགས་ཞེས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་རང་བཞིན་ཉིད་ཀྱིས་སོ། །རྡོ་རྗེ་བཙུན་མོའི་བྷ་ག་བཟང༌། །ཞེས་པ་ནི་རྣམ་པར་དག་པ་འདི་ཉིད་ལས་སོ། །ཨེ་ཡི་རྣམ་པའི་ཆ་བྱད་གཟུགས། །ཞེས་པ་ནི་སྐུ་ལ་སོགས་པའི་རང་བཞིན་གྱིས་གྲུ་གསུམ་གྱི་རྣམ་པ་ཉིད་དོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་པ་ནི་མཆོག་ཏུ་ཟད་པ་མེད་པ་བདེ་བ་ཆེན་པོའི་རང་བཞིན་གྱི་དགའ་བས་རྒྱས་པ་ཞེས་པ་སྟེ། རིན་པོ་ཆེ་ནི་རྙེད་པར་དཀའ་བས་སོ། །སངས་རྒྱས་ཀྱང་ཡིན་


DTG002_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རིན་པོ་ཆེ་ཡང་ཡིན་པས་སངས་རྒྱས་རིན་ཆེན་ནོ། །དེ་རྣམས་ཀྱི་ཟ་མ་ཏོག་ནི་གནས་གཞི་སྟེ། གང་གི་ཕྱིར་ནི་ནམ་མཁའི་དབུས་ཀྱི་གཞལ་ཡས་ཁང་དུ་ཇི་ལྟར་གནས་པའི་ཧེ་རུ་ཀ་ལ་སོགས་པའི་གཟུགས་འཛིན་ཅིང་གནས་པར་བྱེད་པས་སོ། །འཆད་པ་ང་ཞེས་པ་ནི་གཞལ་ཡས་ཁང་དེར་གནས་ཏེ་འཆད་དོ། །ཆོས་ཀྱང་ང་ཞེས་པ་ནི་གསུང་རབ་ཡན་ལག་དགུ་སྟེ། དེ་ལ་མདོ་སྡེ་ནི་དོན་མངའ་པོ་སྟོན་པར་བྱེད་པའོ། །དབྱངས་ཀྱིས་བསྙད་པ་ནི་གང་ཚིག་གིས་དོན་བརྗོད་པའི་མཐར་གླུས་འཇུག་ཅིང་ཚིགས་སུ་བཅད་པ་བླངས་པས་རྟོགས་པ་མང་དུ་འཕལ་བ་དེའོ། །ལུང་དུ་བསྟན་པ་ནི་གང་དྲང་བའི་དོན་གྱི་མདོ་སྡེ་དག་ལས་གང་དུ་མ་འོངས་པའི་དོན་འབྱུང་བ་ལ་སོགས་པའི་སྒོས་ལུང་སྟོན་པར་བྱེད་པ་དེ་དག་གོ །ཚིགས་སུ་བཅད་པའི་སྡེ་ནི་ངེས་པའི་དོན་གྱི་སྡེ་ཡིས་བརྗོད་པའི་དོན་གསལ་བར་བྱེད་པ་སྟེ་ཚིགས་གཉིས་ལ་སོགས་པ་ནས་ཚིགས་སུ་བཅད་པ་དྲུག་གི་བར་དུའོ། །ཆེད་དུ་བརྗོད་པའི་སྡེ་ནི་འདུལ་བའི་བསམ་པས་དྲིས་པའི་དོན་ཀུན་བརྗོད་པ་ནི་མིང་མཆོག་ཏུ་གྱུར་པ་མིང་དུ་ཡིད་ལ་བྱས་ཏེ་བརྗོད་པའོ། །གླེང་གཞིའི་སྡེ་ནི་ངེས་པར་བྱེད་པའི་གསུང་དང༌། ཡུལ་དང༌། དུས་ལ་སོགས་པའི་སོ་སོར་ངེས་པར་བརྗོད་པའོ། །རྟོགས་པ་བརྗོད་པ་ནི་རྟོགས་པ་འདི་དག་གིས་ངེས་པར་བྱེད་པ་དག་ལས་དཔེས་མཐུན་པའི་དོན་སྟོན་པ་དག་གོ །དེ་ལྟ་བུ་བྱུང་བའི་སྡེ་ནི་སྔོན་གྱི་བྱུང་ཚུལ་བརྗོད་པའོ། །སྐྱེས་པ་རབས་ཀྱི་སྡེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་གནས་སྐབས་བརྗོད་པ་དག་གོ ། ཤིན་ཏུ་རྒྱས་པའི་སྡེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་མེད་པ་གཉིས་བརྗོད་པ་དང༌། བདེན་པ་རྣམ་པ་གཉིས་རབ་ཏུ་གསལ་ཞིང་རྒྱས་པ་དག་གོ །ཆོས་རྨད་དུ་བྱུང་བའི་སྡེ་ནི་ཆོ་འཕྲུལ་ཆེན་པོ་སྟོན་པ་རྣམས་སོ། །གཏན་ལ་ཕབ་པ་བསྟན་པའི་སྡེ་ནི་བཤད་པ་རབ་ཏུ་གསང་བར་བྱེད་པའོ། །དེ་ལ་འཕགས་པའི་དགེ་འདུན་པ་ལ་ཆེན་གྱི་སྡེ་པ་རྣམས་ཀྱི་འདོད་པ་ནི་གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པ་དང༌། གཏན་ལ་ཕབ་པའི་མིང་དུ་བྱས་པའི་ཡན་ལག་གསུམ་མདོ་སྡེ་ལ་སོགས་པའི་ནང་དུ་གཏོགས་སོ་ཞེས་པས་ན་འདིར་ཡན་ལག་བཅུ་གཉིས་སམ། ཡན་


DTG002_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དགུའི་ཆོས་ཏེ། དེ་དག་ཏུ་རྟོགས་པའི་རང་བཞིན་ཡང་ང་ཡིན་པ་སྟེ། ཆོས་ཀྱི་སྐུའི་རང་བཞིན་ཞེས་པའི་དོན་ཏོ། །ཉམ་པ་དང་ཞེས་པ་ནི་དེ་ལྟ་བུའི་ཆོས་ཉན་པའོ། །རང་གི་ཚོགས་ལྡན་ཞེས་པ་ནི་སྐལ་བ་དང་ལྡན་པའི་འཁོར་ལོ་བསྟེན་པའོ། །འདིས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་དུ་སྟོན་ཏོ། །ཆོས་ལ་གོམས་པས་སྒྲུབ་པའི་རང་བཞིན་ཉིད་དུ་གསུངས་པ་བསྒྲུབ་བྱ་ཞེས་པ་སྟེ། དེ་ཡང་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་མཆོག་ཏུ་གྱུར་པ་ནི་ཟག་པ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ཉིད་ལས་སོ། །འགྲོ་བའི་སྟོན་པ་ཞེས་པ་ནི་སྣ་ཚོགས་སུ་སྤྲུལ་པས་འགྲོ་བ་རྗེས་སུ་འཛིན་པའོ་ཞེས་པ་འདིས་སོ། །དེས་ནི་སྤྲུལ་པའི་སྐུའི་རང་བཞིན་དུ་བསྟན་ཏོ། །འཇིག་རྟེན་ཞེས་པ་ནི་རིགས་ཅན་དང་རིགས་ཅན་མ་ཡིན་པར་གནས་པའོ། །འཇིག་རྟེན་པ་ཞེས་བྱ་བ་ནི་རིགས་ཅན་དང་རིགས་ཅན་མ་ཡིན་པ་ལ་སོགས་པའི་ཐ་སྙད་ཀྱི་ལུགས་སོ། །ཡང་ན་འཇིག་རྟེན་ནི་བསྐྱེད་པའི་རྗེས་སུ་འཇུག་ཅིང་བརྟེན་པའོ། །འཇིག་རྟེན་པ་ནི་དེའི་ཆོས་སྐྱེ་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ལྷན་ཅིག་སྐྱེས་དགའི་ངོ་བོ་ང༌། །ཞེས་པ་ནི་ལྷན་ཅིག་པ་ཉིད་སྤྲོས་པ་འདི་ལྟ་བུའི་དང་ཚུལ་ཅན་ནོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། གསུངས་པ། དགའ་བྲལ་ངེས་པར་རྫོགས་པའོ་ཞེས་པའོ། །རྫོགས་པ་ནི་གཡེང་པ་མེད་པ་དང༌། ཕུན་སུམ་ཚོགས་པ་དང༌། ཇི་སྲིད་གང་པའི་མཐར་ཐུག་པའི་བར་དུའོ། །དེས་ན་དགའ་བྲལ་ལས་གང་ཞིག་རྫོགས་པ་ནི་ལྷན་ཅིག་སྐྱེས་པ་དགེ་བར་གྱུར་པ་ནི་ང་ཡིན་ནོ་ཞེས་དགོངས་སོ། །ཡང་ན་འདི་ལྟར་རྫོགས་པའི་བར་དུ་བཀག་པ་སྟེ། བར་རམ་ནང་དུ་ཆུད་ཅེས་བརྗོད་དོ། །གླེགས་བམ་ལ་ལར་ནི། མཆོག་མཐའ་དགའ་བྲལ་དང་པོར་ནི། །ཞེས་པའི་ཚིག་གོ །དེ་ལྟ་བུའི་བཤད་པས་ནི་རང་བཞིན་ཇི་ལྟ་བུར་བྱེད་ཅེ་ན། གསུངས་པ། དགའ་བྲལ་དང་པོ་ཞེས་པ་སྟེ། དགའ་བྲལ་ཡང་ཡིན་ལ་དང་པོ་ཡང་ཡིན་པས་དགའ་བྲལ་དང་པོ་སྟེ། དགའ་བྲལ་དེ་དང་པོར་བྱས་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་ནི་ང་ཡིན་ནོ་ཞེས་དགོངས་སོ། །དགའ་བྲལ་དང་པོ་དེས་ཅིར་འགྱུར་ཞེ་ན། གསུངས་པ། མཆོག་མཐའ་ཞེས་པ་སྟེ་མཆོག་དགའི་མཐར་ཐུག་པའོ། །གཉིས་


DTG002_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་མཐོང་བས་འདིར་བྱའོ་ཞེས་པ་བླང་པར་བྱའོ། །ཡང་ན་འདི་ལྟར་སྦྱར་བར་བྱ་སྟེ། གང་གི་རང་བཞིན་ཉིད་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ཅི་ཞེ་ན་གསུངས་པ། མཆོག་མཐའ་དགའ་བྲལ་དང་པོ་ཞེས་པ་སྟེ། དགའ་བྲལ་གྱི་ཕ་རོལ་དུའོ། །མཐའ་ཡང་མཐར་གྱུར་པས་ན་མཐའ་སྟེ་དགའ་བྲལ་ཉིད་ཀྱི་མཐོའོ། ཅི་ཞེ་ན་གསུངས་པ། དགའ་བྲལ་དང་པོ་ཞེས་པ་སྟེ། གང་གི་དགའ་བྲལ་དང་པོ་ཅན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །གླེགས་བམ་ལ་ལར། མཆོག་མཐའ་དགའ་བྲལ་དང་པོ་ཅན། །ཞེས་པའི་ཚིག་སྟེ་ཡི་གེ་བཅུའི་ཚིག་གོ །དེ་ཡང་མཆོག་ཅེས་པ་ནི་མཆོག་དགའི་ཡེ་ཤེས་སོ། །དགའ་བ་ཞེས་པ་ནི་དང་པོར་དགའ་བའི་ཡེ་ཤེས་སོ། །བྲལ་བ་ཞེས་པ་ནི་དགའ་བྲལ་གྱི་ཡེ་ཤེས་ཏེ། དེ་དག་གི་རང་བཞིན་ནི་ང་ཡིན་ནོ་ཞེས་པ་ནི་ལྷག་མའོ། །ད་ནི་བདག་གི་ཡེ་ཤེས་ཀྱི་རང་བཞིན་གསུངས་པ། དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་ཞེས་པ་ནི་ཀུན་བསྡུས་པ་ཡང་ང་ཡིན་ཞེས་པ་སྟེ། གང་དངོས་པོའི་དེ་ཁོ་ན་ཉིད་ཕུལ་དུ་བྱུང་བར་ཤེས་པ་སྟེ། དེ་རྐྱེན་གྱིས་ཁྱད་པར་དུ་ཤེས་པའོ། །ཅི་འདྲ་ཞེས་གསུངས་པ། མུན་པ་ལ་ནི་མར་མེ་ལྟར། །ཞེས་པ་སྟེ། ཇི་ལྟར་མར་མེའི་རང་བཞིན་རབ་ཏུ་གསལ་བར་བྱེད་ཅིང་མུན་པ་ཡང་སེལ་བ་དང༌། དངོས་པོ་དག་ཀྱང་རབ་ཏུ་གསལ་བར་བྱེད་དོ། །དེ་བཞིན་དུ་འཕགས་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ཀྱང་རང་བཞིན་གསལ་ཞིང་ཤེས་བྱའི་སྒྲིབ་པའི་རབ་རིབ་སེལ་བ་དང༌། འཕགས་པའི་སྤྱོད་ཡུལ་གྱི་དངོས་པོ་དག་ཀྱང་རང་བཞིན་གྱིས་གསལ་བར་བྱེད་དོ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་ཞིང་མུ་ཁྱུད་ཅན་ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པའོ། །ཕྱག་དག་གི་མཐིལ་མཉམ་ཞིང་ས་ལ་རེག་པ་བསྐུམ་པ་མ་ཡིན་པ་ཉིད་དོ། །ཞབས་དག་ཀྱང་ལེགས་པར་གནས་པ་ནི་ཕྱག་གི་མཐིལ་བཞིན་ནོ། །ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་པས་ཕྱག་དང་ཞབས་དྲ་བར་འབྲེལ་བའོ། །ཕྱག་དང་ཞབས་ཤིང་བལ་ལྟར་གཞོན་ཞིང་མཉེན་པས་ཕྱག་ཞབས་མཉེན་པའོ། །ཕྱག་དང་ཞབས་རྒྱས་པ་དང་སྤྱི་གཙུག་མཐོ་ཞིང་མགུར་ལྷུན་མཐོ་བས་བདུན་མཐོ་བའོ། །ཕྱག་དང་ཞབས་ཀྱི་སོར་མོ་རིང་བས་སོར་མོ་རིང་བའོ། །རྟིང་པ་རིང་བས་རྟིང་པ་ཡངས་པའོ། །སྐུ་མདུན་དུ་


DTG002_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཤིང་དྲང་བས་སྐུ་ཆེ་ཞིང་དྲང་བའོ། །ལོང་བུ་མཛེས་པར་ནུབ་པས་ཞབས་ལེགས་པར་མཐོ་བའོ། །སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བས་ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བའོ། །བྱིན་པ་ཆགས་པ་དང་བཅས་པ་རི་དགས་ཨེ་ན་ཡ་ལྟར་མཛེས་པས་བྱིན་པ་རི་དགས་ཨེ་ན་ཡ་ལྟར་རིམ་གྱིས་གཞོལ་བའོ། །བྲལ་མཉམ་ཞིང་དཔུང་མགོ་མཉམ་པ་དེའི་ཕྱག་མཐིལ་གཉིས་ཀྱིས་བུས་མོའི་ལྷང་ས་ལ་རེག་པས་ཕྱག་གིས་བརླ་སླེབས་པའོ། །གླང་པོ་དང་རྟ་ཅང་ཞེས་ལྟར་གསང་བའི་གནས་ཤིན་ཏུ་མཛེས་པར་སྦུ་པས་སུ་ནུབ་པའོ། །པགས་པ་མདོག་བཟང་པོ་དང་ལྡན་པས་གསེར་གྱི་མདོག་ལྟ་བུའོ། །གསེར་དངུལ་ཤིན་ཏུ་སྦྱངས་པ་ལྟར་པགས་པ་སྙོམས་ཤིང་སྐུ་ལ་རྡུལ་གྱིས་མི་གོས་པས་མདོག་འཇམ་པའོ། །བ་སྤུའི་ཁུང་བུ་རེ་རེ་ནས་སྐྱེས་ཤིང་གཉིས་སུ་མེད་པས་ཁུང་བུ་རེ་རེའོ། །འོད་གསལ་བའི་མཛོད་སྤུ་སྨིན་མཚམས་ཤིན་ཏུ་རྒྱས་པས་ཞལ་མཛོད་སྤུས་བརྒྱན་པའོ། །སྐུའི་སྟོད་ཆེ་བས་སྐུ་སེང་གེའི་རོ་སྟོད་དོ། །མགུལ་ལེགས་ཤིང་ལྷུན་ཟླུམ་པས་ཕྲག་པའི་ལྷུན་མཛེས་པའོ། །གསེར་གྱི་གཏན་པ་ཕྱིས་པ་ལྟར་ཕྲག་སོ་ལེགས་པར་གྲུབ་པས་ཕྲག་སོ་ཤིན་ཏུ་རྒྱས་པའོ། །རླུང་དང་མཁྲིས་པ་དང་བད་ཀན་གྱིས་མ་ཉམས་ཤིང་རྣམ་པར་ཤེས་པ་འདྲ་བ་མེད་པས་རོ་བྲོ་བའི་མཆོག་གོ །འོད་མ་དུ་མཉམ་ཞིང་ཚད་དུ་མཉམ་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའོ། །སྤྱི་གཙུག་ཟླུམ་ཞིང་ལེགས་ལ་གཡས་ཕྱོགས་སུ་འཁྱིལ་བའི་དབུ་དང་ལྡན་ཞིང་ལེགས་པར་གྲུབ་པས་དབུ་གཙུག་ཏོར་དང་ལྡན་པའོ། །ཨུ་དཔལ་དམར་པོའི་འདབ་མའི་ཁ་དོག་ལྟ་བུ་དང་ལྡན་པས་ལྗགས་ཡངས་ཤིང་སྲབ་པའོ། །བྱ་ཀ་ལ་པི་དྷའི་གསུང་མངའ་བས་ཚངས་པའི་དབྱངས་སོ། །འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་ལེགས་པར་གྲུབ་ཅིང་མཛེས་པར་སྐྱེས་ཏེ་ཡིད་དུ་འོང་བས་སེང་གེའི་འགྲམ་པ་ལྟ་བུའོ། །མེ་ཏོག་ཀུ་ནྡ་དང་ཟླ་བ་ལྟར་ཤིན་ཏུ་དཀའ་བའི་ཚོམས་མངའ་བས་ཚེམས་ཤིན་ཏུ་དཀར་བའོ། །ཚོམས་མཐོ་དམན་མེད་པས་ཚོམས་མཉམ་པའོ། །ཚོམས་ལ་བར་མཚམས་མེད་པས་ཚོམས་ཐགས་བཟང་བའོ། །བླ་འོག་གྱེ་གུ་མེད་པས་ཚོམས་མཉམ་ཞིང་བཞི་བཅུ་


DTG002_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བའོ། །དཀར་ནག་ཆ་མ་འདྲེས་ལ་མ་ཉམས་ཤིང་མདོག་དམར་པོས་མ་གཡོགས་པས་སྤྱན་དཀར་ནག་འབྱེས་པའོ། །རྫི་མ་བླ་འོག་ཤིན་ཏུ་ལེགས་པར་གནས་ལ་མ་འཛིངས་པས་བའི་རྫི་མ་ལྟ་བུའོ་ཞེས་བྱ་བ་དག་སྟེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་རྟག་ཏུ་ལྡན་པ་གང་ཡིན་པ་དེ་དག་ནི་སྟོན་པའི་མཚན་ཉིད་དང་ལྡན་པའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་མངོན་པར་འདུ་བྱ་བ་ཐམས་ཅད་ལ་སེམས་ཆགས་པ་དང་བྲལ་བས་སེན་མོ་ཟངས་ཀྱི་མདོག་ཏུ་འདུག་པ་ཡིན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཐུགས་མངའ་བས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྟེ་སེན་མོའི་མདོག་སྣུམ་པ་ཡིན། རིགས་དང་རྒྱུད་མཐོ་བ་དང་ལྡན་པས་སེན་མོ་མཐོ་བ་ཡིན། ཁ་ན་མ་ཐོ་བ་མི་མངའ་བས་སོར་མོ་ཟླུམ་པ་ཡིན། དགེ་བའི་རྩ་བ་ཤིན་ཏུ་ཚོགས་པས་སོར་མོ་རྒྱས་པ་ཡིན། དགེ་བའི་རྩ་བ་རིམ་གྱིས་བསགས་པས་སོར་མོ་རིམ་གྱིས་གཞོལ་བ་ཡིན། སྐུ་ལ་སོགས་པའི་ཕྲ་ནི་ལས་དང་འཚོ་བ་ཤིན་ཏུ་དབེན་པས་རྩ་མི་མངོན་པ་ཡིན། ཉོན་མོངས་པའི་མདུད་པ་གྲོལ་བས་ན་རྩ་མདུད་པ་མེད་པ་ཡིན། ཤིན་ཏུ་གསལ་བའི་ཆོས་མངའ་བས་ན་ལོང་བུ་མི་མངོན་པ་ཡིན། མི་མཉམ་པ་ཐམས་ཅད་ལས་སྒྲོལ་བས་ན་ཞབས་མི་མཉམ་པ་མེད་པ་ཡིན། མིའི་སེང་གེ་ཡིན་པས་ན་སེང་གེའི་སྟབས་སུ་བཞུད་པ་ཡིན། གླང་པོ་དགུའི་སྟོབས་དང་ལྡན་པས་ན་གླང་པོའི་སྟབས་སུ་བཞུད་པ་ཡིན། ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་གཤེགས་པས་ངང་པའི་སྟབས་སུ་བཞུད་པ་ཡིན། མིའི་ཁྱུ་མཆོག་ཡིན་པས་ཁྱུ་མཆོག་གི་སྟབས་སུ་བཞུད་པ་ཡིན། རྗེས་སུ་མཐུན་པའི་ལམ་མངའ་བས་གཡས་ཕྱོགས་སུ་བཞུད་པ་ཡིན། བལྟ་ན་མཛེས་པས་ན་མཛེས་པར་བཞུད་པ་ཡིན། རྟག་ཏུ་ཐུགས་ཡོན་པོ་མི་མངའ་བས་མི་ཡོ་བར་བཞུད་པ་ཡིན། ཚུལ་རྣམ་པར་དག་པའི་ཡོན་ཏན་སྟོན་པས་སྐུ་ལེགས་པ་ཡིན། སྡིག་པའི་ཆོས་རྣམས་ཤིན་ཏུ་སྦྱངས་པས་ན་སྐུ་ཤིན་ཏུ་སྦྱངས་པ་ཡིན། ཆོས་རིམ་གྱིས་སྟོན་པས་ན་སྐུ་རིམ་གྱིས་གཞོལ་བ་ཡིན། སྐུ་ལ་སོགས་པ་གཙང་བ་དང་ལྡན་པས་སྐུ་ཤིན་ཏུ་གཙང་བ་ཡིན། རང་བཞིན་གྱིས་ཐུགས་


DTG002_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པ་དང་ལྡན་པས་སྐུ་ཤིན་ཏུ་འཇམ་པ་ཡིན། རང་བཞིན་གྱིས་ཐུགས་འཇམ་པས་སྐུ་ཤིན་ཏུ་རྣམ་པར་དག་པ་ཡིན། ཆོས་དང་འདུལ་བ་ཤིན་ཏུ་རྫོགས་པས་ན་སྐུ་ཤིན་ཏུ་རྫོགས་པ་ཡིན། ཡོན་ཏན་རྫོགས་ཤིང་བཟང་བ་སྟོན་པས་ན་སྐུ་ཆེ་ཞིང་མཛེས་པ་ཡིན། སེམས་ཅན་ཐམས་ཅད་ལ་མཉམ་པའི་ཐུགས་མངའ་བས་སྐུ་ལེགས་པར་མངའ་བ་ཡིན། ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པས་སྤྱན་ཤིན་ཏུ་རྣམ་པར་དག་པ་ཡིན། ཤིན་ཏུ་འཇམ་པའི་ཆོས་སྟོན་པས་ན་སྐུ་ཤིན་ཏུ་གཞོན་པ་ཡིན། ཐུགས་རྟག་ཏུ་ཞུམ་པ་མི་མངའ་བས་ན་སྐུ་ཞུམ་པ་མེད་པ་ཡིན། སེམས་ཅན་ཐམས་ཅད་ལ་མཉན་པའི་ཐུགས་མངའ་བས་དགེ་བའི་རྩ་བ་རྫོགས་པས་ན་སྐུ་ཤིན་ཏུ་རྒྱས་པ་ཡིན། སྲིད་པ་བཅོམ་ཞིང་ཟད་པས་སྐུ་ཤིན་ཏུ་མཁྲེགས་པ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་ཉིང་ལག་ལེགས་པར་སྟོན་པས་ན་ཡན་ལག་དང་ཉིང་ལག་སོ་སོར་མཛེས་པ་ཡིན། ཤིན་ཏུ་རྣམ་པར་དག་པར་གཟིགས་པས་ན་སྣང་བ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཡིན། གཞི་ཚུལ་དང་ལྡན་པའི་སློབ་མ་མངའ་བས་ན་དཀུ་སྐབས་ཟླུམ་པ་ཡིན། འཁོར་བའི་ཉེས་པ་ཐམས་ཅད་སྦྱངས་པས་ན་དཀུ་སྐབས་བྱང་བ་ཡིན། ང་རྒྱལ་གྱི་རི་བོ་བཅོམ་པས་ན་དཀུ་སྐབས་མ་ཞོམ་པ་ཡིན། ཆོས་ཟད་པར་རྣམ་པར་བཟློག་པས་ཕྱལ་ཕྱད་དེ་བ་ཡིན། ཆོས་ཟབ་མོ་ཐུགས་སུ་ཆུད་པས་ལྟེ་བ་ཟབ་པ་ཡིན། མཐུན་པར་འཛིན་པའི་སློབ་མ་མངའ་བས་ལྟེ་བ་གཡས་སུ་འཁྱིལ་བ་ཡིན། སློབ་མ་ཀུན་ནས་མཛེས་པའི་དགེ་འདུན་མངའ་བས་ཀུན་ནས་མཛེས་པ་ཡིན། ཐུགས་ཤིན་ཏུ་གཙང་བའི་མཆོག་དང་ལྡན་པས་ཀུན་ནས་སྤྱོད་པ་གཙང་བ་ཡིན། ཆོས་ནག་པོ་སྟོན་པ་དང་བྲལ་བའི་ཆོས་འདུལ་བ་མངའ་བས་སྐུལ་ལ་སྨེ་བ་མེད་པ་ཡིན། ཤིང་བལ་ལྟར་རབ་ཏུ་ཡང་བ་ཐོབ་པའི་ཆོས་སྟོན་པས་ཕྱག་ཤིང་བལ་ལྟར་འཇམ་པ་ཡིན། སྐྱེ་བོ་ལ་བྱམས་ཤིང་དགེ་སྦྱོང་ཆེན་པོ་མཉེས་པས་ཕྱག་གི་རི་མོ་སྣུམ་པ་ཡིན། མཆོག་ཏུ་ཟབ་ཅིང་བརྟན་པར་བཞུགས་པས་ཕྱག་གི་རི་མོ་ཟབ་པ་ཡིན། །བཟོད་པའི་ཆོས་ཡངས་པ་སྟོན་པས་ཕྱག་གི་སོར་མོ་རིང་བ་ཡིན། བསླབ་པའི་གནས་མི་རིང་བར་


DTG002_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འཆའ་བས་ཞལ་ཧ་ཅང་ཡང་མི་རིང་བ་ཡིན། གཟུགས་བརྙན་འཇིག་རྟེན་དུ་བསྐྱེ་བས་ཞལ་གྱི་གཟུགས་བརྙན་སྣང་བ་ཡིན། འཇམ་པ་སྔོན་དུ་བཏང་ཞིང་དུལ་བས་ལྗགས་ཤིན་ཏུ་འཇམ་པ་ཡིན། ཡོན་ཏན་ཕྲ་བའི་ཚོགས་དང་ལྡན་པས་ལྗགས་ཤིན་ཏུ་སྲབ་པ་ཡིན། བྱིས་པའི་སྐྱེ་བོའི་འདོད་ཆགས་ཀྱིས་ཆོས་དང་འདུལ་བ་གཏིང་དཔག་དཀའ་བས་ན་ལྗགས་དམར་བ་ཡིན། གླང་པོའི་སྒྲ་དང་འབྲུག་གི་སྒྲ་ལྟ་བུས་བསྙེམས་པ་མི་མངའ་བས་གླང་པོའི་ང་རོ་དང་འབྲུག་གི་དབྱངས་དང་ལྡན་པ་ཡིན། སྙན་ཅིང་འཇམ་པ་དང་ཉམས་སུ་བདེ་བར་སྨྲ་བའི་སློབ་མ་མངའ་བས་སྙན་ཅིང་འཇམ་པ་དང་ཉམས་སུ་བདེ་བའི་གསུང་དང་ལྡན་པ་ཡིན། སྲིད་པ་ཀུན་དུ་སྦྱོར་བ་ལས་འདས་པས་ཚོམས་མཆེ་བ་ཟླུམ་པ་ཡིན། སྐྱེ་བོ་རྣོ་བ་རྣམས་ཤིན་ཏུ་འདུལ་བ་དང་ལྡན་པས་ཚོམས་མཆེ་བ་རྣོ་བ་ཡིན། ཤིན་ཏུ་དཀར་བའི་ཆོས་ཀྱིས་འདུལ་བས་ཚོམས་མཆེ་བ་དཀར་བ་ཡིན། ས་ཕྱོགས་མཉམ་པ་ལ་བཞུགས་པས་མཆེ་བ་མཉམ་པ་ཡིན། མངོན་པར་རྟོགས་པའི་ཆོས་རིམ་གྱིས་སྟོན་པས་ཚོམས་མཆེ་བ་རིམ་གྱིས་གཞོལ་བ་ཡིན། ཤེས་རབ་མཐོན་པོའི་རི་བོ་ལ་བཞུགས་པས་ཤངས་མཐོ་བ་ཡིན། གཙང་བའི་འདུལ་བ་མངའ་བས་ཤངས་གཙང་བ་ཡིན། སངས་རྒྱས་ཀྱི་ཆོ་འཕྲུལ་ཡངས་པ་མངའ་བས་སྤྱན་ཡངས་པ་ཡིན། གཟིགས་པ་རྣམ་པར་དག་པས་སྤྱན་རྣམ་པར་དག་པ་ཡིན། །སེམས་ཅན་གྱི་ཚོགས་བསགས་པས་རྫི་མ་སྟག་པ་ཡིན། །ལྷ་དང་ལྷ་མ་ཡིན་དང༌། །སྐྱེས་བུ་དང་ན་ཆུང་གི་མིག་དཀར་ནག་འབྱེས་ཤིང་པདྨའི་འདབ་ལྟར་འདུག་པས་མངོན་པར་དགའ་བར་བྱས་པས་ན་སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་ལྟ་བུ་ཡིན། རྟག་ཏུ་ཡངས་པ་གཟིགས་པས་སྨིན་མ་རིང་བ་ཡིན། འཇམ་པར་འདུལ་བ་ལ་མཁས་པས་སྨིན་མ་གཉིས་འཇམ་པ་ཡིན། སྐྱོན་ཐམས་ཅད་མཁྱེན་པས་སྨིན་མའི་སྤུ་མཉམ་པ་ཡིན། དགེ་བའི་རྩ་བའི་སྣུམ་གྱིས་སེམས་ཅན་སྣུམ་པའི་སྐྱེ་བོ་འདུལ་བས་སྨིན་མ་གཉིས་སྣུམ་པ་ཡིན། ཆོས་མཆོག་ཏུ་ཡངས་ཤིང་དོན་མང་པོ་དང་ལྡན་པས་སྙན་ཤལ་རིང་བ་ཡིན། ཉོན་མོངས་པའི་རྒྱུད་ལས་རྒྱལ་པས་སྙན་མཉམ་


