ཕྲ་མོའི་རྣལ་འབྱོར།


DTG008_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འཁོར་ལོའི་དབུས་སུ་གནས་པའི་སྔགས་པའི་ལྟེ་བ་དང༌། སྙིང་ག་དང༌། དེ་བཞིན་དུ་མགྲིན་པ་དང༌། དཔྲལ་བར་ཡང་གོ་རིམས་བཞིན་དུ། འདབ་མ་དྲུག་ཅུ་རྩ་བཞི་དང༌། བརྒྱད་དང༌། དེ་བཞིན་དུ་བཅུ་དྲུག་དང༌། སུམ་ཅུ་རྩ་གཉིས་པའི་པདྨ་བཞི་པོ་བསམས་ནས་ལྟེ་བར་ས་བོན་བསམ་པར་བྱའོ། །གཏུམ་མོའི་གཟུགས་མར་མེའི་རྩེ་མོ་ལྟ་བུར་འབར་བས་ཆོས་ཀྱི་འཁོར་ལོར་གནས་པའི་དེ་བཞིན་གཤེགས་པ་ལྔ་རྣམས་དང་སྤྱན་མ་ལ་སོགས་པ་ཡང་བསྲེགས་ནས་ཨཱ་ལི་དང་ཀཱ་ལི་དག་འབྱུང་བ་དང་རྔུབ་པ་དང་ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང་བདེ་བ་ཆེན་པོའི་འཁོར་ལོ་དང་རྣམ་པར་དག་པའི་གཟུགས་ཅན་ཧཾ་ཡིག་ཀྱང་བསྲེགས་པ་ལས། དེ་ནས་བདེ་བ་ཆེན་པོའི་རྒྱུར་གྱུར་པའི་བྱང་ཆུབ་སེམས་བླངས་ཏེ་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་དེ་ལྟར་རོ་གཅིག་ཏུ་བྱས་ནས་སླར་ཟླ་བ་དང་ཉི་མ་དང་ཐོད་པ་ཡང་བཟུང་ནས་སྙིང་གའི་ས་བོན་ལ་རབ་ཏུ་གཞུག་པར་བྱའོ། །ནཱ་ད་དང་བཅས་པའི་འབར་བའི་ས་བོན་དེ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་གྱུར་པ་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཐིག་ལེ་རྡོ་རྗེ་སེམས་དཔར་འགྱུར། །ཟླ་ཕྱེད་རྣམ་པར་སྣང་མཛད་འདོད། །


DTG009_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཁཱ་རིན་ཆན་བདག་པོ་ཉིད། །ཉེ་ཡིག་གིས་ནི་འོད་དཔག་མེད། །ཨུ་ཡིག་དོན་ཡོད་གྲུབ་པར་ཡང༌། །ཤེས་ནས་རྒྱལ་བ་ལྔ་བདག་ཉིད། །ཅེས་སོ། །སླར་ཡང་ནཱ་ད་མར་མེའི་རྩེ་མོ་ལྟ་བུར་ཕྱུང་སྟེ་ཕྲག་དོག་གི་རང་བཞིན་ཅན་ཨུ་ཡིག་ནི་ཆགས་པའི་རང་བཞིན་ཅན་ཧ་ཡིག་ལའོ། །དེའི་རྗེས་སུ་ཧ་ཡིག་ནི་སེར་སྣའི་བདག་ཉིད་ཅན་རེ་ཁཱ་ལའོ། །དེ་ནས་རེ་ཁཱ་ཡང་གཏི་མུག་གི་རང་བཞིན་ཅན་ཟླ་བ་ཕྱེད་པ་ལའོ། །ཟླ་བ་ཕྱེད་པ་ཡང་ཞེ་སྡང་གི་རང་བཞིན་ཅན་ཐིག་ལེ་ལ་སྟེ། ཐིག་ལེ་ཡང་ནཱ་ད་ལ་བསྡུ་བར་བྱ་ཞིང༌། ནཱ་ད་ཡང་ཕྲ་མོའི་རྩེ་མོར་བསྒོམ་པར་བྱའོ། །འདིས་སེམས་བརྟན་པར་གྱུར་པ་ན་ལྷུན་གྱིས་གྲུབ་པས་དེ་བཞིན་གཤེགས་པའི་བཀོད་པ་དང༌། རྣལ་འབྱོར་མའི་དྲ་བ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་ཡང་རྒྱས་པར་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱེད་པ་སྤྲོ་བར་བྱའོ། །འདི་ཉིད་ཛཱ་ལནྡྷ་རི་བའི་ཞབས་ཀྱིས་སྦས་པས་གསུངས་པ། འདི་ཉིད་ལས་བཞེངས་ནས་ཆོས་ཀྱི་དབུས་སུ་སྣ་ཚོགས་པདྨ་ཡང་བསམ་པར་བྱའོ། །དེའི་འདབ་མ་བརྒྱད་རྣམས་སུ་བརྒྱད་པོ་རྣམས་ཀྱི་དབང་ཕྱུག་ཀྱང་སྟེ་དེའི་ཐུགས་ཀར་ས་བོན་བསམ་པར་བྱའོ། །ས་བོན་ལས་ནཱ་དའི་རྩེ་མོར་མཐར་བསྒོམ་པར་བྱ་ཞིང་སེམས་བརྟན་པར་བྱེད་པའི་དོན་དུ་རྩེ་མོ་ཕྲ་བའི་མཐར་བསམ་པར་བྱའོ། །དེ་ཡིས་ལྷན་ཅིག་ཏུ་འབྱུང་བས་སེམས་བརྟན་པར་འགྱུར་བ་ལ་ཐེ་ཚོམ་མི་བྱའོ། །སེམས་བརྟན་པ་ཙམ་གྱིས་དེ་བཞིན་གཤེགས་པའི་བཀོད་པ་དང་རྣལ་འབྱོར་མའི་དྲ་བ་ཡང་ཤིན་ཏུ་རྒྱས་པར་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱེད་པ་སྤྲོ་བར་བྱ་སྟེ་གང་ལས་ན། རང་གི་མཚན་མ་ལས་སྤྲོ་བ་སྟེ་བསམ་གྱིས་མི་ཁྱབ་པའི་མགོན་པོ་དཀྱིལ་འཁོར་གྱི་བདག་ཉིད་ཅན་ཞེས་སོ། །ཆོས་ཀྱི་སྒྲས་དོན་རྣམ་པ་གཉིས་བསྟན་ཏེ་མན་ངག་གི་ལྟ་བ་ལས་ཁོང་དུ་ཆུད་པར་བྱའོ། །མཚན་མ་ཡང་ཉུངས་ཀར་སྦོམ་པོ་ཙམ་དུ་བསམ་པར་བྱའོ་ཞེས་བྱ་བ་ཕྲ་མོའི་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་དུ་བཤད་པར་བྱའོ། །