འོད་གསལ་བ།


DTG008_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དྲུག་བསྒོམ་པ་བྱས་ནས་དེ་ནས་འོད་གསལ་བ་བརྩམ་པར་བྱ་སྟེ། ཨཱ་ལི་ཀཱ་ལིའི་ཕྲེང་བར་སྤྲོས་པའི་དབུགས་དབུགས་ཀྱི་ལམ་ནས་ཕྱུང་སྟེ། འཐོན་པོའི་འོད་ཟེར་རྣམས་ཀྱི་མཚན་དང་དཔེ་བྱད་ཡང་དག་པར་སྦྱངས་ནས་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་གཅིག་ཏུ་གྱུར་ནས་གཽ་རཱི་ལ་སོགས་པ་རྣམས་དང་བདག་མེད་མ་ཡང་སྟེ་རང་ལ་འཇུག་པའི་བདག་ཉིད་ཀྱིས་གང་ཡང་རྡོ་རྗེ་འཆང་གི་གོ་འཕང་དུ་བརྟགས་ཤིང་དེ་ཐམས་ཅད་འོད་གསལ་བར་བལྟ་བར་བྱ་སྟེ་དངོས་པོ་ཐམས་ཅད་ལས་སོ། །འདི་ཉིད་ལས་འཆད་པར་འགྱུར་བའི་འོད་གསལ་དུ་འཇུག་པའི་རིམ་པས་ལྷན་ཅིག་སྐྱེས་པའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོར་བསམས་ནས་དེའི་ཐུགས་ཀར་ས་བོན་བསམ་པར་བྱའོ། །དེའི་རྗེས་སུ་འོད་གསལ་དུ་འཇུག་པའི་རིམ་པ་ནི་གཽ་རཱི་ལ་སོགས་པ་རྣམས་བྱང་ཆུབ་ཀྱི་སེམས་ལས་རྣམ་པར་སྤྲོས་པའོ་ཞེས་ཤེས་པར་བྱས་ནས་དང་པོར་གཽ་རཱི་ནི་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་ཕྱུང་པོ་ལ་གཞུག་གོ །དེ་ལྟར་ཆོམ་རྐུན་མ་དང༌། རོ་ལངས་མ་དང་གྷསྨ་རཱི་དང༌། བདག་མེད་མ་ཡང་སྟེ་ཇི་ལྟར་རིགས་པར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོ་རྣམས་ལ་གཞུག་གོ །དེ་བཞིན་དུ་པུཀྐ་སཱི་ལ་སོགས་པོ་རྣམས་ནི་ས་ལ་སོགས་པ་རྣམས་ལ་གཞུག་གོ །དེ་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་དུ་འཇུག་པ་སྟེ། དེ་ནས་བཅོམ་ལྡན་འདས་ཀྱི་ནང་དུ་གནས་པའི་ཕུང་པོ་ལྔ་པོ་རིམ་གྱིས་འཇུག་པ་ནི་གཟུགས་ཀྱི་ཕུང་པོ་དང་ཚོར་བའི་ཕུང་པོ་དག་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། དེ་འདུ་བྱེད་ཀྱི་ཕུང་པོ་རྣམས་སུ་དང༌། དེ་ཡང་རྣམ་པར་ཤེས་པ་ལ་སྟེ་བདག་མེད་མ་ཡང་ངོ༌། །དེར་ས་སྤྱོད་མ་དང་མཁའ་སྤྱོད་མ་ཡང་ཕྱོགས་གཉིས་ཐོབ་པ་ལས་འོད་གསལ་བར་འགྲོའོ་ཞེས་འདོད་དེ་མྱ་ངན་ལས་འདས་པ་ཐམས་ཅད་སྟོང་པ་ཇི་སྲིད་པར་རོ། །དེ་བཟང་པོའི་ཞབས་ཀྱིས་གསུངས་པ། སྔགས་པས་ཕུང་པོ་ལྔ་རང་བཞིན་གྱིས་འོད་གསལ་བར་བསམ་པར་བྱ་སྟེ་དཀྱིལ་འཁོར་བ་ཐམས་ཅད་བླངས་ཤིང་སླར་རང་གི་ཡུལ་བསྡུས་པའོ། །འདིས་དེའི་ས་བོན་གྱི་ཡི་གེ་དང་ཟླ་བ་དང་ཉི་མ་དག་ཀྱང་འདྲེས་པར་གྱུར་པས་བདུད་རྩིའི་རང་བཞིན་འོད་ཟེར་གྱི་ཕུང་པོའི་


DTG009_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་མར་མེའི་རྩེ་མོ་ལྟ་བུར་རིམ་གྱིས་རྗེས་སུ་མི་དམིགས་པར་བྱའོ་ཞེས་སོ། །འདིར་ཛཱ་ལནྡྷ་རི་བའི་ཞབས་ཀྱིས་མཚོ་སྐྱེས་ཞབས་ཀྱི་རྣམ་པར་བཤད་པར། འདིས་དེའི་ས་བོན་གྱི་ཡི་གེ་དང་ཟླ་བ་དང་ཉི་མ་དག་ཀྱང་འདྲེས་པར་གྱུར་པ་ཞེས་པ་འདིས་ཡེ་ཤེས་གསུམ་པོ་མེད་པར་བསྟན་ཏོ། །བདུད་རྩིའི་རང་བཞིན་ཞེས་པ་འདིས་ནི་ལྷན་ཅིག་སྐྱེས་པའི་གནས་སྐབས་བསྟན་པར་མཛད་དོ་ཞེས་པ་ལ་སོགས་པའི་གཞུང་གི་རྣམ་པར་བཤད་པ་འདིས་ནི་འོད་གསལ་བ་ཉིད་འབའ་ཞིག་རྣམ་པར་བཤད་པ་ཡིན་གྱིས་བཞེངས་པ་འབའ་ཞིག་གསུངས་པ་ནི་མ་ཡིན་ནོ། །དེ་བཟང་པོའི་ཞབས་ཀྱིས་གསུངས་པ། དེའི་རྗེས་སུ་ཟླ་བ་དང་ཉི་མ་དང་ས་བོན་དག་གཅིག་ཏུ་གྱུར་པ་ལས་སྐད་ཅིག་གིས་རབ་ཏུ་འབར་བའི་འོད་ཟེར་གྱི་ཕུང་པོའི་རྣམ་པར་བསམ་པར་བྱས་ནས་རིམ་གྱིས་མར་མེའི་རྩེ་མོ་ལྟ་བུར་གྱུར་པ་དེའི་རྗེས་སུ་ཆུ་ཤིང་གི་སྙིང་པོའི་རྣམ་པར་དེ་སྲིད་དུ་བསམ་པར་བྱ་སྟེ་དམིགས་པ་མེད་པར་གྱུར་པ་ཇི་སྲིད་བར་རོ། །སྐབས་འདིར་འདི་དྲན་པར་བྱ་སྟེ། དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ནི་མེད་པ་སྟེ། །འདིར་དེ་མཆོག་ཏུ་བདེ་ཆེན་ནོ། །ཞེས་པ་འོད་གསལ་བའོ། །