DTG002_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། སེམས་ཅན་བསམ་པ་མ་ཉམས་པར་འདུལ་བས་སྙན་གྱི་དབང་པོ་མ་ཉམས་པ་ཡིན། ལྟ་བའི་རྣམ་པ་ཐམས་ཅད་བྱང་བས་དཔྲལ་བ་ལེགས་པ་ཡིན། བྲམ་ཟེ་དང་དགེ་སྦྱོང་ལ་སོགས་པ་ཕས་ཀྱི་རྒོལ་བ་འདུལ་བས་དཔྲལ་བ་ཡངས་པ་ཡིན། སྨོན་ལམ་ཡོངས་སུ་རྫོགས་པས་ན་དབུ་རྒྱས་པ་ཡིན། ཡུལ་ལ་འཁོར་བའི་བུང་བ་བཟློག་པས་དབུ་སྐྲ་བུང་བ་ལྟར་གནག་པ་ཡིན། མཐོང་བ་དང་བསྒོམས་པས་སྤོང་བའི་ཉོན་མོངས་པ་ཟད་པས་དབུ་སྒྲ་འཁྱིལ་བ་ཡིན། ཐུགས་མཉམ་པར་བསྟན་པའི་སྙིང་པོ་མཁྱེན་པ་དང་སྐྲ་འཇམ་པ་ཡིན། རྟག་ཏུ་ཐུགས་མ་འཁྲུལ་བས་དབུ་སྐྲ་མ་འཛིངས་པ་ཡིན། སྐྱེས་བུ་ངེས་པའི་གསུང་དང་ལྡན་པས་སྐྲ་མི་རྩུབ་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་གི་སྤོས་ཀྱིས་སྐྱེ་བོ་མཐུན་པར་སྒྲུབ་པས་དབུ་སྐྲ་དྲི་ཞིམ་པ་ཡིན། ཕྱག་དང་ཞབས་དཔལ་བེའུ་དང༌། བཀྲ་ཤིས་དང༌། དགེ་བའི་འཁྱིལ་པས་བརྒྱན་པས་ཕྱག་དང་ཞབས་དེ་དག་གིས་བརྒྱན་པ་སྟེ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་དང་རྟག་ཏུ་ལྡན་པ་དེ་དག་གོ །མཚན་དང་དཔེ་བྱད་ཀྱི་གཞི་ཡིན་པས་ན་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ཏོ། །གཙོ་བོ་ཞེས་པ་ནི་དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱིས་སོ། །ཞུ་བ་ཞེས་པ་ནི་ནུར་ནུར་པོར་གྱུར་པའི་སྐབས་ལྟ་བུ་སྟེ། དེའི་ཤིན་ཏུ་བཤད་པ་ནི། དེ་མེད་པས་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཞུ་བ་དེ་དག་ནི་ཕན་ཚུན་ལྟོས་ནས་འབྱུང་བར་ཤེས་པར་བྱའོ། །དེའི་རིགས་ལ་ལྟོས་ནས་དེ་བཞིན་དུ་འགྱུར་བ་སྟེ། རྒྱུ་ལ་ལྟོས་པའམ། ཕན་ཚུན་དུ་ལྟོས་པ་སྟེ། ཞུ་བར་གྱུར་ནས་བདེ་བ་བསྐྱེད་པར་བྱས་པས་སོ། །དེ་ལྟར་ཞུ་བ་དང་བདེ་བ་ནི་དེ་བཞིན་གཤེགས་པའི་སྐུའི་མཚན་ཉིད་ཡིན་ཏེ། དེ་བཞིན་གཤེགས་པ་ཉིད་བཞིན་ནོ། །ལྷའི་རྣལ་འབྱོར་བསྒོམ་པ་ཡང་ཟག་པ་མེད་པའི་བདེ་བ་ལས་སྐྱེའོ་ཞེས་པ་དེས་ན་གསུངས་པ། ལྟོས་དང་བཅས་ཞེས་པ་ལ་སོགས་པ་སྟེ། ཞུ་བའི་བདག་ཉིད་ཀྱི་ཕུང་པོ་དེ་ཉིད་ལས་ལྷ་རྣམས་ཀྱི་རང་བཞིན་གྱིས་སྒྲུབ་པ་ནི་བདེ་བ་ལས་བྱུང་བའོ་ཞེས་དགོངས་སོ། །དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གནག་གི་ཕྱིར་ཕྱག་དང་ཞལ་དང་གཟུགས་ཀྱི་རྣམ་པ་ཉམས་སུ་མྱོང་བ་དེ་ནི་སངས་


DTG002_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཞེས་བྱ་བར་འབྲེལ་ཏེ། །དེས་ན་དངོས་པོ་མེད་ཅིང་དངོས་མེད་མིན་པ་དེ་ནི་སངས་རྒྱས་ཡིན་པ་སྟེ་ཞལ་ཕྱག་ལ་སོགས་པ་ནི་དབྱིབས་ཀྱང་ཞེས་བྱ་བར་སྦྱར་རོ། །ཡང་ན། དངོས་པོ་མེད་ཅིང་དངོས་མེད་མིན། །ཞེས་གསུངས་པ་ལ། དངོས་པོ་ནི་རང་བཞིན་ཏེ་དེ་ཡང་མ་ཡིན་ཞེས་པའོ། །དེས་ན་དངོས་པོ་ནི་རྗེས་སུ་བཤད་དོ་ཞེས་པའི་དོན་ཏོ། གང་ལས་ཤེ་ན། གསུངས་པ། མཆོག་ཏུ་བདེ་བས་གཟུགས་མེད་པ། །ཞེས་བྱ་བ་ལ། གང་གི་ཕྱིར་མཆོག་ཏུ་བདེ་བ་ནི་གནོད་པ་ཐམས་ཅད་དང་བྲལ་བའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་ལྷན་ཅིག་སྐྱེས་པ་ནི་རང་བཞིན་གཉུག་མར་བརྗོད་པས། དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་པར་འབྲེལ་ཏོ། །རང་བཞིན་ནི་དངོས་པོ་རྣམས་ཀྱི་གཉུག་མའི་རང་བཞིན་ནོ། །དེ་ཉིད་ཆོས་ཀྱི་དབྱིངས་དང་མྱ་ངན་འདས་པའོ། །རང་བཞིན་ནི་གཞན་མ་ཡིན་ནོ་ཞེས་པ་དེ་ཉིད་གསུངས་པ། རང་བཞིན་མྱ་ངན་འདས་པ་ཉིད། །ཅེས་པའོ། །ཇི་ལྟ་བུ་ཞེ་ན། གསུངས་པ། རྣམ་པར་དག་པའི་སེམས་ཀྱིས་ནི། །ཞེས་པ་ནི། དོན་དམ་པར་རྣམ་པར་དག་པའི་རྣམ་པ་ནི་རང་བཞིན་ཏེ། གང་གི་སེམས་དེ་དེ་བཞིན་དུ་སྟེ། རྣམ་པར་དག་པའི་རྣམ་པ་ནི་སེམས་སོ་ཞེས་པའི་ཐ་ཚིག་གོ །འདིར་ལྷའི་རྣམ་པ་ནི་རྣམ་པར་དག་པའི་རྣམ་པ་ལས་གྱུར་པས་ན་སེམས་རྣམ་པར་དག་པའི་རྣམ་པའོ། །གཞན་ཡང་ལྷའི་རང་བཞིན་ཉིད་འགྲོ་བའི་རང་བཞིན་ཡིན་པ་ནི་སེམས་རྣམ་པར་དག་པ་དེ་ཉིད་དོ། །དེ་ཉིད་གསུངས་པ། ལྷའི་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཡང་ལྷ་ནི་ཇི་ལྟར་ཉོན་མོངས་པ་དང་བཅས་ཤེ་ན། གསུངས་པ། འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་པ་ལ། ཕལ་པའི་བདག་ཏུ་འཛིན་པ་བག་ཆགས་ལས་བདག་དང་བདག་གིར་འཛིན་པའི་ཚུལ་ཏེ། དེ་ཡང་གང་གི་ཕྱིར་རྣམ་པར་དག་པའི་ངར་འཛིན་པ་ནི་སངས་རྒྱས་སུ་ང་རྒྱལ་ཕྱེད་པའོ། །རྣམ་པར་མ་དག་པར་ངར་འཛིན་པའི་རྟེན་ནི་ཕུང་པོ་ཉིད་དེ་འཁོར་བའོ། །དེ་ཉིད་ཕྱག་དང་ཞལ་ལ་སོགས་པ་དབྱིབས་དང་ལྡན་པ་སྟེ། ཡོངས་སུ་དག་པའི་ངར་འཛིན་པའམ། ང་རྒྱལ་བའི་རྟེན་ནི་སངས་རྒྱས་སོ་ཞེས་དགོངས་སོ། །དེ་སྐད་དུ་ཡང༌།


DTG002_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལས་ཕུང་པོ་རྣམས་ནི་བྱུང༌། །འཁོར་བ་རྣམས་ཀྱང་ཇི་ལྟ་བར། །སངས་རྒྱས་སྦྱོར་བའི་ང་རྒྱལ་ལས། །སངས་རྒྱས་རང་བཞིན་ཉིད་དོ། །ཞེས་གསུངས་སོ། །རྣམ་པར་དག་པའི་རྣམ་པ་ཡང་མྱ་ངན་ལས་འདས་པ་ཉིད་ཅེས་པའོ། །དེའི་དཔེར་བྱ་བ་ནི་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ཉིད་ཅེས་པ་ནི་རབ་ཏུ་གྲགས་པ་སྟེ། དུག་གི་དུམ་བུས་འཆི་བར་བྱེད་པ་དེ་ཉིད་ཀྱིས་འཆི་བར་བྱེད་པ་ནི་འགྲོ་བ་ཐམས་ཅད་དོ་ཞེས་པའོ། །དེ་ཡང་འགྲོ་བ་རྣམས་ཀྱི་ངན་ནས་གང་ཡང་རུང་བ་ཅིག་གིས་གལ་ཏེ་དུག་གི་དུམ་བུ་དེ་ཟོས་ན་དེ་ངེས་པ་ཉིད་དུ་འཆིའོ་ཞེས་དགོངས་སོ། །དེ་ཉིད་ཀྱིས་ན་འཆི་བར་བྱེད། །ཅེས་པའོ། །དུག་ཡོད་དུག་ནི་ཡོད་པ་སྟེ། །སྲིད་གསུམ་ཀུན་ན་དུག་ནི་ཡོད། །དུག་མེད་དུག་ནི་མེད་པ་སྟེ། །སྲིད་གསུམ་ཀུན་ན་དུག་ནི་མེད། །ཅེས་པའོ། །ངེས་ན་གང་གི་དེ་ཁོ་ན་ཉིད་དུ་ང་རྒྱལ་བྱེད་པ་དེ་ནི་དེ་ཁོ་ན་ཉིད་ཡིན་པས་ན་དུག་གི་དེ་ཉིད་ཤེས་པའོ། །ཡང་ན་དུག་གི་དེ་ཁོ་ན་ཉིད་ནི་དུག་གི་སྔགས་སོ། །དེ་ཉིད་ཤེས་པ་ནི་དུག་འཇོམས་པ་སྟེ། སེལ་བར་བྱེད་ཅེས་པའི་དོན་ཏོ། །གང་གི་ཕྱིར་ཇི་ལྟར་འདུས་བྱས་ཤིང་སྦྱངས་པའི་སྐྱོན་དང་བྲལ་བ་སྟེ། དུག་མཆོག་ཏུ་བྱས་པས་ཀྱང་དུག་མེད་པའོ། །དེ་བཞིན་དུ་རྣམ་པར་བཀོད་ཅིང་སྦྱངས་པས་ཀྱང་སྐྱོན་དང་བྲལ་བ་ཡིན་ལ། མཆོག་གི་རྣམ་པས་ཀྱང་ཉོན་མོངས་པ་མེད་པར་བྱེད་པའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། མོན་སྲན་གྲེའུ་བཟའ་བ་ཞེས་པ་ནི་མར་ལ་སོགས་པ་དང་ལྷན་ཅིག་ཏུ་བཅོས་ཤིང་སྦྱངས་པ་དང་ལྡན་པའི་སྲན་མ་ཟོས་ན་རླུང་ལ་སྣུན་པར་བྱེད་པ་ཡིན་ལ། གཞན་དུ་ན་རླུང་ཉིད་སྐྱེད་པར་བྱེད་པའོ། །རྣམ་རྟོག་དང་ནི་རྣམ་རྟོག་པ། །ཞེས་པ་ལ། རྣམ་རྟོག་དང་ནི་ཕུང་པོ་ལ་སོགས་པའི་བདག་ཉིད་དོ། ཡང་རྟོག་པ་ནི་ལྷའི་རྣམ་པ་ཉིད་འཁོར་བའོ། །དེས་ན་དག་པ་འཇིག་རྟེན་པའི་སྲིད་པ་ཞེས་དགོངས་སོ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །ཞེས་པ་ལ་རྣ་བ་གཉིས་སུ་ཆུ་གཞན་ཡང་སྟེ། ཐལ་མོ་ཁ་སྦྱོར་གྱི་ངན་དུ་གཞག་སྟེ་བླུགས་པར་བྱས་ན་དགུག་པའོ། །དེ་བཞིན་དུ་འཁོར་བའི་སྲིད་པ་ནི་གདུངས་ཤིང་གདུངས་པ་ཉིད་དོ། །ད་ནི་དཔེ་ལས་བྱུང་བའི་སྒོས་སོ་སོར་ཉེ་བར་བསྡུ་བ་གསུངས་


DTG002_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་ཚིག་གཉིས་པའི་ཚིགས་སུ་བཅད་པའོ། །ཉོན་མོངས་པ་དག་པའི་དཔེ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་མེས་ཚིག་པའི་གནས་སུ་སྣུན་བསྐུས་ཏེ། མེ་ལ་ཤིན་ཏུ་རིང་བ་ཡང་མ་ཡིན་ཉེ་བ་ཡང་མ་ཡིན་པར་བསྲོ་ཞིང་གདུངས་པའོ། །དེ་ལྟར་བསྲོ་ཞིང་གདུངས་པས་ནི་མེས་མེ་ཉིད་སྦྱོང་བའོ། །ལྷག་མ་ནི་གོ་སླའོ། །སངས་རྒྱས་མུ་སྟེགས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་སོ། །བོ་ལ་ཀ་ཀྐོ་ལ་སྦྱོར་བས། །ཞེས་པ་ནི་གོང་གི་ལེའུ་བཅུ་པར་བསྟན་པ་དེ་བཤད་པའི་ཚིག་ཏུ་བྱས་པའི་ཕྱིར་གསུངས་པ། ཀུན་དུ་རུ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་དུ་རུ་དག་ལས་འབྱུང་བ་ཆེན་པོའི་རང་བཞིན་གཅིག་ཉིད་ལས་ལྔ་ལྔའོ། །དེས་ན་འབྱུང་བ་ལྔར་འགྲོ་བ་ཞེས་པར་འབྲེལ་ཏོ། །འབྱུང་བ་ལྔ་ནི་ཉོན་མོངས་པ་ལྔ་དང༌། ཕུང་པོ་ལྔ་སྟེ། དེ་ལྟ་བུའི་འབྱུང་བ་ལྔའི་རང་བཞིན་ལས་ལྔ་ལྔ་དག་ཏུ་འགྲོ་བའོ། །ཅིས་ཤེ་ན་གསུངས་པ། དབྱེ་བས་ཞེས་པ་སྟེ། ཀུན་རྫོབ་ཏུ་ཞེས་པའི་དོན་ཏོ། །ལྔ་ལྔའི་ཉིད་དུ་འགྲོ་བ་གསུངས་པ། བོ་ལ་ཀ་ཀྐོ་ལ་སྦྱོར་བས། །ཞེས་པ་ལ་སོགས་པ་སྟེ། ལྷག་མ་ནི་གོ་སླའོ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །ཞེས་པ་ལ། ལྔའི་གཟུགས་ནི་དེ་བཞིན་གཤེགས་པ་ལྔའི་གཟུགས་དང༌། འབྱུང་བ་ལྔའི་གཟུགས་དང༌། ཕུང་པོ་ལྔའི་གཟུགས་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔའི་གཟུགས་ཀྱིས་སོ། །མཚོན་ཞེས་པ་ནི་བརྟགས་པ་སྟེ། ལྔའི་གཟུགས་ཉིད་ནི་དོན་དམ་པར་ན་ཡོད་པ་མ་ཡིན་ཞེས་བྱ་བར་དགོངས་སོ། །དེ་ཡང་ལྷན་ཅིག་སྐྱེས་པ་ཉིད་ལས་སྤྲུལ་པ་ནི་ལྔའི་གཟུགས་དང༌། དྲུག་ཉིད་དང༌། བརྒྱ་དང༌། སྟོང་དང༌། གྲངས་མེད་པའི་རང་བཞིན་ནོ་ཞེས་པ་སྟེ། དེ་ཉིད་གསུངས་པ། རིགས་ནི་ལྔ་པོ་དེ་ཉིད་ཅེས་བྱ་བ་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །གཏན་ལ་དབབ་པ་ནི་ཉོན་མོངས་པ་དེ་རྣམས་ཉམས་སྨད་པ་ལ་སོགས་པ་གདོན་གྱི་མི་ཟ་བར་འགྱུར་བ་དང༌། ངེས་པ་ཉིད་དུ་བྱེད་པ་སྟེ། དེས་ན་འདིར་དངོས་གྲུབ་གཏན་ལ་དབབ་པའི་ལེའུའོ། །


DTG002_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བུའི་ཡང་ཞེས་ན། གསུངས་པ། ཀྱེའི་རྡོ་རྗེ་ཞེས་པ་སྟེ། དགྱེས་པའི་རྡོ་རྗེའི་རྒྱུད་དོ། །མཁའ་འགྲོ་མ་དྲ་བའི་སྡོམ་པ་ཞེས་པ་ནི། དྷེ་བ་ཡ་ས་གྷ་མི་ནི་བྱིངས་ལས་ཉེ་བར་བརྟགས་པ་སྟེ། ནམ་མཁའ་ཀུན་དུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་བརྗོད་པའོ། །དེ་ཡང་དྷ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་ཀྱིས་བྱིངས་སུ་བྱས་པ་སྟེ་ནམ་མཁའོ། །འགྲོ་བ་ནི་སྤྲུལ་པ་རྣམས་ཀྱིས་ནམ་མཁའ་ཐམས་ཅད་དུ་ཁྱད་པའི་རང་བཞིན་གང་ཡིན་པ་དེས་ནམ་མཁའ་འགྲོ་མའོ། །ཕྱིས་ཡང་ཡའི་གནས་སུ་ཀ་ཡིག་སྟེ། ངེས་པའི་ཚིག་ལས་མཁའ་འགྲོ་མ་ཞེས་བྱ་བར་འགྱུར་ཏེ། མཁའ་འགྲོ་མ་ནི་ལྷ་མོ་རྣམས་སོ། །དྲ་བ་ནི་དེ་རྣམས་ཀྱིས་ཏེ་སྤྲུལ་པའོ། །སྡོམ་པ་ནི་དེས་གྲུབ་པར་བྱེད་པ་སྟེ། ལྷན་ཅིག་སྐྱེས་པའོ། །དེས་ན་འདིར་དེ་དག་ནི་མཁའ་འགྲོ་མ་དྲ་བའི་སྡོམ་པའི་དགྱེས་པའི་རྡོ་རྗེའི་རྒྱུད་འདི་དང་ནི་བརྟག་པ་གཉིས་པའི་ལེའུ་གཉིས་པའོ། །ཡང་ནམ་མཁའ་འགྲོ་མ་ནི་ཤེས་རབ་སྟེ། དྲ་བ་ནི་ཐབས་སོ། །དེ་དག་གི་དབུ་མ་ནི་སྡོམ་པ་སྡེ། འདིར་དེ་བཞིན་དུའོ། །རྒྱུད་ཀྱི་ནང་དུ་ལེའུ་བརྗོད་པ་འདི་ཡང་བདུན་པའི་ཚིག་གཉིས་ཀྱི་དོན་ཏོ། །ལེའུ་སྔར་གྱི་དང༌། གཞན་ལས་རྫོགས་སོ་ཞེས་ཤེས་པར་བྱའོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས། བརྟག་པ་གཉིས་པའི་ལེའུ་གཉིས་པའོ།། །།

གསུམ་པ། རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ཀྱི་ལེའུ།


DTG002_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་དངོས་གྲུབ་གཏན་ལ་དབབ་པ་གསུངས་པའི་རྗེས་ལ། རྡོ་རྗེ་འཆང་གིས་ཐབས་གསུངས་པ། །ཞེས་པར་འབྲེལ་ཏོ། །ཐབས་ཀྱི་མིང་ཅི་ཞེ་ན་གསུངས་པ། རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བ་ཞེས་པ་ལ། གླེང་གཞིའི་རྒྱུད་འདིའི་དོན་བསྡུས་པ་སྟེ། གང་ངེས་པར་འཆད་པ་དེ་བཞིན་དུའོ། །དེའི་མིང་ནི་ཐབས་ཏེ་རྒྱུད་རྟོགས་པར་བྱེད་པའི་སྒོའོ། །ཇི་ལྟར་ངེས་པར་བྱེད་པའི་གསུང་ཡིན་ཞེ་ན། གསུངས་པ། རྣལ་འབྱོར་མ་རྣམས་ཞེས་པ་སྟེ། དེ་ཡང་རྣལ་འབྱོར་མའི་དབང་དུ་བྱས་ཏེ་རྒྱུད་ལ་འཇུག་པས་རྣལ་འབྱོར་མ་གཙོ་བོར་གྱུར་པ་སྟེ། གང་རྣལ་འབྱོར་མ་རྣམས་ནི་རྒྱུད་ཀྱི་དོན་དུ་ངེས་པར་སྐྱེ་བའི་ཐབས་སོ། །དེས་ན་དེའི་གསུང་ནི་མ་ཞུས་པ་ཉིད་དུ་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པའོ་ཞེས་དགོངས་སོ། །རྒྱུད་ཐམས་ཅད་དུ་སྡུད་པ་པོས་སྟོན་པ་ཡིན་ནོ། །སྡོམ་པ་དང་ཞེས་བྱ་བ་


DTG002_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལ། སྡོམ་པ་ནི་ལེའུ་དང་པོ་མདོར་བསྟན་ལ་དབང་དང་ཞེས་པ་ནི་དབང་གི་ལེའུར་མདོར་བསྟན་པའོ། །དེ་བཞིན་ཞེས་པ་ནི་ལེའུ་དང་པོར་མདོར་བསྟན་པ་ནི་དགའ་བ་ལ་སོགས་པ་སྟེ། དེ་བཞིན་ཞེས་པའི་སྒྲའི་དོན་ཏོ། །གཞན་ཡང་སྟོན་པ་ལ་སོགས་ཞེས་པ་ནི་རང་གི་ཐམས་ཅད་སྟོན་པས་བསྟན་པར་བྱ་ཞེས་པར་འབྲེལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་ངེས་པར་སྟོན་པར་བྱེད་པའི་གསུང་པ་སྟན་པའི་དོན་དུ་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ནི་དེ་རྣམས་ལས་ཏེ། སྡོམ་པ་ལ་སོགས་པ་རྣམས་ལས་སོ། །རེ་ཞིག་སྡོམ་པ་གསུངས་པ། སྡོམ་པ་ནི་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ཀུན་ཞེས་པའི་སངས་རྒྱས་ནི་རྟོགས་པ་ཉིད་ཀྱིས་སོ། །སྡོམ་པ་ནི་གང་གི་ཕྱིར་སངས་རྒྱས་ཀུན་ཡང་དག་པར་སྡོམ་པས་སོ། །དབང་ལས་ཡང་དག་ཤེས་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས་ཇི་ལྟར་ཤེས་པའི་བདེ་བ་ཆེན་པོ་ཞེས་པ་དེར་བཤད་པ་ཉིད་དོ། །མཁའ་འགྲོ་མའི་སྡོམ་པ་ཉིད་ཀྱི་སྒྲ་ནི་བསྡུས་པའོ། །དེ་ལ་ཨེ་ཝཾ་རྣམ་པ་ཅི། །ཞེས་བརྗོད་པ་ནི་མཁའ་འགྲོ་མ་རྣམས་ཀྱི་སྡོམ་པ་ཡང་ཅི་ཞེས་པ་བརྗོད་ཅེས་པར་འགྱུར་པའོ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཞེས་པ་ནི་གང་གི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་རྣམས་ཀྱི་ནང་ནས་བདེ་བ་ཉིད་བསྒྲུབ་པར་བྱ་བ་སྟེ། དེ་ཡང་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའོ། །དེ་ལ་ཟག་པ་དང་བཅས་པ་ནི་བྱིས་པ་རྣམས་ཀྱི་ཡིན་ལ། ཅིག་ཤོས་ནི་འཕགས་པ་རྣམས་ཀྱིའོ། །གཉི་གའི་རང་བཞིན་གྱི་བདེ་བ་ནི་གཉིས་པོ་དག་རྣམས་ཀྱི་སྟེ་དེ་ལྟ་བུར་གྲུབ་པའོ། །དགའ་བ་རྣམས་ཀྱང་ཆོས་འབྱུང་དུ་རྟོགས་པར་བྱ་བའོ། །དེ་ཉིད་གསུངས་པ། དགའ་བ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟ་བུས་ཤེ་ན། གསུངས་པ། སྐད་ཅིག་ཅེས་པ་ལ་སོགས་པས་ཏེ། སྐད་ཅིག་དབྱེ་བས་ཀྱང་ཕྱེ་བའོ། །ཅི་ཞེ་ན་གསུངས་པ། སྐད་ཅིག་དབྱེ་བ་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་སྐད་ཅིག་གི་དབྱེ་བས་དགའ་བ་ལ་སོགས་པའི་བདེ་བས་ཞེས་པ་ནི་ཨེ་ཝཾ་ཡི་གེ་རབ་ཏུ་གནས་ཤིང་རབ་ཏུ་འབྲེལ་པའོ། །གང་གི་ཕྱིར་འདོད་ཅིང་འཁྱུད་པ་ལས་ཀྱང་གང་བདེ་བདེན་ནི་ཨེ་


DTG002_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཝཾ་ཡི་གེའི་ཆོས་སོ། །སྐད་ཅིག་གསུངས་པ་སྣ་ཚོགས་དང༌། །ཞེས་བྱ་བ་ལ་སོགས་པའོ། །སྐད་ཅིག་བཞི་ནི་ཡང་དག་ཤེས། །དེ་ལྟར་རྣལ་འབྱོར་པས་ཤེས་འགྱུར། །ཞེས་པ་ནི་དེ་ལྟར་དགའ་བ་ལ་སོགས་པ་ཤེས་པའི་རྣལ་འབྱོར་པ་ཉིད་ཀྱིས་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ། །སྐད་ཅིག་བཞི་པོ་དག་གིས་ཅིར་འགྱུར་ཞེ་ན། རིམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྟོགས་པ་ནི་ཤེས་པར་འགྱུར་ཞེས་པ་སྟེ། སྐད་ཅིག་བཞིས་ཡང་དག་པར་རྟོགས་པའོ། །དེ་ཡང་གླེངས་བམ་ལ་ལར་ནི། །སྐད་ཅིག་བཞིར་ནི་ཡང་དག་རྟོགས། །ཞེས་པའི་ཚིག་སྟེ། འདིར་ཡང་སྐད་ཅིག་བཞིས་ཡང་དག་པར་རྟོགས་ཞེས་བཤད་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །སྐད་ཅིག་གི་མཚན་ཉིད་གསུངས་པ། རྣམ་པ་སྣ་ཚོགས་ཞེས་པ་ལ་སོགས་པའོ། །རྣམ་པ་སྣ་ཚོགས་དེའི་བཤད་པ་ནི། འཁྱུད་དང་འོ་བྱེད་ཅེས་བྱ་བ་ལ་སོགས་པ་སྟེ། སོགས་པའི་སྒྲ་ནི། སེན་མོས་གདབ་པ་ལ་སོགས་པའོ། །རྣམ་པར་སྨིན་པ་དེ་ལས་བཟློག །ཅེས་པ་ནི། དེའི་འཁྱུད་པ་ལ་སོགས་པས་མཚོན་པའི་སྐད་ཅིག་མ་ལས་གཞན་དུ་བཟློག་པ་ཉིད་གང་ཡིན་པ་དེའི་ཚེ་དེ་བཞིན་དུ་སྐད་ཅིག་མའོ། །དེ་ཉིད་རྣམ་པར་སྨིན་པའོ། །ཞེས་བརྗོད་དེ། དེ་ཉིད་དེའི་འབྲས་བུའོ། །སྐད་ཅིག་འདི་ཡིས་ཅི་བྱེད་ཅེ་ན། གསུངས་པ། བདེ་བའི་ཡེ་ཤེས་སྤྱོད་པ་ཉིད། །ཅེས་པ་ནི། གང་བདེ་བ་ཡེ་ཤེས་མངོན་སུམ་དུ་ཉམས་སུ་མྱོང་བའོ་ཞེས་རྟོགས་པར་བྱའོ། །གྲོས་ནི་རྣམ་པར་ཉེད་པར་བརྗོད། །ཅེས་པ་ནི་རྣམ་པར་རྟོག་པ་སྟེ། ཡུལ་ལྔ་པོ་རྣམས་ལ་སོང་ཞིང་ཉེད་པས་ན་རྣམ་པར་ཉེད་པའི་སྐད་ཅིག་མའོ། །གཞན་ཡང་གྲོས་ནི་འདིའོ་ཞེས་གྲོས་སུ་བྱེད་པའོ། །དེ་ཉིད་ལ་འདིར་ཅི་གྲོས་སུ་བྱ་ཞེ་ན་གསུངས་པ། བདག་གི་བདེ་བ་ཟོས་པའོ། །ཞེས་པ་སྟེ། མིག་ལ་སོགས་པ་དབང་པོ་ལྔ་དང༌། གཟུགས་དང་སྒྲ་ལ་སོགས་པ་ཡུལ་རྣམ་པ་ལྔ་སྤངས་པར་གྱུར་ནས་ཡིད་ཀྱི་དབང་པོའི་འབབ་ཞིག་གིས་ཀྱང་བདེ་བའི་ཡུལ་ལ་དམིགས་ནས་གནས་པ་ནི། གང་དུ་བདེ་བ་ནི་ངའམ་བདག་གི་བདེ་རྣམ་པར་ཉེད་པའི་སྐད་ཅིག་མའོ། །མཚན་ཉིད་དང་བྲལ་བར་ཞེས་པ་ནི་མི་འདྲ་བར་གྱུར་པའི་མཚན་ཉིད་འདི་ནི་མཚན་ཉིད་དང་བྲལ་བའི་


DTG002_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མའོ། །དགའ་བ་རྣམས་སུ་སྐད་ཅིག་མ་སྦྱར་བ་གསུངས་པ། སྣ་ཚོགས་ཞེས་བྱ་བ་ལ་སོགས་པའོ། །ལེའུ་དང་པོར་དེ་ལྟར་ན་ཐམས་ཅད་བཞི་བཞིའོ་ཞེས་པ་འདིས་དབང་བཞི་ཡང་བསྡུས་པ་སྟེ། དེ་དག་མ་རྟོགས་པར་དགའ་བ་ལ་སོགས་པ་ཤེས་པར་མི་ནུས་སོ་ཞེས་བརྟན་པའི་དོན་དུ་སློབ་དཔོན་ཞེས་བྱ་བ་ལ་སོགས་པའོ། །དགའ་བ་ལ་སོགས་རིམ་ཤེས་པས། །དབང་གི་གྲངས་ནི་རྣམ་པ་བཞི། །ཞེས་པ་ནི་དགའ་བ་བཞི་ལ་སོགས་པ་རྣམ་པར་དག་པ་ནི་དབང་བཞི་ཞེས་པའི་དོན་ཏོ། །དེ་ཡང་རྒྱུད་གཞན་ལས་གསུངས་པའི་ཆུ་ལ་སོགས་པ་འདིར་ཡང་བལྟ་བར་བྱའོ། །དབང་བསྐུར་བའི་ལེའུ་ལས་དབང་ནི་རབ་ཏུ་བཤད་ཅེས་པ་ནི་ཐུན་མོང་གི་ཚིག་གོ །དགོད་པ་དག་པ་སློབ་དཔོན་ཉིད། །ཅེས་པ་ནི་བྱ་བ་དང་སྤྱོད་པའི་རྒྱུད་དག་ཏུ་དགོད་པ་ཞེས་པའི་མིང་གིས་ཏེ། དེ་དག་ནི་སློབ་དཔོན་གྱི་དབང་ངོ༌། །དེ་ཡང་འཁྲུ་བས་ན་སྟེ་དབང་བསྐུར་བའི་རྗེས་སུ་བལྟ་བར་བྱའོ། །ལྟ་བ་གསང་བ་དེ་བཞིན་ནོ། །ཞེས་པ་ལ། ལྟ་བའི་སྒྲས་ནི་རྣལ་འབྱོར་གྱི་རྒྱུད་དེ། དེ་རྣམ་པར་དག་པ་ནི་གསང་བའི་དབང་ངོ༌། །ལག་བཅངས་ལས་ནི་ཤེས་རབ་ཉིད། །ཅེས་པ་ནི་ཡི་གེ་དྲུག་གི་ཚིག་སྟེ། ལག་བཅངས་ཞེས་པའི་སྒྲ་ནི་རྣལ་འབྱོར་མའི་རྒྱུད་དེ། དེ་རྣམས་པར་དག་པ་ནི་ཤེས་རབ་ཡེ་ཤེས་སོ། །གཉིས་གཉིས་ལྡན་པ་དེ་ཡང་ཉིད། །ཅེས་པ་ནི་གཉིས་ལྡན་གྱི་རྒྱུད་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། དེ་རྣམ་པར་དག་པ་དབང་བཞི་པའོ། །དབང་ནི་ཞེས་པ་གོ་སླའོ། །བཀྲུས་དང་ཞེས་བྱ་བ་ལ་སོགས་པས་ནི་དབང་གི་དོན་གསུངས་པ་སྟེ། བཀྲུས་དང་ཞེས་པ་ནི་འཁྲུ་བར་བྱེད་པ་སྟེ། སེམས་དག་པར་བྱེད་པ་དབང་བསྐུར་བ་འདིས་སོ། །དེ་ཡང་འདིས་ཉོན་མོངས་པའི་སྒྲིབ་པ་སེལ་བར་བྱེད་པའོ། །ལག་པ་དག་གིས་ཡང་དགའ་འཁྱུད། །ཅེས་པ་ནི་ཡི་གེ་བདུན་གྱི་ཚིག་སྟེ། འཁྱུད་པ་ལས་མངོན་སུམ་ཉིད་དུ་ལྷག་པར་མོས་པ་ཉིད་དོ། །ཤིན་ཏུ་བཞིན་བཟངས་ཞེས་བྱ་བ་ལ་སོགས་པ་ལ། རིགས་རྣམ་པ་ལྔའི་ནང་ནས་དེ་ལྟ་བུའི་རྣམ་པ་ཅན་བསྟེན་པ་ཉིད་ནི་བསྟེན་པ་ལས་ཕུན་སུམ་ཚོགས་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཉིད་རྒན་པོ་དང་སྲིན་ལག་དག་གིས་རྡོ་རྗེ་


