Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  expand section
  expand section
   
  expand section
  expand section
   
   
  expand section
   
   
རྡོ་རྗེའི་གླུ་བཤད་པ་ཞེས་བྱ་བ།  སྒྲོལ་མ་ཅན་གྱི་སྡེས་མཛད།
   
   
   
   
   
   
   
   
   


 
previousརྡོ་རྗེའི་གླུ་བཤད་པ་ཞེས་བྱ་བ། སྒྲོལ་མ་ཅན་གྱི་སྡེས་མཛད།next

རྡོ་རྗེའི་གླུ་བཤད་པ་ཞེས་བྱ་བ།
སྒྲོལ་མ་ཅན་གྱི་སྡེས་མཛད།


DTG008_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །བཛྲ་གཱི་ཏི་བྷ་ཥྡྱཾ་ནཱ་མ། བོད་སྐད་དུ། རྡོ་རྗེའི་གླུ་བཤད་པ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྤྱོད་པ་དཔྱོད་པ་སྙིང་པོའི་འབྲས་གསོལ་འཇིག་རྟེན་གསུམ་མགོན་མངའ་བདག་དང༌། །གནས་དང་ཞིང་ལ་བཞུགས་པའི་ཡོན་ཏན་ཕུང་པོ་དཔའ་བོ་དཔའ་མོའི་དབང་ཕྱུག་མ། །རྡོ་རྗེ་སློབ་དཔོན་བླ་ཆེན་ཡོན་ཏན་གཏེར་


DTG008_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་འཁོར་བའི་ཕ་རོལ་སོན་པ་ལ། །ཕྱག་འཚལ་གླུ་ཡི་ཁྱད་པར་སྙེད་དཀར་བརྗོད་པ་བདག་གི་དོན་ཕྱིར་བྲི་བར་བྱ། །ཀོལླ་ཨ་རེཊྛྀ་ཨ་བོ་ལཱ་ཞེས་བྱ་བ་ནི་གནས་དང་ཉེ་བའི་གནས་མ་ལུས་པར་བསྟན་པའོ། །མུམྨུ་ཎི་རེ་ཀཀྐོ་ལཱ་ཞེས་བྱ་བ་ནི་ཞིང་དང་ཉེ་བའི་ཞིང་མ་ལུས་པར་བསྟན་པའོ། །གྷ་ཎི་ཀྲྀ་པི་ཊཱ་ཧོ་བཱཛྫ་ཨི། ཀཱ་རུ་ཎེ་ཀི་ཨ་ཨི་ཎ་རོ་ལཱ་ཞེས་བྱ་བ་ནི་ཙྪནྡོ་ཧ་མ་ལུས་པར་བསྟན་པའོ། །ཏ་ཧིཾ་བ་ལ་ཁཱཛྫ་ཨི། གཱ་ཌྷེཾ་མ་ཨ་ན་བཱཛྫི་ཨ་ཨི་ཞེས་བྱ་བ་ནི་ཉེ་བའི་ཙྪནྡོ་ཧ་མ་ལུས་པར་བསྟན་པའོ། །ཧ་ལེ་ཀ་ལིཉྫ་ར་པ་ནི་ཨ་ཨི། དུ་དྷུ་ར་བཱཛྫི་ཨ་ཨི་ཞེས་བྱ་བ་ནི་འདུ་བ་མ་ལུས་པར་བསྟན་པའོ། །ཙ་ཨུ་ས་མ་ཀཙྪུ་རི་སིཧླཱ། ཀཔྤཱུ་ར་ལཱ་ཨི་ཨ་ཨི་ཞེས་བྱ་བ་ནི་ཉེ་བའི་འདུ་བ་མ་ལུས་པར་བསྟན་པའོ། །མ་ལཱ་ཨིནྡྷ་ནཾ་ཤཱ་ལིཾ་ཛ་ཏ་ཧིཾ་བྷ་རུ་ཁ་ཨི་ཨ་ཨི་ཞེས་བྱ་བ་ནི་དུར་ཁྲོད་མ་ལུས་པར་བསྟན་པའོ། །ནི་རཾ་ཤུ་ཨངྒ་ཙ་ཌ་ཝི་ཏ་ཧིཾ་ཛ་སཱ་ར་བ་པ་ཎི་ཨ་ཨི་ཞེས་བྱ་བ་ནི་ཉེ་བའི་དུར་ཁྲོད་མ་ལུས་པར་བསྟན་པའོ། །ཕྲེཾ་ཁ་ཎ་ཁེཊ་ཀ་རནྟེ་ཤུདྡྷཱ་ཤུདྡྷ་ཎྞ་མ་ཎི་ཨ། ཨི་ཞེས་བྱ་བ་ནི་འཐུང་གཅོད་མ་ལུས་པར་བསྟན་པའོ། །མ་ལ་ཨཱཾ་ཙེ་ཀུནྡུ་རུ་བ་ཌ་ཨི་ཌིཎྜི་མ་ཏ་ཧིཎྞ་བཱཛྫ་ཨ་ཨི་ཞེས་བྱ་བ་ནི་ཉེ་བའི་འཐུང་གཅོད་མ་ལུས་པར་བསྟན་པའོ། །འདི་ནི་གླུའི་རིམ་པས་གནས་ལ་སོགས་པ་བསྡུས་པའོ། །ཕྱོགས་གཞན་ཡང་ཉེ་བར་བཤད་པ་ཡོད་དེ། ཀོལླ་ཨེ་རེཊྛེ་ཨ་བོ་ལྔ་ཞེས་བྱ་བ་ལ། ཀོ་ཞེས་བྱ་བ་ནི་སྐུའི་རྡོ་རྗེའོ། །ལ་ཞེས་བྱ་བ་ནི་གསུང་གི་རྡོ་རྗེའོ། །རེ་ཞེས་བྱ་བ་ནི་ཐུགས་ཀྱི་རྡོ་རྗེའོ། །ཊྛི་ཨ་ཞེས་བྱ་བ་ནི་བོ་ལར་གནས་པའོ། །མུམྨུ་ཎི་རེ་ཀཀྐོ་ལ་ཞེས་བྱ་བ་མུ་ཞེས་བྱ་བ་ནི་རོ་མའོ། །མྨུ་ཞེས་བྱ་བ་ནི་བརྐྱང་མའོ། །ཎི་ཞེས་བྱ་བ་ནི་ཀུན་འདར་མའོ། །རེ་ཞེས་བྱ་བ་ནི་རྩ་གསུམ་གསལ་བར་བྱེད་པའོ། །ཀཀྐོ་ལ་ནི་དེ་རྣམས་ཀྱི་གནས་པའི་གནས་སོ། །གྷ་ཎེ་ཀྲྀ་པིཊ་ཧོ་བཱཛྫ་ཨི་ཞེས་བྱ་བ་ནི་རྩ་གསུམ་པོ་རྣམས་སུ་རྡོ་རྗེ་གསུམ་མཉམ་པར་འཇུག་པའོ། །ཀཱ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ་ཞེས་བྱ་བ་ནི་རྡོ་རྗེ་གསུམ་མཉམ་པར་གཞུག་པ་ལས་ཀུན་འདར་གྱི་རྩ་ལས་


