Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ལྔ་པ།


  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
དྲུག་པ། བྲིས་སྐུའི་ཆོ་གའི་ལེའུ།
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   


 
previousདྲུག་པ། བྲིས་སྐུའི་ཆོ་གའི་ལེའུ།next

དྲུག་པ། བྲིས་སྐུའི་ཆོ་གའི་ལེའུ།


DTG005_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པའི་རྡོ་རྗེ་མངོན་པར་འབྱུང་བའི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་གྱི་ཡེ་ཤེས་ལྔ་ཕྱག་རྒྱ་ལྔའི་རང་བཞིན་ཉིད་དུ་བསྟན་པའི་ཕྱིར་གསུངས་པ། །ལྷ་མོ་ལ་ནི་དམ་འཁྱུད་ཅིང༌། །བོ་ལ་ཐོད་པར་བཅུག་ནས་ནི། །དམ་དུ་ནུ་མ་བཟུང་མཛད་ནས། །སྐྱེས་པའི་སྣ་ནི་གཞིབས་ནས་ཀྱང༌། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །མཆན་ཁུང་སེན་མོས་རྨ་མཛད་དེ། །མཉམ་སྦྱར་བདེ་བ་མྱང་མཛད་ནས། །ཕྱག་རྒྱ་ལྔ་ནི་རབ་ཕྱེ་བ། །དོན་ནི་གསལ་བ་ཉིད་དོ། །ཡང་ན། ལྷ་མོ་ལ་ནི་དམ་འཁྱུད་ཅིང༌། །ཞེས་པ་ནི། དགའ་བའི་ཡེ་ཤེས་སོ། །བོ་ལ་ཐོད་པར་བུག་ནས་ནི་མཆོག་དགའི་ཡེ་ཤེས་སོ། །དམ་དུ་ནུ་མ་བཟུང་མཛད་ནས། །ཞེས་པ་ནི། རྣམ་པར་དགའ་བའི་ཡེ་ཤེས་སོ། །སྐྱེས་པའི་སྣ་ནི་གཞིབས་ནས་ཀྱང་། །ཞེས་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ལྟ་བུར་ཡོད་པའི་མཉམ་སྦྱར་བདེ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །མྱང་མཛད་ནས། མཆན་ཁུང་སེན་མོས་རྨ་མཛད་དེ། །ཕྱག་རྒྱ་ལྔ་ནི་རབ་ཕྱེ་བ། །ཞེས་པ་ནི། མཆན་ཁུང་སེན་མོས་བཏབ་པ་སྟེ་སྔར་རྗེས་སུ་ཆགས་པ་དང༌། དེའི་རྗེས་སུ་དམ་དུ་འཁྱུད་པ་ལ་སོགས་པའོ། །ཕྱག་རྒྱ་ལྔ་ཉིད་གསུངས་པ། །བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །སྤྱི་བོར་འཁོར་ལོ་རྣམ་པར་འཆང་བ་ཉིད། རྒྱུན་མི་འཆད་པར་བླ་མ་ལ་སོགས་པ་ལ་འདུད་པ་ཡིན་ཏེ། འཁོར་ལོའི་ཕྱག་རྒྱ་རྣམ་པར་དག་པ་མི་བསྐྱོད་པ་ཡིན་པར་དགོངས་སོ། །བླ་མ་རྡོ་རྗེ་འཛིན་པ་ལ་སྨོད་ཚིག་མི་ཉན་པའི་ཕྱིར། རྣ་བ་དག་ཏུ་རྣ་ཆ་འཛིན། །རྣ་ཆའི་ཕྱག་རྒྱ་ནི་འོད་དཔག་མེད་ཀྱི་རྣམ་པར་དག་པ་སྟེ། དེ་ཡང་འདུ་ཤེས་ཀྱི་ཕུང་པོ་ཡིན་པས་མངོན་པར་བརྗོད་པ་རྣམ་པར་དག་པ། སྨོད་ཚིག་མི་ཉན་པ་ཡིན་པས་རྣ་ཆའི་ཕྱག་རྒྱ་འཛིན་པའོ། །སྔགས་ཀྱི་བཟླས་པ་མགུལ་རྒྱན་ཉིད། །ཅེས་པ་ནི། མགྲིན་པ་ཉིད་སྒྲ་ཡིན་ལ་སྒྲའི་ལུས་ནི་སྔགས་ཡིན་པས་སྔགས་ཀྱི་བཟླས་པ་རྣམ་པར་དག་པ་མགྲིན་པའི་ཕྱག་རྒྱའོ། །དེ་རྣམ་པར་དག་པ་ནི་ཚོར་བའི་ཕུང་པོའི་བདག་ཉིད་རིན་