DTG002_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་གཟུང་སྟེ་སློབ་མའི་ཁར་ལྟུང་བར་བྱེད་པ་ནི་གསང་བའི་དབང་ཞེས་བྱའོ། །ཤེས་རབ་ཅེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྟན་ཏོ། །ཅི་བརྗོད་ཅིང་གཏད་པར་བྱ་ཞེ་ན་གསུངས་པ། སྟོན་པས་ཞེས་བྱ་བ་ལ་སོགས་པའོ། །བླ་མས་བསྟོད་པའི་ཚེ་གང་བརྗོད་པར་བྱ་བ་བསྟན་པའི་དོན་དུ་གསུངས་པ། ཤེས་ནས་ནི་ཞེས་བྱ་བ་ལ་སོགས་པའོ། །གནང་བ་སྦྱིན་པ་ཅིས་ཤེ་ན། གསུངས་པ་ཀུན་དུ་རུ་གྱིས་རྡོ་རྗེ་འཛིན། །ཞེས་པ་སྟེ། བླ་མས་བརྗོད་ཅེས་པར་དགོངས་སོ། ཀྱེ་བཅོམ་ལྡན་འདས་ཞེས་པ་ནས་བསྒྲལ་ཞིང་བསྐྱབས་པ་ཞེས་པའི་མཐར་ཐུག་པའི་གཞུང་ནི་གསོལ་བ་གདབ་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །སློབ་མས་མཆོད་པ་འདི་རྣམས་ནི་ཡི་གེ་བདུན་གྱི་ཚིག་གོ །སྟོན་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་དབང་བཞི་པ་གསུངས་པའོ། །དཀྱིལ་འཁོར་འཁོར་ལོ་ལ་སོགས་ཐབས་ཀྱིས་ཞེས་པ་ལ། སོགས་ཞེས་པའི་སྒྲས་ནི་ཐབས་དང་ཤེས་རབ་སྟོན་པར་བྱེད་པའི་ཐབས་སོ། །ད་ནི་རྡོ་རྗེ་སྙིང་པོས་འདྲི་བ་གསུངས་པ། དེས་ན་ཞེས་པ་ལ་སོགས་པ་སྟེ། བཟོད་པ་ནི་སྲིད་མོ་རྣམས་ལ་བཟོད་པར་གསོལ་བར་བསྟན་པའི་དོན་ཏོ། །བཅོམ་ལྡན་འདས་བདག་ནི་འཁྲུལ་གྱུར་པས། །ཇི་ལྟར་རིགས་པར་བཤད་དུ་གསོལ། །ཞེས་པའི་མང་པོའི་ཚིག་ནི་གུས་པར་ཤེས་པར་བྱ་བ་ཉིད་དོ། །དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །ཞེས་པ་ནི་ཇི་ལྟར་དཀྱིལ་འཁོར་གཞན་གྱི་སྙིང་པོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ཕུང་པོ་ལ་སོགས་པའི་ཡང་དཀྱིལ་ལམ་སྙིང་པོ་སྟེ། ཅིས་ཤེ་ན་གསུངས་པ། བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་པའོ། །དེ་ལེན་པར་བྱེད་པས་ན་ཞེས་པ་ནི་དེ་ལེན་ཅིང་འཛིན་པར་བྱེད་པས་ན་དཀྱིལ་འཁོར་ཏེ། སྙིང་པོ་ལེན་པས་ན་དཀྱིལ་འཁོར་ཞེས་དགོངས་སོ། །དེ་ཅི་ཞེ་ན་གསུངས་པ། འདུས་པ་ཞེས་པ་སྟེ། ལྷ་རྣམས་འདུས་པ་ཞེས་དགོངས་སོ། །དེ་ཉིད་ཇི་ལྟར་དཀྱིལ་འཁོར་ཡིན། །ཞེ་ན་གསུངས་པ། འཁོར་ལོ་ཞེས་པ་ལ་སོགས་པ་སྟེ། རྒྱུན་གནས་ནི་ཕུང་པོ་ལྔའོ། །ཁམས་ཞེས་པ་ནི་ས་ལ་སོགས་པའོ། །ཨ་ཀྵའི་སྒྲ་ནི་དབང་པོ་རྣམས་སོ། །ཡུལ་ནི་གཟུགས་ལ་


DTG002_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའོ། །དེས་ན་རྒྱུན་གནས་པ་ཕུང་པོ་དང༌། ཁམས་དང༌། དབང་པོ་དང༌། ཡུལ་ལ་སོགས་པར་གྱུར་པ་གང་ཡིན་པ་དེ་རྣམས་དང༌། དེ་བཞིན་དུ་འདོད་ཆགས་དང༌། ཞེས་སྡང་ལ་སོགས་པ་ཉོན་མོངས་པ་དེ་དག་གོ །རྣམ་པར་སྦྱོང་བ་དེ་ནི་དེ་རྣམས་ཀྱི་དྲི་མ་གཅོད་པར་བྱེད་པ་ཉིད་ནི་རྣམ་པར་སྦྱོང་བ་སྟེ་འཁོར་ལོའོ། །རྣམ་པར་སྦྱང་བ་ཡང་གསུངས་པ་དང༌། འཆད་པར་འགྱུར་བ་སྟེ། དེ་ལ་རྣམ་པར་ཤེས་པའི་ཕུང་པོ་ཐམས་ཅད་ངེས་པར་རྣམ་པར་ཤེས་པ་དག་གོ །དེས་ན་དཀྱིལ་འཁོར་ཡང་ཡིན་ལ་འཁོར་ལོ་ཡང་ཡིན་པས་དཀྱིལ་འཁོར་འཁོར་ལོའོ། །དེའི་དོན་ནི་འདི་ཡིན་ཏེ། ལྷ་རྣམས་ཚོགས་པའི་སྙིང་པོ་ལེན་པའི་དཀྱིལ་འཁོར་ཉིད་ཀྱིས་འདིར་ཚོགས་རྣམ་པར་དག་པ་ཉིད་ཀྱི་དཀྱིལ་འཁོར་ཞེས་པར་ཐོབ་པའོ། །འོ་ན་བདེ་ཆེན་པོ་ཞེས་བྱ་བའི་སྙིང་པོ་ཇི་ལྟར་ལེན་པར་བྱེད་ཅེ་ན། པོ་ལ་ཀ་ཀྐོ་ལ་སྦྱོར་བས། དེ་ཡི་བདེ་བ་ཤེས་པར་འགྱུར། །ཞེས་པའོ། །ལྷག་མ་ནི་གོ་སླའོ། །ལྷ་མོ་ཐམས་ཅད་དགའ་བར་འགྱུར། །ཞེས་པ་ནི་རངས་པར་འགྱུར་པའོ། །སྤྱོད་པའི་དུས་སུ་བཟའ་བ་ལ་སོགས་པ་མདོར་བསྟན་པའི་བཤད་པ་ནི། བཟའ་བཏུང་ཞེས་བྱ་བ་ལ་སོགས་པའོ། །དོགས་པ་མེད་པའི་སེམས་ཀྱིས་ཞེས་པ་ནི་གཉིས་སྤངས་པའོ། །དེ་སྐད་དུ་ཡང༌། ཐབས་དང་ཤེས་རབ་སེམས་ཀྱིས་ནི། །མི་བཟའ་ཅུང་ཟད་ཡོད་མ་ཡིན། །རྟག་ཏུ་ཐེ་ཚོམ་བྲལ་གྱུར་པས། །འདོད་པ་ལྔ་ལ་ཉེར་ལོངས་སྤྱོད། །ཅེས་གསུངས་སོ། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པ་སེམས་བསྒོམ་པ་ལ་ཆགས་པས་ཕྱི་རོལ་གྱི་ལྷ་ལ་ཕྱག་བྱེད་པ་བཀག་པ་ཡིན་ལ། །ལྷག་པར་མོས་པར་ཙམ་ལ་ཞུགས་པའི་རྣལ་འབྱོར་བས་ནི་མ་ཡིན་ཏེ་ཕྱག་བྱའོ། །དཔལ་དགྱེས་པའི་རྡོ་རྗེ་དབང་བསྐུར་བས་དགོངས་པའི་སྐད་ཀྱིས་སྨྲའོ་ཞེས་པས་ན་ངེས་པ་གསུངས་པ། གང་ཞིག་དབང་བསྐུར་དགྱེས་རྡོར་འདིར། །ཞེས་པ་ལ་སོགས་པ་སྟེ། གང་དགོངས་པའི་སྐད་ཀྱིས་མི་སྨྲ་བའི་དམ་ཚིག་རིག་པ་དེ་ནི་ཉམས་པར་འགྱུར་ཞེས་པར་འབྲེལ་ཏོ། །ཅི་ཞེ་ན་གསུངས་པ། འཚེ་བ་འདིར་བདག་ཅེས་པ་ལ་སོགས་པ་སྟེ། དེ་ཡང༌། ཆར་མི་འབབ་


DTG002_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཆར་ཆེས་པས། བྱི་བ་ནི་ཚོ་ཆག་པ། །ཐོག་སེར་འདི་དྲུག་བློ་ལྡན་གྱིས། །མཚུངས་པ་ཉིད་དུ་འཚེ་བར་ཤེས། །ཞེས་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །དགོངས་པའི་སྐད་ཀྱི་བྱ་བ་གསུངས་པ། རང་རིག་དམ་ཚིག་རྙེད་ནས། །ཞེས་པའོ། །གཞན་ཡང་འཚེ་བ་དེ་རྣམས་འབའ་ཞིག་མ་ཡིན་པ་དག་གིས་ཀྱང་འཇོམས་སོ་ཞེས་བརྗོད་པའོ། །དགོངས་པའི་སྐད་དང་ལྡན་པའི་རྣལ་འབྱོར་མ་རྣམས་ཀྱིས་འཚེ་བར་བྱེད་ཅེས་བསྟན་པའི་དོན་དུ། དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་སྟེ། གནས་བཞི་ལས་སྐྱེས་ཞེས་པ་ནི་སྤྲུལ་པ་དང༌། ཆོས་དང༌། ལོངས་སྤྱོད་དང་། བདེ་བ་ཆེན་པོའི་འཁོར་ལོ་རྣམས་སུ་རྩའི་གཟུགས་ཀྱིས་སམ། བྱང་ཆུབ་ཀྱིས་སེམས་ཀྱི་གཟུགས་ཀྱིས་གནས་པའི་རྣལ་འབྱོར་མའོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་དགོངས་པའི་སྐད་གང་དུ་སྟོན་པར་བྱེད་པ་དེ་ལ་ཡང༌། རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ཅེས་བྱ་བའི་ལེའུའོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས་བརྟག་པ་གཉིས་པའི་ལེའུ་གསུམ་པའོ།། །།

བཞི་པ། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱའི་བསྡུས་པའི་དོན་གྱི་ལེའུ།


DTG002_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཡང་སྤྱོད་པའི་ལེའུར་གླུ་དང་གར་ལ་སོགས་པ་མདོར་བསྟན་པའི་བཤད་པ་དང༌། རྒྱུ་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ་གསུངས་པ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་པ་ནི་གླེང་གཞིའི་ཚིག་དང༌། །དགོངས་པའི་སྐད་ཐོས་པའི་རྗེས་ལའོ། །ལྷ་དབང་བསྐུར་བ་ལས་གང་གསུངས་པ། ཞེ་སྡང་ལ་སོགས་ཕྱག་རྒྱ་རྣམས། །ཞེས་པ་ལ། དབང་བསྐུར་ནི་དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་བདག་པོར་གྱུར་པ་ཞེས་པ་འདིས་སྟོན་པ་སྟེ། ཞེ་སྡང་ལ་སོགས་ཕྱག་རྒྱ་རྣམས་སོ། །རྣམ་པར་དག་པ་ནི་རྩ་རྣམས་ཀྱི་ཚོགས་སོ། །རེ་ཞིག་དང་པོར་གླུ་བསྟན་པར་བྱས་ཏེ། ཀོ་ལླ་ཨེ་རེ་ཊྛི་ཞེས་བྱ་བ་ལ་སོགས་པའོ། །འདིར་གླུའི་སྒྲ་ཇི་བཞིན་པའི་དོན་ནི་རབ་ཏུ་གྲུབ་པ་ཉིད་ཡིན་ལ། སྦས་པའི་དོན་དུ་ཤེས་པ་ཡང༌། །ཀོ་ལླ་ཨི་རེ་ཊྛི་ཞེས་པ་ནི་སྤྱི་བོ་ན་གནས་པའོ། །བོ་ལ་ཅན་ནི་ཐབས་ཏེ་ཧཾ་ཡིག་གོ །མུ་མྨུ་ཎི་རེ་ཀ་ཀྐོ་ལ་ཞེས་པ་ནི་ལྟེ་བར་གནས་པའི་ཀ་ཀྐོ་ལ་ཅན་ཏེ་ཤེས་རབ་ཨེ་ཡིག་གོ །དེ་ནས་ཡང་གསུངས་པ། གྷ་ཎ་ཀྲྀ་པི་ཊ་ཧོ་བཱ་ཛྫ་ཨེ་ཞེས་པ་ལ།


DTG002_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲྀ་པི་ཊ་ནི་ཅང་ཏེའུ་ཏེ་སྒྲའི་བདག་ཉིད་ཀྱིས་ན་སྔགས་ཏེ་ཅང་ཏེའུའི་སྒྲ་འདྲ་བ་ཉིད་དུ་བརྗོད་དོ། །དེས་ན་གྷ་ཎ་ཀྲྀ་པི་ཊ་ཧོ་བཱ་ཛྫ་ཨི་ཞེས་པར་སྦྱར་ཏེ། རྒྱུན་མི་འཆད་པར་བརྗོད་པའོ། །དེའི་དོན་ནི་འདི་ཡིན་ཏེ། ཨཾ་དང་ཧཾ་ཞེས་པ་བྲིས་པའི་གཟུགས་ལྟ་བུའི་སྔགས་རིམ་པ་ཇི་ལྟ་བར་ལྟེ་བ་དང་སྤྱི་བོར་ལས་དང་ཉོན་མོངས་པའི་བག་ཆགས་འཇོམས་པའི་རང་བཞིན་དུ་སྐད་ཅིག་རྒྱུན་མི་འཆད་པ་སྒྲོགས་ཞེས་པའོ། །ཀཱ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། །ཞེས་པ་ལ། ཀཱ་རུ་ཎེ་ནི་བདུད་རྩི་འཛག་པའོ། །དེས་ན་རོལ་ནི་འགལ་བར་མི་བྱ་བའོ། །དེ་དག་གིས་འདི་སྐད་དུ་བསྟན་པ་ཡིན་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོའི་འདབ་མའི་ལྟེ་བ་ལ་གནས་པའི་ཨཾ་ཡིག་གི་ཐིག་ལེའི་འོད་ཟེར་གྱིས་བདེ་བ་ཆེན་པོར་གནས་པའི་ཧཾ་ཡིག་གི་ཐིག་ལེ་བསྐུལ་བ་ལས་གང་བདུད་རྩིའི་རྣམ་པ་ཞུ་བ་དེ་ཉིད་ནི་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཚད་ཙམ་གྱིས་ལུས་ཐམས་ཅད་དུ་ཁྱབ་ཅིང་ཞུགས་ཞེས་པའོ། །དེ་ལྟ་བུའི་སྦྱོར་བ་ལ་གོམས་པར་བྱས་ནས་ཅི་བྱེད་ཅེ་ན་གསུངས་པ། ཏ་ཧིཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཏ་ཧིཾ་ནི་དེར་སྦྱོར་བ་ལས་གོམས་པར་གནས་ནས་སོ། །བལ་ནི་གཟུང་བར་མངོན་པར་ཞེན་པའོ། །ཁཱ་ཛྫ་ཞེས་པ་ནི་ཟོས་པའོ་ཞེས་དགོངས་སོ། །གཱ་ཌྷིཾ་མ་ཨ་ཎཱ་པི་ཛྫ་ཨི་ཞེས་པ་ལ་མ་ད་ན་ནི་འཛིན་པར་མངོན་པར་ཞེན་པའོ། །དེ་ཡང་པི་ཛྫ་ཨི་ནི་འཐུང་བ་སྟེ། །སྣང་བ་མེད་པར་བྱེད་པའོ། །གཱ་ཌྷིཾ་ཞེས་པ་ནི་ཇི་ལྟ་བ་བཞིན་དུ་བསྟན་པར་འགྱུར་བའོ། །དེ་ཡང་སྔར་དང་ཕྱིས་ཀྱི་སྦྱོར་བ་འདྲ་བར་རྟོགས་པར་བྱའོ། །ཡང་ཧ་ལེ་ཀཱ་ལི་ཉྫ་ར་པ་ཎི་ཨ་ཨི་ཞེས་པའི་ཧ་ལེ་ཞེས་པའི་ཚིག་གིས་རྣལ་འབྱོར་མ་རྣམས་ལ་བོད་པའོ། །ཀཱ་ལི་ཉྫ་ར་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་ཏེ། དེར་རབ་ཏུ་འཇུག་པའོ། །དུ་ནྡུ་ར་བཱ་ཛྫི་ཨ་ཨི་ཞེས་བྱ་བ་ལ་དུ་ནྡུ་ར་ནི་སྟོང་པ་ཉིད་དུ་མངོན་པར་ཞེན་པའོ། །དེ་བི་བ་རྫི་ཧི་ཏི་ནི་སྤང་བར་བྱ་བ་སྟེ་དེ་རུའོ། །ཇི་ལྟར་སྦྱོར་བས་གོམས་པར་བྱ། །ཞེ་ན་གསུངས་པ། །ཙ་ཨུ་ས་མ་ག་ཙྪུ་རཱི་སི་ཧླ། ཀཱ་པྤུ་ར་ལཱ་ཨི་ཨ་ཨི་ཞེས་པ་ནི་ཡ་ར་ལ་ཝ་བཞི་པོ་མཉམ་པོར་རླུང་དང༌། མེ་དང༌། ས་དང༌། ཆུ་རྣམས་སྐྱེད་པར་བྱེད་པའི་རྒྱུའི་རིམ་པས་སྒྲོལ་མ་དང༌། གོས་དཀར་མོ་དང༌། སངས་


DTG002_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྤྱན་དང༌། མཱ་མ་ཀཱིའི་ལྷ་མོའི་བདག་ཉིད་ཅན་དེ་དག་ཀྱང་ཆོས་དང༌། ལོངས་སྤྱོད་དང༌། སྤྲུལ་པ་དང༌། བདེ་བ་ཆེན་པོའི་འཁོར་ལོ་རྣམས་སུ་འབྲེལ་བ་པདྨའི་འདབ་མའི་ཡང་དབང་ལྡན་ལ་སོགས་པའི་གྲྭ་རྣམས་སུ་རིམ་པ་བཞིན་དུ་གནས་པར་སྦྱར་བར་བྱའོ། །ཀ་ཙྪུ་རཱི་ཞེས་པ་ནི་ཧཱུཾ་ཡིག་སྟེ་དེ་ཡང་ཆོས་ཀྱི་འཁོར་ལོའི་པདྨའི་ཟེ་འབྲུར་སྦྱར་བར་བྱའོ། །སི་ཧླ་ཞེས་བྱ་བ་ནི་རབ་བསྔགས་ཏེ་ལོངས་སྤྱོད་ཀྱི་འཁོར་ལོའི་པདྨའི་ཟེ་འབྲུར་སྦྱར་བར་བྱའོ། །ཀཱ་པྤུ་ར་ཞེས་བྱ་བ་ནི་དབྱངས་ཡིག་བཅུ་དྲུག་བདེ་བ་ཆེན་པོའི་འཁོར་ལོའི་པདྨའི་འདབ་མར་སྦྱར་བར་བྱའོ། །མཱ་ལ། ཞེས་པ་ནི་སྤྲུལ་པའི་འཁོར་ལོའི་པདྨའི་འདབ་མ་རྣམས་ལ་ཤར་ལ་སོགས་པར་ཨ་ཀ་ཙ་ཊ་ཏ་བ་ཡ་ཤ་ཞེས་པ་དགོད་པར་བྱའོ། །ཨི་ནྡྷ་ན་ཞེས་པ་ནི་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཞེས་པའི་དབྱངས་ཡིག་རྣམས་ལས་ཆོས་ཀི་འཁོར་ལོའི་དབང་པོ་ལ་སོགས་པའི་འདབ་མ་བཞི་ལ་དབྱངས་ཐུང་དུ་བཞིའོ། །ལོངས་སྤྱོད་ཀྱི་འཁོར་ལོར་དབང་པོ་ལ་སོགས་པའི་འདབ་མ་བཞི་ལ་དབྱངས་རིང་པོ་བཞིའོ། །ས་ལི་ཉྫ་ཏ་ཧིཾ་བྷ་རུ་ཁཱ་ཨི་ཞེས་པ་ལ། ས་ལི་ཛིའི་སྒྲས་ནི་ཕུང་པོ་དང་ཁམས་ལ་སོགས་པ་ཅན་ནོ། །བྷ་རུ་ཞེས་པ་ནི་དེ་དག་ཏུ་ནི་ངེས་པར་གང་བའོ། །ཁཱ་ཛྫ་ཞེས་པ་ནི་ཟས་སྟེ་ཉེ་བར་ལོངས་སྤྱོད་ཅེས་བྱ་བའི་ཐ་ཚིག་གོ །དེས་ན་རྣལ་འབྱོར་ལ་གོམས་པ་འདིས་ནི་ཕུང་པོ་ལ་སོགས་པ་རྣམ་པར་དག་ནས་དམ་པའི་བདེ་བ་ཐོབ་པར་འགྱུར་ཞེས་དགོངས་སོ། །སླར་ཡང་གོམས་ཤིང་རྟོགས་པར་བྱ་བ་གསུངས་པ། ཕྲེཾ་ཁ་ཎ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྲཾ་ཁ་ཎ་ཞེས་པ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོར་གནས་པའི་དབྱངས་ཡིག་དང་པོའི་ཐིག་ལེའུ་འོད་ཟེར་སྟེང་དུ་འགྲོ་བའོ། །ཁ་ཊ་ཞེས་པ་ནི་འོད་ཟེར་དེ་དག་གིས་ཞུ་བ་སྟེ། བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་ཧཾ་ཡིག་ཐིག་ལེ་ལས་འབྱུང་བའི་བདུད་རྩིའི་ཐིག་ལེའི་འོག་ཏུ་འགྲོ་བའོ། །དེ་ལྟ་བུ་བྱས་ནས་ཤུ་དྡྷ་ཨ་ཤུ་དྡྷ་སྟེ་དག་པ་དང་མ་དག་པར་ཤེས་པར་བྱ་བ་མ་ཡིན་པའོ། །ཡང་རྣལ་འབྱོར་གྱིས་དག་པར་བྱ་བའི་དོན་དུ་གསུངས་པ། ནི་རཾ་སུ་ཨཾ་གེ་ཞེས་བྱ་བ་ལ་སོགས་པ་སྟེ། ནི་ཞེས་པ་ནི་ལྷག་མ་མ་ལུས་པར་དག་པའོ། །ངཾ་སུ་ནི་དེའི་འོད་ཟེར་རོ། །དེས་ན་ནི་རཾ་སུ་སྟེ་ཟླ་


DTG002_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྱེད་པོ། །ཨཾ་གེ་ནི་ལུས་ལ་ཐམས་ཅད་དུ་འཁོར་ལོ་བཞིའི་ཡི་གེ་རྣམས་ཀྱི་མགོ་བོར་ཟླ་ཕྱེད་ཐིག་ལེ་གཞག་པར་བྱའོ། །དེས་ན་ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི་ཞེས་པར་འབྲེལ་ཏེ། དེ་ལ་ཡང་ཛའི་སྒྲ་ནི་ཕྱི་རོལ་གྱི་རྒྱན་ནོ། །ཏ་ཧིཾ་ནི་དེ་རུ་སྟེ་མགོ་བོའི་སྟེང་ནས་ཐིག་ལེ་འཛག་པས་རབ་ཏུ་འཇུག་པ་དང་གསལ་བར་བྱེད་ཅེས་པའི་དོན་ཏོ། །དེ་དག་གིས་ནི་ཐིག་ལེའི་རྣལ་འབྱོར་བསྟན་ཏོ། །ད་ནི་ཕྲ་མོའི་རྣལ་འབྱོར་གསུངས་པ། མ་ལ་ཨ་ཛེ་ཀུན་དུ་རུ་པ་ཊ་ཨེ་ཞེས་པ་སྟེ། ལྟེ་བ་ནས་སྟེང་དུ་སོར་བཞི་བཅད་པར་འོག་གི་འོད་ཟེར་སྟེང་དུ་སོང་བས་བདུད་རྩིའི་ཐིག་ལེར་སྦྱར་བས་ན་མ་ལ་ཨ་ཛེ་ངོ༌། །དེར་ཏིལ་འབྲས་ཙམ་དུ་སེམས་འཛིན་པས་ཀུན་དུ་རུའོ། །ཀུན་དུ་རུའི་སྒྲ་ནི་ཨ་བ་བྲང་ཤི་ཏི་པས་ནི་ཀུན་ད་ཞེས་པ་ཡིན་ནོ། །དེས་དགོངས་པ་ཕུན་སུམ་ཚོགས་པ་ཇི་ལྟ་བུ་ཞིག་བྱེད་ཅེ་ན། གསུངས་པ། ཌི་ཎྜི་མ་ཏ་ཧི་ནྣ་བཱ་ཛྫི་ཨ་ཨི་ཞེས་པ་སྟེ། ཌི་ཎྜི་མ་ནི་ཨ་ཝ་དྷཱུ་ཏཱིའི་རྩའོ། །དེར་ན་བཱ་ཛྫི་ནི་མི་སྤོང་བ་སྟེ། མ་ལུས་པར་སྒོམ་ཞེས་པའི་ཐ་ཚིག་གོ །རེའི་སྒྲ་ནི་ཡང་དག་པར་བོད་པ་སྟེ། འདིས་ནི་བརྟན་པའི་ཚིག་གོ །ད་ནི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། ལྟེ་བར་པདྨ་འདབ་མ་དྲུག་ཅུ་རྩ་བཞི་མདོག་སེར་པོ་དེའི་དབུས་སུ་དང་པོའི་དབྱངས་ཡིག་ཟླ་ཕྱེད་ཐིག་ལེ་དང་བཅས་པ་ཤར་ལ་སོགས་པའི་འདབ་མ་བརྒྱད་ལ་རིམ་པ་བཞིན་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཟླ་ཕྱེད་ཐིག་ལེ་དང་བཅས་པའོ། །སྙིང་གར་པདྨ་འདབ་མ་བརྒྱད་པ་དཀར་པོའི་དབུས་སུ་དབྱངས་ཡིག་དྲུག་པ་ལ་ཞོན་པ་ཟླ་ཕྱེད་ཐིག་ལེ་དང་བཅས་པའི་ཧཾ་ཁ་ཐུར་དུ་བལྟས་པའོ། །ཤར་ལ་སོགས་པའི་འདབ་མ་བཞི་ལ་དབྱངས་ཡིག་དང་པོ་དང༌། གསུམ་པ་དང༌། ལྔ་པ་དང༌། བཅུ་གཅིག་པའོ། །དབང་ལྡན་ལ་སོགས་པའི་འདབ་མ་བཞི་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཡ་ར་ལ་ཝ་ཟླ་ཕྱེད་ཐིག་ལེ་དང་བཅས་པའོ། །མགྲིན་པར་འདབ་མ་བཅུ་དྲུག་པོ་དམར་བའི་ཟེ་འབྲུ་ལ་ཕྱག་འཚལ་བ་འོག་ཏུ་བལྟས་པའོ། །འདབ་མ་བཞི་པོ་དག་ལ་རིམ་པ་ཇི་ལྟ་བར་དབྱངས་ཡིག་གཉིས་པ་དང༌། བཞི་པ་དང༌། དྲུག་པ་དང༌། བཅུ་གཉིས་པའོ། །དབང་ལྡན་ལ་སོགས་པའི་འདབ་མ་བཞི་ལ་དེ་བཞིན་དུ་ཡ་ར་ལ་ཝའོ། །སྨིན་མཚམས་སུ་འདབ་མ་སུམ་ཅུ་རྩ་གཉིས་པ་


DTG002_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་པའི་ཁ་དོག་ཅན་གྱི་ཟེའུ་འབྲུར་ཡང་ཧཾ་ཡིག་ཁ་ཐུར་དུ་བལྟས་པའོ། །ཤར་ལ་སོགས་པའི་འདབ་མ་རྣམས་ལ་རེ་རེ་བོར་ཞིང་དབྱངས་ཡིག་བཅུ་དྲུག་གོ །ལྟེ་བར་གསུམ་མོའི་མིང་དུ་བཏགས་པ་དབྱངས་ཡིག་དང་པོ་ལས་པདྨའི་སྐུད་པ་ལྟར་དཀར་ཞིང་ཕྲ་བ་སྟེང་དུ་སོང་བ་ནི་ཇི་སྲིད་ཡང་དག་པར་སྦྱོར་བའི་བར་དུ་སྟེ། དེའི་ཐིག་ལེ་དང་འོད་ཟེར་གྱིས་ཧཱུཾ་ཡིག་དང་ཕྱག་འཚལ་བའི་ཐིག་ལེ་གཉིས་པོ་ཞུ་བ་ལ་ཧཾ་ཡིག་གི་ཐིག་ལེ་ཞུ་ཞིང་ཐིམ་པའོ། །དེ་བས་ན་ཧཾ་ཡིག་གི་ཐིག་ལེ་ཞུ་བ་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་སྟེ། དེར་འོད་ཟེར་བསྐུལ་བས་གཏུམ་མོའི་ཐིག་ལེར་ཞུགས་པའོ། །དེ་ཡང་སྔར་གྱི་བྱ་བ་ཇི་ལྟ་བ་བཞིན་དུ་ཡང་བྱ་སྟེ། དེ་དག་ཉིད་ཕྲ་ཞིང་དཀྱིལ་འཁོར་དང་བཅས་པ་འདོད་པའི་ལྷར་མོས་པར་བྱ་བ་ནི། སོང་བ་དང་འོང་བ་ཇི་ལྟར་རྫོགས་པར་བསྒོམ་པར་བྱ་སྟེ། ཐིག་ལེའི་རྣལ་འབྱོར་རོ། །ལྟེ་བ་ནས་ཏེ་སོར་བཞིའི་ཆ་བོར་ཏེ། འོད་ཟེར་གྱིས་ཐིག་ལེ་ཞུ་བའི་སྦྱོར་བ་ནི་སེམས་ཏིལ་འབྲས་ཙམ་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་སེམས་གཟུང་བར་བྱའོ་ཞེས་པ་སྟེ། ཕྲ་མོའི་རྣལ་འབྱོར་རོ། །སྦྱོར་བ་འདི་དག་གིས་ནི་ཆེན་པོ་ལས་ཀྱང་ཆེན་པོར་གྱུར་པའི་བསྙེན་པ་ལ་སོགས་པར་ལྷག་པར་མོས་པར་བྱའོ། །དེ་ཡང་དཀྱིལ་འཁོར་རྒྱལ་པོ་མཆོག་གི་རྗེས་ལ་སྦྱོར་བར་བརྗོད་པར་བྱ་སྟེ། སྦྱོར་བ་འདིས་ནི་ཐ་མལ་གྱི་གཟུགས་བསྲེགས་ཏེ་ཕུང་པོ་ལ་སོགས་པ་སྦྱོང་བར་བྱེད་པའོ། །དེས་ན་འདིར་ནི་ལྟེ་བར་གཏུམ་མོ་སྤར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་ཧཾ་ལས་རི་བོང་འཛག །ཅེས་རྡོ་རྗེ་རིགས་ཀྱི་ལེའུ་ལས་གསུངས་པའི་ཚིགས་སུ་བཅད་པ་ལེགས་པར་གནས་པ་ཡིན་ཏེ། དེ་ཡང༌། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །ཞེས་པ་སྟེ། དེ་བཞིན་གཤེགས་པ་ལྔའི་སྒྲས་ནི་ཕུང་པོ་ལྔ་ལ་བྱའོ། །ཡང་ན། ས་ནི་སྤྱན་མར་གསུངས་པ་སྟེ། །ཆུ་ཁམས་མཱ་མ་ཀཱི་རུ་བརྗོད། །མེ་ནི་གོས་དཀར་མོ་ཡིན་ལ། །རླུང་གི་ཁམས་ནི་སྒྲོལ་མར་བརྗོད། །ཅེས་པ་སྟེ། སྤྱན་ལ་སོགས་པའི་སྒྲ་ནི་ས་ལ་སོགས་པ་ཉིད་དོ། །ཕུང་པོ་ལ་ལྔས་ནི་ཁམས་དང་སྐྱེ་