DTG008_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་འབྱུང་བའོ། །ཏ་ཧིཾ་བ་ལ་ཁཱཛྫ་ཨི། །གཱ་ཌྷེཾ་མ་ཨ་ཎ་པིཛྫ་ཨ་ཨི་ཞེས་བྱ་བ་ནི་དེར་ནི་བྱང་ཆུབ་ཀྱི་སེམས་འབྱུང་བ་ན་ལ་བཟའ་བ་དང༌། མ་ད་ནཾ་ཡང་བཏུང་བ་སྟེ། ཤིན་ཏུ་འབྱུང་བ་ནི་འདི་ནི་བསྡམས་པའི་དོན་ཏོ། །ཧ་ལེ་ཀཱ་ལིཉྫ་ར་པ་ཎྀ་ཨ་ཨི། དུཾ་དྷུ་ར་བཛྫ་ཨ་ཨི། །ཞེས་བྱ་བ་ལ་ཧ་ལེ་ཞེས་བྱ་བ་ལ་བོད་པའོ། །ཀཱ་ལིཉྫ་ར་པ་ནི་སྐལ་བ་དང་ལྡན་པ་སྟེ། དེ་ཉིད་གཞུག་པར་བྱའོ། །དུཾ་དྷུ་ར་ནི་སྐལ་བ་དང་མི་ལྡན་པ་སྟེ། དེ་ཉིད་སྤང་བར་བྱ་སྟེ། དུས་དེར་རོ། །ཙ་ཨུ་ས་མ་ཀ་ཙྪུ་རི་སིཧླཱ། །ཀཔྤཱུ་ར་ལཱ་ཨི་ཨ་ཨི། ཞེས་བྱ་བ་ནི་བཤད་པ་དང་གཅི་བ་དང་མེ་ཏོག་དང་ས་བོན་བཞིའི་རྫས་ཀྱིས་དྲིལ་བ་དང༌། བཟའ་བར་ཡང་བྱེད་དེ། དེར་ནི་དུས་ལ་རང་གི་སེམས་རངས་པའི་དོན་དང་བདག་ཉིད་ཀྱི་རྣམ་པར་རྟོག་པ་གཞོམ་པའི་དོན་ཏེ། གོ་ཆ་དམ་པ་ཡིན་ནོ། །མ་ལ་ཨིནྡྷ་ན་ཤཱ་ལིཉྫ་ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི་ཞེས་བྱ་བ་ལ་མཱ་ལ་ཨིནྡྷ་ནཾ་ནི་ཚོད་མའོ། །ཤཱ་ལིཾ་ཛྫ་ཞེས་བྱ་བ་ནི་ཤ་ཆེན་ནོ། །ཏ་ཧིཾ་ཞེས་བྱ་བ་ནི་དུས་དེར་རོ། །བྷ་རུ་ཁཱ་ཨི་ཨ་ཨི་ཞེས་བྱ་བ་ནི་རིམ་པར་སྦྱར་བར་ཤེས་ནས་ཟ་བའོ། །ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ་ཤུདྡྷ་ཨ་ཤུདྡྷ་ཎ་མུ་ཎི་ཨ་ཨི་ཞེས་བྱ་བ་ལ། ཕྲེང་ཞེས་བྱ་བ་ལ་གནས་ལས་སྐྱེས་པ་དང༌། ཞིང་ལས་སྐྱེས་པ་དང༌། མིང་ལས་སྐྱེས་པ་རྣམས་ཀྱི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་དེ་རྣམས་ཀྱིས་འདུས་པའོ། །ཁེ་ཊ་ཀ་རནྟེ་ཞེས་བྱ་བ་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་དེ་རྣམས་ཀྱི་རང་གི་འདོད་པའི་ལྷའི་རྣལ་འབྱོར་གཅིག་པའི་རང་བཞིན་ནོ། །ཤུདྡྷ་ཨ་ཤུདྡྷ་ཎན་མུ་ཎི་ཨ་ཨི་ཞེས་བྱ་བ་ནི་དུས་དེར་བགྲོད་པ་དང༌། མི་བགྲོད་པ་དང༌། བཟའ་བ་དང་མི་བཟའ་བ་དང་བཏུང་བ་དང་མི་བཏུང་བར་མི་བརྟག་སྟེ། གནས་དེར་གང་ཁ་ཅིག་གདོལ་པ་ལ་སོགས་པ་དང༌། མཐའ་འཁོབ་ཏུ་སྐྱེས་པ་དང༌། རིགས་ལས་སྐྱེས་པ་ངན་པའི་བུད་མེད་དམ། སྐྱེས་པ་དེ་རྣམས་ཐམས་ཅད་རང་འདོད་པའི་ལྷའི་རྣལ་འབྱོར་གྱིས་མཆོད་པར་བྱ་སྟེ། འདིའི་དངོས་པོ་སྨད་པར་མི་བྱའོ། །ནི་རཱཾ་ཤུ་ཨདྒེ་ཙ་ཌཱ་བི་ཨ་ཨི། ཏ་ཧིཾ་ཛ་སཱ་ར་ཝཱ་པ་ནི་ཨ་ཨི་ཞེས་བྱ་བ་ནི་སྒྲུབ་


DTG008_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོས་རང་བཞིན་མེད་པས་རྣམ་པར་རྟོག་པ་ཐམས་ཅད་དང་ཡིད་གཉིས་མེད་པས་བདག་ཉིད་དཔལ་ཧེ་རུ་ཀའི་ང་རྒྱལ་བྱས་ཏེ། མཆོད་པ་ཆེན་པོའི་དོན་གྱི་ཕྱིར་རང་གི་སེམས་རངས་བས་དུར་ཁྲོད་དམ་གཡུལ་གྱིས་ལས་སྐྱོན་མེད་པའི་མི་བླངས་ཏེ། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ལ་ཕྱག་འཚལ་ཏེ། འདུས་པ་དེ་ལ་དབུལ་བར་བྱའོ། །མ་ལ་ཨ་ཛེ་ཀུནྡུ་རུ་བ་ཊ་ཨི། ཌིཎྜི་མ་ཏ་ཧིནྣ་བཱཛྫི་ཨ་ཨི་ཞེས་བྱ་བ་ནི་དེ་ལ་འདུས་པ་ཆེན་པོའི་དུས་སུ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མས་བཱ་ལ་ཟོས་པ་དང་མ་ངན་འཐུངས་པས་ཡིད་དགའ་བ་རྣམས་སྒྲུབ་པ་པོ་ལ་ཤིན་ཏུ་འདོད་ཅིང་སྙིང་ལ་སྦྱར་བར་འདོད་པས། བསོད་ནམས་བྱས་པའི་སྒྲུབ་པ་པོ་རྗེས་སུ་གཟུང་བའི་རྒྱུས་རངས་པའི་བསམ་པས་གདོལ་པ་ལ་སོགས་པའི་རིགས་ལས་སྐྱེས་པའི་ཤིན་ཏུ་ངན་པ་སྐྱུག་བྲོ་བའི་ལུས་དེ་ཉིད་སྒྲུབ་པ་པོས་རང་པ་ཆེན་པོ་དང༌། བསམ་པ་དྲི་མ་མེད་པས་དཔལ་ཧེ་རུ་ཀའི་ང་རྒྱལ་བྱས་པས་དམ་ཚིག་བདག་མེད་མའི་གཟུགས་སུ་རབ་ཏུ་བརྟག་པ་མཆོད་པར་བྱ་ཞིང་སྤངས་པར་མི་བྱའོ། །འདི་ནི་གླུའི་མན་ངག་གི་དོན་ཉུང་ངུའོ། །ཀོལླ་ཨི་རེཊྛི་ཨ་བོ་ལཱ། མུམྨུ་ཎི་རེ་ཀཀྐོ་ལཱ་ཞེས་བྱ་བ་ལ་ཀོལླ་ཨི་རེ་ཞེས་བྱ་བ་ནི་ཐབས་སོ། །གནས་པ་ཞེས་བྱ་བ་ནི་འདིའོ། །དེ་ལྟར་ཐབས་ནི་ཀོ་ལཱ་ཞེས་བྱ་བ་བརྗོད་དོ། །མུམྨུ་ཎི་ཞེས་ཤེས་རབ་ཀྱི་རང་བཞིན་གྱིས་ཤེས་རབ་ཀྱི་ཆོས་ཀྱི་འབྱུང་གནས་ཀཀྐོ་ལ་ཞེས་བརྗོད་དོ། །ཡང་ན་ཀོ་ཞེས་བྱ་བ་ནི་ཀཔྤཱུར་རོ། །ལླ་ཞེས་བྱ་བ་ནི་ཐིམ་པའོ། །ཀཔྤཱུ་ར་དེའི་ཐིམ་པ་ནི་མ་ལ་བར་བརྗོད་དོ། །ཨོ་ཞེས་བྱ་བ་ནི་ཐབས་ཀྱི་ཚིག་སྟེ། རྩ་གསུམ་བཅུ་གཉིས་ཀྱི་རང་བཞིན་ནོ། །གི་རི་ཞེས་བྱ་བ་མགོ་བོའི་གནས་སོ། །མགོ་བོ་དེ་ཉིད་ན་ཐོད་པ་བརྒྱད་དང་ལྡན་པའོ། །རི་ཡང་རྭ་བརྒྱད་ཀྱིས་ཉེ་བར་བརྒྱན་པའོ། །རིའང་སྣ་ཚོགས་དུ་མའི་སུ་ལས་རྒྱུན་མི་འཆད་པར་འཛག་གོ །མགོ་བོ་དེ་ཉིད་རྩ་གསུམ་ཅུ་རྩ་གཉིས་རྣམས་ཉིན་མཚན་དུ་རྒྱུན་མི་འཆད་པར་འཛག་གོ །རི་ནི་ཕྱི་རོལ་དང་བཅས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའོ། །མགོ་


