Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  expand section
  expand section
   
  expand section
  expand section
   
   
དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ཀྱི་དཀའ་འགྲེལ་རིན་ཆེན་ཕྲེང་བ།  མ་ཧཱ་སུ་ཁ་ཏ་བཛྲས་མཛད།
  expand section
   
   
   
   
   
   
   
   
   
   
   


 
previousདཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ཀྱི་དཀའ་འགྲེལ་རིན་ཆེན་ཕྲེང་བ། མ་ཧཱ་སུ་ཁ་ཏ་བཛྲས་མཛད།next

དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ཀྱི་དཀའ་འགྲེལ་རིན་ཆེན་ཕྲེང་བ།
མ་ཧཱ་སུ་ཁ་ཏ་བཛྲས་མཛད།


DTG008_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཏ་ཏྟྭ་པྲ་དཱི་པཾ་ནཱ་མ་ཏནྟྲ་མཱ་ལཱ་པཉྩི་ཀཱ། བོད་སྐད་དུ། དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ཀྱི་དཀའ་འགྲེལ་རིན་ཆེན་ཕྲེང་བ་ཞེས་བྱ་བ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །མི་གནས་རྣམ་རྟོག་ཀུན་བྲལ་བའི། །སངས་རྒྱས་ཀུན་གྱི་བདག་ཉིད་དངོས། །རང་རིག་བརྗོད་དུ་མེད་པ་ཡི། །ཡེ་ཤེས་ཆེན་པོ་ལ་ཕྱག་འཚལ། །ཕལ་པའི་སྤྱོད་ཡུལ་མ་ཡིན་པའི། །བླ་ན་མེད་པའི་རྒྱུད་ཀྱི་མཆོག །འདི་ལ་གཞན་གྱིས་གསོལ་བསྐུལ་བས། །ཇི་བཞིན་དོན་གྱིས་གསལ་བར་བྱ། །དྲང་བ་དང་ནི་ངེས་པའི་དོན། །རྡོ་རྗེ་འཛིན་པས་གསུངས་པ་ལས། །ངེས་པ་ལ་ནི་རིམ་པ་བཞིན། །ཇི་བཞིན་དོན་གྱིས་དབྱེ་བར་བྱ། །འདི་ལ་རྡོ་རྗེ་ཚིག་མང་ལྡན། །དེ་ཉིད་དམ་པ་འབྲས་བུའི་དོན། །ཡིད་བཞིན་རིན་ཆེན་ནོར་བུ་ཡིས། །ཕྲེང་བ་ཉིད་ནི་ཁྱབ་བའི་བདག །དགོས་པའི་མཚན་ཉིད་སྒྲུབ་བྱེད་པ། །འགྲེལ་འདི་དེ་བཞིན་བདག་གིས་ཁྱབ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་ནི་སྐྱོན་དང་བྲལ་བའི་ཚུལ་ཇི་ལྟ་བ་བཞིན་སྟོན་པ་ལའོ། བདག་གིས་ཐོས་ཞེས་བྱ་བ་ནི་སྡུད་པར་བྱེད་པ་ཁོ་ནས་ཐོས་པ་ཡིན་གྱི། གཞན་དུ་བརྒྱུད་པ་དང་གཞན་ནས་ཐོས་པས་བྱུང་བ་མ་ཡིན་ནོ། །འཁྲུལ་པ་བསལ་བའི་དོན་གྱིས་རྡོ་རྗེ་འཛིན་པ་ཁོ་ན་ལ་ཐོས་པའོ། །དུས་གཅིག་ན་ཞེས་བྱ་བ་ནི་ཤེས་རབ་ཀྱི་བྷ་ག་ལ་འཁོར་དང་བཅས་པ་བཞུགས་པའི་དུས་ནའོ། །དེ་ཡང་རྗེས་སུ་མཐུན་པའི་གནས་ཁྱད་པར་ཅན་ནི་འཁོར་དཔའ་བོ་དང་དཔའ་མོར་བཅས་པ་བཞུགས་པའི་དུས་གཅིག་གོ །བཅོམ་ལྡན་འདས་ནི་བདུད་རྣམ་པ་བཞི་བཅོམ་པའི་ཕྱིར་རོ། །ཡང་ན་ལེགས་པའི་ཡོན་ཏན་རྣམས་དང་ལྡན་པའི་ཕྱིར་ནའོ། །དེ་བཞིན་གཤེགས་པ་ནི་རིགས་ལྔའི་བདེ་བར་གཤེགས་པ་ལ་སོགས་པའོ། །རིགས་ཀྱིས་ཕྱེ་བ་ནི་བདེ་བ་ཆེན་པོ་ཉིད་ལས་གཤེགས་པ་སྟེ། གདུལ་བྱའི་དོན་མཛད་པའི་ཕྱིར་རོ། །ཡང་ན་དེ་བཞིན་ཉིད་དུ་གཤེགས་པ་སྟེ། སངས་


DTG008_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམ་པར་སྣང་མཛད་ལ་སོགས་པའོ། །ཐམས་ཅད་ན་ནི་ཇི་སྙེད་པ་བཞུགས་ལུས་མེད་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་མཚོན་པ་ཀུན་བསྡུ་བ་ཡིན་ནོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཉིད་པས་ན་རྡོ་རྗེ་འཆང་ངོ༌། །བྱང་ཆུབ་སེམས་དཔའ་རྣམས་དང་དེ་བཞིན་དུ་ལྷ་མོའི་གཟུགས་ཀྱིས་བཞུགས་པ་ནི། དཔའ་བོ་ཆེན་པོ་དང་དཔའ་མོའི་དབང་ཕྱུག་མའོ། །ས་བཅུ་ལ་གནས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ནི་ཉིད་ལས་སྤྲུལ་པའི་འཁོར་གྱིས་བཅོམ་ལྡན་འདས་ལ་བསྐོར་ནས་བཞུགས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཤེས་རབ་ཀྱི་བྷ་གའི་ནང་གཞལ་ཡས་ཁང་ཁྱད་པར་ཅན་ན་བཞུགས་པའོ། །སྐུ་གསུམ་གྱི་བདག་ཉིད་ཅན་བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་བཞུགས་ཞེས་བྱའོ། །དེར་བཅོམ་ལྡན་མོ་ཞེས་བྱ་བ་ལ་སོགས་པ་ལ་བཞུགས་པའི་གནས་དེ་རུ་བཅོམ་ལྡན་འདས་ལ་རྣམ་པ་སྣ་ཚོགས་པའི་སྒོ་ནས་མཉེས་པར་བྱས་ཏེ། གསོལ་བ་འདེབས་པར་བྱེད་པའི་དོན་གྱིས་སོ། །འདི་སྐད་ཅེས་གསོལ་ཏེ་ཞེས་བྱ་བ་ལ་སོགས་པ་ཞུས་པའོ། །གཞན་དག་ནི་འདི་རྣམས་ལ་ནང་ལ་སོགས་པའི་དོན་གྱིས་བཤད་པ་ཡིན་ཞེས་སྨྲའོ། །དེ་ནི་འགལ་ཏེ་རྒྱུད་ཀྱི་བཀའ་ཉམས་པའི་ཕྱིར་བསྟན་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཨེ་ཝཾ་མ་ཡཱ་ཞེས་བྱ་བ་ནི་རྒྱུད་ཀྱི་དོན་ཐམས་ཅད་འདུས་པའི་ཕྱིར་ན་སྡོམ་པ་ཡང་གསུངས་སོ། །འདིར་བསྡུས་ནས་སྟོན་པ་ཡིན་ལ། རྒྱས་པ་ནི་འདི་ཉིད་ཀྱི་འོག་ནས་བསྟན་ཏོ། །རྒྱུད་གཞན་ནས་སྡོམ་པའི་དོན་གྱིས་ཤེས་རབ་ཐབས་དང༌། ཨཱ་ལི་དང་ཀཱ་ལི་དང༌། འཁོར་ལོ་བཞི་དང༌། ལྷ་མོ་དང་སྐད་ཅིག་བཞི་དང༌། དགའ་བ་བཞི་དང༌། དེ་ཁོ་ན་ཉིད་བཞི་དང༌། བདེན་པ་བཞི་དང༌། སྡེ་པ་བཞི་དང༌། དབྱུ་གུ་ལ་སོགས་པར་ཡི་གེ་བཞི་པོ་འདི་དག་རྣམས་སྦྱར་བར་གསུངས་སོ། །གཞན་ནས་དེ་བས་ཀྱང་རྒྱས་པར་བསྟན་པ་ཡང་ཡོད་པ་ཡིན་ནོ། །འོ་ན་


DTG008_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་འགལ་བར་བསྟན་དགོས་སོ། །སོགས་པའི་སྒྲས་བཞུགས་པ་ཡན་ཆད་བསྡུ་བ་སྟེ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ནས་ཤེས་རབ་ཀྱི་བྷ་ག་ལ་བཞུགས་སོ་ཞེས་བྱ་བའི་བར་རོ། །ཁམས་ཞེས་བྱ་བའི་སྒྲས་འབྱུང་བ་རྣམས་སོ། །ས་དང་ཆུ་དང་མེ་དང་རླུང་ངོ༌། །སྲིད་པ་གསུམ་གྱི་ངོ་བོ་ལུས་ངག་ཡིད་དང་ལྡན་པ་ནི་འདོད་ཁམས་དང༌། གཟུགས་དང་གཟུགས་མེད་པ་དང་རང་རང་གི་ཡང་ཁམས་ཏེ་གསུམ་མོ། །འགྲོ་བ་ནི་རྣམ་པ་ལྔའི་རིགས་ཀྱི་སེམས་ཅན། མི་འགྲོ་བ་ནི་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན། །ཡང་ན་མི་འགྲོ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་བྱའོ། །ཕྱག་རྒྱ་རྣམ་པ་བཞི་ནི་ཤེས་རབ་དེ་དང་ལྡན་པའི་ཐབས་ནི་དངོས་པོའི་ཡེ་ཤེས་སོ། །རང་བཞིན་གྱིས་ཞེས་བྱ་བ་ནི་རང་བཞིན་དགའ་བ་ཉིད་ཀྱིས་ཁྱབ་ཅིང་རྒྱས་བཏབ་ནས་བཞུགས་སོ། །དེ་ཡང་ཀུན་གྱི་སྙིང་པོ་དམ་པ་སྟེ། ཀུན་ལ་གནས་པའི་ཕྱིར་རྒྱས་བཏབ་པའོ། །རྣམ་པར་རྟོག་པས་མི་འཕྲོགས་པ་རང་བཞིན་གྱིས་འོད་རབ་སྤྲོས་པ་དང་བྲལ་བ་ལ་ནི། གཞན་གྱིས་མ་ཡིན་ཀུན་རྒྱས་བཏབ། །ཅེས་བྱའོ། །དེ་སྐད་དུ། ཚངས་པའི་གཡུལ་ས་བྱེད་པ་མཐར། །ལེགས་དགྱེས་ཁྱེད་ཀྱིས་རབ་བཏབ་ནས། །གྲངས་མེད་པ་ལ་རྒྱས་བཏབ་སྟེ། །དེ་བས་ཕྱག་རྒྱ་ཆེན་ཁྱོད་གྲགས། །ཞེས་གསུངས་སོ། །དྲི་མེད་རྫོགས་པའི་འབྲས་བུ་ཉིད། །ཅེས་བྱ་བ་ནི་དེ་ཉིད་ལ་འབྲས་བུ་ཞེས་བྱ་བ་དང༌། དེ་ཁོ་ན་ཉིད་དང་མཆོག་ཏུ་གྱུར་པ་དང༌། སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་སོགས་པ་རྣམ་གྲངས་སུ་ཕྱེ་ན་མང་ཡང་ངོ་བོ་ནི་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོ་ཉིད་དོ། །དེ་རྒྱུད་འདི་ནས་གསལ་བར་སྟོན་པ་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་སྒྲོན་མར་གྲགས་ཞེས་བྱའོ། །དེའི་དོན་རྒྱས་པར་གསུངས་པ། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ་ཨེ་ཝཾ་ཐབས་དང་ཤེས་རབ་ཀྱི་རྒྱུད་ཅེས་བྱ་སྟེ། རྒྱུད་ནི་རྒྱུན་གྱིས་རྟག་པར་གནས་པ་ཐབས་དང་ཤེས་རབ་ནི་ཡབ་ཡུམ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་བདེ་བ་དང་བཅས་པའི་རྣམ་པའོ། །སྐུ་མཚན་དང་དཔེ་བྱད་དང་གསུང་ཡིག་འབྲུའི་རྣམ་པ་དང་


DTG008_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་དང༌། རྡོ་རྗེའི་རང་བཞིན་བདེ་བའི་བྱེ་བྲག་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་རྒྱུད་དོ། །ཐབས་ནི་རྡོ་རྗེ་རིན་པོ་ཆེའི་བྱང་ཆུབ་སེམས་ཀྱི་དོན་གྱི་རྣམ་པ་ལ་སོགས་པའོ། །ཤེས་རབ་ནི་པདྨ་ཅན་གྱི་རྣམ་པར་ཏེ་གནས་ཀྱི་ཁྱད་པར་གྱི་རིམ་པས་སོ། །དེ་སྐད་དུ། ཨེ་ཡི་ཡི་གེ་དབྱིབས་བཟང་གང༌། །དེ་དབུས་ཝཾ་གྱིས་རབ་ཏུ་བརྒྱན། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཐམས་ཅད་ཀྱི་ནི་གཞི། །ཞེས་གསུངས་སོ། །མ་ཡཱ་ཞེས་བྱ་བའི་སྒྲས་སྡུད་པ་པོ་ཉིད་བཅོམ་ལྡན་མོ་བདག་གིས་ཐོས་པ་ཡིན་ལ། དེ་སྐུའི་རྣམ་པ་ལ་སོགས་པའོ། །དེ་ཡང༌། འདི་སྐད་བདག་གིས་དེ་ཉིད་གསུམ། །ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་རྡོ་རྗེ་དང་བཅས་པའི་ཡིག་འབྲུའི་རང་བཞིན་ཟླ་བའི་རང་བཞིན་ག་བུར་དང་གསུམ་དུ་དབྱེ་བའི་ཆ་དང༌། ཐིག་ལེ་དང་ཚུལ་སྡུད་པ་པོ་དང༌། རྒྱུད་བཅས་པ་ཕྱིའི་གནས་ལ་སོགས་པའི་དབྱེ་བས། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་མོས་སྔོན་བསྐུལ་བ་བྱས་ནས་རྒྱུད་གསུངས་པ་དེ་བཞིན་དུ་འདིར་ཡང་བསྐུལ་ཞིང་གསོལ་བ་བཏབ་པ་ལས་ཐོས་པར་གྱུར་པ་ནི་གསང་བའི་པདྨའི་ལྟེ་བ་ལས་བཞེངས་ཏེ། བདེ་བ་ཆེན་པོའི་བཅོམ་ལྡན་འདས་ལ་བསྐུལ་བ་བྱས་པས། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཡིན་པའི་ཚུལ་གྱིས་ཐོས་པའམ། གོ་བར་གྱུར་པ་ནི་ཟླ་བ་བདེ་བ་མཆོག་ཐོས་པ་དགའ་བའི་རྣམ་པ་ཉམས་སུ་མྱོང་བ་སྟེ། སྐུ་ལ་སོགས་པའི་དོན་གྱིས་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང༌། ཆོས་ཀྱི་དགའ་བ་གསུམ་མོ། །རང་བཞིན་བདེ་བ་ཆེན་པོ་དང་ལྡན་པ་ནི། བདག་ཉིད་ཀྱིས་དང་བཅས་པ་སྟེ། །རང་བཞིན་བཞི་ཡི་བྱེ་བྲག་ཏུ། །ཞེས་བྱའོ། །རང་བཞིན་དགའ་བ་ཚུལ་ཙམ་དང་བཅས་པའི་རྡོ་རྗེ་ཉིད་ལས་མ་འཕྲོས་པ་ནི་འབྲས་བུའི་དོན་དམ་པ་སྤྲོས་པ་དང་བྲལ་བའོ། །དེ་ལ་ནི། དོན་དམ་པར་ནི་ཤེས་པར་བྱ། །ཞེས་སོ། །ཤེས་རབ་ཀྱི་བྷ་གའི་གནས་སུ་ཟླ་བ་བདེ་བ་མཆོག་གི་སྒྲར་བཤད་དེ། ཕྱི་ལ་སོགས་པའི་རིམ་པས་ཕྱེ་བའི་གནས་སོ། །དེ་ཁྱད་པར་ཅན་གྱི་གནས་སུ་གཤེགས་པ་ནི་འགོག་གོ །ཡེ་ཤེས་ཀྱི་སྟོབས་སུ་གྱུར་པས་ན་