DTG002_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ཀྱང་བསྡུས་པའོ། །ཧཾ་ཡིག་ནི་རི་བོང་ཅན་ཉིད་དེ། །དེ་ཡང་ཐིག་ལེ་ཞུ་བའི་གཟུགས་ཀྱིས་འཛག་པའོ། །ཞུ་བའི་དུས་གསུངས་པ། བསྲེགས་ཞེས་པ་སྟེ་བསྲེགས་ནས་སོ། །དེས་ན་བསྲེགས་པ་ནི་འོད་ཟེར་འབར་བའོ། །གཏུམ་མོ་འབར་བའི་རང་བཞིན་ལས་ཕྲ་བའི་གཟུགས་བྱུང་ནས་ཕུང་པོ་ལ་སོགས་བསྲེགས་ཏེ་གནས་སོ་ཞེས་ཤེས་པར་བྱའོ། །དེ་ཡང་མེ་འབར་བ་མེད་ན་ལུས་ཀྱི་བདུད་རྩི་འབྱུང་བ་མེད་པ་ཡིན་ལ། ཇི་ལྟར་ཕྱི་རོལ་གྱི་ཟླ་བ་དང་ཉི་མ་བཞིན་དུ་ལུས་ཀྱི་ཡང་ཧཾ་ཡིག་དང་གཏུམ་མོ་དག་ཤེས་པར་བྱའོ། །ད་ནི་ལྟེ་བ་ལ་སོགས་པ་གསུངས་པ། ལྟེ་བ་ཞེས་པ་ལ་སོགས་པའོ། །དྲན་པ་མི་འཕྲོགས་རྣལ་འབྱོར་པས། །ཞེས་བྱ་བ་ལ་དྲན་པ་ནི་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་དག་མངོན་པར་ཤེས་པའོ། དེ་ཡང་ཉོན་མོངས་པས་མ་འཕྲོགས་ཤིང་མ་བཅད་པ་ནི་འདིར་དྲན་པ་ནི་མི་འཕྲོགས་པའོ། །རྣལ་འབྱོར་ནི་ཐམས་ཅད་ཀྱིས་ཏེ་དེ་བཞིན་དུ་ཏིང་ངེ་འཛིན་ཀྱང་ངོ༌། །དེ་ལྟ་བུའི་རྣལ་འབྱོར་གྱིས་སྡིག་པར་མི་བྱེད་དོ་ཤེས་འདིར་གླུ་བླང་བར་བྱའོ། །དེས་ན་གསུངས་པ། འདོད་ཆགས་སེམས་ཀྱིས་བསྒོམས་པ་ཉིད། །ཅེས་པ་སྟེ། རྣལ་འབྱོར་པས་ཞེས་པ་ནི་ལྷག་མའོ། །དེ་ལྟ་བུ་ཉིད་ཀྱི་བཤད་པ་གསུངས་པ། ཆགས་བྲལ་མིན་གོམས་སེམས་ཀྱིས་ནི། །ཞེས་པའོ། །གླུ་དང་གར་དག་ཅི་དང་བཅས་པས་བྱེད་ཅེ་ན་གསུངས་པ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཆོས་ཞེས་པ་ནི་བྱང་ཆུབ་སེམས་དཔའོ། །རྣལ་འབྱོར་མ་དང་མ་མོ་ཡིས། །ཞེས་པ་ནི་ཤེས་རབ་ཀྱིས་ཏེ། གཽ་རཱི་ལ་སོགས་པ་རྣམས་ཀྱིས་ཞེས་པའི་དོན་ཏོ། །དེས་ན་ཕྱི་རོལ་གྱི་རྣལ་འབྱོར་པས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་གཟུགས་དང༌། གཽ་རཱི་ལ་སོགས་པ་རང་རང་གི་གཟུགས་དང་བཅས་པས་གར་དང་གླུ་བླང་བར་བྱའོ། །འདི་དག་གིས་ཞེས་པ་ནི་ཐ་མལ་གྱི་གླུ་དང་གར་སེལ་བའོ། །དེས་ན་འདི་ཉིད་གོམས་པ་ཡང་གོམས་པ་འབའ་ཞིག་ཅེས་པའི་དོན་ཏོ། །རིམ་པ་འདིས་ནི་བདག་གཞན་གཉིས་ཀ་བསྲུང་བར་འགྱུར་བའོ། །འཇིག་རྟེན་པས་ཀྱང་དེ་ལ་གནས་ཏེ་བཟླས་པ་དང་བསྒོམས་པར་བྱ་བ་ཡང་ཡིན་ནོ་ཞེས་པ་གསུངས་པ། འདི་ཉིད་


DTG002_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་ཚོགས་བསྲུང་ཞིང༌། །ཞེས་པ་སྟེ། ནིའི་སྒྲ་ནི་སྒོམ་པ་སྟོན་ཏོ། །སྤྱོད་པའི་ལེའུར་གསུངས་པ། གླུ་ནི་རྣམ་དག་སྔགས་སུ་གནས། །གར་ནི་སྒོམ་པར་བརྗོད་པ་སྟེ། །ཞེས་པའོ། །གླུ་དང་གར་བྱིན་གྱིས་བརླབ་པ་གསུངས་པ་གུས་པར་ཞེས་པ་སྟེ། གུས་པར་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། དུས་ཡུན་རིང་པོར་རྒྱུན་མི་འཆད་པར་གར་ལ་སོགས་པ་བྱའོ། །གང་དུ་ནི་དེ་རུ་སྟེ། ལྷར་བྱིན་གྱིས་བརླབས་པ་ཡིན་པའོ། །དེ་དག་གི་མཚན་མ་ཅི་ཞེ་ན། གསུངས་པ། ཚོགས་ཀྱི་བདག་པོས་ཞེས་བྱ་བ་ལ་སོགས་པ་སྟེ། ག་པུར་མ་ལ་ཡ་ཛ་ངོ༌། །དེའི་རྗེས་སུ་གླུ་ཡི་བྱིན་རླབས་མཚན་ཉིད་དོ། །ཞེས་པ་སྟེ། ཡི་གེ་བཅུ་བདུན་གྱི་ཚིགས་སུ་བཅད་པའོ། །གྲོག་པ་ལ་སོགས་པའི་དྲི་ནི། གར་གྱི་བྱིན་རླབས་མཚན་ཉིད་དོ། །ཞེས་པ་ལྟ་བར་བྱའོ། །དེའི་རྗེས་ལ། གླུ་ཡི་བྱིན་རླབས་མཚན་ཉིད་དོ། །ཞེས་པ་བལྟ་བར་བྱའོ་ཞེས་འཆད་པར་འགྱུར་བ་དེ་ཉིད་གསུངས་པ། བུང་བའི་སྒྲ་ཞེས་བྱ་བ་ལ་སོགས་པ་སྟེ། བ་ལང་ཆེའི་སྒྲ་ཡང་ནི་ཕྱི་རོལ་ཚལ་དུ་ཡང་ཐོས་པ་སྦྱར་ལ་མཚོན་ནོ་ཞེས་དགོངས་སོ། །ཕྱག་རྒྱ་བསྟན་པའི་དོན་དུ་གསུངས་པ། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་སྟེ། རྟགས་དང་མཚན་མ་ནི་རྟགས་དང་མཚན་མ་དང༌། ཕྱག་རྒྱ་སྟེ་མིང་གི་རྣམ་གྲངས་སོ། །ཕྱག་རྒྱ་རིགས་ཞེས་པ་སྟེ། དེ་ཡང་ལྷ་གང་གི་རིགས་གང་ཡིན་པ་དེ་དག་དེས་དབང་བསྐུར་བར་འགྱུར་བས་དངོས་གྲུབ་མངོན་སུམ་ཉིད་དུ་སྟེར་བར་འགྱུར་བའོ། །གཞན་དུ་ན་མ་ཡིན་ནོ། །འདི་ཉིད་གསུངས་པ། རིགས་འཆོལ་ཞེས་བྱ་བ་ལ་སོགས་པའོ། །ཕྱག་རྒྱ་གསུངས་པ། བདག་མེད་པ་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །རྣལ་འབྱོར་མ་རྣམས་ཀྱི་ས་བོན་གསུངས་པ། ཨཱ་ལི་དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ས་བོན་དེ་རྣམས་ནི་ཟླ་ཕྱེད་ཐིག་ལེ་དང་བཅས་པས་མཚན་པའོ། །གཞན་དག་ནི་གོ་སླའོ། །རྩ་རྣམས་ནི་རྣལ་འབྱོར་མ་རྣམས་སུ་རྣམ་པར་དག་པའི་དོན་དུ་གསུངས་པ། རིགས་ཀྱི་ལེའུ་ཞེས་བྱ་བ་ལ་སོགས་པ་སྟེ། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེ་རིམ་པ་དུ་ནི་འདོད། །ཅེས་བྱ་བ་ནི་ཡི་གེ་བཅུ་བདུན་པའི་ཚིགས་སུ་བཅད་པ་ཕྱེད་དོ། །གསུངས་པ། དེ་དག་གིས་ནི་མི་ཕྱེད་མ་དང་


DTG002_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གཞོལ་མ་ཞེས་པ་འདི་གཉིས་ནི་རྡོ་རྗེ་མའོ། །ཕྲ་གཟུགས་མ་དང་མདོག་ནག་མ། །ཞེས་པ་འདི་གཉིས་ནི་གསང་བའི་གཽ་རཱིའོ། །བཟང་མོ་དང་སྤྱོད་མ་ཞེས་པ་གཉིས་ནི་ཆུ་མའོ། །གཡོན་པ་མ་དང་རྒྱུ་སྦྱིན་མ། །ཞེས་པ་འདི་གཉིས་ནི་རྡོ་རྗེ་མཁའ་འགྲོ་མའོ། །ཐུང་དུ་མ་དང་སྦྱོར་བྲལ་མ། །ཞེས་པ་གཉིས་ནི་པུ་ཀྐ་སཱིའོ། །རུས་སྦལ་སྐྱེས་མ་དང་ཚབ་མ་ཞེས་པ་གཉིས་ནི་རི་ཁྲོད་མའོ། །བསྒོམ་པ་མ་དང་གྲུབ་མ་ཞེས་པ་གཉིས་ནི་གཏུམ་མོའོ། །དབང་མ་དང་འཆོད་མ་ཞེས་པ་གཉིས་ནི་གཡུང་མོའོ། །སྐྱོན་མ་དང་ཡིད་བཟངས་མ་གཉིས་ནི་དཀར་མོའོ། །འཇུག་མ་དང་སུམ་སྐོར་མ་ཞེས་པ་གཉིས་ནི་ཆོམ་རྐུན་མའོ། །མ་མོ་དང་འདོད་མ་ཞེས་པ་གཉིས་ནི་རོ་ལངས་མའོ། །མཚན་མོ་དང་ཁྱེམ་མ་ཞེས་པ་གཉིས་ནི་ཟ་ཕོད་མའོ། །བསིལ་སྦྱིན་མ་དང་གཏུམ་མོ་ཞེས་པ་གཉིས་ནི་མཁའ་སྤྱོད་མའོ། །དྲོད་མ་དང་བདུད་འདྲལ་མ་ཞེས་པ་གཉིས་ནི་ས་སྤྱོད་མའོ། །རྐྱང་མ་དང་རོ་མ་དང་ཨ་ཝ་དྷཱུ་ཏི་ཞེས་པ་གསུམ་ནི་བདག་མེད་མའོ། །དེ་ཉིད་གསུངས་པ། རྐྱང་མ་རོ་མ་ཀུན་འདར་མ། །བདག་མེད་རྣལ་འབྱོར་མ་ཞེས་བརྗོད། །ཅེས་པའོ། །བདུད་འཇོམས་མ་བོར་བར་བྱ་བར་བརྗོད་པ་གསུངས་པ། ཀུན་གྱི་ལྷག་མ་ཞེས་བྱ་བ་ལ་སོགས་པའོ། །གང་ལས་ཤེ་ན། གང་ཕྱིར་བཅུ་དྲུག་ཆ་མེད་པ། །ཞེས་པའོ། །ཅིའི་རྒྱུས་དེ་མེད་ཅེ་ན། གསུངས་པ། དོན་གྱི་བྱ་བ་མི་བྱེད་ཕྱིར། །ཞེས་པ་ལ་སོགས་པ་སྟེ། རྩ་གཉིས་གཉིས་ནི་ཆའོ། །བདུད་འཇོམས་མ་ནི་ཆ་གཅིག་སྟེ། ཇི་ལྟར་བྱེད་པ་ཞེས་སྙམ་དུ་དགོངས་སོ། །དེ་ཡང་ཕྱི་རོལ་གྱི་ཟླ་བ་ཡང་རྩའི་བདག་ཉིད་ཅན་གྱི་ཆ་བཅོ་ལྔའི་བདག་ཉིད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའམ། དེ་བཞིན་དུའོ་ཞེས་གསུངས་པ། ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བཅོ་ལྔའི་ཆ་ཡི་བདག་ཉིད་ཅན། །ཞེས་པ་སྟེ། རྣལ་འབྱོར་མ་རྣམས་ཀྱི་ཨཱ་ལི་དག་གིས་ཇི་ལྟར་ས་བོན་བྱེད་ཅེ་ན་གསུངས་པ། ཨཱ་ལི་ཞེས་བྱ་བ་ལ་སོགས་པ་སྟེ། བདེ་བ་ཆེན་པོ་གང་ཞིག་ལས་འགྱུར་བ་སྟེ། དེའི་བདེ་བ་ནི་བྱང་ཆུབ་སེམས་ཨཱ་ལིའི་གཟུགས་སོ། །དེ་ལྟ་བུའི་བརྗོད་པ་གང་དང་གང་གི་ཡིན་ཞེ་ན། གསུངས་པ། རྣལ་འབྱོར་མ་རྣམས་དེ་ཡི་


DTG002_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཆ། །ཞེས་པ་སྟེ། བྱང་ཆུབ་སེམས་དག་གི་རྣལ་འབྱོར་མ་རྣམས་ཆ་ཅན་ཏེ་ཆ་ཤེས་སོ། །ཆ་འདི་དག་ཀྱང་བྱང་ཆུབ་སེམས་ཀྱི་ཆ་ཤས་ལས་གྱུར་པའི་རྣལ་འབྱོར་མ་དེ་དག་ཨཱ་ལིའི་གཟུགས་སོ། །དེས་ན་ཡང་ཨཱ་ལིའི་གཟུགས་ལས་རྣལ་འབྱོར་མ་རྣམས་ཀྱི་ས་བོན་ནི་ས་བོན་དུ་གཟུང་སྟེ་ཨཾ་ཡིག་ལ་སོགས་པ་ཉིད་ས་བོན་ནོ། །ག་པུར་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་གཟུགས་སོ། །རྣལ་འབྱོར་མ་ཀུན་ལས་བྱུང་བ། །ཞེས་བྱ་བ་ནི་རྣལ་འབྱོར་མ་ཀུན་གྱི་འབྱུང་བ་ལས་ཞེས་པའོ། །ཡང་ན་ཐམས་ཅད་ལས་སམ། རྣལ་འབྱོར་མ་རྣམས་ལས་བྱུང་ཞེས་དེ་བཞིན་དུ་བརྗོད་དོ། །ཟད་མེད་ཅེས་པ་ནི་དམ་པའི་བདེ་བ་དེ་ཉིད་ཀྱིས་སོ། །ཟད་པའི་གཟུགས་ཅན་ཞེས་པ་ནི་མེ་ཏོག་ཀུ་ནྡ་ལྟ་བུར་གྱུར་པའི་བདག་ཉིད་ཀྱིས་སོ། །གླེགས་བམ་ལ་ལར་ནི་བཏུང་མཆོག་ནམ་མཁའ་མཚུངས་ཞེས་པ་སྟེ། དེས་ན་དེར་འབྱུང་བའི་བདག་ཉིད་ཅན་དང༌། དེ་བཞིན་དུ་བདེ་བའི་རང་བཞིན་ཉིད་དོ། །དཀྱིལ་འཁོར་འཁོར་ལོ་སོགས་ཐབས་དང༌། །རང་བྱིན་བརླབ་པའི་རིམ་པས་ཀྱང༌། །ཞེས་པ་ལ་སོགས་པའི་སྒྲས་ནི་འདོད་པའི་ཡོན་ཏན་ལྔ་པོ་ཉེ་བར་ལོངས་སྤྱོད་པ་ཅན་ནོ། །ཤིན་ཏུ་བྱིན་གྱིས་བརླབས་པ་ཞེས་བདག་བྱིན་གྱིས་བརླབས་པའི་རིམ་པའི་ཐབས་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །ཞུ་བ་ནི་བདེ་བ་ཡང་དག་པར་སྡུད་པར་བྱེད་པས་ན་ཀུན་རྫོབ་པོ། །དེའི་ཁྱད་པར་གྱིས་འཛིན་པ་ནི་ཀུན་ནས་འཛིན་པར་བྱེད་ཅེས་པ་སྟེ་དོན་དམ་མོ། །བདེ་བ་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་རྡོ་རྗེ་འཆང་གི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་གཉིས་ཏེ། །ཀུན་རྫོབ་དོན་དམ་གཟུགས་ཅན་ནོ། །དེ་དག་ཏུ་རྟོགས་པར་འགྱུར་བ་བསྟན་པའི་དོན་དུ་གསུངས་པ། ཨེ་ཝཾ་ཞེས་བྱ་བ་ལ་སོགས་པའོ། །བདག་དང་བདག་གིར་འཛིན་པས་ནི་འདིར་འཁོར་བ་སྟེ། འཁོར་བ་གཟུགས་དང་སྒྲ་ལ་སོགས། །ཞེས་པའོ། །དེ་ཡང་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་ན་འདིར་གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་ཉིད་སྙིང་པོ་མེད་པ་ཉིད་འཆིང་བ་ཡིན་ལ། སྙིང་པོ་མེད་པ་ཉིད་གྲོལ་བ་ཡང་ཡིན་ནོ། །སྙིང་པོ་མེད་པ་དེ་གསུངས་པ། འདི་ཉིད་མྱ་ངན་འདས་པ་ཞེས་པ་སྟེ། གཉིས་ཀ་ཡང་ངོ༌། །ཉིད་ཀྱི་སྒྲ་ནི་ཕྱོགས་སྔ་མཁས་བླངས་པ་སྟེ། འཁོར་


DTG002_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་མྱ་ངན་ལས་འདས་པ་མིང་དུ་གྱུར་པ་ནི། སྒྱུ་མ་ལྟ་བུ་ཉིད་ཀྱིས་སྙིང་པོ་མེད་པ་རྣམ་པ་གཉིས་ཞེས་དགོངས་སོ། །རང་བཞིན་གྱིས་རྣམ་པར་དག་པ་ལས་འཁོར་བ་དང་མྱ་ངན་ལས་འདས་པ་མི་ཕྱེད་པར་བསྟན་པའི་དོན་དུ་གསུངས་པ། འཁོར་བ་སྤངས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་སྐད་དུ་ཡང༌། འཁོར་བ་དང་ནི་མྱ་ངང་འདས། །གཉིས་པོ་འདི་དག་ཡོད་མ་ཡིན། །སྲིད་པ་ཉིད་ནི་ཡོངས་ཤེས་པ། །མྱ་ངན་འདས་པ་ཞེས་སུ་བརྗོད། །ཅེས་གསུངས་པ། འཁོར་བ་ཉིད་ནི་མྱ་ངན་འདས། །ཇི་ལྟར་གྱུར་པའི་དོན་རྣམས་མཐོང༌། །ཞེས་པ་དང་། ཡང་སྔར་གསུངས་ཏེ། འཁོར་བ་དང་ནི་མྱ་ངན་འདས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་པའོ། །དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་ཀྱང༌། །ཆོས་རྣམས་ཐམས་ཅད་མྱ་ངན་འདས་དང་མཉམ། །ཞེས་གསུངས་སོ། །དེས་ན་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་དག་དེ་ཁོ་ན་ཉིད་དུ་རྟོགས་པར་བྱ་སྟེ། དེའི་ཐབས་སུ་རྣལ་འབྱོར་པས་བསྒོམ་པར་བྱའོ། །དེ་ཁོ་ན་ཉིད་ཀྱང་བླ་མའི་ཞབས་ཀྱི་བཀའ་དྲིན་དང༌། བསོད་ནམས་ལྷག་པར་གྱུར་པ་ལས་ཏེ། རང་ཉིད་ཀྱིས་རྟོགས་ཤིང་གོམས་པ་ལས་སོ་ཞེས་དགོངས་སོ། །གང་གི་ཕྱིར་དེ་ཁོ་ན་ཉིད་ནི་བླ་མས་ཀྱང་བརྗོད་པར་མི་ནུས་པ་སྟེ། དེ་ཁོ་ན་ཉིད་རྟོགས་པའི་ཐབས་ཙམ་དུ་བརྗོད་པས་ན་དེ་ཁོ་ན་ཉིད་བརྗོད་དོ་ཤེས་ཉེ་བར་བརྟགས་སོ། །དེ་དག་གིས་ནི་དེ་ཁོ་ན་ཉིད་ལ་བསླབ་པོ་ཞེས་གསལ་བར་རབ་ཏུ་གྲུབ་བོ། འཁོར་བ་གསུངས་པ། འཁོར་བ་གཟུགས་ཞེས་བྱ་བ་ལ་སོགས་པའོ། །མྱ་ངན་ལས་འདས་པ་ཞེས་གསུངས་པ། འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་པའོ། །གལ་ཏེ་འདི་རྣམས་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ན། འོན་ན་ཇི་ལྟར་འཁོར་བའི་རང་བཞིན་དུ་གྱུར་ཞེ་ན་གསུངས་པ། རྨོངས་པ་འཁོར་བའི་གཟུགས་ཅན་ཏེ། །ཞེས་པ་ལ། རྨོངས་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། འཁོར་བ་རྣམས་ནི་དོན་ཐ་དད་པ་མ་ཡིན་པ་སྟེ། མྱ་ངན་ལས་འདས་པ་ཞེས་དགོངས་སོ། །འོ་ན་ཇི་ལྟར་ཤེས་བྱའི་སྒྲིབ་པ་སྤངས་ཞེ་ན་གསུངས་པ། རྨོངས་མེད་འཁོར་བ་དག་པས་ཞེས་བྱ་བ་ལ་


DTG002_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ནི་འཁོར་བའི་རྨོངས་པ་མེད་པར་གྱུར་པ་སྟེ། ཤེས་བྱའི་སྒྲིབ་པ་སྤང་པ་ཞེས་པའི་དོན་དུའོ། །འདིས་ཀྱང་འཁོར་བ་སྒྲིབ་པ་མེད་པར་བྱེད་པ་ཡིན་ལ། སྒྲིབ་པ་མེད་པ་ནི་མྱ་ངན་ལས་འདས་པའོ། །སྒྲིབ་པ་མེད་པ་དང་འདྲ་བས་ན་རྒྱུན་གཅོད་པའོ། །མྱ་ངན་ལས་འདས་པ་ཡང་མྱ་ངན་ལས་འདས་པ་དང་འདྲ་བར་གྱུར་ཞེས་པའི་དོན་ཏོ། །དེས་ན་མྱ་ངན་ལས་འདས་པ་ནི་ཞེན་པ་སྤངས་པས་བྲལ་ཞིང་མཐའ་གཅིག་ཏུ་ངེས་པས་ན་མྱ་ངན་ལས་འདས་པའོ། །ཡང་ན་འཁོར་བ་ནི་སྒྲིབ་པ་དང་བྲལ་བ་དང༌། མྱ་ངན་ལས་འདས་པ་དང༌། རབ་ཏུ་མི་གནས་པའི་རང་བཞིན་དུ་གོ་བར་བྱ་བའི་ཕྱིར་ཁྱོད་དང་འབྲེལ་པ་ཡིན་ནོ་ཞེས་རྡོ་རྗེ་སྙིང་པོ་ལ་བོས་ནས་བསྟན་ཏོ་ཞེས་པ་སྟེ་བཤད་པའོ། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཞེས་པའི་ཚིག་ནས་བརྩམས་ནས། སི་ཧླ་ག་པུར་འབྱུང་བ་ཞེས་པའི་མཐར་ཚིག་ལྔའི་ཚིགས་སུ་བཅད་པ་འདིས་དོན་དམ་བ་བྱང་ཆུབ་སེམས་ནི་བདེ་བའོ། །ནིའི་སྒྲས་ནི་ཞུ་བ་བླངས་ཏེ་དོན་དམ་དང༌། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རང་བཞིན་བླངས་ཤིང་སྤྲེལ་ཏེ་བརྗོད་ཅིང་བསྟན་པའི་དོན་དུ་གསུངས་པ། ཤིན་ཏུ་བཞིན་བཟངས་ཞེས་བྱ་བ་ལ་སོགས་པ་སྟེ། རིགས་བཟངས་མ་ནི་ཞེས་པ་ནི་རིགས་ལྔ་དང་འབྲེལ་པའོ། །ནིའི་སྒྲ་ནི་གཞན་ཡང་སྟེ། ཡོན་ཏན་འདི་ལྟ་བུ་དང་ལྡན་པ་གཞན་དག་ཀྱང་གཟུང་ངོ༌། །སི་ཧླ་ག་པུར་ཡང་དག་འབྱུང༌། །ཞེས་པ་ནི་ནད་མེད་པ་སྟེ། དེ་ཡང་ནད་ཀྱིས་ཐེབས་པ་ལ་ནི་སི་ཧླ་དང་ག་པུར་དག་གཉིས་ཀ་ཡང་འབྱུང་བ་མ་ཡིན་པས། དེ་ལྟ་བུ་རྙེད་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་ཀྱིས་སེམས་བསྐྱེད་པ་ལ་སོགས་པ་བྱའོ་ཞེས་བྱ་བའི་རིམ་པ་འདིར་བླང་བའོ། །དེ་ཡང༌། ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །ཞེས་པ་དང༌། དཀྱིལ་འཁོར་འཁོར་ལོ་ལ་སོགས་པ་ཐབས། །ཞེས་སྔར་གསུངས་པས་སོ། །དེར་ནི་ཆང་ཡང་འཐུང་བར་བྱེད། ཅེས་པ། །ཤེས་རབ་འདི་ཡིས་ལྟ་བ་ངན་ཅིང་ལོག་པ་སྤོང་ཞིང་སེལ་བ་སྟེ། དེ་ལ་ཡང་ཆང་བླུད་པར་བྱེད་པ་དང༌། ཆགས་པར་བྱ་བའི་དོན་ཙམ་དུའོ། །རང་ཡང་བཏུང་བ་ཉིད་ནི་ཆགས་པ་སྐྱེས་པའི་དོན་ཙམ་དུའོ། །འོ་ན་ཆགས་པ་ནི་རང་འབྱུང་དུ་


DTG002_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་ཇི་ལྟར་འཐུང་བར་བྱེད་ཅེ་ན། ཕྱི་ནས་ཕྱག་རྒྱ་རྗེས་ཆགས་བྱ། །ཞེས་པ་སྟེ་ཡི་གེ་དགུ་པའི་ཚིག་གོ །ཀུན་དུ་རུ་ལ་བསླབ་པར་བྱ་བ་གསུངས་པ། བོ་ལ་ཀ་ཀྐོ་ལ་ཞེས་པ་ལ་སོགས་པའོ། །ངག་གི་ལམ་དུ་ཡུལ་གྱི་ཁྱད་པར་གྱི་བདེ་བ་མངོན་པར་འདོད་པ་ལ་མཁས་པས་རྡོ་རྗེ་ལས་པདྨར་ལྟུང་བའི་ག་པུར་ལག་པ་ལ་སོགས་པར་བླང་བར་བྱ་བ་མ་ཡིན་པའོ་ཞེས་གསུངས་པ། ལག་ཏུ་མི་བླང་ཞེས་པ་ལ་སོགས་པའོ། །ཇི་ལྟར་བླང་ཞེ་ན། གསུངས་པ། བདུད་རྩི་ཞེས་པ་སྟེ། བདུད་རྩི་ནི་ཞུ་བའོ། །དེ་སྐད་དུ་ཡང༌། བདུད་རྩི་ཞུ་བ་ཞེས་སུ་བརྗོད། །ཅེས་གསུངས་སོ། །ལྕེ་ཡིས་བླང་བ་ཉིད་ཀྱང་དེ་བཞིན་དུ་གསུངས་པ། དེ་བཞིན་གནས་བླང་བ་ཡིན། །ལག་པར་སོར་མོའང་དེ་བཞིན་ནོ། །རྨོངས་པས་དེ་ལྟར་བྱེད་ན་ཡང༌། །བླངས་པ་ཉིད་ཀྱིས་ཉམས་པར་འགྱུར། །རྟག་ཏུ་དག་ལ་མ་ཉིད་དུ་སྦྱིན། །ལྕེ་ཡེ་རོལ་པས་དེ་བཞིན་ནོ། །ནོར་བུའི་རྩེ་ནས་ལག་ལ་སོགས། །བླང་ཞིང་གཟུང་བར་མི་བྱའོ། །གང་གིས་ཤེ་ན་གསུངས་པ། ལྕེ་ཡིས་སོ། །དེ་ནས་ཡང་བློ་ཞེས་བྱ་བ་ནི་རང་གི་བདེ་བ་འཕེལ་བར་འགྱུར་བའོ། །སྟོབས་ཀྱིས་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྟོབས་སོ། །ག་པུར་གྱི་སྒྲས་ནི་བདེ་བ་ལ་ཡང་མངོན་པར་བརྗོད་ཅེས་པ་ཇི་ལྟ་བུར་ཞེ་ན། ག་པུར་ཞེས་བྱ་བ་ལ་སོགས་པའོ། །ག་པུར་ལ་བརྗོད་ན་བདག་མེད་མའི་བློ་དེ་ཅིས་ཤེ་ན་གསུངས་པ། བདེ་བ་བདག་མེད་ཚུལ་ཅན་ཉིད། །ཅེས་པ་སྟེ། གང་བདག་མེད་པའི་བློ་དེ་ནི་བདེ་བའོ་ཞེས་དགོངས་སོ། །དེས་ན་བདེ་བ་ཡང་ག་པུར་དང་དབྱེར་མེད་པར་བརྗོད་དོ། །དེའི་བདེ་བ་ཞེས་པ་ལ་དེའི་སྟེ། སྤྱི་བོར་གནས་པའི་ཞུ་བ་བདེ་བར་འབྲེལ་ཞིང་བདེ་བར་འགྱུར་པ་ཡིན་ཏེ། དེ་ལས་སྐྱེས་པའི་ཕྱིར་རོ། །ཕྱག་རྒྱ་ཆེ། ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །ཞེས་པ་ནི། དེའི་ཞུ་བ་ནི་ཕྱག་རྒྱ་ཆེན་པོའི་ཐབས་ཡིན་ལ། དེས་ན་ཤེས་རབ་བདེ་བ་ལྷན་ཅིག་གནས་པ་དེ་ནི་ཞུ་བ་ལས་སྐྱེས་པ་སྟེ། དེ་ནི་ཞུ་བ་བསྒྲུབས་ནས་བདེ་བ་སྐྱེ་བར་བྱེད་པའོ། །དང་པོའི་དབྱངས་ཡིག་རང་བཞིན་ཏེ། །ཞེས་པ་ནི་གསལ་བར་བསྟན་པ་ཉིད་དོ། །བློ་ཞེས་པ་ནི་རྟོགས་པའི་དོན་ཏོ། །བློའི་རྣམ་པ་ནི་ཤེས་རབ་ཀྱི་རང་བཞིན་


DTG002_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སོ། །ལྷན་ཅིག་སྐྱེས་པ་འབྱུང་བ་ཉིད་ནི་ཤེས་རབ་དང་བདེ་བའི་རང་བཞིན་དུ་བརྗོད་པར་བྱ་བས་ན་གསུངས་པ། དེ་ཉིད་ཅེས་པ་ལ་སོགས་པ་སྟེ་དེས་ན་དེ་ཉིད་ཀྱང་འཆད་པར་འགྱུར་ཏེ། ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན། །ཞེས་པ་སྟེ། དེ་ལྟ་བུ་ཉིད་ལ་རིང་བ་དང་ཐུང་བ་ལ་སོགས་པ་དགག་པ་སྟེ། བདེ་བའི་རང་བཞིན་ཉིད་ལས་སོ། །དེ་ལས་སྐྱེས་པའི་རྣལ་འབྱོར་བ། །ཞེས་པ་ལ། དེ་ལས་ཏེ་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་ལས་སྐྱེ་བར་འགྱུར་བ་ཞེས་པའི་ཐ་ཚིག་གོ །རྣལ་འབྱོར་ནི། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་སུ་བརྗོད་པའོ། །ཞེས་པའོ། །དེ་དང་ལྡན་པ་ནི་རྣལ་འབྱོར་བའོ། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཞེས་བྱ་བ་ལ། དེ་དང་ནི་བདག་མེད་པའི་རང་བཞིན་དེ་དང་ལྷན་ཅིག་པས་དངོས་གྲུབ་ཏུ་འགྱུར་བའོ། །དེ་ཉིད་ཐབས་དང་ཤེས་རབ་ཀྱི་ལྷའི་རང་བཞིན་ཡིན་པས་ན་ཕྱག་རྒྱ་ཆེན་པོའི་བདེ་བ་སྟེ་ཞེས་པ་སྟེ། ནུས་མཐུའོ། །དེ་ཡང༌། བདེ་ཆེན་བཟང་པོའི་རྣལ་འབྱོར་མ། ཞེས་པའི་ཡི་གེ་དགུ་པའི་ཚིག་གིས་སོ། །འཁོར་ལོ་བསྒོམ་པའི་ལམ་དང་ཞེས་པ་ནི་ཚངས་པའི་གནས་བཞི་དང་སྟོང་པ་ཉིད་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་སྔར་གསུངས་ན། །ཞེས་པ་ནི་ཡི་གེ་དགུ་པའི་ཚིག་གོ །རྣལ་འབྱོར་མ་ཡི་ལུས་དབུས་གནས། །ཞེས་པ་ནི་རང་གི་སྤྱི་བོའི་གནས་སུ་ཧཾ་ཡིག་གི་རང་བཞིན་ནོ། །མཆོག་ཅེས་པ་ནི་སྡོམ་པ་སྟེ་ཨཾ་ཡིག་གོ །དེ་ཡང་ལུས་ཀྱིས་དབུས་ཀྱི་ལྟེ་བའི་གནས་སུ་ཡང་དག་པར་གནས་པ་སྟེ། རྟག་ཏུ་དེ་གནས་པའི་ཕྱིར་རོ། །དེ་ཡང༌། རྣལ་འབྱོར་བདག་མེད་མ་དང་འབྲེལ། །ཞེས་པ་སྟེ། ས་བོན་ཉིད་ཡིན་པས་སོ། །དེ་ཡང་སྔར་གསུངས་པ་སྟེ། ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །དང་པོའི་དབྱངས་ཡིག་ཉིད་ཡིན་ཏེ། །ཞེས་པ་དང༌། འཆད་པར་ཡང་འགྱུར་ཏེ། ཨ་ཡིག་རྣལ་འབྱོར་མ་འཁོར་ལོ། །ཧ་ཡིག་རྣམ་པ་བདེ་ཆེན་པོ། །ཞེས་པའི་ཡི་གེ་བཅུ་བདུན་པའི་ཚིགས་སུ་བཅད་པ་ཕྱེད་དོ། །འདིས་ནི་གཏུམ་མོའི་རྣལ་འབྱོར་སྟོན་ཏོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཞེས་པ་ནི་ཇི་ལྟར་ཕྱི་རོལ་གྱི་ཉི་མའི་དྲོ་བའི་འོད་ཟེར་འོག་ནས་གནས་པའི་ཉི་མའི་འོད་ཟེར་གྱིས་ཟླ་བ་བསིལ་བའི་འོད་ཟེར་སྟེང་


