Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  collapse section
རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་ཆེན་དཔལ་ཀུན་ཏུ་ཁ་སྦྱོར་ལས་བྱུང་བའི་རྒྱ་ཆེར་བཤད་པ་རིན་པོ་ཆེའི་ཕྲེང་བ།  དཔའ་བོ་རྡོ་རྗེས་མཛད།
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   


 
no previousརྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་ཆེན་དཔལ་ཀུན་ཏུ་ཁ་སྦྱོར་ལས་བྱུང་བའི་རྒྱ་ཆེར་བཤད་པ་རིན་པོ་ཆེའི་ཕྲེང་བ། དཔའ་བོ་རྡོ་རྗེས་མཛད།next

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་ཆེན་དཔལ་ཀུན་ཏུ་ཁ་སྦྱོར་ལས་བྱུང་བའི་རྒྱ་ཆེར་བཤད་པ་རིན་པོ་ཆེའི་ཕྲེང་བ།
དཔའ་བོ་རྡོ་རྗེས་མཛད།

རྫོགས་པའི་རིམ་པ་བསྟན་པ།

བརྟག་པ་དང་པོའི་རབ་ཏུ་བྱེད་པ་དང་པོ། དེ་ཁོ་ན་ཉིད་བསྒོམ་པ་བསྟན་པ།


DTG008_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཏནྟྲ་སྱ་ནི་དཱ་ན་མ་ཧཱ་གུ་ཧྱ་ཤྲི་སམྤུ་ཊ་ཏནྟྲ་རཱ་ཛ་ནཱ་མ་ཊཱི་ཀཱ་རཏྣ་མཱ་ལ་ནཱ་མ། བོད་སྐད་དུ། རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་ཆེན་དཔལ་ཀུན་དུ་ཁ་སྦྱོར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་བཤད་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་བདག་ཉིད་ཅན། །གཉིས་མེད་རྫོགས་ལོངས་སྤྱོད་པ་དང༌། །དྲག་པོ་འཇིགས་བྱེད་འདུལ་མཛད་པ། །སྤྱི་བོས་བཏུད་ལ་ཁ་སྦྱོར་བཤད། །བརྗོད་བྱ་རྒྱུ་ཡི་དོན་ཡིན་ལ། །རྟོགས་པ་དགོས་པ་ཡིན་པར་བཤད། །སྣོད་བཅུད་ཐམས་ཅད་བདེ་ཆེན་དུ་རྟོགས་པ་མཐར་ཐུག་སྟེ། འབྲེལ་པ་ཤུགས་ལས་རྟོགས་པར་འདོད། །དེ་ལ་བསྡུས་པའི་དོན་ནི། གླེང་གཞི་དང༌། རྒྱུ་དང༌། རྗེས་སུ་ཡི་རང་བས་བསྟོད་པ་གསུམ་ཡིན་ལ། འདི་སྐད་ཅེས་བྱ་བ་ནས་གསུངས་སོ་ཞེས་བྱ་བའི་བར་གྱིས་ནི་གླེང་གཞི་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་འཛུམ་པ་མཛད་དོ་ཞེས་བྱ་བའི་བར་གྱིས་སྟོན་པས་གླེང་བསླང་བ་དང༌། འཛུམ་པ་མཛད་མ་ཐག་ཏུ་ཞེས་བྱ་བ་ནས་ཉན་པར་འཚལ་ལོ་ཞེས་བྱ་བའི་བར་གྱིས་འཁོར་གྱིས་གླེང་བསླང་བ་བསྟན་ཏོ། །བཀའ་


DTG008_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ཏོ་ཞེས་བྱ་བ་ནས་ཡོན་ཏན་གྱི་འབྱུང་གནས་ལེགས་སོ་ལེགས་སོ་ཞེས་བྱ་བའི་བར་གྱིས་སྐབས་དབྱེ་བ་བསྟན་ཏོ། །རྒྱུད་ཀྱི་མཚན་བཤད་པ་དང་བཞི་ཡིན་ལ། རྡོ་རྗེ་སྙིང་པོ་ལ་སོགས་པ་ནས། དབང་བསྐུར་ཉིད་ཀྱིས་མཚོན་བྱེད་དོ། །ཞེས་བྱ་བའི་བར་གྱིས་མཚན་བསྟན་ཏོ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཅེས་བྱ་བ་ནས་ལེའུ་དང་པོའི་རབ་ཏུ་བྱེད་པ་བཞི་དང་ལེའུ་ལྔའི་རབ་ཏུ་བྱེད་པ་ལྔ་ལས་བརྩེ་བའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་བྱ་བའི་བར་གྱིས་ཟབ་པའི་རྫོགས་རིམ་བསྒོམ་པ་བསྟན་ཏོ། །དེ་ལ་ཐབས་དང་ཤེས་རབ་ཀྱི་རྒྱུད་ནས། ཇི་ལྟར་འདོད་བཞིན་འགྲུབ་པར་འགྱུར། །ཞེས་བྱ་བའི་བར་གྱིས་ལས་གསུམ་གྱི་ཐུན་མོང་གི་ཤེས་བྱ་བསྟན་ཏོ། །སྔོན་དུ་མཚན་ཉིད་བསྟན་པ་བཞིན། །ཞེས་བྱ་བ་ནས། མྱ་ངན་ལས་འདས་དཔའ་བོ་ཡིན། །ཞེས་བྱ་བའི་བར་གྱིས་གྲོལ་བའི་ལམ་བསྟན་པ་དང༌། མ་དང་སྲིང་མོ་ཉིད་དང་ནི། །ཞེས་བྱ་བ་ནས། ནོར་བུ་འཛིན་སོགས་ལམ་གྱི་རིགས། །ཞེས་བྱ་བའི་བར་གྱིས་ཆགས་པའི་ལམ་བསྟན་ཏོ། །སྒོམ་པ་པོ་མེད་ཅེས་བྱ་བ་ནས་བསམ་གཏན་བདེ་བརྗོད་ཅེས་བྱ་བའི་བར་གྱིས་རང་ལྷག་པའི་ལམ་བསྟན་ཏོ། །རབ་ཏུ་བྱེད་པ་གཉིས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་སེམས་རྩ་བའི་འཁོར་ལོ་སྣང་བ་དང་བཅས་པ་བསྟན་ཏོ། །རབ་ཏུ་བྱེད་པ་གསུམ་པས་བདེ་


DTG008_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་མཉམ་སྦྱོར་གྱི་གླེང་གཞི་བསྟན་ཏོ། །རབ་ཏུ་བྱེད་པ་བཞི་པས་གསང་བ་འདུས་པ་ལ་སོགས་པའི་གླེང་གཞི་རྒྱས་པར་བསྟན་པ་དང༌། ལེའུ་གཉིས་པའི་རབ་ཏུ་བྱེད་པ་དང་པོ་ལས་ཆུ་དང་གསང་བ་དང་ཤེས་རབ་ཡེ་ཤེས་གསུམ་གྱི་དབང་བསྐུར་བ་བསྟན་པ་དང༌། རབ་ཏུ་བྱེད་པ་གཉིས་པས་བཞི་པ་བསམ་གྱིས་མི་ཁྱབ་པའི་ཟབ་པའི་རྫོགས་རིམ་བསྟན་ཏོ། །ལེའུ་གཉིས་པའི་རབ་ཏུ་བྱེད་པ་གསུམ་པ་ནས་ལེའུ་བཞི་པའི་རབ་ཏུ་བྱེད་པ་བཞི་དང་དྲུག་གིས་བསྐྱེད་པའི་རིམ་པ་བསྟན་ཏོ། །དེ་ལ་དང་པོས་ནི་ཧེ་རུ་ཀ་དུ་མ་བསྒོམ་པ་བསྟན་ཏོ། །གཉིས་པས་ནི་སྒྲོལ་མ་འབྱུང་བའི་རྒྱུད་ཀྱི་ལྷ་མོ་དུ་མ་བསྒོམ་པ་བསྟན་ཏོ། །གསུམ་པས་ནི་ཕྱག་རྒྱ་དྲུག་གི་བསྒོམ་པ་བསྟན་ཏོ། །བཞི་པས་ནི་རྡོ་རྗེ་གདན་བཞིའི་ཡེ་ཤེས་མཁའ་འགྲོ་བསྒོམ་པ་བསྟན་ཏོ། །ལྔ་པས་ནི་བདག་མེད་མ་བསྒོམ་པ་བསྟན་ཏོ། །དྲུག་པས་ནི་དེ་ཉིད་བསྡུས་པའི་རྒྱུད་དང་མཐུན་པའི་བསྒོམ་པ་བསྟན་ཏོ། །ལེའུ་བཞི་པའི་རབ་ཏུ་བྱེད་པ་བཞི་དང༌། ལེའུ་ལྔ་པའི་རབ་ཏུ་བྱེད་པ་གཉིས་ཀས་བསྐྱེད་རྫོགས་གཉིས་བརྟེན་པར་བྱེད་པའི་ཚོགས་ཀྱི་འཁོར་ལོ་བསྟན་ཏོ། །དེ་ལ་དང་པོས་ཡི་གེ་བརྡའི་མཚན་ཉིད་དང་གཉིས་པས་དབང་བསྐུར་བའི་ལྷ་མོའི་མཚན་ཉིད་བསྟན་ཏོ། །གསུམ་པས་དཔའ་བོ་དང་བཀའ་ནོད་པའི་མཚན་ཉིད་དང༌། བཞི་པས་དེ་རྣམས་ཀྱི་ཡན་ལག་གི་བརྡའི་མཚན་ཉིད་དང༌། ལྔ་པས་ཚོགས་འཁོར་གྱི་གནས་ཀྱི་མཚན་ཉིད་དང༌། དྲུག་པས་སྙིང་གར་འཁོར་ལོ་བསྒོམ་པ་ནས་ཚོགས་ཀྱི་འཁོར་ལོ་བྱ་བ་བསྟན་ཏོ། །ལེའུ་ལྔ་པའི་རབ་ཏུ་བྱེད་པ་གསུམ་པས། བསྐྱེད་པའི་རིམ་པའི་ལྡང་བའི་རྣལ་འབྱོར་དང༌། བཞི་པས་རྫོགས་པའི་རིམ་པའི་ལྡང་བའི་རྣལ་འབྱོར་བསྟན་ཏོ། །ལེའུ་དྲུག་པའི་རབ་ཏུ་བྱེད་པ་དང་པོས་བདེ་མཆོག་གི་གླེང་གཞི་བསྟན་ཅིང་དགའ་བའི་རྡོ་རྗེའི་ལུས་ཀྱི་སྐྱེ་བ་ཤེས་བྱར་བསྟན་པ་དང༌། གཉིས་པས་ཐིག་ལེ་བསྒོམ་པ་དང༌། གསུམ་པས་རྩ་བསྒོམ་པ་དང༌། བཞི་པས་དྲོད་དང་བྱང་ཆུབ་ཀྱི་སེམས་བསྡམ་པ་བསྟན་ཏོ། །དེ་ལྟར་ལེའུ་དྲུག་གི་རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞིས་མཆོག་གི་དངོས་གྲུབ་བསྒྲུབ་པ་བསྟན་ཏོ། །ལེའུ་བདུན་པའི་རབ་ཏུ་བྱེད་པ་བཞིས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་བསྟན་ཏོ། །དེ་ལ་དང་པོས་ནི་བཅུད་ཀྱིས་ལེན་དང་ཏནྟྲའི་ཚོགས་བསྟན་ཏོ། །


DTG008_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པས་ནི་སྦྱིན་སྲེག་མདོར་བསྟན་པ་དང༌། གསུམ་པས་སྔགས་དུ་མ་བསྟན་པ་དང༌། བཞི་པས་སྦྱིན་སྲེག་རྒྱས་པར་བསྟན་པ་ཡནྟྲའི་ཚོགས་རྒྱས་པར་བསྟན་ཏོ། །ལེའུ་བརྒྱད་པ་དང་ལེའུ་དགུ་པའི་རབ་ཏུ་བྱེད་པ་གཉིས་ཀྱིས་བསྒྲུབ་པའི་ཡན་ལག་བསྟན་ཏོ། །དེ་ལ་དང་པོས་རྡོ་རྗེ་དྲིལ་བུའི་མཚན་ཉིད་དང༌། གཉིས་པས་བཟླས་པའི་ཕྲེང་བའི་མཚན་ཉིད་དང༌། གསུམ་པས་འཆི་འཕོའི་མཚན་ཉིད་དང༌། བཞི་པས་ཕྲིན་ལས་བཞིའི་མཚན་ཉིད་དང༌། ལྔ་པས་སྣོད་ལྡན་བསྒོམ་པའི་སྤྱོད་པ་དང༌། དྲུག་པས་གཏོར་མའི་སྤྱོད་པ་དང༌། བདུན་པས་བྲིས་སྐུ་གླེགས་བམ་བྲི་བ་དང༌། བརྒྱད་པས་མཆོད་པའི་ཀུན་སྤྱོད་བསྟན་ཏོ། །ལེའུ་བཅུ་པའི་དང་པོས་ནི་རྣལ་འབྱོར་དང༌། རྣལ་འབྱོར་མའི་མཚན་ཉིད་དང་ལྡན་པའི་རྒྱུའི་རྒྱུད་བསྟན་ཏོ། །ལྷག་མ་གསུམ་གྱིས་ནི་འབྲས་བུའི་རྒྱུད་བསྟན་ཏོ། །དེ་ལ་དང་པོས་ནི་འཇིག་རྟེན་གྱི་དངོས་གྲུབ་དང༌། གཉིས་པས་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དང༌། གསུམ་པས་ནི་སྔགས་ཀྱི་ཐེག་པའི་ཐུན་མོང་མ་ཡིན་པའི་བཟའ་བ་བསྟན་ཏོ། །མཚམས་སྦྱོར་བ་ནི་ལེའུ་བཅུ་ལས་མཆོད་པ་དང༌། གླེང་སློང་བ་བསྟན་ནས་གསོལ་བ་གདབ་པ་དང་དེ་ནས་ཞེས་བྱ་བའི་ཚིག་བཅུས་མཚམས་སྦྱོར་བ་བསྟན་ཏོ། ཞུས་པ་དང་ལན་ནི་རྡོ་རྗེ་སྙིང་པོས་རབ་ཏུ་བྱེད་པ་བཞི་བཅུ་ཞུས་པ་ལས་བཀའ་སྩལ་པ་བཞི་བཅུས་གཏན་ལ་ཕབ་པའོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཀུན་རྫོབ་བཏགས་པའི་གླེང་གཞིའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པས་ལྕང་ལོ་ཅན་གྱི་ཕོ་ཕྲང་དུ་བླ་གོས་ལྔ་བརྒྱ་གདན་དུ་བཏིང་ནས་ལྕང་ལོ་ཅན་དུ་ལག་ན་རྡོ་རྗེ་ལ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ། །རྡོ་རྗེ་འཆང་བས་ཇི་སྐད་གསུངས། །ཤེས་རབ་སྲས་པོ་ཁྱོད་སྨྲོས་ཤིག །ཕྱག་ན་རྡོ་རྗེ་ཁྱོད་སྨྲོས་ཤིག །ཅེས་གསོལ་བ་བཏབ་པའི་རྗེས་ལ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་གྱིས་སྡུད་པ་པོའི་གླེང་སློང་བ་བསྟན་ཏེ་འདི་སྐད་ཅེས་བྱ་བ་ལ་སོགས་པ་ནི་འོག་ནས་འབྱུང་བའི་རྒྱུད་ལེའུ་བཅུ་པའོ། །བདག་གིས་ཞེས་བྱ་བ་ནི་ན་ཏ་ཀུ་བེ་རའི་སྲས། ལག་བཟང་དང་རྡོ་རྗེ་སྡེའི་ཡབ་ས་བཅུའི་དབང་ཕྱུག་སྡུད་པ་པོའོ། །ཐོས་པ་ནི་འཁོར་བཏང་ནས་


DTG008_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

སམ་སྤྲུལ་པ་འམ་བརྒྱུད་པ་མ་ཡིན་པར་དངོས་སུ་ཐོས་པའོ། །ཚིག་ཕྱི་མའི་དུས་ཀྱི་ཚིག་དང་སྦྱར་ན་ལན་འགའ་ན་ནི་ཐོས་པས་ཐོས་པ་མང་བའམ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པས་སྐད་ཅིག་མ་གཅིག་ལ་རྒྱུད་ཀྱི་དོན་མཐའ་དག་རྟོགས་པས་བདག་ཉིད་ཚད་མའི་སྐྱེས་བུ་ཡིན་པར་སྟོན་ཏོ། །དུས་ནམ་གྱི་ཚེ་ཞེ་ན་དུས་གཅིག་ན་ཞེས་བྱ་བ་རྩོད་པའི་དུས་ཀྱི་ཐོག་མར་རོ། །སུ་ལས་ཤེ་ན་བཅོམ་ལྡན་འདས་ནི་སྟོན་པ་པོ་དང་འབྲས་བུ་སྟེ། ཧེ་རུ་ཀ་བདུད་བཞི་བཅོམ་པའོ། །གནས་གང་དུ་ཞེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་པའོ། །དེ་ལ་དེ་བཞིན་གཤེགས་པ་ནི་ཕྱོགས་བཅུ་དང་དུས་གསུམ་དང་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའོ། །དེ་བཞིན་ཉིད་གཞན་ལ་སྟོན་པའོ། །སྐུ་དང་གསུང་དང་ཐུགས་ནི་མེ་ལོང་ལྟ་བུའི་རྣམ་པ་སྐུ་དང༌། སོ་སོར་རྟོག་པའི་རྣམ་པ་གསུང་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྣམ་པ་ཐུགས་དང༌། གསུང་གི་ཆོས་ཉིད་འོད་གསལ་བའི་རང་བཞིན་ནི་རྡོ་རྗེ་སྟེ། ཡེ་ཤེས་དེའི་གཟུང་བའི་རྣམ་པའི་ཆ་ནི་ཤེས་རབ་སྟེ་བཙུན་མོའོ། །དེའི་བྷ་ག་ནི་འཛམ་བུའི་གླིང་གྲུ་གསུམ་པ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་སོགས་པ་འདོད་ཆགས་ཅན་འདུལ་བ་ལ་སོགས་པའི་ཆེད་དུའོ། །བཞུགས་པ་ནི་གཟུགས་ཀྱི་རྣམ་པར་རྟོག་པས་ཆོས་འཆད་པའི་ཕྱིར་ཏེ། དེ་སྐད་དུ་ཡང་མཉམ་སྦྱོར་ལས། རྟོག་པ་མེད་པའི་ཆོས་རྣམས་ལས། །སེམས་ཅན་དོན་དུ་ཆོས་བསྟན་དང༌། །བྲག་ཅ་ཡི་ནི་སྒྲ་འདྲ་ལ། །ཆོས་ཀྱི་ཚིག་ཏུ་འདི་འགྱུར་རོ། །ཞེས་གསུངས་སོ། །གང་དང་ལྷན་ཅིག་ཏུ་ཞེ་ན་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ་དང་སྟེ། རྡོ་རྗེ་སྙིང་པོ་ལ་སོགས་པ་ས་བཅུའི་དབང་ཕྱུག་ཤ་སྟག་གིས་ཡོངས་སུ་བསྐོར་ཞིང་དབུས་སུ་ཆུད་པའོ། །ཅི་ཞིག་མཛད་ཅིང་ཞེ་ན་འཛུམ་པ་མཛད་ཅིང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལས་དང་པོ་པ་ལ་སྟོན་པས་ན་ངོ་མཚར་བའོ། །དོན་དམ་པའི་གླེང་གཞི་ནི་ཟབ་པ་དང་མ་ཟབ་པ་གཉིས་ལས། དེ་ལ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་སོགས་པས་འདི་སྐད་བདག་གིས་ཐོས་པ་སྟེ་སྤྲུལ་པའི་སྐུ་མཐོང་བའི་མཚོན་བྱེད་ཀྱིས་མཚོན་བྱ་མ་འོངས་པའི་གང་ཟག་ལ་རྩ་བའི་འཁོར་ལོ་བསྒོམ་པར་གྱིས་ཤིག་


DTG008_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བར་སྟོན་པ་ཡིན་ནོ། །དེ་ལ་དུས་ནི་དགའ་བ་བཞིའི་དུས་སོ། །བཅོམ་ལྡན་འདས་ནི་ལུས་དང་ཡིད་བདེ་བ་ཞི་གནས་ཀྱི་ཏིང་ངེ་འཛིན་ཏོ། །གནས་ནི་ལུས་ངག་ཡིད་གསུམ་བདེ་བ་རོ་གཅིག་པའི་བཙུན་མོའི་བྷ་གའོ། །འཁོར་ནི་ལུས་ཀྱི་འཁོར་ལོ་བཞི་རྩའི་ཡན་ལག་དང་བཅས་བཅས་པའོ། །འཛུམ་པ་མཛད་པ་ནི་གསང་བའི་རྡོ་རྗེའི་དབུས་ཀྱི་སྙིང་པོའི་རྩ་ཨ་ཝ་དྷཱུ་ཏཱི་ལ་གཟིགས་ནས་འཁོར་ལོ་བཞི་བདེ་བས་ཁྱབ་པའོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྐུའི་མཚོན་བྱེད་ལས་མཚོན་བྱ་རླུང་གི་འཁོར་ལོ་བསྒོམ་པ་རྟོགས་ཏེ་དུས་ནི་རླུང་གཉིས་འགོག་པའི་དུས་སོ། །སྟོན་པ་ནི་རླུང་དབུས་མ་ལ་བརྟེན་ནས་བདེ་བའི་ཏིང་ངེ་འཛིན་སྐྱེས་ནས་སོ། །གནས་ནི་སྐུ་གསུང་ཐུགས་ཀྱི་རྩ་གསུམ་རོ་གཅིག་པ་སྟེ། སྤྲུལ་པའི་འཁོར་ལོའོ། །འཁོར་ལོ་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །རྡོ་རྗེ་སྙིང་པོས་གཟིགས་ནས་འཛུམ་པ་མཛད་པ་ནི་རྩ་ཨ་ཝ་དྷཱུ་ཏཱིར་རླུང་ལ་བརྟེན་ནས་བདེ་བ་བསྐྱེད་པས་ན་འཛུམ་པ་མཛད་པའོ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྲུལ་པའི་སྐུའི་མཚོན་བྱེད་ལས། མཚོན་བྱ་སེམས་ཀྱི་འཁོར་ལོ་བསྒོམ་པ་རྟོགས་ཏེ། དུས་ནི་བསམ་གྱིས་མི་ཁྱབ་པའི་དུས་སོ། །སྟོན་པ་ནི་མི་རྟོག་པའི་ཡེ་ཤེས་སོ། །གནས་ནི་སྐུ་གསུང་ཐུགས་རོ་གཅིག་པའི་ཆོས་ཀྱི་དབྱིངས་སོ། །འཁོར་ནི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའོ། །འཛུམ་པ་མཛད་པ་ནི་རང་གི་སེམས་འོད་གསལ་བ་གློ་བུར་གྱི་དྲི་མ་དག་པའོ། །རྡོ་རྗེ་སྙིང་པོ་ལ་གཟིགས་ཤིང་འཛུམ་པ་མཛད་པའོ། །དངོས་སུ་གཙོ་བོས་གླེང་བསླང་བ་བསྟན་པས་ཤུགས་ལས་འཁོར་དང་བཅས་པའི་ཆོས་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང༌། དཀྱིལ་འཁོར་བྷ་ག་ཞེས་བྱ་དང༌། །དཀྱིལ་འཁོར་ལུས་ཞེས་བྱ་བ་དང༌། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བཤད། །དབྱངས་དང་སྔགས་དང་ཆོས་བདག་ཉིད། །ཅེས་གསུངས་པས། གཉིས་ནི་མི་ཟབ་པ་ཡིན་ལ་གཅིག་ནི་དོན་དམ་པ་ལས་ཟབ་པའི་གླེང་གཞི་བསྟན་ཏོ། །ད་ནི་འཁོར་གྱིས་གླེང་སློང་བ་བསྟན་ཏེ། འཛུམ་པ་མཛད་མ་ཐག་ཏུ་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །ཆོས་ཉན་པའི་སྤྱོད་ལམ་བརྟུལ་ནས་སྟན་ལས་ལངས་ནས། རྒྱུད་དགུའི་དོན་ཞུ་བའི་ཕྱིར་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་


DTG008_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་ང་ས་ལ་བཙུགས་ཏེ་ཕྱག་འཚལ་བའི་མཆོད་པ་སྔོན་དུ་སོང་བའི་ཕྱིར་ཡན་ལག་གིས་ཐལ་མོ་སྦྱར་བ་བྱས་ཤིང་སྤྱི་བོ་ས་ལ་བཏུད་ནས་སོ། །འདི་སྐད་སྟོན་ཞེས་བྱ་བ་ནི་སྡུད་པའི་ཚིག་གོ །ཞུ་བའི་དོན་ནི་རྒྱུད་ཐམས་ཅད་ནས་བརྗོད་པར་བྱའོ། །གླེང་གཞི་ནི་རྒྱུད་འབྱུང་བའི་ཚོགས་པ་སྟེ་སྟོན་པར་རྩོམ་པས་ནི་རྗོད་བྱེད་དོ། །དེ་ཡང༌། འཆད་པ་པོ་ཡི་བྱེད་པའི་ཡུལ། །དོན་གང་རབ་ཏུ་གསལ་བློ་ལ། །དེ་ལ་སྒྲ་ནི་ཚད་མ་ཉིད། །ཅེས་བཤད་དོ། །གསང་ཆེན་ནི་ཁམས་གསུམ་པ་དང་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཀྱིས་མ་རྟོགས་པ་སྐལ་བ་དང་མི་ལྡན་པ་རྣམས་རྟོགས་པ་དང། དེ་སྐད་དུ་ཡང༌། རྣམ་པ་སྣ་ཚོགས་སྐལ་བཟང་པོ། །རྣམ་པ་སྣ་ཚོགས་བདེ་མཆོག་གིས། །འདུལ་བ་རྣམ་པ་སྣ་ཚོགས་པ། །སེམས་ཅན་ཁམས་ནི་རབ་ཏུ་སྒྲུབ། ཅེས་གསུངས་སོ། །ཀུན་དུ་ཁ་སྦྱོར་ནི་རྒྱུད་དགུའི་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའོ། །དེ་སྐད་དུ་ཡང༌། ཤེས་རབ་ཕ་རོལ་ཕྱིན་པ་ཡི། །ཐབས་ནི་སྙིང་རྗེའི་བདག་ཉིད་དེ། །དེ་བས་སྙིང་རྗེ་ཆེན་པོ་ཐབས། །ཤེས་རབ་ཕ་རོལ་ཕྱིན་གསལ་བ། །རྣལ་འབྱོར་ཐམས་ཅད་བདེ་བ་ཡི། །རྗེས་སུ་སྦྱོར་བར་མཆོད་བྱེད་ཅིང༌། །ཀུན་དུ་མྱོང་བར་བྱེད་པས་ན། །གཉིས་སུ་སྦྱོར་བ་ཚེ་འདིར་འགྲུབ། །ཅེས་གསུངས་སོ། །མཚན་ཉིད་ནི་ཡུལ་དང་ཡུལ་ཅན་གྱི་སྟོང་པ་ཉིད་དང་དབང་གསུམ་པ་དང་བཞི་པས་རྟོགས་ནས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་མཚོན་པར་བྱ་སྟེ། མཚོན་པར་བྱེད་པས་ན་མཚན་ཉིད་དེ་ཡེ་ཤེས་ཀྱི་དབང་ཕྱུག་སྣང་བ་མེད་པ་ཇི་ལྟ་བ་དང༌། སྣང་བ་དང་བཅས་པ་ཇི་སྙེད་པའི་སྡེབས་ལ་མ་འོངས་པའི་གང་ཟག་གི་དོན་དུ་ཉན་པར་འཚལ་ལོ། །དེའི་དོན་ནི་ཞལ་གྱིས་བཞེས་པ་སྐབས་དབྱེ་བ་ནི་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པའོ། །ཨེ་མའོ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །སྤྱོད་པ་ནི་མི་རྣམས་ཀྱིས་དོན་དུ་དྲི་བས་ན་ངོ་མཚར་བའོ། །རྒྱུའི་རྒྱུད་དྲི་བས་ན་བརྩེ་བས་ལེགས་སོ་ཞེས་བྱ་བའོ། །ཐབས་ཀྱི་རྒྱུད་འདྲི་བས་ན་བྱང་ཆུབ་སེམས་དཔའ་ལེགས་སོ་སྦྱིན་པའོ། །འབྲས་བུའི་རྒྱུད་འདྲི་བས་ན་ཡོན་ཏན་གྱི་འབྱུང་གནས་ལེགས་སོ་ལེགས་སོ་སྦྱིན་པའོ། །ལེགས་སོ་ལེགས་སོ་ལན་


DTG008_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྟོན་པ་ནི་བརྗོད་བྱ་དང་རྗོད་བྱེད་གཉིས་སམ། སངས་རྒྱས་ཀྱི་དགོངས་པ་སེམས་ཅན་གྱིས་མྱོང་བས་ན་ལེགས་སོ་ལེགས་སོ་ཞེས་དྲིས་པས་སོ། །སྐབས་དབྱེ་བ་བསྟན་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུས་སྐབས་ཕྱེ་བས་ཐོག་མར་དགའ་བས་རབ་ཏུ་འཛུམ་པ་དང༌། རབ་ཏུ་གསལ་བའི་མིག་ཕྱེ་ནས། ཐ་མར་དགའ་བས་ཡང་དང་ཡང་དུ་ཕྱག་འཚལ་ནས། སེམས་ཅན་ཐམས་ཅད་བདག་དང་གཞན་བརྗེ་བ་བྱས་ནས་རང་གི་ཐེ་ཚོམ་ཞུས་པ་ཡིན་ནོ། །གསང་བ་འདུས་པ་ལ་སོགས་པའི་རྒྱུད་རྣམས་ནི་བརྗོད་བྱ་ཅི་ཡིན་ཞེས་ཞུས་པ་དང༌། རྗོད་བྱེད་གླེང་གཞི་ཇི་ལྟར་ལགས་ཞེས་ཞུས་པ་དང༌། དེ་རྣམས་ཀྱི་རྒྱུའི་རྒྱུད་འདི་ནི་གང་ལ་གསང་བ་གསུངས་ཞེས་བྱ་བ་དང༌། ཐབས་ཀྱི་རྒྱུད་ཀུན་དུ་ཁ་སྦྱོར་གྱི་མིང་ནི་ཅི་ཡིན་ཞེས་ཞུས་པ་དང་འབྲས་བུའི་རྒྱུད་དེའི་མཚན་ཉིད་ཇི་ལྟར་ལགས་ཞེས་ཞུས་པའོ། །རྒྱུད་ཐམས་ཅད་ན་གསང་བ་འདུས་པ་ལ་སོགས་པ་དགུའི་བརྗོད་པར་བྱ་བའོ། །དེ་རྣམས་ཀྱི་གླེང་གཞི་ནི་ཕུན་སུམ་ཚོགས་པ་བཞིའི་ཚོགས་པ་ལས་རྗོད་བྱེད་ཀྱི་རྒྱུད་འབྱུང་བའོ། །གསང་བའི་ཁམས་གསུམ་གྱི་བདག་པོ་དང༌། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་རྟོགས་པར་དཀའ་བའི་ཕྱིར་གསང་བའོ། །ཀུན་དུ་ཁ་སྦྱོར་ནི་ཐབས་ཤེས་རབ་རྒྱུའི་བདག་ཉིད་དོ། །ཀུན་དུ་ཁ་སྦྱོར་དེ་ལས་བྱུང་བའི་ཏིང་ངེ་འཛིན་ནི་མཚོན་པར་བྱེད་དོ། །དེ་ལས་བྱུང་བའི་ཏིང་ངེ་འཛིན་རྒོད་པ་བརྟེན་པ་དང༌། གཡོ་བའི་དངོས་པོའི་རང་བཞིན་མཚོན་པར་བྱ་བའི་མཚན་ཉིད་དབང་བཞི་པའི་ཏིང་ངེ་འཛིན་ཐམས་ཅད་བདེ་བ་ཆེན་པོའི་བྱེད་པའོ། །དེ་སྐད་དུ་ཡང༌། སེམས་ལ་རྣམ་གནས་རྣལ་འབྱོར་པ། །མྱ་ངན་འདས་པ་མི་སྟོན་ཏོ། །ཞེས་གསུངས་སོ། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་བྱ་བའི་རིགས་པས་དབང་བཞི་པ་སེམས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པར་འགྱུར་རོ། །དེས་ནི་འབྲས་བུའི་རྒྱུད་ཀྱི་མཚན་ཉིད་བསྟན་ཏོ། །ཡང་ན་འདིའི་བཤད་པའི་རྒྱུད་མ་ཡིན་པས་རྩ་བའི་རྒྱུད་དགུ་སྟོན་ཏེ། རྒྱུད་ཐམས་ཅད་དང་གླེང་གཞི་ནི་སྔ་མ་བཞིན་ནོ། །ཀུན་དུ་ཁ་སྦྱོར་ཞེས་བྱ་བའི་སྒྲས་ནི་


DTG008_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དང་སྒྱུ་མ་རོ་གཅིག་པ་ཟུང་དུ་འཇུག་པའི་བདག་ཉིད་ཀྱི་རྡོ་རྗེ་སེམས་དཔའ་ལ་ཞེས་བྱ་བ་ཡིན་ནོ། །གསང་བ་ཡང་འདི་ཉིད་ཡིན་ལ་དབང་བསྐུར་བའི་མཚན་ཉིད་ཀྱིས་མཚོན་པས་མཆོད་པར་བྱ་བ་དཀྱིལ་འཁོར་དང༌། ལྷ་ལ་སོགས་པ་དང་སྔགས་བཏུ་བའི་མན་ངག་ལ་སོགས་བ་བསྐྱེད་པའི་རིམ་པ་ཀུན་བརྟགས་ཀྱི་འཁོར་ལོ་དང༌། མི་ཟབ་པའི་རྫོགས་རིམ་གཞན་དབང་ཞིག་གི་འཁོར་ལོ་རྣམས་དབང་བཞི་པའི་མཚོན་བྱེད་ཀྱིས་བདེ་བ་ཆེན་པོའི་རང་བཞིན་མཚོན་པ་ནི་འབྲས་བུའི་མཚན་ཉིད་དོ། །དེ་སྐད་དུ་ཡང༌། དངུལ་ཆུ་གསེར་དུ་སྣང་བ་ཞེས་བྱ་བ་ལ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་སྲང་སྟོང་སྒྲུབ་པར་བྱེད་དོ་ཞེས་གསུངས་པ་དང༌། ཆོས་ཀྱི་སྙིང་པོ་སེམས་ཀྱི་གསང་ཤེས་ན། །འགྲོ་རྣམས་ཀུན་ཡང་དེ་བཞིན་གཤེགས། །ཞེས་གསུངས་སོ། །དེ་ལྟར་ན་ཡང་རྒྱུད་དགུའི་བཤད་པའི་རྒྱུད་ཡིན་ལ། གླེང་གཞི་དགུ་དང༌། གསང་བ་དགུ་དང༌། ཁ་སྦྱོར་དགུ་དང༌། མཚོན་བྱེད་ཏིང་ངེ་འཛིན་དགུས་མཚོན་བྱ་སྣོད་བཅུད་ཐམས་ཅད་བདེ་བར་གོ་བའོ། །ཡང་ན་འདིར་ནི་རང་དགའི་རྒྱུད་ཡིན་པས་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཐབས་ཐམས་ཅད་ཀྱི་དོན་འདི་གཉིས་གཅིག་དང་བསྙམས་ནས་ཟུང་དུ་འཇུག་པའི་རྡོ་རྗེ་སེམས་དཔའ་ནི་ཁ་སྦྱོར་ཡིན་ལ། དེ་དབང་བཞི་བསྐུར་བའི་མཚོན་བྱེད་མཚན་ཉིད་ཀྱིས་བསྐྱེད་རྫོགས་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་ཤེས་པའོ། །དེ་ལྟར་མཚན་བཤད་ནས་ད་ནི་རྒྱུད་བཤད་པར་བྱ་སྟེ། གང་ཟག་གསུམ་གྱི་ཤེས་བྱའི་ཐུན་མོང་གི་ཟབས་དང་ཤེས་རབ་ཀྱི་བདག་ཉིད་རྒྱུད་དེ། རྡོ་རྗེ་འཆང་གིས་བཤད་ཀྱིས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་ལ་ཉོན་ཅིག་ཅེས་བོད་པའོ། །ཡང་ན་འདི་ནི་རང་དགའི་རྒྱུད་ཡིན་པས། དེ་ལ་དང་པོ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསམས་ནས་ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ་བར་བྱའོ་ཞེས་མདོར་བསྟན་ནས་དེ་ནི་རྒྱས་པར་བཤད་པ། ཡུལ་དྲུག་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཉམ་པའོ། །དེ་ལ་རྡོ་རྗེ་སྙིང་པོ་འདི་སྙམ་དུ་སེམས་ཏེ། གཟུགས་ལ་སོགས་པ་ཡུལ་དྲུག་ལས། རྣམ་པར་ཤེས་པ་སྐྱེ་བའི་མིག་ལ་སོགས་པ་དབང་པོ་དྲུག་དང༌། གཟུགས་ལ་སོགས་པ་ཡུལ་དྲུག་སྟོང་ཞིང་མེད་པས་ན་དམིགས་པའི་རྣམ་པར་ཤེས་པ་དྲུག་རི་བོང་གི་རྭ་བཞིན་དུ་སྐྱེ་


DTG008_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐལ་བར་མི་འགྱུར་རོ་ཞེས་ཞུས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་འཛིན་པ་མེད་པས་དཔྱད་དུ་མེད་ལ་གཟུང་བྱ་མེད་པས་ཤེས་བྱ་མ་ཡིན་ཞིང་རྗེས་སུ་དཔག་པས་གཏན་ལ་ཕབ་པའི་རྟོག་གེས་བརྟག་པར་དཀའ་བ་དང༌། གཟུང་འཛིན་གཉིས་སྤངས་ཤིང་གཉིས་སུ་མེད་པའི་ཡེ་ཤེས་ནི་ཟུང་དུ་འཇུག་པ་ཇི་ལྟ་བའི་ལམ་དེ་ཉིད་ཡིན་པས། རི་བོང་གི་རྭ་ལྟར་མེད་པའམ་རྣམ་པར་བཅད་པ་ཙམ་འབའ་ཞིག་ནི་མ་ཡིན་ནོ། །དེས་ན་རྒྱུད་ཐམས་ཅད་ཀྱི་གླེང་གཞི་འདི་ནི་གཉིས་སུ་མེད་པ་ཡིན་ནོ། །དེའི་གསང་བའི་དོན་རྒྱས་པར་བཤད་པ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ཡུལ་ཟུང་དུ་འཇུག་པའི་གསང་བ་ཆེན་པོ་ནི་ནམ་མཁའ་ལྟ་བུར་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དོ། །ཉོན་མོངས་པའི་སྒྲིབ་པའི་མུན་པ་དང་ལྡན་པས་ཉན་ཐོས་ཀྱིས་མི་ཤེས་ལ། ཕྱོགས་གཅིག་གི་བག་ཆགས་ཀྱིས་དཀྲིས་པས། རང་སངས་རྒྱས་སུ་སྤྲུལ་ཅིང་སྐྱེད་པས་ནི་མི་ཤེས་སོ། །དེ་དག་ཀུན་གྱིས་ཞེས་པས་ནི་ཚངས་པ་ལ་སོགས་པའི་ཁམས་གསུམ་པས་མི་ཤེས་སོ། །རྒྱུ་དེས་ན་གསང་ཆེན་སངས་རྒྱས་སྤྱོད་ཡུལ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དེ་རྣམས་ཀྱིས་མི་ཤེས་ན་ཅིའི་ཕྱིར་བསྟན་ཞེ་ན། བྱང་ཆུབ་སེམས་དཔའ་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས་སྒྲོལ་བའི་བསམ་པས་དབང་བཞིའི་མཚན་ཉིད་ཀྱིས་མཚོན་ནས་སྒྲོལ་བར་བྱེད་དོ། །དེ་ལ་མཚོན་བྱ་ནི་སྣོད་བཅུད་ཐམས་ཅད་དོ། །མཚོན་བྱེད་ནི་དབང་བཞི་པའོ། །མཚན་ཉིད་ནི་ཟུང་དུ་འཇུག་པའི་བདེ་བ་ཆེན་པོའོ། །མཚོན་བྱེད་དེ་ཡང་གཉིས་ཏེ། དགའ་བ་གསུམ་བསམ་གཏན་གྱི་བདེ་བ་དང༌། བདེ་བ་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཡེ་ཤེས་སོ། །ཡེ་ཤེས་ཀྱི་སྣོད་བཅུད་ཀྱི་རང་བཞིན་ཤེས་བྱ་སྟོང་པའི་རང་བཞིན་དུ་བལྟས་ལ་ཞེས་བྱ་བ་སྟོང་པར་ཤེས་ནས། མ་དག་པའི་རང་བཞིན་འགྲོ་བ་རིགས་དྲུག་བདེ་བ་ཆེན་པོའི་རང་བཞིན་དུ་ཤེས་པར་བྱའོ། །སྐྱེ་བ་སྟོང་ཕྲག་དུ་མ་རུ། །རྫོགས་པར་རྟོགས་པའི་རྣལ་འབྱོར་པ། །ཞེས་བྱ་བ་ནི་སྐྱེ་བ་སྔ་མར་གཉིས་སུ་མེད་པའོ། །དོན་ལ་གོམས་པར་བྱས་པས། །ཇི་ལྟར་འདོད་པའི་སྐུ་གསུམ་གྱི་གོ་འཕང་དུ་འགྲོ་བར་འགྱུར་རོ། །དེ་ལྟར་ན་གང་ཟག་གསུམ་གྱི་ཐུན་མོང་གི་གསང་ཆེན་ཁ་སྦྱོར་གྱི་མཚན་ཉིད་བཤད་ནས་ད་ནི་


DTG008_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལམ་པའི་ཤེས་བྱ་བསྟན་པར་བྱ་སྟེ། སྔར་བཅོམ་ལྡན་འདས་ཀྱིས་སྟོང་པའི་མཚན་ཉིད་བསྟན་པ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྟོང་པ་ཤེས་རབ་ཀྱིས་ཡང་དག་པར་དྲན་པར་བྱས་ནས་ལུས་ཀྱི་དཀྱིལ་འཁོར་དང་བྷ་གའི་དཀྱིལ་འཁོར་དང་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དང་གསུམ་གྱི་ནང་དུ་ལུས་ཀྱི་དཀྱིལ་འཁོར་གྱི་ཞིང་ལ་ཡེ་ཤེས་ཀྱི་རྒྱུ་རྣམ་ཤེས་བདེ་བའི་ས་བོན་གདབ་པར་བྱའོ། །དེ་ལྟར་གྲོལ་ལམ་པའི་མདོར་བསྟན་ནས། ད་ནི་ཤིན་ཏུ་མཛེས་པའི་རྩ་ཨ་ཝ་དྷཱུ་ཏཱི་ཆུ་ཤིང་གི་སྙིང་པོ་ལྟར་དྲང་བ། ཏིལ་གྱི་མར་མེ་ལྟར་གསལ་བ། པདྨའི་སྐུད་པ་ལྟར་ཕྲ་བ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བའི་རྩ་ལས་བྱུང་བའི་རྡུལ་ཕྲན་གྱི་སེམས་དེ་རྒྱུད་ཀྱི་རིམ་པ་རྩའི་རང་བཞིན་བསྟན་ཏོ། །དྲི་མེད་ཤེལ་དང་མཚུངས་པའི་ཞེས་བྱ་བའི་ཚིགས་བཅད་གཉིས་ཀྱིས་སེམས་འོད་གསལ་བའི་རྣམ་པར་སྣང་བ་སྙིང་གར་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བསྟན་ཏོ། །དེའི་དབུས་ན་གནས་པའི་ལྷ་ཞེས་པ་ནི་རྩ་དབུས་མ་ཡིན་ལ། དབུས་ན་གནས་པའི་ལྷ་ནི་ནམ་མཁའི་རླུང་ངོ༌། །མི་གསལ་བ་ནི་བེམས་པོ་ཡིན་ལ། གསལ་བ་ནི་ཤེས་པས་མྱོང་བའོ། །ཆ་ཕྱེ་བ་ནི་མི་ཤིགས་པའི་རླུང༌། མིག་བཙུམས་ཕྱེད་ཀྱི་ཚད་དུ་སྡོད་པ་ཐིག་ལེའི་གཟུགས་ཅན་རྟོག་པ་མེད་པའི་ཡིད་ཀྱིས་མྱོང་བའོ། །དེ་ལྟར་ཚིགས་བཅད་གཉིས་ཀྱིས་ནམ་མཁའི་རླུང་བསྟན་ནས། ཚིགས་བཅད་གཉིས་ཀྱིས་བདེ་བའི་གནས་ཀྱི་ཚད་བསྟན་པ་ནི་བྱང་ཆུབ་ཀྱི་སེམས་སོ། །གཟི་བརྗིད་ཆེན་པོའི་འོད་དང་ལྡན་པ་སྙིང་གའི་དབུས་ན་ཡུལ་དང་དབང་པོ་དྲུག་གི་མཐའ་ཡིན་པ་རྟོག་པ་མེད་པ་ཡིན་ལ། དེའི་བུ་ག་དགུའི་མཐའ་ལས་མི་འདའ་བ་རྐང་པ་ནས་སྤྱི་གཙུག་གི་མཐར་ཐུག་པ་འམ། ཡང་ན་རྐང་པའི་སོར་མོ་གཉིས་དང༌། སྤྱི་བོ་སྨིན་མཚམས་ནས་བཅལ་བ་སོར་དགུའི་བདག་ཉིད་ཀྱི་དབུས་ན་ཨ་ཝ་དྷཱུ་ཏཱིའི་སྐུད་པ་གཅིག་ཏུ་གནས་པའམ། ཡང་ན་ལྟེ་བའི་ཁུང་ནས་མར་སོར་དགུའི་མཐར་ཨ་ཝ་དྷཱུ་ཏཱིའི་རྩེ་མོར་གནས་པ་ཡང་སོར་གཉིས་ཀྱི་མཐར་ཚངས་པའི་བུ་གའི་མཐར་གནས་ཀྱང་ཟེར་རོ། །དེ་ལྟར་རྩ་དང་རླུང་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་ཀྱི་རིམ་པ་བསྟན་ནས། རླུང་མེའི་དྲོད་ཅན་སྔགས་ཀྱི་རིམ་པ་ནི་སྐུད་པ་གཅིག་ལ་བརྟེན་ཏེ་ལྟེ་བའི་དབུས་ན་ལོགས་ལ་སོར་བདུན་གྱི་ཚད་ཀྱི་དྲོད་གནས་ཀྱང་བདེ་


DTG008_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་སྐྱེ་བས་འབྱུང་བ་ལྔའི་ཚད་དང་ལྡན་པའི་ཆ་ལྔ་པ་མཐེ་བོའི་རི་མོ་ལྟ་བུའམ། ཀླུའི་དབང་པོ་ལྟ་བུ་ཀླུ་དབང་འཁྱིལ་པ་དེར་དེ་རབ་ཏུ་རྒྱས་ཤིང་འཕེལ་བར་བྱས་ནས། ཡེ་ཤེས་ཀྱི་རིམ་པ་སྙིང་གའི་བྱང་ཆུབ་སེམས་ཀྱི་ཆ་ཕྱེ་ནས། ལྟེ་བ་རྡོ་རྗེའི་དབུས་སུ་བྱུང་བ་ན་བྱང་ཆུབ་ཀྱི་སེམས་སྐྱེ་པའི་གནས་མེའི་དཀྱིལ་འཁོར་ཨེ་གྲུ་གསུམ་གྱི་དབུས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཕབ་པས་ནི་ཁུ་བའི་དངོས་པོ་སྟེ། དེ་སྐད་དུ་ཡང༌། ཨེ་ཡི་ཆ་བྱད་བཟང་པོ་གང༌། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །ཞེས་གསུངས་སོ། །དེ་རིམ་གྱིས་འཕེལ་ནས་སྒོ་དགུའི་མཐར་ཐུག་པར་གནས་སོ། །འཕེལ་བར་གྱུར་པས་དགའ་བྲལ་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། འཁྲུལ་འཁོར་གྱིས་བཀག་པའི་ཕྱིར། དེ་དུ་ཡོད་ཅེ་ན། ཡི་གེའི་འཁྲུལ་འཁོར་དང༌། ལུས་ཀྱི་འཁྲུལ་འཁོར་དང༌། སྨན་གྱི་འཁྲུལ་འཁོར་དང༌། ཏིང་ངེ་འཛིན་གྱི་འཁྲུལ་འཁོར་རོ། །འདིར་གང་གིས་བཀག་ཅེ་ན། ཡི་གེའི་འཁྲུལ་འཁོར་གྱིས་ཏེ། དེ་ལ་སྟེང་དུ་མེའི་ས་བོན་ཏེ། དྲག་མོའི་ས་བོན་ཀྵུཾ་ངོ༌། །སའི་ས་བོན་ནི་གཏུམ་མོའི་ཡི་གེ་ཧཱུཾ་ངོ༌། །གཏུམ་མོའི་ས་བོན་ནི་རྫོགས་པའི་ཡི་གེ་ཡུཾ་མོ། །ཆུའི་ས་བོན་ནི་མཁའ་འགྲོ་མའི་ས་བོན་སུཾ་མོ། །གཏི་མུག་གི་ས་བོན་ནི་སེང་གེ་མའི་ཡི་གེ་སྨྲཾ་ངོ༌། །ཞེ་སྡང་གི་ས་བོན་ནི་སྟག་མོའི་ཡི་གེ་ཧྨྲྱུཾ་ངོ༌། །སྙིང་གའི་ཕྱོགས་སུ་བསྐྱོད་པའི་ས་བོན་ཅེ་སྤྱད་མའི་ཡི་གེ་ཡྨྲྱུཾ་ངོ༌། །ཕྱུགས་ཀྱི་ས་བོན་ནི་འུག་པའི་ཡི་གེ་ཀྵྨྲྱུཾ་ངོ༌། །བརྟན་པ་དང་ནི་གཡོ་བའི་འགྲོ་བ་ཐམས་ཅད་ཁྱབ་པ་ཡིན་ནོ། །ཞི་གནས་ཀྱི་བདེ་བའི་ཏིང་ངེ་འཛིན་གྱི་སྣོད་བཅུད་བདེ་བར་སྣང་བའོ། །དེ་འབའ་ཞིག་ཏུ་སྣང་ངམ་ཞེ་ན། ཚངས་སོགས་ལྷ་དང་ལྷ་མིན་བཅས། །ཞེས་བྱ་བས་འདོད་པའི་ཁམས་ཀྱི་ལྷ་རྣམས་བཏང་སྙོམས་ཀྱི་བདེ་བ་ལ་བརྟེན་ནས་འབྱུང་བའོ། །དེ་མི་གཡོ་བའི་ལམ་བསམ་གཏན་གྱི་བདེ་བ་འབའ་ཞིག་ཏུ་འགྱུར་རམ་ཞེ་ན། གོམ་པ་གཅིག་གིས་མྱ་ངན་འདས། །གོམ་པ་གཅིག་གིས་འཁོར་བ་ཡིན། །དེ་ཉིད་ཀྱིས་ནི་འཆིང་འགྱུར་ཞིང༌། །དེ་ཉིད་ཀྱིས་ནི་གྲོལ་བར་འགྱུར། །ཞེས་བྱ་བའི་རིམ་པས་ཇི་སྲིད་ལུས་ལ་གནས་ཀྱི་བར་ལས་དང་ལས་མིན་དེས་བྱེད་ཅེས་བྱ་བ་ནི་སེམས་རང་རིག་གློ་བུར་གྱི་དྲི་མ་དང་བཅས་ཙམ་ན་བདེ་བ་རྟོག་པ་མེད་པ་མ་སྐྱེས་པའི་ཚེ་ལས་དང་ལས་མ་ཡིན་པའི་ཉོན་མོངས་པ་


DTG008_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བྱེད་ཅིང་དགེ་བ་དང་མི་དགེ་བའི་དབང་གིས་མཐོ་རིས་དང་ངན་སོང་སྐྱེད་པར་བྱེད་དོ། །དེ་ལྟར་ཚིགས་སུ་བཅད་པ་གཅིག་པོ་དེས་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་གསུངས་པ་ཡིན་ནོ། །ད་ནི་ལམ་གྱི་བདེན་པ་དང་འགོག་པའི་བདེན་པ་སྟོན་ཏེ། མཉམ་པར་སྦྱོར་བ་ནི་ཕྱག་རྒྱ་བཞི་དང་ངོ༌། །སྦྱོར་བ་བསྒོམས་པ་ནི་མངོན་སུམ་གྱི་སེམས་རང་བཞིན་བརྒྱད་ཅུའི་རྟོག་པ་དང་བྲལ་བ་བསྒོམ་པའོ། །གང་གི་ཚེ་རྣམ་པར་རྟོག་པའི་ལུས་ཞིག་ནས། བདེ་བ་སྟོང་པ་ཉིད་ཀྱི་རང་བཞིན་གཟུགས་བརྙན་ལྟ་བུའི་གཟུགས་སུ་བདག་བྱིན་གྱིས་རློབ་པ་དེའི་ཚེ། ས་དང་པོ་རབ་ཏུ་དགའ་བ་ཐོབ་ནས་བརྟན་པ་དང༌། གཡོ་བ་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པར་འགྱུར་རོ། །དེ་ལྟར་འགོག་པ་དང་ལམ་བསྟན་ནས། འབྲས་བུ་བཤད་པ་ནི། དེ་ཡི་ཁ་དོག་ཤེས་པར་བྱ། །ཞེས་བྱ་བ་ནི་འབྱུང་བ་ལ་རྣམ་སྣང་གིས་རྒྱས་བཏབ་ནས་ཡུལ་གྱི་སྟོང་པ་ཉིད་ཤེས་པའོ། །ནམ་མཁའ་དང་མཉམ་པ་ལྟ་བུ་ཞེས་བྱ་བ་ནི་སེམས་མི་བསྐྱོད་པས་རྒྱས་བཏབ་ནས་ནམ་མཁའ་ལྟ་བུ་སྟོང་པ་བསྒོམས་པའོ། །མྱ་ངན་ལས་འདས་པའོ་ཞེས་བྱ་བ་ནི་འོད་གསལ་བ་བསམ་གྱིས་མི་ཁྱབ་པ་བསྒོམས་ནས། རྡོ་རྗེ་སེམས་དཔས་རྒྱས་བཏབ་ནས་ཟུང་དུ་འཇུག་པ་ཤེས་པའོ། །དེས་ན་དེ་ལྟར་ངོ་ཤེས་པའི་སེམས་དེ་ཉིད་ཉོན་མོངས་པའི་སྒྲིབ་པས་མི་གོས་ཤིང་ཤེས་བྱའི་སྒྲིབ་པའི་དྲི་མ་སྤངས་པའོ། །དེ་སྐད་དུ་ཡང༌། གོང་བུའི་གཟུགས་ནི་འདས་གྱུར་ནས། །དངོས་པོ་མེད་པའི་སེམས་ཉིད་བསྒོམས། །སེམས་ཉིད་རྟག་པར་མི་བྱ་སྟེ། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །སེམས་ལ་རྣམ་གནས་རྣལ་འབྱོར་པ། །མྱ་ངན་འདས་པ་མི་སྟོན་ཏོ། །ཞེས་གསུངས་སོ། །དེ་ལྟར་གྲོལ་བའི་ལམ་བཤད་ནས། ད་ནི་ཆགས་པའི་ལམ་བཤད་པར་བྱ་སྟེ། དེ་ལམ་ནི་རྡོ་རྗེ་སློབ་དཔོན་དང་དུས་མཉམ་དུ་དབང་ཐོབ་པའོ། །སྲིད་མོ་ནི་རང་དང་དུས་མཉམ་དུ་དབང་བསྐུར་བའོ། །བུ་མོ་ནི་རང་གིས་དབང་བསྐུར་བའོ། །གཉེན་མོ་ནི་རང་གི་སློབ་མས་དབང་བསྐུར་བའོ། །དེ་བཞི་ནི་སྔགས་སྐྱེས་ཡིན་ལ། བྲམ་ཟེ་མོ་ལ་སོགས་པ་བཞི་ནི་གནས་ལ་སོགས་པ་ལས་སྐྱེས་པ་འཇིག་རྟེན་དུ་གྲགས་པ་ཡིན་ནོ། །གར་མཁན་མ་ལ་སོགས་པ་བཞི་ནི་ཞིང་སྐྱེས་ཀྱི་བྱེ་བྲག་རིགས་ཐ་མར་གྱུར་པ་བདུད་རྩི་དང་དཔའ་བོ་རྣམ་པ་ལྔ་རྣམས་ཟས་སུ་འདོད་པས་རྣམ་


DTG008_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གོམས་པས་རྣམ་རྟོག་ཆུང་བ་ཡིན་ཏེ། དེ་ལྟར་བ་སུ་ཏྲ་གཅིག་དབྱེ་བ་བཤད་ནས། ད་ནི་ཐབས་ཀྱི་ཁྱད་པར་བཤད་པར་བྱ་སྟེ། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །དེ་ཉིད་རིགས་པས་མཆོད་བྱ་ཞིང༌། །ཞེས་པ་ནི་རྟོག་པ་མེད་པའི་དགའ་བ་བཞི་པའི་རང་བཞིན་ནོ། །ཅི་ནས་ཚོར་བར་མི་བྱའོ། །ཞེས་བྱ་བ་ནི་རྣམ་པར་དབྱེ་བའི་གནས་སུ་གསང་ཐུབ་ཅིང་དམ་ཚིག་དང་ལྡན་པའོ། །རབ་ཏུ་འབད་དེ་བྱ་བ་ནི་བསྙེན་བསྒྲུབ་ངང་ལྡན་པས་སྦྱང་བར་བྱའོ། །མ་གསང་སྦྲུལ་དང་ཆོམ་རྐུན་དང༌། །ས་ལ་སྤྱོད་པས་སྡུག་བསྔལ་སྤྱོད། །ཅེས་པ་ནི་མ་སྤྱད་པའི་ཉེས་དམིགས་སོ། །དེ་ལྟར་ཐབས་ཀྱི་ཁྱད་པར་བསྟན་ནས། ད་ནི་ཕྱག་རྒྱའི་དབྱེ་བ་བཤད་པར་བྱ་སྟེ། སྔགས་སྐྱེས་མ་ལ་སོགས་པ་བཞི་ལ་དེ་བཞིན་གཤེགས་པ་ལྔའི་རིགས་སམ། རིགས་བརྒྱའི་རང་བཞིན་དུ་འགྱུར་བའི་དབྱེ་བ་བཤད་པ་ཡིན་ནོ། །དེ་ཡང༌། དག་བྱེད་དབང་གི་ལྷ་མོ་དང༌། །དཔའ་བོའི་ལྷ་མོ་བཀས་བསྒོས་སྐྱེས། །ཞེས་བྱ་བའི་མན་ངག་ནས་སེམས་འཛིན་པ་ལ་སོགས་པའི་ཡན་ལག་གཉིས་རིགས་དང་མཐུན་པ་ཡིན་ཏེ། རྒྱུའི་ཚོགས་པ་གཅིག་པ་ཡིན་པའི་ཕྱིར་རོ། །དེ་ལ་བྲམ་ཟེ་ནི་མདལ་ནས་སྐྱེས་པ་དང༌། རིགས་ཀྱིས་བསྐྱེད་པ་དང་གཉིས་དང་ལྡན་པའི་ཁྱད་པར་དུ་བྱས་པའི་ཕྱིར་རོ། །རྒྱལ་རིགས་ནི་རྒྱལ་སྲིད་དང་ལྡན་པའི་བུ་མོའོ། །རྗེའུའི་རིགས་ནི་གླང་པོ་ཆེ་སྐྱོང་བའི་རིགས་ཡིན་པས་རྗེའུ་རིགས་ཀྱི་ཁྱད་པར་ཡིན་ནོ། །ཞི་བ་ལ་སོགས་པ་བྱེད་ན་དམངས་རིགས་ཀྱི་ཁྱད་པར་ཡིན་ནོ། །དམངས་རིགས་ཤན་པ་མོ་དག་ནི་ཉ་པ་དང་ཤན་པ་དང་ལྷམ་མཁན་ལ་སོགས་པ་རྣམ་པར་སྣང་མཛད་ཆེན་པོའི་རིགས་སོ། །ལྷག་མའི་རིགས་བཞི་ནི་དེ་བཞིན་གཤེགས་པའི་རིགས་མ་གཏོགས་པ་བཞི་དང་མཐུན་པར་ཤེས་པར་བྱའོ། །ལོའི་ཚིགས་མ་ལ་སོགས་པའི་དབྱེ་བ་མཐའ་ཡས་པ་ཡོད་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ནི་མདོར་བསྡུས་ནས་བརྗོད་པ་ཡིན་ནོ། །དེ་ལྟར་དབྱེ་བ་བརྗོད་ནས་དེའི་འཐད་པ་བསྟན་པ་ནི། དེ་བཞིན་དུ་ནི་སླར་སོང་ནས། །དེ་བཞིན་དཔལ་ལྡན་སླར་འོང་མ། །ཤེས་རབ་འདི་ནི་ཞེས་བྱ་བ་ནི་མཚན་ཉིད་ཀྱི་ལྟ་བ་བཞིན་དུ་རང་གིས་རྟོགས་ཤིང༌། གཞན་ལ་སྟོན་པ་ནི། རིགས་འདི་ཤེས་རབ་སྟོང་པ་ཉིད་རྟོགས་པ་འདི་ལ་


DTG008_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །དེ་མཁས་པ་ཆེན་པོ་ཛྙཱ་ན་པའི་ཞལ་ནས། དེ་བཞིན་ཉིད་རང་གིས་མཁྱེན་ནས་སླར་བྱོན་ནས་ཉིད་ཀྱིས་གཟིགས་པའི་ལམ་དུ་གཟུང་བ་ནི་རྣལ་འབྱོར་གྱིས་མངོན་སུམ་རིག་པ་འདིས་བུད་མེད་རྣམས་ལ་ཤེས་རབ་ཅེས་བྱའོ། །སྔ་མ་ནི་དེ་བཞིན་གཤེགས་པ་དང་མཚན་ཉིད་མཐུན་པས་བུད་མེད་ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་ཡིན་ལ། ཕྱི་མ་ནི་དེ་བཞིན་གཤེགས་པས་མཁྱེན་ནས་བུད་མེད་རྣམས་ཤེས་རབ་རབ་ཏུ་བསྟན་པ་ཡིན་ནོ། །ཕུང་པོ་ཁམས་དང་དབང་པོ་དང་ཡུལ་དང་ཡེ་ཤེས་ལ་དབྱེ་བས་རིགས་བརྒྱ་ཡིན་ནོ། །མདོར་བསྡུ་ན་ལྔ་དང་གསུམ་གྱི་རང་བཞིན་དུ་བསྟན་ཏོ། །ཡང་ན་བྱེ་བྲག་ཕུང་པོ་ལྔ་དང་འབྱུང་བ་ལྔ་ལས་རིགས་སུ་འགྱུར་རོ། །རྡོ་རྗེ་ཐུགས་མ་དང༌། པདྨ་གསུང་དང༌། རིན་པོ་ཆེ་ཡོན་ཏན་དང༌། འཁོར་ལོ་ནོར་བུ་ཅན་སྒྲ་དང་ཚོགས་ཀྱི་སྣ་ཚོགས་རྡོ་རྗེ་འཛིན་པ་ལས་ཀྱི་རིགས་བསྡུ་བའོ། །དེ་ལྟར་ཆགས་པའི་ལམ་བསྟན་ནས། དེ་ནས་རང་ལྷག་པར་གནས་པའི་ལམ་བཤད་པར་བྱ་སྟེ། སྒོམ་པ་པོ་མེད་ཅེས་པ་ནི་འཛིན་པ་དང་བྲལ་བའོ། །བསྒོམ་བྱ་མེད་ཅེས་པ་ནི་གཟུང་བྱ་དང་བྲལ་བའོ། །སྔགས་མེད་ཅེས་བྱ་བ་ནི་བཅོས་མའི་བཟླས་པ་མེད་པའོ། །ལྷ་ཡང་མེད་ཅེས་པ་ནི་བཅོས་མའི་ལྷ་སྤངས་པའོ། །འོ་ན་ལྷ་བསྒོམ་པ་དང་སྔགས་བཟླས་པ་ལ་སོགས་པ་ཇི་ལྟར་བྱ་ཞེ་ན་སྤྲོས་པ་མེད་པའི་རང་བཞིན་དུ་ཞེས་བྱ་བ་སྨོས་ཏེ། འོད་གསལ་བའི་རང་བཞིན་བསྒོམ་མོ། །དེ་ལྟར་མདོར་བསྟན་ནས། རྒྱས་པར་བཤད་པ་ནི་སྤྲོས་པ་དང་བྲལ་བ་དེ་ཉིད་རིགས་ལྔའི་རང་བཞིན་དང༌། ཚངས་པ་ལ་སོགས་པར་སྣང་བ་ཆོས་ཀྱི་དབྱིངས་དེ་ཁོ་ན་རྟོགས་པ་ལས་བྱུང་བ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་བརྗོད་ཅེ་ན། གནས་གྱུར་པ་ཡེ་ཤེས་ལྔ་ལ་རྣམ་པར་སྣང་མཛད་ལ་སོགས་པ་ལྔར་བརྗོད་པ་ལས་འཁོར་བ་དང་མྱ་ངན་ལས་འདས་པས་ཚངས་པ་དང་སྟོང་པ་ཉིད་ལ་འཇུག་པས་ཁྱབ་འཇུག་དང༌། རྟག་ཏུ་ཟག་པ་མེད་པའི་བདེ་བ་ཡིན་པས་ཞི་བ་སྟེ། ཀུན་དུ་ཐམས་ཅད་བདག་ཉིད་བཞུགས། །ཞེས་བྱ་བའོ། །དེ་ཡང་གང་ཡིན་ཞེ་ན། ས་བཅུ་གཅིག་པའི་བདེ་བ་དམ་པ་ཟུང་དུ་འཇུག་པའི་དེ་ཁོ་ན་ཉིད་མཐར་ཕྱིན་ནས་རྟོགས་ཤིང་ཁོང་དུ་ཆུད་པ་ལས་སངས་རྒྱས་ལྔ་ཞེས་བྱའོ། །གློ་བུར་གྱི་


DTG008_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མའི་ལུས་ལས་དྲི་མ་མེད་པའི་རང་བཞིན་དུ་འབྱུང་བའི་ཕྱིར་རྣམ་པར་དག་པའི་ལྷ་ཞེས་བྱའོ། །དེ་ལ་མཚན་གྱི་བྱེ་བྲག་ཅི་ལྟ་བུ་ཞེ་ན། སྐལ་བ་དྲུག་དང་ལྡན་པའི་ཉོན་མོངས་པ་འཇོམས་པས་ན་བཅོམ་ལྡན་འདས་ཞེས་བྱའོ། །གདུལ་བྱ་འདོད་ཆགས་ཅན་རྣམས་ཀྱིའོ། །མ་དང་སྲིང་མོ་བུ་མོ་རྣམས་ཤེས་རབ་ཀྱང་བརྡར་བཏགས་ལ་ཚོས་མཁན་དང་གར་མཁན་དང་གཡུང་མོ་ཞེས་ཀྱང་བརྡར་བརྗོད་ལ། རྣམ་སྣང་ཆེན་པོའི་རང་བཞིན་དུ་འགྱུར་བས་ཐམས་ཅད་ལ་ཁྱབ་པ་འམ། གཉིས་སུ་མེད་པའི་དོན་གཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པའི་ཚུལ་གྱིས་བརྡར་འདོགས་པ་ཡིན་ནོ། །རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་བླངས་ན་འོད་གསལ་བའི་རང་བཞིན་ཉིད་རྟོགས་ན་ངག་གི་བརྗོད་པ་ཐམས་ཅད་བཟླས་པ་དང༌། རྐང་པ་འགྲོ་བ་དཀྱིལ་འཁོར་དང༌། ལག་པ་བསྐྱོད་པ་ཕྱག་རྒྱ་དང༌། སེམས་ཀྱིས་གང་བསམས་པ་ཐམས་ཅད་བསམ་གཏན་དུ་འགྱུར་རོ། །ཆགས་དང་སྡང་བ་ལ་སོགས་དང༌། །ལུས་ཀྱི་གཡོ་འགུལ་ལ་སོགས་དང༌། །ངག་གིས་ཇི་སྙེད་བརྗོད་པ་རྣམས། །ཆོས་ཉིད་ཅི་བཞིན་མཐོང་ནས་ནི། །ཐམས་ཅད་བདེ་བ་ཆེན་པོར་འགྱུར། །ཞེས་གསུངས་སོ། །དེ་ལྟར་རང་ལྷག་པར་གནས་པའི་ལམ་བཤད་ནས། དེ་ཇི་ལྟར་རྟོགས་པའི་ཐབས་བསྟན་པ་ནི། ཕ་ལས་ཐོབ་པའི་བདེ་བ་གང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བླ་མ་ལས་དབང་བསྐུར་བའི་དུས་སུ་བདེ་བ་རྟོགས་པ་མེད་པ་མྱོང་ནས་བདེ་བའི་རྒྱུན་རྣམས་རྣལ་འབྱོར་པ་རང་གི་དགའ་བ་གསུམ་ལས་ལུས་དང་སེམས་མངོན་སུམ་དུ་ལོངས་སྤྱད་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཆུའི་བདེ་བ་གང་ཡིན་པ་དེ་རང་བཞིན་བརྒྱད་ཅུས་འགགས་ཤིང་འོད་གསལ་བའི་རང་བཞིན་གྱིས་བདེ་བ་ཆེན་པོ་དེ་ལ་བསམ་གཏན་གྱི་བདེ་བ་ཞེས་བརྗོད་དོ། །དེ་ཉིད་ནི་མངོན་སུམ་གྱིས་ལམ་གྱི་ཟག་བཅས་དང་ཟག་མེད་ཀྱི་བདེ་བ་རྒྱུ་ཚོགས་པ་ལས་བྱུང་བ་ཡིན་ནོ་ཞེས་བསྟན་ཏོ། །བརྟག་པ་དང་པོའི་རབ་ཏུ་བྱེད་པ་དང་པོའོ།། །།

བརྟག་པ་དང་པོའི་རབ་ཏུ་བྱེད་པ་གཉིས་པ། བྱང་ཆུབ་ཕྱོགས་ཀྱི་སེམས་རྩ་བའི་འཁོར་ལོ་སྣང་བ་དང་བཅས་པ་བསྟན་པ།


DTG008_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དེ་ཁོ་ན་ཉིད་བསྒོམ་པའི་རབ་ཏུ་བྱེད་པ་བཤད་ནས། ད་ནི་འཁོར་བ་དང་མྱ་ངན་ལས་འདས་པ་རོ་མཉམ་པར་བསྟན་པའི་ཕྱིར། དཀྱིལ་འཁོར་རྣམས་ཀྱང་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་


DTG008_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རང་བཞིན་ཡིན་པར་བསྟན་པར་བཞེད་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གསུངས་ཏེ། དེ་ལ་བྱེད་པ་ལ་ཉེ་བར་གནས་པའི་རྒྱུའི་སས་བསྡུས་པ་དང༌། གནས་པ་ལས་གྱུར་པ་འབྲས་བུ་མི་སློབ་པའི་སས་བསྡུས་པའོ། །དེ་ལ་གསང་སྔགས་ཀྱི་ཐེག་པ་ནི་སྒྱུ་མ་ལྟ་བུ་དང་སྟོང་པ་འོད་གསལ་བའི་རང་བཞིན་དུ་ཅིག་ཅར་བསྒོམས་པ་ཡིན་ཏེ། སྒྱུ་མ་ལྟ་བུ་སུམ་ཅུ་རྩ་བདུན་ནི་ཐབས། སྟོང་པ་ཉིད་སུམ་ཅུ་རྩ་བདུན་ནི་ཤེས་རབ། ཟུང་དུ་འཇུག་པ་སུམ་ཅུ་རྩ་བདུན་ནི་བདེ་བ་ཆེན་པོ་ཡིན་ནོ་ཞེས་ཐོས་བསམ་གྱིས་ཤེས་པར་བྱས་ནས་ཕྱག་རྒྱ་བཞི་ལ་བརྟེན་ནས་ཡུལ་ཤེས་རབ་ཀྱི་སྟོང་པ་ཉིད་དང༌། ཡུལ་ཅན་ཐབས་ཀྱི་སྟོང་པ་ཉིད་མངོན་སུམ་དུ་ཤེས་པར་བྱས་ནས་བསྒོམ་པ་ཡིན་ནོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ལུས་དང་ཚོར་བ་དང་སེམས་དང་ཆོས་ཡིན་ལ་ཡུལ་ཅན་ཤེས་རབ་ཀྱི་རྣམ་པ་ནི་སྟོང་པ་ཉིད་དུ་བྱེད་པ་ཡིན་ནོ། །སྔགས་ཀྱི་ཐེག་པ་ནི་ལུས་དང་ཚོར་བ་དང༌། སེམས་ཀྱི་ཆོས་ནི་བསྐྱེད་རིམ་པས་ལྷ་མོ་བཞི་བསྒོམ་པ་དང༌། རྫོགས་རིམ་ལ་རྩ་བཞི་བསྒོམས་ནས། དེ་ལ་ཡུལ་སྟོང་པ་ཉིད་དང༌། ཡུལ་ཅན་སྒྱུ་མ་ལྟ་བུར་རོ་གཅིག་པར་བསྒོམ་པ་ན། ཆུའི་ཟླ་བའམ། སྨིག་རྒྱུ་ལྟ་བུར་སེམས་ཀྱིས་རྣམ་པ་བྱེད་པ་ཡིན་ནོ། །དེའི་དགོས་པ་ནི་ལུས་ཀྱི་གནས་ངན་ལེན་དང༌། སྲེད་པ་དང༌། བདག་ཏུ་འཛིན་པ་དང༌། ཆོས་སུ་རྨོངས་པ་སྤོང་བའི་ཕྱིར་བསྒོམ་པ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་བརྩོན་འགྲུས་ཀྱི་གྲོགས་དང་བཅས་པས་ཉོན་མོངས་པ་མ་སྐྱེས་པ་མི་སྐྱེད་པ་དང༌། སྐྱེས་པ་རྣམས་སྤོང་བའི་ཕྱིར་སྦྱོར་བ་ལ། འདུན་པ་བསྐྱེད་ཅིང་དངོས་གཞི་ལ་འབད་དེ་རྗེས་ལ་བརྩོན་འགྲུས་རྩོམ་མོ། །དེ་ལྟར་སེམས་རབ་ཏུ་འཛིན་ཅིང་མ་འོངས་པ་ལ་སེམས་དབང་དུ་སྨོན་ཏོ། །དེ་བཞིན་དུ་དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང༌། བསྐྱེད་པ་འཕེལ་བའི་ཕྱིར་བྱེད་པ་ཡིན་ནོ། །དེ་ལ་རྫུ་འཕྲུལ་གྱི་རྐང་པ་ནི་ཏིང་ངེ་འཛིན་གྱི་གྲོགས་དང་ལྡན་པས་འདུན་པ་དང༌། བརྩོན་འགྲུས་དང་དཔྱོད་པ་དང༌། སེམས་དང༌། ཏིང་ངེ་འཛིན་བཞི་ལ་རེ་རེས་ཀྱང་མི་མཐུན་པའི་ཕྱོགས་ཀྱིས། ལེ་ལོ་དང༌། བརྗེད་པ་དང༌། བྱིང་བ་དང༌། རྒོད་པ་དང༌། འདུ་བྱེད་དང༌། འདུ་མི་བྱེད་དེ། ཉེས་པ་ལྔ་པོ་སྤོང་པ་ཡིན་ནོ། །དེ་ལ་ལེ་ལོའི་གཉེན་པོ་ནི་


DTG008_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བདུན་པ་དང༌། གནས་པ་བརྩོན་འགྲུས་དང་རྒྱུ་དད་པ་དང༌། འབྲས་བུ་ཤིན་ཏུ་སྦྱངས་པ་བཞི་དང༌། དྲན་པ་དང་ལྔས་བརྗེད་ངས་པ་སྤོང་བ་ཡིན་ནོ། །བྱིང་བ་དང་རྒོད་པ་ནི་ཤེས་བཞིན་གྱིས་སྤོང་ངོ༌། །འདུ་མི་བྱེད་པ་ནི་སེམས་པས་སྤོང་ངོ༌། །འདུ་བྱེད་དྲགས་པ་ནི་བཏང་སྙོམས་ཀྱིས་སྤོང་ངོ༌། །དེ་ལ་དབང་པོ་རྣམས་ནི་མི་མཐུན་པའི་ཕྱོགས་སྤངས་ནས་རང་གི་རིགས་འདྲ་བསྐྱེད་པ་ལ་དབང་བའི་ཕྱིར་དབང་པོའོ། །མི་མཐུན་པའི་ཕྱོགས་ཀྱིས་མི་བརྫི་བའི་ཕྱིར་སྟོབས་སོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རང་བཞིན་གྱི་ཡན་ལག་ནི་ཆོས་རྣམ་པར་འབྱེད་པའོ། །གནས་པའི་ཡན་ལག་ནི་དྲན་པའོ། །ངེས་པར་འབྱུང་བའི་ཡན་ལག་ནི་བརྩོན་འགྲུས་སོ། །དགའ་བ་ནི་ཕན་ཡོན་ཡིན་ལག་གོ །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ཡན་ལག་གོ །གཞིའི་ཡན་ལག་དང༌། གནས་པའི་ཡན་ལག་དང༌། ངོ་བོ་ཉིད་ཀྱི་ཡན་ལག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་ལ་ཡོངས་སུ་གཅོད་པའི་ཡན་ལག་ནི་ལྟ་བའོ། །གོ་བར་བྱེད་པའི་ཡན་ལག་ནི་རྟོག་པའོ། །ལྟ་བས་ཡིད་ཆེས་པའི་ཡན་ལག་ནི་ངག་གོ །ཚུལ་ཁྲིམས་ཀྱིས་གཞན་ཡིད་ཆེས་པར་བྱེད་པ་ནི་ལས་ཀྱི་མཐའོ། །ཡོ་བྱད་བསྙུངས་པས་གཞན་ཡིད་ཆེས་པར་བྱེད་པ་ནི་འཚོ་བའོ། །ཉོན་མོངས་པའི་གཉེན་པོ་ནི་རྩོལ་བའོ། །ཉེ་བའི་ཉོན་མོངས་པའི་གཉེན་པོ་ནི་མངོན་ཤེས་སོ། །དབང་གིས་བསྒྲིབས་པའི་གཉེན་པོ་ནི་ཏིང་ངེ་འཛིན་ཏེ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཅིག་ཅར་བསྒོམ་པ་བསྟན་ནས་དེའི་སྣང་བ་ལུས་ཀྱི་འཁོར་ལོའི་རྩ་བཤད་པར་བྱ་སྟེ། དེ་ལྟར་ཡང་དག་བཤད་དེ་དག །རབ་ཏུ་དགའ་ལ་སོགས་པའི་ས། །ཞེས་བྱ་བ་ལ་སོགས་པ་ནི་རྩའི་རྟེན་གྱི་བྱེ་བྲག་བཤད་པའོ། །དབང་པོ་རྣམས་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡིན་ཟེར་རོ། །ཕུང་པོ་ལྔ་སངས་རྒྱས་ཡིན་པ་དང༌། སོགས་ཀྱིས་འབྱུང་བ་ལྔ་ལྷ་མོ་ཡིན་པ་གནས་དེ་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཤེས་པ་རྟོག་མེད་འབྱུང་བ་ཡིན་ནོ། །དུས་ནམ་གྱི་ཚེ་ཞེ་ན། བྱང་ཆུབ་སེམས་ནི་སུམ་ཅུ་གཉིས། །གང་ཚེ་འདིར་ནི་ཡོང་གང་བ། །ཞེས་བྱ་སྟེ། ལུས་ལ་ཚོར་བ་སྡུག་བསྔལ་གྱི་ཕུང་པོ་ནད་


DTG008_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་ཚོར་བ་བཏང་སྙོམས་ཀྱི་དབང་པོ་ཁམས་ཉི་ཤུ་རྩ་བཞི་སྦྱངས་ནས། དགའ་བ་དང་མཆོག་དགའ་དང༌། ལྷན་ཅིག་སྐྱེས་དགའ་ཁྱབ་པའི་དུས་ཀྱི་ཚེ། བདེ་བ་རྟོག་པ་མེད་པ་ཡིན་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷའི་རང་བཞིན་ནོ། །དེ་རང་གི་ལུས་ལ་ཞི་གནས་ཀྱི་སངས་རྒྱས་བཞུགས་པས་གཞན་དུ་གང་ནའང་སངས་རྒྱས་མེད་ཀྱང་མི་ཤེས་པས་སངས་རྒྱས་འདོད་དོ། །སེམས་དེའི་སྟོང་པ་ཉིད་ནི་ལུས་ལ་གནས་ཀྱང་ལུས་ལས་མ་སྐྱེས་པ་ཡིན་ཏེ། ཀུན་དུ་བརྟགས་པ་ནུབ་ནས་རྟོག་པ་ཐམས་ཅད་སྤངས་པ་ཡིན་ལ། གཞན་གྱི་དབང་ནུབ་ང་ཀུན་དུ་རྟོག་པ་ཐམས་ཅད་ནུབ་པ་ཡིན་ནོ། །མི་འགྱུར་བར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པས་དངོས་པོ་ཀུན་ལ་ཁྱབ་ཅིང་ལུས་ལ་གནས་ཀྱང་གློང་བུར་གྱི་རྣམ་པར་རྟོག་པས་མ་སྐྱེས་པ་ཡིན་ནོ། །དེ་སྐད་དུ་ཡང༌། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གི །འབད་དུ་ཟིན་ཀྱང་མི་ཟློགས་ཤིང་བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་བཤད་དོ། །དེས་ན་རང་རིག་འོད་གསལ་བ་ལས་ནི་ཕུང་པོ་ལྔའི་ལྷན་ཅིག་བྱེད་པའི་རྐྱེན་བྱེད་ལ་གློ་བུར་གྱི་རྟོག་པ་ཕུང་པོ་ལྔས་ནི་སེམས་འོད་གསལ་བའི་རྐྱེན་མི་བྱེད་དོ། །དེས་ན་རང་རིག་པ་འོད་གསལ་བས་ནི་ཉམས་སུ་མྱོང་བའི་རྒྱུ་རྐྱེན་ལས་སྐྱེའི་གློ་བུར་གྱི་རྣམ་པར་རྟོག་པ་ལས་མི་སྐྱེའོ། །དེས་ན་འབད་དུ་ཟིན་ཀྱང་གློ་བུར་གྱི་རྣམ་པར་རྟོག་པའི་སྒྲིབ་པས་མི་ཟློགས་པ་དེ་ལ་བདེ་བ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་ཞི་གནས་ཀྱི་བདེ་བའི་རྟེན་རྩ་དུ་མཆིས་ཞེས་ཞུས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་འཁོར་ལོ་བཞིའི་རྩ་གཙོ་མོ་བརྒྱ་ཉི་ཤུ་བསྟན་པ་དང༌། སྤྱི་གཙུག་གི་བྱང་ཆུབ་ཀྱི་སེམས་འབབ་པ་ལུས་ཐམས་ཅད་ལ་ཁྱབ་པའི་རྩ་སུམ་ཅུ་རྩ་གཉིས་བསྟན་ལ། རྩ་རྣམས་ཀྱང་དབྱིབས་ཀྱིས་མཚོན་ནས་མིང་གི་བརྡར་བཏགས་པ་ནི་གཉིས་ཡིན་ཏེ། བདེ་མཆོག་དང་སྦྱར་ནས་གནས་ཉི་ཤུ་རྩ་བཞི། འཁོར་ལོ་གསུམ་དང༌། བུ་ག་དགུའི་རྩ་དམ་ཚིག་གི་འཁོར་ལོའི་རྟེན་བཞད་པ་ཡིན་ནོ། །དགྱེས་པ་རྡོ་རྗེ་དང་སྦྱར་ནས་ར་ས་ནཱ་དང་ལ་ལ་ནཱ་དང༌། ཨཝ་དྷཱུ་ཏཱི་གསུམ་གསུམ་ནི་གཙོ་བོ་ཡིན་ལ། མི་ཕྱེད་པ་ནི་རྡོ་རྗེ་བདག་མེད་མ་ཡིན་ཞིང༌། དེ་ལ་རྩ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ལྡན་པ་ཡིན་པས་ན་


DTG008_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བཞིར་སྣང་བ་ཡིན་ནོ། །གཞན་ལྷ་མོ་བཅོ་ལྔ་ནི་ཐབས་དང་ཤེས་རབ་གཉིས་དང་ལྡན་པ་ཡིན་པས་ན་རྩ་གཉིས་གཉིས་སུ་འཇོག་པ་ཡིན་པ་འམ་ཡང་ན་རྒྱུ་འབྲས་བུ་གཉིས་དང་ལྡན་པ་ཡིན་ནོ། །ཡང་ན་སངས་རྒྱས་མཉམ་སྦྱོར་དང་སྦྱར་ནས། རིགས་དྲུག་གི་རྟེན་ཧེ་རུ་ཀ་དང་ལྡན་པས་ན་རྩ་དྲུག་ལྔ་སུམ་ཅུ་ཐམ་པ་ཡིན་ལ། ར་ས་ནཱ་དང༌། ལ་ལ་ནཱ་ནི་དབུས་ཀྱི་གཙོ་བོ་ཧེ་རུ་ཀའི་སྐུ་གསུམ་དང་ལྡན་པར་སྟོན་པ་ཡིན་ནོ། །བཅོམ་ལྡན་འདས་ལ་རྩ་དེ་དག་གི་རང་བཞིན་ཞུས་པ་ནི། སྲིད་པ་གསུམ་པོ་ཐམས་ཅད་ཀྱི་ལུས་རྩར་སྣང་ཡང་བསམ་གཏན་གྱི་བདེ་བ་རྟོག་མེད་སྐྱེས་པའི་དུས་སུ་རང་བཞིན་བརྒྱད་ཅུའི་རྟོག་པ་བརྒྱད་ཅུ་པོ་མཚན་མོའི་སྒྲས་བསྟན་པ་དང༌། འཛིན་པའི་རྟོག་པ་བརྒྱད་ཅུའི་ཉིན་མོའི་བརྡར་བསྟན་པ་དང་བྲལ་བ་ཡིན་ནོ། །བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྣང་བ་ནི་རྣམ་པར་རྟོག་པ་རྣམས་སྤངས་པ་ལ་གཟུང་བ་དང་འཛིན་པ་དང་བྲལ་བའི་ཡེ་ཤེས་འདུས་མ་བྱས་པ་སྟེ། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའོ། །ཞེས་གསུངས་པ་དང༌། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང༌། ཡེ་ཤེས་ལྔ་ཡི་རང་བཞིན་ལུས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །ཅེས་གསུངས་སོ། །རབ་ཏུ་བྱེད་པ་གཉིས་པའི་བཤད་པའོ།། །།

བརྟག་པ་དང་པོའི་རབ་ཏུ་བྱེད་པ་གསུམ་པ། བདེ་མཆོག་དང་མཉམ་སྦྱོར་གྱི་གླེང་གཞི་བསྟན་པ།


DTG008_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སེམས་སྣང་བ་དང་བཅས་པའི་རབ་ཏུ་བྱེད་པ་བཤད་ནས། ཞི་གནས་དང་ལྷག་མཐོང་ཉམས་སུ་བླང་བ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། གསང་ཆེན་བདེ་བའི་ཞི་གནས་ཀྱི་བདེ་བ་དང༌། ཡེ་ཤེས་བླ་ན་མེད་པ་ལྷག་མཐོང་གི་རང་བཞིན་དང༌། བླ་ན་མེད་པའི་སྙིང་པོ་ཉམས་སུ་བླང་བའི་ཐབས་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཉམས་སུ་བླང་བཞི་གནས་དང་ལྟག་མཐོང༌། རྣམ་ཤེས་དང་ཡེ་ཤེས་ཀྱི་སྒྲོན་མ་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུངས་པ་ཡིན་ནོ། །དེ་ལ་དང་པོ་གླེང་གཞིའི་དོན་བསྟན་པ་ནི་གསང་བ་དགའ་བ་དང་།མཆོག་དགའ་དང༌། དགྱེས་པ་ལྷན་ཅིག་སྐྱེས་པའི་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་དང༌། སྟོན་པའི་གཙོ་བོ་བདག་ཉིད་དུས་རྟག་ཏུ་བཞུགས་སོ། །སྟོན་པའི་གཙོ་བོ་གང་ཡིན་ཞེ་ན། སངས་རྒྱས་ཀུན་དངོས་སེམས་དཔའ་སྟེ། །རིགས་ལྔའི་རང་


DTG008_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཧེ་རུ་ཀ །རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་པའི་སྐུའི་བདེ་མཆོག་དང༌། ཆོས་སྐུས་བདུད་བཞི་བཅོམ་ཞིང་ཟུང་དུ་འཇུག་པའི་རྣལ་འབྱོར་ཏེ་ཡེ་ཤེས་ཕུན་སུམ་ཚོགས་པ་དང༌། གློ་བུར་གྱི་རྣམ་པར་རྟོག་པས་མི་བསྐྱོད་པས་ན་བརྟན་ཞིང་མི་མཐུན་པའི་ཕྱོགས་ཀྱིས་བར་དུ་མི་ཆོད་པས་ན་རྟག་པ་ཉིད་དེ་སྤངས་པ་ཕུན་སུམ་ཚོགས་པའོ། །རྟག་ཏུ་ད་ལྟར་བྱུང་བ་དང༌། །ཞེས་པ་ནི་མྱོང་བ་འབའ་ཞིག་དུས་གསུམ་དང་བྲལ་བས་ན་དེར་སྣང་བ་ཙམ་སྟེ། ཧེ་ནི་རྒྱུ་ཚོགས་སྤངས་པ་དང༌། །རུ་ནི་བཀོད་པ་དང་བྲལ་བས། །ཀ་ནི་གང་དུ་འང་མི་གནས་པས། །ཞེས་འབྱུང་བས་དུས་གསུམ་གྱིས་སྟོང་པས་དངོས་དང་རྗེས་ཐམས་ཅད་དུ་ཆོས་ཀྱི་དབྱིངས་ལས་མི་བཞེངས་པས་ན་རང་བཞིན་གྱིས་ནི་འདའ་དཀའ་བའོ། །དེ་ལྟར་སྐུ་གསུམ་བསྟན་ནས། ད་ནི་བཤད་པའི་ཆོས་ཕུན་སུམ་ཚོགས་པ་བསྟན་པར་བྱ་སྟེ། སྣ་ཚོགས་ལས་ཀྱི་སྦྱོར་བ་ཡིས། །ཞེས་པ་ནི་ཐབས་ལྔ་དང་ཤེས་རབ་ལྔ་མཉམ་པར་སྦྱོར་བའོ། །སྣ་ཚོགས་ཆོ་ག་འདོད་རྣམས་ལ། །ཞེས་བྱ་བ་ནི། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་གང་འདོད་པ་ལ། དེ་ལྟ་དེ་ལྟར་སྟོན་ཅིང་སྟོན་པ་པོ་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པས་གདུལ་བྱ་བཞིན་དུ་རྒྱུད་དགུ་རྫོགས་པར་མཛད་པ་ཡིན་ནོ། །དེ་ཡང་ཁྱད་པར་ཅི་ལྟ་བུ་ཞེ་ན། སངས་རྒྱས་ཀུན་སོགས་བརྟན་གཡོ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀུན་ནི་མྱ་ངན་ལས་འདས་པའི་གཟུགས་སུ་སྣང་བའོ། །དངོས་པོ་ཀུན་དུ་འདི་འགྱུར་རོ། །ཞེས་པ་ནི་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་རང་བཞིན་ཅན་དུ་སྣང་བའོ། །དེ་ཉིད་ཀྱང་གང་ཞེ་ན། སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་དང༌། ཐབས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལུས་བདེ་བ་དང་ཡིད་བདེ་བ་དང་རྣལ་འབྱོར་མ་རྣམས་རང་བཞིན་བརྒྱད་ཅུ་གཟུང་བ་མཚན་མོར་སྣང་བ་དང༌། འཛིན་པ་ནི་ཉིན་མོར་སྣང་བའི་རྟོག་པ་རྣམས་དང་བྲལ་བས་ན། བདེ་བ་རྟོག་པ་མེད་པ་ཡུལ་དང་ཡུལ་ཅན་རོ་གཅིག་པའི་ཞི་གནས་ཀྱི་མཉམ་པར་སྦྱོར་བ་དང༌། བདེ་བ་སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་རོ་གཅིག་པའི་ལྷག་མཐོང་གི་མཉམ་པར་སྦྱོར་བའི་ཕྱིར་རོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་བྱ་བ་ནི་རྩའི་དྲ་བ་ལས་


DTG008_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་སྡོམ་པས་དབྱིངས་དང་རླུང་གི་དྲ་བ་ལས་སྔགས་ཀྱི་རང་བཞིན་དང༌། སྟོང་པ་ཉིད་དང་སྒྱུ་མ་ལྟ་བུའི་རང་བཞིན་སྡོམ་པས་སེམས་ཀྱི་སྡོམ་པ་ཆོས་ཀྱི་རང་བཞིན་ནོ། །སྡོམ་པ་ཞེས་བྱ་བའི་སྒྲས་ནི་བདེ་མཆོག་ལ་བྱའོ། །དེ་ལྟར་ཚིགས་བཅད་གཅིག་གིས་ཞི་གནས་དང༌། ལྷག་མཐོང་གི་རྒྱུད་ཐབས་བསྟན་ནས། ད་ནི་སྒྱུ་མ་བདེ་བའི་ཐབས་ཡིན་པར་སྟོན་ཏེ། སྒྱུ་མ་བདེ་བ་འདི་ཡིས་ནི། །ཞེས་བྱ་བ་སྨོས་ཏེ། སྒྱུ་མ་དེ་གང་ཞེ་ན། མཁའ་འགྲོ་མ་དྲ་བ་བདེ་བའི་མཆོག་གོ །རྣམ་པ་དུ་ཞེ་ན། ཐམས་ཅད་དུ་ནི་སྣ་ཚོགས་མཆོག །ཅེས་བྱ་སྟེ། ཕྱག་རྒྱ་བཞིས་རྒྱས་བཏབ་ནས་ཡུལ་ཐམས་ཅད་དུ་དངོས་པོ་བདེ་བ་སྣ་ཚོགས་པ་གཟུང་འཛིན་དང་བྲལ་བས་ན་མཆོག་སྟེ། སུའི་ཞེ་ན། སེམས་ཅན་ཀུན་གྱི་དོན་དུའོ། །ཇི་ལྟ་བུ་ཞེ་ན། བླ་ན་མེད་པར་རོ། །ཐབས་གང་གིས་ཤེ་ན། སངས་རྒྱས་ལ་སོགས་འདུལ་བས་གྲུབ། །ཅེས་གསུངས་ཏེ། ཚོགས་ཀྱི་འཁོར་ལོ་བྱེད་པའི་དུས་སུ་སངས་རྒྱས་ལྔ་དང༌། དཔའ་བོ་ཐམས་ཅད་དང་དཔའ་བོ་དང་དཔའ་མོའི་མཉམ་པར་སྦྱོར་བའི་ཚུལ་གྱིས་བཞུགས་ནས་གདུལ་བྱ་འདོད་པའི་ཡོན་ཏན་ལྔ་ལ་མོས་པ་ལ་གཟུགས་སྡུག་པ་དང༌། སྒྲ་སྙན་པ་དང༌། དྲི་ཞིམ་པ་དང༌། རོ་མངར་བ་དང་རེག་བྱ་ཡིད་དུ་འོང་བའི་བར་གྱིས་གདུལ་བྱ་འདུལ་བར་གྲུབ་པོ། །དེ་སྐད་དུ་ཡང༌། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །འདི་ཡི་བྱེད་པ་རྡོ་རྗེ་སེམས། །ཞེས་གསུངས་སོ། །མཉམ་སྦྱོར་ལས་ཀྱང༌། བསྐལ་པ་བྱེ་བ་གྲངས་མེད་སྙེད། །སངས་རྒྱས་ཐམས་ཅད་མ་མཐོང་ལ། །ཕྱག་རྒྱའི་སྦྱོར་བ་གང་དག་གིས། །ཚེ་འདི་ཉིད་ཀྱིས་འགྲུབ་པར་འགྱུར། །དེ་ནི་བདག་གིས་བསྟན་པར་བྱ། །སངས་རྒྱས་ཀུན་དངོས་བདེ་བའི་མཆོག །ཅེས་གསུངས་སོ། །ད་ནི་ལས་ཀྱི་ཕྱག་རྒྱའི་དམ་ཚིག་སྟོན་ཏེ། རང་གི་གཟུགས་ནི་ཡོངས་བརྗེས་ནས། །ཞེས་བྱ་བ་ནི་ཆགས་པ་དང་བྲལ་བའི་གཟུགས་སྤངས་ནས་ཆགས་པ་ཆེན་པོའི་གཟུགས་སུ་བསྒྱུར་ཏེ། ལས་ཀྱི་ཕྱག་རྒྱ་རྣམ་པ་བཞིའི་དབྱེ་བས་བདེ་བའི་ཏིང་ངེ་འཛིན་ཤེས་པར་བྱེད་པའོ། །དེ་ཡང་དུ་ཞེ་ན། མ་དང་སྲིང་མོ་དང་བུ་མོ་དང་ཚ་མོ་སྟེ་བཞི་དང་རྒྱལ་རིགས་དང་རྗེའུ་རིགས་དང་བྲམ་ཟེའི་རིགས་དང་དམངས་རིགས་ཏེ་བཞི་དང༌། བཅུ་གཉིས་མ་དང༌། བཅུ་དྲུག་མ་དང་།ཉི་


DTG008_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་མ་དང༌། ཉི་ཤུ་རྩ་བཞི་མ་སྟེ་བཞི་དང༌། སྔགས་སྐྱེས་མ་དང༌། ཞིང་སྐྱེས་མ་དང༌། ལས་ལས་སྐྱེས་མ་དང༌། ཡེ་ཤེས་ལས་སྐྱེས་མ་སྟེ། བཞི་དང་བཅུ་དྲུག་གོ །དེ་དག་ནི་བུད་མེད་ཀྱི་སྒྱུ་མས་གྲུབ་ཅེས་བྱ་སྟེ། སྒྱུ་མར་ཁྱད་པར་མེད་ཀྱང༌། བདེ་བའི་སྒྱུ་མ་ནི་སྒྱུ་མ་རྣམས་ཀྱི་མཆོག་ཡིན་ཏེ། དེས་སྣ་ཚོགས་སྒྱུ་མའི་ཕྱག་རྒྱའི་བརྡར་བཏགས་ནས་མཁའ་འགྲོ་མ་ཞེས་བྱའོ། །ཅིའི་ཕྱིར་དེ་ལ་མཁའ་འགྲོ་མ་ཞེས་བྱ་ཞེ་ན། སྒྲ་བཤད་པའི་རྒྱུ་མཚན་དང་འཇུག་པའི་མཚན་ཉིད་གཉིས་ཡོད་དེ། ཌཱ་ཡི་སྒྲ་ལས་མཁའ་འགྲོ་ཞེས། །འདིར་ནི་ཁམས་ལ་རྣམ་པར་བརྟག །ཅེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་དེའི་ཨ་ཀ་ས་མ་ཞེས་བྱ་བའི་སྒྲའི་ཁམས་ཀྱིས་སྒྲ་བཤད་པའི་རྒྱུ་མཚན་ཡིན་ནོ། །འཇུག་པའི་རྒྱུ་མཚན་ནི་ཞི་གནས་རྟོག་མེད་ཀྱི་ནམ་མཁའ་གཟུགས་མེད་པ་བཞི་དང༌། བསམ་གཏན་བཞི་རྟོགས་ན་རྒྱུ་བས་མཁའ་འགྲོ་མ་བཞིའོ། །ཡང་ས་བཅུ་གཅིག་གི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་རྟོགས་ཤིང་རྒྱུ་བས་མཁའ་འགྲོ་མ་ཞེས་བྱའོ། །དེ་ལྟར་མཁའ་འགྲོ་མའི་ངེས་ཚིག་བཤད་ནས། ད་ནི་མཁའ་འགྲོ་མ་རྣམས་ཀྱི་རིགས་ཀྱི་དབྱེ་བ་བཤད་དེ། ཀུན་དུ་སྣ་ཚོགས་ཕྱག་རྒྱ་ནི། །ཀུན་དུ་ཡིད་འོང་བདེ་མཆོག་ཡིན། །ཞེས་བྱ་བ་ནི་དག་བྱེད་ཀྱི་ལྷ་མོ་དབང་གི་ལྷ་མོ་དང༌། དཔའ་བོའི་ལྷ་མོ་དང༌། བཀས་གནང་བ་དང༌། དེ་འོག་མ་ལུས་ཀུན་སྤྱོད་མའི་ཕྱག་རྒྱའོ། །ཀུན་དུ་སྣ་ཚོགས་བདེ་མཆོག་ནི། །སེམས་འཛིན་པའི་ཡན་ལག་དང༌། དབང་བསྐུར་བའི་ཡན་ལག་དང༌། ཚོགས་ཀྱི་འཁོར་ལོའི་རིམ་པ་དང༌། མཆོད་པའི་ཡན་ལག་གོ །དེ་ཡང་དབྱེ་ན་དུ་ཞེ་ན། རྡོ་རྗེ་རྡོ་རྗེ་འཛིན་ཉིད་དང༌། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ནི་རྡོ་རྗེའི་རིགས་ཡིན་ལ། དེ་ལས་བྱུང་བ་ཧེ་རུ་ཀའི་རིགས་ནི་རྡོ་རྗེ་འཛིན་པ་ཉིད་དོ། །པདྨ་ནི་སྣང་བ་མཐའ་ཡས་ཀྱི་རིགས་ཡིན་ལ། པདྨ་འཛིན་པ་ནི་ལས་ཀྱི་རིགས་ཡིན་ནོ། །ནོར་བུའི་རིགས་ནི་རིན་པོ་ཆེའི་རིགས་ཡིན་ལ། ནོར་བུ་འཛིན་པ་ནི་རིན་པོ་ཆེའི་རིགས་ཡིན་ནོ། །དེ་ལྟར་ན་རིགས་དྲུག་ཀའི་རང་བཞིན་དུ་འདི་རྣམས་སྣང་བ་ཡིན་ནོ། །ཡང་ན་རྡོ་རྗེ་པདྨ་དང་ནོར་བུ་ཆོས་ཀྱི་དབྱིངས་དང་སོ་སོར་རྟོག་པ་དང༌། མེ་ལོང་ལྟ་བུ་ཡིན་ལ། འཛིན་པ་གསུམ་ནི་སྟོང་པ་ཉིད་གསུམ་དང་ལྡན་པ་ཡིན་ནོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། གནས་དབེན་


DTG008_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཡིད་དུ་འོང་བར་དཔའ་བོ་དང་དཔའ་མོའི་ལྷའི་གྲངས་དང་མཉམ་པར་བསགས་ནས་བསྙེན་བསྒྲུབ་བཞིས་ཇི་ལྟ་བ་བཞིན་དུ་སྦྱང་བ་བྱས་པ་འམ། ཡང་ན་གདོང་བརྙན་གོན་ལ་ལྷའི་ཆ་བྱད་བཟུང་ནས། གཟུགས་རྡོ་རྗེ་མ་དང༌། སྒྲ་རྡོ་རྗེ་མ་དང༌། དྲི་རྡོ་རྗེ་མ་དང༌། རོ་རྡོ་རྗེ་མ་དང༌། རེག་བྱ་རྡོ་རྗེ་མ་རྣམས་ལ། གཟུགས་འཛིན་གྱི་རྣམ་པར་སྤངས་ནས། དགའ་བ་བཞིའི་ཏིང་ངེ་འཛིན་བསྒོམས་ནས་བསམ་གཏན་དང་པོ་ལ་སོགས་པ་ཞི་གནས་ཀྱི་སེམས་གཟུང་ངོ༌། །དེ་སྐད་དུ་ཡང༌། དབུགས་དབྱུང་བར་མ་རོ་མཆོག་དང༌། །དྲི་ཡི་ཆུ་དང་བཅས་པས་ཀྱང༌། །རྣལ་འབྱོར་པས་དུས་རྟག་ཁྱབ་པར། །རིགས་ལྡན་རྣམས་ནི་མཆོད་པར་བྱ། །ཞེས་གསུངས་པ་དང༌། མཉམ་སྦྱོར་ལས་ཀྱང༌། ལྷ་ལ་དམིགས་པར་བྱེད་པ་དག །རྣལ་འབྱོར་གཟུགས་བརྙན་རང་བཞིན་ཏེ། །རང་གི་དམ་ཚིག་དམ་སྦྱོར་བ། །མི་འགྱུར་དམ་པ་འགྲུབ་པར་འགྱུར། །གཟུགས་བརྙན་ལུས་ལ་སོགས་པ་ལས། །རྣལ་འབྱོར་འབྱུང་བར་མི་འགྱུར་རོ། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །ཞེས་གསུངས་པ་རྒྱུ་རྐྱེན་ཚོགས་ཀྱི་འཁོར་ལོ་ལས་བསམ་གཏན་དང་པོ་ལྟ་བུའི་བདེ་བ་སྐྱེ་བར་འགྱུར་རོ། །དེ་ལྟར་ཞི་གནས་ཀྱི་ཐབས་བཤད་ནས། ད་ནི་ལྷག་མཐོང་བཤད་པར་བྱ་སྟེ། བཅོམ་ལྡན་འདས་འཁོར་ཟིལ་གྱིས་གནོན་ཅིང་རྣམ་པར་རྟོག་པའི་རྡུལ་དང་བྲལ་བའོ། །བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །བྱང་ཆུབ་སེམས་འདི་གསུངས་ཞེས་བྱ་བ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་སོ། །དེའི་རྣམ་པ་གང་ཞེ་ན། སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །ཞེས་བྱ་བ་ལ། སྟོང་པ་ནི་ཀུན་དུ་བརྟགས་པས་སྟོང་པས་ཀུན་བརྟགས་མཚན་ཉིད་མེད་པའོ། །མི་སྟོང་ནི་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པའོ། །དབུ་མར་ཡང་ནི་མི་དམིགས་པ་ནི་ཡོངས་སུ་གྲུབ་པ་དོན་དམ་པ་ངོ་བོ་ཉིད་མེད་པ་དབང་པོ་རྣོན་པོའི་དབང་དུ་བྱས་པའོ། །སྟོང་པ་མ་ཡིན་པ་ནི་གོང་བུའི་གཟུགས་ལས་འདས་པའོ། །མི་སྟོང་མིན་ནི་དངོས་པོ་མེད་པའི་སེམས་ཉིད་ཡིན་ཞེས་བྱའོ། །ཡང་ན་ཆགས་དང་ཆགས་བྲལ་བ། །ལྷན་ཅིག་སྐྱེས་དགའ་མི་དམིགས་ཏེ། །དེ་སྐད་དུ་ཡང་མཉམ་སྦྱོར་


DTG008_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཆགས་མེད་ཆགས་དང་བྲལ་བ་མེད། །དབུ་མར་ཡང་ནི་མི་དམིགས་སོ། །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཐེག་པའང་མཆོག །ཅེས་བཤད་དོ། །ཤེས་རབ་ཕ་རོལ་ཕྱིན་པའི་སྟོང་པ་ཉིད་དོ། །སྙིང་རྗེའི་བདག་ཉིད་ཐབས་སྦྱོར་བས། །ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའོ། །སྙིང་རྗེའི་ཐབས་ཀྱིས་མཛེས་པ་ནི། །ཞེས་བྱ་བ་ནི་བདེ་བ་སྒྱུ་མ་ལྟ་བུ་རྒྱུན་མི་འཆད་པའོ། །ཤེས་རབ་ཕ་རོལ་ཕྱིན་གསལ་འགྱུར། །ཞེས་བྱ་བ་ནི་སྟོང་པ་ཉིད་ལ་དམིགས་པ་སྟེ། ཟུང་དུ་འཇུག་པའི་དོན་ཡིན་ནོ། །རྣམ་པར་མི་རྟོག་ཆོས་རྣམས་ལ། །དངོས་པོ་མེད་ཅིང་བསྒོམ་པ་མེད། །ཅེས་བྱ་བ་གཟུང་བ་དང་འཛིན་པ་མེད་ཅིང་བསྒོམ་བྱ་དང་སྒོམ་བྱེད་དང་བྲལ་བས་སེམས་གཞག་པའོ། །དེ་སྐད་དུ་ཡང༌། དེ་ལས་ཆེ་མཆོག་གཞན་མེད་པས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །རྣལ་འབྱོར་དབང་ཕྱུག་བདེ་ཆེན་དེས། །ཆོས་འདི་ཉིད་ལ་མི་འགྲུབ་མེད། །ཅེས་གསུངས་སོ། །མི་རྟོག་ལྷག་པར་མོས་པར་བྱ། །རྟོག་པ་ཀུན་གྱིས་ལྷག་པར་བརྟག །ཅེས་བྱ་བ་ནི་སེང་གེའི་ཕྲུ་གུ་ལྟ་བུའམ། ཟླ་བ་ཚེས་གཅིག་པ་ལྟ་བུའམ། སྐར་ཁུང་གི་གསང་ལྟ་བུར་ཕྱོགས་གཅིག་གི་སྟོང་པ་ཉིད་ལ་མངོན་སུམ་གྱིས་བསྒོམ་པའོ། །དེ་ལྟ་བུའི་ཐབས་སུས་མཛད་ཅེ་ན་བདེ་བར་གཤེགས་པས་མངོན་སུམ་གྱི་ལམ་འདི། རྣམ་པར་མི་རྟོག་ཆོས་རྣམས་ལ། །སེམས་ཅན་དོན་དུ་རབ་ཏུ་བརྟགས། །ཞེས་བྱ་སྟེ། ཕྱག་རྒྱ་བཞིའི་བྱིན་གྱི་རླབས་ཀྱིས་བདག་བྱིན་གྱིས་བརླབས་པའི་རིམ་པ་བསྒོམ་པ་ཡིན་ཏེ། ལོངས་སྤྱོད་རྫོགས་པའི་སྐུར་སྣང་བའོ། །དེ་བཞིན་གཤེགས་པ་ཀུན་བདག་མཆོག །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །ཅེས་བྱ་བ་ནི་ཆོས་ཀྱི་སྐུའི་བདག་ཉིད་དོ། །ཆོས་དང་ཆོས་ཅན་དང་ཆོས་ཉིད་དང་རྣམ་པ་གསུམ་མེད་པར་བདེ་བ་ཆེན་པོར་རོ་གཅིག་པའོ། །དེ་ལྟར་ཡིན་ན་ནི་ཇི་ལྟར་ཆོས་གསུང་བར་འགྱུར་ཏེ། བྲག་ཅ་སྒྲ་དང་མཚུངས་པ་ཡི། །དེ་ནས་ཆོས་ཀྱི་གསུང་འདི་འབྱུང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་སྤྲུལ་པའི་སྐུ་འབྱུང་བ་བསྟན་ཏོ། །དེ་ལྟར་སྐུ་གསུམ་གྱི་དོན་ཤེས་པའི་རྣལ་འབྱོར་པས་བསྒོམས་པས་སངས་རྒྱས་དང་འདྲ་བའི་ཡོན་ཏན་རྒྱས་པར་འགྲུབ་པར་


DTG008_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ལྟར་ལྷག་མཐོང་བཤད་ནས་ཉམས་སུ་བླང་བའི་དོན་བསྟན་པ་ནི་བསྟོད་ཅིང་ཕྱག་བྱས་ནས་གསོལ་བ་བཏབ་པ་ཡིན་ནོ། །འགྲོ་བ་སྒྲོལ་བྱེད་སྤྲུལ་པའི་སྐུའོ། །སེམས་ཅན་བདག་སྐྱེས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས་སོ། །རྨོངས་པ་གཅོད་བྱེད་ནི་ཆོས་ཀྱི་སྐུའི་སྒོ་ནས་སོ། །དེ་ཉིད་གཅིག་པུ་ནི་ངོ་བོ་ཉིད་ཀྱི་སྐུའི་སྒོ་ནས་སོ། །ཆོས་ཀུན་གཅིག་པའི་སྙིང་པོ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དོན་ནོ། །དབང་པོ་དྲུག་གི་ལམ་གྱུར་པ། །ཞེས་བྱ་བ་ནི་མཆན་བཅས་ཀྱི་ཡུལ་ལྔ་ལ་དགའ་བཞི་དེ་དང་དེའི་རང་བཞིན་དུ་འགྲོ་བའོ། །མཉམ་པར་མ་བཞག་པའི་རྗེས་ཀྱི་རྣལ་འབྱོར་ལ། དངོས་གཞི་བཞིན་དུ་མཉམ་པར་བཞག་པ་དང་རོ་མཉམ་པར་འགྱུར་རོ། །ཡང་ན་དབང་པོ་གང་གི་ལམ་སེམས་ཀྱི་བདེ་བ་ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྒྱས་བཏབ་པས། བདེ་བ་ཆེན་པོ་དེ་དང་དེའི་རང་བཞིན་དུ་འགྲོ་སྟེ། མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པ་གཉིས་ཁྱད་པར་མེད་པས་དངོས་རྗེས་བདེ་བ་ཆེན་པོའི་རང་བཞིན་དུ་རོ་མཉམ་པར་བསྒོམ་པ་དང་མི་བསྒོམ་པ་མེད་པའོ། །དེས་ན། གང་ཕྱིར་དངོས་ཀུན་བདག་ཉིད་ནི། །རྣམ་ཤེས་ཕུང་པོར་བསྟན་པ་ཡིན། །ཞེས་བྱ་སྟེ། དབང་བཞི་ཡི་ནི་སེམས་ཀྱི་ཆོས་ཉིད་ཤེས་པས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དེ་སྐྱེས་བུ་བླུན་པོ་ཐ་ཤལ་གྱིས་ཤེས་པར་མ་ནུས་སོ། །ཐམས་ཅད་ཀྱིས་རྟོགས་པར་མི་ནུས་སམ་ཞེ་ན། ཕྱོགས་གཞན་འགའ་དང་འགའ་གཞན་གྱི་ཡིན་ཏེ། ཐམས་ཅད་ཀྱང་བདེ་བ་ཆེན་པོ་འདོད་པ་ལ་གཞོལ་བ་འབའ་ཞིག་གོ །དེ་གང་ཞེ་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ་སེམས་རྣམ་པར་ཤེས་པ་དྲུག་གམ་བརྒྱད་ཀྱི་རང་བཞིན་ཏེ། ཁམས་གསུམ་པ་དེའི་རང་བཞིན་དུ་ཤེས་པས་གྲོལ་བར་འདོད་པའམ། སེམས་ལས་བྱུང་བ་དད་པ་དང༌། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་སྒོ་ནས་གྲོལ་བར་འདོད་པའི་སེམས་རྣམ་བཅས་དང་རྣམ་མེད་ཀྱི་སྒོ་ནས། ཤེས་བྱ་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པའི་སྒོ་ནས་སོ། །རྒྱུ་ནི་རྗེས་སུ་དཔག་པ་དང༌། འབྲས་བུ་ནི་སྤྱོད་པ་དང་བྱ་བ་དང༌། གཉིས་ཀའི་རྒྱུད་ཀྱི་སྒོ་ནས་སོ། །ཆོས་ཅན་ནི་དོན་དམ་སྒྱུ་མ་ལྟ་བུའི་སྒོ་ནས་དང༌།


DTG008_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ནི་རབ་ཏུ་མི་གནས་པའི་སྒོ་ནས་ཐར་པ་འདོད་པ་རྣམས་ཀྱིས་བསྒོམ་པར་འདོད་པ་ཡང་ཆུ་བོ་ཆེན་པོ་རྣམ་པ་བཞི་རུ་ཆུ་བྲན་ལྔ་བརྒྱའི་འཁོར་གྱིས་བསྐོར་ནས་རྒྱ་མཚོ་ཆེན་པོའི་ལན་ཚྭའི་རོར་གཅིག་ཏུ་གྱུར་བ་བཞིན་དུ་གྲུབ་པའི་མཐའ་དུ་མ་དེ་དག་ཀྱང་དོན་དམ་པར་བདེ་བ་ཆེན་པོ་ལ་དུ་མ་ཉིད་དུ་མི་དམིགས་པའི་ཕྱིར་ཐར་པ་ནི་གཅིག་ཁོ་ན་ཡིན་ནོ། །ཇི་ལྟར་གང་གིས་སེམས་ཀྱི་སྟོང་ཉིད་ཤེས་ཤེ་ན། ཁ་ནང་དུ་བལྟས་པའི་ཐ་མའི་ལམ་གྱིས་སོ། །རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།། །།

བརྟག་པ་དང་པོའི་རབ་ཏུ་བྱེད་པ་བཞི་པ། གསང་བ་འདུས་པ་ལ་སོགས་པའི་གླེང་གཞི་རྒྱས་པར་བསྟན་པ།


DTG008_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བདེ་མཆོག་ལ་སོགས་པའི་མཉམ་སྦྱོར་གྱི་གླེང་གཞི་བསྟན་ནས། ད་ནི་འདུས་པ་ལ་སོགས་པའི་གླེང་གཞི་བཤད་པར་བྱ་སྟེ། རྒྱུད་རྣམས་ཀུན་གྱིས་ངེས་པ་སྟེ། །གྲུ་གསུམ་ཤིན་ཏུ་ཡངས་པའི་གཟུགས། །ཞེས་བྱ་བ་ནི་ཕྱོགས་གཅིག་རྟོགས་པས་ཞི་གནས་ཀྱི་རྟོགས་པ་བདེ་བ་མེད་པའམ་ཕྱོགས་གཅིག་གི་གང་ཟག་གི་བདག་འགགས་སམ། ཉན་ཐོས་སམ་རང་རྒྱལ་བའི་བདག་མེད་པའམ། ཕྱོགས་གཅིག་གི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བས་བྱང་ཆུབ་སེམས་དཔའི་སྟོང་ཉིད་མཐའ་དག་དང་བྲལ་བས་སངས་རྒྱས་ཀྱི་སྟོང་ཉིད་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་ཡིན་ལ། ཀུན་རྫོབ་ཏུ་ཨེ་གྲུ་གསུམ་གཞལ་ཡས་ཁང་ངམ་ཟླ་བའམ་པདྨའམ། བཙུན་མོའི་གྲུ་གསུམ་བྷ་གའི་གཟུགས་སུ་ཀུན་རྫོབ་ཏུ་སྣང་བ་དེ་བཞིན་གཤེགས་པའི་བཞུགས་གནས་སུ་གྱུར་པ་ཡིན་ལ། དོན་དམ་པར་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཟུང་བའི་ཡུལ་ལས་འདས་ཤིང་འཛིན་པ་མེད་པས་ན་སྲོག་ཆགས་ཐམས་ཅད་ཀྱི་དབུས་ན་བཞུགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཚོན་པའི་ཐབས་ཀུན་རྫོབ་སྟོན་པ་ཕུན་སུམ་ཚོགས་པར་སྣང་བ་སྟེ། མདོར་ན་ཐབས་དང་ཤེས་རབ་ཀྱི་དོན་རྟོགས་པས་སངས་རྒྱས་ཉིད་དུ་འགྱུར་བས་ན་ཐབས་དང་ཤེས་རབ་སྟོན་པའི་ཕྱིར་གླེང་གཞི་བསྟན་པ་ཡིན་ནོ། །དེ་ཡང་མངོན་སུམ་དུ་མ་རྟོགས་པས་བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པ་ཡིན་ལ། མངོན་སུམ་གྱི་ལམ་གྱིས་ཚེ་འདི་ཉིད་ལ་རྡོ་རྗེ་འཛིན་པའམ། ལྷའི་འཁོར་ལོས་སྒྱུར་བའམ། དངོས་གྲུབ་བཞི་ཐོབ་པར་འགྱུར་རོ། །དེ་ལྟར་གླེང་གཞི་མདོར་


DTG008_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་བསྟན་ནས་སེམས་འོད་གསལ་བ་ཡིན་ཡང་གློ་བུར་གྱི་དྲི་མ་འདོད་ཆགས་ལ་སོགས་པའི་དབང་གིས་འཁོར་བར་འཆིང་ཞིང༌། སྡུག་བསྔལ་གྱིས་འཇོམས་པར་བྱེད་ཅིང་སེམས་དེའི་ལས་དགེ་མི་དགེས་བཅིངས་ནས་དམིགས་པ་དང་ལྡན་པ་དེ་སྲིད་དུ་སླར་ཡང་སྡིག་པ་སྣ་ཚོགས་པས་ཁམས་གསུམ་དུ་འཁོར་ཞིང་སྐྱེས་བར་འགྱུར་རོ། །དེ་ལྟར་དང་པོའི་འཁོར་བའི་མཚན་ཉིད་བཤད་ནས་དེའི་ཚེ་སངས་རྒྱས་དཔའ་བོ་ནི་ཞེས་བྱ་བ་ནི་དབུགས་དབྱུང་བའི་ལམ་རྗེས་སུ་མཐུན་པའི་སྟོབས་སྟོན་ཏེ་ཇི་ལྟ་བུ་ཞེ་ན་འཁོར་བའི་རྒྱ་མཚོར་ལྟུང་བའོ། །དགོས་པ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་དང་བྲལ་བའི་ཕྱིར་ཏེ། ཐབས་གང་གིས་ཤེ་ན། སྤྲུལ་པའི་སྐུ་བྱིན་རླབས་ཀྱི་ལམ་དང༌། རིག་པའི་མངོན་སུམ་གྱི་ལམ་གྱིས་སོ། །ཐབས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཐབས་དང་ཐབས་ཀྱི་སྦྱོར་བས་སོ། །ཤེས་རབ་ནི་མཚོན་བྱེད་དེ་ལ་ཅི་ཞིག་རྟོགས་ཤེ་ན། ཁམས་གསུམ་པ་མཚོན་བྱ་དྲི་མ་མེད་པའི་རང་བཞིན་དུ་རྟོགས་པའོ། །གང་དང་གང་གི་གནས་གྱུར་པས། །དེ་དང་དེ་ཡི་ངོ་བོར་འགྱུར། །དཔེར་ན་བུད་ཤིང་མེར་འགྱུར་བ་བཞིན་དུ་བསྐྱེད་པའི་རིམ་པ་ལྷའི་གར་གྱི་འཁོར་ལོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྦྱངས་ཏེ། དཔེར་ན་སྒྱུ་མའི་མཁན་པོས་སྒྱུ་མ་མཁན་པོ་ཕམ་པར་བྱས་པ་བཞིན་ནོ། །དེ་ལ་བསྐྱེད་པའི་རིམ་པ་དང་སྦྱར་ན་ཉོན་མོངས་པ་ལྔའི་གཉེན་པོར་སངས་རྒྱས་ལྔ་བསྒོམ་པའམ་མི་ཟབ་པའི་རྫོགས་རིམ་ལ་རྩ་ལྔའི་རླུང་ལ་བདེ་བ་བསྒོམ་པ་འམ་ཉོན་མོངས་པ་ལྔ་པོ་དེ་ཉིད་ཁོ་ན་སྟོང་པ་ཉིད་ཀྱིས་གསེང་བརྟོལ་བའོ། །དེ་ལྟར་རེ་རེའི་སྦྱོར་བ་བཤད་ནས། ཐུན་མོང་དུ་སྦྱོར་བ། རྡོ་རྗེ་འཛིན་བཅས་ཐམས་ཅད་སྦྱོང༌། །ཞེས་འབྱུང་སྟེ། འོད་གསལ་བས་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་བྱེད་པའོ། །ཉོན་མོངས་པ་ལྔ་ཇི་ལྟར་སྦྱོང་དུ་རུང་ཞེ་ན། སེམས་འོད་གསལ་བ་བརྟེན་པའི་གློ་བུར་གྱི་དྲི་མ་ནམ་མཁའ་ལ་སྤྲིན་སྣ་ཚོགས་བྱུང་ནས་དེ་ཉིད་དུ་ཐིམ་པ་བཞིན་ནོ། །ནང་གི་བྱེ་བྲག་འདི་ལྟ་བུ་གང་གིས་ཤེས་ཤེ་ན། བླ་མའི་མན་ངག་ལ་བརྟེན་པའོ། །དེ་ལྟར་རྗེས་སུ་མཐུན་པའི་ཐབས་གཉིས་བསྟན་ནས་ད་ནི་བརྟག་པའི་གླེང་གཞི་


DTG008_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་བྱ་སྟེ། འཛམ་བུའི་གླིང་ནི་གྲུ་གསུམ་ལ་བཙུན་མོའི་བྷ་ག་ཞེས་བྱ་སྟེ། ཨེ་ཡི་ཆ་བྱད་བཟང་པོ་ཡི། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །ཞེས་སོ། །གནས་འདིའི་དབུས་ན་བཞུགས་པའི་གླེང་གཞིས་མ་འོངས་པའི་དུས་ཀྱི་བསྒོམ་བྱ་ཅི་མཚོན་ཞེ་ན། བཙུན་མོ་ཡུམ་གྱི་བྷ་ག་གྲུ་གསུམ་མཚོན་པ་ཡིན་ནོ། །ཆགས་པའི་ལམ་དང་སྦྱར་ན་དཀྱིལ་འཁོར་བྷ་ག་ཞེས་བྱ་ལ། གྲོལ་བའི་ལམ་དང་སྦྱར་ན་དཀྱིལ་འཁོར་ལུས་ཡིན་ལ། རང་ལྷག་པར་གནས་པའི་ལམ་པ་ལ་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཡིན་ནོ། །དེ་ལ་རླུང་གི་དཀྱིལ་འཁོར་བདེ་མཆོག་དང་སྦྱར་ན་ལྟེ་བ་སྤྲུལ་པའི་འཁོར་ལོ་བཅུ་དྲུག་དང་ཨ་ཝ་དྷཱུ་ཏཱི་དང་འབྲེལ་པ་རླུང་རྒྱུ་བ་དང༌། གཡས་པ་ར་ས་ནཱ་དང་འབྲེལ་པ་བཅུ་དྲུག་ཁྲག་རྒྱུ་བ་དང༌། གཡོན་པ་ལ་ལ་ནཱ་དང་འབྲེལ་པ་བཅུ་དྲུག་བྱང་ཆུབ་ཀྱི་སེམས་རྒྱུ་བ་དང༌། དབུས་མ་དང་གཡས་ནས་གཡོན་དུ་འབྲེལ་པ་སྒོམ་བཞིའི་རྩ་དང༌། གཡས་གཡོན་འབྲེལ་པ་མཚམས་མ་བཞིའི་རྩ་དང༌། འབྱུང་བ་བཞིའི་རླུང་དང༌། བདུད་རྩི་བཞི་དང་དྲུག་ཅུ་རྩ་བཞི་རྟེན་འབྲེལ་གྱི་གནས་ལུགས་ཡིན་ལ་དེའི་དབུས་ན་གནས་པའི་རླུང་ལ་སེམས་བཟུང་ནས་ཕྱི་རོལ་གྱི་རླུང་འགགས་ནས་ཤེས་པ་རྟོག་མེད་བསྐྱེད་ནས་བདེ་བ་ཆེན་པོའི་རང་བཞིན་དུ་འགྲོ་བ་ཡིན་ནོ། །དེ་ལྟར་གླེང་གཞིའི་དོན་གསུམ་བཤད་ནས་དེ་ཡང་མོས་པའི་བྱེ་བྲག་གིས་མུ་དྲ་བཞིའི་སྣང་བ་ནི་འབྱུང་བ་བཞི་ལ་མོས་པ་ལ་འབྱུང་བཞིའི་དཀྱིལ་འཁོར་དུ་སྣང་བ་འམ། ལྷ་མོ་བཞིར་མོས་པ་ལ་དེ་ལྟར་སྣང་བ་འམ། ཚད་མེད་པ་བཞིར་མོས་པ་ལ་ཚད་མེད་པ་བཞིར་སྣང་བ་འམ། ཕ་རོལ་ཏུ་ཕྱིན་པ་བཞིར་མོས་པ་ལ་དེ་ལྟར་དུ་སྣང་བའམ། ཡེ་ཤེས་བཞིར་མོས་པ་ལ་དེ་ལྟར་དུ་སྣང་བའམ། ཨེ་ཝཾ་མ་ཡཱ་ཡི་གེ་བཞིར་མོས་པ་ལ་དེ་ལྟར་སྣང་བ་སྟེ། བདག་བྱིན་གྱིས་རློབ་པར་མོས་པ་ལ་གློ་བུར་གྱི་དྲི་མ་བསྲབས་པས་སྟོང་པ་མཐོང་བའི་རྒྱུ་ཡིན་ནོ་ཞེས་ཡན་ལག་མེད་པའི་རྡོ་རྗེ་འདོད་དོ། །ཡང་ན་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་སྤྲུལ་པའི་སྐུ་དང་མཚུངས་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ཉོན་མོངས་པ་མེད་པའོ་ཞེས་དཔལ་མཆོག་དང་པོ་ལས་གསུངས་སོ། །དེ་ལྟར་སྣང་བ་མེད་པའི་བྱེ་བྲག་བཤད་ནས། ཨེ་ཝཾ་གྱི་


DTG008_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་བཤད་པར་བྱ་སྟེ། སྤྱི་བོ་དང་ལྟེ་བ་ནི་ཨེ་ཡིན་ལ། མགྲིན་པ་དང་སྙིང་ག་ཝཾ་ཡིན་ཏེ། སྟེང་འོག་གི་བྱེ་བྲག་གིས་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་འགྱུར་རོ། །ཨེ་ཝཾ་གྱི་སྒྲ་དེ་ལས་སྡུད་པ་པོའི་གླེང་གཞི་དང་སྦྱར་ན་མདོ་སྡེ་དང་མཐུན་པའི་ཡི་གེའི་དོན་དུ་བཤད་པར་བྱ་སྟེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་ནས་རྗེས་སུ་ཡི་རང་ཞིང་བསྟོད་དོ་ཞེས་བྱ་བའི་བར་དུ་གླེང་གཞི་དང་ཚིག་གི་མཚམས་སྦྱར་ནས། བཅོམ་ལྡན་འདས་ཉིད་ཀྱི་བཀའ་ཉིད་དུ་གནས་པ་ཡིན་པས་བཀར་བ་སྒྲུབ་པ་དེ་ལ་བཤད་པའི་རྒྱུད་ཀྱིས་འཆད་པར་འགྱུར་བའམ། ཡང་ན་སྤྲུལ་པའི་སྐུས་འདུལ་བའི་ངོར་བདེ་བར་གཤེགས་པས་བཤད་ལ་སྡུད་པ་པོས་གདུལ་བྱའི་ངོར་སངས་རྒྱས་ཉིད་དུ་སྡུད་པ་པོར་སྤྲུལ་པའོ། །དེ་གཉིས་ཀྱི་དོན་བཤད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་དུས་གཞན་གྱི་ཚེ། སངས་རྒྱས་དང་བྱང་ཆུབ་སེམས་དཔས་གསོལ་བ་བཏབ་ནས་བཤད་པའི་རྒྱུད་གསུངས་ཀྱང་འགལ་བ་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཡང་མྱ་ངན་ལས་འདས་པའི་མདོ་ལས། སྡུད་པ་པོ་ཉིད་ཀྱིས་གསུངས་པ་ཡིན་ལ། དེའི་དོན་རྟོགས་པར་དཀའ་བ་ཡང་མདོ་སྡེ་གཞན་དུ་ང་ཉིད་འཆད་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། སྤྱན་རས་གཟིགས་ཀྱིས་རྟོགས་པའི་ཆགས་པའི་ལམ་དུས་དང༌། སའི་སྙིང་པོས་རྟོགས་པའི་དུས་ངན་པ་དང༌། འཇམ་དཔལ་གྱིས་རྟོགས་པའི་བསམ་གྱིས་མི་ཁྱབ་པའི་དུས་སོ། །དེ་ལ་བཟང་པོ་ནི་བྷ་གའི་དཀྱིལ་འཁོར་བདེ་བའི་རྒྱུན་འཇུག་པའི་དུས་སོ། །ངན་པ་ནི་ལུས་ཀྱི་དཀྱིལ་འཁོར་རླུང་མེའི་དྲོད་ཅན་གྱི་སྲོག་ཨ་ཝ་དྷཱུ་ཏཱིར་འཇུག་པའི་དུས་སོ། །བསམ་གྱིས་མི་ཁྱབ་པ་ནི་སྒྱུ་མ་དང་སྟོང་པ་རོ་གཅིག་པའི་དུས་ཏེ། ཆགས་པ་ནི་དགའ་བ་དང་མཆོག་ཏུ་དགའ་བའི་དུས་ཡིན་ལ། ཆགས་བྲལ་ནི་དགའ་བྲལ་ཡིན་ལ། དབུ་མ་ནི་ལྷན་ཅིག་པའི་དགའ་བ་ཡིན་ཏེ། དེ་གསུམ་མི་དམིགས་པ་ནི་བདེ་བ་ཆེན་པོ་འོད་གསལ་བའོ། །ཆགས་པ་དང་ཆགས་བྲལ་འདྲེས་པ་ནི་ཀུན་རྫོབ་ཏུ་ཐ་དད་པ་ཡིན་ཡང༌། དོན་དམ་པར་རོ་གཅིག་པ་དེས་ན་དངོས་དང་དངོས་མེད་རོ་གཅིག་པའི་དོན་སྟོན་པ་ཇི་ལྟ་བུ་ཞེ་ན། ཡོན་ཏན་དྲུག་དང་ལྡན་པའམ། ཉོན་མོངས་པ་དང་


DTG008_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱའི་སྒྲིབ་པ་བཅོམ་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །གནས་གང་ཞེ་ན། སྐུ་དང་གསུང་ནི་ཆོས་ཅན་ཡིན་ལ་དེ་ཡི་ཆོས་ཉིད་ནི་སྙིང་པོ་ཡིན་ནོ། །དེ་ཉིད་སྒྲིབ་པ་གཉིས་ཀྱིས་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲས་བཙུན་མོ་ཞེས་གྲགས་སོ། །དེའི་བྷ་ག་ནི་མི་སློབ་པའི་ལམ་གྱི་སྟོང་པ་ཉིད་དོ། །ཀྱེ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་དབྱིངས་ཀྱི་བྷ་ག་ལ་རྣམ་པར་མི་རྟོག་པར་རོ་གཅིག་པ་ན་བཞུགས་སོ་ཞེས་བྱ་བའི། ཐ་སྙད་ཇི་ལྟར་རུང་ཞེ་ན། ལན་དུ་བཀའ་སྩལ་པ་དོན་དམ་པར་སྟོང་པ་ཉིད་དང་ཡེ་ཤེས་རོ་གཅིག་པ་ཡིན་ཡང་གདུལ་བྱའི་སྐྱེ་བོ་མོས་པའི་དབང་གིས་དེ་རྣམས་ཀྱི་ཡིད་འཕྲོག་པའི་རྒྱུད་ཀྱི་གླེང་གཞིའི་གནས་པདྨ་དང་ཟླ་བ་དང་གཞལ་ཡས་ཁང་དང༌། རོའི་གདན་དང༌། བཙུན་མོའི་བྷ་ག་ལ་བཞུགས་པ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་ཀྱི་རྣམ་པ་དེར་བཅོམ་ལྡན་འདས་བཞུགས་པ་ལ་བདག་གིས་ཐོས་སོ་ཞེས་མཚམས་སྦྱོར་རོ། །དེ་ལ་ཅིའི་ཕྱིར་བྷ་ག་ཞེས་བྱ་ཞེ་ན། ཉོན་མོངས་པ་དག །ཤེས་རབ་སྟོང་པ་ཉིད་ཀྱིས་འཇོམས་པས་ན་བྷ་ག་སྟེ། དེ་ཉིད་སྣང་བ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གདུལ་བྱ་ནམས་ཀྱིས་སྟོང་པ་ཉིད་ལ་གསེང་བརྟོལ་བའི་ཕྱིར་བྷ་གའི་གཟུགས་སུ་སྤྲུལ་ཅིང་བསྟན་པ་ཡིན་ནོ། །འདི་རྗོད་པར་བྱེད་པའི་ཆོས་གང་ཞེ་ན། གླེང་གཞིའི་དོན་དེ་ཉིད་ཀྱིས་རྗོད་པར་བྱེད་པ་ནི་ཨེ་ཝཾ་མ་ཡཱ་ཞེས་བྱ་བའི་ཡི་གེ་བཞི་ཡིན་ལ་རྗོད་བྱེད་དེས་རྒྱུད་དགུའི་ཐབས་དང་ཤེས་རབ་ཀྱི་དོན་སྟོན་པས་ན། རྒྱུད་དགུའི་ཆོས་ཀྱི་ཐོག་མར་ཨེ་ཝཾ་མ་ཡཱ་བསྟན་པ་ཡིན་ནོ། །དགོས་པ་ཅིའི་ཕྱིར་ཞེ་ན། སངས་རྒྱས་དག་པའི་དངོས་གྲུབ་སྐྱེད། །ཅེས་བྱའོ། །མདོ་སྡེ་ཐམས་ཅད་ཀྱང་ཨེ་ཝཾ་མ་ཡཱའི་སྒྲ་བརྗོད་པར་བྱ་བ་ཡིན་ན་ལན་དུ་ལག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྗོད་དུ་མེད་པའི་དོན། ང་ཡིས་སེམས་ཅན་ལ་བསྟན་པ་ཡིན་ལ། ཡི་གེ་དེས་ཕྱག་རྒྱ་བཞི་ཤེས་རབ་ལ་ཐབས་བཞུགས་སོ་ཞེས་བྱ་བར་ཁོང་དུ་ཆུད་པས་འཁོར་བའི་རྒྱ་མཚོ་ལས་རིང་དུ་འགྲོ་བའོ། །སེམས་དེའི་ཆོས་ཉིད་རྟོགས་པ་ལྟར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རྟོགས་ན་ཇི་ལྟར་འགྱུར་ཞེ་ན། བརྒྱ་ལམ་ཞིག་ན། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །དུལ་བའི་སེམས་ཀྱི་མཚོན་


DTG008_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱིས། །ཆོས་ཐམས་ཅད་ཀྱི་མཚོན་བྱ་མངོན་སུམ་དུ་བྱས་ནས་ཚེ་འདི་ཉིད་ལ་རྡོ་རྗེ་འཛིན་པ་ཐོབ་བོ། །གང་གིས་སེམས་ཀྱི་སྟོང་ཉིད་མ་ཤེས་པ་དེ་སྲིད་ཀྱི་བར་དུ་བསམ་གཏན་དང༌། གཟུགས་མེད་ཀྱི་ལྷའི་བདེ་བ་མྱོང་བར་འགྱུར་རོ། །གང་གི་ཚེ་མངོན་སུམ་གྱི་ལམ་དེ་ལས་མ་ཡིན་ནོ་ཞེས་སྤངས་ན་མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དཔལ་ལྡན་གང་ཞིག་གིས་མངོན་སུམ་གྱི་ལམ་དག་པའི་སེམས་ཀྱི་ཕྱག་རྒྱ་བཞིའི་ཤེས་རབ་ཇི་ལྟར་རྙེད་པ་བཞིན་དུ་ཐམས་ཅད་ཀྱི་བསྒོམས་ན་རང་རིག་པའི་གློ་བུར་གྱི་དྲི་མ་དག་པའི་མཚོན་བྱ་རྟོགས་ནས་ཁམས་གསུམ་པའི་ཆོས་ཉིད་ནམ་མཁའ་དང་མཉམ་པར་གཟིགས་པ་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་དང༌། སྤྲུལ་སྐུའི་གཟུགས་ཡིད་བཞིན་གྱི་ནོར་བུ་ལྟ་བུས་སེམས་ཅན་གྱི་དོན་མཛད་པ་དེ་ཡང་མངོན་སུམ་གྱི་རྒྱུ་རྐྱེན་དང་བྲལ་ན་ནི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པར་མཚོན་པར་མི་ནུས་སོ། །རབ་ཏུ་བྱེད་པ་བཞི་པའི་བཤད་པའོ།། །།

བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་དང་པོ། ཆུ་དང་གསང་བ་དང་ཤེས་རབ་ཡེ་ཤེས་གསུམ་གྱི་དབང་བསྐུར་བ་བསྟན་པ།


DTG008_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལེའུ་དང་པོས་ཟབ་པའི་རྫོགས་རིམ་གྱི་ཤེས་བྱ་བཤད་ནས། ད་ནི་ཉམས་སུ་བླངས་པ་དབང་བསྐུར་བའི་རིམ་པ་བཤད་པར་བྱ་སྟེ། ཐོག་མར་དཀྱིལ་འཁོར་དང་བར་དུ་ཚོགས་ཀྱི་འཁོར་ལོ་དང་ཐ་མར་དབང་བསྐུར་བའི་དོན་བཤད་པར་བྱའོ། །དེ་ལྟར་སྒྲུབ་པ་པོ་ལ་ཕན་པའི་ཕྱིར། དབང་བསྐུར་བའི་ཚིགས་བཅད་གཅིག་གིས་མདོར་བསྟན་པ་ཡིན་ལ། དེ་རྒྱས་པར་བཤད་པ་ནི་དང་པོར་བདག་ཉིད་ལྷའི་དངོས་པོར་བྱས་ལ། རྡོ་རྗེས་ས་སྦྱང་བའི་ཕྱིར་ཡི་གེ་ཧཱུཾ་ལས་རྡོ་རྗེ་འབར་བར་བྱའོ། །དེ་ལྟར་ས་སྦྱང་བ་དང་བསླང་བ་དང་བརྟག་པ་བཤད་ནས། ད་ནི་ཚིགས་སུ་བཅད་པ་གཅིག་གིས་བཤད་པ་ཡིན་ནོ། །ཚོན་བརྟག་པ་ནི་འབྱོར་པའི་དབང་གིས་རིན་པོ་ཆེ་ལས་བྱས་པའམ། འབྲིང་གིས་བསྲེས་པའམ། ཐ་མས་འབྲས་ཀྱི་ཕྱེ་མས་ཚོན་རྩི་བསྒྲུབ་པར་བྱའོ། །ཆུང་ཚད་གྲུ་གསུམ་པའི་དཀྱིལ་འཁོར་ལ། སོར་གསུམ་གྱི་མཐའ་སྐོར་ལྷག་པ་ནི་ཚོན་བརྟག་པའོ། །སྒྲུབ་པའི་ཡན་ལག་བརྟག་པ་ནི་སྔགས་ཀྱི་ལམ་གྱི་བསྙེན་བསྒྲུབ་བཞིས་སྦྱང་བ་བྱས་ནས་དབང་བསྐུར་བ་ཐོབ་པའི་རིགས་ལྔའམ། ཡང་ན་གར་མཁན་ལ་སོགས་པའི་རིགས་བཞིའི་དཀྱིལ་འཁོར་དེར་གཞུག་པར་བྱའོ། །ཇི་ལྟར་སྒྲུབ་པའི་ཡན་ལག་ཏུ་གྱུར་པ་བརྟག་པ་ནི་མངོན་སུམ་གྱི་ལམ་མམ། སངས་རྒྱས་ཐམས་ཅད་


DTG008_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་གཟུགས་ཀྱི་སྐུའི་ཕོ་བྲང་ན་གནས་པ་བཞིན་དུ་རྣལ་འབྱོར་པས་ཟློས་གར་བྱས་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་བུད་མེད་ཀྱི་དབང་ཕྱུག་དང༌། ལས་ཀྱི་ཕྱག་རྒྱ་ལ་སེམས་གཟུང་བར་བྱ་ཞིང་ལོངས་སྤྱོད་དུ་བླངས་ན་གདོན་མི་ཟ་བར་སེམས་ཅན་རྣམས་དམ་ཚིག་ཉམས་པར་གྱུར་པའི་འཇིགས་པ་ཐུགས་ལ་བཞག་ནས། བྱིན་རླབས་ཀྱི་གོ་འཕང་དགའ་བ་གསུམ་དང༌། སངས་རྒྱས་ཀྱི་དོན་དམ་པའི་བདེན་པ་སྟོང་པ་ཉིད་དང༌། རང་བཞིན་བརྒྱད་ཅུ་དང་བྲལ་བ། སྔགས་པའི་ལམ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞིན་དུ་རྟོགས་པ་ཡིན་ནོ། །དེ་ལྟར་དབང་བསྐུར་བའི་གནས་དང་ས་བཤད་ནས། ད་ནི་ཚོགས་ཀྱི་འཁོར་ལོ་བཤད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལ་སོགས་པའི་ལྷ་རྣམས་ཀྱི་དམ་ཚིག་འདའ་བར་དཀའ་བ་དང༌། རྒྱལ་བ་ཉིད་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་མངོན་སུམ་དུ་དབང་ནོད་པའི་ཕྱིར་རོ། །དེ་ལྟར་དགོས་པ་བཤད་ནས་དེའི་རྟེན་སློབ་དཔོན་བཤད་པ་ནི། ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་རྒྱ་མཚོ་དང་ལྡན་པ་ལ། ཆགས་ལམ་གྲོལ་ལམ་གྱི་ཚོགས་འཁོར་དབུལ་བར་བྱའོ། །རྟེན་སློབ་དཔོན་བཤད་ནས། སྒྲུབ་པའི་ཡན་ལག་རྣལ་འབྱོར་མ་བཤད་པ་ནི། མ་དང་སྲིང་མོ་ལ་སོགས་པའི་སྔགས་སྐྱེས་དབང་ཐོབ་པའམ། དེ་མེད་ན་ཀུན་སྤྱོད་མ་ལ་སོགས་པའང་རུང་སྟེ། འདི་ནི་བདེ་མཆོག་གི་རྩ་བའི་རྒྱུད་དུ་རྣལ་འབྱོར་འཁྱིལ་མ་དང༌། ཁུ་བྱུག་ལྟ་བུར་སྐད་སྙན་པ་དང༌། རྡོ་རྗེ་ལྟ་བུར་སྐད་གསལ་བ་རྣམས་ལ། སངས་རྒྱས་ཀྱིས་བསྟོད་པས་དེ་གཟུང་བར་བྱའོ། །ཡང་ན་ཞིང་སྐྱེས་ཀྱི་དབྱེ་བ་ནི་བྲམ་ཟེ་མོ་ལ་སོགས་པ་རྣམ་པ་བདུན་ཏེ། དེ་ལ་བཟོ་བྱེད་པའི་རིགས་ངན་སྨྱིག་མ་མཁན་ལ་སོགས་པ་ཞེས་བྱ་བ་ནི་སྨྱིག་མ་མཁན་དང་ལྷ་མ་མཁན་ལ་སོགས་པའོ། །སེམས་ཀྱི་མཚན་ཉིད་ནི་དམ་ཚིག་བསྲུང་བ་དང༌། ལྷའི་སྐུའི་སྤྱོད་ལམ་བསྒོམ་པ་ལས་འགྲུབ་པ་དང༌། ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པ་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པ་དང༌། དབྱིབས་ཀྱི་དེ་ཁོ་ན་ཉིད་ཤེས་པས་ནི་སྒྲུབ་པ་པོའི་སྡིག་པ་ཟད་པར་བྱེད་པ་དང༌། བཙན་ཕྱུག་ནི་ལྡང་བ་ཡང་བ་དང༌། ཟོ་མདོག་བདེ་བ་ལ་སོགས་པ་འཇིག་རྟེན་པའི་དངོས་


DTG008_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དང༌། བསམ་གཏན་བཞིའི་ཐུན་མོང་གི་དངོས་གྲུབ་དང༌། མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ། །ཡང་ན་ཇི་ལྟར་རྙེད་པའི་ལོ་ཚོགས་ཀྱི་རང་བཞིན་གཟུགས་དང་ལང་ཚོ་ལ་སོགས་པས་བརྒྱན་པའོ། །ཁྱད་པར་གྱི་མཚན་ཉིད་གང་གིས་རྟོགས་པར་བྱེད་ཅེ་ན། དུ་བ་ལས་ནི་མེར་ཤེས་ཤིང༌། །ཆུ་སྐྱར་ལས་ནི་ཆུ་ཡིན་ཏེ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་རྣམས་ཀྱིས་ཤེས། །ཞེས་གསུངས་པས་དེ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བསྙེན་སྒྲུབ་བཞིས་སྦྱངས་ནས། སྔགས་དང་རྒྱུད་དང་དེ་ཁོ་ན་ཉིད་ཤེས་པའོ། །དེ་ལ་སྔགས་ནི་བསྒོམ་བཟླས་སོ། །རྒྱུད་ནི་སྨན་ནོ། །དེ་ཉིད་ནི་ཡེ་ཤེས་ལྔའོ། །གསང་ཆེན་དེ་ལྟར་སྦྱངས་ནས་ཞེས་པ་ནི། ལུས་དང་ངག་གི་བྱ་བས་སྦྱངས་ནས་སོ། །དེ་སྐད་དུ་ཡང༌། རྩ་བའི་རྒྱུད་ལས། གཞི་ནི་ས་གཞིར་བྱས་ནས་སུ། །རྣལ་འབྱོར་པས་ནི་ལོངས་སྤྱོད་བྱ། །ཞེས་གསུངས་པའོ། །མཉམ་སྦྱོར་ལས་ཀྱང༌། དེ་ནས་ཁྲུས་བྱ་དྲི་ཞིམ་ལུས། །ཅི་འབྱོར་པ་ཡི་གོས་དང་རྒྱན། །སྣ་ཚོགས་གོས་ནི་ཐོགས་ནས་ཀྱང༌། །མེ་ཏོག་ཕྲེང་ལྡན་ཁ་དྲི་ཞིམ། །གང་གིས་ལྷ་དང་འདྲ་བ་ཡི། །བུད་མེད་དག་ནི་ལེགས་བསྒྲུབས་ལ། །སྐལ་བཟང་དག་ནི་ཕྱག་རྒྱས་མཚན། །ཚོགས་ཀྱི་འཁོར་ལོ་བརྟག་པར་བྱ། །ཞེས་གསུངས་སོ། །འཚེ་བ་ཐམས་ཅད་སྤངས་པའི་གནས་སུ་བཞག་སྟེ་ཞེས་བྱ་བ་ནི་རྣམ་པར་དབེན་པ་སྟེ། ཡང་ན་བདག་གི་གནས་དག་གམ། །སྐྱེད་མོས་ཚལ་ལ་སོགས་པར་བསྒྲུབ། །དེར་ནི་དང་པོར་གདན་བཤམ་སྟེ། །འཇམ་ཞིང་རེག་ན་བདེར་འགྱུར་བ། །སྣ་ཚོགས་པདྨོ་རས་ཀྱིས་གཡོགས། །དེ་ནི་ཐམས་ཅད་དག་པའི་བདག །ཅེས་གསུངས་སོ། །གཡོགས་དང་བཅས་པ་ཞེས་བྱ་བ་ནི་བསྐུ་མཉེ་དང་གོས་རྣམ་པ་སྣ་ཚོགས་མེ་དང་གསོས་རྣམས་བྱེད་པ་ལ་སོགས་པའི་གྲོགས་དང་བཅས་པའོ། །དེ་སྐད་དུ་ཡང༌། ལྷ་མོ་ཀུན་དང་འགྲོགས་པ་ཡིས། །སྣ་ཚོགས་ཀུན་གྱི་སྐལ་བཟང་མ། །ཨ་ར་ལི་ཡིས་ཀུན་འགྲུབ་འགྱུར། །ནམ་མཁའི་དབྱིངས་ནི་མཐའ་ཀླས་པའི། །ལྷ་མོ་ཀུན་དང་བདེ་མོས་པ། །རྡོ་རྗེ་སེམས་དཔའ་ཡང་དག་རྫོགས། །ཞེས་གསུངས་སོ། །དེ་ལྟར་མེ་ཏོག་གི་ཕྲེང་བ་ལ་སོགས་པས་བཀུར་སྟི་བྱ་ཞིང༌། དེ་ལྟར་བསྒྲུབ་པའི་སློབ་


DTG008_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་རིག་མ་དང་བཅས་ལ་རྣལ་འབྱོར་མ་གུས་པའི་སེམས་ཀྱིས་འོ་མ་དང་ཞོ་མར་ལ་སོགས་པ་དཀར་གསུམ་དང༌། འོ་མ་དང་སྦྲང་རྩི་དང་ཀ་ར་ལ་སོགས་པ་མངར་གསུམ་དང༌། ཤ་དང་ཆང་གི་ཚོགས་རྣམས་དང༌། །ཤ་ཡི་སྦྱོར་བ་ཤ་སྐམ་དང༌། །ཚོགས་ཀྱི་འཁོར་ལོ་དབུལ་བར་བྱ། །ཞེས་གསུངས་སོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་རྫོགས་ནས། ད་ནི་ཀུན་རྟོག་ཐམས་ཅད་རྣམ་སྤངས་བ། །ཞེས་བྱ་བ་ལ་སོགས་པ་སྟོང་པ་ཉིད་ལྔས་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་ནན་ཏན་དང་ཆོས་ཀྱི་དབྱིངས་ཀྱི་སྒོ་ནས་བསྟོད་ནས། ཚིགས་སུ་བཅད་པ་གསུམ་གྱིས་གསོལ་བ་གདབ་པར་བྱ་སྟེ། དེ་ལ་དང་པོ་ནི་གསང་བའི་དབང་བསྐུར་བའི་སྒོ་ནས་སོ། །དེ་ཉིད་བླ་མེད་ཡེ་ཤེས་འཚལ། །ཞེས་པ་ནི་རོ་རྡོ་རྗེ་མ་ལས་མངོན་སུམ་གྱིས་སྟོང་པ་ཉིད་རྟོགས་པའོ། །རྡོ་རྗེའི་དབང་བསྐུར་ཀུན་མཁྱེན་གྱིས། །ཞེས་པ་ནི་རོ་རྡོ་རྗེ་མ་ལས་རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པའི་དྲི་མ་བཀྲུས་པའོ། །སངས་རྒྱས་ཀུན་ལ་གསང་ཞེས་པ་ནི་རེག་བྱའི་སྟོང་པ་ཉིད་ཤེས་པར་གསང་བའོ། །ཇི་ལྟར་དཔལ་ལྡན་སེམས་དེས་བྱ་བ་ནི་སྔོན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རྡོ་རྗེ་ཆོས་ལ་དབང་བསྐུར་བ་བཞིན་དུ་བདག་ལ་བཀའ་དྲིན་སྩོལ་ཅིག་ཅེས་པའོ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །ཞེས་པ་སེམས་ཀྱི་སྟོང་པ་ཉིད་རྟོགས་པའི་མངོན་སུམ་གྱིས་ལམ་སྤངས་པའོ། །འཁོར་བའི་འགྲོ་བ་སྤངས་པའི་ཕྱིར། །ཞེས་པ་ནི་གློ་བུར་གྱི་རྟོག་པ་ཟད་པའི་ཕྱིར། དབང་བཞི་པ་བདག་ལ་སྩོལ་ཅིག་ཅེས་པའོ། །དེ་ལྟར་གསོལ་བ་བཏབ་ནས། ད་ནི་སློབ་དཔོན་སྙིང་རྗེ་དང་ལྡན་པའི་རྣལ་འབྱོར་པས། སློབ་མ་ལ་ཚོགས་ཀྱི་དབུས་སུ་བོས་ནས་སྙིང་རྗེ་བསྐྱེད་ལ་དབང་བསྐུར་བའོ། །དེ་ནས་སྒྲུབ་པའི་ཡན་ལག་དང་དབང་བསྐུར་བར་བྱེད་པའི་ལུས་ལ་མཆོད་པར་བྱེད་པ་ནི། རྣལ་འབྱོར་མ་ནི་རྣལ་འབྱོར་ལྡན། །ཞེས་པས་ནི་བསྙེན་སྒྲུབ་བཞིས་ལྷར་བསྐྱེད་པ་དང་ལྡན་པའོ། །དྲིལ་བུའི་སྒྲ་སྒྲོགས་ཤིང་བླ་རེ་བྲེས་པ་ནི་གནས་སོ། །འདོད་ཡོན་ལྔ་ཡིས་བརྒྱན་བྱས་ཞེས་པ་ནི་སྔར་ཚོགས་འཁོར་དུ་མཆོད་པའོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། དེ་ལ་གཟུགས་སྒྲ་དྲི་རོ་དང༌། །རེག་བྱ་བདེ་བར་མྱོང་བ་ཡི། །གཟུགས་ནི་རི་མོ་ཡིན་པར་གསུངས། །སྒྲ་ནི་གླུ་ཡིན་ཞེས་བཤད་དོ། །དྲི་ནི་རབ་ཏུ་ཚིམ་བྱེད་དེ། །རོ་ནི་ར་ས་ཡ་ན་ཡིན། །


DTG008_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱ་བདེ་བ་ཡིན་པར་བཤད། །རབ་ཏུ་རེག་པ་དག་པའི་བདེ། །ཆོས་ཀྱི་ཕྱག་རྒྱ་ཡིན་པར་བཤད། །ཅེས་གསུངས་སོ། །མེ་ཏོག་བདུག་པའི་སྦྱོར་བ་ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ་འཁོར་གྱི་གནས་སུ་དྲིའི་ཐིག་ལེ་དང་བདུག་པ་དབུལ་བར་བྱའོ། །ཕྲེང་དང་ཤིན་ཏུ་དྲི་ཞིམ་སོགས། །ཞེས་པ་ནི་མེ་ཏོག་གི་ཕྲེང་བ་གདགས་ཤིང་གདོང་དྲི་ཞིམ་པར་བྱ་སྟེ་ཁ་སོ་རྩིས་བཀང་ལ་གླུ་སྙན་པས་མཆོད་པར་བྱའོ། །དཀྱིལ་འཁོར་དམ་པ་རྨད་བྱུང་མཆོག །ཅེས་པ་ནི་ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་མཆོད་པར་བྱའོ། །དེ་ལྟར་མཆོད་པ་བྱས་ནས། ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ལས། བྱང་ཆུབ་ཀྱི་སེམས་རྒྱལ་བའི་བདག་ཉིད་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དུ་བཞག་ནས། རྔ་ཡབ་དང༌། གདུགས་ལ་སོགས་པའི་གཟུགས་དང༌། གླུ་དང་དབྱངས་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་སྒྲ་དང༌། ག་པུར་དང༌། ཙནྡན་དང་བཅས་པའི་དྲི་དང༌། བདུད་རྩི་ལྔ་དང་བཅས་པའོ། །བདུད་རྩི་ལྔའི་དབང་བསྐུར་བའོ། །དེ་ཡང་སློབ་དཔོན་ནམ་ཤེས་རབ་འབའ་ཞིག་གི་ཡིན་ནམ་ཞེ་ན། སློབ་དཔོན་མཆོག་གི་དབང་ཕྱུག་དང༌། ཕྱག་རྒྱར་བཅས་ཞེས་སྨོས་སོ། །རིན་ཆེན་མཆོག་གིས་དབང་བསྐུར་བ། །ཞེས་བྱ་བ་ནི་རོ་རྡོ་རྗེ་མ་ལ་སེམས་གཟུང་བའི་ཞི་གནས་དང་ལྷག་མཐོང་ནི་དངོས་གྲུབ་རྙེད་པས་ན་རིན་ཆེན་མཆོག་ཅེས་གསུངས་སོ། །དེས་འགྲོ་བའི་གཙོ་བོ་བྱང་ཆུབ་སེམས་དཔར་དབང་བསྐུར་རོ། །དེ་ཡང་མཉམ་སྦྱོར་ལས། བྷ་ག་ལིངྒ་ཨེ་མ་བདེ། །ཐོད་པ་པདྨ་ལིངྒ་ཡིན། །ཁ་ཊྭཱཾ་ག་ནི་ལིངྒ་སྟེ། །སངས་རྒྱས་ཕྱག་རྒྱ་པདྨོར་བཤད། །བདེ་བ་ཀུན་གྱི་བདུད་རྩི་ཡིན། །རྣམ་པ་ཀུན་མཁྱེན་ཤེས་བྱའི་ཕྱིར། །དབང་བསྐུར་ཐམས་ཅད་དབང་བསྐུར་ཆེ། །ཞེས་པ་དང༌། ལྷ་ཡི་རྣལ་འབྱོར་དང་ལྡན་པས། །སྲིན་ལག་དང་ནི་མཐེ་བོའི་རྩེ། །ཞིམ་པའི་བཏུང་བ་ཉིད་མྱངས་ན། །རྟག་པ་ཡི་ནི་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །དེ་ནས་རང་བཞིན་རྣམ་དག་པའི། །མཚན་ཉིད་དག་པ་ཉམས་དགའ་སྦྱིན། །ཞེས་བྱ་བ་ནི་སློབ་མ་ལ་བཤད་པའི་དབང་དུ་བྱས་ནས། བདུད་རྩི་ལྔའི་རོ་ལ་བདེ་བ་རྟོག་པ་མེད་པ་བསྐྱེད་ནས། དབང་བསྐུར་བ་འམ། ཚོགས་ཀྱི་དབང་དུ་བྱས་ན། ངས་ཇི་ལྟར་དབང་བསྐུར་བ་


DTG008_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཁྱེད་ཀྱང་བདུད་རྩི་ལྔའི་རོ་ལ་ལོངས་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁྲག་ཆེན་པོ་ནི་རང་བྱུང་གི་མེ་ཏོག་གོ །ག་བུར་བཅས་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །ཙནྡན་དམར་ནི་རྟ་མཆོག་གོ །རྡོ་རྗེ་ཆུ་ནི་མི་བསྐྱོད་པའོ། །ལྔ་པ་རྣམ་སྣང་ནི་སེམས་མེ་ལོང་ལྟ་བུ་ལས་བྱུང་བར་བཤད་བས་དེའི་ཤུགས་ཀྱིས་ལྷག་མ་བཞིའི་ཡེ་ཤེས་ལས་བྱུང་བའོ། །རྒྱུ་དེའི་ཕྱིར་ཡེ་ཤེས་ལྔ་དང༌། འབྲས་བུ་བདུད་རྩི་ལྔར་སྣང་བ་ནི། སངས་རྒྱས་རྣམས་ཀྱིས་མཐུན་པར་གསུངས། །ཞེས་བྱའོ། །དམ་ཚིག་འདི་ནི་བླ་ན་མེད། །ཅེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་བསྐྱེད་པའི་དམ་ཚིག་གོ །བཟང་པོ་ཁྱོད་ཀྱིས་བསྐྱང་ཞེས་བྱ་བ་ནི་རྗེས་སུ་གནང་བ་བྱིན་པ་སྟེ། ཞི་བའི་བཏུང་བ་གཙང་སྦྲ་སྟོན་པའོ། །དེ་ལྟར་གནས་བཤད་ནས། དམ་ཚིག་ནི་སྲོག་ཆགས་གནོད་པར་མི་བྱ་སྟེ། ལྕེའི་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུ་རྟོག་པ་མེད་པ་ལ་གནོད་པར་མི་བྱའོ། །དམ་ཚིག་འདི་ནི་བླ་ན་མེད། །ཅེས་པ་ནི་རོ་རྡོ་རྗེ་མའི་སྟོང་པ་ཉིད་མི་འདོར་བའོ། །དེ་དག་གི་དོན་འདི་སྐད་སྟོན་པ་ཡིན་ཏེ། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའི་སློབ་དཔོན་གྱིས། གཏུམ་མོའི་དྲོད་ཀྱིས་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལ་བྱང་ཆུབ་ཀྱི་སེམས་བདུད་རྩི་ལྔ་དང་བསྲེས་ནས་ཐོད་པའི་ནང་དུ་བཞག་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་པས་སྲིན་ལག་དང༌། མཐེ་བོས་རོ་རྡོ་རྗེ་མ་མྱོང་ཞིང༌། ཀླང་རྒྱས་ཀྱིས་གོ་རོ་ཙ་ན་འཛག་པའི་མན་ངག་དབང་བསྐུར་བར་བྱ་བ་ནི། རིན་ཆེན་མཆོག་གི་དབང་བསྐུར་གྱི། །འགྲོ་བའི་གཙོ་བོས་དབང་བསྐུར་བྱ། །ཞེས་གསུངས་པ་ཡིན་ནོ། །དེའི་རྗེས་ལ་ཁྱོད་ཀྱིས་ཀྱང་ཞིམ་པའི་བཏུང་བའི་རྗེས་སུ་གནང་བ་དང༌། ཐབས་དང་ཤེས་རབ་མི་འདོར་བའི་དམ་ཚིག་སྦྱིན་པར་བྱའོ། །ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཡིན་ན་སྔར་བཤད་པའི་རིག་མ་སྔགས་ལས་སྐྱེས་མ་དང༌། ཡེ་ཤེས་ལས་སྐྱེས་མ་དང༌། ལས་ལས་སྐྱེས་མ་རིགས་དང་མཐུན་པའམ་རང་གི་རིགས་ལས་ཀྱི་ཕྱག་རྒྱར་འགྱུར་བ་མཐུན་པའི་རྣལ་འབྱོར་མ་དང་སྙོམས་པར་ཞུགས་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་བདུད་རྩི་ལྔ་དང་བསྲེས་ནས་དབང་བསྐུར་བར་བྱའོ། །དེ་ལྟར་གྲོལ་བའི་ལམ་དང་ཆགས་པའི་ལམ་ཐུན་མོང་གི་དབང་བསྐུར་བ་བསྟན་ནས། སྔོན་དུ་གསུངས་


DTG008_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིག་མ་ཞེས་བྱ་བ་ནི་སྔགས་སྐྱེས་དང༌། ཞིང་སྐྱེས་དང༌། ལས་སྐྱེས་དང་ཡེ་ཤེས་ལས་སྐྱེས་པ་རྣམས་སོ། །ཡང་ན་བདག་གི་རྣལ་འབྱོར་མ་ཞེས་བྱ་བ་ནི་རང་གི་ལས་ཀྱི་ཕྱག་རྒྱར་འགྱུར་བའོ། །སིཧླ་ག་པུར་གྱིས་བསྒོས་ནས་ཞེས་པ་ནི་ལྷ་རྣམས་ཀྱི་གནས་སུ་དྲིའི་ཐིག་ལེ་བྱས་ལ་མེ་ཏོག་བཀོད་ཅིང་ཅོད་པན་དང་རྒྱན་བཏགས་ནས་སངས་རྒྱས་སྤྱན་ལ་སོགས་པའི་རིག་པའི་ལྷ་མོར་སྤྲུལ་པར་བྱའོ། །ཡང་ན་རིག་མ་ནི་དེའི་སྤྲུལ་པ་བྱ་སྟེ་ཞེས་བྱ་བ་ནི་བསྙེན་སྒྲུབ་བཞི་ཡིས་སྦྱངས་ནས་རིག་མ་དེའི་དྲི་མ་མེད་པར་བྱས་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་དང་ཐབས་ཀྱི་གདོང་དགབ་པ་ནི་ངོ་ཚའི་འཇིགས་པ་དང་བཅས་ན་རྟོག་མེད་ཀྱི་ཡེ་ཤེས་མི་སྐྱེ་བས་ན་གདོང་གཡོགས་པར་བྱའོ། །བག་ཚ་བ་མེད་ན་གཡོགས་པར་མི་བྱའོ། །ཇི་སྲིད་ཁུ་བ་ལྡན་གྱུར་པ། །དེ་སྲིད་བར་དུ་བསྟེན་པར་བྱ། །ཞེས་བྱ་བ་ནི། འཁོར་ལོ་བཞི་བྱང་ཆུབ་ཀྱི་སེམས་ཀྱིས་བཀང་ནས། གསང་བའི་རྡོ་རྗེ་ནོར་བུའི་མཚམས་སུ་བྱང་ཆུབ་ཀྱི་སེམས་གཟུང་ལ་སློབ་མའི་ལྕེ་ལ་གཞག་པར་བྱའོ། །དེ་སྐད་དུ་ཡང་གདན་བཞི་ལས། རོ་དང་ལྕེ་ཡི་རྣམ་ཤེས་རྟག་སྤངས་ནས། །བདེ་མཆོག་འགྱུར་བ་མངོན་དུ་ཁྱིམ་གྱི་གནས། །སུ་ནི་དབུས་སུ་གནས་པ་གཟུང་བར་བྱ། །ཞེས་གསུངས་པ་དང༌། མཉམ་སྦྱོར་ལས་ཀྱང༌། བདེ་བ་ཕྱག་རྒྱ་ལ་བབ་ནས། །བུད་མེད་དག་ཀྱང་བསྒོམས་ནས་ནི། །རྡོ་རྗེ་ནོར་བུའི་མཚམས་བཟུང་ནས། །སློབ་མའི་ཁར་ནི་དབབ་པར་བྱ། །ཞེས་གསུངས་སོ། །དེ་ལྟར་གསང་བའི་དབང་བསྐུར་བ་བཤད་ནས། ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་བཤད་པར་བྱ་སྟེ། དེ་ཉིད་དུ་ནི་མཉམ་པའི་རོ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་བསྙེན་སྒྲུབ་བཞིས་སྦྱོངས་པའི་ལས་ཀྱི་ཕྱག་རྒྱ་རྒྱ་སློབ་མ་ལ་བྱིན་ནས་ཨ་ཝ་དྷཱུ་ཏཱི་ཁ་སྦྱར་ལ་བདེ་བར་རྣལ་འབྱོར་མའི་སྟོབས་ཀྱིས་བསྐྱེད་པ་ལ་སློབ་དཔོན་གྱིས་དགའ་བ་དང་མཆོག་ཏུ་དགའ་བ་ལུས་བདེ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་ཡིད་བདེ་བ་རྟོག་པ་མེད་པ་སློབ་མའི་སྤྱོད་ཡུལ་དག་ཏུ་བྱའོ། །བདག་དང་གཞན་དུ་འཛིན་སྤངས་ཤིང༌། །ཞེས་བྱ་བ་ནི་བུད་མེད་དང་སྐྱེས་པའི་རྣམ་པར་རྟོག་པ་ནུབ་པའོ། །རང་རིག་པའི་ཡེ་ཤེས་ཞེས་པ་ནི། བདེ་བ་མི་རྟོག་པ་མངོན་སུམ་གྱིས་ཤེས་པའོ། །དངོས་དང་དངོས་མེད་བདག་ཉིད་མཆོག །ཅེས་པ་ནི་རེག་བྱའི་


DTG008_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་དང་རེག་བྱའི་སྟོང་པ་ཉིད་དངོས་པོ་མེད་པའི་མཆོག་སྟེ། ཡུལ་གྱི་སྟོང་པ་ཉིད་ལ་བསྒོམ་པ་རྣམ་སྣང་གིས་རྒྱས་བཏབ་པས་ན་ནམ་མཁའ་དང་མཉམ་པའོ། །དེ་ཉིད་རང་བཞིན་བརྒྱད་ཅུའི་རྟོག་པ་དང་བྲལ་བས་ན་རྡུལ་བྲལ་ལོ། །འདོད་ཆགས་ཆགས་བྲལ་འདྲེས་པ་སྟེ། །ཞེས་བྱ་བ་ནི། འདོད་ཆགས་དགའ་བ་དང་མཆོག་དགའ་དང༌། ཆགས་བྲལ་དགའ་བ་དང་དགའ་བྲལ་ཏེ། དེ་གཉིས་སྟོང་པ་ཉིད་དུ་རོ་གཅིག་པས་ན་འདྲེས་པའོ། །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཞེས་པ་ནི་ལུས་ཤེས་པའི་ཤེས་པ་སྒྱུ་མ་ལྟ་བུ་དང་རེག་བྱ་སྟོང་པ་ཉིད་དུ་འདྲེས་པའོ། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །ཅེས་པ་ནི་རྣམ་པར་རྟོག་པ་དང་བྲལ་བའི་ལྷན་ཅིག་སྐྱེས་དགའོ། །དེ་ཉིད་མི་འགྱུར་ཞེས་བྱ་བ་ནི་གློ་བུར་གྱིས་མི་གནོད་པའོ། །དམ་པ་སྟེ་ཞེས་བྱ་བ་ནི་བདེ་བ་དང་ལྡན་པའི་སྟོང་པའོ། །དེ་ཉིད་ཀྱིས་ནི་ཐམས་ཅད་མཁྱེན། །ཞེས་པ་ནི་རེག་བྱའི་སྟོང་པ་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཤེས་པར་འགྱུར་རོ། །སངས་རྒྱས་ཡེ་ཤེས་དང་དཔལ་ཧེ་རུ་ཀའི་ཡེ་ཤེས་ནི་མིང་གི་རྣམ་གྲངས་སོ། །འདི་དང་དེ་དང་གཞན་ཡང་རུང༌། །ཞེས་པ་ནི་རྗེས་ལས་བྱུང་བའི་བདེ་བ་སྟོང་པ་ཤེས་པའི་རྒྱུན་ནོ། །དངོས་པོ་ནི་སྣང་བའི་དངོས་པོའོ། །དངོས་མེད་ནི་མི་སྣང་བའོ། །འདི་ལས་བྱུང་ཞེས་ཤེས་རབ་ཡེ་ཤེས་ཀྱི་སྟོང་ཉིད་ཤེས་པ་ལས་འདི་དག་ཐམས་ཅད་བྱུང་བའོ། །དེ་སྐད་དུ་ཡང་མཁའ་འགྲོ་ལས། ཀླུང་ནི་དབང་བར་གྱུར་པ་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་སྟོང་གསལ་རང་བཞིན་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །ཞེས་གསུངས་སོ། །དང་པོ་གསང་བའི་དབང་བསྐུར་ནས། གཉིས་པ་སློབ་མ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱའོ། །དེ་ཡང་མཉམ་སྦྱོར་ལས། སློབ་དཔོན་ཇི་ལྟར་ཟློས་གང་ལས། །སློབ་མ་རྣམས་ལ་བདེ་བ་སྦྱིན། །སློབ་མ་དག་དང་དེང་ཕྱིན་ཅད། །ཕྱག་རྒྱའི་ཡེ་ཤེས་རྗེས་གཟུང་ནས། །རྣམ་པར་སྣང་མཛད་མཆོག་བཞིན་དུ། །སངས་རྒྱས་ཀུན་གྱིས་བདག་ལ་བསྒྲུབས། །ཞེས་གསུངས་སོ། །དེ་ཡང་ཆགས་པའི་ལམ་ཤེས་པའི་རིག་པ་སྐྱེ་བའི་དབང་དུ་བྱས་ནས་དཔའ་བོ་ལུས་བདེ་བ་ནི་དགའ་བ་ཡིན་ལ་ལུས་ནི་དགའ་བ་འཕེལ་ནས། རྣལ་འབྱོར་པའི་ལུས་ཀྱི་འདོད་པའི་ཡོན་ཏན་ལྔ་དག་པར་སྣང་བ་ནི་མཆོག་དགའ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་རྟོག་


DTG008_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་ཡུལ་མ་ལུས་པ་བདེ་བར་འགྱུར་བ་ནི་ལྷན་ཅིག་སྐྱེས་དགའ་ཡིད་བདེ་བ་ཡིན་ནོ། །བདེ་བའི་ཐབས་ཀྱི་མ་ལུས་ཉིད། །ཅེས་བྱ་བ་ནི། དེའི་ཚེ་ཚོར་བ་སྡུག་བསྔལ་དང༌། བཏང་སྙོམས་དང་བྲལ་བས། ཡུལ་ཆོས་ཅི་སྣང་བ་ཐམས་ཅད་བདེ་བའི་རང་བཞིན་དུ་མ་ལུས་པར་རིག་པར་བྱའོ། །གྲོལ་བའི་ལམ་གྱི་དབང་དུ་བྱས་ནས་སྤྱི་གཙུག་ཏུ་ཕྱིན་པ་ནི་དགའ་བ་ཡིན་ལ། ལྐོག་མར་ཕྱིན་པ་ནི་མཆོག་དགའ་ཡིན་ལ། སྙིང་གར་ཕྱིན་པ་ནི་ཁྱད་པར་གྱི་དགའ་བ་ཡིན་ལ། བཞི་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ནོ། །དེ་ལྟར་དགའ་བ་བཞིའི་རིམ་པ་བཤད་ནས། དབང་བཞིའི་གོ་རིམས་བཤད་པར་བྱ་སྟེ། ནུབ་དང་པོ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་དང༌། ནུབ་གཉིས་པ་ལུས་ཀྱི་དཀྱིལ་འཁོར་ལ་གསང་བའི་དབང་བསྐུར་བ་དང༌། ནུབ་གསུམ་པ་བྷ་གའི་དཀྱིལ་འཁོར་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང༌། ནུབ་བཞི་པ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལ་དབང་བསྐུར་བ་བཞི་པ་བྱ་སྟེ། ཇི་ལྟར་ཤེས་རབ་ཡེ་ཤེས་ཀྱི་དུས་སུ། ཡུལ་གྱི་སྟོང་པ་དེ་བཞིན་དུ། སེམས་ཀྱི་སྟོང་པ་ཉིད་རྟོགས་པའི་དབང་བཞི་པའོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། ལྷ་ཡི་བདེ་བ་ཆེན་པོ་ཀུན། །ཐབས་དང་རྣལ་འབྱོར་བདེ་བས་མྱོང༌། །སེམས་ཀྱི་བདེ་བ་ཐམས་ཅད་ཀྱི། །དབང་བསྐུར་བདེ་བ་ལས་བྱུང་བའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་ཀྱིས་བཀྲུས་ནས་སུ། །ཞེས་པ་ནི། དབང་བཞི་པའི་རིམ་པ་ཀུན་རྫོབ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་སོ། །སློབ་མའི་སྡིག་དང་བྲལ་བྱས་ཏེ། །ཞེས་པ་ནི་ཆུའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་འདག་པ་དང༌། གསང་བའི་དབང་བསྐུར་བས་ངག་གི་སྒྲིབ་པ་འདག་པ་དང༌། ཤེས་རབ་ཡེ་ཤེས་ཀྱིས་དབང་བསྐུར་བས། སེམས་ཀྱི་གཟུང་བའི་དྲི་མ་འདག་པ་དང༌། དབང་བཞི་པས་སེམས་ཀྱི་འཛིན་པའི་དྲི་མ་འདག་པའོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས་རྗེས་སུ་གནང་བ་སྦྱིན་པ་ནི། སངས་རྒྱས་གྲོང་མཆོག་སྤྱན་སྔ་རུ། །ཞེས་པ་སྨོས་ཏེ། དཀྱིལ་འཁོར་བཞི་ལས། བྷ་གའི་དཀྱིལ་འཁོར་གྱི་སྤྱན་སྔ་རུའོ། །དེ་ལ་རྗེས་སུ་གནང་བའི་ཚིག་ནི་བྱང་ཆུབ་སྙིང་པོའི་མཐར་ཐུག་པ་བཞེད་ནས། ད་ནི་སེམས་ཅན་དོན་རབ་ཀྱི། །ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ལྟར་གནང་བ་བྱིན་ནས། དབང་བསྐུར་བ་དང་གནང་བ་ནོད་པའི་རྗེས་ཐོགས་ལ། འཇམ་པའི་


DTG008_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གིས་དབུགས་དབྱུང་བ་བརྗོད་པར་བྱ་སྟེ། དེ་རིང་གསོན་པ་འབྲས་བུར་བཅས། །ཞེས་བྱ་བ་ནས། རྫོགས་པ་ཉིད་དུ་བདག་གྱུར་ཏོ། །ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་ཡོན་དབུལ་བ་བཤད་པར་བྱ་སྟེ། རབ་ཏུ་མགུ་བས་མིག་གདངས་ཏེ། །ཞེས་བྱ་བ་ནས། དེ་དང་དེ་ནི་ངེས་པར་དབུལ། །ཞེས་བྱ་བའི་བར་གྱིས་མདོར་བསྟན་ནས། རྒྱས་པར་བཤད་པ་ནི། བླ་མ་ཐུགས་རྗེ་བདག་གིས་ཀྱང༌། །ཞེས་པ་ནི་སློབ་མ་ལ་ཕན་པར་བཞེད་པའི་སེམས་སོ། །འཛིན་པ་མེད་པ་ཡིས་ནི་རང་གི་མངོན་སུམ་གྱི་ལམ་ཉམས་སུ་མྱོང་ནས་སློབ་མའི་ཞན་པ་སྦྱང་བའི་ཕྱིར་མངོན་སུམ་གྱི་ལམ་སྟོན་པ་ཡིན་ཏེ་དབུལ་བའི་ལམ་ཡིན་ནོ། །དེ་ནས་དེ་ལ་ཚོགས་ཀྱི་འཁོར་ལོས་མཆོད་ཅིང༌། གསེར་ནི་སྟོང་ཕྲག་བརྒྱར་གནས་ཀྱང༌། །ཞེས་བྱ་བ་ནས། ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། །ཞེས་བྱ་བས་ནི་རབ་ཏུ་ཡོན་དབུལ་བ་སྟོན་ཏོ། །མངོན་པར་འདོད་པ་རྙེད་ནས་སུ། །འདི་ལྟར་ཡང་ཡང་མཁྱེན་པར་གསོལ། །ཞེས་པ་ནི་བདག་གི་ལུས་དབུལ་བ་མངོན་པར་འདོད་པའི་དངོས་གྲུབ་རྙེད་ཀྱི་བར་དུ་རིམ་གྱིས་བརྗོད་པར་མཛོད་ཅིག་ཅེས་པའོ། །དབུལ་བའི་དགོས་པ་ནི། དི་རིང་སངས་རྒྱས་ཐམས་ཅད་ཉིད། །ཅེས་བྱ་བ་ནས། དེ་ཉིད་དུ་ནི་གཞག་པར་བྱ། །ཞེས་པའི་བར་གྱིས་བདག་གིས་མངོན་སུམ་གྱིས་ལམ་མཐོང་ནས་གཞན་ལ་ཡང་བསྟན་པར་བྱའོ་ཞེས་སློབ་མས་ཚིག་ཏུ་བརྗོད་པའི་སྒོ་ནས་དམ་འཆར་གཞུག་གོ །ལས་ཀྱི་ཕྱག་རྒྱ་འབའ་ཞིག་གི་སྒོ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རམ་ཞེ་ན། སློབ་མའི་མོས་པ་ཤེས་བྱས་ཏེ། །ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་ཕྱག་རྒྱ་འདོད་པའི་ཡོན་ཏན་ལྔ་དང༌། དམ་ཚིག་གི་ཕྱག་རྒྱ་རླུང་མེའི་དྲོད་ཅན་ལས། དགའ་བ་བཞིའི་ཏིང་ངེ་འཛིན་རིམ་གྱིས་བསྐྱེད་པར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། དབང་བསྐུར་ཆོ་ག་བཞིན་བྱིན་ནས། །ཟབ་ཅིང་རྒྱ་ཆེ་ལ་མོས་ན། །ཞེས་བྱ་བ་ནི་རེག་བྱ་རྡོ་རྗེ་མ་ལས་དབང་བསྐུར་བའི་ཆོ་ག་བཞིན་དུ་བདེ་བ་སྟོང་པ་ཉིད་ཟབ་པའི་སེམས་དང༌། དགའ་བའི་རྣམ་པ་གསུམ་རྒྱ་ཆེ་བའི་རང་བཞིན་རྣམ་པར་ཤེས་པའི་བདག་ཉིད་ལ་མོས་པ་སློབ་དཔོན་གྱིས་མངོན་སུམ་གྱི་གཞན་དོན་གྱི་ཚིག་གིས་ཉམས་སུ་མྱོང་བ་བདེ་བ་སྟོང་པ་ཉིད་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་དབང་བསྐུར་བར་བྱའོ། །ཁ་ཅིག་ཚིག་དབང་རིན་པོ་ཆེ། །ཞེས་འདོད་ཀྱང༌། དེ་ནི་རིགས་པ་མ་ཡིན་ཏེ། དབང་བསྐུར་བ་ཉམས་སུ་


DTG008_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བའི་དོན་གཏན་ལ་ཕབ་པ་ཡིན་པས། དེ་ཡང་མངོན་སུམ་གྱིས་རྟོགས་པ་མ་ཡིན་ནོ། །དབང་བསྐུར་མཆོག་ནི་མ་ལུས་ཐོབ་ནས་སུ། །ཞེས་བྱ་བ་ནི་ཕན་ཡོན་འབྲས་བུ་རྟོགས་པ་ཡིན་ཏེ། མཆོག་ནི་རྟོགས་པའོ། །མ་ལུས་ནི་དབང་གསུམ་ཐོབ་ནས་སོ། །རྙེད་དཀའ་ནི་རྗེས་སུ་དཔག་དཀའི་ལམ་གྱིས་མི་རྟོགས་པའོ། །མཚུངས་མེད་ནི་ཡུལ་གྱི་སྟོང་པ་ཉིད་དོ། །རྡོ་རྗེ་བརྡུངས་བྱས་ཞེས་བྱ་བ་ནི་མངོན་སུམ་དུ་རྟོགས་པའོ། །དཔལ་གྱིས་ཟིན་ཅིང་ཞེས་བྱ་བ་ནི་རང་དོན་ཕུན་སུམ་ཚོགས་པའོ། །ལོངས་སྤྱོད་ཞིང་དུ་འགྱུར་ཞེས་བྱ་བ་ནི་གཞན་དོན་ཕུན་སུམ་ཚོགས་པའོ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་ཞིང༌། །ཞེས་བྱ་བ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་སོ། །གསང་བའི་དབང་བསྐུར་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི་རྗེས་གནང་ཐོབ་པའོ། །འཇིག་རྟེན་སྡིག་གི་དགྲ་ལས་རྒྱལ། །ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའོ། །བློ་ལྡན་ནི་རྟེན་གྱི་གང་ཟག་གོ །གོ་བགོས་རྒྱལ་བར་འགྱུར་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ཐོབ་པའོ། །བྱང་ཆུབ་ལ་དམིགས་སེམས་ནི་རབ་རྒྱས་གསལ། །ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའོ། །དྲི་མེད་རྣམས་ལ་འབྱོར་པ་ནི། །འདིར་རྒྱུ་ཞེས་པ་ནི་སྤྲུལ་པའི་སྐུ་འཐོབ་པའོ། །ལེའུ་གཉིས་པའི་རབ་ཏུ་བྱེད་པ་དང་པོའི་འགྲེལ་པའོ།། །།

བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་གཉིས་པ། བསམ་གྱིས་མི་ཁྱབ་པའི་ཟབ་པའི་རྫོགས་རིམ་བསྟན་པ།


DTG008_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་བསྟན་ནས། ད་ནི་དབང་བཞི་པ་བཤད་པར་བྱ་སྟེ། གཞན་དོན་ལ་ཞུགས་བརྩོན་འགྲུས་ཅན། །ཞེས་བྱ་བ་ནི་སློབ་དཔོན་སེམས་ཀྱི་སྟོང་པར་འདོད་དོ། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར་ནི་སློབ་མ་བཞི་པ་ཐོབ་པར་འདོད་པའོ། །ཤེས་རབ་ཐབས་ཀྱི་དོན་བསྒོམ་པ། །ཞེས་པ་ནི་ཤེས་རབ་ནི་ཆོས་ཀྱི་དབྱིངས་སོ། །ཐབས་ནི་སྟོང་པ་ཉིད་བསྒོམ་པ་རང་རིག་པའི་མངོན་སུམ་མོ། །བསྒོམ་ནི་མངོན་སུམ་དུ་གྲུབ་པའོ། །དེ་ལྟར་མདོར་བསྟན་ནས། ད་ནི་དེའི་རྒྱས་པར་བཤད་པར་བྱ་སྟེ། གང་ཞིག་བསྒོམ་པས་འཁོར་བ་ཡི། །རྒལ་དཀའི་རྒྱ་མཚོར་མི་གནས་ཤིང༌། །རྣལ་འབྱོར་པ་ནི་རང་དོན་ཙམ། །བསྒོམས་བས་མྱ་ངན་ལས་འདས་ལ། །ཞེས་པ་ནི་ཉན་ཐོས་གང་ཞིག་གང་ཟག་གི་བདག་མེད་པ་བསྒོམ་པས་འཁོར་བའི་རྒྱ་མཚོར་མི་གནས་ཤིང༌། ཐེག་པ་དམན་པའི་རྣལ་འབྱོར་གྱིས། །རང་གི་དོན་ཙམ་བསྒོམས་པས། ཕུང་པོ་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ཐོབ་པོ། །བྱང་ཆུབ་སེམས་དཔའི་རྣལ་འབྱོར་པས། །


DTG008_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱིས་སྲིད་པ་ལ་མི་གནས་ཤིང༌། སྙིང་རྗེས་ཞི་ལ་མི་གནས་ཏེ། །དེ་ཇི་ལྟ་བུ་ཞེ་ན། གང་ཞིག་རབ་ཀྱི་མཐར་ཐུག་པས། །དྲི་མེད་སངས་རྒྱས་སྣོད་དུ་འགྱུར། །ཞེས་བྱ་སྟེ། ས་བཅུ་གཅིག་པ་རབ་ཀྱི་མཐར་ཕྱིན་པ་སྒྲིབ་པ་རྣམ་པ་གཉིས་ཀྱི་དྲི་མ་དང་བྲལ་བ་ནི་སྒྱུ་མ་ལྟ་བུའི་སྟོང་པ་རོ་གཅིག་པའི་རྨད་དུ་བྱུང་བའི་སངས་རྒྱས་སུ་འགྱུར་བའོ། །ཅིའི་ཕྱིར་རྨད་དུ་བྱུང་ཞེ་ན། གཉེན་པོ་འཕེལ་བ་དང་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །འོ་ན་སངས་རྒྱས་སུ་ཇི་ལྟར་འགྱུར་ཞེ་ན། སྒྱུ་མ་ལྟ་བུའི་ངོར་བླ་མེད་བྱང་ཆུབ་སྐྱེ་ཞེས་བྱའོ། །དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པར་གནས་པ་དང་འཕེལ་འགྲི་བ་དང་བྲལ་བར་བསྟན་ཅིང༌། གཉེན་པོ་དང༌། སྤང་བྱ་དང་བྲལ་བར་བསྟན་ནས། ཕུང་པོ་ལྔ་ལ་སོགས་ཆོས་དང༌། །ཐེག་པ་གསུམ་པོ་དོར་མི་བྱ། །ཞེས་བྱ་བ་སྨོས་ཏེ། མ་དག་པའི་ཕུང་པོ་ལྔ་ལ་སོགས་པ་དོར་བར་མི་བྱ་ཞིང༌། དེའི་གཉེན་པོ་ཐེག་པ་གསུམ་པོ་ཡང་དོར་བར་མི་བྱའོ། །ཅིའི་ཕྱིར་ཞེ་ན། ཆོས་དབྱིངས་མཉམ་པ་ཞེས་བྱ་བ་སྨོས་ཏེ། མཉམ་པ་གཉེན་པོ་དག་པ་དང༌། མི་མཉམ་པ་ཕུང་པོ་ལ་སོགས་པ་དག་པའོ། །དེ་གཉིས་ཀ་ཡང་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཕྱིར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཆུ་ཤིང་ལྟ་བུ་ཞེས་བྱ་བ་སྨོས་ཏེ། དག་པ་དང་མ་དག་པ་གཉིས་ཀ་མེད་པའི་ཕྱིར་རོ། །གང་ལ་ཇི་ལྟར་གཟུང་བར་བྱ་ཞེ་ན། རང་གི་སེམས་ལ་དེ་ལྟར་གཟུང་བར་བྱའོ། །དེ་ལྟར་སྤང་བྱ་དང་གཉེན་པོ་མཉམ་པར་བསྟན་ནས། ད་ནི་སྟོང་པ་དང་མི་སྟོང་པ་མཉམ་པར་བསྟན་པའི་ཕྱིར་སྟོང་པ་ཉིད་འབའ་ཞིག་ཏུ་ཡང་མི་བསྒོམ་མོ། །མི་སྟོང་པའི་དངོས་པོ་འབའ་ཞིག་ཏུ་ཡང་མི་བསྒོམ་ལ། དེ་ནི་བླང་བ་དང་དོར་བ་མཉམ་པ་ཉིད་དུ་སྟོན་པ་ནི་སྟོང་པ་ཉིད་སྤང་བར་མི་བྱ་སྟེ་ཞེས་པ་ཆོས་ཅན་མེད་པས་ཆོས་ཉིད་འབའ་ཞིག་དོར་བར་ཡང་མི་བྱའོ། །མི་སྟོང་པ་དོར་རམ་ཞེ་ན། དངོས་པོའི་ཆོས་མི་སྟོང་བ་ཡང་དོར་རོ། །སྟོང་པ་དང་མི་སྟོང་བ་བླང་བ་དང་དོར་བར་གཟུང་བ་ལས་ཉེས་པ་ཅིར་འགྱུར་ཞེ་ན། ཐ་མལ་མིན་པའི་རྣམ་རྟོག་སྐྱེས། །ཞེས་བྱ་བ་གསུངས་ཏེ། རྟག་པ་དང་ཆད་པ་ལ་སོགས་པའི་རྣམ་རྟོག་དུ་མ་སྐྱེ་བར་འགྱུར་རོ། །དབུ་མ་རབ་ཏུ་མི་གནས་པ་བཞིན་དུ་དེ་གཉིས་ཀ་བཏང་ན་ཉེས་པ་ཅི་ཡོད་ཅེ་ན། བཏང་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེས་ན་དེ་གཉིས་སྤང་བར་བྱ། །ཞེས་བྱ་བ་སྨོས་ཏེ། བླང་བ་དང་


DTG008_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དོར་བ་གཉིས་སྤང་བར་བྱའོ། །དེའི་འབྲས་བུ་ཅི་ཡིན་ཞེ་ན། འཛིན་པ་གཉིས་ནི་ཡོངས་བཏང་བ། །རྣམ་པར་དག་ཅིང་གྲོལ་བའི་གནས། །ཞེས་བྱ་བ་སྟེ། སྒྲིབ་པ་གཉིས་རྣམ་པར་དག་ཅིང་འོད་གསལ་བའི་སྟོང་པ་ཉིད་ཀྱི་གྲོལ་བའི་གནས་སོ། །དེ་ནི་དག་པ་དང་མ་དག་པའི་མཐའ་ལས་གྲོལ་བར་བསྟན་པ་ནི། བདག་ཅེས་བྱ་བ་རྟོག་པ་སྟེ། །དེས་ན་དེ་ཡང་གཏང་བར་བྱ། །ཞེས་བྱ་བ་སྨོས་ཏེ། བདག་དག་གོ་བདག་མ་དག་གོ་ཞེས་གཏང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འགྱུར་བ་མེད་ཅེས་བྱ་བ་སྨོས་ཏེ། ཆོས་ཀྱི་དབྱིངས་ནི་དྲི་མ་དང་བཅས་པ་དང༌། དྲི་མ་དང་བྲལ་བ་མེད་པས་ན་འགྱུར་བ་མེད་ཅིང་རང་ཉིད་ལ་དྲི་མས་གོས་པའི་དོགས་པ་ཡང་མེད་དོ། །རྒྱུ་དེས་ན། དག་པའི་གནས་ལ་འདུན་པ་མེད། །ཅེས་བྱ་བ་སྨོས་ཏེ། མ་དག་པ་མེད་པས་ན་དག་པ་ལ་འདོད་པ་མི་སྐྱེའོ། །ད་ནི་ཐོག་མ་དང་ཐ་མའི་མཐའ་དང་བྲལ་བ་སྟོན་ཏེ། དང་པོ་ནི་འཁོར་བའི་ཐོག་མའོ། །ཐ་མ་ནི་ཕུང་པོ་ལྷག་མ་མེད་པའི་ཕྱིར་མྱ་ངན་ལས་འདས་པའོ། །མཐའ་དེ་གཉིས་ནམ་མཁའ་དང་བྲལ་བ་གྲོལ་བ་ནམ་མཁའ་ལྟ་བུ་རྣལ་འབྱོར་པས་བསྒོམ་པར་བྱའོ། །ད་ནི་ཡོད་པ་དང་མེད་པའི་མཐའ་དང་བྲལ་བའི་སྙིང་རྗེ་ཅན་གྱིས་སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པར་མི་བྱ་སྟེ། སྒྱུ་མའི་སྐྱེས་བུ་ཇི་བཞིན་དུ་སེམས་ཅན་ཡང་ཡོད་ཅེ་འམ། མེད་ཅེས་སྒྲོ་བཏགས་པ་དང་དབང་བསྐུར་བའི་གདམས་ངག་སྦྱིན་པར་བྱ་སྟེ། སྒྱུ་མ་དང་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་སྤྲོས་པ་བཞི་འམ་བཅུ་དྲུག་དང་བྲལ་བས་ན་སེམས་འོད་གསལ་བའི་རང་བཞིན་ལ་ཤེས་རབ་ཅེས་གྲགས་སོ། །དེ་ལྟར་ཤེས་རབ་ཀྱི་རང་བཞིན་བཤད་ནས། ད་ནི་ཐབས་ཀྱི་རང་བཞིན་བཤད་པར་བྱ་སྟེ། ཡིད་བཞིན་ནོར་ལྟར་སེམས་ཅན་དོན། །ཞེས་བྱ་བ་སྨོས་ཏེ། སེམས་རང་རིག་པ་འོད་གསལ་བ་ལ་སེམས་ཅན་ཅི་ལྟར་མོས་པ་ལྟར་སྣང་བས་ན་སེམས་ཅན་དོན་ནོ། །མ་ལུས་བྱེད་པའི་སྙིང་རྗེ་ཆེ། །ཞེས་བྱ་བ་ནི་སྣོད་དང་བཅུད་མ་ལུས་པ་སེམས་འོད་གསལ་བའི་སྣང་བ་ཡིན་པས་ན་མ་ལུས་བྱེད་ཅེས་བྱའོ། །དེ་ཉིད་སྒྱུ་མ་སྡུག་བསྔལ་དང་བྲལ་བས་ན་སྙིང་རྗེའོ། །དེ་ཡང་ཆོས་ཀྱི་དབྱིངས་ལ་དམིགས་པས་ན་དམིགས་པ་མེད་པའི་སྙིང་རྗེའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་དུ་གྱུར་བས་ན།


DTG008_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མེད་པའི་གནས་ཞེས་གྲགས། །ཞེས་བྱའོ། །དེ་ལྟར་ཐབས་ཀྱི་རང་བཞིན་བསྟན་ནས། ད་ནི་ཟུང་དུ་འཇུག་པའི་རང་བཞིན་བསྟན་པར་བྱ་སྟེ། དེ་ལྟར་ཡང་བསྒོམ་པ་གསུམ་ལས་སྒོམ་པ་དང་པོ་ནི་མཚན་ཉིད་ལྔ་དང་ལྡན་པ་ཡིན་ཏེ། ཟུང་དུ་འཇུག་པའི་མཚན་ཉིད་དང༌། མངོན་སུམ་གྱི་ལམ་གྱི་མཚན་ཉིད་དང༌། ཡོན་ཏན་གྱི་མཚན་ཉིད་དང༌། གློ་བུར་གྱི་མཚན་ཉིད་དང༌། གློ་བུར་དང་བྲལ་བའི་མཚན་ཉིད་དོ། །དེ་ལ་ཟུང་དུ་འཇུག་པའི་མཚན་ཉིད་ནི་བློ་དང་ལྷན་ཅིག་གཅིག་ཏུ་གྱུར་པ་ཞེས་བྱ་བ་སྨོས་ཏེ། བློ་དང་རིག་པ་དང་ཤེས་རབ་རིག་པ་གཉིས་རོ་གཅིག་པའོ། །དཔེ་ཇི་ལྟ་བུ་ཞེ་ན། ཇི་ལྟར་མཁའ་དང་མཁའ་ཉིད་བཞིན། །ཞེས་བྱ་བ་སྨོས་ཏེ། ནམ་མཁའ་དང་མཁའ་ཉིད་ལས་ཁྱད་པར་གཞན་སྤངས་པ་དང་མ་སྤངས་པ་ལས་མ་གཏོགས་པ་དངོས་པོ་ལ་སྐྲའི་རྩ་མོའི་ཚད་ཙམ་ཡང་མེད་དོ། །དབྱེ་བ་མེད་ན་ཇི་ལྟར་བསྒོམ་ཞེ་ན། སྒོམ་པ་པོ་ཡང་རང་རིག་པ་ཡིན་ལ། བསྒོམ་པར་བྱ་བ་ཡང་རང་རིག་པ་ཡིན་ཞིང༌། བསྒོམ་པ་ཡང་རང་རིག་པའི་ཆོས་ཉིད་ཡིན་པས། ལྟ་བ་པོ་ལྟ་སྦྱིན་དང༌། ལྟ་བ་མིག་ལྟ་བར་བྱ་བའི་གཟུགས་ལྟ་བུ་ནི་མེད་དེ། དེ་བས་ན་ཐ་མི་དད་པའི་ཤེས་པ་ནི་ལྷུན་གྱིས་གྲུབ་པའི་བསྒོམ་པ་ཞེས་བརྗོད་དོ། །ད་ནི་བྱ་བ་དང་བྱེད་པ་ཟུང་དུ་འཇུག་པ་སྟོན་ཏེ། ཉན་ཐོས་ཀྱི་བྱ་བ་དང་བྱེད་པ་པོ་དང༌། མུ་སྟེགས་ཀྱི་བཟའ་བར་བྱ་བ་དང་ཟ་བ་པོ་ལས་གྲོལ་བ་ནི་དོན་དམ་པར་རྣམ་པར་བསྒོམ་པར་བྱའོ། །ད་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་མེད་པ་སྟོན་ཏེ། གཅིག་དང་དུ་མ་མེད་པའི་གཏན་ཚིགས་ཀྱིས་སྒྲུབ་པར་བྱེད་པ་དང༌། བསྒྲུབ་པར་བྱ་བ་ཅུང་ཟད་ཀྱང་མེད་དེ་རང་རིག་པའི་ཕྱིར་རོ། །ད་ནི་བླང་དོར་མེད་པ་སྟོན་ཏེ། བླང་དོར་མེད་པས་སྤང་བར་བྱ་བ་དང༌། རང་རིག་ཡིན་པས་བླང་བར་བྱ་བ་མེད་དོ། །དེ་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། བདག་བྱིན་གྱིས་བརླབས་པའི་ཐབས་ཀྱིས་ཤེས་ཏེ་རང་གི་སེམས་ཡིན་ལ་བྱིན་གྱིས་རློབ་པ་ནི་སྟོང་པ་ཉིད་ཀྱི་རྣམ་པར་སྐྱེ་བའོ། །དེ་ཡང་གང་གིས་ཤེ་ན། མངོན་སུམ་གྱིས་མཐོང་སྟེ། གཟུགས་ལ་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། སྒྲ་ལས་གྲ་བརྙན་ལྟ་བུ་དང༌། དྲི་ལ་སྒྱུ་མ་ལྟ་བུ་དང༌། རོ་ལ་མིག་ཡོར་གྱི་གྲོང་ཁྱེར་ལྟ་བུ་སྟེ། མིག་ཡོར་དེ་ལ་སེང་གེ་ཟླ་བའི་གྲོང་ཁྱེར་ཞེས་གྲག་གོ །རེག་བྱ་ནི་རྨི་ལམ་ལྟ་བུ་སྟེ། གཟུགས་ཀྱིས་སྟོང་པ་ནས་རེག་བྱའི་བར་དུ་ཡུལ་གྱིས་སྟོང་པ་ནི་


DTG008_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་མངོན་སུམ་གྱིས་ཤེས་ཏེ། ཤེས་པ་ཐམས་ཅད་སྒྱུ་མ་བཞིན་དུ་རང་རིག་པའི་མངོན་སུམ་གྱིས་ཤེས་སོ། །དེ་ལྟར་ན་འགྲོ་བ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་མ་གཏོགས་པ་རྣམ་པར་གནས་པ་ཅུང་ཟད་ཙམ་ཡང་དམིགས་སུ་མེད་དོ། །ད་ལྟར་ཟུང་དུ་འཇུག་པའི་མཚན་ཉིད་བཤད་ནས། ད་ནི་མངོན་སུམ་དུ་ལམ་གྱི་མཚན་ཉིད་བཤད་པར་བྱ་སྟེ། ཇི་ལྟར་གཞོན་ནུ་མ་ཡི་ནི། །དབང་པོ་གཉིས་ནི་འདུས་པ་ལས། །སྐྱེས་པའི་རང་བཞིན་ཇི་བཞིན་ནོ། །ཞེས་བྱ་བའི་ལུས་ཀྱི་བདེ་བ་མངོན་སུམ་དུ་སྐྱེས་པར་གྱུར་པ་ལ་རྩོད་པ་མེད་པ་དེ་བཞིན་དུ་རང་རིག་པའི་ཆོས་ཀྱི་དབྱིངས་ཀྱི་བྷ་གར་རྟོག་པ་མེད་པའི་ཤེས་པ་གཞན་ལས་སྐྱེས་པའི་ཡེ་ཤེས་ནི་དབང་བཞི་པ་ཡིན་ནོ། །ཅུང་ཟད་སྐྱེས་པའི་ཡེ་ཤེས་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་རྟོགས་པ་མ་ཡིན་གྱི། རང་གི་སེམས་ཀྱི་ཆོས་ཉིད་སྟོང་པ་ཅུང་ཟད་ཙམ་ཞེས་བྱའོ། །གློ་བུར་གྱི་དྲི་མ་དང་བྲལ་ན་ཇི་ལྟར་རང་གི་སེམས་ཉིད་མཐོང་ཞེ་ན། ཐོག་མ་ནི་དགའ་དང་མཆོག་དགའོ། །དབུས་ནི་ལྷན་ཅིག་སྐྱེས་པ་སྟེ། །དེ་རྣམས་ལས་འདས་པའི་འོད་གསལ་བ་ནི་རྣམ་པར་དག་པ་སྟེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཞེས་བྱའོ། །མངོན་སུམ་ཡིན་ན་ཇི་ལྟར་དྲན་པ་ཡིན་ཞེ་ན། རང་གིས་རིག་པའི་ཡེ་ཤེས་ཏེ། སངས་རྒྱས་ཀྱི་ཆོས་ཉིད་མཁྱེན་པ་དང་ཁྱད་པར་མེད་པར་དྲན་པ་ཞེས་མིང་དུ་བཏགས་སོ། །ཚུ་རོལ་མཐོང་བ་ནི་ཚིག་གི་སྤྱོད་ཡུལ་མ་ཡིན་པས་ན་བརྗོད་པར་ནུས་པ་མ་ཡིན་པའོ། །གཟུགས་ལ་སོགས་པའི་ཡུལ་རྣམས་ལས་སྐྱེས་པའི་ཤེས་པ་ནི་ཇི་ལྟར་འོད་གསལ་བར་འགྱུར་ཞེ་ན། གཟུགས་ལ་ལྟ་བ་དང༌། སྒྲ་ལ་ཉན་པ་དང༌། རེག་བྱ་ལ་རེག་པའི་ཁྱད་པར་དང༌། ལུས་ཀྱི་གཡོ་འགུལ་གྱིས་དགེ་བ་དང་མི་དགེ་བ་བྱེད་པ་དང༌། ངག་གི་སྒོ་ནས་སྨྲ་བ་དང༌། དགོད་པ་ལ་སོགས་པའི་དགེ་བ་དང་མི་དགེ་བ་བརྗོད་པ་དང༌། ལུས་ཀྱི་སྒོ་ནས་དགེ་བ་དང་མི་དགེ་བའི་ལས་ཐམས་ཅད་བྱེད་པ་ལ། བདེ་བ་ཆེན་པོའི་སེམས་མ་གཏོགས་པ་གཞན་རྣམ་པར་རྟོག་པ་དང་བཅས་པའི་གློ་བུར་གྱི་སེམས་ཀྱིས་མི་བྱའོ། །སྣོད་དང་བཅུད་ཐམས་ཅད་བདེ་བ་ཆེན་པོས་རྒྱས་བཏབ་ནས་བསྒོམ་པར་བྱ་བ་ཡིན་གྱི། གཟུང་བ་དང་འཛིན་པའི་རང་བཞིན་དུ་གཟུང་བར་མི་བྱའོ། །དེ་ཇི་ལྟར་བསྒོམ་པར་


DTG008_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེ་ན། དེ་ཉིད་རིག་པའི་རྣལ་འབྱོར་པ། །རྒྱུན་དུ་མོས་པའི་རྣལ་འབྱོར་སྐྱེ། །ཞེས་སྨོས་ཏེ། རང་རིག་པས་སྟོང་པ་ཉིད་མཐོང་བའི་མངོན་སུམ་ལ། བར་དུ་རྣམ་པར་རྟོག་པའི་བགེགས་མེད་པར་བྱས་ནས་རྒྱུན་བསྲིང་བའི་སྒོམ་པའོ། །དེ་སྐད་དུ་ཡང་དོན་དམ་སྙིང་པོ་ལས་ཀྱང༌། མངོན་སུམ་ཤེས་པ་རྒྱུན་བསྲིངས་པ། །སྒོམ་པ་ཞེས་སུ་དེ་ལ་བཤད། །ཅེས་འབྱུང་བ་དང༌། གདན་བཞི་ལས་ཀྱང༌། དངོས་པོ་ངོ་བོ་མེད་པ་ཡིས། །སྒོམ་པ་དག་ནི་མཚོན་བྱ་བ། །གཟུགས་དང་སྟོང་པའི་དབུས་སུ་ནི། །སེམས་ནི་མཁས་པས་ཤེས་བྱ་སྟེ། །སེམས་ཀྱི་དེ་ཁོ་ན་ཉིད་ཀྱིས། །དངོས་མེད་རྫུ་འཕྲུལ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེའི་མངོན་སུམ་གྲངས་ཇི་ལྟ་བུ་ཞེ་ན། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་དང༌། དཔལ་རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་དང་སངས་རྒྱས་དང༌། བྱང་ཆུབ་དང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། ཕ་རོལ་ཏུ་ཕྱིན་པ་ཉིད་ཅེས་བྱའོ། །མངོན་སུམ་བསྒོམ་པའི་མན་ངག་གང་ཞེ་ན། མཉམ་པའི་སེམས་བྱེད་ཅེས་བྱ་བ་སྨོས་ཏེ། ངེས་པའི་ཤེས་པ་མངོན་སུམ་གྱིས་ཟློས་གར་བྱེད་པ་ནི་ཨ་ས་མ་ས་མ་ཞེས་བྱ་བ་སྟེ། དབང་བཞི་པའི་མན་ངག་ཡིན་ནོ། །དེ་ལྟར་མངོན་སུམ་གྱི་མཚན་ཉིད་བཤད་ནས། ད་ནི་ཡོན་ཏན་གྱི་མཚན་ཉིད་བཤད་པར་བྱ་སྟེ། སངས་རྒྱས་ཀུན་གྱིས་བསྒོམ་པ་མཆོག །ཅེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱིས་བསྒོམ་པའི་ཆོས་ཀྱི་དབྱིངས་མངོན་སུམ་གྱི་མཆོག་གོ །ཇི་ལྟར་མཆོག་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་མཐའ་ཡས་དང༌། །རྫོགས་སངས་རྒྱས་དང་ཉན་ཐོས་སོགས། །སོགས་པའི་སྒྲས་ཚངས་པ་དང༌། བརྒྱ་བྱིན་ལ་སོགས་པ་བསྡུའོ། །བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་འཇིག་རྟེན་འགྲོ་བ་འདི་དག་ཐམས་ཅད་སེམས་ཀྱི་སྟོང་ཉིད་དེ་ཤེས་པའོ། །དེ་བསྒོམས་པས་ཅིར་འགྱུར་ཞེ་ན། དངོས་དང་དངོས་མེད་བྲལ་བ་ཡིན། །ཞེས་བྱ་བའི་ཚིགས་བཅད་གཅིག་གིས་ལས་མྱུར་བ་བསྟན་ཏོ། །དངོས་པོ་དང་དངོས་མེད་ནི་སྒྱུ་མ་དང་སྟོང་པའོ། །དེ་རོ་གཅིག་པ་ནི་དེ་ལས་གྲོལ་བའོ། །མྱུར་བ་ལས་བྱུང་བ་གང་ཡིན་ཞེ་ན། ཀུན་ནས་ཉོན་མོངས་རྒྱབ་ཕྱོགས་ནས། །ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་སྤངས་པ་ཕུན་སུམ་ཚོགས་པ་སྟོན་ལ། ཚིགས་བཅད་ཕྱེད་འོག་མས་ཡེ་ཤེས་ཕུན་སུམ་ཚོགས་པ་སྐྱེ་བ་སྟོན་


DTG008_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེ་ལྟར་ཡོན་ཏན་གྱི་མཚན་ཉིད་བསྟན་ནས། གློ་བུར་གྱི་མཚན་ཉིད་བསྟན་པ་ནི། རྣམ་རྟོག་རྨོངས་པ་ཆེན་པོ་ནི། །ཞེས་བྱ་བ་སྨོས་ཏེ། མ་རིག་པའི་འཁྲུལ་པ་བག་ཆགས་སོ། །ཡེ་ཤེས་གློག་ནི་ཟིལ་གྱིས་མནན། །ཞེས་པ་ནི་མ་རིག་པའི་འཁྲུལ་པའི་ནང་དུ་རེས་འགའ་སྒྱུ་མ་དང་གཟུགས་བརྙན་ལྟ་བུ་ཤེས་པ་གློག་ལྟ་བུ་སྐྱེ་ཡང་བདག་དང་བདག་གིར་འཛིན་པའི་རྨོངས་པ་ཟིལ་གྱིས་མནན་ནས། སྟོང་པ་ཉིད་ལ་སེམས་འདྲེན་མི་ནུས་སོ། །སྟོང་པ་ཉིད་དེ་ལ་ངེས་པར་མ་སྐྱེས་པས་ན་ཁམས་གསུམ་འཁོར་བ་ཡིན་ཏེ། མ་རིག་པའི་ཁམས་གསུམ་འཁོར་བ་ཟིལ་གྱིས་གནོན་པའི་ཕྱིར་རོ། །དེས་ན་འདོད་ཆགས་ལ་སོགས་པས་བསྒོས་པའི་སེམས་འདི་ནི་སྤང་བར་དཀའ་བས་ན། འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་འཁོར་བ་ཡིན་པར་གསུངས་སོ། །གློ་བུར་གྱི་མཚན་ཉིད་བསྟན་ནས། དྲི་མ་དང་བྲལ་བའི་མཚན་ཉིད་བཤད་པར་བྱ་སྟེ། ཆགས་པ་ལ་སོགས་པའི་དྲི་མ་མངོན་སུམ་གྱི་ལམ་གྱིས་བཅོམ་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་ལས་གྲོལ་བའོ། །འོད་གསལ་བ་གཟུང་བ་དང་འཛིན་པ་ལ་སོགས་པ་དང་བྲལ་བའི་ཕྱིར་སེམས་ཅན་མཆོག་འདི་ནི་རྒྱུ་དབང་བཞི་པ་འདིས་མྱ་ངན་ལས་འདས་པ་མཆོག་ཏུ་གྲུབ་པར་འགྱུར་རོ། །དེ་ལྟར་ཟུང་དུ་འཇུག་པ་བཤད་ནས། དེའི་མཇུག་བསྡུ་བ་ནི། དེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལས་གཞན་པའི་ལམ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་ཡིན་པས། དེས་བདེ་བའི་ལམ་དུ་འགྱུར་བ་ནི་མེད་དོ། །དེ་ནས་སངས་རྒྱས་ཀྱི་བདེ་བ་མཐའ་ཡས་པ་ཐམས་ཅད་དོན་དུ་གཉེར་བ་རྣམས་ཞི་གནས་ཀྱི་བདེ་བ་མངོན་སུམ་དུ་བྱེད་ཅིང་ལྷག་མཐོང་གི་བདེ་བ་མངོན་སུམ་དུ་བྱེད་པའི་རྒྱུ་ནི་འདི་ལས་ཐབས་གཞན་ཅི་ཡང་མེད་དེ་ཞེས་བྱའོ། །དེ་ལྟར་ཟུང་དུ་འཇུག་པའི་མཚན་ཉིད་དང་ལྡན་པ་བཤད་ནས། ད་ནི་མཚན་ཉིད་གསུམ་དང་ལྡན་པའི་ཟུང་འཇུག་བསྟན་ཏེ། དེ་ལ་སྦྱོར་བ་གདམས་ངག་གི་མཚན་ཉིད་བསྟན་པ་ནི། སྡུག་བསྔལ་མ་ལུས་པའི་འཆིང་བ་ལས་གྲོལ་བར་འདོད་པ་དང༌། སངས་རྒྱས་ཀྱི་བདེ་བ་ཐོབ་པར་འདོད་བས་སེམས་ཀྱི་རང་བཞིན་ཡོད་པ་དང་མེད་པ་བརྟགས་ནས་ཆུའི་ཟླ་བ་བཞིན་དུ་རྟོགས་པར་བྱའོ། །ཇི་སྲིད་དུ་རྣམ་པར་རྟོག་པའི་ལིང་ཏོག་པའི་ཀུན་འབྱུང་བ་དང་


DTG008_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དེ་སྲིད་དུ་འབྲས་བུ་སྡུག་བསྔལ་མཐའ་ཡས་པ་དང་ལྡན་པར་འགྱུར་ལ། ནམ་ཞིག་སེམས་ཀྱི་སྟོང་ཉིད་ཤེས་ནས་རྣམ་པར་རྟོག་པ་སྤངས་པ་དེའི་ཚེ་འཕགས་པ་རྣམས་དགྱེས་པའི་བདེ་བ་རྟོག་པ་མེད་པ་སྐྱེ་ཞིང༌། རྟོག་པ་གཟུང་བ་དང་འཛིན་པ་ཟད་པར་བྱས་ནས་རང་ཉིད་ཀྱི་སེམས་ཀྱི་སྟོང་ཉིད་མཐོང་ནས་ཆོས་ཐམས་ཅད་ཀྱི་སྟོང་ཉིད་ཀྱང་རྒྱས་ཤིང་གསལ་བར་མཐོང་བར་འགྱུར་རོ། །དེ་སྐད་དུ་ཡང་གདན་བཞི་ལས། །མཚན་ཉིད་མེད་པའི་སེམས་ཀྱིས་ནི། །མཚོན་བྱ་ཐམས་ཅད་རྟོགས་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་སྦྱོར་བ་གདམས་ངག་གི་མཚན་ཉིད་བསྟན་ནས། ད་ནི་དངོས་གཞི་བསྒོམ་པའི་ཐབས་ཀྱི་མཚན་ཉིད་བཤད་པ་ནི། དེ་ལྟར་དེ་ཉིད་རྣལ་འབྱོར་པ། །རྣལ་འབྱོར་ཉེས་པ་བྱས་ནས་སུ། །ཞེས་བྱ་བ་སྨོས་ཏེ། ཕྱག་རྒྱ་ཆེན་པོ་ལས། སྟོང་ཉིད་ངེས་པར་བྱས་ནས་བསྒོམ་པར་བྱའོ། །དེ་ཡང་ཐབས་གང་གིས་ཤེ་ན། རྗེས་སུ་རང་གི་དམ་ཚིག་ཉམས་པ་བསྐང་བར་བྱ་ཞེས་སྨོས་ཏེ། དམ་ཚིག་བསྲུངས་པའི་སྟེངས་སུ་བླ་མས་མན་ངག་རྗེས་སུ་གནང་ནས་བསྒོམ་པར་བྱའོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། གསང་ལས་གསང་བ་གསང་ཆེན་པོ། །རྣམ་ཤེས་ཡེ་ཤེས་གསང་བ་དག །ཆོས་ལོག་སོགས་པ་སྤང་བྱ་ཞིང༌། །ཡུལ་གྱི་མཚན་ཉིད་ལས་ཀྱང་རིག །མཚོན་བྱའི་མཚན་ཉིད་དེ་ཉིད་ནི། །བླ་མའི་ལམ་གྱིས་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཐབས་ཀྱི་མཚན་ཉིད་བཤད་ནས། བཅོས་པའི་མཚན་ཉིད་ནི། ཐུན་མོང་དངོས་གྲུབ་སྐྱེ་བ་ཡི། །ཞེས་བྱ་བ་ནས། ཚིག་བཅད་གཅིག་གིས་བཅོས་མའི་བསྒོམ་པ་དང༌། བཟླས་པ་དང་སྔགས་དང་ཕྱག་རྒྱ་མདོར་བསྟན་པ་ཡིན་ནོ། །དེ་སྐད་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། ཇི་ག་གླང་པོ་རྙེད་གྱུར་ནས། །གླང་པོའི་རྗེས་ནི་ཚོལ་བྱེད་དམ། །ཞེས་གསུངས་སོ། །འོ་ན་གང་གིས་མཚོན་ཞེ་ན། རང་འདོད་ལྷ་ཡི་སྦྱོར་བ་ཡིས། །སངས་རྒྱས་ཉིད་ཀྱིས་མཐར་ཐུག་པའི། །མཚོན་བྱའི་མཚན་ཉིད་དངོས་བྱས་ནས། །ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་རང་འདོད་པའི་ལྷར་བསྒོམས་ནས། རྫོགས་པའི་རིམ་པ་རང་འདོད་པའི་ལྷ་ཕྱག་རྒྱ་ལ་མངོན་སུམ་གྱིས་མཚོན་པར་བྱས་ནས། སངས་རྒྱས་ཉིད་ཀྱིས་མཐར་ཐུག་པའི་འཁོར་བ་དང་མྱ་ངན་ལས་


DTG008_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་མཚན་ཉིད་རྟོགས་ཤིང་ཁམས་གསུམ་པོ་ནམ་མཁའ་ལྟ་བུར་རྟོགས་པར་འགྱུར་རོ། །དེ་གང་གིས་བསྒོམས་པས་ཤེ་ན། མཁས་མཆོག་ཉིད་ལ་དམིགས་པའོ། །རང་རིག་པ་མངོན་སུམ་གྱིས་ཉིན་དང་མཚན་དུ་གོམས་པར་བྱས་པས་སོ། །དེ་ལྟར་བཅོས་མ་དང་བྲལ་བའི་སྒོམ་པའི་མཚན་ཉིད་བཤད་ནས། ད་ནི་གནས་ཀྱི་མཚན་ཉིད་བཤད་པར་བྱ་སྟེ། རི་རྩེ་དང་ནི་ཞི་བྱེད་གནས། །ཞེས་བྱ་བ་ནས། སྔགས་ཤེས་པས་ནི་གནས་བཅོས་ཏེ། །ཞེས་བྱ་བའི་བར་གྱིས་གནས་ཀྱི་མཚན་ཉིད་བསྟན་ནས། དེས་ཅི་ཞིག་བསྒོམ་པར་བྱ་ཞེ་ན། བདེ་དང་ལྡན་པས་བསྒོམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། ཟག་བཅས་ཀྱི་བདེ་བ་དགའ་བ་དང་མཆོག་དགའ་ལ་སོགས་པ་དང་ལྡན་པས་བསྒོམ་པར་བྱའོ། །བདེ་བ་སྟོང་པ་དེའི་ཐབས་གང་ཞེ་ན། ཤེས་རབ་ཐབས་ནི་མ་གཏོགས་པར། །སངས་རྒྱས་ཉིད་ནི་རྙེད་མི་འགྱུར། །ཞེས་བྱ་བ་ནི་ཕྱག་རྒྱ་བཞི་ལ་སྟོང་པ་ཉིད་མ་བསྒོམས་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་རྙེད་པར་མི་འགྱུར་རོ། །དེ་ལྟར་གནས་དང་ལྡན་པའི་སྒོམ་པ་བཤད་ནས། ད་ནི་མཇུག་བསྡུ་བ་སྟོན་པ། །དེ་བས་དེ་ལྟར་རྫོགས་བྱང་ཆུབ། །ཅེས་བྱ་བ་སྨོས་ཏེ། འབྲས་བུ་རྫོགས་པའི་བྱང་ཆུབ་ནི་རང་བཞིན་ཕྱག་རྒྱ་བཞི་སྤངས་ཤིང་དེ་དང་མཉམ་པར་སྦྱོར་བའི་མངོན་སུམ་གྱི་ལམ་མེད་ན་སྟོང་པ་ཉིད་འབའ་ཞིག་གམ་རང་རིག་པ་འབའ་ཞིག་གིས་དངོས་གྲུབ་མི་འཐོབ་བོ། །དེ་ལྟར་རིམ་གྱིས་སྟོང་པ་ཉིད་ལ་འཇུག་པའི་ཐབས་བཤད་ནས། ད་ནི་ཟུང་དུ་འཇུག་པའི་ཐབས་གསུམ་པ་བཤད་པར་བྱ་སྟེ། འདི་ལས་ཡེ་ཤེས་སྐྱེས་པས་ན། །ཕྱག་རྒྱ་བཞི་དང་སྦྱར་བར་བྱ། །ཞེས་བྱ་བ་ནི་ཟླ་བ་ཚེས་པ་བཞིན་དུ་ཞི་གནས་ཀྱི་བདེ་བ་ལ་ལྷག་མཐོང་གི་བདེ་བ་སྐྱེ་བ་ནི་ཡུལ་ཕྱག་རྒྱ་བཞི་ལ་རག་ལས་པ་ཡིན་ནོ། །དེ་ལྟར་ཚིགས་བཅད་ཕྱེད་ཀྱིས་མདོར་བསྟན་ནས། ད་ནི་ཕྱག་རྒྱའི་མཚན་ཉིད་རྒྱས་པར་བཤད་པར་བྱ་སྟེ། གཏི་མུག་དམ་ཚིག་ཕྱག་རྒྱ་སྟེ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་མོས་པའི་རྣལ་འབྱོར་པས། བྲམ་ཟེའི་རིགས་ཀྱི་བུ་མོས་སངས་རྒྱས་སྤྱན་དུ་བསྐྱེད་ནས་སྙོམས་པར་ཞུགས་པ་ལས། དགའ་བ་གསུམ་གྱི་བདག་ཉིད་ལས། བདེ་བ་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་མེ་ལོང་ལྟ་བུའི་སྟོང་


DTG008_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་བསྒོམ་པའོ། །ཞེ་སྡང་རྟག་ཏུ་ཕྱག་རྒྱ་ཆེ། །ཞེས་བྱ་བ་ནི། རྡོ་རྗེའི་རིགས་ལ་མོས་པའི་གང་ཟག་གིས་རྒྱལ་རིགས་ཀྱི་བུ་མོ་མཱ་མ་ཀཱིའི་རིགས་སུ་བསྐྱེད་ནས། ལྷན་ཅིག་སྐྱེས་དགའི་མཐར་སྟོང་པའི་རྒྱས་བཏབ་པ་ནི་ཕྱག་རྒྱ་ཆེན་པོ་སྟེ་མཉམ་པ་ཉིད་ཀྱི་ཆོས་ཉིད་དོ། །ཕྲག་དོག་ལས་ཀྱི་ཕྱག་རྒྱ་སྟེ། །ཞེས་བྱ་བ་ནི་ལས་ཀྱི་རིགས་ལ་མོས་པའི་གང་ཟག་གི་དམངས་རིགས་ཀྱི་བུ་མོ་སྒྲོལ་མར་བསྐྱེད་ནས་ལྷན་ཅིག་སྐྱེས་དགའ་བསྐྱེད་པའི་མཐར་བདེ་བ་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པ་ནི་ལས་ཀྱི་ཕྱག་རྒྱ་སྟེ་བྱ་བ་ནན་ཏན་གྱི་ཆོས་ཉིད་དོ། །འདོད་ཆགས་ཆོས་ཀྱི་ཕྱག་རྒྱ་སྟེ། །ཞེས་བྱ་བ་ནི་པདྨའི་རིགས་ལ་མོས་པའི་གང་ཟག་གིས་རྗེའུ་རིགས་ཀྱི་བུ་མོ་གོས་དཀར་མོར་བསྐྱེད་ལ་དགའ་བ་གསུམ་གྱི་མཐར་བདེ་བ་ཆེན་པོའི་རྒྱས་བཏབ་པ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཆོས་ཉིད་དོ། །དེ་སྐད་དུ་མཚན་བརྗོད་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པ་ལ་སོགས་པ་གསུངས་སོ། །ཕྱག་རྒྱ་དེ་དག་རྣལ་འབྱོར་པས། །རྫོགས་པར་བྱེད་པས་བསྟན་པར་བྱ། །ཞེས་བྱ་བ་ནི་ཞི་གནས་མངོན་སུམ་དུ་སྐྱེད་པར་བྱེད་པ་བདེ་བ་ཆེན་པོ་རྫོགས་པར་བྱེད་པས། ཕྱག་རྒྱ་བཞིའི་རྒྱུའི་ཚོགས་པ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རིགས་དང་གཉིས་ཀ་མངོན་སུམ་དུ། །ལྷ་ཡི་གཟུགས་སུ་བསམ་པར་བྱ། །ཞེས་བྱ་བ་ནི་བསྙེན་བསྒྲུབ་བཞིས་སྦྱངས་ནས་ལྷའི་རྣལ་འབྱོར་བསྒོམ་པ་ནི་དང་བའི་དད་པ་བསྐྱེད་ནས་བསོད་ནམས་ཀྱི་ཚོགས་སུ་འགྱུར་རོ། །རྨོངས་པས་ཞི་འགྱུར་ཁྲོ་བས་དྲག །ཅེས་བྱ་བ་ནི་གཏི་མུག་གི་སྟོང་པ་ཉིད་བསྒོམས་པས་ཞི་བར་འགྱུར་ཏེ། ཞེ་སྡང་གི་ཆོས་ཉིད་བསྒོམས་པས་དག་པ་དང༌། འདོད་ཆགས་ཀྱི་ཆོས་ཉིད་བསྒོམས་པས་ཆགས་པ་ཆེན་པོ་དང༌། ཕྲག་དོག་གི་ཆོས་ཉིད་བསྒོམས་པས་སེམས་ཅན་གྱི་དོན་རབ་ཏུ་བྱེད་པས་ན་རྒྱལ་བ་ལྔའི་བདག་ཉིད་དུ་འགྱུར་རོ། །དེ་སྐད་དུ་ཡང༌། སེམས་གང་གིས་ན་འཆིང་འགྱུར་པ། །སེམས་དེ་ཉིད་ཀྱིས་གྲོལ་བར་འགྱུར། །ཞེས་སོ། །ཡུལ་ཕྱག་རྒྱ་བཤད་ནས་ད་ནི་དུས་བཤད་པར་བྱ་སྟེ། ཐོ་རངས་ནི་འོད་གསལ་བའོ། །ཉི་མ་ཕྱེད་ནི་སྣང་བ་མཆེད་པའོ། །མཚན་མོ་ནི་སྣང་བ་སྟེ། དགའ་བ་གསུམ་འོད་གསལ་བ་ནི་འོད་གསལ་བ་དང་བཅས་པའི་ཡེ་ཤེས་ནི་ཕྱག་རྒྱའི་སྦྱོར་


DTG008_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྟོགས་པར་བྱའོ། །དེ་ལྟར་དུས་བཤད་ནས་བསླབ་པར་བྱ་བའི་མཚན་ཉིད་བཤད་པ་ནི། སྐྱེ་བོ་མི་སྲུན་པ་རྒྱལ་པོའི་ཕོ་བྲང་གི་འཁོར་ལྟ་བུ་འམ། མུ་སྟེགས་ཅན་ལྟ་བུ་བསྟན་པ་ལ་སྨོད་པའི་འཇིགས་པས། རང་གི་སེམས་ཉིད་སྣང་བའི་ཕྱག་རྒྱའི་ལྷ་མོ་ལ་མོས་པར་བྱའོ། །དེ་ལྟ་བུའི་བག་ཚ་བ་མེད་པའི་རྣམ་པར་དབེན་པའི་གནས་ཡིན་ན་ཕྱག་རྒྱ་བཞི་མངོན་སུམ་དུ་བསྟན་པར་བྱའོ། །གལ་ཏེ་མངོན་སུམ་ཤེས་རབ་མ་རྙེད་ན། །བྱོལ་སོང་མ་ལ་གོམས་པར་བྱ། །ཞེས་བྱ་བ་ནི། བྱོལ་སོང་གི་སྒྲ་ནི་ལོགས་ན་གནས་པ་ལ་བྱ་སྟེ། རང་གི་ཕྱག་རྒྱ་མ་ཡིན་པའི་ངན་སྤྱོད་མ་ལ་ཡང་དེ་གོམས་པར་བྱའོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། རྙེད་དང་མ་རྙེད་བདེ་ཀུན་གྱི། །ངན་སྤྱོད་མ་ལ་འང་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ཡེ་ཤེས་པ་ན་རེ་བྱོལ་སོང་གི་སྒྲས་ནི། འཁྱོག་པོར་འགྲོ་བ་ཡིན་པས། ལྟེ་བའི་མཐེབ་ཚད་གང་གི་གཏུམ་མོ་དྲོད་རླུང་འཁྱིལ་པ་འཁྱོག་པར་འགྲོ་བས་ན་བྱོལ་སོང་མ་ཞེས་བྱའོ་ཞེས་ཟེར་རོ། །དེ་ལྟར་མངོན་སུམ་གྱི་ལམ་ཕྱག་རྒྱ་བཞི་ཉིན་རེ་འམ་ཟླ་བ་འམ་ལོར་མངོན་སུམ་གྱི་ཡུལ་དུ་མ་བྱས་ན་དམ་ཚིག་ཉམས་པར་འགྱུར་རོ། །དེ་ནས་ལྡང་བའི་ཐབས་ཇི་ལྟ་བུ་ཞེ་ན། དམ་ཉམས་བག་མེད་གང་འགྱུར་ན། །ཞས་བྱ་བ་སྨོས་ཏེ། དབང་བསྐུར་ཞིང་སླར་ཡང་མངོན་སུམ་གྱི་ལམ་དོར་བར་མི་བྱེད་ཅིང་སྡོམ་པ་གཟུང་བར་བྱའོ། །དེ་ལྟར་ཟུང་འཇུག་གི་མཚན་ཉིད་བཤད་ནས་མཇུག་བསྡུ་བ་ནི། དེས་ན་མ་ལུས་སྔོམ་ལྡན་ཞིང༌། །རྫས་དང་སྔགས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་སྨོས་ཏེ། སྦོམ་ལྡན་ནི་རྟེན་གྱི་གང་ཟག་གོ །རྫས་ནི་སྨན་ནོ། །སྔགས་ནི་སྒོམ་བཟླས་སོ། །སྦྱོར་བ་ནི་འཁྲུལ་འཁོར་ཏེ། བྱང་ཆུབ་ཀྱི་སེམས་དགའ་བྲལ་དུ་མི་འགྱུར་བར་བཟློག་པར་བྱའོ། །དེ་ལྟར་ཟུང་དུ་འཇུག་པ་གསུམ་པོ་བསྟན་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། དང་པོ་ནི་བདག་བྱིན་རློབ་པའི་ཐབས་ཀྱིས་སྐལ་ཁུང་ནས་ནམ་མཁའ་མཐོང་བ་བཞིན་དུ་ཡུལ་དང་ཡུལ་ཅན་གྱིས་སྟོང་ཉིད་ཅིག་ཅར་དུ་མཐོང་བ་ཡིན་ནོ། །གཉིས་པ་ནི་སེང་གེ་ཕྲུག་པ་བཞིན་དུ་གཟུང་བ་ལ་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་ཅིང་འཛིན་པ་ལ་མི་བསྐྱོད་པའི་རྒྱས་བཏབ་ནས། སེམས་ཀྱི་སྟོང་ཉིད་ཤེས་པ་རྡོ་རྗེ་སེམས་དཔའི་རྒྱས་བཏབ་ནས་རིམ་གྱིས་བསྒོམ་པ་ཡིན་


DTG008_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གསུམ་པ་ནི་ཡུལ་ལས་ཀྱི་ཕྱག་རྒྱའི་བདེ་བ་སྟོང་པ་ཉིད་ཀྱིས་རྒྱས་བཏབ་ནས། ཟླ་བ་ཚེས་པ་ལྟར་ཟག་བཅས་ལ་བརྟེན་པའི་བདེ་བ་ཆེན་པོ་གསལ་བར་བྱེད་པ་ཡིན་ནོ། །དེ་ལྟར་རྒྱུད་དགུའི་ཐབས་དང་ཤེས་རབ་ཁ་སྦྱོར་ལ་བློ་དང་ལྡན་པས་དུས་རྟག་ཏུ་གནས་པར་བྱས་ནས། སྲིད་པ་གསུམ་གྱི་རང་བཞིན་གཅིག་པའི་བདེ་བ་བསམ་གྱིས་མི་ཁྱབ་པའི་གོ་འཕང་བསྒོམ་མོ། །ཅིའི་ཕྱིར་བསམ་གྱིས་མི་ཁྱབ་ཅེས་བྱ་ཞེ་ན། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཞེས་བཤད་པས། མངོན་སུམ་དོན་གྱི་རྣམ་པར་སྐྱེས། །རྒྱས་འདེབས་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་སོ། །བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།

བསྐྱེད་པའི་རིམ་པ་བསྟན་པ།

བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་གསུམ་པ། ཧེ་རུ་ཀ་དུ་མ་བསྒོམ་པ་བསྟན་པ།


DTG007_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མཆོག་ཏུ་གྱུར་པའི་ལམ་ཟབ་པའི་རྫོགས་པའི་རིམ་པ་བསྟན་ནས། ད་ནི་ལས་དང་པོ་པའི་སྒོམ་པ་བསྐྱེད་པའི་རིམ་པ་དུ་མ་བཤད་པར་བྱ་བའི་ཕྱིར། དེ་ནས་ཡང་དག་བཤད་བྱ་བ། །ཞེས་གསུངས་ཏེ། ཅི་ཞིག་འཆད་པ་ཡིན་ཞེ་ན། འཁོར་ལོ་ཀུན་གྱི་རྣལ་འབྱོར་པ། །ཞེས་བྱ་བ་སྨོས་ཏེ། རྒྱུད་དགུའི་རྣམ་པར་རོལ་པ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་སྒོམ་པ་བླ་ན་མེད་པ་བསྒོམ་པར་བྱའོ། །དེ་ཡང་དོན་དུ་དང་ལྡན་ཞེ་ན། སྒྲུབ་པའི་ཡན་ལག་དང་ལྡན་པ་དང། གནས་དང་སྒྲུབ་པའི་ཐབས་དང་ཐུན་མོང་གི་སྒྲུབ་པའི་ཐབས་དང༌། ཁྱད་པར་གྱི་སྒྲུབ་པའི་ཐབས་སོ། །དེ་ལ་ཡན་ལག་གི་གསང་བ་མཆོག་གི་དགྱེས་པ་ན་སྟེ། ཡིད་དུའང་བའི་ལས་ཀྱི་ཕྱག་རྒྱ་དང་ལྡན་པས་མགོན་པོ་ཐམས་ཅད་ཀྱི་བདག་ཉིད་བསྒྲུབ་པར་བྱའོ། །དེ་ལ་རྣམ་པར་དབེན་པའི་གནས་སམ་ནགས་ཚལ་ཡིད་དུ་འོང་བ་ལ་སོགས་པའོ། །དེ་ཡང་མཉམ་སྦྱོར་ལས། བདེ་བ་ཆེན་པོའི་ཕྱག་རྒྱ་སྟེ། །ལྷ་མོ་སོ་སོར་རང་འགྲུབ་འགྱུར། །ཞེས་བཤད་དོ། །ཐབས་ནི་སྣ་ཚོགས་ཀུན་དུ་བསྡུས། །ཞེས་བྱ་བ་རྟེན་གྱི་གང་ཟག་རྒྱུའི་རྒྱུད་ཀྱི་མཚན་ཉིད་སྟོན་པས་ན། སྣ་ཚོགས་ཀུན་གྱི་ཕྱག་རྒྱ་ནི། །ཞེས་བྱ་བ་ནི་ཕྱག་རྒྱ་བཞིའོ། །སྣ་ཚོགས་ཀྱི་ཞེས་བྱ་བ་ནི་རྣམ་ཤེས་དང༌། རྣམ་ཤེས་ཀྱི་སེམས་སོ། །ཇི་ལྟར་བདེ་བས་བསྒྲུབ་པར་བྱ། །ཞེས་པ་ནི། འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་མ་ཆགས་པའི་སེམས་དང་སྟོང་པ་ཉིད་ཀྱིས་རྒྱས་བཏབ་ནས་བསྒོམ་པར་བྱའོ། །དེ་ལྟར་ཐབས་


DTG008_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ནས་ཐུན་མོང་གི་སྒྲུབ་པ་བཤད་པ་ནི། སྟོང་ཉིད་ཡེ་ཤེས་ལས་བྱུང་བ། །ཞེས་བྱ་བ་སྨོས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་བའི་དེ་བཞིན་གཤེགས་པ་ཀུན་གྱི་དཀྱིལ་འཁོར་ལ་སེམས་ཅན་གྱི་མོས་པ་ནི་ཞི་བ་འམ། རྒྱས་པ་འམ། དབང་ངམ་ཁྲོ་བོའི་སྐུར་སྣང་བའམ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་བདག་གིས་སེམས་ཅན་མཐའ་ཡས་པའི་ངོར་བསྟན་པ་ནི་བརྗོད་པར་ག་ལ་ནུས་ཏེ་མི་ནུས་སོ། །དེ་ཡང་ཐབས་དང་ཤེས་རབ་ཀྱིས་འདུལ་བའི་ངོར་ལྷ་བསྒོམ་པ་དང་བཟླས་པ་དང༌། བྲིས་སྐུ་ལ་སོགས་པ་ལྷའི་སྐུར་མོས་པ་ཐམས་ཅད་དང། སེམས་ཀྱི་མོས་པས་ཅི་ཞིག་བྱ་ཞེ་ན། སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ཏེ། གདུལ་བྱ་རྣམས་ཀྱི་མོས་པ་དང་སྦྱར་ནས། རྒྱུད་དགུའི་བརྗོད་བྱ་བསྟན་པ་ཡིན་ནོ། །དེ་ལྟ་བུའི་དཀྱིལ་འཁོར་ཐ་དད་པར་སྣང་བ་ཅིའི་ཕྱིར་ཞེ་ན། སྟོང་པའི་རྡོ་རྗེ་ཅན་ཉིད་གཅིག །ཅེས་བྱ་བ་སྨོས་ཏེ། དོན་དམ་པར་ཆོས་ཀྱི་སྐུ་གཅིག་ཡིན་ཡང༌། གདུལ་བྱའི་མོས་པ་ལ་བརྟེན་ནས་རིགས་རྣམ་པ་ལྔ་ལ་སོགས་པ་བཤད་དོ། །དེ་ལྟར་ཐུན་མོང་གི་སྒྲུབ་པ་བསྟན་ནས། བྱེ་བྲག་གི་སྒྲུབ་པ་བཤད་པའི་ཕྱིར། རྡོ་རྗེ་སྙིང་པོས་ཞུས་པ་ཡིན་ནོ། །གང་ཞིག་ཡིན་ཞེ་ན། གང་གིས་སྒྲུབ་པ་པོ་འགྲུབ་པ། །ཞེས་བྱ་བ་ནི་རྒྱུའི་རྒྱུད་དོ། །དབྱིབས་དང་ཁ་དོག་ཕྱག་ལ་སོགས། །ཞེས་བྱ་བ་ནི་ཞལ་གཅིག་ཕྱག་གཉིས་པ་དང༌། ཞལ་བཞི་ཕྱག་བཞི་པ་དང༌། ཞལ་གསུམ་ཕྱག་དྲུག་པ་ལ་སོགས་པའོ། །སྔགས་བཟླས་པའི་ཆོ་ག་དང་ཞེས་བྱ་བ་ལྷ་རྣམས་ཀྱི་བཟླས་པའི་བྱེ་བྲག་གོ །བསྐྱེད་པའི་རིམ་པའི་ཆོ་ག་རྣམས། །ཞེས་བྱ་བ་ནི་སྔོན་དུ་འགྲོ་བའི་རྣལ་འབྱོར་དང༌། དངོས་གཞིའི་རྣལ་འབྱོར་དང༌། ལྡང་བའི་རྣལ་འབྱོར་རོ། །དེའི་ལན་དུ་བཀའ་སྩལ་པ་ནི། སྦྱོར་བ་ཚད་མེད་པ་བསྒོམ་པ་དང༌། དངོས་གཞི་ཆོ་གའི་ཡན་ལག་བཞི་དང་ལྡན་པའོ། །དེ་ལ་ཡན་ལག་དང་པོ་ནི་སྟོང་པའི་བྱང་ཆུབ་བསྒོམ་པའོ། །གཉིས་པ་ནི་ཡིག་འབྲུ་དང་ཕྱག་མཚན་སྤྲོ་བ་དང་བསྡུ་བའོ། །གསུམ་པ་ནི་སྐུ་རྫོགས་པའོ། །བཞི་པ་ནི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཀྱི་ལྷ་བསྒོམ་པའོ། །དེ་ལྟར་དངོས་གཞི་དང་སྦྱོར་བ་མདོར་བསྟན་ནས། ཁྱད་པར་དུ་ཞལ་གཅིག་ཕྱག་གཉིས་པ་བསྒོམ་པ་བསྟན་པ་ནི། མདུན་དུ་རཾ་ལས་ཉི་


DTG008_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒོམ། །ཞེས་བྱ་བ་ནི་ཚོགས་སོགས་པའི་རྣལ་འབྱོར་དང༌། ཚད་མེད་པ་བཞི་བསྒོམ་པའི་རྣལ་འབྱོར་དང༌། སྟོང་པ་ཉིད་བསྒོམ་པའི་རྣལ་འབྱོར་རྫོགས་ནས། སྲུང་བའི་འཁོར་ལོ་བྱ་བ་སྟོན་པ་ཡིན་ནོ། །དེ་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཁྲོ་བོ་བཅུ་སྤྲུལ་ནས་རབ་དང་དྲ་བ་དང་མེ་འོད་ཀྱི་ཕྲེང་བ་དང༌། ཡང་ན་རཾ་ལས་ཉི་མའི་དཀྱིལ་འཁོར་དེར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་དེའི་འོད་ཟེར་གྱི་ར་བ་དང་དྲ་བ་བསམ་པ་དང༌། ཡང་ན་ཀུ་ཀུ་རིའི་བཞིན་དུ་རྡོ་རྗེ་ཆེན་པོ་ནམ་མཁའི་ཚད་དང་མཉམ་པའི་ནང་དུ་ལྷ་བསྒོམ་པར་བྱའོ་ཞེས་འཆད་དོ། །ར་བ་དང་དྲ་བའི་ནང་དུ་ལྷ་བསྐྱེད་པའི་རྟེན་ཡི་གེ་ཨེ་ལས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྲུ་གསུམ་བསམས་ལ། དེའི་དབུས་སུ་དཔའ་བོ་གཅིག་པའི་གདན་རོ་བསྒོམ་པར་བྱའོ། །དེའི་སྟེང་དུ་རྣལ་འབྱོར་པ་བདག་ཉིད་འདུག་སྟེ། དེའི་སྙིང་གར་ཡི་གེ་ཧཱུཾ་དམར་ནག་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་འོད་ཟེར་འཕྲོ་བ་བསམས་ལ་དེ་ཡོངས་སུ་གྱུར་བ་ལས་ཞེ་སྡང་རྡོ་རྗེའི་བདག་ཉིད་བསྒོམ་པར་བྱའོ། །དཔའ་བོ་དེ་ནི་ཤེས་རབ་སྟོང་པ་ཉིད་ཆེས་ཆེ་བས། སྐུ་མདོག་སྔོན་པོ་འང་ཐབས་སྙིང་རྗེ་དང་ལྡན་པས་ན་ཅུང་ཟད་དམར་བ་བསྒོམ་པར་བྱའོ། །ད་ནི་ཚོགས་རྫོགས་པའི་རྣལ་འབྱོར་དང་འཁོར་དང་བཅས་པ་བཤད་པར་བྱ་སྟེ། རྡོ་རྗེ་ལས་སྐྱེས་རྩེ་ཆེན་པོ། །ཞེས་པ་ནི་ཚོགས་སོགས་པའི་ཚེ་སྙིང་གའི་ཡི་གེ་ཧཱུཾ་ལས་འོད་འཕྲོས་པས་ཚོགས་སོགས་པའི་ལྷ་བསྐྱེད་པར་བྱ་སྟེ། རྡོ་རྗེ་ལས་སྐྱེས་ཞེས་གསུངས་པའི་ཕྱིར་ན་སྤྱན་དྲངས་པ་དང་འོད་ཀྱིས་སྣང་བར་བྱས་པ་ནི་མ་ཡིན་ནོ། །དེའི་གཙོ་བོ་ནི་ཞལ་གཅིག་ཕྱག་གཉིས་པ་འམ། ཞལ་བཞི་ཕྱག་བཞི་པ་འམ། ཞལ་གསུམ་ཕྱག་དྲུག་པའམ། དེ་རྣམས་ཀྱི་ལྷ་གང་བསྒོམ་པ་དང་མཐུན་པར་བསམ་པར་བྱའོ། །དེ་ལ་ལྷ་མོ་གཉིས་ནི་ཕྱག་ན་རི་དགས་ཀྱི་མཚན་མ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང༌། ཉི་མ་ཞེས་པ་རང་བྱུང་གི་ཁྲག་དང༌། ཆུ་སྐྱེས་བྱ་བ་དྲི་ཆུ་དང༌། སྨན་ཞེས་བྱ་བ་ཤ་ཆེན་པོ་དང༌། དྲི་ཞེས་བྱ་བ་རྣམ་པར་སྣང་མཛད་དང༌། རོ་ཞེས་བྱ་བ་ཆང་དང༌། ཅང་ཏེའུ་བརྡུང་བ་དང༌། འོད་ཟེར་འཕྲོ་བས་སྐུ་ལ་འཁྱུད་པའོ། །དེ་ལྟར་དཔའ་བོ་བསྒོམ་པ་རྣམ་པར་རྟོག་པ་དང་བཅས་པའི་ཆོས་ཀུན་གྱི་ལམ་ལས་རྣམ་པར་གྲོལ་བ་ལྷའི་བདག་ཉིད་བསྒོམ་པར་བྱའོ། །ད་ནི་འཁོར་དང་བཅས་


DTG008_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཤད་པར་བྱ་སྟེ། ཨཱ་ལི་ལས་ཟླ་བ་མེ་ལོང་ལྟ་བུ་དང༌། ཀཱ་ལི་ལས་ཉི་མ་མཉམ་པ་ཉིད་ཀྱི་དབུས་སུ་ས་བོན་དང་མཚན་མ་སོ་སོར་རྟོག་པའི་རང་གི་སེམས་མཆོག་ཏུ་དགའ་བའི་གཟུགས་ཅན་ནོ། །དེ་ལས་འོད་འཕྲོས་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་འགྲོ་བ་མ་ལུས་པ་ལྷར་བསྐྱེད་ནས། སླར་བསྡུས་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་ལས་རྣལ་འབྱོར་པ་བདག་ཉིད་ཞེ་སྡང་རྡོ་རྗེའི་སྐུར་བསྐྱེད་པར་བྱའོ། །བཅོམ་ལྡན་འདས་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཕོ་བྲང་གི་དབུས་སུ་ནི་ཉི་མའི་འོད་ཅན་ཐུགས་ཀྱི་རིགས་སུ་གྱུར་པར་ཧཱུཾ་ལས་བསྐྱེད་པའོ། །ལོ་བཅོ་ལྔ་པ་ལྟ་བུའི་ལང་ཚོལ་བབ་པ། དྲག་པོ་འཇིགས་བྱེད་ཁྱོ་ཤུག་ཞབས་ཀྱིས་མནན་པ། ཞི་གནས་མཚོན་པའི་རྡོ་རྗེ་ཁཊྭཱཾ་ག་དང༌། སྙིང་རྗེའི་རང་བཞིན་གྱི་ཐོད་པ་བསྣམས་པ། གཡས་པ་ན་ལྷག་མཐོང་གི་རང་བཞིན་རྡོ་རྗེ་སྔོན་པོ་བསྣམས་པའོ། །སྔར་བཤད་པའི་ལྷ་མོ་བརྒྱད་ཀྱིས་བསྐོར་བ་དུར་ཁྲོད་ཀྱི་དབུས་ན་བཞུགས་པ་བསྒོམ་པར་བྱའོ། །དེ་ལྟར་ཞལ་གཅིག་ཕྱག་གཉིས་པ་བཤད་ནས། ད་ནི་ཞལ་བཞི་པ་ཕྱག་བཞི་པ་བཤད་པར་བྱ་སྟེ། སྔོན་དུ་ཚོགས་སོགས་པ་དང༌། ཚད་མེད་པའི་རྣལ་འབྱོར་བསྲུང་བ་དང༌། སྟོང་པ་ཉིད་བསྒོམ་པ་བདག་བསྲུང་བ་བ་དང༌། གནས་བསྲུང་བར་བྱས་ལ་ཨེ་གྲུ་གསུམ་ནམ་མཁའ་སྟོང་པའི་དབུས་སུ་འབྱུང་བ་བཞིར་གྱུར་པ་ལས་སམ། ཡང་ན་འབྱུང་བ་བཞིའི་སྟེང་དུ་སྔར་གསུངས་པ་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་ལ། དེའི་སྟེང་དུ་འཇིགས་བྱེད་ཁྱོ་ཤུག་གི་སྟན་ལ་མངོན་པར་བྱང་ཆུབ་པའི་རིམ་པ་ལས་སམ་ཡང་ན་ཡི་གེ་ཧཱུཾ་ལས་བྱུང་བ་ཞལ་གཅིག་ཕྱག་གཉིས་པ་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ཕྱག་གཞན་གཉིས་ཀྱིས་ཐོད་པ་དང་ཁྲོ་བོའི་རྡོ་རྗེ་བསྣམས་པ། དཔའ་བོ་གཅིག་པོའམ་ཡང་ན་ལྷ་མོ་བརྒྱད་ཀྱིས་བསྐོར་བའོ། །དེ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་ཡིག་འབྲུ་བཀོད་པས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་དང༌། བཟླས་པ་དང་མཆོད་པ་དང༌། བསྟོད་པ་བྱས་ལ། བསྒོམ་བཟླས་ཀྱིས་སྐྱོན་ཐུན་ཐ་མར་ཡེ་ཤེས་སེམས་དཔའ་གཤེགས་