DTG005_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གཙོ་བོ་ཡིན་ནོ། །གདུ་བུ་སྲོག་ཆགས་གསོད་པ་སྤངས། །ཞེས་པ་ནི། ལག་པས་སྲོག་ཆགས་གསོད་པར་བྱེད་པ་ཡང་ལག་གདུབ་ཀྱི་ཕྱག་རྒྱ་བཏབ་པས་སྲོག་གཅོད་པ་སྤངས་པའི་རྣམ་པར་དག་པས་གདུ་བུའི་ཕྱག་རྒྱ་གཟུགས་ཀྱི་ཕུང་པོའི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་རྣམ་པར་དག་པ་ཡིན་ནོ། །ཕྱག་རྒྱ་བསྟེན་པ་སྐ་རགས་ཉིད། །ཅེས་པ་ནི། སྐེད་པའི་ཕྱག་རྒྱ་ཕྱི་རོལ་གྱི་ཕྱག་རྒྱ་བསྟེན་པ་སྤངས་པ་རྣམ་པར་དག་པ་འདི་ཡང་ནང་གི་ཕྱག་རྒྱ་བསྟེན་པ་ཉིད་རྒྱུན་མི་འཆད་པར་ཕྱག་རྒྱ་བསྟེན་པའི་རྣམ་པར་དག་པ་སྐ་རགས་ཏེ། །འདུ་བྱེད་ཀྱི་ཕུང་པོའི་བདག་ཉིད་དོན་ཡོད་གྲུབ་པ་རྣམ་པར་དག་པར་བསྟན་པའོ། །བསྡུ་བ་གསུངས་པ། སངས་རྒྱས་ལྔ་ཡི་ཕྱག་རྒྱ་ཡིས། །ལུས་ནི་རྟག་ཏུ་རྒྱས་གདབ་པོ། །ལུས་ཞེས་པ་ནི་དགྱེས་པའི་རྡོ་རྗེའི་རང་བཞིན་ནོ། །རྒྱས་གདབ་ཅེས་པ་ནི་མཚན་པའོ། །རྟག་ཏུ་ཞེས་པ་ནི་རྟག་ཏུ་རྒྱུན་མ་ཆད་པ་ཉིད་ཀྱིས་སོ། །གང་གིས་ཤེ་ན་ཕྱག་རྒྱས་ཏེ་མཚན་མས་སོ། །གང་གིས་ཤེ་ན་སངས་རྒྱས་ལྔས་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་གྱི་ཡིན་ནོ། །འདིས་ནི་ཧེ་རུ་ཀ་མངོན་པར་འབྱུང་བར་ཆོས་ཀྱི་གླེང་གཞི་བརྒྱད་བྱེད་པའི་ཆོས་ཉིད་ཆོས་ཡན་ལག་དགུ་བསྟན་པ་ཡིན་ནོ། །སྐུ་གསུམ་དང་ཡེ་ཤེས་ལྔའི་རང་བཞིན་གྱིས་ན་བརྟེན་པའི་དཀྱིལ་འཁོར་དང་བྲིས་པའི་དཀྱིལ་འཁོར་གྱི་ཕྱིར་བདག་མེད་མས་ཞུས་པའི་སྒོ་ནས་ཞུས་པའི་ལན་གདབ་པ། དེ་ནས་རབ་ཏུ་བཞད་མཛད་ནས། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །ཀྱེའི་རྡོ་རྗེ་ལྷན་སྐྱེས་རང་བཞིན་ཅན། དེ་ལ་ལྷ་མོ་དེས་ཞུས་པ། །རབ་ཏུ་བཞད་ཅེས་པ་ནི་ཧ་ཧ་ཧ་ཧ་ཧ་ཧ་ཞེས་པ་རྣལ་འབྱོར་མ་རྣམས་ཀྱི་གད་རྒྱངས་ཆེན་པོའི་སྔགས་ཏེ། དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་སྐུར་བྱས་པའོ། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །ཞེས་པ་ནི། བཅོམ་ལྡན་འདས་སྔར་རྗེས་སུ་ཆགས་པར་མཛད་ནས་ཕྱིས་རབ་ཏུ་བཞད་པ་ཡིན་པར་དགོངས་སོ། །ལྷ་མོ་དེས་ཞེས་པ་ནི་སྤྲོ་བའི་རང་བཞིན་ནོ། །ཀྱེ་རྡོ་རྗེ་ཞེས་པ་ནི་གཉི་ག་དབྱེར་མེད་པའི་སྐུའོ། །དེ་ཉིད་ཀྱི་ཕྱིར་ལྷན་སྐྱེས་རང་བཞིན་ཅན་ནི་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཅི་ཡིན་པ་གསུངས་པ། གཙོ་བོ་ཆོ་ག་གང་གིས་དང༌། །དེ་བཞིན་བྱ་བ་གང་གིས་ནི། །