DTG008_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་སོགས་པ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པའོ། །འདི་ཉིད་ཀྱི་ཕྱིར་ནི་ལྷ་ཐམས་ཅད་ཀྱི་གནས་སོ། །མགོ་བོ་ཡང་ལྷའི་གནས་སོ། །ལུས་ལ་ཡང་དག་པར་ཡོད་པའི་དོན་འདི་ནི་ལྷ་ཞེས་བརྗོད་པ་སྟེ། འདི་ཉིད་ཀྱི་ཕྱིར་ལྷ་ཐམས་ཅད་ཀྱི་བདག་ཉིད་རང་བཞིན་ནི་བྱང་ཆུབ་ཀྱི་སེམས་སོ། །རིགས་པ་འདིས་མགོ་བོ་གི་རི་ཞེས་བྱ་བར་བརྗོད་དོ། །བ་ཞེས་བྱ་བ་ནི་རྡོ་རྗེའོ། །ཨོ་ཞེས་བྱ་བ་ནི་རྡོ་རྗེ་འདྲེན་པའོ། །ལ་ཞེས་བྱ་བ་ནི་རྒྱན་འབྱུང་བའོ། །གནས་པ་ཞེས་བྱ་བ་ནི་རྡོ་རྗེའི་ལྟེ་བར་གནས་པའོ། །ཨ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བའི་རང་བཞིན་ནོ། །མུ་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་དོ། །མྨུ་ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་ཟེ་བ་དང་བཅས་པའོ། །ཎ་ཞེས་བྱ་བ་ནི་པདྨའི་ལྟེ་བ་དེ་ཉིད་ལ་ཀུན་འདར་གྱི་རྩ་ཤིན་ཏུ་མི་དམིགས་པའི་གཟུགས་ཅན་མའོ། །རོ་ཞེས་བྱ་བ་ནི་དེའི་གསལ་བ་དང་འབྱེད་པའོ། །ཀ་ཞེས་བྱ་བ་ནི་བདེ་བའོ། །ཀྐོ་ཞེས་བྱ་བ་ནི་འདོད་པའོ། །ལ་ཞེས་བྱ་བ་ནི་རྒྱན་ཁུ་བར་གྱུར་པ་ཕྱུང་བའོ། །ཨ་ཞེས་བྱ་བ་ནི་ནམ་མཁའི་རང་བཞིན་ནོ། །གྷ་ཎེ་ཀྲྀ་པི་ཊ་ཧོ་བཱཛྫ་ཨི་ཞེས་བྱ་བ་ནི་གྷ་ཎ་ཞེས་བྱ་བ་རྡོ་རྗེའོ། །ཀྲྀ་པི་ཊ་ཞེས་བྱ་བ་པདྨའོ། །ཧོ་ཞེས་བྱ་བ་ནི་ཆ་རྡོ་རྗེ་དང་ཆུ་སྐྱེས་ཀྱི་དེ་ཁོ་ནའོ། །བཱཛྫ་ཨི་ཞེས་བྱ་བ་ནི་ཀུནྡུ་རུ་ཤིན་ཏུ་མངོན་པར་ཆགས་པས་རྡོ་རྗེ་དང་པདྨ་རྡེབས་པའི་སྒྲའོ། །ཀཱ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ་ཞེས་བྱ་བ་ནི་ཀུནྡུ་རུ་ནི་མཆོག་ཏུ་དགའ་བ་སྟེ། དེ་ཉིད་ཀྱི་ཀུནྡུ་དུའི་དུས་སུ་མཆོག་ཏུ་དགའ་བ་སྐྱེ་བའི་དུས་སུ་སེན་མོས་འདེབས་པ་དང༌། སོས་བཏབ་པའི་རྨའོ། །གཡུལ་དུ་ཧ་དང་སི་ལ་སོགས་པ་གང་བྱས་པ་དེ་ཉིད་རོལ་ཞེས་བརྗོད་དོ། །ཏ་ཧིཾ་བ་ལ་ཁཱཛྫ་ཨཱི། གཱ་ཌྷེཾ་མ་ཨ་ཎ་བཱཛྫི་ཨ་ཨི་ཞེས་བྱ་བ་ལ་ཏ་ཧིཾ་ནི་གཡུལ་གྱི་དུས་དེར་མ་མཆུ་བཟའ་བར་བྱ་བ་དང༌། བདེ་བ་ལ་ཤིན་ཏུ་མངོན་པར་ཆགས་པས་འོའི་རྣམ་པར་དགོད་པའི་སྦྱོར་བས་མ་མཆུའི་སྦྱོར་བས་ཡང་དག་པར་འཛག་པའི་བཏུང་བར་བྱ་བ་སྟེ། སྦྱོར་བ་འདིས་བཱ་ལ་བཟའ་བ་དང་མ་ད་ན་བཏུང་བ་ཞེས་བྱ་བ་ནི་དངོས་པོའོ། །ཧ་ལེ་ཀཱ་ལིཉྫ་ར་པ་ནི་ཨ་


DTG008_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཨི། དུཾ་དྷུ་ར་བཱཛྫ་ཨ་ཨི་ཞེས་བྱ་བ་ལ་ཧ་ལེ་ཞེས་བྱ་བ་ནི་བོད་པའོ། །ཀཱ་ལིཉྫ་ར་ཞེས་བྱ་བ་ནི་སྐལ་བ་དང་ལྡན་པའོ། །པ་ཎི་ཨ་ཨི་ཞེས་བྱ་བ་ནི་དེར་སྐལ་བ་བཟང་པོ་གཞུག་པར་བྱའོ། །ཡང་ན་ཧ་ཞེས་བྱ་བ་ནི་རྡོ་རྗེའོ། །ལ་ཞེས་བྱ་བ་ནི་རྩེ་བ་སྟེ་ཀུནྡུ་རུ་བྱེད་པའོ། །ཨི་ཞེས་བྱ་བ་ནི་པདྨའོ། །ཡང་ཀཱ་ལིཉྫ་ར་ཞེས་བྱ་བ་ནི་སྒྲུབ་པ་པོ་ཡང་པི་ཙུའི་ང་རྒྱལ་གྱིས་རྣལ་འབྱོར་དང་ལྡན་པ་དང༌། རིག་མ་བདག་མེད་མའི་གཟུགས་ཅན་མར་རྫོགས་ནས་ཀུནྡུ་རུའི་དུས་སུ་སྒྲུབ་པ་པོའི་དབང་པོས་སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་ཧཱུཾ་གི་ས་བོན་བསམ་པར་བྱའོ། །བསམས་ནས་འོད་ཟེར་ཁ་དོག་ནག་པོ་ལྕགས་ཀྱུའི་རྣམ་པ་ཕྱུང་སྟེ། ནམ་མཁའི་དཀྱིལ་དུ་གཤེགས་པའི་སངས་རྒྱས་དཔལ་ཧེ་རུ་ཀ་ལ་སོགས་པ་གཙོ་བོ་རྣམས་སྤྱན་དྲངས་ནས། རང་གི་ལུས་ལ་བཅུག་སྟེ། བྱང་ཆུབ་ཀྱི་སེམས་ནི་རྣམ་པར་སྤྲོས་ནས་རྡོ་རྗེའི་ལམ་གྱིས་རིག་མའི་ཆུ་སྐྱེས་སུ་བསམ་པར་བྱའོ། །གཉིས་གཉིས་མཉམ་པར་སྦྱོར་བའི་དག་པ་ལ་སེམས་རངས་པ་བྱུང་ན་ལྷའི་རྣམ་པར་སྤྲོ་ཞིང་བདེ་བའི་གཟུགས་ཀྱིས་བསྡུ་བར་བྱའོ། །ཀཱ་ལིཉྫ་ར་གཞུག་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཀ་ཞེས་བྱ་བ་ནི་ག་བུར་རོ། །ལི་ཞེས་བྱ་བ་ནི་ལེགས་པར་བྱེད་པས་རྡོ་རྗེ་དང་ཆུ་སྐྱེས་ཀྱི་སྦྱོར་བའོ། །ཛ་ཞེས་བྱ་བ་ནི་རྡོ་རྗེ་དང་ཆུ་སྐྱེས་སྦྱོར་བ་དེས་སྐྱེད་པར་བྱེད་པ་དང༌། འབྱིན་པར་བྱེད་པའོ། །ཡང་ན་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱིས་ཁམས་གསུམ་བསྐྱེད་པ་དང་ཇི་སྲིད་དུ་གནས་པ་དང༌། གཡོ་བ་དང་སངས་རྒྱས་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་རྣམས་སྐྱེད་པར་བྱེད་པ་ནི་ཛ་ཞེས་བྱའོ། །རེ་ཕ་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོའི་རྗེས་སུ་ཆགས་པ་ལས། སངས་རྒྱས་ཐམས་ཅད་དགྱེས་པར་བྱེད་དེ། གང་གི་ཕྱིར་འདོད་ཆགས་ཆེན་པོ་ལས་བྱུང་བ་དེའི་ཕྱིར་ཀཱ་ལིཉྫ་རབ་བརྗོད་དོ། །སྦྱོར་བ་འདིས་མཆོག་ཏུ་དགའ་བ་མཛེས་པ་ལས་དེ་མ་ཐག་ཏུ་འཁོར་བའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་གཟུགས་ཅན་རིགས་ཀྱི་བདག་པོའི་ཁར་གསལ་བར་མི་གནས་པ་དང་མ་


