ཕྱག་མཚན་དབྱིབས་ཀྱི་དེ་ཁོ་ན་ཉིད།


DTG009_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏཏྟྭ་ཙ་ཏུ་ར་ཨུ་པ་དེ་ཤ་པྲ་སཾ་ན་དཱི་པཾ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་བཞི་པའི་མན་ངག་གསལ་བའི་སྒྲོན་མ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གསང་བ་དེ་ཉིད་བཞི་ནི་མཁས་པས་མི་རྟོགས་དབྱིངས་ལ་མོས་པ་རྟོགས། །དགྱེས་པའི་རྡོ་རྗེའི་དངོས་གྲུབ་རིང་སྟེ་ལུས་དུ་བ་སྨིག་རྒྱུ་སྙེགས་པ་འདྲ། །དེ་བས་བླ་མའི་རབ་མཆོག་ལུང་བསྟན་ཨུ་རྒྱན་མཁན་པོའི་གཞུང༌། །དེ་ཉིད་བཞི་པ་མདོ་ཙམ་ཤིན་ཏུ་མོས་པ་དམན་ལ་བཤད་པར་བྱ། །དེ་ལ་བླ་མའི་རབ་མཆོག་ཨུ་རྒྱན་གྱི་མཁན་པོའི་གཞུང་གིས་དགྱེས་པ་རྡོ་རྗེའི་དངོས་གྲུབ་ཐོབ་པར་འདོད་པས། །དེ་ཁོ་ན་ཉིད་བཞི་ལ་བརྟེན་ནས་བསྒྲུབ་པར་བྱའོ། །དེ་བཤད་པར་བྱའོ། །དེ་ལ་དེ་ཁོ་ན་ཉིད་བཞི་ནི་ཕྱག་མཚན་དབྱིབས་ཀྱི་དེ་ཁོ་ན་ཉིད་དང༌། གནས་པ་འཁོར་ལོ་བཞིའི་དེ་ཁོ་ན་ཉིད་དང༌། བཀོད་པ་བྱང་ཆུབ་ཀྱི་སེམས་དགའ་བ་བཞིའི་དེ་ཁོ་ན་ཉིད་དང༌། མཐར་ཐུག་པ་བཞི་པའི་དེ་ཁོ་ན་ཉིད་དང་བཞིའོ། །དེ་ལ་དམན་པ་ཕྱག་མཚན་དབྱིབས་ཀྱི་དེ་ཁོ་ན་ཉིད་ནི་གཙོ་བོ་དང་འཁོར་གྱི་སུམ་ཅུ་རྩ་གཉིས་དང༌། ཡུམ་གྱི་གསུམ་སྟེ་སུམ་ཅུ་རྩ་ལྔའོ། །ནང་རྟགས་ནི་ཕྱི་ཡིན་ལ། ཕྱིའི་མཚན་མས་ནང་མཚོན་པར་བྱེད་པའོ། །དེ་ཡང་ཐབས་དང་ཤེས་རབ་པོ། །གཡས་དང་གཡོན་པའི་ཆ་སོ་སོར་ཕྱེ་བས་ཤེས་རབ་དང་ཐབས་སུམ་ཅུ་རྩ་གཉིས་སོ། །དེ་ལ་ཤེས་རབ་ནི་ཤེས་པར་བྱེད། རྟོགས་པར་བྱེད། མཚོན་པར་བྱེད་པས་ན་རིག་པ་བཅུ་དྲུག་གོ །ཐབས་ནི་སྙིང་རྗེས་བསྐྱོད་པར་བྱེད། འདོན་པར་བྱེད་པས་ནི་ཕན་པར་བྱེད་པ་བཅུ་དྲུག་གོ །དེ་ལ་ཡང་གཙོ་བོའི་གཡོན་གྱི་ཐོད་པ་བརྒྱད་ན་ཡུལ་དང་ཡུལ་ཅན་ཏེ། ཆོས་ཉིད་གནས་པ་དང༌། ཡེ་ཤེས་གསལ་བའི་རྟགས་སོ། །ཆོས་ཉིད་གནས་པ་ནི་ཐོད་པའོ། །ཡེ་ཤེས་གསལ་བའི་རྟགས་ནི་ལྷ་བརྒྱད་ཀྱིས་གསལ་བར་བྱེད། རྟོགས་པར་བྱེད་དོ། །ཅི་ཞིག་ཅེ་ན། ཡུལ་དེ་ཉིད་གསལ་བར་བྱེད་པས་ན་གསལ་བར་བྱེད་