DTG002_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཛག་པར་གྱུར་པས་སྲིད་པ་གསུམ་པོ་ཚིམ་པར་བྱེད་དོ། །དེ་བཞིན་དུ་ནང་དུ་ཡང་འདི་ལྟ་སྟེ། ལྟེ་བར་གནས་པའི་ཨ་ཡིག་ཤེས་རབ་ཀྱི་རང་བཞིན་གྱི་འོད་ཟེར་རྣམས་ཀྱིས་ལོངས་སྤྱོད་ཀྱི་བར་དུ་སོང་སྟེ། སྨིན་ཕྲག་ན་གནས་པའི་ཧཾ་ཡིག་ཐིག་ལེ་ཞུ་བར་བྱས་པ་དེས་བདུད་རྩིའི་རང་བཞིན་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་འཛགས་ནས་ལུས་ཐམས་ཅད་ཚིམ་པར་གྱུར་པའོ། །སྡོམ་པ་དེ་ཉིད་རབ་ཏུ་ཕྱེ། །ཞེས་བྱ་བ་ལ། སྡོམ་པ་ཞེས་བྱ་བ་ཡང་བདེ་བ་འབའ་ཞིག་མ་ཡིན་ཏེ། འོན་ཀྱང་ཨཾ་ཡིག་སྡོམ་པའོ་ཞེས་དགོངས་སོ། །བོ་ལའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐབས་ཉིད་དོ། །ཞེས་པ་ལ་རྡོ་རྗེ་འཛིན་པ་བྱང་ཆུབ་ཀྱི་སེམས་ནོར་བུའི་དབུས་སུ་གནས་པའི་བདེ་བ་གང་ཡིན་པ་དེ་ནི་བོ་ལའི་བདེ་བའོ། །དེ་ཉིད་ཤེས་རབ་ཀྱང་སྟེ་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེའི་བདེ་བ་ཡང་ཡིན་ལ། །སྐྱེ་མཆེད་ཀྱང་ཡིན་པས་རྡོ་རྗེ་སྐྱེད་མཆེད་དེ། ཞུ་བ་ཞེས་བརྗོད་དོ། །དེ་ཡང་ཐབས་ཏེ་དེ་དག་ཉིད་ལས་ལྷན་ཅིག་སྐྱེས་པ་འབྱུང་བས་ནའོ། །དེ་ཉིད་གསུངས་པ། འདིས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་གསང་བའི་སྙོམས་འཇུག་པས། །ཞེས་པ་ནི་ཡི་གེ་དགུ་པའི་ཚིག་གོ །གསང་བའི་ཐབས་དང་ཤེས་རབ་དང༌། ཞུ་བའི་བདེ་བའི་རང་བཞིན་དག་གོ ། སྙོམས་འཇུག་ལ་ནི་ཡང་དག་པར་འདུས་པའོ། །དེ་ཡང་ཕྱི་རོལ་གྱི་ཐབས་དང་ཤེས་རབ་གཉིས་སྦྱོར་བར་ནི་བསྟན་པ་མ་ཡིན་ཏེ། འདི་ནི་ནོར་བུའི་དཀྱིལ་དུ་ཞུ་བ་དེ་གཉིས་སྙོམས་པར་འཇུག་པ་གང་གི་ཚེ་བརྟན་པར་འགྱུར་བ་དེའི་ཚེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡང་དག་པར་འབྱུང་བ་ཡིན་གྱི་ཕྱི་རོལ་གྱི་བདག་ཉིད་ཅན་གྱི་ཐབས་དང་ཤེས་རབ་དག་སྦྱོར་བར་མི་དམིགས་ཞེས་དགོངས་སོ། །ད་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །ཟད་པར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །ཉོན་མོངས་མེད་དང་སྨོན་མཁྱེན་དང༌། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌། །མི་འཇིགས་པ་ནི་བཞི་དག་དང༌། །སྲུང་བ་མེད་པ་རྣམ་གསུམ་དང༌། །དྲན་


DTG002_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉེ་གཞག་རྣམ་གསུམ་དང༌། །བསྙེལ་བ་མི་མངའི་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་ལ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གང་བསྟན་པ་དེ་རྣམས་ཀྱི་མཚན་ཉིད་ནི་སྐུ་གསུམ་ཕྱི་རོལ་དུ་རྣམ་པར་གཞག་པའོ། །ཡང་བསྟན་པ་དེ་རྣམས་ཀྱི་ལུས་སུ་རྣམ་པར་གཞག་པ་གསུངས་པ་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་སྤྲུལ་པ་ལ་སོགས་པའི་འཁོར་ལོ་གསུམ་ལ་སྐུ་གསུམ་མོ། །བདེ་བ་ཆེན་པོའི་འཁོར་ལོ་ནི་སྐུ་གསུམ་ཡོངས་སུ་ཤེས་པ་ཉིད་དོ། །དེ་ཉིད་གསུངས་པ། སྐུ་གསུམ་ཡོངས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་གསུམ་ཡོངས་སུ་ཤེས་པ་ཡང་སྐུ་གསུམ་གྱི་གནས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ། སྐུ་གསུམ་ཡོངས་སུ་ཤེས་ཤིང་རྣམ་པར་དག་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །བདེ་བ་ཆེན་པོ་རྟོགས་པའི་རྒྱུ་ཡིན་པས་བདེ་བ་ཆེན་པོ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཞེས་ཉེ་བར་བཏགས་སོ། །དེའི་གནས་ཀྱང་སྤྱི་བོ་ཡིན་ཏེ། དེར་གནས་པས་ན་བདེ་བ་ཆེན་པོའི་འཁོར་ལོར་བརྗོད་པའོ། །འཁོར་ལོ་ནི་མི་ཤེས་པ་གཅོད་པའོ། །འཁོར་ལོའི་གྲངས་གསུངས་པ། ཆོས་དང་ལོངས་སྤྱོད་སྤྲུལ་པ་དང༌། །དེ་བཞིན་དུ་ཡང་བདེ་ཆེན་ཉིད། །ཅེས་པའོ། །འཁོར་ལོ་རྣམས་ཀྱི་གནས་གསུངས་པ། སྐྱེ་གནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་གནས་ནི་ལྟེ་བའོ། །ལྟེ་བ་ལ་སོགས་པའི་གནས་དེ་རྣམས་སུ་སྐུ་གསུམ་འཁོར་ལོའི་གཟུགས་ཀྱིས་རྣམ་པར་གནས་པའོ། །འདིར་ནི་སྐུ་གསུམ་ཉིད་དུ་འདོད་པ་ནི་རྣམ་པར་སྨིན་པའི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པ་དང༌། ཆོས་ཀྱི་སྐུའི་ནང་དུ་རིམ་པ་ཇི་ལྟ་བ་བཞིན་རྟོགས་པའོ། །གནས་ལ་སོགས་པའི་བཤད་པ་


DTG002_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། མ་ལུས་པ་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་རྣམས་ནི་སྒོ་ང་ལས་སྐྱ་བ་དང༌། མངལ་ནས་ཀྱེ་བ་ལ་སོགས་པ་རྣམས་གང་སྐྱེས་སོ་ཅོག་དེ་དག་ནི་སྤྲུལ་པའི་སྐུའོ། །དེ་ཡང་སེམས་ཅན་རྣམས་ནི་མིའི་ལྟོ་བའི་སྐྱེ་གནས་ལས་སྐྱེད་པར་བྱེད་པ་ཞེས་པས་སོ། །དེ་ཡང་ཇི་ལྟ་བུ་ཞེ་ན་གསུངས་པ། སྤྲུལ་པ་ཞེས་བྱ་བ་ལ་སྒོས་པ་སྟེ། སྤྲུལ་པ་གནས་བརྟན་གྱི་གཟུགས་ནི་སྐུའི་རྡོ་རྗེའི་རང་བཞིན་ཞེས་པའི་དོན་ཏོ། །སྤྲུལ་པ་ལ་སོགས་པ་ནི་སྐྱེས་པ་སྟེ། དེ་ཡང་སྐྱེད་པས་ན་གནས་སུ་རྣམ་པར་གཞག་པའོ། །སེམས་ནི་ཆོས་ཀྱི་རང་བཞིན་ཉིད། །ཆོས་ཀྱི་སྐུ་ཡང་སྙིང་གར་འགྱུར། །ཞེས་པ་ནི་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནི་ཆོས་ཀྱི་སྐུ་ཡིན་ལ། ཐུགས་ཀྱི་རྡོ་རྗེའི་གནས་ནི་སྙིང་གའོ། །དེས་ན་ཡང་ཆོས་ཀྱི་སྐུ་ནི་སྙིང་གར་སྦྱར་བའོ། །སྙིང་གཞེས་པ་ནི་བདུན་པ་ཕྱིས་ནས་སོ། །བཟའ་བ་ངེས་པར་ལོངས་སྤྱོད་བརྗོད། །རོ་རྣམས་དྲུག་གི་གཟུགས་ཅན་ཉིད། །ཅེས་པ་ནི་སྐྱུར་བ་དང༌། མངར་བ་དང༌། བསྐ་བ་དང༌། ཁ་བ་དང༌། ཚ་བ་དང༌། ལན་ཚྭ་རྣམས་ཏེ་རོ་དྲུག་པོ་དེ་རྣམས་ལྕེའི་སྒོར་དམིགས་པ་ནི་མགྲིན་པ་ཉིད་དུའོ། །དེ་ཉིད་གསུང་རྡོ་རྗེའི་རང་བཞིན་ཡིན་ལ་གསུང་གི་རྡོ་རྗེའི་གནས་ནི་མིན་པ་ཉིད་དོ། །དེ་ནས་དེ་ཉིད་དུ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་གཞག་པ་ཞེས་དགོངས་སོ། །སྤྱི་བོར་བདེ་བ་ཆེན་པོ་གནས། །ཞེས་པ་ནི་ཡི་གེ་དགུ་པའི་ཚིག་སྟེ། བདེ་བ་ཆེན་པོའི་འཁོར་ལོ་སྤྱི་བོར་གནས་པའོ། །འབྲས་བུ་གསུངས་པ། ཨེ་ཝཾ་ཡི་གེ་ཞེས་བྱ་བ་ལ་སོགས་པ་སྟེ། ཨེ་ཝཾ་ཡི་གེ་ནི་ལྟེ་བ་སྟེ། ལུས་ཀྱི་དབྱེ་བའི་གནས་བཞིར་འབྲས་བུ་བཞི་རྣམ་པར་གཞག་པའོ། །ལྷག་མ་ནི་གོ་སླའོ། །སྡེ་པ་ཞེས་པ་སྐུ་རུ་བརྗོད། །ཅེས་པ་ལ། སྐུ་ནི་ལུས་སོ། །སྐྱེ་གནས་ཞེས་པ་ནི་ལྟ་བའོ། །དེ་བཞིན་མ་ནི་མཁན་པོ་ཉིད། །ཅེས་པ་ནི་ཡི་གེ་དགུ་པའི་ཚིག་གོ །འགྲོ་བའི་བྱ་བ་ཞེས་པ་ནི་རྟོགས་པ་མ་ལུས་བསྐྱེད་པས་སོ། །དགེ་སློང་དུ་སྐྱེས་སྔགས་འདོན་པ། །ཞེས་པ་ནི་ཨ་ཧཾ་ཞེས་པའི་སྔགས་འདོན་པའི་དགེ་སློང་དུ་རང་བྱུང་ཞེས་པའི་དོན་ཏོ། །རྣམ་པར་དག་པ་འདིས་ནི་རྐྱེན་གྱིས་སེམས་ཅན་སངས་རྒྱས་ཉིད་དོ། །རྣལ་འབྱོར་མ་རྣམས་བུད་མེད་ཀྱི་རྣམ་པ་ཉིད་ཀྱིས་


DTG002_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ནི་ཉོན་མོངས་པ་ལ་སོགས་པ་ཤིན་ཏུ་མང་བས་ན་ངོ་མཚར་ལ་སོགས་པར་བྱེད་པའོ་ཞེས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། མཆོག་ཏུ་ངོ་མཚར་དུ་གྱུར་ཞེས་པ་ནི་འདི་ལྟ་བུའི་གསུང་བདག་གིས་གང་དུ་ཡང་མ་ཐོས་པ་ཐོས་ནས་སེམས་འཁྲུག་པ་ཐོབ་པར་གྱུར་ཏོ། །དེ་བས་ན་སྔར་མ་ཐོས་པས་དེ་རྣམས་སྐྲག་པ་དང་མྱོས་པའོ་ཞེས་པ་ལ་སོགས་པ་རིམ་པར་བལྟ་བར་བྱའོ། །ས་ལ་འགྱེལ་བ་ནི་ཉལ་བའོ། །སྒྲ་ཐོས་པས་ལུས་དང་ཡན་ལག་གཡོ་བའི་རྙེད་པ་ནི་འདར་བའོ། །ཡང་ན་ཆོས་ཉིད་ཇི་ལྟ་བ་བཞིན་རྟོགས་པའི་བྱིན་གྱི་རླབས་ཀྱིས་དེ་ལྟ་བུ་དག་བྱུང་བ་ཡིན་ཏེ་བདེན་པ་ཉིད་དུ་སྟོན་པའི་བློ་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་ཡང་འཇིག་རྟེན་པའི་བློས་དེ་རྣམས་ལ་ཚོགས་པ་བཞིས་ཞེས་བསམ་པའོ། །དེས་ནི་རང་བཞིན་ཞེས་བྱ་བའི་ཚུལ་གྱིས་བསྟོད་པ་གསུངས་པ། ས་དང་ཞེས་བྱ་བ་ལ་སོགས་པ་སྟེ། ས་ནི་གཏི་མུག་གོ །གང་གི་ཕྱིར་ས་ནི་གཏི་མུག་གི་ཆོས་དང་ལྡན་པས་སོ། །ཆུ་ནི་ཞེ་སྡང་ངོ༌། །གང་གི་ཕྱིར་ཆུ་ནི་མི་བསྐྱོད་པ་དེ་ནི་ཞེ་སྡང་གི་ཆོས་སོ་།རླུང་ནི་ཕྲག་དོག་སྟེ། གང་གི་ཕྱིར་རླུང་ནི་དོན་ཡོད་གྲུབ་པའོ། །མེ་ནི་འདོད་ཆགས་ཏེ། གང་གི་ཕྱིར་དེའི་ཆོས་ཏེ། མེ་ནི་སྣང་བ་མཐའ་ཡས་སོ། །གང་གི་ཕྱིར་དེ་ཡང་འདོད་ཆགས་ཀྱི་ཆོས་ཞེས་པ་སྟེ། དྲུག་པའི་ཚིག་གོ །ཁྱེད་ཅེས་པ་ནི་འབྲུ་མང་པོ་པའི་ཚིག་གོ །སྲིང་མོ་ཞེས་པ་ནི་ཨི་ཡིག་ཐུང་དུ་སྟེ། ཨི་ཡིག་ཐུང་དུ་སྲིང་མོའི་སྣོད་ཅན་ཞེས་པའི་དོན་ཏོ། །ལྷ་མོ་ཞེས་པ་ཡང་ཨི་ཡིག་ཐུང་དུའོ། །དེས་ན། ས་དང་ཆུ་རླུང་བྱིན་ཟ་ཡི། །ཀྱེ་ལྷ་མོ་ཁྱེད་ནི་སྣོད་ཡིན་ཏེ། །ཞེས་པ་ནི་བསྡུས་པའི་དོན་ཏོ། །ཁྱེད་ནི་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་རྣམ་པར་དག་པ་ལ་བརྟེན་པའོ་ཞེས་དགོངས་སོ། །བསྟོད་ཅིང་བོས་པ་མཛད་པའོ། །ཞེས་སྦྱར་བའི་དོན་དུ་གསུངས་པ་ཉོན་ཞེས་བྱ་བ་ལ་སོགས་པ་སྟེ། སྤྲོ་ཡིས་ཞེས་པ་ནི་ང་ཡིས་སྤྲོ་བར་བྱ་བའོ། །དེ་ཉིད་ཅེས་པ་ནི་དེ་ཁོ་ན་ཉིད་དོ། །དེས་ན་ང་ཡིས་དེ་ཁོ་ན་སྤྲོ་བར་བྱ་ཡིས་ཉོན་ཅིག་ཅེས་འབྲེལ་ཏོ། །དེ་ཡང་སྤྲོས་པ་ནི་བསྐྱེད་པ་དག་སྟེ། དེས་ན་སྔར་གསུངས་པ། བསྐྱེད་པའི་རིམ་པའི་རྣལ་འབྱོར་པ། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་


DTG002_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བྱེད། །ཅེས་པའོ། །གལ་ཏེ་སྤྲོས་པ་དེ་ཁོ་ན་ཉིད་དེ་ནི་འགྲོ་བ་ཐམས་ཅད་ཀྱིས་རྟོགས་པ་ཡིན་པ་དེས་ན་ཐམས་ཅད་འདི་ཉིད་དུ་འགྲོལ་བར་འགྱུར་རོ་ཞེ་ན་གསུངས་པ། གང་ཞིག་སུས་ཀྱང་མི་ཤེས་པ། །ཞེས་པའོ། །གལ་ཏེའམ་བརྒྱ་ལམ་ན་གང་དེ་ཁོ་ན་ཉིད་ཀྱང་ཉོན་ཅིག་ཅེས་པར་འབྲེལ་ཏོ། །སྤྲོས་པ་རྣམ་པར་དག་ནས་ཀྱང་དེ་ཁོ་ན་ཉིད་དུ་གྱུར་པ་སྟེ། རྣམ་པར་དག་པ་དེ་ཡང་ཉན་ཐོས་ལ་སོགས་པ་གང་གིས་ཀྱང་ཤེས་པ་མ་ཡིན་ནོ་ཞེས་དགོངས་སོ། །བསྟོད་པའི་གླུ་འདི་ཡང་བདག་མེད་མའི་དཀྱིལ་འཁོར་དུ་ཡང་བལྟ་བར་བྱའོ། །བཞེངས་པའི་རྗེས་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པའོ། །འོ་ན་ཇི་ལྟར་ཉོན་མོངས་པ་དང་བཅས་པ་ཉིད་ཡིན་ཞེ་ན་གསུངས་པ། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡིས་བསལ་ནས་སངས་རྒྱས་ཉིད། །ཅེས་པ་ལ། དེའི་དོན་ནི་འདི་ཡིན་ཏེ། སེམས་ཅན་རང་བཞིན་གྱིས་རྣམ་པར་དག་པ་སྟེ་དེས་ན་ཡང་དག་པའོ། །དེ་ཡང་སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ནོ་ཞེས་བརྗོད་པ་ནི་མ་ཡིན་ལ། འོན་ཀྱང་དྲི་མ་བསལ་བར་བྱ། །ཞེས་པ་སྟེ། གང་གི་ཕྱིར་སངས་རྒྱས་སུ་ནི་རང་བཞིན་གྱིས་གྲུབ་པས་སོ། །དེའི་དོན་དཔེ་ཡིས་བསྟན་པར་བྱ་ཟིང་དྲི་མ་བསལ་བའི་ཐབས་གསུངས་པ། བརྒྱལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། བརྒྱལ་བ་ནི་འཁྲུལ་པ་སྟེ། བཙན་དུག་རྣམས་ཟོས་ཞེས་པར་འབྲེལ་ཏེ་སུ་ཡིས་ཤེན། གསུངས་པ། གང་གིས་མི་ཤེས་འཇིག་རྟེན་པ། །ཞེས་པ་སྟེ། ཤེས་པ་ནི་དུག་གི་དེ་ཁོ་ན་ཉིད་ཡང་དག་པར་ཤེས་པ་སྟེ། གང་དེ་དང་བྲལ་བ་ནི་བརྒྱལ་བར་འགྱུར་ཞེས་པར་འབྲེལ་ཏོ། །གང་ཞིག་དུག་གི་དེ་ཁོ་ན་ཉིད་ཤེས་པ་དེ་ལ་ནི་ཅུང་ཟད་ཀྱང་དྲུག་ཏུ་མི་འགྱུར་རོ་ཞེས་གསུངས་པ། རྨོངས་སྤངས་ཞེས་བྱ་བ་ལ་སོགས་པ་སྟེ། རྨོངས་པ་ནི་མ་རིག་པ་སྟེ། ངར་འཛིན་པ་ཐ་མལ་གྱི་རང་བཞིན་ནོ། །དེ་ཉིད་ཡིད་ཀྱིས་ཞེས་བྱ་བ་ནི་དུག་གི་དེ་ཁོ་ན་ཉིད་ཀྱི་ཡིད་ཀྱིས་སོ། །དེ་ཡིས་ཞེས་པ་ནི་དེ་ཡིས་ཏེ་མཆོག་གོ །གཅོད་པ་ནི་དེའི་གཅོད་པ་སྟེ། དེ་ཡང་དུག་དེ་ཉིད་ཀྱིས་སོ། །དེས་ན་གང་གཏི་མུག་སྤངས་པའི་ཁོ་ན་ཉིད་ཀྱི་ཡིད་ཅན་གྱིས་དེར་མཆོག་ཏུ་གྱུར་པས་དུག་གཅོད་པའོ་ཞེས་འབྲེལ་ཏོ། །དེ་དག་ནི་


DTG002_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་དུམ་བུ་གང་ཉིད་ཀྱིས་ཞེས་པ་ལ་སོགས་པའི་སྔར་གྱི་ཚིགས་སུ་བཅད་པ་ཕྱེད་ཀྱང་དྲན་པར་བྱ་ཞེས་པ་སྟེ། དེས་ན་བསྐྱེད་པའི་རིམ་པ་ཉིད་རྣམ་པར་དག་པ་བསྒོམ་ཞེས་དགོངས་སོ། །སྔར་གྱི་དཔེ་བསྟན་པར་བྱ་བ་གསུངས་པ་དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། དག་པར་བྱེད་པ་ཕྱི་མར་སྦྱར་བར་བྱ་སྟེ། ཞི་བ་ནི་མྱ་ངན་ལས་འདས་པའོ། །དེའི་ཐབས་ནི་རྣམ་པར་དག་པའོ། །དགྱེས་པའི་རྡོ་རྗེར་ང་ལ་བྱས་ན། །ཞེས་པ་ནི་དགྱེས་པའི་རྡོ་རྗེ་བསྟན་པ་རྣམ་པར་དག་པའི་ཐབས་བསྟན་པ་དེ་ལྟ་བུ་ནི་གཞན་ལ་ཡོད་པ་མ་ཡིན་ཞེས་དགོངས་སོ། །མ་རིག་སོགས་པས་མི་འཛིན་ཏེ། །ཞེས་པ་ནི་ཤེས་བྱ་བ་ལ་སོགས་པའི་སྒྲིབ་པའོ། །དེ་ཉིད་ཀྱི་བཤད་པ་གསུངས་པ། གཏི་མུག་ལ་སོགས་འཆིང་བ་མིན། །ཞེས་པ་སྟེ། ཇི་ལྟར་གཏི་མུག་སྤངས་ན་དེ་ཁོ་ན་ཉིད་ཀྱི་ཡིད་ཀྱིས་དུག་འཇོམས་པར་བྱེད་དོ། །དེ་བཞིན་དུ་ཞི་བའི་ཐབས་ཤེས་པས་མ་རིག་པ་ལ་སོགས་པ་གཅོད་པར་བྱེད་པར་འབྲེལ་ཏོ། །དེས་ན་རྣམ་པར་དག་པའི་ཐབས་ཀྱིས་ཤེས་བྱའི་སྒྲིབ་པ་ལ་སོགས་པ་རྣམས་བསལ་ཞེས་པར་གྲུབ་བོ། །རྣམ་པ་གཞན་གྱིས་ཀྱང་སེམས་ཅན་སངས་རྒྱས་ཡིན་ནོ་ཞེས་གསུངས་པ། སངས་རྒྱས་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། འགྲོ་བ་དྲུག་པོ་རྣམས་ཀྱི་སེམས་ཅན་སངས་རྒྱས་མ་ཡིན་པ་ནི་གཅིག་ཀྱང་ཡོད་པ་མ་ཡིན་པའོ། །གང་ལས་ཤེ་ན། གསུངས་པ། རང་དང་རང་གི་རྟོགས་པ་ལས། །ཞེས་པ་ནི་ཡི་གེ་དགུ་པའི་ཚིག་སྟེ་རང་གི་བདེ་བའོ། །ཡང་དག་རྟོགས་ན་སངས་རྒྱས་སོ། །དེས་ན་རང་ཉིད་བདེ་བར་རྟོགས་པས་ན་སང་རྒྱས་ཞེས་བྱ་བར་དགོངས་སོ། །འམ་གྱི་སྒྲས་ནི་ཕྱོགས་གཞན་ནོ། །ཕྱོགས་འདིས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པའོ། །གང་ཡང་སངས་རྒྱས་མ་ཡིན་པ་ནི་སུ་དག་ཅེ་ན་གསུངས་པ། དམྱལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། བཤད་པའི་སྲིན་བུ་ལ་སོགས་པ་ནི་བཤང་བ་ལ་སོགས་པ་ལས་སྐྱེས་པའོ། །སེམས་ཅན་རྣམས་ལ་རང་ཉིད་ཀྱིས་བདེ་བ་རྟོགས་པ་ཡོད་པར་གསུངས་པ། རྟག་ཏུ་རང་བཞིན་བདེ་བ་ཅན། །ཞེས་པ་ཡི་གེ་དགུ་པའི་ཚིག་གོ །དེ་དག་གིས་ནི་དམྱལ་བ་ལ་སོགས་པའི་འགྲོ་བའི་སེམས་ཅན་རྣམས་རྟག་པའི་བདེ་བ་ཡིན་པའོ། །ཅིས་ཤེ་ན་གསུངས་


DTG002_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པ། རང་བཞིན་ཞེས་པ་སྟེ་རང་ངམ་རང་ནི་སྐྱེ་གནས་སོ། །ཡང་ན་རང་རང་གི་རང་བཞིན་ཏེ་རང་རང་གི་བདེ་བའི་རང་བཞིན་ལ་གནས་ཞེས་དགོངས་སོ། །རང་གི་བདེ་བ་མ་རྟོགས་པ་ཅིས་ཤེ་ན། གསུངས་པ། བདེ་བ་གང་ཕྱིར་མི་ཤེས་པ། །ལྷ་དང་ལྷ་མ་ཡིན་གྱི་ཡང༌། །ཞེས་པ་ནི་གང་གི་ཕྱིར། །ངན་འགྲོ་དང༌། ལྷ་དང༌། ལྷ་མ་ཡིན་དང༌། ཡང་གི་སྒྲ་ནི་མི་རྣམས་ཀྱིས་ཀྱང་སྟེ་དེས་ན་བདེ་བ་རྟོགས་པ་མ་ཡིན་པ་སྟེ། ལྷ་དང༌། ལྷ་མ་ཡིན་དང༌། མི་རྣམས་ཀྱིས་ཀྱང་དམྱལ་བ་ལ་སོགས་པའི་བདེ་བ་ཡང་རིག་པ་མ་ཡིན་པར་ཤེས་པར་བྱའོ། །དེ་ཡང་སེམས་ཅན་རྣམས་གཉུག་མའི་བདེ་བར་གྱུར་པས་ན་བདེ་བ་ཅན་ཡིན་ལ་རང་བཞིན་གྱི་བདེ་བར་གྱུར་པ་ལས་གཞན་པ་ནི་བདེ་བ་ཡང་སྡུག་བསྔལ་བ་ཅན་ནོ། །གང་གི་ཕྱིར། །གང་རང་བཞིན་གྱིས་འབྲེལ་བ་ཅི་ཙམ་པ་དེ་ནི་སྡུག་བསྔལ་ཡང་བདེ་བ་སྟེ། ཇི་ལྟར་བཤད་པའི་སྲིན་བུ་ལ་སོགས་པ་བཞིན་ནོ། །སངས་རྒྱས་ནི་སྒྲིབ་གཡོགས་དང་ལྡན་པ་ཡིན་ནོ་ཞེས་དགག་པར་གསུངས་པ། སངས་རྒྱས་གཞན་དུ་རྙེད་མི་འགྱུར། །ཞེས་པ་ལ་སོགས་པའོ། །གང་ལས་ཤེ་ན་སེམས་ཏེ། སེམས་ཉིད་རྫོགས་པའི་སངས་རྒྱས་ཉིད་ཡིན་ལ། །དེ་ཉིད་སངས་རྒྱས་མ་ཡིན་པ་ཡང་ངོ༌། །དེ་ཡང༌། སེམས་ཉིད་དེ་བཞིན་གཤེགས་པའང་ཡིན། །ཞེས་པའི་ངག་ལས་སོ། །ད་ནི་ཐབས་ཀྱི་ནུས་མཐུ་གསུངས་པ། གདོལ་བ་ཞེས་བྱ་བ་སོགས་པ་སྟེ། གདོལ་པ་ནི་མཐར་སྐྱེས་ཀྱི་ཁྱད་པར་རོ། །དེ་ཡང་བྱེ་བྲག་ནི་སྨྱིག་མ་མཁན་དང༌། མདའ་མཁན་ཞེས་པ་སྟེ་རབ་ཏུ་གྲགས་སོ། །སོགས་པའི་སྒྲས་ནི་བྱ་གསོད་པས་འཚོ་བ་ལ་སོགས་པ་གཟུང་ངོ༌། །དེ་དག་གི་ཁྱད་པར་ནི་གསོད་དོན་ཞེས་པ་ལ་སོགས་པ་སྟེ། གསོད་པ་ཉིད་དོན་དེ་དགོས་པའོ། །དེས་ན་གསོད་དོན་ནི་རྙིས་འཛིན་པ་ལ་སོགས་པས་གསོད་པ་དོན་དུ་སེམས་ཤིང་སྐྱེས་པ་སྟེ། དོན་དུ་སེམས་པ་ཅན་ནོ། །ཡང་ན་རང་དབང༌། དུ་གྱུར་པའི་ཚིག་སྟེ། གསོལ་པའི་དོན་དུ་རལ་གྲི་ལ་སོགས་པས་དོན་དེ་སེམས་པར་བྱེད་པ་སྟེ། མཚོན་ཐོགས་པས་ཉེ་བར་མཚོན་པ་རྣམས་སོ། །དེ་ཡང་སྐྱེ་བའི་སྒྲིབ་པས་བསྒྲིབས་པ་དང༌། མི་དགེ་བའི་ལས་བྱེད་པ་དག་སྟེ། དེས་ཀྱང་འགྲུབ་ཅེས་དགོངས་སོ། །མི་ཤེས་ཞེས་བྱ་བ་ནི་གཟུང་


DTG002_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པར་མངོན་པར་ཞེན་པའི་མཚན་ཉིད་དང་ཤེས་བྱའི་སྒྲིབ་པས་སོ། །འགྲོ་བ་འདི་དག་ཅེས་པ་ནི་རྣམ་པར་དག་པའི་གནས་སྐབས་སོ། །མི་ཤེས་ཞེས་པ་ནི་མི་ཤེས་པ་རྣམས་སོ། །འགྲོ་དྲུག་སྲིད་པའི་བཙོན་ར་ཞེས་པ་ནི་དྲུག་པོ་འདི་དག་གི་རང་བཞིན་དུ་གྱུར་པ་ནི་གང་གི་སྲིད་པའི་བཙོན་ར་སྟེ། དེ་བཞིན་དུ་བཙོན་ར་ནི་དྲ་བའོ། །རྣམ་པར་དག་པའི་འབྲས་བུ་གསུངས་པ། ཐབས་རྙེད་ནས་ཞེས་པ་ལ་སོགས་པ་སྟེ། བླ་མེད་ཅེས་པ་ནི་སངས་རྒྱས་ཉིད་དུའོ། །ས་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་རོ་ལངས་མ་ཉིད་དང༌། །དེ་ཡི་རིགས་པས་གྷ་སྨ་རཱི། །ཞེས་བྱ་བ་ལ་དེའི་དོན་ནི་འདི་ཡིན་ཏེ། རོ་ལངས་མ་ནི་རིན་ཆེན་འབྱུང་ལྡན་གྱི་རྣམ་པར་དག་པའི་དོན་ཏོ། །གྷ་སྨ་རཱི་ནི་སྣང་བ་མཐའ་ཡས་ཀྱི་རང་བཞིན་གྱིས་རོ་རྣམ་པར་དག་པའོ། །དེ་བཞིན་དུ་བེ་ཏཱ་ལཱི་ཡང་དྲིའི་རང་བཞིན་ཉིད་ཀྱིས་རིན་པོ་ཆེའི་ཕྱག་རྒྱས་བཏབ་བོ། །གྷ་སྨ་རཱི་ཡང་རོའི་རང་བཞིན་ཉིད་ཀྱིས་ནི་སྣང་བ་མཐའ་ཡས་ཀྱི་ཕྱག་རྒྱའོ། །དེ་སྐད་དུ་ཡང་སྔར་གསུངས་ཏེ། སྙོམས་འཇུག་གནས་པའི་ཞེས་པ་ལ་སོགས་པ་སྟེ། དྲི་ཡི་ཡུལ་ལ་བེ་ཏཱ་ལཱི། །རོ་ལ་གྷ་སྨ་རཱི་རབ་གྲགས། །ཞེས་པའོ། །ཕྱག་རྒྱ་ཕྱིན་ཅི་མ་ལོག་པའོ་ཞེས་པ་ནི་བདག་མེད་མ་ལ་སོགས་རྣམས་ནི་ཕུང་པོའི་རང་བཞིན་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱས་སོ། །ད་ནི་གཏོར་མའི་བཤད་པ་གསུངས་པ། སྙོམས་འཇུག་གནས་པའི་ཞེས་པ་ལ་སོགས་པ་སྟེ། བགེགས་དང་ཞེས་བྱ་བ་ནི་ཚོགས་ཀྱི་བདག་པོའི་ཁྱད་པར་དག་ལས་སོ། །ཨོཾ་ལ་སོགས་པ་རྣམས་ཀྱིས་གཏོར་མ་གསུངས་པ། དེ་ལ་ཨིནྡྲ་ནི་བརྒྱ་བྱིན་ཏེ། སྤྱན་སྟོང་པ། རིན་པོ་ཆེའི་ཐོར་ཅོག །མདོག་དཀར་པོ། །ལག་ན་རྡོ་རྗེ། གླང་པོ་ལ་ཞོན་པའོ། །ཛ་མ་ནི་གཤིན་རྗེ་སྟེ། ཕྱག་ན་དབྱིག་པ་འཛིན་ཅིང་མདོག་གནག་པ་མ་ཧེ་ལ་ཞོན་པ། རིན་པོ་ཆེའི་དབུ་རྒྱན་ཅན་ནོ། །ཛ་ལ་ཞེས་པ་ནི་ཆུ་བདག་སྟེ། མདོག་དཀར་ཞིང་ཆུ་སྲིན་ལ་ཞོན་པ། ཕྱག་ན་ཞགས་པ་འཛིན་ཅིང༌། རིན་པོ་ཆེའི་ཅོད་པན་ཅན་ནོ། །ཛ་ཀྑ་ནི་གནོད་སྦྱིན་ཏེ། རིན་པོ་ཆེའི་དབུ་རྒྱན་ཅན། མདོག་སེར་པོ། །ཕྱག་ན་དཔལ་འབྲས་ཅན་ནོ། །དེ་དག་ནི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ལ་གཤིན་རྗེ་ནི་ཉི་མའི་