DTG008_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ་བ་དང༌། དམ་ཚིག་སེམས་དཔའ་ལུས་ལ་བསྡུས་ནས་རིགས་ལྔའི་ས་བོན་གྱིས་བསྲུངས་ལ་ལྡང་བར་བྱའོ། །དེ་ཉིད་ཀྱི་དོན་བཤད་པར་བྱ་སྟེ། རྣལ་འབྱོར་དེ་ཉིད་ཅེས་པ་ནི། །ཕྱག་བཞི་པ་བསྒོམས་པའི་རྣལ་འབྱོར་པའོ། །དེ་ཉིད་རིགས་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཞེས་སྨོས་པས་རྡོ་རྗེའི་རིགས་ཡིན་ནོ། །ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་འདི་གསུང་གི་ཧེ་རུ་ཀ་ཡིན་ནོ་ཞེས་གསུངས་སོ། །ཕྱག་བཞིན་དགའ་བ་བཞིའི་ཏིང་ངེ་འཛིན་མཚོན་པ་འམ། བདུད་བཞི་འཇོམས་པར་མཛད་པའོ། །དེའི་ཕྱག་མཚན་བཞི་ནི་ཐོད་པ་ཐབས་ཀྱི་རང་བཞིན་དང་རྡོ་རྗེ་དང༌། དྲིལ་བུ་ཞི་གནས་དང་ལྷག་མཐོང་གི་རང་བཞིན་ནོ། །ཡུམ་རྡོ་རྗེ་ཕག་མོ་ནི་ལྷ་མོ་གོས་དཀར་མོ་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱི་རང་བཞིན་བསྒོམ། །ཞེས་པ་ནི་སྐུ་མདོག་དང་ཕྱག་མཚན་མཚུངས་སོ། །དེ་ལྟར་ཕྱག་བཞི་པ་བཤད་ནས། དེ་ནི་ཕྱག་དྲུག་པ་བཤད་པར་བྱ་སྟེ། དེ་ལྟར་སྔོན་འགྲོ་བྱས་ནས། སྟོང་པའི་བྱང་ཆུབ་བསྒོམས་པའི་རྗེས་ལ་འབྱུང་བ་བཞིའི་སྟེང་དུ་གཞལ་ཡས་ཁང་བསྒོམས་ལ། པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ལས་བསྐྱེད་པའམ། ཡང་ན་མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་པར་བྱའོ། །ལྷ་ཡི་གཟུགས་སུ་བསྒོམ་པར་བྱ། །ཞེས་པ་ནི་བདག་ཉིད་ལྷ་དེར་བསྒོམས་ལ་འཁོར་རྣམས་ཡིག་འབྲུ་ལས་བསྐྱེད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་ཞལ་དང་པོ་ནག་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ལ། གཡས་དཀར་བ་ནི་སྐུ་མེ་ལོང་ལྟ་བུ་དང༌། གཡོན་དམར་བ་ནི་གསུང་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །རྒྱན་རྣམས་ཀུན་གྱིས་ཞེས་པ་ནི་རུས་པའི་རྒྱན་གྱིས་བརྒྱན་པའོ། །ཐོད་པའི་གདན་ལ་བཞུགས་པར་བསྒོམ། །ཞེས་པ་ནི། ཕུང་པོའི་བདུད་འཇོམས་པ་འམ། ཡེ་ཤེས་དཔལ་གྱི་ཞལ་ནས་ནི་བྷྲྀང་གི་རི་ཏི་གདན་དུ་བཏིང་བར་བྱའོ་ཞེས་ཟེར་རོ། །ཕྱག་གཡོན་ན་ཐོད་པ་དང་དྲིལ་བུ་དང་གཞུ་དང༌། གཡས་པ་ན་རྩེ་གསུམ་དང་རྡོ་རྗེ་དང༌། མདའ་བསྣམས་པ་དང༌། ཡང་ན་རྩ་བའི་རྒྱུད་དང་མཐུན་པར་བྱ་བ་ཡིན་ཏེ། གཉིས་ཀས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པ་བསྟན་པ་ཡིན་ནོ། །ཡུམ་གྱི་ཕྱག་གཉིས་ན་ཐོད་པ་དང་གྲི་གུག་བསྣམས་ཤིང་ཁམས་གསུམ་གྱི་བདག་


DTG008_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འཇོམས་པའི་ཕྱིར་རོའི་གདན་ལ་བཞུགས་པ་ཡིན་ནོ། །སངས་རྒྱས་རང་བཞིན་འོད་ཟེར་སྤྲིན་གྱི་ཚོགས་རྣམས་རྣམ་པར་འཕྲོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཁམས་བསྡུས་ནས་བཙུན་མོའི་བྷ་གར་བཞུགས་པས་ལྷ་མོའི་འཁོར་ལོ་བསྐྱེད་པར་བྱའོ། །འཁོར་གྱི་ལྷ་མོ་རྣམས་ཀྱི་ཞལ་དང་ཕྱག་མཚན་ནི་གོ་སླ་བས་མ་བཤད་དོ། །ཁ་དོག་ནི་སྔོ་བ་དང༌། སེར་བ་དང༌། དམར་བ་དང༌། ལྗང་བ་དང༌། དུ་བའི་མདོག་དང༌། དཀར་བ་དང༌། སྔོ་བ་དང༌། སེར་བའོ། །སྣ་ཚོགས་རོལ་མོ་བརྡུང་ཞེས་བྱ་བ་ནི། གླིང་བུམ་དང༌། པི་ཝང་མ་དང༌། རྫ་རྔ་མ་དང༌། རྔ་རིངས་མ་རྣམས་ནི་ཟུར་བཞིར་དགོད་པར་བྱའོ། །སྒོ་རྣམས་སུ་ལྕགས་ཀྱུ་དང་ཞགས་པ་དང༌། ལྕགས་སྒྲོག་དང༌། དྲིལ་བུའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་དང་བཟླས་པ་བྱ་བའི་ཕྱིར། བྷ་གའི་དབུས་སུ་བསྒོམས་ནས་ནི། །དེ་ནས་སྔགས་ཀྱི་བཟླས་པ་བརྩམ། །ཞེས་བྱའོ། །དེའི་བཟླས་པ་ནི་གང་ཞེ་ན། ཨོཾ་ཨཱཿ་ཧཱུཾ་ཧྲཱིཿ་སྭཱ་ཧཱ། ཞེས་བྱ་བའམ། ཨོཾ་བཛྲ་ཀི་ཏི་ཀི་ཏི་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་དང་ཨཱཿ་དང་ཧཱུཾ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་ཡི་གེ་གཅིག་པའི་ཡི་གེ་ཧཱུཾ་ངོ༌། །ལྷ་མོ་ཐམས་ཅད་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོ་ནི་ཧྲཱིཿའོ། །མཆོད་པའི་ལྷ་མོའི་ནི་ཨེ་ཨཻ། ཨོ་ཨཽའོ། །སྒོ་སྲུང་རྣམས་ཀྱི་ནི་ཨ་ཨཱ། ཨི་ཨཱིའོ། །དེ་ནས་སྒྲུབ་པ་པོས་རྡོ་རྗེ་ཞེས་པ་ནི་ཧཱུཾ་གིས་རྡོ་རྗེ་བསྐྱེད་ལ། ཨས་པདྨ་བསྐྱེད་ནས་སྙོམས་པར་ཞུགས་པ་ལས་ལྷ་མོ་བཞིའི་ཆོགས་སྤྲོས་པས། བདུད་རྩི་ལྔའི་ལྷ་མོས་མཆོད་པ་དང་འཁྱུད་པ་དང༌། ཅང་ཏེའུ་དང༌། རོ་དང༌། མེ་ཏོག་ལ་སོགས་པ་བཞིས་བདག་ཉིད་དང་དཀྱིལ་འཁོར་ལ་མཆོད་པར་བྱའོ། །གལ་ཏེ་ཕྲིན་ལས་ཀྱི་དངོས་གྲུབ་སྒྲུབ་པར་འདོད་ན་ཕྲིན་ལས་བཞིའི་སྔགས་བཟླས་པར་བྱའོ། །བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།། །།

བརྟག་པ་གཉིས་པའི་རབ་ཏུ་བྱེད་བཞི་པ། སྒྲོལ་མ་འབྱུང་བའི་རྒྱུད་ཀྱི་ལྷ་མོ་དུ་མ་བསྒོམ་པ་བསྟན་པ།


DTG008_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དཔའ་བོ་དུ་མའི་སྒྲུབ་པའི་ཐབས་བཤད་ནས། ད་ནི་དཔའ་མོ་དུ་མའི་སྒྲུབ་པའི་ཐབས་བཤད་པར་བྱ་སྟེ། ཉོན་ཅིག་རྡོ་རྗེ་ཚུལ་ཅི་བཞིན། །ཞེས་པ་ནི་ལྷ་བསྲུང་བའི་ཚུལ་ལོ། །འཁོར་ལོ་བསྒྲུབ་བྱའི་ཁྱད་པར་རྣམས། །


DTG008_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་འཁྲུལ་འཁོར་གྱི་ཁྱད་པར་མི་འདྲའོ། །ཞི་དང་རྒྱས་དང་ཞེས་བྱ་བ། །ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་འབྲས་བུ་བསྟན་ཏོ། །རེའུ་མིག་དགུ་སོགས་འཁོར་ལོ་ལ། །ཞེས་བྱ་བ་ནི་ཤར་ནས་ནུབ་ཏུ་རི་མོ་གཉིས་དང༌། ལྷོ་དང་བྱང་དུ་རི་མོ་གཉིས་རྒྱ་གྲམ་དུ་བཏབ་ལ་མཐའ་མ་མུ་ཁྱུད་ཉིས་རིམ་གྱིས་བསྐོར་བའི་ནང་དུ་ཨུཏྤལ་རྡོ་རྗེས་བསྐོར་བ་བྲིས་ལ་ཡི་གེའི་འཁྲུལ་འཁོར་བྲི་བར་བྱ་སྟེ། དབུས་སུ་བསྒྲུབ་བྱའི་མིང་དང་སྤེལ་བའི་ཨོཾ་ཤར་དུ་ཏཱ། ལྷོ་རུ་རེ། ནུབ་ཏུ་ཏུ་ཏ། བྱང་དུ་ཏཱ། བྱང་ཤར་དུ་རེ། ཤར་ལྷོར་ཏུ། ལྷོ་ནུབ་ཏུ་རེ། ནུབ་བྱང་དུ་སྭཱ་ཧཱ། ཞེས་བྱ་བ་བྲི་བར་བྱའོ། །ཞི་བ་ལ་གུར་ཀུམ་གྱིས་སམ། རྒྱས་པ་ལ་ལི་ཁྲིས་སམ། དབང་ལ་ཁྲག་གིས་སམ། མངོན་སྤྱོད་པ་དུག་གིས་བྲི་བར་བྱའོ། །ཞི་བ་ལ་གྲོ་ག་དང༌། རྒྱས་པ་ལ་རས་དང༌། དབང་ལ་སྨད་གཡོགས་ཀྱི་རས་ལ་བྲི་བར་བྱའོ། །ས་བོན་འདི་ནི་ཀུན་ལས་ཏེ། །ཞེས་བྱ་བ་ནི་ཕྲིན་ལས་བཅུ་གཉིས་པའོ། །ཆེ་གེ་མོ་བསྲུང་ཞེས་བྱ་བ་དང༌། །ཞེས་པ་ནི་བསྲུང་བ་ལ། ཆེ་གེ་མོ་རཀྵ་ཞེས་བྱ་བ་དང་སྤེལ་བར་བྱའོ། །དེ་ཡང་ཇི་ལྟར་སྤེལ་ཞེ་ན། ཕྱག་འཚལ་བསྲེག་པའི་ཐོག་མཐར་སྤེལ། །ཞེས་བྱ་བ་ལ། ཨོཾ་ནི་ཕྱག་འཚལ་ལོ། །བསྲེག་པ་ནི་སྭཱ་ཧཱའོ། །ཐོག་མཐའ་སྤེལ་བ་ནི་ཐོག་མར་ཨོཾ་དང་ཐ་མར་སྭཱ་ཧཱ་བཅས་པའོ། །དབུས་སུ་རབ་ཏུ་སྦྱར་བར་བྱ། །ཞེས་བྱ་བ་ནི་ཨོཾ་ཆེ་གེ་མོ་ཏཱ་རེ་ཏུ་ཏྟཱ་རེ་ཆེ་གེ་མོ་རཀྵ་སྭཱ་ཧཱ་ཞེས་པ་དང་སྤེལ་བའོ། །འཁྲུལ་འཁོར་ཇི་ལྟར་བསྒོམ་ཞེ་ན། །སྟོང་ཉིད་མཉམ་པའི་ཡེ་ཤེས་ལ། །ཞེས་བྱ་བ་ནི་ཨོཾ་སྭ་བྷཱ་ཝ། ཞེས་བྱ་བ་ལ་སོགས་པས་སྟོང་པར་བསྒོམ་མོ། །བདག་གི་གཟུགས་ནི་རབ་བྱས་ལ། །ཞེས་པ་ནི་ཡིག་འབྲུ་ལྷའི་འཁོར་ལོར་བསྐྱེད་པའོ། །མཉམ་ཉིད་ཀུན་རིག་གནས་སུ་ནི། །ཞེས་པ་ནི་མཉམ་ཉིད་ནི་ནམ་མཁའོ། །ཀུན་ནི་ཞི་བ་ལ་ཆུ་དང༌། རྒྱས་པ་ལས་དང༌། དབང་ལ་རླུང་དང༌། མངོན་སྤྱོད་ལ་མེའི་དཀྱིལ་འཁོར་ལ་རིག་པའི་ཡི་གེ་རྣམས་ཞུགས་པའི་གནས་སུ་བྱའོ། །དེར་སྲུང་བའི་འཁོར་ལོ་ལྷར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་བཅུག་སྟེ། ལྷར་དབང་བསྐུར་ཞིང་བདུད་རྩི་མྱངས་ལ་བསྒོམས་པ་དང༌། བཟླས་པ་བྱས་ལ། སེང་གེ་དང་གླང་པོ་ལ་སོགས་པ་འཇིགས་པ་བརྒྱད་ལས་རིང་དུ་འགྱུར་རོ། །དེ་ལྟར་འཁྲུལ་འཁོར་བྲིས་ནས།


DTG008_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བདག་ཉིད་ལྷར་བསྐྱེད་པ་བསྒོམ་པར་བྱ་སྟེ། སེམས་ཅན་དངོས་པོ་མེད་པ་རུ། །ཞེས་བྱ་བ་ནི་སྟོང་པའི་བྱང་ཆུབ་བོ། །ཨ་ལས་ཟླ་བའི་དཀྱིལ་འཁོར་པཾ་ལས་པདྨ་འདབ་མ་བརྒྱད་པ་བསྐྱེད་ནས་དེའི་སྟེང་དུ་ཏཱཾ་ཡོངས་སུ་གྱུར་པ་ལས་ཨུཏྤལ། དེ་ལས་རྗེ་བཙུན་དངོས་གྲུབ་ཐམས་ཅད་སྩོལ་བ་གཡས་སྐྱབས་སྦྱིན་གཡོན་ཨུཏྤལ་བསྣམས་པ། ཞལ་གཅིག་ཕྱག་གཉིས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམས་ལ་ཡན་ལག་དྲུག་ཏུ་ཡི་གེའི་གོ་ཆ་བསྐོན་ནས། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་དང། བཟླས་པ་དང༌། མཆོད་པ་དང༌། བསྟོད་པ་བྱའོ། །སྔགས་ཀྱི་རྒྱལ་པོས་བསྐུལ་བ་ཡིས། །ཞེས་བྱ་བ་ནི་རྗེ་བཙུན་མའི་སྙིང་པོའི་ཞབས་སུ། ཞི་བ་ལ་སྭཱ་ཧཱ་དང༌། རྒྱས་པ་ལ་ཨོཾ་དང༌། དབང་ལ་ཧོ་དང༌། མངོན་སྤྱོད་ལ་ཕཊ་བྲི་བར་བྱའོ། །དེ་ལྟར་སྒྲོལ་མའི་སྒྲུབ་པའི་ཐབས་བཤད་ནས། དེ་ནི་ལྷ་མོ་ཀུ་རུ་ཀུ་ལླེའི་བཤད་པ་བྱ་སྟེ། སྔ་མ་བཞིན་དུ་འཁྲུལ་འཁོར་བྲིས་ལ། དབུས་སུ་མིང༌། ཤར་དུ་ཨོཾ། ལྷོར་ཀུ། ནུབ་ཏུ་རུ། བྱང་དུ་ཀུ། བྱང་ཤར་དུ་ལླེ། ཤར་ལྷོ་ར་ཧཱིཿ། ལྷོ་ནུབ་ཏུ་སྭཱ། ནུབ་བྱང་དུ་ཧཱ་བྲིས་ནས། སྔ་མ་བཞིན་དུ་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པས་བསྒྲུབས་ཏེ། མཆོད་པ་བྱས་ནས་ལས་བཅུ་གཉིས་བྱེད་པར་འགྱུར་རོ། །དེ་ལྟར་འཁྲུལ་འཁོར་རྫོགས་ནས། སྟོང་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་ལ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །དེའི་དབུས་སུ་ཡི་གེ་ཧྲཱིཿ་བསམ་པ་ནི་ས་བོན་ཏེ། དེ་ལས་བདག་ཉིད་ཞལ་གཅིག་ཕྱག་བཞི་པར་བསྐྱེད་པར་བྱའོ། །ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། བསྒོམ་པ་དང༌། བཟླས་པ་དང༌། མཆོད་པ་དང་བསྟོད་པ་བྱའོ། །ལྡང་བའི་ཚེ་གོ་ཆས་བསྲུངས་ལ་ལྡང་བར་བྱའོ། །དེ་ལྟར་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་བཤད་ནས། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཁྲུལ་འཁོར་བཤད་པར་བྱ་སྟེ། སྔོན་གྱི་མཚན་ཉིད་དང་ལྡན་པས་ཞེས་པ་ནི་འཁྲུལ་འཁོར་བྲི་བའོ། །དེ་ཡང་སྔ་མ་ཉིད་ལས་མཚམས་བཞི་ཆ་གཉིས་སུ་བྱས་པའི་རེའུ་མིག་བཅུ་གཉིས་ལ། སྔོན་དུ་གསུངས་པ་བཞིན་དུ་བསྒྲུབ། །ཅེས་བྱ་སྟེ། ཡིག་འབྲུ་ལྷར་བསྐྱེད་


DTG008_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་དང༌། བཟླས་པ་དང༌། མཆོད་པ་དང་བསྟོད་པ་བྱའོ། །ལས་ཅིའི་ཕྱིར་འཁྲུལ་འཁོར་བྱེད་ཅེ་ན། ཐབས་དང་ཤེས་རབ་འཕེལ་བའི་ལས་ལ་ཞེས་བྱ་བ་སྨོས་སོ། །དེ་ལ་སྔགས་དགོང་པ་ནི་ཨོཾ་ནས་སྭཱ་ཧཱའི་བར་དུ་ཡིག་འབྲུ་བཀོད་ནས་བསྒོམ་པར་བྱའོ། །དེ་ལ་བདག་ཉིད་ལྷར་བསྐྱེད་པ་ནི་གདན་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ་དེའི་དབུས་སུ་ཧཱུཾ་ལས་ཞེས་བྱ་བ་ཞེས་རེ་ཕ་མེད་པ་སྟེ་ཞལ་གཅིག་པ་ཕྱག་གཉིས་པ་བསྒོམ་པར་བྱའོ། །དེ་ལ་ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་དང༌། བཟླས་པ་དང༌། མཆོད་པ་དང༌། བསྟོད་པ་བྱའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པའི་ཐབས་བཤད་ནས། ད་ནི་དཔའ་བོ་བཞི་དང༌། དཔའ་མོ་བཞི་བསྐྱེད་པ་བཤད་པར་བྱ་སྟེ། ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་བཤད་པར་བྱ་སྟེ། སྟོང་པའི་བྱང་ཆུབ་ཀྱི་རྗེས་ལ་ཟླ་བ་དང་ཉི་མའི་གདན་གྱི་སྟེང་དུ་ཐོད་པའི་གདན་ལ་རྣམ་སྣང་གི་ས་བོན་བྷྲཱུཾ་དང༌། རིན་ཆེན་འབྱུང་ལྡན་གྱི་ཏྲཱཾ་དང༌། སྣང་བ་མཐའ་ཡས་ཀྱི་ཧྲཱིཿ་དང༌། དོན་ཡོད་གྲུབ་པའི་ཨ་དང༌། སངས་རྒྱས་སྤྱན་གྱི་བུཾ་དང༌། མཱ་མ་ཀཱིའི་ཧཱུཾ་དང༌། གོས་དཀར་མོའི་ཧྲཱིཿ་དང༌། སྒྲོལ་མའི་ཏཱཾ། ལས་བསྐྱེད་ལ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་བྱིན་གྱིས་བརླབས་ནས། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་དང༌། བཟླས་པ་དང༌། མཆོད་པ་དང༌། བསྟོད་པ་བྱའོ། །ལྡང་བའི་ཚེ་ན་ཐམས་ཅད་ཀྱང་རིགས་ལྔའི་སྔགས་ཀྱིས་གནས་དྲུག་ཏུ་བསྲུངས་ལ་ལྡང་བར་བྱའོ། །བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་བཞི་པའི་འགྲེལ་པའོ།། །།

བརྟག་པ་གསུམ་པའི་རབ་ཏུ་བྱེད་པ་དང་པོ། ཕྱག་རྒྱ་དྲུག་གི་བསྒོམ་པ་བསྟན་པ།


DTG008_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དཔའ་བོ་དང་དཔའ་མོ་རེ་རེའི་སྒྲུབ་ཐབས་བཤད་ནས། ང་ནི་བདག་མེད་མ་དང་བཅས་པའི་ཞལ་བརྒྱད་པའི་སྒྲུབ་ཐབས་བཤད་པར་བྱ་སྟེ། སྒྲུབ་ཐབས་དེ་ཉིད་ཉོན་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའོ། །གང་གིས་སྡང་དག་མ་རུངས་པའི། །སེམས་ཅན་འདུལ་འགྱུར་ཞེས་པ་ནི་དགོས་པའོ། །དགོས་པ་དེ་དང་བཅས་པའི་མཁའ་འགྲོ་དཔལ་ཧེ་རུ་ཀ་དང་མཁའ་འགྲོ་མ་དགུའི་འཁོར་ལོ་བྲི་བར་བྱའོ། །དེ་ལྟར་


DTG008_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན་ནས་རྒྱས་པར་བཤད་པ་ནི། རྡོ་རྗེ་སེམས་དཔའ་རྡོ་རྗེ་ཉིད། །ཅེས་པ་ནི་རྒྱུའི་ཧེ་རུ་ཀའོ། །སླར་ཡང་རྡོ་རྗེ་འཛིན་འགྱུར་ཏེ། །ཞེས་པ་ནི་འབྲས་བུའི་ཧེ་རུ་ཀའོ། །འབར་བའི་ཕྲེང་བ་ནས་ཚིགས་བཅད་ཕྱེད་ནི་མཚན་ཉིད་དོ། །དེ་ལྟར་རྒྱས་པར་བཤད་ནས། ཤིན་ཏུ་རྒྱས་པར་བཤད་པ་ནི། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ས་བོན་ཕྲེང་བ་དེ་ནས་དགོད། །ཅེས་བྱ་སྟེ། རྒྱུའི་ཧེ་རུ་ཀ་བསྐྱེད་ནས་ཡབ་ཡུམ་གྱི་བྷ་གའི་ཟླ་བ་དང་ཉི་མའི་དབུས་སུ་ལྷ་མོ་བརྒྱད་ཀྱི་ཡིག་འབྲུའི་ས་བོན་དགོད་པར་བྱའོ། །དེ་ནས་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས་མངལ་སྐྱེས་ཀྱི་ཚུལ་གྱིས་ལྷ་མོ་བརྒྱད་བསྐྱེད་ནས་རང་རང་གི་གནས་སུ་གཞག་པར་བྱའོ། །དེ་ནས་རྒྱུའི་ཧེ་རུ་ཀ་ཞུ་བ་དང༌། ཕྱོགས་བཞིའི་ལྷ་མོ་མ་གཏོགས་པ་སའི་ལྷ་མོ་པུཀྐ་སྭཱི་དང༌། ཆུའི་ལྷ་མོ་རི་ཁྲོད་མ་དང༌། མེའི་ཙཎྜ་ལཱི་དང༌། རླུང་གི་ཌོཾ་བི་ནཱི་བཞིས་གླུས་བསྐུལ་བ་དང༌། འབྲས་བུའི་ཧེ་རུ་ཀ་བསྐྱེད་པ་ཡིན་ནོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། རྒྱུའི་ཧེ་རུ་ཀ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་བསྐྱེད་ནས། ཕྱོགས་བཅུའི་སངས་རྒྱས་ཞལ་ནས་ཞུགས་ཏེ། བཙུན་མོ་ཡུམ་གྱི་བྷ་གར་ལྷ་མོ་བརྒྱད་ཀྱི་ཡིག་འབྲུར་གྱུར་པ་དང་ལྷ་མོ་བརྒྱད་མངལ་སྐྱེས་ཀྱི་རིམ་པས་ཕྱོགས་སྐྱོང་བརྒྱད་ཀྱི་ཐོག་ཏུ་བཞག་ལ། དེ་ནས་རྒྱུའི་ཧེ་རུ་ཀ་ཆོས་ཀྱི་སྐུར་ཞུ་བ་དང༌། དེ་ལས་མཚམས་ཀྱི་འབྱུང་བ་བཞིའི་རླུང་གི་རང་བཞིན་འོད་ཀྱི་ཐིག་ལེ་དཀར་དམར་བསྐུལ་བས་ཐིག་ལེ་གཉིས་ཉི་ཟླའི་རང་བཞིན་དུ་གྱུར་པ་དང༌། ཨཾ་ཧཱུཾ་ཡིག་འབྲུ་གཉིས་དང་ཐོད་པ་དང་ཕྱག་མཚན་གྲི་གུག་གཉིས་དང༌། འོད་ཟེར་སྤྲོ་བསྡུ་གཉིས་དང་རྒྱུ་བརྒྱད་ལས། འབྲས་བུ་ཧེ་རུ་ཀ་སྤྲུལ་པའི་སྐུ་རྡོ་རྗེ་ཅན་ནི་ཆེན་པོར་བཞེངས་ཞེས་པའོ། །ཞབས་ནི་ས་ལ་བསྣུན་བ་ཡིས། །ཞེས་པ་ནི་བདུད་བཞིའི་སྟེང་ན་གར་དང་བཅས་པས་བཞུགས་པའོ། །གཾ་ཙཾ་ལ་སོགས་པ་ནི་ལྷ་མོའི་ས་བོན་ནོ། །དགའ་བའི་བདག་པོའི་ས་བོན་དང༌། །ཞེས་པ་ནི། འབྲས་བུ་ཧེ་རུ་ཀ་ཡབ་ཡུམ་གྱི་ས་བོན་ནོ། །ས་བོན་དེ་ཡང་གང་ཞེ་ན། ཧཱུཾ་དང་ཨཾ་ནི་འབར་བ་ལས། །ཞེས་བྱ་བ་སྨོས་ཏེ། མ་མོའི་གྲོང་ཁྱེར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྒེག་པའི་ཉམས་ནི་འཁྱུད་པའོ། །དཔའ་བ་ནི་བདུད་བཞི་གནོན་པའོ། །


DTG008_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་ནི་སྤྱན་གསུམ་ཁྲོ་གཉེར་ཕྱག་བཅུ་དྲུག་དང་ལྡན་པའོ། །བརྗིད་པ་ནི་ཞལ་དབུས་མའོ། །དྲག་པོ་ནི་ཞལ་གཡས་པའོ། །འཇིགས་སུ་རུང་བ་ནི་ཞལ་གཡོན་པའོ། །སྙིང་རྗེ་ནི་སྤྱན་དམར་བའོ། །རྔམ་པ་ནི་ཞལ་གདོངས་པའོ། །ཞི་བ་ནི་ཐལ་བས་བྱུགས་པའོ། །མགོ་བོའི་དོ་ཤལ་མཛད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྒོ་བཞི་ནི་མི་འམ་ཅིས་འདུལ་བར་བྱེད་པས་ན་ཤར་དུ་རྟའི་གདོང་ཅན། བྱང་དུ་ཕག་གི་གདོང་ཅན། ནུབ་ཏུ་ཁྱིའི་གདོང་ཅན། ལྷོར་སེང་གེའི་གདོང་ཅན་ནོ། །མཚམས་ཀྱི་ལྷ་མོ་བཞི་ནི་ཕྱག་གཉིས་ཀྱིས་གླིང་བུ་འབུད་པ་སྔོ་བ་དང༌། པི་ཝང་བརྡུང་བ་སེར་བ་དང༌། རྔ་བོ་ཆེ་བརྡུང་བ་དམར་བ་དང༌། རྫ་རྔ་བརྡུང་བ་ནི་ལྗང་བའོ། །སྡོ་སེར་དཀར་པོ་ཞེས་བྱ་བ་ནི་སྒོ་བ་བཞིལ་ཞལ་གསུམ་གསུམ་ཡོད་པ་ཞལ་གཉིས་ནི་ཐ་མལ་པའི་གདོང་ལ་གཅིག་ནི་དུད་འགྲོའི་གདོང་ཡིན་ནོ། །དེས་ན་སྒོབ་རྣམས་ཀྱི་སྐུ་མདོག་དང་སྦྱར་བའོ། །དེ་རྣམས་ལ་ཡིག་འབྲུ་དགོད་པ་དང༌། གོ་ཆ་བསྐོན་པ་དང༌། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་དང༌། བཟླས་པ་དང༌། མཆོད་པ་དང༌། བསྟོད་པ་བྱའོ། །ལྡང་བའི་ཚེ་ན་དཀྱིལ་འཁོར་བསྡུས་ལ། རིགས་དྲུག་གི་ཡི་གེ་བཀོད་ལ་ལྡང་བར་བྱའོ། །བརྟག་པ་གསུམ་པའི་རབ་ཏུ་བྱེད་པ་དང་པོའི་འགྲེལ་བའོ།། །།

བརྟག་པ་གསུམ་པའི་རབ་ཏུ་བྱེད་པ་གཉིས་པ། རྡོ་རྗེ་གདན་བཞིའི་ཡེ་ཤེས་མཁའ་འགྲོ་བསྒོམ་པ་བསྟན་པ།


DTG008_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཞལ་བརྒྱད་པའི་སྒྲུབ་པའི་ཐབས་བཤད་ནས། ད་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྒྲུབ་ཐབས་བཤད་པར་བྱ་སྟེ། ཉོན་ཅིག་ཅེས་པ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའོ། །གཉིས་པོ་སྤངས་ནས་སུ་ཞེས་པ་ནི་ཐབས་དོར་བའི་དཔའ་མོ་འབའ་ཞིག་བསྒོམ་པའོ། །གཉིས་མེད་ཆོས་ཀྱི་ཡེ་ཤེས་ནི། །ཞེས་པ་ལྷ་མོ་གཅིག་པུས་དབྱིངས་དང་ཡེ་ཤེས་རོ་གཅིག་པར་བསྒོམ་པའོ། །མཁའ་འགྲོ་མའི་སྒྲུབ་ཐབས་ཞེས་པ་ནི་རྡོ་རྗེ་རིགས་ཀྱི་ལྷ་མོའི་སྒྲུབ་པའི་ཐབས་སོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་རྣལ་འབྱོར་ཀུན་གྱི་དང་པོ་ཞེས་པ་ནི་ལྷའི་སྐུ་བསྐྱེད་པའི་ཐོག་མར་སྟོད་པའི་བྱང་ཆུབ་བསྒོམ་པའོ། །དེ་ལ་སྔགས་དང་པ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་དོ། །སྔགས་གཉིས་པ་ནི་ལུས་ངག་ཡིད་གསུམ་རྡོ་རྗེ་རྣམ་པར་དག་པའོ། །སྔགས་གསུམ་པ་ནི་སྒྱུ་མ་དང་སྟོང་པའི་རྣལ་འབྱོར་དག་པའོ། །དེ་བརྗོད་པས་


DTG008_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དོན་སྟོང་པ་ཉིད་ཀྱང་བསྒོམ་པར་བྱ་བ་ཡིན་ནོ། །དེ་ལྟར་སྟོང་པའི་བྱང་ཆུབ་བཤད་ནས། དེའི་གནས་བཤད་པ་ནི་ཡིད་དུ་འོང་བའི་གནས་སུ་ཞེས་བྱ་བ་སྨོས་ཏེ། གནས་དེར་བླ་རེ་བྲེ་བ་དང༌། བ་དན་དང་རྒྱལ་མཚན་བསྒྲེང་བ་དང༌། དྲིའི་ཐིག་ལེ་དང༌། མེ་ཏོག་གིས་དགྲམ་པ་ཡང་བྱའོ། །གནས་དེར་ཅི་ཞིག་བསྒོམ་ཞེ་ན། བློ་ལྡན་མཆོད་པས་སྔོན་འགྲོ་བས། །ཞེས་བྱ་བ་སྨོས་ཏེ། སྐད་ཅིག་ཙམ་གྱི་རྣལ་འབྱོར་གྱིས་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྐུར་བསྒོམ་པར་བྱའོ། །དེ་སྐད་དུ་སྟོན་པ་ཡིན་ཏེ། ཚོགས་སོགས་པའི་དུས་དང༌། ཚད་མེད་པ་བཞི་བཞིས་སེམས་ཅན་གྱི་དོན་བྱེད་པའི་དུས་དང༌། སྲུང་བའི་འཁོར་ལོའི་དུས་དང༌། ཡེ་ཤེས་ཀྱི་ཚོགས་སོགས་པ་སྟོང་པའི་བྱང་ཆུབ་ཀྱི་དུས་སུ་སྐད་ཅིག་མས་ཡེ་ཤེས་མཁའ་འགྲོ་མ་བསྒོམ་པར་བྱའོ། །དེ་ལྟར་སྔོན་དུ་འགྲོ་བའི་རྣལ་འབྱོར་བྱས་ནས་སྟོང་པའི་བྱང་ཆུབ་བསྒོམ་པའི་རྗེས་ལ་རྡོ་རྗེའི་ས་སྦྱང་བར་བྱ་སྟེ། བྱ་བའི་ཆོ་ག་དེ་ཉིད་ཀྱིས། །ཡེ་ཤེས་མཁའ་འགྲོ་བསྒོམ་པར་བྱ། །ཞེས་བྱ་བ་ལ། བྱ་བའི་ཆོ་ག་ནི། ཡཾ་ལས་རླུང༌། རཾ་ལས་མེ། བཾ་ལས་ཆུ། ལཾ་ལས་གསེར་གྱིས་གཞི། ཡེ་ཤེས་ཀྱི་སྣང་བ་བསྒོམ་པ་ནི་ཡེ་ཤེས་རྒྱ་མཚོ་བསྒོམ་པའོ། །དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ་བསྐྱེད་པར་བྱ་བ་ནི་ཕྱོགས་བཞི་ཁ་དོག་བཞིར་གནས་པའི། ལྷུན་པོའི་གཟུགས་སུ་བསམས་ནས་ནི། །ཞེས་པ་ཡིན་ནོ། །དེའི་སྟེང་དུ་བྷྲཱུཾ་ལས་གསེར་ལས་བྱས་པའི་གྲོང་ཁྱེར་ནི་ཞེས་བྱ་བ་སྨོས་ཏེ། སྒོ་བཞི་སྒོ་ཁྱུད་དང་བཅས་པ་དང༌། རྟ་བབས་དང་དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་པ་བསྒོམ་པར་བྱའོ། །དེའི་དབུས་སུ་ཨ་སིཾ་ཨ་ལས་སེང་གེའི་གདན་ལྔ་བསྐྱེད་ལ། དེའི་སྟེང་དུ་གདུགས་དཀར་པོ་དང་ཉི་མའི་གདན་ཡང་བསམ་པར་བྱའོ། །དེ་ལྟར་རྟེན་གྱི་དང་པོའི་སྦྱོར་བ་བསྐྱེད་ནས། བརྟེན་པ་ལྷའི་དང་པོའི་སྦྱོར་བ་བསྐྱེད་པ་ནི། རང་གི་དབུགས་ནི་ཡི་གེ་ཧཱུཾ། །ཞེས་བྱ་བ་སྨོས་ཏེ། རང་གི་དབུགས་ནི་ཡི་གེ་ཧཱུཾ་ངོ༌། །ཡེ་ཤེས་མཁའ་འགྲོ་དབུས་སུ་བསམ། །ཞེས་པ་ནི་རྡོ་རྗེ་མཁའ་འགྲོ་མའོ། །ཞལ་གཉིས་པ་ལ་སོགས་པ་ནི་གོ་ལྷའོ། །ཤར་དུ་ཡང་ཡི་གེ་ཧཱུཾ་ལས་བྱུང་བའོ། །དེ་བཞིན་དུ་བྱང་དང༌། ནུབ་དང༌། ལྷོ་དང༌། དབང་ལྡན་དང༌། མེ་དང༌། བདེན་བྲལ་དང༌།


DTG008_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ག་གནས་རྣམས་སུ་མཁའ་འགྲོ་མ་དང༌། འཛག་མ་དང༌། རོ་ལངས་མོ་དང༌། གཏུམ་མོ་དང༌། སེང་གེ་མ་དང༌། རྟ་རྣ་མོ་དང༌། ཅེ་སྤྱང་མོ་དང༌། འུག་པ་མོ་ལ་སོགས་པ་བརྒྱད་ནི་དཀྱིལ་འཁོར་ལ་བཀོད་ནས། དེའི་ཕྱི་རོལ་གྱི་རིམ་པ་ལ། ཤར་དུ་བཞད་མ་དང༌། བྱང་དུ་མར་མེ་མ་དང༌། ནུབ་ཏུ་འཇིགས་མ་དང༌། ལྷོར་ཀཾ་པོ་ཙེ་བསྒོམས་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་དང༌། བཟླས་པ་དང༌། མཆོད་པ་དང༌། གཏོར་མ་བྱའོ། །དེ་ལ་བདུད་རྩི་མྱོང་བ་ནི་དང་པོ་ལྷ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་མདུན་དུ་ཐོད་པའི་དབུས་སུ་བདུད་རྩི་ལྔ་བཞག་པ་ནི། དམ་ཚིག་དག་ནི་བསྟན་པར་བྱ། །ཞེས་བྱ་བ་ལྟ་བུ་ཡིན་ནོ། །རླུང་དང་མེ་ཞེས་པ་ནི་ཡུཾ་དང་ཀྵུ་མོ། །བདུན་པ་ལ་ཞེས་པ་ནི་བདུད་རྩི་ལྔའི་སྟེང་དུ་རིགས་ལྔའི་ས་བོན་ཧཱུཾ་ཨོཾ་ཏྲཱཾ་ཧྲཱིཿ་ཨ་ཞེས་བྱ་བ་སྟེ། དེ་ལྟར་ན་བདུན་དགོད་པའམ། ཡེ་ཤེས་དཔལ་གྱི་ཞལ་སྔ་ནས་ནི་རཾ་དང་ཡཾ་ནི་འོག་ཏུ་བདུད་རྩི་ལྔའི་གདན་ཡིན་ལ། གཉིས་པ་ནས་བརྩིས་པའི་བདུན་པ་ནི་ཧ་ཡིན་ལ། དེ་ལ་ཐིག་ལེ་ཨཾ་དང༌། སྒྲ་ཨུ་དང་ལྡན་པས་ཡི་གེ་ཧཱུཾ་དུ་འགྱུར་རོ། །ཧཱུཾ་དེ་ལན་གཉིས་སུ་འགྱུར་ཏེ། དེ་སྣ་བུག་གི་རླུང་གིས་རྡོ་རྗེའི་ས་བོན་གྱིས་བསྐུལ་ནས། རླུང་གཡོས་ནས་མེ་སྦར་བ་དང༌། སྟེང་ནས་ཧཱུཾ་གིས་མནན་པས་བདུད་རྩིའི་ཆར་པའི་རྒྱུན་འབབ་པར་བསམ་པར་བྱའོ་ཞེས་གསུངས་སོ། །བརྟག་པ་གསུམ་པའི་རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།

བརྟག་པ་གསུམ་པའི་རབ་ཏུ་བྱེད་པ་གསུམ་པ། བདག་མེད་མ་བསྒོམ་པ་བསྟན་པ།


DTG008_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡེ་ཤེས་མཁའ་འགྲོ་བཤད་ནས། ད་ནི་བདག་མེད་མའི་སྒྲུབ་པའི་ཐབས་བཤད་པར་བྱ་སྟེ། དེ་ནས་བདག་མེད་སྒྲུབ་ཐབས་ཞེས་བྱ་བ་ནི་ཚིགས་བཅད་ཕྱེད་ཀྱིས་མདོར་བསྟན་པའོ། །རྒྱས་པར་བཤད་པ་ནི། ནམ་མཁའི་དཀྱིལ་འཁོར་དབུས་སུ་ནི། །ཞེས་བྱ་བ་སྨོས་ཏེ། ཚོགས་སོགས་པ་དང༌། གཞན་དོན་དང༌། གནས་བསྲུང་བ་དང༌། སྟོང་པའི་བྱང་ཆུབ་བསྒོམས་པའི་རྗེས་ལ། གཞལ་ཡས་ཁང་གི་དབུས་སུ་ནམ་མཁའི་དབྱིངས་སུ་ཨེ་གྲུ་གསུམ་དེའི་དབུས་སུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམ་མོ། །འཁོར་ལོ་དེ་ཇི་ལྟ་བུ་ཞེ་ན། འཁོར་ལོ་ཇི་ལྟའི་ཚུལ་བཞིན་དུ། །ཞེས་བྱ་བ་སྨོས་ཏེ། སྒོ་བཞི་དང་སྒོ་ཁྱུད་དང་རྟ་བབས་དང་དྲ་བ་དང་དྲ་བ་ཕྱེད་པ་དང་བཅས་


DTG008_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེའི་སྔོན་དུ་ཅི་ཞིག་བྱ་ཞེ་ན། སྔོན་དུ་ཇི་ལྟར་གླུ་བླངས་ཞེས་བྱ་བ་སྨོས་ཏེ། འཁོར་ལོའི་སྔོན་དུ་ལཾ་ལས་སམ། བཾ་ལས་ཆུ། རཾ་ལས་མེ། ཡཾ་ལས་རླུང་མཚོའི་རླབས་བཞིན་དུ་རིམ་པར་བསྒོམས་ལ། ལྷ་རྣམས་ཀྱི་རྟགས་རྩེ་གསུམ་པ་དང་མེ་འོད་དང་བ་དན་རིམ་བཞིན་དུ་བསྒོམ་པར་བྱའོ། །འཁོར་ལོའི་དབྱིབས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཨེ་ལས་བྱུང་བའི་སྟེང་དུ་པདྨ་འདབ་མ་བརྒྱད་ལས་བྱུང་བའི་འཁོར་ལོ་རིམ་པ་གཉིས་རྣམ་པར་དག་ཅིང་དྲི་མ་མེད་པའོ། །འཁོར་ལོ་གཅིག་པ་གང་དུ་དགོད་ཅེ་ན། གཅིག་ནི་པདྨའི་ལྟེ་བ་ལའོ། །གཉིས་ནི་མཁའ་སྤྱོད་དང་ས་སྤྱོད་སྐུ་དང་གསུང་དང༌། གཽ་རཱི་ལ་སོགས་པའི་ལྷ་མོ་རྡོ་རྗེ་ཅན་དང་བཅས་པ་དཀྱིལ་འཁོར་གཉིས་བསྒོམ་པའོ། །དེ་རྣམས་སུ་གདན་ཅི་ཞིག་ཅེ་ན། རོའི་གདན་བཅོ་ལྔ་ཡང་དག་པར་བསམ་པར་བྱའོ། །དེ་ལྟར་རྟེན་གྱི་དང་པོ་སྦྱོར་བ་བཤད་ནས། ད་ནི་བརྟེན་པ་ལྷའི་དང་པོའི་སྦྱོར་བ་བཤད་པ་ནི་ཟླ་བ་མེ་ལོང་ལྟ་བུ་དང༌། ཉི་མ་མཉམ་པ་ཉིད་དང༌། ཡིག་འབྲུ་དང་ཕྱག་མཚན་སོ་སོར་རྟོག་པའི་ཡེ་ཤེས་དང༌། འོད་ཟེར་སྤྲོ་བསྡུ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་ལས་རྒྱུའི་རྡོ་རྗེ་བདག་མེད་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་པ་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གྱི་བདག་པོ་འབྲས་བུའི་རྡོ་རྗེ་བདག་མེད་མ་བསྒོམ་པར་བྱའོ། །ཅིའི་ཕྱིར་མངལ་སྐྱེས་ཀྱི་རིམ་པས་མ་ཡིན་ཞེ་ན། ཨཱ་ལི་ཀཱ་ལིའི་སྦྱོར་བས་ནི། །ཞེས་བྱ་བ་སྨོས་ཏེ། ཉི་མ་དང་ཟླ་བའོ། །དེའི་དབུས་སུ་ཡིག་འབྲུ་ཨཾ་དང༌། ཕྱག་མཚན་གྱི་གྲི་གུག་ནི་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེའི་གདན་ནི་ཉི་མ་དང་ཟླ་བའོ། །དེའི་རྒྱུན་ནི་ཡི་གེ་ཨ་ལས་བྱུང་བའི་གྲི་གུག་གི་གཟུགས་ཡིན་པས། བསྲུབ་བྱ་སྲུབ་བྱེད་ཀྱི་སྦྱོར་བ་མངལ་སྐྱེས་ཀྱི་རིམ་པ་ལས་འདོད་པར་མི་བྱའོ། །སེམས་དཔའི་གཟུགས་ལས་བྱུང་བ་རུང༌། །ཞེས་པ་ནི་རྒྱུའི་རྡོ་རྗེ་བདག་མེད་མ་ལས་སོ། །དཀྱིལ་འཁོར་བདག་མོ་བསྒོམ་པར་བྱ། །ཞེས་པ་ནི་འབྲས་བུའི་བདག་མེད་མའོ། །ཞལ་དང་ཕྱག་ལ་སོགས་སྔོན་བཞིན། །ཞེས་པ་ནི་རྒྱུ་དང་འབྲས་བུའི་བདག་མེད་མ་གཉིས་འདྲ་བའོ། །ཁ་དོག་ཀྱང་མཚུངས་སམ་ཞེ་ན། ཟླ་འོད་ནོར་བུའི་འོད་ལྟ་བུ། །ཞེས་བྱ་བ་སྨོས་ཏེ། རྒྱུ་ནི་དཀར་མོ་ཡིན་ལ། །འབྲས་བུ་ནི་ནག་མོ་ཡིན་ནོ། །ཡུམ་གྲུབ་པ་འབའ་ཞིག་ཙམ་ཡིན་ནམ་ཞེ་ན།


DTG008_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་ཤེས་རབ་རང་བཞིན་ལས། །ཞེས་སྨོས་ཏེ། འོད་ཟེར་སྤྲོ་བ་དང་བསྡུ་བ་ལས་བསྐྱེད་པར་བྱའོ། །དེ་འབའ་ཞིག་དེ་ལྟར་བསྐྱེད་དམ་ཞེ་ན་ལྷ་མོ་ཐམས་ཅད་ཀྱང་དེ་ལྟར་བསྐྱེད་པར་བྱའོ། །འབྲས་བུའི་བདག་མེད་མ་ནི། རྒྱུའི་བདག་མེད་མར་འགྱུར་བ་ཡིན་ལ། འཁོར་གྱི་ལྷ་མོ་རྣམས་ཀྱི་ཡུམ་གྱི་ཐུགས་ཀ་ནས་བསྐྱེད་པར་རིགས་སོ་ཞེན་མ་ཡིན་ཏེ། ཤེས་རབ་ཨཱ་ལི་ཐབས་ཀཱ་ལི། །ཟླ་བ་ཉི་མའི་བྱེ་བྲག་དང༌། །ས་བོན་ཡི་གེ་སོ་སོ་ལས། །གཽ་རཱི་ལ་སོགས་ཡང་དག་འབྱུང༌། །ཞེས་སྨོས་ཏེ། ཟླ་བ་དང་ཉི་མ་བཅོ་ལྔ་དང༌། ཡིག་འབྲུ་བཅོ་ལྔ་དང་ཕྱག་མཚན་བཅོ་ལྔ་ལས་ལྷ་མོ་བཅོ་ལྔ་སྐྱེས་པ་ཡིན་ནོ་ཞེས་སྨོས་སོ། །དེ་ལྟར་དཀྱིལ་འཁོར་བ་རྣམས་ཀུན། །ནན་ཏན་བསྐྱེད་དེ་བརྟག་པར་བྱ། །ཞེས་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ལྔ་ལས། ལྷ་མོ་བཅོ་ལྔ་སོ་སོར་བསྐྱེད་པར་བྱའོ། །སློབ་དཔོན་རིན་ཆེན་རྡོ་རྗེ་ནི་གཙོ་བོ་བྱང་ཆུབ་པ་ལྔས་བསྐྱེད་པ་བཞིན་དུ་འཁོར་རྣམས་ལ་ཡང་རྒྱུའི་བདག་མེད་མ་དཀར་མོ་བཅུ་བཞི་ལས། འབྲས་བུའི་བདག་མེད་མ་བཅུ་བཞི་མི་འདྲ་བ་བཅུ་བཞི་བསྐྱེད་པར་འདོད་དོ། །ཡན་ལག་མེད་པའི་རྡོ་རྗེའི་ཞལ་ནས་རྒྱུའི་བདག་མེད་མ་སྲིད་པ་ལྔ་པ་དང༌། མེས་པོ་ལྟ་བུའི་རྣལ་འབྱོར་ཡིན་པས་རྒྱུའི་བདག་མེད་མ་གཅིག་ཡིན་ལ། དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་བཅོ་ལྔ་བསྐྱེད་ཅིང་ཕྱག་མཚན་བཅོ་ལྔ་ཡང་ལྷན་ཅིག་ཏུ་བསྐྱེད་ཅིང༌། འོད་ཟེར་སྤྲོ་བསྡུ་བཅོ་ལྔ་ཡང་ལྷན་ཅིག་ཏུ་བྱས་པ་ལ་སོགས་ལྷ་མོ་བཅོ་ལྔ་ཅིག་ཅར་བསྐྱེད་པ་ཡིན་ནོ། །ཞལ་དང་ཕྱག་མཚན་སོགས་སྔོན་བཞིན་ཞེས་པ་ནི་སྔོན་ཞེས་པ་ནི་མདུན་གྱི་སྒྲ་ཡིན་ལ། དེ་ཡོངས་སུ་གྱུར་པ་ལས། ཕྱིའི་འབྲས་བུའི་བདག་མེད་མའི་སྒྲ་དང་འདྲ་བའོ། །སྐུ་མདོག་ནི་ཟླ་བ་ལྟ་བུ་ཡིན་ནོ། །དེ་ལྟ་བུ་ཡིན་ན། ཉི་མ་ཟླ་བའི་བྱེ་བྲག་གིས། །ཡིག་འབྲུ་སོ་སོའི་དབྱེ་བ་ཡིས། །ཤེས་པ་ཇི་ལྟར་འདོད་ཅེ་ན། །འབྲས་བུ་བཅོ་ལྔ་ལ་ལྟོས་ནས་རྒྱུ་བཅོ་ལྔ་བཞག་པ་ཡིན་གྱིས་ཐ་དད་པ་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་ལྟར་ན་དཀྱིལ་འཁོར་ནང་མ་ལ་མདུན་དུ་བདག་མེད་མ་དང༌། ཤར་དུ་རྡོ་རྗེ་མ་དང༌། ལྷོར་གཽ་རཱི་མ་དང༌། ནུབ་ཏུ་ཆུའི་རྣལ་འབྱོར་མ་དང༌། བྱང་དུ་མཁའ་འགྲོ་མ་དང༌། ཕྱི་རོལ་གྱི་རིམ་པར་ཤར་དུ་གཽ་རཱི་མ་དང༌། ལྷོར་ཙཽ་རཱི་མ་དང༌། ནུབ་ཏུ་རོ་ལངས་མ་དང༌། བྱང་དུ་ཟ་ཕོད་མ་དང༌། ཤར་ལྷོར་


DTG008_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སྦོས་མེ་དང༌། ལྷོ་ནུབ་ཏུ་རི་ཁྲོད་མ་དང༌། ནུབ་བྱང་དུ་གཏུམ་མོ་དང༌། བྱང་ཤར་དུ་གཡུང་མོ་དགོད་པར་བྱའོ། །གལ་ཏེ་དཀྱིལ་འཁོར་བསླང་བ་ཡིན་ན། སྟེང་དུ་མཁའ་སྤྱོད་མ། འོག་ཏུ་ས་སྤྱོད་མ་གཞག་པར་བྱའོ། །ལྷོར་མཁའ་སྤྱོད་མ་སྔོ་བ་དང་སེར་བ་དང༌། བྱང་དུས་སྤྱོད་མ་དམར་པ་དང༌། སྔོ་བ་ཕྱེད་གཟུགས་མའི་མདོག་ཅན་ནོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་འཆི་བདག་གི་བདུད་འཇོམས་པའི་རུས་པའི་རྒྱན་གྱིས་བརྒྱན་པའོ། །གཡོན་པ་འཆི་བདག་གི་བདུད་འཇོམས་པའི་བདུད་རྩིའི་ཐོད་པ་དང༌། གཡས་ན་ཉོན་མོངས་པའི་བདུད་འཇོམས་པའི་གྲི་གུག་དང་རོའི་སྟེང་ན་གར་མཛད་པས་ལྷའི་བུའི་བདུད་འཇོམས་པའོ། །བཞད་ཅིང་ཁྲོ་ལ་སྒེག་པ་དང༌། །ཞེས་པ་ནི་བདག་མེད་མ་ནི་བཞད་པའི་ཉམས་ཅན་ནོ། །ནང་གི་ལྷ་མོ་བཞི་ནི་ཁྲོ་བའི་ཉམས་ཅན་ནོ། །ཕྱི་རོལ་གྱི་ལྷ་མོ་རྣམས་ནི་སྒེག་པའི་ཉམས་ཅན་ནོ། །མཆོད་པའི་གཟུགས་སུ་ཡང་དག་བསྟན། །ཞེས་པ་ནི་ཐམས་ཅད་ཀྱང་ཐབས་ཤེས་རབ་བོ། །འོད་ཟེར་སྣ་ཚོགས་སངས་རྒྱས་སྤྲིན། །ཞེས་པ་ནི་སངས་རྒྱས་ཀྱི་འོད་ཟེར་སྤྲོ་བསྡུས་སེམས་ཅན་འདུལ་བའོ། །དེ་ཉིད་གསུམ་བསྡུས་དབུས་སུ་བསྒོམ། །ཞེས་བྱ་བ་ནི་སྐུ་གསུམ་ཆར་གྱི་ལྷ་མོའི་འཁོར་ལོའོ། །བརྟག་པ་གསུམ་པའི་རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།། །།

བརྟག་པ་གསུམ་པའི་རབ་ཏུ་བྱེད་པ་བཞི་པ། དེ་ཉིད་བསྡུས་པའི་རྒྱུད་དང་མཐུན་པའི་བསྒོམ་པ་བསྟན་པ།


DTG008_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བདག་མེད་མ་བཤད་ནས། ད་ནི་ཐབས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བཤད་པར་བྱ་སྟེ། དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་ནས། རྡོ་རྗེ་དབྱིངས་ཞེས་བྱ་བར་བརྗོད། །ཅེས་པའི་བར་དུ་མཚན་བསྟན་པའོ། །ཕྱག་རྒྱ་ཆེན་པོ་བསྒྲུབས་ནས་སུ། །ཞེས་པ་ནས། ཐམས་ཅད་དུ་ནི་བལྟ་བར་བྱ། །ཞེས་པའི་བར་གྱིས་གནས་བསྟན་ཏོ། །གནས་དེའི་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་བསྟན་ནས་ཐིག་གདབ་པར་བྱ་སྟེ། སར་པ་ལེགས་པར་བཀལ་ནས་ཀྱང༌། །ཞེས་པ་ནི་གོ་སླའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་པ་ནས། ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་མོ། །ཞེས་པའི་བར་གྱིས་ཐིག་གདབ་པའི་ཐབས་བསྟན་ཏོ། །དེ་ལྟར་ཐིག་བཏབ་ནས། དེ་ནས་ནང་དུ་ཞུགས་ནས་སུ། །ཞེས་པ་ལ་སོགས་པས་ནང་གི་དཀྱིལ་འཁོར་དུ་ལྷ་དགོད་པ་བསྟན་ཏོ། །སངས་རྒྱས་གཟུགས་བརྙན་གཞག་པར་བྱ། །ཞེས་བྱ་བ་ནི་ལུགས་མའམ་འབུར་དུ་བརྐོས་པ་དང་བྲིས་པ་ལ་སོགས་པ་ཅི་རིགས་པར་


DTG008_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པར་བྱའོ། །དེ་ལྟར་བཞིའི་དཀྱིལ་འཁོར་རྫོགས་ནས། བདག་ཉིད་ལྷར་བསྒོམ་པ་བཤད་པ་ནི་དཀྱིལ་འཁོར་ཆོ་ག་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དེ་ལ་དང་པོ་སྔགས་པས་ལྷའི་ཁང་པར་བཞུགས་ནས། པཾ་ལས་སྙིང་གར་པདྨ། ཨ་ལས་དབུས་སུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ། །དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་མཆོད་པ་དང་ཕྱག་བཙལ་བ་དང༌། སྡིག་པ་བཤགས་པ་དང་དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང༌། ལུས་འབུལ་བ་དང༌། དགེ་བའི་རྩ་བ་བསྔོ་བ་དང༌། སྡོམ་པ་གཟུང་བར་བྱ་སྟེ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་བྱ་བ་ནས། དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་པའི་བར་གྱིས་སྨོན་པའི་སེམས་བསྐྱེད་ལ། ད་ནི་འཇུག་པའི་སེམས་བསྐྱེད་བཤད་པར་བྱ་སྟེ། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཞེས་པ་ནི་རིགས་འཛིན་གྱི་སྡོམ་པའོ། །བསླབ་པ་ཡི་ནི་ཚུལ་ཁྲིམས་དང༌། །ཞེས་པ་ནི་འོག་ནས་འབྱུང་བའི་ཕས་ཕམ་པ་བཅུ་བཞིའོ། །དགེ་བའི་ཆོས་ནི་སྡུད་པ་དང༌། །ཞེས་པ་ནི་ལྷ་ཐམས་ཅད་ཀྱི་སྔོམ་པ་མ་ལུས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པའོ། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི། །ཞེས་པ་ནི་ཕྲིན་ལས་བཞིའོ། །བདག་གིས་བརྟན་པོར་གཟུང་བར་བགྱི། །ཞེས་པ་ནི་རྣམ་པར་སྣང་མཛད་བསྒོམ་པའི་ཚེ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་དང༌། མི་བཟོད་པའི་ཚེ་རྡོ་རྗེ་སྔོན་པོ་དང༌། རིན་ཆེན་འབྱུང་ལྡན་གྱི་ཚེ་རིན་པོ་ཆེ་སེར་པོ་དང༌། སྣང་བ་མཐའ་ཡས་ཀྱི་ཚེ་པདྨ་དམར་པོ་དང༌། དོན་ཡོད་གྲུབ་པའི་ཚེ་སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱའོ། །བྱང་ཆུབ་སེམས་ནི་བླ་ན་མེད། །ཅེས་པ་ནི་དགེ་བའི་ཆོས་སྡུད་ཀྱི་རྒྱས་པར་བཤད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །མ་བསྒྲལ་ཞེས་པ་ནི་ཞི་བས་སོ། །མ་གྲོལ་ཞེས་པ་ནི་རྒྱས་པས་སོ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞེས་པ་ནི་དབང་གིས་སོ། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པ་ནི་མངོན་སྤྱོད་ཀྱིས་སོ། །དེ་ལྟར་སྔོན་དུ་འགྲོ་བ་རྫོགས་ནས་མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་བསྒོམ་པའི་ཕྱིར་དེ་བཤད་པར་བྱའོ་སྙོམ་དུ་དགོངས་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་


DTG008_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཀའ་སྩལ་པ་ཡིན་ནོ། །དེ་ནས་བསམ་གཏན་གྱི་ཁང་པར་ཞུགས་ནས་ཞེས་པ་ནི་འོག་མིན་གྱི་ལྷའི་རྒྱལ་པོའི་གནས་སུ་བསམ་པར་བྱའོ། །དེ་ནས་སྙིང་གའི་རྡོ་རྗེ་ལ་བཛྲ་སཏྭ་ཧཱུཾ་ཞེས་བྱ་བའི་སྔགས་ཡིད་ཀྱིས་བྲིས་ནས་དེ་ནས་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བསྒོམ་པར་བྱའོ། །དེ་ནས་རྣལ་འབྱོར་པའི་ལུས་མི་བསྐྱོད་པར་བསྒོམས་ལ། མེ་ལོང་ལྟ་བུའི་སྣང་བ་བསྒོམས་ནས་ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་བྱ་བ་སྔགས་དང་པོས་བརྟན་པར་བྱའོ། །དེའི་སྟེང་དུ་དབྱངས་ཡིག་བཅུ་དྲུག་གྲུ་གསུམ་དུ་བཀོད་ལ་སྟོང་པ་ཉིད་བཅུ་དྲུག་གི་ཡོན་ཏན་བསྐྱེད་པར་བྱའོ། །དེ་ནས་རིན་ཆེན་འབྱུང་ལྡན་དུ་བསྒོམས་ལ། མཉམ་པ་ཉིད་ཀྱི་རྣམ་པ་ཟླ་བ་གཉིས་པ་བསྐྱེད་པར་བྱའོ། །ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བརྟན་པར་བྱའོ། །གསལ་བྱེད་སུམ་ཅུ་རྩ་གསུམ་དཀྱིལ་འཁོར་གྱི་ལྷའི་ཚུལ་དུ་བཀོད་ནས་ལྷའི་ཡོན་ཏན་བསྐྱེད་པར་བྱའོ། །དེ་ནས་སྣང་བ་མཐའ་ཡས་སུ་བསྐྱེད་ལ་ཟླ་བ་གཉིས་པའི་སྟེང་དུ་རྡོ་རྗེ་བསྒོམས་ཏེ། ཨོཾ་ཏིཥྛ་ཏ་བཛྲས་བརྟན་པར་བྱས་ལ། ཟག་པ་མེད་པའི་ཡོན་ཏན་བསྐྱེད་པར་བྱའོ། །དེ་ནས་དོན་ཡོད་གྲུབ་པར་བསྐྱེད་ལ་འོད་ཟེར་སྤྲོ་བསྡུས་དེ་བཞིན་གཤེགས་པའི་ཁམས་ཀྱི་སྐུ་གསུང་ཐུགས་བཅུག་སྟེ། བཛྲ་ཨཱ་ཏྨ་ཀོ྅ཧཾ་གིས་བརྟན་པར་བྱ་སྟེ། སྣང་བ་མེད་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། གནས་མེད་པའི་མཚན་མ་མེད་པ་དང༌། མ་སྐྱེས་པའི་སྔོན་པ་མེད་པ་དང༌། མངོན་པར་འདུས་མ་བྱས་པའི་འོད་གསལ་བ་དང༌། དངོས་པོ་དང་དངོས་པོ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་བསྐྱེད་ནས། གཞིག་ཏུ་མེད་པ་ཉོན་མོངས་པའི་སྒྲིབ་པ་དང་ཆགས་པས་གཟུང་དུ་མེད་པའི་ཆོས་ཀྱི་སྒྲིབ་པ་དང་བྲལ་བ་དང༌། ཉེར་ལེན་མེད་པ་ལས་ཀྱི་སྒྲིབ་པ་དང་བྲལ་བ་དང༌། རྡོ་རྗེའི་བདག་ཉིད་རྣལ་པར་སྨིན་པའི་སྒྲིབ་པ་མེད་པ་རྡོ་རྗེའི་བདག་ཉིད་དེ་ཆོས་ཀྱི་སྐུར་གྱུར་པའོ། །དེ་ནས་རྣམ་པར་སྣང་མཛད་དུ་བསྒོམས་ལ་སྙིང་གའི་ཟླ་བའི་རྡོ་རྗེ་ལ་ཞལ་བཞི་པའི་ལོངས་སྤྱོད་རྫོགས་པའི་སྐུ་བསྐྱེད་ལ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཱ་སྟ་ཐཱ་ཧཾ་ཞེས་བྱ་བས་བརྟན་པར་བྱའོ། །ད་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ལུགས་ལས་བཟློག་ལ་བཤད་པར་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་གང་ལས་བྱུང་ཞེ་ན། ཞི་བ་གསང་བའི་བདག་ཉིད་ལས་སོ། །གསང་བ་གང་ལས་


DTG008_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཤེ་ན། སྤྱོད་པ་རྡོ་རྗེ་ལས་སོ། །སྤྱོད་པ་གང་ལས་བྱུང་ཞེ་ན། སྤྱོད་ཡུལ་ཟླ་བ་གཉིས་པ་ལས་སོ། །ཟླ་བ་གཉིས་པ་གང་ལས་བྱུང་ཞེ་ན། དེ་ཉིད་རྟོགས་པ་ཟླ་བ་དང་པོ་ལས་སོ། །དེ་ལྟར་མངོན་པར་བྱང་ཆུབ་པ་ལྔ་ནི། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་མི་སློབ་པའི་ལམ་གཅིག་ཏུ་སྐྱེ་བ་ལས་སོ། །རྡོ་རྗེ་སྙིང་པོས་གསོལ་པ། དེ་ལྟར་ན་མངལ་སྐྱེས་ཀྱི་རིམ་པ་ཇི་ལྟར་འཐད་ཅེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟླ་བ་གཉིས་པ་ནི་པདྨ་ཡིན་ལ། དེའི་སྟེང་གི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཀུན་གྱི་གནས་ཡིན་པས་རྡོ་རྗེ་པདྨའི་སྟེང་དུ་གནས་ཞེས་བྱའོ། །དེ་ནས་འོད་ཟེར་སྤྲོ་བསྡུ་བྱས་པ་ལས་སོ། །སངས་རྒྱས་ཐམས་ཅད་འབྱུང་ཞིང་དེ་ཉིད་ལས་རྣམ་པར་སྣང་མཛད་ཀྱང་འབྱུང་སྟེ། དེ་ནི་རྒྱུའི་རྡོ་རྗེ་འཆང་ཡིན་ལ། དེ་ནས་གཞལ་ཡས་ཁང་གི་དབུས་སུ་འབྲས་བུ་རྡོ་རྗེ་འཆང་བསྐྱེད་པས་ན་རྣལ་འབྱོར་པའི་རྒྱུད་ལས་འབྱུང་བའི་མངལ་སྐྱེས་ཀྱི་རིམ་པ་བྷ་ག་དང་པདྨའི་སྦྱོར་བ་ལས་བྱུང་བའོ་ཞེས་འགལ་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་རྒྱུའི་རྡོ་རྗེ་འཆང་ཆེན་པོ་བསྐྱེད་ནས། ད་ནི་རྟེན་གྱི་དཀྱིལ་འཁོར་བསྐྱེད་པར་བྱ་སྟེ། སྟེང་དང་འོག་ཏུ་སྔགས་རྣམས་དགོད་བྱས་ནས། །ཞེས་པ་ནི་སྟེང་གི་རི་རབ་བོ། །འོག་ནི་འབྱུང་བ་བཞིའི་སྔགས་བཀོད་ནས་དཀྱིལ་འཁོར་བསྐྱེད་པའོ། །རི་རྒྱལ་ལྷུན་པོའི་གཟུགས་ནི་བསྐྱེད་པར་བྱ། །ཞེས་པ་ནི་སུཾ་ལས་ཁ་དོག་བཞི་པ་རྩེ་མོ་བརྒྱད་དང་ལྡན་པ་གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན་གྱིས་བསྐོར་བའོ། །དེའི་སྟེང་དུ་ཨེ་གྲུ་གསུམ་ལས་བྱུང་བའི་ནམ་མཁའ་སྟོང་པའི་དབུས་སུ་བྷྲཱུཾ་ལས་རྣམ་པར་སྣང་མཛད་དེ་ཡོངས་སུ་གྱུར་པ་ལས་འོད་ཟེར་སྣ་ཚོགས་དང་ལྡན་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཟག་པ་མེད་པའི་སྲིད་པ་ལས་བྱུང་བ་བསྒོམས་ལ། དེའི་ནང་དུ་པཾ་ལས་བྱུང་བའི་པདྨ་དེའི་སྟེང་དུ་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྐྱེད་པར་བྱའོ། །དེ་ཉིད་ཀྱི་རྒྱས་པར་བཤད་པ་ནི། །རླུང་དང་མེའི་དཀྱིལ་འཁོར་ཡང་དག་ལྡན། །ཞེས་སྨོས་ཏེ། རླུང་དང་མེའི་སྟེང་དུ་ས་དང་ཆུའི་དཀྱིལ་འཁོར་དང་ལྡན་པའོ། །དེའི་ས་བོན་གང་ཡིན་ཞེ་ན། ཡ་ར་ལ་ཝས་ཤིན་ཏུ་མཛེས་པར་བྱས། །ཞེས་བྱ་སྟེ། འབྱུང་བ་བཞིའི་ས་བོན་ལས་བསྐྱེད་པའོ། །དེ་ནས་སྟེང་ཞེས་པ་ནི། སུཾ་ལས་བསྐྱེད་པའི་རི་རབ་ཀྱི་སྟེང་དུའོ། །སྔགས་དེ་ཉིད་


DTG008_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ས་བོན་འབྱུང་བ་བཞིས་བསྡུས་པའི་ཡི་གེ་བྷྲཱུཾ་དེ་ཉིད་ལས་སོ། །རྣམ་པར་སྣང་མཛད་དེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་དེ་བཞིན་གཤེགས་པས་སྐུའི་སྒོ་ནས་བརྟེན་ཅིང༌། གསུང་གི་སྒོ་ནས་བསྔགས་ལ། ཐུགས་ཀྱི་སྒོ་ནས་བསྟོད་པའོ། །གཞལ་ཡས་ཁང་རྩེ་མོ་རྡོ་རྗེ་རིན་པོ་ཆེ་ལས་བརྩེགས་པའི་ནང་དུ། རྒྱུའི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལྷའི་ས་བོན་སྔགས་འདི་བཀོད་ནས་དེ་དང་བཅས་པའི་སྐུའི་རྣམ་པར་སྣང་མཛད་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར་ནས་དེའི་འོད་ཟེར་སྤྲོ་བ་དང་བསྡུ་བ་ལས་རྡོ་རྗེ་སེམས་དཔའ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྐུ་མདོག་དཀར་པོ་བསམ་པར་བྱའོ། །ཟླ་མདོག་དང་མཚུངས་ཟླ་བའི་གདན་ལ་བཞུགས། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཤར་ཕྱོགས་སུ་རྣམ་པར་སྣང་མཛད་ནི་དབུ་གསུམ་ཕྱག་དྲུག་པ་གཡས་སྡོ་ཞིང་གཡོན་དམར་བ་དབུས་མ་དཀར་བ་འཁོར་ལོ་དང༌། དྲིལ་བུ་དང༌། རལ་གྲི་དང༌། ཞགས་པ་དང༌། ལྕགས་ཀྱུ་དང་ཐོད་པ་བསྣམས་པའོ། །དོན་ཡོད་གྲུབ་པ་ནི་གཡས་དཀར་བ་གཡོན་དམར་བ་དབུས་མ་ལྗང་བའོ། །ཕྱག་དང་པོ་ན་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །ལྷོ་རུ་རིན་ཆེན་འབྱུང་ལྡན། ནུབ་ཏུ་སྣང་བ་མཐའ་ཡས། བྱང་དུ་དོན་ཡོད་གྲུབ་པ་ནི་ཞལ་གསུམ་ཕྱག་དྲུག་པའོ། །རིན་ཆེན་འབྱུང་ལྡན་ཞལ་དབུས་མ་སེར་ཞིང་གཡས་སྔོ་བ་དང་གཡོན་དཀར་བའོ། །ཕྱག་དང་པོ་གཉིས་ནི་རིན་པོ་ཆེ་དང༌། དྲིལ་བུ་བསྣམས་པའོ། །སྣང་བ་མཐའ་ཡས་ནི་གཡས་སྔོ་ཞིང་གཡོན་དཀར་བ་དབུས་དམར་བའོ། །ཕྱག་དང་པོ་ན་པདྨ་དང་དྲིལ་བུ་བསྡམས་པའོ། །ཕྱག་ལྷག་མ་རྣམས་ནི་ཐམས་ཅད་ཀྱང་རལ་གྲི་དང་ཞགས་པ་དང་ལྕགས་ཀྱུ་དང༌། ཐོད་པ་བསྣམས་པའོ། །སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་ནི་རང་རང་གི་གཙོ་བོ་དང་མཚུངས་པའོ། །ཞལ་གསུམ་ཕྱག་དྲུག་པའོ། །དྲག་མོ་དང་རྡོ་རྗེ་གཟུགས་དང༌། རྡོ་རྗེ་ཆགས་པ་མོ་དང༌། རྡོ་རྗེ་ཞི་བ་མོ་དང༌། རྡོ་རྗེ་གནོད་སྦྱིན་མོ་དང༌། རྡོ་རྗེ་མཁའ་འགྲོ་མ་དང༌། རྡོ་རྗེ་སྒྲ་ཅན་མ་དང༌། རྡོ་རྗེ་ས་རྣམས་ནི་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་


DTG008_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དང་རལ་གྲི་དང་ཞགས་པ་དང་ལྕགས་ཀྱུ་དང་ཐོད་པ་བསྣམས་པའོ། །འཁོར་ལོ་རིམ་པ་གཉིས་ཀྱི་ཕྱི་རོལ་གྱི་ཟུར་ལ་གླིང་བུ་མ་དང༌། པི་ཝང་མ་དང༌། རྔ་བོ་ཆེ་དང༌། རྫ་རྔ་བསྣམས་པ་སྔོ་བ་དང༌། སེར་བ་དང༌། དམར་བ་དང༌། ལྗང་བ་དང་ཞལ་གཅིག་ཕྱག་གཉིས་པའོ། །ཕྱི་རོལ་གྱི་ལྷའི་སྣམ་བུ་ལ་བསྐལ་བཟང་བཅུ་དྲུག་བཀོད་ནས། དེའི་ཟུར་དུ་མེ་ཏོག་མ་དང༌། བདུག་པ་མ་དང༌། མར་མེ་མ་དང༌། དྲི་མ་སེར་བ་དང༌། སྔོ་བ་དང༌། དམར་བ་དང༌། ལྗང་གུའོ། །ཤར་ཕྱོགས་ལ་སོགས་པའི་སྒོར་ནི་ལྕགས་ཀྱུ་དང་ཞགས་པ་དང༌། ལྕགས་སྒྲོག་དང་དྲིལ་བུའོ། །སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ནི་གོ་སླའོ། །དེ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབས་པ་དང༌། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་དང༌། བཟླས་པ་དང༌། མཆོད་པ་དང༌། བསྟོད་པ་བྱས་ལ། ལྡང་བར་འདོད་པའི་ཚེ། ཉེ་བར་བསྡུ་བ་དང༌། རིགས་དྲུག་གི་སྔགས་ཀྱིས་བསྲུང་བ་བྱས་ལ་ལྡང་བར་བྱའོ། །དེ་ལྟར་བསྙེན་པ་བསྒོམ་བཞིན་དུ་སྟ་གོན་གྱི་ལྷ་དགོད་པ་བྱས་ནས། དཀྱིལ་འཁོར་ཆེན་པོའི་ཚེ་དེ་ལྟར་ལུགས་མ་འམ། འབུར་དུ་བརྐོས་པ་ལ་སོགས་པའི་གཟུགས་བརྙན་བཞག་པ་དང༌། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་དང༌། བཟླས་པ་དང༌། མཆོད་པ་དང༌། བསྟོད་པ་ཇི་ལྟར་ནུས་པ་བཞིན་དུ་བྱ་བའོ། །དེ་ལྟར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རྫོགས་ནས། ད་ནི་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་བརྗོད་པར་བྱ་སྟེ། ཕྱིའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་དང་བཅས་པ་བསྐྱེད་ལ། དེའི་ནང་དུ་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ། ཟླ་བ་ཕྱེད་པ་ལྟ་བུའི་གཟུགས་ཅན་ཀ་བ་བཞི་དང་ལྡན་པ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེའི་རི་མོ་བཞིས་བསྐོར་བའོ། །དེའི་དབུས་སུ་བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཞལ་གཅིག་ཕྱག་བཞི་པ། རལ་གྲི་དང་འཁོར་ལོ་དང༌། ལྕགས་ཀྱུ་དང་ཞགས་པ་བསྣམས་པ་བསམ་པར་བྱའོ། །དེའི་འཁོར་ཐམས་ཅད་ཀྱང་སྐྲ་འབར་བ་གྱེན་དུ་བརྫེས་པ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཞག་པར་བྱའོ། །མཚམས་ཀྱི་མེ་ཏོག་མ་ལ་སོགས་པའི་བར་དུ་ལྷ་མོ་ཐམས་ཅད་ཀྱང་ཞལ་གཅིག་


DTG008_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་པ་བསམ་པར་བྱའོ། །འདི་རྣམས་ཇི་སྐད་གསུངས་པའི་གདན་རྣམས་ལ་གཽ་རཱི་ལ་སོགས་པའི་ཡིག་འབྲུ་དགོད་པར་བྱའོ། །བཅོམ་ལྡན་འདས་ཀྱི་ཧཱུཾ་ངོ༌། །དཀར་མོའི་ནི་ཧཱ་རིང་བའོ། །ཙཽ་རཱིའི་ནི་ཧི་ཐུང་ངོ༌། །རོ་ལངས་མའི་ནི་ཛིའོ། །ཟ་ཕོད་མའི་ནི་བིའོ། །པུཀྐ་སཱིའི་ནི་ཧཱུཾ་ངོ། །ཤ་བ་རཱིའི་ཛའོ། །ཙཎྜ་ལཱིའི་ནི་མཾ་མོ། །ཌོཾ་བི་ནིའི་ཧཱུཾ་ངོ༌། །མེ་ཏོག་མའི་ནི་ཨ་ཐུང་ངུའོ། །བདུག་པ་མོའི་ནི་ཨཱ་རིང་བའོ། །མར་མེ་མའི་ནི་ཨ་ཐུང་ངུའོ། །དྲི་ཆབ་མའི་ནི་ཨཱཾ་རིང་པོའོ། །སྒོ་བཞིར་ནི་ཛཾ་རཾ་བཾ་ཧཱུཾ་ངོ༌། །ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་རྡོ་རྗེའི་ར་བའི་ནང་དུ་དུར་ཁྲོད་བརྒྱད་དགོད་པར་བྱ་སྟེ། ཞིང་སྐྱོང་བརྒྱད་དང་ཕྱོགས་སྐྱོང་བརྒྱད་དང༌། ཀླུ་བརྒྱད་དང༌། སྤྲིན་བརྒྱད་དང༌། ཕོ་ཉ་བརྒྱད་དང་བཅས་པ་བསམ་པར་བྱའོ། །དེ་ཡང་མཉམ་སྦྱོར་ལས་འབྱུང་བའི་རིམ་པས་གདུལ་བྱ་དང་ཕྱོགས་སྐྱོང་བ་དེ་རྣམས་ཇི་ལྟར་སྔོན་བྱུང་བའི་རིམ་པས་བཤད་པར་བྱ་སྟེ། དྲག་པོ་དང་དབང་པོ་དང་ཉེ་དབང་དང་ཁྱབ་འཇུག་དང་བཅས་པ་ཚངས་པ་སྟེ། བདུད་བཞི་དང་ཕྱོགས་སྐྱོང་བ་བརྒྱད་འདུལ་བ་ནི་སྔོན་བཅོམ་ལྡན་འདས་འཛམ་བུའི་གླིང་དུ་བྱོན་ནས། དེ་རྣམས་གདན་བཏིང་བས་རྒྱས་བཏབ་པ་དང༌། སེམས་བརྒྱལ་ཞིང་ངག་རེངས་ནས་རྨོངས་པར་བྱས་པ་དང༌། བཙུན་མོ་རྣམས་ཕྲོགས་ཤིང་ཚོགས་ཀྱི་འཁོར་ལོ་རྣམས་གསོལ་བས་ལོངས་སྤྱད་པའོ། །རྣམ་པར་ཤེས་པ་བརྒྱལ་བས་ན་ཐར་པར་བྱས་པ་དང་གནས་གྱུར་ནས་ཡེ་ཤེས་ཐོབ་པས་ན་སླར་ཐར་པ་མཛད་དོ་ཞེས་སྦྱར་རོ། །དེ་ལྟར་དབང་བྱས་པ་དང་ལོངས་སྤྱད་པ་དང༌། བཏུལ་བའི་རྗེས་ལ་སླར་ཡང་གསོས་ནས་བསྲུང་བའི་ཕྱིར་ཕྱི་རོལ་གྱི་དུར་ཁྲོད་དུ་བཀོད་པ་ཉིད་དུ་མཛད་པ་ཡིན་ནོ། །དེས་འདུལ་བའི་བཅོམ་ལྡན་འདས་ཇི་ལྟ་བུ་ཞེ་ན། ཐབས་དང་ཤེས་རབ་རྣལ་འབྱོར་གྱིས། །ཞེས་སྨོས་ཏེ། རིགས་དྲུག་གི་ཧེ་རུ་ཀ་ཉོན་མོངས་པ་དྲུག་དང་ལྡན་པའི་སེམས་ཅན་དབུགས་དབྱུང་བའི་ཕྱིར། ཕྱག་གཡོན་པ་ན་ཐོད་པ་ཁ་ཊྭཱཾ་ག་དང་བཅས་པ་བསྣམས་ཤིང༌། ཕྱག་གཡས་པ་ན་རྡོ་རྗེ་འབར་བ་བསྣམས་པ་རང་གི་བརླ་གཡོན་པ་མནན་ནས། ཕྱེད་ཀྲུང་གིས་གར་མཛད་ཅིང༌། གཟིགས་པ་རྣམ་པ་སྣ་ཚོགས་བགྲང་བ་ཡི། །རྗེས་ཐོགས་ཉིད་ལས་འགྱུར་བའི་རྒྱལ་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད་པས་


DTG008_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོག་སྟེ་ཀུན་གསོལ་པ། །རྣམ་པ་སྣ་ཚོགས་བདེ་མཆོག་མཛད་པ་བསྟན་དུ་གསོལ། །རྣམ་པ་སྣ་ཚོགས་རྒྱས་གདབ་རྨོངས་བྱས་བསྟན་དུ་གསོལ། །ཆེ་མཆོག་ངོ་མཚར་བདེ་བར་བཞུགས། །ཧཱུཾ་ཨ་ལ་ལ་ཧོ་ཞེས་པས་བཏུལ་ནས། ཚངས་པ་ལ་སོགས་པ་འཁོར་གྱི་དྲེགས་པ་བཅོམ་ནས་རང་གི་བཙུན་མོ་ཕྲོགས་པ་རྣམས་ཀྱང་སླར་ཡང་དེ་ལ་བྱིན་ནས་དུར་ཁྲོད་ཀྱི་སྲུང་མར་བཞག་པ་ཡིན་ནོ་ཞེས་གཏམ་རྒྱུད་རྙིང་པས་བརྗོད་པ་ཡིན་ནོ། །དེ་ལྟར་བཏུལ་ཟིན་པའི་རྗེས་ལ་བཅོམ་ལྡན་འདས་ཇི་ལྟར་བཞུགས་ཤེ་ན་སླར་ཞི་བའི་གཟུགས་སུ་མཛད་པ་ཡིན་ནོ། །འོད་ཟེར་སྣ་ཚོགས་གསལ་བའི་མདངས། །སངས་རྒྱས་སྤྲིན་རྣམས་རབ་ཏུ་སྤྲོ། །ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་དམ་ཚིག་གི་འཁོར་ལོ་ཡེ་ཤེས་སེམས་དཔའ་བཞུགས་པ་ལ་སོགས་པ་ལས་བརྒྱད་བྱས་ནས་ཏིང་ངེ་འཛིན་གསུམ་དང་ལྡན་པའི་ལྷའི་རྣལ་འབྱོར་བསྒོམས་ན་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །བརྟག་པ་གསུམ་པའི་རབ་ཏུ་བྱེད་པ་བཞི་པའི་འགྲེལ་པའོ།། །།

བསྐྱེད་རྫོགས་གཉིས་བརྟེན་པར་བྱེད་པའི་ཆོགས་ཀྱི་འཁོར་ལོ་བསྟན་པ།

བརྟག་པ་བཞི་པའི་རབ་ཏུ་བྱེད་པ་དང་པོ། ཡི་གེ་བརྡའི་མཚན་ཉིད་བསྟན་པ།


DTG007_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རབ་ཏུ་བྱེད་པ་དྲུག་གིས་བསྐྱེད་པའི་རིམ་པ་བསྟན་ནས། ད་ནི་བསྐྱེད་རྫོགས་གཉིས་ཀ་བསྒྲུབ་པའི་ཡན་ལག་ཏུ་ཚོགས་ཀྱི་འཁོར་ལོའི་རབ་ཏུ་བྱེད་པ་དྲུག་པ་སྟོན་པ་ཡིན་ཏེ། དེ་ལ་དང་པོ་ཚོགས་འཁོར་གྱི་ཡན་ལག་ཏུ་ངག་གི་བརྡ་བཤད་པར་བྱའོ། །དེ་ལ་བརྡ་ནི་གནས་སྐབས་གཉིས་སུ་དགོད་པར་གསུངས་ཏེ། དེ་ལ་ཐོག་མར་དཔའ་བོ་དང་དཔའ་མོ་འདུ་བ་བྱེད་པས་ན་བརྡ་ཤེས་པས་བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་སེམས་མའི་མཚན་ཉིད་ཤེས་པར་བྱའོ། །ཐ་མར་ཚོགས་འཁོར་བྱེད་པའི་དུས་སུ་ཐ་མལ་པའི་ངག་དོར་ནས་དེ་བཞིན་གཤེགས་པའི་བརྡར་གྱུར་པ་འདི་བརྗོད་པར་བྱའོ། །དེ་ཡང་ཆོས་བཅུ་གཅིག་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་ཤིང༌། །ཆུ་སྐྱར་ལས་ནི་ཆུ་ཡིན་ཏེ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་གསུངས་སོ། །རྡོ་རྗེ་ཐེག་པ་འདི་ལས་ནི་ངག་གི་བརྡ་དང༌། ལུས་ཀྱི་བརྡ་དང༌། ཡན་ལག་གི་བརྡ་རྣམ་པ་གསུམ་གྱིས་ཕན་ཚུན་ཐ་སྙད་དུ་བྱའོ། །དེ་ཡང་ཇི་ལྟ་བུ་ལ་ཐ་སྙད་དུ་བྱ་ཞེ་ན། མཁའ་འགྲོ་མའི་ཀུན་དུ་སྤྱོད་པ་ལས། །དག་བྱེད་དབང་གི་ལྷ་མོ་དང༌། །དཔའ་བོའི་ལྷ་མོ་


DTG008_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བསྒོས་སྐྱེས། །དེ་འོག་མ་ལུས་ཀུན་སྤྱོད་མ། །ཞེས་གསུངས་པ་རྣམས་ལའོ། །དེ་རྣམས་སུ་མཚན་ཉིད་ཅིས་མཚོན་ཞེ་ན། ཁ་དོག་དང་དབྱིབས་དང༌། སྤྱོད་ལམ་དང་མཚན་ཉིད་གསུམ་གྱིས་ཤེས་པར་བྱའོ། །དབྱིབས་ནི་ལུས་པོ་རིང་ཐུང་དང་ཕྲ་བ་དང་ལག་པའི་རི་མོ་དང་ལྡན་པའོ། །སྤྱོད་ལམ་ནི་གོས་དང་དྲི་དང་ཁྱིམ་དུ་རི་མོ་འདྲི་བ་དང༌། མལ་དུ་འདྲེ་ཞིང་ལྡོག་པ་དང༌། སྲོག་ཆགས་ཀྱི་རིགས་དགའ་བ་དང༌། མི་དགའ་བའི་བྱེ་བྲག་གིས་ཤེས་པར་བྱའོ། །དེ་ལ་དང་པོ་ངག་གི་བརྡ་བསྟན་ཏོ། །རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་ཀྱི་ཞེས་པ་ནས་བཤད་དུ་གསོལ་ཞེས་པའི་བར་གྱིས་མདོར་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་མཁའ་འགྲོ་མ་རྣམ་པར་རྒྱལ་བ་ཞེས་བྱ་བ་ནི་བརྡ་མི་ཤེས་པ་ལས་རྣམ་པར་རྒྱལ་བའོ། །བཀའ་སྩལ་ཏོ་ཞེས་པ་ནི་བར་གྱི་སྐབས་དབྱེ་བ་བསྟན་ཏེ། མུ་མུག་ཅེས་པ་ནས་འདུས་པ་ཉིད་དུ་བྱ་ཞེས་པའི་བར་གྱིས་དགྱེས་རྡོར་གྱི་རྒྱུད་ཀྱི་བརྡ་བསྟན་ཏོ། །མུ་ཁྱི་ཞེས་པ་ནས་དྲི་སྟ་ཞེས་པའི་བར་གྱིས་གདན་བཞིའི་བརྡ་བསྟན་ཏོ། །ད་ནི་ཞེས་པ་ནས་ཨུ་དུ་སྤར་ཤ་ན་ཞེས་པའི་བར་གྱིས་འཁོར་ལོ་བདེ་མཆོག་གི་བརྡ་བསྟན་ཏོ། །བརྡ་ད་དག་ནི་ལེའུ་བདུན་པའི་རབ་ཏུ་བྱེད་པ་དང་པོ་ནས་སྟོན་པས་དེ་འདིར་མ་བཤད་དོ། །དེ་དག་གི་སྟེང་དང་འོག་ན་གནས་ཞེས་པ་ནི་ཐབས་དང་ཤེས་རབ་ལ་བརྡར་བཏགས་པ་ཡིན་ནོ། །ཕྱག་རྒྱ་ཕྱག་རྒྱའི་ལེན་ཞེས་པ་ནི་ཚོགས་ཀྱི་འཁོར་ལོའི་དུས་སམ། དབང་བསྐུར་བའི་དུས་སུ་ངོ་ཤེས་པར་བྱེད་པ་དང༌། དེ་བཞིན་གཤེགས་པའི་བརྡར་གྱུར་པ་འདི་བརྗོད་ན་ངག་གི་འཁྲུལ་འཁོར་ལས་དངོས་གྲུབ་བསྐྱེད་པ་ཡིན་ནོ། །བརྟག་པ་བཞི་པའི་རབ་ཏུ་བྱེད་པ་དང་པོའི་འགྲེལ་པའོ།། །།

བརྟག་པ་བཞི་པའི་རབ་ཏུ་བྱེད་པ་གཉིས་པ། དབང་བསྐུར་བའི་ལྷ་མོའི་མཚན་ཉིད་བསྟན་པ།


DTG008_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བརྡ་བཤད་ནས། དབང་གི་ལྷ་མོ་བཤད་པར་བྱ་སྟེ། རྡོ་རྗེ་སྙིང་པོའི་ཞེས་པའི་ཚིགས་བཅད་ཕྱེད་ཀྱིས་ཉོན་ཅིག་ཅེས་སྐབས་དབྱེ་བ་བསྟན་པ་ཡིན་ནོ། །དེ་ལ་བདེ་མཆོག་གི་རྒྱུད་འབུམ་པའི་ནང་ནས་གསུངས་པའི་ལྷ་མོ་བདུན་གྱི་མཚན་ཉིད་མདོར་བསྟན་པ་ནི་གཟུགས་ཅན་མ་དང་འོ་བྱེད་མ་གཉིས་ནི་རྒྱལ་རིགས་ཏེ་སངས་རྒྱས་སྤྱན་དང་ཉེ་བའི་རིགས་སོ། །མཛེས་མ་དང་ཡོངས་གྱུར་མ་གཉིས་ནི་རྗེའུའི་རིགས་ཏེ། སྒྲོལ་མ་དང་ཉེ་བའི་རིགས་སོ། །བྱིས་བཅས་མོ་དང་མི་ལྡོག་མ་


DTG008_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་བྲམ་ཟེའི་རིགས་ཏེ། གོས་དཀར་མོ་དང་དེའི་ཉེ་བའི་རིགས་སོ། །འདི་དཔའ་མོ་ཞེས་པ་ནི་དམངས་རིགས་མཁའ་འགྲོ་མའི་རིགས་སུ་འགྱུར་བ་ཡིན་ཏེ། ཉེ་བའི་རིགས་ནི་མེད་དོ། །དེ་རྣམས་ཀྱི་མཚན་ཉིད་ནི་རྟོགས་པར་སླ་བས་མ་བཤད་དོ། །དེའི་ཁྱིམ་དུ་ཇི་ལྟ་བུ་ཞིག་འདྲི་ཞེ་ན། སངས་རྒྱས་སྤྱན་གྱི་རིགས་གཉིས་ཀྱིས་ཐོད་པ་དང་དགྲ་སྟ་འདྲི་བར་བྱེད་དོ། །སྒྲོལ་མའི་རིགས་གཉིས་ཀྱིས་མཆེ་བ་དང་རྒྱལ་མཚན་འདྲི་བར་བྱེད་དོ། །གོས་དཀར་མོའི་རིགས་གཉིས་ཀྱིས་རལ་གྲི་དང་དགྲ་སྟ་འདྲི་བར་བྱེད་དོ། །རྡོ་རྗེ་མཁའ་འགྲོ་མའི་རིགས་གཉིས་ཀྱིས་ཁྱིམ་དུ་དུང་འདྲི་བར་བྱེད་དོ། །ལུས་སྤྲུལ་པའི་མཚན་མ་ཞེས་བྱ་བ་ནི་དྲག་པོ་འཇིགས་བྱེད་ཀྱི་མཁའ་འགྲོ་མའི་ཕྱག་རྒྱ་ཁྱིམ་དུ་འདྲི་བར་བྱེད་པ་ཡིན་ནོ། །བརྟག་པ་བཞི་པའི་རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།

བརྟག་པ་བཞི་པའི་རབ་ཏུ་བྱེད་པ་གསུམ་པ། དཔའ་བོ་དང་བཀའ་ནོད་པའི་མཚན་ཉིད་བསྟན་པ།


DTG008_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དབང་གི་ལྷ་མོ་བཤད་ནས། ད་ནི་དག་བྱེད་ཀྱི་ལྷ་མོ་དང༌། དཔའ་བོའི་ལྷ་མོ་དང༌། བཀས་གནང་བའི་ལྷ་མོ་དང་གསུམ་གྱི་མཚན་ཉིད་སྟོན་པ་ཡིན་ཏེ། དེ་ནས་ཡང་དག་བཤད་བྱ་བ། །མཛེས་པ་ཡི་ནི་མཚན་ཉིད་དེ། །ཞེས་བྱ་བ་ནས། པདྨ་གར་དབང་རིགས་འབྱུང་ཡིན། །ཞེས་བྱ་བའི་བར་གྱིས་པདྨའི་རིགས་ཀྱི་དག་བྱེད་ཀྱི་ལྷ་མོ་བཤད་དོ། །ལུས་ནི་སྔོ་བསངས་ཅུང་ཟད་སྐྱ། །ཞེས་པ་ནས། མཁའ་འགྲོ་མ་ནི་ཤེས་པར་བྱ། །ཞེས་པའི་བར་གྱིས་དཔའ་བོའི་ལྷ་མོ་མི་བསྐྱོད་པའི་རིགས་ཀྱི་མཚན་ཉིད་བཤད་དོ། །དམར་ཞིང་སེར་ལ་མིག་དམར་ཞིང༌། །ཞེས་པ་ནས། མཁའ་འགྲོ་མར་འདི་ཐེ་ཚོམ་མེད། །ཅེས་པའི་བར་གྱིས་དཔའ་བོའི་ལྷའི་རིགས་བཤད་དོ། །བུད་གང་སེར་ཞིང་ཅུང་ཟད་སྔོ། །ཞེས་པ་ནས། བདེ་གཤེགས་རིགས་ཀྱི་རྗེས་འགྲོ་ཡིན། །ཞེས་པའི་བར་གྱིས་དག་བྱེད་ཀྱི་ལྷ་མོ་རིན་པོ་ཆེའི་རིགས་ཀྱི་མཚན་ཉིད་བཤད་དོ། །ཅུང་ཟད་སྔོ་ཞིང་ཅུང་ཟད་ལྗང༌། །ཞེས་པ་ནས་རྡོ་རྗེ་ཕག་མོའི་རིགས་ཀྱི་མཚན་ཉིད་བསྟན་ཏོ། །སེར་ཞིང་སེར་བའི་མདོག་ཏུ་སྣང༌། །ཞེས་པ་ནས། ཁཎྜ་རོ་ཧཱའི་རིགས་འབྱུང་ཡིན། །ཞེས་པའི་བར་གྱིས་དཔའ་བོའི་ལྷ་མོ་དུ་མ་སྐྱེས་མའི་རིགས་ཀྱི་ལྷ་མོ་བསྟན་ཏོ། །བུད་མེད་གང་ཞིག་ཤ་ལ་སྲེད། །ཅེས་པ་ནས། ཧེ་རུ་ཀ་ཡི་རིགས་འབྱུང་ཡིན། །ཞེས་པའི་བར་གྱིས་དཔའ་བོའི་ལྷ་མོ་མཁའ་འགྲོ་མའི་རིགས་བསྟན་ཏོ། །བུད་མེད་


DTG008_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་མདོག་ནི་སྤྲིན་སྔོན་འདྲ། །ཞེས་པ་ནས། མཁའ་འགྲོ་མར་ནི་ཐེ་ཚོམ་མེད། །ཅེས་པའི་བར་གྱིས་དཔའ་བོའི་ལྷ་མོ་གཟུགས་ཅན་མའི་རིགས་བསྟན་ཏོ། །གང་གིས་སྐྲ་ནི་འཁྱིལ་པ་དང༌། །ཞེས་པ་ནས། མཚན་ཉིད་འགྱུར་བ་འདི་དག་ནི། །ཞེས་པའི་བར་གྱིས་བཀས་གནང་བའི་ལྷ་མོ་པདྨའི་རིགས་བསྟན་ཏོ། །དམར་ཞིང་སེར་བའི་བུད་མེད་གང༌། །ཞེས་པ་ནས། ཕྱག་རྒྱའི་ལན་དུ་འགྱུར་བ་ཡིན། །ཞེས་པའི་བར་གྱི་བཀས་གནང་བའི་ལྷ་མོ་ལས་ཀྱི་རིགས་བསྟན་ཏོ། །ཐུང་ཞིང་བྱིན་པ་སྦོམ་པ་དང༌། །ཞེས་པ་ནས། ཁྱིམ་དུ་རྡོ་རྗེ་འདྲི་བར་བྱེད། །ཅེས་པའི་བར་གྱིས་བཀས་གནང་བའི་ལྷ་མོ་ཧེ་རུ་ཀའི་རིགས་བསྟན་ཏོ། །ལུས་ཀུན་ལ་ནི་བ་སྤུ་ཡོད། །ཅེས་པ་ནས། ཁྱིམ་དུ་མཆེ་བ་བྲིས་ཏེ་མཆོད། ཅེས་པའི་བར་གྱིས་བཀས་གནང་བའི་ཕག་མོའི་རིགས་སུ་བསྟན་ཏོ། །བརྟག་པ་བཞི་པའི་རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།། །།

བརྟག་པ་བཞི་པའི་རབ་ཏུ་བྱེད་པ་བཞི་པ། དེ་རྣམས་ཀྱི་ཡན་ལག་གི་བརྡའི་མཚན་ཉིད་བསྟན་པ།


DTG008_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མཚན་ཉིད་བསྟན་ནས་དཔའ་བོའི་ལྷ་མོའི་བརྡ་བསྟན་པ་ནི། དེ་ནས་ཡང་དག་བཤད་བྱ་བ། །ཞེས་པ་ནས། སློབ་དཔོན་གཉིས་པས་བསྐུལ་བར་བྱ། །ཞེས་པའི་བར་གྱིས་བརྡའི་མཚན་ཉིད་བསྟན་ཏོ། །བརྟག་པ་བཞི་པའི་རབ་ཏུ་བྱེད་པ་བཞི་པའི་འགྲེལ་པའོ།། །།

བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་དང་པོ། ཚོགས་འཁོར་གྱི་གནས་ཀྱི་མཚན་ཉིད་བསྟན་པ།


DTG008_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བརྡ་དང་མཚན་ཉིད་བཤད་ནས། ཚོགས་ཀྱི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་བསགས་ནས། དེའི་གནས་བཤད་པར་བྱ་སྟེ། དེ་ནས་ཡང་དག་བཤད་བྱ་བ། །ཞེས་པ་ནས། མཛེས་པའི་བཤེས་ལ་ནན་ཏན་བྱ། །ཞེས་པའི་བར་གྱིས་མདོར་བསྟན་ཏེ། །མཛའ་བ་དམ་པ་ཀུན་འདུས་པ། །ཞེས་པ་ནི་རྣལ་འབྱོར་པ་དང༌། རྣལ་འབྱོར་མ་རྣམས་འདུས་པ་སྟེ། དེ་ལ་ཅི་ཕྱིར་དམ་པ་ཞེས་བྱ་བ་ནི་དྲིའི་ཐིག་ལེའི་དཀྱིལ་འཁོར་དང་མེ་ཏོག་གི་ཚོམ་བུའི་དཀྱིལ་འཁོར་དང༌། ཡིག་འབྲུ་དགོད་པའི་དཀྱིལ་འཁོར་དང༌། ཕྱག་མཚན་དགོད་པའི་དཀྱིལ་འཁོར་དང༌། ལག་པའི་ཕྱག་རྒྱ་དགོད་པའི་དཀྱིལ་འཁོར་དང༌། སྐུ་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལས་ཚོགས་ཀྱི་འཁོར་ལོ་འདི་དམ་པར་འགྱུར་བའོ། །དེ་ལྟ་བུའི་མཛའ་བ་དམ་པ་ཀུན་འདུས་པ་སྟེ། དཔའ་བོ་དང་རྣལ་འབྱོར་མ་རྣམས་བསྙེན་བསྒྲུབ་བཞིས་ལྷའི་རང་བཞིན་དུ་བསྐྱེད་ནས་འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་དགོས་པ་མེད་པས་ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་བྱའོ། །དེ་ཡང་ལྷག་


DTG008_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི་གཅིག་ལ་གཅིག་གིས་ཟོས་པའི་ལྷག་མ་ལ་རྟོག་པ་མེད་པའོ། །སྣོད་གཉིས་ནི་རང་བཞིན་གྱི་དོན་སྣོད་གཉིས་ལ་ལོངས་སྤྱོད་པའོ། །མཛེས་པའི་བཤོས་ལ་ནན་ཏན་བྱ། །ཞེས་པ་ནི་རྣལ་འབྱོར་པའི་ལུས་ལ་ལྷའི་དཀྱིལ་འཁོར་བསྐྱེད་ལ། ལག་པ་གཡས་པ་དང་གཡོན་པ་དགང་གཟར་བླུགས་གཟར་དུ་བྱས་ལ་ཕྱི་དང་ནང་གི་དཀྱིལ་འཁོར་ལྔའི་ཞལ་དུ་ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། པུཥྚིཾ་ཀུ་རུ་ཨོཾ་དང༌། བ་ཤཾ་ཀུ་རུ་ཧོ་དང༌། མཱ་ར་ཡ་ཕཊ་དང་བཅས་པ་ནང་གི་སྦྱིན་སྲེག་བྱས་པ་ནི་ནན་ཏན་དུ་བྱས་ཞེས་བྱ་བ་ཡིན་ནོ། །དེའི་གནས་གང་ལགས་ཞེས་ཞུས་པ་དང་བདེ་མཆོག་གི་རྒྱུད་དང་སྦྱར་ནས་གནས་ཉི་ཤུ་རྩ་བཞིའམ། དགྱེས་པའི་རྡོ་རྗེ་དང་སྦྱར་ནས་གནས་སུམ་ཅུ་རྩ་གཉིས་སུ་ཤེས་པར་བྱ་སྟེ། དེ་ཡང་དུར་ཁྲོད་བཞི་དང་བཅས་པ་གནས་བཅུ་བཞི་ཡིན་ནོ། །སྔོན་གདུལ་བྱ་འདུལ་བའི་ཆེད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གནས་སྤྲུལ་པའི་སྐུའི་ཡེ་ཤེས་ཀྱི་སྣང་བའོ། །སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་དེ་ཡང་གདུལ་བྱ་རྣམས་ཀྱི་བརྡ་དང་སྦྱར་ནས་ལྷ་རྣམས་ཀྱི་གནས་ཞེས་བྱ་བ་དང༌། དྲི་ཟ་རྣམས་ཀྱི་ཉེ་བའི་གནས་ཞེས་བྱ་བ་དང༌། གནོད་སྦྱིན་རྣམས་ཀྱི་ཞིང་ཞེས་བྱ་བ་དང༌། དེའི་འཁོར་རྣམས་ཀྱི་ཉེ་བའི་ཞིང་ཞེས་བཏགས་པ་དང༌། སྲིན་པོ་རྣམས་ཀྱི་ཚནྡོ་ཧ་ཞེས་པ་དང༌། འཁོར་རྣམས་ཀྱི་ཉེ་བའི་ཚ་ནྡོ་ཧ་ཞེས་པ་དང༌། ཀླུ་རྣམས་ཀྱི་འདུ་ས་དང༌། འཁོར་རྣམས་ཀྱི་ཉེ་བའི་འདུ་ས་ཞེས་བྱ་བ་དང༌། ལྷ་མ་ཡིན་རྣམས་ཀྱི་དུར་ཁྲོད་དང༌། འཁོར་རྣམས་ཀྱི་ཉེ་བའི་དུར་ཁྲོད་དང༌། མི་འམ་ཅི་རྣམས་ཀྱི་གྲོང་མཐའ་དང་ཉེ་བའི་གྲོང་མཐའ་ཞེས་བྱ་བའི་བརྡས་བཏགས་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་པའི་ས་བཅུ་གཉིས་ཀྱི་ཡུལ་སྟོང་པ་ཉིད་ཀྱང་དེ་ཉིད་དང་ཐ་མི་དད་པ་ཡིན་ནོ། །དེའི་གནས་ཀྱི་དབྱེ་བ་ཞུས་པའི་ལན་དུ། གནས་ནི་ཛཱ་ལནྡྷ་ར་ཞེས་པ་ནས། དེ་ཡང་དུར་ཁྲོད་ཅེས་པའི་བར་གྱིས་མིང་བཤད་པ་ཡིན་ནོ། །དེ་དག་ལས་ལྷག་པའི་ཡུལ་བཤད་པ་ནི། རྡུལ་བྲལ་ཡུལ་ན་ཙུ་ཏའི་ཤིང༌། །ཞེས་བྱ་བ་ལ་སོགས་པ་ཡུལ་བརྒྱད་ན་ཤིང་བརྒྱད་གནས་པ། ཕྱོགས་སྐྱོང་བརྒྱད་གནས་པ་བཏུལ་ནས་དུར་ཁྲོད་ཀྱི་བདག་པོར་བཞག་པ་ཡིན་ནོ། །དེ་ཡང་འདི་སྐད་དུ་སྟོན་པ་ཡིན་ཏེ། སྔོན་བྱུང་བ་རྡོ་རྗེ་གདན་ཉིད་དུ་


DTG008_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་འཇིགས་བྱེད་ཉི་ཤུ་རྩ་བཞི། འདུལ་བྱེད་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱིས་བཏུལ་ནས། སྐྱེས་པ་རྣམས་ལུས་དང་ངག་དང་ཡིད་གསུམ་དབང་དུ་བྱས་པ་དང༌། བཙུན་མོ་དང་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་པ་དང༌། གདུལ་བྱ་དེ་ཉིད་ཀྱི་རྣམ་པར་ཤེས་པ་འགགས་པས་སྲོག་ཐིམ་པ་དང༌། ཡེ་ཤེས་བསྐྱེད་པའི་ཡེ་ཤེས་ཐིམ་པ་ཡིན་ནོ། །དེ་དང་རྗེས་སུ་མཐུན་པར་གྲོང་མཐའ་དང༌། ཉེ་བའི་གྲོང་མཐའ་དང༌། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང༌། མི་འམ་ཅི་བརྒྱད་དང༌། ཁྭ་དྡོང་མ་ལ་སོགས་པས་དེ་བཞིན་དུ་བཏུལ་བ་ཡིན་ནོ། །རྡུལ་བྲལ་གྱི་ཡུལ་ནས་ཛཱ་ལནྡྷ་རའི་བར་དུ་ཕྱི་རོལ་གྱི་ཡུལ་རྣམས་སུ་ཞིང་སྐྱོང་བརྒྱད་དབང་དུ་བྱས་པ་དང༌། ལོངས་སྤྱོད་པ་དང་ཐིམ་པའི་རྗེས་ལ་སླར་གཡོས་ནས་དུར་ཁྲོད་དུ་སྲུང་མར་བཞག་པ་ཡིན་ནོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། རྒྱས་བཏབ་རྨོངས་བྱས་བསླངས་ནས་ནི། །ལས་རྣམས་ཀུན་ལ་སྦྱོར་བར་བྱེད། །ཕྱག་རྒྱ་འདི་ཡིས་བཏབ་པ་ནི། །འདོད་པ་བཞིན་དུ་འགྲོ་འོང་ལྡིང༌། །ཞེས་གསུངས་སོ། །གནས་ནི་རབ་ཏུ་དགའ་བའི་ས། །ཞེས་བྱ་བ་ལ་སོགས་པར་སྦྱར་བ་ནི་གོ་སླའོ། །རྣལ་འབྱོར་མ་ཡི་བརྡ་ཡིས་བཤད། །ཅེས་པ་ནི་སྔོན་གྱི་གདུལ་བྱ་རྣམས་ཀྱིས་བརྡར་བཏགས་པའོ། །པུ་ལ་སོགས་པ་ཇི་བཞིན་དུ། །ཞེས་པ་ནི་པུལླཱི་ར་མ་ལ་སོགས་པའི་ཕ་རོལ་གྱི་གནས་ཉི་ཤུ་རྩ་བཞི་འམ། བཞི་བཅུ་ཐམ་པ་སྔོན་ཇི་ལྟར་གྲུབ་པ་བཞིན་དུ་འཁོར་ལོའི་རྩིབས་ཀྱི་གནས་སུ་དགོད་པ་འམ། ནང་དུ་ལུས་ཀྱི་གནས་ཉི་ཤུ་རྩ་བཞི་དང༌། བུ་ག་བཞི་ལ་ལྷའི་འཁོར་ལོ་ཉི་མའི་གདན་ལ་དགོད་པས་ན། ཕྱི་དང་ནང་དུ་བསམ་པར་བྱ། །ཞེས་བྱའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་དཀྱིལ་འཁོར་གྱི་འཁོར་ལོ་ལྟར་བྱའོ། །དེ་སྐད་དུ་མཉམ་སྦྱོར་ལས། ཐོད་པ་པདྨོ་ཡིན་པར་བཤད། །ཁ་ཊྭཱཾ་ག་ཡང་རྒྱལ་མཚན་ཆེ། །སངས་རྒྱས་ཕྱག་རྒྱ་པདྨོ་རྣམས། །བདེ་བ་ཀུན་གྱི་བདུད་རྩི་ཡིན། །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །སྐྱེས་བུ་སངས་རྒྱས་ཀུན་བཤད་དོ། །འདི་ཉིད་དམ་ཚིག་ཡིན་པར་བཤད། །ལྷ་རྣམས་ཐམས་ཅད་ཚོགས་པས་ན། །སྐྱེ་བོ་དམ་ཅན་ཀུན་ཚོགས་པ། །ཆོས་ཀྱི་དཀྱིལ་འཁོར་དམ་པ་ན། །མཛའ་བ་ཐམས་ཅད་འདུས་པའོ། །ཞེས་གསུངས་སོ། །དེ་རྣམས་


DTG008_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདུ་བའི་དུས་བཤད་པ་ནི། ཡི་དགས་ཕྱོགས་ཀྱི་བཅུ་བཞི་དང༌། །ཞེས་བྱ་བ་མར་གྱི་ངོའི་ཉི་ཤུ་དགུ་དང༌། ཚེས་བཞི་ལ་མཆོད་པ་ཆེན་པོ་བྱ་སྟེ། རྒྱལ་མཚན་དང་ནི་མཚོན་གྱིས་བསད། །ཅེས་པ་ནི་གསལ་ཤིང་ལ་བསྐྱོན་པ་འམ། གཡུལ་ངོར་ཤི་བའོ། །སྐྱེ་བ་བདུན་པ་བསྟེན་པར་བྱ། །ཞེས་པ་ནི་སྐྱེ་བ་བདུན་པ་འམ། བདེ་མཆོག་ལས་འབྱུང་བ་བཞིན་དུ་ཕྱུགས་བདུན་གྱིས་བྱའོ། །འབད་དེ་སྙིང་རྗེ་བསྐྱེད་ནས་སུ། །མཁས་པས་གསད་པའི་ལས་རྣམས་བྱ། །ཞེས་པ་ནི་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་དགའ་བར་བྱ་བའི་ཕྱིར། བག་ཟན་ལས་བྱས་པའི་ཕྱུགས་ནང་དུ་ཁྲག་གིས་བཀང་ལ་ཙནྡན་དམར་པོས་བྱུགས་ནས་དཀར་གསུམ་དང་མངར་གསུམ་ལྡན་པ་རོ་དང་གཅིག་ཏུ་གྱུར་པའི་ཟས་དེ་མཁའ་འགྲོ་མ་རྣམས་ལ་གཏོར་མ་སྦྱིན་པ་དང༌། རྣལ་འབྱོར་པས་ཚོགས་ཀྱི་བཟའ་བ་དང༌། ནང་གི་སྦྱིན་སྲེག་བྱ་བ་ཡིན་ནོ། །དེ་ལྟར་རྣལ་འབྱོར་པས་ཇི་ལྟ་བུར་བྱ་ཞེ་ན། སྙིང་རྗེ་དམན་པས་འགྲུབ་མི་འགྱུར། །དེ་བས་ཀུན་དུ་སྙིང་རྗེ་སྤྱད། །ཅེས་བྱ་སྟེ། བདག་དང་གཞན་མཉམ་ཉིད་དུ་སེམས་པའི་རྣལ་འབྱོར་པས་མཁའ་འགྲོ་མ་རྣམས་ལ་འཚོ་བའི་ཐབས་མེད་པས་ན་སྙིང་རྗེ་བསྐྱེད་པས་ཤ་དང་ཁྲག་དེ་སྦྱིན་པར་བྱའོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། བག་ཟན་ལས་ནི་བྱས་པའི་ཕྱུགས། །ཙནྡན་དམར་པོས་བསྒྲུབས་པ་དང༌། །བག་ཕྱེ་ཟན་ལས་བྱས་པའི་ཤ་།རྒྱལ་པོའི་ཟན་ཞེས་གང་བཤད་པའོ། །ལས་དང་པོ་པས་དེ་ལྟར་ཡིན་དུ་ཟིན་ཀྱང༌། བརྟན་པ་ཐོབ་པའི་བྱང་ཆུབ་སེམས་དཔས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། གསོ་བར་ནུས་ན་དངོས་སུ་བསྒྲལ་བར་བྱའོ་ཞེས་གསུངས་པས། ཇི་ལྟར་བདག་བཞིན་སེམས་ཅན་དེ། །དེ་ལྟར་སེམས་ཅན་དེ་བཞིན་བདག །ཇི་ལྟར་རྣལ་འབྱོར་པས་བསམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་པས་བདག་དང་གཞན་བརྗེ་བའི་སྙིང་རྗེ་ཆེན་པོས་ཕྱིས་གསོ་བར་ནུས་ན་དངོས་སུ་བསྒྲལ་བར་གསུངས་པ་ཡིན་ནོ། །བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་དང་པོའི་འགྲེལ་པའོ།། །།

བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་གཉིས་པ། སྙིང་གར་འཁོར་ལོ་བསྒོམ་པ་ནས་ཚོགས་ཀྱི་འཁོར་ལོའི་བྱ་བ་བསྟན་པ།


DTG008_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གནས་བཤད་ནས། ད་ནི་ཚོགས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་བཤད་པར་བྱ་སྟེ། གསང་བའི་པདྨའི་མཚན་ཉིད་དང༌། །ཞེས་པ་ནི་རྒྱུད་ཀྱི་རིམ་པ་འཁོར་ལོའི་རང་བཞིན་ནོ། །སེམས་


DTG008_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་འདྲེས་པ་ཞེས་པ་ནི་སེམས་ཀྱི་རྒྱུད་དང་སྔགས་ཀྱི་རིམ་པའི་རྗེས་ལ་རྒྱལ་བ་བཞིའི་ཡེ་ཤེས་ཀྱི་རིམ་པའོ། །ཡེ་ཤེས་འདྲེས་འགྱུར་བ་ནི། གསང་བའི་རིམ་པས་དེ་ལ་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པའོ། །དེ་ཉིད་མངོན་པར་བྱང་ཆུབ་པའི་རིམ་པ་ཡིན་པས་ན་ཡེ་ཤེས་རྟོགས་པའི་དབང་ཕྱུག་ཉན་པར་འཚལ་བའོ། །དེ་ལྟར་ཞུས་པའི་རྗེས་ལ་བཀའ་སྩལ་པ་ནི། བྱང་ཆུབ་རིམ་པའི་རྡོ་རྗེ་ཅན། །གདན་བཞི་པ་ནི་ཡང་དག་བསྟེན། །ཞེས་གསུངས་ཏེ། བདག་གི་གདན་རྒྱུད་ཀྱི་རིམ་པ་དང༌། གཞན་གྱི་གདན་གཏུམ་མོ་དྲོད་ཀྱི་རང་བཞིན་དང༌། སྦྱོར་བའི་གདན་དགའ་བ་བཞིའི་རིམ་པ་དང༌། གསང་བའི་གདན་སྟོང་པ་ཉིད་ཀྱི་རིམ་པ་དང༌། བྱང་ཆུབ་པའི་རིམ་པ་རྡོ་རྗེ་ཅན་ཞེས་བྱ་བའོ། །དེ་ཡང་གནས་གང་དུ་བསྒོམ་ཞེ་ན། ཡིད་དུ་འོང་བའི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་ནས་ནི། །ཞེས་གསུངས་སོ། །དེའི་བསམ་པ་ཇི་ལྟ་བུ་ཞེ་ན། འདོད་ཆགས་ལ་སོགས་རིགས་སྤངས་ཏེ། །ཞེས་བྱ་བའི་ཚིགས་བཅད་གཅིག་གིས་བཀོད་དོ། །ད་ནི་བསྒོམ་པའི་ཐབས་སྟོན་ཏེ། །སྤྱི་བོ་ནས་ནི་རྐང་མཐར་ཐུག །ཅེས་པ་ལ་སྤྱི་བོ་ནམ་མཁའི་དཀྱིལ་འཁོར་ལའོ། །རྐང་པ་རླུང་གི་དཀྱིལ་འཁོར་རོ། །རྩ་ཡི་གསང་བ་པདྨ་སྟེ། །ཞེས་པ་ནི་སྙིང་ག་ས་དང་ལྟེ་བ་མེའི་དཀྱིལ་འཁོར་རོ། །ཆ་དང་མདོག་ནི་སྣ་ཚོགས་དང༌། །ཞེས་པ་ནི། ཆ་ནི་སྤྱི་གཙུག་གི་འཁོར་ལོ་སུམ་ཅུ་རྩ་གཉིས་དང༌། ལྐོག་མའི་བཅུ་དྲུག་དང་སྙིང་གའི་བརྒྱད་དང༌། ལྟེ་བའི་དྲུག་ཅུ་རྩ་བཞིའོ། །མདོག་ནི་འཁོར་ལོ་བཞི་ལ་ཡི་གེ་དགོད་པའོ། །དེ་བཞིན་དུ་ནི་གདན་དག་སྟེ། །ཞེས་པ་ནི་ཡི་གེ་དགོད་པ་དེ་བཞིན་དུ་འཁོར་ལོ་བཞི་ལ་དགའ་བ་བཞིས་གདན་དུ་བྱས་པའོ། །དེ་ལྟར་ཇི་ལྟར་བྱ་ཞེ་ན། སྐུ་སྤྱི་གཙུག་ཏུ་དགའ་བ་དང༌། གསུང་ལྐོག་མར་མཆོག་དགའ་བ་དང༌། ཐུགས་སྙིང་གར་སྣ་ཚོགས་ཀྱི་དགའ་བ་དང༌། རྡོ་རྗེའི་ལྟེ་བར་ལྷན་ཅིག་སྐྱེས་དགའི་རང་བཞིན་ནོ། །ཆོས་ཀྱི་དབྱིངས་སུ་རོལ་པ་ནི། །ཞེས་པ་ནི། ལྟེ་བ་མེའི་དཀྱིལ་འཁོར་གྲུ་གསུམ་གྱི་དབུས་སུ་བྱང་ཆུབ་སེམས་ཀྱི་རོལ་པའོ། །འཁོར་ལོ་བཞི་དང་ལྡན་པ་དེས་ཅི་ཞིག་བྱེད་ཅེ་ན། བསྡུས་ཏེ་གོང་བུའི་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའི་རང་བཞིན་འགྱུར། །ཞེས་སྨོས་ཏེ།


DTG008_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བཞི་དང་ལྡན་པའི་རྣལ་འབྱོར་པས། བདེ་བའི་ཏིང་ངེ་འཛིན་དང་ལྡན་པར་བྱས་ནས། ཚོགས་ཀྱི་འཁོར་ལོ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱུད་ཀྱི་རིམ་པ་བཤད་ནས། སྔགས་དང་ཡེ་ཤེས་ཀྱི་རིམ་པ་བཤད་པ་ནི། །ཆུ་དང་མེ་ཡི་ཁམས་དག་གིས། །གཅིག་ཏུ་གྱུར་པ་གོ་འཕང་མཆོག །ཅེས་སྨོས་ཏེ། མེའི་ཁམས་གཏུམ་མོ་དྲོད་ཀྱི་རིམ་པས་བསྲེགས་ནས། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དང་འཁོར་ལོ་བཞི་ལ་རོ་གཅིག་པར་གྱུར་པས་ན། བདེ་བའི་གོ་འཕང་མཆོག་ཅེས་བྱའོ། །དེ་ལྟར་གཏུམ་མོ་དྲོད་ཤེས་རབ་དང་བྱང་ཆུབ་ཀྱི་སེམས་ཐབས་ཀྱི་སྦྱོར་བ་ལས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་ནས་དབང་པོ་དྲུག་དང་ཕུང་པོ་ལྔ་དང་འབྱུང་བ་ལྔ་དག་སངས་རྒྱས་ཉིད་དུ་ཡང་དག་པར་མཐོང་བས། བསྟན་བཅོས་ལས་བྱུང་བའི་ལྷ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡང་དག་པར་ཤེས་པ་ཡིན་ནོ། །དེ་ལྟར་སྔགས་དང་ཡེ་ཤེས་ཀྱི་རིམ་པ་ཡང་དག་པར་བཤད་ནས། ད་ནི་གསང་བའི་རིམ་པ་བཤད་པར་བྱ་སྟེ། སློབ་དཔོན་ལུང་གི་རྗེས་འགྲོ་ཞིང༌། །གསང་ཆེན་དེ་ཉིད་དོན་བསྒོམས་པ། །ཞེས་པ་ནི་སློབ་དཔོན་གྱིས་ཉམས་སུ་མྱོང་བའི་མངོན་སུམ་གྱི་ལམ་བསྟན་ནས་སེམས་ཀྱི་སྟོང་པ་ཉིད་བསྒོམ་པ་ནི་གསང་ཆེན་དེ་ཉིད་ཀྱི་དོན་བསྒོམ་པའོ། །གཅིག་ནས་གཅིག་བརྒྱུད་དེ་ཉིད་ཅན། །ཞེས་པ་ནི་ཉམས་སུ་མྱོང་བའི་བླ་མའི་བརྒྱུད་པས་སོ། །སྟོང་པ་ཉིད་ལ་སོགས་མཚན་ཉིད། །ཅེས་པ་ནི་སྟོང་པ་ཉིད་དང་སོགས་ཀྱིས་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་ཀྱིས་བརྟན་པ་དང་གཡོ་བའི་ཚོགས་ཐམས་ཅད་མཚོན་པར་བྱ་བ་དབང་གི་དུས་ཀྱིས་མཚོན་པར་བྱེད་པས་ན། ཐམས་ཅད་སྔོན་བཞིན་མཚོན་བྱས་ནས། །ཞེས་བྱ་བ་སྨོས་སོ། །འདི་སྐད་སྟོན་པ་ཡིན་ཏེ། སྣོད་དང་བཅུད་ཐམས་ཅད་གཞལ་བྱ་ཡིན་ཞིང་དབང་གི་དུས་སུ་སྐྱེས་པའི་ཤེས་པ་ནི་མངོན་སུམ་ཡིན་ལ། རྣམ་པར་ཐར་པའི་སྒོ་གསུམ་གྱི་རྣམ་པས་ཆོས་ཐམས་ཅད་གཞལ་བྱ་ཡིན་ནོ། །དེས་ནི། དྲི་མ་བཀྲུས་པའི་ལུས་ཀྱིས་ནི། །མངོན་པར་བྱང་ཆུབ་རིམ་པར་འགྲོ། །ཞེས་བྱ་སྟེ། ཡེ་ཤེས་ཀྱི་རིམ་པ་སྟོང་པ་ཉིད་བསྒོམས་པས། མངོན་པར་བྱང་ཆུབ་པ་ལྔ་ཡིས་ལྷ་བསྐྱེད་པ་དང་འདྲ་བར་སྟོང་པའི་བྱང་ཆུབ་དང༌། ཡིག་འབྲུ་བསྡུ་བ་དང་སྐུ་ཡོངས་སུ་རྫོགས་པ་དང༌། ཡིག་འབྲུ་