DTG008_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་དུས་ན་ཇི་སྲིད་དུ་འཇིག་རྟེན་གསུམ་དང་ཁམས་གསུམ་དང༌། གནས་པ་དང་གཡོ་བའི་རྣམ་པའི་ཆོས་ཐམས་ཅད་རྟག་ཏུ་རོ་གཅིག་པའི་རང་བཞིན་གྱིས་དུས་དེར་ཞུགས་པ་དང་ནང་དུ་ཕྱིན་པ་དང༌། རང་བཞིན་གང་ཞིག་ཐིམ་པར་གྱུར་པ་ཞེས་བྱ་བ་དེ་ཉིད་ཀ་ལིཉྫ་ར་གཞུག་པ་ཞེས་བརྗོད་དོ། །དུ་དྷུ་ར་ཞེས་བྱ་བའི་དུ་ཞེས་བྱ་བ་ནི་གཏི་མུག་གོ །དྷུ་ཞེས་བྱ་བ་ནི་ཞེ་སྡང་ངོ༌། །ར་ཞེས་བྱ་བ་ནི་འདོད་ཆགས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གཙོ་བོ་རྣམས་དང༌། ཉོན་མོངས་པ་མ་ལུས་པར་བགྲང་པ་ཡོངས་སུ་གསལ་ཞིང་སྤང་བ་ནི་བཏང་སྙོམས་ཀྱི་དངོས་པོ་ཞེས་བྱའོ། །ཀ་ནི་འདོད་པ་ཞེས་བརྗོད་དོ། །ཐུ་ནི་འདོད་པའི་གཞིར་བརྗོད་དོ། །ར་ནི་ཅུང་ཟད་འཚོད་པ་སྟེ། དགའ་བ་ནི་ཀ་ཐུ་རིར་བརྗོད་དོ། །སི་ཎཾ་བདེ་བར་བརྗོད་དོ། །ཧླཱ་ནི་དགའ་བར་བྱེད་པ་པོ་སྟེ། སེམས་ཀྱི་རངས་པས་ཆེན་པོ་ནི་དམ་པ་ཞེས་བརྗོད་དོ། །ཙ་ནི་བྷ་ག་ཞེས་བརྗོད་དོ། །ཨུ་ནི་གསལ་བར་བྱེད་པར་བརྗོད་དོ། །ས་ནི་གདོང་མཉམ་པོར་ཤེས་པར་བྱའོ། །མ་ནི་འདུ་བའི་བདག་ཉིད་དོ། །ཀ་ནི་ཁུ་བའི་གཟུགས་སོ། །པྤཱུ་ནི་པདྨ་སྐྱེས་ཞེས་བརྗོད། །ར་ནི་པདྨར་དགའ་བ་སྟེ། །ཀཔྤཱུ་ར་ནི་དགའ་བྲལ་ཞེས་བརྗོད་དོ། །ཀཱ་ལིཉྫ་རར་གཞུག་པའི་དུས་དེར་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་འབྱུང་བ་དགའ་བ་བཞིའི་རང་བཞིན་གྱིས་གང་བསྟན་གཏད་པ་དམ་ཚིག་གཞིའི་རྩེ་བརྗོད་པ་དེ་བསྟན་ཏོ། །མ་ལ་ཨིནྡྷ་ནཾ་ཤཱ་ལིཾ་ཛ། ཏ་ཧིཾ་བྷ་རུ་ཁ་ཨུ་ཨ་ཨི་ཞེས་བྱ་བ་ལ་མ་ཞེས་བྱ་བ་ནི་མགོ་བོའོ། །ལ་ཞེས་བྱ་བ་ནི་བཅོམ་པའི་གནས་སོ། །ཨིནྡྷ་ཎཾ་ཞེས་བྱ་བ་ནི་གསལ་བར་བྱེད་པའོ། །ཤུ་ནི་ཞེས་བྱ་བ་ནི་བདེ་བ་སྟེ། བྱང་ཆུབ་སེམས་སོ། །ལིཾ་ཞེས་བྱ་བ་ནི་འཛག་པའོ། །ཏ་ཧིཾ་ཞེས་བྱ་བ་ནི་སྐད་ཅིག་བཞིའི་དུས་དེར་རོ། །བྷ་རུ་ཞེས་བྱ་བ་ནི་རྒྱུན་དེ་ཉིད་མཚན་དུའོ། །ཁཱ་ཨི་ཨ་ཨི་ཞེས་བྱ་བ་ནི་མ་ཆད་པར་བདེ་བ་མྱང་བ་དམིགས་པའོ། །ཡང་ན་དུས་རེར་བྱང་ཆུབ་ཀྱི་སེམས་རྣམ་པར་བོར་བ་དེ་ཉིད་བཟའ་བར་བྱ་བ་དང༌། ཡོངས་སུ་