DTG002_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དང་ཉི་མའི་འོད་ཅན་ནོ། །ལྷག་མ་ནི་ཟླ་བའི་གདན་དང་ཟླ་བའི་འོད་ཅན་ནོ། །བྷཱུ་ཏ་ཞེས་པ་ནི་བགེགས་ཀྱི་བདག་པོ་སྟེ། སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཅན། ཁྱུ་མཆོག་ལ་ཞོན་པ། ཕྱག་ན་རྩེ་གསུམ་འཛིན་ཅིང་མདོག་དཀར་པོ་ཐལ་བས་བསྐུས་པ། སྟག་གི་པགས་པས་བརྒྱན་པ། སྦྲུལ་གྱི་རྒྱན་ཅན་ཟླ་བའི་གདན་དང་འོད་ཅན་ནོ། །བ་ཧྣི་ནི་མེ་ལྷ་སྟེ་གསུས་པ་འཕྱང་ཞིང་མདོག་ཤིན་ཏུ་སེར་ག་མིའུ་ཐུང་ར་ལ་ཞོན་པ། བགྲང་ཕྲེང་དང་རིལ་བ་སྤྱི་བླུགས་འཛིན་ཅིང་རལ་པའི་ཐོར་ཅོག་ཅན། ཉི་མའི་གདན་དང་ཉི་མའི་འོད་ཅན་ནོ། །རས་ཀྱི་གོས་ཀྱིས་ག་ཤར་བྱས་པའོ། །བཱ་ཡུ་ནི་རླུང་ལྷ་སྟེ་མདོག་ནག་པོ་རིན་པོ་ཆེའི་དབུ་རྒྱན་ཅན། རི་དགས་ལ་ཞོན་པ། ཟླ་བའི་གདན་དང་ཟླ་བའི་འོད་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ར་ཀྑ་ནི་སྲིན་པོ་སྟེ། སྐྲ་སེར་པོ་གྱེན་དུ་འགྲེང་བ་གྲི་གུག་དང་ཐོད་པ་འཛིན་ཅིང་ཁྲོས་པ་སྨིན་མ་གཡོ་བ་དང་བཅས་ཤིང་མདོག་ནག་པོའོ། །ཙནྡན་ནི་ཟླ་བ་སྟེ་མདོག་དཀར་ཞིང་རྟ་དཀར་པོ་ལ་ཞོན་པ། རིན་པོ་ཆེའི་དབུ་རྒྱན་ཅན། །ཕྱག་ན་པདྨ་ཀུ་མུ་ཏ་ཐོགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བའི་གདན་དང་འོད་ཅན་ནོ། །སུ་ཛྫ་ཞེས་པ་ནི་ཉི་མ་སྟེ་མདོག་དམར་ཞིང་ཕྱག་བཞི་པ་པདྨ་འཛིན་ཅིང་རྟ་ལྗང་གུ་ལ་ཞོན་པ། རིན་པོ་ཆེའི་ཅོད་པན་དང༌། རྒྱན་ཐམས་ཅད་དང་ལྡན་པ། རང་གི་གདན་དང༌། འོད་ཟེར་ཅན་ནོ། །ཟླ་བ་དང་ཉི་མ་ནི་ཉེ་བར་མཚོན་པ་སྟེ། མིག་དམར་ལ་སོགས་པའི་གཟའ་རྣམས་ཀྱང་ངོ༌། །མཱ་དེ་ཞེས་པ་ནི་མ་སྟེ། སའི་ལྷ་མོའོ། །དེ་ཡང་མདོག་སེར་མོ་གོས་བཟང་པོ་ལ་སོགས་པས་བརྒྱན་པ། ལག་ན་བུམ་པ་འཛིན་ཅིང་ཟླ་བའི་གདན་དང་ཟླ་བའི་འོད་ཟེར་ཅན་ནོ། །པཔྤ་ཞེས་པ་ལ། པཔྤ་ནི་ཕའོ། །དེ་ཡང་ཚངས་པ་སྟེ། མདོག་སེར་པོ་རལ་པའི་ཐོར་ཚུགས་ཅན། ངང་པ་ལ་ཞོན་ཅིང་ལྟོ་ཆེ་བ་ཟླ་བའི་གདན་དང་ཟླ་བའི་འོད་ཅན་ནོ། །ཏ་ལ་པཱ་ཏཱ་ལེ་ཨ་ཊྚ་ས་པྤ་ཞེས་པ་ནི་ཀླུ་བརྒྱད་དེ། དེ་ལ་རིགས་ལྡན་དང༌། དུང་སྐྱོང་དང༌། འཇོག་པོ་ནི་མདོག་སེར་པོའོ། །ནོར་སྐྱོང་ནི་ཤིན་ཏུ་དམར་པོའོ། །པདྨ་དང་པདྨ་ཆེན་པོ་ནི་དཀར་པོའོ། །སྟོབས་ཀྱི་རྒྱུ་དང་མཐའ་ཡས་ནི་ལྗང་གུ་དང་སྔོན་པོའོ། །དེ་དག་ཀྱང་རིན་པོ་ཆེའི་དབུ་རྒྱན་


DTG002_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སྐྱེས་བུའི་གདོང་པ་ལ་སྦྲུལ་གྱི་གཟུགས་ཅན། །རྒྱན་ཀུན་གྱིས་བརྒྱན་པའོ། །དེ་ནས་གཏོར་མ་འབུལ་བ་ནི་བདུད་རྩི་མྱང་བའི་ཆོ་ག་རྫོགས་པར་བྱས་ནས། ཨོཾ་ཨིནད་ཛ་མ་ཛ་ལ་ཛ་ཀྑ་བྷཱུ་ཏ་བ་ཧྣི་བཱ་ཨུ་ར་ཀྑ་ཙནད་སུ་ཛྫ་མཱ་ད་པ་པྤ་ཏ་ལ་པཱ་ཏཱ་ལ་ཨ་ཊྚ་ས་པྤ་སྭཱ་ཧཱ། །ཞེས་པའི་སྔགས་དལ་བར་བརྗོད་ཅིང་དྲིལ་བུ་འཁྲོལ་ཞིང་བསྐུལ་བས་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བ་བརྒྱད་རྣམས་མདུན་དུ་སྤྱན་དྲང་ངོ༌། །འོག་གི་པདྨ་འདབ་མ་བརྒྱད་ལ་གནས་པ་ནི་གནས་ཇི་ལྟ་བ་བཞིན་དུ་ཇི་ལྟ་བའི་གཟུགས་རྣམས་ལ་སྟེ། དབུས་སུ་སའི་ལྷའོ་།རིགས་ལྡན་ལ་སོགས་པ་སྤྲུལ་པ་བརྒྱད་པོ་ནི་ཤར་ལ་སོགས་པའི་པདྨ་འདབ་མ་བརྒྱད་ལའོ། །དེའི་སྟེང་གི་དབུས་སུ་ནི་ཀླུ་ལྷག་མ་ཅན་ཏེ་དཀར་པོའོ། །སྟེང་གི་པདྨ་འདབ་མ་བརྒྱད་དུ་ནི་གཟའ་བརྒྱུད་དེ། །ཉི་མ་དང༌། ཟླ་བ་དང༌། མིག་དམར་དང༌། གཟའ་ལྷག་དང༌། ཕུར་བུ་དང༌། པ་བ་སངས་དང༌། སྤེལ་པ་དང༌། སྒྲ་གཅན་ཏེ། དམར་པོ་དང༌། སྔོ་བསངས་དང༌། སེར་པོ་དང༌། དཀར་པོ་དང༌། ནག་པོ་དང༌། དུ་བའི་མདོག་ཅན་ཏེ། དེ་དག་གི་དབུས་སུ་ནི་ཚངས་པ་བསམས་ལ་ཨོཾ་པྲ་བ་ར་ས་ཏྐཱ་ར་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་པ་དང༌། དུང་ཆོས་ཀྱི་ཕྱག་རྒྱས་ཨ་རྒྷ་མདུན་དུ་དབུལ་བར་བྱའོ། །ཞབས་བསིལ་ཡང་སྐམ་པའི་ཕྱག་རྒྱས་ཞབས་གཉིས་ལ་དབུལ་བར་བྱའོ། །དེ་ནས་ཚངས་པ་ལ་སོགས་པ་རྣམས་ལ་ནི་ཨོཾ་ཡིག་ལས་རྣམ་པར་སྣང་མཛད་དང་འདྲ་བར་བསྐྱེད་པའི་དབང་པོ་ལ་སོགས་པའོ། །དབང་པོ་ལ་སོགས་པ་རྣམས་ནི་མི་བསྐྱོད་པ་བཞིན་དུ་ཧཱུཾ་ཡིག་ལས་སྐྱེས་པའོ། །རིགས་ལྡན་ལ་སོགས་པ་སྤྲུལ་པ་རྣམས་ནི་སྣང་བ་མཐའ་ཡས་ལྟར་ཨ་ཡིག་ལས་སྐྱེས་པར་ཡང་བསམ་པར་བྱའོ། །ལྷའི་རྣལ་འབྱོར་གྱིས་དེར་གཏོར་མ་ཕུལ་བ་དང༌། ཧཱུཾ་ཡིག་ལས་བྱུང་རྡོ་རྗེ་ལྕེའི་སྦུ་གུས་དྲངས་ཏེ། འཇིག་རྟེན་སྐྱོང་བ་དེ་རྣམས་ཀྱང་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོས་གསོལ་བའོ་ཞེས་བསམ་པར་བྱའོ། །དགོས་པ་ཡང་ཡིད་ཀྱིས་བསམ། དེ་ནས། ཨི་དཾ་བ་ལིཾ། བྷུ་ཉྫ། ཛི་གྷ། པུ་ལླ། དྷཱུ་པྤ། མཾ་ས། པིཾ་གྷ། ཨ་མྦྷ། ས་པྤ། ཀ་ཛྫ། སཱ་ད། ཁ་ནྟི། ཁུ་ཎི། ཕེ་ཌ། གཱ་ད། ཞེས་པ་དལ་བར་བརྗོད་ཅིང་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་རང་ཉིད་མངོན་པར་


DTG002_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་དོན་དུ་བསྔོས་ནས་ཉེ་རེག་ཕུལ་ཏེ་སྔགས་འདིས་སླར་གཤེགས་སུ་གསོལ་བར་བྱའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་ས་རྦྦ་དྷ་རྨཱ་ཎཱཾ་ཨཱ་དྱ་ནུ་ཏྤ་ནྣ་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། མུཿ་ཞེས་པ་དང་དྲིལ་བུ་དཀྲོལ་བར་བྱ་ཞེས་པའོ། །འབྱུང་པོ་ཐམས་ཅད་ཅེས་པ་ནི་བཞི་པའི་དོན་གྱི་གཉིས་པའོ། །གསང་གསུམ་འཁོར་ལོའི་དབུས་སུ་ནི། །སྐུ་གསུང་ཐུགས་སུ་ཕྱེ་བ་ལས། །ཞེས་པ་ནི་འོག་ཏུ་ནི་སྐུའོ། །དབུས་སུ་ནི་ཐུགས་སོ། །སྟེང་དུ་ནི་གསུང་ངོ༌། །དེ་དག་ཉིད་ཀྱང་གསུངས་པ། འོག་དང་སྟེང་དང་དབུས་གནས་ཀྱི། །འཁོར་ལོའི་དབུས་སུ་རྣམ་པར་གནས། །ཞེས་པ་ལ། འཁོར་ལོ་ནི་དཀྱིལ་འཁོར་ཏེ་དེའི་དབུས་སུའོ། །ཇི་ལྟར་དཀྱིལ་འཁོར་གྱི་དབུས་སུ་གནས་པ་དེ་བཞིན་དུ་ལུས་ཀྱི་དབུས་སུ་ཡང་སྟེ། སྤྲུལ་པའི་སྐུ་དང༌། སྐུ་རྡོ་རྗེ་དང༌། སའི་རང་བཞིན་ནོ། །ཐུགས་ནི་ཆོས་ཀྱི་སྐུ་དང༌། ས་འོག་དང༌། ལོངས་སྤྱོད་རྫོགས་པ་དང༌། གསུང་རྡོ་རྗེ་དང༌། ནམ་མཁའོ། །དཀྱིལ་འཁོར་གྱི་དབུས་སུ་བདག་མེད་མའི་འོག་ནི་སྤྲུལ་པའི་སྐུའོ། །སྟེང་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བདག་མེད་མར་གནས་པ་ཉིད་ནི་ཆོས་ཀྱི་སྐུའོ། །དེས་ན་དེ་ཉིད་ནི། ས་སྤྱོད་སྐུའི་ཕྱག་རྒྱ་ཡིས། །ཞེས་པ་སྟེ། དེ་ཡང༌། འོག་ཞལ་སྐུ་ཡི་རྡོ་རྗེ་མ། །ཞེས་པ་སྟེ། སྐུའི་རྡོ་རྗེ་རང་བཞིན་ཉིད་ལས་སོ། །མཁའ་སྤྱོད་འདོད་ཆགས་ཕྱག་རྒྱ་ཅན། སྟེང་ཞལ་གསུང་གི་རྡོ་རྗེ་ཅན། །ཞེས་པ་ནི་གསུང་གི་རྡོ་རྗེ་རང་བཞིན་ཉིད་ལས་སོ་ཞེས་དགོངས་སོ། །དེས་ན་ཡང་གཏོར་མའི་ཆོག་ལ་ཡང་ས་འོག་ན་གནས་པ་དབུས་སུ་བྱ་སྟེ། དེ་ལྟ་བུ་ཉིད་ཀྱིས་སེམས་ཅན་གྱི་དོན་དུའོ། །སྐབས་འདིར་ས་སྤྱོད་མ་དང་མཁའ་སྤྱོད་མ་བླངས་ཏེ། ཕྱག་རྒྱར་བརྟགས་པའོ། །རིགས་བསྡུས་པ་གསུངས་པ། རིགས་ནི་རྣམ་པ་དྲུག་ཏུ་བརྗོད། །ཅེས་པ་སྟེ་གོ་སླའོ། །ཕྱག་རྒྱ་གཙོ་བོར་གྱུར་པའི་བསྡུས་པའི་དོན་ནི་ཞེས་པ་སྟེ། གར་དང་གླུ་ལ་སོགས་པའི་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གང་དུ་སྟོན་པར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས་བརྟག་པ་གཉིས་པའི་ལེའུ་བཞི་པའོ།། །།

ལྔ་པ། ཧེ་རུ་ཀ་བཞེངས་པའི་ལེའུ།


DTG002_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཧེ་རུ་ཀའི་དཀྱིལ་འཁོར་བརྗོད་པའི་དོན་དུ་ཧེ་རུ་ཀ་བཞེངས་


DTG002_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེའུ་གསུངས་པ། ཕྱག་ནི་བཅུ་དྲུག་ཅེས་བྱ་བ་ལ་སོགས་པའོ། །ཕྱག་བཅུ་དྲུག་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་གྱུར་པའི་རྡོ་རྗེ་འཆང་ཉིད་ལ་དྲིས་པའོ་ཞེས་བྱ་བར་གསུངས་པ། ཞུས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་འཁོར་ལོ་ཞེས་པ་བསམ་གཏན་གྱི་དཀྱིལ་འཁོར་དང་རྡུལ་ཆེན་གྱིས་བྲི་བའོ། །གང་གི་ཕྱིར་དེ་བཞིན་དུ་བརྟགས་པ་དང་པོའི་ལེའུ་བརྒྱད་པར་བདག་མེད་མའི་བསམ་གཏན་གྱི་དཀྱིལ་འཁོར་གསུངས་པ། ལེའུ་བཅུ་པར་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །བཅོ་ལྔས་ཡོངས་སུ་བསྐོར་བ་ཞེས་པ་ནི་ཡི་གེ་དགུ་པའི་ཚིག་གོ །ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །ཞེས་བྱ་བ་ལ། ཁྱོད་ནི་ཧེ་རུ་ཀའི་གཟུགས་ཀྱི་དཀྱིལ་འཁོར་ཏེ། བསམ་གཏན་གྱི་དཀྱིལ་འཁོར་དང་རྡུལ་ཚོན་གྱིས་འདྲི་བའོ། །ཇི་ལྟར་ལགས་ཞེས་པ་ནི་ཞུས་པ་སྟེ། ཇི་ལྟ་བུའི་ཁྱད་པར་དང་ལྡན་པའོ། །འཁོར་ལོ་ཞེས་པ་ནི་བསམ་གཏན་གྱིའོ། །ཇི་ལྟ་བར་ཞེས་པ་ནི་ཇི་ལྟར་ཁྱོད་ཀྱི་རྟེན་གྱི་དཀྱིལ་འཁོར་ཙམ་སྟེ། ཆོས་འབྱུང་གི་ནང་དུ་ས་ལ་སོགས་པ་ཡོངས་སུ་གྱུར་པའོ། །དེ་ལ་དབུས་སུ་ང་ཡོད་ཅེས་པ་རེ་ལ་ནི་དཀྱིལ་འཁོར་ལ་སྟེ། དེའི་ཡང་དབུས་སུ་ཧེ་རུ་ཀའི་གཟུགས་ཉིད་ར་ཡོད་པ་ནི་རིག་པ་དང༌། རིག་མ་ནི་བདག་མེད་མ་སྟེ། བདག་མེད་མ་དང་སྙོམས་པར་ཞུགས་པའོ། །དེ་ཡང་ང་ཉིད་ནི་དཔལ་ཧེ་རུ་ཀའི་གཟུགས་ཞེས་དགོངས་སོ། །ཞལ་བརྒྱད་ཅེས་བྱ་བ་ལ་སོགས་པ་ནས། བུང་བ་བཞིན་ཞེས་པ་ནི་མཐར་གྱི་གཞུང་གིས་ནི་བདག་པོའི་དབང་དུ་བྱས་པའོ། །དེ་ནས་བདེ་བ་སྟེར་བ་ཞེས་པའི་མཐའ་ནས་རླུང་གི་མཚམས་སུ་ཞེས་པའི་མཐར་ཐུག་པའི་གཞུང་གིས་བདེ་བ་སྟེར་བའི་མཐའ་ལས་བྱུང་བ་ནི་དེ་རྣམས་སུ་བལྟ་བར་བྱའོ། །དེ་ལ་ལྷ་མོ་རྣམས་ཀྱིས་བསྐུལ། །ཞེས་པ་ནི་ཧོ་དམར་པོ་གཉིས་ཀྱི་དབུས་སུ་ཡི་གེ་གསུམ་དང་ལྡན་པར་རང་གི་ཁར་ཞུགས་པ་སྔོན་དུ་སོང་བ་ཅན་རྡོ་རྗེའི་ལམ་ནས་ལྷ་མོའི་པདྨའི་དབུས་སུ་ལྷུང་བའི་ཡི་གེ་གསུམ་ཆགས་པ་ཆེན་པོས་ཞུ་བའི་འོད་ཟེར་ཆགས་པ་ཆེན་པོའི་སྟོབས་ཀྱིས་རྒྱུ་རྡོ་རྗེ་འཛིན་པ་རིག་མ་དང་བཅས་པ་དེ་ཡང་ཞུ་བར་གྱུར་པའོ། །ཞུ་བར་གྱུར་པའི་རྗེས་ལ། ཧེ་རུ་ཀའི་སྨོན་ལམ་གྱི་མཛད་པས་རྣལ་འབྱོར་མ་རྣམས་ཡི་


DTG002_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གེ་གསུམ་གྱིས་སྐུ་ལ་སོགས་པའི་རང་བཞིན་དུ་རྣམ་པར་ཤེས་པ་སྐུལ་བར་བྱེད་ཅེས་པའི་དོན་ཏོ། །ལྷ་མོ་རྣམས་ཞེས་པ་ནི་བྱམས་པ་ལ་སོགས་པའི་སྔར་གོམས་པས་ང་རྒྱལ་བའི་རང་བཞིན་ཅན་རྣམས་སོ། །སྣ་ཚོགས་གླུའི་མཆོད་པ་ཞེས་པ་ནི་གླུ་དུ་མས་མཆོད་པའོ། །བཞེངས་ཤིག་ཅེས་པ་ནི་ལྡང་བ་སྟེ། སེམས་ཅན་གྱི་དོན་དུ་རྩོལ་བ་མཛད་ཅེས་པའི་དོན་ཏོ། །རྗེ་བཙུན་ཞེས་པ་ནི། ཀྱེ་རྗེ་བཙུན་ཅིའི་ཕྱིར་འདི་ལྟ་བུ་ཞེས་པའོ། །བསྐུལ་བའི་ཐེ་ཚོམ་བསལ་བ་གསུངས་པ། སྙིང་རྗེའི་ཡིད་ཅེས་པ་ལ། སྙིང་རྗེ་ནི་སེམས་ཅན་རྣམས་སྡུག་བསྔལ་དང༌། སྡུག་བསྔལ་གྱི་རྒྱུ་ལས་བསྒྲལ་བར་འདོད་པའོ། །དེས་ན་ཀྱེ་དེ་ལྟ་བུའི་ཡིད་ཅན་གྱིས་བཞེངས་ཤིག་པར་འབྲེལ་ཏོ། །དེ་ལྟ་བུས་ཅི་བྱེད་སྙམ་པའི་ཐེ་ཚོམ་བསལ་བའི་དོན་དུ་གསུངས་པ། པུ་ཀྐ་སཱི་ནི་བདག་ལ་སྐྱོབས། །ཞེས་པ་ལ། ཤིན་ཏུ་མྱུར་བར་རང་གི་མིང་འཛིན་པས་ན་པུ་ཀྐ་སཱི་ཞེས་བྱ་བ་སྟེ། པུ་ཀྐ་སཱི་བདག་ནི་ས་དང་བྱམས་པའི་རང་བཞིན་ཡིན་པས་ཡོངས་སུ་སྐྱོབས་ཤིག་པའོ། །དེས་ན་ཁྱེད་སྙིང་རྗེའི་བདག་ཉིད་ཅན་ཡིན་ལ། བདག་སའི་རང་བཞིན་ཞེས་པའི་དོན་ཏོ། །ཡོངས་སུ་སྐྱོབ་པའི་ཐབས་གསུངས་པ། བདེ་ཆེན་ཞེས་པ་སྟེ། ཁྱེད་བདེ་བ་ཆེན་པོའི་སྙོམས་པར་འཇུག་པའི་སྦྱོར་བས་བདག་ལ་འདི་ལྟར་གང་གི་ཕྱིར་སྟོང་པ་སྤོངས་ཞེས་པ་སྟེ། ཉི་ཚེ་བའི་སྟོང་པའི་རང་བཞིན་དུ་ཞེན་པ་སྤོངས་ཤིག་པའོ། །ཁྱོད་མེད་ན་ནི་བདག་འགུམ་པས། །ཞེས་པ་ནི་ཁྱེད་མི་བཞུགས་ན་འགུམ་པར་འགྱུར་བས་བཞེངས་ཤིག་ཅེས་པ་སྟེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བས་བཞེངས་ཤིག་པའོ། །སྟོང་པའི་རང་བཞིན་ཉིད་སྤོངས་ཞེས་པ་ནི་སྟོང་པར་ཆགས་པ་སྤོང་བའོ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །ཅེས་པ་ལ། རི་ཁྲོད་མ་ནི་ཆུ་དང་སྙིང་རྗེའི་རང་བཞིན་ཅན་ནོ། །དགོས་པའམ་འབྲས་བུ་ནི་སྙིང་རྗེ་དེ་ཉིད་དུ་གྲུབ་པར་མཛོད་ཅིག་པའོ། །འཇིག་རྟེན་མགྲོན་གཉེར་ཞེས་པ་ནི་འཇིག་རྟེན་པ་ལ་སྨོན་པ་བྱང་ཆུབ་ཀྱི་སེམས་ཀྱིས། བདག་གིས་དཔལ་ཧེ་རུ་ཀར་གྱུར་ནས་སེམས་ཅན་ཐམས་ཅད་ཧེ་རུ་ཀའི་གོ་འཕང་ལ་གཞག་པར་བྱའོ་ཞེས་མགྲོན་བོས་


DTG002_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཅིའི་ཕྱིར་སྟོང་པ་ཉིད་ལ་བཞུགས་ཞེས་བྱ་བར་འབྲེལ་ཏོ། །དེས་ཡང་སེམས་ཅན་ཐམས་ཅད་བདེ་བླག་ཏུ་སྒྲོལ་ཞིང་བདེ་བ་སྒྲུབ་པས་དགའ་བ་དང༌། གཙོ་བོ་ཞེས་བོད་པའོ། །གཏུམ་མོ་བདག་ནི་ཞུ་བ་བགྱིད། །ཅེས་པ་ལ། གཏུམ་མོ་ནི་མེའི་ཁམས་དང༌། དགའ་བའི་རང་བཞིན་ནོ། །མིག་འཕྲུལ་མངའ་བ་ཞེས་པ་ནི་ཀྱེ་མིག་འཕྲུལ་མངའ་བའི་མིག་འཕྲུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་གར་གྱི་བདག་པོའོ། །བདག་གིས་ཁྱེད་ཀྱི་ཐུགས་འཚལ་ཞེས་པ་ནི་ཁྱེད་ཀྱི་ཐུགས་སེམས་ཙམ་དུ་བདག་གིས་འཚལ་བའོ། །གཡུང་མོ་བདག་ནི་སྒྲིན་མོ་ནི། །ཞེས་པ་ལ་གཡུང་མོ་རྣམས་ནི་རླུང་གི་ཁམས་དང༌། བཏང་སྙོམས་ཀྱི་རང་བཞིན་ནོ། །གཅིག་ལ་ཡང་མང་པོའི་ཚིག་ནི། བུད་མེད་ཡིན་ཡང་ང་རྒྱལ་མངའ་བ་དང༌། དྲི་མ་མེད་པ་ཡིད་ལ་བྱེད་པ་དང༌། བཏང་སྙོམས་གཙོར་བྱེད་པ་དང༌། མཉམ་པའི་སེམས་དང་ལྡན་པའོ། །སྙིང་རྗེ་རྣམ་གཅོད་མ་མཛད་ཅིག །ཅེས་པ་ནི་མཉམ་པར་རབ་ཏུ་འཇུག་པའི་སྙིང་རྗེ་རྣམ་པར་གཅོད་པའི་སྟོང་པར་རོ་གཅིག་པར་མ་མཛད་ཅིག་པའོ། །དེ་ལྟ་བུའི་པུ་ཀྐ་སཱི་ལ་སོགས་པའི་སྒྲའི་ཚུལ་གྱིས་བསྐུལ་བ་ཡིན་གྱི། །གཟུགས་ཀྱིས་ནི་མ་ཡིན་ནོ། །དེའི་བདག་ཉིད་དུ་བྱས་པ་ཡང་རྣལ་འབྱོར་མ་བཞི་སྨོན་ལམ་གྱིས་གྲུབ་པ་ནི་གང་གི་ཕྱིར་རྣམ་པར་ཤེས་པ་ལས་སྒྲའི་ཚུལ་དུ་སྤྲོས་པའོ། །དེ་ཡང་ཐབས་རྣམ་པར་དག་པས་བསྐྱེད་པ་ཡིན་གྱི། འཁོར་བའི་ཉེས་པས་གོས་པ་ནི་མ་ཡིན་ནོ། །གླུས་བསྐུལ་བདེ་དག་ནི་ཕྱག་བཞི་པ་དང༌། ཕྱག་དྲུག་བ་ལ་ཡང་ཐུན་མོང་ངོ༌། །གླང་པོ་རྟ་བོང་ལ་སོགས་པ་རྣམས་ནི་འཇིག་རྟེན་སྐྱོང་བ་བརྒྱད་རྣམ་པར་དག་པའོ། །ས་དང་ཆུ་ལ་སོགས་པ་རྣམས་ནི་གཟའ་བརྒྱད་རྣམ་པར་དག་པའོ་།ཨཾ་ཧཱུཾ་དག་གིས་རྡོ་རྗེ་ཆེ། །ཞུ་བའི་གཟུགས་ལས་བཞེངས་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཞུ་བའི་གཟུགས་ཡོངས་སུ་གྱུར་པ་དག་ནི་ཟླ་ཕྱེད་ཐིག་ལེ་དང་བཅས་པའི་དབྱངས་ཡིག་དང་པོ་དང་ཧཱུཾ་ཡིག་གོ །དེ་དག་ཡོངས་སུ་གྱུར་པ་ནི་དེ་དག་གི་ལྟེ་བར་བྱིན་གྱིས་བརླབས་པའི་གྲི་གུག་དང་རྡོ་རྗེའོ། །ས་བོན་དང་མཚན་མ་དེ་དག་ཡོངས་སུ་གྱུར་པ་ལས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་


DTG002_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཧེ་རུ་ཀའོ། །བདག་མེད་མ་དང་དཔལ་ཧེ་རུ་ཀ་དག་གི་ས་བོན་ཨཾ་ཡིག་དང་ཧཱུཾ་ཡིག་ལས་ཨཱ་ལི་དང་ཀཱ་ལི་ཞལ་དུ་ཞུགས་ཏེ། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་ལྷུང་ཞིང་ཞུ་བར་བྱས་ཏེ། དེ་ཡོངས་སུ་གྱུར་པ་ལས། གཾ་ཡིག་ལ་སོགས་པས་གཽ་རཱི་ལ་སོགས་པའི་ལྷ་མོ་དབྱུང་བར་གསུངས་པ་གཾ་ཙཾ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གིས་དཀྱིལ་འཁོར་རྒྱལ་པོ་མཆོག་བསྟན་ཏོ། །ཨཾ་དང་ཧཱུཾ་དག་ཅེས་པའི་བཤད་པ་གསུངས་པ། བདག་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དགའ་མའི་སྒྲས་ནི་ཤེས་རབ་སྟེ། རྩེ་ཟིང་རོལ་པ་འདིས་རྣམ་པར་སྤྲོས་པའོ་།ཕྱག་བཞི་པ་དང་དྲུག་པའི་དཀྱིལ་འཁོར་ལ་ཡང་དེ་བུའི་མཚན་མ་དག་གོ །ཚངས་པ་ཞེས་པ་ནས་གདན་གྱི་གཞུང་གི་མཐར་དེ་དག་གི་དབུས་སུ་བདག་བསམ་པར་བྱ་ཞིང༌། དེ་དང་དེ་དག་ཐམས་ཅད་ཀྱི་མཐར་ཡང་བལྟ་བར་བྱའོ། །དེས་ན་ཡང་གཞལ་ཡས་ཁང་རྫོགས་པའི་དུས་ཉིད་དུ་བརྒྱ་བྱིན་ལ་སོགས་པའི་སྙིང་གར་ཉི་མས་མནན་པར་བཞེངས་པའི་བདག་ཉིད་དུ་བལྟ་བར་བྱའོ། །དཀྱིལ་འཁོར་རབ་ཏུ་བཞེངས་ཞེས་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། བྲིས་པའི་དཀྱིལ་འཁོར་ཏེ། བསམ་གཏན་གྱི་དཀྱིལ་འཁོར་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་བཞིན་ནོ། །དེ་དབུས་པདྨ་ཞེས་པ་ནི་བསམ་གཏན་གྱི་དཀྱིལ་འཁོར་ཡང་བལྟ་བར་བྱའོ། །རིག་མ་བདེ་ཆེན་བརྒྱད་པོ་ཉིད་།ཅེས་པ་ནི་བསྐྱེད་བྱེད་མ་ལ་སོགས་པ་བརྒྱད་པོ་སྟེ། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རོ། །བདག་མེད་མའི་དཀྱིལ་འཁོར་དུ་ནི་རྣམ་པ་ལྔའོ། །རིགས་མཆོག་ཏུ་བྱུང་བ་ཉིད་ཀྱི་རིག་མ་དེ་དག་གཞུག་པར་བྱ་སྟེ། དེ་ཡང༌། བཟང་པོ་རིགས་ལྔ་ལས་བྱུང་བ། །ཞེས་པའི་ཚིག་གིས་སོ། །འདི་རྣམས་ཞེས་པ་ནི་འདི་རྣམས་ཀྱི་དབུས་སུ་དེ་མཆོད་པར་བྱའོ། །གོས་ཀྱིས་མིག་ནི་བཀབ་ནས་ནི། །ཞེས་པ་ནི་གོས་སེར་པོས་སོ། །ཇི་ལྟར་ནི་བདག་མེད་མའི་དཀྱིལ་འཁོར་དུ་དབང་ངོ༌། །དབང་ནི་ཆོ་གའོ། །གསུངས་པ་ཉིད་ནི་འདིར་ཡང་དཀྱིལ་འཁོར་གྱི་ཆོ་གར་རྒྱས་པར་བསྟན་པ་ལས་རྟོགས་པར་བྱའོ། །དེ་ཁོ་ན་ཉིད་ཅེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ཀྱི་སྐད་ཅིག་མའི་གནས་སྐབས་