DTG008_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པ་དང་མཚུངས་པར་འགྲོ་བ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས། ཤིན་ཏུ་རྒྱས་པར་བཤད་པ་ནི། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །ཞེས་སྨོས་ཏེ། ལས་དང་པོ་པ་བསྐྱེད་པའི་རིམ་པ་ལ་མོས་པའི་རྣལ་འབྱོར་པ་ཡིན་ན་བྱང་ཆུབ་པ་ལྔའི་རིམ་པས་ལྷར་བསྐྱེད་ནས་བསྒོམ་པ་འམ། ཡང་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་སྐད་ཅིག་རྣལ་འབྱོར་བསྒོམ་པར་བྱའོ། །ཇི་ལྟ་བུ་བསྒོམ་པར་བྱ་ཞེ་ན། ཟླ་བའི་འོད་ཟེར་འཕྲོ་བ་ཡི། །ཞེས་བྱ་བ་སྨོས་ཏེ། སྐུ་མདོག་དཀར་པོ་ཕྱག་གཉིས་པ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སངས་རྒྱས་ལྔའི་ཅོད་པན་ཅན་ནོ། །ཕྱག་གཉིས་ཕྱག་རྒྱ་ཆེ་བཅིངས་ཏེ། །ཞེས་པ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ་ནས་བཀན་ཏེ་མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་ནས་གུང་མོ་གཉིས་ཀྱི་ཚིགས་བར་མ་སྤྲད་ནས་ཆོས་འབྱུང་གྲུ་གསུམ་ཉིས་རྩེག་ཏུ་གྱུར་པའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེ་བཅིངས་ཏེ། དེ་རང་ཉིད་ཀྱི་ཐུགས་ཀར་འཛིན་པར་མཛད་པའོ། །གཟུགས་མཛེས་ཤིན་ཏུ་རྫོགས་པ་ཡི། །ཞེས་པ་ནི་མཚན་དང་དཔེ་བྱད་དང་ལྡན་པའོ། །ཡེ་ཤེས་པདྨའི་གདན་ལ་བསམ། །ཞེས་པ་ནི་ཡེ་ཤེས་ཀྱི་སྣང་བའི་པདྨའི་གདན་ལ་བསམ་པར་བྱའོ། །ཆུ་ཤིང་མེ་ཏོག་ལྟེ་བ་ནས། །སྙིང་གའི་བར་དུ་འགྲེང་སྟེ་གནས། །ཞེས་པ་ནི་སྙིང་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པའི་སྟེང་དུ་ཡིག་འབྲུ་བརྒྱད་བཀོད་ལ་བསྒོམ་པར་བྱའོ། །སྔར་གྱི་མཚན་ཉིད་ཡོངས་རྫོགས་པ། །ཞེས་པ་ནི་སྔར་རྒྱུད་ཀྱི་རིམ་པ་ལས་བཤད་པའི་པདྨ་འདབ་མ་བརྒྱད་ཕྱིར་བཟློག་ནས་ཁ་གྱེན་དུ་བསྟན་པའི་བར་དུ། བཅོམ་ལྡན་འདས་ཀྱི་ས་བོན་ཡི་གེ་ཨོཾ་དཀར་པོ་དགོད་པར་བྱའོ། །དེ་གྱུར་པ་ལས་བདག་ཉིད་དང་འདྲ་བ་ཞལ་གཅིག་པ་ཕྱག་གཉིས་པ། རྣམ་པར་ཤེས་པ་དང་ཡེ་ཤེས་མཚོན་པར་བྱེད་པ་དྲི་མ་མེད་པའི་སྐུ་བསམ་པར་བྱའོ། །དེ་ཡང་གདན་བཞི་ལས། དབུས་ན་གནས་པ་རྣམ་ཤེས་ཏེ། །ཡེ་ཤེས་རང་བཞིན་གཟུགས་མེད་ཅིང༌། །དྲི་མེད་ཡེ་ཤེས་སྐུར་སྣང་ཡང༌། །དངོས་དང་དངོས་མེད་རྣམ་པར་གྲོལ། །ཞེས་གསུངས་སོ། །ཤར་གྱི་འདབ་མ་ལ་ཡི་གེ་ཨཾ་ལས་མི་བསྐྱོད་པ་དང༌། ལྷོའི་འདབ་མར་ཨུཾ་ལས་


DTG008_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འབྱུང་ལྡན་དང༌། ནུབ་ཀྱི་འདབ་མ་ལ་ཡི་གེ་ཨེཾ་ལས་འོད་དཔག་མེད་དང༌། བྱང་གི་འདབ་མར་ཨོཾ་ལས་དོན་ཡོད་གྲུབ་པ་བསམ་པར་བྱའོ། །ཁ་ཅིག་ན་རེ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཡིག་འབྲུ་བཅུག་ལ་དེ་ཞུ་བ་ལས་སྒོང་སྐྱེས་ཀྱི་རིམ་པས་བསྐྱེད་པར་བྱའོ་ཞེས་ཟེར་རོ། །དབྱངས་ཡིག་ཐོག་མ་སོགས་ས་བོན། །ཞེས་པ་ནི་ཨ་ཨི་ཨུ་ཨེ་ཨོ་སྟེ་ཐབས་ཀྱི་རང་བཞིན་བྱུང་བ་རྣམས་སོ། །ཟླ་ཕྱེད་ཐིག་ལེར་ལྡན་པ་ཞེས་པ་ནི། སྟེང་དུ་ཟླ་བ་ཕྱེད་པའི་ཐིག་ལེ་དང་ལྡན་པའོ། །འོད་དང་ལྡན་པ་རིམ་བཞིན་དགོད། །ཅེས་བྱ་བ་ནི་འོད་ཀྱི་གོང་བུ་ལྔ་དང་ལྡན་པ་སྟེ། སངས་རྒྱས་ལྔའི་ས་བོན་དང་འོད་དང་བཅས་པའི་སྐུར་བསྒོམ་པར་བྱའོ། །མཚམས་སུ་ནི། སྔོན་དུ་བསྟན་པའི་མ་ནིང་དགོད། །ཅེས་པ་ནི་རྀ་རཱྀ་དང་ལྀ་ལཱྀ་བཞི་ཡུམ་བཞིའི་ས་བོན་ཏེ་འོད་ཀྱི་གོང་བུའི་དབུས་སུའོ། །དེ་སྐད་དུ་ཡང་གདན་བཞི་ལས། །རྡུལ་ཕྲན་ཙ་ན་ལྟ་བུའི་གཟུགས། །ཨཱ་ལི་ཀཱ་ལིའི་ས་བོན་ནི། །རྡུལ་ཕྲན་ཞེས་བྱ་དབུས་སུ་སྟེ། །རྣམ་པ་མེད་ཅིང་བརྗོད་དུ་མེད། །ཅེས་གསུངས་སོ། །དེ་ཡི་དབུས་སུ་དེ་ཡི་སེམས། །ཡི་གེ་རུ་ནི་སྦྱར་བར་བྱ། །ཞེས་པ་ནི་སེམས་མཚོན་པར་བྱེད་པའི་ཐབས་བསྐྱེད་རིམ་གྱི་ཡི་གེས་རྫོགས་རིམ་གྱི་བདེ་བའི་ཐབས་མཚོན་པས་ན་དེའི་སེམས་ཡི་གེར་སྦྱར་བར་བྱའོ། །དེ་ལྟར་ལྷ་དགོད་པའི་རྗེས་ལ་ལག་པ་གཡས་པ་དགང་གཟར་གཡོན་བླུགས་གཟར་དུ་བྱས་ནས། རྡོ་རྗེ་མེར་བྱིན་གྱིས་བརླབས་ནས་ཕྱི་དང་ནང་གི་ལྷ་མོས་མཆོད་ནས་དགའ་བ་བཞིའི་ཏིང་ངེ་འཛིན་བསྒོམ་པའམ། དེ་བཞིན་དུ་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ཐམས་ཅད་ལ་དགའ་བ་བཞིའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ལས་དང་པོ་པའི་བསྐྱེད་རིམ་ལ་མོས་ན་རྡོ་རྗེ་གདན་བཞི་དང་མཐུན་པར་མཚོན་བྱེད་ཡིན་ཏེ། བསྙེན་བསྒྲུབ་བཞིས་ལྷར་བསྐྱེད་ལ་འཁོར་ལོ་བཞི་ལ་དཀྱིལ་འཁོར་བཞི་བཀོད་ནས་ཡེ་ཤེས་སེམས་དཔའ་གཞུག་པ་དང་དབང་བསྐུར་བ་དང༌། མཆོད་པ་དང་བསྟོད་པའི་རྗེས་ལ་ཚོགས་ཀྱི་འཁོར་ལོས་མཆོད་པ་བྱས་ལ། རྡོ་རྗེའི་གླུ་བླང་བར་བྱའོ། །ཏེ་ན་ཧཱུཾ་ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ། སྟོན་ཀའི་ཟླ་ལྟར་ཞལ་མཛེས་ཤིང༌། །དུང་ལྟར་དཀར་བའི་སྐུ་འཛིན་པ། །ཏེ་ན་ཧཱུཾ་ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན། །གཉིས་འཁྱུད་སྦྱོར་བ་འཛིན་པའོ། །ཏེ་ན་ཧཱུཾ་ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ།


DTG008_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མའི་ལུས་སུ་ཐིམ་པ་ཡི། །འགྲོ་བ་འཛིན་པ་རྒྱུ་མེད་དངོས། །ཏེ་ན་ཧཱུཾ་ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ། སྲིད་གསུམ་འབར་བའི་སྐུ་ནི་རྗེས་ཆགས་ལྡན། །འོད་ཟེར་སྔོན་པོ་སྟོང་ཕྲག་ཉི་མ་སྟོང་དང་ལྡན། །རྣམ་མང་སྐུ་དང་ཆ་བྱད་རྗེས་ཆགས་སེམས་དཔར་ལྡན། །རྡོ་རྗེ་སེམས་དཔའ་དབང་ཕྱུག་མཆོད་དང་སྔགས་པ་ལྷན་ཅིག་གར་བྱེད་ཤོག །རྣམ་པ་མང་པོ་འདོད་ཆགས་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པ་འདུལ་མཁས་པ། །དེ་བཞིན་གཤེགས་པ་སྒྱུ་མ་བདེ་མཆོག་སྒྱུ་མས་རྣམ་པར་སྤྲུལ། ཏེ་ན་ཧཱུཾ་ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ། རྣམ་པ་མང་པོ་རབ་ཏུ་དགའ་བའི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པ་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མས་ཐམས་ཅད་རྣམ་སྤྲུལ་རྣམ་པར་སྤྲུལ། །ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བའི་གླུ་བླང་བར་བྱའོ། །མཉམ་སྦྱོར་ལས་ཀྱང༌། དབྱིབས་དང་དྲི་དང་རོ་བདེ་བས། །རྡོ་རྗེ་སེམས་དཔའ་བདག་ཉིད་མཆོག །ལྷ་ཡི་གཟུགས་དང་སྒྲ་དང་དྲི། །རོ་དང་རེག་པ་བདེ་མྱོང་བས། །སངས་རྒྱས་སྒྱུ་མར་བྱིན་བརླབས་ནས། །རྡོ་རྗེ་སེམས་དཔའ་མཉམ་སྦྱོར་བས། །དངོས་གྲུབ་དང་ནི་བདེ་བ་རྣམས། །དཀྱིལ་འཁོར་དག་ཏུ་མྱོང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཚོགས་ཀྱི་འཁོར་ལོའི་ལྷ་བཤད་ནས། ད་ནི་ཚོགས་ཀྱི་འཁོར་ལོ་ལ་སེམས་འཛིན་པའི་ཏིང་ངེ་འཛིན་ཡི་གེ་དང༌། ཐིག་ལེ་དང༌། ཆགས་ལམ་དང༌། གྲོལ་ལམ་དང༌། རང་ལྷག་པར་གནས་པའི་ལམ་བཤད་པར་བྱའོ། །དེ་ལ་ཡི་གེ་ནི། སྟོང་པའི་མཚན་ཉིད་མེད་པ་ལས། །ཇི་ལྟར་ཡི་གེ་སྦྱར་བར་བགྱི། །ཞེས་ཞུས་པའི་ལན་བཤད་པ་ནི། སྟོང་པའི་མཚན་ཉིད་མཚོན་པ་ནི། །ཆུ་ཤིང་སྙི་མའི་བདུད་རྩི་བཞིན། །ཞེས་པ་ནི་སེམས་ཀྱིས་སྟོང་པ་ཉིད་མཚོན་པར་བྱེད་པ་ལྷའི་ཡིག་འབྲུ་ཀུན་དུ་བརྟགས་པ་ཡིན་པས། །དཔེར་ན་ཆུ་ཤིང་སྙིང་པོ་མེད་ཀྱང་འབྲས་བུའི་རོ་མངར་བར་འབྱུང་བ་བཞིན་དུ་ཡི་གེའི་སྙིང་པོ་མེད་པ་ལས་བདེ་བ་སྟོང་པ་སྙིང་པོར་འགྱུར་བ་མཚོན་པ་ཡིན་ནོ། །ཚོགས་ཀྱི་འཁོར་ལོའི་བདེ་བ་སྐྱེས་ནས་སྟོང་པ་ཉིད་བསྒོམས་པས་ཆོག་མོད་ཡི་གེ་བསྒོམ་པ་ཅི་དགོས་ཤེ་ན། བདེན་ཏེ་སྤྱོད་པ་དང༌། བྱ་བའི་རྒྱུད་བཅོས་མའི་དཀྱིལ་འཁོར་ལ་མངོན་པར་ཞེན་པའི་རྣལ་འབྱོར་པ་རྣམས་རྒྱུད་འདིར་འཇུག་པ་ནི་ཡི་གེ་ལ་མངོན་པར་ཞེན་པས་དེའི་དོན་བཤད་དོ། །ཡན་


DTG008_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ལག་མེད་པའི་རྡོ་རྗེ་ནི་བདེ་བ་སྟོང་པ་ཉིད་དྲན་པ་སད་པར་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །དབུས་ཀྱི་རྣམ་ཤེས་ཡེ་ཤེས་དེ། །ཞེས་པ་ནི་ལུས་ཀྱི་དབུས་ན་རྣམ་ཤེས་དེ་དགའ་བ་གསུམ་དང་ཡེ་ཤེས་བདེ་བ་ཆེན་པོ་རྟོག་པ་མེད་པ་གནས་པའི་འོད་གསལ་བའི་རང་བཞིན་ཡེ་ཤེས་ནི་ཡི་གེའི་གཟུགས་སུ་མེད་ཅིང་མཚོན་བྱ་དང་མཚོན་བྱེད་དང་བྲལ་བས། མཚན་ཉིད་མེད་པའི་མཚན་ཉིད་ཅན་དྲི་མ་མེད་པའི་ཡེ་ཤེས་སྐུའོ། །དེ་ཡང་ཆོས་དང༌། གང་ཟག་གི་བདག་གིས་སྟོང་པས་དངོས་པོ་ལས་འགྲོ་ཞིང་ཉམས་སུ་མྱོང་བ་སྒྱུ་མ་ལྟར་གནས་པས་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའོ། །ཡི་གེ་ལྔའི་གཟུགས་སུ་མེད་ཀྱང་ཉམས་སུ་མྱོང་བ་དང་སྟོང་པའི་དབུས་ནས་བདེ་བ་རྟོག་པ་མེད་པར་གནས་པ་དེ་ཉིད་ལ་རྣལ་འབྱོར་པས་སེམས་གཟུང་བར་བྱའོ། །མཉམ་པ་ཉིད་ཀྱི་སེམས་ཀྱིས་ནི། །མཚན་ཉིད་ཇི་བཞིན་ཤེས་བྱས་ནས། །ཞེས་པ་ནི། ཀརྨ་མུ་དྲ་ལ་སོགས་པ་གང་ཡང་རུང་བ་དང་མཉམ་པར་སྦྱོར་བས། མཚན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ནས་ཉམས་སུ་མྱོང་བའི་རྗེས་ལ། དེ་རྫོགས་པའི་བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་བླ་མ་ཉིད་ཀྱི་ལུང་ལས་ཤེས་པར་བྱའོ། །རྫོགས་པའི་བྱང་ཆུབ་ཀྱི་ལམ་དུ་ཇི་ལྟར་འགྲོ་ཞེ་ན་རྣམ་པར་རྟོག་པས་ཀུན་ནས་བསླང་བས་སེམས་ཀྱིས་དགེ་བ་དང་མི་དགེ་བའི་ལས། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་བསྐྱེད་པ་དང༌། བདེ་བ་རྟོག་མེད་ཀྱིས་ཀུན་ནས་བསླང་བས་བསམ་གཏན་དང་གཟུགས་མེད་པ་སྲིད་པའི་རྩེ་མོའི་བར་དུ་འགྲོའི་མི་གཡོ་བའི་ལས་བསྐྱེད་པ་དང༌། བདེ་བ་ཆེན་པོར་རྟོགས་ནས་འོད་གསལ་བའི་རང་བཞིན་ཉིད་དུ་ཤེས་ནས། དེ་ནི་མྱུར་དུ་བྱང་ཆུབ་ཀྱི་ལམ་དུ་རྫོགས་པར་འགྱུར་རོ། །དེ་ལྟར་རྒྱུད་ཀྱི་རིམ་པ་ལྷའི་འཁོར་ལོ་དང༌། སྔགས་ཀྱི་རིམ་པ་ཡི་གེའི་འཁོར་ལོ་བསྟན་ནས་ཐིག་ལེ་ཡེ་ཤེས་ཀྱི་རིམ་པ་བསྒོམ་པ་བཤད་པར་བྱ་སྟེ། ཡེ་ཤེས་རྣམ་ཤེས་གཟུགས་དག་ནི། །བསྟན་བཅོས་ལས་ནི་མཚན་ཉིད་བརྟག །དེ་ཁོ་ན་ཉིད་དཔའ་བོས་བཤད། །ཅེས་པ་ནི་རྣམ་ཤེས་དགའ་བ་གསུམ་དང༌། ཡེ་ཤེས་འོད་གསལ་བའི་རང་བཞིན་ཐིག་ལེའི་གཟུགས་སུ་བཤད་པའི་བསྟན་བཅོས་ཀྱིས་མཚོན་པར་བྱེད་པ་དཔའ་བོ་བཅོམ་ལྡན་འདས་ཀྱིས་བཤད་དོ་ཞེས་པ་ནི་


DTG008_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པའི་ཚིག་གོ །འོད་ཟེར་དཀར་པོས་རྣམ་བརྒྱན་པར། །འདི་ནི་ཀུན་དུ་བསྒོམ་པར་བྱ། །ཞེས་པ་ནི་གནས་ལྔར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བསྒོམ་པར་བྱའོ། །དེ་ཡང་ཡི་གེ་གང་གིས་མཚོན་པར་བྱ་ཞེ་ན་དབུས་སུ་བྱང་ཆུབ་ཀྱི་སེམས་མཚོན་པར་བྱེད་པའི་ཡི་གེ་ཀྵུཾ་དང་བཤད་པའི་དངས་མའི་མཚོན་བྱེད་སྨྲཾ་དང༌། གཅི་བའི་དངས་མ་མཚོན་པར་བྱེད་པའི་ཡི་གེ་ཧཱུཾ་དང༌། ཤའི་དངས་མའི་མཚོན་བྱེད་ཡྨྲྱུཾ། ཁྲག་གི་དངས་མའི་མཚོན་བྱེད་ཀྵྨྲྱུཾ་དང༌། བརྩེགས་པ་ལྔའི་མཆོད་རྟེན་སྙིང་གར་བཅུག་སྟེ་བཀོད་ནས་འོད་ཟེར་དཀར་པོ་གསལ་བའི་མདངས་ཅན་དུ་བསམ་པར་བྱའོ། །དེའི་རྗེས་ལ་མགོ་བོ་དང༌། མགྲིན་པ་དང༌། ཕྲག་པ་དང༌། སྙིང་ག་དང་ལྟེ་བར་ཡང་ཡི་གེ་དེ་རྣམས་དགོད་པར་བྱའོ། །བདུད་རྩིའི་རྒྱུན་ནི་འཛག་པར་བྱ། །སྙིང་གའི་པདྨའི་དབུས་སུ་ནི། །མཐེ་བོང་ཙམ་གྱིས་ཟླུམ་པོར་བྱ། །ཞེས་པ་ནི་སངས་རྒྱས་དཀོན་མཆོག་གི་མཚན་མ་ཡུངས་ཀར་གྱི་ཚད་ཙམ་བསམ་པར་བྱའོ། །དེ་ལྟར་རྩ་དང་ཐིག་ལེའི་གནས་ལུགས་སངས་རྒྱས་དཀོན་མཆོག་བཤད་ནས། ཆོས་དཀོན་མཆོག་ནི་དེའི་དབུས་ཀྱི་ས་བོན་ནི། ཨཱ་ལི་ཀཱ་ལི་དག་ལས་བཏུ། །ཞེས་པ་ནི་སྔར་བཤད་པའི་བརྩེགས་པའི་མཆོད་རྟེན་ལྔ་བསམ་པའམ། ཡང་ན་དབུས་སུ་ཧཱུཾ། ཕྱོགས་བཞིར་ཨི་དང་ཨུ་དང་ཨེ་དང་ཨོ་དེ་རྣམས་ཁ་དོག་དཀར་ཞིང་འོད་ཟེར་འབར་བ་གཏུམ་མོ་དྲོད་ནི་མཚོན་བྱེད་བསྒོམ་པར་བྱའོ། །དེ་ནས་དགེ་འདུན་དཀོན་མཆོག་ནི་གཏུམ་མོ་དྲོད་ཀྱི་ཐིག་ལེ་བཞུ་ནས་དེའི་དབུས་ཀྱི་སྒོ་རྣམས་ལ་བདུད་རྩི་ལྔ་རོ་གཅིག་པའི་ཐིག་ལེ་རབ་ཏུ་བསམ་པར་གྲགས་པ་ཡིན་ནོ། །གནས་གང་དུ་ཞེ་ན། སྐྲ་ཡི་རྩེ་མོ་བརྒྱད་སྟོང་ཆ། །རྡུལ་ཕྲན་ཀུན་དུ་རྣམ་པར་གནས། །ཞེས་བྱ་བ་སྨོས་ཏེ། སྐྲའི་རྩེ་མོ་ལྟར་ཕྲ་བ་ཨ་ཝ་དྷཱུ་ཏཱིའི་དབུས་སུའོ། །དེར་ཅི་ཞིག་མཚོན་པར་བྱ་ཞེ་ན་རྣམ་པར་ཤེས་པའི་དངོས་པོའོ། །མཚན་ཉིད་མཚོན་པའི་ཡེ་ཤེས་ཅན། །སེམས་ཀྱི་མཚན་ཉིད་མི་ཤེས་པས། །ཐིག་ལེ་གནས་ནས་གོ་འཕང་བལྟ། །ཞེས་སྨོས་ཏེ། བདེ་བ་རྟོག་མེད་རྟོགས་པར་དཀའ་བ་བདུད་རྩི་རྣམ་པ་ལྔ་རོ་གཅིག་པའི་ཐིག་ལེ་དེ་ཁོ་ན་ཉིད་ཀྱི་མན་ངག་ཐབས་ཀྱི་ཐིག་ལེས་བདག་


DTG008_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྐྱེན་བྱས་ནས། ནང་གི་ལུས་རེག་བྱ་ལ་བརྟེན་ནས་བདེ་བ་རྟོག་པ་མེད་པ་སྐྱེ་སྟེ། དེ་བས་ན་མཚོན་པར་བྱེད་ཅེས་བྱའོ། །ཐིག་ལེ་བསྒོམ་པ་ལ་བྱེ་བྲག་དུ་ཡོད་ཅེ་ན། སྙིང་དང་ཚངས་པའི་སྒོ་དང་ནི། །ཐིགས་པའི་ལམ་གྱི་སྒོ་དག་ཏུ། །ཞེས་བྱ་བ་སྨོས་ཏེ། སྙིང་ག་ཆོས་ཀྱི་འཁོར་ལོ་སྟེ། དེའི་དབུས་སུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་བསྒོམ་པ་དང༌། ཐིགས་པའི་ལམ་ནི་སྤྱི་གཙུག་ནས་འབབ་པའི་ལམ་ནི་ལྐོག་མ་དང་སྙིང་ག་ནས་བབས་པའི་ལམ་གྱི་སྒོ་ནི་ལྟེ་བའོ། །གནས་དེ་དག་ཏུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་མི་ཤིགས་པའི་རླངས་པ་ཅན་གྱི། ཝ་སནྟ་དང་ཏི་ལ་ཀ་བསྒོམ་པར་བྱའོ། །རྗེས་སུ་དཔག་པའི་ལམ་གྱིས་ཅིའི་ཕྱིར་མི་རྟོགས་ཤེ་ན། ཕྱི་རོལ་གྱི་ནི་ལམ་དག་དང༌། །བསྟན་བཅོས་ལས་ཀྱང་རིང་བ་ཡིན། །ཞེས་སྨོས་སོ། །མདོ་སྡེ་ཟབ་མོ་གཞན་དག་ལས་ཀྱང་སེམས་ཀྱི་སྟོང་ཉིད་བསྟན་པ་མ་ཡིན་ནམ་ཞེ་ན། བསྟན་བཅོས་དག་ནི་རྙེད་སླ་སྟེ། །དེ་ཡི་སྦྱོར་བ་རྙེད་པར་དཀའ། །ཞེས་སྨོས་ཏེ། བསྟན་བཅོས་ལས་བཤད་པ་ཡིན་ཡང་བླ་མའི་གདམས་ངག་དང་བྲལ་བས་མངོན་སུམ་དུ་མྱོང་བ་མ་ཡིན་ནོ། །དེ་ལྟར་ཐིག་ལེ་བསྒོམ་པ་བཤད་ནས། །ཆགས་པའི་ལམ་གྱི་གསང་བའི་རིམ་པ་བསྒོམ་པ་བཤད་པ་ནི་བླ་མའི་བསྙེན་བཀུར་ལ་གུས་པའི་ཐབས་དང་ལྡན་པའི་སྒྲུབ་པ་པོས། ལས་ཀྱི་ཕྱག་རྒྱ་ལ་དམིགས་ནས། །མི་གཡོ་འཚེ་བ་མེད་པ་རུ་སྟེ་མི་གཡོ་བ་ནི་རྟོག་པ་མེད་པའོ། །འཚེ་བ་མེད་པ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །མཉམ་པར་བཞག་སྟེ་དངོས་པོ་བསྒོམ། །ཞེས་པ་ནི་ཡུལ་རེག་བྱའི་སྟོང་པ་ཉིད་བསྒོམས་པས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་འགྱུར་རོ། །དེ་ལྟར་ཆགས་པའི་ལམ་བསྟན་ནས། གྲོལ་བའི་ལམ་བས་ཆོས་ཀྱི་ཕྱག་རྒྱ་ལ་གསང་བའི་རིམ་པ་བསྟན་པ་ནི། ཆོས་ཀྱི་སྔོན་འགྲོ་ཡིད་ཡིན་ཏེ། །ཡིད་ཀྱིས་འཇུག་ཅིང་ཡིད་འདག་བྱེད། །ཅེས་བྱ་བ་སྨོས་ཏེ། ཆོས་ནི་འདོད་པའི་ཡོན་ཏན་ལྔ་ཡིད་ཀྱི་མངོན་སུམ་གྱི་ཡུལ་ཡིན་པས་ན་ཆོས་སོ། །དེ་ཡང་ཡིད་བདེ་བ་བསྐྱེད་པའི་ཡུལ་ནི་ཆོས་ཀྱི་ཕྱག་རྒྱ་ཡིན་པས། ཡིད་ཀྱིས་འཇུག་ཅིང་རྟོག་པ་དང་བཅས་པའི་ཡིད་ནི་འདག་པར་བྱེད་པ་ཡིན་ནོ། །ཡིད་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས། །ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ཚེ། ཡིད་ཀྱི་


DTG008_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དང་འདྲ་བས་ཀུན་ནས་བསླང་ནས་ངག་གི་སྨྲ་བ་དང་ལུས་ཀྱི་བྱེད་པ་འབྱུང་བས་དེ་བས་ན་ཐམས་ཅད་ཡིད་ཀྱི་རང་བཞིན་ལས་བྱུང་བར་བློ་དང་ལྡན་པས་ཤེས་པར་བྱའོ། །ཡིད་ཐམས་ཅད་བསྐྱེད་པ་རྟོག་པ་དང་བཅས་པ་ཡིན་ན། ཇི་ལྟར་རྟོག་པ་མེད་པའི་ཡེ་ཤེས་སྐྱེ་ཞེ་ན། གལ་ཏེ་བཟླས་བརྗོད་རྣལ་འབྱོར་པ། །སྙིང་གིས་བསམ་དང་བསྒོམ་པ་སྟེ། །སྡོམ་དང་རྒྱུར་གྱུར་ས་བོན་ནི། །དེ་ཁོ་ན་ནི་གཟུགས་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། བཟླས་བརྗོད་ཅེས་པ་ནི་རླུང་མེའི་དྲོད་ཅན་ནོ། །དེ་ཁོ་ནར་ནི་གཟུགས་ཡིན་ནོ་ཞེས་པ་ནི་བདེ་བ་བསྐྱེད་ཀྱང་སྟོང་པ་མི་རྟོག་པའོ། །ཡིད་འོང་འབྲས་བུའི་ས་བོན་ནི། །དེ་ཁོ་ན་ཉིད་མཐོང་བ་ཡིན། །ཞེས་པ་ནི་རྒྱུ་སྔགས་ཀྱི་རིམ་པ་དང་འབྲས་བུ་ཡེ་ཤེས་ཀྱི་རིམ་པ་ནི་དེ་ཁོ་ན་ཉིད་ཀྱི་གསང་བའི་རིམ་པ་སློབ་དཔོན་གྱིས་མ་བསྟན་པར་རྟོགས་པ་མ་ཡིན་ནོ། །གཟུགས་སོགས་སྲིད་པའི་ལོངས་སྤྱོད་ལ། །ས་བོན་ལྔ་ནི་དམིགས་པར་བྱ། །ཞེས་པ་ནི་ཡུལ་འདོད་པའི་ཡོན་ཏན་ལྔའི་སྟེང་དུ་ཡི་གེ་ལྔའི་མཆོད་རྟེན་བསམ་པས་ཡུལ་ལྔ་ལ་རྟོག་པ་མེད་པའི་ཐབས་ཡིན་ནོ། །ཀུན་ནས་ཀུན་དུ་འཇུག་པའི་ཚེ། །མགོ་དང་མགོ་མིན་ཡང་དག་གནས། །ཞེས་པ་ནི་ཡུལ་ཀུན་ལ་རྨོངས་པའི་དབང་གིས་གཟུང་བ་དང་འཛིན་པ་འབྱུང་བ་ན། མགོ་ནི་སྤྱི་གཙུག་ནས་མགོ་མིན་གསང་བའི་རྡོ་རྗེའི་མཚམས་ཀྱི་བར་དུ་གནས་པའི་རྩ་ཨ་ཝ་དྷཱུ་ཏཱི་ལྟེ་བའི་བུ་ག་རུ་དབུགས་འབྱུང་འཇུག་ཨ་ཝ་དྷཱུ་ཏཱིར་བཅུག་ནས་གནས་པས་ན། རྟག་ཏུ་རྩ་བར་གཟིར་བར་བྱ། །ཞེས་བྱ་སྟེ། རྩ་གསུམ་གྱི་སུམ་མདོ་ལྟེ་བའི་རྩ་བར་དུས་རྟག་ཏུ་རླུང་བཅུག་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེས་སྒོ་བཅད་བཞིན་དུ་བཀག་ན་རྣམ་ཤེས་དང་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ཡང་ལྷ་མོ་དཔལ་མོའི་ཞལ་ནས་ཡུལ་ལ་མཆོད་རྟེན་བརྩིགས་པ་དང༌། ལུས་ལ་སྒོ་བཅད་པ་ནི་རྟོག་མེད་སྐྱེ་བའི་ཐབས་ཡིན་ཏེ། ཡུལ་རྟོག་མེད་སྐྱེ་བ་ནི་ཡི་གེ་ལྔ་དྲན་པར་བྱེད་ལ་རླུང་ནང་དུ་བཙུག་པས་ནི་རྟོག་པའི་རྐྱེན་མ་ཚང་བར་བྱས་ནས་རྟོག་པ་མེད་པ་སྐྱེ་བ་ཡིན་ནོ། །དོན་དམ་སྙིང་པོའི་ནང་ནས་ཀྱང༌། །ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པ། །གནས་པའི་ཤེས་པའི་ཡུལ་རྣམས་ནི། །མཐོང་བའི་བློ་དེ་རྟོག་མེད་ཡིན། །ཞེས་བཤད་དོ། །


DTG008_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་སྲིད་པའི་ལོངས་སྤྱོད་འདོད་པ་ཡིས། །ངག་གི་ཡི་གེ་སྤངས་ནས་སུ། །ཡིད་ཀྱི་བཟླས་པར་ཡང་དག་ལྡན། །ཞེས་བྱ་བ་སྨོས་ཏེ། རྣམ་པར་རྟོག་པའི་ཡི་གེ་སྤངས་ནས་སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་པ་རྟོག་མེད་ཀྱི་བཟླས་པ་དང་ལྡན་པར་བྱའོ། །རྟག་པར་ཆོས་ཀྱི་དབྱིངས་ཉིད་ནི། །མི་གཡོ་གོ་འཕང་རྒྱུན་དུ་གནས། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ནི་ནམ་མཁའི་རླུང་སྟེ། སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་ནས་རྟོག་པ་མེད་པའི་ཤེས་པ་མི་གཡོ་བའི་དགའ་བ་བདེ་བའི་གོ་འཕང་དུ་གནས་པར་འགྱུར་རོ། །རྟག་ཏུ་ཕྲ་ཞིང་གོས་མེད་པས། །ཞེས་པ་ནི་རང་རིག་པ་རྟོག་པ་མེད་པར་རང་བཞིན་བརྒྱད་ཅུས་མ་གོས་པའི་རྣམ་པར་ཤེས་པ་ཡེ་ཤེས་ལ་ཐིམ་པས་རྣམ་པར་ཤེས་པ་སེམས་འོད་གསལ་བ་དང་ལྷན་ཅིག་པར་གྱུར་པས་ཞི་གནས་དང་ལྷག་མཐོང་གི་རིམ་པ་མཐོང་བར་འགྱུར་རོ། །དེ་ལ་ཆགས་པའི་ལམ་དང་གྲོལ་བའི་ལམ་གཉིས་ཀས། མར་མེ་ལྟ་བུས་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པས་ས་དང་པོ་དང་ས་བརྒྱད་པའི་བར་གྱིས་རྟགས་བརྒྱད་བཤད་པ་ཡིན་ལ། ས་དགུ་པ་དང་ས་བཅུ་པ་ནི་ཟུང་དུ་འཇུག་པའི་རང་བཞིན་ཡིན་པས་རྟགས་དང་དངོས་གཞི་ཁྱད་པར་ཡིན་ནོ། །མི་སློབ་པའི་རང་བཞིན་སྐུ་གསུམ་གྱི་རང་བཞིན་ཉིད་ཡིན་པས་རྟགས་བཤད་མི་དགོས་སོ། །དེ་ལྟར་ཆགས་པའི་ལམ་དང་གྲོལ་བའི་ལམ་གཉིས་བཤད་ནས། རང་ལྷག་པར་གནས་པའི་ལམ་བཤད་པ་ནི་རྡོ་རྗེ་སྙིང་པོ་ལ་བོས་ནས་མཉན་པར་གྱིས་ཞེས་སྐབས་དབྱེ་བ་གསུངས་པ་ཡིན་ནོ། །དེ་ཇི་ལྟར་བསྒོམ་པར་བྱ་ཞེ་ན་ལམ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་གཉིས་ཀྱིས་ཏེ། དེ་ལ་རིལ་པོར་འཛིན་པ་ནི་རྨི་ལམ་དང་སྒྱུ་མ་ལ་སོགས་པའི་སྒོ་ནས་སྟོང་པ་ཉིད་ལ་ཅིག་ཅར་འཇུག་པ་ཡིན་ནོ། །དངོས་པོ་རྣམས་ནི་ཐམས་ཅད་ཀྱི། །རྣམ་དག་དེ་བཞིན་ཉིད་དུ་བརྗོད། །ཅེས་བྱ་སྟེ། སེམས་ཀྱིས་སྟོང་པ་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཟོ་ཆུན་གྱི་འཁོར་ལོ་བཞིན་དུ་ཅིག་ཅར་ཤེས་པར་འགྱུར་རོ། །རྗེས་སུ་འཇུག་པ་ནི། ཕྱིས་ནི་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ལ་ནི་རབ་ཏུ་བརྗོད། །ཅེས་བྱ་སྟེ། ཐམས་ཅད་སྟོང་པར་ཤེས་ནས་རེ་རེ་ནས་བདེ་བ་ཆེན་པོའི་རྒྱས་གདབ་པར་བྱའོ། །དེ་ཡང༌། ཆུ་ནི་དངས་པར་གྱུར་པ་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་


DTG008_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསལ་རང་བཞིན་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །ཞེས་གསུངས་པས། ཐམས་ཅད་འོད་གསལ་བའི་རང་སྣང་བར་ཤེས་པར་བྱས་ནས་གལ་ཏེ་ལྷའི་འཁོར་ལོར་སྣང་བ་བཟུང་ན་ཡང་དངོས་པོ་མེད་པར་བསྒོམ་པར་བྱའོ། །མི་ཤེས་སྒྲིབ་ཕྱོགས་རྣམ་སྦྱངས་ནས། །ལུས་ཅན་ཕུང་པོ་ཁམས་དང་ནི། །སྐྱེ་མཆེད་རང་བཞིན་གྱིས་ནི་དག །རང་རིག་བདག་ཉིད་ཀྱིས་དག་སྟེ། །ཞེས་བྱ་བ་ནི་རིམ་དང་ཅིག་ཅར་གྱིས་འོད་གསལ་བར་རྟོགས་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་དང་རིག་པའི་བདག་ཉིད་དུ་སྣང་བས་གཟུང་འཛིན་དང་བྲལ་བས་དག་པའོ། །དེ་ལྟ་མ་ཡིན་ན། གཞན་དུ་དག་ཅིང་གྲོལ་མི་འགྱུར། །ཞེས་གསུངས་པ་ཡིན་ནོ། །ཡུལ་རྣམས་རྣམ་པར་དག་པའི་ཕྱིར། །རང་རིག་པ་ནི་བདེ་བ་མཆོག །ཅེས་བྱ་བ་ནི་ཐམས་ཅད་རང་རིག་པ་འོད་གསལ་བའི་སྣང་བས་ཡུལ་ཐམས་ཅད་རྒྱས་བཏབ་པ་ཡིན་ནོ། །གཟུགས་སོགས་ཡུལ་ལམ་གཞན་ཡང་རུང༌། །རྣལ་འབྱོར་པ་ལ་གང་ཞིག་སྣང༌། །ཞེས་བྱ་བ་ནི་ཡུལ་སྣོད་དུ་སྣང་བ་དང༌། བཅུད་སེམས་ཅན་དུ་སྣང་བ་སྟེ། །སྣོད་དང་བཅུད་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་གྲུབ་པ་ཡིན་ནོ། །དེ་ལྟར་ན་བསྒོམ་པས་ཅི་ཞིག་བྱ་ཞེ་ན། ཐམས་ཅད་རྣམ་པར་དག་པའི་ཕྱིར། །རྣམ་དག་སངས་རྒྱས་རང་བཞིན་ནོ། །ཞེས་སྨོས་ཏེ། ལྷུན་གྱིས་གྲུབ་པའི་རང་བཞིན་ཤེས་ན་འཁོར་བ་ཡོངས་སུ་ཤེས་པ་དེ་ཉིད་མྱ་ངན་ལས་འདས་པ་ཡིན་ནོ། །དེ་སྐད་དུ་ཡང༌། སེམས་ལ་རྣམ་གནས་རྣལ་འབྱོར་པ། །མྱ་ངན་འདས་པ་མི་སྟོན་ཏེ། །ཞེས་གསུངས་སོ། །དེ་ལྟར་ཐབས་འབྲས་བུ་དང་བཅས་པ་བསྟན་ནས། ད་ནི་རྣམ་པར་དག་པའི་གྲངས་ཞུས་པ་ཡིན་ཏེ། །བཀའ་སྩལ་པ་ནི་གཟུགས་ལ་སོགས་པ་རྣམས་སོ། །ཅིའི་སླད་དུ་ཞེ་ན་གཏན་ཚིགས་ཞུས་པ་དང༌། བཀའ་སྩལ་པ། གློ་བུར་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །འཛིན་པ་ཇི་ལྟར་ལགས་ཞེས་ཞུས་པ་དང༌། འོད་གསལ་བའི་རྣམ་པ་ལ་གཉིས་མེད་ཀྱང༌། མིང་དང་གཟུགས་ལ་སོགས་པ་ཚོགས་དྲུག་གི་ཡུལ་དང༌། ཡུལ་ཅན་གཉིས་སུ་སྣང་བ་ཡིན་ནོ། །དེ་ཉིད་ཉམས་སུ་མྱོང་དུ་ཟིན་ཀྱང༌། བསྟེན་བྱ་འདི་དག་རྣམ་དག་པས། །དུག་


DTG008_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བྱས་ཏེ་བསྟེན་པར་བྱ། །ཞེས་པ་ནི་གཉིས་སུ་འཛིན་པ་ཀུན་དུ་བརྟགས་པ་དང་གཉིས་སུ་སྣང་བ་གཞན་གྱི་དབང་གཉིས་ནུབ་ནས་གཉིས་སུ་མེད་པ་འོད་གསལ་བའི་རྣམ་པ་གྲུབ་པའོ། །དེ་ལྟར་གྲུབ་པ་ཅི་ཞིག་ཏུ་འགྱུར་ཞེ་ན། གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །ཅེས་བྱ་བ་སྨོས་ཏེ། ཕུང་པོ་ལྔ་སངས་རྒྱས་ཀྱི་རང་བཞིན་དང༌། དབང་པོ་རྣམས་སེམས་དཔའི་རང་བཞིན་དང༌། འབྱུང་བ་རྣམས་ལྷ་མོའི་རང་བཞིན་དང༌། སྣོད་བཅུད་ཐམས་ཅད་གནས་གྱུར་ནས་ཡེ་ཤེས་ཀྱི་རྣམ་པར་འགྱུར་རོ། །གང་ལ་ཇི་ལྟར་ཤེས་པར་འགྱུར་ཞེ་ན། །ཕུང་སོགས་ལུས་ཅན་རྣམས་ཀྱི་ལུས། །ལྷ་འདི་དག་གི་བདག་ཉིད་ཡིན། །ཞེས་བྱ་བ་སྨོས་ཏེ། དབང་བཞི་པའི་དོན་རྟོགས་ན་ཐམས་ཅད་བདེ་བ་ཆེན་པོའི་བདག་ཉིད་ཡིན་ནོ། །དེ་ཐབས་གང་གིས་ཡིན་ཞེ་ན། བདེ་དང་སྡུག་བསྔལ་བདག་ཉིད་ལས། །ཞེས་བྱ་བ་སྨོས་སོ། །བདེ་བ་ནི་འགོག་པའི་རང་བཞིན་ནོ། །སྡུག་བསྔལ་ནི་སྡུག་བསྔལ་གྱི་བདེན་པའོ། །ལས་དང་ཉོན་མོངས་ལ་སོགས་སྐྱེ། །ཞེས་པ་ནི་ལས་ནི་འདུ་བྱེད་དང་སྲེད་པའོ། །ཉོན་མོངས་པ་ནི་མ་རིག་པ་དང་སྲེད་ལེན་ནོ། །སྐྱེ་བ་ནི་རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྐྱེ་བ་དང༌། རྒ་ཤི་འོ། །དེ་རྣམས་ཀྱི་རྩ་བ་ནི་སྐྱེད་པར་བྱེད་པ་དངོས་པོ་ལ་མངོན་པར་ཞེན་པའོ། །དེ་འགོག་པ་རང་བཞིན་བརྒྱད་ཅུ་འགགས་པའི་བདེ་བ་རྟོག་མེད་དང༌། བདེ་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལམ་གྱི་བདེ་བའོ། །དེ་ལྟར་ན་རྒྱུ་ཀུན་འབྱུང་དང་ལམ་གཉིས་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་དང་འགོག་པ་འབྱུང་བ་ཡིན་ནོ། །སྐྱེ་དང་འཇིག་པ་ལ་བརྟེན་ནས། །སྲིད་དང་མྱ་ངན་འདས་པའོ། །ཞེས་གསུངས་སོ། །བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།

རིམ་གཉིས་ལྡང་བའི་རྣལ་འབྱོར་བསྟན་པ།

བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་གསུམ་པ། བསྐྱེད་པའི་རིམ་པའི་ལྡང་བའི་རྣལ་འབྱོར་བསྟན་པ།


DTG007_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྣམ་པར་དག་པའི་རབ་ཏུ་བྱེད་པ་བཤད་ནས། ད་ནི་སྤྱོད་པ་བཤད་པར་བྱ་སྟེ། བྱང་ཆུབ་ལ་ནི་གནས་པ་ཡི། །སངས་རྒྱས་སྲས་ལ་ཕན་བྱའི་ཕྱིར། །ཞེས་བྱ་བས་ནི་དགོས་པ་སྟོན་ཏོ། །ལུས་མེད་རྡོ་རྗེ་ཅན་དེ་ཉིད། །ཅེས་བྱ་བ་སྨོས་ཏེ། ཐ་མལ་པའི་རྣམ་པར་རྟོག་པའི་ལུས་བཅོས་ནས། འོད་གསལ་བའི་ལུས་རྟོགས་པས་ན་རྡོ་རྗེ་ཅན་དེ་ཉིད་


DTG008_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག །ཅེས་བྱ་བ་ནི་ཤེས་རབ་ཀྱི་རང་བཞིན་སྟོང་པ་ཉིད་ཇི་ལྟ་བ་བཞིན་རྟོགས་པའོ། །ཆོས་རྣམས་ཀུན་ལས་བྱུང་བ་ནི། །ཞེས་བྱ་ནི་རྒྱུ་བ་དང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ནི་ཐབས་ཏེ། ཐབས་དང་ཤེས་རབ་དེ་ལས་བྱུང་བ་ནི་སྤྱོད་བའོ། །དེ་ནི་མཚན་ཉིད་ཇི་ལྟ་བུ་ཞེ་ན། དེ་ཉིད་སྤྱོད་པ་བླ་ན་མེད། །རྟོག་པ་རྣམས་དང་བྲལ་བ་ཡི། །སྤྱོད་པ་ཞེས་བྱ་བ་སྨོས་ཏེ། དངོས་གཞི་སྒྱུ་མ་ལྟ་བུ་དང་སྟོང་པར་རྟོགས་པ་ལས་རྗེས་ལ་རྟོག་པ་དང་བྲལ་བའི་མཚན་ཉིད་ནི་སྤྱོད་པས་འདོད་པའི་ཡོན་ཏན་ལྔ་ལ་སེམས་ཅན་གྱི་དོན་དུ་ལོངས་སྤྱོད་པས་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་པས་མ་གོས་པ་བཞིན་དུ་འཁོར་བའི་སྐྱོན་གྱིས་མི་གོས་པས་ན་སྤྱོད་པ་བླ་ན་མེད་པའོ། །དེ་ནས་བཤད་པར་བྱ་ཞེས་བྱ་བ་ནི་འཁོར་འདུས་པ་རྣམས་ཀྱིས་མཆོད་པ་དང་བསྟོད་པ་དང་གསོལ་བ་བཏབ་པའི་རྗེས་ཐོགས་ལ། སྤྱོད་པ་ཐུགས་ལ་བཞག་ནས་བཤད་པར་བྱ། །ཞེས་མདོར་བསྟན་གསུངས་པ་ཡིན་ནོ། །དེ་ལྟར་མདོར་བསྟན་བཤད་ནས། རྒྱས་པར་བཤད་པ་ནི། རྒ་ཤི་དབའ་གློང་འཁྱིལ་པ་ཡི། །ཞེས་སྨོས་ཏེ། སྐྱེ་རྒ་ན་འཆིའི་དབའ་གློང་འཁྲུག་པའི་རྒྱ་མཚོའི་རབ་ཏུ་འཇིགས་པ་ལས་སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད་པ་ནི་བསྐྱེད་རྫོགས་ཀྱི་སྤྱོད་པ་ཡིན་ནོ། །དེ་ཇི་ལྟ་བུ་ཞེ་ན། ཉེན་མེད་པ་ནི་འགྲོ་བའི་གྲུ། །ཞེས་བྱ་བ་སྨོས་ཏེ། ཚོང་པ་རྣམས་ཆུ་བོ་ལས་སྒྲོལ་བ་བཞིན་དུ་སྤྱོད་པས་སྒྲོལ་བས་ན་གྲུའོ། །སྐམ་སར་ཕྱིན་པ་ལྟ་བུའི་འབྲས་བུ་ཅི་ཞིག་བྱེད་ཅེ་ན། མྱུར་དུ་དངོས་གྲུབ་བྱེད་པའི་མཆོག །ཅེས་བྱ་བ་སྨོས་ཏེ། འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་གསུམ་གྱིས་སྐམ་སར་ཕྱིན་པར་བྱེད་པའོ། །དེ་ལྟར་རྗེས་སུ་འགྲོ་བ་བསྟན་ནས། ལྡོག་པ་བསྟན་པ་ནི། ཡིད་འོང་ཡོན་ཏན་ཀུན་གྱི་གནས། །ཞེས་བྱ་བ་གཞན་དོན་ཕུན་སུམ་ཚོགས་པའི་རྒྱུ་དང༌། སེམས་ནི་རིན་ཆེན་ལས་བྱུང་བ། །ཞེས་པ་རང་དོན་ཕུན་སུམ་ཚོགས་པའི་རྒྱུད་འདོད་པའི་དོན་རྣམས་རབ་ཏུ་སྒྲུབ་པ་ལ་འདི་མེད་པར་གྱུར་ན་འབྲས་བུ་རྡོ་རྗེ་ཅན་གྱི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བཀྲ་ཤིས་རྒྱུ་དྲི་མ་མེད་པ་ཀུན་ནས་བྱུང་བའི་ཡོན་ཏན་དམ་པའི་ཡན་ལག་ཅན་གྱི་དངོས་གྲུབ་ཀྱི་བདེ་བ་སྐྱེ་བར་མི་འགྱུར་བ་དེ་


DTG008_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་མཚུངས་པ་མེད་པའི་སྤྱོད་པ་འབྲས་བུ་མཆོག་སྟེར་བའི་ཐབས་མཆོག་འདི་ལ་ཐར་པ་འདོད་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་པར་བྱའོ་ཞེས་པ་དགོས་པ་གསུངས་པ་ཡིན་ནོ། །དེ་ལྟར་རྗེས་སུ་འགྲོ་ལྡོག་གི་སྒོ་ནས་སྤྱོད་པ་བསྟན་ནས། འབྲས་བུ་བསྟན་པ་ནི། ལྷ་མིན་དགྲ་ངང་བརྒྱ་བྱིན་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷ་མིན་དགྲ་ནི་གདོང་དྲུག་གོ །བརྒྱ་བྱིན་ནི་དབང་པོའོ། །གྲོང་ཁྱེར་སུམ་དགྲ་ནི་ལྷ་ཆེན་པོའོ། །ཚངས་སོགས་ཞེས་བྱ་བས་ནི་ཁྱབ་འཇུག་ལ་སོགས་པ་བསྡུའོ། །དེ་རྣམས་ཀྱིས་ཞབས་ཀྱི་པདྨོར་མཆོད་པ་ནི་བདེ་བར་གཤེགས་པ་སྟེ་ཡེ་ཤེས་ལྔའི་གོ་འཕང་མཆོག་དང་ལྡན་པའོ། །འབྲས་བུ་དེ་གང་གིས་ཐོབ་ཅེ་ན། སྡིག་བཅོས་སྤྱོད་པ་འདིས་མྱུར་ཐོབ། །ཅེས་བྱ་བ་སྨོས་སོ། །དེ་ལྟར་དགོས་པ་དང་འབྲས་བུ་བསྟན་ནས། །ད་ནི་བཤད་པར་དམ་བཅའ་བ་སྟོན་ཏེ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །བསམ་གྱིས་མི་ཁྱབ་པ་ཡི་གནས། །རྣལ་འབྱོར་པས་ནི་སྒོམ་བྱེད་པ། །ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་བཤད། །ཅེས་བྱ་བ་སྨོས་ཏེ། བསམ་གྱིས་མི་ཁྱབ་པ་ཡི་གནས་ནི་རྟོག་པ་དང་བྲལ་བས་སངས་རྒྱས་བྱང་ཆུབ་སེམས་དཔའི་དག་པས་འཇིག་རྟེན་པའི་ཡེ་ཤེས་ཀྱི་གནས་ནི་གོ་འཕང་ངོ༌། །གནས་དེ་ལ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་བསྒོམ་པ་བརྟན་པ་ཐོབ་པའི་རྟགས་བྱུང་བའི་ཚེ། འབྲས་བུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཟློས་གར་བྱེད་པས་ན་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་སྟེ། ཨ་ཝ་དྷཱུ་ཏཱིའི་ཞེས་བྱ་བ་ནི་ཁམས་གསུམ་པའི་བག་ལ་ཉལ་ནི་ཉེས་པའོ། །ཨ་ཞེས་བྱ་བས་ནི་དགག་པ་སྟོན་པ་སྟེ། ཁམས་གསུམ་པའི་ཉེས་བྲལ་གྱི་སྤྱོད་པའོ། །བཤད་ཅེས་བྱ་བ་ཐུགས་ལ་བཞག་ནས་གསུངས་པའོ། །དེ་ལྟར་དམ་བཅའ་བ་བསྟན་ནས། ད་ནི་བསྐྱེད་པའི་རིམ་པའི་བུམ་པའི་དབང་བསྐུར་བའི་སྤྱོད་པ་དཔའ་བོ་གཅིག་པུ་དང་རྒྱལ་ཚབ་ཀྱི་སྤྱོད་པ་བཤད་པར་བྱ་སྟེ། རྟོག་པ་ཐམས་ཅད་རྣམ་སྤངས་ནས། །ཤིན་ཏུ་གསང་བའི་དམ་ཚིག་སྤྱད། །ཅེས་བྱ་བ་ནི། བསྐྱེད་པའི་རིམ་པ་ལ་མཐོང་བའི་མཚན་མ་དང་རེག་པའི་མཚན་མ་དང་ཐོས་པའི་མཚན་མ་ཐོབ་ནས་སྤྲུལ་པའི་སྐུ་དང་ཐ་མི་དད་པར་ཤེས་ནས་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་སྤངས་ལ། དཔའ་བོ་གཅིག་པུའམ་དཀྱིལ་འཁོར་གྱི་འཁོར་ལོས་རྒྱལ་ཚབ་ལྟ་བུའི་སྤྱོད་


DTG008_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇིག་རྟེན་པ་ལ་ཤིན་ཏུ་གསང་བའི་དམ་ཚིག་ཡིན་ཡང་མཚན་མ་ཐོབ་པའི་དུས་དེའི་ཚེ་མངོན་དུ་བྱའོ། །ཇི་ལྟར་བརྩམ་པར་བྱ་ཞེ་ན། །དེ་ལྟར་བརྩམས་ནས་རྣལ་འབྱོར་པ། །རྒྱུ་མཐུན་འབྲས་བུའི་ཚུལ་དུ་སྟེ། །ཞེས་བྱ་བ་སྨོས་ཏེ། དང་པོར་རྩོམ་ནས་ནི་ལྷ་གང་ལ་མེ་ཏོག་ཕོག་པའོ། །རྒྱུ་མཐུན་པ་ནི་རྣལ་འབྱོར་པའི་སྤྱོད་པ་འབྲས་བུ་སངས་རྒྱས་ཀྱི་ཚུལ་དང་འདྲ་བས་རྒྱུ་འབྲས་བུའི་ཟློས་གར་ཅན་ནོ། །དེ་ནས་བྱིས་པའི་རོལ་པས་རྒྱུ། །ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ལ་དེ་མི་སེམས་པ་ནི་རྟོག་པ་དང་བྲལ་བའོ། །ཐབས་གང་གིས་ཤེ་ན། བསྡུས་ཏེ་བསྒོམས་ལ་ཞེན་པར་བྱ། །ཞེས་བྱ་བ་སྨོས་ཏེ། བསྡུས་པ་ནི་སྣོད་བཅུད་དོ། །བསྒོམས་ལ་ཞེས་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་དགའ་བའི་སེམས་དང་བྲལ་བར་ངེས་པའོ། །དགོས་པ་ཇི་ལྟ་བུའི་ཡིན་ཞེ་ན། སོ་སོའི་སྐྱེ་བོའི་གནས་སྐབས་ན་རྣམ་པར་རྟོག་པ་དང་བཅས་པས་ཉོན་མོངས་པས་ཀུན་ནས་བསླངས་ནས་མི་དགེ་བ་འབྱུང་བའམ་དགེ་བའི་སེམས་ཀུན་ནས་བསླངས་ནས་བསོད་ནམས་ཀྱི་ལས་བྱེད་པ་སྟེ། དེ་གཉིས་ནི་མཐོ་རིས་དང་ངན་སོང་འགྲུབ་པའི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཡིན་ལ། རྣལ་འབྱོར་པས་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་རྗེས་ཀྱི་སྤྱོད་པ་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་ཀྱང་དེའི་སེམས་པའི་རྣམ་པར་རྟོག་པ་མེད་པས་བསམ་གཏན་གྱི་སྡོམ་པ་མི་གཡོ་བའི་ལས་ཡིན་ནོ། །རྫོགས་པའི་རིམ་པ་ལ་ཐོབ་པའི་རྗེས་ཀྱི་སྤྱོད་པ་ནི་བདེ་བ་ཆེན་པོ་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པས་ཟག་པ་མེད་པའི་སྡོམ་པ་ཡེ་ཤེས་ཀྱི་ཚོགས་དག་པ་འཇིག་རྟེན་པའི་ཡེ་ཤེས་དང་མཐུན་པ་དངོས་རྗེས་ཁྱད་པར་མེད་པས་ན་རོ་མཉམ་པའི་སྤྱོད་པ་ཞེས་བྱའོ། །བསྐྱེད་རིམ་གྱི་དཔའ་བོ་གཅིག་པུའི་སྤྱོད་པ་ཇི་ལྟ་བུ་ཞེ་ན། སྐྱེ་བོ་སྣ་ཚོགས་འདུལ་བས་ན། །གཞོན་ནུའི་གཟུགས་སུ་བསྒོམ་པར་བྱ། །ཞེས་པ་ནི་གཞོན་ནུ་ནི་འཇམ་པའི་དབྱངས་ཡིན་ལ། དེས་མཚོན་པའི་ཕྱག་ན་རྡོ་རྗེ་དང༌། སྤྱན་རས་གཟིགས་ལ་སོགས་པ་གདུལ་བྱ་ཇི་ལྟར་མོས་པ་ལྟར་བསྒོམ་པའོ། །དེ་དུས་ནི་གང་གི་ཚེ་ཞེ་ན། ཅི་གསུངས་སྤྱོད་པ་སྣ་ཚོགས་ཀྱིས། །ཞེས་བྱ་བ་སྨོས་ཏེ། སྤྱོད་ལམ་བཞི་ལ་ལྷའི་རྣམ་པར་གནས་པས་སོ། །དངོས་གྲུབ་སྣ་ཚོགས་བླ་མེད་འགྲུབ། །ཅེས་


DTG008_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་འབྲས་བུའོ། །འགྲོ་ཀུན་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་བྱ་བ་ནི་འགྲོ་བའི་སྤྱོད་ལམ་གྱི་ཆེ་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་འགྲོ་བ་རིགས་དྲུག་ལྷའི་རང་བཞིན་དུ་མོས་པ་ནི། ཀུན་དུ་བཟང་པོ་མཚུངས་མེད་པ། །ཞེས་བྱ་སྟེ། འགྲོ་བ་དྲུག་དང་གྲུབ་མཐའ་ཐམས་ཅད་ཇི་ལྟར་མོས་པའི་གཟུགས་སུ་སྟོན་པས་ན་ཀུན་དུ་བཟང་པོ་སྟེ། དེས་དངོས་གྲུབ་མི་འགྲུབ་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དཔའ་བོ་གཅིག་པུ་བསྟན་ནས། རྒྱལ་ཚབ་ཀྱི་སྤྱོད་པ་སྟོན་པ་ནི། དཔལ་ལྡན་སློབ་དཔོན་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་སློབ་དཔོན་གྱི་ཞབས་ལ་ཕྱག་བྱས་ནས་བྱ་བ་བྱས་ཤིང་མཚན་མ་ཐོབ་པའི་བློ་ཅན་གྱིས་ཐམས་ཅད་ཀྱང་དགའ་བ་བཞིའི་རང་བཞིན་དུ་མོས་པའི་གསང་བའི་སྤྱོད་པ་ལ་བརྟེན་པར་བྱའོ། །དོགས་པ་ཀུན་ལས་ཕྱིར་ཕྱོགས་ནས། །དེ་ནས་རང་འདོད་བཞིན་དུ་སྤྱད། །ཅེས་བྱ་བ་ལ། དོགས་པ་ཀུན་གྱིས་འདོད་པའི་ཡོན་ཏན་ལྔ་ལ་གཟུང་བར་མངོན་པར་ཞེན་པའོ། །ཕྱིར་ཕྱོགས་ནས་ཞེས་པ་ནི་གཟུང་འཛིན་ལའོ། །སེམས་པའི་རྣམ་པར་རྟོག་པ་དང་བྲལ་ནས་རང་ཇི་ལྟར་འདོད་པ་བཞིན་དུ་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགའ་རང་བཞིན་དུ་འདོད་པའི་ཡོན་ཏན་ལྔ་ལ་རྟོག་པ་མེད་པའི་སེམས་ཀྱིས་སྤྱོད་པས་གཟུགས་བརྙན་ལ་སོགས་པའི་ཚུལ་དུ་སྤྱོད་པའོ། །དེ་སུ་ཞེ་ན། ཇི་བཞིན་ཡང་དག་དོན་རིག་པ། །འགྲོ་བ་འདོན་པའི་བསམ་པ་ཅན། །ཞེས་བྱ་བ་སྨོས་ཏེ། དངོས་པོ་སྒྱུ་མ་ལྟ་བུར་རིག་ནས་འགྲོ་བ་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། གཟུགས་ལ་སོགས་པ་ལ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་དང་ལྡན་པའི་བློ་ཡིས་སེང་གེ་བཞིན་དུ་ཀུན་དུ་རྒྱུ་སྟེ། རྣམ་པར་རྟོག་པས་བག་ཚ་བ་མེད་དོ་ཞེས་པའི་དོན་ཏོ། །རང་སེམས་བརྟན་བྱས་གནས་མེད་པར། །ཞེས་བྱ་བ་ནི། གཟུངས་འཛིན་གྱི་རྟོག་པ་དང་བྲལ་བས་བརྟན་པར་བྱས་ནས་ཡུལ་ལྔ་ལ་ཆགས་པ་མེད་པས་གནས་མེད་པ་ཞེས་བྱའོ། །ཡང་དག་ལྟ་བས་འཇུག་པར་བྱ། །ཞེས་བྱ་བ་ནི་དངོས་པོ་རྣམས་ལ་གཟུགས་བརྙན་དང་སྒྲ་བརྙན་ལྟ་བུར་འཇུག་པར་བྱའོ། །དེ་ལྟར་བསྐྱེད་པའི་རིམ་པའི་དཔའ་བོ་གཅིག་པ་དང་རྒྱལ་ཚབ་ཀྱི་སྤྱོད་པ་བསྟན་ནས། ད་ནི་རྫོགས་པའི་རིམ་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བཤད་པར་བྱ་སྟེ། ཕུང་པོ་


DTG008_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་མཚན་ཉིད་སོགས། །ཞེས་བྱ་བ་ནི་ཁམས་གསུམ་པའི་རང་བཞིན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་རྨི་ལམ་དང་སྒྱུ་མ་བཞིན་དུ་དངོས་པོ་ཐམས་ཅད་ཤེས་པར་བྱ་བ་ཡིན་ནོ། །སྒྲིབ་པ་ཀུན་ལས་གྲོལ་བ་ནི། །ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་བཞིན་དུ་འདོད་པའི་ཡོན་ཏན་ལྔ་ལ་མ་ཆགས་པའི་སེམས་ཀྱིས་ལོངས་སྤྱད་པས་ན། དབང་ཕྱུག་ལྡན་པར་འཚོ་བར་བྱ། །ཞེས་གསུངས་སོ། །དེ་བཞིན་འཇིག་རྟེན་ཆོས་བརྒྱད་ནི། །ཞེས་བྱ་བ་ནི་རྙེད་པ་དང་མ་རྙེད་པ་དང༌། གྲགས་པ་དང༌། མ་གྲགས་པ་དང༌། བསྟོད་པ་དང༌། སྨད་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་ལས་རིང་དུ་གྱུར་པས་ན་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟ་བས་ན། རྟག་ཏུ་མི་རྟོག་པར་གྱུར་དང༌། །གཉིས་མེད་ངེས་པར་བྱ་བ་ཡི། །ཕ་རོལ་ཕྱིན་དྲུག་སྦྱོར་བས་ནི། །སངས་རྒྱས་དངོས་གྲུབ་ངེས་པར་འགྲུབ། །ཅེས་བྱ་བ་སྨོས་ཏེ། གཟུང་འཛིན་གྱི་རྟོག་པ་དང་བྲལ་བས་དགེ་བ་ཆོས་སྡུད་ཀྱི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ཚད་མེད་པ་བཞི་དང་བསྡུ་བའི་དངོས་པོ་བཞིས་སེམས་ཅན་དོན་བྱེད་ཀྱི་ཐབས་ཀྱིས་སེམས་ཅན་གྱི་དོན་ལ་སྟོབས་དང་ལྡན་ཡང་གདུལ་བྱ་ནི་འདི། འདུལ་བར་བྱེད་པ་ནི་འདི་ཞེས་སེམས་ཅན་གྱི་དངོས་པོར་བརྟག་པར་མི་བྱའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་བཤད་ནས། ད་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བཤད་པར་བྱ་སྟེ། བྱང་ཆུབ་ལ་དམིགས་སེམས་ཀྱིས་ནི། །ཕྱོགས་ལས་རྣམ་རྒྱལ་སྤྱོད་པ་བརྩམ། །ཞེས་བྱ་བ་སྨོས་ཏེ། ཟབ་པ་དང་རྒྱ་ཆེ་བའི་བྱང་ཆུབ་ལ་དམིགས་ནས་ཐབས་དང་ཤེས་རབ་དང་ལྡན་པའི་བདག་ཉིད་ཀྱིས་དབང་ཤེས་རབ་ཡེ་ཤེས་ཇི་ལྟ་བ་བཞིན་ཐོབ་ནས་མངོན་སུམ་གྱི་དོན་རྒྱུན་བསྲིངས་པས། དེ་ཉིད་གོམས་པར་བྱས་པ་དང༌། །ཞེས་བྱ་བ་སྨོས་སོ། །དེ་ལྟར་ན་དོགས་པ་ཀུན་ལ་རྒྱབ་ཀྱིས་ཕྱོགས་ན་ཚེ་འདི་ཉིད་ལ་གྲུབ་པར་འགྱུར་བ་ཡིན་ནོ། །རྟོག་པ་ཀུན་ལས་རྣམ་གྲོལ་བས། །ཞེས་བྱ་བས་ནི་གཟུང་བ་ལ་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་ནས། འཛིན་པ་ལ་མི་བསྐྱོད་པས་རྒྱས་བཏབ་པ་ནི། རྟོག་པ་ཀུན་ལས་གྲོལ་བ་ཡི། །སེམས་


DTG008_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བསམ་པའི་ཁྱད་པར་གྱི། །ཞེས་བྱ་བ་ནི་ཆགས་པའི་ལམ་པ་དང༌། གྲོལ་བའི་ལམ་པ་དང༌། རང་ལྷག་པར་གནས་པའི་རིམ་པས་སྒྱུ་མ་དང་སྨིག་རྒྱུ་དང་ཆུ་ཟླ་ལ་སོགས་པའི་སྦྱོར་བས་སྣོད་དང་བཅུད་ཐམས་ཅད་ལ་ལོངས་སྤྱོད་པ་ཡིན་ནོ། །ཆོས་ཀྱི་དབྱིངས་ལས་བྱུང་བས་ན། །གྲོགས་པོ་མེད་པར་གཅིག་པུར་རྒྱུ། །ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ལ་རྣམ་པར་རྟོག་པས་ཀུན་དུ་བརྟགས་པའི་གཟུགས་ལ་སོགས་པ་དམིགས་པ་དང༌། རྟོག་པ་མེད་པས་གཞན་གྱི་དབང་གིས་གཟུགས་ལ་སོགས་པ་དམིགས་པ་དང་གཉིས་སུ་མེད་པའི་སེམས་ཀྱིས་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་དམིགས་པས་ན་གྲོགས་མེད་གཅིག་པུར་རྒྱུ་བའོ། །དོགས་པ་མེད་པའི་སེམས་ཀྱིས་ནི། །ཞེས་བྱ་བ་ནི་ཆགས་པ་དང་སྡང་བ་དང་རྨོངས་པའི་དོགས་པ་མེད་པའི་སེམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་ལོངས་སྤྱད་པར་བྱའོ། །ཅིའི་ཕྱིར་དོགས་པ་མེད་ཅེ་ན། ཁམས་གསུམ་འདི་དག་མ་ལུས་ལ། །ཐམས་ཅད་དེ་ཡི་ལོངས་སྤྱོད་དོན། །ཞེས་བྱ་བ་ནི་ལུས་ཡུལ་མ་ལུས་པ་ཐམས་ཅད་ལ་ཤེས་པ་དེའི་རྟོག་པ་མེད་པའི་ལོངས་སྤྱད་པའི་དོན་ནི་འདུས་པའི་རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་རང་བཞིན་གཟུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །ཅེས་གསུངས་པས་ན། སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །རྡོ་རྗེ་སེམས་དཔའ་རྣམ་པར་སྤྲུལ། །ཞེས་བྱ་བ་སྨོས་སོ། །རྟག་ཏུ་སྒོམ་དང་ལྡན་པ་ཡིས། །ཞེས་བྱ་བ་ནི་དབང་ཤེས་རབ་ཡེ་ཤེས་ཐོབ་པས། གཟུང་བ་རང་བཞིན་མེད་པར་རྟོགས་ནས་རེག་བྱའི་ཆོས་ཉིད་རྟོགས་པས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་བ་དེའི་ཚེ། ས་བཅུ་གཅིག་པའི་ཡེ་ཤེས་སྐྱེས་པའི་དེ་བཞིན་གཤེགས་པ་ལ་ཡང་མི་འདུད་ན་ལུགས་མ་སོགས་པའི་གཟུགས་བརྙན་ལ་སྨོས་ཀྱང་ཅི་དགོས། དངོས་པོ་འདི་དག་ཀུན་རང་བཞིན། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །ཞེས་སྨོས་ཏེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པ་དེའི་ཕྱིར། འོད་གསལ་བ་དེ་ཉིད་ལྷར་སྣང་བ་དང༌། རྡོ་རྗེ་ཅན་དུ་སྣང་བ་དང༌། དཀྱིལ་འཁོར་དུ་སྣང་བ་དང༌། ཕྱག་རྒྱར་སྣང་བ་དང༌། བསྡུ་བར་སྣང་བ་དང༌། མཆོད་རྟེན་ལ་སོགས་པར་སྣང་བ་དེ་ལ་གཞན་གང་ཅུང་ཟད་བསྟན་པ་ཐམས་ཅད་བཅོམ་ལྡན་འདས་


DTG008_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོ་རྡོ་རྗེ་ཅན་གྱིས་སེམས་ཅན་མོས་པའི་དོན་དུ་གསུངས་པ་ཡིན་ནོ། །གསུངས་པའི་དོན་དེ་དག་ལ་ངེས་པའི་དོན་དང༌། དྲང་བའི་དོན་དུ་ཤེས་པར་བྱ་སྟེ། ཇི་ལྟར་དོན་དམ་པའི་བདུད་རྩི་དོན་དུ་གཉེར་བས་བདེ་བ་རྟོག་པ་མེད་པའི་སྙིང་པོ་བླངས་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་ཚིག་འདོར་བར་བྱའོ། །དེ་བཞིན་ཆོས་ཀྱི་བདུད་རྩི་ནི་རྙེད་ནས་ཞེས་བྱ་བ་ནི་བདེ་བ་སྟོང་བ་ཉིད་རྟོགས་ནས་གཟུང་འཛིན་གྱི་རྟོག་པ་སྦུན་པ་ལྟ་བུ་སྤང་བར་བྱའོ། །རྟོག་པའི་གནས་ནི་ཀུན་བཏང་ནས། །བློ་ལྡན་རེ་ཞིག་མི་རྟོག་གནས། །ཞེས་བྱ་བ་ནི་སྔར་བཤད་པའི་དོན་གྱི་མཇུག་སྡུད་པ་སྟེ། ཐུགས་རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་བའོ། །དེས་གསུངས་པ་དེ་ལ་དངོས་གྲུབ་ཐེ་ཚོམ་མེད་པར་འགྱུར་ཏེ། ཞི་གནས་དང་ལྷག་མཐོང་མངོན་སུམ་གྱིས་མྱོང་བ་བསྒོམ་པའི་ཕྱིར་རོ། །རྟོག་པས་དམྱལ་བར་འགྲོ་འགྱུར་ཞིང༌། །འགྲོ་དྲུག་རྒྱ་མཚོར་འཁོར་བར་འགྱུར། །ཞེས་བྱ་བ་ནི་རྟོག་པའི་ཉེས་དམིགས་སོ། །རྟོག་པ་ལས་ནི་རྣམ་གྲོལ་ན། །དྲི་མེད་ཞི་བའི་གནས་སུ་འགྲོ། །ཞེས་བྱ་བ་ནི་རྟོག་པ་དང་བྲལ་བའི་ཕན་ཡོན་ནོ། །དྲི་མེད་ནི་སྤངས་པ་ཕུན་སུམ་ཚོགས་པའོ། །ཞི་བ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །གནས་ནི་སྐུ་གསུམ་གྱི་གོ་འཕང་ངོ༌། །སྐྱོན་དང་ཡོན་ཏན་ལྡན་པའི་རྒྱུ་མཚན། དེས་ན་རྟོག་པའི་དྲ་བ་བཅད། །ཅེས་བྱ་བ་གསུངས་སོ། །སངས་རྒྱས་རྣམས་ཀྱིས་བསྟེན་པ་དང༌། །ཁྱོད་ཀྱིས་ཀྱང་ནི་རྟག་བསྟེན་པའི། །དམ་ཚིག་གང་ཡིན་དེ་ལ་གནས། །ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བདེ་བ་རྟོག་པ་མེད་པའི་སྦྱོད་པ་བསྟེན་པ་ལྟར། རྗེས་སུ་འཇུག་པའི་རྣལ་འབྱོར་པས་རྟག་ཏུ་བསྟེན་ཞིང་དམ་ཚིག་དེ་ལ་གནས་པར་བྱའོ་ཞེས་གདམས་ངག་གསུངས་པ་ཡིན་ནོ། །མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་ལ་གདམས་ངག་བསྟན་པ་ནི། སྔགས་ཤེས་པས་ནི་དངོས་གྲུབ་ལ། །ཞེས་བྱ་བ་སྨོས་ཏེ། སྔགས་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་མཆོག་གི་དངོས་གྲུབ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞིན་དུ་ཆགས་པར་མི་བྱ་སྟེ། སྒོམ་པ་པོ་དང་འབྲས་བུ་དངོས་གྲུབ་དང་ཐོབ་པའི་ཐབས་བསྐྱེད་


DTG008_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་གཉིས་ལ་བསྐྱེད་ཚུལ་དུ་སྦྱར་བ་ཐམས་ཅད་དུ་ནི་བལྟ་བར་བྱ་ཞེས་བྱ་བར་སྦྱར་བར་བྱའོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་སྦྱོད་པ་བསྟན་ནས། ད་ནི་དབང་བཞི་པ་ཐོབ་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བཤད་པར་བྱ་སྟེ། དང་པོར་བཟའ་བ་རོ་མཉམ་པའི་སྤྱོད་པ་ནི། ཁྱེ་བོད་རྡ་མོ་གླང་ཆེན་སོགས། །ཁྲག་བཏུང་རྟག་ཏུ་ཤ་སྟོན་བྱ། །ཞེས་བྱ་བ་ནས། ཤ་ཡི་གཟུགས་སུ་བརྟག་པར་བྱ། །ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ཏེ་ཡན་ལག་གི་དོན་ནི་གོ་སླའོ། །ད་ནི་མཐའ་གཉིས་དང་བྲལ་བའི་རོ་མཉམ་སྟོན་ཏེ། །སྐྱེ་བོ་གཞན་གྱིས་བཟའ་མིན་གང༌། །ཞེས་བྱ་བ་ནི། བདུད་རྩི་ལྔ་དང་ཤ་ལྔ་འཇིག་རྟེན་པ་རྣམས་ཀྱིས་སྨོད་པའོ། །བསྒྲུབ་པའི་དབང་པོས་བཟའ་བ་དང༌། །ཞེས་བྱ་བ་ནི་ཀུན་རྫོབ་ཏུ་དོན་རང་གི་མཚན་ཉིད་རྟེན་འབྲེལ་ཡིན་པར་མཚུངས་ལ་དེ་དོན་དམ་པར་བཟའ་བ་དང་མི་བཟའ་བ་དང་བྲལ་པས་ན་མཐའ་གཉིས་སུ་མི་རྟོག་པ་དང༌། མ་དང་སྲིད་མོ་ལ་སོགས་པ་རིགས་གཅིག་པར་བགྲོད་པར་བྱ་བ་མ་ཡིན་པ་དང༌། རྒྱལ་རིགས་དང་རྗེའུ་རིགས་ལ་སོགས་པར་བགྲོད་པར་བྱ་བ་དེ་དང་རྣལ་འབྱོར་པ་དེས་རོ་མཉམ་པར་ཤེས་པ་དང༌། བྱ་བ་མ་ཡིན་པ་མི་དགེ་བ་དང༌། བྱ་བ་ནི་དགེ་བ་དང༌། སྡུད་པ་ཡིད་དུ་འོང་བ་དང༌། མི་སྡུད་པ་ཡིད་དུ་མི་འོང་བ་དང༌། བཏུང་བ་ཆང་དང༌། བཏུང་བ་མ་ཡིན་པ་རྡོ་རྗེའི་ཆུ་ལ་སོགས་པ་རྣམས་མཐའ་གཉིས་སུ་སྔགས་པས་བླང་བ་དང༌། དོར་བར་བརྟག་པ་མི་བྱ་སྟེ། བདེ་བ་རྟོག་པ་མེད་པས་རྒྱས་བཏབ་པས་དེར་སྣང་བའི་རང་བཞིན་གྱིས་བསྔགས་པའི་ལུས་དང་ངག་དང་སེམས་མགུ་བར་བྱའོ། །ད་ནི་སྤྱོད་པ་རོ་མཉམ་སྟོན་ཏེ། ཇི་ལྟར་སེམས་གཡེངས་མི་འགྱུར་བ། །དེ་ལྟར་ཆང་ནི་བཏུང་བར་བྱ། །ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ལ་ལུས་དང་སེམས་བདེ་བ་སྐྱེས་པ་ནམ་ཆགས་པའི་སེམས་ཀྱིས་སེམས་ཅན་ལ་བསྔོ་བ་རྡོ་རྗེ་ཆེན་པོའི་རྒྱས་བཏབ་པ་དང༌། དད་པ་དང་དང་བས་དཀོན་མཆོག་གསུམ་ལ་མཆོད་པ་བསོད་ནམས་ཀྱི་ཚོགས་ཀྱིས་རྒྱས་བཏབ་པ་དང་ཉམས་སུ་མྱོང་བར་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པས་ཡེ་ཤེས་ཀྱི་ཚོགས་ཀྱང་གྲུབ་པ་ཡིན་ནོ། །དེ་ལྟར་


DTG008_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་གི་རོ་ལ་རྒྱ་རྣམ་པ་གསུམ་གྱིས་བཏབ་ནས་བཏུང་བར་བྱའོ། །སྨད་པ་ནི་གདོལ་པ་ལ་སོགས་པའོ། །དྲེགས་ཆེན་ནི་དབང་ཐོབ་པའི་རྒྱལ་པོ་ལ་སོགས་པའོ། །རིགས་བཟང་ནི་བྲམ་ཟེ་ལ་སོགས་སོ། །རིགས་ངན་ནི་དམངས་རིགས་སོ། །ནད་པ་ནི་སྡུག་བསྔལ་ཅན་དག་ཉེ་བར་མཚོན་པའོ། །གཞན་མཐོང་ནའང་ཞེས་བྱ་བ་ནི་འགྲོ་བ་རིས་དྲུག་གི་བྱེ་བྲག་ཐ་མལ་པ་མཐོང་ན་ཡང་ཐམས་ཅད་ཀྱང་རང་གི་ལྷའི་དཀྱིལ་འཁོར་གྱི་རྣམ་པ་འམ་རྒྱལ་བ་རིགས་ལྔའི་རང་བཞིན་དུ་བལྟ་བར་བྱའོ། །ད་ནི་གཉེན་པོ་དང་སྤང་བྱ་རོ་མཉམ་པར་སྟོན་ཏེ། གླེགས་བམ་བཀླག་པར་མི་བྱ་སྟེ། །ཞེས་བྱ་བ་ནི། དགེ་བ་ཟག་པ་དང་བཅས་པ་བཅོས་མའི་སེམས་ཀྱིས་གླེགས་བམ་བཀླག་པ་དང༌། མཎྜལ་ལ་སོགས་པ་མི་བྱ་བ་དང༌། བཅོས་མའི་ལུགས་མ་ལ་སོགས་པ་ལ་ཕྱག་མི་བྱ་སྟེ། ཐམས་ཅད་ཀྱང་བདེ་བ་ཆེན་པོ་འོད་གསལ་བའི་སྣང་བར་ཤེས་ན་གླེགས་བམ་བཀླག་པ་དང༌། མཎྜལ་བྱ་བ་དང་སྔགས་བཟླས་པ་ལ་སོགས་བྱས་ཀྱང་ཉེས་པར་མི་འགྱུར་ཏེ། །དེ་སྐད་དུ་ཡང་རིགས་པ་མཆོག་ལས། དེ་ཉིད་རྟོག་པའི་རྣལ་འབྱོར་དང༌། །བཅོམ་མ་ཡི་ནི་བློ་ཅན་ནི། །རྣལ་འབྱོར་མ་ཡི་ཁྱད་པར་གྱིས། །བསོད་ནམས་ཡེ་ཤེས་ཚོགས་སུ་འགྱུར། །ཞེས་གསུངས་སོ། །འོད་གསལ་བའི་བློ་ཅན་དེས། མི་དགེ་བ་བཅུ་རྣམས་ཀྱང་གནང་ངམ་ཞེ་ན། བརྫུན་དུ་ཡང་ནི་སྨྲ་བར་བྱ། །གཞན་གྱི་བུད་མེད་སྐལ་བཟང་བསྟེན། །གདུག་ལ་བྱམས་པར་མི་བྱ་སྟེ། །སངས་རྒྱས་རྣམས་ནི་གསད་པར་བྱ། །ཞེས་བྱ་བ་སྨོས་ཏེ། གཉིས་སུ་ཞེན་པ་ནི་ནུབ། གཉིས་སུ་སྣང་བ་ནི་བྲལ་བ་བཞིན་ཐོབ་པས། གཉིས་སུ་མེད་པའི་འོད་གསལ་བའི་གསེང་བརྟོལ་བ་ན། མི་དགེ་བ་བཅུ་སྤྱད་ཀྱང་ཟག་པ་མེད་པའི་སྡོམ་པར་འགྱུར་བ་ནི། །ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞིན་དང༌། །རང་གིས་དང་གི་ཡེ་ཤེས་ནི། །ལེགས་མཐོང་དེ་ལ་སྡིག་པ་མེད། །ཅེས་བཤད་དོ། །ཟག་པ་མེད་པའི་སྡོམ་པ་འོད་གསལ་བ་ཐོབ་པའི་ཚེ། སུ་ལ་མཆོད་པ་བྱ་ཞེ་ན། ཡེ་ཤེས་ཀུན་སེམས་ཞེས་བྱ་བ་ནི། རྒྱལ་བ་ཀུན་གྱི་སློབ་དཔོན་མཆོད། །ཅེས་བྱ་བ་སྨོས་ཏེ། ཡེ་ཤེས་ཀུན་སེམས་ཞེས་བྱ་བ་ནི། སེམས་ནི་གསེང་བརྟོལ་ནས་


DTG008_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པའི་སློབ་དཔོན་ནོ། །ཅིའི་ཕྱིར་སློབ་དཔོན་མཆོད་ཅེ་ན། དངོས་གྲུབ་སྣ་ཚོགས་སྟེར་བས་ན། །བློ་དང་ལྡན་པས་རྟག་མཆོད་བྱ། །ཞེས་བྱ་བ་སྨོས་སོ། །དེ་ལྟར་སྤྲོས་པ་མེད་པ་རེ་མཉམ་གྱི་སྤྱོད་པ་བཤད་ནས། ད་ནི་དེའི་ཕན་ཡོན་བསྟན་པར་བྱ་སྟེ། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་བསོད་ནམས་པས། །སློབ་དཔོན་བྶྤུའི་ཁུང་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་ལ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་བྱ་བ་སྨོས་སྟེ། །སེམས་རང་རིག་པ་འོད་གསལ་ནི། ཏིང་ངེ་འཛིན་མངོན་སུམ་གྱི་གཞན་དོན་གྱིས་སློབ་མ་ལ་རྟོགས་པར་བྱེད་པ་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བྱིན་གྱིས་རློབ་ཅིང་ཆོས་ཀྱི་སྐུའི་དོན་སྟོན་པས་ན་བ་སྤུའི་ཁུང་བུ་གཅིག་ཀྱང་མཆོག་ཏུ་གྱུར་བ་དེའི་ཕྱིར་སློབ་དཔོན་ལ་མཆོད་པར་བྱའོ། །ཤིན་ཏུ་སྤྲོས་པ་མེད་པ་ཡིན་ན། སློབ་དཔོན་ལ་ཅིའི་ཕྱིར་མཆོད་པ་བྱ་ཞེ་ན། སངས་རྒྱས་འདོད་པའི་དངོས་གྲུབ་སྩོལ་བས་ཞེས་བྱ་བ་སྨོས་ཏེ། རྒྱུ་མཚན་དེས་ན་སློབ་དཔོན་ལ་མི་སྨད་པ་དང༌། རྡོ་རྗེ་སྤུན་ལ་མི་སྨད་པ་དང༌། སློབ་དཔོན་གྱིས་གནང་བ་གུས་པར་བླང་བ་དང༌། ཕ་དང་མ་དང་མེས་པོ་ལ་སོགས་པ་ཐམས་ཅད་ལྟོས་པ་མེད་པར་རྩྭ་བཞིན་དུ་བཏང་ནས། མཆོག་གི་དངོས་གྲུབ་ཀྱི་རྒྱལ་སྲིད་བསྒྲུབ་པར་བྱའོ། །བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།། །།

བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་བཞི་པ། རྫོགས་པའི་རིམ་པའི་ལྡང་བའི་རྣལ་འབྱོར་བསྟན་པ།


DTG008_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་སྤྱོད་པ་རྣམ་པ་བཞི་མདོར་བསྡུས་པའི་ལེའུ་དེ་བཤད་ནས། ད་ནི་དེའི་རྒྱས་པར་བཤད་པ་སྟོན་པས་ན། དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་སྨོས་སོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། འཁོར་གྱིས་ཕྱག་བྱས་པ་དང༌། མཆོད་པ་དང་བསྟོད་པ་བྱས་པའི་རྗེས་ཐོགས་ལའོ། །ཡང་དག་བཤད་བྱ་བ་ནི་མཆོག་ཏུ་གྱུར་པའི་རྣལ་འབྱོར་བའི་དངོས་རྗེས་རོ་མཉམ་པའི་སྤྱོད་པ་བཤད་པར་བྱའོ། །དེ་དུས་ཀྱིས་སྤྱོད་པ་བྱ་ཞེ་ན། སྤྱོད་པ་ཕ་རོལ་སོན་མཚན་ཉིད། །གང་གིས་རིང་གནས་རྡོ་རྗེ་ཡི། །རྣལ་འབྱོར་བས་ཞེས་བྱ་བ་སྨོས་ཏེ། དངོས་གཞི་ལ་བསྐྱེད་རྫོགས་ཀྱི་མཚན་མ་ཐོབ་པ་ནི། སྤྱོད་པའི་ཕ་རོལ་


DTG008_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོན་པའོ། །དེའི་མཚན་ཉིད་ནི་བསྐྱེད་པའི་རིམ་པའི་དུ་བ་དང་སྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་དང༌། རྫོགས་པའི་རིམ་པའི་མར་མེ་དང་སྲིན་བུ་མེ་ཁྱེར་ལ་སོགས་པ་རྟགས་རྣམ་པ་བརྒྱད་རང་གི་རྟོགས་པ་དང༌། བྱང་ཆུབ་སེམས་དཔའ་གཞན་གྱིས་ལུས་ངག་གིས་འགྱུར་བའི་སྒོ་ནས་རྟོགས་པ་ནི་གང་གིས་རིང་གནས་ཉེ་རིང་གི་རྒྱུད་ལས་རིང་བར་གྱུར་པ། གཞན་གྱི་རྒྱུད་ཡིན་ཡང་ལྡང་བ་དང་ཟོ་མདོག་བདེ་བ་ལ་སོགས་པའི་རྟགས་ཀྱིས་རྡོ་རྗེའི་རྣལ་འབྱོར་བར་ཤེས་པར་ཐེ་ཚོམ་མེད་པའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། མཁའ་འགྲོ་མ་སོགས་གཏོར་མ་ཡི། །བཟའ་དང་བཅའ་བ་ཇི་སྙེད་པ། །རྣལ་འབྱོར་བས་ནི་བཟའ་བར་བྱ། །ཞེས་བྱ་བ་སྨོས་ཏེ། མཁའ་འགྲོ་མ་ནི་ལྷའི་རིགས་སོ། །སོགས་ཞེས་བྱ་བ་ནི་དྲི་ཟ་དང་གནོང་སྦྱིན་དང༌། སྲིན་པོ་དང་ལྷ་མ་ཡིན་ལ་སོགས་པའི་གཏོར་མ་དང་མཆོད་པ་བདག་དང་གཞན་མཉམ་པ་ཉིད་དུ་ཤེས་པའི་རྣལ་འབྱོར་པས་བཟའ་བར་བྱའོ། །རོ་ཡི་ཐལ་བས་བསྒོ་བྱ་ཞིང༌། །ཞེས་བྱ་བ་ནི་གདུལ་བྱ་དྲག་པོ་འཇིགས་བྱེད་ཡིན་པས་རོའི་ཐལ་བ་དང་གོས་དང་ཁམ་ཕོར་ལ་སོགས་པ་ལ་སྤྱོད་པ་དང་མཚན་མོ་གསང་སྟེ་རྒྱུ་བར་བྱའོ། །ཅིའི་ཕྱིར་བཟློག་པའི་སྤྱོད་པས་མི་འདུལ་ཞེ་ན། རྗེས་སུ་མཐུན་པ་དབུགས་དབྱུང་གི་ལམ་ཡིན་པའི་ཕྱིར་རོ། །གནས་གང་དུ་ཞེ་ན། རི་བོ་དང་ནི་བཞི་མདོ་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དུས་ནི་གང་གི་ཚེ་ཞེ་ན། མཚན་མོ་མ་མོའི་ཁྱིམ་དང་ནི། །ཞེས་བྱ་བ་སྨོས་ཏེ། གནས་དེ་དག་ཏུ་སྤྱོད་པ་བྱེད་པར་འདོད་པའི་རྣལ་འབྱོར་པས་ཅུང་ཟད་དྲོད་ཐོབ་པའི་དུས་དེའི་ཚེ་སྤྱོད་པ་བྱེད་པར་འདོད་པས་ཞེས་བྱ་བ་སྨོས་པས་ནི་སྤྱོད་པ་བྱེད་པར་མི་འདོད་པ་སྤངས་པ་ཡིན་ཏེ། མཚན་མའི་རྣམ་པར་རྟོག་པ་མེད་པ་བཟད་པོའི་སྟོབས་ཅན་དང༌། སེམས་འོད་གསལ་ལ་མོས་པའི་སེམས་བརྟན་པ་གཉིས་ནི་དྲོད་ཐོབ་པར་གྱུར་ཀྱང་སྤྱོད་པ་བྱེད་པར་མི་འདོད་དེ་གཡེང་བ་ཤས་ཆུང་བའི་ཕྱིར་རོ། །སྨོན་ལམ་གྱི་སྟོབས་ཅན་ཚོགས་བསགས་དགོས་པ་དང༌། ཁྱད་པར་དུ་འགྲོ་བ་དམིགས་པ་དགོས་པ་གཉིས་པ་ནི་དྲོད་ཐོབ་ནས་དངོས་རྗེས་རོ་མཉམ་པའི་ཕྱིར་དང༌། རྗེས་ལ་མཚན་མའི་གཡེང་བ་དགག་པའི་


DTG008_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྤྱོད་པ་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། གལ་ཏེ་བདག་ཉིད་གྲུབ་འདོད་ན། །སླར་ཡང་བྱིས་པའི་སྤྱོད་པ་བྱ། །ཞེས་བྱ་བ་སྨོས་ཏེ། དེས་ན་བྱིས་པའི་རོལ་པས་རྒྱུ་ཞེས་པ་མདོར་བསྟན་པའི་བཤད་པ་ཡིན་ནོ། །འཛིན་པ་མེད་པའི་སེམས་ཀྱིས་ནི། །ཁ་དོག་བཅོས་མའི་རས་རྙིད་བགོ །ཞེས་པ་ནི་བསྡུས་ཏེ་བགོས་ལ་ཞེན་པར་བྱ་ཞེས་པ་མདོར་བསྟན་པའི་བཤད་པ་ཡིན་ནོ། །སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །བློ་དང་ལྡན་པས་རྒྱུ་བར་བྱ། །འཇམ་པའི་རྡོ་རྗེར་བདག་གྱུར་ཏེ། །ཞེས་བྱ་བ་སྨོས་པས། སྐྱེ་བོ་སྣ་ཚོགས་འདུལ་བས་ན། །གཞོན་ནུའི་གཟུགས་སུ་བསྒོམ་པར་བྱ། །ཞེས་མདོར་བསྟན་པའི་རྒྱས་པར་བཤད་པ་ཡིན་ནོ། །དེ་ལྟར་དཔའ་བོ་གཅིག་པུའི་སྤྱོད་པ་བསྟན་ནས། རྒྱལ་ཚབ་ཀྱི་སྤྱོད་པ་ཇི་ལྟར་བྱ་ཞེ་ན། དཀྱིལ་འཁོར་པ་ནི་བརྟག་པར་བྱ། །བ་སྤུ་རྣམས་ཀྱི་བུ་གནས། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །ཞེས་བྱ་བ་ནི། འགྲོ་བ་ཇི་ལྟར་མོས་པ་ལྟར་ཀུན་དུ་བཟང་པོ་དང་མཚུངས་པའི་སྤྱོད་པས། འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལྟར་སྙིང་གའི་ཧཱུཾ་ལས་བ་སྤུའི་ཁུང་བུ་ནས་འོང་སྤྲོས་ནས་ཕྱོགས་བཅུར་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བར་བྱའོ། །དེ་ལྟར་བསྐྱེད་པའི་རིམ་པ་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་བསྟན་ནས། ད་ནི་གསང་བའི་དབང་ཐོབ་པས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བྱ་བ་ནི། རི་ཡི་སུམ་ལ་མ་རྩེ་མོར་ནི། །གནས་ནི་ཤིན་ཏུ་མཉམ་པར་བྱ། །ཞེས་བྱ་བ་ནི་རྙེད་པ་དང་མ་རྙེད་པ་དང་གྲགས་པ་དང་མ་གྲགས་པ་དང༌། བསྟོད་པ་དང་སྨད་པ་དང༌། བདེ་བ་དང་སྡུག་བསྔལ་རྣམས་ཤིན་ཏུ་མཉམ་པར་བྱ་བའོ། །དེ་ཡང་སངས་རྒྱས་མཉམ་སྦྱོར་གྱི་རྗེས་སུ་འབྲངས་ནས། པདྨའི་ཆལ་ནི་ཡིད་འོང་འགྲོ་མ་དུ་ནི། །གནས་དེ་སྒྲུབ་པོས་དངོས་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། པདྨའི་ཚལ་ནི་ལོ་བཅུ་གཉིས་དང་བཅུ་དྲུག་དང་ཉིས་ཤུ་དང་ཉི་ཤུ་རྩ་བཞི་པའོ། །རྫིང་བུ་ཡིད་འོང་ནི་བསྙེན་བསྒྲུབ་བཞིས་སྦྱངས་པ་མ་དང་སྲིང་མོ་ལ་སོགས་པའི་སྔགས་སྐྱེས་སོ། །སྒྲུབ་པོས་དངོས་བསྒོམས་ཞེས་བྱ་བ་ནི་དགའ་བ་བཞིའི་ཏིང་ངེ་འཛིན་བསྒོམས་པས་དེར་འཇིག་རྟེན་གྱི་ཆོས་བརྒྱད་ཟིལ་གྱིས་མནན་ནས་གང་ཞིག་རྙེད་པ་དེ་དག་བཟའ་ཞེས་བྱ་


DTG008_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྨོས་ཏེ། བཟང་ངན་གྱི་རྣམས་པར་རྟོག་པ་སྤོངས་ནས་རོ་ལ་རྟོག་མ་མེད་པའི་སེམས་ཀྱིས་བཟའ་བ་དང་རྫས་ལ་གཏོར་མ་གཏང་བར་བྱའོ། །གུཉྫ་ལ་སོགས་སྣ་ཚོགས་པའི། །ཞེས་བྱ་བ་ལ་སོགས་པ་ནི་འོལ་མ་སེལ་སོགས་པ་ཅི་རྙེད་པའི་ཕྲེང་བའི་རྒྱན་བྱ་ཞིང་མ་རྙེད་པའི་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་ལ་འདོད་པར་མི་བྱའོ། །སྲོག་ཆགས་ཡན་ལག་ལས་བྱུང་བགོ །ཞེས་བྱ་བ་ནི་གླང་པོ་ཆེ་དང་སྟག་གི་པགས་པ་ལ་སོགས་ཅི་རྙེད་པ་བགོ་ཞིང་རས་ཡུག་ཆེན་ཀ་ཤི་ཀའི་གོས་ལ་སོགས་པ་མ་རྙེད་པར་མི་ཚོལ་བའོ། །རྙེད་པ་དང་མ་རྙེད་པ་རོ་མཉམ་པ་ཅི་དགོས་ཤེ་ན། བདེ་དོན་གཉེར་ལ་བདེ་བ་སྦྱིན། །ཞེས་བྱ་བ་སྨོས་ཏེ། བསམ་གཏན་གྱི་སྡོམ་པ་མི་གཡོ་བའི་ལས། བདེ་བ་རྟོག་པ་མེད་པའི་རྣལ་འབྱོར་བ་ལ་ལུས་དང་ཡིད་བདེ་བའི་ཐབས་རོ་མཉམ་པ་སྦྱིན་པར་བྱའོ། །གྲགས་པའི་སྒྲ་ལ་ཁྱད་པར་ཡོད་དམ་ཞེ་ན། ལ་ལར་སཾ་སྐྲྀ་ཏ་ཡང་ནི། །བཟློག་སྟེ་པྲ་ཀྲྀ་ཏ་ཡང་བརྗོད། །ཅེས་བྱ་བ་སྨོས་ཏེ། གྲགས་པ་དང་མ་གྲགས་པ་རོ་མཉམ་པའི་དོན་ཏོ། །སྨྱོན་པའི་བརྟུལ་ཞུགས་སྦྱོར་བ་ཡིས། །བཟའ་དང་བཟའ་མིན་ཇི་སྙེད་བཟའ། །ཞེས་བྱ་བ་ནི་ཇི་ལྟར་སྨྱོན་པ་ནད་ཀྱིས་དབང་པོ་ཉམས་པར་རྟོག་པ་རྣམས་སོ་སོར་བརྟགས་མིན་དུ་སོང་བ་བཞིན་དུ་རྣལ་འབྱོར་པ་རྣམས་སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་པའི་མཐུས་སོ་སོར་བརྟགས་པའི་སྟོབས་ཀྱིས་རྟོག་པ་བཀག་ནས། སྨྱོན་པའི་སྤྱོད་པ་དང་མཐུན་པར་བཟའ་བ་དང་བཟའ་བ་མ་ཡིན་པ་བདུད་རྩི་ལྔ་ལ་སོགས་པ་སྨད་པ་དང༌། ཉ་ཤ་དང་ཟན་དྲོན་ལ་སོགས་པ་བསྟོད་པ་དང་བདེ་བ་དང་སྡུག་བསྔལ་དག་རོ་མཉམ་པར་བྱའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བཤད་ནས། ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བཤད་པ་ནི་གཞན་གྱི་ཡུལ་དུ་གྲུབ་པ་སྟེ་ཞེས་བྱ་བ་སྨོས་ཏེ། གཞན་གྱི་ཡུལ་ནི་གྲོང་དར་ཀུན་དགའ་རབ་ལ་སོགས་པའོ། །བདེ་མཆོག་གི་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རི་སུ་ལ་ཚང་ཚིང་ཞེས་བྱ་བ། །གདོད་ནས་གྲུབ་པའི་དུར་ཁྲོད་དུ། །ཞེས་བྱ་བའི་བར་གྱིས་བདེ་མཆོག་གི་གནས་སུ་འཇིགས་པ་ཐམས་ཅད་སྤངས་པའི་བསམ་པས། རྣལ་འབྱོར་པ་ཤེས་རབ་ཅན་གྱིས་དབང་ཤེས་རབ་ཡེ་


DTG008_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་དོན་བསྒོམས་པས། སྒྲུབ་པ་བོ་དྲོད་ཐོབ་པར་གྱུར་བའི་ཚེ། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བརྩམ་པར་བྱའོ། །ཅིའི་ཕྱིར་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བརྩམ་པར་བྱའོ། །ཅིའི་ཕྱིར་ཕྱོགས་ལས་རྣམ་པར་རྒྱལ་བ་ཞེས་བྱ་ཞེ་ན། སྒྲིབ་པ་ཀུན་ལས་རྣམ་གྲོལ་ཞིང༌། །བསམ་པ་ཐམས་ཅད་རྫོགས་བྱེད་པ། །ཞེས་ཏེ། སྤངས་པ་དང༌། ཆེ་བ་བསྟན་ཏོ། །ཕྱོགས་ལས་རྒྱལ་ཞེས་བྱ་བ་ནི། །ཕྱོགས་བཅུ་དག་ཏུ་གནས་པའི་དངོས། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཞེས་བྱ་བ། བདེ་བ་རྟོགས་པ་མེད་པས་སྤྱོད་ལམ་བཞི་ལ་གཟུང་འཛིན་དང་བྲལ་བས་ན་ཕྱོགས་ཀུན་ལས་རྒྱལ་བ་ཞེས་བྱའོ། །དེ་ལྟར་དེས་པའི་ཚིག་བཤད་ནས། ད་ནི་ཆགས་པའི་ལམ་གྱི་དབང་དུ་བྱས་ནས། དེ་ལྟར་རེ་ཞིག་རྣལ་འབྱོར་པས། །མི་ཤིགས་བར་ནི་བརྟན་བྱས་ནས། །ཞེས་བྱ་བ་སྨོས་ཏེ། མི་ཤིགས་པའི་སྲོག་ཨ་ཝ་དྷཱུ་ཏའི་ར་བཅུག་ནས་བདེ་བ་སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན་དུ་བརྟག་པར་བྱས་ནས་སོ། །ཤིན་ཏུ་གཟུགས་མཛེས་འདོད་ལྡན་མ། །རིག་པའི་ལྷ་མོ་གཟུང་བར་བྱ། །ཞེས་བྱ་བ་ནི་དགེ་བྱེད་དང་དབང་གི་ལྷ་མོའོ། །ལྷ་མོ་དགའ་མ་རོལ་དགའ་མ། །ཞེས་པ་ནི་ལྷན་ཅིག་སྐྱེས་པའོ། །རིན་ཆེན་རྒྱན་སོགས་ཀྱིས་སྤྲས་པ། རིགས་པ་འཛིན་པའི་བུ་མོ་དང༌། །ཞེས་བྱ་བ་ནི་བསྙེན་བསྒྲུབ་སྦྱངས་པའི་སྔགས་ལས་སྐྱེས་པའོ། །ལྷ་དང་གནོད་སྦྱིན་ཡང་ན་ནི། །ཞེས་བྱ་བ་ནི་ལྷ་དང་དྲི་ཟ་ནི་མཁའ་སྤྱོད་དོ། །གནོད་སྦྱིན་དང་སྲིན་པོ་ནི་ས་སྤྱོད་དོ། །ས་འོག་གནས་པའི་ལྷ་མིན་དང༌། །ཀླུ་ཡི་བུ་མོ་དག་དང་ནི། །ཞེས་བྱ་བ་ནི་ས་འོག་ཏུ་སྦྱོད་པ་སྟེ་དེ་ལྟར་ན་གནས་ཉི་ཤུ་རྩ་བཞིར་སྐྱེས་པ་གཟུང་བར་བྱའོ། །རྣལ་འབྱོར་པས་ནི་དེ་དག་ལས། །གང་འདོད་པའི་རིགས་ལྷ་མོ་གཅིག །ཅེས་བྱ་བ་ལ་ལྷན་ཅིག་སྐྱེས་པ་དང་སྔགས་སྐྱེས་དང་ཞིང་སྐྱེས་ལ་གང་འདོད་པ་ཅིག་སྒྲུབ་པའོ། །ལྕགས་ཀྱུ་ཞགས་པའི་སྦྱོར་བ་ཡིས། །ཉེ་བར་བཀུག་སྟེ་བསྡུ་བྱས་ནས། །ཞེས་བྱ་བ་ནི་རླུང་གྱེན་དུ་བཟློག་པའི་སྦྱོར་བ་ནི་ལྕགས་ཀྱུ་ཡིན་ལ། གཡས་གཡོན་གཉིས་ཀྱི་རླུང་འཐེན་པ་ནི་ཞགས་པའོ། །ཉེ་བར་བཀུག་པ་ནི་བྱང་ཆུབ་ཀྱི་སེམས་བཟློག་ནས་འབད་པ་མེད་པར་འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་ཅི་དགོས་པ་སྟེར་བ་དང༌། རྒ་བ་དང་ན་བ་ལས་རྣམ་པར་གྲོལ་བའི་བསམ་གཏན་གྱི་བདེ་བ་དང༌། ཁམས་གསུམ་གྱི་རྟོག་བ་ལས་


DTG008_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་ཆགས་པའི་ལམ་གྱི་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བཤད་ནས། ད་ནི་གྲོལ་བའི་ལམ་གྱི་ཕྱོགས་ལས་རྒྱལ་བ་བཤད་པ་ནི། ལུས་ནི་སྦྱིན་པར་བཏང་ནས་སུ། །ཕྱི་ནས་སྤྱོད་པ་བརྩམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། ལུས་ལ་ཆགས་པ་མེད་པའི་བློ་བསྐྱེད་ནས། །མ་ཆགས་པའི་རྟགས་སུ་དུ་བ་དང༌། སྨིག་རྒྱུ་ལ་སོགས་པ་ཞི་གནས་ཀྱི་རྟགས་ལྔ་དང༌། མར་མེ་ལྟ་བུའི་ལྷག་མཐོང་གི་རྟགས་བརྒྱད་ཐོབ་ནས། དེའི་རྗེས་ལ་སྤྱོད་པ་བརྩམ་པར་བྱ་བ་ཡིན་ནོ། །སྐལ་ལྡན་སྐལ་མེད་ཕྱེ་བས་ན། །དེས་ན་གཏང་བར་བྱང་མི་བྱ། །ཞེས་བྱ་བ་ནི་སྐལ་བ་མེད་ཅིང་དབང་བསྐུར་བ་མ་ཐོབ་པ་ལ་རང་གིས་ཇི་ལྟར་རྫོགས་པའི་རིམ་པ་བསྒོམ་པའི་མན་ངག་མི་སྟོན་ཡང་སྐལ་བ་དང་ལྡན་པ་དབང་ཤེས་རབ་ཡེ་ཤེས་ཐོབ་ནས། རྫོགས་པའི་རིམ་པས་བསྒོམ་པ་ལ་རང་གིས་ཉམས་སུ་མྱོང་བའི་དོན་བསྟན་དགོས་པ་ཡིན་བ་དེས་ན་གཏང་བར་མི་བྱ་ཞེས་བྱ་བ་ཡིན་ནོ། །དེས་ན་སྤྱོད་བ་གཞན་དོན་དུ་ཡང་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །བཟའ་དང་སྟོན་མོ་བྱུང་བ་ཡིས། །གང་ཞིག་རྙེད་པ་བཟའ་བྱ་སྟེ། །ཞེས་བྱ་བ་ནི་བླང་དོར་གྱི་རྣམ་པར་རྟོག་པའི་ཕྱོགས་ལས་རྒྱལ་བའི་རྟོག་པ་མེད་པའི་བཟའ་བར་བྱའོ། །འདོད་དང་མི་འདོད་རྣམ་རྟོག་གིས། །འདི་ལ་ལྷག་པར་ཞེན་མི་བྱ། །ཞེས་བྱ་བ་ནི་བླང་དོར་མེད་པར་འདོད་པའི་ཡོན་ཏན་ལྔ་ལ་སྦྱང་ཅེས་བྱ་བའི་ཐ་ཚིག་གོ །བསླབ་པ་དང་ནི་ཆོ་ག་དང༌། །རོ་ཚ་དག་པས་གྲོལ་བར་བྱ། །ཞེས་བྱ་བ་ནི་བསླབ་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་བའི་བསླབ་པ་སྟེ། རང་གི་ཤེས་རབ་ཡེ་ཤེས་ཀྱི་དང་བང་ཐོབ་ནས་བདེ་བ་སྟོང་བ་ཉིད་མངོན་སུམ་དུ་རྟོགས་པའི་ཚེ་ལས་དང་པོ་པའི་གཉེན་པོ་ཉན་ཐོས་ཀྱི་བསླབ་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དྲང་བའི་དོན་དུ་གསུངས་པ་ལས་རྣམ་པར་གྲོལ་བར་བྱའོ། །ཆོ་ག་ནི་བསྐྱེད་པའི་རིམ་པ་བཅོས་མའི་རྣལ་འབྱོར་བསྒོམ་པ་སྟེ། བདེ་བ་སྟོང་ཉིད་ཀྱི་དོན་རྟོགས་པའི་ཚེ་བཅོས་མ་ལས་གྲོལ་བར་བྱའོ། །དེ་ཡང༌། ཁ་ཅིག་གླང་པོ་རྙེད་གྱུར་ནས། །གླང་པོའི་རྗེས་ནི་ཚོལ་བྱེད་དམ། །ཞེས་བྱ་གསུངས་པ་དང༌། དཔེར་ན་ཕ་རོལ་དོན་གཉེར་འགའ། །གཟིངས་ལ་བརྟེན་ནས་དོན་གཉེར་ཏེ། །


DTG008_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པ་རོལ་ཕྱིན་ནས་འདོར་བར་བྱེད། །ཕྱི་རོལ་བཅོས་མ་དེ་བཞིན་དོ། །ཞེས་གསུངས་སོ། །ངོ་ཚ་དག་ལས་ཞེས་བྱ་བ་ནི་ཁྲུས་དང་གཙང་སྦྲ་ལ་སོགས་པ་འཇིག་རྟེན་ན་བསྟོད་པ་དོར་ན་ངོ་ཚ་བ་ཡིན་ཡང༌། རང་གི་བདེ་བ་སྟོང་བ་ཉིད་རྟོགས་པའི་ཚེ་འཇིག་རྟེན་པའི་ཆོས་བརྒྱད་ལས་གྲོལ་བར་བྱའོ། །སྲིད་པའི་རང་བཞིན་གཤེགས་པ་དང༌། །ཞེས་བྱ་བ་ནི་ཤེས་རབ་ཀྱིས་སྟོང་བར་རྟོགས་པས་སྲིད་པ་ལ་མི་གནས་པའོ། །བརྩེ་ཆེན་སྦྱོར་བས་རྒྱུ་བར་བྱ། །ཞེས་པ་ནི། སྙིང་རྗེས་བུ་གཅིག་པ་ལྟར་སེམས་པས་མྱ་ངན་ལས་འདས་པ་ལ་མི་གནས་པའོ། །རྒྱུ་བ་ནི་སྤྱོད་ལམ་བཞིས་གནས་པའོ། །དེས་ཕྱོགས་ལས་རྣམ་རྒྱལ་བཤད་ན། ད་ནི་དབང་བཞི་པ་ཐོབ་པས་ཤིན་ཏུ་སྤྲོས་པ་མེད་པ་ཟུང་དུ་འཇུག་པའི་སྤྱོད་པ་བཤད་པ་ནི། སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་དང༌། །སྔགས་དང་བསམ་གཏན་རྣམ་པར་སྤང༌། །ཞེས་བྱ་བ་ནི། བདེ་བ་ཆེན་པོས་རྒྱས་བཏབ་ནས་སྒྱུ་མ་དང་སྟོང་བ་རོ་གཅིག་པར་ཤེས་ནས་མི་དགེ་བའི་གཉེན་པོར་དགེ་བ་ཟག་བཅས་ཀྱི་སྦྱིན་སྲེག་རྟོགས་པ་དང་བཅས་པས་བསྐྲད་བ་དང་ཕྱིའི་ཡུལ་ལྔ་དང་ནང་གི་བདུད་རྩི་ལྔ་ལྷ་མོར་བསྐྱེད་པའི་མཆོད་སྦྱིན་དང༌། སྡོམ་པ་གསུམ་ལ་གནས་པའི་དཀའ་ཐུབ་དང༌། ཕྲིན་ལས་བཞིའི་སྔགས་དང༌། དཔའ་བོ་གཅིག་པུ་དང༌། དཀྱིལ་འཁོར་འཁོར་ལོ་བསྒོམ་པའི་བསམ་གཏན་ནི་བཅོས་མ་ཡིན་པས་རྣམ་པར་སྤང་ངོ༌། །དམ་ཚིག་སྡོམ་ལས་རྣམ་པར་གྲོལ། ཤིན་ཏུ་རྣལ་འབྱོར་ལྡན་པས་སྤྱད། །ཅེས་བྱ་བ་ནི་དམ་ཚིག་དང་སྡོམ་པ་ནི་རྣམ་པར་རྟོག་པས་ཀུན་ནས་བསླད་པའི་བསྐྱེད་པའི་རིམ་པའི་བསོད་ནམས་ཀྱི་ལས་ཤིན་ཏུ་རྣལ་འབྱོར་དང་ལྡན་པས་དབང་བཞི་ཐོབ་པས་བདེ་བ་སྟོང་བ་ཉིད་རྟོགས་པའི་ཏིང་ངེ་འཛིན་ནི་ཟག་མེད་ཀྱི་སྡོམ་པ་ཡིན་པས་ཟག་བཅས་ཀྱི་སྡོམ་པ་ལས་གྲོལ་བར་སྤྱད་ཅེས་བྱ་བའི་ཐ་ཚིག་གོ །བརྒྱ་བྱིན་ལྷ་ཡི་གདོན་དག་ནི། །མདུན་ན་དེས་པར་གནས་རྒྱུར་ཀྱང༌། །ཞེས་བྱ་བ་ནི། དབང་བཞི་པའི་གསེང་བརྟོལ་བའི་ཚེ་ན་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་ལས་མ་འདས་པར་རྟོགས་པས་གདོན་ལ་སོགས་པ་གློ་བུར་གྱི་རྣམ་རྟོག་གི་སྣང་བ་ཡིན་པས་ན། མི་འཇིགས་པ་སེང་གེའི་ཚུལ་དུ་རྒྱུ་བར་བྱའོ། །


DTG008_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཞེས་བྱ་བ་ནི་སྤྱོད་པའི་དགོས་པའོ། །སྒྲུབ་པོས་རྟག་ཏུ་སྙིང་རྗེ་དང༌། །རྣལ་འབྱོར་བཏུང་ལ་དགའ་བྱ་ཡིན། །ཞེས་བྱ་བ་ལ། སྙིང་རྗེ་ནི་རྟོགས་པ་དང་བྲལ་བའི་མྱོང་བའོ། །དེ་ལ་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པ་ནི་རྣལ་འབྱོར་བའི་བཏུང་བའོ། །དེ་ཉིད་བདེ་བ་ཆན་པོའི་འོད་གསལ་བ་ཡིན་པས་དེ་ལ་དགའ་བར་བྱའི། །གཟུགས་སྡུ་གུ་དང་སྒྲ་སྙན་པ་དང༌། དྲི་ཞིམ་པ་དང༌། རོ་མདར་བ་དང༌། རེག་བྱ་ཡིད་དུ་འོད་བ་ལ་སོགས་པ་ནི་བཏུང་བ་གཞན་ཏེ། བཏུང་བ་དེ་ལ་སེམས་ཅན་ཆགས་པ་ནི་བཟི་བའོ། །མིན་ཞེས་པ་ནི་དགག་པའི་སྒྲ་སྟེ། ཆགས་པར་མི་བྱ་ཞེས་བྱ་བའི་ཐ་ཚིག་གོ །ཟུང་དུ་འཇུག་པ་དང་པོ་བཤད་ནས། བསྐྱེད་རྫོགས་ཟུང་དུ་འཇུག་པ་བཤད་པ་ནི། དེ་ནས་ལྡན་རྒྱལ་ཚབ་ཀྱིས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཞེས་བྱ་བ་ནི་ཟུང་གི་སྤྱོད་པའི་དགོས་པའོ། །གང་གིས་དངོས་གྲུབ་མཐར་འགྲོ་བ། །བརྟུལ་ཞུགས་སྤྱོད་པ་བཤད་པར་བྱ། །ཞེས་བྱ་བ་ནི་དངོས་གཞི་བདག་རྫོགས་པར་ལོངས་སྤྱོད་པ་འོད་གསལ་བའི་རྣམ་པ་དང་མཐུན་པར་རྗེས་ལ་རོ་མཉམ་པའི་སྤྱོད་པ་བསྒོམས་པས་ན་དངོས་གྲུབ་ཀྱི་མཐར་འགྲོ་བ་ཡིན་པས་སྤྱོད་པ་དེ་བཤད་པར་བྱའོ། །རྣ་བ་གཉིས་ལ་འཁྱིལ་བ་གཟུང༌། །ཞེས་བྱ་ནི་སྣང་བ་མཐའ་ཡས་སོ་སོར་རྟོག་པ་གཟུང་བའོ། །སྤྱི་བོར་འཁོར་བཅང་བ་ནི་མི་བསྐྱོད་པའི་ཆོས་ཀྱི་དབྱིངས་ཀྱི་རྣམ་པའོ། །ལག་པ་གཉིས་ལ་གདུ་བུ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་མེ་ལོང་ལྟ་བུའི་རྣམ་པའོ། །རྐེད་པར་སྐར་རགས་ནི་དཔལ་ཧེ་རུ་ཀའི་རྣམ་པའོ། །རྐང་པའི་གདུ་བུ་ནི་དོན་ཡོད་གྲུབ་བྱ་བ་ནན་ཏན་གྱི་རྣམ་པའོ། །ལག་པའི་རྩ་བའི་དཔུང་རྒྱན་དང་མགྲིན་པའི་ཕྲེང་བ་ནི་རིན་ཆེན་འབྱུང་ལྡན་མཉམ་པ་ཉིད་ཀྱི་རྣམ་པའོ། །རྣམ་པར་རྟོག་པའི་ཡུལ་དུ་ཕྱག་རྒྱ་དྲུག་བསྒོམ་པ་ནི་བསྐྱེད་རིམ་ཀུན་དུ་བརྟགས་པ་ཡིན་ལ། ཟད་པར་ཆུ་བཞིན་དུ་མཚན་མ་ཐོབ་པས་ཕྱག་རྒྱ་དྲུག་སྣང་བ་ནི་གཞན་གྱི་དབང་གི་སྣང་བ་ཡིན་ལ་དབང་བཞི་བས་གསེང་བརྟོལ་ནས་འོད་གསལ་བའི་རྣམ་པའི་ཕྱག་དྲུག་གནང་བ་ནི་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་རྣམ་པའོ། །རྣམ་པ་དང་ཉམས་སུ་མྱོང་བ་གཉིས་མར་མེའི་འོད་བཞིན་དུ་ཟུང་དུ་


DTG008_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པས་ན་གཉིས་སུ་མེད་པའི་སྤྱོད་པའོ། །དེ་ལྟར་ཟུང་འཇུག་རྒྱལ་ཚབ་ལྟ་བུ་བཤད་ནས་དཔའ་བོ་གཅིག་པུ་བཤད་པ་ནི། སྟག་གི་པགས་པ་གོན་ནས་སུ། །མི་འཆི་བཅུ་ཕྱེད་བཟའ་བར་བྱ། །ཞེས་བྱ་བ་སྨོས་ཏེ། སེམས་ཅན་མོས་པའི་དབང་གིས་དྲག་པོ་འཇིགས་བྱེད་གདུལ་བའི་ཕྱིར་སྟག་དང་གླང་པོ་ཆེའི་པགས་པ་གྱོན་པ་དང༌། བཅུ་ཕྱེད་ཀྱི་བདུད་རྩི་བཟའ་བར་བྱའོ། །སྐྱེས་བུས་ཤིན་ཏུ་མཉམ་བཞག་པས། །ཧེ་རུ་ཀ་དཔལ་རྣལ་འབྱོར་གནས། །ཞེས་བྱ་བ་ནི་མངོན་སྤྱོད་ཀྱི་སྐུ་གར་གྱི་ཉམས་དགུ་དང་མཐུན་པའོ། །རྒྱུ་ཞེས་སྡང་གིས་བསླང་བ་མེད་ན། ཅིའི་ཕྱིར་མངོན་སྤྱོད་ཀྱི་གཟུགས་སུ་སྣང་ཞེ་ན། ཁྲོ་བོའི་སྐུར་སྣང་བ་ལ་རྒྱུ་རྣམ་པ་གསུམ་སྟེ་སོ་སོའི་སྐྱེ་བོ་རྟོག་པ་དང་བཅས་པའི་ཚེ་ཆེ་སྡང་གིས་ཀུན་ནས་བསླངས་ནས་ཁྲོ་བོར་སྣང་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དགེ་བ་ཟག་བཅས་ཀྱིས་བསླངས་ནས་ཚར་བཅད་ཅིང་ཕན་གདགས་པའི་ཕྱིར་ཁྲོ་བོར་སྣང་བ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཟག་པ་མེད་པ་ཡིན་ཡང་ཐུགས་རྗེ་ཆེན་པོ་དབང་གིས་ཁྲོ་བོར་སྣང་བའོ། །དབང་བཞི་པ་ཐོབ་པའི་རྣལ་འབྱོར་པ་ནི་སྟོང་ཉིད་ཀྱི་གསེང་བརྟོལ་བས་ཟག་པ་མེད་པའི་བདེ་བ་རྟོགས་པ་ཡིན་ཡང་སྙིང་རྗེས་ཀུན་ནས་བསླང་བས་དཔལ་ཧེ་རུ་ཀའི་རྣལ་འབྱོར་གྱིས་གནས་སོ། །དེ་ལྟར་ན་མི་དགེ་བ་བཅུ་ཡང་གསུམ་ཤེས་པར་བྱ་སྟེ། སོ་སོའི་སྐྱེ་བོའི་ཚེ་ཉོན་མོངས་པ་ཀུན་ནས་བསླང་བའི་མི་དགེ་བ་བཅུ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་དགེ་བ་ཞ་བཅས་སྙིང་རྗེས་ཀུན་ནས་བསླང་བའི་མི་དགེ་བ་བཅུ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བདག་དང་བདག་གིར་འཛིན་པས་ཟག་པ་སྤངས་ཀྱང་སེམས་ཅན་གཞན་གྱི་དོན་དུ་མི་དགེ་བའི་མངོན་སྤྱོད་མཛད་པ་ལྟར་སྣང་ངོ༌། །དང་པོ་ནི་ཐེག་པ་གསུམ་གྱིས་དོར་བར་བྱ་བ་ཡིན་ལ། བར་མ་ནི་ཀུན་ནས་བསླང་བའི་དགེ་བ་བསོད་ནམས་ཀྱི་ཚོགས་ཡིན་ལ། ཐ་མ་ནི་གཞན་དོན་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །དེ་ཡང་སྔགས་ཀྱི་སྤྱོད་པའི་གནས་སྐབས་སུ་མི་ཚངས་པར་སྤྱོད་པ་ནི་ཁྱིམ་པའི་བྱང་ཆུབ་སེམས་དཔའ་ལ་ཤེས་ཀྱི་དབང་བསྐུར་བའི་ཕྱིར་གནང་བ་ཡིན་ལ། སྲོག་གཅོད་པ་ནི་གནང་བའི་སྐབས་མེད་