DTG005_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྡོ་རྗེ་ཡི་བྲིས་སྐུ་ཡི། །བྱེད་པ་བདེ་བ་ཆེན་པོས་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འདིར་ནི་འདྲི་མཁན་དམ་ཚིག་ཅན། །སྒྲུབ་པོའང་དམ་ཚིག་ཅན་གྱིས་ནི། །བྲིས་སྐུ་འཇིགས་པ་བྲི་བ་ཉིད། །སྐྱེས་པའི་ཐོད་གནས་ཚོན་སྣ་ལྔ། །རོ་ཡི་སྐྲ་ཡི་པིར་ཉིད་ཀྱིས། །བྲིས་སྐུ་བླ་མ་བྲི་བ་ཉིད། །སྐྱེས་པའི་ཐོད་པར་ནི་ཐོད་པར་གནས་པའོ། །ཚོན་སྣ་ལྔ་ནི་བདུད་རྩི་ལྔ་དང་བསྲེས་པའི་ཚོན་སྣ་ལྔས་སོ། །རོའི་སྐྲ་ཞེས་པ་ནི་སྤངས་པའི་སྐྲའི་པིར་གྱིས་སོ། །དགྱེས་པའི་རྡོ་རྗེའི་བྲི་སྐུ་བྲི་བ་ནི་བདག་མེད་མའི་ཐང་ཀ་དང་ཕྱ་གཉིས་པ་ལ་སོགས་པའི་ཧེ་རུ་ཀའི་རས་རིས་དགྱེས་པའི་རྡོ་རྗེ་ཉིད་དང་ཁ་སྦྱོར་བའི་ཕྱིར་རོ། །ཧེ་རུ་ཀ་ཕྱག་གཉིས་པའི་ཡང་དཀྱིལ་འཁོར་པའི་མཁའ་འགྲོ་མ་ནི་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་པ་བཞིན་ནོ། །ཡང་ན་བྲིས་སྐུ་བླ་མ་ཞེས་པ་ནི་ཀུན་རྫོབ་ཀྱི་བདག་ཉིད་ཀྱི་དགྱེས་པའི་རྡོ་རྗེའོ། །བྲིས་སྐུ་འཇིགས་པ་ཞེས་པ་ནི་དོན་དམ་པའི་བདེན་པའི་བདག་ཉིད་ཀྱི་དགྱེས་པའི་རྡོ་རྗེའོ། །བདེན་པ་གཉིས་དབྱེར་མེད་པ་ཉིད་བདེན་པ་གཉིས་ཡིན་པར་བསྟན་ཏོ། །དེ་བྲི་བ་ཉིད་ནི་བྱ་བའོ། །གང་གིས་ཤེ་ན། ཚོན་སྣ་ལྔས་ཏེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་སོ། །ཅིར་གྱུར་པ་ཞེ་ན་སྐྱེས་པའི་ཐོད་གནས་ཏེ་ཡི་གེ་ན་དང་དབྱེར་མེད་པར་སྦྱར་བའོ། །དེ་ལྟ་བུར་གྱུར་པའི་ཡེ་ཤེས་དེར་གནས་པས་དེའི་བདག་ཉིད་ཀྱིས་དེ་ལ་ཐིམ་པའོ། །རོའི་སྐྲ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིའོ། །པིར་ཉིད་ཀྱིས་ཞེས་པ་ནི་ཐམས་ཅད་ཉིད་གཅིག་པའི་རང་བཞིན་ཡིན་པའི་དོན་ཏོ། །གང་གང་སྐུད་པ་འཁལ་བ་དང༌། །གང་གང་རས་ཡུག་འཐག་པ་ཡང༌། །དེ་ཡང་དམ་ཚིག་ཅན་ངེས་པས། །དམ་ཚིག་བྱིན་བརླབས་རྣལ་འབྱོར་པས། །དེ་ཡང་དམ་ཚིག་ཅན་ཞེས་པ་ནི་དམ་ཚིག་ནི་ལྷ་འབྱུང་བའོ། །དེ་དང་ལྡན་པས་ཏེ་བདག་མེད་མ་དེས་སོ། །འདི་ཇི་ལྟར་ཞེ་ན། དམ་ཚིག་བྱིན་བརླབས་རྣལ་འབྱོར་པས། །ཞེས་པ་ནི། ལྷ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཉིད་དོ། །རྣལ་འབྱོར་པས་ནི་དེའི་ཕྱིར་ཁ་སྦྱོར་བ་ཡིན་པའི་དོན་ཏོ། །ཟླ་བ་ཟླ་བ་མར་ངོ་ཡི། །བཅུ་བཞི་པ་ལ་ཁྱིམ་དབེན་པར། །ཉིན་ཕྱེད་མ་རུངས་སེམས་ཀྱིས་ནི། །ཆང་