DTG002_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བུ་ཞེས་བདག་མེད་མས་ཞུས་པ་ལྷ་དེའི་སྐད་ཅིག་ཇི་ལྟར་ལགས་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་དེའི་སྐད་ཅིག་བཀའ་སྩལ་པ། ཐོག་མ་མཐའ་མེད་དེར་ནི་དབུས། །ཞེས་པ་ལ། ཐོག་མ་ནི་སྐྱེ་བའོ། །ཐ་མ་ཞེས་པ་ནི་འགག་པ་སྟེ། །དེ་དག་མེད་པའོ། །དེར་ནི་དབུས་ཞེས་པ་ནི་དབུ་མར་གནས་པ་ནི་དེར་ཏེ། ལྷན་ཅིག་སྐྱེས་པའི་སྐད་ཅིག་མ་ཞེས་སྔར་གྱི་དང་འབྲེལ་ཏོ། །དེར་ཞེས་པའི་སྒྲས་ནི་སྔར་གྱི་དག་ཀྱང་ནང་དུ་གྱུར་པའོ། །སྲིད་པ་ནི་ལས་དང་ཉོན་མོངས་པས་འཆིང་བའོ། །མྱ་ངན་ལས་འདས་པ་ནི་ལས་དང་ཉོན་མོངས་པ་སྤོངས་ཏེ། དེ་དག་མེད་པའོ། །དེར་ཞེས་པས་འདིར་ཡང་བསྒྲེའོ། །འདི་ནི་མཆོག་ཏུ་བདེ་ཆེན་ཡིན། །ཞེས་པ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་ཞེས་པའི་དོན་ཏོ། །གཞན་མེད་བདག་མེད་ཅེས་པ་ལ། གཞན་ནི་ཤེས་རབ་བོ། །བདག་ནི་ཐབས་ཏེ་དེ་དག་མེད་པའོ། །ཡང་ན་གཞན་ནི་གཟུང་བའོ། །བདག་ནི་འཛིན་པ་སྟེ་དེ་དག་མེད་པའོ། །འདིར་ཡང་དེར་ཞེས་པས་བསྒྲེ་བར་བྱའོ། །གང་དུ་ཐོག་མ་དང་ཐ་མལ་སོགས་པར་མི་དམིགས་པ་དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ཞེས་དགོངས་སོ། །ཇི་ལྟ་བུ་ཞེ་ན། གསུངས་པ། །རང་གི་གཡས་དང་ལག་གཞན་ཞེས་བྱ་བ་ལ་སོགས་པ་ལ། གཡས་པ་ནི་ཤིན་ཏུ་བཟང་བ་སྟེ། རང་གི་གཡས་བཟང་པོ། གཞན་ནི་དེ་ལས་ཅིག་ཤོས་ཏེ་སྡུག་བསྔལ་ཅན་ནོ། །དེས་ན་རང་གི་ལག་དང༌། ལག་གཞན་ནི་བདེ་བའོ། །དེ་དག་ལག་པས་རྗེས་སུ་བྱེད་པ་ནི་ཞུ་བའོ། །དེའི་རླབས་གཉིས་ཀྱིས་བཙིར་ཞེས་པར་འབྲེལ་ཏོ། །དེ་ཡང་རླབས་ནི་ཤུགས་ཏེ། དེས་ན་རླབས་ཀྱང་ཡིན་ལ། གཉིས་ཀྱང་ཡིན་པས་རླབས་གཉིས་སོ། །སྐད་ཅིག་གཉིས་སུ་གནས་པ་ན་ཤུགས་ཀྱང་གཉིས་ཏེ། ཇི་སྲིད་སྐད་ཅིག་གཉིས་ཞུ་བར་གནས་པར་བྱེད་པའོ་ཞེས་པའི་དོན་ཏོ། །ལོངས་སྤྱོད་ཅེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ལོངས་སྤྱོད་ཉམས་སུ་མྱོང་བར་གྱུར་པ་ནི་འདིར་ལོངས་སྤྱོད་དེ་ནོར་བུའི་དཀྱིལ་དུའོ། །དེས་ཅི་ལྟ་བུ་ཉིད་དུ་བྱེད་ཅེ་ན། གསུངས་པ་རྒན་པོ་ཞེས་པ་ལ་སོགས་པ་སྟེ། རྒན་པོ་ནི་སྟོང་པ་ཉིད་དོ། །སྲིན་ལག་ནི་སྙིང་རྗེའོ། །དེ་དག་གིས་བཙིར་བར་


DTG002_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སྟེ་མངོན་པར་ཞེན་པ་མེད་ཅེས་བྱ་བའི་དོན་ཏོ། །རྣལ་འབྱོར་པ་ཞེས་པ་ནི་ཤེས་རབ་དང་སྙོམས་པར་འཇུག་པ་སྟེ། དེ་དང་ལྡན་པས་རྣལ་འབྱོར་རོ། །ཤེས་རབ་དང་སྙོམས་པར་འཇུག་པས་རྡོ་རྗེ་ནོར་བུའི་དབུས་སུ་སྐད་ཅིག་མ་གཉིས་པའོ། །མངོན་པར་ཞེན་པ་དང་ལྡན་པའི་ཞུ་བ་བརྟན་པར་གནས་པར་བྱ་ཞེས་བསྡུས་པའི་དོན་ཏོ། །དེ་དག་གིས་ཀྱང་ཅི་ཞེ་ན་གསུངས་པ། ཕྱི་ནས་ཞེས་པ་ལ་སོགས་པ་སྟེ། ཞུ་བ་བརྟན་པའི་རྗེས་ལ་ཡེ་ཤེས་སྐྱེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་མིང་ཅན་ནོ། །ཅི་འདྲ་ཞེ་ན་གསུངས་པ། གཞོན་ནུ་མ་ཞེས་པ་ལ་སོགས་པ་སྟེ། གང་ཡང་རུང་བ་ཞིག་ལ་གཞོན་ནུ་མ་བདེ་བའི་དོན་དུ་བྱིན་ནས་བདག་ཉིད་ཀྱིས་གཟུང་བར་བྱས་པ་དང༌། འཛིན་པ་པོས་ཀྱང་བདེ་བའི་དོན་དུ་བྱིན་པའོ་ཞེས་ཤེས་ལ་ཕ་ལ་སོགས་པ་མ་ལུས་པ་ཉིད་ཀྱིས་ཤེས་པ་ཡིན་ཡང་ཕུལ་དུ་གྱུར་པའི་ཆོས་ཉམས་སུ་དོགས་པས་སུ་ལ་ཡང་སྨྲ་བར་མི་བྱེད་དེ། །དེས་ན་བདེ་བ་དེ་ནི་རང་ཡང་དག་པར་རིག་པར་གྱུར་ཅིང་བརྗོད་དུ་མེད་པ་ཉིད་ཀྱི་ཡེ་ཤེས་གཞོན་ནུ་མའི་བདེ་བས་ཉེ་བར་འཇལ་བར་བྱེད་དོ། །འོ་ན་ཕུལ་དུ་གྱུར་པའི་གཞོན་ནུ་མའི་བདེ་བ་ནི་བརྗོད་པར་ནུས་ཀྱང་བརྗོད་པ་མ་ཡིན་ལ། ལྷན་ཅིག་སྐྱེས་པ་དགའ་བའི་ཡེ་ཤེས་ནི་ཇི་ལྟར་བརྗོད། དེ་མི་ནུས་པ་ཉིད་དོ་ཞེ་ན། དེས་ན་རང་གི་གཡས་དང་ལག་གཞན་ནམ། ལག་པ་གཡོན་པའི་རྒན་པོ་དང་སྲིན་ལག་གི་རླབས་གཉིས་ཏེ། གཡས་པ་དང་ཅིག་ཤོས་ཀྱིས་རྩ་གཉིས་མགྲིན་པ་ལོངས་སྤྱོད་ཀྱི་གནས་སུ་བཙིར་བར་བྱའོ། །དེ་ལྟར་བྱས་པས་ཕྱི་ནས་ཡེ་ཤེས་སྐྱེས་པ་ནི་གཞོན་ནུ་མའི་བདེ་བ་བཞིན་ནོ། །གཞོན་ནུ་མས་ནི་ཤེས་རབ་ཉེ་བར་མཚོན་ནོ། །དེས་ན་ཡང་ལ་ལ་དག་ནི་ཤེས་རབ་དང་འདུས་པ་ལས་བདེ་བའི་ཡེ་ཤེས་ཇི་ལྟར་སྐྱེས་པ་དེ་ལྟར་སྐྱེས་པ་སྟེ་དེ་ལྟ་བུར་མགྲིན་པའི་གནས་སུ་ལ་ལ་ནཱ་དང་ར་ས་ནཱའི་རྩ་གཉིས་པོ་དག་ཀྱང་མནན་པས་སྐྱེ་བར་འགྱུར་ཞེས་པའོ། །དེས་ཀྱང་མཆོག་གིས་བསྟན་པ་ཉིད་ལས་ཏེ། གང་ཞིག་བདེ་བའི་ཐབས་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་སླ་བ་ཡིན་ནོ། །འདིས་ཀྱང་སྐད་ཅིག་གཉིས་སུ་གནས་པས་འཆི་བའི་སྡུག་བསྔལ་ཉིད་ལ་ཡང་ཡིན་ནོ། །དེ་བཞིན་དུ་ཡང་ཆོམ་རྐུན་མ་རྣམས་ལ་དེ་ལྟ་བུའི་རིག་ལ་འབྱུང་ངོ་ཞེས་གཏམ་རྒྱུད་ལས་སོ། །ཡེ་ཤེས་ཁྱད་པར་བུ་གྱུར་པ་ནི་


DTG002_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་མཐའ་སྟེ། དགའ་བྲལ་གྱི་ཞེས་པ་སྟེ། མཆོག་ཅེས་པ་ནི་དགའ་བའི་ལྷག་མ་ཉིད་ཀྱིས་སོ། །དེས་ན་གསུངས་པ། མཐའ་ཞེས་པ་སྟེ་མཐར་གྱུར་པ་ནི་མཐའ་ཉིད་དོ། །གང་གིས་ཤེ་ན་གསུངས་པ། དགའ་བྲལ་དབུས་ཞེས་གསུངས་ཏེ། །དེ་ཡང་དབུས་ནི་མཆོག་ཏུ་དགའ་བའི་ཡེ་ཤེས་ཀྱིའོ། །གང་གི་ཕྱིར་དགའ་བྲལ་གྱི་བདག་ཉིད་ནི་དགའ་བྲལ་གྱི་ཡེ་ཤེས་ཏེ། དེའི་མཐར་གྱུར་པས་ན་མཐའ་ཞེས་པའི་དོན་ཏོ། །འདི་ནི་ཡི་གེ་བཅུ་པའི་ཚིག་གོ །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་པ་ནི་རང་བཞིན་གྱིས་སྟོང་པ་ཡང་སྒྱུ་མ་ལྟ་བུ་ཉིད་ལས་སོ། །ཡང་ན་སྟོང་མིན་ནི་རྣམ་པར་དག་པའི་འཁོར་བ་ཡིས་སོ། །དེ་ལྟ་བུའི་ཡེ་ཤེས་ཀྱང་དཔལ་ཧེ་རུ་ཀའོ། །དེ་སྐད་དུ་ཡང་འཆད་པར་འགྱུར་ཏེ། འཁོར་བའི་རྣམ་པ་ཧེ་རུ་ཀ །ཞེས་པའོ། །གང་དུ་དགྱེས་པའི་རྡོ་རྗེ་མངོན་པར་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས་བརྟག་པ་གཉིས་པའི་ལེའུ་ལྔ་པའོ། །

དྲུག་པ། བྲིས་སྐུའི་ཆོ་གའི་ལེའུ།


DTG002_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བྲིས་སྐུར་སོན་པའི་བྲིས་པའི་དཀྱིལ་འཁོར་བསྟན་པའི་ཕྱིར་དང༌། ཕྱག་རྒྱ་ལྔའི་རྣམ་པར་དག་པས་སོ་སོར་རྒྱས་པར་བསྟན་པའི་དོན་དུ་བྲིས་སྐུའི་ཆོ་གའི་ལེའུ་གསུངས་པ། ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོད་པར་ཞེས་པ་ལ་ཀ་ནི་བདེ་བའོ། །པཱ་ནི་སྐྱོང་བས་ནི། པཱ་ལ་སྟེ་ཐོད་པའོ། །མཚན་ཁུང་ཞེས་པ་ནི་ཆོས་འབྱུང་གི་ངོས་དག་ཏུའོ། །སེན་མོ་ཞེས་པ་ནི་ལྕགས་ཀྱུ་ཆེན་པོའོ། །དེ་དག་གིས་ནི་ཕྱི་རོལ་གྱི་ཤེས་རབ་དང་རྗེས་སུ་ཆགས་པར་སྟོན་ཏོ། །ཕྱག་རྒྱ་ལྔ་ནི་རབ་ཏུ་ཕྱེ། །ཞེས་པ་ནི་བཅོམ་ལྡན་འདས་དེ་ལྟ་བུར་མཛད་པ་ལ། བཅོམ་ལྡན་འདས་མས་ཕྱག་རྒྱ་ལྔའི་རྣམ་པར་དག་པ་ཞུས་ལ། ཕྱག་རྒྱ་ལྔའི་རྣམ་པར་དག་པ་རབ་ཏུ་ཕྱེ་ཞེས་པ་སྡུད་པ་པོའི་ཚིག་གོ །དེས་ན་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ལྔའི་རྣམ་པར་དག་པའི་རབ་ཏུ་ཕྱེ་བའི་ཚིག་གསུངས་པ། བླ་མ་ཞེས་པ་ལ་སོགས་པ་སྟེ། འཁོར་ལོ་ལ་སོགས་པ་འཛིན་པས་རྟག་ཏུ་འཇུག་པ་ནི། ཕྱག་ལ་སོགས་པའི་བྱ་བ་ཡོད་པ་ཉིད་དུ་རྟོགས་པར་བྱའོ་ཞེས་རྣམ་པར་དག་པར་བྱ་བའི་སྒོ་ཡིས་སོ། །བྲིས་སྐུའི་བྱེད་པ་ཞེས་བྱ་བ་ནི་བྲིས་སྐུ་དང༌། རས་ལ་སོགས་པ་ཡང་རྣལ་འབྱོར་པ་ལ་རྣལ་འབྱོར་པ་ཉིད་ཀྱིས་བྱ་ཞེས་བལྟ་བར་བྱའོ། །ལུས་ལ་ནི་རཾ་སུ་བསམ་ཞེས་པ་ནི་བྱིངས་སུ་སྦྱོར་བ་གསུང་རབ་ལས་ཏེ་འཛིན་པ་པོ་ཞེས་


DTG002_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཏོ། །བྲིས་སྐུའི་ཆོ་ག་ཞེས་པ་ནི་བྲིས་སྐུ་བྱེད་པ་སྟེ། དེའི་ཆོ་གའི་ལེའུའོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས་བརྟག་པ་གཉིས་པའི་ལེའུ་དྲུག།། །།

བདུན་པ། བཟའ་བའི་ལེའུ།


DTG002_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པས་འཇིག་རྟེན་པའི་ལུགས་སུ་རྣམ་པར་དག་པ་ཅུང་ཟད་བྱ་བ་ནི་དུར་ཁྲོད་ལ་སོགས་པར་བཟའ་བ་ཟོས་པས་དངོས་གྲུབ་ཐོབ་པར་བྱེད་པའོ་ཞེས་དམ་པའི་ཆོས་གནས་པའི་རྒྱུ་གླེགས་བམ་འདྲི་བ་ངེས་པར་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱིས་བཟའ་བའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ནི་བྲིས་སྐུའི་ཆོ་གཞུས་པའི་ལན་གྱི་རྗེས་ལའོ། །གླེགས་བམ་ཡང་ནི་ཇི་ལྟར་འགྱུར། །ཞེས་པ་ནི་ལྷ་མོ་ལ་གསུངས་ཞེས་པར་འབྲེལ་ཏོ། །གྲོ་གར་ཞེས་པ་ནི་གྲོ་ག་ལ་སོགས་པར་དགྱེས་པའི་རྡོ་རྗེའི་རྒྱུད་བྲིས་ན་བསོད་ནམས་མང་པོ་འབྱུང་བའོ། །སྦྲང་ཆེན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །ཡང་དག་པ་སྦྱིན་ལྡན་པ་ལ། །རེས་འགའ་ཙམ་ཞིག་བསྟན་པ་ཉིད། །ཅེས་པ་ལ། སྦྱིན་ཞེས་པ་ནི་སྟེར་བ་སྟེ། ཡང་དག་པར་རྟོགས་པ་སྟེར་པའོ། །དེས་ན་ཡང་དག་རབ་སྦྱིན་ནོ། །གང་སྙོམས་པར་འཇུག་པ་ལས་རྟོགས་པར་གྱུར་པ་ཉིད་ནི། དེ་ཁོ་ན་ཉིད་ཅེས་བྱ་སྟེ། བླ་མའི་ཚིག་གིས་སློབ་མའི་དོན་དུ་རྟོགས་པར་བྱེད་ཅིང་སྦྱིན་པར་བྱེད་ཅེས་པའི་དོན་ཏོ། །ལྡན་པ་ནི་དེ་དག་གིས་ཕུལ་དུ་གྱུར་པས་ནའོ། །ཉིད་ཀྱི་སྒྲས་ནི་བརྒྱ་ལམ་ནའི་དོན་ཏོ། །དེ་ཡང་གལ་ཏེ་དགོས་པ་ཡོད་པར་གྱུར་ན་རེས་འགའ་ཙམ་གླེགས་བམ་བསྟན་པ་ནི་ཡང་དག་རབ་སྦྱིན་ལྡན་པའི་མཆོག་དེ་ལ་བསྟན་པར་བྱ་བ་ཡིན་གྱིས། །གཞན་ལ་གླེགས་བམ་བསྟན་པར་བྱ་བ་མ་ཡིན་ཞེས་དགོངས་སོ། །གསུངས་པ་དེ་དག་གི་མཚན་ཉིད་ཀྱིས་ནི་གླེགས་བམ་བསྟན་ཏོ། །ཆོགས་ཀྱི་དཀྱིལ་འཁོར་བཟའ་བ་ཞེས་པ་ལ་བཟའ་བ་ནི་ཇི་སྐད་གསུངས་པའི་མཚན་ཉིད་ཅན་ནོ། །ཚོགས་ནི་རྣལ་འབྱོར་མ་རྣམས་འདུས་པའོ། །དེ་ཉིད་དཀྱིལ་འཁོར་ཏེ་ལྷ་རྣམས་རྣམ་པར་དག་པ་ཇི་ལྟར་གནས་པའི་ཧེ་རུ་ཀའི་དཀྱིལ་འཁོར་ལྟར་ཕྱི་རོལ་གྱིས་རྣལ་འབྱོར་པ་རྣམས་རྣམ་པར་གནས་ཤིང་བཀོད་པ་དག་གོ །གང་དུ་ཟོས་པ་ཞེས་པ་ནི་གང་དུ་བཟའ་བ་ཟོས་པས་དངོས་གྲུབ་ཏུ་འགྱུར་བ་ལྷ་མོ་ཉོན་ཅིག་ཅེས་པ་སྔར་དང་འབྲེལ་ཏོ། །མི་མེད་གྲོང་ཁྱེར་ཞེས་པ་ནི་མི་མ་ཡིན་ལ་སོགས་པས་བྱིན་གྱིས་བརླབས་པའི་


DTG002_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཚལ་ལ་སོགས་པའོ། །རྒྱ་མཚོའི་མཐའ་ཞེས་པ་ནི་ཆུ་ཀླུང་ལ་སོགས་པར་ཉེ་བར་ཡང་ངོ༌། །ཚོགས་ཀྱི་དཀྱིལ་འཁོར་གསུངས་པ་བརྟག་ཅེས་པ་ལ་སོགས་པའོ། །བཟའ་བ་གསུངས་པ། དམ་ཚིག་ཅེས་བྱ་བ་ལ་སོགས་པ་སྟེ། །དམ་ཚིག་ནི་ལྔ་སྟེ། གོ་གུ་ད་ཧ་ནའོ། །རྒྱལ་པོའི་སཱ་ལུ་ཞེས་པ་ནི་མིའི་དམ་ཚིག་དང་རྒྱལ་པོའི་སཱ་ལུ་དང༌། རུས་སྐྱེས་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །པདྨའི་ལག་པས་ཞེས་པ་ནི་ལག་པ་གཉིས་པདྨའི་རྣམ་པར་གནས་པས་ན་པདྨའི་ལག་པའོ། །སྒྲུབ་པ་པོ་ཞེས་པ་ནི་སྦྱིན་བདག་རྣམས་སོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས། བརྟག་པ་གཉིས་པའི་ལེའུ་བདུན་པའོ།། །།

བརྒྱད་པ། གདུལ་བར་དཀའ་བ་འདུལ་བའི་ལེའུ།


DTG002_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་གྱི་ཤེས་རབ་ཀྱི་རང་བཞིན་རྟོགས་པར་བྱ་བའི་དོན་དང༌། སྨོན་ལམ་གདབ་པ་བསྟན་པའི་དོན་དང༌། སྣོད་དུ་བྱ་བ་སྔོན་དུ་འགྲོ་བ་ཅན་གྱི་སེམས་ཅན་ལ་ཆོས་བསྟན་པར་བྱའོ་ཞེས་བསླབ་པའི་དོན་དུ་གདུལ་བར་དཀའ་བ་འདུལ་པའི་ལེའུ་གསུངས་པ། དེར་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་རྫོབ་གཟུགས་ཅན་ཞེས་པ་ནི་ཀུན་རྫོབ་ཏུ་བྱེད་པའི་རང་བཞིན་གྱིས། གང་གི་ཕྱིར་དོན་དམ་པ་ལས་ཕྱག་རྒྱ་ཆེན་པོའི་ལྷའི་རྣམ་པའི་གཟུགས་དེ་ཡང་འདིས་སྒྲུབ་པར་བྱེད་པས་ན་འདི་ལ་ཡང་ཕྱག་རྒྱ་ཆེན་པོ་ཞེས་ཉེ་བར་བཏགས་སོ། །པདྨའི་འདབ་མའི་རྣམ་པ་འདྲ། །ཞེས་པ་ནི་པདྨའི་འདབ་མ་ལྟར་སྔོ་བསངས་སོ། །རྔུལ་ཀྱང་དྲི་ཞིམ་ལྡན་པར་འགྱུར། །ཞེས་པ་ནི་རྒྱས་པར་བཤད་པའོ། །རི་དགས་ལྟེ་བའི་དྲི་དང་མཚུངས། །ཞེས་པ་ནི་གོ་སླའོ། །པདྨ་ལ་ཡང་དབང་མཆོག་དྲི། །སྐད་ཅིག་པདྨ་ལྟ་བུ་འབྱུང༌། །ཞེས་བྱ་བ་ལ། པདྨ་ནི་ཆོས་འབྱུང་ངོ༌། །དེས་ན་པདྨའི་དྲི་དང་མཚུངས། །ཞེས་པར་འབྲེལ་ཏོ། །སྐད་ཅིག་ཅེས་པ་ནི་སྐད་ཅིག་སོ་སོ་ལའོ། །ཅིས་དྲི་དང་མཚུངས་ཤེ་ན། གསུངས་པ། པདྨ་ལྟ་བུ་ཞེས་པ་སྟེ། ཇི་ལྟར་མེ་ཏོག་པདྨའི་དྲི་ཞིམ་པ་དེ་བཞིན་དུ་པདྨ་ཅན་དེ་ཡང་ཞེས་པའི་དོན་ཏོ། །པདྨ་ལ་ཡང་དབང་མཆོག་དྲི། །ཞེས་པར་ཡང་ཤེས་པར་བྱ་སྟེ། ལྟ་བུ་ཞེས་པའི་སྒྲ་འདིར་ཡང་བླང་བར་བྱའོ། །དེ་ནས་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་དྲིས་པའི་ལན་གྱི་རྗེས་ལའོ། །གདུལ་དཀའ་བ་ཞེས་པ་ནི་སྒྲུབ་པར་དཀའ་བའོ། །གདུལ་བར་ཞེས་པ་ནི་བསླབ་པས་གདུལ་བྱ་རྗེས་སུ་འཛིན་པ་ཞེས་པ་སྟེ། དེའི་


DTG002_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་འདུལ་བ་ནི་འདུལ་བའོ། །བསྙེན་གནས་ཞེས་པ་ནི་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། ཆང་འཐུང་བ་དང༌། དྲི་ཞིམ་པོའི་མེ་ཏོག་ཕྲེང་བ་དང༌། བྱུང་བ་ལ་སོགས་པ་རྣམས་སྤོང་པ་ནི་བསྙེན་གནས་སོ། །བྱེ་བྲག་སྨྲ་བ་ཞེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལུགས་སོ། །དེ་ལ་ཉན་ཐོས་པ་རྣམས་ཀྱི་བྱང་ཆུབ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་རང་བཞིན་ནོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ནི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་སྤངས་པའི་རང་བཞིན་ནོ། །མདོ་སྡེ་པ་ཞེས་པ་ནི་མདོ་སྡེ་དག་ལ་ཀློག་པར་བྱེད་པའོ། །རྣལ་འབྱོར་སྤྱོད་པ་ཞེས་པ་ནི་རྣམ་པར་ཤེས་པ་ཙམ་བདེན་པའོ་ཞེས་རྣལ་འབྱོར་སྤྱོད་པའི་ལུགས་སོ། །དབུ་མ་ཞེས་པ་ནི་ཐམས་ཅད་ཀུན་རྫོབ་ཙམ་མོ་ཞེས་པ་དབུ་མ་པའི་ལུགས་སོ། །འདུལ་བ་གཙོར་བསྟན་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས་བརྟག་པ་གཉིས་པའི་ལེའུ་བརྒྱད་པའོ།། །།

དགུ་པ། སྔགས་བཏུ་བའི་ལེའུ།


DTG002_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པ་སྔ་མར་གསུངས་པའི་སྔགས་རྣམས་གང་འགའ་ཞིག་བཏུ་བའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་པ་ནི་གདུལ་དཀའ་བའི་སྐབས་ཀྱི་རྗེས་ལའོ། །ཡང་དེ་ནས་ཞེས་པ་གང་གི་ཚེ་གདུལ་བར་དཀའ་བ་སྔར་གསུངས་པའི་རིགས་པས་འདུལ་བར་མི་ནུས་པ་དེའི་ནུས་པ་བསྟན་པ་ཉིད་ཀྱིས་གདུལ་བར་བྱའོ་ཞེས་པས་ན། ཁ་སྦྱོར་དབྱེ་བའི་ཆོ་གར་བཤད་བྱ། །ཞེས་བྱ་བར་འབྲེལ་ཏོ། །ཁ་སྦྱོར་དབྱེ་བའི་ཆོ་ག་ཡང་བླ་མའི་མན་ངག་ལས་ཤེས་པར་བྱའོ། །བསྡུ་བའི་དངོས་པོ་བཞི་ཞེས་པ་ནི་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པའི་མཚན་ཉིད་ཅན་ནི་བསྡུ་བའི་དངོས་པོ་རྣམ་པ་བཞིའོ། །པགས་པ་བྱང་ཆུབ་ཡན་ལག་བདུན། །ཞེས་པ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། ཏིང་ངེ་འཛིན་དང༌། དྲན་པ་དང༌། དགའ་བ་དང་། ཤེས་བཞིན་དང༌། བཏང་སྙོམས་ཀྱི་མཚན་ཉིད་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །ལས་ཀྱི་དངོས་གྲུབ་ཉིད་དུ་འགྱུར། །ཞེས་བྱ་བ་ལ་དངོས་གྲུབ་ཉིད་ནི་རེངས་པ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་པོ། །དེ་ལྟར་འགྱུར་བ་ནི་འགྲོ་བའོ། །དང་པོར་རྣམ་པར་སྣང་མཛད་སྦྱིན། །ཞེས་པ་ནི་ཨོཾ་ཡིག་སྦྱིན་ཞེས་པ་


DTG002_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ལས་དང་འབྲེལ་པ་ལས་ཀུན་ཀྱང་གཉིས་པ་ཉིད་དོ། །ཨུ་ཥྨ་རྣམས་ཀྱི་བཞི་པ་ལ། །ཞེས་པ་ནི་ཥ་དང༌། ཤ་དང༌། ས་དང༌། ཧ་ནི་ཨུ་ཥྨ་སྟེ། དེ་རྣམས་ཀྱི་བཞི་པ་ནི་ཧའོ། །དུ་ཀྐ་སཱི་ཞེས་པ་ནི་དབྱངས་ཡིག་དྲུག་པའོ། །སྟོང་པས་མནན་ཞེས་པ་ནི་ཐིག་ལེས་མནན་པའོ། །མདོག་དཀར་མཐར་ནི་སྭཱ་ཧཱ་སྦྱོར། །ཞེས་པ་ནི་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་སོ། །དང་པོར་ཡི་གེའི་བདག་པོ་སྦྱིན། །རྡོ་རྗེ་མཁའ་འགྲོ་མ་དེ་ནས། །ཞེས་བྱ་བ་ལ། ཡི་གེའི་བདག་པོ་ནི་ཨོཾ་ཡིག་གོ །མཁའ་སྤྱོད་མ་ནི་དབྱངས་ཡིག་བཅོ་ལྔ་པའོ། །མཐར་ནི་སྭཱ་ཧཱ་ཞེས་པ་ནི་ཨོཾ་ཨཱ་སྭཱ་ཧཱ་ཞེས་པ་སྟེ། སྙིང་པོའི་སྔགས་མདོག་དམར་པོའོ། །རིགས་བྱེད་རྣམས་ཀྱི་དང་པོ་ནི་ཕྱག་འཚལ་བའོ། །དང་པོ་ཡི་ནི་གཉིས་པ་ལ། །ཞེས་པ་ལ་སྡེ་ཚན་དང་པོའི་ཀའོ། །དེ་ཡི་གཉིས་པ་ནི་ཁ་ཡིག་གོ །སྟོང་བཅས་སྭཱ་ཧཱ་མཐའ་རུའོ། །ཞེས་པ་ནི་ཨོཾ་ཁཾ་སྭཱ་ཧཱ་ཞེས་པ་སྟེ། སྔགས་འདི་ནི་ནག་པོའོ། །རྣམ་པར་སྣང་མཛད་ཅེས་པ་ནི་སྔར་བཞིན་ནོ། །གཉིས་པ་ཡི་ནི་གསུམ་པ་ལ། །ཞེས་པ་ནི་སྡེ་ཚན་གཉིས་པ་སྟེ་དེའི་གསུམ་པ་ནི་ཛ་ཡིག་གོ །ར་དང་ལྡན་ཞིང་ཆུ་མས་བརྒྱན། །ཞེས་པ་ནི་ཛ་ཡིག་གི་འོག་ཏུ་ར་སྦྱིན་ལ་མགོ་བོར་དབྱངས་སྦྱིན་པར་བྱའོ། །སྟོང་བཅས་སྭཱ་ཧཱ་མཐར་རུ་སྦྱར། །ཞེས་པ་ནི་ཨོཾ་ཛཱ་སྭཱ་ཧཱ་ཞེས་པ་སྟེ་ནག་པོའོ། །ཡི་གེའི་དབང་ཕྱུག་ནི་ཕྱག་འཚལ་བའོ། །ལྔ་པ་ཉིད་ཀྱི་གསུམ་པ་ལ། །ཞེས་པ་ལ་ལྔ་པ་ནི་པའི་སྡེ་ཚན་ནོ། །དེའི་གསུམ་པ་ནི་བ་ཡིག་གོ །སྟོང་པ་ཞེས་པ་ནི། ཐིག་ལེས་མགོ་བོ་མནན་པའོ། །མཁའ་འགྲོ་མ་དང་ལྡན་ཞེས་པ་ནི་རྡོ་རྗེ་མཁའ་འགྲོ་མའོ། །དེའི་ས་བོན་ཡང་མཁའ་འགྲོ་མ་སྟེ་དབྱངས་ཡིག་ལྔ་པའོ། །དེ་ཡང་སྔགས་དང་ལྷ་དག་མི་ཕྱེད་པའི་ཕྱིར་ཏེ་དེ་ལྟར་སྔར་གྱི་དང༌། ཕྱིས་ཀྱི་དག་ལ་ཡང་སྦྱར་བར་བྱའོ། །མཐར་ནི་སྭཱ་ཧཱ་ཞེས་པ་ནི་ཨོཾ་བྲུཾ་སྭཱ་ཧཱ་ཞེས་པ་སྟེ་མདོག་ནག་པོའོ། །ཡི་གེའི་ཐུ་བོ་ཞེས་པ་ནི་ཨོཾ་ཡིག་སྟེ་ལྷག་མ་ནི་གོ་སླའོ། །གཏི་མུག་རིགས་ཞེས་པ་ཡང་ཨོཾ་ཡིག་སྟེ་ལྷག་མ་ནི་གོ་སླའོ། །དང་པོ་རྣམ་པར་སྣང་མཛད་ཅེས་པ་ཡང་སྔར་བཞིན་ནོ། །དང་པོ་ཉིད་ཀྱི་དང་པོ་ལ། །ཞེས་པ་ལ། དང་པོ་ནི་ཀའི་སྡེ་ཚན་ནོ། །དང་པོ་ནི་ཀ་ཡིག་གོ །རྡོ་རྗེ་མཁའ་འགྲོ་མ་དེ་སྦྱར། །ཞེས་པ་ནི་ཨུ་ཡིག་དང་ལྡན་པའོ། །རྣམ་པར་སྣང་མཛད་ཅེས་པ་ནི་སྔར་བཞིན་ནོ། །མཐར་གནས་པ་ཡི་གཉིས་པ་ལ། །


