འབྱུང་པོ་ཐམས་ཅད་ཀྱི་གཏོར་མ།
མི་ཐུབ་ཟླ་བས་མཛད།


DTG009_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བ་ལིཾ་སརྦ་བྷཱུ་ཏ། བོད་སྐད་དུ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མ། དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཨེ་བཾ་རྣམ་པར་ངེས་ཞུགས་པའི། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ནས། །བགེགས་དང་ལོག་འདྲེན་ལ་སོགས་ལས། །སེམས་ཅན་བསྲུང་ཕྱིར་གཏོར་མ་བརྩམ། །ཀྱེ་ཡི་རྡོ་རྗེ་སྦྱོར་ལྡན་པའི། །རྣལ་འབྱོར་པ་ཡིས་བསྒོམ་བྱ་བ། །ཆོས་ཀྱི་འབྱུང་གནས་ནང་དུ་ནི། །པདྨ་འདབ་བརྒྱད་སུམ་བརྩེགས་སུ། །དཀར་གནག་དམར་བ་ཨོཾ་ཨཱཿཧཱུ༵། །རིམ་པར་ལྷ་ཆེན་བརྒྱད་དང་ནི། །ཕྱོགས་སྐྱོང་བརྒྱད་དང་ཀླུ་ཆེན་བརྒྱད། །པདྨའི་མདོག་བཞིན་བསྐྱེད་བྱ་སྟེ། །ཤར་དུ་དབང་ཕྱུག་ཆེན་པོ་བསྐྱེད། །ལྷོར་ནི་དབང་པོ་བསམ་པར་བྱ། །ནུབ་ཏུ་ཚངས་པ་བསྐྱེད་བྱ་སྟེ། །བྱང་ཕྱོགས་སུ་ནི་ཁྱབ་འཇུག་གོ །ཤར་ལྷོར་འདོད་པའི་དབང་ཕྱུག་བསྐྱེད། །ལྷོ་ནུབ་ཕྱོགས་ཀྱི་བདག་པོ་སྟེ། །བྷྲྀཾ་གི་རི་ཏི་ནུབ་བྱང་དུ། །བྱང་ཤར་གཞོན་ནུ་ཀརྟི་ཀའོ། །ཤར་གྱི་འདབ་མར་བརྒྱ་བྱིན་བསམ། །ལྷོར་ནི་མཐར་བྱེད་དགོད་པར་བྱ། །ཆུ་བདག་ནུབ་ཀྱི་འདབ་མ་ལའོ། །དེ་བཞིན་བྱང་དུ་གནོད་སྦྱིན་དགོད། །མེ་ཡི་མཚམས་སུ་མེ་ཆེན་པོ། །བདེན་བྲལ་དུ་ནི་སྲིན་པོའོ། །ནུབ་བྱང་མཚམས་སུ་རླུང་ལྷ་སྟེ། །བྱང་ཤར་དུ་ནི་འབྱུང་པོའི་བདག །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང༌། །མཐའ་ཡས་ནོར་རྒྱས་དེ་བཞིན་ཏེ། །འཇོག་པོ་དང་ནི་རིགས་ལྡན་དང༌། །པད་ཆེན་ཤིན་ཏུ་པདྨའོ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། །རྡོ་རྗེ་དྲིལ་བུ་ཕྱག་ན་བཅས། །རང་མདོག་རིག་མས་ཡན་ལག་འཁྱུད། །གདན་ལ་གཡས་བརྐྱང་བ་ཡིས་བཞུགས། །རང་གི་ཐུགས་ཀའི་ས་བོན་ལས། །འོད་ཟེར་ལྕགས་ཀྱུ་ལྟར་སྤྲོས་ནས། །ལྷ་བརྒྱད་དག་ལ་གཟུགས་ཁམས་དང༌། །གཟུགས་མེད་པ་ཡི་ལྷ་བསྡུའོ། །འདོད་པའི་ཁམས་ཀྱི་ལྷ་དང་མི། །ཕྱོགས་སྐྱོང་བརྒྱད་ལ་རབ་ཏུ་བསྡུ། །ངན་སོང་གསུམ་དང་ལྷ་མ་ཡིན། །ཀླུ་ཆེན་བརྒྱད་ལ་བསྡུ་བར་བྱའོ། །རང་བཞིན་གནས་ན་བཞུགས་པ་ཡི། །དཀྱིལ་འཁོར་སྤྱན་དྲང་བྱ་བའི་ཕྱིར། །གཽ་རཱི་ཡིས་ནི་དགུག་བྱས་ལ། །ཆོམ་རྐུན་མས་ནི་ཞགས་པས་འཆིང༌། །རོ་ལངས་མས་ནི་ལྕགས་སྒྲོག་སྡོམ། །དྲིལ་