DTG005_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གི་བཏུང་བ་ཅུང་ཟད་ལས། །ལུས་ལ་ནི་རཾ་ཤུ་བསམས་ནས། །དེ་བཞིན་གཅེར་བུར་གྱུར་པ་ཡང༌། །འབགས་པ་དང་ནི་མ་དག་པས། །དེ་ནས་དམ་ཚིག་རབ་ཏུ་བཟའ། །ཟླ་བ་ཟླ་བ་ཞེས་བྱ་བ་ལ་སོགས་པ་དེ་ནས་དམ་ཚིག་རབ་ཏུ་བཟའ་ཞེས་པའི་མཐར་གསུམ་པོ་རྣམས་ཀྱི་ཡང་བྱ་བ་འདི་ཡིན་ཏེ། རི་མོ་མཁན་དང་སྒྲུབ་པ་པོ་དང་སྐུད་པ་འཁལ་ནས་རས་འཐག་པ་དོན་གསལ་བ་ཉིད་དོ། །ཡང་ན་ཟླ་བ་ཟླ་བ་ཞེས་པ་ནི་བགྲང་བ་ལས་འདས་པའོ། །འདི་ཉིད་ཇི་ལྟར་ཡིན་ཞེ་ན། མར་ངོ་ཞེས་པ་ནི་བདག་མེད་མ་བདེན་པའོ། །བཅུ་བཞི་ཞེས་པ་ནི་མཁའ་འགྲོ་མ་བཅུ་བཞི་དང་ལྡན་པ་ལས་སོ། །ཁྱིམ་དབེན་པར་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཆོས་འབྱུང་གི་གཞལ་ཡས་ཁང་ངོ༌། །ཅིས་ཁྱད་འཕགས་ཤེ་ན། ཉིན་ཕྱེད་ནི་གཉིས་སུ་མེད་པའི་ཚུལ་གྱིས་དགྱེས་པའི་རྡོ་རྗེའི་བདག་ཉིད་དོ། །འདི་ཇི་ལྟར་ཡིན་པ་གསུངས་པ། ཅུང་ཟད་སེམས་པ་ཡིན་པས་སེམས་སོ། །དེ་ཅིས་ཁྱད་འཕགས་ཤེ་ན། ཅུང་ཟད་སྟེ་ཅུང་ཟད་ཅེས་པ་ནི་སྤྱོད་ཡུལ་གྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཇི་ལྟར་ཡིན་ཞེ་ན་ཆང་གི་བཏུང་བ་ལས་ཏེ། སེམས་ཀྱི་མངོན་པར་ཞེན་པ་ལོག་པའོ། །ཨཾ་ཤུ་ནི་མཁའ་སྤྱོད་ཚུན་ཆད་ཀྱི་བྱང་ཆུབ་པོ། །ནི་རཾ་ཤུ་ནི་ཟླ་བའོ། །ཅན་ནི་བདེ་བའོ། །བསམས་ནས་ནི་བལྟས་ཏེ། འདི་ཚུན་ཆད་སེམས་ཀྱི་སྤྱོད་ཡུལ་ཉིད་ཡིན་ནོ། །དེ་བཞིན་གཅེར་བུར་གྱུར་པ་ཡང༌། །ཞེས་པ་ནི་སྒྲིབ་པ་མེད་པའི་རང་བཞིན་ཉིད་དུ་གྱུར་པ་བདེན་པའོ། །དེ་བཞིན་ཡང་ཞེས་པ་ནི་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་བསྟན་པ་ཡིན་ནོ། །འབགས་པ་དང་ནི་མ་དག་པ། །ཞེས་པ་ནི། གཙང་བ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བའི་རྒྱུས་སོ། །དམ་ཚིག་ནི་ལྷ་ཐམས་ཅད་འབྱུང་བའི་རང་བཞིན་ནོ། །རབ་ཏུ་བཟའ་ནི་རང་བཞིན་མེད་པ་ཉིད་ཀྱི་རང་བཞིན་སྐྱེད་པ་ཡིན་པའི་དོན་ཏོ། །བཞིན་བཟངས་སྙིང་དང་ལྡན་པ་དང༌། །གཟུགས་དང་ལང་ཚོ་སྐལ་བཟང་མ། །མེ་ཏོག་བཅས་ཤིང་སྒྲུབ་པོར་དགའ། །གཉུག་མའི་ཕྱག་རྒྱ་གཡོན་དུ་གཞག །རི་མོ་མཁན་གྱི་བྲི་བའི་དམ་ཚིག་ཇི་ལྟར་བྱས་པ་དེ་བཞིན་དུ་དོན་འདི་ཡང་བསྟན་ཏོ། །ཡང་ན་གཉུག་མའི་