DTG008_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེས་ཐོབ་ནས་ཟག་པ་མེད་པའི་སྡོམ་པ་སྐྱེས་པའི་ཚེ་སྲོག་གཅོད་པ་ལ་སོགས་པ་ཡང་གཞན་གྱི་དོན་དུ་གནང་བ་ཡིན་ནོ། །བདག་བྱིན་གྱིས་རློབ་པ་ལ་ཡེ་ཤེས་ཞབས་ནི་མི་དགེ་བ་བཅུའི་ནང་ནས་མནར་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་གསུམ་ནི་རང་བཞིན་གྱི་ཁ་ན་མ་ཐོབ་ཡིན་ལ། ལུས་དག་གི་བདུན་ནི་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་གསུམ་ཀས་ཀྱང་ཀུན་ནས་བསློང་བས་བཅས་པའི་ཁ་ན་མཐོ་བ་ཡིན་ལ། སྔགས་ཀྱི་སྤྱོད་པའི་ཚེ་དགེ་བ་ཟག་མེད་ཀྱིས་ཀུན་ནས་བསླང་བའི་ཚེ་བདུན་ཡང་བྱར་རུང་ངོ་ཞེའོ། །དེ་ལྟར་ན་དབང་བཞི་པ་ཐོབ་པའི་རྣལ་འབྱོར་པ་ལ་མངོན་སྤྱོད་ཀྱི་བྱ་བ་རྣམས་ཟག་མེད་ཀྱི་སྡོམ་པར་འགྱུར་བ་ཡིན་ནོ། །དེ་སྐད་དུ། རྣལ་མའི་ལམ་ལ་བརྟེན་ནས་ནི། །ཐམས་ཅད་བྱས་ཀྱང་རྣམ་པར་གྲོ། །ཞེས་གསུངས་སོ། །བཞི་མཛེས་མིག་གི་དཀྱུས་རིང་ཞིང༌། །རང་གིས་དབང་བསྐུར་སྙིང་རྗེར་ལྡན། །རྡོ་རྗེའི་བུ་མོ་འདི་བཟུང་སྟེ། །བརྟུལ་ཞུགས་སྤྱད་ན་སངས་རྒྱས་འགྱུར། །ཞེས་བྱ་བ་ནི་བདེ་ཏིང་ངེ་འཛིན་འཕེལ་བར་བྱ་བའི་ཕྱིར་ཞི་གནས་ཀྱི་རྒྱུ་ཚོགས་པ་བཞིན་མཛེས་མིག་དཀྱུས་རིང་བ་བརྩལ་བ་དང༌། །སྡོམ་པ་གསུམ་ལ་གནས་པའི་ཕྱིར་རང་གིས་དབང་བསྐུར་བ་དང་བདག་ཏུ་མི་འཛིན་པའི་ཕྱིར་སྙིང་རྗེ་དང་ལྡན་པ་དང་རིགས་མཉམ་པར་བྱ་བའི་ཕྱིར་དམངས་རིགས་རྡོ་རྗེ་ལྟ་བུའི་བུ་མོ་གཟུང་བར་བྱའོ། །བརྟུལ་ཞུགས་སྤྱད་ན་ཞེས་བྱ་བ་ནི་དག་བྱེད་ཀྱི་ལྷ་མོ་དེ་བཟུང་ནས་བདེ་བའི་ཏིང་ངེ་འཛིན་བསྐྱེད་པ་ལ་སྟོང་པ་ཉིད་གྱིས་རྒྱས་གང་བ་པའོ། །རྡོ་རྗེའི་རིགས་ནི་མེད་གྱུར་ན། །ཞེས་བྱ་བ་ནི། དུང་ཅན་དང་པདྨ་ཅན་དང་རི་དགས་ཅན་མ་རྙེད་ནའོ། །རང་འདོད། ལྷ་ཡི་རིགས་ཀྱིས་བྱ། །ཞེས་བྱ་བ་ནི། །རིགས་ལང་དང་ནི་རྗེས་མཐུན་པ། །སྐྱེ་གཉིས་དེ་བཞིན་གཤེགས་པར་འདོད། །རིན་ཆེན་རྒྱལ་པོའི་རིགས་ལས་སྐྱེས། །རྗེ་རིགས་དཔག་མེད་རྡོ་རྗེ་སྟེ། །དམངས་ལས་སྐྱེས་པ་ལས་ཀྱི་རིགས། །གདོལ་པ་རྣམ་སྣང་རིགས་ཅན་ནོ། །ཞེས་བྱ་བ་རིམ་པས་བསྒོམ་པ་འམ། དེ་ཡང་རྙེད་ན། ཡང་ན་གཞན་གྱི་རིགས་ཀྱང་རུང༌། །ཞེས་བྱ་སྟེ། ཐ་མལ་པའི་རིགས་བུད་མེད་ངན་སྤྱོད་མ་ཡང་གཟུང་བར་བྱའོ། །གསང་


DTG008_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདུས་པ་ལས་ཀྱང༌། །མི་ངན་དུད་འགྲོ་མོ་ཡང་བསྟེན། །ཞེས་བྱ་བ་ནི་དུད་འགྲོའི་སྒྲ་ནི་ཏི་རྫ་ཞེས་བྱ་བ་འགྲམ་ལ་བྱ་ལ། རྫ་ཀ་ཞེས་བྱ་བ་ཆུ་བོའི་འགྲམ་ལས་རྒལ་བ་ལ་བྱའོ། །དེས་ན་འཁོར་བའི་ཆུ་བོ་ལས་སྒྲོལ་བའི་ཕྱིར། ངན་སྤྱོད་མ་ལ་དུད་འགྲོ་ཞེས་བྱའོ། །དེ་སྐད་ཡང༌། འཁོར་བའི་ཆུ་བོ་ལས་སྒྲོལ་བས། །དུད་འགྲོ་ཞེས་ནི་བཤད་པ་ཡིན། །ཞེས་གསང་བ་སྲ་ཞིང་མཐོ་བ་ལས་གསུངས་སོ། །བྱང་ཆུབ་ས་བོན་བཀོད་པས་ནི། །ལེགས་པར་སྦྱངས་ཏེ་གཟུང་བར་བྱ། །ཞེས་བྱ་བ་ནི། ལུས་ལ་ལྷ་བཀོད་ནས་བསྙེན་བསྒྲུབ་བཞིས་སྦྱངས་པའོ། །རིག་བྱ་ཇི་ལྟ་བ་དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་བསྒྲེ་བ་བསྟན་པ་ནི། །གསང་ཚེ་གླུ་ནི་ལེན་གྱུར་པ། །དེ་ཚེ་རྡོ་རྗེ་ལྡན་པ་མཆོག །ཅེས་བྱ་བས་ནི་རེག་བྱ་བཞིན་དུ་བྱ་བར་བསྟན་རོ། །ཐར་པའི་རྒྱུར་ནི་གར་བྱེད་ན། །དེ་ནས་རྡོ་རྗེ་རྐང་པའི་གར། །ཞེས་བྱ་བ་ལ་བཅངས་ལ་སོགས་པ་ལུས་ཀྱི་རེག་བྱ་གཞན་ལ་ཡང་ཟག་མེད་ཀྱིས་རྒྱས་བཏབ་ན་ཐར་པའི་རྒྱུར་འགྱུར་བའོ། །མཆོག་ཏུ་དགའ་བ་བསྐྱེད་འགྱུར་བ། །རྣལ་འབྱོར་པ་ནི་རྟག་ཏུ་བྱ། །ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལ་བདེ་བ་རྟོག་པ་མེད་པ་བསྐྱེད་ལ། སྟོང་པ་ཉིད་ཀྱིས་རྒྱས་གདབ་པར་རྟག་ཏུ་བྱའོ། །དེ་ལྟར་དཔའ་པོ་གཅིག་པུའི་སྤྱོད་པ་བཤད་ནས། རིགས་ཐུན་མོང་གི་སྤྱོད་པ་རྒྱས་པར་བཤད་པ་ནི། །མི་བསྐྱོད་འཁོར་ལོའི་གཟུགས་ཀྱིས་འགུགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱག་རྒྱ་རིགས་ལྔའི་ཚུལ་གྱིས་བཞུགས་པ་དང༌། ཤེས་རབ་སྟོང་པ་ཉིད་ཁ་ཊྭཱཾ་གའི་ཚུལ་གྱིས་སྣང་བ་དང༌། ཌ་མ་རུ་ཐབས་སྒྱུ་མ་ལྟ་བུའི་རང་བཞིན་ཡིན་པ་དང༌། གཞི་མཉམ་ཉིད་ཀྱི་སྨན་རྟག་ཏུ་བཟའ་བ་དང་གླ་རྩིའི་ཆུ་བཏུང་བ་ནི་རོ་མཉམ་གྱི་སྤྱོད་པས་ཟག་མེད་ཀྱི་སྔོམ་པར་འགྱུར་ལ། རྒྱུ་རྐྱེན་ཚོགས་པ་རྟེན་འབྲེལ་གྱི་རྒྱུ་རྒ་བ་དང་འཆི་བ་ལས་རྒྱལ་བ་དང༌། ནང་ཐམས་ཅད་ལས་བསྲུངས་པས། ཁ་ཤ་ཏྭ་ཏྷྭ་ཞེས་བྱ་བ་དུས་མ་ཡིན་པར་འཆི་བ་ལས་རྒྱལ་བ་དང༌། ལུས་ཟུངས་འཕེལ་བས་ཀ་མ་ཏྭ་ཏྷྭ་ཞེས་བྱའོ། །སའི་དབང་ཕྱུག་གྲུབ་པས་འཇིགས་པ་བརྒྱད་དང་བྲལ་བའོ། །རྐུན་མའི་སྐྲ་ལས་ཅོད་པན་བྱ། །ཞེས་བྱ་བ་ནི་རོའི་སྐྲ་ལས་སོ། །དེར་ནི་ཧཱུཾ་ལས་བྱུང་བ་


DTG008_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། །ཞེས་བྱ་བ་ནི། བྱང་ཆུབ་སེམས་ལས་བྱུང་བའི་དུར་ཁྲོད་ཀྱི་རུས་པ་ལ་རིགས་ལྔའི་འབུར་བརྐོས་པའོ། །ཚད་ནི་ཇི་རྩམ་ཞེ་ན། སོར་ལྔ་པ་ཡི་དུམ་བུ་ལས། །བྱས་པའི་ཅོད་པན་གཟུང་བྱ་སྟེ། །ཞེས་བྱ་བ་སྨོས་སོ། །ཧཱུཾ་ལས་བྱུང་བ་གང་ཡིན་ཞེ་ན། སངས་རྒྱས་ལྔ་ཡི་ཐོད་པ་དག །རྣལ་འབྱོར་སྤྱོད་པས་བཅང་བར་བྱ། །ཞེས་བྱ་བ་སྨོས་སོ། །ཐབས་དང་ཤེས་རབ་རང་བཞིན་ནི། །སྐེར་རགས་གཉིས་སྐོར་བཅིངས་ནས་ནི། །ཞེས་བྱ་བ་མིའི་སྐྲ་དང་རུས་པའི་ཕྲེང་བ་གཉིས་དང་ལྡན་པའོ། །སྐར་ཡི་དག་བྱེད་ཐལ་བ་དག །ཅེས་བྱ་བ་ནི་ལུས་ཐལ་བས་བྱུགས་པའི་སྟེང་དུ་དུར་ཁྲོད་ཀྱི་སྐྲ་ལས་བྱས་པའི་ཚངས་སྐུད་རྣལ་འབྱོར་པས་བཅངས་བར་བྱའོ། །རྡེ་ཆུང་སྒྲ་ནི་བཟླས་པ་སྟེ། །ཞེས་བྱ་བ་ནི་རང་གི་དོན་གྱི་དབང་དུ་བྱས་ན་སྲོག་ཨ་ལྦ་དྷ་ཏིའྲ་འཇུག་པ་ཡིན་ལ། དེ་ཡང་གཞན་གྱི་དོན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་མགྲོན་དུ་བོད། །ཅེས་སྨོས་ཏེ། བདེ་བ་སྟོང་པ་ཉིད་སྒོམས་ཤིག །ཅེས་གཏམས་པའོ། །རྒྱན་དང་བཅད་པའི་ལྷའི་སྐུ་འབའ་ཞིག་ལ་མོས་པ་འམ་ཞེ་ན། ཁ་ཏཾ་ཤེས་རབ་བསྒོམས་པ་སྟེ། །ཞེས་བྱ་བ་སྨོས་ཏེ། སྟོང་པ་ཉིད་ཀྱིས་རྒྱས་བཏབ་པ་ནི་བཟླས་པ་དང༌། བསྒོམ་པས་འཇིག་རྟེན་པའི་ལྷ་ཆེན་པོ་ལ་སོགས་པའི་རུས་པའི་རྒྱན་ཅན་གྱིས་སྤྱོད་པ་ལས། སྟོང་ཉིད་ཀྱིས་རྒྱས་བཏབ་པའི་སྤྱོད་པ་ཁྱད་པར་དུ་གྱུར་པས་ན་རྡོ་རྗེ་ཐེག་པ་ཆན་དུ་གྱུར་ཞེས་བྱའོ། །ཆགས་དང་རྨོངས་དང་འཇིགས་པ་དང༌། །ཁྲོ་དང་ངོ་ཚ་ལ་སོགས་སྤངས། །ཞེས་བྱ་བ་ནི་རྣམ་པར་རྟོགས་པས་སླང་བའི་ཉོན་མོངས་པ་ཅན་གྱི་སེམས་དང་ཉོན་མོངས་པ་མེད་པའི་སེམས་ཀྱང་ཞག་བཅས་ཀྱི་སྡོམ་པ་ཡིན་པས་རེ་བར་བྱའོ། །ཧེ་རུ་ཀར་བསྒོམས་རྣལ་འབྱོར་པས། །རིགས་ལྡ་ཀུན་ལ་སྤྱད་པར་བྱ། །ཞེས་བྱ་བ་ནི་ཤིན་ཏུ་སྤྲོས་མེད་བསྒོམ་པ་རྣལ་འབྱོར་པས་རྒྱལ་རིགས་དང༌། བྲམ་ཞེ་དང་རྗེའུ་དང་དམངས་དང༌། གདོལ་པ་ལ་སོགས་པའི་རིགས་ལྔ་ལ་མཉམ་པ་ཉིད་དུ་སྤྱད་པའོ། །རིགས་ལྔ་དང་ནི་ཡང་དག་ལྡན། །རིགས་གཅིག་ཉིད་དུ་བརྟག་པར་བྱ། །ཞེས་བྱ་བ་ནི་བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས། བདེ་བའི་རང་


DTG008_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རིགས་གཅིག་པ་འམ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྟོང་པ་ཉིད་དུ་རིགས་གཅིག་པའོ། །རིགས་ལྔ་ཐ་དད་པར་མཐོང་བ་ཅིའི་ཕྱིར་གཅིག་ཏུ་འགྱུར་ཞེ་ན། གང་ཕྱིར་བྱེ་བྲག་མི་དམིགས་པས། །དུ་མ་ཉིད་ཀྱང་གཅིག་ཡིན། །ཞེས་བྱ་བ་སྨོས་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་ན་ཀུན་རྫོབ་ཀྱི་དུ་མ་ཉིད་ཀྱང་དོན་དམ་པར་རིགས་གཅིག་ཡིན་ནོ། །གཉིད་ནི་ཀུན་དུ་སྤངས་ནས་སུ། །ཞེས་བ་ནི་ཉོན་མོངས་པ་ཅན་མ་རིག་པའི་གཉིད་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་ཤེས་བྱའི་ཤེས་བྱའི་སྒྲིབ་པའི་གཉིད་དབང་བཞི་པའི་གསེང་བརྟོལ་བའི་སྟོང་ཉིད་རྟོགས་པས་སྤངས་ཏེ། སྤྱོད་པ་བྱས་ན་རོ་མཉམ་པར་གྱུར་པས་ཐེ་ཚོ་མ་མེད་པར་འགྲུབ་པར་འགྱུར་རོ། །བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་བཞི་པའི་འགྲེལ་པའོ།། །།

ཐུན་མིན་གྱི་དངོས་གྲུབ་བསྒྲུབ་པ་བསྟན་པ།

བརྟག་པ་དྲུག་པའི་རབ་ཏུ་བྱེད་པ་དང་པོ། བདེ་མཆོག་གི་གླེང་གཞི་དང་དགའ་བའི་རྡོ་རྗེའི་ལུས་ཀྱི་སྐྱེ་བ་ཤེས་བྱར་བསྟན་པ།


DTG007_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྤྱོད་པ་བཤད་ནས། ད་ནི་རྒྱུད་ཀྱི་གླེང་གཞི་བཤད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་དོར་རང་ལྷག་པར་གནས་པའི་ལམ་བཤད་པ་ནི་གསང་ཆེན་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ལ་ཞུ་བ་ཡིན་ནོ། །བདག་བྱིན་གྱིས་རློབ་པའི་རིམ་པ་ནི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་བདག་བྱིན་གྱིས་བརླབས་པའི་གང་ཞག་འཇམ་དཔལ་ལྟ་བུས་དོན་དམ་པའི་བདེ་བ་རང་ལྷག་པར་གནས་པའི་ལམ་དབང་བཞི་པ་ཐོབ་ནས་ཤེས་བྱ་ཐམས་ཅད་ཇི་ལྟར་སྣང་བའི་རིམ་པ་ལྷ་བཅོམ་ལྡན་འདས་ལ་ཉན་པར་འཚལ་ལོ། །ལན་དུ་བཀའ་སྩལ་པ་ནི། རྡོ་རྗེ་སེམས་དཔའ་བརྩེ་བ་ཆེ། །ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའོ། །རྗེ་གཅིག་ཡིད་ཀྱིས་མཉན་པར་གྱིས། །ཞེས་པ་ནི་བདག་བྱིན་གྱིས་རློབ་པའི་ལམ་ཟབ་པས་ན་རང་བཞིན་བརྒྱད་ཅུ་དང་བྲལ་བའི་རྟོག་པ་མེད་པའི་ཡིད་ཀྱིས་ཤེས་པར་གྱིས་ཤིག་པའོ། །རྒྱུད་རྣམས་ཀུན་གྱི་ངེས་པ་གང༌། །ཞེས་པ་ནི་གླེང་གཞིའི་བརྗོད་བྱའི་དོན་གསང་ཆེན་ཀུན་དུ་ཁ་སྦྱོར་ཞེས་བྱ་བ་དེ་གཏན་ལ་དབབ་པར་བཞེད་པའོ། །མདོར་བསྡུས་ནས་ནི་བཤད་པར་བྱ། །ཞེས་བྱ་བ་ནི་འཁོར་ལོ་བདེ་མཆོག་གི་རྒྱུད་འབུམ་པ་ལས། ཐབས་དང་ཤེས་རབ་ཀྱི་གླེང་གཞི་བཤད་པ་དེ་འདིར་གཏན་ལ་དབབ་པར་བྱའོ་ཞེས་པའི་དོན་ཡིན་ནོ། །དེ་ལྟར་མདོར་བསྡུས་པ་བཤད་ནས་རྒྱས་པར་བཤད་པ་ནི། །དེ་ཡང་གང་ཞེ་ན། ཨེ་ཞེས་བྱ་བར་


DTG008_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གང་གསུངས་པ། །ཞེས་བྱ་བ་ནི། ཡི་གེ་ཨེས་བརྗོད་པར་བྱ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་གློ་བུར་གྱི་རྣམ་པར་རྟོག་པས་བསྒྲིབས་པས་ནི་མི་གསལ་བར་གྱུར་པ་རྟག་ཏུ་སེམས་ཅན་རྣམས་ཀྱི་སེམས་ཀྱི་ཁམས་ནི་དབུགས་འབྱུང་འཇུག་ལ་བརྟེན་ནས་གཟུང་བ་དང་འཛིན་པའི་ཚུལ་གྱིས་འགྲོ་བ་དང་འོད་བར་འགྱུར་བ་ཡིན་ན། ཞག་པ་མེད་པའི་འོད་གསལ་བའི་ཁམས་ཞེས་བྱ་བའི་སྒྲ་འདི་ཅི་ལ་བགྱི་ཞེས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་མཆོག་གིས་དགྱེས་པས་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་དབང་དུ་བྱས་ནས་དཀྱིལ་འཁོར་ལུས་ཀྱི་དབུས་ན་བདེ་བའི་རང་བཞིན་དུ་བཞུགས་པ་དང༌། སྤྱན་རས་གཞིགས་དབང་ཕྱུག་གི་དབང་དུ་བྱས་ནས། དཀྱིལ་འཁོར་བྷ་གཞེས་རླུང་དབུས་སུ་ཆུད་པའི་ཚུལ་གྱིས་བཞུགས་པ་ནི་ཚིགས་སུ་བཅད་པ་ཕྱེད་དག་གི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་དབང་དུ་བྱས་ན། དཀྱིལ་འཁོར་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པའི་དོན་སྟོན་པ་ཡིན་པས། ཡི་གེ་རེ་རེའི་རྗོད་བྱེད་ཀྱི་སེམས་འོད་གསལ་བའི་སྣང་བ་ཁམས་བཅུ་དྲུག་གི་རང་བཞིན་བཤད་པ་ཡིན་ནོ། །ཁམས་བཅུ་དྲུག་ནི་གོ་སླའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྣལ་འབྱོར་པའི་ལུས་ལ་རྣམ་པར་རྟོག་པའི་ཡུལ་དུ་གྱུར་པ་ཀུན་དུ་བརྟགས་པའི་སེམས་ཅན་དུ་སྣང་བ་དང༌། མ་རིག་པ་འཁྲུལ་པའི་བག་ཆགས་ལས་བྱུང་བ་ནི་གཞན་གྱི་དབང་གི་སྣང་བ་རྩ་དང་རླུང་གི་འཁོར་ལོར་སྣང་བ་དང༌། གཉིས་སུ་མེད་པའི་སེམས་འོད་གསལ་གྱི་སྣང་བ་དང༌། ཡོངས་སུ་གྲུབ་པ་དང་རྣམ་པ་གསུམ་དུ་གནས་པ་ཡིན་པས་ཀུན་དུ་བརྟགས་པའི་གཉེན་པོར་བཅོས་མའི་རྣལ་འབྱོར་ལྷའི་འཁོར་ལོ་བསྒོམ་པ་ཡིན་ལ། གཞན་གྱི་དབང་རྩ་དང་རླུང་གི་འཁོར་ལོ་ལ་མཚན་མ་དང་བཅས་པའི་མི་ཟབ་པའི་རྫོགས་རིམ་བསྒོམས་པ་དང༌། སེམས་འོད་གསལ་བ་ཆོས་ཀྱི་དབྱིངས་ཀྱི་སྣང་བ་ཟབ་པའི་རྫོགས་རིམ་བསྒོམ་པ་ཡིན་ནོ། །དེ་ཡང་རྗོད་བྱེད་གསུམ་གྱིས་སྟོན་ཏེ། རྣམ་པར་བརྟགས་པའི་གཉེན་པོར་བསྐྱེད་པའི་རིམ་པ་ལྷའི་འཁོར་ལོ་བསྒོམ་པ། ལས་དང་པོ་པའི་དོན་དུ་དག་གིས་བསྟན་


DTG008_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རྩ་དང་རླུང་གི་འཁོར་ལོ་ལ་མི་ཟབ་པ་རྫོགས་རིམ་བསྒོམ་པ། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བའི་ཆོགས་སུ་བཅད་པ་བསྟན་པ་དང༌། ཟབ་པ་རྫོགས་པའི་རིམ་པ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་དོར་ཡི་གེ་རེ་རེའི་དབང་དུ་བྱས་ནས་སེམས་འོད་གསལ་བའི་སྣང་བ་སྟེན་པ་ཡིན་ནོ། །དེ་ཡང་གེ་རེ་རེའི་བརྡས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྡར་གྱུར་པ་ཡིན་ནོ། །དེ་བས་ན་ཀྱི་ལྷ་མོ་ཞེས་བོས་ནས་རྒྱུད་ཀྱི་ནང་ནས་ཡི་གེ་བཅུ་དྲུག་གི་དོན་བསྟན་པ་འདི་དག་གིས། རྩ་དང་སྒྲ་ཡི་རང་བཞིན་ལས། །ཆ་ཡི་བདག་ཉིད་འབྱུང་བ་སྟེ། །ཞེས་བྱ་བ་སྨོས་ཏེ། རྩ་ནི་ལྷ་མོའི་རང་བཞིན་ནོ། །སྒྲ་ནི་རླུང་གི་རང་བཞིན་ཏེ་དཔའ་བོ། །ཆ་དེ་གཉིས་འདུས་པ་ལས་བྱུང་བ་བྱང་ཆུབ་སེམས་ཀྱིས་རང་བཞིན་ཏེ། འོད་གསལ་བའི་རང་བཞིན་ནོ། །དེ་ཡང་འོད་གསལ་དུ་སྣང་བའི་རྩ་དང༌། རླུང་གི་རང་བཞིན་ནི་ཁམས་བཅུ་དྲུག་ཏུ་སྣང་བ་ཡིན་ནོ། །དེ་ལྟར་ཁམས་བཅུ་དྲུག་བཤད་ནས། སྲིད་པ་འབྱུང་བའི་རིམ་པ་བཤད་པ་ནི། ར་ནི་མེ་རུ་བསྟན་པ་སྟེ། །ཁྲ་དང་མཁྲིས་པ་ཡང་དག་འབྱུང༌། །ཞེས་བྱ་བ་ནི་མ་རུང་ཞིང་ཟླ་མཚན་དང་ལྡན་པ་བསྟན་ཏོ། །བད་ཀན་གྱིས་ནི་ཁྱབ་ནས་སུ། །རྡུལ་དང་རྒྱུས་པ་འབྱུང་བ་ཡིན། །ཞེས་བྱ་བས་ནི་ཕའི་བོན་གྱི་རང་བཞིན་ཡི་གེ་བརྒྱད་བསྟན་པ་ཡིན་ནོ། །དེའི་དབུས་སུ་ཧཱུཾ་གནས་པ་ནི་དོན་ཅི་ཡིན་ཞེ་ན། སྲིད་པ་བར་མདོའི་དྲི་ཞ་ཉེ་བར་འཁོར་བ་ཞུགས་པ་ཡིན་ནོ། །དེ་དག་གཙོ་བོའི་ཧཱུཾ་ཡིན་ཏེ། ཧ་ནི་ཀུན་དུ་འགྲོ་བར་བརྗོད། །ཅེས་བྱ་བ་ནི་རྣམ་པར་ཤེས་པའི་རྟེན་ཡིན་ནོ། །དེ་ལ་བརྟེན་ནས་དྲི་ཞ་ཉེ་བར་འཁོར་བ་འཇུག་པ་ནི་ཡི་གེ་ཧ་ཀུན་དུ་འགྲོ་བར་བརྗོད་དོ། །དེའི་ཕྱིར་ཀུན་དུ་འགྲོ་བར་བརྗོད་ཅེ་ན། དབང་པོ་ཀུན་ཚང་ཐོགས་མེད་ལྡན། །མི་ལྡོག་དེ་ནི་དྲི་ཞའོ། །ཞེས་འབྱུང་བས་ཀུན་དུ་འགྲོ་བར་བརྗོད་དོ། །རྣམ་པར་ཤེས་པ་དེ་མའི་མངལ་དུ་བརྒྱལ་ནས་གང་དུ་ཤེ་ན། རུས་པ་ཡི་ནི་མཚམས་རྣམས་སུ། །ས་བོན་ལྔ་ཡིས་ཁྱབ་པ་ཡིན། །ཞེས་བྱ་བ་སྨོས་ཏེ། ཕ་དང་མའི་ལུས་ཟུངས་ཀྱི་མཚམས་སུ་བདུད་རྩི་མཚམས་སུ་བདུད་རྩི་རྣམ་པ་ལྔའི་ས་བོན་ཁྱབ་པ་ལ་བརྟེན་ནས་གནས་པ་ཡིན་ནོ། །ཐ་


DTG008_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལུས་སུ་གྱུར་པའི་གནས་སྐབས་གད་དུ་གནས་ཤེ་ན། རང་གི་རྐན་ལ་གནས་པ་སྟེ། །ས་བོན་བཞི་ནི་བླ་ནས་མེད། ཅེས་སྨོས་ཏེ། རྐན་ནི་ལྐོག་མ་ལོངས་སྤྱོད་ཀྱི་འཁོར་ལོའི་ས་བོན་བཞིའི་འབྱུང་བ་བཞི་ནི་རླུང་གོ །རེའུ་མིག་དང་པོའི་གནས་སུ་ནི། །ཞེས་བྱ་བ་ནི་སྙིང་ག་ཆོས་ཀྱི་འཁོར་ལོའོ། །ས་བོན་ལྔ་པོས་བརྒྱན་པ་སྟེ། །ཞེས་པ་ནི་བདུད་རྩི་ལྔའི་དངས་མ་ལ་བརྟེན་པའི་རླུང་དང་ལྡན་པའོ། །ཧ་ནི་དབྱངས་ཡིག་དྲུག་པ་དང༌། །ལྟ་བར་རྣམ་པར་ཤེས་བ་གྲགས། །ཞེས་པ་ནི་ཡི་གེ་ཧཱུཾ་སྟེ། དེས་བརྗོད་པར་བྱ་བའི་དོན་ནི་ནམ་མཁའི་རླུང་སྟེ། དེ་ལ་བརྟེན་པའི་རྟོག་པ་མེད་པའི་རྣམ་པར་ཤེས་པའོ། །དེས་ལོངས་སྤྱོད་ཀྱི་འཁོར་ལོ་དང་ཆོས་ཀྱི་འཁོར་ལོ་བསྟན་པ་ཡིན་ལ། དེའི་དབུས་ན་གནས་པ་ནམ་མཁའི་རླུང་ལ་བརྟེན་པའི་ཤེས་པ་ནི་རྟོག་པ་མེད་པ་ཡིན་པས་དེ་ཡང་ཡི་གེ་ཧས་བསྟན་པ་ཡིན་ནོ། །ཧ་ཞེས་བྱ་བ་ཀུན་ན་གནས་པ། སངས་རྒྱས་ཐམས་ཅད་འདུས་པ་སྟེ། །འབྱུང་བ་ལྡ་ནི་སངས་ཡིན་ལ། དེའི་རླུང་ལྔ་རོ་གཅིག་པར་གྱུར་པ་ལ་བརྟེན་པ་ནི་ཤེས་པ་རྟོག་པ་མེད་པ་སེམས་འོད་གསལ་བའོ། །སེམས་འོད་གསལ་བ་དངོས་པོའི་རང་བཞིན་ཡང་རྣལ་འབྱོར་པས་ཇི་ལྟར་རྟོགས་པར་བྱ་ཞེ་ན། །འབྱུང་གནས་སྒྲ་ཚུལ་དེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཚུལ་ཡིན། །ཞེས་བྱ་བ་སྨོས་ཏེ། འབྱུང་གནས་ནི་འབྱུང་ཁུང་གི་རྒྱུ་སྟེ། ནམ་མཁའི་རླུང་ལ་བརྟེན་པའི་མི་རྟོག་པའི་ཤེས་པའོ། །རྒྱུ་ཚུལ་ནི་སྲོག་ཨ་ལྦ་དྷཱུཾ་ཏའི་ཆུད་པའོ་།དེས་འབྱུང་རྣམས་ཞེས་བྱ་བ་ནི། དབང་པོ་དྲུག་གི་ཤེས་པ་བདེ་བ་རྟོག་པ་མེད་པ་སྐྱེས་པའོ། །དམ་ཚིག་སྤྱོད་པའི་སྤྱོད་ཚུལ་ཡིན། །ཞེས་པ་ནི། དམ་ཚིག་ནི་དབང་པོ་དྲུག་ཤེས་པར་བདེ་བ་ལས་མི་འདའ་ན་དམ་ཚིག་གོ །སྤྱོད་པ་ནི་ཡུལ་རྣམ་པ་དྲུག་གོ །སྤྱོད་ཚུལ་ནི་བདེ་བས་རྒྱས་བཏབ་པའོ། །དེ་ལྟར་པ་མེད་པའི་ཤེས་པ་ནི་འཇིག་རྟེན་གསུམ་དུ་རྙེང་པར་དཀའ་བ་ཡིན་ལ། སེམས་རང་བཞིན་གྱིས་འོད་གསལ་བ་ཐོག་མ་དང་དབུས་དང་ཐ་མར་ཡང་དག་པར་གནས་པའོ། །དེ་སྐད་དུ་ཡང༌། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་དཔལ་མཆོག་དང་པོ་ལས་གསུངས་སོ། །བསྲུབ་བྱ་སྲུབ་པའི་སྦྱོར་བཞིན་དུ། །ཞེས་པ་ནི་ཕྱག་རྒྱ་བཞི་


DTG008_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཐབས་བཞི་ཇི་ལྟ་བ་བཞིན་དུ་རྟོག་པ་མེད་པར་མཉམ་པར་མཉམ་པར་སྦྱོར་བའོ། །སྔགས་བཟླས་ཞེས་བྱ་བ་ནི་དབུགས་འབྱུང་རྡུབ་གསུམ་མོ། །བསམ་གཏམ་ཞེས་བྱ་བ་ནི་ཤེས་དང་ཡེ་ཤེས་སོ། །སོགས་ཞེས་བྱ་བ་ནི་རྫོགས་རིམ་ལུས་ཀྱི་དཀྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པ་བསྡུའོ། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །ཞེས་པ་ནི་ཕྱག་རྒྱ་བཞིའི་ཐབས་ལ་བརྟེན་ནས་ཡུལ་སྟོང་པ་ཉིད་ལ་སྦྱོར་བའི་ཡེ་ཤེས་ནི་རང་བཞིན་བརྒྱད་ཅུའི་རྟོག་པ་དང་བྲལ་བས་ན། སྦྱོར་ཉིད་ཆོ་གའི་ཡེ་ཤེས་སོ། །རྒྱུད་ནི་བཤད་ཀྱིས་ཉན་པར་གྱིས། །ཞེས་པ་ནི་སྐབས་དབྱེ་བ་ཕུན་སུམ་ཚོགས་པ་ཡིན་ནོ། །ཅིའི་ཕྱིར་དེ་སྐད་དུ་གསུངས་ཤེན། ཆོས་ཐམས་ཅད་སྟོང་པ་ཉིད་འོད་གསལ་བ་ཡིན་ཡང༌། ཕྱག་རྒྱ་བཞིའི་ཐབས་ཀྱིས་སྟོང་པ་ཉིད་མངོན་དུ་སུམ་དུ་མ་གྲུབ་ན། ཚུ་རོལ་མཐོང་བའི་གང་ཞག་གིས་མངོན་སུམ་དུ་རྟོགས་པར་མི་ནུས་པས་ན་ཐབས་ཤེས་རབ་ཀྱི་དོན་ཇི་ལྟ་བ་བཞིན་དུ་མཉན་པར་གྱིས་ཤེས་ཅེས་པའི་དོན་ཏོ། །དེ་ལྟར་མདོར་བསྟན་ནས། རྒྱས་པར་བཤད་པ་ནི། །སྐྱེ་གནས་དབུས་ན་རྩ་གཉིས་ཏེ། །གཡོན་དང་དེ་བཞིན་གཡས་ནའོ། །ཞེས་བྱ་བ་ལ་སྐྱེས་གནས་ནི་ལྟེ་བ་སྤྲུལ་པའི་བ་སྤྲུལ་པའི་འཁོར་ལོའི་དབུས་ན་ལ་ལ་ནཱ་དང་རས་ནའི་རྩ་གཉིས་གནས་པའོ། །གཡོན་ནས་དེ་བཞིན་ཁུ་ཞེས་པ་ནི་ལ་ལ་ནའོ། །གཡས་ནས་དེ་བཞིན་ཁྲག་རྒྱུ་བ་ནི་རས་ནའོ། །དེ་འདུས་པའི་དབུས་ན་ནམ་མཁའི་རླུང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གནས་པ་ནི་ཨ་ལྦ་དྷཱུཨཾ་རིའོ། །རྡུལ་དང་མུན་པའི་སྙིང་པོ་སྟོབས། །ཞེས་བརྡར་བཏགས་པ་ནི་གོ་སླའོ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །དངོས་མེད་འདྲེས་པ་སྟེ། །ཞེས་པ་ནི་དངོས་པོ་བྱང་ཆུབ་ཀྱི་སེམས་དང་དངོས་མེད་རང་བྱུང་གཉིས་འདྲེས་བའོ། །དེ་འབའ་ཞིག་འདྲེས་པར་གྱུར་ཏམ་ཞེ་ན་ཁམས་བཅུ་དྲུག་རོ་གཅིག་པར་གྱུར་པའོ། །ཅིར་རོ་གཅིག་པར་གྱུར་ཞེ་ན། བདེ་བ་ཆེན་པོར་སྣང་བའི་རང་བཞིན་ནོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། སྐྱེས་བུའི་ལུས་ཚོར་བ་སྡུག་བསྔལ་གྱི་དུས་དང༌། ཚོར་བ་བདེ་པའི་དུས་དང༌། ཚོར་བཏང་བཏང་སྙོམས་ཀྱི་དུས་དང༌། དུས་གསུམ་དུ་གནས་པས་ན་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་རླུང་མེའི་དྲོད་ཅན་བསྐྱེད་ནས་ཁམས་བཅུ་དྲུག་གི་རང་བཞིན་བཞུས་ཏེ། དེ་བདེ་བའི་རང་བཞིན་དུ་རོ་གཅིག་པར་གྱུར་ཏེ། བདེ་བ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཤེས་རབ་འགྱུར་རོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། སྒྱུམ་དག་ནི་ཐམས་ཅད་ལས། །ལས་ཀྱི་ཕྱག་རྒྱ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་དེ་ལས་མཚོན་


DTG008_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ན་ཕང་མའི་མཉམ་སྦྱོར་གྱི་དུས་ཀྱི་ཚེ་བདུད་རྩི་རྣམ་པ་ལྔ་དང་འདྲེས་པའི་རྣམ་པར་ཤེས་པ་ལས་རྣལ་འབྱོར་པ་སྒྱུ་མ་ལྟ་བུའི་ལུས་སུ་འབྱུང་བས་ན། བཤང་གཅི་བད་ཀན་ཁྲག་དང་ནི། །དེ་བཞིན་ལྔ་པ་ཁུ་བ་སྟེ། །བདུད་རྩི་ལྔ་ཡི་རང་བཞིན་ལུས། །ཞེས་བྱ་བ་ནི་རྟོག་པ་མེད་པའི་ཤེས་པའི་སྣང་བ་བདུད་རྩི་རྣམ་པ་ལྔ་འདུས་པའི་ལུས་སོ། །དེ་ནི་རྡོ་རྗེ་ཅན་ཞེས་བརྗོད། །ཅེས་བྱ་བ་ནི་སེམས་འོད་གསལ་བའི་སྣང་བ་རྟོག་པ་མེད་པའི་ཤེས་པའི་ཉམས་སུ་མྱོང་བའི་དུས་སུ་རྡོ་རྗེ་ཅན་ཞེས་བྱ་བ་ཡིན་ཏེ། མི་འགྱུར་བ་ཡོངས་སུ་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་མེ་ལོང་གི་གཟུགས་བརྙན་བཞིན་ནོ། །གང་ཞིག་མ་ཤེས་པར་གཉིས་སུ་བརྟགས་པ་དེའི་ཚེ་ཀུན་དུ་བརྟགས་པའི་ལུས་སུ་སྣང་པ་ཡིན་ནོ། །གཉིས་སུ་སྣང་བར་འགྱུར་བ་དེའི་ཚེ་གཞན་གྱི་དབང་གི་ལུས་ཡིན་ནོ། །ལུས་དེ་ཉིད་ནུབ་པར་གྱུར་པས། ལུས་གནས་ཆེན་པོ་ལུས་སྐྱེས་མིན། །ཞེས་བྱ་བ་སྟེ་འོད་གསལ་བའི་སྣང་བ་ལ། རྡོ་རྗེ་ཅན་ཞེས་བརྗོད་དོ། །དེ་ལ། རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་པར་བསྟེན་པ་སྟེ། །ལུས་ཀྱི་བྱེ་བྲག་གསུམ་ནི་ཕའི་རྒྱུད་ལས་སྐྱེས་པའོ། །ཤ་དང་ཁྲག་དང་པགས་པ་ནི་མ་ལས་སྐྱེས་པ་སྟེ། ཁམས་བཅུ་དྲུག་གིས་ལུས་ཀྱི་གོང་བུ། མདོར་བསྡུས་པ་ནི་རྣལ་འབྱོར་པ་བཞིའི་ལུས་སུ་བསྟན་ཏེ། གཉིས་ལས་འབྱུང་བས་ན་ཁམས་དུ་མ་ཡིན་ལ། བསྡོམས་པས་ན་གཅིག་ཡིན་ཏེ་དེས་ན་གཅིག་དང་དུ་མ་འདྲེས་པའི་ལུས་ལ་རྡོ་རྗེ་ཅན་ཞེས་བརྗེད་དེ། །ཟླ་བ་བཅུ་ཡི་རྣམ་པ་ལས། །སེམས་ཅན་ས་བཅུའི་དབང་ཕྱུག་ཡིན། །ཞེས་གསུངས་པས་ན་བྱང་ཆུབ་པའི་ལུས་སུ་བཤད་དོ། །དེ་ལྟར་སྲིད་པ་འབྱུང་བ་དང་མྱ་ངན་ལས་འདས་པ་རོ་མཉམ་པར་བཤད་ནས། ད་ནི་ཤེས་པ་རྟོག་པ་མེད་པ་སྐྱེ་བའི་གནས་བཤད་པ་ནི། རྩ་རྣམས་ཐམས་ཅད་ཡང་དག་འཇུག །དེ་ཡི་སྒོ་ནི་རྣམ་པ་གཉིས། །ཞེས་བྱ་བ་ནི་ལུས་ཀྱི་རྩའི་འཁོར་ལོའི་དབུས་ན་སྒོ་རྣམ་པ་གཉིས་གནས་ཏེ། གཏུམ་མོ་དྲོད་གྱེན་དུ་འགྲོ་བའི་སྤྱི་གཙུག་གི་སྒོ་དང༌། བྱང་ཆུབ་ཀྱི་སེམས་ཐུར་ལ་འབབ་པ་ཨ་ལྦ་དྷཱུ་ཏའིའི་སྒོའོ། །དེ་དག་འདུས་པའི་དབུས་སུ་ནི། །ལྷ་ཡི་ལུས་སུ་དམིགས་པར་འགྱུར། །


DTG008_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་སྔར་ཁམས་ཉེར་བཞིར་ཚོར་བ་བཏང་སྙོམས་ཀྱི་དུས་ལས་གཏུམ་མོ་དྲོད་ཀྱི་བདེ་བ་བསྐྱེད་ནས་བྱང་ཆུབ་སེམས་ཀྱིས་ཁྱབ་པ་དེའི་ཚེ་ལྷའི་ལུས་སུ་འགྱུར་ཏེ་བདེ་བས་ཁྱབ་པའི་ཕྱིར་རོ། །སྟེང་གི་སྒོ་དང་འོག་སྒོ་ཉིད། །ཅེས་བྱ་བ་ནི་ཨ་ལྦ་དྷཱུ་ཏའིའི་སྟེང་དང་འོག་གོ །འོག་སྒོ་རྣམ་པར་ཤེས་པ་སྟེ། །སྟེང་གི་སྒོ་རུ་ཁམས་རྣམས་སོ། །ཞེས་པ་ནི་གཏུམ་མོ་དྲོད་གྱེན་དུ་འགྲོ་བའི་རིམ་པས། མིག་མེ་དང༌། རྣ་བ་རླུང་དང༌། སྣ་ས་དང༌། ལྕེ་ཆུ་དང༌། སྤྱི་གཙུག་ནས་ནམ་མཁའི་རླུང་ཁམས་རྣམས་སུ་གཏུམ་མོ་དྲོད་བསྐྱེད་པ་དང་བྱང་ཆུབ་ཀྱི་སེམས་བབས་པས་འོག་སྒོ་ལ་བརྟེན་ནས་རྣམས་ཤེས་དང་ཡེ་ཤེས་སྐྱེ་བའོ། །རྣལ་འབྱོར་པས་ནི་རྩ་རྣམས་ཀུན། །འདུས་ནས་འཇུག་པར་བཤད་པར་བྱ། །ཞེས་བྱ་བ་ནི་དབུགས་འབྱུང་འཇུག་བྱེད་པའི་ཚེ་འཁོར་ལོ་བཞིར་འབྱུང་བའི་རླུང་རྣམས་ལྷན་ཅིག་ཏུ་འདུས་ནས་འབྱུང་འཇུག་བྱེད་པ་ཡིན་ནོ། །ལུས་ལ་རྟག་ཏུ་སྟེང་སྒོར་ནི། །རྡོ་རྗེ་ཅན་ནི་རྒྱུན་དུ་གནས། །ཞེས་བྱ་བ་སྤྱི་གཙུག་ནས་ཨ་ན་ཧའི་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །སྟེང་འོག་འཁྲུལ་འཁོར་གསུམ་ལ་ནི། །སྒོ་དགུ་ཡིས་ནི་ཡང་དག་བསྐོར། །ཞེས་བྱ་བ་ནི། གྱེན་དུ་རྒྱུས་པས་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེའི་རླུང་བཞི་བསྐྱེད་པ་དང༌། ཐུར་དུ་སེལ་བས་བཤད་གཅི་གཉིས་བསྐྱེད་པ་དང་མེ་དང་མཉམ་དུ་གནས་པའི་རླུང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་རླུང་གི་འཁྲུལ་འཁོར་ཞེས་བྱའོ། །དེ་ལྟར་སྒོ་དགུ་ནི་བུ་ག་དགུའོ། །དེ་ནས་བཅོམ་ལྡན་འདས་ལ་འཁྲུལ་འཁོར་གསུམ་ཞུས་པ་ནི་བཀའ་སྩལ་པ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས་ཞེས་བྱ་བ་ནི་སྐུ་ནི་བཤང་གཅིའི་སྒོའོ། །གསུང་ནི་མིག་མེ་དང༌། རྣ་བ་རླུང་དང༌། སྣ་ས་དང༌། ལྕེ་ཆུའོ། །ཐུགས་ནི་ཨ་ལྦ་དྷཱུ་ཏཱིར་ནས་བྱང་ཆུབ་སེམས་འབབ་པའི་སྒོའོ། །མཆོག་ནི་བདེ་བའི་ཏིང་ངེ་འཛིན་བསྐྱེད་པས་ན་ཨ་ཝ་དྷཱུ་ཏཱིའོ། །བར་མ་ནི་ཚོར་བ་བཏང་སྙོམས་བསྐྱེད་པས་ན་རླུང་གི་སྒོ་བཞིའོ། །ཐ་མ་ནི་ཚོར་བ་སྡུག་བསྔལ་དང་ལྡན་པ་དེ་སེམས་གཟུང་བར་དཀའ་བའི་ཕྱིར་རོ། །ཀ་བ་གཅིག་ནི་ཨ་ཝ་དྷཱུ་ཏའིའོ། །རིགས་པ་ལྔ་ནི་དབང་པོ་ལྔའོ། །རྩོམ་པའི་ལྷ་སྤྲུལ་ཞེས་པ་ནི་དེ་བཞིན་


DTG008_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་བརྡས་རྣམ་པར་སྣང་མཛད་དང་མི་བསྐྱོད་པར་གྲགས་པའོ། །གང་གིས་དེ་ཤེས་སེམས་ལྡན་ཞིང༌། །ཞེས་པ་ནི་བདེ་བ་སྐྱེ་བའི་ལུས་ཀྱི་གནས་ཤེས་པས་སྐྱེས་བུ་རྣལ་འབྱོར་པ་ཞེས་བྱའོ། །མ་ཤེས་ན་ཇི་ལྟར་འགྱུར་ཞེ་ན། དུས་རྣམས་ཀུན་དུ་རྟག་པར་ནི། །འགྲོ་དང་འོང་བའི་ཁྱད་པར་གྱི། །ཞེས་བྱ་བ་སྨོས་ཏེ། དུས་རྟག་ཏུ་དབུགས་འབྱུང་རྔུབ་ལ་བརྟེན་ནས་སྲོག་ཆགས་རྐང་གཉིས་དང་རྐང་མངས་ལ་སོགས་པ་འབྱུང་བ་བཞིའི་རླུང་ལ་བརྟེན་ནས་སེམས་གནས་པའི་ཆོ་ག་གཉིས་སུ་འགྱུར་ཏེ་ཐིམ་པ་དང་འཇུག་པའོ། །ཐིམ་པ་ནི་ནམ་མཁའི་རླུང་སྟེ། སྲོག་ཨ་ལྦ་དྷཱུ་ཏའིར་གཏན་དུ་གནས་པའོ། །འཇུག་པ་ནི་ཕྱིར་སོང་བ་ལས་འོངས་པའོ། །དེ་གཉིས་ལ་བརྟེན་ནས་རྟོག་པ་མེད་པའི་ཤེས་པ་སྐྱེ་བ་ཡིན་ལ། །རྟོག་པ་མེད་པ་རྒྱུན་དུ་གནས་པ་ལས་བསམ་གཏན་དང་པོ་ལ་སོགས་པའི་ཏིང་ངེ་འཛིན་དུ་འགྱུར་རོ། །དེ་ལྟར་མཉམ་པར་བཞག་པའི་སེམས་ཀྱིས་མི་ཤེས་པ་ནི་སོ་སོའི་སྐྱེ་བོ་ཉིད་ཡིན་ནོ། །དེ་ལྟར་སྒོ་དགུའི་བྱེ་བྲག་མདོར་བསྟན་ནས། དེའི་དོན་རྒྱས་པར་བཤད་པ་ནི། མེ་དང་དེ་བཞིན་རླུང་དང་ནི། །དབང་ཆེན་དང་ནི་དེ་བཞིན་ཆུ། །ཞེས་པ་ནི། ལྟེ་བ་མེའི་རླུང་མིག་གི་སྒོ་ནས་སྟེང་དུ་རྒྱུ་བ་དང༌། རྐང་པ་རླུང་གི་དཀྱིལ་འཁོར་ནས་རྣ་བའི་སྒོ་ནས་ལོགས་སུ་རྒྱུ་བ་དང༌། སྙིང་ག་སའི་དཀྱིལ་འཁོར་ནས་སྣའི་རླུང་ཐད་ཀར་རྒྱུ་བ་དང༌། ལྟེ་བ་ཆུའི་དཀྱིལ་འཁོར་ནས་ལྟེ་བའི་རླུང་ཐུར་དུ་རྒྱུ་བའོ། །དེ་ལྟར་འཁོར་ལོ་བཞི་ལས་རྣམ་པར་ཤེས་པ་བཞི་དང་འཕོ་བའི་རླུང་རྒྱུ་བ་ཡིན་ནོ། །གསུམ་པ་ཡིད་ཀྱི་སྒོ་ཡིན་ཏེ། །ཞེས་པ་ནི་གསང་བའི་རྡོ་རྗེའི་ཕྱི་རོལ་གྱི་སྒོར་གཅིག་པ་ཡིན་ལ། ནང་གི་རྩ་དབུས་མར་ཟླ་བ་བྱང་ཆུབ་ཀྱི་སེམས་འབྱུང་བ་དང༌། ཉི་མ་གཏུམ་མོ་དྲོད་འཇུག་པའི་སྒོ་ནི་ཚོར་བ་བདེ་བ་སྐྱེས་པ་ནི་སྒོ་རྣམས་ཀྱི་མཆོག་ཡིན་ནོ། །གཙོ་བོ་སྟེང་འོག་ཅེས་གྲགས། །ཞེས་པ་ནི། སྟེང་སྤྱི་གཙུག་དང་འོག་ནོར་བུའི་སྣ་རྩེ་ནི་རྣལ་འབྱོར་པ་མངོན་སུམ་གྱི་ལམ་ལ་གཙོ་བོ་ཡིན་ཏེ། བསམ་གཏན་གྱི་ཏིང་ངེ་འཛིན་གྱིས་ལུས་བདེ་བ་དང་ཡིད་བདེ་བའི་དགའ་བ་བཞི་བསྐྱེད་པའི་ཕྱིར་རོ། །ཅིའི་ཕྱིར་དེ་གཙོ་བོར་སྨོས་ཤེ་ན། རྣལ་


DTG008_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ལ་ཉེ་བར་མཁོ་བའི་ཕྱིར་རོ། །ཚད་མ་ནི་སྐྱེས་བུ་བླང་དོར་གྱི་དོན་བསྒྲུབ་པ་ལ་ཉེ་བར་མཁོ་བས་མཁས་པ་རྣམས་ཀྱིས་བླང་བར་བྱ་བ་ཡིན་པ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཞི་གནས་དང་ལྷག་མཐོང་གིས་སྐྱེས་བུའི་དོན་གྲུབ་པ་དང༌། མངོན་སུམ་གྱི་ལམ་ཉེ་བར་མཁོ་བ་ཡིན་པས། དེའི་ཕྱིར་དེ་ཡོངས་སུ་བཙལ་བ་ཡིན་ནོ། །འོག་སྒོ་རྣམ་པར་ཤེས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པས་གོ་སླའོ། །དེ་ལྟར་ལུས་ཀྱི་སྒོ་དགུ་བཤད་ནས། འབྱུང་བ་ལྔའི་རླུང་ལུས་ལ་རྒྱུ་བ་བཤད་པ་ནི། རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་བ་ལྔ་ནི་སངས་རྒྱས་ལྔའོ། །སྟེང་གི་སྒོ་ནས་བསྐྱེད་པ་ནི། །ཉིན་མཚན་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཕྱིར་རྒྱུ་བ་དང་ནང་དུ་འཇུག་པ་དང༌། གནས་པ་གསུམ་གྱི་དབྱེ་བས་གནས་པ་དང༌། སྤྱན་དྲང་བ་དང༌། གཤེགས་སུ་གསོལ་བའོ། །དེ་དུས་ནམ་གྱི་ཚེ་ཞེ་ན། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་གསུངས་པས། མཁའ་འགྲོ་མ་དམ་ཚིག་གི་ཕྱག་རྒྱ་དང༌། སྦྱོར་བའི་ཡུམ་ལས་ཀྱི་ཕྱག་རྒྱ་ལས་རྟོག་པ་མེད་པའི་རླུང་འབྱུང་རྔུབ་ཀྱི་དེ་ཉིད་དང་ལུས་ཀྱི་རང་བཞིན་ཤེས་པར་འགྱུར་རོ། །དེ་ཡང་རླུང་ནང་དུ་འཇུག་པ་ན་རྟོག་པ་མེད་པ་སྐྱེ་བས་ཡོན་ཏན་དང་བདེ་བར་འགྱུར་རོ། །ཕྱིར་རྒྱུ་བལ་ནི་རྣམ་པར་རྟོག་པ་སྐྱེ་བས་སྐྱོན་དང་སྡུག་བསྔལ་དུ་འགྱུར་བ་ཡིན་ཏེ་དེ་ལྟར་རྒྱུ་རྐྱེན་ཚོགས་པས་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་འགྲུབ་པའི་ཕྱིར་རོ། །དེ་ལྟར་འོག་རླུང་གི་ལམ་ཚོགས་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བཤད་པ་ཡིན་ནོ། །དེ་ལྟར་ལུས་ཀྱི་གནས་བཤད་ནས། ད་ནི་ལྦ་སནྟ་ཏི་ལ་ཀ་བཤད་པའི་ཕྱིར། བཅོམ་ལྡན་འདས་ལ་མཉན་པར་སྦྱོར་བས་མཉེས་པར་བྱ་སྟེ། འདི་སྐད་ཅེས་ཞུས་པ་ཡིན་ནོ། །ཝ་སནྟ་ཞེས་གང་ལ་བགྱི་ཞེས་བྱ་བ་ནི་ལུས་ཀྱི་དབང་པོའི་བྱེ་བླག་ཚོར་བ་བདེ་བ་སྐྱེ་བའི་རྟེན་སྙིང་གའི་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །ཏི་ལ་ཀ་ནི་ཇི་ལྟ་བུ་ཞེས་པ་ནི་རླུང་མེའི་དྲོད་ཅན་བསྐྱེད་པའི་རྟེན་ལྟེ་བའི་ཁྲག་གི་ཐིག་ལེའོ། །མི་ཕྱེད་ལ་སོགས་གང་དུ་བརྟེན། །ཞེས་པ་ནི་ནམ་མཁའི་རླུང་


DTG008_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ངོ༌། །ཨ་ན་ཧ་ཞེས་བྱ་སྟེ་ཕྱིར་མི་རྒྱུ་བས་ན་སྲོག་ཅེས་བྱའོ། །སོགས་པ་ནི་གནས་ཉེར་བཞིར་རྩའི་གནས་སུ་རླུང་དང་ཁམས་རྒྱུ་བའོ། །དེ་རྣམས་གནས་ནི་གང་དག་ལགས། །ཞེས་པ་ནི་གནས་ཉེར་བཞི་འདྲི་བའོ། །པའུ་ལི་ལ་སོགས་གང་བསྟན་པ། །ཞེས་བ་ནི་བཞི་གནས་ཉེར་བཞིའི་མིང་བསྟན་པའོ། །འཁོར་ལོ་མཆོག་ནི་ཇི་ལྟར་དགོད། །ཅེས་པ་ནི་ལུས་ལ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཇི་ལྟར་དགོད་པའོ། །རྩ་རྣམས་གང་ལས་ཅི་འབྱུང་བ། །ཞེས་བྱ་བ་ནི་རྩ་རྣམས་སྤྱི་གཙུག་ནས་སྐྱེས་ནས་ཇི་ལྟར་འབྱུང་བ་ཞུས་པའོ། །བྱེ་བྲག་དེ་དག་བཤད་དུ་གསོལ། །ཞེས་ཞུས་པས་གནས་ཤའི་གོར་གླིང་དང༌། དཔའ་བོ་ཁམས་སུ་གནས་པ་དང༌། དཔའ་མོ་རྩར་གནས་པ་དང༌། འཁོར་ལོ་གསུམ་གྱི་བྱེ་བྲག་ཞུས་པའོ། །ལན་བཀའ་སྩལ་པ་ནི། གསང་ལ་ཤིན་ཏུ་གསང་གྱུར་པ། །ཞེས་པ་ནི་གསལ་བའི་སེམས་འོད་གསལ་བའི་སྣང་བ་ལྟར་བསྟན་པའོ། །ཤིན་ཏུ་གསང་བ་ནི་ལས་དང་པོ་པའི་རྣལ་འབྱོར་པས་བདེ་བ་རྟོག་པ་མེད་པའི་སྒོ་ནས་རྟོགས་པའོ། །ཕ་རོལ་ཕྱིན་པས་བཅུ་ནི། །གནས་ལ་སོགས་པ་རྩ་ཡི་གཟུགས། །ཞེས་པ་ནི་རྟོག་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་བདེ་བའི་གནས་སྐབས་ཀྱིས་བཅུའི་སྣང་བ་ནི་རྩའི་གཟུགས་སུ་གྱུར་པ་ཡིན་ནོ། །དེ་ཡང་སྐུ་ཁམས་ཤས་ཆེ་བ་དང༌། གསུང་དྲོད་ཤས་ཆེ་བ་དང༌། ཐུགས་རླུང་ཤས་ཆེ་བའི་བྱེ་བྲག་གིས་གནས་ཉི་ཤུ་རྩ་བཞིར་ཕྱེ་བ་ཡིན་ནོ། །མགོ་ནི་མ་ལཱ་ཡ་ཡུལ་ཏེ། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོར་གནས། །ཞེས་པ་ལ། མཁའ་སྤྱོད་ནི་གཙོ་བོ་ནམ་མཁའི་དཀྱིལ་འཁོར་རོ། །ཐུགས་ཀྱི་འཁོར་ལོ་ནི་རླུང་རྒྱུ་བའོ། །གནས་ཞེས་བྱ་བ་ནི་གང་གི་ཚེ་བདེ་པས་ཁྱབ་པའི་དུས་དེའི་ཚེ་ཐུགས་ཀྱི་འཁོར་ལོའི་གནས་སུ་གྱུར་པའོ། །ས་སྤྱོད་གསུང་གྱི་འཁོར་ལོར་གནས། །ཞེས་པ་ལ་ས་སྤྱོད་ནི་སྙིང་གས་དང༌། ལྟོ་བ་ཆུ་དང༌། ལྟེ་བ་མེ་ལ་བརྟེན་པའོ། །གསུང་གི་འཁོར་ལོ་ནི་དྲོད་ཤས་ཆེ་བའོ། །དེ་ཡང་ཞིང་དང་རོལ་པར་གྱུར་པ་ནི་གང་གི་ཚེ་ལུས་ལ་བདེ་བ་གནས་པ་དུས་དེའི་ཚེ་འགྱུར་རོ། །ས་འོག་ན། སྐུ་ཡི་འཁོར་ལོར་ཡང་དག་གནས། །ཞེས་བྱ་བ་ལ། ས་འོག་ནི་གསང་བའི་རྡོ་རྗེ་ནས་པུས་མོའི་བར་དུའོ། །སྐུའི་


DTG008_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ནི་ཁམས་རྒྱུ་བ་ཤས་ཆེ་བའོ། །འདུས་དང་དུར་ཁྲོད་དུ་རྒྱུ་བ་ནི་གང་གི་ཆེ་བདེ་བས་ཁྱབ་པའི་དུས་ཀྱི་ཚེ་ཡིན་གྱི་ཁམས་ཉེར་བཞི་ཚོར་བ་བཏང་སྙོམས་ཀྱི་དུས་སམ་རླུང་དང་མཁྲིས་པ་དང་བད་ཀན་ཤས་ཆེ་བར་འགྱུར་བ་ཚོར་བ་སྡུག་བསྔལ་གྱི་དུས་ནི་མ་ཡིན་ནོ། །དེ་དག་མཁའ་འགྲོ་མ་རྣམས་ཡུལ། །ཞེས་བྱ་བ་ནི་ཤའི་འཁོར་ལོ་དེ་དག་སྟེ་སྔར་གནས་གང་ལགས་ཞེས་ཞུས་པའི་ལན་ཡིན་ནོ། །རང་གི་ལུས་ལས་བྱུང་བ་སྟེ། །ཞེས་པ་ནི། རྩ་རྣམས་གང་ལས་ཇི་ལྟར་བྱུང༌། །ཞེས་བྱ་བའི་ལན་ཡིན་ཏེ། །དེ་ཡང་ཐོག་མར་སྤྱི་གཙུག་ནས་འབྱུང་བའི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ནི་ཞེས་པ། བྱེ་བྲག་དེ་དག་བཤད་དུ་གསོལ། །ཞེས་པའི་ལན་ཡིན་ནོ། །བསྐྱེད་པའི་རིམ་པ་ལྟར་ལྷའི་སྐུས་མི་གནས་ན་མཁའ་འགྲོ་མ་གཟུགས་ཇི་ལྟར་གནས་ཤེ་ན། གནས་ཀུན་དུ་ནི་མཁའ་འགྲོ་མ། །རྩ་ཡི་གཟུགས་ཀྱིས་ཡང་དག་གནས། །ཞེས་བྱ་བ་ཡིན་ནོ། །དེ་ཡི་ཤུགས་ཀྱིས་རྒྱུད་ཀྱི་རིམ་པའི་ཚེ་ན། གནས་དེ་རྣམས་སུ་དཔའ་བོ་ནི། ཁམས་ཀྱི་གཟུགས་ཀྱིས་ཡང་དག་གནས། །ཞེས་བྱ་བ་དང༌། སྔགས་ཀྱི་རིམ་པའི་ཚེ་ན། གནས་དེ་རྣམས་སུ་དང་འ་བོ་ནི། །རླུང་གི་གཟུགས་ཀྱིས་ཡང་དག་གནས། །ཞེས་བྱ་བ་དང༌། ཡེ་ཤེས་ཀྱི་རིམ་པའི་དུས་ཀྱི་ཚེ་ན། གནས་དེ་རྣམས་སུ་དཔའ་བོ་ནི། །བདེ་བའི་གཟུགས་ཀྱིས་ཡང་དག་གནས། །ཞེས་གོ་བར་བྱའོ། །བརྟག་པ་དྲུག་པའི་རབ་ཏུ་བྱེད་པ་དང་པོའི་འགྲེལ་པའོ།། །།

བརྟག་པ་དྲུག་པའི་རབ་ཏུ་བྱེད་པ་གཉིས་པ། ཐིག་ལེ་བསྒོམ་པ་བསྟན་པ།


DTG008_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྒྱུད་ཀྱི་རིམ་པ་བཤད་ནས། ད་ནི་ཐིག་ལེའི་འཁོར་ལོ་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ལ་ཞེས་པ་ནི་རྣལ་འབྱོར་པའི་ལུས་སོ། །ཇི་ལྟ་བ་བཞིན་དུ་གནས་ཞེས་པ་ནི་དོན་རང་གི་མཚན་ཉིད་ཀྱི་གནས་ལུགས་སོ། །རྩ་ཡི་འཁོར་ལོ་བཤད་པར་བྱ། །ཞེས་པ་ནི་ཚོར་བ་བདེ་བ་སྐྱེས་པའི་རྣལ་འབྱོར་པ་ལ་ཉེ་བར་མཁོ་བའི་འཁོར་ལོ་བཤད་པའོ། །གནས་དེ་གང་ཡིན་ཞེ་ན། སྙིང་གའི་དབུས་འགྱུར་པདྨ་ནི། །འདབ་མ་བརྒྱད་དང་གེ་སར་བཅས། །ཞེས་བྱའོ། །དེ་ཡི་དབུས་སུ་འགྱུར་པའི་རྩ། །མར་མེ་ལྟ་བུའི་གཟུགས་སུ་གནས། །ཞེས་པ་ནི་ཆུ་ཤིང་གི་སྙིང་པོ་ལྟར་དྲང་བ། པདྨའི་སྐུད་པ་ལྟར་ཕྲ་བ། །ཏིལ་གྱི་མར་མེ་ལྟར་གསལ་བ། །རྒྱ་སྐྱེགས་


DTG008_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལོ་མ་ལྟར་དམར་བའོ། །དེ་གང་གི་དབུས་སུ་གནས་ཤེ་ན། སྙིང་ཆུ་ཤིང་གི་མེ་ཏོག་ལྟ་བུའི་དབྱི་བས་ཅན་ཁ་ཐུར་དུ་བལྟས་ཤིང་འཕྱང་བའི་དབུས་ནི་རྩ་དེ་གནས་པ་ཡིན་ལ། རྩ་དེའི་ཚིགས་ཀྱི་དབུས་ན་དཔའ་བོ་ཡུངས་ཀར་གྱི་ཚད་ཙམ་སྟེ། སྤྱི་གཙུག་ནས་བབས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལུས་བདེ་བའི་དང་པོའི་གནས་སོ། །ཧཱུཾ་ས་བོན་མི་ཤིགས་པ། །ཞེས་པ་ནི་ནམ་མཁའི་རླུང་སྤྱི་གཙུག་མིག་བཙུམས་གཉིས་ཀྱི་ཚད་དུ་སྡོད་པ་མི་ཤིགས་པའི་རླུང་ལ་ཧཱུཾ་གི་མིང་གིས་བཏགས་པའོ། །ཁ་བལྟ་བུར་འཛག་པ་ཡིན། །ཞེས་པ་ནི་གལ་ཏེ་རླུང་མེའི་དྲོད་ཅན་གྱིས་བཞུས་པ་དེའི་ཚེ་ཁ་བ་འམ་བ་མོ་ལྟ་བུའི་མདོག་ཅན་འཛག་པ་ཡིན་ནོ། །ཝ་སནྟ་ཞེས་བཤད་པ་ཡིན་ཏེ། ལུས་ཅན་ཀུན་གྱི་སྙིང་དགའ་བྱེད། །ཅེས་པ་ནི་ལུས་བདེ་ལ་དགའ་བ་དང་མཆོག་དགའ་བསྐྱེད་པའི་རྒྱུ་དཔྱིད་ཅེས་བྱ་བ་ལུས་བདེ་བའི་དབང་པོའི་ས་བོན་ཡིན་ནོ། །དེ་ལྟར་ཐབས་ཀྱི་ཝ་སནྟ་བཤད་ནས། ཤེས་རབ་ཡེ་ཤེས་ཀྱི་ཏི་ལ་ཀ་བཤད་པ་ནི། རྒོད་མའི་ཁ་ནི་མེ་ཡི་གཟུགས། །ཞེས་བྱ་བ་ལ། བྱང་ཕྱོགས་ཀྱི་རྒྱ་མཚོ་ནི་རྒོད་མའི་ཁ་ཞེས་བྱ་ལ། དེ་དང་འདྲ་བའི་རླུང་ནང་དུ་འཇུག་པའི་གནས་ལྟེ་བ་ནི་རྒོད་མའི་ཁ་ཞེས་བྱའོ། །དེའི་གཟུགས་ནི་རླུང་མེའི་དྲོད་ཅན་ལ་བྱ་སྟེ། དེ་ཉིད་བྱང་ཆུབ་ཀྱི་སེམས་འབེབས་ཤིང་འཛིན་པས་ན་བདག་མེད་མ་ཏི་ལ་ཀ་ཞེས་བྱའོ། །བདག་མེད་མ་ནི་དགྱེས་པའི་རྡོ་རྗེའི་བཙུན་མོའི་བརྡས་བཏགས་པའོ། །ཏི་ལ་ཀ་ནི་དྲོད་གཙུབ་སྟན་ཁྲག་གི་ཐིག་ལེའོ། །ལས་ཀྱི་རླུང་གིས་བསྐྱོད་ནས་སུ། །ཞེས་པ་ནི་གཡས་གཡོན་གཉིས་ཀྱི་རྩ་ནི་སྲུབ་ཐག་ཡིན་ལ་དབུས་མ་ཨ་ལྦ་དྷཱུ་ཏའི་ནི་སྲུབ་ཤིང་ཡིན་ནོ། །གཙུབ་སྟན་ནི་མེའི་ཁམས་ཀྱི་ལྷག་མ་ཁྲག་གི་ཐིག་ལེའོ། །དེ་ལ་གཡས་གཡོན་གཉིས་ཀྱི་རླུང་གིས་བསྐྱོད་ནས་ལྟེ་བའི་དཀྱིལ་འཁོར་ནས་འབར་བ་དང་དུ་བ་དང་གསལ་བར་གྱུར་ནས་སྙིང་གའི་ཝ་སནྟ་དད་ཕྲད་པས་ན་ལུས་དགའ་བ་དང་མཆོག་དགའ་དང་ཡིད་བདེ་བ་དང་ལྷན་ཅིག་སྐྱེས་དགའ་འབྱུང་བའི་རྒྱུ་ནི་འགའ་ཞིག་སྙོམས་པར་ཞུགས་ཏེ་གནས་ཞེས་བྱ་བ་ཡིན་ནོ། །འདི་ཉིད་བསམ་གཏན་དང་པོའི་ཏིང་ངེ་འཛིན་རྟོག་པ་མེད་པའི་བདེ་བ་ཡིན་པས་ན་ཞི་གནས་ཀྱི་བདེ་བ་རྒྱུའི་ཧེ་རུ་ཀ་ཡིན་ནོ། །དེ་བས་ན་འདི་ནི་


DTG008_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཧེ་རུ་ཀ །ཝ་སན་ཏི་ལ་ཀ་རུ་བཞེད། །ཅེས་བྱའོ། །བཞེད་ཅེས་བྱ་བ་ནི་ལྷག་མཐོང་སྟོང་པ་ཉིད་ཀྱི་ཏི་ལ་ཀ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཝ་སནྟ་དང་རོ་གཅིག་པའི་འབྲས་བུའི་ཧེ་རུ་ཀ་མ་ཡིན་ཡང་ཞིག་གནས་རྒྱུའི་ཧེ་རུ་ཀ་ལ་དགོངས་ནས་བཞེད་ཅེས་གསུངས་པ་ཡིན་ནོ། །རྣལ་འབྱོར་མ་ལ་སོགས་ཀྱིས་ནེ། །རྒྱུ་དང་མི་རྒྱུ་ཡང་དག་གནས། །ཞེས་བྱ་བ་ནི་རླུང་མེའི་དྲོད་ཅན་བེམས་པོ་ཡིན་ཡང་རྣམ་པར་ཤེས་པའི་སྣང་བ་ཡིན་བས་རྒྱུ་བཞིས་བྱའོ། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །ཞེས་བྱ་བ་ནི་སྔར་བཤད་པའི་སྒོ་དགུ་ལས་རླུང་མེའི་དྲོད་ཅན་འགྲོ་པ་དང༌། འོང་བའི་ཚུལ་གྱིས་གནས་པའོ། །དེ་ལྟར་ཝ་སན་ཏི་ལ་ཀ་བཤད་ནས། དེ་ནས་དེའི་བྱེ་བྲག་གི་གནས་བཤད་པར་བྱ་སྟེ། ལྟེ་བར་ཨ་ཡི་གཟུགས་ཀྱིས་ཏེ། །ཐུང་དུ་ཞེས་པ་ནི་བྱ་བར་གྲགས། །ཞེས་པ་ནི། ཧཱུཾ་མིག་བཙུམས་གཅིག་གི་ཚད་དུ་སྡོད་པའོ། །སྙིང་གར་ཡང་ནི་ཧཱུཾ་ཡིག་སྟེ། །ཆ་གཉིས་ཚད་ནི་རི་བོ་ཡིན། །ཞེས་པ་ནི། མིག་བཙུམས་གཉིས་ཀྱི་ཚད་དུ་སྡོད་པའོ། །མགྲིན་པར་ཨཾ་གི་གཟུགས་ཀྱིས་ཏེ། །འདྲེན་པ་ཆ་གསུམ་ཚད་ཡིན་ཏེ། །ཞེས་པ་ནི་མིག་བཙུམས་གསུམ་གྱི་ཚད་དུ་སྡོད་པའི་རླུང་ངོ༌། །དཔྲལ་བར་ཡང་ནི་ཧཾ་ཡིན་ཏེ། །ཞེས་པ་ནི་དུས་ཐམས་ཅད་དུ་ནམ་མཁའི་རླུང་དེ་གནས་ནས་འཆི་ཀའི་བར་དུ་ལུས་ལ་གནས་པའོ། །རླུང་དེ་རྣམས་ཇི་སྲིད་གཏུམ་མོའི་དྲོད་མ་སྐྱེས་པ་དེ་སྲིད་དུ་ནམ་མཁའི་རླུང་ཡིན་ནོ། །དྲོད་སྐྱེས་པའི་དུས་སུ་མེའི་རླུང་ཡིན་ནོ། །འཁོར་ལོ་དེ་རྣམས་གང་ན་གནས་ཤེ་ན། ས་སོགས་འབྱུང་བ་ཆེན་པོ་ནི། །ཞེས་གསུངས་ཏེ། ལྟེབ་བ་མེད་དང་ལྟེ་བ་ཆུའི་བར་ན་ལྟེ་བ་སྤྲུལ་པའི་འཁོར་ལོ་དང༌། ལྟེ་བ་ཆུ་དང་སྙིང་ག་སའི་བར་ན་སྙིང་ག་ཆོས་ཀྱི་འཁོར་ལོ་དང༌། སྙིང་གས་དང་མགོ་བོ་ནམ་མཁའི་བར་ན་ལོངས་སྤྱོད་ཀྱི་འཁོར་ལོ་དང༌། མགོ་བོ་ནམ་མཁའ་དང༌། ཕྱི་རོལ་གྱི་ནམ་མཁའི་མཚམས་ན་བདེ་བ་ཆེན་པོའི་འཁོར་ལོའོ། །དེ་རྣམས་སུ་བྱང་ཆུབ་ཀྱི་སེམས་འབབ་པའི་བདེ་བ་སྐྱེས་པ་རྣལ་འབྱོར་བཞི་དད་དགའ་བ་བཞི་དང་དུས་བཞི་ཞེས་བརྗོད་དོ། །དེས་ན་སྦྱོར་བ་བཞིས་འགྲོ་བ་སྟེ། དགའ་བ་བཞི་ཡི་ཚུལ་གྱིས་ནི། །མཚམས་བཞི་རུ་ནི་ལྷག་པར་གནས། །ཞེས་བྱའོ། །


DTG008_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་དགའ་བའི་ཚུལ་གྱིས་ནི། །བྱ་བ་དང་ནི་བྱེད་པའི་དངོས། །ཞེས་བྱ་བ་ནི། དགའ་བ་བཞི་བསྐྱེད་པའི་བྱ་བ་ཁྲག་གིས་ཐིག་ལེ་དང༌། བྱེད་པ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །དཔལ་ལྡན་རྡོ་རྗེ་སེམས་ཚུལ་གྱིས། །ཞེས་བྱ་བ་ནི། རྟོག་པ་མེད་པའི་བདེ་བའོ། །འདི་ནི་ཇི་ལྟར་བདེ་བར་རོལ། །ཞེས་པ་ནི། ལྟེ་བའི་དབུས་ན་བདེ་བས་ཁྱབ་པར་གནས་པའོ། །ཕྱོགས་བཞིའི་འདབ་མ་ལ་གནས་པ། །ཞེས་པ་ནི་འབྱུང་བ་བཞིའི་རྩ་མཁའ་འགྲོ་མ་ལ་སོགས་པའི་རྩའོ། །མཚམས་རྩར་བདུད་རྩི་ལྔ་འབབ་གནས། །ཞེས་བྱ་བ་ནི། བདུད་རྩི་བཞི་མཚམས་བཞིའི་རྩ་དང༌། དབུས་མ་བྱང་ཆུབ་ཀྱི་སེམས་ཀྱི་རྩ་དང་ལྡའོ། །དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་བཤད་ནས། འཁོར་ལོ་གསུམ་གྱི་བྱེ་བྲག་བཤད་པར་བྱ་སྟེ། སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །ཞེས་བྱ་བ་ནི། གནས་ཉེར་བཞིའི་ལུས་ཀྱི་དཀྱིལ་འཁོར་རོ། །གནས་རྣམས་སུ་ནི་ཡང་དག་གནས། །ཞེས་བྱ་བ་ནི། གནས་ཉི་ཤུ་རྩ་བཞིར་གནས་པའོ། །རྩ་དེ་རྣམས་གང་ནས་བྱུང་ཞེ་ན། མགོ་བོ་ལས་ནི་བྱུང་བའི་རྩ། །མགོ་ལས་སྐྱེས་ཞེས་བརྗོད་པ་སྟེ། མངལ་དུ་ཞུགས་ནས་ཞག་བདུན་གྱི་ཚེ་ཡི་གེ་ཧཱུཾ་གི་གཟུགས་ཅན་གྱི་རྩ་གྲུབ་པའོ། །སྙིང་སྟོབས་རྡུལ་དང་མུན་སྟོབས་ཀྱིས། །ཞེས་བྱ་བ་ནི། ལ་ལ་ནཱ་དད་ར་ས་ནཱ་དང༌། ཨ་ཝ་དྷཱུ་ཏའི་དང་གསུམ་མོ། །འཁོར་ལོ་བཞིའི་དབྱེ་བས་རྩ་བརྒྱ་ཉི་ཤུའི་ཡི་གེ་ལ་གནས་སུམ་ཅུ་རྩ་གཉིས་ཀྱི་དབྱེ་བས་རྩ་སུམ་ཅུ་རྩ་གཉིས་ཡིན་ནོ། །དེ་ལ་གཙོ་བོ་གསུམ་ཡིན་ལ་སྙིང་གའི་བདུད་རྩི་ལྔའི་རྩ་བཞི་མ་གཏོགས་པ་ལྷག་མ་ཉེར་བཞི་ནི་གནས་ཉེར་བཞི་གནས་པའི་རྩ་ཡིན་ཏེ། དེ་གང་ཡིན་ཞེ་ན། མི་ཕྱེད་མ་མགོ་བོར་རོ། །ཕྲ་མོ་ནི་སྤྱི་གཙུག་ཏུའོ། །གསལ་བ་ནི་རྣ་བ་གཡས་པར་རོ། །གཡོན་མ་ནི་ལྷག་པར་རོ། །འདུལ་བྱེད་མ་ནི་རྣ་བ་གཡོན་པར་རོ། །རུས་སྦལ་མ་ནི་སྨིན་མའི་དབུས་སུའོ། །སྲིད་པ་ནི་མིག་གཉིས་ནའོ། །དབང་བསྐུར་མ་ནི་ཕྲད་པ་གཉིས་སུ་སྟེ་ཐུགས་ཀའི་འཁོར་ལོའོ། །བཟང་ལྡན་མ་ནི་མཆན་ཁུང་དུའོ། །བཤང་བ་མ་ནི་ནུ་མར་རོ། །མ་མོ་ནི་ལྟེ་བར་རོ། །མཚན་མོ་ནི་སྣ་རྩེར་རོ། །བསིལ་སྟེར་མ་ནི་ཁ་ལའོ། །དྲོད་མ་ནི་མགྲིན་པར་རོ། །ནགས་ཚལ་མ་ནི་སྙིང་གར་རོ། །མགུ་མ་ནི་ཆུ་སོར་ཏེ་གསུང་གི་


DTG008_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའོ། །མདོག་མཛེས་མ་ནི་མཚན་མར་རོ། །ཐུན་མོངས་མ་ནི་བཤང་བའི་ལམ་ལའོ། །རྒྱུ་སྟེར་མ་ནི་བརླ་ལའོ། །བྲལ་བ་མ་ནི་རྗེ་དར་ལའོ། །མཛའ་མོ་ནི་རྐང་པའི་སོར་མོར་རོ། །གྲུབ་མ་ནི་རྐང་པའི་བོལ་དུའོ། །མེ་མ་ནི་མཐེ་བོ་ལའོ། །ཡིད་འོང་མ་ནི་པུས་མོ་ལ་སྟེ་སྐུའི་འཁོར་ལོའོ། །ཁམས་དང་གནས་ཉེར་བཞིའི་མིང་ནི་གོ་སླའོ། །སྙིང་གའི་དབུས་ནས་ལྟེ་བར་བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་ནི་སུམ་རིམ་ཞེས་བྱ་སྟེ། དགའ་བ་དང་མཆོག་དགའ་ལྷན་ཅིག་སྐྱེས་དགའི་གནས་ཡིན་ནོ། །སྙིང་གའི་ཤར་ལྷོ་མཚམས་ན་འདོད་མ་བཤང་བའི་དངས་མ་འབབ་པ་དང༌། ལྷོ་ནུབ་མཚམས་ན་ཁྱིམ་མ་གཅི་བའི་དངས་ས་མ་འབབ་པ་དང༌། ནུབ་བྱང་གི་མཚམས་ན་གཏུམ་མོ་ཁྲག་གི་དངས་མ་འབབ་པ་དང༌། བྱང་ཤར་མཚམས་ནི་བདུད་འདུལ་མ་ཤའི་དངས་མ་འབབ་པ་སྟེ། དེ་ལྟར་ན་རྩ་སུམ་ཅུ་རྩ་གཉིས་ཡིན་ནོ། །བརྟག་པ་དྲུག་པའི་རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།

བརྟག་པ་དྲུག་པའི་རབ་ཏུ་བྱེད་པ་གསུམ་པ། རྩ་བསྒོམ་པ་བསྟན་པ།


DTG008_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཐིག་ལེའི་འཁོར་ལོ་བཤད་ནས། ད་ནི་ལུས་ཀྱི་འཁོར་ལོ་བཤད་པར་བྱ་སྟེ། རྣལ་འབྱོར་པའི་ལུས་ཀྱི་དཀྱིལ་འཁོར་དང༌། མཆོད་སྦྱིན་དང༌། སྦྱིན་སྲེག་དང༌། བཟླས་པ་དང༌། བསྒོམ་པ་དང༌། སློབ་དཔོན་དང༌། གནས་ལ་སོགས་པ་ཇི་ལྟ་བུ་ཡིན་ཞེས་ཞུས་པ་ཡིན་ནོ། །ལན་དུ་བཀའ་སྩལ་པ་ནི། རྩ་ཡི་གཟུགས་ལས་ཡང་དག་འབྱུང༌། །ཞེས་པ་སྨོས་ཏེ། བསྐྱེད་པའི་རིམ་པ་བརྟགས་པ་མ་ཡིན་པ་གཞན་གྱི་དབང་གི་འཁོར་ལོ་རྩའི་གཟུགས་ཀྱིས་གནས་པ་ཡིན་ནོ། །དེས་ཅི་ཞིག་བྱ་ཞེ་ན། རྣལ་འབྱོར་པ་དང་རྣལ་འབྱོར་མ་བདེ་པའི་ཏིང་ངེ་འཛིན་བསྐྱེད་པའི་རྟེན་ཙ་ཡིན་པས་ལུས་ཀྱི་དཀྱིལ་འཁོར་དེ་བཙལ་བར་བྱའོ། །ཧེ་རུ་ཀ་སོགས་ལྷ་ཡི་ནི། །ཞེས་བྱ་བ་ནི། བདེ་བ་རྟོག་མེད་ཀྱི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་ལུས་ཀྱི་དཀྱིལ་འཁོར་དུའོ། །ཇི་སྐད་གསུངས་པའི་སྒོ་བཞིར་ལྡན། །ཞེས་བྱ་བ་ནི། སྔར་བཤད་པའི་མིག་དང༌། རྣ་བ་དང་ཁ་ཆུའི་སྒོ་བཞིའོ། །ཀ་བ་བརྒྱད་ཀྱིས་བསྟན་པ་ཡིན། །ཞེས་བྱ་བ་ནི། དཔུང་པ་གཉིས་དང་ལག་ངར་གཉིས་དང་རྗེ་ངར་གཉིས་དང་བརླ་གཉིས་སོ། །དངོས་པོ་ཀུན་དུ་མཉམ་པས་ན། །ཞེས་པ་ནི། འདོམ་གང་སྤྱི་བོ་དང༌། རྐང་པའི་བར་དུ་མཉམ་བས་ན་གྲུ་བཞི་པར་


DTG008_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པའོ། །སྐུ་གསུང་ཐུགས་ཀྱི་ཚུལ་གྱིས་ནི། །ཞེས་པ་ནི་སྤྱི་གཙུག་གི་འཁོར་ལོའི་གཡོན་པ་ལ་ལ་ནཱ་དང་འབྲེལ་པ་བརྒྱད་བྱང་ཆུབ་ཀྱི་སེམས་རྒྱུ་བ་སྐུ་དང༌། གཡས་པར་ས་ནཱ་དང་འབྲེལ་པ་བརྒྱད་ཁྲག་རྒྱུ་བ་གསུང་དང༌། དབུས་མ་ཨ་ཝ་དྷཱུ་ཏཱི་དང་འབྲེལ་པ་བརྒྱད་རླུང་རྒྱུ་བ་ཐུགས་དང་འབྲེལ་པ་བརྒྱད་དམ་ཚིག་གི་འཁོར་ལོ་སྟེ་སུམ་ཅུ་རྩ་གཉིས་ཡིན་ནོ། །དེ་ལྟར་སྤྱི་གཙུག་གི་འཁོར་ལོ་གཅིག་པུ་ཉིད་ལ་རྩའི་དབྱེ་བས་འཁོར་ལོ་གསུམ་དུ་བརྗོད་དོ། །དེ་ཡང༌། །དེར་ནི་མགོ་བོའི་ཆར་གནས་པ། །སུམ་ཅུ་རྩ་གཉིས་འདབ་སྐྱེས་ལས། །དབྱངས་དང་གསལ་བྱེད་ཡང་དག་རྫོགས། །བྱང་ཆུབ་སེམས་ནི་སུམ་ཅུ་གཉིས། །ཞེས་འཆད་པར་འགྱུར་རོ། །གཞན་དག་ནི་སྐུའི་གནས་ཉི་ཤུ་རྩ་བཞི་ལ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིན་ཟེར་ཏེ། ཐེག་པའི་འཁོར་ལོའི་སྐབས་སུ་བཤད་དུ་ཟིན་ཀྱང་འདིར་ཡང་འཆད་པར་འགྱུར་རོ། །བླ་མ་བརྒྱུད་པའི་རིམ་གྱིས་ནི། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་གསལ། །ཞེས་པ་ནི། སུམ་ཅུ་རྩ་གཉིས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་དུས་དེའི་ཚེ་རྫོགས་པའི་དཀྱིལ་འཁོར་ཞེས་བྱའོ། །བེམས་རོ་ལ་སོགས་རིམ་བཞིན་གནས། །ཞེས་བྱ་བ་ནི། རྐང་པ་རླུང་གི་དཀྱིལ་འཁོར་དང་ལྟེ་བ་མེ་དང་ལྟོ་བ་ཆུ་དང་སྙིང་ག་ས་དང་མགོ་བོ་ནམ་མཁའི་དཀྱིལ་འཁོར་ནི་རི་རབ་ཀྱི་དབྱིབས་ཡིན་ནོ། །དེ་ལྟར་ལུས་ཀྱི་དཀྱིལ་འཁོར་མདོར་བསྟན་ནས། རྒྱས་པར་བཤད་པ་ནི་རྐང་མཐིལ་ནི་གཞུ་མཆོག་གི་དབྱིབས་ཡིན་ལ། རྐང་པ་གཉིས་ནི་གཞུའི་ཡིན་པས་རླུང་གི་དཀྱིལ་འཁོར་རོ། །སུམ་མདོ་གྲུ་གསུམ་ནི་མེའི་དཀྱིལ་འཁོར་རོ། །ལྟེ་བ་ཟླུམ་པོ་ནི་ཆུའི་དཀྱིལ་འཁོར་རོ། །སྙིང་ག་གྲུ་བཞི་ནི་སའི་དཀྱིལ་འཁོར་རོ། །སྒལ་ཚིགས་ནི་རི་རབ་ཀྱི་དབྱིབས་སོ། །དེའི་དབུས་ན་རྩ་སུམ་ཅུ་རྩ་གཉིས་ནི་ལུས་ཀྱི་དཀྱིལ་འཁོར་རོ། །གཡོན་པ་ལ་ལ་ནཱ་དབྱངས་ཡིག་དང༌། །གཡས་པ་ར་ས་ནཱ་གསལ་བྱེད་དང༌། ཨ་ཝ་དྷཱུ་ཏཱེ་མནིང་དང་དབུས་མ་དང་གཡས་གཡོན་གཉིས་སུ་འདྲེས་པའི་སྒོ་མ་བཞི་དང༌། གཡས་གཡོན་གཉིས་འདྲེས་པའི་མཚམས་མ་བཞི་སྟེ། རྩ་སུམ་རྩུ་རྟ་གཉིས་གནས་པ་ཡིན་ནོ། །མགོ་བོའི་དབུས་ན་གླད་པ་ཞེས་བྱ་བར་གྲགས་པ་ནི། ཟླ་བའི་དཀྱིལ་འཁོར་རོ། །


DTG008_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིད་དབུས་སུ་ཡི་གེ་ཧཾ། །ཞེས་བྱ་བ་ནི། རྩའི་དབུས་ན་སྲོག་ཅེས་བྱ་བའི་རླུང་འཆི་བའི་དུས་ཀྱི་ཚེ་ལུས་ལ་འབྱུང་ཞིང་སྔར་མི་འབྱུང་བས་མི་ཤིགས་ཐིག་ལེའི་གཟུགས་ཅན་ཞེས་བྱའོ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་གསལ་བ་ལ་ཁྲག་གི་དངས་མ་མི་གསལ་བའམ། ཡང་ན་བྱང་ཆུབ་ཀྱི་སེམས་བེམས་པོའི་གཟུགས་ཀྱིས་གནས་ཀྱང་རྣམས་པར་ཤེས་པའི་སྣང་བ་ཡིན་པས་གསལ་བའི་བདག་ཉིད་ཅན་ནོ། །དེ་ཉིད་བརྟན་དང་གཡོར་བཅས་པ། །ཞེས་པ་ནི་བརྟན་པ་ལུས་དང་གཡོ་བ་སེམས་ཀྱི་རྒྱུ་ས་བོན་གྱི་གཟུགས་ཀྱིས་གནས་པའོ། །འགྲོ་བ་ཀུན་གྱི་རྩ་བ་སྟེ། །ཞེས་པ་ནི། ལུས་གནས་པའི་རྩ་བ་སྟེ། ཁམས་ཀྱི་དངས་མའོ། །དངོས་པོ་དེ་ལས་སྐྱེས་པ་ཡིན། །ཞེས་པ་ནི། ཕ་མ་གཉིས་ཀྱི་ས་བོན་ཞག་བདུན་གྱི་ཚེ་ན་དང་པོར་སྤྱི་གཙུག་གི་ཧཱཾ་གྲུབ་པ་ཡིན་ནོ། །འོ་ན་དེ་ལྟར་གནས་པའི་རང་གི་མཚན་ཉིད་ནི། ཚོར་བ་བཏང་སྙོམས་ཀྱི་རྟེན་ཡིན་ན་བདེ་བ་སྐྱེས་པའི་ལུས་ཀྱི་དཀྱིལ་འཁོར་དུ་དུས་ནམ་གྱི་ཚེ་འགྱུར་ཞེ་ན། མེ་ནི་མཉེས་པར་བྱེད་པ་སྟེ། །དེ་ཉིད་ཀྱིས་ནི་སྒོ་ཡང་ཕྱེ། །ཞེས་བྱ་བ་སྨོས་ཏེ། གཏུམ་མོ་དྲོད་ཀྱི་ནམ་མཁའི་རླུང་མཛོད་སྤྲུའི་སྒོ་ཕྱེས་ནས་དེས་སྤྱི་གཙུག་གི་བྱང་ཆུབ་ཀྱི་སེམས་བཞུ་བ་ལས་ཉིན་དང་མཚན་མོ་དབུགས་འབྱུང་རྔུབ་ཀྱི་དུས་སུ་བདུད་རྩི་ཟླ་བ་འཛག་པ་དེས་དཀྱིལ་འཁོར་ཡོངས་སུ་རྫོགས་པར་འགྱུར་རོ། །ཅིའི་ཕྱིར་དཀྱིལ་འཁོར་ཞེས་བྱ་ཞེ་ན། རྩ་སུམ་ཅུ་གཉིས་ཀྱི་དབུས་ན་གནས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་གཏུམ་མོ་དྲོད་ཀྱིས་ལེན་པས་ན། སྙིང་པོ་ལེན་པས་དཀྱིལ་འཁོར་ཞེས་བྱའོ། །དེ་ལྟར་དཀྱིལ་འཁོར་བཤད་ནས། ད་ནི་མཆོད་སྦྱིན་བཤད་པར་བྱ་སྟེ། དེ་ནི་ཕྱི་ནང་སྣ་ཚོགས་ཀྱིས། །ཁྱབ་བྱའི་གཟུགས་ཀྱིས་ཡང་དག་གནས། །ཞེས་བྱ་བ་ནི། ཕྱི་འདོད་པའི་ཡོན་ཏན་རྣམས་པ་ལྔའོ། །ནང་གི་བདུད་རྩི་ལྔ་ལ་སོགས་པ་རང་གི་ལུས་ལ་གྲུབ་པའི་རྫ་ས་གནས་པའོ། །ཕྱི་གཟུགས་རྡོ་རྗེ་མ་ལ་སོགས་པ་ལ་དགའ་བ་བཞིའི་ཏིང་ངེ་འཛིན་སྐྱེ་བ་ན་མཆོད་པའོ། །ནང་བདུད་རྩི་ལྔའི་ཟུངས་ཀྱི་དངས་མས་ལུས་བདེ་བ་སྐྱེས་པས་ཕྱི་དང་ནང་གི་བདག་ཉིད་བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཅན་ཞེས་བྱའོ། །སྦོམ་པོ་དང་ནི་ཕྲ་གཟུགས་ཀྱི། །ཞེས་བྱ་བའི་སྦོམ་པོ་ནི། དབང་པོ་ལྔའི་ཡུལ་གཟུགས་


DTG008_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའོ། །ཕྲ་གཟུགས་ནི་བདུད་རྩི་རྣམ་པ་ལྔས་ལུས་བདེ་བ་དང་ཡིད་བདེ་བ་སྐྱེད་པའོ། །སུ་ལམ་ཆོད་པར་བྱ་ཞེ་ན། འགྲོ་བ་སངས་རྒྱས་རང་བཞིན་ཉིད། །ཅེས་བྱ་སྨོས་ཏེ། འགྲོ་བ་སེམས་ཅན་འོད་གསལ་གྱི། །རང་བཞིན་ཡིན་པས་དགའ་བ་བཞི། །སྐྱེ་བའི་སྒོ་ནས་མཆོད་པར་བྱའོ། །དེ་ཅིའི་ཕྱིར་གསུངས་ཤེ་ན། དེ་ནི་སངས་རྒྱས་བྱང་སེམས་ཀྱི། །དམ་ཚིག་དོན་དུ་གསུངས་པ་སྟེ། །ཞེས་བྱ་བ་སྨོས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདེ་བ་རྟོག་པ་མེད་པ་ལས་ཞི་གནས་ཀྱི་ཏིང་ངེ་འཛིན་གྱི་ཐབས་སུ་གསུངས་པ་ཡིན་ནོ། །ཡུལ་ལྔ་དང་བདུད་རྩི་ལྔ་ལས་བདེ་བ་རྟོག་པ་མེད་པ་སྐྱེས་པས་ཅི་ཞིག་བྱེད་ཅེ་ན། ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐོབ་པའང་དཀྱིལ་འཁོར་ལས་བྱུང་བ། །ཞེས་བྱ་བ་སྨོས་ཏེ། བདེ་བ་རྟོག་པ་མེད་པ་ནི་བསམ་གཏན་དང་པོ་ཡིན་ཏེ། བསམ་གཏན་གྱི་བདེ་བ་ལ་བརྟེན་ནས། ལྷགས་མཐོང་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པས་ཚེ་འདི་ལ་ཡང་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །སངས་རྒྱས་འབའ་ཞིག་ཏུ་མ་ཟད་ཀྱི་ཉན་ཐོས་དང་རང་རྒྱལ་བ་དང༌། ཚངས་པ་དང༌། བརྒྱ་བྱིན་ལ་སོགས་པ་ཡང་བསམ་གཏན་གྱི་བདེ་བ་རྟོག་པ་མེད་པ་ལ་བརྟེན་ནས་རང་རང་གི་རྣམས་པར་ཐང་པ་སྐྱེས་བ་ཡིན་ནོ། །དེ་ལྟར་མཆོད་སྦྱིན་བཤད་ནས། ནང་གི་སྦྱིན་སྲེག་བཤད་པར་བྱ་སྟེ། ནང་གི་ཁུ་བ་ལ་སོགས་དང༌། །ཞེས་བྱ་བ་ནི། ནང་གི་བདུད་རྩི་ལྔ་དང༌། ཕུང་པོ་ལྔ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །ཕྱིའི་ཡུལ་རྣམ་པ་དྲུག་དང་བཅས་པ་ཤེས་རབ་སྟོང་པ་ཉིད་མདོ་ན་སུམ་དུ་རྟོགས་པའོ། །ཡེ་ཤེས་ཀྱི་མེ་འབར་བ་ལ་བླ་ན་མེད་པའི་སྦྱིན་སྲེག་བྱས་པས་འོད་གསལ་བའི་མེར་བསྲེག་པར་བྱའོ། །བླ་ན་མེད་པའི་སྦྱིན་སྲེག་བཤད་ནས། །ནང་དང་གསང་བ་བཤད་པ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ལྷག་པ་ཡི་ནི་ལྷ་ཉིད་དེ། །ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷའི་རང་བཞིན་དུ་བསྐྱེད་ནས། ལྟེ་བ་དང་ལྐོག་མ་དང༌། སྤྱི་གཙུག་ཏུ་འཁོར་ལོ་བཞི་བཞག་ནས་ལག་པ་གཡས་གཡོན་དགང་གཟར་བླུགས་གཟར་དུ་བྱ་སྟེ། ཁ་ཟས་རྣམས་བདུད་རྩིར་བསྐྱེད་ནས་མཆོད་པ་དེ་དག་གིས་མཆོད་ན་མཉེས་པར་འགྱུར་རོ། །ད་ནི་ཆགས་པའི་ལམ་པའི་གསང་བའི་སྦྱིན་སྲེག་བཤད་


DTG008_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དེ་རྣམས་དེ་བཞིན་མཁའ་འགྲོ་མ། །སྦྱོར་བའི་མཆོད་པ་བཤད་པ་ནི། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ལུས་བསྙེན་བསྒྲུབ་བཞིས་སྦྱངས་ནས་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་དགང་གཟར་གྱིས་བདེ་བའི་ཏིང་ངེ་འཛིན་གྱི་སྦྱིན་སྲེག་བྱའོ། །ད་ནི་གྲོལ་ལམ་པའི་སྦྱིན་སྲེག་བཤད་པར་བྱ་སྟེ། མགོ་ཐོད་སྲེག་རྫས་སྣོད་ཡིན་ཏེ། །ཞེས་བྱ་བ་སྨོས་ཏེ། བདུད་རྩི་ལྔའི་རྫས་ཀྱི་སྣོད་ནི་མགོ་བོ་ཡིན་ནོ། །སྙིང་ག་ཆོས་ཀྱི་འཁོར་ལོའི་གཡས་ངོས་རྩ་ར་ས་ནཱ་ནི་བླུགས་གཟར་ཡིན་ནོ། །ལ་ལ་ནཱ་ནི་དགང་གཟར་ཡིན་ནོ། །ལྟེ་བར་མེའི་དཀྱིལ་འཁོར་ནི་ཐབ་ཁུང་ཡིན་ལ། སྒོ་དགུའི་ལས་ཀྱི་རླུང་གིས་བསྐྱོད་པ་ནི་ཚངས་པ་རང་བྱུང་གི་མེ་ཡིན་ནོ། །དེ་ལྟར་སྦྱིན་སྲེག་བཤད་ནས། བཟླས་པ་བཤད་པ་ནི། སྒྲ་ནི་སྔགས་སུ་གསུངས་པ་སྟེ། །འབྱུང་འཇུག་འཁོར་བཟླས་པ་ཡིན། །ཞེས་པ་སྟེ། ཕྱིར་རྒྱུ་བ་ཧཱུཾ་ནང་དུ་འཇུག་པ་ནི་ཨོཾ་ཡིན་ལ། གནས་པ་ནི་ཨཱཿ་ཡིན་པས་རིགས་གསུམ་གྱི་བདག་ཉིད་ཅན་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རང་བཞིན་གྱིས་འཁོར་བ་ནི་བཟླས་པ་ཡིན་ནོ། །བསྒོམ་པ་འདི་ལྟར་སྣང་བ་སྟེ། །ཞེས་པ་ནི་བདེ་བ་ཆེན་པོས་རྒྱས་བཏབ་ནས། སེམས་སོ་སོར་སྣང་བ་དང༌། སྟོང་པ་དབྱེར་མི་ཕྱེད་པར་སྣང་ཞེ་ན་བསྒོམ་པ་ཡིན་པས། གཉིས་མེད་སྦྱོར་བ་དཀྱིལ་འཁོར་ཡིན། ཞེས་བྱའོ། །རྒྱལ་བའི་དཀྱིལ་འཁོར་ལ་སོགས་པ། །ལྷན་ཅིག་སྐྱེས་པ་ལ་ནི་གནས། །ཞེས་པ་ནི། ཐམས་ཅད་འོད་གསལ་བའི་རང་བཞིན་དོན་གྱིས་ལན་ཅིག་སྐྱེས་པའི་རང་བཞིན་ལ་གནས་པའོ། །སློབ་དཔོན་གང་ཡིན་ན། སློབ་དཔོན་སེམས་ཀྱི་རྒྱལ་པོ་སྟེ། །ཞེས་བྱ་བ་སྨོས་ཏེ། རྟེན་ཅིང་འབྲེལ་བའི་སེམས་ཀྱིས་རེས་འགའ་ནི་དགེ་བ་དང༌། རེས་འགའ་ནི་མི་དགེ་བ་དང༌། རེས་འགའ་ནི་ལུང་དུ་མ་བསྟན་པའི་སེམས་སྐྱེ་བ་ནི་ཆོས་སྟོན་པ་ཡིན་ལ། དེ་བདེ་བ་ཆེན་པོར་རྟོགས་པའི་སེམས་ཀྱིས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་ན་དཀྱིལ་འཁོར་གཙོ་བོའི་སེམས་འོད་གསལ་བའི་རང་བཞིན་དུ་འགྱུར་རོ། །དེས་ཆོས་ཅི་ཞིག་སྟོན་ཞེ་ན། ཨེ་ཝཾ་ལ་སོགས་པ་གསུངས་པ་སྟེ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་ཐབས་དང་ཤེས་རབ་མཉམ་པར་སྦྱོར་


DTG008_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་བཞིན་ཐམས་ཅད་དཀྱིལ་འཁོར་གཙོ་བོ་དེས་ཤེས་པར་བྱ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་ལ་སོགས་པ་བཤད་ནས། རྒྱུད་ཀྱི་རིམ་པ་རྩ་གསུམ་དང་འཁོར་ལོ་བཞིའི་རང་བཞིན་བཤད་བ་ནི་ཚོགས་སུ་བཅད་པ་གཅིག་གིས་ཞུས་པ་དང༌། ལན་དུ་བཀའ་སྩལ་པ་ནི་མགོ་བོ་དང༌། ལྟེ་བའི་ཨེ་གྲུ་གསུམ་གྱིས་གནས་པ་ཡིན་ལ། སྙིང་ག་དང་མགྲིན་པ་ནི་ཝཾ་གྱིས་མཚོན་བའི་དབྱིབས་ཟླུམ་པོར་གནས་པ་ཡིན་ནོ། །དེའི་དབུས་ན་གནས་པའི་རྩའི་འཁོར་ལོ་ནི། ལྟེ་བའི་དཀྱིལ་འཁོར་རྩ་དྲུག་ཅུ་རྩ་བཞི་གནས་པ་དང༌། སྙིང་གའི་དབུས་ན་འཁོར་ལོའི་རྩ་བརྒྱད་དུ་གནས་པ་དང༌། ལྐོག་མ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་ན་འབྱུང་བ་བཞིའི་རྩ་བཅུ་དྲུག་གནས་པ་དང༌། སྤྱི་གཙུག་བདེ་བ་ཆེན་པོའི་གནས་ན་རྩ་སུམ་ཅུ་རྩ་གཉིས་སུ་གནས་སོ། །ཅིའི་ཕྱིར་སྤྲུལ་པ་ཞེས་བྱ་ཞེ་ན། རིགས་ཀྱི་ལྷ་སྐྱེ་པའི་སྤྲུལ་པར་བྱེད་པའོ། །ཅིའི་ཕྱིར་ཆོས་ཞེས་བྱ་ཞེ་ན། རྡོ་རྗེ་ཐེག་པར་ཡིད་རྟོག་པ་མེད་པ་དང་རྟོག་པ་དང་བཅས་པ་དགེ་མི་དགེ་བའི་ཆོས་སེམས་ཀྱི་སྙིང་ལ་བརྟེན་པར་འདོད་དོ། །ཅིའི་ཕྱིར་ལོངས་སྤྱོད་ཅེས་བྱ་ཞེ་ན། རོ་དྲུག་ལ་ལོངས་སྤྱོད་པའི་ཕྱིར་རོ། །ཅིའི་ཕྱིར་བདེ་བ་ཆེན་པོ་ཞེས་བྱ་ཞེ་ན། ལུས་ཟུངས་ཀྱི་དངས་མ་བྱང་ཆུབ་སེམས་དང་མི་འབྲལ་བའི་ཕྱིར་རོ། །དེའི་ནང་གི་རླུང་ཡི་གེས་མཚོན་པ་ནི་ལྟེ་བའི་དབུས་ན་གནས་པའི་རླུང་ནི་ཨ་ཞེས་བྱ་སྟེ། སྡེ་ཚན་བརྒྱད་ཀྱིས་བསྐོར་བའོ། །ཆོས་ཀྱི་འཁོར་ལོའི་དབུས་ན་མི་ཤིགས་པའི་ཨ་ཧ་ནའི་རླུང་སྟེ། དེ་ལ་དབྱངས་ཡིག་ལྔས་བསྐོར་བ་ནི་བདུད་རྩི་བཞིའི་རྩ་ལ་ཨ་ཨུ་ཨ་ཨི་དབུས་ཀྱི་ཧཱུཾ་དང་བཅས་པ་སྟེ་ལྔའོ། །འབྱུང་བ་བཞིའི་རྩ་ལ་ཡ་ར་ལ་ཝ་བཞིའོ། །ལྐོག་མ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་ན་ཡི་གེ་ཨོཾ་མོ། །འབྱུང་བ་བཞིའི་རྩ་བཞི་ལ་ཨི་ཨུ་ཡེ་ཨོའོ། །དེ་ལྟར་འཁོར་ལོ་བཞི་བཤད་ནས། ད་ནི་རྩ་བཤད་པར་བྱ་སྟེ། གཡས་དང་གཡོན་གྱི་ངོས་གཉིས་སུ། །ཞེས་པ་ནི་གཡས་པར་ས་ནཱ་ཁྲག་རྒྱུ་བ་དང༌། གཡོན་པ་ལ་ལ་ནཱ་བྱང་ཆུབ་ཀྱི་སེམས་རྒྱུ་བའོ། །གཡོན་གྱི་མགྲིན་པ་ནས་བརྩམས་ནས། །ཞེས་བྱ་བ་ནི་སྣ་བུག་གཡོན་པ་ནས་བརྩམས་ནས་མགྲིན་པ་གཡོན་ངོས་ནས་སྙིང་གའི་གཡོན་ངོས་སུ་བྱུང་ནས་ལྟེ་བའི་གཡོན་ངོས་སུ་


DTG008_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཏེ། དེར་བྱང་ཆུབ་ཀྱི་སེམས་གསལ་བ་ནི་ལ་ལ་ནའོ། །ལྟེ་བའི་གཡས་ངོས་ནས་བརྩམས་ནས། སྙིང་གའི་གཡས་ངོས་སུ་བྱུང་ནས། མགྲིན་པའི་གཡས་ངོས་སུ་རྒྱུ་བ་ནི་ར་ས་ནའོ། །མགྲིན་བའི་དབུས་སུ་རྟག་ཏུ་འཛག །ཅེས་པ་ནི། སྣ་བུག་གཡས་ནས་འབྱུང་བའི་རླུང་ཕྱིར་རྒྱུ་བའི་ཚེ་ཁྲག་དང་ལྷན་ཅིག་རྒྱུ་བ་ཡིན་ལ། དེ་ནས་ཕར་རླུང་འབའ་ཞིག་རྒྱུ་བ་ཡིན་ནོ། །དེའི་དོན་འདི་སྐད་སྟོན་ཏེ། གཡས་པའི་རླུང་ནང་དུ་འཇུག་པའི་ཚེ་བྱང་ཆུབ་སེམས་དང་ལྷན་ཅིག་ཏུ་འགྲོགས་པས་ན། གཡོན་པའི་མགྲིན་པ་ནས་བརྩམས་ཏེ་ལྟེ་བའི་དབུས་སུ་འབབ་ཅེས་པའོ། །གཡས་བའི་རླུང་སྟེང་དུ་རྒྱུ་བའི་ཚེ་ལྟེ་བའི་དབུས་ནས་མགྲིན་པ་གཡས་པའི་བར་དུ་ཁྲག་དང་ལྷན་ཅིག་འགྲོགས་ནས་ལྟེ་བ་ནས་སྟེང་དུ་བལྟས་ནས་འབབ་པའི་རྩ་ཞེས་བྱའོ། །གཉིས་ཀ་ནས་རླུང་རྒྱུ་བ་ཡིན་ཡང་བྱང་ཆུབ་སེམས་ཐུར་ལ་འབབ་པ་ཡིན་ཡང་གཡོན་པ་ནང་དུ་འཇུག་པ་ཞེས་བྱའོ། །ཁྲག་སྟེང་དུ་རྒྱུ་བ་དང་འགྲོགས་པས་གཡས་པ་ནས་ཕྱིར་བྱུང་བ་བཞེས་བྱའོ། །དེས་ན། སྟེང་དང་འོག་ཏུ་བརྟེན་ནས་སུ། །ཞེས་བྱའོ། །ཉི་མ་ཟླ་བར་གྲགས་ཞེས་བྱ་བ་ནི་བརྡས་བསྟན་པ་ཡིན་ནོ། །དཔའ་བོ་མཁའ་འགྲོ་མ་རྣམས་ཀྱི། །འགྲོ་དང་འོང་བར་ངེས་པར་བརྗོད། །ཅེས་པ་ནི། དཔའ་བོ་ནི་ཕུང་པོ་ལྔ་བསྐྱེད་པའི་ས་བོན་ཡིན་ལ། མཁའ་འགྲོ་མ་ནི་འབྱུང་བ་ལྔའི་རླུང་ངོ༌། །དེ་ལ་སངས་རྒྱས་ཀྱི་བརྡས་འཆར་བ་དང་ནུབ་པ་ཞེས་བྱའོ། །གཉིད་ལོག་པ་དང་སད་པ་ཞེས་བྱའོ། །སྟེང་བལྟས་དབྱངས་ཡིག་དྲུག་གཉིས་བལྟས། །ཞེས་པ་གཡོན་པ་ལ་ལ་ནཱའི་མགྲིན་པའི་གཡོན་ངོས་ནས་གཡས་གཡོན་གྱི་ངོས་སུ་འབྱུང་བ་ལ་བྱའོ། །སྟེང་དུ་བལྟས་པ་ནི་སྣ་བུག་གཡོན་པ་ནས་མ་ཟིན་པའི་རླུང་ནང་དུ་འཇུག་པའི་ཚེ་བྱང་སེམས་འབབ་པས་ན་དེ་སྐད་ཅེས་བྱའོ། །དེ་ལ་དབྱངས་ཡིག་བཅུག་གཉིས་ཞེས་བརྡར་བཏགས་པ་ཡིན་ནོ། །ཀ་སོགས་འོག་ཏུ་བལྟས་པ་ནི། །ཞེས་པ་གཡས་པའི་རླུང་ཕྱིར་རྒྱུ་བ་ཟིན་པའི་རླུང་ཡིན་པས་ན་འོག་ཏུ་ལྟ་བའོ། །སྟེང་དང་འོག་ཏུ་བལྟས་པ་དེས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་ཤེས་པར་བྱའོ། །ངོས་གཉིས་དག་ཏུ་སྤེལ་བ་ནི། །ཞེས་པ་ལྟེ་བའི་གཡས་གཡོན་ནས་བརྩམས་ཏེ། སྔར་བཤད་པ་བཞིན་དུ་འཁྱོག་པོར་རྒྱུ་བའོ། །


DTG008_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་སྦྱར་བར་བྱ་ཞེས་པ་ནི། མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསུམ་དུ་ཕྲད་པའོ། །འོག་གི་ཆ་ཞེས་པ་བཤད་གཅི་རྒྱུ་བའི་གནས་སུའོ། །ཡི་གེ་ཀྵ་ནི་བསྲུང་བར་བྱ་བ་ནི་བཟའ་བ་དང་བཏུང་བ་མ་ཞུ་བའི་བར་དུ་འོག་གི་ལུས་ཟུངས་ཀྱི་རླུང་གིས་བསྡོམ་པས་ན་ཀྵས་བསྲུང་བའོ། །གཡོན་པ་ནང་དུ་འཇུག་པས་ན་ལོངས་སྤྱོད་རྫོགས་པ་ཞེས་བྱའོ། །གཡས་ནས་ཕྱིར་རྒྱུ་བས་ན་སྤྲུལ་པ་ཞེས་བྱའོ། །སངས་རྒྱས་ལྔ་ནི་ཕུང་པོ་ལྔ་དང་འབྱུང་བ་ལྔའི་རླུང་ཞེས་བྱའོ། །བྱང་སེམས་ནི་དབང་པོ་ལྔའི་རླུང་ཞེས་བྱའོ། །བསྐྱེད་ཅིང་སྤྲོས་པ་ནི་ཕྱིར་འབྱིན་པའོ། །དེ་ལྟར་སྟེང་གི་སྒོ་ནས་རྒྱུ་བཤད་ནས། ད་ནི་འོག་གི་སྒོ་ནས་རྒྱུ་བ་བཤད་པར་བྱ་སྟེ། །གང་ཚེ་ལོངས་སྤྱོད་རྫོགས་སྐུ་ཡང༌། །ཞེས་པ་ནི། གཡས་པར་ས་ནའི་ཕྱིར་རོལ་གྱི་རྩའི་རྩེ་མོ་ནས་ནུབ་པར་གྱུར་ཅིང་ཨ་ཝ་དྷཱུ་ཏིའི་སྒོ་རྡོ་རྗེ་རྩེ་མོར་གནས་པ་དེ་ལ་བྷ་གའི་དབུས་གྱུར་ཞེས་བྱ་བ་སྟེ། ལྟེ་བའི་དབུས་སུ་བཞུགས་པས་ན་གཡས་པ་ར་ས་ནཱ་ལོངས་སྤྱོད་རྫོགས་པའི་སྐུར་གྱུར་པ་ཡིན་ནོ། །པདྨ་གར་དབང་རྒྱལ་པོ་ཡིས། །ཞེས་པ་ནི། གང་གི་ཚེ་རྡོ་རྗེ་དང་པདྨ་སྤྱོར་བས་དགའ་འབྲལ་དུ་གྱུར་པ་དེའི་ཆོ་ལ་ལ་ནཱ་ལོངས་སྤྱོད་རྫོགས་པའི་སྐུར་ཡིན་ལ། དེ་ནས་ཉི་མ་ནུབ་པར་གྱུར་པ་སྟེ། ནང་དུ་འཇུག་པའི་རླུང་ལས་ལྟེ་བ་ནས་མར་ཕྱིར་རྒྱུ་བས་ན་སྦྲུལ་སྐུའོ། །དེ་ལྟར་ན། དེ་བཞིན་དང་ནི་ཡང་དག་ལྡན། །ཞེས་བྱའོ། །ད་ནི་དབུས་མའི་རྩ་སྟོན་ཏེ། །རྫོགས་པའི་བྱང་ཆུབ་སེམས་ཞེས་བརྗོད། །ཅེས་བྱ་བ་ནི་ཆུ་ཤིང་གི་སྙིང་པོ་ལྟར་དྲང་བའི་དབུས་ནས་བྱང་ཆུབ་སེམས་འབབ་པའོ། །དྲི་མ་མེད་པའི་དངོས་ནི་གནས་དེ་ལ་བརྟེན་ནས་རྟོག་མེད་སྐྱེ་བའོ། །འཁོར་བའི་ལམ་ནི་གཅོད་བྱེད་པ། །ཞེས་པ་ནི་དེ་ལ་བརྟེན་ནས་རྟོག་པ་འགེགས་པའོ། །རྟོག་མེད་ནི་མྱ་ནང་ལས་འདས་པ་ཡིན་ལ་རྟོག་པ་ནི་འཁོར་བའོ། །གོམ་པ་གཅིག་ནི་འཁོར་བ་ཡིན་ནོ། །གོམ་པ་གཅིག་ནི་མྱ་ངན་ལས་འདས་པ་ཞེས་བཤད་དོ། །སྤྲོས་པ་ཉིར་ཞི་དགེ་བ་ནི་རྟོག་པ་དང་བྲལ་བས་ནའོ། །རྟོག་པ་མེད་པས་ན་དགེ་བའོ། །ཡུལ་ལྔ་ལ་དེའི་མིང་སེམས་པའི་རྟོག་པ་དང་བྲལ་བས་དམིགས་མེད་དག་གོ །དེ་ལ་རྡོ་རྗེ་སེམས་དཔའ་དང་དཔལ་ཧེ་རུ་ཀ་ཞེས་བརྡར་བཏགས་


DTG008_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །གང་གི་ཐོག་ཏུ་རྟོག་མེད་སྐྱེ་ཞེས་ན། དགོད་དང་བལྟ་དང་ལགས་བཅངས་དང༌། །ཞེས་སྨོས་ཏེ། དགོད་པའི་སྒྲའི་སྟེང་དུ་བདེ་བ་རྟོག་མེད་སྐྱེ་བའམ། གཟུགས་ལ་ལྟ་བ་དང་རེག་བྱ་ལག་བཅངས་དང་གཉིས་གཉིས་འཁྱུད་པ་དང་རེག་བྱ་ལས་བདེ་བ་རྟོག་མེད་སྐྱེ་བ་ཡིན་ནོ། །སྲིན་བུའི་ཚུལ་གྱིས་ཞེས་པ་ནི་ཟག་མེད་བདེ་བ་ཆེན་པོ་སྟོན་པའི་ཚུལ་ཡིན་ཏེ། སྲིན་བུ་ཤིང་ལས་སྐྱེས་ནས་ཤིང་ཉིས་ཟ་བ་བཞིན་དུ་བདེ་བ་ལས་སྐྱེས་པའི་ཏིང་ངེ་འཛིན་སྟོང་བ་ཉིད་དུ་བསྒོམ་པར་བྱའོ། །བདེ་བ་བཞིར་གནས་ཤིང་གཞན་འཕྲུལ་དབང་བྱེད་ལ་སོགས་པའི་ལྷ་བཞི་བདེ་བ་ལ་གོམས་པའི་དོན་དུ་རྒྱུད་བཞིར་གསུངས་པའོ། དེ་ཡང་ཇི་ལྟ་བུ་ཞེ་ན། འདོད་ཆགས་ཉིད་དང་ཆགས་བྲལ་ཉིད། །ཅེས་སྨོས་ཏེ། གསུམ་ནི་གྲོལ་ལམ་ཡིན་ལ། །གཅིག་ནི་ཆགས་ལམ་ཡིན་ནོ། །ཟོས་ནས་སྲིན་བུ་ཉིད་དུ་གནས། །ཞེས་པ་ནི་ཆགས་ལམ་དང་གྲོལ་ལམ་ལ་ནི་ཞི་གནས་ཡིན་ལ། དེ་གཉིས་ཀ་ཡང་མཐར་སྟོང་ཉིད་བསྒོམ་པའོ། །བརྟག་པ་དྲུག་པའི་རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།། །།

བརྟག་པ་དྲུག་པའི་རབ་ཏུ་བྱེད་པ་བཞི་པ། དྲོད་དང་བྱང་ཆུབ་སེམས་བསྡམ་པ་བསྟན་པ།


DTG008_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་རིམ་པ་བཤད་ནས། ད་ནི་སྲིད་པ་འབྱུང་བའི་རིམ་པ་དང་དབུགས་འབྱུང་བཤད་པར་བྱ་སྟེ། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་གསུངས་ཏེ། བསྡུས་པའི་དོན་ནི་གསུམ་ཡིན་ཏེ། འཁོར་ལོ་བཞིའི་རིམ་པ་དང༌། རྣམ་པར་དག་པ་ལྷ་ཇི་ལྟར་འབྱུང་བའི་རིམ་པ་དང༌། ཡུལ་ལ་སོགས་པ་མཁའ་འགྲོ་མཱ་རིམ་པ་དང༌། བདེ་མཆོག་གི་མཚན་ཉིད་བཤད་དུ་གསོལ་ཞེས་དྲིས་པའོ། །ལན་དུ་བཀའ་སྩལ་པ་ནི། མཁའ་འགྲོ་མ་ཡི་ལུས་དབུས་སུ། །ཞེས་སྨོས་ཏེ། རྣལ་འབྱོར་པའི་ལུས་ལ་ཡི་གེ་ཨས་མཚོན་པའི་སྡོམ་པ་ནི་བདེ་མཆོག་སྟེ། བདེ་བ་དེའི་གནས་ཀྱི་ཕྱིར་རོལ་གྱི་དབུས་ཉེར་བཞིར་ཇི་ལྟ་བ་བཞིན་དུ་ནང་དུ་ལུས་ལ་གནས་ཉེར་བཞིར་བདེ་བ་རབ་ཏུ་གསལ་བར་བྱས་ན་ཕུང་པོ་དང་ཁམས་དང་སྐྱེས་མཆེད་ཐམས་ཅད་བདེ་བ་སྟོང་པ་སྙིད་ཀྱི་རང་བཞིན་དུ་བྱའོ། །དེ་གང་ལས་ཤེས་པར་བྱ་ཞེ་ན། ཕྱག་རྒྱ་ཆེན་པོ་ལས་ཏེ། གསང་བ་འདི་ནི་སྙོམས་འཇུག་པ། །ཞེས་བྱ་བ་སྟེ། བདག་བྱིན་གྱིས་བརླབ་པའི་རིམ་པས་སྟོང་པ་ཉིད་མངོན་སུམ་དུ་ཤེས་པས། ཕྱི་རོལ་སྟོང་པ་མ་གཏོགས་སོ། །ཞེས་བྱའོ། །དེ་ལྟར་མདོར་


DTG008_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། རྒྱས་པར་བཤད་པ་ནི། སྐུ་གསུམ་འཁོར་ལོ་གསུམ་གཟུགས་སུ། །ཞེས་བྱ་བ་སྨོས་ཏེ། བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་སྐུ་ཡིན་ལ། ལྐོག་མ་ལྟེ་བ་སྙིང་ག་ནི་སྐུ་གསུམ་ཡིན་ནོ། །མ་དག་པའི་ལས་ལ་ཅིའི་ཕྱིར་གཞན་ཞེ་ན། བདག་བྱིན་གྱིས་རློབ་པའི་རྣལ་འབྱོར་པས་དབང་བཞི་པའི་མཚོན་བྱེད་ཀྱི་ལུས་ཀྱི་མཚོན་བྱ་རྟོགས་པའི་རྩ་གང་ལ་སེམས་ཅན་མ་ལུས་མ་སྐྱེས་པས་ན་སྤྲུལ་སྐུ་ཞེས་བྱའོ། །ཆོས་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་སེམས་ཀྱི་རང་བཞིན་ཡིན་པས་ཆོས་ཀྱི་འཁོར་ལོའོ། །རོ་དྲུག་མྱོང་བས་ལོངས་སྤྱོད་དོ། །བདེ་བའི་རྟེན་ལུས་ཟུངས་གནས་པས་བདེ་ཆེན་ནོ། །འབྲས་བུ་བཞི་དང་བདེ་བ་ཡང་དེ་ཉིད་དོ། །དེ་ནི་གཉིས་སུ་ཤེས་པར་བྱ་སྟེ། ཡང་དག་གི་ཀུན་རྫོབ་ལུས་ཀྱི་རང་བཞིན་ལས་སྐུ་བཞི་དང་འབྲས་བུ་བཞི་དང་བདེ་བ་ཞི་དང་འཁོར་ལོ་བཞི་ལ་བརྡར་བཏགས་ནས་བསྟན་པས་གཞན་ནི་དྲང་བའི་དོན་ཡིན་ནོ། །འདི་ནི་ངེས་པའི་དོན་ཡིན་ནོ། །ཞེས་བསྟན་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་ངེས་པར་འབྱིན་པའི་ལམ་ཡིན་ལ་འདི་ཟག་བཅས་དང་ཟག་མེད་མངོན་སུམ་དུ་སྐྱེས་བས་ངེས་པར་འབྱིན་བའི་ལམ་མཆོག་ཡིན་པར་བསྟན་ཏོ། །རྣམ་པ་གཅིག་ཏུ་ནམ་དག་པའི་ལུས་ཡིན་པས་དབང་བཞི་བ་ཐོབ་པས་སྐུ་བཞི་ལ་སོགས་པ་སེམས་འདོ་གསལ་བའི་རང་བཞིན་དུ་འགལ་བ་མེད་དོ། །དེས་ན་ངེས་པར་འབྱིན་བའི་བདེ་བ་ནི། ལུས་སུ་གསུངས་ལ་དེ་ལ་ངེས་བར་འབྱུང་བའི་འབྲས་བུ་སེམས་ཀྱི་སྐུར་གསུངས་པའོ། །དེས་ན་འདི་ནི་བསྐྱེད་པའི་རིམ་པ་ཡིན་ཞིང་རྣམ་པ་དག་པའི་ལྷ་འབྱུང་བ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་གཏོགས་པས་རྣམ་པར་དག་པའི་ལྷ་ཇི་ལྟར་རྟོགས་ཤེ་ན། དབང་བཞི་པ་ཐོབ་པ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་མངོན་སུམ་དུ་རྟོགས་བས་གདོད་མ་ནས་འགྲོ་བ་རྣམས་སྤྲུལ་པའི་སྐུ་ཡིན་པར་ཤེས་སོ། །དེ་ཡང་ཇི་ལྟར་ཤེས་ཤེ་ན། འདོད་མ་ནས་རང་བཞིན་གྱིས་དགེ་སློང་ཡིན་ཏེ། རྣམ་པར་དག་པའི་སྡེ་པ་ནི་ལུས་པོའི་ལྟོ་བ་ནི་གཙུག་ལག་ཁང་ངོ༌། །རྟོག་པ་མེད་པས་མངལ་ལས་བྱུང་བ་ལ་ནི་འདོད་ཆགས་དང་བྲལ་བའོ། །མ་བཅོས་པས་ན་ཤ་མ་ནི་ཆོས་གོས་སོ། །