DTG008_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མཆོག་སྟེ་གནས་དེ་རང་ངོ༌། །བཅོམ་ལྡན་འདས་འཁོར་དང་བཅས་པ་ཐམས་ཅད་ཀྱི་གནས་གཅིག་པ་ནི་ཐོས་པའི་དོན་ཏོ། །མཐའ་གཉིས་ལ་མི་གནས་པའི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པ་སྤངས་པའོ། །དེ་ནི་དགའ་བ་གཉིས་ཀྱི་རྟོག་པ་མེད་པ་ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་པ་ནི་གཉིས་དང་བྲལ་བའོ། །བཟང་བ་དང་ངན་པ་དང་བྲལ་བ་བསམ་དུ་མེད་པའི་དུས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའི་དུས་སོ། །དེ་ཉིད་ཕྱག་རྒྱ་ཆེན་པོ་བསྐྱེད་པ་དང་རྫོགས་པ་དང་བྲལ་ཞེས་དེ་ཉིད་ལ་བྱའོ། །འོ་ན་ཡང་འབྲས་བུའི་མིང་རྒྱུ་ལ་བཏགས་པའོ། །དེ་བས་ན། བཅོམ་ལྡན་འདས་ནི་མཐའ་ཞེས་བྱ། །རང་བཞིན་དགའ་བ་ཉམས་མྱོང་དངོས། །ཞེས་གསུངས་སོ། །ཡང་ནར་རྩ་བའི་པདྨའི་གནས་མཆོག་ཏུ་ཕྲ་བ་དང་ལྡན་པས་ཆ། བྱང་ཆུབ་སེམས་ག་བུར་གྱི་གཟུགས་ཀྱིས་ཐིག་ལེ་ཉིད། ཡེ་ཤེས་གསལ་བས་དེ་རང་ཉིད་ཚུལ་ཏེ་དེ་ཁོ་ན་ཉིད་གསུམ་ཞེས་བྱའོ། །རྣམ་པ་སྣ་ཚོགས་ཀྱི་ཡེ་ཤེས་སྦྱོར་བའི་ཚུལ་ཙམ། དེ་དཀར་བའི་གཟུགས་བདེ་བ་ཤིན་ཏུ་འཕེལ་བ་ནི་ཟླ་བ་བདེ་མཆོག །དེ་ཉིད་ཀྱིས་རང་བཞིན་རྣམས་རྒྱས་བཏབ་པའི་ངོ་བོས་ཕྱག་རྒྱ་ཆེན་པོའོ། །དེ་རྣམས་ཀྱི་སྐྱོན་གྱིས་མ་གོས་པ་ནི་གཞན་མཆོག །རང་བཞིན་དགའ་བ་ཉིད་དགའ་བ་ཀུན་གྱི་མཐར་ཐུག་པས་ནི་མཐའ་སྟེ། ཡེ་ཤེས་དེ་རྣམས་ཀུན་རྫོབ་པའི་དོན་ཏོ། །དེ་བཞིན་དུ་ཡང་རྐང་མཐིལ་དུ་ཆའི་དངོས་པོ། དེ་སྙིང་གར་ཐིག་ལེ་བཞུགས་པའི་གནས་སུ་ཚུལ། །དེ་ཁོ་ན་ཉིད་གསུམ་མོ། །དཔག་མེད་པའི་གནས་སུ་ཚུལ་ཙམ་ཟླ་བ་མཆོག་དང་ལྡན་པའོ། །ཆོས་ཀྱི་འཁོར་ལོའི་སེམས་ཀྱི་གནས་སུ་མཆོག །ཕྱག་རྒྱ་ཆེན་པོའི་རང་བཞིན། ལོངས་སྤྱོད་འཁོར་ལོའི་དབུས་ཀྱི་གནས་སུ་ནི་གཞན་མཆོག་གི་ངོ་བོ་མཐའ། ཟླ་བ་རྒྱས་པའི་གནས་སུ་རྫོགས་པ་སྟེ། རང་བཞིན་དགའ་བ་སྐུ་གསུམ་གྱི་བདག་ཉིད་བརྗོད་པ་དང་བྲལ་བའི་དོན་ཏོ། །ཡང་རྒྱུད་ཡེ་ཤེས་ཐིག་ལེ་ལས་ནི་དེ་ལྟར་མ་གསུངས་སོ། །གཞན་དག་སྙིང་གའི་མི་ཤིགས་པའི་བདག་ཉིད་ཀྱིས་དེ་ཁོ་ན་ཉིད་གསུམ་ལ་སོགས་པའི་དོན་གྱིས་བསྟན་པ་དང༌། དེ་ནས་རིམ་པས་ལོངས་སྤྱོད་འཁོར་ལོར་བསྟན་པ་དེ་ནས་བདེ་བ་ཆེན་པོར་


DTG008_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའོ། །དེ་ཡང་དང་པོར་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་སྙིང་གར་གནས་པ་ལས། གྱེན་ལ་འོད་ཟེར་སྤྲོས་པ་དེས་ཟླ་བ་ཞུ་བས་བདེ་བར་གྱུར་པ་ཟླ་བ་བདེ་མཆོག་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་འཁོར་ལོར་མཐའ་དང་གཞན་མཆོག །དེ་ནི་སྐྱེད་པའི་སྦྱོར་དྲུག །དེ་ལོངས་སྤྱོད་ལ་སོགས་པ་སྔར་བསྟན་པ་བྱས་པ་ནི་སྦྱོར་བ་དྲུག་རྫོགས་པའི་དོན་ཏོ་ཞེས་སྨྲའོ། །ཐམས་ཅད་ཡེ་ཤེས་གསུམ་སྟོང་ཉིད། །ཅེས་བྱ་བ་ནི་སྲིད་པ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པ་གསུམ་གྱི་རིམ་པས་ཤར་ཙམ་ན་རྣམ་པར་རྟོག་པ་སྟོང་པའོ། །དེ་ཡང་ཕུང་པོ་དང་རྩ་དང་ཁུ་བའི་གཟུགས་ལ་སོགས་པ་ཐམས་ཅད་དང་ལྡན་པའི་སེམས་ཅན་རྣམས་ལ་ཡང་སྣང་བ་གསུམ་གྱི་རིམ་པས་འབྱུང་ཞིང་ལྡན་ཏེ་འཁོར་བའི་རང་བཞིན་ནོ། །འདི་གསལ་བར་སྣང་བའི་སྐབས་སུ་འོག་ནས་བཤད། འོ་ན་ཡང་སྐུ་གསུང་ཐུགས་རྩའི་དོན་གྱིས་བསྟན་པའི་དགའ་བ་གསུམ་གྱི་ཡེ་ཤེས་སྣང་བས་ཐམས་ཅད་དོ། །རྣམ་པར་རྟོག་པ་རིམ་པས་ཆུང་བ་ནི་སྟོང་པ་སྟོང་ཉིད་ཡེ་ཤེས་སོ། །རྣམ་རྟོག་མཚན་མའི་སྣང་བ་སྤངས་པ་ནི་སྟོང་པ་སྟེ། དེ་ཉིད་ཀྱིས་ནི་སྤངས་པའོ། །ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ནི་སངས་རྒྱས་ཕུང་པོ་ལྔ་ལ་སོགས་པ། ཕུང་པོའི་སྒྲས་རྣམ་པར་ཤེས་པ་བྱང་ཆུབ་ཀྱི་སེམས་འོད་རབ་ཀྱི་གནས་ནས་དེ་བཞིན་ཉིད་ལས་གཤེགས་པའི་དོན་ཏོ། །དེ་ཡང་སྣང་བ་གསུམ་གྱི་རིམ་པས་རང་བཞིན་བཞི་བ་རྡོ་རྗེའི་སྤྲུལ་པར་གཤེགས་པ་དང༌། སླར་ཉིད་ཀྱི་གནས་སུ་གཤེགས་པའོ། །རྣམ་འབྱེད་གྲགས་ཞེས་བྱ་བ་ནི་གསུམ་པོ་ལ་རྟོགས་པ་བག་ཆགས་ཡོད་པ་འབྱེད་པའི་རྣམ་པར་འབྱེད་པའོ། །དང་པོའི་གནས་ནི་རབ་འགྲུབ་བྱེད། །ཅེས་བྱ་བ་ནི་བདེ་བ་ཆེན་པོ་ལས་གཟུགས་ཀྱི་སྐུའི་མཚན་ཉིད་ཀྱིས་བྱོན་ནས། ཡང་བདེ་བ་ཆེན་པོའི་རང་བཞིན་འོད་རབ་ཏུ་གཤེགས་པ་སྟེ། དོན་དུ་བདེ་བ་ཆེན་པོའི་འཁོར་ལོར་གཤེགས་ནི་དང་པོའི་གནས་སོ། །དེ་ནི་ཕུང་པོ་ལ་སོགས་ཐམས་ཅད་བདེ་བ་ཆེན་པོར་གྱུར་པའོ། །སྐུ་ནི་ཕྱི་ལ་སོགས་པའི་དོན་གྱིས་དབྱེ་བར་བྱ། དེ་བཞིན་དུ་སྔ་ཕྱི་བསྟན་པ་སྤང་ངོ༌། །སྐུ་མཐོང་བས་དགའ་བའི་ངོ་བོར་གྱུར་ཏོ། །དེ་ལ་ཐབས་དང་


DTG008_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱིས་ཕོ་དང་མོའི་དབང་པོའི་རྣམ་པར་རྟོག་པ་འགགས་ཏེ། མི་སྐྱེ་བས་ན་བྲལ་བའོ། །བྱུང་བའི་སྒྲས་ཁུ་བ་ལ་སོགས་པ་རྫས་ཀྱི་རྟོག་པ་དང་ཡང་བྲལ་བའོ། །དེ་བཞིན་དུ་བདེ་བའི་དགའ་བའི་རིམ་པ་ལ་སོགས་པ་ནི་ཕྱག་རྒྱ་བཞི་ལ་བརྟེན་པའི་རྣམ་པར་རྟོག་པ་སྤངས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ནི་བཅོམ་ལྡན་འདས་ཉིད་ཀྱིས་བྱས་པས་ཕྱིར་ན་རང་བཞིན་དགའ་བའི་ཐུགས་ལ་སོགས་པའོ། །དེ་ཡང་ལམ་གྱི་རིམ་པས་དབྱེ་བ་ནི་བྱ་བ་ཡིན་ནོ། །ལྷ་མོ་དབང་ཆེན་ཉི་མ་སྐྱེས། །ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་ཆེན་པོའི་སྒྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུའི་གཟུགས་ཀྱིས་སོ། །དེ་བཞིན་དུ་དཔལ་ལྷ་མོ་རྣམས་ཀྱང་བསྟན་པ་དེ་རང་ཉིད་ལ་བཤད་པ་ཨཱ་ལི་དང་རྩ་བའི་རིམ་པ་དང༌། བྱང་ཆུབ་སེམས་ཐིག་ལེ་བཅུ་དྲུག །དཔའ་མོའི་རྩའི་འཁོར་ལོ། །དེ་བཞིན་ལྟེ་བར་བྱང་ཆུབ་སེམས་ཐིག་ལེ་བཅུ་དྲུག ། གཡས་གཡོན་བཅུ་དྲུག་ཕྲག་གཉིས་དཔའ་མོ་རྩའི་དངོས་པོའོ། །དཔའ་བོ་མཆོག་གི་དགའ་བ་དང་དཔའ་མོ་བྲལ་བའི་དགའ་བ་ཞུས་པ་དང་འཕོ་བ་དང་འཇིག་པ་དང་བྲལ་བའོ། །དཔའ་བོ་བྱང་ཆུབ་སེམས་ག་བུར་དཔའ་མོ་ལྟེ་བའི་སྙིང་པོ། །རང་བཞིན་གྱིས་བཅོམ་ལྡན་འདས་ལ་བསྐོར་བའོ། །རྣམ་པར་བསྐོར་རོ་ཞེས་པས་ལྷ་ལ་སོགས་པའི་གཟུགས་རྩ་དང་བྱང་ཆུབ་སེམས་ཀྱི་ཡི་གེ་ལ་སོགས་པས་བསྐོར་བའོ། །ཡན་ལག་ནི་དེ་རྣམས་ཐམས་ཅད་བསྡུ་བའོ། །ཁྱབ་པའི་ཆུ་ཡིས་པདྨ་བཞིན། །ཞེས་བྱ་བ་ནི། གཙོ་བོའི་རང་བཞིན་དང་ལྡན་པའི་ཕྱིར་རོ། །དཔེར་བསྟན་པ་དང་མཚུངས་པའོ། །ཤེས་རབ་དེ་ནི་ཚངས་པའི་གནས། །ཞེས་བྱ་བ་ནི་གནས་དང་རྟེན་དང་བཞི་ནི་རྣམ་གྲངས་སོ། །རྣམ་པར་རྟོག་པ་དང་བྲལ་བའི་གནས་ཀྱི་ཁྱད་པར་ཏེ། འདིར་བྱང་ཆུབ་སེམས་ཀྱི་ཟླ་བའི་རང་བཞིན་ལ་ཚངས་པ་ཞེས་བྱའོ། །དེའི་ཕྱིར། ཚངས་པ་ཡེ་ཤེས་འཛིན་པའི་ཕྱིར། །ཞེས་སོ། །ཡེ་ཤེས་བྲལ་བའི་དགའ་བར་འཛིན་པ་ནི་རང་བཞིན་དགའ་བར་འཛིན་པའོ། །བྷ་ག་བདུད་ནི་འཇོམས་པའི་ཕྱིར། །ཞེས་བྱ་བ་ནི་གཉིད་དང་རྨུགས་པ་དང༌། ཐེ་ཚོམ་དང་འགྱོད་པ་དེ་དག་ནི་ལྷའི་བུའི་བདུད་དོ། །འདོད་ཆགས་ལ་སོགས་པ་ནི་ཉོན་


DTG008_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའོ། །ན་ཚ་ལ་སོགས་པ་ཕུང་པོའི་དང་ཚེ་དང་དབང་པོ་འགགས་པ་འཆི་བདག་གི་བདུད་དོ། །འདིར་རྣམ་པར་རྟོག་པའི་དངོས་པོ་འཇོམས་པ་ནི་རང་བཞིན་དགའ་བའི་བཅོམ་ལྡན་འདས་ཀྱིས་སོ། །ཡང་ན་ལོངས་སྤྱོད་མྱོང་བས་སོ། །ཞེས་བྱ་བ་ནི་དྲུག་དང་ལྡན་པའི་བདག་ཉིད་རོ་དང་ཡེ་ཤེས་ལོངས་སྤྱོད་ན་བཅོམ་ལྡན་འདས་བྷ་གའི་དོན་གཅིག་པ་སྟེ། ཕྱི་ནང་གི་རིམ་པའོ། །བཞུགས་པ་ཉིད་ཀྱི་མཚན་ཉིད་དེ། །ཞེས་བྱ་བ་ནི་མཚན་དང་དཔེ་བྱད་དང་ཡིག་འབྲུ་ལ་སོགས་པ་སྔར་བཤད་པ་ཡིན་ནོ། །དེ་བཞིན་གནས་པ་ཡང་ན་གཤེགས། །ཞེས་བྱ་བ་ནི་དམ་ཚིག་དབང་གིས་གནས་པ་དང་བཞུགས་པས་མཚུངས། །ཡེ་ཤེས་སེམས་དཔའི་དོན་གྱིས་གཤེགས་པ་སྟེ། སྐུའི་རྣམ་པས་དབྱེ་བ་དང༌། གསུང་དང་ཐུགས་དང་རྡོ་རྗེའི་རང་བཞིན་བདེ་བས་དབྱེར་བར་བྱའོ། །དེ་ལྟ་བུའི་དོན་དམ་པར་ཞེས་བྱ་བ་ལ་སོགས་པས་ནི་ངེས་པའི་དོན་གྱིས་ཐབས་ཀྱི་རིམ་པ་གང་ལ་བརྟེན་ཀྱང་འབྲས་བུའི་དོན་དམ་པ་རྙེད་དེ། འདིར་འདི་སྐད་བདག་གིས་ལ་སོགས་པའི་དོན་གྱིས་འཐོབ་པའོ། །ཐམས་ཅད་རྣལ་འབྱོར་རྒྱུད་དུ་གསང༌། །ཞེས་བྱ་བ་ལ་སོགས་པ་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དུ་སྔགས་སོ། རྣལ་འབྱོར་བླ་མ་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དུ་ངེས་པ་དང་དྲང་བའོ། །གཞན་དག་གོ་སླའོ། །ཨེ་ཝཾ་ཞེས་བྱ་བ་ལ་སོགས་པ་ནི་ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་རིན་པོ་ཆེ་དང་པདྨར་ལྡན་པའི་རྩའི་འཁོར་ལོའི་གནས་ཀྱི་རིམ་པ་འདབ་མ་དྲུག་ཅུ་རྩ་བཞི་དང༌། བརྒྱད་དང་གསུམ་དང་དེ་དག་རྣམས་དང་བཅས་པའི་ཡེ་ཤེས་བསྐྱེད་པའོ། །འདི་ནི་རྡོ་རྗེ་འཛིན་པ་བཞུགས་པའི་སའི་ཆོས་ཀྱི་འབྱུང་གནས་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་རང་བཞིན་དགའ་བ་སྤྲོས་པ་དང་བྲལ་བའི་ས་ཐམས་ཅད་ལ་དབང་བྱེད་པ་ཡིན་ནོ། །རྒྱུད་ལས་ནི་རྟག་ཏུ་སྤྲུལ་པ་སྐུའི་ས་བཅུ་གཅིག་པ་ཞེས་བརྗོད་པའོ། །ལོངས་སྤྱོད་རྫོགས་པ་བཅུ་གཉིས་པ། །ཆོས་ཀྱི་སྐུ་ནི་བཅུ་གསུམ་པ། །བཅུ་བཞི་བདེ་བ་ཆེན་པོ་སྟེ། །གང་ཞིག་བཅོ་ལྔ་པ་ཡིས། །དེ་ནི་ཡེ་ཤེས་སར་བསྟན་ཡིན། །བཅུ་དྲུག་ས་ནི་བརྟག་པ་མི། །དེ་བཞིན་དུ་རྒྱས་པར་གསུངས་སོ། །དེ་ཀུན་དགའ་བའི་བྱེ་བྲག་གིས། །ས་ཡི་སྒྲ་ཡིས་ཀུན་དུ་བཏགས། །ཞེས་