DTG002_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་ཡ་ར་ལ་ཝ་སྟེ་མཐར་གནས་པའོ། །དེ་རྣམས་ཀྱི་གཉིས་པ་ནི་ར་ཡིག་གོ །རྡོ་རྗེ་མཁའ་འགྲོ་མ་དེ་ལྡན། །ཞེས་པ་ནི་སྔར་བཞིན་ནོ། །ཡང་ནི་དང་པོའི་རྩེ་མོ་ལ། །ཞེས་པ་ནི་ཀའོ། །རྡོ་རྗེ་མཁའ་འགྲོ་མ་ནི་སྔར་བཞིན་ནོ། །མཐར་གནས་པའི་གསུམ་པ་ལ། །ཞེས་པ་ནི་ལ་ཡིག་གོ །ཡང་ནི་དེ་ཉིད་ཡང་དག་ལྡན། །ཞེས་པ་ནི་ལ་ཡིག་གིས་ཡང་དག་པར་ལྡན་པ་སྟེ། ལླ་ཞེས་པའོ། །སྟེང་དུ་ཆོམ་རྐུན་མ་ཡིས་བརྒྱན། །ཞེས་པ་ལ་ཆོམ་རྐུན་མ་ནི་ཨེ་ཡིག་གོ །ཧྲཱིཿ་ཡིག་བཟླས་པའི་རྗེས་སུ་སྭཱ་ཧཱ་མཐར་ཞེས་པའོ། །ཨོཾ་ཀུ་རུ་ཀུ་ལླེ་ཧྲཱི་སྭཱ་ཧཱ་ཞེས་པ་ནི་ཀུ་རུ་ཀུ་ལླེའི་སྔགས་སོ་ཞེས་པ་སྟེ། སྔགས་འདི་ཀུ་རུ་ཀུ་ལླེ་དང་འབྲེལ་པས་སོ། །ཨོཾ་ནི་དང་པོ་བཞི་པ་ཡི། །གསུམ་པ་ཆོམ་རྐུན་མ་ཡིས་བརྒྱན། །ཞེས་པ་ལ། བཞི་པ་ནི་ཏའི་སྡེ་ཚན་ནོ། །དེའི་གསུམ་པ་ནི་ད་ཡིག་གོ །དེ་ཆོམ་རྐུན་མ་ཡིས་བརྒྱན་པའོ། །དེ་ཡང་གང་གི་དང་པོར་ནི་ཨོཾ་ཡིག་ཡིན་པས་འདིར་ལྟར་ཨོཾ་ཡིག་དང་པོར་གྱུར་པའོ། །དེ་བཞིན་དུ། ཆོམ་རྐུན་མ་ཡིས་བརྒྱན་པ་ལ། །ཆོམ་རྐུན་མ་ནི་ཨེ་ཡིག་གོ །མཐར་གནས་པ་ཡི་བཞི་པ་ལ། །ཞེས་ནི་ཝ་ཡིག་གོ །པི་ཙུ་བཛྲ་ནི་ཚིག་སྦྱོར་བའོ། །ཨུ་ཥྨ་རྣམས་ཀྱི་བཞི་པ་ལ། །པུ་ཀྐ་སཱི་ས་ནི་རྣམ་པར་བརྒྱན། །སྟོང་པས་མནན་ཅིང་ཞེས་པ་ནི་ཧཱུཾ་ཡིག་སྟེ། དེ་ཡང་སུམ་འགྱུར་དུའོ། །ལྔ་པ་ཡི་ནི་གཉིས་པ་དང༌། །ཞེས་པ་ནི་ཕའོ། །གསུམ་པའི་དང་པོ་ཞེས་པ་ལ། གསུམ་པ་ནི་ཊའི་སྡེ་ཚན་ནོ། །དེའི་དང་པོ་ནི་ཊ་ཡིག་སྟེ། དེ་ཡང་སྲོག་མེད་དོ། །མཐར་སྭཱ་ཧཱ་ཞེས་པ་ནི་ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པའོ། །དགྱེས་པའི་རྡོ་རྗེའི་སྙིང་པོ་ཞེས་པ་ནི་ཕྱག་བཅུ་དྲུག་པའི་ཞེས་པའི་དོན་ཏོ། །སྣང་མཛད་དང་པོ་ཛྭཱ་ལ་གཉིས། །སྦྱར་ནས་ཞེས་བྱ་བ་ལ། སྣང་མཛད་ནི་ཨོཾ་ཡིག་གོ །གང་གི་དང་པོར་རྣམ་པར་སྣང་མཛད་ཡང་ཡིན་པ་དེ་ནི་སྣང་མཛད་དང་པོའོ། །ལྔ་པའི་བཞི་པ་ནི་བྷ་ཡིག་ཅེས་པར་འབྲེལ་ཏོ། །ཛྭ་ལ་ཛྭ་ལའི་སྒྲས་ནི་སྔར་གྱི་བཞིན་དུ་སྦྱར་བའོ། །མཐར་གནས་རྣམས་ཀྱི་དང་པོར་སྦྱར། །ཞེས་པ་ནི་བྷ་ཡིག་སྟེ་མཐར་གནས་པ་སྟེ། ཡ་ཡིག་གིས་འོག་ཏུ་ལྡན་པའོ། །གྷ་སྨ་རཱི་ཡིས་རྣམ་པར་བརྒྱན། །ཞེས་པ་ནི་ཨོཾ་ཡིག་སྟེ་ངེས་བརྒྱན་པའོ། །ཨུ་ཥྨ་རྣམས་ཀྱི་བཞི་པ་ལ། །རྡོ་རྗེ་མཁའ་འགྲོ་མ་ཡིས་བརྒྱན། །སྟོང་པས་མནན་ཅིང་


DTG002_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་འགྱུར་ཉིད། །ཅེས་པ་ནི་ཧཱུཾ་ཡིག་ཐུང་དུ་གསུམ་མོ། །ལྔ་པ་ཡི་ནི་གཉིས་པ་དང༌། །གསུམ་པའི་དང་པོ་སྭཱ་ཧཱ་མཐར། །ཞེས་པ་ནི། ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། །ཞེས་པ་སྟེ། ཕྱག་བཞི་པའི་སྙིང་པོའི་སྔགས་སོ། །དང་པོར་རྣམ་སྣང་དང་པོ་ཡི། །ཞེས་པ་ནི་ཇི་ལྟར་ཨོཾ་ཡིག་དང་པོར་གྱུར་པ་དེ་བཞིན་དུའོ། །དང་པོའི་དང་པོ་ནི་ཀ་ཡིག་གོ །ནང་གི་དཀར་མོས་བརྒྱན་ཞེས་པ་ནི་ཨི་ཡིག་གིས་བརྒྱན་པའོ། །གསུམ་པ་ཉིད་ཀྱི་དང་པོ་ལ། །ནང་གི་དཀར་མོས་རྣམ་པར་བརྒྱན། །ཉིས་འགྱུར་བྱས་ཞེས་པ་ནི་ཊ་ཡིག་ལ་ཨི་ཡིག་གིས་བརྒྱན་པའོ། །དེས་ན་ཀི་ཊིའི་སྒྲས་ལན་གཉིས་སུ་བརྗོད་པའོ། །ལྔ་པའི་གསུམ་པ་ཞེས་པ་ནི་བ་ཡིག་གོ །གཉིས་པའི་གསུམ་པ་ཞེས་པ་ནི་ཛ་ཡིག་གོ །མེ་ཡིས་རྣམ་པར་བརྒྱན་ཞེས་པ་ནི་ཛ་ཡིག་ལ་རས་བརྒྱན་ཅིང་ཧཱུཾ་ཡིག་རིང་པོ་གསུམ་སྦྱར་བའོ། །ལྔ་པ་ཉིད་ཀྱི་གཉིས་པ་དང༌། །ཞེས་པ་ནི་ཕ་ཡིག་གོ །གསུམ་པའི་དང་པོའི་ཞེས་པ་ནི་ཊ་ཡིག་སྟེ་དེ་ཡང་སྲོག་མེད་དོ། །མཐར་ནི་སྭཱ་ཧཱ་ཞེས་པ་ནི་ཨོཾ་ཀི་ཊི་ཀི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་སྟེ། ཕྱག་དྲུག་པའི་སྙིང་པོའི་སྔགས་ཞེས་པར་འབྲེལ་ཏོ། །དང་པོའི་རྣམ་སྣང་བཞི་པ་ཡི། །དང་པོ་ཞེས་པ་ནི་སྡེ་ཚན་བཞི་པའི་དང་པོའི་ཡི་གེ་སྟེ་ཏ་ཡིག་གོ །བྱིན་ཟ་ཡང་དག་ལྡན་ཞེས་པ་ནི་འོག་ཏུ་ར་དང་ལྡན་པའོ། །རོ་ལངས་མ་ཡིས་རྣམ་པར་བརྒྱན། །ཞེས་པ་ནི་ཨི་ཡིག་གིས་བརྒྱན་པའོ། །མཐར་གནས་པ་ཡི་གསུམ་པ་ལ། །ཞེས་པ་ནི་ལ་ཡིག་གོ །གྷ་སྨ་རཱི་ཡིས་རྣམ་པར་བརྒྱན། །ཞེས་པ་ནི་ཨོ་ཡིག་གིས་བརྒྱན་པའོ། །དང་པོ་ཡི་ནི་དང་པོ་ལ། །ཞེས་པ་ནི་ཀ་ཡིག་གོ །མཐར་གནས་པ་ཡི་དང་པོ་དང༌། །ཞེས་པ་ནི་ཡ་ཡིག་གིས་སྦྱར་བའོ། །རྡོ་རྗེ་མ་ཡིས་རྣམ་པར་བརྒྱན། །ཞེས་པ་ནི་ཨ་ཡིག་གིས་བརྒྱན་པའོ། །ཀྵ་ནི་ཆོམ་རྐུན་མ་ཡིས་བརྒྱན། །ཞེས་པ་ནི་ཀྵ་ཡིག་ལ་ཨེ་ས་བརྒྱན་པའོ། །ལྔ་པ་ཉིད་ཀྱི་དང་པོ་ནི་པ་ཡིག་གོ །ཨུ་ཥྨ་རྣམས་ཀྱི་བཞི་པ་ལ། །རྡོ་རྗེ་མཁའ་འགྲོ་མ་ཡིས་བརྒྱན། །སྟོང་པས་མནན་ཅིང་སུམ་འགྱུར་ཏེ། །ཞེས་པ་ནི་ཐིག་ལེས་མཚན་པའི་ཧཱུཾ་ཡིག་ཐུང་དུ་གསུམ་བརྗོད་པའོ། །ཕཊ་དང་མཐར་ནི་སྭཱ་ཧཱ་ཞེས་པ་ནི་ཨོཾ་ཏྲཻ་


DTG002_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀྱཱ་ཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། །ཞེས་པ་སྟེ། སྔགས་འདི་ནི་ཕྱག་གཉིས་པའིའོ། །བདག་མེད་ཅེས་པ་ནི་དབྱངས་ཡིག་དང་པོའོ། །དང་པོའི་དང་པོ་ཞེས་པ་ལ་སོགས་པས་ནི་གྲོང་ཁྱེར་དཀྲུག་པའི་སྔགས་ཏེ། ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ་ཞེས་པའོ། །མཐར་གནས་པའི་གཉིས་པ་ནི་རའོ། །ཀྵ་ཡི་རྐང་པ་ཉིས་འགྱུར་ཉིད། །ཧཱུཾ་གི་རྣམ་པ་གསུམ་དང་ལྡན། །དང་པོར་རྣམ་སྣང་ཕཊ་ཡི་གེ། །སྤེལ་ཏེ་མཐར་ནི་སྭཱ་ཧཱ་ཞེས་པ་ནི་ཨོཾ་ར་ཀྵ་ར་ཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་སྟེ་ས་སྦྱོང་བའིའོ། །དང་པོར་རྣམ་སྣང་དེ་རྗེས་སུ། །རྡོ་རྗེ་མ་ཡི་མཐའ་རུ་ཧཱུཾ། ཞེས་པ་ལ་རྣམ་པར་སྣང་མཛད་ནི་ཨོཾ་ཡིག་དང་པོར་འགྱུར་པའོ། །དེ་རྗེས་རྡོ་རྗེ་མ་ནི་དབྱངས་ཡིག་གཉིས་པ་སྟེ། དེ་ལ་ཐིག་ལེ་གཉིས་སྦྱར་བའོ། །དེ་ནས་ཡང་ཧཱུཾ་ཡིག་སྟེ་ཨ་ཡིག་གི་ཕ་རོལ་དུ་ཐིག་ལེ་གཉིས་ནི་ཕྱིས་པའོ། །དེས་ན། རྡོ་རྗེ་མ་ཡི་མཐའ་རུ་ཧཱུཾ། །ཞེས་པའི་མཐའ་དྲག་པོའི་ཐིག་ལེ་དག་ནི་ཐིམ་ཞིང་སྦས་པའོ། །ཨོཾ་ཨཱཿ་ཧཱུཾ་ཞེས་པའོ། །དང་པོར་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པ་ནི་འབྱུང་པོ་ཀུན་གྱི་གཏོར་མའི་སྔགས་ཏེ་ཡང་གོ་སླའོ། །སྔགས་བཏུ་བའི་ལེའུ་ཞེས་བྱ་བ་ལ། བཏུ་བ་ནི་བཏུས་པ་སྟེ་གསལ་བར་བྱས་པའོ། །སྔགས་ནི་ཨཱ་ལི་དང་ཀཱ་ལིའི་ཚོགས་ཀྱི་ཕུང་པོ་བཏུས་པས་ན་སྔགས་བཏུ་བ་སྟེ། ཇི་ལྟར་ཞོའི་ནང་ནས་མར་བསྡུས་པ་བཞིན་ནོ། །དེའི་མངོན་པར་བརྗོད་པ་ཅན་ནི་ལེའུ་སྟེ་དེ་ཡང་དགུ་པའོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས་བརྟག་པ་གཉིས་པའི་ལེའུ་དགུ་པའོ།། །།

བཅུ་པ། བཟླས་པའི་ལེའུ།


DTG002_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཏུས་པའི་རྗེས་ལ་སྔགས་ཀྱི་ཕྲེང་བ་གང་གིས་དངོས་གྲུབ་ཏུ་འགྱུར་བས་ན་དེ་མངོན་པར་བརྗོད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ནི་སྔགས་བཏུ་བའི་རྗེས་ལའོ། །ཆོས་ཀུན་སྡོམ་ཅིག་ཅེས་པ་ལ། ཆོས་ཀུན་ནི་རེངས་པ་ལ་སོགས་པའི་ལས་ཀྱི་ཚུལ་ལོ། །གཅིག་པ་ནི་དེ་དག་གོ ། སྡོམ་པ་ནི་ཕུལ་དུ་གྱུར་པ་ཉིད་ཀྱིས་བསྲུང་བའོ་ཞེས་པ་དེ་བཞིན་དུའོ། །བཟླས་པའི་ཡུལ་ཞེས་པ་ནི་བཟླས་པའི་སྔགས་བགྲང་བའོ། །དེ་ཉིད་དངོས་གྲུབ་རྣམས་ཀྱི་ཡུལ་ཡིན་པས། བཟླས་པའི་ཡུལ་ནི་རབ་ཏུ་ཕྱེ། །ཞེས་པ་སྟེ། རབ་ཏུ་བསྟན་པའོ། །བཟླས་པ་


DTG002_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་བརྗོད་པའོ། །འདིར་བགྲང་འདིས་བཟླས་པ་ནི་ཕྲེང་བ་ལའོ། །དབང་ལ་ཙནྡན་དམར་པོ་ཞེས་པ་ནི་ཙནྡན་གྱི་ཤིང་དམར་པོའོ། །ལ་ལ་དག་ནི་རྡོ་བ་དམར་པོ་བདར་བའི་ལུ་དག་ལས་བྱ་ཞེས་པའོ། །ལ་ལ་དག་ནི་ལུང་ཏང་གི་འབྲས་བུའི་ཁྱད་པར་རོ། །རྒྱུད་གཞན་ལས་ནི་ལས་ཀྱི་བྱེ་བྲག་གིས་རྡོག་མའི་གྲངས་ངེས་པ་ཡོད་དེ། འདིར་ནི་ཁྱད་པར་གྱི་ཚིག་མེད་པ་ལས་རྡོག་མའི་གྲངས་བརྒྱ་རྩ་བརྒྱད་ཉིད་དུ་ངེས་ཤིང་གསལ་བར་བྱའོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ནི་གསད་པ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དམ་ཚིག་གི་རྗེས་ལ་ཡང་བསྟན་པར་བྱ་སྟེ། མཐའི་ཤྭ་ཞེས་པ་ནི་གསད་པ་ལ་རྟའིའོ། །དང་པོའི་ཤྭ་ཞེས་པ་ནི་དགུག་པ་ལ་ཁྱིའིའོ། །གྷ་དང་པོ་ཞེས་པ་ནི་རྣམ་པར་དབྱེ་བ་ལ་བ་ལང་གིའོ། །ཧ་དང་པོ་ཞེས་པ་ནི་གླང་པོའི་སྟེ་དེ་ཡང་བསྐྲད་པ་ལའོ། །བཟླས་པ་མངོན་པར་བརྗོད་པ་ཅན་ནི་བཟླས་པའི་ལེའུའོ། །དེ་དག་གི་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས། བརྟག་པ་གཉིས་པའི་ལེའུ་བཅུ་པའོ།། །།

བཅུ་གཅིག་པ། ལྷན་ཅིག་སྐྱེས་པའི་ལེའུ།


DTG002_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྤྱོད་པའི་ལེའུ་ལས་ཇི་སྐད་གསུངས་པ་རང་འདོད་ལྷའི་རིགས་ཀྱིས་བྱའོ་ཞེས་པས་དེ་རྟོགས་པར་བྱ་བའི་དོན་དུ་རྣལ་འབྱོར་མ་རྣམས་ཀྱི་ཐུན་མོང་གི་རིགས་དང་སྙོམས་པར་འཇུག་པ་ལས་ལྷན་ཅིག་སྐྱེས་པ་རྟོགས་པའི་དོན་དུ་ལྷན་ཅིག་སྐྱེས་པའི་ལེའུ་གསུངས་པ། དམ་འཁྱུད་ཅེས་བྱ་བ་ལ་སོགས་པ་སྟེ། འཁོར་ལོའི་འདྲེན་པས་འདི་སྐད་གསུངས། །ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པའི་རྗེས་ལ། འདི་སྐད་གསུངས་ཞེས་བྱ་བར་འབྲེལ་ཏོ། །ལུས་ཅན་རྣམས་ཀྱི་རང་ལུས་བཤད། །ཅེས་པ་ནི་བཅོམ་ལྡན་འདས་ཀྱི་གསུང་ངོ༌། །བཤད་པ་གསུངས་པ། སྲིན་ལག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རྩེ་དགུ་པར་གྱུར་པ། མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །ཅེས་པ་ནི་དེའི་ཞེས་པ་འདིར་བླང་བར་བྱའོ། །འདིར་བུད་མེད་དང་སྐྱེས་པ་དག་གི་ཐུན་མོང་ངོ་ཞེས་རྟོགས་པར་བྱ་བའི་དོན་དུ་གསུངས་ལ། བུད་མེད་ཅེས་བྱ་བ་ལ་སོགས་པ་སྟེ་ཐུན་མོང་གི་མཚན་ཉིད་ཅན་གྱིས་ནི་རིགས་ཐུན་མོང་བ་སྟེ། དེ་དང་ལྷན་ཅིག་ཏུ་སྤྱོད་པ་བྱ་བའོ། །ཡང་ན་སྲིན་ལག་གི་རྩ་བའི་རྡོ་རྗེས་ནི་མི་བསྐྱོད་པའི་རིགས་ཡིན་ལ། བུད་མེད་ལ་ཡང་སྲིན་ལག་གི་རྩ་བར་རྡོ་རྗེས་མཚན་པ་ནི་རིགས་ཅན་ཡིན་པས་དེ་དང་ལྷན་


DTG002_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཏུ་སྤྱོད་པ་སྤྱད་དོ། །རྣམ་པར་སྣང་མཛད་ཀྱི་རིགས་དང་རིགས་ཅན་ལ་ཡང་སྲིན་ལག་གི་རྩ་བར་འཁོར་ལོ་སྟེ། དེ་དང་ལྷན་ཅིག་ཏུ་སྤྱོད་པ་སྤྱད་དོ། །སྣང་བ་མཐའ་ཡས་ལ་སོགས་པའི་རིགས་ལ་ཡང་བལྟ་བར་བྱའོ། །བུད་མེད་དང་སྐྱེས་པ་དག་མི་བསྐྱོད་པའི་རིགས་ནི་ནག་པོ་ཉིད་ཀྱིས་ཐུན་མོང་གི་རིགས་ཅན་དག་ལྷན་ཅིག་ཏུ་སྤྱོད་པ་ཉིད་ནི་གཽ་རཱི་ཆེན་མོ་ལ་སོགས་པ་རྣམས་དང་ཡང་བལྟ་བར་བྱའོ། །ད་ནི་རང་གི་རིགས་དང་ལྷན་ཅིག་ཏུ་སྤྱོད་པའི་དོན་དུ་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །མྱོས་པའི་མཚན་ལྡན་པའི་ཡི་ལུས། །ཞེས་པ་ནི་མྱོས་པའི་རྟགས་ཏེ། སིད་ཅེས་པ་དང༌། གདུང་བའི་སྒྲ་ལ་སོགས་པ་ཅན་ཏེ། དེ་བྱེད་པ་ལ་མཁས་པ་ནི་སོ་དང་སེན་མོ་ལ་སོགས་པས་སོ། །ལས་ཞེས་པ་ནི་སྙོམས་པར་འཇུག་པའོ། །བོ་ལ་ལྡན་པ་ནི་ཐབས་སོ། །བཅིང་བའི་ཁྱད་པར་གསུངས་པ། ཁྱོགས་དང་ཞེས་པ་ལ་སོགས་པ་སྟེ། ན་ར་ལ་ན་རཱི་ཡིས་ཤིན་ཏུ་འཁྲིགས་ཤིང་མདུན་གྱི་རྐེད་པའི་ཕྱོགས་དང་རྒྱབ་ཏུ་ཡང་སྟེ། ཁྱོགས་ཞེས་བྱ་བ་སྟེ་ཁྱོགས་དང་འདྲ་བས་ན་ཁྱོགས་སོ། །དེ་སྐད་དུ་ཡང༌། བུད་མེད་ཀྱི་ནི་མདུན་དང་རྒྱབ། །རྐེད་པར་རིམ་བཞིན་ཁྱོགས་ལྟ་བུར། །ཆུ་སོའི་སྟེང་དུ་མཉམ་པར་གནས། །དེ་ནི་ཁྱོགས་སུ་རབ་ཏུ་གྲགས། །ཞེས་གསུངས་སོ། །བརླ་ཞེས་པ་ནི། ན་རའི་མགྲིན་པར་སྦྱར་ཞིང་གཡས་པའི་པུས་མོ་ལྷ་ང་བཏེག་པ་དང༌། རང་གི་ལག་པ་གཡོན་པར་གཞུག་པར་བྱ་ཞིང་ལག་པ་གཡས་པས་དེའི་རྒྱབ་ཏུ་གཟུར་བར་བྱའོ་ཞེས་པ་ནི་བརླའི་མིང་ཅན་གྱི་བྱེད་པའོ། དེ་སྐད་དུ་ཡང་། ན་རའི་པུས་མོ་ཡང་དག་བཏེག །ལག་པ་གཡས་དང་གཡོན་དག་གིས། །སྦྱར་ཏེ་སྟེང་དུ་བྱེད་པ་ན། །གཉི་ག་མངོན་པར་ཕྱོགས་ཏེ་གནས། །ཞེས་གསུངས་སོ། །དེ་ཡང༌། གཉི་ག་མངོན་པར་ཕྱོགས་ཏེ་གནས། །ཞེས་པ་ལ་གཉི་ག་ནི་སྐྱེས་པ་དང་བུད་མེད་དོ། །གང་གི་ཚེ་མངོན་པར་ཕྱོགས་པ་དག་གོ །དེ་ཉིད་ནི་སྟེང་དུ་སྦྱོར་བའི་བྱེད་པ་ཞེས་བྱའོ། །ཤིན་ཏུ་བརྐྱང་བ་ཞེས་པ་ནི་ན་རཱི་བརྐྱང་བའི་གཡས་དང་གཡོན་པའི་རྐང་པ་གཉིས་རང་གི་རྐང་པ་གཉིས་ཀྱིས་མནན་པ་སྟེ། ལག་པ་དག་ནི་ངང་པའི་གཤོག་པ་ལྟར་རབ་ཏུ་བརྐྱང་བར་བྱ་ཞེས་པ་སྟེ། རབ་ཏུ་


DTG002_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བ་ཉིད་ནི་རབ་ཏུ་བརྐྱང་བའོ། །དེ་སྐད་དུ་ཡང༌། ངང་པའི་གཤོག་པའི་རྣམ་པ་འདྲ། །བརྐྱང་བ་ཞེས་ནི་རབ་ཏུ་གྲགས། །གཉིས་ཀའི་རྐང་པ་རབ་ཏུ་བརྐྱང༌། །རབ་ཏུ་བརྐྱང་བ་ཞེས་སུ་བརྗོད། །ཅེས་གསུངས་སོ། །སྟེང་དང་འོག་ཏུ་བལྟ་བ་ཉིད། །ཅེས་པ་ནི་གདོང་བ་དང་པདྨ་བལྟ་ཞེས་པའི་དོན་ཏོ། །ལྷན་ཅིག་སྐྱེས་པའི་ལེའུ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེའི་དོན་དུ་ཀ་ར་ན་རབ་ཏུ་རྟོགས་པ་དང༌། ཤེས་རབ་ཀྱི་མཆོད་པ་གང་དུ་མངོན་པར་བརྗོད་པའི་ལེའུ་དེ་ལ་ཡང་དེ་སྐད་ཅེས་བྱའོ།། །།དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས། བརྟག་པ་གཉིས་པའི་ལེའུ་བཅུ་གཅིག་པའོ།། །།

བཅུ་གཉིས་པ། དབང་བསྐུར་བ་བཞི་བཤད་པ།


DTG002_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སུ་བཅད་པ་སྔོན་དུ་འགྲོ་བ་ཅན་གྱི་དབང་སྦྱིན་པ་དང༌། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བ་ཅན་གྱིས་ཤེས་རབ་ཀྱི་མཆོད་པའོ་ཞེས་པ་སྟེ། དེ་བརྗོད་པའི་དོན་དུ་ལེའུ་བཅུ་གཉིས་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་པ་ནི། མཆོད་པ་དང༌། བསྟན་པ་དང༌། ཐོས་པའི་རྗེས་ལའོ། །རྡོ་རྗེ་ཅན་ནི། །རྡོ་རྗེ་སྙིང་པོ་ལ་བཀའ་སྩལ་བའོ། །ཅི་བཀའ་སྩལ་ཞེ་ན་གསུངས་པ། དབང་བཞིའི་དོན་ཞེས་པ་སྟེ། གང་གི་ཚེ་ཡང་ཞུ་བའི་དག་གི་སྒྲས་ནི་ཡོད་པ་མ་ཡིན་པ་དེའི་ཚེ་སློབ་དཔོན་ལ་སོགས་པའི་དབང་རྣམ་པ་བཞིའི་ཚིགས་སུ་བཅད་པས་དབང་བཞིར་གྱུར་པ་སྟེ། དབང་བཞིའི་ཚིགས་སུ་བཅད་པ་དེ་དང་ལ་ཇི་ལྟ་བུ་ཞེས་པ་མགོ་བོ་གཡོ་ཞིང་འདྲི་བར་བལྟ་བར་བྱའོ། །དེ་ཡང་བསྟན་པར་བྱ་ཞེས་པའི་ཚིག་ལས་སོ། །བསྟན་པར་བྱ་ཞེས་པ་ནི་ཞུས་པའི་རྗེས་ལ་བཅོམ་ལྡན་འདས་ཀྱིས་དྲིས་པའི་ལན་གྱི་དབང་བཞིའི་ཚིགས་སུ་བཅད་པ་དག་གནས་པར་བསྟན་པར་བྱ་ཞེས་པར་འབྲེལ་ཏོ། །དེ་དག་ཉིད་གསུངས་པ། རྡོ་རྗེ་ཆེ་དང་ཞེས་བྱ་བ་ལ་སོགས་པ་སྟེ་ཆུ་དང༌། དབུ་རྒྱན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། བདག་པོ་དང༌། མིང་གི་དབང་བསྐུར་བའི་ཚིགས་སུ་བཅད་པ་རྣམས་ནི་རྒྱུད་གཞན་དག་ཏུ་གསུངས་སོ། །དབང་བསྐུར་བའི་དོན་དུ་གསོལ་བ་གདབ་པ་ནི་ཡོན་དབུལ་བའི་དོན་དུ་བལྟ་བར་བྱའོ། །རིགས་ལྔའི་ཤེས་རབ་བྱིན་གྱིས་བརླབ་པ་ལ་སོགས་པའི་སྔགས་བསྟན་པའི་དོན་དུ་གསུངས་པ། སྤྱི་བོར་ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་སྨིན་མའི་


DTG002_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཧཱུཾ་དང་ཨཱཿ་ཡིག་དཀར་པོ། སྙིང་གར་ནི་ཧཱུཾ་ཡིག་ཅེས་པ་ནི་སྙིང་གར་ཉི་མ་ལ་ཧཱུཾ་ཡིག་སྔོན་པོ་གནས་པའོ། །འདིས་ཉེ་བར་མཚོན་པ་ཙམ་ཉིད་ཀྱིས་ལྟེ་བ་ལ་སོགས་པ་རྣམས་སྭཱ་ཡིག་ལ་སོགས་པ་བལྟ་བར་བྱ་སྟེ། དེ་ལ་ལྟེ་བར་ནི་ཉི་མ་ལ་སྭཱ་ཡིག་སེར་པོ་གནས་པའོ། །གསང་བར་ནི་ཉི་མ་ལ་གནས་པའི་ཨ་ཡིག་དམར་པོའོ། །བརླ་གཉིས་སུ་ཉི་མ་ལ་གནས་པའི་ཧཱ་ཡིག་ལྗང་གུ་དག་གོ །ཟེའུ་འབྲུ་ལ་ཨཱཿ་ཡིག་གི་རྣམ་པ་ཞེས་པ་ནི་ཧཱུཾ་ཡིག་གིས་པདྨ་དང༌། ཨཱཿ་ཡིག་གིས་དེའི་ཟེའུ་འབྲུའོ། །ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དང༌། ཨོཾ་ཡིག་ལས་སྐྱེས་པའི་ནོར་བུ་དེའི་ཟེའུ་འབྲུའི་བུག་སྒོར་ཕཊ་ཡིག་སེར་པོ་ཞེས་པས་ཡིག་གེ་གསུམ་པ་བསྟན་ཏོ། །ཟེའུ་འབྲུ་ལ་ཨཱཿ་ཡིག་གི་རྣམ་པ་ཞེས་པས་རྒྱུད་ཀྱི་མཐར་བསྡུས་པའོ། །ལེའུ་བཅུ་གཉིས་པ་བརྟག་པ་གཉིས་ཀྱི་བདག་ཉིད་ནི་དགྱེས་པའི་རྡོ་རྗེའི་རྒྱུད་བརྟག་པ་གཉིས་ཀྱི་བདག་ཉིད་ཅེས་བྱའོ། །དེ་དག་ནི་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ལས། བརྟག་པ་གཉིས་པ་རྫོགས་སོ།། །།འདིར་ལྟར་སྙིང་གའི་སྣོད་དུ་ཡང་དག་སྦས་པ་ནི། །བླ་མའི་བཀའ་ཡིས་རྒྱུད་ཀྱི་དོན་རྟོགས་པ། །བདག་གི་ཁོང་དུ་དྲན་པ་གནས་པས་བྲིས། །གང་ཕྱིར་གསུང་རབ་རྟོགས་པ་མཁས་པ་དག་གི་ནོར། །གལ་ཏེ་བླ་མས་བསྟན་པ་འདི་ནི་སྐྱོན་མེད་པའོ། །གཉུག་མའི་དགོངས་པ་ལས་སྐྱེས་ལེགས་པར་བྱས། །གང་ཚེ་རྒྱུན་མའི་འཆད་པར་དུས་རིང་མ་བསྟེན་ནས། །དེ་ཉིད་ཉམས་མྱོང་དེ་ཚེ་ཇི་ལྟར་གསལ། །ལས་དང་ཉོན་མོངས་རྣམ་པར་དག་པའི་ཐབས། །མཚུངས་མེད་དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་པ་ནི། །བདག་གིས་བྱས་པའི་བསོད་ནམས་གང་ཐོབ་པ། །དེས་ནི་འགྲོ་ཀུན་དགྱེས་པའི་རྡོ་རྗེ་ལྡན་པར་ཤོག །དགྱེས་པའི་རྡོ་རྗེའི་རྣམ་པར་འགྲེལ་བ་བྷ་བ་བྷ་དྲ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པུ་ཎྱ་ཀཱི་རྟི་དང༌། །ཞུ་ཆེན་ལོ་ཙཱ་བསོད་ནམས་རྒྱལ་མཚན་གྱིས། །སྒྲ་དོན་གཉིས་དང་མི་འགལ་ཙམ་དུ་བསྒྱུར། །རྙེད་དང་གྲགས་པའི་དོན་དུ་འདི་མ་ཡིན། །མ་འོངས་དུས་སུ་གཞན་ལ་ཕན་ཕྱིར་དང༌། །རང་གི་སློབ་མ་རྣམས་ཀྱིས་གསོལ་བཏབ་པས། །གུས་ཤིང་སྤྲོ་བའི་སྒོ་ནས་འདི་བསྒྱུར་བའི། །དགེ་བ་གང་ཐོབ་ཀུན་གྱི་དོན་ཕྱིར་བསྔོ།། །།


previousདཔལ་དགྱེས་པའི་རྡོ་རྗེའི་རྣམ་བཤད་རྣམ་པར་འགྲེལ་པ། བྷ་བ་བྷ་དྲ།no next