སྲུང་བའི་འཁོར་ལོའི་ཆོ་ག


DTG008_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བགེགས་མེད་ཅིང་འབར་བ་རྣོན་པའི་རིགས་ཀྱི་འོད་དུ་དཀྱིལ་འཁོར་གྱི་ས་བལྟས་ལ་ཕུར་བུས་གདབ་པའི་ཕྱི་རོལ་ཏུ་རྡོ་རྗེ་ར་བ་ཞེས་བྱ་བ་སྟེ། རེ་ཕ་དམར་པོ་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་ཡི་གེ་ཧཱུཾ་ནག་པོ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་འོད་ཟེར་ལྔ་དང་ལྡན་པའི་སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ་ཞིང་འོད་ཟེར་གྱི་ཕྲེང་བ་དེས་རྡོ་རྗེ་ཕྲེང་བ་འབར་བ་འཕྲོས་པས་ཕྱོགས་བཞིར་ཁྱབ་ཅིང༌། །ཤིན་ཏུ་ཐུག་པར་གྱུར་པས་རྣམ་པར་མཛེས་ཤིང་རྡོ་རྗེ་རབ་གྲུབ་ཞི་པའོ། །སྟེང་དུ་ཁྱབ་པས་ནི་རྡོ་རྗེའི་གུར་དང་ར་བའི་འོག་ཏུ་ཁྱབ་པས་ནི་ས་གཞི་རྡོ་རྗེའི་རང་བཞིན་ནོ། །ར་བ་དང་གུར་གཉིས་ལས་ཀྱང་ཕྱོགས་ཕྱོགས་སུ་འོད་


DTG009_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་སྤྲོས་པས་ཐུག་པར་གྱུར་ཏེ། ཕྱིའི་ཕྱོགས་བཅིང་བ་དང་ཉི་མ་དང་སྣ་ཚོགས་རྡོ་རྗེ་ལས་ཀྱང་ཀུན་ནས་འོད་ཟེར་དུ་གྱུར་པས་ནང་མཚམས་མེད་པར་བྱས་ལ། །དེ་ནས་ཕྱི་རོལ་ཐག་རིང་པོར་མཚམས་བཅད་པར་བསྒོམ་པར་བྱའོ། །རྡོ་རྗེའི་གུར་ལ་སོགས་པའི་སྲུང་བའི་འཁོར་ལོའི་ཆོ་གའོ། །