DTG008_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེར་གང་ཞིག་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་དེ་ནི་ཞེས་བྱ་བ་ལ་སོགས་པའི་རིམ་པ་ནི་སྔོན་དུ་ཇི་སྐད་སྨྲས་པ་དང༌། གནས་སྐབས་ཀྱིས་ཤེས་པར་བྱ་སྟེ། དགའ་བ་དང་མཆོག་གི་དགའ་བའི་ལན་གསུམ་ཤུཀྲ་དང་ལྡན་པའི་རྣམ་པར་ཤེས་པའི་ཡེ་ཤེས་སྐྱེ་བ་ནི་སེམས་དང་སེམས་ལས་བྱུང་བ་དང་མ་རིག་པའི་དོན་གྱིས་དེ་ཉིད་ལ་གསུངས་པའོ། །དེའི་འབར་བ་དང་ཞུ་བ་དང་འཛག་པ་དང༌། ལོངས་སྤྱོད་པ་དང༌། དགའ་བ་རྣམས་དང༌། དེ་བཞིན་དུ་ཐུན་ཚོད་དང་འཕོ་བ་རྣམས་དང་ཆུ་ཚོད་དང༌། དབྱུག་གུའི་དོན་རྣམས་དབྱེ་བ་ནི་ནང་གི་རིམ་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །མ་རིག་པའི་ཡེ་ཤེས་ཀྱི་རང་བཞིན་སྐྱེ་བར་འགྱུར་ཏེ། དེ་དག་རིམ་པས་འབྱུང་བ་ལས་དེ་ཁོ་ན་ཉིད་ནི་གསལ་བའོ། །ཡང་ན་བྲལ་བའི་དགའ་བ་ལས་དེ་ཉིད་དེར་གསལ་བར་བསྟན་ཏེ། དེ་ཡང་བཟང་བ་དང་ངན་པ་གཉིས་ཏེ། བཟང་པོའི་དོན་རྙེད་པ་ནི་བཞི་པའོ། །དེ་སྐད་དུ། ཇི་ལྟར་མུན་པའི་རིན་པོ་ཆེ། །མར་མེ་མེད་ན་མཐོང་བ་མེད། །དེ་བཞིན་དེ་ཁོ་ན་ཉིད་ནི། །ལམ་ལ་སོགས་པའི་རིམ་པས་རྙེད། །ཅེས་གསུངས་སོ། །ཆོས་ཐམས་ཅད་རྣམ་པར་རྟོག་པའི་དངོས་པོ་སྟེ། འདི་རྣམས་ནི་དེ་ཁོ་ན་ཉིད་གཅིག་པུས་བཅོམ་ཞིང་དབེན་པའོ། །རྒྱུ་ལ་འབྲས་བུའི་མིང་བཏགས་པའོ། །སྲོག་གི་རླུང་ཡིན་པ། དབྱུག་པ་ཡང་ནི། བྱང་ཆུབ་ཀྱི་སེམས་ལ་ཁ་ཅིག་འདོད་དོ། །ལ་ལ་ནི་བྱང་ཆུབ་ཀྱི་སེམས་ནི་སྲོག་ལ། དབྱུག་པ་ཡང་རྩ་ཡིན་ནོ་ཞེས་སྨྲའོ། །འདིར་ནི་ཕྱི་དང་ནང་གི་རྩ་ལ་དབྱེ་བར་བྱ་བ་ནི་རང་བཞིན་དགའ་བའི་གནས་སུ། སྲོག་གི་རླུང་གཟུང་ཞིང་དགུག་པ་ཙམ་གྱིས་ཀྱང་རྩ་མདུད་སུམ་ཅུ་རྩ་གཉིས་ལ་སོགས་པ་ཡེ་ཤེས་མྱོང་བའི་རོར་གཅིག་པས་ན། དེ་ལ་དེ་ཁོ་ན་ཉིད་དེ་བཞིན་དུ་སྤྲོས་པ་དང་བྲལ་བའོ། །དགའ་བ་གསུམ་གྱི་རིམ་པས་འབྱུང་བ་ནི་བསྐྱེད་པའི་རིམ་པ་གསུམ། གྱེན་དུ་རྫོགས་པའི་རིམ་པ་གསུམ་ནི་སྦྱོར་བ་དྲུག་གི་དོན་ཏོ། །ཡང་ན་ཨུཏྤལའི་གནས་སུ་རྫོགས་པའི་རིམ་པའི་དོན་ཏོ། །མཆོག་གི་དགའ་བ་དང་བྲལ་བའི་དགའ་བའི་དོན་གྱིས་ཤར་བ་དང་ནུབ་པ་དང༌། མི་སྣང་བ་དང་ལོངས་སྤྱོད་རླུང་དང་བྱང་ཆུབ་སེམས་ཀྱི་མཚན་ཉིད་དང་བཅས་པའོ། །ཡང་རང་བཞིན་དགའ་བ་ཉིད་ལ་བཤད་


DTG008_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །རླུང་དང་བྱང་ཆུབ་སེམས་ཕྲད་པ་ལས་ནི་དགའ་བའི་བྱེ་བྲག་རང་བཞིན་དགའ་བ་དང་ལྡན་ནས་སྟེང་དང་འོག་གི་འདབ་མར་འཕོ་བ་ནི་དགའ་བའི་གནས་སུ་སེམས་ལ་དབང་བ། མཆོག་གི་དགའ་བ་ལ་སོགས་པའི་རིམ་པས་བདེ་བ་ཆེན་པོ་ཤར་བའོ། །རྩ་དང་བྱང་ཆུབ་སེམས་སུ་ལྡན་ནས་གནས་ཁྱད་པར་ཅན་དུ་བཞག་པས་ནི་རང་བཞིན་དགའ་བ་རྙེད་པས། དེ་ལུས་ལ་སོགས་པའི་ཡན་ལག་རྒྱས་པ་ཡིན་ནོ། །བུམ་པའི་དབང་དང་གསང་བ་དང༌། །ཤེས་རབ་ཡེ་ཤེས་དང༌། བཞི་བའི་གནས་ཀྱི་རིམ་པ་དགའ་བ་ལ་སོགས་པ་དང་ལྡན་པ་དབང་གི་རིམ་པའོ། །དགའ་བའི་རྣམ་པའི་སེམས་ལ་དབང་བཞི་པའི་འབྲས་བུ་དང་བཅས་པས་ཆད་པའི་དགའ་བའི་བདུད་རང་བཞིན་དགའ་བས་འཇོམས་པས་སྲུང་བའི་འཁོར་ལོ་མཆོག་ཏུ་བཤད་པ་སྟེ། རྡོ་རྗེ་དང་རིན་པོ་ཆེ་ལ་སོགས་པའི་མཚམས་དེ་བཞིན་གཤེགས་པའི་ཐུགས་མཚན་ནོ། །དེ་ཡང་རེ་རེའི་དབྱེ་བས་ཟུར་བརྒྱད་པ་ཡང་རིམ་པས་རྒྱས་པ་སློབ་དཔོན་ཁ་ཅིག་གཞུང་གིས་འདོད་པ་ཡིན་ཏེ། དད་པ་ཡིན་ན་གཟུང་བར་བྱའོ། །ཁོ་བོས་ནི་དེ་བཞིན་མི་འདོད་དེ། དེའི་དོན་འདི་ནས་མར་གསལ་བར་སྟོན་ཏོ། །གསང་བ་ཆེན་པའི་ཡེ་ཤེས་མཆོག །ཅེས་བྱ་བ་ལ་སོགས་པ་བསྟན་པར་བྱ་བ་མ་ཡིན་པ་ལ་གསང་བ། སྤྲོས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ངོ་བོ། ཡེ་ཤེས་ཆེན་པོའི་མཆོག་ཉན་ཐོས་ལ་སོགས་པའི་སྤྱོད་པའི་ཡུལ་མ་ཡིན་པ་འདི་ནི་ཐོས་ཤིང་ཤེས་པ་ཙམ་གྱིས་ཀྱང་སའི་བདག་པོར་འགྱུར་བ་ཡིན་ན། བསམ་པ་དང་བསྒོམ་པ་སྨོས་ཀྱང་ཅི་དགོས་ཏེ། བརྗོད་དུ་མེད་པའི་ས་ཐོབ་པར་འགྱུར་རོ། །བརྩོན་འགྲུས་དང་མི་ལྡན་ན་ཡང་འཐོབ་ན་བརྩོན་འགྲུས་དང་ལྡན་ན་སྨོས་ཀྱང་ཅི་དགོས་ཏེ། གདོན་མི་ཟ་བའི་ཐ་ཚིག་གོ །གང་ཞིག་སྙིང་པོའི་སྔགས་འདི་ཉིད། །དེ་ནི་བདག་ཉིད་བཅུ་དྲུག་བདེ། །ཞེས་བྱ་བ་ལ་སོགས་པ་ནི་ཨཱ་ལི་དང་ཀཱ་ལིའི་སྔགས་ལས་ཨོཾ་ལ་སོགས་པའི་སྙིང་པོའི་སྔགས་དང༌། དེ་བཞིན་དུ་ལུས་ལ་སོགས་པའི་གནས་རྣམས་ལ་བཀོད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཡི་གེའི་གཟུགས་ཀྱི་སྙིང་པོའི་སྔགས་དང༌། དེ་བཞིན་དུ་དགའ་བ་ལ་སོགས་པ་ལས་བྱུང་བའི་ཡིད་ཀྱི་སྙིང་པོའི་སྔགས་དང༌། དེ་བཞིན་དུ་ཤེས་རབ་དང་ཐབས་གཉིས་ཕྲད་པའི་སའི་དོན་དམ་


DTG008_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔགས་སོ། །གང་ཞིག་སྐུ་བརྒྱད་མཆོད་སྦྱིན་ནི། །དེ་ནི་མཚན་མ་བརྒྱད་མཆོག་གོ །ཞེས་བྱ་བ་ལ་སོགས་པ་ནི་གནས་དང་ཞིང་ལ་སོགས་པའི་ཛཱ་ལནྡྷ་ར་ལ་སོགས་པའི་གནས་ཀྱི་དབང་དུ་བསྐྱེད་རིམ་བསྒོམ་པའི་མཚན་མ་དང༌། སྤྱི་བོ་ལ་སོགས་པ་ལུས་ཀྱི་གནས་བརྒྱད་དུ། །བྱང་ཆུབ་ཀྱི་སེམས་ཀྱི་སྐུ་བརྒྱད་ཀྱི་མཚན་མ་བརྒྱད་དང༌། འདབ་མ་བརྒྱད་པའི་གེ་སར་དང་བཅས་པར་སྐུ་བརྒྱད་ཀྱི་ཡེ་ཤེས་ཀྱི་མཚན་མ་རྣམས་ནི་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་ལས་བྱུང་བའི་དོན་ཏོ། །གང་ཞིག་མི་སྣང་ལོངས་སྤྱོད་དབང༌། །དེ་ནི་བསྐྱེད་པའི་རིམ་པ་བཞིན། །ཞེས་བྱ་བ་ལ་སོགས་པ་ནི་སྐུའི་དོན་གྱི་བསྐྱེད་པ་དང་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་རྣམས་ལས་ལུས་ལ་བསྐྱེད་པ་དང༌། དགའ་བ་ལ་སོགས་པ་གསུམ་རྡོ་རྗེ་རིན་པོ་ཆེ་གསང་བའི་རིམ་པས་སྐྱེད་པ་སྟེ། རང་བཞིན་དེ་ཁོ་ན་ཉིད་ཤར་བ་ལ་སོགས་པའི་དོན་ཏོ། །དེ་ཉིད་ནི་འབྲས་བུའི་བདེ་བ་ཆེན་པོ་ཉིད་དོ། །སྐལ་ལྡན་མོ་གང་ཡེ་ཤེས་སྐུ། །ད་ནི་རིམ་སོགས་ཡན་ལག་སྤངས། །ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ལ་སོགས་པ་བསྙེན་བསྒྲུབ་དང༌། ཡན་ལག་དྲུག་དང་བྲལ་པ་དང༌། ལུས་ཀྱི་འཁོར་ལོ་ལ་སོགས་པའི་ཡན་ལག་དང༌། སྤྲུལ་པའི་འཁོར་ལོ་ལ་གསང་བའི་རྡོ་རྗེ་རིན་པོ་ཆེ་ལ་སོགས་པའི་དགའ་བ་དང་སྦྱོར་བའི་ཡན་ལག་ཀུན་གྱི་བདག་ཉིད་སྤངས་པ་ཅན་གྱི་ཡེ་ཤེས་ཆེན་པོའི་སྐུ། མཆོག་ཏུ་ཕྲ་བ་མི་འགྱུར་བ་མི་ཟད་པ། སྐྱེ་བ་དང་འགག་པ་མ་ཡིན་པ་རྣམ་པར་རྟོག་པ་ཐམས་ཅད་སྤངས་ནས། བདེ་བའི་ཡེ་ཤེས་ཆེན་པོ་ཉིད་ལས་རོལ་པའོ། །ལྷ་མོ་གང་ཞིག་གསང་བའི་སྒྲ། །དེ་ནི་ཡེ་ཤེས་གསུམ་དང་བྲལ། །ཞེས་བྱ་བ་ལ་སོགས་པ་ནི་དམ་ཚིག་མེད་པའི་སྤྱོད་ཡུལ་མ་ཡིན་པ་ལ་སོགས་པ་ནི་གསང་བ། སྐུ་དང་གསུང་དང་ཐུགས་གསུམ་དང་བྲལ་བའི་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའ་དང༌། སྐུའི་འཁོར་ལ་སོགས་པའི་བདག་ཉིད་དང་བཅས་པ་དང་སྲོག་མའི་རྩ་ལ་སོགས་པ་གསུམ་ག་བུར་དང་བཅས་པ་ལས་དེ་དག་གི་བདག་ཉིད་རྟོག་པ་མེད་པའི་མཚན་ཉིད་ཀྱི་ཡེ་ཤེས་དང༌། སྐུའི་གསང་བའི་རྡོ་རྗེའི་རྩ་བའི་དག་པ་ཐབས་དང་ཤེས་རབ་ལས་བྱུང་བ་རྣམ་པ་སྣ་ཚོགས། མགྲིན་པར་མཆོག་གི་དགའ་བ་མཆོག་ཏུ་གསང་


DTG008_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམ་པར་སྨིན་པ། རྩེ་མོའི་གནས་སུ་བྲལ་བའི་དགའ་བ་ཤིན་ཏུ་གསང་བ་རྣམ་པར་འཇོམས་པ་ལ། ལྟེ་བའི་གནས་སུ་རང་བཞིན་དགའ་བ་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་དང་བྲལ་བའི་གསུམ་གྱི་བདག་ཉིད་རྣམ་པའི་མཚན་ཉིད་དོ། །ཡང་ན་དེ་རྣམས་ཀུན་ཀྱང་གསུམ་བའི་བདག་ཉིད་རང་བཞིན་པ་དེ་རང་ནས་རྙེད་པའོ། །ལྷ་མོ་གང་ཞིག་དམ་ཚིག་ནི། །བསྲུང་བ་ལ་སོགས་ངེས་པར་བསྟན། །ཞེས་བྱ་བ་ལ་སོགས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་དམ་ཚིག་བསྲུང་ཞིང་བདུད་རྩི་ལྔ་ལ་སོགས་པ་བཟའ་བ་དང༌། སྙིང་གང་མི་ཤིགས་པ་ཉི་ཟླའི་དབུས་སུ་བྱང་ཆུབ་སེམས་ཀྱི་བདུད་རྩི་དམ་ཚིག་བསྲུང་ཞིང་བཟའ་བ་དང༌། ཡེ་ཤེས་ཀྱི་དམ་ཚིག་རང་བཞིན་དགའ་བ་མཆོག་དང་བྲལ་བ་དགའ་བའི་དབུས་སུ་བདུད་རྩི་ཡེ་ཤེས་ཀྱི་དམ་ཚིག་བསྲུང་བ་དང་བཟའ་ཞིང་ཚིམ་པར་བྱའོ། །འཁོར་ལ་ཡང་གསུངས་པ་ཡིན་ཏེ། བླ་མའི་ཁ་ལས་སོ། །གང་ཞིག་སྦྱིན་སྲེག་དོན་དམ་པར། །དེ་ནི་ཧ་ཞེས་གློ་བུར་པ། །ཞེས་བྱ་བ་ལ་སོགས་པ་ནི། ཞིབ་དང་རྒྱས་པ་ལ་སོགས་པའི་ལས་རྣམས་ཀུན་ཇི་ལྟར་རིགས་པ་བཞིན་བྱ་སྟེ། བཟའ་བ་དང་བཏུང་བ་ལ་སོགས་པའི་སྦྱིན་སྲེག་དང༌། ཡང་ན་ཆུ་རྒྱུན་པ་ལས་པའི་དོན་གྱིས་བསྟན་པའམ། འཁོར་ལོ་རྣམས་ལ་མཁའ་འགྲོ་མའི་སྔགས་ཧའི་ཡི་གེས་སྦྱིན་པར་བྱ་བའི་སྦྱིན་སྲེག་དང་ཚུལ་དང་ཆ་དེའི་དབུས་རྣམ་པར་རྟོག་པའི་སྲེག་རྫས་བཙལ་ཏེ། རྩའི་མཁའ་འགྲོ་མའི་སྔགས་ཀྱིས་མཆོད་པའི་ཧའི་སྔགས་ཀྱི་ཐིག་ལེའུ་དབུས་སུ་མཆོད་སྦྱིན་བྱས་པས་སྦྱིན་སྲེག་གེ་དགའ་བའི་འབྲས་བུ་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་དོ། །གང་ཞིག་བསྲུབ་དང་བསྲུབ་ཐབས་ནི། །དེ་ནི་ཐོག་མའི་དགའ་དང་བྲལ། །ཞེས་བྱ་བ་ལ་སོགས་པ་ནི་བསྐྱེད་པའི་ཐབས་དང་ཤེས་རབ་ལས་འབྱུང་བའི་དགའ་བའི་རིམ་པ་ལས་རང་བཞིན་དགའ་བ། རྐན་གྱི་པདྨ་དང་རྡོ་རྗེའི་དགའ་བའམ། །འཁོར་ལོའི་བསྲུབ་པ་དང་བསྲུབ་ཐབས་དམ་ཚིག་གི་ཕྱག་རྒྱ་དང༌། དེ་བཞིན་གནས་ཀྱི་རིམ་པས་བསྟན་ཏེ། ཐོག་མ་དང་ཐ་མ་གཉིས་སུ་མེད་པའི་རང་བཞིན་དགའ་བ་མཆོག་དང་བྲལ་བའི་བསྲུབ་པ་དང་བསྲུབ་ཐབས་ཏེ། དེ་དག་རྣམས་སྤངས་པའོ། །ལྷ་མོའི་གང་ཞིག་སྔགས་ཀྱིས་བཟླས། །དེ་ནི་སྲིད་པ་འདས་པའི་ཡིད། ཅེས་བྱ་བ་ལ་སོགས་


DTG008_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔགས་ཀྱི་སྒྲས་ནི་ཐབས་ཤེས་སྐྱེས་སོ། །ཤེས་རབ་ནི་ཡུམ་ཐབས་ནི་ཡབ་ཉིད་སྲིད་པ་དང༌། མྱ་ངན་ལས་འདས་པ་གཉིས་སྦྱོར་པ་གཉིས་དང་བྲལ་བ་དང༌། སྲོག་དང་རྩོལ་བའི་རླུང་འགོག་པས་དེ་དག་བཟའ་བར་བྱས་ནས་དེ་བཞིན་དུ་མཉམ་པར་བྱས་ཏེ་སྲོག་དང་རྩོལ་བ་ལ་བལྟ་བར་བྱའོ། །ཡང་ན་སྔགས་ཀྱི་བཟླས་པའི་དོན་ནི་དགའ་བ་གསུམ་པོ་སྲིད་པ་དང་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་དུ་གསུམ་པོའི་བདག་ཉིད་མཆོག་དང་བྲལ་བ་གཉིས་ཀྱི་ངོ་བོ་གཉིས་དང་བྲལ་བའོ། །འདི་སྐད་དུ་ཡང་འབྱུང་སྟེ། ཐིག་ཚུལ་ཆ་དང་བྲལ་བ་དང༌། །ཐིག་ལེ་ཚུལ་དང་ཆ་ཡི་ནང༌། །རྣལ་འབྱོར་པ་ཡི་དེར་ཡིད་བསམ། །ཆ་ཡི་ནང་དུ་བསམ་བྱ་སྟེ། །ཡང་ན་ཚུལ་གྱི་ནང་དུའོ། །ཚུལ་ཡང་ཐིག་ལེར་བསྒོམ་པར་བྱ། །ཐིག་ལེ་ཡང་ནི་སྟོང་པར་འགྲོ། །སྟོང་པ་རང་བཞིན་དགའ་བ་ཉིད། །གསུམ་དང་བྲལ་བ་བསམ་སྐྱེས་མཆོག །ཅེས་གསུངས་སོ། །ལྷ་མོ་གང་ཞིག་གནས་བརྒྱད་ནི། །དེ་ནི་ཉི་སྐྱེས་མའི་ནི་རྒྱས། །ཞེས་བྱ་བ་ལ་སོགས་པ་ལ། གནས་བརྒྱད་ནི་དཀྱིལ་འཁོར་གྱི་གདན་པདྨོའི་གདན་ཤར་ཕྱོགས་ལ་སོགས་པའི་གནས་དང་ཞིང་ལ་སོགས་པ་བརྒྱད་དུ་ལྷ་དང་ལྷ་མོའི་དངོས་པོས་བསྐྱེད་ལ་གསལ་བར་ཤར་བ་དེ་བཞིན་དུ་གནས་ཀྱི་དཀྱིལ་འཁོར་རྫོགས་པའོ། །ཉི་མ་སྐྱེས་པའི་ནི་པདྨའི་གདན་རྣམས་དང་བཅས་པ་དང༌། སྤྱི་བོའི་རྩའི་པདྨའི་གདན་དང་ལྡན་པ་བརྒྱད་དམ་འདབ་མ་བརྒྱད་པ་པདྨ་དང་ལྟེ་བར་བཅས་པའི་ལྷག་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བ་དང་ཡེ་ཤེས་ཀྱི་བྱེ་བྲག་གིས་གཉིས་སུ་མེད་པའི་ཡེ་ཤེས་རྒྱས་ཤིང་ཤར་བའོ། །གང་ཞིག་དགའ་བ་ལ་སོགས་རིམ། །དེ་ནི་རིམ་གྱིས་གཉིས་སུ་དབྱེ། །ཞེས་བྱ་བ་ལ་སོགས་པ་ནི་མཁའ་འགྲོ་མ་ལ་སོགས་པས་ལུང་བསྟན་པའི་ཕྱག་རྒྱ་རྙེད་པ་ལས་སྦྱོར་བའི་ཡེ་ཤེས་དང་བཅས་པའི་དམ་ཚིག་སྣ་ཚོགས་པ་བྱས་པས་ས་དང་པོ་ནས་ས་བརྒྱད་པའི་བར་རོ། །ཕྱག་རྒྱ་དང་བྲལ་ནས་སོ་སོར་སྤྱོད་པའི་ཁྱད་པར་མི་འདྲ་བ་སྣ་ཚོགས་པ་བྱས་མོད་ཀྱི། །འོན་ཀྱང་མཚན་མ་མེད་པའི་དབང་གིས་རྣམ་པ་དང་བྲལ་བ་ས་བཅུ་པའི་དབང་ཕྱུག་ཐོབ་པའི་བདག་ཉིད་དོ། །དེ་སྐད་དུ་ཡང༌། ལ་ལར་ཆང་གིས་ར་རོ་དང༌། །ཞེས་པ་ལ་སོགས་པའི་སྤྱོད་པ་དང༌། ཡང༌།


DTG008_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་དབང་ཕྱུག་ཆེན་པོ་ཉིད། །རང་དབང་གིས་ནི་ཀུན་དུ་བརྟགས། །ཞེས་གསུངས་སོ། །ཡང་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པའི་གཞུང་གིས་ལས་དང་པོ་པའི་རྣལ་འབྱོར་པས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པར་བྱ་བ་ཡིན་ཏེ། དབང་པོའི་རིམ་པ་དང་སྦྱོར་ལ། དེ་ནས་དམ་ཚིག་ལ་སོགས་པའི་རིམ་པའི་ཕྱག་རྒྱ་ལ་བརྟེན་ཏེ། ས་བརྒྱད་པ་མཚན་མ་མེད་པའི་དོན་གྱིས་ས་བཅུའི་དབང་ཕྱུག་རྙེད་པའོ་ཞེས་བཤད་དོ། །འདི་རང་གི་འོག་ནས་ནི་དང་པོ་དགའ་བ་དང་བཅས་པ་ལས་དང་པོ་ལ་སྦྱིན་པར་བྱ་བ་ལ་སོགས་པ་གསུངས་སོ། །གང་ཞིག་དུར་ཁྲོད་རྣམ་རྟོག་བྲལ། །དབུགས་དབྱུང་ལ་སོགས་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །ཤི་བའི་རོ་ལ་དབུགས་ལ་སོགས་པའི་རྣམ་པར་རྟོག་པ་བྲལ་བའི་དུར་ཁྲོད་ཀྱི་བྱེ་བྲག་བསྒོམ་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་གནས་མཆོག་ཏུ་གྱུར་པའི་སའི་དུར་ཁྲོད་དང་རྫོགས་པའི་རིམ་པའི་དུར་ཁྲོད་དུ་གཟུང་བ་དང༌། འཛིན་པའི་རྣམ་པར་རྟོག་པ་ཚིག་ཅིང་བདེ་བའི་ཡེ་ཤེས་ཀྱི་རོ་མྱང་བ་རླུང་འབྱུང་བས་རྡུལ་དང་བྲལ་བའི་ག་པུར་ཞུ་བས་བསྐྱེད་པ་དང༌། རྫོགས་པའི་མཚན་ཉིད་ཀྱིས་གཉིས་སུ་མེད་པའོ། །ལྷ་མོ་གང་ཞི་ཆུ་ཡི་ངོགས། །དེ་ནི་རྟོག་མེད་མ་ཡི་མཐར། །ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཐོབ་པར་བྱ་བའི་གནས་ཀྱི་དབྱེ་བ་ནི་གསང་བའི་རིན་པོ་ཆེ་སྙེ་མའི་ཁ་དང༌། ཚངས་པའི་ཡུལ་སའི་ལྟེ་བའི་སྙིང་པོའི་གནས་དེའི་དོན་གྱིས་རྟོག་པ་མེད་པའི་མཐའ་མ་བྱང་ཆུབ་ཀྱི་སེམས་བདེ་བའི་ཆུ་བོ་འབབ་པའོ། །ཡང་ན་སྲོག་པ་རྩ་གསུམ་པ་དང་ལྡན་པའི་གནས་ནས་བདེ་བའི་ཆུ་བོ་འབབ་པའི་གནས་ཏེ། དགའ་བ་བཅུ་དྲུག་གི་གནས་བགྱིད་པའི་ཕྱིར་རོ། །རྟོག་མེད་མ་ནས་ནི་རྟག་ཏུ་བྱང་ཆུབ་སེམས་ཀྱི་ཆུ་འབབ་པ་སྟེ། སྲོག་པ་རྩའི་དབུས་ན་བཞུགས་པའོ། །དུར་ཁྲོད་དང་ཆུ་ངོགས་ཀྱི་གནས་དེར་ནི་བཞི་བ་ཡེ་ཤེས་ཀྱི་སྐུ་བསྒོམ་མོ། །གང་ཞིག་སྣང་བ་སོགས་ཡེ་ཤེས། །ས་དང་ཆུ་དང་ཞེས་བྱ་བ་ལ་སོགས་པ་ནི། རང་བཞིན་རྣམས་རིམ་པས་ཕུང་པོ་དང་ཁམས་ལ་སོགས་པ་ལ་ཐིམ། དེ་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་ལ་ཐིམ་པ་ལས་འོད་རང་ལ་ཐིམ་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་མཐོང་བའོ། །འདིའི་དོན་ནི་འོག་ནས་རྒྱས་པར་གསུངས་སོ། །གཞན་ནི་འདི་སྐད་དུ་འབྱུང་བའི་


DTG008_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡིས་མཚོན་པ་ཙམ་སྟེ། སྣང་བ་བཞིའི་ཡེ་ཤེས་སྐྱེ་བའི་རིམ་པ་བསྟན་པའི་རིམ་པར་བསྟན་ཟེར་རོ། །གང་ཞིག་དངོས་པོ་རྟེན་ལ་སོགས། །དེ་ནི་བདེ་བ་དང་པོར་རིག །ཅེས་བྱ་བ་ལ་སོགས་པ་ལ། དངོས་པོ་ནི་ཤེས་རབ་མའི་ལྟེ་བ་ལ་སོགས་པའི་སྦྱོར་ཐབས་རྣམས་དང་པོའི་དགའ་བ། རྟེན་ནི་རྩའི་མདུད་པའི་ལྟེ་བ་རྣམས་དབུས་ཀྱི་དགའ་བ། ཡེ་ཤེས་ནི་རླུང་དང་དགའ་བ་རྣམས་ཀྱི་བདག་ཉིད་ཐ་མའི་དགའ་བ། རྣམ་པར་འབྱེད་པ་ནི་འོད་ལ་སོགས་པའི་ཐིག་ལེ་རྣམས་བཞི་པའི་དགའ་བའོ། །གཞན་ཡང་དངོས་པོ་ནི་བདེ་བ་ཆེན་པོའི་འཁོར་ལོ་སྲོག་མའི་ལྟེ་བ་དང་བཅས་པ་དགའ་བཞིའི་རྣམ་པའོ། །རྟེན་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྩ་རོ་མའི་ལྟེ་བ་དང་བཅས་པ་མཆོག་གི་དགའ་བའོ། །ཡེ་ཤེས་ནི་ཆོས་ཀྱི་འཁོར་ལོ་འཛིན་མའི་ལྟེ་བ་དང་བཅས་བ་བྲལ་བའི་དགའ་བའོ། །རྣམ་པར་འབྱེད་པ་སྤྲུལ་པའི་འཁོར་ལོ་རྟོག་མེད་མ་དང་བཅས་པ་རང་བཞིན་གྱི་དགའ་བའོ། །འདིར་ནི་གསང་བའི་གནས་ཀྱི་བྱེ་བྲག་གིས་དགའ་བ་དང༌། མཆོག་གི་དགའ་བ་ལ་སོགས་པའི་བྱེ་བྲག་གིས་གསུངས་ཏེ། བཞི་པ་རང་ཉིད་ལས་སྤྱོད་པས་ངེས་པར་དབྱེ་བ་ཡིན་ནོ། །ལྷ་མོ་གང་ཞིག་དུར་ཁྲོད་བརྒྱད། །དེ་ནི་བདེ་བ་ལ་ཐིམ་ཞེས་བྱ་བ་ལ་སོགས་པ་ནི་མི་ཟད་པ་དང་མི་སྡུག་པ་དང༌། ཅི་སྦྱང་གི་ཚོགས་དང་འཇིགས་སུ་རུང་བ་དང༌། ཤ་ཟའི་ཁྭ་དང༌། ཧ་ཧར་དགོད་པ་དང༌། ནག་པོའི་མེ་འབར་བ་དང༌། འཇིགས་བྱེད་ཀྱི་དུར་ཁྲོད་བརྒྱད་དོ། །ཁ་དང་སྣ་ལ་སོགས་པ་བརྒྱད་དང༌། འདིར་ནི་ག་བུར་ཀྱི་རྣམ་པ་ལ་དབྱེ་བ་བྱའོ། །རྡོ་རྗེར་གནས་པ་རུས་པ་དཀར་པོའི་ཁ་དོག་ཅན་དང༌། དེ་རང་ཚ་བས་ན་ནག་པོའི་མེ་འབར་བ་དང༌། བདེ་བ་ཆེན་པོ་གནས་པས་མི་བརྟེན་པ་མ་ཡིན་པ་དང༌། སྦྱོར་བ་དང་དགའ་བ་རྣམས་ནི་དུམ་བུ་དང༌། མགོ་བོ་ལ་སོགས་པ་དང༌། དགའ་བ་གཉིས་གོང་འོག་ཏུ་འཕོ་བས་སྭ་སྭ་ཙེག་ཙེག་དང༌། རང་བཞིན་དགའ་བས་མ་གྲུབ་པས་ཕྱེད་ཚིག་པ་དང༌། སྲོག་གི་རླུང་ཕྱིར་མི་རྒྱུ་བས་ཤིན་ཏུ་ཚིག་པ་དང༌། རྩའི་ཡན་ལག་ཀུན་ལ་རི་བོང་ཅན་རྒྱས་པས་རུས་པ་དཀར་པོ་བཀྲམ་པར་བསྟན་ཏེ། དེ་རྣམས་ཀྱང་འདབ་མ་བརྒྱད་པའི་ལྟེ་བའི་རང་བཞིན་དགའ་བའི་བདེ་བར་རོ་གཅིག་པའི་ཕྱིར་རྣམ་པར་རྟོག་པའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི། དུར་


DTG008_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་བརྒྱད་ཀྱི་དོན་བདེ་བ་ཆེན་པོ་བདག་མེད་པའོ། །གང་ཞིག་ཤིང་ལ་སོགས་པའི་དོན། །ཞེས་བྱ་བ་ལ་སོགས་པ་ནི་དུར་ཁྲོད་བརྒྱད་ཀྱི་དོན་གྱིས་ཤིང་བརྒྱད་པའི་དོན་གོ་སླ་བའོ། །གང༌། རླུང་དེ་ཁོ་ན་སྙིང་པོའི་དོན། །དེ་ཡི་རིན་ཆེན་གདུ་བུའི་བདེ། །ཞེས་བྱ་བ་ལ་སོགས་པ་ནི་སྲོག་མ་ལ་སོགས་པའི་སྙིང་པོའི་དོན་ནི་ཕྱག་རྒྱ་རྣམས་ལ་བརྟེན་ཏེ། རླུང་མ་དང་གཉིད་མར་ལྡན་པའམ། བདེ་བའི་བྱང་ཆུབ་སེམས་བཞུ་ནས་བཅས་པའི་ཡེ་ཤེས་རིན་པོ་ཆེ་གསང་བའི་གནས་སུ་རང་བཞིན་དགའ་བས་དེ་ཁོ་ན་ཉིད་ཀྱི་དོན་གསལ་བའི་རླུང་གིས་སོ། །ལྷ་མོ་གང་ཞིག་འཇུག་ལ་སོགས། །དེ་ནི་གྱེན་དུ་གཟུང་བའི་རླུང༌། །ཞེས་བྱ་བ་ལ་སོགས་པ་ལ། འཇུག་པ་ནི་གཡོན་ཕྱོགས་ཀྱི་འཛིན་མ། བྱང་ཆུབ་སེམས་དང་ལྡན་ནས་སྲོག་གི་རླུང་གྱེན་དུ་དགུག་པས་རང་བཞིན་དགའ་བའོ། །གནས་པ་ནི་རྟོག་མེད་མ་ཉིད་ལ་དུས་རྟག་ཏུ་གནས་པའོ། །འགྲོ་བ་གཡས་ཕྱོགས་ཀྱི་རོ་ཅན་མ། ལོངས་སྤྱོད་དང་དབང་མི་སྣང་བའི་ངོ་བོས་སོ། །ཡང་ན་གཏུམ་མོ་འཇུག་པའི་བྱ་བ་བྱེད་པ། རྟོག་མེད་མ་གཟུང་འཛིན་དང་བྲལ་བའི་དོན་གྱིས་གནས་པ། བྱ་གདོང་མ་དང་རང་བཞིན་དགའ་བ་ཡེ་ཤེས་འགྲོ་བའོ། །དེ་ཡང་རང་བཞིན་གྱི་རླུང་གྱེན་ལ་བཟུང་བས་ཉམས་སུ་མྱོང་བའི་གནས་སུ་བསྟེན་པ་ནི་གོམས་པའི་སྦྱོར་བས་བདེ་བ་ཆེན་པོ་རྙེད་པའོ། །གང་ཞིག་ཉེར་འགྲོའི་བསམ་གཏན་ནི། །དེ་ནི་ཟླ་བ་གྱེན་དུ་བྱེད། །ཅེས་བྱ་བ་ལ་སོགས་པའི་དོན་ཏོ། །རིན་པོ་ཆེའི་པདྨའི་གསང་བའི་པདྨའི་སྙིང་གའི་འོག་གི་སྒོར་གནས་པའི་རི་བོང་ཅན་རང་བཞིན་དགའ་བའི་སྙིང་གར་འགྲོ་བའོ། །ཡང་ན་སྙིང་གའི་ཉི་ཟླའི་བར་ན་མོའི་བདེ་བའི་བྱང་ཆུབ་སེམས་རིམ་པས་བདེ་བ་ཆེན་པོའི་འཁོར་ལོ་ནས་བདེ་བར་སྤྲོས་པ་དང་བྲལ་བའི་གནས་སུ་གཤེགས་སུ་གསོལ་བའོ། །ཕྱག་རྒྱ་ལ་བརྟེན་པའི་རྒྱུའི་ཕྱིར་ན་ཞེས་མན་ངག་གོ །གནས་ནས་ནི་བསྐྱེད་པ་དང་རྫོགས་པའི་མན་ངག་གིས་ཡང་དག་པའི་གནས་བདེ་བ་ཅན་གྱི་ཐམས་ཅད་མཁྱེན་པའི་ཉེ་བར་འགྲོ་བའི་བསམ་གཏན་ཞེས་གྲགས་སོ། །གང་ཞིག་ཡེ་ཤེས་ཐིག་ལེ་ནི། །དེ་ནི་དྲུག་ཕྱེད་གསུམ་དང་བྲལ། །ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་ཀྱི་བདག་ཉིད་ཡེ་ཤེས་ཐིག་ལེ་ཉིད། ཕྱི་ལ་