DTG009_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་གང་ལ་བརྟེན་ནས་གསལ་བར་བྱེད་ཅེ་ན། སའི་ལྷ་མོ་ལ་བརྟེན་པར་བྱེད་དོ། །དེ་ནི་ཕྱག་རྒྱའོ། །དེ་ཡང་རྣམ་པ་ལྔ་སྟེ། དམ་ཚིག་དང་ཡེ་ཤེས་དང་སྔགས་དང༌། ལས་དང༌། ཕྱག་རྒྱ་ཆེན་པོའོ། །དེ་དག་དང་རྟག་ཏུ་མི་འབྲལ་བས་གཟུངས་སོ། །དེ་བས་ན་ལྷ་མོ་ཡང་དེ་དང་དེའི་རྟགས་སོ། །སངས་རྒྱས་ཀུན་གྱི་དམ་ཚིག་ནི། །ཕྱག་རྒྱ་ལྔ་ལ་རབ་ཏུ་གནས། །ཞེས་བཤད་པའི་རྒྱུད་ལས་གསུངས་སོ། །དེ་ལྟར་ན་སྔགས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། གོལ་བའི་ལམ་ཚོལ་བར་བྱེད་པས་ན། ཕྱག་རྒྱ་ནི་ཙཎྜ་ལཱིའོ། །དེ་ནི་མེ་ལྷའོ། །མེའི་ལྷས་ཡོངས་སུ་གྲུབ་པར་བྱེད་པ་ནི་གཡོ་བ་རླུང་ཡིན་ལ་དེ་ནི་རླུང་གི་ལྷའོ། །དེས་ཡོངས་སུ་བསྐུལ་བས་གནས་པའི་མཚན་མ་ཐམས་ཅད་བསྲེགས་པས་ཟླ་བའི་རང་བཞིན་ཞུ་བར་གྱུར་ལ། ཞུ་བས་ཡོངས་སུ་སྣང་བ་དེ་ནི་ཟླ་བའི་ལྷ་ཡིན་ལ། ལུས་སེམས་སྙིང་རྗེས་བརླན་པ་ནི་ཆུའི་ལྷ་སྟེ། གང་གི་ཚེ་ཆུས་ཡོངས་སུ་ཚིམ་པའི་གནས་སྐབས་ན་དྲོ་བའི་རྟགས་ཤིན་ཏུ་གསལ་བའི་འོད་སྣང་བ་ནི་ཉི་མའི་ལྷ་ཞེས་བྱའོ། །དེ་ལྟ་བུ་དེས་དགོས་པ་རྙེད་པར་འགྱུར་རོ། །རྙེད་པར་གྱུར་ན་གཤིན་རྗེས་ཕྱི་མཐར་བྱེད། །ཅེས་པ་ལས་དེ་ལས་ཐར་ཏེ་སྤྲོ་བར་བྱ། །དེ་མཐར་ཕྱིན་ནས་དགོས་པ་ཡོངས་སུ་གྲུབ་པའི་ནོར་འགྲུབ་པར་འགྱུར་རོ། །གལ་ཏེ་ཡང་དང་ཡང་དུ་བསྒྲིམས་ཀྱང༌། །འདོད་པའི་དོན་མ་རྙེད་ན་སྟེང་གི་སྒོས་མི་འགྲུབ་པས་འོག་གི་སྒོ་ལ་བསླབ་པར་བྱ་བ་ཡིན་ནོ། །དེ་ཡང་ཚུལ་ཇི་ལྟར་བྱ་ཞེ་ན། ལྟེ་བའི་གནས་སུ་རྒྱུན་གྱིས་འབབ་པས་ཟླ་བ་དང་ཉི་མའི་ལྷ་ལས་བསྒྲུབས་པའི་སཾ་པུ་ཊི་བསམས་ལ། དེའི་དབུས་སུ་བྱིན་དུ་ཤིན་ཏུ་ཕྲ་བ་གཞག་ལ། དེ་ཡང་ཡི་གེའི་མཚན་ཉིད་ཀྱིས་བ་ཐག་ལས་སུ་བཀྲི་ཞིང་ཤིན་ཏུ་ཕྲ་བའི་བུ་ག་ནས་བ་ཐག་ཚུལ་དུ་དབང་ཕྱུག་མ་ལ་གདགས་པར་བྱའོ། །དེ་ལྟ་བུ་དེ་ལ་རྣལ་འབྱོར་གྱིས་ཆུང་བ་དང་ཆེ་བར་སྣང་བ་དང༌། འབྲོས་པར་ཤེས་པར་བྱས་ལ། །རྩོལ་བས་ཇི་སྲིད་འདོད་པའི་དོན་མ་རྙེད་ཀྱི་བར་དུ་བསླབ་པར་བྱ་བ་ནི་ཉི་མ་དང་ཟླ་བའི་ལས་སོ། །དེས་ཀྱང་མ་གྲུབ་ན་དེ་བཞིན་དུ་གནས་བཞི་ཀར་གོང་མ་ཉིད་ལྟར་བསླབ་པར་བྱ་བ་ནི་ཟླ་བ་དང་ཉི་མ་ལ་སོགས་པའོ། །དེས་ཀྱང་འདོད་པ་དང་མ་ཕྲད་ན་རྩེ་མོའི་


DTG009_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པ་ལ་བསླབ་པར་བྱ་སྟེ། དེ་ནི་མེ་དང་ཆུའི་ལས་ཞེས་བྱའོ། །དེ་ལྟ་བུའི་ཐབས་རྣམ་པ་བརྒྱད་ཀྱིས་འབྱུང་དུ་མ་བཏུབ་ན་བདག་ལ་བརྟེན་པ་སྟེ་གྲོལ་བའི་ལམ་གྱིས་མ་རྙེད་པས་ཆགས་པའི་ལམ་སྟེ། གཞན་ལ་བརྟེན་པ་ལ་བསླབ་པར་བྱའོ། །དེས་ན་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པར་བྱའོ། །འདི་ནི་གཤིན་རྗེའི་ལས་སོ། །ཚད་དང་ལྡན་པའི་ཕྱག་རྒྱ་ལ་དམ་ཚིག་གནས་པར་བྱས་ཏེ། དེ་དང་མི་རྟོག་པའི་ངོ་བོའི་ཆ་ཅན་ཉམས་སུ་མྱོང་བ་དེ་ལ་བསླབ་པར་བྱ་སྟེ། དེ་སྐད་དུ་དབང་རིམ་པ་གསུམ་པ་ལས། ཞབས་ཆགས་སོར་མོས་མནན་བྱས་པ། །བུ་ག་ཡོད་ཀྱང་འཛག་མི་འགྱུར། །ཇི་སྲིད་སོར་མོ་བཏང་བ་ན། །དགོས་པ་ཆུང་ཡང་འབྱུང་བ་བཞིན། །བླ་མའི་མན་ངག་རྒན་པོ་ཡིས། །ཉི་མ་ཟླ་བ་གཟས་ཟིན་ཚེ། །བུ་ག་ཡོད་ཀྱང་འཛག་མི་འགྱུར། །གཟའ་ལས་ཐར་ན་ཐིག་ལེ་འགོག །རོ་བཞི་ཤེས་པས་རོ་བཞི་བྱ། །འདི་ནི་རྡོ་རྗེའི་བཟླས་པའོ། །ཞེས་འབྱུང་བ་ན། རོ་བཞི་ལ་བསླབས་པས་ཀྱང་དགོས་པ་རྙེད་པར་འགྱུར་རོ། །གལ་ཏེ་དེས་ཀྱང་མ་རྙེད་ན་གྲོལ་བ་དང་སྨིན་པ་ལ་སྐལ་པ་མེད་པས་འཕྲོ་བཅད་ལ། །རང་ལྷག་པར་གནས་པའི་ལམ་ལ་བསླབ་པར་བྱའོ། །རང་ལྷག་པར་གནས་པ་ནི་བདག་དང་གཞན་གྱི་གནས་ལས་ནི་ཡེ་ཤེས་གསལ་བའི་ངོ་བོར་གྱུར་ལ་སེམས་ཅན་གྱི་དོན་གྱི་གནས་སྐབས་ཀྱིས་ཤེས་རབ་ཟབ་མོར་གྱུར་པ་ལས་ལྷག་པའི་ལམ་དེ་ལ་བསླབ་པར་བྱ་བ་ཡིན་ཏེ། དེ་ཇི་ལྟ་བུ་ཞེ་ན། འདི་ཡང་གཤིན་རྗེ་སྟེ། ཅིའི་ཕྱིར་ན་འཆི་བར་བྱེད་པའི་ཕྱིར་རོ། །བདག་གི་རྣལ་འབྱོར་རྫོགས་ནས་ཐུགས་ཀའི་འོད་ཟེར་གྱིས་ཐམས་ཅད་བསྡུས་ཏེ་ཐུགས་ཉིད་ལ་གཞུག་པར་བྱའོ། །དེ་ནས་བདག་ཉིད་ཀྱང་སྙིང་ལ་ཞུགས་པ་དང་ཧཱུཾ་དུ་གྱུར་ཏོ། །ཧཱུྃ་ཡང་རིམ་གྱིས་ཐིམ་ནས་ཐིག་ལེ་ལའོ། །དེ་ཡང་མེའི་རྩེ་མོ་ལྟ་བུ་ལ་གནས་པར་བྱའོ། །དེ་སྐད་དུ། མར་མེ་རྒྱུན་དུ་འབར་བ་དང༌། །ཆུ་བོའི་རྒྱུན་བཞིན་གནས་པར་བྱ། །ཞེས་གསུངས་པས་སོ། །དེའི་དུས་སུ་ཇི་ལྟ་བུར་གནས་པར་བྱ་ཞེ་ན། ཟླ་བ་དང་ཉི་མ་གཟས་ཟིན་པ་ཡང་མ་ཡིན། མ་ཟིན་པ་ཡང་མ་ཡིན། །ཞབས་ཚགས་ཀྱང་མ་པོ་ལ། །ཐིག་ལེ་ཡང་འགོག་པ་མ་ཡིན་ལ། །ཤིན་ཏུ་ཆ་མཉམ་ལ་ཤེས་པ་རང་སྣང་དུ་བལྟ་བར་བྱ་བ་མ་ཡིན་ནོ། །དེ་ལྟ་བུ་ལ་གནས་ན་འདོད་པའི་དོན་རྙེད་པར་


DTG009_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དོན་རྙེད་པར་གྱུར་ན་མི་རྟོག་པ་འབའ་ཞིག་ལ་བསླབ་པར་བྱའོ། །དེ་ལྟ་བུའི་འབད་པས་དགོས་པ་ཡོངས་སུ་གྲུབ་པ་ནི་བཞི་པའི་ཡིག་འབྲུ་ཡང་དག་པར་འཕེལ་བ་སྟེ་ནོར་སྦྱིན་གྲུབ་པ་ལྟ་བུའོ། །གཞན་ཡང་སེམས་ཅན་གྱི་ལུས་ལ་ཡང་གནས་ཏེ། རྒྱུ་མེད་པའི་འབྲས་བུ་ནི་མི་སྲིད་པའི་ཕྱིར་རོ། །ཇི་སྐད་དུ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པས་ན། ལུས་ནི་ཐོད་པ་སྟེ་རུས་པའི་གཞལ་ཡས་ཁང་ངོ༌། །དེ་ལ་གནས་པའི་ཆོས་ནི་ལྷ་བརྒྱད་དོ། །དེ་བས་ནས་ནི་གནས་པ་རྩའོ། །བརྗོད་པ་ལས་འདས་པ་དེའི་དངས་མ་དར་དཀར་གྱི་སྐུད་པ་ལྟ་བུ། རྔ་འབྲུམ་བརྒྱར་གཤེགས་པ་ལྟ་བུའི་མདོ་ནི་ཨ་བ་དྷཱུ་ཏཱི་ལ་སྟེ་གཡས་པ་སའི་ལྷའོ། །དེ་ལ་ཁྲག་གི་དངས་མ་མཚལ་ཅོག་ལ་མ་ལྟ་བུ་དེས་སྡུད་པར་བྱེད་པས་ཆུའི་ལྷའོ། །དེ་ལ་དབུགས་ཀྱི་དངས་མ་གསེར་གྱི་རླངས་པ་ཙམ་གནས་པ་ནི་གཡོ་ཞིང་སྐྱོད་པར་བྱེད་པས་རང་གི་ལྷའོ། །དེ་ལ་དྲོད་ཀྱི་དངས་མ་མེ་ལོང་གི་འོད་བཞིན་གསལ་བར་གནས་པ་ནི་སྨིན་ཅིང་རྟག་པར་བྱེད་པས་མེའི་ལྷའོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པའི་དངོས་གཞི་ཆུ་ཟླ་ལྟ་བུའམ། ཉི་མ་འཆར་ཀའི་དཀྱིལ་ལྟ་བུར་གསལ་ལམ་བསྒྲིབས་པར་གནས་པ་ནི་ཉི་མ་དང༌། ཟླ་བའི་ལྷ་ཞེས་བྱ་སྟེ། དེ་རྟོགས་པའི་དུས་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མོ། །ཐ་མལ་པའི་དུས་ན་ཀུན་གཞིའི་རྣམ་པར་ཤེས་པར་སྣང་ངོ༌། །དེ་ནས་ཡང་དེ་མི་གསལ་ཞིང་གསལ་བར་གྱུར་པའི་དུས་སུ། སེམས་ཀྱི་སྣང་བ་ཐོབ་པ་འམ། རྣམ་པར་ཤེས་པ་དང་དབང་པོ་རྣམས་འགགས་པའི་དུས་སུ་སྲིད་པ་བར་མ་དོའི་ཤེས་པ་དེ་ནི་རང་ལྷག་པར་གནས་པའོ། །དེ་ནི་གཤིན་རྗེའི་ལས་ལྟ་བུའོ། །དེ་ནས་ཡང་སྐུ་གསུམ་གྱི་དུས་སུ་སྐྱེ་བའི་རིམ་པས་མངོན་པར་བྱང་ཆུབ་པ་ནི་མཐར་ཐུག་པའི་ཆོས་སོ། །དེ་ལྟ་བུ་ནི་ནོར་སྦྱིན་ལྟ་བུ་ཞེས་བྱའོ། །ཇི་སྐད་བཤད་པའི་རྒྱུད་ལས། རང་གི་ལུས་ལ་སངས་རྒྱས་གནས། །གཞན་དུ་གང་ཡང་ཡོད་མ་ཡིན། །ལུས་ལས་གཞན་དུ་སངས་རྒྱས་འདོད། །མི་ཤེས་སྒྲིབ་པས་གཡོགས་ཚུལ་ལོ། །འདི་ཡིས་ཕྱོགས་གཅིག་སྤངས་ཕྱིར་སྨྲ། །ཞེས་གསུངས་པས་ན་ཐ་མལ་པའི་ལུས་ལ་དེ་ལྟར་གནས་པས་ན་ཐ་


DTG009_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མལ་པའི་ལམ་ཞེས་བྱ་བའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ལ་གཡས་པའི་ཐོད་པ་བརྒྱད་ནི་བྱམས་པ་ཆེན་པོ་སྟེ། བྱམས་པའི་རང་བཞིན་མི་འགྱུར་ལ། །གཞིར་གྱུར་པས་ཐོད་པར་སྣང་ལ། །གཉིས་འཐུང་ལ་སོགས་པ་ནི་ཡེ་ཤེས་གོང་མ་ལྟ་བུ་སྟོབས་སུ་གྱུར་པའི་དུས་ན། སྡུག་བསྔལ་རྣམ་པ་གསུམ་གྱིས་གདུངས་པའི་སེམས་ཅན་རྣམས་སྐྱོབ་པར་མཛད་པས་ན། ཐབས་ཀྱི་མཛད་སྤྱོད་དང༌། རོལ་པའི་ཕྲིན་ལས་སུ་ཤེས་པར་བྱའོ། །དེ་ཡང་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་མཛད་པར་བཞེད་དོ། །གཙོ་བོའི་ཕྱག་མཚན་བཤད་ཟིན་ཏོ། །དེ་ནས་འཁོར་གྱི་བཤད་པར་བྱ་སྟེ། དེ་ཡང་བདག་དང་གཞན་གྱི་མན་ངག་དང༌། ལས་རྣམ་པ་གསུམ་ལ་བརྟེན་པར་བྱ་བ་ཡིན་ཏེ། དེ་རྣམས་ཀྱང་ཐབས་དང་ཤེས་རབ་ལ་བརྟེན་པར་བྱ་བ་ཡིན་པས་ཐབས་དང་ཤེས་རབ་ཀྱི་ཁ་སྦྱོར་ཡིན་ལ། ཁ་སྦྱོར་དེ་ཅིས་མཚོན་པར་བྱེད་ཅེ་ན། ཕྱག་རྒྱས་མཚོན་པར་བྱེད་དོ། །རྟགས་དང་མཚན་མ་གང་ཞེ་ན་རུས་སྦལ་ལོ། །དེས་ན་ཕྱག་རྒྱ་ལ་བརྟེན་ནས་འཐོབ་པར་བྱེད་དོ། །དེ་ནི་དམ་ཚིག་ལ་སོགས་པའོ། །བདག་ལ་བརྟེན་པ་སྟེ་གྲོལ་བའི་སྐབས་སུ། འཁོར་ལོ་རྩིབས་བརྒྱད་པའི་ཕྱག་རྒྱ་དེ་ནི་སྔགས་ཀྱིའོ། །དེ་ལས་ཇི་ལྟར་ཤེས་པར་བྱ་ཞེ་ན། །འཁོར་ལོ་ནི་བཞིའོ། །དེ་ལ་འདོད་པའི་དོན་མ་རྙེད་ཀྱི་བར་དུ་བསམ་པར་བྱ་བ་ནི་སྟེང་གི་སྒོའོ། །དེས་འདོད་པའི་དོན་རྙེད་པར་གྱུར་ན་རྟགས་འདི་རྣམས་འབྱུང་ངོ༌། །གཡོ་བ་དང་འཕར་བ་དང་དབུགས་དང་འདར་བ་དང་རྡུལ་བ་དང་མྱོས་པ་དང་སྒྲ་འབྱུང་བ་དང་མཚན་མ་དུ་བ་ལྟ་བུ་ཡང་འབྱུང་བར་འགྱུར་རོ། །གང་གི་ཚེ་འདོད་པའི་རྟོག་པ་སྐྱེས་པ་དེའི་ཚེ། ཕྱིའི་ཙཎྜ་ལཱིའི་མཐར་ཕྱིན་པ་ཡིན་ཏེ། རྟོག་པ་སྔ་མ་ཉིད་ཕྱི་མའི་དགྲ་ཡིན་པས། དེའི་ཚེ་དགྲ་དེ་གྲི་གུག་གིས་གསད་པར་བྱ། དགྲ་གང་ལ་གནས་ན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་གནས་སོ། །དེ་ནས་འོག་གི་སྒོའི་གནས་ནོར་བུ་རིན་པོ་ཆེ་ལ་གནས་པའོ། །ཐེག་ལེ་ལ་ཞབས་ཆགས་ཀྱི་གདམས་ངག་གིས་བལྟ་བར་བྱ་བ་ཡིན་ཏེ། དེའི་ཚེ་ཌ་མ་རུ་ལྟ་བུའི་སྒྲས་སམ། །ཁ་སྦྱོར་གྱིས་སྤྲོ་བར་བྱའོ། །སྤྲོས་པ་སླར་ལངས་ཏེ་སྟེང་གི་སྒོ་ལ་ཞུགས་ནས་འོད་ཀྱི་གོང་བུ་གང་དུ་བསམ་པར་བྱ་ཞེ་ན།


DTG009_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གོང་གི་དེ་ཉིད་དུ་ཉི་ཟླ་ཡང་གཟས་ཟིན་ཞབས་ཚགས་ཀྱང་མ་པོ་བར། ཀུན་ནས་སྦྲུལ་ཉལ་བ་བཞིན་དུ་རྒྱས་པ་དང་རེག་བྱ་འགགས་པ་སྙམ་བྱེད་པར་འགྱུར་རོ། །དེ་ལྟར་གྱུར་ན་གང་དུ་འགྲོ་བ་དེ་རུ་དྲང་ཞིང་བསླབ་པ་མཐར་ཕྱིན་པར་བྱའོ། །དེ་ལྟར་མཐར་ཕྱིན་པ་དང་རླུང་འགག་པར་འགྱུར་རོ། །རླུང་གི་འགགས་པ་མཚན་ཉིད་ཀྱང་རིམ་པ་གསུམ་ལས་ཤེས་པར་བྱའོ། །དེ་ལྟ་བུའི་མན་ངག་དེས་འདོད་པའི་དོན་མ་རྙེད་ན་ཆགས་པའི་ལམ་སྟེ། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་སྟེ་ས་བོན་མི་གཞོལ་བར་ཡོངས་སུ་བདེ་བ་དེ་ལ་བསླབ་པར་བྱའོ། །དེ་ནས་སྟོབས་སུ་གྱུར་ཏོ། །བག་ཚ་བ་མེད་པར་གྱུར་ན་གདོད་སེང་གེ་ལྟ་བུ་ཡིན་པས་མི་རྟོག་པ་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དབང་པོ་གཉིས་སྙོམས་པར་འཇུག་པའི་སྒོ་ནས་ཀྱང་དངོས་པོ་ཐམས་ཅད་རང་བཞིན་མེད་པར་བྱེད་པའི་ཕྱིར་རོ། །དེ་ལྟ་བུའི་བསྒོམ་པས་མངོན་པར་ཤེས་པ་རིམ་གྱིས་སྐྱེའོ། །དེ་ནི་དང་པོར་ཤེས་རབ་ཟག་བཅས་སྐྱེས་པ་ཡིན་ལ། དེ་ལ་བརྟེན་ཏེ་ཕྱིས་མཐར་ཕྱིན་པའི་གནས་སྐབས་ན་ཡེ་ཤེས་ལྔ་མངོན་སུམ་དུ་གྱུར་པས་རྡོ་རྗེའོ། །དེ་མངོན་སུམ་དུ་གྱུར་པའི་ཚེ་བདུད་བཏུལ་བར་གྱུར་པས་བསྡིགས་པའི་མཛུབ་མོའོ། །དེ་ནས་གྲོལ་བ་དང་ཆགས་པ་གཉི་གས་འབྱུང་དུ་མ་བཏུབ་སྟེ་འདོད་པ་མ་རྙེད་ན། རང་ལྷག་པར་གནས་པ་ལ་བསླབ་པར་བྱའོ། །རྟགས་ཅེས་ཤེ་ན། བརྟགས་པའི་ངོ་བོ་སྡོམ་པའི་གཟུགས་ལྟ་བུའི་མར་མེ་འབར་བ་ལྟ་བུ་སྟེ། ཤིན་ཏུ་བག་ཚ་བ་མེད་པས་སེང་གེ་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན། འཐོར་རླུང་གི་ཚོགས་ཀྱིས་མི་སོད་པའི་ཕྱིར་རོ། །དེ་ལྟ་བུའི་ལམ་གྱིས་ཀྱང་བསྒོམ་པའི་ལམ་རྙེད་པར་འགྱུར་རོ། །དེ་ལྟར་མཐར་ཕྱིན་ནས་སེམས་ཅན་གྱི་དོན་ཡོངས་སུ་སྨིན་པ་དང༌། སྣ་ཚོགས་པའི་སྐུས་དོན་མཛད་པ་ཡང་རོ་ཧི་ཏ་ལྟ་བུ་དང༌། བསིལ་བྱེད་ལྟ་བུ་དང་ཕག་ལྟ་བུ་དང་སྟ་རེ་ལྟ་བུ་དང་ཐོད་པ་ལྟ་བུ་དང༌། སྡིགས་མཛུབ་ལྟ་བུའོ། །དེ་ལྟར་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པར་མཛད་ཀྱང༌། སྐྱོན་གྱིས་ཀྱང་མ་གོས་ལ་ཐུགས་མི་རྟོག་པ་ལས་མ་གཡོས་པས་ཐོད་པ་གཉིས་སོ། །དེ་ལ་ཡུམ་གྱི་


DTG009_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནི་དགོས་པ་ཡོངས་སུ་གྲུབ་པའི་དུས་ན་གྲི་གུག་ནི་དམིགས་པ་མེད་པའི་ཡུམ་མོ། །ཐོད་པ་ཁྲག་གིས་བཀང་བ་ནི་དམིགས་པ་དང་བཅས་པའི་ཡུམ་མོ། །དེ་ཉིད་ཀྱིས་དབུགས་འབྱིན་ཏེ། ཆོས་ཀྱི་སྐུ་མངོན་སུམ་དུ་གྲུབ་ནས་ཀྱང༌། སྐུ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞུགས་པ་ནི་བསྒྲུབ་པར་བྱ་བའི་ཡན་ལག་བདུན་དང་ལྡན་པ་འདོད་པ་ཁ་ཊྭཱཾ་གའོ། །