བཞེངས་པ།


DTG008_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འོད་གསལ་བ་ལས་རྣམ་པར་བཞེངས་པ་སྟེ། འོད་གསལ་དེ་ནི་མཆོག་གི་རྣལ་འབྱོར་ཏེ་བཞེངས་པའི་རྒྱུའོ། །འདི་ཉིད་སྐད་ཅིག་གིས་ལྷན་ཅིག་སྐྱེས་པའི་ཧེ་རུ་ཀའི་གཟུགས་ཀྱི་ཡེ་ཤེས་སྐྱེ་བ་མཚན་སུམ་ཅུ་རྩ་གཉིས་འཆང་ཞིང་དཔེ་བྱད་བརྒྱད་ཅུས་བརྒྱན་པ་གྲིབ་མ་དང་སྒྱུ་མ་དང་མཚུངས་ཤིང་ཞི་བར་བསམས་ནས་ཡེ་ཤེས་ཀྱི་སྣང་བ་རྡོ་རྗེའི་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་གྱི་དབང་པོ་བསྡུས་པས་བསྒོམ་པར་བྱའོ། །རྡོ་རྗེ་འཆང་གིས་ཀྱང་གསུངས་པ། སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་དབང་པོ་བསྒོམ་པར་བྱ། །ཞེས་སོ། །སྔགས་བཟླས་པའི་རྒྱུར་ཕྱག་བཅུ་དྲུག་པ་ལ་སོགས་པའི་གཟུགས་ཀྱིས་བཅོམ་ལྡན་འདས་དང་པོར་རྫོགས་པར་བྱས་ནས་མཁའ་འགྲོ་མའི་འཁོར་ལོ་སྔར་བཞིན་དུ་བསམ་པར་བྱའོ། །འདི་ལྟར་སྔ་དྲོ་དང་ཕྱི་དྲོ་དང་མཚན་མོ་ཕྱེད་པ་སྟེ། ཐུན་བཞི་པོ་རྣམས་ཀྱི་རིམ་པས་བསྒོམ་པའི་རིམ་པ་བསྟན་པ་ཡིན་ནོ།