DTG008_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བར་མི་བྱ་བ་ཞེས་བྱ་བའི་དངོས་པོའོ། །པ་ཞེས་བྱ་བ་ནི་པདྨ་སྙིང་པོ་དང༌། ཟེ་བར་ལྡན་པའོ། །ཨེ་ཞེས་བྱ་བ་ནི་ཨེའི་ཆ་བྱད་དོ། །ར་ཞེས་བྱ་བ་ནི་རྡོ་རྗེ་རྩེ་གསུམ་པའི་ཆ་བྱད་དེ་པདྨ་གསལ་བར་བྱེད་པའོ། །ཁ་ཞེས་བྱ་བ་ནི་མཁའ་འགྲོའི་གདོང་ཕྱེ་བ་སྟེ་ཀུན་འདར་གྱི་རྩ་ཕྱེ་བ་ཞེས་བྱ་བའི་དངོས་པོའོ། །ཎ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་རང་བཞིན་བདེ་བ་རྡོ་རྗེ་དང་པདྨའི་རྩེ་མོར་གསལ་བར་གནས་པའོ། །ཁེ་ཊ་ཀ་རནྟེ་ཞེས་བྱ་བ་ནི་རྡོ་རྗེ་དང་ཆུ་སྐྱེས་གཉིས་ཀྱིས་གཉིས་སྦྱོར་བས་ཐིག་ལེ་གཉིས་འདུ་བ་གཉིས་མེད་པར་བྱེད་པ་ཞེས་བྱ་བའི་དངོས་པོའོ། །ཤུདྡྷཱ་ཤུདྡྷ་ན་མུ་ཎི་ཨི་ཞེས་བྱ་བ་ནི་ཐིག་ལེ་གཉིས་གཉིས་སུ་མེད་པར་འགྱུར་བའི་བདེ་བ་བཟང་པོའི་དུས་དེར་དངོས་པོ་དང་དངོས་པོ་མེད་པ་དང༌། བདག་དང་བདག་གི་དང་གཟུང་བ་དང་འཛིན་པ་སྟེ། མ་ནི་ཨ་ཨི་ཞེས་བྱ་བ་ནི་མི་འདོད་དོ་ཞེས་བྱ་བའི་དངོས་པོའོ། །ནི་རཱཾ་ཤུ་ཨཾ་གེ་ཙ་ཌཱ་བི་ཨ་ཨི་ཞེས་བྱ་བ་ལ་ནི་རཱཾ་ཤུ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་རང་བཞིན་གྱི་ཕྱག་རྒྱ་སྟེ། རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་དང༌། ཨ་རོ་ལྀ་ཀ་དང༌། དོན་ཡོད་ཀྱི་མཐར་ཐུག་པའོ། །ཨངྒ་ཙ་ཌ་བི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གཟུགས་འདིས་ཕུང་པོ་ལྔའི་ང་རྒྱལ་བྱའོ། །ཏ་ཧིཾ་ཞེས་བྱ་བ་ནི་གཉིས་གཉིས་འཁྱུད་པའི་དུས་དེར་རོ། །ཛ་ཞེས་བྱ་བ་ནི་ཇི་ཙམ་གནས་པ་དང་གཡོ་བའི་ཆོས་ཐམས་ཅད་དོ། །ས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །རྭ་ཞེས་བྱ་བ་ནི་གསལ་བའོ། །བ་ཞེས་བྱ་བ་ནི་བག་ཆགས་གཉིས་ཀྱིས་ཟིན་པའི་སེམས་ཀྱི་འཁོར་བ་རྣམས་སོ། །དེ་ནི་ལྷན་ཅིག་སྐྱེས་པའི་དགའ་བས་ཡང་དག་པར་སྦྱངས་པ་གཡོ་བ་དང་གནས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་ཏུ་འབྱུང་བའི་སྦྱོར་བས་བཏང་བའི་སྒོམ་པར་བྱེད་པ་གང་ཞིག་གི་རང་བཞིན་དེ་གཞུག་པ་ཞེས་བྱ་བའི་དངོས་པོའོ། །མ་ལ་ཨ་ཛེ་ཀུནྡུ་རུ་བ་ཌཱ་ཨི། ཌིཎྜི་མ་ཏ་ཧི་ནཾ་བཱཛྫ་ཨ་ཨི་ཞེས་བྱ་བ་ལ། མ་ལ་ཨ་ཛེ་ཞེས་བྱ་བ་ནི་དཔའ་བོ་དང་དཔའ་མོའི་


DTG008_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་མ་ཐམས་ཅད་འདུ་བའོ། །དཔའ་བོ་ཐམས་ཅད་ཀྱི་སྒྲས་ནི་རྟག་པ་ལ་སོགས་པ་འཁོར་ལོས་སྒྱུར་བ་དྲུག་གོ །དཔའ་མོའི་དབང་ཕྱུག་མ་ཐམས་ཅད་ཀྱི་སྒྲས་ནི་གཏི་མུག་རྡོ་རྗེ་མ་ལ་སོགས་པའི་འཁོར་ལོས་སྒྱུར་མ་དྲུག་གོ །ཇི་སྲིད་དུ་རྡུལ་ཕྲ་རབ་དང་མཉམ་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་དེའི་བདག་ཉིད་ལས་སྐྱེས་པ་དཔའ་བོ་དེ་རྣམས་ཐམས་ཅད་སྒྲུབ་པ་པོས་རང་གི་ལུས་ཀྱི་ནང་དུ་བསྒོམ་མོ། །གང་དཔའ་མོའི་དབང་ཕྱུག་མ་དེ་རྣམས་ཐམས་ཅད་དེ་ཉིད་ཀྱི་ནང་དུ་བསྒོམ་མོ། །སྦྱོར་བ་འདིས་སྒྲུབ་པ་པོའི་དབང་པོས་རང་དང་འདྲ་བ་དང་ལྷན་ཅིག་མཉམ་པར་སྦྱོར་བར་བྱེད་པའི་སྒོམ་པ་ནི་མ་ལ་ཨ་ཛེ་ཞེས་བྱ་བའི་དངོས་པོའོ། །རྡོ་རྗེ་དང་པདྨ་མཉམ་པར་གཞུག་པར་བྱེད་པའི་སྒོམ་པ་ནི་ཀུནྡུ་རུ་ཡིན་ནོ་ཞེས་བྱ་བའི་དངོས་པོའོ། །ཌིཎྜི་མ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་གཟུགས་ཅན་གྱི་བྱང་ཆུབ་སེམས་མ་རེག་པའི་ཕྱིར་ཌིཎྜི་མའོ། །ལྷན་ཅིག་སྐྱེས་པའི་གཟུགས་ཅན་བྱང་ཆུབ་ཀྱི་གཟུགས་ཀྱང་རེག་པར་བྱེད་པ་དཀའ་བ་རང་རིག་པ་ཙམ་གཟུང་བ་དང་འཛིན་པ་ལས་འདས་པ་སྟེ། རྒྱུ་འདིས་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཌིཎྜི་མ་ཞེས་བརྗོད་དོ། །ཏ་ཧིཾ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་འབྱུང་བའི་དུས་དེར་བྱང་ཆུབ་ཀྱི་སེམས་ཇི་ལྟར་ནུས་པ་གཟུང་བ་དང་མི་སྤང་བ་ཞེས་བྱ་བའི་དོན་ཏོ། །འདི་ནི་པི་ཙུ་རྡོ་རྗེའི་རྒྱུད་ལས་གསུངས་པ་གླུའི་མཆོག་རྙེད་པར་དགའ་བ་གསང་བ་ཆེན་པོའི་ཤིན་ཏུ་གསང་བའི་དོན་བཟང་པོའི་དོན་ཡོངས་སུ་བསྡུ་བའི་ཕྱིར་དང༌། ཐེ་ཚོམ་བསལ་བའི་ཕྱིར་རྣལ་འབྱོར་མའི་གཙོ་མོ་བདག་མེད་མས་འདོད་ཆགས་ཆེན་པོའི་རྗེས་སུ་ཆགས་པས་རྡོ་རྗེ་མཆོད་པས་ཡང་དག་པར་མཆོད་པའི་དུས་སུ་བཅོམ་ལྡན་འདས་ལ་ཞུས་པ་དང༌། ཤིན་ཏུ་དགྱེས་པ་ཐུགས་ཀྱི་རྣལ་འབྱོར་མ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་གང་གསུངས་པ་གླུའི་རྒྱལ་པོ་མཆོག་གསུངས་པའི་སྙེམས་པ་མེད་པའི་དོན་བཤད་པའོ།། །།དེ་ནས་གར་བཤད་པ་བརྗོད་དོ། །དྲན་པ་མི་འཕྲོགས་རྣལ་འབྱོར་ལས། །ཧེ་རུ་ཀ་ཡི་གཟུགས་ཀྱི་