DTG008_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་དོན་གྱིས་བསྡུས་པ་རང་བཞིན་དགའ་བ་གསུམ་དང་བྲལ་བ། དགའ་བ་བཅོ་ལྔ་དང་ཡང་བྲལ་བ་བཅུ་དྲུག་པ་བརྗོད་དུ་མེད་པའི་རང་བཞིན་བཅོ་ལྔ་སའི་དབང་ཕྱུག་འཕོ་བ་མེད་པ་བཞུགས་སོ། །སྔར་ཁུངས་དྲངས་པ་འདི་ལ་དགོངས་པ་ཡིན་ནོ། །གང་ཞིག་བདག་གི་རང་ངོ་མཆོག་དེ་ནི་སྟོར་ཡང་ཉམས་སུ་མྱོང༌། །ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་དོན་ཕྱི་ནས་བསྟན་པ་བཞིན་བཅོམ་ལྡན་འདས་མ་ཡང་བསྟན་པ། ལྷ་མོ་མཁའ་འགྲོ་མའི་རང་བཞིན་རྩ་བའི་གཟུགས་ཀྱིས་སམ། འོད་ཀྱི་ངོ་བོས་གསང་བའི་པདྨའི་སྙིང་གནས་བསྐུལ་བའི་དོན་ལ་གཤེགས་ཏེ། བདེ་བ་ཆེན་པོའི་རྡོ་རྗེ་འཛིན་པ་དང་བཅས་ནས་རང་བཞིན་དགའ་བའི་གནས་སུ་བྱོན་པའི་ཐ་ཚིག་གོ །དེ་ནས་ཡང་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་གནས་སུ་གཤེགས་ནས་སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་སེམས་ལ་བཞུགས་ཤིང་རྒྱས་བཏབ་པ་ཡིན་ནོ། །གཉིས་སུ་མེད་པའི་ཕྱག་རྒྱ་ཆེན་པོ་ཞེས་གསུངས་སོ། །གང་ཞིག་ས་རྣམས་དབང་བྱེད་པ། །དེ་ནི་དེ་ཉིད་དྲུག་རང་བཞིན། །ཞེས་བྱ་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་དྲུག་ནི། སྦྱོར་བ་དྲུག་གི་དོན་གྱིས་དེ་ཁོ་ན་ཉིད་བཞི་བཅུའི་བདག་ཉིད་དྲུག་དང་སྦྱར་བས་ན། ས་རྣམས་དང་རིམ་པས་སྦྱར་བའོ། །དེ་སྐད་དུ། གཞན་མཆོག་ཚིག་གིས་བརྗོད་དུ་མེད། །རྣམ་པར་དག་པ་ཁོ་ན་ཉིད། །ཐམས་ཅད་ཁོ་ནའི་བདག་ཉིད་ཕྱིར། །དེ་བས་བྱེ་བྲག་མི་བྱའོ། །ཞེས་གསུངས་སོ། །དེ་ཡང་འདིར་རང་གི་འོག་ནས་གསུངས་སོ། །གཞན་ནས་དགའ་བའི་རིམ་པ་དང་སྦྱར་བ་དང་སའི་རིམ་པས་བཤད་པར་བཞུགས་སོ། །གང་ཞིག་དེ་བཞིན་གཤེགས་པའི་སྐུའོ། །དེ་ནི་དགའ་བ་དགའ་དང་བྲལ། །ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་དང་ཉོན་མོངས་པའི་འདོད་ཆགས་ལ་སོགས་པ་ཀུན་ཡེ་ཤེས་ལྔ་ལས་གྲུབ་པའི་སྐུ་ཡིན་ཏེ། བྱང་ཆུབ་སེམས་བདེ་བ་དཀར་པོ་དང། ནག་པོ་ལ་སོགས་པའི་རིམ་པས་དགའ་བ་བཞིའི་དགའ་བའི་དེ་ཁོ་ན་ཉིད་དོ། །ཡང་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སྒྲས་བྲལ་བའི་དགའ་བ་ཉེ་བར་བརྟགས་པ་ཙམ། །དེ་ལས་ཡང་རང་བཞིན་དགའ་བ་བདེ་བ་ཆེན་པོ་ཉིད་མྱ་ངན་ལས་འདས་པའི་དོན་ཏོ། །ལྷ་


DTG008_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གང་ཞིག་རྒྱུད་བསྟན་པ། །དེ་ནི་བདེ་བ་ཤིན་ཏུ་འཕེལ། །ཞེས་བྱ་བ་ལ་སོགས་པ་ནི་རྩ་བའི་རྒྱུད་ལ་སོགས་པའི་རིམ་པ་པས་དོན་རྒྱས་ཤིང་ཟབ་པ་དེ་བཞིན་དུ། ཕྱི་ལ་སོགས་པའི་བདེ་བའི་ཡེ་ཤེས་རིམ་པས་ཉམས་སུ་མྱོང་བས་འཕེལ་བ་དང་རྒྱས་པའི་དོན་ཡིན་ནོ་འདིར་གཞི་དང་བཅས་པའི་རང་བཞིན་བདེ་བའི་སྣང་བ་མར་མེ་དེའི་ངོ་བོ་ཉིད་གཞི་མེད་པའི་བདེ་བ་ཆེན་པོ་ཉིད་གསལ་བ་ཞེས་པའོ། །ཡང་ན་རྒྱུའི་རྒྱུད་ཉིད་འབྲས་བུར་གྲུབ་པའི་ཐ་ཚིག་གོ །གང་ཞིག་ཕྱག་རྒྱ་ཆེ་རང་བཞིན། །དེ་ནི་མི་སྣང་ཚོགས་ཡིད་འདས། །ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུམ་གྱི་བདག་ཉིད་ཕྱག་རྒྱ་ཆེན་པོའི་རང་བཞིན་དགའ་བ་བརྗོད་པ་ལ་སོགས་པའི་མཚན་མ་དང་བྲལ་བ། རིན་པོ་ཆེའི་གདུ་བུའི་རང་བཞིན་དགའ་བས་མཚོན་པའི་ཉམས་སུ་མྱོང་བས་ཀུན་གྱི་བདག་ཉིད་ཀུན་གྱི་ངོ་བོ་ཀུན་སྤངས་པའོ། །འདི་སྐད་དུ་ཡང༌། ཤར་བ་མ་ཡིན་ནུབ་མ་ཡིན། །མ་སྐྱེས་ཆ་ནི་རྟག་ཏུ་ཤར། །ཡང་དག་དྲི་མེད་རྣམ་པའི་འོད། །དུས་དང་གནས་སྐབས་གྲོལ་བའོ། །ཞེས་པ་དང༌། ཡང༌། རྣལ་འབྱོར་པ་ཡིས་རྙེད་དཀའ་བ། །དེ་ཡང་ཐབས་རབ་ཀྱིས་རྙེད་ལ། །ཐབས་རབ་མེད་ན་རྣམ་ཡང་མིན། །ཞེས་གསུངས་སོ། །ཇི་ལྟར་བསྐུར་བའི་ཐབས་དང་བཅས་པའོ། །གང་ཞིག་གསང་བ་དོན་དམ་པར། །དེ་ནི་ནང་གི་རེག་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་མཆོག་གི་གསང་བ་རྙེད་པར་དཀའ་བ་ནི་གསང་བའི་རྡོ་རྗེའི་རིན་པོ་ཆེའི་ནང་དུ་བྱང་ཆུབ་ཀྱི་སེམས་བསྟན་པས་ནང་གི་རེག་བྱ་འཇམ་པ་ཕྲ་བའོ། །དེ་ལ་མཚན་མའི་རྣམ་པ་དང་བྲལ་བའི་རེག་བྱ་དང་བྲལ་བའི་རང་བཞིན་དགའ་བ་གསང་བ་རབ་ཏུ་གྱུར་པའོ། །ཡང་ན་དགའ་བའི་བྱེ་བྲག་གི་མཚན་མ་སྤངས་པ་བརྗོད་དུ་མེད་པའི་དགའ་བ་དག་ཅིང་དྲི་མ་མེད་པའོ། །དེ་སྐད་དུ། ཇི་ལྟར་གཞོན་པའི་ཆགས་དགའ་དང༌། །ཇི་ལྟར་ལྐུགས་པའི་རྨི་ལམ་བཞིན། །ཞེས་བཤད་པ་ཡིན་ནོ། །དེ་ནས་ཐམས་ཅད་ཀྱི་བདག་ཉིད་རང་བཞིན་དགའ་བ་ནམ་མཁའ་བཞིན་གོས་པ་མེད་པའོ། །གང་ཞིག་བསྐུལ་བའི་མཆོད་པའི་དོན། །དེ་ནི་དྲི་མེད་བདེ་བ་འབྱུང༌། །ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་དགའ་བ་ཉིད་དུ་གྱུར་པ་ལ། མཁའ་འགྲོ་མའི་


DTG008_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་དྲུག་ལྡན་ལ་སོགས་པས་བསྐུལ་བ་ནི་མཐོང་བའི་ཐབས་སོ། །དེ་ནས་ཇི་ལྟ་བ་བཞིན་རང་བཞིན་དང་ཐ་དད་པར་མཐོང་བ་དང༌། ཡང་ཉིད་རང་བཞིན་དགའ་བའི་དོན་གྱིས་བཞུགས་པ་བཞིན། །བདེ་བ་ཆེན་པོའི་བཅོམ་ལྡན་འདས་ལ་རྩའི་འཁོར་ལོ་རྣམས་དང་བཅས་པའི་འོད་ཟེར་བཅས་པའི་སྒྲས་བསྐུལ་བས། །འཁོར་ལོ་ལ་སོགས་པའི་ཁྱད་པར་ཅན་གྱི་དགའ་བའི་གནས་སུ་བཞུགས་པ་མཐོང་བ་ནི་དྲི་མེད་འབྱུང་བའོ། །དེ་སྐད་དུ། རྡོ་རྗེ་འཛིན་པ་བདེ་བ་ཆེན། །གནས་མཆོག་དམ་པ་ཀུན་ན་བཞུགས། །བཅོམ་ལྡན་འདས་ནི་བདེ་ཆེན་གནས། །སྤྲུལ་སྐུ་རྡོ་རྗེ་གདན་གནས་བཞུགས། །ཞེས་གསུངས་སོ། །དེ་རང་བཞིན་དགའ་བའི་དོན་ལ་གཟིགས་ཏེ། སྐུ་གསུམ་དབྱེར་མེད་པའོ། །འདས་པ་ལ་ནི་ཡང་སྐྱེ་བ། །ཞེས་བྱ་བ་ནི་རང་བཞིན་གྱིས་སྔར་གཤེགས་པའི་ལམ་ཡང་སྐྱེས་པ་སྟེ། ཀུན་དུ་རྒྱས་པའི་ཕྱིར་རོ། ཕྱིས་སླར་ལ་བདེ་བ་ཆེན་པོའི་འཁོར་ལོའི་གནས་སུ་གཤེགས་པ་ནི་སྐྱེ་བ་དེ་ལ་འཕེལ་བའོ་ཞེས་བྱ་སྟེ། མཆོག་གི་དགའ་བའི་དོན་གྱིས་རྩའི་མཁའ་འགྲོ་མ་ལ་སོགས་པ་ཀུན་བདེ་བ་ཆེན་པོའི་སྐུར་བཞུགས་པའོ། །ལྷ་མོ་ཤེས་རབ་ཡེ་ཤེས་གང༌། །དེ་ནི་ཁ་དང་སྙིང་གར་བདེ། །ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་བཞིན་ཤེས་རབ་དང་ཡེ་ཤེས་དབྱེའོ། །འདི་རིན་པོ་ཆེ་ཁའི་གནས་སུ་ཤེས་རབ་ཀྱི་དབང་དེའི་སྙིང་གར་ཡེ་ཤེས་ཀྱི་དོན་ཏོ། །དེ་ནས་གཞི་དང་རང་བཞིན་དགའ་བའོ། །ཡང་ཤེས་རབ་ཀྱི་ཁར་ཤེས་རབ། དེ་ནས་སླར་གྱི་ཐབས་ཀྱི་སྙིང་གར་ཡེ་ཤེས་དེའི་རང་བཞིན་བཞི་པའོ། །གང་ཞིག་གསང་བ་ཡི་དཀྱིལ་འཁོར། །དེ་ནི་ག་པུར་འཕོ་མེད་བདེ། །ཞེས་བྱ་བ་ལ་སོགས་པ་ལ་གསང་བའི་དཀྱིལ་འཁོར་གྱི་སྒྲས་རྡུལ་ཚོན་དང༌། མེ་ཏོག་དང་དྲི་ཞིམ་པ་སྣ་ཚོགས་པའི་འཁོར་ལོ་དེ་རྣམས་ཀྱི་དོན་གྱི་ཁུ་བ། སྟེང་འོག་གི་གནས་སུ་མི་འཕོ་བ་རང་བཞིན་དགའ་བ་མེ་ཏོག་ལ་སོགས་པ་དང་བཅས་པའི་དཀྱིལ་འཁོར་གསང་བའོ། །ཡང་ན་བདེ་ཆེན་ལ་སོགས་པའི་སྒྲས་ནི་རང་བཞིན་དགའ་བའི་དོན་བདེ་བ་ཆེན་པོའོ། །ཡེ་ཤེས་རྣམ་པར་རྟོག་པ་སྤངས་པ་བདེ་ཆེན་བྱང་ཆུབ་སེམས་ཞེས་རྒྱུ་དང་འབྲས་བུའི་བྱེ་བྲག་གིས་


DTG008_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའོ། །དེ་ཡང་ཚངས་པའི་ཡུལ་སའི་སྒྲས་སོ། །ལྷ་མོ་གང་ཞིག་ཚིག་རྒྱས་པ། །དེ་ནི་བྱ་གདོང་ཁོང་དུ་ཆུད། །ཅེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་དང་པདྨའི་ལྟེ་བར་གཉིས་ཀྱི་བྱེ་བྲག་དབྱེར་མེད་པར་བྱས་ལ། རང་བཞིན་བྱང་ཆུབ་སེམས་རྒྱས་པས་དེ་ཁོ་ན་ཉིད་དོ། །ཡང་ན་མཆོག་གི་གནས་གང་ཡང་རུང་བའི་ཚིག་རྒྱས་པ་ཞུ་བ་ལ་སོགས་པ་དང་བྲལ་བའི་བདེ་བའི་ཡེ་ཤེས་དངོས་པོ་སྤངས་བའི་དེ་ཉིད་དོ། །འབྱུང་བ་བསྲུང་དོན་གཏོར་མ་གཏང༌། །དེ་ནི་སྲོག་ཆགས་གསད་པའོ། །ཞེས་བྱ་བ་ལ་སོགས་པ་ལ། འདིས་འབྱུང་བའི་སྒྲས་ག་པུར་ཏེ། སེམས་ཅན་ཀུན་གྱི་སྙིང་པོའི་རང་བཞིན་ཅན་འདི་རིན་པོ་ཆེའི་འཁོར་ལོར་བསྲུང་བར་བྱ། གཟུང་བར་བྱ་ཞེས་པའོ། །སེམས་ཅན་སྣ་ཚོགས་པའི་སྲོག་བཅད་པའི་ཤ་ལ་སོགས་པ་མཁའ་འགྲོ་མའི་ཚོགས་ལ་གཏོར་མ་གཏང་ཞིང་སྦྱིན་པར་བྱའོ། །འགྲོ་བ་རིས་དྲུག་གི་རྒྱུད་བཅད་ཅིང་འགོག་པར་བྱ་བ་ནི་སྙིང་པོ་དང་ལྡན་པའི་སེམས་ཅན་ཐམས་ཅད་དེ་ཞེས་བརྡར་བཤད་དོ། །དེ་དག་ནི་མཆོག་གསང་བ་ཆེན་པོའི་གསང་ཆེན་ཞེས་བྱ་བ་ལ་སོགས་པའོ། །དེ་སྐད་དུ། ཇི་ལྟར་ནོར་བུ་རིན་པོ་ཆེ། །སེམས་ཅན་རྣམས་ཀྱི་བསམ་པ་བཞིན། །དབུལ་ཞིང་ཕོངས་པ་དང་བྲལ་ནས། །ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང༌། །ཞེས་པ་དང་ཡང་ཇི་ལྟར་ནམ་མཁའི་ངོས་དག་ལ། སྤྲིན་མེད་རི་བོང་ཅན་གསལ་ནི། །སྐྱོན་དང་བྲལ་བའི་ཆུ་སྣོད་དུ། །དེ་ལྟར་དེ་ཡི་གཟུགས་སུ་མཐོང༌། །དེ་བཞིན་ཚོགས་ནི་བསགས་པ་ལ། །བདེ་བ་ཆེན་པོའི་རྒྱལ་པོ་ཉིད། །ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །བྱིན་རླབས་ཡིད་བཞིན་ནོར་བུར་འཆར། །དེ་བཞིན་སྤྲུལ་དང་ཡང་སྤྲུལ་སོགས། །ཇི་ལྟར་ཆོས་རྣམས་དེ་རྙེད་པ། །སེམས་ཅན་རྣམས་ལ་སོ་སོར་སྣང༌། །ཞེས་པ་དང༌། ཡང༌། དེ་ཉིད་སྔགས་ཀྱི་བཟླས་པ་དང༌། །དེ་ཉིད་དཀའ་ཐུབ་བྱེ་བྲག་གོ །དེ་ཉིད་དཀྱིལ་འཁོར་དེ་དཀྱིལ་འཁོར། །ཀུན་བསྡུས་པས་ན་སེམས་འདུས་བསྡུས། །ཞེས་པ་དང༌། ཡང༌། གཟུགས་དང་ཚོར་བ་འདུ་ཤེས་དང༌། །འདུ་བྱེད་རྣམས་དང་རྣམ་ཤེས་དང༌། །ཁམས་དང་སྐྱེ་མཆེད་ལ་སོགས་ཀུན། །ཐམས་ཅད་


DTG008_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་གསལ་བར་སྣང༌། །ཞེས་པ་དང༌། ཡང༌། ཕྱི་ནང་བདག་ཉིད་འདི་ཀུན་ནི། །སེམས་ལས་གཞན་ན་ཡོད་མ་ཡིན། །དངོས་པོ་རྣམས་ཀྱི་ངེས་པ་ནི། །རྣམ་པར་དག་པ་དེ་བཞིན་ཉིད། །ཅེས་པ་དང༌། ཕྱི་ཡི་དོན་ཀུན་སྐད་ཅིག་མ། །དགའ་མ་སེམས་ཀྱི་རྫུ་འཕྲུལ་ལོ། །གཞན་མེད་སེམས་ཀྱང་དེ་བཞིན་མིན། །སེམས་ཉིད་ནམ་མཁའ་ལྟ་བུ་ཉིད། །ཅེས་པ་དང༌། ཡང༌། འཇིག་རྟེན་ཁམས་ནི་གང་ནས་ཀྱང༌། །སངས་རྒྱས་གཞན་ནས་རྙེད་པ་མེད། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །གཞན་དུ་སངས་རྒྱས་རྙེད་པ་མིན། །གཞན་ནས་སངས་རྒྱས་ཡོད་མ་ཡིན། །རང་གི་བྱང་ཆུབ་སེམས་ཉིད་དོ། །དེ་གསལ་རིན་ཆེན་རྙེད་པ་བཞིན། །དབུལ་པོ་ཐམས་ཅད་མེད་པར་བྱེད། །དེ་བཞིན་བྱང་ཆུབ་སེམས་ཀྱི་གཏེར། །དབུལ་པོ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །འདིར་སྔར་གྱི་དོན་གསལ་བར་བསྟན་ཏེ། ལྷ་མོས་གསོལ་པ། བཞི་བཅུའི་བདག་ཉིད་དེ་ཁོ་ན་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ས་དང་སྦྱར་བའི་དོན་ཞུས་པའོ། །རྣམ་པ་སྣ་ཚོགས་སུམ་ཅུ་དྲུག །བཅུ་གཅིག་པ་ཡི་བདག་པོའོ། །ཞེས་བྱ་བ་ལ་སོགས་པ་ནི་ལན་བཀའ་སྩལ་བའོ། །སུམ་ཅུ་རྩ་གཉིས་ཀྱིས་བདག་ལ། །སུམ་ཅུ་རྩ་གཉིས་ཆུ་ཚོད་ཀྱི། །བར་དུ་སྲོག་དང་སོས་པའི་རླུང༌། །གཉིས་ཤར་བ་ཡི་ཀུན་སྤྱོད་དོ། །ཞེས་བྱ་བ་ལ། སུམ་ཅུ་རྩ་གཉིས་ནི། །དེ་ཁོ་ན་ཉིད་སུམ་ཅུ་རྩ་གཉིས་ཀྱི་བདེ་བ་ཆེན་པོའི་རྩ་སུམ་ཅུ་རྩ་གཉིས་སོ། །བདག་ཉིད་ནི་ཟུང་བརྒྱད་ཀྱི་རྣམ་པ་དེ་ཁོ་ན་ཉིད་ལྟེ་བ་དང་གེ་སར་བཅས་པའི་བདག་ཉིད་ལ་ཞེན་པའོ། །སུམ་ཅུ་རྩ་གཉིས་ཆུ་ཚོད་ནི་ནང་ལ་སོགས་པའི་ཆུ་ཚོད་དང༌། འཕོ་བ་དང༌། ཐུན་ཚོད་དང༌། ད་བྱུ་གུའི་དོན་གྱིས་རྩ་དང་བྱང་ཆུབ་སེམས་དང་རླུང་དང་བཅས་པའི་མཚན་ཉིད་དུ་གསུངས་སོ། །སྲོག་དང་སོས་པའི་རླུང་གཉིས་ནི། དབུས་ཀྱི་རྩའི་གཡས་གཡོན་ནས་རླུང་དང་བཅས་པའི་བདེ་བ་ཆེན་པོའི་གནས་ནས། བདེ་བ་ཆེན་པོའི་བར་དུ་སྲོག་གི་རླུང་དང༌། སོས་པའི་རླུང་ཡན་ལག་ཀུན་ལ་འབྱུང་བའོ། །སྙིང་གའི་རླུང་དང་ལྟེ་བའི་རླུང་གི་དོན་གྱིས་འདིར་གསལ་བར་བསྟན་པ་ནི་འདི་སྐད་དུ། སྲོག་རླུང་སྙིང་གར་


DTG008_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་སྟེ། །དེ་བཞིན་ལྟེ་བར་སོས་པའི་རླུང༌། །གང་ཞིག་རྐང་མཐིལ་ལས་རླུང་ནི། །འབྱུང་བར་གྱུར་པས་དེ་ཡི་ཚེ། །སྲོག་གི་རླུང་ནི་གྱེན་ལ་འགྲོ། །སོས་པའི་རླུང་ནི་ལྟེ་བར་གནས། །ཡང་ན་གང་ཞིག་སྲོག་གི་རླུང༌། །སྤྱི་གཙུག་ལས་ནི་ཐུར་འགྲོ་ན། །སོས་རླུང་དེ་ནི་རང་གནས་འགྲོ། །སོས་རླུང་ལྟེ་བར་བསྟན་པའོ། །ཞེས་གསུངས་སོ། །ཤར་བ་ནི་གཉིས་ཡན་ལག་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པར་བྱེད་པའི་དོན་གྱིས་སོ། །ཀུན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྩ་དང་ཁུ་བའི་རྣམ་པར་རྟོག་པ་ཐམས་ཅད་དོ། །དཔྱིད་ཀྱི་དུས་ནི་དེ་ཐམས་ཅད་བདེ་བའི་ཡེ་ཤེས་ཀྱི་བྱེ་བྲག་གི་ངོ་བོ་ལ་སྤྱོད་པའི་ཕྱིར་རོ། །འདི་སྐད་དུ། ངན་པའི་དུས་ནི་བྲལ་བར་བཤད། །བཟང་པོའི་དུས་ནི་མཆོག་གི་དགའ། །གཉིས་དང་བྲལ་བ་འདིར་ནི་དུས། །ཀུན་ལ་བདེ་བའི་ཡེ་ཤེས་སྤྱོད། །ཅེས་གསུངས་སོ། །སོས་པའི་རླུང་འབྱུང་བའི་དུས་སུ། །ཞེས་བྱ་བ་ནི། སྲོག་དང་ཕུང་པོ་ལ་སོགས་པ་དང་ལུས་ངག་ཡིད་ཀྱིས་བསྡུས་པ་ཀུན་སོས་པར་བྱེད་པའི་རླུང་གི་གནས་སུ་འབྱུང་བའི་དུས་ནི། མཚན་མའི་དངོས་པོའི་རྟོག་པ་ལས་གྲོལ་བའོ། །ནང་གི་ལྟེ་བའི་སྙིང་པོ་ནི་འཁོར་ལོ་རྣམས་ཀྱི་ནང་གི་ལྟེ་བའི་སྲོག་གི་རྩ་དང་བཅས་པའི་སྙིང་པོ་བདེ་བའི་བྱང་ཆུབ་ཀྱི་སེམས་འདི་ཉིད་དོ། །ཡང་ན་ཀུན་གྱི་ལྟེ་བ་རྡོ་རྗེ་རིན་པོ་ཆེའི་དབུས་སོ། །རྩ་བ་སྡོང་བུའི་ལམ་གྱིས་འཇུག་པའོ་ཞེས་བྱ་བ་ནི་སྲོག་གི་རྩའི་རྩ་བ་དང༌། སྡོང་བུ་གསུམ་པོའི་ལམ་ནས་ནང་དང་གསང་བ་འདིར་དབུས་མའི་ལམ་ནས་སྙིང་པོ་དེ་ཉིད་འཇུག་པ་ནི་རིན་པོ་ཆེའི་སྙེ་མའི་གནས་སུའོ། །འཇུག་པ་ཙམ་གྱིས་ཟུར་བརྒྱད་པའི་ནང་ནས་ཡོད་པའི་བདེ་བ་ཆེན་པོ་སྲོག་གི་རྒྱལ་པོ་ལ་ཞེས་བྱ་བ་ཟུར་བརྒྱད་པའི་ནང་ན་ནི་འདབ་མ་གསུམ་པའི་ལྟེ་བའི་དབུས་ཀྱི་གནས་ནི་རྟེན་བརྒྱད་པའི་དོན་དང་ལྡན་པའོ། །ཡོད་པའི་བདེ་བ་ཆེན་པོ་སྲོག་གི་རྒྱལ་པོ་ནི་བྱང་ཆུབ་ཀྱི་སེམས་སྤྲོས་པ་མེད་པ་གཞིའི་རྣམ་པ་ཅན། ཉོན་མོངས་པའི་གཉེན་པོར་གྱུར་པ་བདེ་བའི་རྒྱལ་པོའོ། །ལ་ཞེས་བྱ་བ་ནི་རྟེན་གྱི་དོན་གྱིས་བཞི་པའི་རྟེན་གྱི་རྒྱུད་ཉིད་ཀྱི་ཕྱིར་རོ། །གང་ཞིག་རོ་གཅིག་པའི་མཚན་ཉིད་དེ་ནི་འདུས་པའོ་


DTG008_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་དེ་ཁོ་ན་ཉིད་དུ་ཡན་ལག་ལ་སོགས་པ་གསུངས་པ་ཐམས་ཅད་གསང་བའི་རྡོ་རྗེ་རིན་པོ་ཆེའི་དཀྱིལ་དུ་འདུས་པ་སྟེ། དེ་ཁོ་ན་ཉིད་ཀུན་གྱི་རྒྱལ་པོར་བྱེད་པའི་ཕྱིར་ན་ཞེས་བཤད་དོ། །འཛུམས་པའི་དོན་ནི་གྱེན་པོའི་ལམ་གྱིས་འགྲོ་བའོ། །དེ་སྐད་དུ། ཐབས་དང་ཤེས་རབ་བསྲུབས་པ་ཡིས། །ལེགས་དགྱེས་ཤིན་ཏུ་བདེ་བ་ནི། །བྱང་ཆུབ་སེམས་ནི་བདེ་བར་བཅས། །སྡོང་བུ་དབུ་མའི་ལམ་ནས་འབྱུང༌། །སྲོག་རླུང་ལྟེ་བའི་རྩ་བར་ནི། །གཞན་དུ་འགྲོ་བར་མི་བྱེད་ན། །པདྨ་ཁ་སྦུབ་གནས་པ་འདི། །གྱེན་དུ་གནས་པར་འགྱུར་བའོ། །དེ་ཡི་ལྟེ་བའི་དབུས་སུ་ནི། །བྱང་ཆུབ་སེམས་ནི་བརྟན་འགྱུར་རོ། །ཞེས་གསུངས་སོ། །དེའི་དུས་སུ་གང་ཞིག་བདག་དང་གཞན་གྱི་བྱེ་བྲག་མི་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །དབང་གི་དོན་ཞུས་པ་ལྷ་མོས་གསོལ་བ་ཞེས་བྱ་བ་ལ་སོགས་པ་ལ། དང་པོ་དགའ་བར་བཅས་པ་ནི་ལས་དང་པོ་པ་ལ་སྦྱིན་པའོ་ཞེས་བྱ་བ་ལ་སོགས་པ་ལ། བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་དང༌། བཞི་པའི་དབང་རྣམས་ནང་ལ་སོགས་པའི་རིམ་པས་འབྲས་བུ་དགའ་བའི་རིམ་པ་དང་ལྡན་པར་བྱས་པ་ལ། ས་ལ་སོགས་པའི་རིམ་པ་ལ་གནས་པའི་བདག་ཉིད་ཅན་ལ་སྟོབས་བསྐྱེད་པར་བྱ་བའི་ཕྱིར་སྦྱིན་ཏེ། ནང་གི་བུམ་པ་དང་གསང་བའི་བུམ་པ་ལ་སོགས་པའི་དབང་བསྐུར་ཞིང་མན་ངག་བསྟན་ཏེ། སློབ་དཔོན་གཞན་ནི་བུམ་པའི་དབང་བསྐུར་བས་ས་བརྒྱད་པའི་འབྲས་བུ་བསྒྲུབ་ཅིང་རྒྱུ་ལ་སོགས་པའོ། །སྣང་བ་གསུམ་གྱི་བཅུ་པ་དེའི་རིམ་པས་བདེ་བ་ཆེན་པོའི་ཡེ་ཤེས་སྤྲོས་པ་དང་བྲལ་བའོ་ཞེས་ཟེར་རོ། །ལ་ལ་ནི་ཐེག་པ་ཆེན་པོ་དང་རྡོ་རྗེ་ཐེག་པའི་ཁྱད་པར་གྱིས་བསྟན་པའོ་ཞེས་གསུངས་སོ། །ཡང་ཁ་ཅིག་བཞི་པའི་རིན་པོ་ཆེའི་དབང་གིས་སྦྱིན་ཞེས་སྨྲ། །ལ་ལ་ལས་ཀྱི་ཕྱག་རྒྱ་བཞི་ལུང་བསྟན་རྙེད་ནས་བཞི་པའི་དབང་ཐོབ་ཟེར་རོ། །བདག་གིས་རྒྱལ་པོའི་གཞུང་དང་འདི་མཐུན་པར་དགོངས་པའོ། །ཅིའི་ཕྱིར་ཞེ་ན། བར་མ་ཆད་པའི་ཐོས་པ་ལས་བྱུང་བའི་ཕྱིར་རོ། །ལྷ་མོས་གསོལ་བ་ཞེས་བྱ་བ་ལ་སོགས་པས་ནི་ཞུ་བ་གསོལ་


DTG008_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ལན་དུ་ས་ལ་སོགས་པ་མ་རྙེད་པ་རྣམས་ལ། ཐོག་མར་རང་གི་ངོ་བོས་སོ། །ཞེས་བྱ་བ་ནི། དབང་གི་སྟ་གོན་དང་དཀྱིལ་འཁོར་ལ་སོགས་པའི་ཆོ་ག་གསུངས་པ་བཞིན་དུ་དབང་བསྐུར་བ་ལ་སོགས་པའི་དོན་གྱིས་རྒྱས་པར་བསྟན་ཏེ། རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་དང་བཅས་པས་སོ། །ས་ལ་སོགས་པ་རྙེད་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ནི། སྐྱེ་བ་སྔོན་བསྐལ་བ་དཔག་ཏུ་མེད་པ་ནས་དགེ་བ་ལ་གཞོལ་བ་དང༌། བསོད་ནམས་བསགས་པ་དང༌། །བརྩོན་འགྲུས་ལ་སོགས་པའི་སྟོབས་དང་ལྡན་པ་སྟེ། །འདི་ཉིད་ནས་དཔེ་དོན་གྱིས་རྒྱས་པར་གསུངས་པའོ། །འདིར་མཐར་ཕྱིན་པའི་འབྲས་བུ་གང་ཡིན་སྙམ་པ་ལ་དེ་འདིར་བསྟན་པ་ནི། ཡེ་ཤེས་ཆེན་པོའི་སྐུ་དང་བྲལ། །གཉིས་སུ་མེད་པ་ནམ་མཁའ་བཞིན། །ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །དེ་སྐད་དུ། ཀུན་བརྟགས་ཐམས་ཅད་རྣམ་བྲལ་བའོ། །གཉིས་མེད་ཡེ་ཤེས་འདི་ཉིད་ཡིན། །ཤེས་རབ་ཐབས་བདག་ཞི་བ་ཉིད། །བྱང་ཆུབ་སེམས་མཆོག་འདི་ཉིད་དོ། །འདི་ནི་འཇིག་རྟེན་འདས་ཡེ་ཤེས། །ཐེག་པ་ཆེན་པོ་ཆོས་སྐུ་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་ཉིད། །སངས་རྒྱས་བྱང་ཆུབ་བླ་མེད་ཡིན། །ཞེས་གསུངས་སོ། །དེ་སྐད་དུ་རྒྱུ་ལ་སོགས་པ་ཀུན་ནས་བཤད་པ་ཡིན་ནོ། །ཁྱོད་ཀྱི་རང་ངོ་བདག་གིས་ཤེས། །ཞེས་བྱ་བ་ལ་སོགས་པ་ནི་ཁུ་བའི་ཚིག་གོ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་རྙེད་པ་ལས་གཞན་ཅི། །འོན་ཀྱང་དེ་ལ་མཐོང་བ་ཡོད། །ཟས་ལ་བདུད་རྩི་ཇི་བཞིན་ནོ། །ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ནི་བསྒྲུབ་པར་བྱ་བ་ཡིན་ཏེ། ཀུན་དུ་འོད་མཐོང་བ་ལས་གཞན་རྙེད་པ་ཡོད། མདོ་སྡེ་ལ་སོགས་པའི་ཐེག་པ་ཆེན་པོའི་འབྲས་བུ་མཐར་ཕྱིན་པ་ནི་ཀུན་དུ་འོད་ཡིན་ལ། གསང་སྔགས་རྡོ་རྗེ་ཐེག་པའི་དོན་ནི་འོན་ཀྱང་གཞན་དུ་མཐོང་བ་སྟེ། གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་གྱི་བདག་ཉིད་སྐྱེ་འགག་སྤངས་པ། ཀུན་དང་བྲལ་མ་ཡིན་པའི་ངོ་བོ། དེ་སྐད་དུ་ཡང༌། བདེ་ཆེན་གཅིག་པུ་ཉིད་ལས་ནི། །བྱེ་བྲག་སོ་སོར་བསྟན་པ་ཙམ། །རིགས་ལྔ་ལ་སོགས་བསྟན་པ་


DTG008_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཡང། །དེས་འདུལ་དོན་དུ་ཡོད་ཅེས་པའོ། །ཞེས་གསུངས་སོ། །ཇི་ལྟར་ཟས་ཀྱི་རྣམ་པ་གཅིག་ཉིད་ཁོ་ན་ཡང་རྣམ་པ་སྣ་ཚོགས་པར་མཐོང་བ་དང༌། བདུད་རྩིའི་རང་བཞིན་ཉིད་ལ་ཡང་དེ་རྣམ་པར་རྟོག་པའི་སེམས་ཀྱི་བྱེ་བྲག་མང་པོར་མཐོང་བ་སྟེ། དེ་བཞིན་གཤེགས་པས་བདུད་རྩིར་གཟིགས་པ་བཞིན་ནོ། །དེ་རྣམས་རྟོག་པ་དང་བྲལ་བའི་ཕྱིར་རོ། །དེ་སྐད་དུ། འདོད་ཆགས་ལ་སོགས་ཉོན་མོངས་རྣམས། །འཛིན་པ་དུག་ཏུ་འགྱུར་པ་སྟེ། །ཡེ་ཤེས་རིམ་པས་བསམས་ན་ཡང༌། །དེ་ཉིད་ཡེ་ཤེས་ཉིད་དུ་འགྱུར། །ཞེས་གསུངས་སོ། །ལྷ་མོས་དབང་གི་དོན་གསོལ་བའོ། །དེ་ཡི་ལན་བཀའ་སྩལ་པ་ནི། །བཞི་པ་དེ་ཁོ་ན་ཉིད་གྲགས། །ཞེས་བྱ་བ་ནི་དབང་བཞི་པ་ནི་གནས་དང་བཅས་པའི་རང་བཞིན་དགའ་བ་དང༌། གནས་དང་བྲལ་བའི་དོན་གྱིས་དེ་ཁོ་ན་ཉིད་མཆོག་གོ །དེ་ལྟར་ཡེ་ཤེས་འདུ་ཤེས་སོ། །ཞེས་བྱ་བ་ནི་བྲལ་བའི་དགའ་བའི་ཡེ་ཤེས་དེ་ལྟར་རང་བཞིན་དགའ་བའི་ཡེ་ཤེས་དེ་བསྟན་པའོ། །དེ་བཞིན་ཡེ་ཤེས་ལས་བྱུང་ཤེས་ནི་འདབ་མ་གསུམ་པའི་ལྟེ་བའི་སྙིང་པོ་བཞི་པོའི་གནས་སོ། །དེ་བཞིན་དུ་གནས་ཀྱི་རིམ་པའི་དོན་གྱིས་ཡེ་ཤེས་དང་ཡེ་ཤེས་ལས་བྱུང་བ་དང་བཞི་པོའི་དོན་གྱིས་འབྲས་བུ་རྫོགས་པ་ཡིན་ཡང་བསྐྱེད་པའི་ཕྱོགས་ཞེས་གྲགས་སོ། །ཟླས་དབྱེ་བའི་ཕྱིར་རྫོགས་པར་གྲགས་པ་ནི་ཡང་ན་དེ་བཞིན་གྱི་སྒྲས། ཇི་བཞིན་ཤེས་རབ་ལ་སྔར་ཐལ། །ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་ཡེ་ཤེས་རིན་ཆེན་ཉི། །ཞེས་བྱ་བ་ལ་སོགས་པ་ནི་དཔེ་དང་དོན་གྱི་ངོ་བོ་བསྟོད་པའི་ཡོན་ཏན་བརྗོད་པར་བྱས་ནས་གསང་བའི་གཞི་དགའ་བའི་གཞི་ལ་སོགས་པའི་དོན་ལ་གསོལ་བ་བཏབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣང་བ་བཞི་ལ་གོ་རིམས་གནས། །ཞེས་བྱ་བ་ནི་སྣང་བ་དང༌། སེམས་དང་སྟོང་པ་དང་ཟླ་བ་ལ་སོགས་པ་ནི་རྣམས་གྲངས་ཏེ། སྣ་ཚོགས་པའི་སྒོ་ནས་དགའ་བ་དང༌། སྣང་བའི་དོན་བསྟན་པ་ཡིན་ནོ། །དེ་ཡང་མི་གསལ་བའི་ཕྱོགས་ཀྱིས་སྣང་བའི་ཡེ་ཤེས་དགའ་བའི་སེམས་ཀྱི་མཚན་ཉིད་ཀྱི་ཁྱད་པར་ནི་གནས་སྐབས་དང་


DTG008_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའོ། །སེམས་ལས་བྱུང་བ་སྣང་བ་མཆེད་པའི་ཡེ་ཤེས་ཏེ། མཆོག་གི་དགའ་བ་བདེ་བའི་ཡེ་ཤེས་དེ་བས་མཆོག་གོ །མ་རིག་པའི་མཚན་ཉིད་ནི་སྣང་བ་ཐོབ་པའི་ཡེ་ཤེས་ཏེ། བྲལ་བའི་དཀའ་བ་བདེ་བའི་ཡེ་ཤེས་ཤིན་ཏུ་མཆོག་གི་བདག་ཉིད་དེ་བས་ལྷག་གོ །སེམས་ནི་མཚན་མའི་ངོ་བོ་ཉིད། །ཅེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་དེ་རྣམས་ཀྱི་ཁྱད་པར་བསྟན་པ་ཡང་འདིར་དཔེ་དང་དོན་དབྱེ་བས་ཤེས་པར་བྱ་བ་ནི་སེམས་ནི་སྣང་བའི་ཡེ་ཤེས་ཀྱི་འདུ་ཤེས་ཅན་ཡེ་ཤེས་གསལ་བ་མ་ཡིན་པ། འདི་ལྟར་སྟོན་ཀའི་དུས་སུ་དྲི་མེ་མེད་པའི་ནམ་མཁའ་ལ་ཟླ་བ་རྫོགས་པའི་འོད་ཟེར་སྣང་བས་ཁྱབ་པ་བཞིན་གྱིས་གསལ་བའི་ཕྱིར་དངོས་པོ་ཐམས་ཅད་དམིགས་པས་སྣང་བའི་ཡེ་ཤེས་སོ། །ཉིན་མོའི་རང་བཞིན་སེམས་ལས་བྱུང་བ་ཞེས་བྱ་བ་ནི་སྣང་བ་མཆེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན། ཡང་ཇི་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པ་ཉིད་ཀྱི་དངོས་པོ་མ་ལུས་པ་ཐམས་ཅད་དམིགས་པ་སྣང་བ་མཆེད་པའི་ཡེ་ཤེས་ཀྱི་ངོ་བོའོ། །མ་རིག་མཚམས་ཀྱི་འདུ་ཤེས་ཅན། །ཞེས་པ་ནི་སྣང་བ་ཐོབ་པའི་འདུ་ཤེས་ཅན། ཇི་ལྟར་ན་ནམ་གྱི་སྨག་ལ་བབ་པ་ཕྲ་ཞིང་བདག་མེད་པའི་ངོ་བོས་ཁྱབ་པ་དེ་བཞིན་དུ་སྲོག་དང་རྩོལ་བ་རྒྱུ་བ་མེད་པ། མི་རྒྱུ་བའི་བདག་ཉིད་སྣང་བ་ཐོབ་པའི་ཡེ་ཤེས་སོ། །ཡང་དག་རབ་འོད་གསུམ་དང་བྲལ། །ཞེས་བྱ་བ་ནི་འོད་རབ་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡང་ཇི་ལྟར་མཚམས་ཀྱི་མཚན་ཉིད་ཀྱི་མུན་པ་སྤངས་པའི་སྐད་ཅིག་ལ་ཉི་མ་མ་ཤར་བའི་རང་བཞིན་དུ་རྣམ་པར་རྟོག་པ་དང་མཚན་མ་ལ་སོགས་པ་ལས་གྲོལ་བ། འོད་རབ་དྲི་མ་མེད་པའི་ཡེ་ཤེས་སུ་གསལ་བའི་བདེ་བ་ཆེན་པོ་ཁོ་ནའོ། །དེ་ལ། རང་བཞིན་དགའ་བའི་མཚན་ཉིད་དེ། །ཞེས་གསུངས་སོ། །དེ་སྐད་དུ་འདི་ཉིད་སུ། །དང་པོར་དགའ་བ་དང་བཅས་པ། །ལས་དང་པོ་ལ་སྦྱིན་པར་བྱ། །ཞེས་པ་ལ་སོགས་པ་གསུངས་སོ། །ད་ནི་གནས་དང་བཅས་པའི་དོན་བཤད་པར་བྱ་སྟེ། གང་ཚེ་ཚངས་པའི་ཚིགས་སུ་སེམས། །ཞེས་བྱ་བ་ལ་སོགས་པ་གསུངས་པ།


DTG008_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་སྒྲས་ནི་བྱང་ཆུབ་སེམས་ཀྱི་དགའ་བའི་ཡིད་དང་ལྡན་པའོ། །རྡོ་རྗེ་རྩ་བའི་གནས་ནི་ཚིགས་དེ་ལ་མཆོག་གི་དགའ་བའི་གནས་སུ་འགྲོ་བ་ནི་ཉོན་མོངས་པའི་སྒྲས་སྣང་བ་མཆེད་པ་སྟེ། ལྟེ་བའི་གཟུགས་སུ་སྲོག་འཕྲོ་བའི་དོན་ཏོ། །འདིར་ནི་སྲོག་ལ་རླུང་ལ་སོགས་སུ་བསྟན་ཏེ། བྱང་ཆུབ་སེམས་དང་ཕྲད་པས་འཕོ་བའི་ཕྱིར་རོ། །ཡང་ན་ཚིགས་ནི་རྡོ་རྗེ་དང་རིན་པོ་ཆེ་གདུ་བུའི་མཚམས་སོ། །དེ་ནི་དགའ་བའི་གནས་ཏེ། རིམ་པས་བཤད་པར་བྱའོ། །སྟེང་ཡང་མ་ཡིན་འོག་མ་ཡིན། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་དང་རིན་པོ་ཆེའི་སངས་རྒྱས་རིན་ཆེན་གྱི་ཁའི་སྒོ་གཉིས་ཀྱི་བར་བྲལ་དགའི་གནས་སུ་མཚམས་སོ། །དེ་རྣམས་བརྡས་བཤད་པ་ནི་སྣང་བ་ཟླ་བར་བསྟན་ཏེ། སྣང་བ་ལས་ནི་ཤར་དུས་འགྱུར། །ཞེས་པ་ལ། སྣང་བའི་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་བའི་བྱང་ཆུབ་སེམས་ཤར་བའི་དོན་བཟང་པོའི་དུས་ནི་དགའ་བར་གྱུར་ནས་འདུན་པ་འཇུག་པའོ། །གང་གིས་ཉི་མ་ཡོད་པ་དང༌། །དེ་ནི་ཉི་མ་སྲོག་འཛིན་མ། །ཞེས་བྱ་བ་ལ། སྣང་བ་མཆེད་པའི་ཡེ་ཤེས་ཉི་མ་བདེ་བ་ཁྱད་པར་ཅན་དུ་གྱུར་པ། སྲོག་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་རླུང་ཤིན་ཏུ་བཟང་ཞིང་མཆོག་གི་དགའ་བ་དེ་ཉིད་ཉི་མའི་སྒྲས་བསྟན་པ་འཛིན་པ་ནི་བསྟན་པར་གྱུར་པའོ། །མཚམས་ནི་སྣང་བ་ཐོབ་པ་ཉིད། །དེ་ཡང་མེ་ཡི་རང་བཞིན་གྲགས། །ཞེས་བྱ་བ་ནི་སྣང་བ་ཐོབ་པའི་ཡེ་ཤེས་ཤིན་ཏུ་ཡང་ཁྱད་པར་དུ་གྱུར་པའི་བདེ་བ་མེའི་སྒྲས་བསྟན་པའི་དོན་ཏོ། །ཟླ་བ་དང་ཉི་མ་དང་མེའི་སྒྲས་སྣང་བ་གསུམ་དང་སྦྱར་བ་ནི། དཔལ་ཨིནྡྲ་བྷཱུ་ཏིས་དགའ་བའི་མེ་ཏོག་གི་ཕྲེང་བར་ཡང་རྒྱས་པར་གསུངས་སོ། །སྣང་བའི་རིམ་པ་ཤེས་པར་འདོད་པས་ཀྱང་དེ་རུ་བལྟ་བར་བྱ་ཞིང་གཞུང་གིས་ཀྱང་སྦྱར་བར་བྱའོ། །ཡོངས་སུ་ཞུ་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོ་ནས་ཞུ་ནས་དགའ་བ་སྐྱེ་བའི་བར་དུའོ། །བདུད་རྩི་གཡོ་བ་ནི་ཉོན་མོངས་པ་རྣམས་ལས་ཐར་པའི་བདུད་རྩི་མཆོག་གི་གནས་སུ་འཕོ་བའོ། །ལྷ་མོ་ཆེན་མོས་གཡོ་བའི་ཕྱིར། །ཞེས་པ་ནི་གོ་སླའོ། །གང་དུ་བྲལ་


DTG008_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་མི་སྣང་བ། །ཞེས་བྱ་བ་ནི་དགའ་བར་ཡེ་ཤེས་མ་སྐྱེས་པ་དེ་བཞིན་མཆོག་ཏུ་ཡང་མ་སྐྱེས་པར་བསྟན་ཏོ། །དེ་རྣམས་ཀྱི་དོན་རྒྱས་པར་བསྟན་པ་ནི། དེ་ནི་སྣང་བ་དང་པོ་དགའ། །ཞེས་བྱ་བ་ནི་དགའ་བ་བཞིའི་དང་པོ་དགའ་བའི་ཡེ་ཤེས་སོ། །དེ་ལས་མཆོག་དགའ་གསལ་བར་ནི། །ཞེས་བྱ་བ་ནི་དགའ་བ་ལས་མཆོག་དགའ་བའི་རིམ་པ་སྣང་བ་མཆེད་པར་གྱུར་པ་ནི་གྱུར་པས་མཆོག་དགའ་ཤར་བའི་དུས་ཞེས་བྱ་བ་ལ་སོགས་པའོ། །ཞུ་མེད་གཡོ་མེད་བསྐལ་བའོ། །ཞེས་བྱ་བ་ནི་ཕྲལ་བའི་དགའ་བའི་ངོ་བོ་སྣང་བ་ཐོབ་པའི་ཡེ་ཤེས་དེ་ལ་བརྟེན་པས་ནི་སྤྲོས་པ་དང་བྲལ་བ་བཞི་པ་དེ་ཁོ་ན་ཉིད་འབྲས་བུའི་དོན་རྙེད་པའོ། །བསྐ་བ་ལས་ནི་ཕྲད་པའི་དངོས་པོ་ནི་གསུམ་པ་ཉིད་ཀྱིས་བཞི་པ་གཉིས་སུ་མེད་པའི་རང་བཞིན་དགའ་བ་ཡང་དག་འོད་རབ་རྙེད་པར་འགྱུར་བ་ཡིན་ནོ། །ཁ་ཅིག་ནི། དེ་ཡི་སྣང་བ་དང་པོ་དགའ། །ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོ་བཞི་དང༌། དགའ་བའི་རིམ་པར་སྦྱར་ལ་བསྟན་པ་དང༌། དེ་ནས་ཡང་སྤྲུལ་པའི་འཁོར་ལོའི་རིམ་པས་སྦྱར་ལ་བཤད་ཟེར་རོ། །ཡང་ན་རྫོགས་པའི་རིམ་པར་དབྱེ་བར་བྱ་སྟེ། གང་དུ་བྲལ་དགའ་མི་སྣང་བ། །ཞེས་བྱ་བ་ལ་སོགས་པའི་རིམ་པ་གསུངས་པ་ལ། བྲལ་བའི་དགའ་བ་མི་སྣང་བ་ནི་རང་བཞིན་དགའ་བར་དང་པོའི་ཡེ་ཤེས་སྣང་བརྟེན་ཅན་བཞི་པའོ། །དེ་ཉིད་ལ་དང་པོར་དགའ་བ་ཞེས་སྦྱར་བ་ཡིན་ནོ། །དེ་ཉིད་ཤིན་ཏུ་བརྟན་པའི་རང་བཞིན་དགའ་བ་ནི། མཆོག་ཏུ་དགའ་བ་གསལ་བར་ནི། །ཞེས་པའི་དོན་ཏོ། །གྱུར་པས་མཆོག་དགའ་ཤར་བའི་དུས། །ཞེས་བྱ་བ་ནི། གྱུར་པས་ཞེས་པའི་སྒྲ་རྫོགས་པའི་རིམ་པ་སྟེ། མཆོག་དགའ་གནས་སུ་རབ་འོད་ཀྱི། །ཡེ་ཤེས་ཉི་མ་ཤར་བ་ནི། དུས་ཀྱི་བསམ་དུ་མེད་པའི་དུས། །བཟང་དང་ངན་པ་སྤངས་པའོ། །དེ་ཉིད་འཁོར་རྣམས་ཀྱི་རིམ་པས་གསལ་བ་ལ་ནི། གསལ་ཕྱིར་སྣང་བ་ཆེན་པོར་གྲགས། །ཞེས་བྱའོ། །གསལ་ཕྱིར་དེ་ཉིད་བདེ་བ་ཆེན་པོའི་འཁོར་ལོའི་ཡེ་ཤེས་ཀྱི་བདག་ཉིད་དུ་གནས་པ་ནི། ཞུ་མེད་གཡོ་མེད་བསྐ་བའོ། །དེ་ཉིད་རྟེན་དང་བཅས་པ་


DTG008_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་རང་བཞིན་དགའ་བ་ཉིད་ཀྱིས་ནི། བསྐ་བ་ལ་ནི་ཕྲ་བའི་དངོས། །ཞེས་བྱ་བ་ནི་མཆོག་ཏུ་ཟབ་པ་དེ་ཁོ་ན་ཉིད་དམ་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོའི་རྒྱལ་པོ་རྣལ་འབྱོར་གྱི་དབང་ཕྱུག་གིས་མཐོང་བའོ། །བདེ་སྦྱིན་ཡང་ཀུན་སྤྱོད་དོ། །ཞེས་བྱ་བ་ནི་སྲོག་གི་རླུང་དང་སོས་པའི་རླུང་ཡན་ལག་ཐམས་ཅད་ལ་ཤར་བ་དེར་བཤད་པ་བཞིན་ནོ། །ཀུན་སྤྱོད་ལས་ནི་ཞེས་བྱ་བ་ལ་སོགས་པ་ལ་སྣང་བའི་ཡེ་ཤེས་ཀྱི་རྣམ་པ་སྣ་ཚོགས་པ་ཀུན། །རང་བཞིན་དགའ་བའི་ཡེ་ཤེས་ཀྱི་བདག་ཉིད་དུ་ཐོབ་པའོ། །དེ་རང་གི་དོན་ནི་ཉིན་མོ་དང་མཚན་མོའི་བར་གྱི་མཚམས་སོ། །མཆོག་གི་དགའ་བ་དང་བྲལ་བས་དགའ་བའི་གནས་ཀྱི་བར་ནི་གནས་པའི་ཕྱིར་དབུས་ཀྱི་གནས་སུ་ཡོད་པའོ། །དེ་ཉིད་མེད་པའི་མཆོག་གི་དགའ་བ་གང་སུས་ཀྱང་མི་ཤེས་སོ། །འོག་ནས་བཤད་པའི་དོན་གྱིས། དབུས་ཀྱི་གནས་ནི་ཡོད་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་ན་གང་དུ་མཚན་མོ་ནི། །ཞེས་བྱ་བ་ལ་སོགས་པ་ནི། གང་དང་དེ་གཉིས་འབྲལ་བའི་ཕྱིར་ན་འདིའི་དོན་ནི་མཚན་མོའི་སྣང་བའི་ཡེ་ཤེས་དེ་སྤངས་པའི་ཕྱིར་ཉི་མ་ནི་སྣང་བ་མེད་པའི་ཡེ་ཤེས་དེ་ཡང་སྤངས་པ་དེའི་ཕྱིར། ཉི་མ་ནུབ་པའི་སྒྲས་བསྟན་པའོ། །དབུས་ཀྱི་མཚན་ཉིད་བྲལ་བའི་དགའ་བ་སྣང་བ་ཐོབ་པའི་ཡེ་ཤེས་ཡིན་ལ། དེ་བས་ན། རང་བཞིན་དགའ་བ་སྦྱིན་བྱེད་མ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་བདེ་བའི་རྣམ་པ་དེ་ནི་སྤྲུལ་པའི་འཁོར་ལོའི་ལྟེ་བའི་བྲལ་བའི་དགའ་བ་སྣང་བ་ཐོབ་པ་ཞེས་བཤད་དོ། །ཐམས་ཅད་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་བྱ་བ་ནི་སྲིད་པ་དང་མྱ་ངན་ལས་འདས་པའི་ཚེས་ཐམས་ཅད་སྐྱེ་ཞིང་སྤྲུལ་བའི་ཕྱིར་རོ། །དེ་དག་ནི་དོན་གསལ་བར་གསུངས་པ། གང་དུ་དབུས་མཚམས་སྐད་ཅིག་གིས། །ཞེས་བྱ་བ་ལ་སོགས་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་ཡོད་པ་མ་ཡིན་ན་ཡང༌། མྱ་ངན་ལས་འདས་པའི་ཆོས་ཀྱི་སྐུ་སྲིད་པ་ནི་གཟུགས་ཀྱི་སྐུ་སྟེ། འཁྲུལ་པའི་རྣམ་པར་རྟོག་པས་འཁོར་བ་ལ་སོགས་པའོ། །དེར་ཡང་གློ་བུར་དུ་བྱུང་ཞིང་གཟུང་