DTG008_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པར་བྱེད་པས་ན་མ་ནི་མཁན་པོའོ། །རྣམ་རྟོག་གིས་མ་བསླངས་པས་ཐལ་མོ་སྦྱར་བ་ནི་འདུད་པའོ། །རྟོག་པས་བསླང་བ་མེད་པར་འགྲོ་བའི་བྱ་བ་སྐལ་བ་མཉམ་པ་རྣམས་དང་མཐུན་པས་ཁྲིམས་ཀྱི་གནས་པའོ། །རྟོག་པས་མ་བསླང་བའི་སྔགས་ཨ་ཧཾ་ཟློས་པས་སྔགས་སོ། །སྐྲ་དང་ཁ་སྤུ་བྲེག་གོ་སྙམ་པའི་ཀུན་ནས་སློང་བ་མེད་པས་ནི་དགེ་སློང་ངོ༌། །དེ་ལྟར་རྟོག་བ་མེད་པའི་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བའི་སེམས་ཅན་འདི་དག་ནི་སངས་རྒྱས་ཉིད་དུ་ཐེ་ཚོ་མ་མེད་དོ། །དེ་ཡང་གསངས་བ་འདུས་པ་ལས། །ཡེ་ཤེས་ལྔ་ཡི་རང་བཞིན་ལུས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །ཅེས་གསུངས་སོ། །ཇི་ལྟར་སངས་རྒྱས་ཡིན་ཞེ་ན། སེམས་འོད་གསལ་བའི་སྣང་བ་ལ་རྟོག་པ་མེད་པས་དམིགས་པ་དེའི་ཚེའི། །དེ་ལྟར་ཟླ་བ་བཅུ་ནི་ས་བཅུ་ཡིན་ལ། །སེམས་ཅན་ནི་ས་བཅུའི་དབང་ཕྱུག་ཡིན་ནོ། །དུས་ནམ་གྱི་ཚེ་རྟོགས་ཤེ་ན། བཙུན་མོའི་བྷ་ག་བདེ་ཅན་དུ། །ཁུ་བའི་གཟུགས་ཀྱིས་ཡང་དག་བཞུགས། །ཞེས་བྱ་སྟེ། ཕྱག་རྒྱ་བཞི་དང་མཉམ་པར་སྦྱོར་བའི་དུས་ཀྱི་ཚེའོ། །དེ་ཡང་མཉམ་སྦྱོར་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་མ་གཏོགས་པར་བདེ་བ་མེད། །ཅེས་བྱ་བ་ནི། རྒྱུ་རྐྱེན་གྱིས་ཚོགས་པ་མེད་པར་བདེ་བ་མི་འབྱུང་བའོ། །བདེ་བ་དེ་སྤངས་ན་དེ་ལ་བརྟེན་པའི་ཞི་གནས་ཀྱང་མི་དམིགས་སོ། །དེས་ན་བདེ་བ་མངོན་སུམ་དུ་རྟོགས་པའི་ནུས་པ་མེ་དེ། དེའི་རྒྱུ་རྐྱེན་གྱིས་ཚོགས་པ་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །བདེ་བ་རྟོག་པ་དང་བཅས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔར་ཤེས་སམ་ཞེ་ན། ལྷའི་སྦྱོར་བས་བདེ་བ་ཞེས་སྨོས་ཏེ། བདེ་བ་སྟོང་བ་ཉིད་དུ་རྟོགས་པ་ནི་ལྷའི་སྦྱོར་བའོ། །མཇུག་བསྡུ་བ་ནི། དེ་ཕྱིར་སངས་རྒྱས་དངོས་མེད་ཅིང༌། །ཞེས་བྱ་བས། སྒྲོ་འདོགས་པ་དང་སྐུར་བ་འདེབས་པ་དང་བྲལ་བའོ། །ཞལ་དང་ཕྱག་གཟུགས་རྣམ་པ་སྟེ། །ཞེས་བྱ་བ་ནི། །འོད་གསལ་བའི་རྣམ་པ་གཟུགས་སུ་སྣང་ཡང་ཀུན་བརྟགས་དང་གཞན་དབང་གི་གཟུགས་སུ་ཡོད་པ་མ་ཡིན་ནོ། །དེས་ན་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་བྱ་བ་ཡིན་ནོ། །བདེ་བ་སྟོང་བ་ཉིད་དེས་མཚོན་ནས་འགྲོ་བ་


DTG008_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དོན་གྱིས་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་གནས་པའོ། །དེ་ཡང་ཡེ་ཤེས་སྣང་བའི་རྒྱན་ལས། བདེ་བར་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གློ་བུར་དང་བཅས་པ་དེ་ལྟར་ཡིན་ནམ་ཞེ་ན། སེམས་ཀྱི་རང་བཞིན་རྣམ་དག་པས། །ཞེས་བྱ་བ་སྨོས་ཏེ། འོད་གསལ་བའི་རང་བཞིན་རྟོགས་པའི་ཚེ་མྱ་ངན་ལས་འདས་པའོ། །དེ་ཡང༌། སེམས་ལ་རྣམ་གནས་རྣལ་འབྱོར་པས། །མྱ་ངན་འདས་པ་མི་སྟོན་ཏོ། །ཞེས་གསུངས་སོ། །དེ་ལྟར་ཡིན་ན། ཁམས་གསུམ་དུ་འཁོར་བར་འགྱུར་རོ་ཞེ་ན། དབྱིབས་དང་ཁ་དོག་ལ་སོགས་པ། །འོན་ཀྱང་ཐ་མལ་ཞེས་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། མ་ཤེས་པས་སེམས་ཅན་དུ་འཛིན་པའོ། །རྣམ་པར་རྟོག་པ་དེ་གང་གིས་སྤོང་ཞེ་ན། ལྷ་ཡི་གཟུགས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་སྨོས་ཏེ། ཁ་དོག་དང་དབྱིབས་ལ་ཞེན་པ་དེའི་དོན་དུ་བསྐྱེད་རིམ་བསྒོམ་པའོ། །གང་གི་ཆེད་དུ་བསྟན་ཅེ་ན། འདི་དག་རྣལ་འབྱོར་མ་རྣམས་ཀྱིས། །བསྟན་པ་བླ་ན་མེད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་མའི་རྒྱུད་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྱད་པར་མེད་པའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་འགྱུར་རོ། །སོ་སོའི་སྐྱེ་བོའི་གནས་སྐབས་ཀྱི་སྟོང་པ་ཉིད་མངོན་སུམ་གྱིས་བསྟན་ནས། དཔའ་བོ་དང་རྣལ་འབྱོར་པ་རྣམས་ངོ་མཚར་སྐྱེས་ནས་བརྒྱལ་བར་བསྟན་པ་ནི་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགྱེས་པའི་རྡོ་རྗེའི་རྒྱུད་དང་སྦྱར་ནས་བདག་མེད་མ་ལ་སོགས་པའི་ལྷ་མོ་རྣམས་ངོ་མཚར་སྐྱེས་ནས་བརྒྱལ་བ་དང༌། གསང་བ་འདུས་པ་དང་སྦྱར་ནས་ལྷ་མོ་ཐམས་ཅད་ནི་སངས་རྒྱས་སྤྱན་ལ་སོགས་པ་བཞིའོ། །སྒྲོལ་མ་འབྱུང་བའི་རྒྱུད་དང་སྦྱར་ནས་སྐུལ་བྱེད་མ་དང་རི་ཁྲོད་ལོ་མ་ཅན་ལ་སོགས་པའོ། །སངས་རྒྱས་མཉམ་སྦྱོར་དང་སྦྱར་ནས། ཨེ་མ་བདེ་བ་ཞེས་བྱ་བ་ལ་སོགས་པ་ཀུན་དུ་བཟང་མོའི་མཚན་གཉིས་པ་ངོ་མཚར་བ་ལ་སོགས་པ་དཀར་མོ་དང་རྐུན་མོ་ལ་སོགས་པའོ། །སོགས་པའི་སྒྲ་སྨོས་པ་ནི་བདེ་མཆོག་དང་སྦྱར་ནས། ཡུམ་རྡོ་རྗེ་ཕག་མོ་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་སྙེད་དང་མཉམ་པའི་རྣལ་འབྱོར་


DTG008_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱེ་བ་ཕྲག་སུམ་ཅུ་རྩ་བདུན་དགའ་བའི་ཏིང་ངེ་འཛིན་སྐྱེས་པས་ན་མཆོག་ཏུའོ། །མཆོག་དགའ་སྐྱེས་པས་ན་ངོ་མཚར་སྐྱེས་པའོ། །ལྷན་ཅིག་སྐྱེ་དགའ་ཡིད་བདེ་བ་སྐྱེས་པས་ན་སྐྲག་ནས་སོ། །རང་བཞིན་བརྒྱད་ཅུ་དང་བྲལ་ནས་གཟུང་འཛིན་གྱི་རྣམ་པར་རྟོག་པ་ནུབ་ཅིང་འོད་གསལ་བར་གྱུར་པས་ན་བརྒྱལ་བར་འགྱུར་བའོ། །དེ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་གངྒའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཇི་ལྟ་བ་བཞིན་རྟོགས་པས་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་སེམས་རང་རིག་འོད་གསལ་བ་མཁྱེན་ནས་ངོ་མཚར་བ་སྐྱེས་པ་མེད་པས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་སྐྲག་པའི་རྣལ་འབྱོར་མའི་ཚོགས་ཐམས་ཅད་བསླང་བར་གསོལ་བ་བཏབ་པ་ཡིན་ནོ། དེ་ནས་བཅོམ་ལྡན་འདས་འབྲས་བུའི་ཧེ་རུ་ཀ་ཐུགས་ཀྱི་ཕྱག་རྒྱ་ཀུན་རིག་རྣམ་པར་རྒྱལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཕྱུང་བས་རྣལ་འབྱོར་མ་ཐམས་ཅད་བསླང་བ་ཡིན་ནོ། །དེ་ལ་ཀུན་རིག་ནི་སྣང་བ་དང་བཅས་པའི་རྣམ་པ་ཐམས་ཅད་མཁྱེན་པའོ། །རྡོ་རྗེ་ནི་སྣང་བ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པའོ། །རྣམ་པར་རྒྱལ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་སངས་རྒྱས་ཡིན་པར་སྟོན་པར་བཞེད་ནས་བསླང་བ་ཡིན་ནོ། །དེ་བཀའ་སྩལ་པ་ནི། སེམས་ཅན་སངས་རྒྱས་ཡིན་མོད་ཀྱང༌། །འོན་ཀྱང་གློ་བུར་སྒྲིབ་པས་བསྒྲིབས། ཞེས་བྱ་བ་ནི། སེམས་རང་རིག་པ་འོད་གསལ་བ་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུ་ལ་དགོངས་པ་ཡིན་ནོ། །དེ་སྤངས་པ་ནི་སངས་རྒྱས་ཉིད། །ཅེས་བྱ་བ་ནི་རྗེས་སུ་དཔག་པའི་ལམ་གྱི་སྒོ་ནས་བསྐལ་པ་གྲངས་མེད་པ་གསུམ་གྱིས་གློ་བུར་གྱི་དྲི་མ་དག་ནས་སངས་རྒྱས་ཉིད་དུ་འགྱུར་བའམ། མངོན་སུམ་གྱི་ལམ་གྱིས་ཕྱག་རྒྱ་བཞིའི་སྒོ་ནས་རྒྱུ་རྐྱེན་གྱི་ཚོགས་པ་མེ་ལོང་གི་གཟུགས་བརྙན་མཐོང་བ་བཞིན་དུ་ཚེ་གཅིག་གིས་སངས་རྒྱས་ཐོབ་པར་འགྱུར་བ་ཡིན་པ་དེ་བས་ན། སེམས་ཅན་འདི་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ། །འཇིག་རྟེན་


DTG008_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེམས་འོད་གསལ་བ་དེ་ཁོ་ན་ཉིད་མངོན་སུམ་དང་རྗེས་སུ་དཔག་པའི་ལམ་གྱིས་མ་ཤེས་པ་གང་དག་དངོས་པོ་ལ་མངོན་པར་ཞེན་པའི་དུག་ཟོས་ནས་ཁམས་གསུམ་གྱི་འཁོར་བར་བརྒྱལ་བར་གྱུར་པ་ཡིན་ནོ། །དངོས་པོའི་རང་བཞིན་དེ་ལྟ་བུའི་མི་ཤེས་པའི་ལྷ་མོ་རྣམས་དང་དོན་དེས་བརྒྱལ་བ་ཡིན་ནོ། །དེ་ཉིད་ཤེས་པས་སྤོང་འགྱུར་ལྟར། །ཞེས་བྱ་བ་ནི། དུག་ཟོས་ནས་བརྒྱལ་བར་གྱུར་པ་ལས་དུག་གི་རང་བཞིན་ཤེས་པས་སྨན་དུ་གྱུར་བ་ལྟར། དངོས་པོ་ལ་མངོན་བར་ཞེན་པའི་གཏི་མུག་སྤངས་ནས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལྟར་དངོས་པོའི་གནས་ལུགས་བསྟན་ནས། ཞི་གནས་དབུགས་དབྱུང་གི་ལམ་དང་ལྷག་མཐོང་སྟོང་ཉིད་མངོན་སུམ་དུ་ཤེས་པ་བསྟན་པ་ནི། དུག་གི་དུམ་བུ་གང་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མནྟྲ་དང་ཏནྟྲ་དང་ཡནྟྲའི་ཐབས་དང་བྲལ་བའི་དུག་ཟོས་པས་སྐྱེ་བོ་ཐམས་ཅད་འཆི་བར་འགྱུར་རོ། །དུག་གི་དེ་ཉིད་ཤེས་པ་ཡིས། །ཞེས་པ་ནི། མནྟྲ་སྔགས་དང་ཏནྟྲ་སྣ་བུག་གཡོན་པའི་རླུང་དང༌། སྲིན་ལག་གཡོན་པའི་ཚིགས་ཀྱིས་རེག་པ་དང༌། ཡནྟྲ་སྨན་རྩི་མ་གི་ལ་སོགས་པས་དུག་ཟོས་ན། དུག་གི་ནད་སེལ་བར་འགྱུར་བས་ན། དུག་གིས་དུག་ནི་ཟད་པར་འགྱུར། །ཞེས་གསུངས་སོ། །སྨན་པ་ལ་གྲགས་པའི་དཔེ་བསྟན་ནས། འཇིག་རྟེན་པ་ལ་གྲགས་པའི་དཔེ་བསྟན་པ་ནི། ཇི་ལྟར་རླུང་ནད་ལྡན་པ་ལ། །སྲན་མ་བཟའ་བ་སྦྱིན་པེར་བྱ། །ཞེས་གསུངས་སོ། །འབྱུང་བ་རླུང་གི་ཤས་ཆེ་བ་ལས་སྲང་ལ་བསྒར་ན་ཡང་བའི་སྲན་མས་རླུང་ནད་འཇོམས་པ་བཞིན་དུ་ཁམས་གསུམ་འཁོར་བའི་སྲིད་པའི་འདོད་ཆགས་དང༌། ཞེ་སྡང་ལ་སོགས་པའི་དེ་ཁོ་ན་ཉིད་ཤེས་པའི་སྲིད་པ་ཉིད་ཀྱིས་སྦྱོང་བ་ནི་རང་བཞིན་བརྒྱད་ཅུའི་རྟོག་པ་དང་བྲལ་བ་ཡང་དག་པའི་རྟོག་པའོ། །དེ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལས་ཡང་དག་པར་ཞེན་པས་ཁམས་གསུམ་འཁོར་བར་སྐྱེ་ལ། དེ་ཉིད་ལ་རྟོག་པ་མེད་པར་ངེས་པས་ནི་མི་གཡོ་བའི་ལས་བསམ་གཏན་གྱི་ཏིང་ངེ་འཛིན་སྐྱེ་ལ། འདོད་ཆགས་ལ་སོགས་པའི་སྟོང་པ་ཉིད་རྟོགས་པས་ཟག་པ་མེད་པའི་སྡོམ་པས་དང་པོའི་ཡེ་ཤེས་སུ་འགྱུར་བ་


DTG008_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་སྐད་དུ་ཡང་དཔལ་མཆོག་དང་པོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །མི་མཉམ་བསྟན་པས་དུག་ཡིན་ལ། །ཆོས་ཉིད་རྟོགས་པས་བརྟེན་གྱུར་ན། །བདུད་རྩི་ཉིད་དུ་འགྱུར་བ་ཡིན། །ཞེས་གསུངས་སོ། །མཁྱུད་སྤྱད་ཀྱི་བསྟན་བཅོས་ཀྱི་དཔེ་བསྟན་པ་ནི། ཇི་ལྟར་རྣ་བར་ཆུ་ཞུགས་པ། །སླར་བླུགས་པ་ཡིས་འབྱུང་བར་འགྱུར། །དེ་བཞིན་དངོས་པོར་རྟོགས་པ་ཡང༌། །དེ་ཉིད་ཚུལ་གྱིས་འདག་པར་འགྱུར། །ཞེས་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་ཕྱི་ནང་གི་དངོས་པོའི་ཆོས་ཉིད་ཤེས་པས་སོ། །མཁྱུད་སྤྱད་ཀྱི་དཔེ་གཉིས་པ་བསྟན་པ་ནི། མི་ཡིས་ཚིག་པར་གྱུར་པ་ལ། །སླར་ཡང་མེས་བསྲོས་པས་ཕན་པར་འགྱུར་བ་དེ་བཞིན་དུ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་མེས་ཚིག་ན། འདོད་ཆགས་ཆེན་པོས་ཁམས་གསུམ་པ་ལ་ཆགས་པ་དང༌། ཞེ་སྡང་ཆེན་པོས་ཁམས་གསུམ་ལ་ཆགས་པ་དང་བྲལ་བ་དང༌། གཏི་མུག་ཆེན་པོས་བདག་དང་གཞན་པ་རྗེ་བ་ནི་ཞི་གནས་དབུགས་དབྱུང་བའི་ལམ་དང༌། ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་འདོད་ཆགས་ལ་སོགས་པའི་ཆོས་ཉིད་ཤེས་པས་ཉེས་པ་དང་བྲལ་བར་འགྱུར་རོ། །དེ་ལྟར་མཚན་ཉིད་བཤད་ནས་ད་ནི་དོན་བཤད་པ་ནི། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་བཅིངས་འགྱུར་བ། །ཞེས་བྱ་བ་གསུངས་ཏེ། ཁམས་གསུམ་པ་ཡི་སྐྱེ་བོ་སྒྲོ་འདོགས་པ་དང༌། སྐུར་འདེབས་ཀྱི་ལྟ་བ་མི་བཟད་པས་ཀུན་ནས་བསླང་བའི་ལས་དགེ་བ་བཅུ་དང་མི་དགེ་བ་བཅུ་ལ་སོགས་པ་གང་དང་གང་གིས་མཐོ་རིས་དང་ངན་སོང་དུ་འགྱུར་བ་དེ་ལ། ཞི་གནས་དབུགས་དབྱུང་གི་ལམ་གྱིས་ཤེས་པ་རྟོག་པ་མེད་པ་སྐྱེས་པ་དང༌། ལྷག་མཐོང་གི་དགེ་བ་དང་མི་དགེ་བའི་དེ་ཁོ་ན་ཉིད་ཤེས་ནས་ཞི་གནས་དང་ལྷག་མཐོང་གི་ཐབས་དང་བཅས་ན། དགེ་བ་དང་མི་དགེ་བའི་དེ་ཉིད་ལ་སྟོང་བ་ཉིད་ཀྱི་གསེང་བརྟོལ་ནས་སྲིད་པའི་འཆིང་པ་ལས་གྲོལ་བར་འགྱུར་རོ། །སྐྱེ་བོ་འདོད་ཆགས་ཀྱིས་བཅིངས་ཏེ། །འདོད་ཆགས་ཉིད་ཀྱིས་གྲོལ་བར་འགྱུར། །ཞེས་བྱ་བ་ནི། དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགའ་ལ་རྣམ་པར་རྟོག་པ་སུམ་ཅུ་རྩ་གསུམ་


DTG008_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཞི་བཅུ་དང་བདུན་ནོ། །འདོད་ཆགས་ཀྱི་རྣམ་པར་རྟོག་པ་དང་བཅས་པས་འཆིང་བ་ཡིན་ལ། འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ཤེས་ན་སེམས་སྣང་བ་གསུམ་འོད་གསལ་བར་གྱུར་པས་ན་གྲོལ་བར་འགྱུར་བ་ཉིད་དོ། །དེའི་མཇུག་བསྡུ་བ་བསྟན་པ་ནི། སླར་བཟློག་པ་ཡི་བསྒོམ་པ་འདི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་རྒྱུན་ཕྱོགས་སུ་བྱུང་བ་ལས་དེའི་ཆོས་ཉིད་རྟོག་པས་འཁོར་བ་ལས་བཟློག་པའོ། །བསྒོམ་པ་འདི་ནང་གི་མུ་སྟེགས་ཅན་དེ་སྡེ་སྣོད་གསུམ་ལ་སྤྱོད་པ་ཅན་གྱིས་རྟོགས་པ་མ་ཡིན་ནོ། །དེ་ལྟར་རྣམ་པར་དག་པའི་ལྷ་འབྱུང་བ་བསྟན་ནས། ཕྱག་རྒྱའི་མཚན་ཉིད་བསྟན་པ་ནི། དགའ་ཆེན་གཅིག་གི་བདག་ཉིད་ལ། །འབྱུང་བ་ལྔ་ཡི་བདག་ཉིད་ཕྱི། །ཞེས་བྱ་བ་གསུངས་ཏེ། དགའ་ཆེན་གཅིག་ནི་སེམས་རང་རིག་འོད་གསལ་ལོ། །འབྱུང་བ་ལྔའི་བ་ངག་གཉིད་ལ་བརྟེན་ནས་ལུས་ཀྱི་མངོན་སུམ་གྱིས་ཤེས་པའི་བྱེ་བྲག་ལྔར་འགྱུར་རོ། །དེ་ཡང་ཇི་ལྟར་རྟོག་པ་མེད་པའི་ཤེས་པ་ལ་རྟོགས་ཤེ་ན། རྡོ་རྗེ་པདྨ་འདུས་པ་ལས། །ཞེས་བྱ་བ་གསུངས་ཏེ། ལྟེ་བ་སྤྲུལ་བའི་འཁོར་ལོའི་སའི་རྩ་དང་ཕྲད་པ་ལས་ཕྲ་བའོ། །ཕྲ་བའི་ཆོས་ཉིད་ཤེས་ན་གཏི་མུག་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་འགྱུར་རོ། །ཆུའི་ཁམས་དང་རེག་པའི་མཚན་ཉིད་ཤེས་ན་ཞེ་སྡང་ཆེན་པོ་མི་བསྐྱོད་པའི་རང་བཞིན་དུ་འགྱུར་རོ། །དྲོ་བའི་རེག་པའི་ཆོས་ཉིད་ཤེས་ན་འདོད་ཆགས་མགོན་པོ་འོད་དཔག་མེད་ཀྱི་རང་བཞིན་དུ་འགྱུར་རོ། །པདྨའི་ནང་དུ་རྒྱུ་བའི་རླུང་གི་ཆོས་ཉིད་ཤེས་ན་ཕྲག་དོག་ཆེན་པོ་དོན་ཡོད་གྲུབ་པའི་རང་བཞིན་དུ་འགྱུར་རོ། །བདེ་བ་ཆེན་པོ་ནམ་མཁའི་རང་བཞིན་གྱི་ཆོས་ཉིད་རྟོགས་ན་ནམ་མཁའ་ལས་བྱུང་བ་སེར་སྣ་ཆེན་པོ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་འགྱུར་རོ། །དེ་ཡང་མཉམ་སྦྱོར་ལས། སྣང་བ་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་རྟོགས་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་རྣམ་པ་ལྔར་ཤེས་བྱ། །ཞེས་བྱ་བ་ནི། འབྱུང་བ་ལྔའི་ཆོས་ཉིད་ཤེས་པས་རིགས་ལྔའི་རང་བཞིན་དུ་འགྱུར་བ་དེ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པའི་ཆོས་ཉིད་ཀྱི་དབྱེ་བ་རྟོགས་པ་


DTG008_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགོངས་ནས། དེ་ལས་སྟོང་ཕྲག་དུ་མ་འབྱུང༌། །ཞེས་གསུངས་སོ། །དེ་ལ་མཇུག་སྡུད་པ་ནི། དེ་ཕྱིར་མཆོག་ཏུ་རྒྱས་པ་ཡིན། །བདེ་ཆེན་བྱ་བ་གཅིག་པུ་ཉིད། །ཅེས་བྱ་བ་གསུངས་ཏེ། སེམས་འོད་གསལ་བ་བདེ་བ་ཆེན་པོའོ། །གཅིག་པུ་ཡིན་ཡང་འདོད་ཆགས་ལ་སོགས་པའི་སེམས་ལྔའི་བྱེ་བྲག་གིས་རྣམ་པ་ལྔར་དབྱེ་བ་དང༌། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པའི་རིགས་གཅིག་ཡིན་ཡང་རིགས་བརྒྱ་དང་རིགས་འབུམ་དང་རིགས་བྱེ་བར་འགྱུར་བ་ནི་གློ་བུར་གྱི་ཡེ་ཤེས་ལ་བརྟེན་ནས་དམིགས་པའི་ཡུལ་གྱི་བྱེ་བྲག་གིས་གྲངས་མེད་པར་འགྱུར་བ་ཡིན་ནོ། །རྒྱུ་མཚན་དེ་ལྟར་ན་རིགས་གྲངས་མེད་པ་རྣམས་ཀྱང་མཆོག་ཏུ་དགའ་བ་འོད་གསལ་བའི་རིགས་ལས་བྱུང་བ་ཡིན་ནོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། །ཀླུང་ནི་དང་བར་གྱུར་པ་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་སྟོང་གསལ་རང་བཞིན་ལས། སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །ཞེས་གསུངས་སོ། །འདིར་གསལ་བ་ཞེས་བྱ་བ་ནི་འདོད་གསལ་བ་རང་བཞིན་གཅིག་ན། རིགས་རྣམས་དུ་མར་ཇི་ལྟར་འགྱུར་སྙམ་དུ་བསམས་ནས། ཤིན་ཏུ་ཕྲ་ཞིང་བསྡུས་པ་འོད་གསལ་བ་ལས་དེ་སྙེད་ཀྱི་རང་བཞིན་འབྱུང་བ་ཅི་ལགས་ཞེས་ཞུས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། ཇི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །རྡུལ་ཕྲ་རབ་གཅིག་གི་སྟེང་ན་སངས་རྒྱས་ཀྱི་ཞིང་ཁམས་དུ་མར་གནས་པ་ཕན་ཚུན་འབྱེར་བ་དང་དོག་པར་ཡང་མི་འགྱུར་བ་ལྟ་བུ་དང༌། སངས་རྒྱས་ཕལ་པོ་ཆེ་ལས་ཀྱང༌། །ཆོས་ཀྱི་དབྱིངས་ལ་བཞེངས་པ་མི་མངའ་ཡང༌། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །ཞེས་འབྱུང་བ་བཞིན་དུ། འདིར་སེམས་རང་རིག་འོད་གསལ་བ་གཅིག་པ་ཡིན་ཡང༌། ཁ་ཅིག་གིས་གཟུགས་བརྙན་ལས་ཆོས་ཉིད་སྟོང་པ་ཉིད་ཤེས་པའི་རིགས་དང༌། ཁ་ཅིག་གིས་སྒྲ་བརྙན་ལས། ཁ་ཅིག་གིས་དྲི་བརྙན་ལས། ཁ་ཅིག་གིས་རོ་བརྙན་དང༌། ཁ་ཅིག་གིས་རེག་བྱ་བརྙན་མ་ལས་ཆོས་ཉིད་རྟོགས་པ་དང༌། ཁ་ཅིག་གིས་འདོད་ཆགས་ཞེ་སྡང་གཏི་མུག་ལས་རྟོགས་པ་དང༌། ཁ་ཅིག་གིས་ས་ཆུ་མེ་རླུང་ནམ་མཁའ་


DTG008_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྱུང་བ་ལྔའི་རླུང་ལས་རྟོགས་པའོ། །ཆོས་ཉིད་རྟོགས་པའི་རིགས་མཐའ་ཡས་བ་དེ་དག་ཀྱང་ཡུལ་ཕྱག་རྒྱ་བཞིའི་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་སྐྱེས་པ་ཡིན་ནོ། །དེ་ལྟར་ཡུལ་གྱི་མཚན་ཉིད་བཤད་ནས། དོན་གྱི་ཁ་སྦྱོར་གྱི་མཚན་ཉིད་བཤད་པ་ནི། ཁ་སྦྱོར་ལས་བྱུང་མཚན་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་སྦྱོར་ནི་ཐབས་བཞི་དང༌། ཕྱག་རྒྱ་བཞི་མཉམ་པར་སྦྱོར་བའི་མཚན་ཉིད་དོ། །འབྱུང་བ་ལ་ནི་རྣམ་ཤེས་དང་ཡེ་ཤེས་སོ། །མཚན་ཉིད་ནི་རང་བཞིན་བརྒྱད་ཅུ་དང་བྲལ་པ་བདེ་བ་སྟོང་བ་ཉིད་མངོན་སུམ་གྱིས་རྟོགས་པའོ། །དེ་བཤད་པར་བཞེད་ནས། ལྷ་མོ་ལ་བོས་ཏེ་མངོན་སུམ་གྱིས་མཉན་པར་གྱིས་ཞེས་གསུངས་པ་ཡིན་ནོ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པའི་དོན་གསུངས་པར་བཞེད་ནས། གསང་བ་ས་ཡི་ཁམས་ཞེས་བྱ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཡི་གེའི་དོན་དུ་གླེང་གཞི་ཕུན་སུམ་ཚོགས་པ་ལྔའི་ཡང༌། བཅོམ་ལྡན་འདས་ཉིད་ཀྱིས་གླེང་གཞི་གསུངས་པའི་དགོངས་པ་ནི་ལས་ཀྱི་ཕྱག་རྒྱ་འམ། དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་ནས། །ས་དང་པོའི་ཡེ་ཤེས་མངོན་སུམ་དུ་རྟོགས་པ་གསུངས་པ་ཡིན་ནོ། །ལས་ཀྱི་ཕྱག་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་ལྟེབ་སྤྲུལ་པའི་འཁོར་ལོའི་དབུས་ནས་དང་ཆུ་དང་མེ་དང་རླུང་གི་རྩ་གནས་པའི་དབུས་ན་ཨ་ཝ་དྷཱུ་ཏཱི་ནམ་མཁའི་རྩ་གནས་པ་དེ་ལ་རེག་ན་རྟོག་མེད་ཀྱི་ཤེས་པ་སྐྱེ་བས་རྟག་ཏུ་བཞུགས་ཞེས་གསུངས་པ་ཡིན་ནོ། །ཡང་ན་གསང་བ་མེ་ལོང་ལྟ་བུ་དང༌། མཆོག་མཉམ་པ་ཉིད་དང༌། དགྱེས་པ་སོ་སོར་རྟོག་པ་དང༌། ཐམས་ཅད་བདག་ཉིད་བྱ་བ་ནན་ཏན་གྱི་བདག་ཉིད་དང༌། རྟག་ཏུ་བཞུགས་པའི་ཚེ་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་རྟོགས་པ་ཡིན་ནོ། །ཡང་ཆོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གཟུགས་རྣམ་པར་སྣང་མཛད། སྒྲ་རིན་ཆེན་འབྱུང་ལྡན། དྲི་འོད་དཔག་མེད། རོ་དོན་ཡོད་གྲུབ་པ་དང༌། རེག་བྱ་རྡོ་རྗེ་སེམས་དཔའི་རང་བཞིན་ལས། །སྟོང་ཉིད་རྟོགས་པས་རྟག་ཏུ་བཞུགས། །ཞེས་བྱའོ། །ཡང་ན་གསང་བའི་དབང་བསྐུར་ལ་བདུད་རྩི་ལྔའི་རོ་ལས་སྟོང་བ་ཉིད་རྟོགས་པ་


DTG008_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བདུད་རྩི་ལྔ་དངོས་བསྡུས་པའི་ཐིག་ལེའི་གཟུགས་ནི་དཔེ་མེད་པ་ལྟར་གསུངས་སོ། །དེ་ལྟར་ན་གསང་བ་མཆོག་གེ་དགྱེས་པ་ན་གནས་སྟོན་པ་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་རྟོགས་པའི་ཡུལ་ཕྱག་རྒྱ་བཞི་ཡིན་ནོ་ཞེས་དགོངས་ནས། ཤིན་ཏུ་རྣམ་དག་ཡེ་ཤེས་ཏེ། །ལྷ་མོ་ཐམས་ཅད་ཀྱི་ནི་གཟུགས། །ཞེས་གསུངས་ཏེ། རྟག་ཏུ་བཞུགས་པ་དེ་གང་ཡིན་སྙམ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ། །མཆོག་ཏུ་བདེ་བ་ཡང་དག་བརྗོད། །ཅེས་གསུངས་ཏེ། རྣམ་པ་ཐམས་ཅད་ཀྱི་སྟོང་ཉིད་རྟོགས་པའི་ཡེ་ཤེས་སོ། །དེ་གློ་བུར་གྱི་ཡེ་ཤེས་ཡིན་ནོ་ཞེ་ན། རང་བྱུང་གི་ནི་རང་བཞིན་གྱི། །ཆོས་ཀྱི་སྐུ་ཞེས་བྱ་བར་གྲགས། །ཞེས་བྱ་བ་གསུངས་ཏེ། འོད་གསལ་བའི་རྒྱུ་ལས་བྱུང་བ་དོན་གྱི་ལྷན་ཅིག་སྐྱེས་པ་ནི་ཆོས་སྐུ་ཡིན་པར་ཤེས་པར་བྱའོ། །དེ་ཐབས་གང་གིས་ཤེས་པར་བྱ་ཞེ་ན། དེ་ནི་ཤེས་རབ་ལྷན་སྐྱེས་གནས། །ཞེས་བྱ་བ་སྨོས་ཏེ། དམ་ཚིག་གི་ཕྱག་རྒྱ་རླུང་མེའི་དྲོད་ཅན་ནི་ཤེས་རབ་ལྷན་ཅིག་སྐྱེས་པ་ཡིན་ལ། དེ་དབུགས་འབྱུང་རྔུབ་ཀྱི་ལས་ཀྱི་རླུང་གིས་བསྐྱོད་པས་མགོ་བོ་ནམ་མཁའི་དཀྱིལ་འཁོར་དེར་འགྲོ་བ་གཏུ་མ་མོ་དྲོད་ཀྱི་གཟུགས་ཅན་ནི་རྣམ་པར་རྟོག་པ་འཇོམས་པས་ན་བདག་མེད་མ་ཞེས་བྱ་བའོ། །ཝ་སན་ཏི་ལ་ཀ་ཞེས་བརྗོད། །ཞེས་བྱ་བ་ནི། ཝ་སནྟ་ནི་ལུས་བདེ་བ་སྐྱེས་པའི་རྟེན་ས་བོན་ཡིན་ལ། ཏི་ལ་ཀ་ནི་རླུང་མེའི་དྲོད་ཅན་ཡིན་ཏེ། ལུས་བདེ་བ་བསྐྱེད་པའི་རྟེན་ཡིན་ནོ། །ཨ་ཝ་དྷཱུ་ཏཱི་ནས་འཇུག་པའི་དྲོད་ཀྱི་ཚད་ཇི་ཙམ་ཞ་ན། སྐྲ་རྩེ་བརྒྱ་ཡི་ཚད་ཙམ་སྟེ། །འོད་ཟེར་གློག་སྟོང་འཁྱུག་པ་བཞིན། །ཞེས་བྱ་བ་གསུངས་སོ། །དུས་ནམ་གྱི་ཚེ་ཞེ་ན། ལྷ་ཡི་རྣལ་འབྱོར་དུས་སུ་ནི། །ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ཀྱི་རིམ་པ་བདེ་བ་རྟོགས་པ་མེད་པའི་ལྷའི་དུས་སོ། །བ་སྤུའི་བུ་གའི་མཚམས་རྣམས་སུ། །ཞེས་བྱ་བ་ནི་སྔགས་ཀྱི་རིམ་པ་རླུང་མེའི་དྲོད་ཅན་གྱི་དུས་སུ། ལུས་ཀྱི་ཕྱོགས་བཅུའི་བ་སྦུའི་བུ་གར་ཞུགས་ཏེ། ནང་དུ་འཇུག་པ་ལྷ་དང༌། ཕྱིར་རྒྱུ་བ་ལྷ་མ་ཡིན་གྱི་རླུང་བསྔོམས་ཤིང་བཀག་ནས། སྙིང་གའི་འཁོར་ལོ་དང་ལྐོག་མའི་འཁོར་ལོར་སོང་སྟེ། གཡས་པ་ར་ས་ནཱ་སྣ་བུག་གཡས་


DTG008_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོ་ནས་བྱུང་ནས། ལ་ལ་ནཱ་སྣ་བུག་གཡོན་པའི་སྒོར་ཞུགས་ཏེ། དབུགས་དབྱུང་རྔུབ་གསུམ་གྱི་བར་དུ་སྨིན་མཚམས་ཀྱི་མཛོད་སྤུར་ར་མེ་ཤྭ་རི་ཕྱེ་ནས་ཐབས་ལ་ལན་གསུམ་བསྐོར་བ་བྱས་ནས་ཞེས་བྱ་བ་གསུངས་པ་ཡིན་ནོ། །དང་པོར་ཨ་ཝ་དྷཱུ་ཏཱིར་འཇུག་པ་ནི་སྒྲའི་རྩེ་མོའི་ཚད་ཙམ་དུ་ཕྲ་བས་རྟོགས་པར་དཀའ་བ་དང༌། གཉིས་པ་བ་སྤུའི་བུ་ག་ཁྱབ་པས་དབུགས་འབྱུང་རྔུབ་བཀག་པ་དང༌། གསུམ་པ་གཡས་གཡོན་གྱི་རྩ་ནས་དྲོ་བ་རྒྱུ་བས་དབུགས་འབྱུང་རྔུབ་གསུམ་གྱི་བར་དུ་འོག་ནས་སྨིན་མཚམས་མཛོད་སྤུ་བརྟོལ་ཏེ། ཕྱོགས་བཅུའི་སངས་རྒྱས་སྤྱི་གཙུག་གི་རྩ་སུམ་ཅུ་རྩ་གཉིས་ཤངས་སྒོ་གཡོན་པ་ནི་སྣ་བུག་གཡས་པ་ཧོ་ཏ་ཡ་ཞེས་བྱ་བ་ཡིན་ལ། དེ་ནས་ཞུགས་ནས་སྤྱི་གཙུག་ཛཱ་ལནྡྷ་རའི་འཁོར་ལོ་བསྲེགས་ཏེ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བདེ་བ་བཞུ་ནས་སྔར་གསུངས་པའི་སྤྱི་གཙུག་གི་སྒོ་ནས་སླར་པུ་ལཱི་ར་མ་ལ་ཡའི་དབུས་སུ་ཞུགས་པ་དང༌། རྩ་སུམ་ཅུ་རྩ་གཉིས་གཏུམ་མོ་དྲོད་ཀྱིས་བསྲེགས་པའི་སངས་རྒྱས་དགའ་བ་བསྐྱེད་དེ། ལྐོག་མ་ལོངས་སྤྱོད་ཀྱི་འཁོར་ལོར་ང་ལ་བསོས་ནས་སྙིང་གའི་དམ་ཚིག་གི་འཁོར་ལོ་བསྲེགས་པའི་སངས་རྒྱས་དགའ་བ་བསྐྱེད་ནས། ལྟེ་བ་སྤྲུལ་བའི་འཁོར་ལོའི་གནས་སུ་འོངས་ཏེ། སྔོན་ཁྲག་གི་ཐིག་ལེ་ཇི་ལྟར་གནས་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་གནས་པར་གྱུར་ན་ཡེ་ཤེས་ཀྱི་རིམ་པ་བསམ་གཏན་གྱི་ཏིང་ངེ་འཛིན་མངོན་སུམ་དུ་སྐྱེ་བ་ཡིན་ཏེ། ཕྱག་རྒྱ་བཞི་ལ་བརྟེན་ནས་བདེ་བ་རྟོག་པ་མེད་པའི་ཏིང་ངེ་འཛིན་བསྐྱེད་པའི་དོན་གྱི་ཁ་སྦྱོར་གྱི་མཚན་ཉིད་ཡིན་ནོ། །བརྟག་བ་དྲུག་པའི་རབ་ཏུ་བྱེད་པ་བཞི་པའི་འགྲེལ་བ་རྫོགས་སྟོ།། །།

འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་བསྟན་པ།

བརྟག་པ་བདུན་པའི་རབ་ཏུ་བྱེད་པ་དང་པོ། བཅུད་ཀྱིས་ལེན་དང་ཏནྟྲའི་ཚོགས་བསྟན་པ།


DTG007_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མཆོག་གི་དངོས་གྲུབ་བསྟན་ནས། འཇིག་རྟེན་གྱི་དངོས་གྲུབ་ཀྱི་ཡན་ལག་ངག་གི་བརྡ་དང་ལུས་ཀྱི་བརྡ་དང༌། བཅུད་ཀྱིས་ལེན་སྟོན་པ་ནི། ངག་གི་ཕྱག་རྒྱའི་མཚན་ཉིད་ནི། །བཅོམ་ལྡན་འདས་ལ་ཉན་པར་འཚལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངག་གི་བརྡ་ནི་རྣམ་པ་གསུམ་ཡིན་ཏེ། རྒྱུའི་རྒྱུད་དབང་བསྐུར་བའི་ཚེ་དང༌། ཐབས་ཀྱི་རྒྱུད་ཚོགས་ཀྱི་འཁོར་ལོའི་དུས་དང༌། ཞི་བའི་བཏུང་བ་དང༌། ཕོ་ཉའི་གཙང་སྦྲའི་དུས་དང༌།


DTG008_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་རྒྱུད་བསྐྱེད་རྫོགས་གཉིས་དཀྱིལ་འཁོར་ལ་དངོས་གྲུབ་ལེན་པའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཟག་པ་མེད་པའི་དག་དང༌། ཟག་པ་མེད་པའི་ལུས་ཀྱི་བརྡ་དང༌། ཟག་པ་མེད་པའི་ལྟ་བའི་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་ཀྱི་ཡན་ལག་ཏུ་འགྱུར་བས། བརྡ་དེ་རྣམས་བཅོམ་ལྡན་འདས་ལ་ཉན་པར་འཚལ་བའོ། །དགོངས་པའི་གསུང་ནི་ཇི་ལྟར་བཤད། །ཅེས་པ་ནི་དགྱེས་པ་རྡོ་རྗེ་དང༌། རྡོ་རྗེ་གདན་བཞི་དང༌། དཔལ་བ་དེ་མཆོག་འཁོར་ལོ་དང༌། དགྱེས་པ་རྡོ་རྗེའི་ལྟ་བ་རྣམས་དང༌། མཉམ་སྦྱོར་དང༌། མཁའ་འགྲོ་ལས་གསུངས་པའི་སྨན་རྣམས་དང༌། འཁྲུལ་འཁོར་རྣམས་ཇི་ལྟར་ལགས་པ་བཤད་དུ་གསོལ་ཞེས་པའོ། །ཉན་ཐོས་སོགས་ཀྱིས་མི་རྟོགས་ཤིང༌། །ཞེས་བྱ་བ་ནི། ཉན་ཐོགས་དང་རང་སངས་རྒྱས་དང་འཇིག་རྟེན་པའི་ལྷ་རྣམས་ཀྱིས་ཟག་པ་མེད་པའི་བརྡ་མི་རྟགས་པའོ། །རྣལ་འབྱོར་མ་ཡི་དམ་ཚིག་ཆེ། །ཞེས་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡར་གྱུར་བ་ཟག་པ་མེད་པའི་སྡོམ་པ་ནི་དམ་ཚིག་ཅེས་བྱའོ། །དགོད་པ་དང་ནི་བལྟ་བ་དང༌། །འཁྱུད་དང་དེ་བཞིན་གཉིས་སྦྱོར་གྱི། །ཞེས་བྱ་བ་ནི། བྱ་བའི་རྒྱུད་དང་སྤྱད་པའི་རྒྱུད་དང་གཉིས་ཀའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་བཞིར་དགོས་པའི་དོན་བཤད་པ་དེ་བཅོམ་ལྡན་འདས་ཀྱིས་ངེས་པར་བཤད་དུ་གསོལ་ཞེས་བཅོམ་ལྡན་འདས་ལ་ངེས་པར་གསོལ་བ་འདེབས་པའོ། །དེ་ལྟར་གསོལ་བ་བཏབ་པས་གླེང་བསླང་བ་བཤད་ནས། ད་ནི་སྐབས་དབྱེ་བ་ཕུན་སུམ་ཚོགས་པ་གསུངས་པ་ནི། དགོངས་པས་བཤད་དང་ཆེར་བཤད་དང༌། །དམ་ཚིག་བརྡ་ནི་རབ་རྒྱས་པ། །ཞེས་བྱ་བ་གསུངས་ཏེ། དགོངས་པས་བཤད་པ་ནི་དག་གི་བརྡ་དང་ལུས་ཀྱི་བརྡའོ། །ཆེར་བཤད་པ་ནི་དགྱེས་པའི་རྡོ་རྗེ་དང༌། རྡོ་རྗེ་གདན་བཞི་ལ་སོགས་པའི་བརྡའི་དོན་རྒྱས་པར་བཤད་པའོ། །དམ་ཚིག་བརྡ་ནི་རབ་རྒྱས་པ། །ཞེས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡར་གྱུར་པའོ། །རྡོ་རྗེ་སྙིང་པོ་ཞེས་བོས་ནས། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡར་གྱུར་བ་དེ་ཐ་མལ་བའི་ཐ་སྙད་དང་སྦྱར་རྣས་ངས་བཤད་


DTG008_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཐོས་པའི་ཤེས་རབ་སེམས་རྩེ་གཅིག་པ་དང་ལྡན་པའི་སེམས་ཀྱིས་མཉན་པར་གྱིས་ཞེས་པའོ། །ཆང་ལ་མ་ད་ནཾ་ཞེས་བྱ་བ་ལ་སོགས་པ་ནས་མ་ལ་ཏི་ན་ནཾ་ཚོད་མའོ་ཞེས་བྱ་བའི་བར་གྱིས་ཚོགས་འཁོར་གྱི་ཡན་ལག་བཤད་པ་ཡིན་ནོ། །ཙ་ཏུར་ས་མ་ནི་བཤད་པའོ་ཞེས་བྱ་བ་ནས་ས་ལི་ཛ་ནི་ཤ་ཆེན་བོའོ་ཞེས་བྱ་བའི་བར་གྱིས་ཞིམ་པའི་བཏུང་བའི་ཡན་ལག་སྟོན་ཏོ། །ཀུན་དུ་ཞེས་བྱ་བ་ནས། ཀཀྐོ་ལ་ནི་པདྨའོ། །ཞེས་བྱ་བའི་བར་གྱིས་ཕོ་ཉའི་གཙང་སྦྲའི་ཡན་ལག་བསྟན་ཏོ། །དེ་ལྟར་དགྱེས་པའི་རྡོ་རྗེའི་བརྡར་བཤད་ནས། ད་ནི་རྡོ་རྗེ་གདན་བཞིའི་བརྡ་བསྟན་པ་ནི་མུ་ཀུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་གདན་གྱི་མཁའ་འགྲོ་མའི་འཁོར་ལོའི་སྐབས་ལས་མུ་ཀུན་ཞེས་བྱ་བ་ངག་གི་བརྡ་དང༌། སོར་མོ་ཁར་འཇུག་པ་ལུས་ཀྱི་བརྡ་ནི་ཤར་གྱི་མཁའ་འགྲོ་མའི་སྟེ། ལག་པ་གཉིས་ཁར་བཅུག་པ་ནི། །ཧ་ཧར་བརྗོད་པ་དེ་བཞིན་འབར། །ཞེས་གསུངས་སོ། །གོ་གྷཱུ་ཞེས་བྱ་བ་ངག་གི་བརྡ་དང༌། ཐལ་མོ་སྤྱི་བོར་སྦྱར་བ་ནི་བྱང་ཕྱོགས་ཀྱི་མར་མེའི་བརྡའོ། །དེ་ཡང་ཐལ་མོའི་སྟེང་དུ་ལག་གཉིས་ཐལ་སྦྱར་མར་མེ་ལྟ་བུར་འབར་ཞེས་གསུངས་སོ། །གོ་གྷཱུ་ཞེས་བྱ་བ་ངག་གི་བརྡ་དང་མཐེ་བོ་འཚིར་བ་ནི་ནུབ་ཕྱོགས་ཀྱི་འཇིགས་བྱེད་མའི་བརྡ་སྟེ། དེ་ཡང༌། ལག་གཉིས་སྙིམ་པ་སྤྱར་བ་ལས། །ཁྲག་གི་རྒྱུན་ནི་འཐུང་བར་མཛད། །ཅེས་གསུངས་སོ། །གྷུ་ཞེས་བྱ་བ་ངག་གི་བརྔ་དང་ལག་གཉིས་རྣ་བར་འགེབས་པ་ནི་ལྷོ་ཕྱོགས་ཀྱི་ཀཾ་པོ་ཛིའི་སྟེ། དེ་ཡང༌། སྡིགས་མཛུབ་དང་ནི་གཏུན་ཤིང་ཐོགས། །སེམས་ཅན་སེམས་རྨོངས་རྣ་བ་འགེབས། །ཞེས་གསུངས་སོ། །ལུ་གུ་ཞེས་བྱ་བ་ངག་གི་བརྡ་དང༌། སོར་མོ་སྣ་རྩེར་འགེབས་པ་ནི་ཡེ་ཤེས་ཀྱི་ལྷ་དགུ་ལ་ཕྱག་འཚལ་བའི་བརྡའོ། །དྷ་སྟ་ཞེས་བྱ་བ་ངག་གི་བརྡ་སྟེ། རི་དགས་ཀྱི་མགོ་བོ་སྟོན་པ་ནི་ཕྱག་འཚལ་བའི་ལན་གྱི་བརྡའོ། །དེ་ལྟར་གདན་བཞིའི་བརྡ་བསྟན་ནས། དཔལ་བདེ་མཆོག་གི་བརྡ་བསྟན་པ་ནི། ད་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྷ་ཞེས་བྱ་བ་ནས། བྷུ་ཞེས་བྱ་བ་འདུས་པ་ཡིན། །ཞེས་བྱ་བའི་


DTG008_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས་དབང་བསྐུར་བའི་བརྡ་བསྟན་པ་ཡིན་ནོ། །པ་ཞེས་བྱ་བ་དུར་ཁྲོད་ཅེས་བྱ་བ་ནས། ཛྷ་ཞེས་བྱ་བ་བྱིན་པ་གཉིས། །ཞེས་བྱ་བའི་བར་གྱིས་དག་བྱེད་ཏིང་དེ་འཛིན་གྱི་བརྡ་བསྟན་ཏོ། །བ་ཞེས་བྱ་བ་དང་རྦ་ཞེས་བྱ་བས་ནི་དཔའ་བོའི་ཚོགས་ཀྱི་འཁོར་ལོའི་ལྷ་མོ་དང༌། བཀས། གནང་བས་མཆོད་པའི་ལྷ་མོ་དང༌། ལོངས་སྤྱོད་ཀྱི་ཡན་ལག་ཀུན་སྤྱོད་མའི་ཐུན་མོང་གི་བརྡ་བཤད་པ་ཡིན་ནོ། །བརྡ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་དག་ཡི་གེ་རེ་རེ་ཞིང༌། །ཞེས་བྱ་བ་སྨོས་ཏེ། དེ་སུ་དག་གི་བརྡ་ཡིན་ཞེ་ན། དཔའ་བོའི་སྲིང་མོའི་བརྡར་ཤེས་བྱ། །ཞེས་བྱ་བ་གསུངས་ཏེ། གནས་གཙང་མའི་རིས་ཀྱི་ལྷའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡའོ། དེ་ད་ལྟར་ལས་དང་པོ་པའི་རྣལ་འབྱོར་པ་ལ་མཁོ་བ་ཅི་ཡོད་ཅེ་ན། ཡི་གེའི་དམ་ཚིག་ཕྱག་རྒྱ་ཤེས། །ཞེས་བྱ་བ་གསུངས་ཏེ། ལས་དང་པོ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཟག་པ་མེད་པའི་ཡི་གེའི་དམ་ཚིག་གི་ཕྱག་རྒྱ་ཤེས་པའོ། །དེ་ལྟར་ཡི་གེ་རེ་རེའི་བརྡ་བཤད་ནས། ད་ནི་དག་གི་བརྡ་བཤད་པར་བཞེད་ནས། རྡོ་རྗེ་སྙིང་པོ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པས་ངག་གི་བརྡ་ཞུས་པ་ཡིན་ནོ། །ངག་གི་བརྡ་རྣམས་མི་འཚལ་ན། །ཞེས་བྱ་བ་ཟག་པ་མེད་པའི་བརྡ་རྣམས་མ་འོངས་པའི་ལས་དང་པོ་པའི་རྣལ་འབྱོར་རྣམས་ཀྱིས་མི་འཚལ་བ་དེ་རྟོགས་པར་བྱེད་པའི་ཕྱིར་བདེ་བ་ཆེན་པོ་དེ་བཤད་དུ་གསོལ་ཞེས་ཞུས་པ་ཡིན་ནོ། །བཀའ་སྩལ་པ་ནི། དེ་དག་ང་ཡིས་མདོར་བསྡུས་ཏེ། །ཞེས་བྱ་བ་ལ་སོགས་པ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ངག་གི་བརྡར་གྱུར་པ། རྒྱུད་འབུམ་པ་ལས་རྒྱ་ཆེར་གསུངས་པ་ཡིན་ཡང་རྣལ་འབྱོར་པ་རྣམས་ལ་ཉེ་བར་མཁོ་བའི་དོན་དུ་མདོར་བསྡུས་ཏེ་བཤད་ཀྱིས་ཐོས་པའི་ཤེས་རབ་ཀྱིས་སེམས་རྩེ་གཅིག་པ་དང་བསམ་པའི་ཤེས་རབ་ཀྱིས་ཉོན་ཅིག་པའོ། །པྲོ་ཏཾ་གི་ཞེས་བྱ་བ་ནས་བརྩམས་ཏེ། ངག་གི་བརྡ་ཡི་གེ་ཤེས་སོ། །ཞེས་བྱ་བའི་བར་གྱིས་དག་གི་བརྡ་བསྟན་ཏེ། ལས་དང་པོ་པ་རྣམས་ཀྱིས་གནས་ཉེར་བཞིར་རྣལ་འབྱོར་པ་རྣམས་ཀྱིས་བརྡ་ཤེས་པར་བྱ་བའི་ཕྱིར་ཉེ་བར་མཚོན་པ་བསྟན་པ་དང༌། བསྐྱེད་རྫོགས་ཀྱི་རྟགས་ཐོབ་ནས་དངོས་གྲུབ་ལེན་པའི་གཙང་སྦྲ་རྣམ་


DTG008_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་དུས་ཀྱི་ཚེ་དངོས་གྲུབ་ཀྱི་ཡན་ལག་ཏུ་འགྱུར་བའི་དག་གི་བརྡའི་ཡེ་ཤེས་ཡིན་ནོ། །དེ་ལྟར་ངག་གི་བརྡ་བསྟན་ནས། ད་ནི་ལུས་ཀྱི་བརྡ་བསྟན་པ་ནི། མཉམ་དང་འདུག་དང་འཕྲལ་བ་དང༌། །ལྟུང་བརྟག་ཏུ་གསུངས་པ་སྟེ། །ཞེས་བྱ་བ་ནི། དངོས་གྲུབ་ལེན་པའི་དུས་སུ་ལྟ་བའི་འཁྲུལ་འཁོར་གྱིས་སྒྲུབ་པ་པོའི་ཡན་ལག་ཏུ་གྱུར་པ་ཡིན་ནོ། །དེ་ལ་དང་པོ་མཉམ་པ་བཤད་པ་ནི། དབང་ལ་གཡོན་ནས་བསྟན་ནས་སུ། །ཞེས་བྱ་བ་གསུངས་ཏེ། དངོས་གྲུབ་ལེན་པའི་ཚེ་ལྷ་འམ་ཕྲིན་ལས་ཀྱི་དུས་སུ་རིགས་རྣམ་པ་བཞི་དབང་དུ་བྱེད་ན། རླུང་གཡོན་དུ་རྒྱུ་བ་ལ་བརྟེན་ནས་མིག་གཉིས་ཀ་སྣའི་སྒོར་བལྟས་པས་དངོས་གྲུབ་སྒྲུབ་པར་བཤད་པ་ཡིན་ནོ། །གཉིས་པ་འགུགས་པ་ནི་གཡས་ཀྱི་རླུང་རྒྱུ་བའི་ཆ་ལ་བརྟེན་ནས་མིག་གཉིས་གྱེན་དུ་ལྟ་བའི་སྦྱོར་བ་བྱ་བ་ཡིན་ནོ། །གསུམ་པ་བཅིང་བ་ལ་ནི་མཉམ་པར་རྒྱུ་བའི་རླུང་ལ་བརྟེན་ནས་མིག་གཉིས་སྣ་གོང་དུ་བལྟས་པའི་སྦྱོར་བ་བྱའོ། །བཞི་པ་བསད་པ་ལ་ནི་དལ་བར་རྒྱུ་བའི་རླུང་ལ་བརྟེན་ནས་མིག་གཉིས་ཐད་ཀར་སྣའི་རྩེ་མོར་ལྟ་བའི་སྦྱོར་བས་སོ། །ལྟ་བའི་སྦྱོར་བ་དེ་ལས་རླུང་རྒྱུ་བ་དང་སྦྱོར་བ་བསྟན་པ་ནི། ལྟུང་ལ་ཕྱི་རུ་འབྱུང་བ་སྟེ། །ཞེས་བྱ་བ་གསུངས་ཏེ། རླུང་ཕྱིར་རྒྱུ་བ་དང་ཡི་གེ་ཧཱུཾ་གི་སྦྱོར་བ་ལས་ཕྱིར་དབྱུང་བར་བྱའོ། །ཡི་གེ་ཨ་དང་རླུང་ནང་དུ་འཇུག་པས་བུམ་པ་ཅན་གྱི་སྦྱོར་བས་དབང་དུ་བྱའོ། །དགུག་པ་ལ་ནི་ཡི་གེ་ཨོཾ་དང་རླུང་ནང་དུ་འཇུག་པའི་སྦྱོར་བས་སོ། །བཅིང་བ་ལ་ནི་ཡི་གེ་ཧེ་དང་ཞི་བའི་མཐར་སྲོག་ཨ་ཝ་ནྡྷཱུ་ཏཱིར་ཆུང་པར་བྱའོ། །དེ་ལྟར་ལྟ་བའི་ཕྱག་རྒྱ་བསྟན་ནས། དངོས་གྲུབ་ཀྱི་ཡན་ལག་སྦྱིན་སྲེག་བསྟན་པ་ནི། ལྟུང་ལ་འཛག་པའི་ཤིང་ལས་ཏེ། །ཞེས་གསུངས་ཏེ། བསད་པའི་ལྟ་བ་དང་བསད་པའི་དག་གིས་ཕྱག་རྒྱ་དང་བཅས་ནས། ཤིང་འཇམ་པོ་པ་ལ་ཤ་ལ་སོགས་པའི་སྦྱིན་སྲེག་བྱའོ། །དབང་གི་ལྟ་བ་དང་སྔགས་དང་བཅས་པས་མེ་ཏོག་གི་སྦྱིན་སྲེག་བྱའོ། །དགུག་པའི་ལྟ་བ་དང་སྔགས་ཀྱིས་རྡོ་རྗེའི་ཤིང་སྟེ་ཤྲིའ་ཁ་ཎྜ་དང་སྦྱིན་སྲེག་བྱའོ། །བཅིང་བའི་ལྟ་བ་དང་སྔགས་ཀྱིས་གཡོ་བའི་རྩ་


DTG008_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ་ལྕམ་པ་དང་སྦྱིན་སྲེག་བྱའོ། །ཟླ་དྲུག་སྦྱོར་བས་བསླབས་པས་ནི། །ཞེས་བྱ་བ་ནི། མ་གྲུབ་ན་བསྐྱར་བའི་ཆོ་ག་ཡིན་ཏེ། སྦྱིན་སྲེག་གི་སྦྱོར་བས་ཟླ་བ་དྲུག་བསྐྱར་ན་འགྲུབ་པར་འགྱུར་བར་ཐེ་ཆོམ་མེད་དོ། །སེམས་ཀྱི་ཏིང་ངེ་འཛིན་ལ་མ་གོམས་ན། ལྟ་བ་དང་ངག་གིས་ཇི་ལྟར་འགྲུབ་པར་འགྱུར་སྙམ་ན། སངས་རྒྱས་རྫུ་འཕྲུལ་བསམ་ཡས་པས། །འདི་ནི་འཕྲུལ་པར་དོགས་མི་བྱ། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་ཟག་པ་མེད་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཡིན་པས་རྟེན་འབྲེལ་གྱི་ཚོགས་པ་འདི་ལ་སླུ་བ་ཡིན་པར་དོགས་པ་མི་བྱའོ། །དེའི་ཏིང་ངེ་འཛིན་དང་ཆ་བྱད་ཇི་ལྟ་བུ་ཞེ་ན། རྡོ་རྗེ་སེམས་སོགས་སྦྱོར་བ་ཡི། །ཕྱག་དང་ཕྱག་ལན་སློབ་དཔོན་གཉིས། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་རིགས་དྲུག་གི་རྣལ་འབྱོར་པ་དང༌། རྡོ་རྗེ་ཕག་མོ་ལ་སོགས་པ་རིགས་དྲུག་གི་རྣལ་འབྱོར་མས་དངོས་གྲུབ་ཀྱི་ཡན་ལག་ཕྱག་རྒྱ་དང་ཕྱག་འཚལ་བའི་ལན་གྱི་ཕྱག་རྒྱས་སློབ་དཔོན་དང༌། རྣལ་འབྱོར་པ་གཉིས་ཀྱིས་བསྒྲུབས་ན། མིག་གཡས་པ་འགུལ་བས་ནམ་མཁའ་ལ་འགྲོ་བ་དང༌། གཡོན་པ་བསྒུལ་བས་གཡུལ་ལས་རྒྱལ་བར་འགྱུར་རོ། །དེ་བཞིན་དུ་གཽ་རཱི་ལ་སོགས་པའི་ལྷ་མོ་དྲུག་གི་གདོང་བརྙན་གོན་ཞིང༌། མིག་གཡོན་པ་བསྒུལ་ན་གཡུལ་ལས་རྒྱལ་བའི་དངོས་གྲུབ་དེ་རྫོགས་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་བརྙན་གྱིས་ནི་མིག་གཡས་པ་བསྒུལ་ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དེ་ལྟར་རྣལ་འབྱོར་པ་ལྟ་བའི་འཁྲུལ་འཁོར་དང་ལྡན་པ་ལྡང་བའི་སྤྱོད་པ་ལས་འཇིག་རྟེན་པའི་ཐ་སྙད་ལ་འཇུག་ཅིང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་འགྲུབ་པའི་ཕྱག་རྒྱའི་ཡེ་ཤེས་བསྟན་ཏོ། །དེ་ལྟར་ལུས་དང་ངག་གི་འཁྲུལ་འཁོར་བསྟན་ནས། ད་ནི་ཏནྟྲ་ཞེས་བྱ་བ་སྨན་གྱི་སྦྱོར་བ་བསྟན་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་བསྙེན་བསྒྲུབ་བཞིས་བསྐྱེད་ནས་མཆན་མ་ཐོབ་པ་འམ། སྐུའི་དབྱིབས་ཀྱི་གདོང་བརྙན་ནི་ཇི་ལྟ་བ་བཞིན་དུ་གོན་


DTG008_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མིའི་ཐོད་པ་ཇི་ལྟ་བ་བཞིན་དུ་ཡུངས་ཀར་བསྐྱེད་དེ། འབྲས་བུ་སྨིན་པའི་མར་ཁུ་བཟའ་བ་དང༌། བསྐུ་བྱུགས་བྱས་ནས་མི་སྣང་བ་ལ་སོགས་པའི་ལས་བཅུ་གཉིས་གང་ཡང་རུང་བའི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ་ཡང་མཉམ་སྦྱོར་ལས་ཞེས་གསུངས་སོ། ཡུངས་ཀར་དེ་ཉིད་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་མངོན་སྤྱོད་ཀྱི་ཆ་བྱད་དང་ལྡན་པས་ཕྱོགས་ཐམས་ཅད་དུ་གཏོར་ན་བདག་དང་གཞན་བསྲུང་བར་འགྱུར་ཞིང་སངས་རྒྱས་ཀྱི་དངོས་གྲུབ་ཚོལ་བ་ལ་བར་ཆད་མེད་པར་འགྱུར་རོ། །དེ་ལྟར་ཐུན་མོང་གི་སྦྱོར་བ་བཤད་ནས། བྱེ་བྲག་གི་སྦྱོར་བ་ནི། །དང་པོར་སྐྱེ་གཉིས་བྲམ་ཟེའི་ཐོད་པར་ཉུངས་ཀར་དེ་བཞིན་དུ་བསྐྱེད་དེ། སྟོན་ཀ་སྨིན་པ་དང་འབྲས་བུ་བླངས་ནས་ཕྱིའི་ལོ་རྗེའུ་རིགས་ལ་སོགས་པའི་མིའི་ཐོད་པར་བསྐྱེད་ཅིང་སྨིན་པའི་དུས་སུ་འབྲས་བུ་བླངས་ནས་གང་གི་མགུལ་དུ་བཅིངས་པ་དེ་ཤི་ཟིན་པའི་སྐྱེས་པ་དང་བུད་མེད་ཀྱི་གཟུགས་འཛིན་པར་འགྱུར་རོ། །དེ་བཞིན་དུ་ཁྭ་དང་འུག་པ་དང་བྱ་རྒོད་ལ་སོགས་པའི་ཐོད་པར་ཡུངས་ཀར་བསྐྱེད་ནས། གང་གི་མགུལ་དུ་བཏགས་པ་དེའི་གཟུགས་འཛིན་པར་འགྱུར་རོ། །དེ་བཞིན་དུ་འོལ་མ་སེ་དཀར་པོའི་ཐོད་པར་བསྐྱེད་པ་འམ། བྲམ་ཟེའི་ཐོད་པར་བསྐྱེད་ལ་ཕྱིས་རྡོ་རྗེའི་རིགས་ལ་སོགས་པའི་ཐོད་པར་བསྐྱེད་ནས། སངས་རྒྱས་སྤྱན་གྱི་སྔགས་ཀྱིས་གཟུགས་ཤིང༌། མཱ་མ་ཀཱིའི་སྔགས་ཀྱིས་ཆུ་བཅུ་གོས་དཀར་མོའི་སྔགས་ཀྱིས་ཡུར་མ་བྱས་ལ་སྒྲོལ་མའི་སྔགས་ཀྱིས་འབྲས་བུ་བླངས་ཏེ། ཆོ་ག་བཞིན་དུ་བསྒྲུབས་ན་གླང་པོ་ཆེ་དང་རྟ་ལ་སོགས་པ་གང་གི་ཐོད་པར་བསྐྱེད་པ་དེའི་གཟུགས་སུ་འགྱུར་རོ། །དེ་བཞིན་དུ་རོའི་ཁ་རུ་གུ་གུལ་བཅུག་སྟེ། མར་ངོའི་འབྱུང་པོའི་ཉིན་ཞག་དུར་ཁྲོད་ཀྱི་སོལ་བའི་མེ་ལ་བསྲེགས་ནས། བདུགས་ན་འགྲོ་བ་མ་ལུས་པ་ལ་ལྷ་འབེབས་པར་འགྱུར་རོ། །དེ་བཞིན་དུ་འབེབས་པའི་ཆོ་ག་གཞན་གསུངས་པ་ནི། ཐོད་པ་དང་ཞེས་པ་ནི་བྲམ་ཟེ་ལ་སོགས་པའོ། །གསེར་ཤིང་གི་འབྲས་བུ་ཞེས་པ་ནི་རྒྱའི་ལང་ཏང་ངོ༌། །མ་དུ་ལུང་ག་ནི་བུ་རམ་མོ། །ཨ་ལམ་ནི་ལྡོང་རོས་སོ། །ཅི་ཏྲ་དང་ཤུ་དག་ནི་ཤེས་པར་ཟད་དོ། །ཁྱིམ་བྱའི་སྒོ་ང་ནི་དུམ་བུར་གྱུར་པའོ། །


DTG008_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་པའི་ཆོ་ག་བཤད་ནས་མངོན་སྤྱོད་ཀྱི་ཆོ་ག་བཤད་པ་ནི། རྟ་གསོད་དཀར་པོའི་རྩ་བ་ཞེས་པ་ནི་འོལ་མ་སེའི་རྩ་བའོ། །ཤིང་ཨརྐ་ནི་ཤིང་པོ་ཧི་མ་ལ་ཞིར་འགྱུར་བའོ། །ས་ལ་བ་ཞེས་པ་ནི། ཆ་ག་བ་དང༌། སྦྲུལ་དང༌། སྡིག་པའི་མཇུག་མ་ཆ་བསྙམས་པའི་ལྔ་གུས་ལག་པ་བྱུགས་ནས་ཟས་ལམ་རེག་པའི་སྔོན་དུ་རེག་ནས། མི་དེ་ལ་བྱིན་ན་སྦྱར་དུག་ཏུ་འགྱུར་རོ། །ཤིང་ཨརྐ་མིའི་ཐོད་པར་ཞག་བདུན་སྤངས་ཏེ་ཐོད་ལོ་ཀོར་དང་སྦྱར་ནས། སྤྲུལ་གྱི་གཟུགས་བྲིས་ནས་ལག་པས་ཟས་གང་ལ་རེག་པ་དེ་དུག་ཏུ་འགྱུར་རོ། །སྦྱར་བའི་དུག་འཇོམས་པའི་སྨན་བསྟན་པ་ནི། ཙནྡན་དང་ནཱ་ག་གེ་སར་དང་ནས་ཀྱི་དབང་པོ་སྟེ་རུ་རྟ་དང༌། པོ་སོ་འཆའ་དང་རྒྱ་སྤོས་སུ་སྦྱར་ཏེ། །འབྲས་བཀྲུས་པའི་ཆུ་དང་བསྐོལ་ནས་བྱིན་ན་སླར་འཚོ་ཞིང་དུག་མ་ལུས་པ་ཞི་བར་འགྱུར་རོ། །ཉིན་ཞག་དེ་ལ་སྐྱེས་པའི་བྱིས་པ་ནི་མའི་མངལ་དུ་ཤི་བའི་འོ་མ་འཐུངས་པའི་བྱིས་པའི་རོ་ཙནྡན་དང༌། ཤུ་དག་དང་རྒྱ་སྤོས་སུ་རི་ལུ་བྱས་ཏེ་ཟོས་ན་དུག་ཇི་ལྟར་འདོད་པ་བཞིན་དུ་འཐུངས་ཀྱང་དུག་གིས་ཚུགས་པར་མི་འགྱུར་རོ། །སྦལ་པ་མགོ་གཉིས་པ་དང་སྤྲུལ་མགོ་གཉིས་པའི་ཞག་གི་ནང་དུ་བ་རུ་ར་བསྐོལ་པའི་ཁུ་བ་དང་ཆ་སྙོམས་པ་ལག་པར་བྱུགས་ནས་ཟས་གང་ཡང་རུང་བ་བྱིན་པ་དེས་དུག་ཞི་བར་འགྱུར་རོ། །བའི་མར་དང་རྡོ་རྗེ་ཅན་ཏེ་ཤྲཱི་ཁཎཌ་དང་རྨ་བྱའི་ཁྲག་དང་སྤྲུལ་མགོ་གཉིས་པའི་ཤ་དང་སྒལ་ཆིགས་བཏགས་པ་སྦྱར་ནས་དེས་ལག་པ་ལ་བྱུགས་པས་ཀྱང་ས་གསུམ་པའི་སྐྱེ་བོ་དུག་མེད་པར་བྱེད་དོ། །ལྷའི་ཏིང་ངེ་འཛིན་དུ་མཉམ་པར་གཞག་ཅིང༌། གཅེར་བུ་སྐྲ་གྲོལ་བ་དང་ལྡན་པས་མཚན་ཕྱེད་ཀྱི་དུས་སུ་སྨན་པ་ལི་ཀའི་རྩ་བླངས་ཏེ། དུམ་བུ་བདུན་བྱས་པའི་ཕྲེང་བ་ཉི་ཤུ་དགུའི་ཉི་མ་ལ་གང་གི་ལག་ཏུ་བཏགས་པ་དེའི་དུག་གི་རིམས་ཞི་བར་འགྱུར་རོ། །དེ་ལྟར་མངོན་སྤྱོད་དང་ཞི་བའི་ལས་བཤད་ནས། དབྱེ་བའི་ལས་བཤད་པ་ནི། སྤྲུལ་ནག་པོའི་པགས་པ་བརྗེས་པ་དང༌། རྨ་བྱའི་སྒྲོ་ཆ་བསྙམས་པ་དང་སྦྱར་བའི་རི་ལུའི་བདུག་པ་གང་ལ་བདུགས་པ་དེ་དབྱེ་བར་འགྱུར་རོ། །ཡང་ན་ཁྭ་དང་འུག་པའི་སྒྲོ་ཆ་བསྙམས་


DTG008_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུད་པས་འཕྲོག་མ་མ་བསྐྲད་ཀྱང་འབྱེར་བར་བྱེད་དོ། །རྟ་རྨིག་གི་སྦལ་པར་སྤྲུལ་གྱི་མགོ་དང་ཁྱི་སྨྱོན་པའི་ལྕེ་བཅུག་ནས་དགྲ་བོའི་སྒོར་སྦས་ན་བསྐྲད་པར་འགྱུར་རོ། །སྨན་ཧ་ནི་ལི་ནི་འཇིག་རྟེན་ན་ན་ག་ལི་ཞེས་གྲགས་པས་དབྱིབས་བཤོར་འདྲ་བ་ཡིན་ནོ། །མགྲིན་རིངས་ཀྱི་རུས་པ་ནི་རྔ་མོང་གི་རུས་པའོ། །རོ་སྐྲ་རྣམས་ཀྱི་སྦྱོར་བ་ནི་ཆ་མཉམ་པའོ། །འབྱེད་པ་དང་སྐྲོད་པ་བཤད་ནས། ལྷའི་མིག་གིས་མངོན་ཤེས་སྐྱེད་པའི་སྦྱོར་བ་ནི། ཀ་ར་བཱི་རའི་མེ་ཏོག་དམར་པོ་དང་བ་ལ་ཏ་ཀ་དང་ཆུ་བ་རྣམས་ཆ་བསྙམས་ལ་མེ་ལོང་ལ་བྱུགས་ཏེ་བལྟས་ན་སྐྱེ་བ་སྔ་མ་ཤེས་པར་འགྱུར་རོ། །རྟ་དང་སྦྱང་ཀི་དང་ཕག་དང་སྤྲེའུ་དང་བོང་བུ་དང་རྔ་མོ་རྣམས་ཀྱི་སེན་མོ་ཆ་བསྙམས་ཏེ་སྣོད་ཁ་སྦྱར་དུ་བསྲེགས་ལ་ཐལ་བར་བྱས་པ་སྦལ་པའི་ཞག་དང་བསྲེས་ནས་མེ་ལོང་ལ་བྱུགས་ན་སྔ་མ་བཞིན་དུ་མཐོང་བར་འགྱུར་རོ། །སྨན་ཨ་ཀོ་ཏ་ནི་སེ་བ་དཀར་པོ་ལྟ་བུ་མེ་ཏོག་གི་བྱེ་བྲག་གིས་འབྲས་བུ་བཙིར་བའི་མར་ཁུ་དང༌། བ་སེར་མོའི་འོ་མ་དང་གི་ཝང་ཡོད་པའི་མིག་དང་སྦྱར་ཏེ། རྒྱལ་གྱི་ཞལ་ལ་བྱིས་པ་གཞོན་ནུའི་མིག་ལ་བསྐུས་ནས་མེ་ལོང་ལ་བལྟས་ན་སྐྱེ་བ་སྔ་མའི་གཟུགས་མཐོང་བར་འགྱུར་རོ། །ཨ་ཤོ་ཏ་ཀའི་མར་ཁུ་རྒྱ་སྤོས་ཀྱི་འབྲས་བུ་དང་བཏགས་ཏེ་མེ་ལོང་ལ་བྱུགས་ཤིང་མིག་ལ་བྱུགས་ན་སྐྱེས་པ་དང་བུད་མེད་ཐ་མ་པ་ལྷའི་གཟུགས་སུ་མཐོང་བར་འགྱུར་རོ། །མེས་མི་འཚིག་པ་བཤད་པ་ནི་རི་བོང་ཅན་ཞེས་བྱ་བ་ལྦ་ཁུ་དང་སྲིན་བུ་པདྨ་དང་གཡོན་ཅན་དེ་ཁྭའི་ལག་པ་དང་ཤིང་པ་ཏ་ལ་ཞེས་པ་ལོ་མ་འཁུམ་པའི་རྩ་བ་རྣམས་ཀྱི་ལྡེ་གུ་རྐང་པ་ལ་བསྐུས་ནས་མེའི་སྟེང་དུ་སོང་ཡང་འཚིག་པར་མི་འགྱུར་རོ། །རྨིགས་པ་དང་སྦལ་པའི་ཞག་དང་དཱུར་བ་དང་རི་བོང་ཅན་ཏེ་ལྦ་ཁུ་དང་པདྨའི་རྩ་བས་ཡན་ལགས་ལ་བྱུགས་ན་མེའི་ཚ་བ་བསིལ་བར་བྱེད་དོ། །ཆུ་སྦྲུལ་གྱི་ཁྲག་གིས་ཁ་བཀང་སྟེ་ཆུའི་ནང་དུ་ཞུགས་ན་ཇི་སྲིད་འདོད་ཀྱི་བར་དུ་ཆུས་གཤེར་བར་མི་འགྱུར་རོ། །དོང་ཀའི་ས་བོན་གྱིས་བཀང་བའི་ལྷ་མ་དུ་རྐང་པ་གཉིས་བཅུག་སྟེ་ཆུའི་སྟེང་དུ་སོང་ན་གྲུ་དང་འདྲ་བར་བྱིང་བར་མི་འགྱུར་རོ། །བཙག་


DTG008_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེར་ཚུར་དང་མུ་ཟི་རྣམས་ཆ་བསྙོམས་ལ་ཉ་ཕྱིས་ཀྱི་ནང་དུ་ལྡེ་གུ་བྱས་ནས་ལུས་ལ་བྱུགས་ན་ཆུར་མི་འབྱིང་ངོ༌། །གསེར་ཤིང་གི་ས་བོན་དང་རྒྱའི་ལང་ཏང་གི་ས་བོན་གསེར་ཤིང་འབུས་ཟོས་པའི་ཕྱེ་མ་དང་ཁུ་བྱུག་དང་འུག་པ་དང་ཁྲའི་ཤ་དང་སྦྱར་ནས་བྱིན་ན་ཡི་དགས་དང་འདྲ་བར་མི་སྣང་བར་འགྱུར་རོ། །བུ་རམ་ཀཉྩི་དང་སྦྱར་ཏེ་བྱིན་ན་སླར་འཚོ་བར་འགྱུར་རོ། །སྐྱེ་གཉིས་ཏེ་ཁུ་བྱུག་དང་བྱི་ལ་དང་སྤྲེའུ་དང་ཁྲ་དང་ཁྲ་དང་འུག་པ་དང་སྲེ་མོའི་སྤུ་རྣམས་ཕྱེ་མར་བྱས་ཏེ། ལྐོ་དཀར་གྱི་རྟུག་པ་དང་སྦྱར་ཏེ་བྱིན་ན་སྨྱོ་བར་འགྱུར་རོ། །སྤྱང་ཀིའི་མཇུག་མ་དང་བྱ་རོག་གི་གཤོག་པ་གཡས་པའི་སྒྲོ་མལ་སྟན་གྱི་འོག་ཏུ་བཅུག་ནས་བཞག་ན་ཡུན་རིང་པོ་མི་ཐོགས་པར་གདོན་གྱིས་ཟིན་པར་འགྱུར་རོ། །གསེར་ཤིང་གི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཟངས་ཀྱི་གཙུག་ཕུད་ཅན་ནི་ཁྱིམ་བྱའོ། །མགོ་ལ་བསྐུས་ན་སྨྱོ་བར་འགྱུར་ལ། སྐྲ་བྲེགས་ན་འཚོ་བར་འགྱུར་རོ། །གསེར་ཤིང་གི་འབྲས་བུ་ལ་སོགས་པའི་སྒྲས་ནི་མ་དུ་ལུང་ག་དང་ཕུག་རོན་དང་རྨ་བྱ་དང་ཁྱིམ་བྱའི་ཤ་རྣམས་བསྡུའོ། །ལྷག་མ་ནི་གོ་སླའོ། །ཡང་སྐྲོད་པ་གསུངས་པ་ནི་མར་ནག་གིས་ལག་པ་བྱུགས་ལ་པེ་ཙུ་མར་ད་ཞེས་བྱ་བ་ནི་མ་པའི་ཤིང་གི་བྱེ་བྲག་དང་ཁའི་ཚང་གི་ཤིང་བྱུགས་ཏེ་དུར་ཁྲོད་ཀྱི་སོལ་བ་ལ་བསྲེགས་ནས་ཐལ་བས་གང་གི་བཟའ་བཏུང་ལ་སྦྱར་བའམ། མགོར་བཞག་ན་སྐྲོད་པར་འགྱུར་རོ། །དེ་ཡང་དབྱེ་བ་གསུངས་པ་ནི་བྱ་རོག་དང་འུག་པའི་པའི་སྒྲོ་དང༌། བྲམ་ཟེ་དང་གཅེར་བུའི་སྐྲ་གསེར་ཤིང་གི་མེ་མདག་དུ་བ་མེད་པ་ལ་བསྲེགས་པའི་ཐལ་བར་སྐྱེས་པ་དང་བུད་མེད་ཀྱི་མལ་སྟན་གྱི་འོག་ཏུ་མཚོར་བར་བཅུག་ན་དབྱེ་བར་འགྱུར་རོ། །དེ་ལྟར་ལས་བཅུ་པོ་དེ་དག་ནི་བདེ་མཆོག་གི་རྒྱུད་ལས་གསུངས་པའི་རྣམ་པར་ཤེས་པའི་ཡེ་ཤེས་ཏེ་སོ་སོའི་སྐྱེ་བོ་རྣམ་པར་ཤེས་པ་དང་ལྡན་པ་རྣམས་ཀྱིས་ཏ་ཏནྟྲ་སྨན་གྱི་སྦྱོར་བ་བྱས་ནས་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་མཉམ་པར་འགྱུར་རོ། །དེ་ལྟར་བདེ་མཆོག་གི་སྦྱོར་བ་བཤད་ནས། དགྱེས་པའི་རྡོ་རྗེ་ནས་གསུངས་པའི་སྨན་གྱི་སྦྱོར་བ་བཤད་པ་ནི། ཅི་སྟེ་


DTG008_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཁྱི་མོ་ནག་མོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བུད་མེད་དང་སྐྱེས་པའི་མིང་ཅན་ནི་སྐྱེས་པ་དང་བུད་མེད་ཀྱི་ཐོད་པར་ཨ་མྲ་ལ་སོགས་པ་བསྐྱེད་པའོ། །གླང་པོ་ཆེའི་རྔུལ་ནི་མྱོས་པའི་འོ། །སྐལ་བཟང་པོ་ནི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །འབྱུང་བོའི་སྒྲས་ནི་འབབ་པའོ། །རྟག་ཏུ་དུ་ནི་རུ་ཏནྟི་ཞེས་བྱ་བརྟག་ཏུ་ཟིལ་པ་དང་ལྡན་པའོ། །དན་ད་ཨུཏྤལ་ནི་སྤང་རྒྱན་སྔོན་པོའོ། །ཧ་ས་དེ་བ་ནི་ལུག་མིག་གོ །མའི་ཆང་ནི་ཕབས་སོ། །པུ་ཏྲ་ཛ་ནི་དོ་བ་ནག་པོ་ཞེས་བྱ་བ་རྩ་བའི་བྱེ་བྲག་གོ །ཨེ་རནྣ་ནི་པ་ཤ་ཀའོ། །བིན་ནུ་ཀནྟ་ནི་ཁྱབ་འཇུག་གི་སྤོས་སོ། །ལག་ཤྨི་ནི་ལྡུམ་བུའུ་སུའོ། །ཨ་བ་ད་ནི་རྩ་དགུ་པའོ། །ཤིང་ཨ་རྐ་ནི་ལོ་མ་ཉི་མ་ལ་ལྟ་བའི་རྩ་བའོ། །རང་གི་ཁྲག་ནི་སྲིན་ལག་གཡོན་པའི་འོ། །ར་མ་དུ་ཏི་ནི་ཉེ་ཤིང་པའོ། །འོ་མ་ཅན་ནི་སྐྱབས་སོ། །མ་ཧེའི་སྣ་ཐག་ནི་གསོ་ཐག་གོ །བྱའི་བདག་པོའི་འཁོར་ལོ་ནི་གྲེས་མའི་མེ་ཏོག་གོ །ལྷམ་བུ་ཆུ་གཤེར་ནི་གོ་བར་ཟད་དོ། །མ་ན་ཤི་ལ་ནི་སློང་རོས་སོ། །དྲག་པོ་ནི་བ་ཚྭའོ། །བཀྲ་ཤིས་ནི་རོ་ཙ་ནའོ། །ངཱུར་བ་དཀར་པོ་ནི་རིམ་པ་དཀར་པོའོ། །རི་དགས་ཀྱི་ངཱུར་བ་ནི་ངཱུར་རྒོད་དོ། །རོ་ཙ་ནི་གི་ཝང་སེར་པོའོ། །ཁྱབ་འཇུག་གི་འཁོར་ལོ་ནི་གྲེས་མའི་མེ་ཏོག་སྔོན་པོའོ། །ལྷ་མ་བུ་ཆུ་གཤེར་ནི་སྲོག་ཆགས་ཕྲ་མོ་དམར་པོའོ། །ཨ་བ་ན་ད་ནི་རྩ་དགུ་པོའོ་མ་ཅན་ནོ། །བིཥཎུ་ཀ་ནད་ནི་ཁྱབ་འཇུག་གི་སྤོས་སོ། །ནན་ཏ་ཀི་ཏ་ནི་ལྷའི་སྲིན་བུའོ། །ཀུ་དར་ཙ་ནི་ཐལ་ཀ་རྡོ་རྗེའོ། །བྱེའུ་ལྟེ་བ་ནི་རམ་བུའོ། །དབང་པོའི་ནས་ནི་སྤྱི་ཟུལ་གྱི་འབྲས་བུའོ། །སྲིང་ཀ་ལ་ནི་བིལ་བའོ། །རི་བོང་ཅན་ནི་ཝ་ཁུའོ། །ཤིང་སུ་ཏ་ནི་ནམ་མཁའི་ལྕུག་མའོ། །ཛ་ཡནྟི་ནི་རྒྱ་ཤུག་དཀར་པོའོ། །ཀི་རི་ཀར་ནི་ཀ་ནི་སྲན་མ་ཆེན་པོའོ། །ཀ་བི་ཏ་ནི་བིལ་བའི་འབྲས་བུ་ཆག་པའོ། །ས་རྫར་ས་ནི་རྒྱ་ཤུག་གི་ཐང་ཆུའོ། །ལྕགས་གསུམ་ནི་གསེར་དང་ཟངས་མ་དང་དངུལ་ལོ། །རྡོ་རྗེ་མཁའ་འགྲོ་ལས་བྱུང་བ་བཞིན་དུ་སྲན་ཆན་གྱི་རི་ལུའོ། །སྲོ་ཏ་ཨཉྫ་ན་ནི་སྨུག་པོ་སྦལ་རྒྱབ་བོ། །ཤང་ཤང་ཀ་ནི་སེ་བ་དཀར་པོའི་མེ་ཏོག་ཅན་ནོ། །མར་བ་ནི་ཤིང་


DTG008_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མངར་རོ། །ཏེ་ཙོ་པ་ནི་ཚོར་མ་དགུའོ། །ཨེ་ཤ་ཀ་ན་ནག་པོ་ནི་པོ་དེ་ཙེའི་ཤིང་ནག་པོའོ། །པྲི་ཡང་ཀུ་ནི་ཁྲ་རྒོད་ལྗང་གུའོ། །ཕ་མེས་ཀྱི་ནགས་ནི་དུར་ཁྲོད་དོ། །འདར་མ་ནི་སྤྲང་བུ་སྔོན་པོའོ། །ཡང་ན་སྔར་སྨོས་པའི་རྫས་དེ་རྣམས་ཞེས་བྱ་བ་ནི། ལིག་བུ་མིག་དང་སེབ་དཀར་པོའི་མེ་ཏོག་དང་ཤིང་མདར་དང་ཟླ་མཚན་དང་པོར་བྱུང་བའི་ཁྲག་དང་ཏེ་ཙོ་པ་ན་ཏི་རྣམས་དང་བ་བླ་དང་ལྡོང་རོས་ཀྱི་རི་ལུས་བྱས་པའོ། །དེ་ལྟར་མི་སྣང་བ་ཤེས་པ་བཤད་ནས། ལྷའི་མིག་གི་མངོན་པར་ཤེས་པ་ནི་དེ་ནས་མིག་སྨན་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །ཤ་ཆེན་གྱི་ཞལ་ལ་སོག་པ་ནི་འདི་རྣམས་བྱ་རྒོད་ཀྱི་པགས་པར་ཟླ་བ་དྲུག་གཏུམས་ནས་བྱ་རྒོད་ཀྱི་རྐང་གི་སྦུ་གུར་བཅུག་སྟེ་མི་རུས་ཀྱི་ཕྱེ་མས་མིག་ལ་བྱུགས་ན་གཏེར་ཤེས་པར་འགྱུར་རོ། །དགྱེས་པའི་རྡོ་རྗེའི་རྒྱུད་ནས་འབྱུང་བ་བཤད་ནས། དཔལ་བདེ་མཆོག་ནས་འབྱུང་བའི་སྨན་བཤད་པར་བྱ་སྟེ། གང་གིས་སྒྲུབ་པ་པོ་འགྲུབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་ངེ་འཛིན་དང་སྔགས་བཟླས་མི་དགོས་པར་སྨན་གྱི་སྦྱོར་བས་དངོས་གྲུབ་བསྒྲུབ་པའི་ལས་བཤད་པ་འམ། བསམ་གཏན་དང་བཟླས་པ་ལ་དགའ་བས་ལས་ཀྱི་ཆོ་ག་སྒྲུབ་པར་མི་ནུས་ན། སྨན་གྱི་ཚོགས་པས་སེམས་ཅན་དམན་པ་རྣམས་ཀྱིས་གྲུབ་པར་འགྱུར་རོ། །རྡོ་རྗེ་རྒྱ་མཚོ་ལས་སྐྱེས་དང༌། །ཞེས་བྱ་བ་ནི། རྡོ་རྗེ་ནི་བྲག་ཞུན་ནོ། །རྒྱ་མཚོ་ལས་སྐྱེས་པ་ནི་རྒྱ་མཚོའི་སྦུ་བའོ། །སྦང་མ་སྐྱུར་པོ་ནི་རྩབས་སོ། །ལྷན་ཅིག་ཏུ་བརྡུངས་པ་ནི་སྨན་དང་བཅས་པའི་དངུལ་ཆུའོ། །དྲོ་བའི་གཏུན་བུ་ཚད་དེ་ལ། །ཞེས་བྱ་བ་ནི་དྲོན་མོའི་གཞི་ལ་ཡང་དང་ཡང་དུ་མཉེས་ནས་ཞེས་བྱ་བ་ནི་སྟེང་གི་གཏུན་བུ་དེས་ཡང་དང་ཡང་དུ་མཉེས་པའོ། །སྣུ་ཧ་རི་ནི་ཤྲིའ་ཁ་ཎཌཱོ། །ཛའ་ཏི་ནི་ཛའ་ཏི་ཕ་ལའོ། །རྩབས་སྒྱུར་པོ་ནི་སྦྱར་བའི་ཆང་ངོ༌། །ཆུ་ཤིང་དང་བཅས་པ་ནི་འབྲས་བུ་དང་བཅས་པའོ། །ཟངས་ཀྱི་སྣོད་དུ་བསྐོལ་བ་ནི་ཆུ་ཟངས་ཀྱི་སྣོད་དུ་བསྐོལ་བའོ། །ལྕགས་ཕྱེ་ནི་ཟེ་སྨུག་གི་ཕྱེའོ། །བ་ཀུ་ལ་ནི་མེ་ཏོག་ལེ་བརྒན་ནོ། །ཨུཏྤལ་ཆེན་པོ་ནི་འཇིག་རྟེན་ན་གྲགས་པའོ། །དེ་རྣམས་དང་


DTG008_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྲིད་བསྐམ་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་རྡོའི་གཏན་པ་ལ་མཉེས་ནས་ཡང་རྡོ་རྗེའི་འོ་མ་ཞེས་བརྟན་པའི་སྦྱོར་བའོ། །རྡོ་རྗེའིའོ་མ་ནི་ཤཱི་ཁཎྜའོ། །ལྕེ་མྱང་ཚ་ནི་ཚ་དམར་པོའོ། །ཚ་ལ་ནི་ཚའི་ལྕུག་མའོ། །ཟངས་ནི་ཆུ་ཟངས་སོ། །དེ་རྣམས་དངུལ་ཆུ་མཉམ་པོར་བྱས་ཏེ། དན་ད་པ་ཤ་ཞེས་བྱ་པ། །མུ་ཟིའི་ཕྱེ་མ་དང་བསྐོལ་ན་གསེར་དུ་འགྱུར་རོ། །དེ་ལྟར་གསེར་འགྱུར་རྩེའི་སྦྱོར་བ་བཤད་ནས། ད་ནི་ནང་གི་སྨན་གྱི་སྦྱོར་བ་བཤད་པ་ནི། །དེ་ནས་བཅུད་ལེན་ཆོ་གའི་སྙིང་པོ་ཀུན་ལས་འོད་ཅེས་བྱ་བ་གསུངས་སོ། །བཅུད་ལེན་ནི་རྒས་དཀའ་པ་དང་རོ་ཙ་བ་དང་བསམ་གཏན་གྱི་ཏིང་ངེ་འཛིན་སྐྱེ་བས་ན་བེ་ཤད་ཏ་ཏྟ་དང་ནེ་རཉྫ་ན་ཏ་ཏྟ་དང་ཞེས་བྱའོ། །སྙིང་པོ་ཀུན་ལས་བཏུས་པ་ནི་རྒྱུད་འབུམ་པ་ཞེས་བྱ་བ་ལ་སོགས་པ་ལས་བཏུས་ཏེ་བཤད་པའོ། །དེ་བཅིང་བ་ལ་བརྟེན་ནས་སུ། །ཞེས་བྱ་བ་ནི་འཆི་བ་སླུ་བའི་ཆོ་ག་བཤད་པར་བྱ་བ་ནི་ལས་བརྟེན་པའོ། །རྣལ་འབྱོར་ཆོ་ག་བཤད་པར་བྱ་བ་ནི་མིའི་ལུས་ལ་གནས་པའི་བདུད་རྩི་ལྔའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། བཞི་མཉམ་ནི་བཤང་བའི་དངས་མའོ། །གཅི་བ་ནི་དྲི་ཆུའོ། །ཙནྡན་ནི་གཡུལ་དུ་བསད་པའི་ཁྲག་གོ །ག་བུར་ནི་ཁུ་བའོ། །ས་ལི་ཛ་ནི་ཤ་ཆེན་ནོ། །སིཧླ་ནི་རང་བྱུང་གི་ཁྲག་གོ །ཀུན་དུ་རུ་ནི་སྙོམས་འཇུག་གི་བརྡའོ། །ཀཀྐོ་ལ་ནི་པདྨའོ། །མུ་གུ་ནི་རྐང་ངོ༌། །དེ་རྣམས་སྨན་ནི་ཆེན་པོ་སྟེ། །ཞེས་པ་ནི་མིའི་ལུས་ལ་གནས་པའི་སྨན་ཡིན་པས་ཆེན་པོ་ཞེས་བརྡར་བཏགས་པའོ། །དུས་དྲུག་ཏུ་ནི་མཐུ་དང་ལྡན་ནི་ཕྱི་རོལ་དུ་དྲུག་ཡིན་ལ། ནང་དུ་རྣལ་འབྱོར་པའི་ཐུན་དྲུག་བདུད་རྩི་ཟོས་ན་ལུས་བཅུད་དང་ལྡན་པས་སྐྲ་དཀར་དང་གཉེར་མ་མེད་པར་འགྱུར་རོ། །བྱ་བའི་དུས་གང་ཡིན་སྙམ་ན། དཔྱིད་དང་སོས་ཀ་དབྱར་དང་ནི། །སྟོན་དང་དགུན་སྟོད་དགུན་སྨད་རྣམས། །ཞེས་བྱ་བ་གསུངས་སོ། །དེ་ལ་སྦྱོར་བའི་དུས་ནི་དཔྱིད་སྔ་དྲོ། །སོས་ཀ་ནི་ཉི་མ་གུང་ངོ༌། །དབྱར་ནི་དགོངས་མོ། །སྟོན་ནི་སྲོད་དོ། །མཚན་ཕྱེད་ནི་དགུན་སྟོད་ཀྱི་ཆའོ། །དགུན་སྨད་ནི་ཐོ་རངས་སོ། །རྣལ་འབྱོར་པའི་དབང་དུ་བྱས་པའི་དུས་ཚོད་དེ་དག་གི་སྦྱོར་བ་ནི་རྡོ་རྗེ་ཕག་མོ་བཞིན་བཟངས་མོ་ཁྱོད་ལ་བསྟན་


DTG008_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་ཞེས་གསུངས་པ་ཡིན་ནོ། །དུས་དྲུག་ཏུ་གང་བཟའ་སྙམ་ན་མཚན་ཕྱེད་ནི་རང་བྱུང་གི་མེ་ཏོག་གོ །དགུན་སྟོང་ཁུ་བའོ། །སྔ་དྲོ་བཤང་པའི་དངས་མའོ། །ཕྱི་དྲོ་ནི་གཅི་བའི་དངས་མའོ། །ཉིན་ཕྱེད་རང་གི་ཁྲག་གོ །སྲོད་ལ་རྐང་གི་ཞག་བཟའ་བའོ། །ཐོ་རངས་སུ་ཁྱད་པར་དུ། ག་པུར་བཟའ་བ་དགུན་སྨད་ཡིན། །ཞེས་གསུངས་པས་བདུད་རྩི་ལྔའི་སྟེང་དུ་བྱང་ཆུབ་སེམས་བསྣན་པ་བཟའ་བར་བཤད་པ་ཡིན་ནོ། །དེ་བཞིན་དུ་སྔ་དྲོ་བཤང་བའི་དངས་མ་བསྣན་པ་དང༌། ཉི་མ་ཕྱེད་ན་ཁྲག་བསྣན་པ་དང༌། ཕྱི་དྲོ་གཅི་བའི་དངས་མ་བསྣན་པ་དང༌། སྲོད་ལ་རྐང་གིས་བསྣན་པ་དང༌། ཕྱེད་ན་རང་བྱུང་གི་མེ་ཏོག་གིས་བསྣན་པ་བཟའ་བ་ནི་ནང་གི་བཅུད་ལེན་ཞེས་བྱ་བའོ། །རྣལ་འབྱོར་མཆོག་གི་གཙོ་བོ་འདི་དག་ནི་བདུད་རྩི་ལྔ་དང་དཔའ་བོ་ལྔའི་སྟེང་དུ་དུས་དྲུག་ཏུ་སྨན་དྲུག་བསྣན་པས་ན། གཙོ་བོ་འདི་དག་ཅེས་བྱའོ། །གང་གིས་རྟག་ཏུ་མཉམ་འཇོག་པ་ནི། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཡིད་བདེ་བའི་སེམས་རྩེ་གཅིག་པས་ནང་གི་བཅུད་ལེན་བསྟེན་ན་འབྲས་བུ་རྒ་བ་དང་འཆི་བ་ལ་སོགས་པ་ལས་གྲོལ་བར་འགྱུར་རོ། །དེ་ལྟར་ནང་གི་བཅུད་ལེན་བཤད་ནས། ཕྱིའི་སྨན་གྱི་བཅུད་ལེན་བཤད་པ་ནི། །དངུལ་ཆུ་དང་མུ་ཇི་དང་པདྨའི་ཁྲག་དང་མར་དང་ཤ་ཆེན་པོ་ལྷན་ཅིག་ཏུ་སྦྱར་ནས་ཆུ་ཚོད་གསུམ་གྱི་བར་དུ་དཀྲུགས་ཤིང་བསྐོལ་ན་ནད་འདུ་བ་བཞི་ཀ་འཇོམས་པར་འགྱུར་རོ། །ཡང་དང་ཡང་དུ་སྦྱར་ཞེས་བྱ་བ་ནི་རླུང་དང་བད་ཀ་ན་དང་འདུས་པ་ཞི་བའི་ལས་ལ་སྦྱར་བར་བྱའོ། །བཅུ་བཞིའི་རྫས་ནི་བཟུང་ནས་སུ། །ཞེས་བྱ་བ་ནི་བདུད་རྩི་ལྔ་དཔའ་བོ་ལྔའི་སྟེང་དུ་དངུལ་ཆུ་མ་ཇི་པདྨའི་ཁྲག་དང་ཤ་ཆེན་པོ་དང་བཅུ་བཞིའོ། །དགུ་པ་རྣམས་དང་བ་ལི་བཟའ། །ཞེས་བྱ་བ་ནི་བདུད་རྩི་ལྡའི་སྟེང་དུ་གྲངས་གོང་མ་བཞིན་བསྣན་ལ་བཟའ་བར་བྱའོ། །ཉི་མ་ཟླ་བའི་ཆ་ཡིས་ནི། །ཞེས་བྱ་བ་ནི། །ཉིན་མོའི་དུས་གསུམ་དུ་བདུད་རྩི་ཆ་དྲུག་པོ་དུས་གང་དང་གང་ཡིན་པ་དེ་དང་དེར་བསྣན་ནས་ཇི་ལྟར་འདོད་པ་བཞིན་དུ་བཟའ་ཞིང་ལས་བྱ་བ་ཡིན་ནོ། །རྒྱུ་ཁམས་སྙོམས་པ་དང་ཐབས་སྨན་ཚང་བས་ཉི་མ་ཉི་ཤུ་རྩ་


DTG008_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཟོས་ན་སེན་མོ་དང་སྐྲ་དཀར་རྣམས་བྲུལ་ཏེ་བྱིས་པ་ལོ་བརྒྱད་པ་ལྟ་བུར་དེ་རྣམས་སྐྱེ་བར་འགྱུར་རོ། །གྲུབ་ནས་དེ་ཡི་རྫས་ཀྱིས་ནི། །ཞེས་བྱ་བ་ནི་བཅུད་ལེན་གྲུབ་ནས་བུ་ག་དགུའི་རྫས་གསེར་དུ་འགྱུར་བ་ཡིན་ནོ། །ཕྱི་རོལ་དུ་གསེར་འགྱུར་བཤད་ནས། ད་ནི་མར་ཁུའི་ཆོ་ག་བཤད་པར་བྱ་སྟེ། སྦུ་གུའི་ཞག་ནི་རྐང་ངོ༌། །བ་ལི་ཀའི་ཞག་ནི་ཁུ་བའོ། །མར་ཁུ་ནི་ཚིལ་ཆེན་ནོ། །བཞི་མཉམ་ནི་བཤང་བའི་དངས་མའོ། །རྫས་དེ་ཆ་བསྙམས་ལ་བ་ལི་ཀའི་ཆུ་དང་སྐྱེ་མར་སྦྱངས་ལ། གོང་དུ་རྩི་ཞེས་བྱ་བ་དཱུར་བའི་སྙིང་པོ་དང་འོ་མ་དང་ཆ་བསྙམས་ལ་སྦྱར་བར་བྱའོ། །དེ་དག་ཚད་བཤད་པ་ནི། ཕྱེ་མ་སྲང་ནི་སུམ་ཅུ་ཡི། །ཆུ་ནི་ཉིས་འགྱུར་བཟའ་བར་བྱ། །ཇི་སྲིད་སྲང་ཚང་བཞི་ལུས་པར། །དེ་སྲིད་བར་དུ་བསྐོལ་བར་བྱ། །ཞེས་གསུངས་སོ། །བ་ལི་ཀ་ནི་སུམ་འགྱུར་ཏེ། །གོ་རིམས་བཞིན་དུ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་སྲང་སུམ་ཅུ་རྩ་གཉིས་ཀྱི་སུམ་འགྱུར་རོ། །མར་ཁུ་བཞི་འགྱུར་ནི་སྲང་སུམ་རྩ་གཉིས་ཀྱི་བཞི་འགྱུར་རོ། །འོ་མ་དང་དཱུར་བའི་སྙིང་པོའི་ཁུ་བ་ནི་མར་ཁུའི་ཕྱེད་ཀྱི་ཚད་དོ། །སྔར་བསྟན་པའི་སྐྱོ་མ་དེའི་ཕྱེད་ནི་རྐང་དང་བ་ལི་ཀའི་ཞག་དང་མར་ཁུ་དང་བཅས་པའི་དངས་མ་དང་ཡུང་བ་ནག་པོ་དང་བཅས་པའི་སྐྱོ་མ་ནི་དེའི་ཕྱེད་ཀྱི་ཚད་དོ། །དེ་རྣམས་བསྲེས་ནས་ལྷན་ཅིག་ཏུ་བསྐོལ་བར་བྱ་བ་ཡིན་ནོ། །ཆུང་དང་འབྲིང་དང་ཆེན་པོ་ནི། །ཆུ་གསུམ་བཅད་པ་དང༌། ཆུ་གཅིག་བཅད་པའོ། །གཙོ་བོ་རྣམས་གསུམ་གོ་རིམས་བཞིན་སྣ་སྨན་སྲང་བཅུ་པ་ཆུང་དུ་དང༌། བཏུང་བ་སྲང་བརྒྱད་པ་འབྲིང་དང་བསྐུ་བྱུག་སྲང་བརྒྱད་པ་སྟེ་ཆེན་པོའོ། །རྣལ་འབྱོར་མཉམ་པར་བཞག་པས་བྱ་བ་ནི་ཡིད་མི་བདེ་བ་མེད་པ་དང༌། ཁམས་སྙོམས་པའི་སེམས་རྩེ་གཅིག་པས་སོ། །སྨ་སྨན་གྱིས་ནི་ལོ་སྟོང་འཚོ། །ཞེས་བྱ་བ་ནི། །ངས་བཤད་པ་ལ་ཐེ་ཚོམ་མེད་ཀྱི་བར་གྱིས་ཕན་ཡོན་གསུངས་པ་ཡིན་ཏེ་གོ་སླའོ། །བཤད་བསྐམས་ནས་འོ་མ་དང་ཡང་དང་ཡང་དུ་མཉེས་ཏེ་སྣོད་ཁ་སྦྱར་དུ་ལྕི་བའི་མེས་བསྐོལ་ཏེ་བསྣན་ནི་ཉིས་འགྱུར་དང་འོ་མ་བཞི་འགྱུར་དང་བཅས་པས་བསྐོལ་ན་གསེར་གྱི་བཞི་འགྱུར་དང༌། འབྲས་བུ་གསུམ་དང་


DTG008_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཡུང་བ་ནག་པོ་དང་རང་སྐྱུར་དང་ཏ་ལ་རྣམས་ཀྱིས་ཆ་རེ་རེ་བསྐྱེད་ལ་སྐྱོ་མར་བྱའོ། །མཆོད་བྱེད་ནི་མིང་གི་རྣམ་གྲངས་ཙི་ཏི་ཞེས་བྱ་བ་དང༌། འདབ་མ་སྟོང་པ་ཞེས་བྱ་བ་ཡིན་ནོ། །ནག་པོ་ནི་ཡུང་བ་ནག་པོའོ། །བ་ཀུ་ཙི་ནི་ཤུ་དག་གོ །ཨུཏྤལའི་མྱུ་གུ་ནི་ཁ་མ་བྱེ་བའོ། །ལྕགས་དྲེག་ནི་ལྕགས་བཞུས་པ་ལས་བྱུང་བའི་སྙིགས་མའོ། །དྲི་ངན་ནི་མུ་ཟིའོ། །དེ་རྣམས་བཅོམ་པ་ནི་ཁ་སྦྱོར་དུ་བསྐོལ་བའོ། །དེ་ལྟ་བུའི་མར་ཁུས་ཚེ་དང་ནད་མེད་པ་འཕེལ་བར་བྱེད་ཅེས་པ་ནི་ཕན་ཡོན་ནོ། །སྣ་སྨན་གྱི་བཏང་ཐབས་བཤད་ནས། བསྐུ་བྱུག་གི་མར་ཁུ་བཤད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྔར་བཤད་པའི་མར་ཁུའི་སྟེང་དུ་ཁྲག་འཕྲོག་པ་ཞེས་བྱ་བ་པར་པ་ཏ་དང༌། གསེར་ཤིང་དང་དྲེ་ཏ་པྲེ་ཧེ་ཞེས་པ་སེ་པའི་མེ་ཏོག་སེར་པོའོ། །སིན་དུ་པར་ཞེས་པ་ནི་རྒུནྠ་དང༌། ལྷན་ཅིག་བཅས་པ་སྔོན་གསུངས་པ་བཞིན་དུ་བཙོ་བ་གསུམ་གྱི་གོ་རིམས་ཀྱིས་བསྒྲུབ་པར་བྱའོ། །དེའི་རྫས་ལ་ཤ་ནི་ཁྲེ་རྒོད་ལྗང་གུའོ། །གེ་སེར་ནི་ནཱ་ག་གེ་སེར་རོ། །བ་ཀུ་ལ་དང་རིགས་འཛིན་གྱི་མེ་ཏོག་ནི་ཙམ་པ་ཀའོ། །ནཱ་ག་ནི་ནཱ་པུཥྤའོ། །ཙ་ཀྲ་མ་རྡ་ནི་ལྕམ་པའོ། །མཚན་མོ་སྤྱོད་ནི་ཡུང་བའོ། །གཅོད་སྨན་ནི་གྲེས་མའི་མེ་ཏོག་དང༌། བགེགས་ཀྱི་སྒྲ་ནི་ཡུངས་ཀར་རོ། །ཁུ་བྱུག་མིག་དང་ནི་སྨན་ལ་བ་བྱའོ། །མུ་ཏ་ཀ་ནི་ལོ་བཙན་དཀར་པོའོ། །ཀ་ར་ནི་ཤིང་ཀ་རཉྫའོ། །མཉྫ་རི་ནི་སྨན་སྐྲ་ལྟ་བུའི་སྙེ་མའོ། །ག་ན་ནི་གླང་སྣའོ། །ད་དུ་ར་ནི་སྐྱེར་པའོ། །ནད་ཀྱི་དབང་པོ་ནི་རུ་རྟའོ། །ནག་པ་ལ་ནི་ན་ལེ་ཤམ་དཀར་པོའོ། །འདི་རྣམས་ཆ་བསྙམས་ལ་བསྐམས་ཏེ་སྦྱར་བས་ནི་ནད་ཐམས་ཅད་སེལ་བའོ། །ནད་སེལ་བ་བཤད་ནས་དུག་འཇོམས་པ་བཤད་པ་ནི། །ཙནྡན་དཀར་དམར་གཉིས་དང་གླ་རྩི་དང་ག་པུར་དང་ས་ལ་ཀི་ཞེས་པ་ལྡུམ་བུ་རེ་རལ་དང༌། །ན་ཁ་ཞེས་པ་ཆུ་སྲིན་གྱི་སེན་མོ་རྣམས་དང་བཅས་པའི་བདུག་པས་དུག་འཇོམས་པར་བྱེད་ལ་གཡན་པ་དང་ལུད་པ་དང་ཤུ་བ་དང་ཡན་ལག་གི་དུག་ཐམས་ཅད་འཇོམས་པར་བྱེད་དོ། །བདུག་པའི་ཆོ་ག་བཤད་ནས་འབྱུག་པ་བཤད་པ་ནི་ཡུང་བའི་ཕྱེ་


DTG008_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང༌། སིན་དུ་ར་བ་ར་སྟེ་ཤིང་ཀུན་དང་ལྷ་ཁང་གི་སོ་ཕག་གི་ཕྱེ་མ་དང་ད་དུ་ར་སྟེ་རྒྱའི་ལང་ཏང་གི་ཁུ་བ་དང་གླ་རྩི་དང་བཤད་བའི་དངས་མ་དང་བཞི་མཉམ་དུ་བྱས་ནས། ར་ཙཪྻ་ཞེས་བྱ་བ་ཨ་བའི་རྩ་བ་དང་ཀེན་དུ་ཞེས་བྱ་བ་ཨ་བའི་ལོ་མ་དང་བཅས་པས་ནད་ཐམས་ཅད་འཇོམས་ཤིང་སྲིན་བུ་དང་མཛེ་ལ་སོགས་པ་སོས་པར་འགྱུར་རོ། །བ་ཀུ་ཙ་དང་བཅས་པས་ལྟ་ཅི་སྨོས་ཞེས་བྱ་བ་ནི། ཁ་སྨན་ལྟ་བུའི་ཤུ་དག་དཀར་པོ་དང་བཅས་པས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །བྱུག་པའི་ཆོ་ག་བཤད་ནས་བཏུང་བ་བཤད་པ་ནི་ཚ་བ་གསུམ་དང་བཤད་བ་སྐམ་པོ་ལྷན་ཅིག་ཏུ་བཏགས་ཏེ། གཅི་བའི་དངས་མ་དང་ལྷན་ཅིག་འཐུངས་ན་ནང་ཁྲོལ་གྱི་ནད་ཐམས་ཅད་འཇོམས་པར་བྱེད་དོ། །ཡང་ན་བཤད་བའི་དངས་མ་དང་འབྲས་བུ་གསུམ་དང་ལྷན་ཅིག་ཞིབ་ཏུ་བཏགས་ཏེ་མར་དང་སྦྲང་རྩི་དང་སྦྱར་ལ་ཞོ་གཉིས་གཉིས་ཟོས་ན་ལོ་སུམ་བརྒྱའི་བར་དུ་འཚོ་བར་འགྱུར་རོ། །རློན་པས་དེ་ལྟར་འགྱུར་མོད་ཀྱི། །ཞེས་བྱ་བ་ནི་བཤད་བའི་དངས་མ་དང་འབྲས་བུ་གསུམ་རློན་པ་སྦྱང་བའི་ཚེ་མར་དང་སྦྲང་རྩི་སྤང་བར་བྱའོ། །ཡང་ན་ཚ་བ་གསུམ་དང་བཤད་བསྐམ་པོ་ལྷན་ཅིག་ཕྱི་མར་བྱས་ལ་གཅི་བའི་དངས་མ་དང་ལྷན་ཅིག་ཟོས་ན་རླུང་དང་སྐྲན་རྣམས་འཇོམས་པར་བྱེད་དོ། །གཅི་བ་དྲོན་པོས་ནི་སྐྲ་དཀར་སྐྱེད་དོ། །ཡང་ན་འབྲས་བུ་གསུམ་དང་བཤང་བའི་དངས་མ་ལྷན་ཅིག་ཏུ་འོ་མ་དང་ཆུར་བཙོས་ནས་འོག་ཏུ་བྱུག་པར་བྱའོ། །ཨིནྡྲ་མ་ན་ནི་དབང་པོའི་ལག་པ་དང་འབྲས་བུ་དམར་པོ་ལྷན་ཅིག་བཏགས་ཏེ་ཁུ་བར་བྱས་ལ་མར་དུ་བཙོས་ནས་གླ་རྩི་དང་ལྷན་ཅིག་ཟླ་བ་གསུམ་ཟོས་ན་ནད་ཐམས་ཅད་སེལ་བར་འགྱུར་རོ། །ཟླ་དྲུག་བསྟེན་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཡང་ན་ནཱ་ག་པུ་ཥྦ་ནི་ནཱ་ག་གེ་སེར་གྱི་རྩ་བ་དང་སྨན་པ་ལས་དང་རུ་རྟ་སུམ་ཆ་དང་གླང་པོ་ཆེའི་པི་པི་ལིང་སྟེ་པི་པི་ལིང་བཅུ་དང་སྦྱར་བའི་ཕྱེ་མ་ཞོ་གཉིས་འོ་མ་དང་ལྷན་ཅིག་སྦྱར་ན་ལོ་བརྒྱ་འཚོ་བ་དང་བཀྲེས་སྐོམ་ལས་གྲོལ་བར་འགྱུར་རོ། །འདིའི་སྦྱོར་བ་ལ་རླན་མེད་པའི་བྲག་ཕུག་ལ་སོགས་པ་གནས་དབེན་པར་དབང་པོའི་ལག་པར་


DTG008_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས་ཤིང་ལས་ཀྱི་དུང་ཅན་དང་པདྨ་དང་རི་དགས་ཅན་རྙེད་ན་ལྷན་ཅིག་ཏུ་བརྟུལ་ཞུགས་བྱའོ། །མཇུག་བསྡུབ་བཤད་པ་ནི་དུས་བཅིང་བ་ནི་མི་ཤེས་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་བཅིང་བ་ནི་འཆི་བ་སླུ་བའི་ཐབས་སོ། །ཐབས་དེ་ཡང་ཡནྟྲ་ཏནྟྲ་མནྟྲ་གསུམ་གྱི་སྦྱོར་བ་བྱ་སྟེ་དེ་མི་ཤེས་པར་གང་ཞིག་རྣལ་འབྱོར་པས་ཁས་འཆེ་བར་འདོད་པ་དེ་ནི་སྒྲ་ཉན་པར་འདོད་པའི་ཕྱིར་མཁའ་ལ་ཁུ་ཚུར་རྡེག་པ་དང༌། སྨིག་རྒྱུའི་ཆུ་འཐུང་བ་དང་འབྲས་འདོད་པའི་ཕྱིར་ཕུབ་མ་རྡུང་བ་དང་འདྲའོ། །སྔགས་དང་སྨན་དང་འཁྲུལ་འཁོར་ཤེས་པའི་རྣལ་འབྱོར་པ་དེ་ལ་བཅོམ་ལྡན་འདས་ཀྱིས་སྟོན་པར་མཛད་པ་ཡིན་ནོ། །བརྟག་པ་བདུན་པའི་རབ་ཏུ་བྱེད་པ་དང་པོའི་འགྲེལ་པའོ།། །།

བརྟག་པ་བདུན་པའི་རབ་ཏུ་བྱེད་པ་གཉིས་པ། སྦྱིན་སྲེག་མདོར་བསྟན་པ།


DTG008_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འཇིག་རྟེན་པའི་དངོས་གྲུབ་སྨན་སྦྱོར་བ་བཤད་ནས། གཉིས་པ་སྦྱིན་སྲེག་གི་ཆོ་ག་མདོར་བསྟན་པ་ནི། ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བ་ལ་སོགས་པའི་ལས་བཞི་བསྒོམ་པ་དང་བཟླས་པ་དང་གཏོར་མ་དང་མཆོད་པ་དང་བསྟོད་པ་དང་ཕྱག་འཚལ་བ་ལ་སོགས་པ་བཅོམ་ལྡན་འདས་ལ་ཉན་པར་འཚལ་བའོ་ཞེས་གསོལ་བ་བཏབ་པ་དང༌། སྦྱིན་སྲེག་ལ་སོགས་པའི་མཚན་ཉིད་ནི་དེ་ཉིད་ཇི་བཞིན་རྡོ་རྗེ་ཉོན་ནི་སྐབས་དབྱེ་བ་བཤད་པའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། དང་པོ་བཟླས་པ་འབུམ་གྱིས་བསྙེན་པ་བྱས་ལ། དེ་ནས་སྔགས་པས་ཕྲིན་ལས་རྣམ་པ་བཞིའི་ལས་བརྩམ་པར་བྱའོ། །དེ་ལ་དང་པོ་ཐོག་མར་འདུག་སྟངས་བཤད་པ་ནི། མཐོ་ལྔས་བར་དུ་ཆོད་པའི་གཡས་བརྐྱང་གཡོན་བརྐྱང་བ་དང༌། ཁྲུ་དོས་བར་དུ་ཆོད་པའི་ཟླུམ་པོ་དང༌། སོར་ཉེར་བཞིས་བར་དུ་ཆོད་པའི་ས་ག་རྣལ་འབྱོར་པས་བྱས་ན། དེའི་འོག་ཏུ་རིག་པ་དང་ལྷན་དུ་འདུག་པར་བྱའོ། །གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཅེས་གསུངས་པའི་ཕྱིར་རོ། །སུའི་སྦྱིན་སྲེག་བརྩམ་པར་བྱ་ཞེ་ན། བྲམ་ཟེའི་རྒྱལ་པོ་རྗེའུ་རིགས་དང༌། །དམངས་རིགས་ཞེས་བྱ་བ་གསུངས་ཏེ། དེ་དག་གི་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ལ་དང་པོ་རེ་ཞིག་གཞིའི་དཀྱིལ་འཁོར་བཤད་པ་


DTG008_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཞི་བ་ལ་ནི་ཟླུམ་པོ་རྒྱར་ཁྲུ་གང་བའི་ཚད་ཟབས་སུ་དེའི་ཕྱི་རོལ་དུ་ཁ་ཁྱེར་སོར་བཞི་པའི་ཚད་ཀྱི་རིམ་པ་གསུམ་གྱིས་བསྐོར་ལ་ཙནྡན་དཀར་པོས་བྱུག་པར་བྱའོ། །རྒྱས་པ་ལ་རྒྱར་ཁྲུ་དོ་ཟབས་སུ་དེའི་ཕྱེད་ཁ་ཁྱེར་སོར་བརྒྱད་པ་རིམ་པ་གསུམ་གྱི་གྱིས་བསྐོར་བ་དྲི་སེར་པོས་བྱུག་ཅིང་མེ་ཏོག་སེར་པོ་དགྲམ་པར་བྱའོ། །མངོན་སྤྱོད་ལ་ཐབ་ཁུང་གྲུ་གསུམ་རྒྱར་སོར་ཉི་ཤུ་ཟབས་སུ་སོར་བཅུ་རིམ་པ་གསུམ་པའི་ཁ་ཁྱེར་གྱིས་བསྐོར་བ་དུར་ཁྲོད་ཀྱི་སོལ་བས་བྱུག་པར་བྱའོ། །དབང་དང་དགུག་པ་ལ་ཟླ་བ་ཕྱེད་པ་ལ་རྒྱར་ཁྲུ་གང་ཟབས་སུ་དེའི་ཕྱེད་ཁ་ཁྱེར་སོར་བཞི་པའི་རིམ་པ་གསུམ་གྱིས་བསྐོར་བ་དྲི་དམར་པོས་བྱུག་ཅིང་མེ་ཏོག་དམར་པོ་དགྲམ་པར་བྱའོ། །དབྱིབས་བཤད་ནས་ཚོན་བཤད་པ་ནི། དཀར་པོ་དང་སེར་པོ་དང་ནག་པོ་དང་དམར་པོའོ། །ཕྱོགས་བཤད་པ་ནི་ལྷ་ཁང་ངམ་དཀྱིལ་འཁོར་གྱི་ཤར་དུ་ཞི་བ། ལྷོར་མངོན་སྤྱོད། ནུབ་ཏུ་དབང་དང་དགུག་པ། བྱང་དུ་རྒྱས་པའོ། །དེ་ལྟར་གཞིའི་དཀྱིལ་འཁོར་བཤད་ནས་རྫས་བཤད་པ་ནི། དེ་ནས་འབྲུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཞི་བའི་ལས་ལ་འབྲས་སཱ་ལུ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །ཐབ་ལྷར་བསྐྱེད་པ་ནི་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པར་བསྒོམས་ལ་གཙུབ་ཤིང་ལས་བྱུང་བའི་མེ་སྤར་ཏེ། བ་བ་ཀའི་མདོག་ཅན་གྱིས་མེ་བསྐྱེད་ནས་ཤར་དུ་ཁ་བལྟས་པས་དུས་གསུམ་དུ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱ་བ་དང༌། དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་མེ་ལྷ་འོད་དུ་ཞུ་བའི་གནས་སུ་བཞུགས་སུ་གསོལ་ཏེ། ཞི་བར་འདོད་པས་སྤྱིན་སྲེག་བརྒྱད་བྱའོ། །འབྲས་བུ་ནི་ཡེ་ཤེས་སེམས་དཔའ་ལ་དངོས་གྲུབ་བླངས་ལ་གཤེགས་སུ་གསོལ་བ་དང༌། མེ་ལྷ་ལ་དངོས་གྲུབ་བླངས་ལ་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་ཞི་བ་བཤད་ནས་རྒྱས་པ་བྱེད་པར་འདོད་ན་ཏིལ་དང་མ་ཤ་ལ་སོགས་པའི་རྫས་བསག་པ་དང༌། ཨུ་དུམ་ཝཱ་རའི་མེ་སྦར་ལ། ཐབ་ནི་རྒྱས་པ་དང་རྗེས་སུ་མཐུན་པའི་མེ་


