བུམ་པ་དགོད་པའི་ཆོ་ག


DTG008_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡུལ་ཚོན་རྫོགས་པར་གདབ་པར་བྱས་ནས་སློབ་དཔོན་ཁྲུས་དང་དྲི་ཞིམ་པོས་བྱུགས་པ་དང་ལུས་ལ་གོས་བཟང་པོ་དང་ཅོད་པན་དང་མེ་ཏོག་དང་ལྡན་པས་དཀྱིལ་འཁོར་དུ་ཞུགས་ཏེ་སྟན་ཤིན་ཏུ་འཇམ་ཞིང་མཐོ་བ་ལ་འདུག་ནས་ལྷའི་རྣལ་འབྱོར་དུ་བྱས་ནས། རྡུལ་ཚོན་ལྷག་མ་ཡི་གེ་གསུམ་གྱི་མཐར་ཡི་གེ་མུཿ་ས་གཤེགས་སུ་གསོལ་ལ། རྡུལ་ཚོན་གྱི་སྣོད་ཀྱང་སྐྱེ་བོས་དབེན་པའི་ས་ཕྱོགས་སུ་གཞག་གོ །དཀྱིལ་འཁོར་གྱི་ཕྱིའི་ས་ལྕི་བས་བྱུགས་ཤིང་


DTG009_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བ་དང༌། མེ་ཏོག་གི་ར་བ་དང་ལྡན་པ་དང༌། ཁནྚ་བིནྚ་ལ་སོགས་པའི་སྤོས་ཀྱིས་བདུག་པ་དང༌། མར་མེའི་ཕྲེང་བ་འབར་བ་དག་ཀྱང་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ལམ་ནང་དུ་གདབ་པའི་རྣམ་པར་རྒྱལ་བའི་བུམ་པས་ལི་ཛཾ་ལ་སོགས་པས་གང་བར་བྱས་ལ་ཤར་གྱི་ཆ་འམ་ལྷོའི་ཆར་གཞག་པར་བྱའོ། །དཀར་པོ་ལ་སོགས་པའི་བུམ་པ་བཞི་པ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཤར་ལ་སོགས་པའི་ཕྱོགས་སུ་ཇི་ལྟར་རིམ་པ་བཞིན་དུ་གཞག་པར་བྱའོ། །གཞན་ཡང་པུཀྐ་སཱི་ལ་སོགས་པའི་བུམ་པ་ནི་དབང་ལྡན་ལ་སོགས་པའི་མཚམས་སུ་གཞག་པར་བྱའོ། །ལས་ཐམས་ཅད་པའི་བུམ་པ་ཡང་དཀྱིལ་འཁོར་གྱི་ཤར་སྒོའི་ཕྱོགས་སུ་གཞག་པར་བྱའོ། །སྒོའི་བུམ་པ་བརྒྱད་པོ་ཡང་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོ་ལ་སོགས་པའི་ཕྱོགས་སུ་གཞག་པར་བྱའོ། །བདག་མེད་མའི་དཀྱིལ་འཁོར་ལ་ཡང་རྣམ་པར་རྒྱལ་བའི་བུམ་པ་སྔ་མ་བཞིན་དུ་དགོད་པར་བྱའོ། །རྡོ་རྗེ་མ་ལ་སོགས་པའི་བུམ་པ་བཅུ་བཞི་པོ་ཡང་གནས་ཇི་ལྟ་བའམ་ཇི་ལྟར་མཛེས་པ་བཞིན་དུ་ཤར་ནས་བརྩམས་ཏེ་དགོད་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནས་ལྷ་མོའི་བུམ་པ་དེ་རྣམས་ནས་ཆུ་ཅུང་ཟད་ཅུང་ཟད་བླངས་ལ་བདུད་རྩི་ལྔ་དང་ལྡན་པས་པདྨའི་སྣོད་དུ་གདོད་པར་བྱའོ། །བུམ་པ་དགོད་པའི་ཆོ་གའོ། །