DTG009_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བུས་མྱོས་བྱེད་ཟ་ཕོད་མའོ། །རྣལ་འབྱོར་པ་ཡིས་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟར་སྤྲོས་པས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དགུག །དེ་ལ་ཕྱི་ནང་གསང་བས་མཆོད། །དེ་དག་གིས་ནི་དབང་བསྐུར་མཐར། །རང་རིགས་བདག་པོས་དབུ་བརྒྱན་པ། །ལྷ་ཆེན་བརྒྱད་ལ་རྟག་པ་ཡིས། །རྡོ་རྗེ་ཡི་ནི་ཕྱོགས་སྐྱོང་བརྒྱད། །གར་དབང་གིས་ནི་ཀླུ་བརྒྱད་དོ། །དེ་ནས་ཆོ་གས་གཏོར་མ་བསྒྲུབ། །རླུང་དང་མེ་ཡི་དཀྱིལ་འཁོར་ལ། །ཨ་ལས་བྱུང་བའི་པད་སྣོད་བསམ། །དེར་ནི་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ། གོ་ཀུ་ད་ཧ་ན་ལས་ཡིན། །སངས་རྒྱས་ལྔ་དང་སེམས་ཅན་ལྔ། །ཟླ་བ་ཉི་མའི་དབུས་སུ་བསམ། །ཉི་དབུས་ཧཱུཾ་བསམ་རྡོ་རྗེ་སྟེ། །འབར་བ་དང་ནི་སྤྲོ་བ་ཡིས། །བདུད་རྩི་རབ་ཏུ་བསྒྲུབ་པར་བྱ། །ཆུ་ཡི་རང་བཞིན་འདི་བསྒོམས་པས། །ཨོཾ་ཨཱཿཧཱུཾ་གིས་བྱིན་བརླབས་དབུལ། །དེ་ལ་གཏོར་མ་དབུལ་བའི་སྔགས་ནི་འདི་ཡིན་ཏེ། །ཨོཾ་ཨནྡི་ཛ་མ་ཛ་ལ་ཛཀྑ་བྷཱུ་ཏ་བཧྣི། བཱ་ཨུ་རཀྑ་ཙནད་སུཛྫ། མཱ་ད་པཱཔྤ་ཏ་ལ། པཱ་ཏཱ་ལེ། ཨཥྚ་སཔྤ་སྭཱ་ཧཱ། དེ་ནི་གཏོར་མའི་མགྲོན་ནོ། །ཨི་དཾ་བི་ལཾ་བྷུཉྫ་ཛིཾ་གྷ། ཕུལླ། དྷཱུཔྤ། མཱཾ་ས། པི་གྷཾ། དེ་ནི་བཞེས་པར་ཞུ་བའོ། །ཨཾ་བྷ་སཔྤ་ཀཛྫ་སཱ་ད་ཁཱནྟི་ཁུ་ཎི། ཕེ་ཌ་གཱ་ད། དེ་ནི་ཞུ་བའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤ་ནྣ་ཏྭཱཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་བྱིན་གྱིས་བརླབ་པའོ། །དེ་ནས་དགྱེས་པར་བྱས་ནས་གཤེགས་སུ་གསོལ་བའི་ཡི་གེ་བརྒྱ་པ་བརྗོད་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་བ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྷི་མྨེ་པྲ་ཡ་ཙྪ། སརྦྦ་ཀརྨྨ་སུ་ཙ་མེ་ཙི་ཏྟཾ། ཤྲེ་ཡཿཀུ་རུ་ཧཱུ༵། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲི་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿམུཿགྟོར་མ་འདི་སྦྱིན་ཞིང་རབ་ཏུ་མཆོད་པར་བྱེད་ན། རྣལ་འབྱོར་པ་ལ་འབྱུང་པོ་ཐམས་ཅད་ལེགས་པར་བྱེད་པར་འགྱུར་རོ། །དེའི་ཚེ་ལ་བདེ་བ་རྙོག་པ་མེད་པ་ཉིད་དང༌། ལྷ་མཉེས་པ་དང༌། འཁོར་ལེགས་པར་བྱེད་པར་འགྱུར་རོ། །གལ་ཏེ་འབྱུང་པོའི་ཚོགས་འདི་ལ་གཏོར་མ་སྦྱིན་ན། དབང་དང༌། མངོན་སྤྱོད་དང༌། དགྲའི་སྡེ་འཇིག་པ་དང༌། བསྐྲད་པ་དང༌། དགུག་པ་དང༌། ཞི་བ་དང༌། བདེ་བ་དང༌། རྒྱས་པར་བྱེད་པར་


DTG009_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ། །