DTG008_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལྷར་འཛིན་བྱེད་དུ་བསྐྱེད་ལ། རིན་ཆེན་འབྱུང་ལྡན་ལ་སོགས་པ་དམིགས་ཏེ། བྱང་དུ་ཁ་བལྟས་ཏེ་དུས་གསུམ་དུ་གྲངས་སྟོང་གི་སྦྱིན་སྲེག་བྱས་ན་ཉི་མ་བདུན་རྫོགས་པའི་འོག་ཏུ་སྦྱིན་བདག་ཆེན་པོར་འགྱུར་རོ། །དབང་དུ་བྱེད་པར་འདོད་ན། རྫས་ནི་ཏིལ་དམར་པོ་དང༌། པྲི་ཡང་ཀུ་དང༌། ནཱ་ག་གེ་སར་ལ་སོགས་པའི་རྫས་བསགས་ལ་གུ་གུལ་གྱི་ཤིང་གི་མེ་སྦར་ནས་འདོད་པའི་མེ་ལྷ་དང༌། སྣང་བ་མཐའ་ཡས་ལ་སོགས་པའི་གཟུགས་དམར་པོར་དམིགས་ཏེ། ཁ་ནུབ་ཏུ་བལྟས་ནས་སྦྱིན་སྲེག་བྱས་ན། འབྲས་བུ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ། །མངོན་སྤྱོད་བྱེད་པར་འདོད་ན་ཏིལ་ནག་པོ་དང་མ་ཤ་སྟེ་སྲན་མ་སྔོན་པོ་དང་འཆང་བ་སྟ་ཀ་སྟེ་སྤྲང་སྔོན་དང༌། ཀི་མ་ཀའི་འབྲས་བུ་ནག་པོ་ལ་སོགས་ཏེ་བསྲེག་རྫས་དང་རོའི་ཤིང་གི་མེ་སྤར་ལ་དྲག་པོའི་མེ་ལྷ་དང་གཤིན་རྗེ་གཤེད་ལ་སོགས་པ་བཞུགས་སུ་གསོལ་ལ། །ཁ་ནུབ་ཏུ་བལྟས་ཏེ་གང་གི་མིང་ནས་བཟུང་སྟེ་སྦྱིན་སྲེག་བྱས་ན་ཉི་མ་བདུན་གྱིས་འཆི་བར་འགྱུར་རོ། །མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་པུ་དབེན་པའི་གནས་སུ་འདུག་ནས་སྔར་བཤད་པའི་རྫས་ཀྱིས་ཤང་པའི་མེ་ལ་སྦྱིན་སྲེག་བྱས་ན། གཤིན་རྗེ་སྟེ་འཆི་བདག་གིས་འཁྲིད་པར་འགྱུར་རོ། །ལས་ཀྱི་ཁྱད་པར་གསུངས་པ་ནི་བསྐྲོད་པར་འདོར་ན་མདོང་སྤྱོད་ཀྱི་ཐབ་ཏུ་ཡུངས་ཀར་ལ་སོགས་པའི་རྫས་རྣམས་དང་མངོན་སྤྱོད་ཀྱི་མེ་ལྷ་དང་གཤིན་རྗེ་ལ་སོགས་པ་བསམས་ནས་བསྲེགས་ན་སྐྲོད་པར་འགྱུར་རོ། །ཡང་ན་བྱ་རོག་གི་ཤ་དང་ཞེས་པ་ནི་བསྐྲོད་པ་གཉིས་པ་བསྟན་པ་ཡིན་ཏེ། དཀྱིལ་འཁོར་དང་ལྷ་ལ་ཁྱད་པར་མེད་དེ་རྫས་དང་སྔགས་ལ་ཕྱག་རྒྱའི་སྦྱོར་བའི་ཁྱད་བར་གྱིས་སྐྲོད་པར་འགྱུར་རོ། །བཅིང་བར་འདོད་ན་རྒྱས་པའི་ཐབ་ཀྱི་དབུས་སུ་ཤ་དང་ཉ་ཤ་ལ་སོགས་པའི་བསྲེག་རྫས་དང༌། འཛིན་བྱེད་ཀྱི་མེ་ལྷ་དང་རྡོ་རྗེ་ལྕགས་སྒྲོག་བཞུགས་སུ་གསོལ་ཏེ། གང་གི་མིང་ནས་སྨོས་ཏེ་བསྲེགས་ན་བཅིང་པར་འགྱུར་རོ། །ཡང་རྒྱས་པའི་ཐབ་ཏུ་ཡུང་བ་ལ་སོགས་པ་བསྲེག་རྫས་མི་འདྲ་བས་ཁ་བྱང་དུ་བལྟས་ནས་གང་གི་མིང་ནས་བཟུང་སྟེ་བསྲེགས་ན་བཅིང་བར་འགྱུར་རོ། །


DTG008_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་པའི་བྱེ་བྲག་གསུམ་པ་བཤད་པ་ནི་མངོན་སྤྱོད་ཀྱི་ཐབ་ཏུ་ཁྱི་དང་ཁྱི་དང་ཁྱིམ་བྱའི་ཤ་ལ་སོགས་པའི་བསྲེག་རྫས་དང་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཞེས་པའི་སྔགས་དང་སྤེལ་ན་སྐྲོད་པར་འགྱུར་རོ། །རྒྱས་པའི་ཁྱད་པར་གཉིས་པ་ནི་དེའི་ཐ་བ་ཏུ་ལྷ་ལ་ཅེ་སྦྱང་གི་ཤ་བརྒྱ་རྩ་བརྒྱད་བསྲེགས་ན་ཟླ་བ་གསུམ་གྱིས་ཕྱུག་པོར་འགྱུར་རོ། །དབང་དུ་བྱ་བའི་ཁྱད་པར་ནི་དེའི་ཐབ་དང་ལྷ་ལ་བ་ལང་གི་ཤ་དང་ཁྲག་གིས་སྤངས་པའི་བསྲེག་རྫས་ལན་སྟོང་བསྲེགས་ན་ཇི་སྲེད་འཚོའི་བར་དུ་དབང་དུ་འགྱུར་རོ། །དབང་གི་ཁྱད་པར་གཉིས་པ་ནི་བ་ལང་གི་ཤ་དེ་ཉིད་ཆང་གིས་སྤངས་ནས་ལག་པ་གཡོན་པས་བསྲེགས་ན་དབང་དུ་འགྱུར་བ་དང་བསྐྱར་བ་ནི་མིག་རྣག་དང་སོ་བྲུད་ནས་བསྐྱུར་བའི་ཤིང་དང་རྣ་སྤབས་དང་སྣབས་དང་མཆིལ་མ་དང་བཤད་གཅི་དང་ལུས་དྲིལ་བའི་དྲི་མ་ཆང་གིས་སྤངས་ཏེ་བསྲེགས་ན་དབང་དུ་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དབང་གི་ཐབ་ཏུ་ལྷ་ལ་རང་འབྱུང་གི་མེ་ཏོག་ཟོས་པ་སྐྱུགས་པ་དང་མིའི་སྐྲ་དང་བསྲེས་ཏེ་བསྲེགས་ན་འགྲུབ་པར་འགྱུར་རོ། །བསད་པའི་ཁྱད་པར་ནི་མངོན་སྤྱོད་ཀྱི་ཐབ་ཏུ་དེའི་ལྷ་ལ་བྱ་རོག་གི་སྒྲོ་རྩ་བའི་མར་གྱིས་བྱུགས་ཏེ་རྒྱའི་ལང་ཏང་གི་མེ་ལ་བསྲེགས་ན་བསྐྲད་པ་འམ་འཆི་བར་འགྱུར་རོ། །བཅིང་བའི་ཁྱད་པར་ནི་རྒྱས་པའི་ཐབ་ཁུང་དུ་མེ་ལྷ་དེ་ཉིད་དང་བསྲེག་རྫས་ཨ་ཏི་མུ་ཀྟ་ཀའི་ལྕུག་མ་ཀུན་སྨན་ད་སྟེ་དོ་རྒོད་དང་སྨན་མུ་ཁ་སྟེ་སྲན་སྔོན་དང་མ་ཤ་སྟེ་སྲན་མ་ནག་པོ་དང་ཤ་ན་ལེབ་ཟོས་པ་སྐྱུགས་པ་དང༌། སྐྱེ་དང་ཚས་སུ་བསྐྱེད་པའི་ཏ་མ་ལས་སྦྱིན་བྱས་ན་བཅིང་བར་འགྱུར་རོ། །དབང་གི་ཁྱད་པར་གསུངས་པ་ནི་དབང་གི་ཐབ་དང་ལྷ་ལ་རྫས་ཐམས་ཅད་བཤད་པ་དང་བསྲེགས་ན་དབང་དུ་འགྱུར་རོ། །བཞི་པ་དབང་གི་ཐབ་དང་ལྷ་ལ་གླང་པོ་ཆེའི་ཤ་དང་ཁྲག་གིས་སྤངས་ནས་བསྲེགས་ན་དབང་དུ་འགྱུར་རོ། །དབང་དུ་བྱ་བ་ལྔ་པ་ནི་དེའི་ཐབ་ཁུང་གི་ལྷ་ལ་ཉ་ཤ་དང༌། ཆང་དང་བཅས་བ་སྦྱིན་སྲེག་བྱས་ན་བུད་མེད་ཐམས་ཅད་དབང་དུ་འགྱུར་རོ། །བསྐྲད་པའི་བྱེ་བྲག་བཞི་པ་ནི་མངོན་སྤྱོད་ཀྱི་དཀྱིལ་འཁོར་དང༌། ལྷ་ལ་བྱ་རོག་གི་ཤ་འབའ་ཞིག་ལན་སྟོང་དུ་བསྲེགས་པས་རྡོ་རྗེ་སེམས་དཔའ་ཡིན་ཡང་ཉི་མ་གསུམ་གྱིས་འབྲོས་པར་འགྱུར་རོ། །བསྐྲད་


DTG008_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔ་པ་ནི་བྱ་རོག་གི་ཤ་དང་བྱིན་ལག་གི་ཤ་དང་ད་དུ་རའི་མེ་ལ་བསྲེགས་ན་དེ་དང་འདྲའོ། །མངོན་སྤྱོད་ཀྱི་ཁྱད་པར་ནི་དེའི་ཐབ་དང་ལྷ་ལ་ཤ་ཆེན་པོ་དང་བྱ་རྒོད་ཀྱི་ཤ་དང་ལྷན་ཅིག་བསྲེགས་ན་སྨྱོ་བར་འགྱུར་རོ། །ཐམས་ཅད་ཀྱི་གསོ་བ་ཅིག་ཅར་བཤད་པ་ནི། ཞི་བའི་ཐང་དང་ཞི་བའི་ལྷ་ལ་འབྲས་སོ་བ་བསྲེགས་ན་བསད་པ་བསྐྲད་པ་དང་སྨྱོ་བ་ཐམས་ཅད་སླར་འཚོ་བར་འགྱུར་རོ། །གང་ཟག་ཇི་ལྟ་བུས་བྱ་ཞེ་ན། སྔོན་དུ་བསྙེན་པ་བྱས་པ་རྣམས་ཀྱིས་བྱ་བ་ཡིན་གྱི། དེ་ལྟ་མ་ཡིན་པས་ནི་མ་ཡིན་ནོ། །ཁྱད་པར་ཇི་ལྟ་བུས་བྱ་ཞེ་ན། སྐྱེ་བོ་སུས་ཀྱང་མི་ཚོར་བས་བྱ་སྟེ། དེ་ལྟར་མ་ཡིན་པས་མི་བྱའོ། །སྔར་བཤད་པའི་ཆོ་ག་ཐམས་ཅད་གྱི་མཇུག་བསྡུ་བ་ནི། །དེ་བས་ན་ཞེས་པ་ལ་སོགས་པ་སྨོས་ཏེ། སྔགས་པས་སུའི་དྲུང་དུ་ཡང་མི་བཟླས་སོ། །གལ་ཏེ་བྱེད་པར་འདོད་ན་གཅིག་བུ་དབེན་པར་གནས་ནས་བཟླས་ན་ནི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །བརྟག་པ་བདུན་པའི་རབ་ཏུ་བྱེད་པ་གཉིས་པའི་འགྲེལ་བའོ།། །།

བརྟག་པ་བདུན་པའི་རབ་ཏུ་བྱེད་པ་གསུམ་པ། སྔགས་དུ་མ་བསྟན་པ།


DTG008_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྦྱིན་སྲེག་མདོར་བསྟན་པ་བཤད་ནས། རྒྱས་པར་བཤད་པ་ནི་ལྷ་ཐམས་ཅད་ཀྱི་སྔགས་བཏུ་བ་ཞེས་པ་ལ་སོགས་པ་སྨོས་ཏེ། སྔགས་བཏུ་བ་ནི་ཇི་ལྟར་ལགས་ཞེས་བྱ་བ་ནས་ཉན་པར་འཚལ་ལོ་ཞེས་བྱ་བའི་བར་གྱིས་གསོལ་བ་བཏབ་པ་བསྟན་ཏོ། །བཀའ་སྩལ་ཏོ་ཞེས་པ་ནས་བཤད་པར་བྱ་བའི་བར་གྱིས་སྐབས་དབྱེ་བ་བསྟན་ཏོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། །གྲུ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བ་ནི་ཡི་གེ་བཏུ་བའི་གནས་བསྟན་ཏེ། འཐས་པར་བཅགས་ཤིང་ལེགས་པར་བྱུགས་པའི་ས་བཞི་ལ། །ཆོས་འབྱུང་གྲུ་གསུམ་གྱི་ཐིག་བཏབ་ནས་ཐོད་ལོ་ཁོར་གྱིས་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པ་བྲས་ལ་སྔགས་བསྐྱེད་པའི་རྒྱུད་ཡིན་པས་པདྨ་དེ་ལ་མཱ་མ་ཀཱི་ཞེས་བརྡར་བཏགས་པ་ཡིན་ནོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་བྱ་བ་ནི་འཇིག་རྟེན་པ་དང་ཐུན་མོང་དང་མཆོག་ག་དངོས་གྲུབ་གསུམ་མོ། །དེར་གནས་དཔའ་བོའི་ཡིག་འབྲུ་བཏུ་བར་བྱ། །ཞེས་པ་ནི་གསུང་གི་དཔའ་བོའི་ཡིག་འབྲུ་བཏུ་བའོ། །དེར་གནས་པ་གང་ཡིན་སྙམ་པ་ལ། ཨེ་ལ་སོགས་པས་ཕྱེ་བ་


DTG008_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །སྡེ་ཚན་དབང་ཕྱུག་སྔགས་ཀྱི་མཆོག །ཅེས་བྱ་བ་གསུངས་ཏེ། ཨ་ཀ་རྩ་ཏ་ཏ་པ་ཡ་ཤའི་སྡེ་ཚན་བརྒྱད་བཀོད་པའོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། ཡེ་གེ་བཏུ་བའི་གནས་གསུངས་པ་ཡིན་ཏེ། ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ་སྡེ་ཚན་བརྒྱད་བཀོད་པ་དང༌། རྫ་རྔའི་དབྱིབས་ཀྱི་རེ་མིག་ལ་ཡི་གེ་བཞི་བཅུ་རྩ་དགུ་དགོད་པ་དང༌། གཞལ་ཡས་ཁང་གི་དབུས་སུ་རེ་མིག་བཞི་བཅུ་རྩ་དགུའི་དཀྱིལ་འཁོར་དབྱངས་དང་གསལ་བྱེད་ཀྱི་ཕྱི་མོ་དགོད་པའོ། །ཐབས་ནི་བཞི་སྟེ་འཁྲུལ་འཁོར་གྱིས་བཏུ་བ་དང༌། དབྱངས་དང་གསལ་བྱེད་རིམ་པས་བཏུ་བ་དང༌། མིང་གིས་བཏུབ་དང༌། ཕྱེད་བཏུས་པས་བཏུ་བའོ། །བཏུས་པའི་འབྲས་བུ་ནི་ས་བོན་གྱི་སྔགས་བཏུ་བ་དང༌། སྙིང་པོ་དང་ཉེ་བའི་སྙིང་པོ་བཏུ་བ་དང༌། ཡན་ལག་གི་སྔགས་བཏུ་བ་དང༌། ཕྲིན་ལས་ཀྱི་སྔགས་བཏུ་བའོ། །འདིར་ནི་ཆོས་འབྱུང་གི་དཀྱིལ་འཁོར་ལས་ས་བོན་དང་སྙིང་པོ་དང་ཕྲིན་ལས་ཀྱི་སྔགས་བཏུ་བ་ཐོ། །ཨ་ལ་སོགས་པས་ཕྱེ་བ་ཡི། །སྡེ་ཚན་དབང་ཕྱུག་སྔགས་ཀྱི་མཆོག །ཅེས་བྱ་བ་ནི་པདྨ་འདབ་བརྒྱད་ཀྱི་སྟེ་ཚན་བརྒྱད་ཀྱི་ཡི་གེ་ལྔ་བཅུ་བཀོད་པའོ། །དེ་ལ་དང་པོ་སངས་རྒྱས་སྤྱན་གྱི་ས་བོན་དང་སྔགས་བཏུ་བ་ནི། དང་པོའི་གཉིས་པ་ཁའོ། །སྟོང་པས་ཡང་དག་མན་ན་ནི། ཨཾ་དང་སྦྱར་བས་ཁཾ་དུ་འགྱུར་བའོ། །བདུན་པའི་གསུམ་པ་ལའོ། །ཟླ་བ་ཕྱེད་དད་བཅོ་ལྔ་ས་བརྒྱན་ན་ཨི་དང་སྦྱར་བས་ལཾ་ངོ༌། །བྱང་ཆུབ་ས་བོན་ཧཾ་དང་སྦྱར་བས་ལཾ་ངོ༌། །བྱང་ཆུབ་ས་བོན་ཧཾ་ངོ༌། །བཅོ་ལྔས་མནན་ནི་ཨཾ་སྟེ་དེ་དང་སྦྱར་བས་ཧཾ་ངོ༌། །དེ་ལྟར་ན་ཁཾ་ལཾ་ཧཾ་ཞེས་བྱ་བ་གསུམ་ནི་སྙིང་པོ་ཡིན་པར་སྟོན་ནོ། །ཉི་མའི་སྙིང་པོ་ནི་བདུན་པའི་གཉིས་པ་ནི་ར་ཡིན་ལ། རྡོ་རྗེ་མཁའ་འགྲོ་མ་སྟེ་ཨུ་དང་སྦྱར་བས་རུར་གྱུར་པ་ཡིན་ནོ། །ལན་གཉིས་སུ་སྦྱར་བས་རུ་རུའོ། །དྲོད་ཀྱི་གསུམ་པ་ནི་ས་ཡིན་ལ་དྲུག་པའི་གཉིས་པ་ཕ་དང་སྦྱར་བས་སྦ་ཞེས་བྱའོ། །དབྱངས་ལྔ་པ་ཨུ་དང་སྦྱར་བས་སྤུ་ཞེས་བྱ་བར་འགྱུར་རོ། །མཐར་གནས་ཀྱི་གཉིས་པ་ནི་རའོ། །དབྱངས་ཀྱི་ལྔ་པ་ནི་ཨུའོ། །གསུམ་པའི་གསུམ་པ་ནི་རྫའོ། །ཉི་ཤུ་རྩ་དགུ་པ་ནི་ཝཱ། །བདུན་པའི་གསུམ་པ་ནི་ལའོ། །ལྔ་པའི་དང་པོ་ཏའོ། །དབྱངས་ཡིག་གསུམ་པ་ཨིའོ། །བརྒྱད་པའི་གཉིས་པ་ཥའོ་།


DTG008_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་པ་ནི་ཐའོ། །སུམ་ཅུ་རྩ་གཉིས་པ་ནི་ཤའོ། །གོ་རའི་ནི་ཨིའོ། །ལྔ་པའི་གསུམ་པ་ནི་དའོ། །དེ་ཉིད་ཀྱི་བཞི་པ་ནི་དྷའོ། །མཐར་གནས་ཀྱི་གསུམ་པ་ནི་ལའོ། །གྷ་སྨ་རའི་ནི་ཨོའོ། །གསུམ་པའི་དང་པོ་ནི་རྩའོ། །ལྔ་པའི་ལྔ་པ་ནི་ནའོ། །རྩ་རཱ་ནི་ཨེ་འོ། །དེ་ལྟར་སངས་རྒྱས་སྤྱན་གྱི་སྔགས་ཀྱིས་ལས་གསུམ་བྱེད་དེ་ཞི་བ་འབྱུང་བ་དང༌། དམ་ཚིག་བསྐུལ་བ་དང༌། ཤི་བ་གསོ་བའོ། །ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ནི་ཨོཾ་བཟད་བེ་རོ་རྩ་ནའི་ཡེ་སྭཱ་ཧཱའོ། །གཉིས་པ་མཱ་མ་ཀའི་སྔགས་ནི་གཉིས་པའི་བཞི་པ་ནི་གྷའོ། །ཆུ་མ་ནི་ཨཱི་སྟེ་གྷཱི་ཞེས་བྱ་བ་ནི་སྙིང་པོའོ། །ཉེ་བའི་སྙིང་པོ་ནི་དྲོད་ཅན་གྱི་དང་པོ་ནི་ཤའོ། །མཁའ་སྤྱོད་མ་ནི་ཨཾ་དོ། །གཉིས་པའི་དང་པོ་ནི་ཀའོ། །བདུན་པའི་གཉིས་པ་ནི་རའོ། །ཙཽ་རཱི་ནི་ཨེའོ། །བརྒྱད་པའི་དང་པོ་ནི་ཤའོ། །རྡོ་རྗེ་མ་ནི་ནའོ། །ལྔ་པའི་དང་པོ་ནི་ཏའོ། །གོ་རའི་ནི་ཨིའོ། །གཉིས་པའི་དང་པོ་ནི་ཀའོ། །ཉེར་བདུན་པ་ནི་རཱའོ། །ཙཽ་རཱི་ནི་ཨེའོ། །གཉིས་པའི་བཞི་པ་ནི་གྷའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨུའོ། །གསུམ་པའི་དང་པོ་ནི་ཏའོ། །ལན་གཉིས་བཟླས་པས་ནི་གྷུ་ཏའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨུའོ། །བཅུ་གཅིག་པ་ནི་ཏའོ། །དབྱངས་ཀྱི་གསུམ་པ་ནི་ཨིའོ། །ལྔ་པའི་ལྔ་པ་ནི་ནའོ། །གོ་རའི་ནི་ཨིའོ། །གཉིས་པའི་བཞི་པ་ནི་གྷའོ། །རྡོ་རྗེ་མ་ནི་ཨཱའོ། །བཅུ་དྲུག་པ་ནི་ཏའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །ལན་གཉིས་བཟླས་པ་ནི་གྷ་ཏ་ཡ་གྷ་ཏ་ཡ་ཞེས་བྱའོ། །གཉིས་པའི་བཞི་པ་ནི་གྷའོ། །དབྱངས་ཡིག་ལྔ་པ་ནི་ཨུའོ། །བཞི་པའི་དང་པོ་ནི་ཏའོ། །གོ་རཱི་ནི་ཨིའོ། །དེའི་ཕན་ཡོན་ནི་སྲུང་བར་བྱེད་པ་དང་འཇིགས་པས་ཉེན་པ་ལས་སྐྱོབ་པ་དང་སྟོབས་འབྱེད་པའོ། །དེའི་ཡབ་རིན་ཆེན་འབྱུང་ལྡན་གྱི་སྔགས་ནི། ཨོཾ་རྫྭ་ལ་རྫྭ་ལ་ཧཱུཾ་ཁཾ་བྷྱོ་སྭཱ་ཧཱ། །ཞེས་བྱའོ། །གསུམ་པ་གོས་དཀར་མོའི་སྔགས་ནི་གཉིས་པའི་དང་པོ་ཀའོ། །བཞིན་པའི་དང་པོ་ནི་ཏའོ། །རྩཽ་རཱི་ནི་ཨེའོ། །བདུན་པའི་བཞི་པ་ནི་སྦའོ། །གོ་རའི་ནི་ཨིའོ། །གཉིས་པའི་དང་པོ་ནི་ཀའོ། །བཅུ་གཅིག་པ་ནི་ཏའོ། །རྩཽ་རའི་ནི་ཨེའོ། །ལྔ་པའི་ལྔ་པ་ནི་ནའོ། །དབྱངས་ཡིག་གསུམ་པ་ནི་ཨིའོ། །གཉིས་པའི་དང་པོ་ནི་ཀའོ། །བཞི་བའི་དང་པོ་ནི་ཏའོ། །རྩཽ་རའི་ནི་ཨེའོ། །གཉིས་པའི་


DTG008_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི་ཀའོ། །བཞི་པའི་དང་པོ་ནི་ཏའོ། །མཁའ་སྤྱོད་མ་ནི་ཨཾ་ངོ༌། །གཉིས་པའི་དང་པོ་ནི་ཀའོ། །བཅུ་གཅིག་པ་ནི་ཏའོ། །རྩཽ་རའི་ནི་ཨེའོ། །དེའི་ཕན་ཡོན་ནི་རྟག་ཏུ་སྟོབས་འཕེལ་བ་དང་ཆེས་ཆེར་ལོངས་སྤྱོད་ཀྱི་མཛོད་འཕེལ་བར་འགྱུར་རོ། །དེའི་ཡབ་སྣང་བ་མཐའ་ཡས་ཀྱི་སྔགས་ནི། ཨོཾ་དྷ་རྨ་ཧའི་སྭཱ་ཧཱ། ཞེས་བྱའོ། །བཞི་པ་སྒྲོལ་མའི་སྙིང་པོ་ནི། བཅུ་དྲུག་པ་ནི་ཏའོ། །རྡོ་རྗེ་མ་ནི་ཨཱ་འོ། །ཉི་ཤུ་བདུན་པ་ནི་རའོ། །རྩཽ་རའི་ནི་ཨེའོ། །ལྔ་པའི་དང་པོ་ནི་ཏའོ། །མཁའ་འགྲོ་མ་ནི་ཨུའོ། །བཅུ་དྲུག་པ་ནི་ཏའོ། །ལྔ་པའི་དང་པོ་འང་ཏའོ། །རྡོ་རྗེ་མ་ནི་ཨཱའོ། །ཡི་གེ་ཉི་ཤུ་རྩ་བདུན་པ་ནི་རའོ། །རྩཽ་རའི་ནི་ཨེའོ། །ལྔ་པའི་དང་པོ་ནི་ཏའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨུའོ། །བདུན་པའི་གཉིས་པ་ནི་རའོ། །རྩཽ་རའི་ནི་ཨེའོ། །དེའི་ཕན་ཡོན་ནི་སངས་རྒྱས་དང་རྡོ་རྗེ་འཆང་སོགས་པ་འཇིག་རྟེན་ལས་འདས་པ་དང་འདས་པའི་ཁམས་ལུས་པ་སྡང་པའི་སེམས་མེད་པར་གྱུར་ནས་བྲན་བཞིན་དུ་དབང་དུ་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོས་གསུངས་པའི་ཡུམ་གྱི་སྔགས་བཞི་ལ་ཐོག་མར་གསལ་བྱེད་ཀྱི་ཨོཾ་དང་མཐར་སཱ་ཧའི་སྔགས་དང་སྤེལ་བར་བྱའོ། །དེ་ལ་ཡབ་ལ་དོན་ཡོད་གྲུབ་པའི་སྔགས་ནི། ཀར་ཀར་ནས་སཱ་ཧའི་བར་རོ། །བདེ་མཆོག་གི་རྩ་བའི་སྔགས་ཅིའི་ཕྱིར་དོན་ཡོད་གྲུབ་པའི་སྔགས་སུ་འགྱུར་ཞེ་ན། འདི་རྣམས་ནི་ཁྲོ་བོ་ཡིན་པའི་ཕྱིར་ཏེ། རྣམ་པར་སྣང་མཛད་ནི་ཞལ་གཅིག་ཕྱག་གཉིས་པ་ཡིན་ལ། རིན་ཆེན་འབྱུང་ལྡན་ནི་ཞལ་གསུམ་ཕྱག་དྲུག་པ་ཡིན་ནོ། །སྣང་བ་མཐའ་ཡས་ནི་ཞལ་གཅིག་ཕྱག་བཞི་པ་ཡིན་ནོ། །དོན་ཡོད་གྲུབ་པ་ནི་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡིན་པ་དེ་བས་ན་རྩ་བའི་སྔགས་དང་སྦྱར་བར་བྱའོ། །དེ་ལྟར་ཡབ་ཡུམ་གྱི་སྔགས་བཤད་ནས་མི་བསྐྱོད་པའི་སྙིང་པོ་གསུངས་པ་ནི། དང་པོར་རྣམ་པར་སྣང་མཛད་ནི་ཨོཾ་མོ། །དྲོ་བའི་བཞི་པ་ནི་ཧའོ། །པུཀྐ་སའི་ནི་ཨུའོ། །སྟོང་པས་མན་ན་པ་ནི་ཨོཾ་དོ། །མཐར་སྭཱ་ཧཱ་དང་སྦྱར་རོ། །དེའི་ཕྲིན་ལས་ནི་འབུམ་བཟླས་ན་འགྲོ་བ་བཅིང་བར་འགྱུར་རོ། །གཉིས་པ་རིན་ཆེན་འབྱུང་ལྡན་གྱི་སྙིང་པོ་ནི་ཡི་གེ་ཨོཾ་མོ། །མཁའ་སྤྱོད་མ་ནི་ལཾ་ངོ༌། །མཐར་སྭཱ་ཧཱ་དང་སྦྱར་ནས་སྔགས་བཟླས་ན་སངས་རྒྱས་དབང་དུ་འགྱུར་རོ། །གསུམ་པ་དོན་ཡོད་གྲུབ་པའི་སྙིང་པོ་ནི་རིག་བྱེད་


DTG008_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དང་པོ་ཨོཾ་མོ། །གཉིས་པའི་གཉིས་པ་ཁའོ། །སྟོད་པས་མན་ན་པ་ནི་ཨོཾ་མོ། །མཐར་སྭཱ་ཧཱ་དང་སྦྱར་ནས་འབུམ་བཟླས་ན་སངས་རྒྱས་ཀྱང་སྐྲོད་པར་འགྱུར་རོ། །བཞི་པ་སྣང་པ་སྣང་བ་མཐའ་ཡས་ཀྱི་སྙིང་པོ་ནི་དང་པོ་ནི་དང་པོ་རྣམ་སྣང་ནི་ཨོཾ་མོ། །གསུམ་པའི་གསུམ་པ་ནི་ཛའོ། །ར་དང་ལྡན་པས་བཛྲ་ཞེས་བར་འགྱུར་རོ། །གཽ་རཱིས་བརྒྱན་པ་ནི་ཨིའོ། །སྟོད་པ་ཨོཾ་ངོ༌། །མཐར་སྭཱ་ཧཱ་དང་ལྡན་པས་བཟླས་པ་འབུམ་བྱས་ན་མཛའ་བོ་རྣམས་འབྱེད་པར་འགྱུར་རོ། །ལྔ་པ་རྣམ་སྣང་གི་སྙིང་པོ་ནི་དང་པོ་ཡི་གེ་དབང་ཕྱུག་ཨོཾ་མོ། །བདུན་པའི་བཞི་པ་ནི་ཧའོ། །སྟོང་པ་ནི་ཨོཾ་ངོ༌། །རྡོ་རྗེ་མཁའ་འགྲོ་ནི་ཨུའོ། །སྭཱ་ཧཱ་མཐའ་དང་ལྡན་པས་འབུམ་བཟླས་ན། མངོན་སྤྱོད་ཀྱི་ལས་བྱེད་དོ། །སྤྱན་གྱི་སྔགས་གསུངས་པ་ནི། ཐོག་མའི་དབང་ཕྱུག་ནི་ཨོཾ་མོ། །ཧཱུཾ་འོད་དམར་པོ་དང་ལྡན་པའི་མཐར་སྭཱ་ཧཱ་དང་བཅས་པའི་འབུམ་བཟླས་ན་ལྷ་མ་ཡིན་གྱི་བུ་མི་ཐིག་ལེ་མཆོག་ལ་སོགས་པ་ཡང་འགུགས་པར་བྱེད་དོ། །མཱ་མ་ཀཱིའི་སྙིང་པོ་ནི་གཏི་མུག་གི་རིགས་ནི་དང་པོ་ཨོཾ་མོ། །ཡི་གེ་ཧཱུཾ་གི་རྗེས་ལ་མཐར་སྭཱ་ཧཱ་དང་བཅས་པས་འབུམ་བཟླས་ན་ལྷ་དང་མིར་བཅས་པ་གསོད་པར་བྱེད་དོ། །གོས་དཀར་མོའི་སྙིང་པོ་ནི། བརྒྱད་པའི་གཉིས་པ་ནི་རའོ། །བརྒྱད་པའི་བརྒྱད་པ་ནི་ཧའོ། །དང་པོ་ར་གཏི་མུག་གི་རིགས་ནི་ཨོཾ་མོ། །མེ་དང་ཞེས་བྱ་བ་ནི་ཨོཾ་དང་བྱས་བས་ཧཾ་མོ། །ཐར་འབུམ་བཟླས་པ་བྱའོ། །སྒྲོལ་མའི་སྙིང་པོ་ལས་ཀྱིས་བོན་ནི་སཱིའོ། །རྣམ་པར་སྣང་མཛད་ཀྱི་ས་བོན་ཨོཾ་ཐོག་མར་སྦྱར་རོ། །མཐར་སྭཱ་ཧཱ་དང་སྦྱར་ནས་བཟླས་བཟོད་བྱའོ། །སྒོ་སྐྱོད་རྣམས་ཀྱི་སྙིང་པོ་རི་རའི་ལ་ལཱ་ཞེས་པ་མ་ནིང་གི་ཡི་གེ་བཞིའོ། །དེ་བཞིན་དབྱངས་ཡིག་ལྷག་མ་ཉིད་མེ་རོག་མ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་སྙིང་པོའོ། །རིག་བྱེད་རྣམས་ཀྱི་དང་པོ་ནི་ཨོཾ་མོ། །སྒོ་མ་རྣམས་མཆོད་པའི་ལྷ་མོ་ལ་དབྱངས་ཡིག་རེ་རེ་དབུས་སུ་གཞག་པ་ནི་ཨོཾ་དང་སྭཱ་ཧཱ་ཐོག་མ་དང་ཐ་མར་སྦྱར་བར་བྱའོ། །མེ་ཏོག་མའི་ཨིའོ། །བདུག་པ་མའི་ཨཱི་རིང་པོའོ། །དྲི་ཆབ་མའི་ཨུ་ཐུང་དུའོ། །མར་མེ་མའི་ཨཱུ་རིང་པོའོ། །གླིང་བུ་མའི་ཐུང་དུའོ། །པི་ཝང་མའི་ཨེ་རིང་པོའོ། རྡ་རིངས་མའི་ཨེ་ཐུང་དུའོ། །རྫ་རྡ་མའི་ཨཽ་རིང་པོའོ། །སྙིང་པོའི་བཟླས་པའི་མཆོག་གི་བྱ་བ་དེ་ཉིད་ཚོགས་འཁོར་གྱི་དཀྱིལ་འཁོར་ལྟར་རྟོགས་པར་བྱའོ། །དེ་ལྟར་བཟླས་པའི་སྔགས་


DTG008_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། ཡི་གེའི་འཁྲུལ་འཁོར་དགོད་པ་བཤད་པ་ནི། ལས་རྣམས་ཀུན་གྱིས་ལས་རྣམས་རོལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་ཕྲག་བཅུ་གཉིས་པ་སྒྲོལ་མ་འབྱུང་བའི་རྒྱུད་ལས། འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་ལས་ཀྱི་ཚོགས་ཐམས་ཅད་བཤད་པར་བྱ་སྟེ། ཕྱི་རོལ་དུ་ཨུ་ཏྭ་ལ་ཕྱོགས་བཞི་དང་མཚམས་བཞིར་ཁ་བལྟས་པའི་ཡི་གེ་ཏའཾ་གསུམ་གྱིས་མཛེས་པར་བྱས་ལ། དེའི་ནང་རི་མོ་ཟླུམ་པོར་བསྐོར་བའི་གནས་སུ་ཨོཾ་པྲ་སནྟའ་རིའི་སྔགས་ཀྱི་ཕྲེང་བ་དགོད་པར་བྱའོ། །དེའི་དབུས་སུ་འཁོར་ལོ་རྩི་བས་བརྒྱད་པ། དེའི་དབུས་ཀྱི་ལྟེ་བ་ལ་ལྔ་པའི་དང་དང་པོ་ཏ་ལ་ཟླ་བ་ཕྱེད་པ་དང་ཐིག་ལེ་སྟེ་ཨཾ་གིས་མཚན་པའི་ཆེ་གེ་མོ་སྭཱ་ཧཱ་ཞེས་པའི་སྔགས་དང་སྤེལ་བར་བྱའོ། །དེའི་ཕྱི་རོལ་དུ་ཨའི་ཕྲེང་བས་བསྐོར་བར་བྱའོ། །འཁོར་ལོ་གཉིས་བྲིས་ལ་ཁ་སྦྱོར་བྱས་ཏེ་བཅིངས་ན་ཉི་མ་བདུན་གྱིས་དབང་དུ་འགྱུར་རོ། །གཉིས་པ་འཁོར་ལོ་རྩིབས་བཅུ་པ་ལ་ཡི་གེ་བཅུ་པའི་སྔགས་བཀོད་ལ་འཁོར་ལོའི་དབུས་སུ་པདྨའི་ཡི་གེ་བཅུ་དང་ལྡན་པའི་ལྟེ་བ་ལ་བསྒྲུབ་པར་བྱ་བའི་མིང་དང་ཧྲཱིཿ་སྤེལ་ནས་བཀོད་པས་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ། །གསུམ་པ་ཨུཏྤལ་ལྡའི་སྟེང་དུ་འཁོར་ལོ་རྩི་བས་དྲུག་པ་བྲིས་ལ་དབུས་ཀྱི་ལྟེ་བ་ལ་ཆེ་གེ་མོ་བཤཾ་ཀུ་རུ་ཧོ། །སྭཱ་ཧཱ་ཞེས་པ་བྲིས་ཏེ་གི་ཝང་དང་སེན་རྩི་དང་ཙནྡན་དམར་པོ་དང་རང་གི་ཁྲག་དང་བཅས་པས་གྲོ་ག་ལ་བྲིས་ན་ལྷ་ལ་སོགས་པ་དབང་དུ་བྱེད་དོ། །བཞི་ཆུའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་རྩེ་གསུམ་པ་རྒྱ་གྲམ་གྱི་ལྟེ་བར་བསྒྲུབ་བྱའི་མིང་དང་སྦེལ་བའི་རིག་པ་ཁམ་ཕོར་གཉིས་ལ་རྡོ་རྒྱུས་ཀྱིས་བྲིས་ན་ཀུན་དུ་འཆིང་བར་འགྱུར་རོ། །ལྔ་པ་པདྨ་བུའི་འཁོར་ལོ་རྩི་བས་བརྒྱད་པ་ལ་ཆེ་གེ་མོ་ཞེས་བྱ་བ་བྲིས་ཏེ། དབུས་སུ་ཆེ་གེ་མོ་སྭཱ་ཧཱ་ཞེས་བྱ་བ་ཡུང་བའི་ཁུ་བས་བྲིས་ཏེ་ལེགས་པར་ཁ་ཐུར་དུ་བཞག་ན་འཆིང་བར་འགྱུར་རོ། །དྲུག་པ་འཁོར་ལོ་དེ་ཉིད་ལ་ཧཱུཾ་ཆེ་གེ་མོ་ཧཱུཾ་ཆེ་གེ་མོ་ཧཱུཾ་ཕཊ་ཅེས་བྱ་བ་དང་སྤེལ་ཏེ་རྩི་བས་བརྒྱད་ལ་བཀོད་ལ་ཐོད་པ་ལ་མི་རུས་ཀྱི་སྨྱུ་གུས་དུག་དང་ཁྲག་དང་སྐྱེ་ཚེ་དང་བཅས་པས་བྲིས་ལ་དུར་ཁྲོད་དུ་སྦས་པས་འཆི་པར་འགྱུར་རོ། །བདུན་པ་འཁོར་ལོ་དེ་ཉིད་ལ་ཆེ་གེ་མོ་ཨོཾ་ཞེས་པ་དང་སྤེལ་ཏེ་གྲོ་ག་ལ་གུར་གུམ་གྱིས་བྲིས་ན་བརྒྱལ་བར་འགྱུར་རོ། །བརྒྱད་པ་ནི་འཁོར་ལོ་དེ་ཉིད་ལ་ཆེ་གེ་མོ་སྭཱ་ཧཱ་ཞེས་བྱ་བ་


DTG008_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤེལ་ཏེ་བྲིས་ན་བསྲུང་བར་འགྱུར་རོ། །དགུ་པ་ནི་འཁོར་ལོ་དེ་ཉིད་ལ་ཡི་གེ་བཅུ་པོ་ཨ་ཞེས་པ་དང་སྤེལ་ཏེ་ཁམ་ཕར་ལ་རྩ་ནད་དཀར་པོས་བྲིས་ན་ཞི་བར་འགྱུར་རོ། །བཅུ་པ་ནི་འཁོར་ལོ་དེ་ཉིད་ལ་དབུས་སུ་ཡི་གེ་ཨ་ཆེན་པོ་གཅིག་གི་ནང་དུ་ཆེ་གེ་མོ་ཧོ་ཞེས་པ་བྲིས་ཏེ་དེའི་ཕྱོགས་བཞིར་ཧཱུཾ་བཞི་དང༌། མཚམས་བཞིར་བཾ་བཞི་དང་ཕྱི་རོལ་དུ་རི་མོ་གསུམ་གྱིས་བསྐོར་བ་གི་ཝང་གིས་གྲོ་ག་ལ་བྲིས་ན་དབང་དུ་འགྱུར་རོ། །བཅུ་གཅིག་པ་ནི་འཁོར་ལོ་དེ་ཉིད་ཀྱི་ལྟེ་བར་པདྨ་འདབ་མ་བཞི་པ་བྲིས་ཏེ་ཧཱིཾ་བཞི་དང༌། དབུས་སུ་ཧྲཱིཿ་ཆེ་གེ་མོ་ཞེས་བྱ་བ་བྲིས་ཏེ། དེའི་ཕྱི་རོལ་དུ་ཧཱུཾ་བཞིས་བསྐོར་བ་ཙནྡན་དམར་པོས་ཁམ་པོར་སོ་མ་བཏང་བ་ལ་བྲེས་ན་ཞི་བར་འགྱུར་རོ། །འཁོར་ལོ་དེ་ཉིད་ལ་གུམ་ཀུམ་མམ་སེན་རྩི་འམ་གི་ཝང་གིས་གྲོ་ག་ལ་བྲིས་ཏེ་འཁོར་ལོ་གཅིག་རང་གིས་བཅངས་ཤིང༌། གཅིག་མར་དང་སྤྲང་རྩིའི་ནང་དུ་བཅུ་ག་ན་མཛའ་བོར་འགྱུར་རོ། །ལས་སོ་སོ་ལ་སྦྱར་བའི་སྔགས་ནི། སརྦ་མོ་ཧ་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་དེ་ཉིད་གྲོ་ག་ལ་བྲིས་ཏེ་ལམ་དུ་འཇུག་པའི་ཚེ་ཆོས་གོས་ཀྱི་མཐའ་མ་ལ་མདུད་ན་ཆོས་པོས་མི་ཚུགས་སོ། འཁོར་ལོ་བཅུ་གཅིག་པོ་དེ་ཐམས་ཅད་མཐར་ཨུ་ཏབ་ལ་དང་པོ་བཞིན་དུ་བརྒྱན་པ་ནི་ཐུན་མོང་མ་ཡིན་པར་ཤེས་པར་བྱའོ། །བཅུ་གཉིས་པ་ནི་སྔ་མ་ལྟ་བུར་ཨུཏྤལའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་ཆེ་གེ་མོ་ལྦ་ཤཾ་ཀུ་རུ་ཧོ་ཞེས་ལན་བདུན་བསྔགས་ནས་གང་ལ་སྦྱིན་པ་དེ་དབང་དུ་འགྱུར་རོ། །བཅུ་གསུམ་པ་ནི་ཨུཏྤལའི་དབུས་སུ་པདྨ་འདབ་བརྒྱད་པ་ལ་ཧཱུཾ་ཞེས་པ་དང་སྤེལ་བ་བྲིས་ལ། དབུས་སུ་ཆེ་གེ་མོ་ཧཱིམ་ཞེས་གི་ཝང་གིས་བྲིས་ན་སྐལ་བ་བཟང་པོར་འགྱུར་རོ། །བཅུ་བཞི་པ་ལ་པདྨ་འདབ་བརྒྱད་པའི་དབུས་སུ་ཨོཾ་བྲིས་ལ་ཕྱི་རོལ་དུ་རི་མོ་ཟླུམ་པོས་བསྐོར་ལ་དེའི་ཕྱི་རོལ་དུ་རྡོ་རྗེ་རྩེ་གསུམ་པ་བརྒྱད་ཀྱིས་བསྐོར་བ་གུ་ཀུན་གྱིས་བྲིས་ནས་དབུད་པར་བཏགས་ན་བསྲུང་བར་འགྱུར་རོ། །བཅོ་ལྔ་པ་ལ་འཁོར་ལོ་དེ་ཉིད་ཀྱི་མཐའ་མར་རྡོ་རྗེ་ཡངས་པ་སྟེ། ལྟེ་བ་དང་ཕྱི་རོལ་གཉིས་ཀར་ཨོཾ་ཧཱུཾ་ཧཱུཾ་ཞེས་པ་ལ་སོགས་པ་རྟ་མགྲིན་གྱི་དབྱེ་བའི་སྔགས་ཀྱིས་བསྐོར་བ་དུག་དང་ཁྲག་ལ་སོགས་པ་མངོན་སྦྱོད་ཀྱི་རྫས་ཀྱིས་མ་ཧེ་དང་རྟའི་རྨིག་པའི་ནད་དུ་བྲིས་ཏེ་བཅུག་ན་མ་ཧཱ་དེ་བ་དང༌། ཨུ་མ་ཡང་འབྱེད་པར་འགྱུར་རོ། །བཅུ་


DTG008_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་ལ་ཨེའི་དཀྱིལ་འཁོར་སུམ་ལ་ཨོཾ་ག་ཧཱུཾ་ཟུར་གཉིས་པ་ཧཱུཾ་ག་ཧཱུཾ་གསུམ་པར་ཧཱུཾ་གུ་ཕཊ་འོག་གི་གྲུ་གསུམ་དུ་ཧཱུཾ་ག་ཧཱུཾ་ག་ཧཱུཾ་ག་ཧཱུཾ་ཏྭི་དང་དབུས་སུ་ཧཱུཾ་ག་ཧཱུཾ་ཞེས་བྱ་བས་དུག་དང་ཁྲག་ལ་སོགས་པས་བུད་མེད་ཀྱི་སྨད་གཤམ་ལ་བྲིས་ལ་ཁྲོ་བོ་སྟོབས་པོ་ཆེའི་སྔགས་ཀྱིས་ཕྱི་རོལ་ནས་བསྐོར་བ་བྲིས་ན་དགྲ་བོ་ཐམས་ཅད་བཅོམ་པར་འགྱུར་རོ། །བཅུ་བདུན་པ་དབང་ཆེན་གྱི་དཀྱིལ་འཁོར་ལ། ཨོཾ་བརྒྱད་བྲིས་ནས་འབྲས་བུ་པདྨ་འདབ་མ་བརྒྱད་པ་ལ་ཨཱཾ་བརྒྱད་བྲིས་ལ་ལྟེ་བར་པ་སྒྲུབ་བྱའི་མིད་ཧཱུཾ་བཞིས་བསྐོར་བ་ཁམ་ཕ་རོལ་ཁ་སྦྱར་གྱི་ནང་དུ་བཅུག་ལ་རྡོ་རྗེའི་སྐུད་པས་བཅིངས་ན་དགྲ་བོ་བཅིང་བར་འགྱུར་རོ། །བཅོ་བརྒྱད་པ་དབང་ཆེན་གྱི་དཀྱིལ་འཁོར་ལ་ཕྱོགས་མཚམས་སུ་རྡོ་རྗེ་རྩེ་གསུམ་པ་བརྒྱད་ཀྱིས་མཚན་པ་དབུས་ཀྱི་ཤར་དུ། ཨོཾ་པ་ཏ་པ་ཏ་ནི་ནི་སྭཱ་ཧཱ། ལྷོར་ཛཾ་བྷ་ནི་སཱ་ཧཱ། ནུབ་ཏུ་ཨོཾ་མོ་ཧ་ནི་སྭཱ་ཧཱ། བྱང་དུ་སྟཾ་བྷ་སྟཾ་བྷ་ནི་སྭཱ་ཧཱ། དབུས་སུ་ཡང་དབང་ཆེན་གྱི་དཀྱིལ་འཁོར་ལ་ཆེ་གེ་མོ་སྟཾ་བྷ་ཡ་སྭཱ་ཧཱ། ཞེས་པ་ཡུང་བའི་ཁུ་བས་གྲོ་ག་ལ་བྲིས་ནས། སྦལ་པའི་གཟུགས་བརྙན་གྱི་ཁར་བཅུག་སྟེ་ཚེར་མས་སྦལ་བའི་ཁ་བཙེམས་ན། ཕ་རོལ་གྱི་དཔུང་འཆིང་བར་འགྱུར་རོ། །བཅུ་དགུ་པ་ཆུའི་དཀྱིལ་འཁོར་ཟླུམ་པོ་མཚམས་བཞིར་རྡོ་རྗེ་རྩེ་ལྔ་པས་མཚན་པ་བྲིས་ལ་དེའི་ར་དབུས་མ་ལ་ཧཱུཾ་བཞི། དབུས་སུ་ཨོཾ་པ་ཏ་ཀྲ་མ་ཞེས་བྱ་བའི་སྔགས་རིངས་བྲིས་ལ་དེའི་དབུས་སུ་རྡོ་རྗེ་རྩེ་གསུམ་པ་རྒྱ་གྲམ་རྩེ་བཞི་ལ་ཨོཾ་བ་ར་ཧ་མུ་ཁ་ཞེས་པ་ལ་སོགས་པའི་སྔགས་བྲིས་ལ་མཚམས་བཞིར་ཨོཾ་མཱ་རའི་རྩེ་ཞེས་དགོད་དོ། །དེའི་ལྟེ་བ་ལ་ཨོཾ་ལི་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བསྐོར་ལ། དེའི་དབུས་སུ་ཡི་གེ་མཱཾ་ཆེན་པོ་དེའི་དབུས་སུ་ཆེ་གེ་མོ་ར་ཀྵ་ཞེས་བྱ་བས་བསྲུང་བར་འགྱུར་རོ། །ཉི་ཤུ་པ་ནི་འཁྲུལ་འཁོར་གྱི་རྟེན་སྐྱེས་བུའི་གཟུགས་སྐྲ་གྲོལ་བ་ལ་རྣ་ཆ་གཉིས་ལ་སྣ་ཚོགས་རྡོ་རྗེ་ཧཾ་གིས་མཚན་པ། སྤྱི་གཙུག་གི་ནོར་བུལ་ཧཾ་གིས་མཚན་པའི་རྡོ་རྗེ་རྩེ་གསུམ་པ། དཔྲལ་བའི་སྟེང་དུ་ལཾ་གཉིས། མཁུར་ཚོས་གཡས་གཡོན་དང༌། ཨོ་སྐོར་མ་ཙིཏྟ་ཞེས་བྱ་བ་ལས་སོགས་པའི་སྔགས་བྲི། དེའི་ལྟེ་བ་ནས་བརྩམས་ཏེ་སྟེང་དུ་བལྟས་པའི་མཆོད་


DTG008_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་གཡོན་ནས་སྐོར་བའི་རིམ་པས་རྟེན་འབྲེལ་གྱི་སྙིང་པོ་མགྲིན་པ་ལ་ཁ་ཐུར་དུ་བལྟས་པའི་ཧཱུཾ་གི་ཕྲེང་བ། མཆོད་རྟེན་དེའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་འགྲེང་བ། རྩིབས་ལོགས་ངོས་གཉིས་སུ་ཧཱུཾ་བཅུ་གཉིས་མཆོད་རྟེན་གྱི་གདན་ཁྲི་ལ། །མ་ནིང་གི་ཡི་གེ་བཞི་སྤངས་པའི་དབྱངས་ཡིག་བཅུ་གཉིས། སྐྱེས་བུའི་ནམ་ཆད་ལ་མ་མ་ཙིཏྟ་ལ་སོགས་པའི་སྔགས་ཀྱི་ཕྲེང་བ་བྲལ་གཉིས་དང༌། ལོང་བུ་གཉིས་དང་ཆུ་སོ་དང་གསང་པའི་གནས་རྣམས་སུ་སུམ་ཡཾ་རཾ་བྲི་ཡན་ལག་བརྒྱད་ལ་ཏཾ་བརྒྱད། རྐང་པ་གཉིས་ལ་བཾ་གཉིས་དང་རཾ་གཉིས་སྐྱེས་བུའི་གཟུགས་ནི་མངོན་སྤྱོད་ཀྱི་རྫས་ཀྱིས་བྲིའོ། མཆོད་རྟེན་ནི་ཙནད་ན་དཀར་པོས་བྲིའོ། །རྡོ་རྗེ་གུར་ཀུམ་གྱིས་བྲིས་ན་གཞན་གྱིས་བྱད་བྱས་པས་མི་ཚུགས་པར་འགྱུར་རོ། །ཉི་ཤུ་གཅིག་པའི་རི་རབ་ཀྱི་རྩེ་མོར་རྡོ་རྗེ་རྩེ་མོར་རྡོ་རྗེ་རྩེ་གསུམ་བ་རྒྱ་གྲམ་བྲིས་ལ་རི་རབ་ཀྱི་ཟུར་བརྒྱད་དུ་ཧཱུཾ་ནི་ཧཱུཾ་བརྒྱད་བྲིས་ལ་བར་དུ་ཨ་ལ་དང༌། ཀ་ཏ་དང༌། བྷ་ཡ་དང༌། མཾ་ཡཾ་བྲི་བར་བྱའོ། །དེའི་དབུས་སུ་རིམ་མོ་ཟླུམ་པོས་བསྐོར་བ་བྲིས་ལ། དེའི་དབུས་སུ་ཚོགས་བདག་བྲིས་ལ། ཚོགས་བདག་གི་དཔྲལ་བར་ཧཱུཾ་ག་ཧཱུཾ། སྙིང་གར་ཧཱུཾ་ག་ཧཱུཾ། དཀུ་གཉིས་སུ་བྲི་སྟི་ཀུ་རུ། ལྟེ་བར་ཧཱུཾ་ག་ཧཱུཾ་དཀུ་གཉིས་སུ་བྲི་སྟི་ཀུ་རུ། ལྟེ་བར་ཧཱུཾ་ག་ཧཱུཾ་མངོན་སྤྱོད་ཀྱི་རྫས་ཀྱིས་བྲིས་ལ་ཁམ་ཕོར་སོ། མ་བཏང་བར་བཅུག་སྟེ། བསྲེགས་ན་ཆར་འབབ་པ་དང༌། ཁ་ཐུར་དུ་བསྟན་ཏེ་བྲིས་ན་ཆར་འཆད་པར་འགྱུར་རོ། །ཉི་ཤུ་གཉིས་པ་ནི་འཁོར་ལོ་རྩིབས་བརྒྱད་པ་ལ་ཡི་གེ་བྲིས་ལ། དབུས་སུ་ཆེ་གེ་མོ་ཞེས་པ་དུར་ཁྲོད་ཀྱི་རས་ལ་བ་བླའི་ཁུ་བས་བྲིས་ནས་འབྲས་ཀྱི་ཕྱེ་མ་ལས་བྱས་པའི་ཚོགས་བདག་གི་གཟུགས་ཀྱི་སྙིང་གར་བཅུག་སྟེ། ཁམ་ཕ་རོ་ཁ་སྦྱར་དུ་བཞག་ནས་མཆོད་པར་འགྱུར་རོ། །ཉི་ཤུ་རྩ་གསུམ་པ་ནི་སྔར་བཤད་པའི་འོད་ཟེར་ཅན་གྱི་འཁོར་ལོ་བྲིས་ལ། དེའི་ལྟེ་བའི་ཡི་གེ་མཱ་ཆེན་པོའི་དབུས་སུ་ཨོཾ་བ་ད་ལི་ཞེས་ལ་སོགས་པའི་སྔགས་རིངས་བྲིས་ལ་ཡུང་བའི་ཁུ་བས་སོ་ཕག་གཉིས་ལ་འཁྲུལ་འཁོར་བྲིས་ལ་ཁ་སྦྱར་ནས་འོག་ཏུ་བཅུག་ན་སྡང་བ་ཐམས་ཅད་བཅིང་བར་འགྱུར་རོ། །ཉི་ཤུ་རྩ་བཞི་པ་ནི་བྷ་ག་ལི་དགས་མཚན་པ་བྲིས་ལ་དབུས་སུ་མིང་གེ་ཧཱིཾ་དཀར་པོ་ས་བསྐོར་བ་བྲིས་ན་གང་འདོད་པའི་བུ་མོ་འགུགས་པར་


DTG008_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཉི་ཤུ་རྩ་ལྔ་པ་ནི་ཟླ་བའི་དཀྱིལ་འཁོར་དབུས་སུ་འཁོར་ལོ་རྩི་བས་བརྒྱད་པ་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་གྱིས་མཚན་པ། དབུས་སུ་ཟླ་བ་གང་བ་ལ་ཆེ་གེ་མོས་བུ་རྙེད་པར་གྱུར་གཅེས་བྱ་བ་དང༌། ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བ་ལ་ཨོཾ་མ་ནི་དྷ་རི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་བྲི་བར་བྱའོ། །འཁོར་ལོ་རྩིབས་བརྒྱད་པའི་ཕྱིར་རོལ་གྱི་ཟླ་བ་ལ་ཨོཾ་ཨ་མྲ་ཏ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བསྐོར་བར་བྱ་སྟེ། དེ་ཡང་རྒྱལ་གྱི་ཉིན་པར་གུམ་ཀུམ་དང་གི་ཝང་གིས་གྲོ་ག་ལ་བྲིས་ཏེ་བཅིངས་ན་བུ་རྙེད་པར་འགྱུར་རོ། །ཉི་ཤུ་རྩ་དྲུག་པ་ནི་འཁོར་ལོ་ལ་བུམ་པའི་གཟུགས་བྲིས་ལ་དེའི་མགྲིན་པ་དེའི་མགྲིན་པ་ལ་ཡི་བྷ་ཡ་དྷ་ཡ་ཏ་ཡ་མུ་རྩ་ཡ་ཏ་ཡ་ཞེས་བྱ་བའི་སྔགས་ཀྱི་ཡི་གེ་བསྒོམས་ནས་བསད་པའི་རས་ལ་བྱ་རོག་གི་ཁྲག་གིས་རྒྱལ་པོའི་ཁྱིམ་དུ་བྲིས་ནས་བྱ་རོག་གསོན་མའི་སྐེར་བཏགས་ནས་བྱང་ནུབ་ཏུ་སྦུར་ན་མྱུར་དུ་སྐྲོད་པར་འགྱུར་རོ། །ཉི་ཤུ་རྩ་པ་དུན་པ་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་རྩིབས་ལ་ཧཱུཾ་བརྒྱད་བཀོད་ནས་དབུས་སུ་ཡབ་ཉི་མའི་དཀྱིལ་འཁོར་ལ་རྡོ་རྗེའི་ལྟེ་བ་ཆེ་གེ་མོ་ར་ཀཥ་ཞེས་བྱ་བ་གུམ་ཀུམ་དང་གིས་གྲོ་ག་ལ་བྲིས་ན་རྣལ་འབྱོར་པ་དེ་ལ་ཐམས་ཅད་བསྲུང་བར་འགྱུར་རོ། །ཉི་ཤུ་རྩ་བརྒྱད་པ་ནི་བདེ་མཆོག་གི་རོ་མཉམ་གྱི་འཁོར་ལོ་བཞིན་དུ་འདབ་མ་ཉེར་བཞི་པ་བྲིས་ལ། བརྒྱད་ལ་ཨོཾ། བརྒྱད་ལ་ཧིཾ་བརྒྱད་ལ་ཀྵ་འདབ་མ་ཉི་ཤུ་བཞིའི་ཕྱི་རོལ་དུ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཕྲེད་བ་གསུམ་གྱིས་བསྐོར་ལ་སྒོ་བཞི་སྒོ་ཁྱུད་དང་བཅས་པ་ལ་རྡོ་རྗེ་རྩེ་གསུམ་པས་ཕྱོགས་མཚམས་ཀྱི་ནང་དུ་ཡ་ར་ལ་ཝ་ཤ་ཥ་སྭཱ་ཧཱ་བརྒྱད་བྲི་བར་བྱའོ། །ཉི་ཤུ་རྩ་དགུ་པ་ནི་རྡོ་རྗེ་དང་པདྨས་བསྐོར་བའི་དབུས་སུ་རྫ་རྡ་ལྟ་བུའི་འཁོར་ལོ་བྲིས་ལ་དེའི་ཕྱི་རོལ་དུ་སྐུ་གསུད་ཐུགས་ཀྱི་འཁོར་ལོ་ཡི་གེ་དང་བཅས་པས་བསྐོར་ནས་རྫ་རྔའི་རེའུ་མིག་བཞི་བཅུ་དགུ་ལ་ཨོཾ་ནས་ཕཊ་ཀྱི་བར་དུ་ཉི་ཤུ་དགུ་པ་བཀོད་ནས་དབུས་ཀྱི་རེའུ་མིག་སྟོང་པ་གཅིག་ལ། ལས་བཅུ་གཉིས་གང་ཡང་རུང་བའི་སྔགས་དང་སྔེལ་བའི་མིང་ཆེ་གེ་མོ་ཤཱནྟི་ཀུ་རུ་སྭཱ་ཧཱ་ཞེས་པ་ནས་པ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་པའི་སྔགས་ཀྱི་ཆོ་


DTG008_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ག་མཐོང་བས་བྲིས་འཁྲུལ་འཁོར་གྱི་མཐུས་དགྲ་ཐམས་ཅད་གདུལ་བ་དང་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ། །སུམ་ཅུ་པས་ནི་ཐོག་མར་སྔགས་བཏུབ་བསྟན་ནས་བདག་ཉིད་ལྷར་བསྒོམས་ནས་འཁྲུལ་འཁོར་བཅིང་བར་བྱའོ། །དེ་ལ་སྔགས་བཏུ་བ་ནི་ཡ་ཚན་བརྒྱད་པའི་ས་བོན་ཞེས་སྨོས་ཏེ། ཡ་ཚན་བརྒྱད་པའི་ས་བོན་ནི་ཧའོ། །མ་མོ་གཉིས་ནི་དབྱངས་ཡིག་བཅུ་གཉིས་པའོ། །བར་མ་དོར་ནི་ཧ་རིང་པོ་དྲུག་དོར་བའོ། །ཧེ་རུ་ཀའི་ཡན་ལག་དྲུག་ནི་ས་བོན་དྲུག་གོ །དཔའ་བོ་དྲུག་དང་མཉམ་སྦྱོར་བ་ནི་སྔགས་དྲུག་དང་མཉམ་པར་སྦྱོར་བའོ། །རེ་རེ་རུ་ནི་ཡང་དག་གནས་ནི་ཡི་གེ་དྲུག་དཔའ་བོ་དྲུག་གི་སྔགས་སོ་སོར་གནས་པའོ། །དང་པོ་སྙིང་ག་ནས་མཚོན་ཆའི་བར་དུ་ལུས་ལ་དགོད་པ་ནི་གོ་སླའོ། །དེ་ལྟར་ཡི་གེ་བཏུ་བ་བསྟན་ནས་ལྷར་བསྒོམ་པ་ནི། རྡོ་རྗེ་ཕ་མོར་ལྡན་པ་ཡི། །ཕྱག་བཞི་པས་ནི་བརྒྱན་པར་བསྒོམ་པ་ནི། །བདག་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་སེར་པོ་ཟླ་བ་ཕྱེད་པས་བརྒྱན་པ་རྡོ་རྗེ་དྲིལ་བུ་དང༌། ཅང་ཏེའུ་ཁ་ཏཾ་ག་བསྣམས་པ་དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀད་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་རིམ་པ་བདུན་བཀོད་ནས། རང་ལ་ཁཾ་ཧཾ་གི་གོ་ཆས་བསྲུང་སྟེ་རྡོ་རྗེར་བ་རྣམས་ཕྱོགས་སུ་བཀོད་ལ་ཁྲོ་བོ་མཆེ་བ་གཙིགས་ཤིང་བཞིན་འགྱུར་བས་ཁྱབ་པས་ཁྲོ་བོ་བཅུ་པ་སྤྲོས་ལ་ཕྱོགས་སྐྱོང་བཅུ་བསྡིགས་ཤིང་ཕུར་བུས་བཏབ་ལ། ལྷ་དང་ལྷ་མིན་ལ་སོགས་པ་བགེགས་ཀྱི་ཚོགས་གློ་བུས་རྣམས་བསྐྲད་ནས། དེར་མདའི་དྲ་བ་དང་མེ་འོད་ཀྱི་ཕྲེང་བ་བྱ་བ་ཡིན་ནོ། །དེ་ལྟར་བདག་དང་གནས་བསྲུང་བའི་གོ་ཆ་བགོས་པས་སུམ་ཅུ་རྩ་གསུམ་པས་ཀྱང་ཤིགས་པར་མི་འགྱུར་རོ། །དེའི་འཁྲུལ་འཁོར་བྱ་བ་ནི། གྲུ་བཞི་པ་ལ་སྒོ་བཞི་པ་དབུས་སུ་པདྨ་འདབ་མ་དྲུག་པ་གེ་སར་དང་བཅས་པ་བྲིས་ལ་དེའི་དབུས་སུ་མཁའ་འགྲོ་མའི་འཁོར་ལོ་རྩིབས་དྲུག་པ་འཁོར་ལོའི་རྣམ་པ་ལ་མཁའ་འགྲོ་མའི་སྔགས་དྲུག་དང༌། ཕྱི་རོལ་གྱི་པདྨ་འདབ་མ་དྲུག་ལ་དཔའ་བོའི་སྔགས་རྣམས་སྔགས་པས་ཉིས་འགྱུར་དུ་བྲི་བར་བྱའོ། །དེའི་ལྟེ་བ་ལ་ཧེ་རུ་ཀ་དགོད་པར་བྱའོ། །རྩིབས་དྲུག་དང་པདྨ་འདབ་མ་དྲུག་པོ་གཞན་དག་


DTG008_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་བཞིན་དུ་མཁའ་འགྲོ་མ་དྲུག་དང་དཔའ་བོ་དྲུག་དགོད་པར་བྱའོ། །སྒོ་རྣམས་ཀྱི་ཕྱི་རོལ་དུ་རྡོ་རྗེ་སེར་པོ་བཞིས་མཚན་པ། སྒོའི་ནང་དང་མཚམས་བཞིར་ཁྭ་གདོང་མ་ལ་སོགས་པའི་ས་བོན་བརྒྱད་འཁོར་ལོའི་སྙིང་པོ་ལྟེ་དབུས་སུ་ཆོ་ག་བཞིན་དུ་དཔའ་མོ་དྲུག་དགོད་པར་བྱའོ། །དེ་ལྟར་བཀོད་ནས་སྐར་མ་བཟད་པོ་ལ་རབ་ཏུ་གནས་པ་བྱས་ནས་མཆོད་དེ། སྤྱི་བོ་འམ་ལུས་ལ་བཏགས་ན་དུས་མ་ཡིན་པར་འཆི་བ་དང་གཡུལ་ལས་རྒྱལ་བར་འགྱུར་རོ། །སུམ་ཅུ་རྩ་གཅིག་པའི་ཟངས་ཀྱི་འདབ་མ་ལ་སྒོ་མེད་པའི་འཁོར་ལོ་རིམ་པ་གཉིས་པ་ལྟར་དཔའ་བོ་དང་དཔའ་མོའི་སྔགས་བཀོད་ནས་རྒྱལ་གྱི་ཉིན་པར་འཁོར་ལོ་ལ་ཡོན་ཆབ་ཀྱི་ཆུས་གང་བར་བྱས་ཏེ་ཆུའི་ནང་དུ་བཞག་ལ་དུས་གསུམ་དུ་མཆོད་ན་དགྲ་རྣམས་འཆི་བར་འགྱུར་རེ། །བཏོན་ན་ཞི་བར་འགྱུར་རོ། །སུམ་ཅུ་རྩ་གཉིས་པ་ནི་སོ་སོར་འབྲང་བའི་འཁོར་ལོ་སྟོན་པར་བཞེད་ནས། དེ་ནས་གཞན་ཡང་འཁོར་ལོ་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། གྲུ་བཞི་པ་སྒོ་བཞི་པ་འདོད་ཡོན་གྱི་ལྷ་མོའི་ཁ་ཁྱེར་རྟ་བབས་ཀྱི་གནས་སུ་རྡོ་རྗེས་མཚན་པ་སྒོ་བཞིར་ཤར་དུ་ཐོ་བ། ལྷོར་དབྱུག་པ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་།མཚམས་སུ་ཐོད་པ་དཀར་པོ་ལ་གནས་པའི་ཨུཏྤལ་བཞི། དེའི་དབུས་སུ་པདྨ་བཅུ་པར་ལྟེ་བར་སྔགས་ཀྱི་མཆོག་ཨོཾ་པྲ་སནྟ་རེ་ཞེས་པ་ལ་སོགས་པའི་སྔགས་བཀོད་ལ་འདབ་མ་བཅུ་ལ་སྡང་བ་ཟློག་པར་བྱེད་པའི་སྔགས་ཨོཾ་སརྦ་མོ་ཧ་ཞེས་པ་ལ་སོགས་པ་དགོད་པར་བྱའོ། །པདྨའི་ལྟེ་བའི་དབུས་སུ་ཟླ་བ་ལ་ཏཾ་གི་ཕྲེང་བ་གེ་སར་གྱི་ཚུལ་གྱིས་ཟླུམ་པོར་བསྐོར་བ་བྲི་བར་བྱའོ། །དེའི་དབུས་སུ་འཁོར་ལོ་རྩིབས་དྲུག་པ་ལ་ཡི་གེ་ཏཱཾ་དྲུག་དང་སྤེལ་བ་བྲི་བར་བྱའོ། །དབུས་སུ་ཆེ་གེ་མོ་སྟཾ་བྷ་ཡ་ལ་སོགས་པ་བྲི་བར་བྱའོ། །འཁྲུལ་འཁོར་དེའི་མིང་ནི་དཔུང་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱའོ། །འདིའི་ཕན་ཡོན་ནི་སྔགས་འབུམ་བཟླས་ན་ཞེས་བྱ་བ་ནས་སྣ་ཚོགས་བྱེད་པར་འགྱུར་རོ་ཞེས་པའི་བར་གྱིས་ལས་བཅུ་གཅིག་གསུངས་པ་ནི་གོ་སླའོ། །བརྟག་པ་བདུན་པའི་རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།། །།

བརྟག་པ་བདུན་པའི་རབ་ཏུ་བྱེད་པ་བཞི་པ། སྦྱིན་སྲེག་དང་ཡནྟྲའི་ཚོགས་རྒྱས་པར་བསྟན་པ།


DTG008_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྔགས་ཀྱི་འཁྲུལ་འཁོར་བསྟན་ནས། བརྟག་པ་གཉིས་པའི་སྦྱིན་སྲེག་གི་མདོར་བསྟན་པ་སྟེ་དེའི་


DTG008_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་བཞད་པ་ཞུས་པ་ནི། རབ་གནས་མཚན་ཉིད་དགེ་བ་དང༌། །གནས་དང་སྦྱིན་སྲེག་ཆོ་ག་དག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་གནས་ཀྱི་ཆོ་ག་དང་ཕྲིན་ལས་ཀྱི་བཟླས་པ་དང་སྦྱིན་སྲེག་གི་ཆོ་ག་དག་བསྟན་དུ་གསོལ་ཞེས་ཞུས་པ་ཡིན་ནོ། །ཞུས་པ་དེ་ཉིད་ཀྱིས་མཁྱེན་ནམ་སྙམ་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར། ཆོས་རྣམས་ཐམས་ཅད་གཅིག་བསྡུས་སྐུ། །ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །མཚན་ཉིད་ཇི་ལྟ་བུ་ཞེ་ན་རྡོ་རྗེ་སྙིང་པོ་བདག་ཅེས་གསུངས་སོ། །བཤད་པ་ཇི་ལྟ་བུ་ཡིན་སྙམ་ན། དགྱེས་པ་ཆེན་པོ་རྙེད་དཀའ་བ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དུས་ནམ་གྱི་ཚེ་བཤད་སྙམ་ན། དེ་རིང་བཤད་པའི་བཀའ་དྲིན་མཛོད། །ཅེས་གསུངས་པ་ཡིན་ནོ། །ཞུས་པའི་ལན་བཀའ་སྩལ་པ་ནི། བསམ་གཏན་གྱི་སྦྱོར་བས་ཞི་བ་རྒྱས་པ་དབང་མངོན་སྤྱོད་ཀྱི་ལས་ཐམས་ཅད་བསྒྲུབ་པ་ལ་བསམ་གཏན་དང་བཅས་པའི་ལས་ཀྱི་ཆོ་ག་ཇི་ལྟ་བ་བཞིན་དུ་བཤད་ཀྱི་ལྷ་མོ་ཉོན་ཅིག་ཅེས་གསུངས་པ་ཡིན་ནོ། །མདོང་བསྟན་ནས་རྒྱས་པར་བཤད་པ་ནི། དང་པོ་སྦྱང་བ་ཇི་ལྟ་བ་བཞིན་དུ་བྱས་ནས། བགེགས་ཉེ་བར་ཞི་བའི་ཆོ་ག་བཤད་པར་བྱ་སྟེ། །རྡོ་རྗེ་ཁུ་ཚུར་གཉིས་དཀུར་བརྟེན་ནས་བཛྲ་སཏྭ་ཧཱུཾ་ཞེས་ཟློས་ཤིང་དབང་དང་བཅས་པ་བསྒྱིངས་པ་དང་བཅས་པས་ཁམས་གསུམ་རྣམ་པར་རྒྱལ་བར་བསྒྱུར་ནས་བགེགས་ཐམས་ཅད་བསྐྲད་ནས། དཀྱིལ་འཁོར་གྱི་ལྷ་རྣམས་དད་མཐུན་པ་རྣམ་སྣང་སྒྱུ་འཕྲུལ་དྲང་ལ་སོགས་པའི་རྒྱུད་ལས་གསུངས་པའི་ཆོ་གས་རྐང་སྟབས་དྲུག་ཅུ་རྩ་བཞི་ཇི་ལྟ་བ་བཞིན་དུ་བཀོད་ནས། སྔར་བཤད་པའི་ཞི་བ་ལ་སོགས་པའི་ཐབ་ཁུང་དུ་སྦྱིན་སྲེག་རྣམས་ཆོ་ག་བཞིན་དུ། ཞི་བ་དང་རྒྱས་པ་ལ་སོགས་པའི་ཕྱག་རྒྱའི་སྦྱོར་བ་དང་བཅས་པ་སྦྱིན་སྲེག་བྱས་ལ་ཕྱི་ནས་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་ཤིན་ཏུ་རྒྱས་པར་བཤད་པ་ནི་ཞལ་གསུམ་ཕྱག་དྲུག་པའི་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དུ་བདག་ཉིད་བསམས་བ། ལུས་ལས་ཁྲོ་བོའི་ཚོགས་སྤྲུལ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་བསྐུལ་ཞིང་གསོལ་བ་བཏབ་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་རང་གི་སྙིང་གའི་ཟླ་བ་རྡོ་རྗེའི་ལྟེ་བའི་ཧཱུཾ་ལ་དེ་བཞིན་གཤེགས་པ་


DTG008_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཅིག་ཏུ་བསྲེས་ནས། ཨོཾ་ཨཱཿ་ཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ནས་རྡོ་རྗེ་འཛིན་པའི་རིག་མ་དང་འཁྱུད་པའི་ཕྱག་གིས་པདྨའི་གར་བསྐོར་ལ། གཡས་པའི་རྡོ་རྗེ་གསོར་ཞིང་གཡོན་པའི་དྲིལ་བུ་གསིལ་ནས་རྐང་མཐིལ་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་བསམས་ཏེ། ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་ཤར་ནས་བརྩམས་ཏེ་བགེགས་རྣམས་བསྐྲད་པར་བྱའོ། །དེ་ནས་ཁྲོ་བོའི་གཟུགས་སུ་བསྒྱུར་ནས་འདི་སྐད་བརྗོད་པར་བྱའོ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་ཆེན་པོའི་གར་ནི་མགོ་བསྒྱུར་བ་དང༌། དཔུང་བ་བསྒྱུར་བ་དང༌། རྐེད་པ་བསྒྱུར་བ་དང༌། རྐང་པ་བསྒྱུར་བའོ། །རྡོ་རྗེའི་འགྲོས་ནི་གཡས་བརྐྱང་དང་གཡོན་བརྐྱང་དང་ཟླུམ་པོ་དང་སག་དང་མཐུན་བའི་རྐང་སྟངས་སོ། །ས་གཞི་རྣམ་པར་བསྐོར་བ་ནི་གཡས་སྐོར་དང་གཡོན་སྐོར་གྱིས་སྔགས་ཟློས་ཤིང་བསྒྱིངས་པའི་ཚུལ་གྱིས་བསྐོར་བའོ། །རང་གིས་ལུས་ལས་ཁྲོ་བོའི་ཚོགས་ཕྱུང་བ་ནི་གནོད་མཛེས་ཀྱི་ཁྲོ་བོའི་འཁོར་ལོའོ། །སྡང་བ་ཐམས་ཅད་བསྐྲད་པ་ནི་ཕྱོགས་སྐྱོང་བའི་གློ་བུར་གྱི་བགེགས་བསྐྲད་པའོ། །སའི་ལྷ་མོ་ཡང་བསྐྲད་དེ་སྙམ་ན། དེ་ལྟར་ས་བཟུང་ནས་སའི་ལྷ་མོ་སྤྱན་དྲང་ནས་ཞེས་སྨོས་ཏེ། སའི་ལྷ་མོ་སྤྱན་དྲང་ལ་དབང་དུ་གསོལ་ཏེ། ཕྱིས་སྔགས་ཀྱི་ལྷ་རྣམས་ལྷག་པར་གནས་པར་བྱའོ་།དེ་ལ་དང་པོ་བླ་མ་དང་སྔགས་ཀྱི་ལྷ་རྣམས་ལ་ཕྱག་བྱས་ནས་དེའི་རྗེས་ལ་སའི་ལྷ་མོ་སྤྱན་དྲངས་ལ་མཆོད་པ་བྱ་བ་དང༌། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པའི་དེ་ཉིད་བསྡུས་པ་ལས་འབྱུང་བའི་སྔགས་དང་ཕྱག་རྒྱ་དང་བཅས་པས་དམ་ཚིག་བསྒྲགས་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་རྣམ་སྣང་སྒྱུ་འཕྲུལ་དྲ་བ་ལས་འབྱུང་བའི་ཚིག་གིས་དབང་དུ་གསོལ་ཏེ། འཁོར་རྣམས་ལ་གཏོར་མ་བྱིན་པ་སྔོན་དུ་བཏང་ལ་སའི་ལྷ་མོ་ལ་མཆོད་པ་ལྔ་དང་མཆོད་ཡོན་བུལ་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ལ་སྤྱན་དྲངས་བའི་སྔགས་ནི་ཨོཾ་ཨེ་ཧྱེ་ཧེ་མ་ཧཱ་དེ་བའི་བྲྀ་ཐ་བེ་ལོ་ཀ་མ་ཧྭ་ཏ་རེ་ཞེས་བྱའོ། །ཞབས་བསིལ་དང་ཡོན་ཆབ་དབུལ་བའི་སྔགས་ནི་ཨོཾ་ས་ཏྲ་རཏན་སཾ་བུ་རེ་ཞེས་བྱ་བ་ནས་སྭཱ་ཧཱའི་བར་དུའོ། །སྔགས་འདིས་ལྷག་པར་གནས་པ་


DTG008_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་བྱས་ཏེ་ཞས་པ་ནི་སའི་ལྷ་མོ་ལྷག་པར་གནས་པ་དང༌། མཆོད་ཡོན་དང་ཞལ་བསིལ་དང་མཆོད་པ་དབུལ་བ་ལ་སོགས་པ་ཡང་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་སའི་ལྷ་མོའི་ཆོ་ག་བ་ཤད་ནས། ས་གཞི་ཀུན་དུ་སྣ་ཚོགས་རྡོ་རྗེ་བྲི་བའི་ཆོ་གས་བསངས་ལ་བའི་རྣམ་ལྔས་བྱུགས་ལ་དེའི་རྗེས་ལ་བདུད་རྩི་ལྔས་བྱུགས་ཤིང་ཤ་ཆེན་གྱི་བདུག་པས་བདུགས་ལ་རིག་པའི་ལྷ་ཚོགས་བར་སྣང་ལས་ཕབ་སྟེ། དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་ལ་བཅུག་སྙེ་མཆོག་པར་བྱའོ། །དེ་ལྟར་རིག་པ་སྤྱིའི་སྒྲ་གསུངས་ནས། རིག་པ་བྱེ་བྲག་ཏུ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་རིག་པའི་བཞུགས་གནས་བྱ་བ་ཇི་ལྟ་བུ་ལགས། ལྷའི་དབང་དུ་བྱས་ནས་ལུགས་མ་དང་བྲིས་པ་དང་འབུར་དུ་བཏོད་པ་ལ་སོགས་པ་མངོན་པར་འདུ་བྱས་བའི་རིགས་བཞུགས་པ་ལགས་སམ། །བཀའ་སྩལ་པ། མ་ཡིན་ཏེ། དཀྱིལ་འཁོར་བྷ་གའི་དབང་དུ་བྱས་ནས། ཤན་པ་མོ་ལ་སོགས་པ་རིགས་བཞིའི་མཚན་ཉིད་དང་ལྡན་པའི་དག་བྱེད་དབང་གི་ལྷ་མོ་དང༌། དཔའ་བོའི་ལྷ་མོ་བཀའ་སྒོ་སྐྱེས་མ་མེད་ན་མའི་བུད་མེད་གཞན་དེ་འོག་མ་ལུས་ཀུན་སྤྱོད་མ་ལ་སོགས་པ་གཞན་གང་ཡང་རུང་བ་བཅུག་ལ་ཡན་ལག་ལ་ཧྲིཿ་དང་སྙིང་ག་མཛོད་སྤུ་སྤྱི་བོ་མགྲིན་པ་བྷ་གའི་དབུས་སུ་ཡི་གེ་བྷཱུཾ་དགོད་པར་བྱའོ། །བཅོམ་ལྡན་འདས་བྷ་གའི་དབུས་ཞེས་བྱ་བ་ཅི་ལགས་ཞེས་ཞུས་པ་དང༌། བཀའ་སྩལ་བ་བྷ་གའི་སྒྲ་ནི་ལྟེ་བ་སྦྲུལ་བའི་འཁོར་ལོ་ལ་བརྗོད་དོ། །འབྱུང་བ་བཞི་ལ་རྩ་ལྷ་མོ་བཞི་དང་དབུས་སུ་ཀུན་དུ་བཟད་མོ་དགོད་པར་བྱའོ། །ཞི་བ་ལ་ནི་བྲམ་ཟེ་མོ་དང་དམངས་རིགས་མེ་སངས་རྒྱས་སྤྱན་གྱི་རིགས་ཅན་མདོག་དཀར་མོའོ། །དབང་ལ་གཡུང་མོའི་རིགས་སྒྲོལ་མའི་བདག་ཉིད་མདོག་དམར་མོ། །རྒྱས་པ་ལ་ནི་གར་མཁན་དང་རྒྱལ་རིགས་མ་གོས་དཀར་མོའི་བདག་ཉིད་ཁ་དོགས་སེར་མོ་དེ་རྣམས་བཅུག་ལ་སྙེམ་པས་མེ་ཏོག་གཏོར་བར་བྱའོ། །དེ་ལྟར་རིགས་ཀྱི་དབྱེ་བས་ཕྱེ་བའི་ཡེ་ཤེས་ལས་སྐྱེས་པའི་ལྷ་མོ་འམ། ཞིང་སྐྱེས་དང་སྔགས་སྐྱེས་ལ་སོགས་པ་ཐ་མལ་པ་གཞན་ཡང་རུང་སྟེར་སྙིང་ག་ཆོས་ཀྱི་འཁོར་ལོ་དང་འབྲེལ་པའི་བྱང་ཆུབ་སེམས་ཀྱི་དགོད་བླུགས་ཀྱི་སྦྱིན་སྲེག་དགའ་བ་བཞིའི་རིམ་པས་ཉེ་བར་བསྟན་པས་དེའི་


DTG008_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་གའི་ཁུ་བས་དགང་བར་བྱའོ། །དེ་ཉིད་ཀྱིས་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་རྣལ་འབྱོར་མའི་ལུས་སྦྱངས་བ་ཉིད་དུ་འགྱུར་རོ། །ཕྱིའི་རྡུལ་ཚོན་གྱིས་ཐིག་བཏབ་པ་དེ་བཞིན་དུ། གསང་ཆེན་བྷ་གའི་དཀྱིལ་འཁོར་ལ་ཡང་བཅུ་དྲུག་གི་ཐིག་བཏབ་པར་ཤེས་པར་བྱ་སྟེ། ཤིན་ཏུ་དམ་ཚིག་དང་ལྡན་པའི་ཕྱག་རྒྱ་སྦྱོར་བའི་ཏིང་ངེ་འཛིན་གྱི་གདན་དུ་གྱུར་བ་དེ་བཞིན་དུ་ནང་གི་མེ་ཐབ་ལ་སོགས་པ་ཡང་ཤེས་པར་བྱའོ། །དེ་ལྟར་ནང་གི་རིག་མ་གཞུག་པ་བཤད་ནས་ལྷག་པར་གནས་པའི་སྦྱིན་སྲེག་གི་ཆོ་ག་བཤད་བ་ནི། ལས་རྣམས་ཐམས་ཅད་བསྒྲུབ་པ་ཡི། །དེ་ནས་སྦྱིན་སྲེག་ལས་བཤད་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། ལས་ཐམས་ཅད་ནི་ཞི་བ་ལ་སོགས་པ་བཅུ་གཉིས་སོ། །དེ་བསྒྲུབ་པ་ནི་སྦྱིན་སྲེག་གི་འཁྲུལ་འཁོར་གྱིས་སོ། །སྦྱིན་སྲེག་དེ་ཉིད་ལེགས་གནས་པ་ནི་གཞིའི་དཀྱིལ་འཁོར་བྱ་བ་དང༌། མཆོད་རྫས་བསགས་པ་དང༌། བདག་ཉིད་ལྷར་བསྐྱེད་པ་དང་མེ་ལྷ་ལྷར་བསྐྱེད་ནས་འོད་དུ་ཞུ་བའི་ཐབ་ཁུང་མེ་ལྷའི་ཞལ་དུ་བརྗོད་དེ། དེའི་དབུས་སུ་ལྷ་རྣམས་བཞག་ལ། སྦྱིན་སྲེག་ལྷ་རྣམས་ཚིམ་བྱེད་དེ། །ཚིམ་པ་ལས་ནི་དངོས་གྲུབ་འགྱུར། །ཞེས་གསུངས་སོ། །དེའི་འབྲས་བུ་བསྒོམ་པའི་ལྷ་དང་བཟླས་པའི་སྔགས་ལྷག་བ་དང་མ་ཚང་བ་ཐམས་ཅད་སྦྱིན་སྲེག་གིས་སྐོང་བར་འགྱུར་རོ། །རྒྱུ་མཚན་དེ་བས་ན་སྐུ་གསུམ་མཆོག་ཏུ་སྐྱེ་བའི་རྒྱུ་སྦྱིན་སྲེག་ཡིན་བས་ན་བཅོམ་ལྡན་འདས་ཀྱི་སྦྱིན་སྲེག་གི་བསྔགས་བ་བརྗོད་དོ། །དེ་ལྟར་སྦྱིན་སྲེག་གི་ཐབས་འབྲས་བུ་དང་བཅས་པ་བརྗོད་ནས། ཕྲིན་ལས་བཞིའི་མེའི་རྒྱུ་གསུངས་པ་ནི། གཙུབ་ཤིང་ལས་བྱུང་བའི་མེ་ཞེས་པ་ལ་སོགས་པ་སྨོས་ཏེ། གཙུབ་ཤིང་ལས་བྱུང་བ་ནི་དགེ་བའི་ལས་ཞི་བ་དང་རྒྱས་པར་བྱེད་དོ། །གདོལ་པ་དང་དུར་ཁྲོད་ནས་བྱུང་བས་མི་དགེ་བ་སྟེ། མངོན་སྤྱོད་ཚེ་དང་དབང་གི་ལས་བྱེད་པ་ཡིན་ནོ། །མེའི་རྒྱུ་བཤད་ནས་གཞི་དཀྱིལ་འཁོར་ནི། ཟླུམ་པོ་ནི་ཞི་བའོ། །གྲུ་བཞི་ནི་རྒྱས་བའོ། །ཟླ་ཕྱེད་ནི་དབང་ངོ༌། །གྲུ་གསུམ་ནི་མངོན་སྤྱོད་དོ། །ཁ་ཁྱེར་ནི་གྲྭ་རྣམས་ལ་ཞེས་པ་ནི། ཞི་པའི་གནས་ཀྱི་ཁ་ཁྱེར་གྱི་གྲྭ་ལ་རྡོ་རྗེས་མཚན་པ་དང༌། ཁ་ཁྱེར་བར་མ་ལ་གཙུག་ཏོར་གྱིས་མཚན་པ་དང༌། ཕྱི་མ་ལ་ཆུ་སྐྱེས་ཀྱིས་མཚན་


DTG008_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། རྒྱས་པའི་ཁ་ཁྱེར་གྱི་གྲྭ་ལ་རྡོ་རྗེ་རིན་པོ་ཆེ་དང༌། དབང་ལ་པདྨའི་ཕྲེང་བ་དང༌། མངོན་སྤྱོད་ལ་ཁྲོ་བོའི་རྡོ་རྗེའི་ཕྲེང་བའོ། །ཧོམ་ཁུང་གི་ནི་དབུས་དག་ཏུ། །ཞེས་པ་ནི་ཕྲིན་ལས་བཞིའི་ཐབ་ཀྱི་དབུས་སུའོ། །སྦྱིན་སྲེག་ཆོ་གའི་རིམ་པས་དགོད། །ཅེས་པ་ནི། ཞིབ་དང་རྒྱས་པ་དང་དཔང་དང་མངོན་སྤྱོད་ཀྱི་མཚན་མགོ་རིམས་བཞིན་དུ་དགོད་པར་བྱའོ། །དཀྱིལ་འཁོར་བཤད་ནས་མཆོད་པ་ནི། །སྦྱོར་བ་ཇི་བཞིན་བཞུགས་གནས་སུ། །ཞེས་བྱ་བ་གསུངས་ཏེ། ཞི་བ་ལ་ཤར་དུ་བལྟས་ནས་གོས་དཀར་པོ་གོན་ཏེ། རྣམས་སྣང་ལ་སོགས་པའི་རྣལ་འབྱོར་བྱ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་ཀྱི་སྐྱིལ་ཀྲུང་གིས་གནས་ནས་མཆོད་པར་བྱའོ། །རྒྱས་པ་ལ་བྱང་དུ་བལྟོས་ནས་གོས་སེར་པོ་གོན་ཏེ་རིན་འབྱུང་གི་རྣལ་འབྱོར་བྱས་ལ་བཟང་པོའི་འདུག་སྟངས་ཀྱིས་འདུག་ནས་མཆོག་པར་བྱའོ། །དབང་ལ་གོས་དམར་པོ་གོན་ནས་ནུབ་ཏུ་བལྟས་ཏེ་སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་བྱས་ནས་པདྨའི་འདུག་སྟངས་ཀྱིས་འདུག་ལ་མཆོག་པར་བྱའོ། །མངོན་སྤྱོད་ལ་ཁ་ལྷོར་བལྟས་བས་ཏེ་གོས་ནག་པོ་གོན་ཏེ། ཧཱུཾ་མཛད་དམ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང་ལྡན་པས་གཡས་བསྐུམ་གཡོན་བརྐྱང་གིས་གནས་ལ་མཆོད་པར་བྱའོ། །གྲུབ་མོ་པུས་མོའི་བར་དུ་བཞག །ཅེས་པ། དགང་གཟར་བླུགས་གཟར་བཟུང་བའི་ཆོ་ག་ནི་གོ་སླའོ། །བསྲེག་རྫ་རྣམས་ནི་གཡས་སུ་བཞག །ཆུ་ཡི་སྣོད་ནི་གཡོན་དུ་བཞག །མར་གྱི་སྣོད་ནི་མདུན་དུའོ། །ཞེས་པ་ནི། ཞིབ་དང་རྒྱས་པ་ལ་མཚོན་པ་ཡིན་གྱི། དབང་དང་མངོན་སྤྱོད་ལ་བཟློག་པར་ཤེས་པར་བྱའོ། །ལས་ཀུན་བྱེད་པ་བཟླས་ནས་ནི། །ཞེས་པ་ནི། བདུད་རྩི་འཁྱིལ་བ་འམ། ཧཱུཾ་མཛད་ཀྱི་སྔགས་བཟླས་ལ་མཆོད་པའི་རྫས་ཀུན་བསངས་ནས་ཀུ་ཤ་བསྙམས་ཏེ་ཐབ་ཁུང་དུ་གཞག་གོ །རྫས་བསགས་ཏེ་མི་ཧ་ལྷར་བསྐྱེད་པ་ནི། །མེ་ནི་འབར་བར་ཤེས་ནས་སུ། །ཞེས་པ་ནི་རང་གི་ལྷའི་ས་བོན་གྱི་ཡི་གེ་ལས་གཞལ་ཡས་ཁང་བསྐྱེད་ནས་དེའི་དབུས་སུ་ཕྲིན་ལས་བཞི་ལས་བྱུང་བའི་དཀྱིལ་འཁོར་བསྐྱེད་ལ། འབྱུང་བ་ནི་རཾ་ཡོངས་སུ་གྱུར་པ་ལས་མེད་ཐབས་གྲུ་གསུམ་དུ་ཨོཾ་ཨཱཿ་ཧཱུཾ་གསུམ་ཁམས་གསུམ་གྱི་ཞལ་གྱི་རྟགས་ལོགས་གསུམ་དུ་ཧྲཱིཿ་གསུམ་དབུས་སུ་རཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཞི་བ་མདོག་


DTG008_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། རྒྱས་པ་འཛིན་བྱེད་དམར། དབང་གི་འདོད་པའི་མེ་དང༌། དྲག་པོའི་མེ་བསྐྱེད་ལ་རླུང་གཡབ་ཀྱིས་སྦར་ཏེ། འོག་ནས་འབྱུང་བའི་སྔགས་ཀྱི་ཆོ་ག་འདི་དང་ལག་པ་གཡས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་མེ་ལྷ་སྤྱན་དྲང་བར་བྱའོ། །སྔགས་ནི་གོ་སླའོ། །དེ་ལ་རྒྱས་པའི་མེའི་དབང་དུ་མཛད་ནས། ཞལ་བཞི་ཞེས་པ་ལ་སོགས་པ་སྨོས་ཏེ། མེ་ཡི་དཀྱིལ་འཁོར་སྟན་ལ་བཞུགས། ཞེས་བྱ་བ་ནི་སའི་དཀྱིལ་འཁོར་གྱི་སྟེང་དུ་མེའོ། །འོད་འབར་བའི་གད་ནལ་བཞུགས་པའོ། །ལས་ཀྱི་འོད་ཀྱིས་རྣམ་པར་བརྒྱན། །ཞེས་པ་ནི་ཞི་བ་ལ་ཟླ་བའི་འོད་དང་རྒྱས་པ་ལ་ཉི་མའི་འོད་དང་དབང་ལ་འཇའ་ལྟ་བུའི་འོད་དང༌། མངོན་སྤྱོད་ལ་འོད་ནག་པོའོ། །གཡས་ཀྱི་དང་པོ་མཆོག་སྦྱིན་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དྲང་སྲོང་ཀུན་གྱིས་ཡོངས་བསྐོར་བ་ནི་བྱིན་ཟ་དང་ཁྱུར་མིད་ལ་སོགས་པ་དྲང་སྲོང་བཅུ་གཉིས་ཀྱིས་བསྐོར་བའོ། །མེ་ཡི་མཚམས་ནས་བཀུག་ནས་ནི། །ཞེས་པ་ཤར་ལྷོའི་མཚམས་སོ། །རྡོ་རྗེ་ལས་ཀྱིས་བསངས་ནས་ནི། །ཞེས་པ་ནི་སྲིན་ལག་དང་ཧཱུཾ་མཛད་ཀྱི་ཆུས་བསངས་ལ་མཆོད་པ་ལྔ་དབུལ་ལོ། །དེ་ནས་མེའི་དབུས་སུ་དགུག་པ་བྱས་ལ་རྒྱས་གདབ་ཅིང་དབང་བསྐུར་ནས་བསྲེག་རྫས་ཐམས་ཅད་ལན་གསུམ་གསུམ་དབུལ་བར་བྱའོ། །དེ་ལྟར་མེ་ལྷ་མཆོད་ནས་ཡེ་ཤེས་སེམས་དཔའ་མཆོད་པ་ནི། དེ་ནས་ཞལ་བསིལ་གསོལ་བྱས་ནས། །འབར་བའི་གཟུགས་སུ་ཐིམ་པར་བྱ། །ཞེས་གསུངས་སོ། །ཆོ་གའི་རིམ་པ་འདི་ཉིད་ཀྱིས། །ཞེས་བྱ་བ་ནི། མེ་ལྷ་ལྷར་བསྐྱེད་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་མཆོད་པ་བཞིན་དུ། འཇིག་རྟེན་ན་ལས་འདས་པ་རིམ་པ་འདི་ཉིད་ཀྱིས་ལྷར་བསྐྱེད་པ་དང༌། སྤྱན་དྲང་བ་བྱས་ལ་མཁས་པས་ལྷ་རྣམས་ཚིམ་པར་བྱའོ། །ཟིན་པའི་རྗེས་ལ་དགེ་བའི་རྩ་བ་བསྔོས་ནས་བཟོད་པར་གསོལ་བ་དང་དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་ནས་གཤེགས་སུ་གསོལ་བར་བྱའོ། །མེ་འབར་བའི་རྟགས་བསྟན་པ་ནི། གདུགས་དང་རྒྱལ་མཚན་རྡོ་རྗེ་དང༌། །ཞེས་པ་ལ་སོགས་པ་གསུངས་ཏེ། དབྱིབས་དང་ཁ་དོག་དང་དྲི་དང་སྒྲ་དང་བཞིའི་སྒོ་ནས་བརྟག་པ་སྟེ་གོ་སླའོ། །གལ་ཏེ་མི་ཤིས་པའི་མཚན་མ་བྱུང་ན། ངན་པའི་མཚན་མ་ཤེས་བྱས་ནས། །དེ་ནས་


DTG008_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ནི་བཟློག་པར་བྱ། །ཞེས་གསུངས་སོ། །བགེགས་བཟློག་པའི་རྗེས་ལ་བཟླས་པ་དང་བསྒོམ་པ་ལ་འབད་པར་བྱ་བའི་རྣལ་འབྱོར་པ་ངེས་དངོས་གྲུབ་མྱུར་དུ་འགྲུབ་རོ། །ཞི་དང་རྒྱས་དང་དབང་ལ་ནི་བར་ཏའི་བསྟན་བཅོས་ལས་བྱུང་བ་བཞིན་གླུ་དང་གར་ལ་སོགས་པའི་སྒྲ་རོལ་མོའི་ཆ་བྱད་བཅུ་ལ་སོགས་པ་གཞུག་པར་བྱའོ། །སྔགས་ནི་ཨོཾ་ཆེ་གེ་མོ་ཤྰྣྟིཾ་ཀུ་རུ་ཞེས་པ་སྭཱ་ཧྭའི་མཐའ་དང་ལྡན་པར་བྱའོ། །རྒྱས་པ་ལ་ནི་ཨོཾ་གྱི་མཐའ་ཅན་ནོ། །དབང་ལ་ནི་ཧོའི་མཐའ་ཅན་ནོ། །མངོན་སྤྱོད་ལ་ནི་ཕཊ་ཀྱི་མཐའ་དང་ལྡན་པས་སོ། །བསམ་པ་ནི་ཞི་བའི་ཡིད་དང་སྤེལ་བའི་ཡིད་དང་ཆགས་པའི་ཡིད་དང་སྲིད་པ་གསུམ་བཟའ་བའི་ཡིད་ཀྱིས་བྱ་བ་ཡིན་ནོ། །བསྐུལ་བའི་ཚིག་དང་སྤེལ་ནས་སུ། །ཞེས་པ་ནི་སྭཱ་ཧཱ་དང༌། ཨོཾ་དང་ཧོ་དང་ཕཊ་སྦྱར་བར་བྱའོ། །སྔགས་ནི་མེ་ལྷ་དང་ཡེ་ཤེས་སེམས་དཔའི་སྔགས་སོ། །ཡི་གེ་དང་སྦྱོར་བ་ནི་མཐའ་རྟེན་གྱི་ཡི་གེ་དང་སྦྱར་རོ། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། །ཞེས་བྱ་བ་ནི། ཕྲིན་ལས་བཞི་ལས་བདུན་ནས་བརྒྱའི་བར་ཐམས་ཅད་ལ་སོགས་པའི་སྔགས་ཀྱིས་བསྒྲུབ་པའི་ཆོ་ག་ཤེས་པས་ལས་ཀྱི་ཆོ་ག་སྣ་ཚོགས་ཀྱིས་ལྷ་མཆོད་པར་བྱའོ། །དེ་ཡང་རིམ་པ་ཇི་ལྟར་མཆོད་སྙམ་ན། དང་པོ་དགང་བླུགས་ཕུལ་ནས་ནི། །ཕྱི་ནས་ལས་ཀྱི་རྗེས་མཐུན་བསྲེག །ཅེས་བྱ་བ་གསུངས་སོ། །སྦྱིན་སྲེག་ཆོ་གའི་རིམ་པ་འདིས། །ཞེས་པ་ནི། མེ་ལྷ་དང་ཡེ་ཤེས་པ་མཆོད་པའི་རིམ་པ་འདི་ལས་ཐམས་ཅད་ལ་མཆོད་པ་ལ་སོ་སོའི་ལས་ཀྱི་སྦྱིན་སྲེག་སྔགས་དེ་ཉིད་ཀྱིས་དབུལ་བར་བྱའོ། །སྦྱིན་སྲེག་གི་ཆོ་ག་སྨྱུང་བར་གནས་བར་བྱ་བ་འམ་སྙམ་ན། ཞི་རྒྱས་དབང་སོགས་ཆོག་ལ། །ཞེས་པ་གསུངས་ཏེ། བདུང་རྩི་ལྡའི་རི་ལུས་ཁ་བཀང་ལ་སྦྱིན་སྲེག་བྱ་བར་བཤད་པ་ཡིན་ནོ། །དེ་ལྟར་སྦྱིན་སྲེག་གི་ཆོ་ག་བསྟན་ནས། ཐབས་ཀྱི་རྒྱུད་ལྔ་དང་ཤེས་རབ་ཀྱི་རྒྱུད་བཞི་ལ་སོགས་པ་སོ་སོའི་ལྷས་ལས་སོ་སོ་བྱེད་པའི་རྣལ་འབྱོར་པ་སོ་སོས་བསྒོམ་དགོས་པ་ལྷ་བསྐྱེད་པའི་ཆོ་ག་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ནི་རྗེས་ཐོགས་ལ་སྟེ། གཞི་དཀྱིལ་འཁོར་དང་མཆོད་རྫས་བསགས་པའི་རྗེས་ལ། བདག་ཉིད་ཕྲིན་ལས་སོ་སོ་དང་རྗེས་སུ་མཐུན་པའི་ལྷར་བསྐྱེད་པའི་རྗེས་


DTG008_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མེ་ལྷ་འོད་དུ་ཞུ་བའི་གནས་སུ་དཔའ་བོ་གཅིག་པུ་འམ་དཀྱིལ་འཁོར་གྱི་འཁོར་ལོ་བཞག་ལ་མཆོད་པར་བྱའོ་ཞེས་པའི་དོན་ཏོ། །དོན་དེ་ལྟ་བུ་བཅོམ་ལྡན་འདས་ཀྱི་ཐུགས་ལ་བཞག་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འཁོར་ལོ་བསྒྲུབ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡིན་ནོ། །སྟོན་པའི་མཚན་ཉིད་ཇི་ལྟར་ཡིན་སྙམ་ན། རྣམ་སྣང་ཆེན་པོའོ། །ཡེ་ཤེས་ཀྱི་འཁོར་ལོ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་སྣ་ཚོགས་མཛད་པའོ། །འཁོར་ལོ་རབ་ཏུ་བསྐྱེད་པའི་སྒྲུབ་པ་བྱའོ་སྙམ་དུ་དགོངས་པའི་ཡེ་ཤེས་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱི་དང་ནང་གི་ལས་ཀྱི་འཁོར་ལོ་བསྒྲུབ་པའི་ལྷ་བསྐྱེད་པའི་སྦྱོར་བའི་མན་ངག་ཐམས་ཅད་ལས་བསྡུས་ནས་གསུངས་པ་ཡིན་ནོ། །གསུངས་པ་དེ་གང་ཡིན་སྙམ་ན། ལྷ་ནི་གང་ཡང་རུང་བ་ཞིག །ཅེས་པ་ལ་སོགས་པ་གསུངས་ཏེ། ཐབ་ཀྱི་དབུས་སུ་ལྷ་གང་ཡང་རུང་བ་བཞག་ནས། ལྷ་དེའི་མིང་ནས་སྨོས་པའི་གཙོ་བོ་དེའི་རྡོ་རྗེའི་དཀྱིལ་འཁོར་དུ་འགྱུར་རོ། །སངས་རྒྱས་གསུངས་ཞེས་བྱ་བ་ནི་རྩ་བའི་རྒྱུད་རྣམས་སུ་སངས་རྒྱས་ཀྱིས་གསུངས་པའོ། །ཅིའི་ཕྱིར་སྣ་ཚོགས་གསུངས་ཤེ་ན། ཞི་རྒྱས་དབང་དང་མངོན་སྤྱོད་ལ། བདག་ཉིད་ཀྱི་ནི་བཀའ་ཡིས་ནི། །ཞེས་བྱ་བ་གསུངས་ཏེ། ཞི་བ་ལ་སོགས་པའི་ལས་རྣམས་ལ་དཀྱིལ་འཁོར་གྱི་གཙོ་བོ་ཐ་དད་པའི་སྔགས་དང་བཀའི་གནང་བ་ཐོབ་ནས་ལས་ལ་རབ་ཏུ་སྦྱོར་བའི་ཚེ། འཁོར་ལོ་ཐ་དད་པའི་ལས་བྱེད་པར་འགྱུར་རོ། །སྤྱིར་ལྷ་བསྐྱེད་པ་བསྟན་ནས། ད་ནི་བྱེ་བྲག་ཏུ་སྒྲོལ་མ་འབྱུང་བའི་རྒྱུད་དང་སྦྱར་ནས་ལས་ཐམས་ཅད་བའི་སྒྲོལ་མ་བསྐྱེད་པ་གསུངས་པ་ཡིན་ནོ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོར་སྔར་བཤད་པའི་མེ་ཐབ་ཀྱི་དབུས་སུ་ཨེ་གྲུ་གསུམ་བྷ་གའི་དགྱིལ་འཁོར་ལ་ཡི་གེ་ཨ་ལས་ཟླ་བ་དེའི་སྟེང་དུ་ས་བོན་ཏཱཾ་དེ་གྱུར་བ་ལས་ཨུཏྤལ། དེའི་སྤྲོ་བསྡུ་ལས་སྒྲོལ་མ་བསྐྱེད་དོ། །ལྷ་མོ་སྒྲོལ་མ་བདག་ཆེན་མོ། །ཞེས་པ་ལ་སོགས་པ་གོ་སླའོ། །སྤྲོས་པའི་སངས་རྒྱས་རབ་ཏུ་འཁྲུགས། །ཞེས་པ་ནི། སྒྲོལ་མ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་ལ་སྲས་ནི་ཕྱོགས་བཅུའི་སངས་རྒྱས་སྤྲོས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་བསྐྱེད་པ་མོ་ནི། སྒྲོལ་མ་ནི་ཆོས་ཀྱི་


DTG008_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཡིན་པས་སེམས་ཅན་ཐམས་ཅད་བསྐྱེད་པའོ། །ཡིད་དུ་འོང་བདེ་ལྟ་བུའི་ལྷ་མོ་རྣལ་འབྱོར་བས་བསྒོམས་ན། མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། །ཞེས་པ་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པ་ལ་དགོངས་པ་ཡིན་ནོ། །གཡས་ཀྱི་དང་བོ་ན་རལ་གྲི་ཞེས་པ་ལ་སོགས་པ་གོ་སླའོ། །ཞལ་བདུན་པ་སྟེང་མ་བོང་བུའི་གདོང་མ་སྟེ། དཔལ་ཧེ་རུ་ཀའི་རིགས་ཡིན་ནོ། །གསལ་ཏེ་འདོད་པའི་གཟུགས་ཅན་མ་ནི་བོད་བུའི་གདོང་བ་ལ་མི་མོས་ན་རིགས་ཀྱི་བདག་བོ་དོན་ཡོད་གྲུབ་པའི་ཞལ་དུ་བྱ་བ་ཡིན་ནོ། །བསྡུ་བའི་དངོས་པོ་བཞི་ཞབས་བཞི་དང་ལྡན་པ་དྲུག་པའི་མདུད་རྩེ་གསུམ་པ་ལ་སྦྲུལ་གྱིས་དཀྲིས་པ་ན་ཧེ་རུ་ཀ་གར་མ་ཞེས་པ་དངོས་གྲུབ་ཐམས་ཅད་སྩོལ་མ་བསྒོམ་པར་བྱའོ། །བསྒོམ་པ་གཉིས་པ་ནི་མེ་ཐབ་ཀྱི་སྟེང་དུ་བྷ་གའི་དབུས་སུ་ཡཾ་ལས་རླུང་དུ་བའི་མདོག་ཅན་བ་དན་གྱིས་མཚན་བ་བསམས་ལ། དེའི་སྟེང་དུ་ཨ་ལས་ཟླ་བ་དེ་ལ་ས་བོན་གྱི་ཡི་གེ་དྷའིཿ་དེ་གྱུར་པ་ལས་རྒྱུའི་འཇམ་པའི་རྡོ་རྗེ་དེའི་སྙིང་གར་ཨ་ལས་ཉི་མའི་སྟེང་དུ་འོད་ཟེར་ལྔ་དང་ལྡན་པའི་ཧཱུཾ་དེའི་འོད་ཀྱིས་འཇམ་པའི་རྡོ་རྗེ་སྤྱན་དྲངས་ལ་བདུན་རྣམ་དག་བྱས་ལ། དེ་ནས་སྙིང་གར་ཟླ་བ་དེའི་སྟེང་དུ་འོད་ལྔ་དང་ལྡན་པའི་ཧཱུཾ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཇིགས་བྱེད་བསྐྱེད་པར་བྱའོ་ཞལ་དགུ་ཞེས་པ་ལ་སོགས་པ་གོ་སླའོ། །ཕྱག་བཅུ་གཉིས་པའི་བིནྡུ་ཕ་ལ་ནི་རྡོ་རྗེ་རྩེ་གཅིག་པ་རྨ་བྱའོ་སྒྲོ་དང་བཅས་པའོ། །ཞབས་གཡས་རྣམས་ཀྱིས་མི་དང་མ་ཧེ་ཞེས་པ་ལ་སོགས་པ་ནི་སྟེང་གི་ཕྱོགས་སྐྱོང་བ་བརྒྱད་མནན་བའོ། །གཡོན་རྣམས་ཀྱིས་འུག་པ་ཞེས་བྱ་བ་ལ་སོགས་པ་མཐའ་སྤྱོད་ཀྱི་གཟའ་ཆེན་བརྒྱད་ལ་སོགས་པ་མནན་པའོ། །དེ་ལྟ་བུའི་རྡོ་རྗེ་འཇིགས་བྱེད་བསམ་བ་ནི་མེ་ཐབ་ཀྱི་དབུས་སུའོ་།གཏོར་མ་དབུལ་བར་བྱ་བ་ནི་མངོན་སྤྱོད་ཀྱི་སྦྱིན་སྲེག་བྱས་པའི་རྗེས་ལ་གཏོར་མ་དབུལ་ལོ། །དེའི་འོག་ཏུ་འཁོར་ཤར་ཕྱོགས་ཀྱི་དུར་ཁྲོད་དུ་སྲིན་པོ་དང༌། བྱང་དུ་ཞིང་སྐྱོང་དང༌། ནུབ་ཏུ་རོ་ལངས། ལྷོ་རུ་མདུང་གིས་ཕུག་པ། བྱང་ཤར་དུ་གསལ་ཤིང་ལ་བསྐྱོན་པ། ཤར་ལྷོར་མེས་བསྲེགས་པ། ལྷོ་ནུབ་ཏུ་ཁྱི་དང་བྱ་སྣ་ཚོགས། ནུབ་བྱང་དུ་རོ་ལངས་ཧ་ཧ་དགོད་པས་གང་བའོ། །གསུམ་པ་ལྷ་མོ་འོད་ཟེར་ཅན་བསྒོམ་པ་ནི། དེ་ནས་མཱཾ་ལས་འོད་ཟེར་ཅན། །ཞེས་པ་ལ་སོགས་པ་སྨོས་ཏེ། ཨེ་གྲུ་གསུམ་གྱི་དབུས་སུ་ཨཱ་


DTG008_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཟླ་བའི་སྟེང་དུ་རཾ་གྱུར་པ་ལས་རྟ་བདུན་གྱིས་དྲངས་པའི་ཤིང་རྟ་ཨ་ཡོངས་སུ་གྱུར་པ་ལས་ཉི་མ་དེའི་སྟེང་དུ་མཱཾ་གྱུར་པ་ལས་འོད་ཟེར་ཅན་འོད་ཀྱི་དཀྱིལ་འཁོར་གྱིས་འཇིགས་པ་རྣམས་བསྲུང་བ་བསྒོམ་པར་བྱའོ། །ཞལ་གསུམ་པ་ཞེས་པ་ལ་སོགས་པ་གོ་སླའོ། །བཞི་པ་ཤ་བ་རཱི་བསྒོམས་པ་ནི་ནམ་མཁའི་དབུས་སུ་ཨེ་གྲུ་གསུམ་དེའི་ནང་དུ་རཾ་ལས་ཉི་མ་དེའི་སྟེང་དུ་པཾ་ལས་རི་ཁྲོད་ཤིང་གི་ལོ་མ་ཅན་མཆེ་བ་འདོན་པའི་རྣམ་པ་དང་གདུག་པ་དང་ནད་ཐམས་ཅད་འཇོམས་པར་བྱེད་པའི་ཁྲོ་བོ་འབར་བ་སྤྲིན་གྱི་ཚོགས་འཕྲོ་བ་བསམ་པར་བྱ་སྟེ། ཞལ་གསུམ་ཞེས་པ་ལ་སོགས་པ་གོ་སླའོ། །ལྔ་པ་རོ་ལངས་ཀྱི་བདེ་མཆོག་བསྒོམ་པ་ནི། རྡོ་རྗེ་ཁྲོ་བོ་བསྒོམ་པ་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ལ་བོས་ནས་རྣལ་འབྱོར་པས་ཁྲོ་བོའི་གཟུགས་སུ་བསྒོམ་པ་ནི་གར་གྱི་ཉམས་དགུ་དང་ལྡན་པའི་ཁྲོ་བོའི་གཟུགས་སུ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཨེ་གྲུ་གསུམ་གྱི་དབུས་སུ་རོའི་གདན་ལ་ཧཱུཾ་ཀྱུར་པ་ལས་ཞལ་བཞི་ཕྱག་བཞི་པ་འམ་ཞལ་སྟོང་ཕྱག་འབུམ་སྐུ་མདོག་དཀར་པོ་དེས་པར་བརྗོད་པའི་ལེའུ་ཉི་ཤུ་པ་ལས་བསྟན་པ་བཞིན་དུ་བསྒོམ་པར་བྱའོ། །དྲུག་པ་རྟ་མཆོག་བསྒོམ་པ་ནི་ཨེ་གྲུ་གསུམ་པའི་དབུས་སུ་པཾ་ལས་པདྨ་འདབ་བརྒྱད་དཀར་པོ་དེའི་དབུས་སུ་ཧུཾ་གྱུར་པ་ལས་རྟ་མཆོག་ཐོད་པ་ལ་བཞུགས་པ་མདོག་དཀར་པོ་བསམས་ལ་ཞལ་བཞི་ཕྱག་བཞི་པ་བསམ་པར་བྱའོ། །དེའི་མཚན་མ་ཐོབ་ནས་ཞལ་བཞི་པ་ཡ་ར་ལ་ཝ་བའི་རིག་པའི་ཡི་གེ་བཀོད་དེ། དེ་ནས་ལས་ལ་སྦྱོར་བའི་བསྒྲུབ་པ་བརྩམ་པར་བྱའོ། །དེ་ལ་རླུང་གི་དཀྱིལ་འཁོར་དུད་ཀ་བ་དན་གྱིས་མཚན་པ། མེའི་དཀྱིལ་འཁོར་གྲུ་གསུམ་མེའི་འོད་ཀྱིས་མཚན་པ། སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་གཅུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་མདོག་དམར་པོ་ཞལ་བཞི་པ་ཕྱག་བཞི་པ་ཡི་གེ་ཧཱུཾ་ཕྲ་མོ་བསྒྲུབ་པར་བྱ་བའི་ཡན་ལག་གི་ཚོགས་ཀུན་བཀང་ལ་ལུས་ཐམས་ཅད་ཁ་དོག་དམར་པོར་གྱུར་པ་ལ་ཅེ་སྦྱང་གི་གདོང་ཅན་གྱིས་མཁའ་འགྲོ་མ་སྤྲོས་པས་དེའི་ཁྲག་འཇིབ་པར་བྱ་སྟེ། སྔགས་ལ་སོགས་པ་གོ་སླའོ། །བརྒྱད་པ་མ་ཧེའི་གདོང་ཅན་ནི་ཨེ་གྲུ་གསུམ་གྱི་དབུས་སུ་རོའི་གདན་ལ་ཡི་གེ་ཧཱུཾ་གྱུར་བ་ལས་མ་ཧེའི་གཟུགས་ཅན་ཞལ་བཞི་པ་


DTG008_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བརྒྱད་པ་བསམ་པར་བྱའོ། །གཡས་ན་རྡོ་རྗེ་གསལ་ཤིང་ཞེས་པ་ནི་གོ་སླའོ། །བ་སྦུའི་བུ་ག་ནས་ཁྲོ་བོའི་ཚོགས་དུ་མ་སྤྲོས་ནས་བསྒྲུབ་བྱའི་སྲུང་མ་དང་ལུས་ཟུངས་ཀྱི་དངས་མ་དྲངས་པར་བསམ་མོ། །དགུ་པ་ཁྱིའི་གདོང་ཅན་ནི་ཨེའི་དབུས་སུ་རོའི་གདན་ལ་ཧཱུཾ་གྱུར་པ་ལས། རྡོ་རྗེ་སྲིན་པོ་ཁྱིའི་གདོང་ཅན་བསམས་ལ། གཤིན་རྗེ་གཤེད་ཀྱི་རྩ་བའི་སྔགས་ཟློས་ཤིང་ཤར་ནས་བྱ་རོག་དང་བྱང་ནས་ཅེ་སྦྱང་ནུབ་ནས་བྱ་རྒོད། ལྷོ་ནས་འུག་པས་བསྐོར་བར་བསྒོམས་ལ། གཤིན་རྗེའི་གཤེད་ཀྱི་སྔགས་ཀྱིས་བསྐུལ་བས་བསྒྲུབ་བྱ་ལ་འཐོག་པར་བསམ་པའོ། །བཅུ་པ་གཤིན་རྗེའི་ཕོ་ཉ་བསྒོམ་པ་བསྟན་པ་ནི། བདག་ཉིད་ཧཱུཾ་ལས་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པར་བསྒོམས་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་རྔ་མོ་བསྒོམས་ལ། དེའི་རྒྱབ་ཏུ་བསྐྱོན་ནས་ལྷོ་ཕྱོགས་སུ་ཁྲིད་པར་བསམས་པ་དང༌། རླུང་གིས་ཤིང་བསྡུས་པའི་ཤིང་ལོ་དགྲ་བོའི་རྐང་བའི་རྡུལ་དང་བསྲེས་པའི་སྣག་ཚས་བྲིས་ལ་རྔ་མོའི་རྨིག་པར་སྦས་ན་བསྐྲད་པར་འགྱུར་རོ། །འུག་པ་དང་ཁྲའི་གཤོག་པ་ལ་དགྲ་བོ་གཉིས་ཀྱི་མིང་བྲིས་ནས་བྲམ་ཟེ་དང་དགེ་སྦྱོང་གི་སྐྲས་དཀྲིས་ཏེ་སར་སྦས་ལ་དགྲ་བོ་གཉིས་སུ་གྱུར་ནས་འཐབ་པར་བསྒོམས་ན་དགྲ་བོ་འབྱེ་བར་འགྱུར་རོ། །བཅུ་གཅིག་བརྟའི་གདོང་ཅན་གྱི་བསྒོམ་པ་ནི་ཨེ་གྲུ་གསུམ་གྱི་དབུས་སུ་ཁྱབ་འཇུག་དང་མ་ཧཱ་དེ་བ་ཁྱོ་ཤུག་བཞི་བསྒྱེལ་བའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཙ་ཡོངས་སུ་གྱུར་བ་ལས་རྟའི་གདན་ལ་རྟའི་གདོང་ཅན་དགྲ་བོའི་ཁྲག་འཇིབ་པར་བྱེད་པ་བསྒོམ་པར་བྱ་སྟེ། སྐུ་མདོག་ལྗང་གུ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །བསྒྲུབ་བྱའི་ལྟེ་བར་མཾ་བསམས་པ་དེ་གྱུར་པ་ལས་སྦྲུལ་མགོ་གསུམ་པ་གྱེན་དུ་རྒྱུ་བ་བསམས་ན་ཆང་འགུགས་པར་འགྱུར་རོ། །བཅུ་གཉིས་པ་རླུང་མནན་པ་ནི་དཀྱིལ་འཁོར་གྲུབ་བཞི་དྲི་སེར་པོས་བྱུགས་བ་བྱས་ལ་ཐིག་ལེ་བདུན་བཀོད་ནས་ཡཾ་ལས་རླུང་ལྷ་བསྐྱེད་ནས་ཁམ་ཕོར་རི་རབ་ཏུ་བསྐྱེད་ནས་མནན་ལ་ལཾ་གྱིས་མཚན་པའི་དབང་ཆེན་གྱི་སྟེང་དུ་མནན་ན་རླུང་མནན་པར་འགྱུར་རོ། །བཅུ་གསུམ་པ་ཆར་དབབ་པ་ནི་པདྨའི་འདབ་མའི་དབུས་སུ་ཀླུ་བརྒྱད་བཀོད་པ་དེའི་དབུས་སུ་བཅོམ་ལྡན་འདས་གོས་སྔོན་ཅན་བསམས་ལ་ལྟོ་འཕྱེ་རྣམས་ཞབས་ཀྱིས་མནན་


DTG008_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧཱུཾ་ནི་ཧཱུཾ་ཞེས་པའི་སྔགས་ཀྱིས་གཟིར་བར་བྱའོ། །བཅུ་བཞི་པ་འཇིགས་བྱེད་ཆེན་པོ་བསྒོམ་པ་ནི་རཾ་ལས་ཉི་མ་དེའི་དབུས་སུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་དགྱེས་རྡོར་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཞལ་དང་པོ་ནམ་མཁར་གདངས་པར་ཆུ་བོ་བདུན་གཅིག་ཏུ་བསྡུས་ནས་འཐུང་བར་བསྒོམ་པར་བྱའོ། །བཅོ་ལྔ་པ་མི་གཡོ་བ་བསྒོམ་པ་ནི་བདག་ཉིད་བྷཱུཾ་ལས་རྣམ་སྣང་དུ་བསམས་ལ་དེའི་དཔྲལ་བའི་དབུས་ནས་མི་གཡོ་བ་ཞལ་གསུམ་པ་ཕྱག་དྲུག་པ་རྣམ་སྣང་སྒྱུར་འཕྲུལ་དྲ་བ་ནས་འབྱུང་བ་བཞིན་དུ་བསྒོམ་པར་བྱའོ། །བཅུ་དྲུག་བ་མིའི་བགེགས་བཟློག་པ་ནི་བདག་ཉིད་ངེས་བརྗོད་ནས་འབྱུང་བ་བཞིན་དུ་ཧཱུཾ་མཛད་དུ་བསྐྱེད་ལ་མི་ཁྲག་དང་རྐང་བའི་རྡུལ་ལས་མིའི་གཟུགས་བྱས་ལ་མི་རུས་ཀྱི་ཕུར་བུས་བཏབ་ལ་ཚོགས་བདག་གི་གཟུགས་བརྙན་གྱི་ཁར་བཅུག་ལ་རྡོ་རྗེ་གསལ་ཤིང་གིས་བརྡེག་པར་བྱའོ། །བཅུ་བདུན་པ་གོས་སྔོན་ཅན་བསྒོམ་པ་ནི། ཟླ་བའི་སྟེང་དུ་ཧཱུཾ་གྱུར་པ་ལས་ངེས་བརྗོད་ནས་བཤད་པ་བཞིན་དུ་བྱ་ཁྱུང་གདོང་ཅན་གྱི་གོས་སྔོན་ཅན་ཀླུ་བརྒྱད་ཀྱི་སྟེང་ན་བཞུགས་པ་བསྒོམ་པར་བྱའོ། །བཅོ་བརྒྱད་པ་སྒྲོལ་མ་བསྒོམ་པ་ནི་ནམ་མཁའི་དབུས་སུ་ཏཱཾ་གྱུར་པ་ལས་ཨུཏྤལ་དེའི་སྟེང་དུ་ཧྲཱིཿ་གྱུར་པ་ལས་སྒྲོལ་མ་ཞལ་གསུམ་ཕྱག་བརྒྱད་པ་བསྒོམས་ནས། དབང་དུ་བྱ་བར་འདོད་ན་བདག་ཉིད་མདོག་དམར་པོར་བསྒོམས་ལ་རང་གི་ལུས་ལས་ལྕགས་ཀྱུ་དང་ཞགས་པ་ཐོགས་པའི་ཁྲོ་བོའི་ཚོགས་ཕྱུང་སྟེ། བསྒྲུབ་བྱའི་སྙིང་ག་དང་མགྲིན་པ་ནས་སྔགས་ཀྱི་འཁྲུལ་འཁོར་འཁོར་ལོ་རྩིབས་བཅུ་གཉིས་སྙིང་གར་བཀོད་ལ་བསྒྲུབ་བྱའི་རྣམ་ཤེས་རང་གི་རྣམ་ཤེས་ལ་བསྡུས་ལ་ལྷན་ཅིག་ཏུ་གྱུར་པར་བསམ་པར་བྱའོ། །བཅུ་དགུ་པ་ཐོག་བཟློག་པ་ནི་ནམ་མཁའི་དབུས་སུ་དཔལ་མཆོག་དང་པོ་ཞལ་གསུམ་ཕྱག་བཞི་ཞབས་བཞི་པ་གཽ་རཱི་ལ་སོགས་པ་ལྷ་མོ་བཞིས་བསྐོར་བ། གཽ་རཱི་རྡོ་རྗེའི་མདའ་གཞུ། ཙཽ་རཱི་རྡོ་རྗེ་གསུམ་གྱིས་འཁྱུད་པ། ཕྲ་མོ་ཆུ་སྲིན་རྒྱལ་མཚན། བེ་ཏཱ་ལའི་རྡོ་རྗེ་བསྙེམས་པས་བཞུགས་པ་ཡིད་ལས་བྱུང་བ་དང༌། ཀི་ལི་ཀི་ལི་དང༌། རྡོ་རྗེ་བརྟན་པ་དང༌། རྡོ་རྗེ་བསྙེམས་པ་ཞེས་མཚན་གྱི་རྣམ་གྲངས་དང་ལྡན་པ་རང་གི་ལུས་ལས་ཕྱུང་ལ་འགྲོ་བ་སེམས་ཅན་རྣམས་ལ་གཡས་པས་མི་འཇིགས་པ་སྦྱིན་