DTG008_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

གར། །ཆགས་བྲལ་མི་གོས་སེམས་ཀྱིས་ནི། །འདོད་ཆགས་སེམས་ཀྱིས་བསྒོམ་པ་ཉིད། །ཤྲཱི་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། །སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། །སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་གང་བྱུང་བ་དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཧེ་ཞེས་བྱ་བ་ནི་རྒྱུ་ལ་སོགས་པས་སྟོང་པ་སྟེ། ཧེ་ཞེས་བྱ་བ་ནི་རྡོ་རྗེའོ། །ཨེ་ཞེས་བྱ་བ་ནི་པདྨ་སྟེ། རྡོ་རྗེ་དང་པདྨར་རྒྱུར་གྱུར་པ་དེས་བདེ་བ་གང་འབྱུང་བས་རྟོག་པ་མེད་པ་དེ་ཉིད་རྒྱུ་ལ་སོགས་པས་སྟོང་པའོ། །རུ་ཞེས་བྱ་བ་ནི་ཚོགས་པ་དང་བྲལ་བ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་བྲལ་བའོ། །ཀ་ཞེས་བྱ་བ་ནི་གང་དུའང་མི་གནས་པ་སྟེ། རབ་ཏུ་བཅུག་པ་དང་བྲལ་བར་གྱུར་པ་ནི་རྣམ་པར་གྲོལ་བ་ཉིད་དེ། ཆོས་ཐམས་ཅད་རོ་གཅིག་པའི་རང་བཞིན་གྱིས་ཐམས་ཅད་ཀྱི་ན་བདག་ཉིད་ལ་གནས་སོ། །འདི་ནི་གང་དུ་ཡང་མི་གནས་པའོ། །དཔལ་ཧེ་རུ་ཀའི་རང་བཞིན་འདིས་རྒྱུ་བས་གར་ཞེས་བྱའོ། །དཔལ་ཧེ་རུ་ཀའི་གཟུགས་ཀྱིས་སེམས་ཀྱི་དྲན་པ་མི་ཕྱེད་པ་རྙོག་པ་མེད་པ་འདིས་ནི་རྣལ་འབྱོར་དྲན་པ་མི་འཕྲོགས་པ་ལས་ཞེས་བྱ་བའི་དོན་ཏོ། །སྒོམ་པ་འདིས་ནི་འདོད་ཆགས་ཀྱི་སེམས་ཏེ། ཆགས་པ་དང་བྲལ་བ་མ་ཡིན་པའི་སེམས་ཀྱིས་སོ། །རྡོ་རྗེ་ཆོས་དང་སངས་རྒྱས་དང༌། །རྣལ་འབྱོར་མ་དང་མ་མོ་ཡིས། །འདི་དག་གིས་དཔལ་ཧེ་རུ་ཀའི་གཟུགས་ཀོལླ་གི་རིར་བཞུགས་པ་ཞེས་བྱ་བ་ལ་སོགས་པའི་གླུ་དང་གར་དག་གིས་ངེས་པར་གླུ་བླང་བ་དང་གར་བྱའོ། །འདི་ཉིད་ཀྱིས་ནི་ཚོགས་བསྲུང་ཞིང༌། །དེ་བཞིན་དག་ཀྱང་བསྲུང་བ་ཉིད། །འདིས་ནི་འཇིག་རྟེན་དབང་དུ་བྱེད། །འདིས་ནི་སྔགས་ཀྱི་བཟླས་པ་ཉིད། །གང་དུ་གུས་བཅས་གླུ་ལེན་དང༌། །གང་དུ་གུས་བཅས་གར་བྱེད་པ། །ཚོགས་ཀྱི་བདག་པོས་སྔོན་བྱས་ནས། །དེ་ལ་དྲི་ནི་མཚོན་པར་བྱ། །གང་དུ་གུས་བཅས་གླུ་དང་གར། །ཞེས་བྱ་བ་ལ། བཅས་ཞེས་བྱ་བ་ནི་བདེ་བའོ། །གུས་པ་ཞེས་བྱ་བ་ནི་བདེ་བ་མངོན་པར་འདོད་པ་སྟེ། དེ་ཉིད་བདེ་བ་མངོན་པར་འདོད་པའོ། །གང་ལ་གླུ་ལེན་པ་