DTG008_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་དངོས་པོ་ལ་ཞེན་པའོ། །དེ་བས་ཁམས་གསུམ་འཁོར་བའི་རྒྱ་མཚོར་འཁོར་བ་སྟེ། དེའི་རྒྱུ་ནི་དོན་རབ་ཡིན་ལ། དེ་བཞིན་དུ་སྲིད་པ་དང་མྱ་ངན་ལས་འདས་པ་རྒྱུ་དང་འབྲས་བུའི་ཚུལ་གྱིས་གནས་པ་ཡིན་ནོ། །དེ་རྣམས་ཀུན་རྫོབ་དང་དོན་དམ་པའི་སྐུའི་གཟུགས་དང༌། དེ་དང་བྲལ་བ་གཉིས་སུ་བཏགས་པ་སྟེ་དཔྱོད་པས་གང་ཡང་མ་གྲུབ་བོ། །དེ་ཡང་བསྐྱེད་པའི་རིམ་པས་བྱུང་བ་ནི། འོད་རབ་ལས་སྣང་བ་ཐོབ་པའི་རིམ་པའི་རྣམ་པར་ཤེས་པ་དེ་ལ་རླུང་དང་མེ་དང་ཆུ་དང་ས་དང་ཕུང་པོ་ལ་སོགས་པའོ། །རིམ་པས་འབྱུང་བ་ནི་སྲིད་པའི་དངོས་པོ་གཟུགས་ཀྱི་སྐུ་ཉིད་སྣང་བ་གསུམ་དང་ལྡན་པ། ཡང་དག་འོད་རབ་གྱི་རྒྱུ་ལས་བྱུང་བའོ། །ཡང་རྒྱུ་སྲིད་པའི་དངོས་པོ་ལས་སྣང་བ་ཐོབ་པ་འབྲས་བུ་དག་པས་བདེ་བ་ཆེན་པོ་ཉིད་ཐོབ་པའོ། །དེ་རྣམས་ཐམས་ཅད་སྣང་བ་གསུམ་གྱི་རྒྱུ་ཅན་ནོ། །དེ་དག་གི་རང་བཞིན་དང་བཅས་པ་མ་ཤེས་པས་སྲིད་པར་འཁྱམ་ཞིང་འཁོར་བ་སྟེ། འཁྲུལ་པའི་ཕྱིར་གཉིས་སུ་མེད་པ་མི་ཐོབ་པའོ། །དེའི་ཕྱིར། བདེ་བའི་ཚོར་བ་མ་ཤེས་ན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་རྣམས་ཀྱི་རྒྱུ་བསྟན་པའི་ཕྱིར། བདེ་བ་ཆེན་པོའི་བདུད་རྩི་གཏེར། །ཞེས་བྱའོ། །བསྲུབས་ལས་སྐྱེས་པ་ཡིན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ནི་སྲིད་པའི་དངོས་པོ་བསྐྱེད་རིམ་གྱི་གཟུགས་ཀྱིས་ལྷ་རྣམས་འབྱུང་བ་དང༌། མྱ་ངན་ལས་འདས་པའི་མཚན་ཉིད་རྫོགས་རིམ་གཉིས་ཀ་རིམ་པས་བཤད་པའོ། །དེ་རྣམས་ཀྱི་འབྲས་བུའི་དོན་ནི་འབྲས་བུ་ཐོབ་པའི་གྲགས་པ་སྟེ། མཚན་དང་དཔེ་བྱད་ལྡན་པའོ། །དངོས་དང་དངོས་མེད་བྲལ་བའི་ཕྱིར། །ཞལ་བཟང་མཚམས་ཀྱི་ཡེ་ཤེས་སོ། །ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཕྱོགས་གཅིག་པུ་ལ་ཡང་གཟུགས་ཀྱི་སྐུ་དང། གཟུགས་མེད་པའི་སྐུ་སྟེ། དེ་བཞིན་དུ་དབྱེ་བར་བྱ་བའོ། །དེ་རྣམས་ཀྱི་དོན་འདིས་ཀྱང་བཤད་དེ། ཉིན་མོ་སྣང་བ་མཆེད་འཁོར་གྲགས། །མཚན་མོ་ཞེས་པ་སྣང་བའོ། །མཚམས་ནི་སྣང་ཐོབ་མྱ་ངན་འདས། །ཞེས་བྱ་བ་ནི་སྲིད་པའི་ཐབས་ཉིན་མོའི་མཚན་ཉིད་ཅན་


DTG008_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མཆེད་པའི་དངོས་པོ་མཆོག་གི་དགའ་བའི་རོ་ཅན་མའི་བདག་ཉིད་ཅན་ནོ་ཞེས་གསུངས་སོ། །མཚན་མོ་ཟླ་བའི་དོན་གྱིས་སྣང་བའི་དགའ་བ་དངོས་པོའི་བདག་ཉིད་སྲོག་མའི་རྩའི་གཟུགས་ཀྱིས་སྐུའི་རང་བཞིན་ནོ། །མཚམས་ནི་མྱ་ངན་ལས་འདས་པ་སྨག་གི་མཚན་ཉིད་ཅན་བྲལ་བའི་དགའ་བའི་དངོས་པོ་འཛིན་པའི་བདག་ཉིད་ཅན་ཐུགས་སོ། །རྡོ་རྗེ་དང་པདྨ་ཕྲད་པའི་མཚམས་ཡང་ན་ལྟེ་བ་གཉིས་ཀ་ཕྲང་བ་མཆོག་གི་དགའ་བ་དང་བྲལ་བའི་དགའ་བའི་བར་གྱི་མཚམས་ནི་ཉི་ཟླ་དང་ཉིན་མཚན་གྱི་མཚམས་མྱ་ངན་ལས་འདས་པའི་བདེ་བའི་རང་བཞིན་ཅན་ནོ། །དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་འབྱུང་བའམ་ཡང་ན་དེ་རང་ཉིད་ལ་ནི། སྲིད་དང་མྱ་ངན་འདས་དང་བྲལ། །གང་དུ་ཡང་ནི་གསལ་མ་བྱས། །ཞེས་བྱ་བ་ནི་བྱ་བ་དང༌། སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གང་དུ་ཡང་མི་གསལ་བའོ། །སྣང་བ་གཞི་ལ་གོ་རིམས་གནས་པའི་དོན་ནི་འདིར་བསྟན་པའི་དོན་ཏོ། །དེའི་ཕྱིར། དེ་ལྟ་བུ་ཡི་གསང་ཆན་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷ་མོས་གསོལ་བ། འབྲས་གྲགས་དེ་ཉིད་རིན་ཆེན་གང༌། །ཞེས་བྱ་བ་ལ་སོགས་པ་ལ། དགའ་བ་ཐམས་ཅད་དང་སྣང་བ་ལ་སོགས་པའི་འཁོར་བ་དང་མྱ་ངན་ལས་འདས་པའི་འབྲས་བུ་གཞིའི་དོན་ཞུས་ཤིང་གསོལ་བ་བཏབ་པའོ། །དེའི་ལན་རྟེན་དང་བཅས་པའི་ཉམས་སུ་མྱོང་བའི་བདག་ཉིད་དང༌། དེའི་རྣམ་པར་རྟོག་པ་སྤངས་པ་རང་བཞིན་གྱིས་ཀུན་ལ་གནས་ཤིང་ཀུན་དང་བྲལ་བའི་དོན་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ། མཆོག་དགའ་བའི་ངོ་བོར་གྲགས་པ་ནི། ཉམས་སུ་མྱོང་བ་རྙེད་པ་ཡིན། །ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་བསྐུར་བའི་དུས་སུ་ཇི་ལྟར་ཡེ་ཤེས་ཉམས་སུ་མྱོང་ཞིང་གཏན་ལ་ཕབ་པ་དེ་བཞིན་དུ། དྲུག་ཅུ་རྩ་བཞིའི་སྤྲུལ་པའི་ལྟེ་བའི་སྙིང་གར་ཉམས་སུ་མྱོང་བ་ལས་ཡང་ནས་ཡང་དུ་རྒྱུན་མི་ཆད་པར་གོམས་པས་རྙེད་པར་འགྱུར་རོ། །དེ་སྐད་དུ། དེ་ལ་དེ་ཉིད་བསྟན་པ་


DTG008_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །མཆོག་དགའ་མཐའ་དང་བྲལ་དགའ་དབུས། །རྒྱུད་རྣམས་ཀུན་དུ་སྦས་པའི་དོན། །འདི་རུ་མཐར་ཐུག་གསལ་བར་བྱ། །ཞེས་གསུངས་པ་དང༌། ཡང༌། དེ་རྣམས་ཐམས་ཅད་རབ་སྤངས་ལ། །གནས་ཐོབ་བསམ་གཏན་སྦྱོར་ངེས་གནས། །རང་རིག་ཙམ་ལ་ཤེས་ལྡན་དག །ཉིན་དང་མཚན་དུ་གོམས་པར་བྱ། །ཞེས་གསུངས་པ་དང༌། ཡང༌། བདེ་ཆེན་རང་རིག་ཙམ་ལ་ནི། །ཤེས་རབ་ལྡན་པ་བདག་གིས་ནི། །ཉིན་དང་མཚན་དུ་གོམས་བྱས་ནས། །གཉིས་མེད་མཆོག་ཏུ་གྱུར་པ་ཉིད། །ཅེས་གསུངས་སོ། །མཆོག་གི་དགའ་བ་དང་བྲལ་བ། །ཞེས་བྱ་བ་ལ་སོགས་པ་ནི། གནས་དང་བྲལ་བའི་རང་བཞིན་དགའ་བ་ཉམས་སུ་མྱོང་བ་ཡིན་པའི་རྫོགས་པའི་དོན་མཆོག་གི་དགའ་བ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་དམ་པའོ། །སྐལ་ལྡན་མ་གང་ཉམས་སུ་མྱོང། །ཞེས་བྱ་བ་ལ་སོགས་པ་ནི་དེར་བཤད་པར་བྱས་པའོ། །ཡང་དེ་ཁོ་ན་ཉིད་ཀྱང་རབ་ཏུ་གྱུར་པ་ནི་འདི་སྐད་དུ་བཤད་པ། བླ་ན་མེད་པའི་ཡེ་ཤེས་ཆེ། །གཞི་དང་བྲལ་བར་རྟག་ཏུ་ཤར། །ཞེས་བྱ་བ་འདི་ཉིད་ཀྱི་གོང་ནས་གོང་དུ་གཞན་ཡོད་པ་མ་ཡིན་པའི་ཕྱིར་བླ་ན་མེད་པའི་མཆོག་ཡེ་ཤེས་རྣམ་པ་ལྔ་ལ་སོགས་པའི་ཡེ་ཤེས་ཐམས་ཅད་ཀྱི་བདག་ཉིད་བསྡུས་པ་དབྱེར་མེད་པའི་ཡེ་ཤེས་ཉིད་པས་ན། གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའོ། །བརྗོད་དུ་མེད་པ་སྤྲོས་པ་དང་བྲལ་བ་སྐྱེ་བ་དང་འགག་པ་མེད་པ་ཟད་པ་དང་འཕེལ་བ་མེད་པ་ཆོས་ཐམས་ཅད་ཀྱིས་མ་གོས་པའི་ཕྱིར་གཞི་དང་བྲལ་བའོ། །ཤར་བ་ཡང་མ་ཡིན་ནུབ་པ་ཡང་མ་ཡིན་དངོས་པོ་དང་དངོས་པོ་མེད་པ་ལས་གྲོལ་བ་ཕྱག་རྒྱ་ཆེན་པོ་ཉིད་དང་བདེ་བ་ཆེན་པོ་ཉིད་ཅེས་བྱ་བ་ལ་སོགས་པས་བསྟན་པའི་ཕྱིར་ན་རྟག་ཏུ་ཤར་བའོ། །དེ་སྐད་དུ། ཕྱག་རྒྱ་ཆེན་པོ་གསང་བ་མཆོག །བདེ་བ་ཆེན་པོ་ཉིད་ནི་རབ། །བརྗོད་མེད་མི་ཟད་མ་སྐྱེས་པ། །ཐམས་ཅད་གཟུགས་ཅན་གཟུགས་དང་བྲལ། །དབྱིབས་དང་ཁ་དོག་རྣམ་པར་སྤངས། །གཟུགས་མེད་བདག་ཉིད་གཟུགས་ཀྱི་མཆོག །གཞལ་དུ་མེད་པའི་རང་བཞིན་ནོ། །


DTG008_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ཏུ་ནི་གནས་པར་འགྱུར། །ཤར་བ་མ་ཡིན་ནུབ་མ་ཡིན། །སྐྱེ་མཆེད་ཆ་ཉིད་རྟག་ཏུ་ཤར། །ཡང་དག་དྲི་མེད་རྣམ་པའི་འོད། །སྐྱེ་དང་འཇིག་པའི་རྒྱུ་ཡིན་ཏེ། །དུས་དང་གནས་སྐབས་གྲོལ་བའོ། །ཞེས་གསུངས་པ་དང༌། ཡང༌། རང་རིག་པ་ཡི་ཡེ་ཤེས་འོད། །ཚིག་གི་ལམ་གྱིས་བརྗོད་དུ་མེད། །བྱིན་བརླབས་པ་ཡི་རིམ་པ་དེ། །ཀུན་མཁྱེན་ཡེ་ཤེས་ངོ་བོ་ཉིད། །ཅེས་གསུངས་པ་དང༌། ཡང༌། གཉིས་མེད་བརྗོད་དུ་མེད་པ་ཉིད། །རྡོ་རྗེ་སེམས་དཔའ་རྡོ་རྗེའི་དཔལ། །བྱང་ཆུབ་སེམས་མཆོག་དམ་པ་ཉིད། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཉིད། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །དེ་ཉིད་རིག་པ་གཉིས་སུ་མེད། །དེ་ཉིད་མཉམ་ཉིད་འདིར་བརྗོད་དེ། །སངས་རྒྱས་དུན་གྱི་མཆོག་སྒོམ་པ། །ཞེས་གསུངས་སོ། །དེ་བཞིན་དུ་རྒྱུད་ལ་སོགས་པ་ཐམས་ཅད་ནས་འབྲས་བུའི་དོན་འདི་ཉིད་གསལ་བར་བསྟན་པ་ཡིན་ནོ། །དེ་ཁོ་ན་ཉིད་དམ་པ་འདི་མ་རྟོགས་པར་རང་གཞན་གྱིས་མི་གྲུབ་པར་བསྟན་པ་ནི་རྟག་ཏུ་ཤར་བ་ལས་གཞན་ཅི་ཞེས་བྱ་བ་ལ་སོགས་པའོ། །ལྷ་མོས་གསོལ་པ། །རྒྱུད་འདི་གསང་བ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པ་ནི་དོན་གྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྐུ་གསུམ་དང་བྲལ་བར་བྱ་བ་མྱ་ངན་ལས་འདས་ནས་མི་གསུང་བའི་དུས་ནི་སེམས་ཅན་ལས་དང་སྐལ་བར་ལྡན་པ་རྣམས་ལ་བཤད་པ་ཅི་སུ་ཞིག་ཅེས་པ་ནི་གང་ཞིག་ལགས་ཞེས་བྱ་བའི་དོན་ཏོ། །དེའི་དོན་གྱི་ལན་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་འོངས་དུས་ན་བྱང་ཕྱོགས་སུ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ཁོ་ན་ཉིད་ཀྱི་བདུད་རྩིའི་རྒྱ་མཚོའི་སྙིང་པོ་རབ་མཆོག་རྒྱལ་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཉིད་ལ་བསྟོད་པ་སྟེ། སྐུ་གསུམ་གྱི་རང་བཞིན་ནི་རྡོ་རྗེ་འཆང་ཆེན་པོའི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་པ་དང༌། བསྐྱེད་པའི་རིམ་པ་ལ་སོགས་པའི་དོན་གྱིས། རྒྱུད་ཀྱི་རིམ་པར་ཞུགས་པ་དང༌། འབྲས་བུའི་ངོ་བོ་སངས་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བཞུགས་པའི་ཚུལ་གྱིས་དང༌། དེ་རྣམས་ཀུན་གྱི་རང་


DTG008_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དབྱེར་མེད་པའི་བཅོམ་ལྡན་འདས་ལ་བསྟོད་པའི་ཕྱིར་ན། ཀུན་གྱི་བདག་ཉིད་ཀུན་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་བསྟོད་པའོ། །རྒྱུད་རྣམས་ཀུན་གྱི་སྙིང་པོ་ལས། །སྙིང་པོའི་ཡང་སྙིང་མཆོག་གྱུར་པ། །དེ་ཉིད་ངེས་དོན་འདི་ཡི་རྒྱུད། །ཀུན་གྱི་འབྲས་མཆོག་དམ་པ་ཡི། །མ་རིག་རྨོངས་པར་གྱུར་པ་དག །དབང་བསྐུར་ལ་སོགས་མེད་པ་ལ། །འདི་ཡི་དོན་གསལ་བྱེད་པ་གང༌། །དེ་ཀུན་བདུད་ཀྱིས་བསྡུས་པའོ། །གང་ཞིག་འདི་དོན་སྒྲུབ་མི་བྱེད། །དེ་ཡི་འབྲས་བུ་མི་འཐོབ་སྟེ། །ལུས་སེམས་ཐང་ཆད་ཉོན་མོངས་ལ། །སྲིད་པའི་རྒྱ་མཚོར་འཁོར་འགྱུར་གསུངས། །ཟབ་མོའི་དོན་རྣམས་བརྗོད་པ་དང༌། །བག་མེད་འཁྲུལ་པར་གྱུར་ན་ཡང༌། །རྒྱལ་བ་སྲས་བཅས་ཚོགས་རྣམས་ཀུན། །འགལ་བ་མཆིས་ན་བཟོད་པར་མཛོད། །ཚིག་དང་ཡི་གེ་ལ་བརྟེན་ནས། །འདི་ཡི་དོན་ནི་གསལ་བར་བཤད། །དེ་ཡི་བསོད་ནམས་ཀྱིས་ཐོབ་པའི། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །དཔལ་དེ་ཁོ་ན་ཉིད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་རིན་ཆེན་ཕྲེང་བ་ཞེས་བྱ་བ། །རྒྱ་གར་གྱི་སློབ་དཔོན་ཆེན་པོའི་མཆོག །མ་ཧཱ་སུ་ཁ་ཏ་བཛྲས་མཛད་པ་རྫོགས་སོ།། །།དགེ་སློང་བྱང་ཆུབ་འབྱུང་གནས་ཀྱིས་བསྒྱུར་པའོ།།


previousདཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ཀྱི་དཀའ་འགྲེལ་རིན་ཆེན་ཕྲེང་བ། མ་ཧཱ་སུ་ཁ་ཏ་བཛྲས་མཛད།next