DTG005_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །གཞག་པ་ནི་གཡོ་བ་མེད་པ་ངེས་པའོ། །གང་ཞིག་ཅེ་ན། གཡོན་པས་ཏེ་ཟླ་བས་སོ། །ཅིར་གྱུར་པ་ཞེ་ན་བཞིན་བཟངས་ཏེ། གཉི་གའི་ནཱ་དང་ཕྲེང་གཉིས་དབྱེར་མེད་པ་ཨཾ་དཀྱིལ་འཁོར་གཉི་ག་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །སྙིང་རྗེ་ལྡན་པ་དང་ཞེས་པ་ནི་འགྲོ་བའི་དོན་བྱེད་པར་ནུས་པ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་འོད་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་ངོ་བོའོ། །གཟུགས་དང་ལང་ཚོ་སྐལ་བཟང་མ། །ཞེས་པ་ནི། སྐུ་གསུམ་གྱི་རང་བཞིན་ཨཾ་སྔར་བསྟན་པའི་དོན་གྱི་དོན་ཏོ། །མེ་ཏོག་བཟང་པོ་ཞེས་པ་ནི་བཟང་པོ་ཁུ་བའོ། །མེ་ཏོག་ནི་ཁྲག་གོ །ཟླ་བ་དང་ཉི་མ་དབྱེར་མེད་པའི་ཨཾ་དེ་བཞིན་ཉིད་ཀྱི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་སྒྲུབ་པོར་དགའ་ནི་རྡོ་རྗེ་འཛིན་པ་དབྱེར་མེད་པ་ཉིད་ཀྱི་ཁ་སྦྱོར་གྱི་རང་བཞིན་ཉིད་ཡིན་པའི་དོན་ཏོ། །དགྱེས་པའི་རྡོ་རྗེ་རྣལ་འབྱོར་མའི་དྲ་བ་ལས་རས་རིས་ཀྱི་ཆོ་གའི་རིམ་པར་ཕྱེ་བ་སྟེ་དྲུག་པའོ། །རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་དགྱེས་པའི་རྡོ་རྗེའི་རས་རིས་ཀྱི་ཆོ་གའི་རིམ་པར་ཕྱེ་བ་ལེའུ་དྲུག་པའོ།། །།


previousདྲུག་པ། བྲིས་སྐུའི་ཆོ་གའི་ལེའུ།next