DTG008_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

དང། གར་བྱེད་པ་ནི་བླ་མའི་མན་ངག་གིས་ལྷན་ཅིག་སྐྱེས་པ་བསྐྱེད་པའི་དོན་གྱི་ཕྱིར་ཀུན་དུ་རུ་བྱེད་པ་ཞེས་བྱ་བའི་དངོས་པོའོ། །ཚོགས་ཀྱི་བདག་པོས་སྔོན་བྱས་ཏེ། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མའི་ཚོགས་ཏེ་མང་པོའོ། །བདག་པོ་ཞེས་བྱ་བ་ནི་དཔའ་བོ་དཔའ་མོའི་དབང་ཕྱུག་མ་དེ་རྣམས་ཀྱི་ནང་དུ་གཙོ་མོ་དང་འདྲེན་པ་དང་འཁོར་ལོ་ཅན་ཞེས་བྱ་བའི་དོན་ཏོ། སྔོན་དུ་བྱས་ཏེ་ཞེས་བྱ་བ་ནི་སྒྲུབ་པ་པོ་བདག་ཉིད་དཔལ་ཧེ་རུ་ཀའི་ང་རྒྱལ་དང༌། རིག་མ་བདག་མེད་མའི་གཟུགས་ཀྱིས་རྫོགས་པ་དེ་དང་ལྷན་ཅིག་སྙོམས་པར་ཞུགས་པའི་སྦྱོར་བ་བྱེད་པ་ཞེས་བྱ་བའི་དངོས་པོའོ། །དེ་ལ་ཞེས་བྱ་བ་ནི་ཀུན་དུ་རུའི་སྙོམས་པར་ཞུགས་པ་ལ་མངོན་པར་ཆགས་པའི་དུས་དེར་རོ། །དྲི་ནི་མཚོན་པར་བྱ་ཞེས་བྱ་བ་ནི་དགའ་བ་བཞི་དང་སྐད་ཅིག་མ་བཞིའི་རབ་ཏུ་དབྱེ་བས་བྱང་ཆུབ་སེམས་མི་ཟད་པའི་རང་བཞིན་དེ་མཚོན་པར་བྱ་སྟེ། བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ། །སྒོག་པའི་དྲི་ནི་དང་པོ་ཉིད། །དེ་ནས་ཡང་ནི་བྱ་རྒོད་དྲི། །ག་བུར་མ་ལ་ཡ་ཛ་རྗེས། །གླུ་ཡི་བྱིན་བརླབས་མཚན་ཉིད་ནི། །རུ་ནི་ཏམ་ཧམ་ས་སྱ་བྷྲ་མ་ར་སྱ། གླུ་ཡི་མཐར་ནི་མཉན་པར་བྱ། །གོ་མ་ཡོར་གྱི་སྒྲ་དང་ནི། །ཕྱི་རོལ་ཚལ་དུ་མཚོན་པར་བྱ། །གླུ་ཡི་བྱིན་བརླབས་མཚན་ཉིད་དོ། །སྒོག་པའི་དྲི་ཞེས་བྱ་བ་ནི་དགའ་བའོ། །བྱ་རྒོད་ཀྱི་དྲི་ཞེས་བྱ་བ་ནི་མཆོག་ཏུ་དགའ་བའོ། །ག་བུར་མ་ལ་ཡ་ཛ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་མཛེས་པ་ལས་ནང་དུ་འཁོར་བའི་བྱང་ཆུབ་ཀྱི་རིགས་ཀྱི་བདག་པོའི་ཁར་ཐིག་ལེའི་གཟུགས་ཀྱིས་བསྡུས་པ་གསལ་བར་བརྗོད་པ་ནི་ཀཔྤཱུ་ར་མ་ཡ་ཛ་ཞེས་བྱ་བའི་དངོས་པོའོ། །དེ་རྗེས་སུ་གླུ་ཡི་བྱིན་བརླབས་མཚན་ཉིད་དོ། །ཞེས་བྱ་བ་ནི་དེའི་རྗེས་སུ་ག་བུར་དང་མ་ལ་ཡ་ཛ་སྐད་ཅིག་དེར་གླུའི་བྱིན་བརླབས་རང་རིག་པའི་བྱིན་གྱི་རླབས་ལྷན་ཅིག་སྐྱེས་པའི་དགའ་བ་བརྟག་པ་ཞེས་བྱ་བའི་དོན་ཏོ། །རུ་ཏཾ་ཧཾ་ས་སྱ་བྷྲ་མ་ར་སྱ། གླུ་ཡི་མཐར་ནི་མཉམ་པར་བྱ། །ཞེས་བྱ་བའོ། །ཧ་ཞེས་བྱ་བ་ནི་སྤྲོས་


DTG008_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཀྱི་སེམས་སོ། །ས་ཞེས་བྱ་བ་ནི་སྤྲོས་པ་དང་བྱང་ཆུབ་ཀྱི་སེམས་ཏེ། བདེ་བ་ཡང་དག་པར་རིག་པ་ཙམ་མོ། །བྷ་ཞེས་བྱ་བ་ནི་དེ་རྣམས་ཀྱི་བསྒོམ་པའོ། །མ་ཞེས་བྱ་བ་ནི་བདག་རིག་པའོ། །ར་ཞེས་བྱ་བ་ནི་དགའ་བ་སྟེ། ངེས་བསྒྲུབ་པ་པོ་སྡིག་པ་དང་བྲལ་བར་གྱུར་པའོ། །རུ་ཏ་ཞེས་བྱ་བ་ནི་བརྗོད་པ་ཞེས་བྱ་བའི་དངོས་པོའོ། །སྒྲ་ཞེས་བྱ་བ་ནི་རྟོག་པ་ཞེས་བྱ་བའི་དངོས་པོའོ། །འདི་ནི་ངང་བ་དང་བུར་བའི་མཉམ་པར་བྱ་ཞེས་བྱ་བའི་དངོས་པོའོ། །གོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །མ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །ཡོ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། །ར་ཞེས་བྱ་བ་ནི་རིན་ཆེན་འབྱུང་གནས་སོ། །པི་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའོ། །སྒྲ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་ཀྱིས་རྟོགས་པའོ། །ཕྱི་རོལ་ཚལ་དུ་མཚོན་བྱ་བ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྣམ་པར་དགའ་བ་བོར་བ་རིག་མའི་ཆུ་སྐྱེས་སུ་གནས་པ་དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དུ་བསམས་ཏེ་བཟའ་བར་བྱའོ། །ཟོས་ནས་བདག་ཉིད་དཀྱིལ་འཁོར་འཁོར་ལོའི་གཟུགས་སུ་བརྟག་པར་བྱ་བ་སྟེ། བསྒོམ་པར་བྱ་བ་ཞེས་བྱ་བའི་དགོས་པའོ། །སྔགས་ཀྱི་རྒྱ་མཚོའི་ཕ་རོལ་སོན། །གྲགས་བཟང་བསོད་ནམས་ཅན་བཟོད་མཛོད། །བདག་ཉིད་དྲན་པ་ཙམ་དུ་ནི། །ཇི་ལྟར་ཐོབ་པ་བྲིས་པའོ། །རྡོ་རྗེའི་གླུ་བཤད་པ་ཞེས་བྱ་བ་སློབ་དཔོན་སྒྲོལ་མ་ཅན་གྱི་སྡེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།།


previousརྡོ་རྗེའི་གླུ་བཤད་པ་ཞེས་བྱ་བ། སྒྲོལ་མ་ཅན་གྱི་སྡེས་མཛད།next