DTG008_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། གཡོན་པས་དབང་བསྐུར་བར་བསམ་པར་བྱའོ། །དེ་ལྟ་བུས་ནི་ཐོག་བཟློག་པར་འགྱུར་རོ། །ཉི་ཤུ་པ་གཤིན་རྗེའི་འཁོར་ལོ་ནི་ཞི་བ་ལ་མཐའི་ཡ་བོར་ནས་ཡི་གེ་ནི་གཉིས་ཀྱང་སྤངས་ལ་ཕྱི་ནས་དབུས་ཀྱི་ཡ་ཡང་དབྱི་ཞིང་ཡི་གེ་ལྷག་མ་ཡང་ཅི་བདེ་བར་བྲི་བར་བྱའོ། །དེ་ལྟར་མངོན་སྤྱོད་ཀྱི་ལས་ཟིན་ནས་ཞི་བར་བྱའོ། །ཉེར་གཅིག་པ་དབང་དུ་བྱ་བ་ནི་སྔ་མ་བཞིན་དུ་དཔལ་མཆོག་དང་པོ་བསྒོམས་ལ། དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ་ན་ཐ་ཕ་ལ་ཞེས་པ་པོ་སོ་འཆའ་བཟའ་ཞིང་ཀ་མ་ཙི་ཀ་ཞེས་བརྒྱ་སྟར་གྱི་ཁྲུ་བས་ཐིག་ལེ་བྱས་ན་དབང་དུ་འགྱུར་རོ། །ཉེར་གཉིས་པ་མཆེ་བའི་དུག་གསོ་བ་ནི་སྙིང་གར་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཨི་ལས་ཀླུའི་རྒྱལ་པོ་དེའི་མིག་ལ་ཨི་བཀོད་པ་ལས་བདུད་རྩི་འཛག་པར་བསམས་ན་དུག་ཞི་བར་འགྱུར་རོ། །ཉེར་གསུམ་པ་ནི་ཉི་མ་དང་ཟླ་བ་བཅིངས་པ་ནི་བདག་ཉིད་གཤིན་རྗེ་གཤེད་དུ་བསྒོམས་ལ། འབྲས་ཀྱི་ཕྱེ་ལས་ཉི་མ་དང་ཟླ་བའི་གཟུགས་བྱས་ལ། གཅི་བའི་ནང་དུ་བཅུག་ན་ཉི་ཟླ་རེངས་པར་འགྱུར་རོ། །ཉེར་བཞི་པ་ཕ་རོལ་གྱི་དཔུང་གཞོམ་པར་འདོད་པ་ནི་དགྱེས་རྡོར་ཞལ་གསུམ་ཕྱག་དྲུག་པར་བསྒོམས་ལ། བཟླས་པ་བྱས་ནས་རྡོ་རྒྱུས་དང་བདུད་རྩི་ལྔ་དང་ཀུ་ཙྟ་ཙིནད་དང་བསྲེས་པའི་རི་ལུ་བུམ་པའི་མགྲིན་པ་ལ་བྲིས་ནས་བསྲུབ་བྱའི་མགྲིན་པ་བཅད་པར་བསམས་ན་མགོ་འཆད་བར་འགྱུར་རོ། །ཉེར་ལྔ་བ་ལྷ་དགས་པ་ནི་བདག་ཉིད་དགྱེས་རྡོར་དུ་བསྐྱེད་ལན་མ་མཁའི་མེ་ཏོག་དང་ཨུ་པར་ཙིནད་དང་ཉི་ཟླ་གཟས་ཟིན་པའི་ཚེ་གཅི་བ་དང་བཏགས་ཏེ། སྟ་རེའི་གཟུགས་བྱས་ལ་སྔགས་བྱེ་བ་བཟླས་ལ་རང་གེ་དཔྲལ་བར་ཐིག་ལེ་བྱས་ན་གང་ལ་ཕྱག་བྱས་པ་དེ་འགས་པར་འགྱུར་རོ། །ཉེར་དྲུག་པ་ཆར་དབབ་པ་ནི་དགྱེས་རྡོར་ཞལ་བརྒྱད་པ་ཕྱག་བཅུ་དྲུག་པ་ཞབས་བཞི་པ་བསྒོམས་ལ་གྲོག་མཁར་གྱིས་ལས་མཐའ་ཡས་ཀྱི་གཟུགས་བྱས་ལ་སྙིང་གར་འཁྲུལ་འཁོར་བཅུག་ནས་ཨོཾ་ཨ་ཕུ་ཆོ་ག་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །ཉེར་བདུན་པ་ཆར་མི་འབབ་ན་སྔགས་བཟློག་སྟེ་བཟླས་ན་ཆར་འབབ་ཅེས་པ་ནི་གོ་སླའོ། །ཉེར་བརྒྱད་པ་སྤྲིན་དྲལ་བར་འདོད་ན་དགྱེས་རྡོར་བསྒོམས་ལ་དུར་ཁྲོད་ཀྱི་རས་ལ་འཁྲུལ་འཁོར་བྲིས་ན་འགྲུབ་པར་འགྱུར་རོ། །བརྟག་པ་བདུན་པའི་རབ་ཏུ་བྱེད་པ་བཞི་པའི་རྣམ་པར་བཤད་པ་རྫོགས་སོ།། །།

བསྒྲུབ་པའི་ཡན་ལག་བསྟན་པ།

བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་དང་པོ། རྡོ་རྗེ་དྲིལ་བུའི་མཚན་ཉིད་བསྟན་པ།


DTG008_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འཇིག་རྟེན་གྱི་དངོས་གྲུབ་བསྒྲུབ་པ་བཤད་ནས། དངོས་གྲུབ་གསུམ་ཆར་གྱི་ཡན་ལག་རབ་ཏུ་འབྱེད་པ་བརྒྱད་ཀྱིས་སྟོན་པ་ལས། བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་དང་པོ་བཤད་པར་བྱ་སྟེ། མཚོན་བྱའི་མཚན་ཉིད་གཞན་དག་ནི། །ཞེས་བྱ་བ་གསུངས་ཏེ། མཚོན་བྱ་ནི་སེམས་སོ། །མཚན་ཉིད་རྡོ་རྗེ་དང་དྲིལ་བུ་དང་ཕྲེང་བ་སྟེ་མཚོན་བྱེད་དོ། །རྡོ་རྗེ་དྲིལ་བུ་སྔགས། ཡེ་ཤེས་ཀྱི་དེ་ཉིད་བཞི་པོ་འདི་མི་འཚལ་བས་བཤད་དུ་གསོལ་ཞེས་གསོལ་བ་འདེབས་པའོ། །འཁོར་བ་ལས་གྲོལ་ཞེས་པ་ཚིག་ཕྱེད་ནི་སྐབས་དབྱེ་བ་ཕུན་སུམ་ཚོགས་པའོ། །དང་པོ་རྡོ་རྗེ་དང་གཉིས་པ་དྲིལ་བུའི་དབང་བསྐུར་པ་དང༌། གསུམ་པ་སྔགས་ཀྱི་ཕྲེང་བས་དབང་བསྐུར་བ་དང༌། བཞི་པ་ཡེ་ཤེས་ཀྱི་དབང་བསྐུར་ནས་རྡོ་རྗེ་དང་དྲིལ་བུ་དང་སྔགས་དང་ཡེ་ཤེས་ཀྱི་མཚན་ཉིད་ལྷ་རྣམས་ཉན་པར་འདོད་པ་ནི་ཉོན་ཅིག་མདོར་བསྟན་པའོ། །རྒྱས་པར་བཤད་པ་ནི་ཆ་གསུམ་དུ་ནི་གཟུང་བ་ཞེས་པ་ནས་བྱང་ཆུབ་སྙིང་པོ་ལ་ནི་དགོད་ཅེས་པའི་དེ་ཁོ་ན་ཉིད་བཤད་པ་སྟེ་གོ་སླའོ། །དྲིལ་བུའི་ཕྱོགས་བརྒྱད་དུ་ཡི་གེའི་ས་བོན་རྣམ་པ་བརྒྱད་ཅེས་པ་ནི། ལཾ་མཱཾ་བཾ་ཏཱམ་ཧཱུཾ་ཏྲའཾ་ཧྲཱིཿ་ཨ་དགོད་པར་བྱའོ། །ཤར་དུ་སྒྲོལ་མ་ཞེས་པ་ནི་གོ་སླའོ། །གཟུང་བའི་ཐབས་བཤད་པ་ནི་ལག་པ་གཡས་གཡོན་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་བྱས་ལ། གཡས་པ་ལ་ཉི་མ་གཡོན་པ་ལ་ཟླ་བ་བསམས་ལ་པདྨའི་གར་བསྐོར་བས་བླང་བར་བྱའོ། །བདག་ཉིད་བསྒོམ་པ་ནི་རང་འདོད་པའི་ལྷར་བསམ་པར་བྱའོ། །གསོར་ཐབས་བཤད་པ་ནི་ཧཱུཾ་གི་གླུ་ལེན་ཅིང་གསོར་བར་བྱེད་པའོ། །སེམས་ཅན་རྨོངས་པ་བསལ་དོན་དུ། །རྡོ་རྗེ་གསོར་བ་མཛེས་པ་ཡིས། །རྣམ་ཐར་ཆོས་ཀྱི་བྱ་བ་སྟེ། །སྤྲོས་བཅས་རྡོ་རྗེ་གཟུང་བར་བྱ། །ཞེས་པ་ནི། འགྲོ་བ་ལ་ཇི་ལྟར་མཛེས་པའི་རྡོ་རྗེ་དང་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་བར་བྱ་ཞེས་པའི་དོན་ཏོ། །སྔགས་ནི་གོ་སླ་བསམ་བཤད་དོ། །རྡོ་རྗེ་དྲིལ་བུ་གཟུང་བའི་དགོས་པ་ནི། །ཐབས་དང་ཤེས་རབ་ཆོ་ག་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་དྲིལ་བུའི་རྗེས་སུ་གནང་བ་ནི། ཤེས་རབ་ཐབ་ཀྱི་ཆོ་ག་ཡིས། །རྣལ་འབྱོར་པ་ཡིས་འགྲོ་དོན་གྱིས། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ཉིད་མི་ཤེས་པའི་ཉེས་དམིགས་ནི། དེ་ཉིད་མ་ཤེས་རྣལ་འབྱོར་


DTG008_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་དང་པོའི་འགྲེལ་བའོ།། །།

བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་གཉིས་པ། བཟླས་པའི་ཕྲེང་བའི་མཚན་ཉིད་བསྟན་པ།


DTG008_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དང་དྲིལ་བུ་བཤད་ནས་སྔགས་ཀྱི་ཕྲེང་བ་བཤད་པ་ནི། ཡང་དག་ཆོ་ག་གང་གིས་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། མི་ཤེས་པའི་ཉེས་དམིགས་ནི། དེ་ཉིད་མ་ཤེས་རྣལ་འབྱོར་པ། །ཞེས་པ་ལ་སོགས་པ་ནས། ཇི་བཞིན་རྡོ་རྗེ་ཉོན་ཞེས་པའི་བར་གྱིས་སྐབས་དབྱེ་བ་བསྟན་ཏོ། །ཤེལ་དང་ཉ་ཕྱིས་མུ་ཏིག་དང༌། །ཞེས་པ་ལ་སོགས་པ་གོ་སླའོ། །སྔགས་བསྒྲུབ་པ་ནི་ལྔ་བཅུ་སྟེ་ཞེས་པ་ལ་སོགས་པ་གྲངས་བསྟན་ཏོ། །ཕྱོགས་དང་ཕྱོགས་མཚམས་ཞེས་བྱ་བ་ལ་སོགས་པ་ནི་སྐུད་པའི་མཚན་ཉིད་བསྟན་ཏོ། །རི་ལུ་རྣམས་ནི་དགྲ་བཅོམ་སྟེ། །ཞེས་པ་ལ་སོགས་པས་ནི་ཕྲེང་བའི་དེ་ཉིད་བསྟན་ཏོ། །སྔོན་དུ་དབྱངས་ཡིག་དང་བོ་ལ་ཞེས་པ་ལ་སོགས་པས་ནི་ལག་པ་བྱིན་གྱིས་བརླབས་པ་བསྟན་ཏོ། །རྡོ་རྗེ་པདྨ་ལས་བྱུང་བ། །ཞེས་པ་ལ་སོགས་པས་ནི་བགྲང་བའི་ཕྲེང་བ་ལྷར་བསྐྱེད་པའི་ཆོ་ག་བསྟན་ཏོ། །རྡོ་རྗེ་མ་ནི་གཡོན་པ་སྟེ། །ཞེས་བྱ་བ་ལ་སོགས་པས་བགྲང་ཐབས་ཀྱི་བྱེ་བྲག་བསྟན་ཏོ། །དེ་ལྟར་སྔགས་དང་བསྒོམ་པ་དང༌། །ཞེས་པ་ལ་སོགས་པས་དེ་ཉིད་མི་ཤེས་པའི་ཉེས་དམིགས་བསྟན་ཏོ། །དེ་ཉིད་ཐམས་ཅད་བྱེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ནི་བཟླས་པའི་ཐབས་བསྟན་ཏོ། །ཨོཾ་པ་དེ་པ་དེ་ཞེས་བྱ་བ་ལ་སོགས་པས་ནི་ཕྲེང་བའི་སྔགས་བསྟན་ཏོ། །བགྲང་ཕྲེང་དག་པའི་སྔགས་ཀྱིས་ནི། །ཞེས་པ་ལ་སོགས་པས་ནི་འབྲས་བུ་བསྟན་ཏོ། །ཡེ་ཤེས་དེ་ཉིད་ཁྱད་པར་གྱིས། །ཞེས་བྱ་བ་ལ་སོགས་པས་ནི་འཁོར་ལོའི་ལྷ་བསྒོམ་པ་བསྟན་ཏོ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །ཞེས་པ་ལ་སོགས་པས་ལྷ་སོ་སོའི་ཁྱད་པར་མི་བསྒོམ་ན་ཐམས་ཅད་ཀྱི་ཐུན་མོང་དུ་རྣམ་སྣང་ཞལ་གཅིག་ཕྱག་གཉིས་པ་མདོག་དཀར་པོ་བསྒོམས་ལ་བཟླས་པ་བྱའོ། །ཅིག་ཅར་བྱ་བའི་ཆོ་ག་འདིས། །ཞེས་བྱ་བ་ནི་ཡེ་ཤེས་པ་ལུས་ལ་གཞུག་པའི་ཕྱག་རྒྱ་བསྟན་ཏོ། །ཨཱ་ལི་ཀཱ་ལི་ས་བོན་དག །ཧཱུཾ་གིས་སྲད་བུ་བསྒྲིལ་བ་ཡིན། །ཞེས་པ་ལ་སོགས་པས་ཐིག་སྐུད་བསྒྲིལ་བའི་སྔགས་ཀྱིས་བསྒྲིལ་བར་བྱ་ཞེས་པའི་ཐ་ཚིག་གོ །བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།

བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་གསུམ་པ། འཆི་འཕོའི་མཚན་ཉིད་བསྟན་པ།


DTG008_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྡོ་རྗེ་དང་དྲིལ་བུ་དང་སྔགས་


DTG008_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྲེང་བའི་མཚན་ཉིད་བཤད་ནས། ཡེ་ཤེས་ཀྱི་མཚན་ཉིད་རྣམས་བཤད་པ་ནི། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བསོད་ནམས་ཀྱི་ལས་ཀྱིས་མཐོ་རིས་དང་ལོངས་སྤྱོད་ཅན་དུ་འགྱུར་བའི་ལས་མ་བསགས་ན་ཡང་སྡིག་བ་ཆེན་པོ་ཅན་གྱི་གང་ཟག་རྣམས་འཆི་ལྟས་ཀྱི་མཚན་མ་ཤེས་པར་བྱས་ནས། ལུས་ཀྱི་འཁྲུལ་འཁོར་ལ་སོགས་པའི་ཐབས་ཀྱིས་མཐོ་རིས་ལ་སོགས་པར་སྐྱེ་བར་བྱ་བའམ། རྣལ་འབྱོར་བ་སྦྱིན་པ་དང་ཚུལ་ཁྲིམས་དང་ལྡན་པ་ཞིག་ཡིན་ཡང་འཆི་ལྟས་ཀྱི་མཚན་མ་ཤེས་པར་བྱས་ནས་བུ་ག་དགུའི་རླུང༌། རྡོ་རྗེ་གདན་བཞི་ལས་འབྱུང་བ་བཞིན་དུ་སྔགས་ཀྱིས་དགག་པའམ། མ་ཧཱ་མཱ་ཡཱ་ནས་འབྱུང་བ་བཞིན་སེང་གེ་རྣམ་རོལ་གྱི་ཕྱག་རྒྱས་དགག་པའམ། རྡོ་རྗེ་མཁའ་འགྲོ་ནས་འབྱུང་བ་བཞིན་དུ་རླུང་ལ་དབང་ཐོབ་པས་བུ་ག་དགུའི་སྒོ་བཀག་སྟེ། སྲོག་ཨ་ཝ་དྷཱུ་ཏཱི་ར་བཅུག་སྟེ། ཚངས་པའི་བུ་གནས་བཏོན་ལ་མཐོ་རིས་ཐོབ་པར་འགྱུར་བ་ནི་རྡོ་རྗེ་འཕོ་བའི་མཚན་ཉིད་ཅེས་བྱ་སྟེ། དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་བསམ་གྱིས་མི་ཁྱབ་པ་ཡོངས་སུ་གྱུར་པའི་ལས་ཀྱིས་བསོད་ནམས་ཀྱི་ལས་མ་བསགས་ཀྱང་མཐོ་རིས་དང་ཕྱག་པོར་འགྱུར་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཉོན་ཅིག་རྡོ་རྗེ་འཕོ་བ་ཞེས་བྱ་བ་ནི་དབུགས་འབྱུང་རྔུབ་བཀག་པའི་རྩ་ཨ་ཝ་དྷཱུ་ཏཱིའི་རླུང་དབུས་མ་ནི་རྡོ་རྗེ་ཡིན་ལ། དེ་ཉིད་སྤྱི་གཙུག་གི་ལམ་ནས་འབྱུང་བ་ནི་འཕོ་བའོ། །དེ་ཉིད་མཚན་ཉིད་ནི་ཨ་ན་ཧཱི་མཚན་ཉིད་དོ། །རྣལ་འབྱོར་ཞེས་པ་ནི་ལུས་ཀྱི་འཁོར་ལོ་དང་ཡི་གེའི་འཁོར་ལོ་དང་རླུང་གི་འཁྲུལ་འཁོར་གྱིས་བཀག་པའོ། །ལམ་བཟང་པོ་ཡིས་ནི་ཨ་ན་ཧའི་རླུང་ལ་བརྟེན་ནས་བསམ་གཏན་གྱི་ཏིང་ངེ་འཛིན་བསྐྱེད་པའོ། །རྣལ་འབྱོར་བ་འགྲོ་བ་མཛེས་པར་སྟོན་པར་བྱེད་པ་ཞེས་པ་ནི་རྣལ་འབྱོར་པ་དེ་ལྷ་ལ་སོགས་པའི་འགྲོ་བ་མཛེས་པར་སྐྱེ་བ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སྒོ་དགུ་པོ་ནི་གང་ལགས་དང༌། །ཞེས་པ་ཚིགས་བཅད་གཅིག་གིས་ཞུས་པ་ཡིན་ནོ། །ལན་གསུངས་པ་ནི་སྲོག་ནི་འཆད་པའི་དུས་དག་ཏུ་འཆི་ལྟས་བཟློག་པར་དཀའ་བ་མཐོང་བས་ནའོ། །ཡང་དག་སྦྱོར་བ་མཉན་པར་གྱིས། །ཞེས་པ་གནས་གཙང་མའི་ལྟར་


DTG008_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་ཐབས་བསྟན་གྱི་ཞེས་བྱའོ། །ལམ་བཟང་པོ་ལས་ཡིད་འོང་གནས། །ཞེས་པ་སྒོ་དགུ་བཀག་པས་སྤྱི་བོ་ནས་འབྱུང་བའོ། །ལམ་ངན་གྱིས་ནི་སྲིང་བའི་སྐྱོན། །ཞེས་པ་ནི་མིག་དང་རྣ་བ་ལ་སོགས་པའི་བུ་གནས་བྱུང་ན་སྲིད་པར་འགྱུར་བའོ། །དེ་ལ་ཐིག་ལེ་ཞེས་པ་ནི་སྤྱི་གཙུག་ནས་བྱུང་ན་གནས་གཙང་མའི་ལྷར་སྐྱེའོ། །ལྟེ་བ་ནས་འདོད་ཁམས་ཀྱི་ལྷར་སྐྱེ་བར་འགྱུར་རོ། །སྤྱི་གཙུག་ལས་གཟུགས་ཁམས་ཀྱི་ལྷར་སྐྱེ་བར་འགྱུར་རོ། །མིག་ལས་མིར་སྐྱེའོ། །སྣ་ལས་གནོད་སྦྱིན་དུ་འགྲོ་བའོ། །རྣ་བ་ལས་རིག་འཛིན་གྱི་ལྷར་སྐྱེ་བའོ། །གཅི་བ་ཆུའི་སྒོ་ནས་དུད་འགྲོར་འགྲོ་བའོ། །བྱང་ཆུབ་ཀྱི་སེམས་གྱུ་བའི་སྒོ་ནས་ནི་ཡི་དགས་སུ་འགྲོ་བའོ། །བཤང་བའི་ལམ་ནི་དམྱལ་བར་འགྲོ་བའོ། །དེ་ལ་རྒྱས་པར་བཤད་པ། །ལྟེ་བ་ལས་ནི་འདོད་ཁམས་ལྷ། །ཞེས་པ་ལ་སོགས་པ་གོ་སླ་བས་མ་བཤད་དོ། །དེའི་ཤིན་ཏུ་རྒྱས་པར་བཤད་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པ་ཕྱི་མར་འཕོ་བའི་སྒོའི་བྱེ་བྲག་ལས་འཁོར་བ་དང་མྱ་ངན་ལས་འདས་པའི་བྱེ་བྲག་ཏུ་འགྱུར་བ་ཡོད་པས། རིགས་ཀྱི་བུ་འདི་འཆི་བའི་དུས་ལ་བབ་པར་གྱུར་ན་འཆི་ལྟས་ཀྱི་མཚན་མར་ཤེས་པར་བྱས་ནས་རིམས་ལ་སོགས་པས་མ་ཕོག་པའི་སྔོན་དུ་མཉམ་པར་གཞག་པས་འཕོ་བའི་སྦྱོར་བ་བསྒོམ་པར་བྱའོ། །སྒོ་རྣམས་ཐམས་ཅད་བཀག་ནས་ནི། །ཞེས་པ་ནི། ལུས་དང་རླུང་དང་ཡི་གེའི་འཁྲུལ་འཁོར་གྱིས་བཀག་པའོ། །སྔོན་དུ་བུམ་པ་ཅན་ནི་བརྩམ། །ཞེས་པ་ནི་སྲོག་ཨ་ཝ་དྷཱུ་ཏཱི་ར་གཞུག་པའི་ཐབས་སོ། །སྔགས་པས་རྒྱས་པ་ལྔའི་མཆོད་རྟེན་གྱི་སྒོའི་བུ་གར་བསྒོམ་པར་བྱ་ཞེས་པ་ནི། མགོ་བོ་ལཀྵྨཾ་མགྲིན་པར་སྨྲཾ་སྙིང་གར་ཡྨྲཾ་ལྟེ་བར་ཀྵུཾ་དགོད་དོ། །དེ་ལ་མགོ་བོའི་སྒོ་ནི་ཆུའི་ས་བོན་དཀར་པོ་བསམ་ཞེས་བྱ་བ་ནི་ཡི་གེ་སུཾ་དགོད་པར་བྱའོ། །གནས་དང་ཆུ་ཡི་སྒོ་ལ་ནི། །མེ་ཡི་ས་བོན་བསམ་པ་སྟེ། །ཞེས་པ་ནི་བཤང་བ་དང་གཅི་བའི་གནས་སུ་ཡི་གེ་ཀྵུཾ་མོ། །དབུགས་ཪྻུ་ནི་སྔོན་བཞིན་ཡུ་བསྒོམ་ཡུ་ཞེས་པ་ཡུ་ནི་རླུང་ཨ་ཝ་དྷཱུ་ཏཱིར་གཞུག་པའོ། །ལུས་ནི་རླུང་གི་མདོག་ཏུ་སྟེ། །རླུང་གི་དཀྱིལ་འཁོར་


DTG008_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱ། །ཞེས་བྱ་བ་ནི། སྤྱི་བོར་སྨྲྱུཾ་ཁ་དོག་སྔོ་སྐྱ་བསྒོམ་པར་བྱའོ། །དེ་ཡི་རྩ་བ་རླུང་ཡིན་ཏེ། །ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་གྱི་རྩ་བར་ས་བོན་ནི་ཡི་གེ་ཧཱུཾ་དོ། །ཐིག་ལེ་སྒྲ་དང་ལྡན་པའི་ས། །སེམས་ཀྱི་ས་བོན་འདྲེན་པར་བྱེད། །ཅེས་པ་ནི་ཡི་གེ་འདྲེན་པར་བྱེད། །ཅེས་པ་ནི་ཡི་གེ་ཧཾ། སེམས་ཀྱིས་བོན་ཞེས་པ་ནི་སྒྲས་འདྲེན་པའོ། །རྡོར་ཇེ་ས་བོན་དྲག་པོ་ནི། ཞེས་པ་ནི་ཧིག་ཅེས་བྱ་བའི་སྒྲའི་དོན་ཡིན་ནོ། །ལྕགས་ཀྱུ་རུ་ནི་སྦྱར་བར་བྱ། །ཞེས་པ་ནི། སྤྱི་གཙུག་གི་ཐིག་ལེ་གནས་པའི་རྣམ་པར་ཤེས་པ་ཧིག་གི་ལྕགས་ཀྱུས་དྲངས་ནས་སྤྱི་གཙུག་གི་གནས་སུ་འདྲེན་པར་བྱའོ། །དེ་འབའ་ཞིག་ལ་འདྲེན་པར་བྱེད་དམ་ཞེ་ན། ཉི་ཤུ་རྩ་བཞིའི་གནས་དང་ནི། །གནས་བཅུ་ལ་ནི་དྲག་པོས་དྲངས། །ཞེས་པ་ནི། གནས་དེ་རྣམས་ལ་ཡི་གེ་ཧིག་དྲག་པོས་རྣམ་པར་ཤེས་པ་དྲང་བར་བྱའོ། །གནས་གང་ལ་ནི་གང་གིས་གནས། །ཞེས་པ་ནི། གནས་ཉེར་བཞི་སྟེ་ཛའ་ལནྡྷ་ར་གསེར་སྒོའོ། །ཚིགས་དགུ་ལས་སྟེང་དུ་ཞེས་པ་ནི་ཚངས་པའི་བུ་གའོ། །སྨིན་པའི་ས་བོན་སྟེང་དུ་འདེབས། །ཞེས་པ་ནི་རླུང་གིས་སྒྲ་ཆེར་བརྗོད་པའོ། །བརྒྱད་ཀྱི་མཐའ་ཡིས་བོན་ལ། །ཞེས་པ་ནི་ཡི་གེ་ཧའོ། །དྲག་པོའི་སྡེའི་དྲག་པོ་ཉིད་ནི་ཨིག་གོ །དང་བོའི་དང་པོ་ཕྱེད་དུ་སྦྱར་བ་ནི་ཀའོ། །འོག་ཏུ་རླུང་གི་ས་བོན་དང་ལྡན་པ་ནི་རླུང་དཀྱིལ་འཁོར་རོ། །ས་བོན་ནི་ཡི་གེ་བཞག་ནས་དྲག་པོའི་སྒྲའི་ཡི་གེ་ཧིག་གིས་འཕེན་པར་བྱེད་པ་ཡིན་ནོ། །ཉི་ཤུ་རྩ་བཞིའི་གནས་ནས་ནི། །གོང་ནས་གོང་དུ་དེ་ནས་མཆོག་ནི་གནས་ཉེར་བཞི་ལས་སྟེང་མ་ཛའ་ལནྡྷ་ར་སྤྱི་གཙུག་གི་གནས་སུ་ཧིག་གི་སྒྲས་བསྐུལ་ནས་མོད་ལ་འཕོ་བར་ཤེས་པར་འགྱུར་བ་ཡིན་ནོ། །དེ་ལྟར་འཕོ་བའི་ཐབས་བཤད་ནས་པན་ཡོན་བསྟན་པ་ནི། ཉིན་རེ་བྲམ་ཟེ་གསོད་པ་དང༌། །ཞེས་པ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ལམ་འདི་ཡིས་ནི་དག་པར་འགྱུར། །ཞེས་པ་ནི་སྲོག་ཨ་ཝ་དྷཱུ་ཏིའྲ་ཆུད་པ་ལས་ཤེས་པ་རྟོག་པ་མེད་པར་སྐྱེས་ནས་བསམ་གཏན་གྱི་སྔོམ་པ་ལ་མི་གཡོ་བའི་ཏིང་ངེ་འཛིན་སྐྱེས་པ་ཡིན་ནོ། །དེ་ལ། སྟོང་བའི་ཏིང་ངེ་འཛིན་སྐྱེས་པ་ཡིན་ནོ། །དེ་ལ། སྟོང་པ་ཉིད་ཀྱིས་རྒྱས་བཏབ་ནས། །ཞེས་པ་སྟོང་པ་ཉིད་ཀྱི་རྣམ་པར་སྐྱེས་པ་ཟག་པ་མེད་པའི་སྔོམ་པ་ཡིན་པས་དེའི་ཚེ་དྲག་པོའི་སྒྲས་ཕུལ་ནས་སྲོག་ཚངས་པའི་བུ་གནས་ཕྱུང་ནས་སྡིག་པས་གོས་པར་མི་འགྱུར་ཞིང་སྲིད་པ་ལས་རིང་དུ་འགྲོ་བ་ཡིན་ནོ། །དེ་ཉིད་དཔེས་བསྟན་པ་ནི། ཇི་ལྟར་འདམ་ལས་


DTG008_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ཡི། །ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དུས་ནི་ནམ་གྱི་ཚེ་འཕོ་བར་བྱ་སྙམ་ན། འཕོ་བའི་དུས་བསྟན་པ་ནི། འཕོ་བའི་ཞེས་པ་ལ་སོགས་པ་གསུངས་ཏེ། དེས་པར་འཆེ་བའི་དུས་ལ་བབ་ནའོ། །དུས་མིན་ལྷ་རྣམས་གསོད་བར་འགྱུར་བ་ནི། །དུས་མ་ཡིན་པར་གསོད་པར་འགྱུར་བ་དང༌། །ལུས་ཀྱི་འཆི་ལྟས་ཤེས་པར་བྱ་བ་དང༌། བློ་དང་ལྡན་པས་འཆི་བ་བསླུ་བར་བྱའོ། །འཆི་བ་བསླུ་བའི་ཐབས་རྒྱས་པར་བཤད་པ་ནི། ཉོན་ཅིག་རྡོ་རྗེ་ཞེས་སྐབས་དབྱེ་བ་གསུངས་པ་ཡིན་ནོ། །དེ་ཡང་ཇི་ལྟར་བསྒོམ་སྙམ་ན། སྔོན་བཞིན་མཚན་ཉིད་ཐམས་ཅད་ནི། །མཉམ་ཉིད་སེམས་ཀྱིས་བསྒོམ་པར་བྱ། །ཞེས་པ་ནི། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྙིང་གར་བསྒོམ་པར་བྱ་བ་དེ་བཞིན་དུ་འཆི་བ་བསླུ་བའི་ཐབས་རྣམས་བསྒོམ་པར་བྱའོ། །དེ་ཡང་ཇི་ལྟར་བསྒོམ་པར་བྱ་སྙམ་ན། སྙིང་གའི་དབུས་སུ་ཧཱུཾ་ཨོཾ་ཏྲཱཾ་ཧྲཱཾཿ་ཨ་ཞེས་པ་སངས་རྒྱས་ལྔའི་ས་བོན་འོད་འབར་བ་དང་བཅས་པ་བསྒོམ་པར་བྱའོ། །སྔོན་བཞིན་མཚན་ཉིད་ཡང་དག་ལྡན། །ཞེས་པ་ནི། སེམས་ཀྱི་དྲི་མ་བཀྲུས་ནས་རྗེས་སུ་གཞིག་པའི་ཚུལ་གྱིས་སྟོང་བ་ཉིད་དུ་འཕོ་བའི་ཚུལ་གྱིས། དངོས་པོའི་གཟུགས་ཐམས་ཅད་སྟོང་པ་ཉིད་དུ་འཕོ་བར་བྱའོ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཧཱུཾ་ཞེས་བྱ་བ་གནས་པར་བསམ། །ཞེས་བྱ་བ་ནི་སྙིང་གའི་ཟླ་བ་ལ་ཡི་གེ་ཧཱུཾ་གི་ས་བོན་གྱི་གཟུགས་སུ་གྱུར་བ་ལས་ཡེ་ཤེས་མཁའ་འགྲོ་ཞལ་གསུམ་ཕྱག་དྲུག་པ་བསྒོམ་པར་བྱའོ། །ཞེས་པ་ནི་གོ་སླའོ། །དབུས་ནི་མི་གྱོ་བསྒོམ་པར་བྱ། །ཞེས་བྱ་བ་ནི། སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་ནས་ཡེ་ཤེས་བདུད་རྩི་ཞེས་བྱ་བ་ལྷ་བསྒོམ་པར་བྱའོ། །ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །ས་བོན་ཇི་བཞིན་ཞེས་བྱ་བ་ནི། མགོ་བོར་ཀྵུཾ། སྣ་དང་རྣ་བ་གཉིས་ལ་ཡུཾ། མིག་གཉིས་ལ་ཧཱུཾ། ལྐོག་མར་སུཾ། མགྲིན་པར་སྨཾ་དཔྲལ་བར་ཧྨྲཾ་སྙིང་གར་ཡྨྲྱུཾ་ལྟེ་བར་ཀྵྨཾ་དགོད་པར་བྱའོ། །འོད་ཀྱི་སྣང་བ་དཀར་པོ་ཅན། །ཆུ་ཤིང་མེ་ཏོག་པདྨ་བཞིན། །ཞེས་པ་ནི། སྙིང་ཆུ་ཤིང་གི་མེ་ཏོག་ལྟ་བུའི་དབུས་ན་རྟོག་མེད་ཀྱི་ཞེས་བྱ་བ་སྐྱེ་བའི་རྟེན་ཨ་ན་ཧའོ། །རླུང་འོད་དང་བཅས་པ་འཆི་བ་བསླུ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཡུ་ཕྱག་དྲུག་ཡུ་བའི་རང་ཡུ་བཞིན་བཞིན་ནམ། ཡི་གེ་ཧཱུཾ་གི་རང་བཞིན་བསྒོམས་ལ། དེའི་སྙིང་གའི་སྒོ་སྐྱོང་གི་གནས་སུ་འོད་འཕོ་བ་ནི་མདུན་དུ་སོར་དྲུག་རྒྱབ་ཏུ་དྲུག་རྒྱབ་ཏུ་སོར་ལྔའི་རླུང་འབྱུང་ངོ་ཞེས་རྡོ་རྗེ་


DTG008_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གང་ན་བཞི་ལས་གསུངས་སོ། །དེའི་དབུས་རྣམ་ཤེས་ཡེ་ཤེས་བཅས། །ཞེས་པ་སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་པ་ལས་མི་རྟོག་པའི་ཤེས་པ་དགའ་བ་གསུམ་སྐྱེས་པ་ནི་རྣམ་ཤེས་ཡིན་ལ། དེ་གཟུང་འཛིན་གྱི་སེམས་ཀྱི་སྟོང་པར་མཐོང་བ་ཡེ་ཤེས་ཡིན་ནོ། །མི་གཡོ་འཆི་བ་མེད་པ་ནི། །ཞེས་པ་ནི། མི་གཡོ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བ་ཡིན་ནོ། །འཆི་བ་མེད་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཡིན་ནོ། །དངོས་པོ་རྣམ་པར་བསྒོམ་པར་བྱ། །ཞེས་པ་ནི་གཉིས་སུ་མེད་པའི་དངོས་པོར་བསྒོམ་པར་བྱ་བ་ཡིན་ལ། རང་རིག་པ་དེ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་རྣམ་པར་བསྒོམ་པར་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །སྣ་ཚོགས་ཀུན་གྱི་སྐལ་བཟང་ངོ༌། །མཆོག་གི་དངོས་གྲུབ་ཅེས་བྱའོ། །ཞེས་གསུངས་སོ། །དེ་ལྟར་ནང་གི་སྦྱོར་བ་གསུངས་ནས། གཞན་གྱི་སེམས་ཤེས་པའི་མན་ངག་ནི་དེ་ནས་ཕྱི་རོལ་སྤྱོད་བ་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་ནི་གཉིས་སུ་བསྒོམ་པ་ལས། །ཞེས་པ་ནི་གཟུང་བ་དང་འཛིན་པའི་སེམས་གཉིས་སུ་བསྒོམས་པ་ལས་སོ། །དེ་ཡང་ཇི་ལྟར་བསྒོམ་པར་བྱ་སྙམ་ན། སྙིང་གའི་ཕྱི་རོལ་དུ་ཡཾ་ལས་རླུང༌། དེའི་དབུས་སུ་རཾ་ལས་མེ། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཨཱ་ལི་ཀཱ་ལི་ལས་ཉི་ཟླ་ཁ་སྦྱོར་དེའི་དབུས་སུ་ཡབ་ཡུམ་དགུའི་ས་བོན་ཁ་དོག་དམར་པོར་བསམ་པར་བྱའོ། །བསྒྲུབ་པར་བྱ་བའི་སྙིང་གར་ཡང་དཀྱིལ་འཁོར་དེ་རྣམས་བསམ་པར་བྱའོ། །དེ་ནས་རྣལ་འབྱོར་པས་དབུགས་འབྱུང་རྔུབ་ཀྱི་བཟླས་པ་བྱའོ། །ཕྱིར་འབྱུང་བའི་ཚེ་ཡེ་ཤེས་ཀྱི་ས་བོན་ཧཱུཾ་གི་ཚུལ་གྱིས་བྱུང་ནས། བསྒྲུབ་བྱའི་སྙིང་གའི་དབུས་སུ་བསྣུན་པར་བྱའོ། །ཕྱི་ནས་ནང་དུ་འཇུག་པའི་ཚེ་སྙིང་གའི་ས་བོན་གྱི་ཡི་གེ་ལ་མེ་ཏོག་ལྟ་བུར་བསྣུན་པར་བྱའོ། །དེ་ལྟར་དབུགས་འབྱུང་རྔུབ་བཟླས་པས་གཞན་གྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་མཉམ་པར་བསྒོམ་པ་ལས་མཉམ་པར་གཞག་པའི་གོམས་པ་དང༌། གཞན་གྱི་སེམས་ཤེས་པས་འགྲུབ་པར་འགྱུར་པ་ལ་ཐེ་ཚོམ་མེད་དོ། །ཐབས་གང་གིས་དེ་ལྟར་འགྱུར་སྙམ་ན། སྒྲུབ་པ་པོ་ཡི་རྣམ་འཕྲུལ་བ། །ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་གཞན་དག་གི་ལུས་པོ་ལ་དབུགས་འབྱུང་རྔུབ་ཀྱི་འཁོར་བསྒོམས་ན། གཞན་གྱི་


DTG008_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་དང་བསྲེས་ལ་ཏིལ་ལ་སྣ་མའི་མེ་ཏོག་གིས་བསྒོས་པ་བཞིན་དུ་གཞན་གྱི་སེམས་ཤེས་པར་བྱའོ། །དེ་ལྟར་བསྒོམ་པ་དང་བཟླས་པ་དང་ལྡན་པའི་རྣལ་འབྱོར་པ་ནང་གི་སྦྱོར་བས་སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་ལ་ཕྱིའི་སྦྱོར་བས་མངོན་ཤེས་སྐྱེས་པ་དེ། གལ་ཏེ་འཕོ་བར་འདོད་ན་སྤྱི་གཙུག་གི་ལམ་ནས་རྡོ་རྗེ་འཕོ་བ་བསྒོམས་ན་བཟང་པོའི་ལམ་འདི་རྣམ་པར་བསམས་ན་འགྲུབ་པར་ཐེ་ཚོམ་མེད་དོ། །སེམས་གཟུགས་ཅན་མ་ཡིན་ན་དེའི་ཇི་ལྟར་འཕོ་བ་དང་མི་འཕོ་བར་འགྱུར་སྙམ་ན། དེ་ནས་ཡེ་ཤེས་གཟུགས་གྱུར་པ། །མར་མེ་ལྟ་བུ་བསམས་ནས་སུ། །ཞེས་བྱ་བ་སྨོས་ཏེ། ནམ་མཁའི་རླུང་ལ་བརྟེན་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་མར་མེ་ལྟ་བུ་བསམས་ནས་མཁས་པས་འཕོ་བ་ལ་སོགས་པའི་ལས་རྣམས་བྱའོ། །གཉིས་སུ་མེད་པའི་ཡེ་ཤེས་དང་ཉན་ཐོས་ལ་སོགས་པའི་སེམས་ལ་ཁྱད་པར་ཅི་ཡོད་སྙམ་ན། ཉན་ཐོས་ལ་སོགས་དེ་ཉིད་ནི། །འདིར་ནི་ལེགས་པར་བཤད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། ཉན་ཐོས་དང་རང་རྒྱལ་བའི་སེམས་ནི་གང་ཟག་གི་བདག་མེད་པར་རྟོགས་ནས་རང་གི་དོན་དུ་རྟོག་མེད་བསྒོམས་པ་ཡིན་ཏེ། སེམས་ནི་ཤེལ་དང་འདྲ་བར་གནས། །མར་མེ་ལྟ་བུར་བསམ་པར་བྱ། །སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པ་སྤྲོས་པ་མེད་པར་བྱ། །ཞེས་བྱ་བ་གསུངས་ཏེ། དང་པོ་ཉན་ཐོས་ཀྱི་སེམས་ནི་རང་རིག་པ་མར་མེ་ལྟ་བུ་ཡིན་ལ། ཕྱིས་ནི་སྤྲོས་པ་རྒྱུན་བཅད་པ་ཡིན་ནོ། །རྣལ་འབྱོར་བའི་ཇི་ལྟར་ཡིན་སྙམ་ན། རྣལ་འབྱོར་རང་བཞིན་མེད་པ་ཡིས། །འདི་དག་ཐམས་ཅད་ཡོངས་སུ་བཏང༌། །ཞེས་བྱ་བ་གསུངས་ཏེ། ཟུང་དུ་འཇུག་པའི་རྒྱས་བཏབ་པས། ཡོད་པ་དང་མེད་པའི་མཐའ་གཉིས་དང་བྲལ་བ་ཡིན་ནོ། །དེ་སྐད་དུ་ཡང་ཀུན་སྤྱོད་ལས། །གོང་བུའི་གཟུགས་ནི་འདས་གྱུར་ནས། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །བསམ་གྱིས་མི་ཁྱབ་དེ་བསམས་ན། །མྱ་ངན་འདས་པ་མི་སྟོན་ཏོ། །ཞེས་གསུངས་སོ། །མཉམ་སྦྱོར་ལས། ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་ཏེ། བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། འདི་ནི་གཉིས་མེད་ཐེག་ཆེན་ཡིན། །ཞེས་གསུངས་སོ། །དེ་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བསྟན་ནས། །འཇིག་རྟེན་པའི་ཡེ་ཤེས་ཀྱི་


DTG008_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གང་ལགས་ཞེས་ཞུས་པ་དང༌། བཀའ་སྩལ་པ། ལྷ་རྣམས་ཀྱི་ཡེ་ཤེས་ནི་གསལ་བར་གོམས་པ་ལས་བྱུང་བ་ཡིན་ནོ། །ལྷ་མ་ཡིན་གྱི་ཡེ་ཤེས་ནི་འཁོར་བ་གོམས་པ་ལས་བྱུང་བས་སོ། །ཡི་དགས་ཀྱི་ཡེ་ཤེས་ནི་འཇུངས་པ་གོམས་པ་ལས་སོ། །དམྱལ་བའི་ཡེ་ཤེས་ནི་འཇིགས་པ་གོམས་པ་ལས་སོ། །བྱོལ་སོང་གི་ཡེ་ཤེས་ནི་བླུན་པ་གོམས་པ་ལས་སོ། །བེམས་པོ་རྣམས་ནི་སེམས་དང་བྲལ་བའོ། །དེ་སུ་ལ་མི་བསྟན་སྙམ་ན། དགུག་ཅིང་གླེང་བ་ཞེས་པ་ལ་སོགས་པ་གསུངས་སོ། །སུ་ལ་བསྟན་སྙམ་ན། རྣལ་འབྱོར་གསང་སྔགས་ཁྱད་པར་གྱི། །ཞེས་བྱ་བ་ལ་སོགས་གསུངས་ཏེ། །དེ་བས་རྣལ་འབྱོར་བསྟན་བཅོས་ལ། །ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་བསྟན་པ་ཡིན་ཏེ། རྣལ་འབྱོར་གྱིས་བསྟན་བཅོས་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་མངོན་སུམ་མཁྱེན་པའི་ལམ་གཞན་ལ་བསྟན་པ་ཡིན་པས་འབད་དེ་དད་པ་བསྐྱེད་ནས་སྒྱུ་མ་མཁན་གྱི་རྣམ་པར་ཐར་པ་བཞིན་དུ་ཡེ་ཤེས་སྒྱུ་མའི་རྣམ་པར་ཐར་པ་འདི་བསྒོམས་ན་འཇིག་རྟེན་གྱི་དངོས་གྲུབ་ཀྱི་སྤྱོད་པ་དང༌། མཆོག་གི་དང་ཤེས་པའི་མཚན་ཉིད་བསྟན་ནས། སྔགས་ཀྱི་ཀུན་དུ་སྤྱོད་བརྒྱད་པའི་རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།། །།

བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་བཞི་པ། ཕྲིན་ལས་བཞིའི་མཚན་ཉིད་བསྟན་པ།


DTG008_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྡོ་རྗེ་དང་དྲིལ་བུ་དང་ཕྲེང་བ་དང་ཤེས་པའི་མཚན་ཉིད་བསྟན་ནས། སྔགས་ཀྱི་ཀུན་དུ་སྤྱོད་པ་གསུངས་པ་ནི། །སྔགས་རྣམས་ཀྱི་ནི་མཚན་ཉིད་དག །ཉོན་ཅིག་འདོད་པའི་རྒྱལ་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱིས་སྔགས་རྡོ་རྗེ་དྲིལ་བུ་ལ་ཐུག་གི་བར་དུ་གསུངས་པ་དང༌། སྤྱན་ལ་སོགས་པ་ནས་དྲི་མ་ལ་ཐུག་གི་བར་དུ་ཐབས་དང་ཤེས་རབ་ཀྱི་འཁོར་ལོའི་སྔགས་གསུངས་པ་ཡིན་ནོ། །ཨོཾ་ཧཱུཾ་ཞེས་པ་ནས་ཧེ་རུ་ཀའི་དཀྱིལ་འཁོར་གྱི་འཁོར་ལོ་ཞེས་བྱ་བའི་བར་དུ་ཧེ་ཏུ་ཀའི་དཀྱིལ་འཁོར་གྱི་སྔགས་གསུངས་པ་དང༌། ཨོཾ་ཨཾ་སྭཱ་ཧཱ་ཞེས་བྱ་བ་ནས་བདག་མེད་མའི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱིས་བདག་མེད་མའི་དཀྱིལ་འཁོར་གི་སྔགས་གསུངས་པ་དང༌། དགྱེས་པའི་རྡོ་རྗེའི་སྔགས་གསུངས་པ་དང༌། འཁོར་ལོ་བདེ་མཆོག་གི་


DTG008_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གསུངས་པ་དང༌། ཕག་མོ་ཅན་དང་འོད་ཟེར་ཅན་དང་རི་ཁྲོད་མ་གསུམ་གྱི་སྔགས་གསུངས་པ་དང༌། སྒྲོལ་མའི་སྔགས་གསུངས་པ་དང༌། ས་བྱིན་གྱིས་རློབ་པའི་སྔགས་གཉིས་དང༌། མཁའ་འགྲོ་མ་བཞིའི་སྔགས་དང༌། ཡེ་ཤེས་ཀྱི་མཁའ་འགྲོའི་སྔགས་དང༌། མཆོད་པའི་ཡན་ལག་གི་སྔགས་དང༌། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དང༌། ཡེ་ཤེས་སེམས་དཔའ་དང༌། བསྲུང་བའི་སྔགས་གསུངས་པ་ཡིན་ནོ་བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་བཞི་པའི་འགྲེལ་པ་རྫོགས་སོ།། །།

བརྟག་པ་དགུ་པའི་རབ་ཏུ་བྱེད་པ་དང་པོ། སྣོད་ལྡན་སྒོམ་པའི་སྤྱོད་པ་བསྟན་པ།


DTG008_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྤྱོད་པ་ཀུན་དུ་བསྟན་ནས་ཁམས་གསུམ་ལྷར་ཤེས་པའི་སྤྱོད་པ་ནི་དེ་ནས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།ཕྱག་འཚལ་ནས་ཞེས་པའི་བར་ནི་སྡུད་པ་པོའི་ཚིག་གོ །གང་ཞིག་ཏུ་ནི་གནས་ནས་སུ། །ཞེས་པ་འོད་གསལ་འཁོར་བའི་གནས་གང་དུ་གནས་ནས་རྒྱུ་བ་བཅུད་དང་མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་དུ་རྣམ་པར་རོལ་ཅིང་ཕྱིས་འོད་གསལ་བ་དྲི་མ་དག་ནས་ཞི་བའི་གོ་འཕང་རབ་ཏུ་རྒྱས་པ་བཅོམ་ལྡན་འདས་ལྷ་ཡིས་བཤད་དུ་གསོལ་ཞེས་ཞུས་པ་ཡིན་ནོ། །སྐབས་དབྱེ་བ་གསུངས་པ་ནི། །སེམས་འོད་གསལ་པ་ཐམས་ཅད་ཀྱི་བདག་ཉིད་རྟག་ཏུ་བཞུགས་པ་དེ། གང་ཞིག་དག་པའི་གནས་སྐབས་ནི། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྣམ་པར་བཞུགས། །ཞེས་ཏེ། དེ་ལྟར་ངས་བཤད་པའི་སྐབས་ནི་སེམས་ཀྱི་རྟོག་པ་གཟུང་བའི་དྲི་མ་དང་བཅས་པ་ཡིན་ནོ་ཞེས་འོད་གསལ་བའི་གནས་ལུགས་ཇི་ལྟ་བ་བཞིན་བཤད་ཀྱི་ཉོན་ཞེས་པའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། །དཀྱིལ་འཁོར་ལུས་ཞེས་བྱ་བ་གསུངས་ཏེ། སྔར་བཤད་པའི། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པའི་དོན་ཏོ། །དཀྱིལ་འཁོར་ལུས་ཀྱི་དབུས་ན་རྩ་ཨ་ཝ་དྷཱུ་ཏཱི་ནི་གནས་ཡིན་ལ། དེ་ནི་མིག་མེའི་སྒོ་དང༌། རྣ་བ་རླུང་གི་སྒོ་དང༌། སྣ་སའི་སྒོ་དང༌། ལྕེ་ཆུའི་སྒོ་དང་ལྡན་པའི་ལྟོ་བའི་དཀྱིལ་འཁོར་གྱི་དབུས་ཀྱི་གནས་དེར་བཞུགས་པའི་དཔལ་བོ་ནི་དགའ་བ་གསུམ་གྱི་རང་བཞིན་ཤེས་པ་རྟོགས་པ་མེད་པ་དང༌། བདེ་བ་སྟོང་པ་ཉིད་ཀྱི་རང་བཞིན་འོད་གསལ་མུན་མཁྱེན་ཡེ་ཤེས་ཞེས་བྱ་བར་གྲགས་པ་དེར་བཞུགས་པ་ཞེས་པ་རྣལ་འབྱོར་པས་རྟོགས་


DTG008_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཁོང་དུ་ཆུད་པ་ཡིན་ནོ། །དེ་ལྟར་སོངས་སྐུ་བསྟན་ནས་ཆོས་སྐུ་བསྟན་པ་ནི། །རྡུལ་དང་བྲལ་ཞིང་རྟོག་པ་སྤངས། །ཞེས་བྱ་བ་གསུངས་ཏེ། རྡུལ་དང་བྲལ་བ་ནི་ཀུན་དུ་བརྟགས་པ་དང་བྲལ་བའོ། །རྟོག་པ་སྤངས་པ་ནི་གཞན་དབང་དང་བྲལ་བའོ། །ལུས་ལས་འདས་པ་ནི་ཡོངས་སུ་གྲུབ་པ་དང་བྲལ་བའོ། །དྲི་མ་མེད་པ་ནི་འོད་གསལ་བདེ་ཆེན་པོ་ནི་འོད་གསལ་བདེ་ཆེན་པོ། །ལུས་ཅན་ཀུན་ལས་རྣམ་པར་རོལ། །ཞེས་པ་ནི། །སེམས་འོད་གསལ་བས་སེམས་ཅན་ཐམས་ཅད་ལ་ཁྱབ་པའོ། །སངས་རྒྱས་ཀུན་གྱི་རྫུ་འཕྲུལ་ཆེ། །ཞེས་པ་ནི་སྦྲུལ་བའི་སྐུ་སྟོན་པ་ཡིན་ཏེ། སེམས་འོད་གསལ་བ་སྣང་བའི་དབང་དུ་བྱས་ནས། ཟླ་བ་བཅུ་ས་བཅུ་དང༌། ཨ་ཧཾ་འདོན་པ་སྔགས་དང༌། ཕྲུ་མ་ཆོས་གོས་དང༌། ཐལ་མོ་སྦྱོར་བ་ལྷ་ཕྱག་གི་ཚུལ་གྱིས་རོལ་པས་ཐམས་ཅད་རབ་ཏུ་འཇུག་པ་ཡིན་ནོ། །འོད་གསལ་གྱི་སྣང་བ་ཡིན་ན་ཇི་ལྟར་ཐ་དད་པ་ཡིན་ཞེ་ན། གློ་བུར་གྱི་རྣམ་པར་རྟོག་པའི་དབང་གིས་ལ་ལར་བྱང་ཆུབ་སེམས་དཔའ་དང༌། ཞེས་པ་ནས། ལ་ལར་སྐལ་བ་ཐམས་ཅད་ཀྱི། །ཞེས་བྱ་བའི་བར་གྱིས་སྤྲུལ་པའི་སྐུ་ཐམས་ཅད་དུ་ཁྱབ་པར་བསྟན་པ་ཡིན་ནོ། །དངོས་གྲུབ་གྲུབ་པའི་དབང་ཕྱུག་གཙོ། །ཞེས་པ་ནི་འོད་གསལ་བ་གློ་བུར་གྱི་དྲི་མ་དང་བྲལ་བ་ནི་དངོས་གྲུབ་ཡིན་ལ། དེའི་དབང་ཕྱུག་གཙོ་བོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་པ་ནི་ངེས་བརྗོད་ནས་འབྱུང་བ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་མཐའ་ཡས་པར་སྣང་ངོ༌། །སངས་རྒྱས་ཀུན་གྱི་བདེ་མཆོག་བདག་ཅེས་པ་ནི་སེམས་འོད་གསལ་བའི་རང་བཞིན་ནོ། །དངོས་པོ་ནི་དགའ་བའོ། །དངོས་མེད་ནི་དགའ་བྲལ་ལོ། །དེ་གཉིས་ཀ་ཡང་གློ་བུར་གྱི་དྲི་མ་ཡིན་པ་དེ་བས་ནི་རྨོངས་པ་དེ་དོར་བར་བྱའོ། །དེ་ལྟར་ཁམས་གསུམ་པའི་འོད་གསལ་བའི་ལྟའི་རང་བཞིན་ཡིན་པར་ཤེས་པར་བྱས་ནས། །དེ་ནི་ལས་དང་པོ་པ་རྣམས་ཀྱིས་རྟོགས་པའི་ཐབས་གསུངས་པ་ནི། ཨཱ་ལི་བུམ་པ་ཞེས་བཤད་དེ། །ཞེས་གསུངས་སོ། །བྷ་གའི་པདྨའི་རྩ་བའི་འཁོར་ལོ་ནི་པདྨའི་རྩ་བའོ། །ཨ་ཝ་དྷཱུ་ཏཱིའི་སྒོ་སྤྲད་ནས་གསང་བའི་རྡོ་རྗེ་རེག་པ་ནི་བུད་བའོ། །དགའ་བ་གསུམ་ཉམས་སུ་མྱོང་བ་ནི་བུང་བས་སྦྲང་


DTG008_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་མྱངས་པའོ། །བུང་བ་རྡོ་རྗེ་འཇིགས་བྱེད་ཡིན། །ཞེས་པ་ནི་བདེ་བ་སྟོང་པ་ཉིད་དུ་རྟོགས་པའོ། །ཨཱ་ལི་ནམ་མཁའི་མཐས་ཀླ་ས་པ། །ཞེས་པ་ནི་བདེ་བ་སྟོང་པ་ཉིད་ཐམས་ཅད་ཁྱད་པའི་ཆོས་ཀྱི་དབྱིངས་ཀྱི་རྣག་བཞིན་ནོ། །རྒྱུ་བ་བཅུད་དང་མི་རྒྱུ་བ་སྣོད་ཀྱི་གསང་བ་དེ་ཁོ་ན་ཉིད་འཛིན་པའི་ལུས་ནི་བདེ་བ་སྟོང་པ་ཉིད་རྟོགས་པ་ལས་འགྲོ་བ་མ་ལུས་པ་དེ་ལས་འབྱུང་བ་ཡིན་ནོ། །དེ་ཡང་གཉིས་རྡོར་ལས། ལུས་གནས་ཆེན་པོ་ལུས་སྐྱེས་ཡིན། །ཞེས་གསུངས་སོ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་དང༌། །ཞེས་པ་ནི་པུད་པོ་དང་ཁམས་དང་སྐྱེ་མཆེད་དང་དབང་པོ་རྣམས་སུ་འཛིན་བའི་རྣམ་པར་ཤེས་པ་བདུད་རྩི་ལྟ་བུ་རྣམ་པར་ཤེས་པ་ཡུལ་དེ་དག་ཀུན་ལས་དྲངས་ནས། རྩ་བའི་དབུས་སུ་སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་པ་སྟོན་པ་ཡིན་ནོ། །བདེ་བདེ་གང་གིས་བསྐྱེད་སྙམ་ན། །འཇིགས་བྱེད་རྡོ་རྗེ་སྒྲ་ཡིས་ནི། །ཞེས་གསུངས་ཏེ། །གཏུམ་མོ་དྲོད་ཀྱིས་སོ། །སྦྱོར་བའི་རྫས་ནི་དབྱུང་བར་བྱ། །ཞེས་པ་ནི། འཁོར་ལོ་བཞི་ལ་བྱང་ཆུབ་སེམས་འབེབས་པའི་མེ་དང་རླུང་གི་བདུན་དོན་ལ། །ཞེས་པ་ནི་ཧའོ། །རྡོ་རྗེ་མ་ཡིས་བོན་སྦྱར་ནི་ཨཱུ་རིང་པོ་དང་སྦྱོར་བའོ། །ཐིག་ལེ་སྒྲ་ཡིས་ཡང་དག་མན་ན་ནི་སྟེང་དུ་ཟླ་ཚེས་དང་ཐིག་ལེའོ། །ཆར་གྱི་རྒྱུན་ཞེས་བརྗོད་པ་ཡིན། །ཞེས་པ་ནི་སྤྱི་གཙུག་ནས་ལྟེ་བའི་བར་དུ་བྱང་ཆུབ་ཀྱི་སེམས་འབབ་བའོ། །དབྱང་ཡིག་དང་པོའི་ས་བོན་ནི། །དེའི་དབུས་སུ་གཟུང་བར་བྱ་ནི་སྒོ་དགུ་བཀག་ལ་སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་ནས་བྱང་ཆུབ་སེམས་ལྟེ་བའི་གནས་སུ་གཟུང་བའོ། །ཀཱ་ལི་མེ་ཏོག་ཚུལ་དུ་ནི། །ཞེས་པ་ནི། ལྟེ་བའི་ཁྲག་གི་ཐིག་ལེའོ། །རྡོ་རྗེ་ཅན་གྱི་ལུས་མེ་ཏོག་ནི། །བྱུང་ཆུབ་སེམས་འདྲེས་པ་ལས་རྡུལ་གྱི་བརྙན་ལ་ཟངས་ཀྱི་ཟོ་ལ་སོང་བ་བཞིན་ནོ། །འཁོར་བ་བསྐྱེད་པ་མ་ཞིང་ནི་བདེ་བ་སྟོང་པར་བསྒོམས་པས་སོ། །ཐམས་ཅད་ཀྱི་ནི་ས་གཞི་ཡིན་ནོ་དངོས་གྲུབ་གསུམ་གྱི་རྒྱུ་ཡིན་ནོ། །རྟོག་པའི་རྒྱ་མཚོ་ལས་རྟོག་པ་མེད་པ་ཇི་ལྟར་ཡིན་སྙམ་ན། ཡེ་ཤེས་ཆུ་བའི་རྒྱུ་མཚོ་འདིར། །ཞེས་པ་སྨོས་ཏེ། འོད་གསལ་བའི་རྒྱ་མཚོ་ལས་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ནི་འཁོར་བའི་ཆུ་སྲིན་དང་ཉལ་སོགས་པའི་རྣམ་པར་རྟོག་པའི་འདམ་གྱི་དབུས་ནས་གཉིས་སུ་མེད་པའི་རང་བཞིན། །དགའ་བ་བཞིན་ཐབས་ཀྱི་ས་བོན་ལས་བདེ་བ་


DTG008_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཀྱི་མྱུ་གུ་སྐྱེ་བ་ཡིན་ནོ། །ཡེ་ཤེས་ཀྱི་རྒྱ་མཚོའི་མན་ངག་བསྟན་ནས། བུང་བས་སྦྲང་རྩི་ལེན་པའི་མན་ངག་བསྟན་པ་ནི། །བན་ང་ཀའི་མེ་ཏོག་རྒྱས་པ་ལྟ་བུ་ནི་ཕྱག་རྒྱ་བཞི་ཡིན་ལ། སྦྲང་རྩི་ནི་བདེ་བ་རྟོག་པ་མེད་པ་ཡིན་ལ། བདུང་རྩི་ནི་བདེ་བ་སྟོང་པ་ཉིད་དེ། དུག་གི་ཕྱག་རྒྱ་བཞི་ཡིན་ནོ། །ཀཱ་ལི་ཉིད་ཀྱད་བདུད་རྩི་སྟེ་ཁྲག་ནི་ཐིག་ལེ་ལས་ཀྱང་སྟོང་པ་ཉིད་ཀྱིས་རྒྱས་བཏབ་ན་ཡེ་ཤེས་ཀྱི་བདུད་རྩིར་འགྱུར་ལ། བདེ་བ་རྟོག་པ་མེད་པ་མེད་ཏོག་དང་བདེ་བ་སྟོང་བ་ཉིད་ཀྱི་ཚུལ་འཛིན་པ་ཡིན་ནོ། །གཉིས་ལས་སྐྱེས་པའི་ལུས་ཡིན་ཏེ། །ཞེས་པ་ནི་ཁྲག་དང་གུ་བ་ལས་སྐྱེས་པའི་ལུས་སོ། །བདུད་རྩི་ཆུ་བོ་གོ་ཆ་མཆོག་ནི་ཆགས་ལམ་གྱི་དབང་དུ་བྱས་ནས་འབྱུང་བ་བཞིའི་རྩའི་དབུས་ན་ཨ་ཝ་དྷཱུ་ཏཱི་ནམ་མཁའི་རྩ་ལ་རེག་བ་ནི་ཆུ་ལས་སྐྱེས་པས་ནི་ཆུ་ཡིན་ལ། དེ་ཡང་མི་ཟད་པའི་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པ་ནི་བདུད་རྩི་ཡིན་ནོ། །དེ་ཡང་དང་པོར་ལུས་ཀྱི་མངོན་སུམ་གྱི་རེག་བྱ་ལྔ་ཉམས་སུ་མྱོང་བར་འགྱུར་ཏེ། དུ་བ་ལྟ་བུར་སྣང་བ་གཡོན་ནོ། །ཤེར་བ་ཆུ་ནི་ཆུ་ཡིན་ལ། རེག་བྱ་མཁྲང་བ་ནི་ས་ཡིན་ནོ། །ཡེ་ཤེས་རྡོ་རྗེར་བྱིན་གྱིས་བརླབས་པ་ནི་ཨ་ཝ་དྷཱུ་ཏཱིའི་སྒོ་སྤྲད་པས་རྟོག་མེད་ཀྱི་ཡེ་ཤེས་སྟོང་པ་ཉིད་ཀྱི་རྩ་བྱིན་གྱིས་བརླབས་པ་ནི་གཞག་པའོ། །དེས་ན་རྣམ་པ་ལྔར་ནི་སྐྱེས་ཞེས་བྱའོ། །མ་ལུས་ཆུ་ཡི་དབུས་གནས་ཤིང༌། །ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་སྒོ་སྤྲད་དེ། །བྱང་ཆུབ་སེམས་ཀྱི་དེ་བ་ལ་བརྟེན་ཏེ་འབྱུང་བ་ལྔའི་རེག་བྱ་དང༌། དབུས་མ་ཨ་ཝ་དྷཱུ་ཏཱི་དང་རེག་པས་བདེ་བ་རྟོག་པ་མེད་ལུས་ཀྱི་མངོན་སུམ་གྱིས་ཤེས་པར་འགྱུར་རོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། སྒྱུར་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུར་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི་གསལ་བར་འདི་ལས་རྟོགས་པར་འགྱུར། །ཞེས་གསུངས་སོ། །ཡུལ་དམིགས་པའི་རྐྱེན་ཨ་ཝ་དྷཱུ་ཏཱིའི་རེག་བྱ་དང་།དབང་པོ་བདག་པོའི་རྐྱེན་ཁུ་བག་ཀར་པོ་དང༌། མཚུངས་པ་དེ་མ་ཐག་པའི་རྐྱེན་སློབ་དཔོན་གྱི་མན་ངག་དང་རྟོག་བ་མེད་པའི་བག་ཆགས་ཀྱིས་བོན་ལས་བདེ་བ་སྟོང་པ་ཉིད་དུ་འདྲེན་ནུས་པའི་མཚན་མ་སྐྱེ་བ་ཡིན་ནོ། །དེ་ཡང་མཁས་པ་ཆེན་བོའི་ཞལ་སྔ་ནས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡེ་མེད་ལས། །གནས་པས་ལུས་ཀྱི་རེག་བྱ་ནི། །མྱོང་


DTG008_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བློ་དེ་ཚད་སྐྱེས་ཡིན། །ཞེས་གསུངས་སོ། །དེ་ཡང་ཇི་ལྟར་ཐམས་ཅད་ལས་སེམས་བསྡུས་ནས་བདེ་བ་རྟོག་པ་མེད་པ་སྐྱེ་བའི་དོན་ནི། །ཧཱུཾ་གི་རྡོ་རྗེའི་གླུའི་ཚུལ་གྱིས་གསུངས་པ་ཡིན་ནོ། །རྡོ་རྗེའི་ཡན་ལག་དགྱེས་པའི་ཐུགས། །ཞེས་པ་ནི་འཁྱུད་པའོ། །སྤྱན་གྱི་གཟུགས་མ་ཞེས་པ་ནི། །བལྟས་པ་དང་དགོད་བ་དང་ཐོས་པ་དང་ག་པུ་ར་དང༌། ཙནྡན་གྱི་དྲི་བསྣམས་པ་དང༌། ལྕེ་དང་ཆུ་གཞིབ་པ་དང་ལག་པ་བཅངས་པ་ལ་སོགས་པ་ལུས་ཀྱི་རེག་པའོ། །ཡི་གེ་དངོས་པོའི་རང་བཞིན་ནི་དགའ་བྲལ་དུ་མ་སྤོང་བའི་བྱང་ཆུབ་ཀྱི་སེམས་སོ། །སྟོང་པར་རོལ་པ་ཉིད་ཀྱིས་ནི་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པས་སོ། །དངོས་དང་དངོས་མེད་རྣམ་པར་སྤངས་ནི། །བདེ་བ་སྟོང་པའི་མཚན་ཉིད་དོ། །སྙིང་པོ་ཡང་ནི་བཙལ་བ་ཉིད། །ཅེས་པ་ནི་སེམས་འོད་གསལ་སྟོང་པར་འདོད་པའོ། །མ་ལུས་པ་ཡི་བསམ་པ་དང༌། །ཡི་གེ་ཐམས་ཅད་གཞོམ་པར་བྱ། །ཞེས་པ་ནི་ཤེས་བྱ་དང་བརྗོད་བྱ་སྤངས་པའོ། །གཉིས་གཉིས་འཁྱུད་པའི་རྣལ་འབྱོར་གྱིས། །ཆུ་རྣམས་ཀྱིས་ནི་དགྱེས་པ་ཅན། །ཞེས་པ་ནི། །བྱང་ཆུབ་ཀྱི་སེམས་འབབ་པ་ལས་བྱུང་བའོ། །གཉིས་མེད་ཆོས་ནི་ཐོབ་པ་ན། །དེ་ནི་ཐར་པ་ཐོབ་པ་ཉིད། །ཅེས་པ་ནི་འབྲས་བུའོ། །འཁོར་བ་བདེ་བ་རྨོངས་པ་ནི། །རྣམ་པར་གྲོལ་བ་གསལ་མ་ཡིན། །ཞེས་བྱ་བ་ནི་མི་ཤེས་པའི་གང་ཟག་ལའོ། །ཐམས་ཅད་སྟོང་པའི་རང་བཞིན་ལས། །རྣལ་འབྱོར་པ་ཡི་སྔགས་ཀྱིས་རོལ། །ཞེས་པ་མཁས་པས་ཤེས་ན་རྣམ་པར་གྲོལ་བའོ། །དེ་ཡང་མཉམ་སྦྱོར་ལས། །རྣལ་འབྱོར་པས་ནི་ལྔ་བོ་རྣམས། །སངས་རྒྱས་དེ་ཉིད་མཚོན་པར་བྱ། །ཞེས་པ་ནི། །བདེ་བ་སྟོང་པ་ཉིད་རྟོགས་པས་སངས་རྒྱས་མཚོན་པར་བྱེད་པའོ། །སྒྱུ་མའི་གནས་པ་དུ་མ་ཀུན། །སྣ་ཚོགས་པ་གཟུགས་ཀྱིས་སེམས་ཅན་སྨིན། །ཞེས་པ་ནི། །དགེ་སློང་རྒྱས་མཚོའི་སྤྲིན་བཞིན་དུ་གཟུགས་ལ་དགའ་བ་བཞི་སྐྱེ་བ་དང༌། དྲི་ཟའི་རྒྱལ་པོ་རབ་བཟངས་བཞིན་སྒྲ་ལ་དགའ་བ་བཞི་སྐྱེ་བ་དང༌། ཁྱིམ་བདག་སྤོས་འཚོང་བཞིན་དྲིལ་དགའ་བ་བཞི་སྐྱེ་བ་དང་དགེ་བསྙེན་མ་ཕུལ་དུ་བྱུང་བ་བཞིན་དྲིལ་དགའ་བ་བཞི་སྐྱེ་བ་དང༌། བཅོམ་བ་མོ་ལྷའོ་བཤེས་གཉེན་བཞིན་དུ་རེག་བྱ་བ་དགའ་བ་བཞིན་དུ་རེག་བྱ་ལ་དགའ་བ་བཞི་སྐྱེ་བ་དེས་ན། རྡོ་རྗེ་བརྐྱང་བའི་དགོས་བ་ནི། །ཆོས་ཀྱི་རྨོངས་


DTG008_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྲལ་བར་བྱེད། །ཅེས་གསུངས་ཏེ། མངོན་སུམ་དུ་ཤེས་པའོ། །རྣལ་འབྱོར་པ་ཡི་ཐར་པ་ཅན། །ཆོས་ཀྱི་སྙིང་པོར་ཕྱག་འཚོལ་ཅིག །ཅེས་པ་ནི། །རེག་བྱ་རྡོ་རྗེ་མ་ལ་སྟོང་པ་ཉིད་གསང་བརྟོལ་ནས། བདེ་བ་རྟོག་པ་མེད་པའི་ཤེས་པ་རྣལ་འབྱོར་མའི་ཐར་པའི་ལམ་ཡིན་ནོ། །རིགས་ཀྱི་བུ་གང་ཞིག་བྱ་བ་ལ་སོགས་པ་ནི་ཕན་ཡོན་ཏེ་གོ་སླའོ། །བརྟག་པ་དགུ་པའི་རབ་ཏུ་བྱེད་པ་དང་པོའི་འགྲེལ་པའོ།། །།

བརྟག་པ་དགུ་པའི་རབ་ཏུ་བྱེད་པ་གཉིས་པ། གཏོར་མའི་སྤྱོད་པ་བསྟན་པ།


DTG008_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་པ་ལྟར་ངོ་ཤེས་པའི་ཀུན་དུ་སྤྱོད་པ་བཤད་ནས། གཏོར་མའི་ཀུན་དུ་སྤྱོད་པ་བཤད་པ་ནི། །གཏོར་མའི་ལས་ཀྱི་ཆོ་ག་ནི། །ཉོན་ཅིག་རྒྱལ་པོ་རྡོ་རྗེ་འོད། །ཅེས་པས་མདོར་བསྟན་པའོ། །རྒྱས་པར་བཤད་པ་ལ་ཚིག་རྐང་གསུམ་གྱིས་བསྟན། །གཉིས་པ་ཉ་ཤ་ཞེས་པ་ལ་སོགས་པ་གཏོར་མའི་རྫས་བསྟན་གསུམ་པ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དང་ཞེས་པ་ལ་སོགས་པས་ནི་བདག་ཉིད་ལྟར་བསྐྱེད་པ་བསྟན་ཏོ། །བཞི་བ་བསྔོ་བ་ནི། རྫས་ཀུན་བདུད་རྩི་ལྔར་སྦྱངས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ལྔ་པ་སྣོད་ནི་པདྨ་ཞེས་པ་སྟེ་ཐོད་པ་ཡིན་ནོ། །དྲུག་པ་སྦྱང་བ་ནི། ཨོཾ་གྱིས་འབར་བར་བྱ་བ་སྟེ། །ཧཱུཾ་གི་ལྕེ་དེ་ཉིད་ཀྱིས། །ཞེས་གསུངས་ཏེ། ཨོཾ་གྱིས་འབར་བར་བྱེད་པ་དང༌། ཨཱཿ་ས་བཞུ་བ་དང༌། ཧཱུཾ་གིས་སྤེལ་བ་དང༌། ཧཱུཾ་གི་འོད་ཟེར་གྱི་སྦུ་གུས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་སྤེལ་བར་བྱའོ། །དེ་ཡང་གདན་བཞི་ལས། །ཧ་ཞེས་བྱ་བས་ཁ་དོག་འཕྲོག །ཧོཿ་ཞེས་བྱ་བས་དྲི་འཇོམས་ཏེ། ཧཱིཿ་ཞེས་བྱ་བས་ནུས་པ་འཇོམས། །གོ་རིམས་དེ་ལྟར་མངོན་པར་བརྗོད། །ཅེས་གསུངས་སོ། །བདུན་པ་མགྲོན་སྤྱན་དྲང་བ་ནི། ཡེ་ཤེས་འོད་ཟེར་ལྕགས་ཀྱུ་ཡི། །ཡིད་ཀྱིས་ཐམས་ཅད་འགུགས་པར་བྱེད། །ཅེས་གསུངས་སོ། །ལྕགས་ཀྱུ་དེའི་བྱེ་བྲག་དུ་ཞིག་མཆིས་སྙམ་ནས་ཞུས་པ་དང༌། ལན་དུ་སྐྱེ་དགུ་བདག་པོ་སྟེ། །ཞེས་གསུངས་སོ། །མི་སྐྱོད་པའི་རྡོ་རྗེ་ལྕགས་ཀྱུའོ། །གཉིས་པ་དེ་བཞིན་སྒྲོལ་མ་ཡིན། །ཞེས་པ་ནི། །རིན་པོ་ཆེའི་ལྕགས་ཀྱུའོ། །གསུམ་པ་རབ་ཏུ་མང་པོ་སྟེ། །ཞེས་པ་ནི་དོན་ཡོད་གྲུབ་པའི་ལྕགས་ཀྱུའོ། །བཞི་པ་མང་པོ་ལས་སྐྱེས་ཞེས་པ་ནི་འོད་དཔག་ཏུ་མེད་པའི་པདྨའི་ལྕགས་ཀྱུའོ། །ལྔ་པ་བྱིས་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ལྕགས་ཀྱུའོ། །དེ་སྐད་དུ་ཡང་གདན་བཞི་ལས།


DTG008_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྕགས་ཀྱུ་མི་བསྐྱོད་པ། །གཉིས་པ་ལྕགས་ཀྱུ་རིན་ཆེན་དབང༌། །རྒྱལ་པོའི་ལྕགས་ཀྱུ་དོན་ཡོད་གྲུབ། །གཡོ་བའི་ལྕགས་ཀྱུ་འོད་དཔག་མེད། །ལྕགས་ཀྱུ་སྟོབས་ལྡན་རྣམ་སྣང་མཛད། །ཅེས་གསུངས་སོ། །ཡེ་ཤེས་ལྔ་ཡི་བྱེ་བྲག་གིས། །དེ་དག་ཡེ་ཤེས་ལྔ་ཡི་སྔགས། །ཞེས་པ་ནི་རིགས་སྔའི་སྔགས་དང་སྦྱར་ནས་སྤྱན་དྲང་བར་བྱའོ། །ཁ་ཅིག་ནི་ཤ་ལྔ་ཡིན་ནོ་ཞེས་ཟེར་རོ། །ལྷག་མ་ནི་གོ་སླའོ། །ལྕགས་ཀྱུ་ལྔ་ཡི་བྱེ་བྲག་གིས། །ལས་རྣམས་ཀུན་ལ་སྦྱར་བར་བྱ། །ཞེས་པ་ནི་ཞིབ་དང་རྒྱས་པ་ལ་སོགས་པའི་ལས་ལ་སྦྱར་པར་བྱོ། །གལ་ཏེ་རྟག་ཏུ་ལས་འདོད་ན། །ཞེས་བྱ་བ་ནི། །དུས་ཐམས་ཅད་དུ་ཕྲིན་ལས་བཞི་བསྒྲུབ་པར་འདོད་ན། རྣལ་འབྱོར་པ་ཀུན་གཏོར་མས་ཚིམ་པར་བྱའོ། །བརྒྱད་པར་རྣམ་པར་དབྱེ་བའི་མཚན་ཉིད་བཤད་པ་ནི། །འདོད་ལ་དགའ་བར་མི་བྱ་ཞིང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགུ་པ་བྱིན་གྱིས་བརླབ་པའི་སྔགས་ནི་དབྱངས་ཀྱི་ཡི་གེ་བཅུ་གསུམ་པ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་དབྱངས་ཡིག་བཅུ་དྲུག་དང་ཀཱ་ལེ་སུམ་ཅུ་རྩ་བཞི་འོད་ཟེར་སྤྲོ་བ་དང་བསྡུ་བའི་རབ་ཏུ་སྦྱོར་བས་ལྷ་རྣམས་ཚིམ་པར་བྱའོ། །ཡི་གེ་ཨོཾ་གྱི་འོད་ཟེར་འབར་བ་དང་ཨཱཿ་ས་འཕྲོ་བ་དང༌། ཧཱུཾ་གིས་སྤེལ་ནས་ཁྱད་པར་རྟོགས་པས་ཤེལ་སྒོང་དང་མཚུངས་པར་གྱུར་པ་ཨོཾ་ཨཱཿ་ཧཱུཾ་གསུམ་གྱིས་ཁ་ཟས་ཐམས་ཅད་བརྟགས་ནས། ལྕེའི་དབུས་སུ་འོད་ཟེར་གྱི་སྦུ་གུ་བསམས་ནས་བདུད་རྩི་མྱང་བར་བྱའོ། །ལྷག་མ་དང་བཅས་པའི་གཏོར་མ་ནི་ཕྱི་རོལ་དུར་ཁྲོད་བརྒྱད་ཀྱི་དཀྱིལ་འཁོར་ཚིམ་པར་བྱའོ། །བཅུ་པ་ཕྱག་རྒྱ་ནི་གཡོན་པ་ཐོད་པ་འཛིན་པ་ལྟ་བུ་དང༌། གཡས་པ་ཁྲོ་བོའི་སྡིགས་མཛུབ་དང༌། རྐང་དང་མིག་དང་ལག་གི་ཕྱག་རྒྱའོ། །བཅུ་གཅིག་པ་དུས་ནི་མར་གྱི་ངོའི་བཅུ་བཞི་ལ་ཞེས་གསུངས་སོ། །བཅུ་གཉིས་པ་གནས་བཤད་པ་ནི། །ཤིང་གཅིག་ཅེས་བྱ་བ་ལ་སོགས་པའོ། །གནས་ཀྱི་ཐོག་མར་ཡི་གེ་ཨོཾ་སྨོས་པ་ནི་དྲིལ་བུ་དགྲོལ་ནས་བསྔོ་བའི་ཚིགས་སུ་བཅས་པར་གྱུར་བ་ཡིན་ནོ། །སུ་ལ་བསྔོ་སྙམ་ན། ཀུན་དུ་བཟང་མོ་དང་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་ལ་སོགས་པའི་འཁོར་ནག་མོ་ལ་སོགས་པའི་གཙོ་མོ་རེ་རེ་ལ། བརྒྱད་བརྒྱད་ཀྱིས་བསྐོར་བས་ལྷ་མོ་བཞི་བཅུ་


DTG008_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །གཙོ་མོ་ལྔ་གསུངས་པ་ནི། བདག་ཉིད་ཆེན་མོ་མཁའ་འགྲོ་ལྡ། །ཞེས་བྱ་བའོ། །དཀྱིལ་འཁོར་གྱི་རྒྱལ་མོ་ལྔ་པོ་དེ་དག་གང་ཡིན་སྙམ་ན། རྡོ་རྗེ་དང་ཕྱུག་གཙོ་མོ་ནི་ཀུན་དུ་བཟང་མོའོ། །དེ་བཞིན་གཤེགས་པའི་སྐུ་ནི་སྤྱན་ནོ། །རྔུལ་མེད་ནི་མཱ་ན་ཀཱིའོ། །འབྱིན་པ་མོ་ནི་གོས་དཀར་མོའོ། །རྡོ་རྗེ་དབང་མོ་ནི་སྒྲོལ་མའོ། །འདིར་སྤྱོན་ཅིག་ཅེས་པ་དང་སྔགས་ཀྱིས་དགུག་པར་བྱའོ། །བཅུ་གསུམ་པ་བསྔོ་བ་ནི། །བདུད་རྩི་བསམ་གཏན་དམིགས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལྷ་གསུམ་གྱི་རང་བཞིན་དུ་བྱ། །ཞེས་བྱ་བ་ལ་སོགས་པ་ནི་ཧ་ལས་པདྨའི་དབང་ཕྱུག་དང༌། ཧོཿ་ལས་རྣམ་པར་སྣང་མཛད་དང༌། ཧྲིའཿ་ལས་ཕྱག་ན་རྡོ་རྗེ་ཡིན་ནོ། །སོ་སོར་བཟའ་བས་ལྷན་ཅིག་ཏུ་བཟའ་སྙམ་ན། ལྟོས་ཤིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེ་དང་ཁྱི་ལ་སོགས་པའི་དཔེས་ལྷན་ཅིག་ཏུ་བཟའ་བར་བཤད་པ་ཡིན་ནོ། །འདིའི་ས་ཞེས་པ་ནི་འོག་ནས་འབྱུང་བས་སོ། །ཕྱག་རྒྱ་ནི་གཡས་པ་དང་གཡོན་པའི་ལག་པ་གཉིས་པདྨའི་གར་བསྐོར་བའོ། །ཏིང་ངེ་འཛིན་ནི་རང་གི་ལྷའི་རྣལ་འབྱོར་པས་སོ། །དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་གསོར་ནས། །ཨོཾ་བདེ་གཤེགས་ཆོས་ནི་སྡིག་མེད་ཅིང༌། །ཞེས་བྱ་བ་ལ་སོགས་པས་བསྔོས་ལ། ཧཱུཾ་གསུམ་དང་དྲིལ་བུ་དཀྲོལ་བའི་སྒྲ་བཅས་པས། དེ་ལྟ་ཉིད་དུ་གནས་པར་ཤོག །ཅེས་པའི་སྨོན་ལམ་ཡང་གདབ་པར་བྱའོ། །ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིད་གར་བཞག་ལ་གཡས་པས་ལ་བརྐྱང་སྟེ། སྔགས་དང་བཅས་པས་གཤེགས་སུ་གསོལ་ལོ། །དེ་ནས་རང་གི་དབུགས་ཀྱིས་ནི། །རང་གི་ལུས་ལ་ཐིབ་པར་བྱ། །ཞེས་བྱ་བ་ནི་དམ་ཚིག་སེམས་དཔའ་ལུས་ལ་བསྡུ་བ་བསྟན་ཏོ། །སྐད་ཅིག་ཙམ་གྱི་རྣལ་འབྱོར་གྱིས། །བདག་ཉིད་བསྒོམས་ཏེ་མཆོད་པར་བྱ། །ཞེས་བྱ་བ་ནི་བདག་ཉིད་དཔལ་ཧེ་རུ་ཀར་བསྒོམས་ནས་འཇིག་རྟེན་པའི་མཁའ་འགྲོ་མ་ལ་མཆོད་པར་བྱའོ། །གཏེར་མ་ཕུལ་ནས་འཇིག་རྟེན་པའི་ལྷ་རྣམས་གཤེགས་སུ་གསོལ་བ་ནི། སེ་གོལ་གསུམ་བརྡ་བ་པར་བྱ་སྟེ། ཕྱི་རོལ་ལྷ་རྣམས་གཤེགས་སུ་གསོལ། །ཞེས་པའོ། །བརྟག་པ་དགུ་པའི་རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།

བརྟག་པ་དགུ་པའི་རབ་ཏུ་བྱེད་པ་གསུམ་པ། བྲིས་སྐུ་གླེགས་བམ་བྲི་བ་བསྟན་པ།


DTG008_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་ཀུན་དུ་སྤྱོད་པ་བཤད་ནས། བྲིས་སྐུ་དང་གླེགས་བམ་བཤད་པ་ནི། གསང་བའི་པདྨ་བདེ་བ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ལྷ་མོ་གསོལ་བ་བཏབ། །ཅེས་པའི་བར་དུ་ཚིགས་བཅད་གཅིག་ནི་བཙུན་མོ་ཡུམ་གྱི་བྷ་ག་ལ་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བ་སྡུད་པ་པོའི་ཚིག་ཡིན་ནོ། །ལྷ་མོས་ཞུས་པ་དངོས་ནི་དེ་བཞིན་གཤེགས་པ་ཞེས་པ་ནས་བཤད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །ལན་དུ་བཀའ་སྩལ་པ་ཐོག་མར་རི་མོ་མཁན་གྱི་མཚན་ཉིད་བཤད་པ་ནི། གཞོན་ཞིང་ཞེས་བྱ་བ་ལ་སོགས་པའོ། །བྲིས་སྐུའི་གཞི་བཤད་པ་ནི་སྒྲུབ་པ་པོ་དམ་པས་ཞེས་བྱ་བ་ལ་སོགས་པའོ། །བྲི་བའི་ཐབས་བཤད་པ་ནི། ཤིན་ཏུ་གསང་བའི་ས་ཕྱོགས་ཞེས་པ་ལ་སོགས་པའོ། །ཚོན་གྱི་རྫས་བཤད་པ་ནི། ཇི་ལྟར་གསུངས་ས་པའི་ཆོན་ལྔ་ཞེས་བྱ་བ་ལ་སོགས་པའོ། །པིར་བཤད་པ་ནི་མི་རུས་རོའི་སྐྲ་འམ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་དཔོན་གྱི་མཚན་ཉིད་བཤད་པ་ནི། དང་པོར་སློབ་དཔོན་ཞེས་བྱ་བ་ལ་སོགས་པའོ། །སློབ་དཔོན་གྱི་སྦྱོར་བ་བཤད་པ་ནི། ཕོ་ཉའི་གཙང་སྦྲ་དང་པོ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །སློབ་དཔོན་བྱིས་གཙང་སྦྲ་དེ་ལ་མི་སྨད་པ་ནི། རང་སེམས་དྲི་མ་དག་འགྱུར་ན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚོན་རྩིའི་སྣོད་དང་ཚོན་རྩིའི་འཁོར་ལོ་བཤད་པ་ནི། དུང་དང་ཉ་ཕྱིས་མུ་ཏིག་ཅེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་ཡན་ལག་བཤད་པ་ནི། དག་བྱེད་སྐུད་པ་བདེ་བའི་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། བྲི་མཁན་ཡང་ཤེས་རབ་ཡན་ལག་ལྡན་པས་བྱ་འམ་ཞེ་ན། གཟུགས་བཟང་གཞོན་པས་བརྒྱན་པ་ཞེས་པ་ལ་སོགས་པའོ། །གཞན་ལ་མི་བསྟན་པའི་དམ་ཚིག་བཤད་པ་ནི། །སྒྲུབ་པ་རི་མོ་ཙམ་བྱས་པ་ལ་སོགས་པའོ། །བྲིས་སྐུའི་མཚན་ཉིད་བཤད་པ་དང༌། གླེགས་བམ་གྱི་མཚན་ཉིད་བཤད་ནི། །ཉོན་ཅིག་ལྷ་མོ་སྐལ་ཆེན་མོ། །ཞེས་བྱ་བ་ལ་སོགས་ཏེ་གོ་སླའོ། །བརྟག་པ་དགུ་པའི་རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།། །།

བརྟག་པ་དགུ་པའི་རབ་ཏུ་བྱེད་པ་བཞི་པ། མཆོད་པའི་ཀུན་སྤྱོད་བསྟན་པ།


DTG008_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་སྐུ་དང་གླེགས་བམ་གྱི་ཀུན་དུ་སྤྱོད་པ་བཤད་ནས་ནི། ཀུན་སྦྱོར་རོལ་པའི་མཚན་ཉིད་ནི། །ཉོན་ཅིག་ལྷ་མོ་བཤད་པར་


DTG008_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཞེས་པ་ནི་མདོར་བསྟན་པའོ། །བསྒྲུབ་པ་འམ། དངོས་གྲུབ་ལེན་པའི་ཚོགས་ཀྱི་འཁོར་ལོའི་མཐུ་ནི་གནས་གཙང་མའི་སྐད་དུ་གླིང་བུ་འབུང་པ་ནི། ཧཱུཾ་ཛ་ཧཱུཾ་གི་བར་གྱིས་སོ། །པི་ཝང་བརྡུང་བ་ནི་ཧཱུཾ་ཧྲཾ་ཧཱུཾ་གསུམ་གྱི་བར་དུའོ། །རྔ་རིངས་བརྡུང་བ་ནི། ཕཾ་ནཾ་ག་བར་གྱིས་སོ། །རྫ་རྡ་བརྡུད་པ་ནི་ཧཱུཾ་བྷྱོའི་བར་གྱིས་སོ། །རྟ་མགྲིན་གྱི་ཅང་ཏེའུ་བརྡུང་པ་ནི་ཊ་ཀྐི་ཧཱུཾ་ཛཿ་ཞེས་བྱ་བ་ལ་སོགས་པའོ། །གཤིན་རྗེ་གཤེད་ཀྱི་ཅད་ཏེའུ་བརྡུད་བ་ནི་ཧྲིའཿ་ཥྀཊྲཿ་ཞེས་བྱ་བ་ལ་སོགས་པའོ། །སྒྲོལ་མ་འབྱུང་བའི་རྒྱུད་ཀྱི་ཅང་ཏེའུ་བརྔུད་པ་ནི་ཧིའ་ཧྲིའཾ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་རྔེའུ་ཆུང་གི་མཚན་ཉིད་བཤད་པར་བྱ་སྟེ། རྒྱུ་ནི་མ་ལ་ཡར་སྐྱེས་ཞེས་བྱ་བ་ལ་སོགས་པའོ། །ཚད་ནི་སོར་བཅུ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ནི་ཐོད་པའི་རུས་པའོ། །བགས་པ་ཞེས་བྱ་བ་ལ་སོགས་པ་བསྒྲུབ་པའི་ཆོ་ག་ནི། དེ་ནས་རྐང་པའི་ལྕགས་ཀྱུ་ཡིས། །ཞེས་བྱ་བ་ལ་སོགས་པའོ། །དགོད་པ་ནི། བདག་དང་སྐལ་ལྡན་འཁོར་བ་ལས། །ཞེས་བྱ་བ་ལ་སོགས་པའོ། །བརྡུང་བའི་གནས་ནི་ཚོགས་ཀྱི་མཆོད་པ་མཛེས་པ་སྟེ་ཞེས་པ་ལ་སོགས་པ་གསུངས་སོ། །ཚོགས་ཀྱི་འཁོར་ལོའི་དུས་སུ་བཟའ་བ་དང་བཏུང་བ་ལ་སོགས་པའི་སྤྱོད་ལ་མ་ཐམས་ཅད་ལ་ཟག་པ་མེད་པའི་བརྡར་བཤད་པ་ནི། ཆང་ནི་སྒེ་མོ་ཡིན་པར་བཤད། །ཅེས་བྱ་བ་ལ་སོགས་པ་ཐ་མལ་བའི་ངག་དང་བརྡ་སྤངས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡ་བྱའོ། །གར་རྣམས་ཀྱི་ནི་ཁྱད་པར་དང༌། །ཞེས་བྱ་བ་ནི། ཟག་པ་མེད་པའི་ལྷའི་གར་བྱའོ། །གླུ་ཡི་ཕྱག་རྒྱ་འདི་དག་དབུལ། །ཞེས་བྱ་བ་ནི། ཀ་ཀ་ལ་སོགས་པ་ཟག་པ་མེད་པའི་གླུའོ། །གང་དུ་ལག་པ་ཆང་བར་གཏད། །ཅེས་བྱ་བ་ནི། མདའ་ལ་སོགས་པའི་ཆོག་བསྟན་པ་ཡིན་ནོ། །མཉམ་སྦྱོར་ལས། དབྱི་བས་དང་བདེ་བླག་སྦྱོར་བ་དང༌། །ཀུན་དུ་སྦྱོར་དང་འདྲེན་དང་མྱུར། །འགེངས་དང་འཕེན་དང་གསལ་བའོ། །རྐང་པ་གཞིབས་བས་ས་གནོན་ཅིང༌། །རྐང་པ་འགྱེད་པས་ས་གནོན་ནོ། །དཀྱིལ་འཁོར་དག་ཀྱང་གནས་པར་བྱ། །བརྐྱང་བསྐུམ་གྱིས་ཀྱང་ས་གསུམ་མནན། །ཞེས་དབྱིབས་ཀྱི་ཁྱད་པར་གསུངས་པ་ཡིན་ནོ། །ཚོགས་འཁོར་གྱི་ཡན་ལག་དཔའ་བོའི་སྲིད་མོ་བཤད་པ་ནི། མ་དང་སྲིང་མོ་ཚ་མོ་དང༌། །


DTG008_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉམ་སྦྱོར་ལས། རྣམ་པར་ལྟ་བ་དང༌། སྒྲོལ་མ་དང༌། རྒྱལ་མཚན་མ་དང༌། ཁྲོ་གཉེར་མ་དང་པདྨར་གནས། །ཞེས་པ་དང༌། །སངས་རྒྱས་བརྡ་ཡི་ཕྱག་རྒྱར་བཤད། །ཞེས་གསུངས་སོ། །ཚོགས་འཁོར་གྱི་མཆོད་པའི་རིམ་པ་བཤད་པ་ནི། མི་ཆེན་ཐོད་པ་དུ་མ་གཅིག་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཐོག་མར་པདྨའི་གར་བསྐོར་ནས། །བླ་མ་ཡང་དབུལ་བར་བྱ། །དེ་ནས་རང་གིས་མྱོང་བ་དང༌། རྡོ་རྗེ་སྤུན་རྣམས་སྦྱིན་པར་བྱའོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། །ཨེ་མ་བདེ་བ་རྨོངས་བྱེད་པ། །སྣང་བ་ཞེས་བྱ་བཟའ་བའི་རྒྱ། །ཤི་ཤི་ཧཱུཾ་ནི་ཚེ་འཕེལ་ཞིང༌། །ཁ་ཁ་ཁཱ་ཧི་ཟོ་ཤིག་ཅེས་གསུངས་སོ། །བརྟག་པ་དགུ་པའི་རབ་ཏུ་བྱེད་པ་བཞི་པའི་རྣམ་པར་བཤད་པ་རྫོགས་སོ།། །།

རྒྱུའི་རྒྱུད་དང་འབྲས་བུའི་རྒྱུད་བསྟན་པ།

བརྟག་པ་བཅུ་པའི་རབ་ཏུ་བྱེད་པ་དང་པོ། རྣལ་འབྱོར་དང་རྣལ་འབྱོར་མའི་མཚན་ཉིད་བསྟན་པ།


DTG007_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་གསུམ་གྱི་ཡན་ལག་ཏུ་ཀུན་དུ་སྤྱོད་པའི་རྟོག་པ་བརྒྱད་བཤད་ནས། རྟེན་གྱི་གང་ཟག་རྒྱུའི་རྒྱུད་བཤད་པ་ནི། རྡོ་རྗེ་སློབ་དཔོན་གྲུབ་པ་ཡི། །དམ་ཚིག་ཕྱག་ན་རྡོ་རྗེ་ཉོན། །ཞེས་པ་ལ་སོགས་པ་གསུངས་ཏེ། དང་པོར་སློབ་དཔོན་གྱིས་རང་གི་སྙིང་གའི་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བ་ཐོབ་པར་བྱས་ནས་རྡོ་རྗེ་སློབ་དཔོན་དམ་ཚིག་མཉམས་པ་དང༌། མཉམ་པོར་དམ་ཚིག་དངོས་གྲུབ་ཐོབ་པར་འགྱུར་རོ། །མདོར་བསྟན་ནས་རྒྱས་པར་བཤད་པ་ནི། འབད་པས་ཐོས་བསམ་མཐར་ཕྱིན་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། དང་པོར་རྣལ་འབྱོར་པ་ཐོས་པ་དང་ལྡན་པ་དང་བཟླས་པ་འབུམ་བྱས་པ་དང་བསྙེན་པའི་ཚོ་ལྷ་ལ་གནང་བ་ཐོབ་པ་དང༌། ཕྲིན་ལས་ནུས་པས་སེམས་ཅན་རྣམས་ལས་རྒྱལ་བར་འགྱུར་རོ། །དེ་ཉིད་གནས་ཤིང་གོ་ཆ་བགོས། །ཞེས་པ་ནི་རྣལ་འབྱོར་པའི་མཚན་ཉིད་བསྟན་ཏེ། དོན་དམ་པའི་དེ་ཁོ་ན་ཉིད་ལ་གནས་པ་དང༌། བསྙེན་བསྒྲུབ་ཀྱི་རྣམ་པར་སྦྱངས་ནས་གོ་ཆ་བགོས་པ་དང༌། ཐབས་ཤེས་རབ་གཉིས་སུ་མེད་པ་ལ་སྤྲོ་བ་དང་ཐམས་ཅད་མཁྱེན་པའི་རིགས་ལྔ་དང་རྗེས་སུ་མཐུན་པ་དེ་དང་དེ་བཟུང་ནས་དགའ་བ་བཞི་བསྒྲུབ་པར་བྱའོ། །དེ་ལ་དང་པོ་སངས་རྒྱས་སྤྱན་གྱི་རིགས་གསུངས་པ་ནི། གཏི་མུག་བདག་ཉིད་མ་དང་ནི། །ཞེས་པ་ལ་སོགས་པའོ། །གཉིས་པ་ཀུན་དུ་བཟང་མོ་ནི། །ཞེ་སྡང་བདག་ཉིད་བུ་མོ་དང༌། །ཞེས་པ་ལ་སོགས་པའོ། །གསུམ་པ་གོས་དཀར་


DTG008_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་མཚན་ཉིད་ནི། ཆགས་པའི་བདག་ཉིད་སྲིང་མོ་དང༌། །ཞེས་པ་ལ་སོགས་པའོ། །བཞི་པ་སྒྲོལ་མའི་མཚན་ཉིད་ནི། ཕྲག་དོག་བདག་ཉིད་ཚ་མོ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྔ་པ་རིན་པོ་ཆེའི་མཱ་མ་ཀཱིའི་མཚན་ཉིད་བཤད་པ་ནི། ང་རྒྱལ་བདག་ཉིད་མནའ་མ་དང༌། །ཞེས་པ་ལ་སོགས་པའོ། །ཐབས་གང་གིས་ཕྱག་རྒྱ་གང་དང་ལྷན་ཅིག་བསྒྲུབ་ཅེ་ན། སྤྱན་དང་ལྷན་ཅིག་ཅེས་པ་ལ་སོགས་གསུངས་སོ། །ཁྲོ་བོ་བརྒྱད་དང་སེམས་དཔའ་བཅུ་དྲུག་ལ་སོགས་པ་ཡང་ཕྱག་རྒྱ་དེ་ཉིད་དང་སྙོམས་པར་འཇུག་གམ་སྙམ་ན། དེའི་ཕྱིར། ཁྲོ་བོ་ལྷ་དང་རྒྱལ་སྲས་སོགས། །གཞན་ཡང་འདི་ནི་སྒྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། སངས་རྒྱས་ལྔ་དང་སྦྱོར་བབ་ཡིས། །ལྷ་མོ་ཀུན་དང་འདུས་པ་ཡིས། །ཀུན་དུ་སྣ་ཚོགས་སྐལ་བཟང་མོ། །མཁའ་འགྲོ་མ་བཞི་ཐམས་ཅད་བསྒྲུབ། །ཅེས་གསུངས་སོ། །ད་ནི་ཕྲིན་ལས་བཞི་ལ་སྤྱོད་ལམ་ཇི་ལྟ་བུ་བྱ་སྙམ་ན། ཁྲོལ་དཔའ་གཏུམ་ཆོགས་འགྲུབ། །ཞེས་པ་ལ་སོགས་པ་གསུངས་སོ། །རྗེས་ལ་རོ་སྙོམས་སྤྱོད་པ་བྱ། །དཀའ་བ་མེད་པའི་ཐབས་འདི་ནི། །ཞེས་པ་གསུངས་ཏེ། དགའ་བ་བཞིའི་ཏིང་ངེ་འཛིན་གྱིས་རྒྱས་བཏབ་པས་སོ། །བརྩེར་ལྡན་རྡོ་རྗེ་ཅན་གྱིས་བསྔགས་ནི་མངོན་སུམ་གྱི་ལམ་འདི་བཅོམ་ལྡན་འདས་ཀྱིས་བསྔགས་ཤིང་བསྟོད་པ་ཡིན་ནོ། །བདེ་བའི་ལམ་གྱི་མན་ངག་གསུངས་པ་ནི། དཀའ་སྤྱོད་བརྟུལ་ཞུགས་སྤངས་པ་ཡིས། །ཤིན་ཏུ་བདེ་བ་སྒྲུབ་པའི་ཐབས། །སྡུག་བསྔལ་འཇིགས་མེད་བདུད་རྩིའི་རོ། །རྙེད་ཀྱང་གང་ཞིག་མི་བརྩོན་པ། །ཞེས་བྱ་བ་ནི། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པའི་དཀའ་ཐུབ་སྤངས་ནས་དགའ་བ་བཞིའི་དེ་ཉིད་རྒྱས་བཏབ་པའོ། །ཤིན་ཏུ་བདེ་བ་སྒྲུབ་པའི་ཐབས་ཀྱི་རང་བཞིན་བརྒྱད་ཅུ་སྤངས་པས་ན། ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་པ་མེད་ལ་ཟག་པ་མེད་པའི་བདེ་བའི་རོ་རྙེད་ནས། གང་ཞིག་ཕོ་ཉའི་ལམ་དེ་ལ་མི་བཙུན་ན་དེ་དག་གི་དཀའ་ཐུབ་སྤྱོད་པ་རྨོངས་པས་བདག་གི་དོན་ཡང་མི་ནུས་ན། གཞན་དོན་སངས་རྒྱས་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱའོ། །དེ་ནི་སླར་ཡང་གར་འགྲོ་བ། །དེ་ཡིས་ཤེས་པར་མ་འགྱུར་རོ། །ཞེས་པ་ནི། མཁའ་


DTG008_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ་རྣམས་ཀྱིས་དུས་མ་ཡིན་པར་བསད་ནས་ངན་སོར་དུ་འགྲོ་བར་འགྱུར་རོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། །བདག་ཀྱང་ངོ་བོ་བདེ་སྤངས་ཏེ། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱོད། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཞེས་གསུངས་སོ། །རྡོ་རྗེ་ཐེག་པ་འདི་ལ་ནི། །དེ་དག་གིས་ནི་སྙིང་རིངས་ན། །སྙིང་ལ་ཁྲག་ཆེན་འཐུངས་བ་ཞིག །མ་འོངས་པར་ནི་སྡུག་བསྔལ་འགྱུར། །ཞེས་གསུངས་སོ། །དེས་ན་བདེ་བས་དངོས་གྲུབ་ཐོབ། །ཅེས་པ་ནི་མཇུག་བསྡུ་བ་ཡིན་ཏེ། ཚོགས་མེད་པས་རྙེད་པ་མངོན་སུམ་གྱི་ལམ་དང་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་བདག་བྱིན་གྱིས་རློབ་པའི་ལམ་གྱིས་རྣལ་འབྱོར་པ་ཐམས་ཅད་སངས་རྒྱས་ལྟ་བུར་བལྟས་ནས་ཇི་སྲིད་འཁོར་བ་ལྟ་བུའི་འཇིགས་པ་ལས་མ་རྒལ་གྱི་བར་དུ་བསྟན་པའི་སྙིང་པོ་སངས་རྒྱས་ཀྱི་བཀའ་ཟག་པ་མེད་པའི་ཆོས་མངོན་སུམ་གྱིས་སྤྱད་པར་བྱའོ། །བརྟག་པ་བཅུ་པའི་རབ་ཏུ་བྱེད་པ་དང་པོའི་འགྲེལ་པའོ།། །།

བརྟག་པ་བཅུ་པའི་རབ་ཏུ་བྱེད་པ་གཉིས་པ། འཇིག་རྟེན་གྱི་དངོས་གྲུབ་བསྟན་པ།


DTG008_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གྱུའི་རྒྱུད་བསྟན་ནས། འཇིག་རྟེན་པའི་འབྲས་བུ་བཤད་པ་ནི། དེ་ནས་གང་གི་རིག་པ་ཡི། །ཞེས་པ་ལ་སོགས་པ་གསུངས་ཏེ། མཚན་ལམ་ཐོབ་པའི་རྗེས་ཐོགས་ཉིད་ལ་མི་གཡོ་བའི་ལམ་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པའི་འཇིག་རྟེན་པའི་དངོས་གྲུབ་དང་ལྡན་པའི་རིག་པའི་སྐྱེས་བུར་གྱུར་པ་དེའི་ཆེ་འོག་ནས་འབྱུང་བའི་ཕན་ཡོན་འདི་དག་དང་ལྡན་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །བརྟག་པ་བཅུ་པའི་རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།

བརྟག་པ་བཅུ་པའི་རབ་ཏུ་བྱེད་གསུམ་པ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྟན་པ།


DTG008_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འཇིག་རྟེན་གྱི་དངོས་གྲུབ་བསྟན་ནས། མཆོག་གི་དངོས་གྲུབ་བསྟན་པ་ནི། རིག་པའི་སྐྱེས་བུ་གྲུབ་པ་སྟེ། །ཞེས་པ་ལ་སོགས་པ་གསུངས་ཏེ། དགའ་བ་བཞིའི་ཏིང་ངེ་འཛིན་མཐར་ཐུག་པའི་རིག་པའི་སྐྱེས་བུ་གྲུབ་ནས་ཕྱིས་གང་དུ་འགྲོ་ཞིང་གང་དུ་གནས་ཞེས་བཅོམ་ལྡན་འདས་ལ་ཞུས་ཡིན་ནོ། །ལན་དུ་བཀའ་སྩལ་པ་ནི། རིག་པའི་སྐྱེས་བུ་གྲུབ་པ་སྟེ་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པ་ལས་འགྲོ་བ་དྲུག་གང་དུ་ཡང་མི་འགྲོ་ཞིང་ཁམས་གསུམ་དུ་ཡང་མི་གནས་ལ། དུས་གསུམ་རྣམ་པར་སྤངས་ནས་སྒྱུ་མ་ལྟ་བུ་དང་སྟོང་པ་གཉིས་སུ་མེད་པ་འོད་གསལ་བའི་སྲིད་པ་གསུམ་དུ་སྣང་བ་དང༌། ལོངས་སྐུ་སངས་རྒྱས་ཀྱི་


DTG008_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཐམས་ཅད་དུ་འགྲོ་ཞིང༌། ཤེས་བྱའི་དཀྱིལ་འཁོར་ཇི་སྙེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ནོ། །གྲུབ་པའི་མཐའ་ལ་གནས་པ་ཐམས་ཅད་ཀྱིས་དོན་དུ་གཉེར་བར་བྱ་བ་ཡིན་ཞིང་སེམས་ཅན་ཀུན་གྱི་སེམས་ལ་འོད་གསལ་བ་གནས་པ་ཡིན་ནོ། །འོད་གསལ་དེ་ཉིད་ནི་སྡིགས་པ་ཀུན་ལས་གྲོལ་ཞིང་རྗེས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཀུན་གྱིས་བརྒྱན་པ་དང༌། ཀུན་ལ་ཕན་ཞིང་བདེ་བའི་ཡེ་ཤེས་ཕུན་སུམ་ཚོགས་པ་མངའོ། །རྟག་འཆར་མགོན་སྐྱོབ་རྣམ་རྟོག་སྤངས། །ཞེས་པ་ནི་ངོ་བོ་ཉིད་ཀྱི་སྐུའོ། །དབྱིབས་དང་ཁ་དོག་ལས་འདས་པ་ནི་ཆོས་ཀྱི་སྐུའོ། །རྒྱལ་པོ་རྒྱལ་བའི་སྤྱོད་ཡུལ་ཡིན་ནི་ལོངས་སྐུའོ། །གཞིག་པར་དཀའ་བས་རྡོ་རྗེ་སྟེ་ཞེས་པ་ནི་སྤྲུལ་སྐུའོ། །ཉོན་མོངས་གདུངས་སེལ་ཟླ་བ་ནི་ཕྲིན་ལས་སོ། །འཇིགས་པ་མེད་པས་སེང་གེ་སྟེ། །ཞེས་པ་ནི་བདུད་འཇོམས་པའོ། །འཇུག་པར་དཀའ་བས་རྒྱ་མཚོ་ཡིན། །ཞེས་པ་ནི་མངོན་པར་སངས་རྒྱས་པའོ། །དེ་ལ་སོགས་པར་སྣ་ཚོགས། །རྣལ་འབྱོར་བ་ནི་ཉིད་དུ་འགྱུར། །ཞེས་པ་ནི་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་དུ་བསྐོར་བ་ལ་སོགས་པའོ། །རྟོག་པ་ཀུན་ལས་གྲོལ་ནས་ཀྱང༌། །དེ་ཉིད་གཅིག་པུ་འགྲོ་དོན་མཛད་ནི་སྙིགས་མ་ལྔའི་དུས་སུ་ཡང་སྐུ་ལྡས་བྱོན་ནས་འགྲོ་བའི་དོན་ཕྲིན་ལས་མཛད་པའོ། །ཉམས་དགའ་ལྷ་ལས་བབས་པ་དང༌། །ཞེས་པ་ལ་སོགས་པ་ནི་མཚན་ཉིད་ཀྱི་ཐེག་པའི་སྒོ་ནས་མཛད་པ་བཅུ་གཉིས་སྟོན་པ་སྟེ་གོ་སླའོ། །བརྟག་པ་བཅུ་པའི་རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།། །།

བརྟག་པ་བཅུ་པའི་རབ་ཏུ་བྱེད་པ་བཞི་པ། གསང་སྔགས་ཐུན་མོང་མ་ཡིན་པའི་ལམ་གྱི་རྣམ་དག་འབྲས་བུ་བསྟན་པ།


DTG008_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འཇིག་རྟེན་དང་མཆོག་གི་དངོས་གྲུབ་ཀྱི་འབྲས་བུ་བཤད་ནས། གསང་སྔགས་ཐུན་མོང་མ་ཡིན་པའི་ལམ་གྱི་རྣམ་དག་ཐབས་ཀྱི་འབྲས་བུ་བཤད་པ་ནི། བཤད་གཅིག་ཤ་སོགས་སྦྱིན་སྲེག་ནི། །ཞེས་པ་ལ་སོགས་པ་སྨོས་པ་སྟེ། བཤང་གཅི་ལ་སོགས་པ་བདུད་རྩི་ལྔའི་སྦྱིན་སྲེག་གི་ཡེ་ཤེས་སེམས་དཔའི་ཞེས་མི་གཙང་བས་བཀང་བར་གྱུར་ན་ཇི་ལྟར་སྡིག་པར་མི་འགྱུར། སྡིག་པ་ཡིན་ན། ཇི་ལྟར་སྔོས་གྲུབ་ཀྱི་འབྲས་བུར་འགྱུར་ཞེས་པ་དང༌། ལན་དུ་བཀའ་སྩལ་པ་ནི། མི་ཤེས་རྨོངས་པའི་སེམས་ཅན་རྣམས། །ཞེས་པ་ལ་སོགས་པ་གསུངས་ཏེ། བདག་གིས་འཛིན་པའི་རྣམ་པར་རྟོག་པ་དང་བཅས་པའི་སེམས་ཅན་གྱི་ངོར་


DTG008_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་ལས་དགེ་བ་དང༌། བསོད་ནམས་མ་ཡིན་པའི་ལས་སྡིག་པ་དང་བཅས་པ་ཡིན་གྱི། ཤེས་པ་རྟོག་པ་མེད་པས་བསམ་གཏན་གྱི་ཏིང་ངེ་འཛིན་དང་ལྡན་པ་དེའི་ཆོ། དགེ་བ་དང་མི་དགེ་བ་ལ་སོགས་པ་ནུས་པ་དང༌། དབང་ཤེས་རབ་ཡེ་ཤེས་དང༌། བཞི་པ་སྟོང་པ་ཉིད་ཀྱི་གསེང་བརྟོལ་ནས། བདེ་བ་ཆེན་པོས་རྒྱས་བཏབ་པས། ཟག་པ་མེད་པའི་ཡེ་ཤེས་སྐྱེས་པ་དེའི་ཆོ། དགེ་བ་དང་མི་དགེ་བ་ལ་སོགས་པའི་རྣམ་པར་གཞག་པ་མེད་ལ། བདུད་རྩི་ལྔ་ལ་སོགས་པ་གཙང་བ་དང་མི་གཙང་བ་ཡང་མེད་པས། སེམས་ཅན་གྱི་དོན་གྱི་གདུལ་བྱའི་ཕྱིར་ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་བཤད་པ་ཡིན་ནོ། ཇི་སྲིད་ཡེ་ཤེས་རྣམ་སྤངས་ཏེ་ནི། རྣམ་ཤེས་དང་ཡེ་ཤེས་མ་སྐྱེས་པའོ། །ཕྱི་རོལ་གྱི་དངོས་པོ་ལ་གནས་ཤིང་རྟོག་པའི་དྲ་བས་དཀྲིས་པའི་ཆོ། བསོད་ནམས་དང་སྡིག་པའི་ཕུང་པོ་ལ་སོགས་པ་གཉིས་སུ་བརྟགས་པ་ཡིན་གྱི། རང་བཞིན་རྣམ་པར་དག་པ་ཡིན་ཡང༌། མི་ཤེས་པས་བསྒྲིབས་པའི་སྐྱེ་བོའི་དོར་སྡིག་པ་དང་བསོད་ནམས་རྒྱལ་བས་གསུངས་པ་ཡིན་ནོ། །དངོས་པོ་ལ་མེད་ན་ཅིའི་ཕྱིར་གསུངས་ཤེ་ན། དྲང་བའི་ཐབས་སུ་མཛད་པས་ན། །ཞེས་གསུངས་སོ། །སྡིག་པ་དང་བསོད་ནམས་གཉིས་ཀ་ཡང༌། ཚུ་རྒལ་བར་འདོད་སྐྱེ་བོའི་གཟིངས་དང་འདྲ་བ་ཡིན་པས། །ཤེས་བྱའི་གནས་ལུགས་སྟོང་པ་ཉིད་ཀྱི་གྲོང་ཁྱེར་དུ་ཕྱིན་ནས་རབ་ཏུ་སྤོང་བ་ཡིན་ནོ། །མཇུག་བསྡུ་བ་ནི། དེ་བས་རྟོག་པའི་ཚོགས་བཏང་སྟེ། །ཟབ་མོའི་ཆོས་ལ་བརྟན་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་རྟོག་རྨོངས་པ་ཆེན་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་གོ་སླའོ། །ཤེས་བྱའི་གནས་ལུགས་སྟོང་པ་ཡིན་ཡང་ཐབས་གང་གིས་རྟོགས་པར་བྱ་ཞེན། དབང་པོ་གཉིས་ནི་སྙོམས་ཞུགས་ལས། །ཞེས་པ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་བཞི་དང་མཉམ་པར་སྦྱར་བས། །སྐུ་དགའ་བ་དང༌། གསུང་མཆོག་དགའ། ཐུགས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས་ནས་རང་བཞིན་བརྒྱད་ཅུ་སྤངས་ཏེ། བདེ་བ་ཆེན་པོ་འོད་གསལ་བས་རྒྱས་བཏབ་པས། ཆོ་འདི་ལ་གཟུང་བ་དང་འཛིན་པའི་ང་རྒྱལ་རྣམ་པར་རྟོག་པ་སྤོངས་ཏེ། བདེ་བ་སྟོང་པ་ཉིད་ཀྱི་རྒྱལ་བའི་སྐུར་འགྱུར་རོ། །དེ་


DTG008_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཉམ་སྤྱོར་ལས། བསྐལ་པ་བྱེ་བགྲངས་མེད་པར། །སངས་རྒྱས་ཐམས་ཅད་མ་ཐོབ་པ། །ཕྱག་རྒྱའི་ཆོག་གང་དག་གིས། །ཆེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་གསུངས་སོ། །གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་དང་མ་ཐོབ་ཅིང་མ་རིག་པས་འཁྲུལ་པའི་བག་ཆགས་ཀྱི་སྤྲུལ་པའི་འགྲོ་བ་རིགས་དྲུག་སྣ་ཚོགས་ལས་སྐྱེས་པ་ཡིན་ཡང༌། །གསང་བ་དང་ཤེས་རབ་ཡེ་ཤེས་ཐོབ་ནས། སྟོང་པ་ཉིད་ཀྱི་གསེང་བརྟོལ་བའི་རྣལ་འབྱོར་པ་སྐྱེས་པ་དང་བུད་མེད་ཐམས་ཅད་འོད་གསལ་བར་ཤེས་པར་བྱའོ། །དེ་བཞིན་དུ་དབང་བཞི་པ་ཐོབ་པའི་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམ་པར་རྟོག་པའི་དྲ་བས་བཅིངས་པ་ཡིན་ཡང་འོད་གསལ་བའི་རང་བཞིན་དུ་ཤེས་པར་བྱའོ། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་སྙན་པ་དང༌། མི་སྙན་པའི་སྒྲ་ཡང་འོད་གསལ་བའི་དང་དུ་ཤེས་པར་བྱའོ། །དེ་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །ཅེས་གསུངས་སོ། །དབང་བཞི་པ་ཐོབ་པའི་རྣལ་འབྱོར་པས་ཤ་ནི་རྣམ་སྣང་དང༌། རྐང་ནི་མི་བསྐྱོད་པ། ཁྲག་ནི་རིན་འབྱུང༌། མཁྲིས་པ་སྣང་བ་མཐའ་ཡས། །གསང་བའི་རྡོ་རྗེའི་སྒོ་དོན་ཡོད་གྲུག་པ་ཡིན་ནོ་ཞེས་དབང་བཞི་པའི་དམ་ཚིག་ཤེས་པའི་རྣལ་འབྱོར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྣང་བ་འདི་ངས་བཤད་པ་ཡིན་ནོ། །བློ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཐུགས་རྗེའི་དེ་ཁོ་ན་ཉིད་ཤེས་ནས། བདེ་བ་ཆེན་པོས་རྒྱས་བཏབ་ཅིང་མངོན་སུམ་གྱིས་ལམ་བསྒོམས་ན། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ཀྱང་བདེ་བ་ཆེན་པོ་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པར་འགྱུར་རོ། །བདུད་རྩི་ལྔ་ལ་སོགས་པ་དང་མ་དང་སྲིང་མོ་ལ་སོགས་པ་བསྟེན་པ་ཡིན་ཡང་རང་བཞིན་བརྒྱད་ཅུ་དང་བྲལ་བའི་འོད་གསལ་བསྒོམ་པ་ཡིན་པས། ཐམས་ཅད་ལས་བདེ་བ་ཆེན་པོ་འབྱུང་བར་འགྱུར་རོ། །བྱིན་རླབས་དང་མངོན་དུམ་གྱི་ལམ་དང་བྲལ་བ་རྗེས་དཔག་གོམས་པའི་ལམ་དུ་ཞུགས་པ་རྣམས་ནི། སོག་པོ་པར་ཅི་མ་བག་མ་ལེན་ལེན་ཟིན་དུ་དགོས་པ་དམན་པ་ཡིན་པས། ཇི་ལྟར་བུད་མེད་བྱིས་གཏམ་རྗེས་ཡི་རང༌། ཞེས་པ་ནས། ལམ་ཡང་མ་བཤད་འཆིང་བར་འགྱུར་


DTG008_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཐབས་ཀྱི་རྒྱུད་ལྔ་དང་ཤེས་རབ་ཀྱི་རྒྱུད་བཞིའི་དོན་སྟོན་པའི་ཁ་སྦྱོར་ལས་བྱུང་བའི་རྟོག་པ་བཅུ། རབ་ཏུ་བྱེད་པ་བཞི་བཅུའི་བདག་ཉིད་གསུངས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་དང་དཔའ་མོ་ཐམས་ཅད་འབྲས་བུ་ཧེ་རུ་ཀ་ལ་རྗེས་སུ་ཡི་རང་ཞིང་བསྟོད་པ་ནི། དེ་ནས་རྣལ་འབྱོར་ཞེས་པ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་ནི་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུའོ། །རྣལ་འབྱོར་མ་ནི་ཁྭ་གདོང་མ་ལ་སོགས་པ་བརྒྱད་དོ། །མཁའ་འགྲོ་ནི་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོའོ། །མཁའ་འགྲོ་མ་ནི་རབ་གཏུམ་མོ་ལ་སོགས་པ་ཉེར་བཞིའོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་ནི་ཕྱག་ན་རྡོ་རྗེ་དང་བྱམས་པ་ལ་སོགས་པའི་ཚོགས་དུ་མ་ནི། རྣམ་པར་གཟིགས་དང་རྣམ་སྣང་ལ་སོགས་པའོ། །ཐམས་ཅད་དང་ལྡན་པའི་འཁོར་ནི་དྲག་པོ་དང་འཇིགས་བྱེད་ཉི་ཤུ་བཞིའོ། །དེ་དག་ཐམས་ཅད་རབ་མགུ་སྟེ། །ཞེས་པ་ནི། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་སོ། །ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཤེས་ཐོབ་ནས་ནི། དབང་བྱས་པ་དང་ལོངས་སྤྱོད་པ་དང་ཐིམ་པར་མཛད་པས། བསམ་གཏན་དང་ཡེ་ཤེས་ཟག་པ་མེད་པའི་ཡེ་ཤེས་ཐོབ་པའོ། །རྡོ་རྗེ་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་ནི། ཡི་གེའི་དོན་ཉན་པ་ཐེག་པ་ཐུན་མོང་པའི་བྱང་ཆུབ་སེམས་དཔའ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང་དྲི་ཟ་ལ་སོགས་པ་ནི་བསྐྱེད་པའི་རིམ་པའི་སྐུ་བསྒོམ་པའི་ཁྲོ་བོ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པ་ནི་ལུས་ཀྱི་སྒོ་ནས་བསྐོར་བ་དང༌། ཕྱག་འཚལ་བ་དང་ཡིད་ཀྱིས་བདུད་རྩི་ལྔ་ཐོགས་པའི་ལྷ་མོ་སྤྲུལ་པ་དང༌། ངག་གིས་མཁའ་འགྲོ་མའི་སྙིང་པོ་ནས་འབྱུང་བའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་ཡིན་ནོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་ཆེན་དཔལ་ཀུན་དུ་ཁ་སྦྱོར་ལས་བྱུང་བའི་བརྟག་པའི་རྒྱལ་པོ་བཅུ་པའི་འགྲེལ་པ་རྫོགས་སོ།། །།བླ་མ་ཡེ་ཤེས་དཔལ་གྱི་ཞབས་བཏུད་ནས། །རྗེ་བཙུན་བདེ་མཆོག་སྐུ་ལ་དད་པ་ཡིས། །བྱིན་རླབས་མངོན་སུམ་ལམ་རྣམས་གང་


DTG008_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ། །རྒྱུད་རྒྱལ་དོན་རྣམས་ཕྱིན་ཅི་མ་ལོག་རྟོགས། །གཞན་གྱིས་བསྐུལ་ཕྱིར་རང་གིས་རྟོགས་བཀོད་པ། །འགྲོ་བ་འདི་ཀུན་མངོན་སུམ་ལམ་ཞུགས་ནས། །རྣམ་ཤེས་ཡེ་ཤེས་གོ་འཕང་ཐོབ་ནས་ཀྱང༌། །གཉིས་མེད་བདེ་མཆོག་ངང་དུ་འགྲོ་བར་ཤོག །རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་ཆེན་དཔལ་ཀུན་དུ་ཁ་སྦྱོར་ལས་བྱུང་བའི་རྒྱ་ཆེར་བཤད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔའ་བོ་རྡོ་རྗེའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སྟོ། །


no previousརྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་ཆེན་དཔལ་ཀུན་ཏུ་ཁ་སྦྱོར་ལས་བྱུང་བའི་རྒྱ་ཆེར་བཤད་པ་རིན་པོ་ཆེའི་ཕྲེང་བ། དཔའ་བོ་རྡོ་རྗེས་མཛད།next