Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དགུ་པ།


   
  expand section
   
   
   
  expand section
   
   
   
   
  expand section
  expand section
   
   
   
   
   
   
   
  expand section
  expand section
   
  expand section
   
  expand section
   
   
  expand section
   
   
  expand section
   
   
  expand section
   
  expand section
  expand section
   
   
  expand section
   
   
   
  expand section
  collapse section
དཔལ་ཧེ་རུ་ཀའི་མན་ངག་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ།  ཏིང་ངེ་འཛིན་རྡོ་རྗེས་མཛད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཧེ་རུ་ཀའི་མན་ངག་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ། ཏིང་ངེ་འཛིན་རྡོ་རྗེས་མཛད།no next

དཔལ་ཧེ་རུ་ཀའི་མན་ངག་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ།
ཏིང་ངེ་འཛིན་རྡོ་རྗེས་མཛད།

དང་པོ། ནང་གི་བདག་ཉིད་ཀྱི་ཐིག་ལེ་ཧེ་རུ་ཀའི་དཀྱིལ་འཁོར་བསྒོམ་པའི་ཆོ་ག


DTG009_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀོ་པ་དེ་ཤ་ནཱ་མ་སྭཱ་དྷི་ཥྛཱ་ན་ཀྲ་མ། བོད་སྐད་དུ། དཔལ་ཧེ་རུ་ཀའི་མན་ངག་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དངོས་པོ་མ་ཡིན་དངོས་པོའི་ངོ་བོ་བྲལ་བ་མ་ཡིན་གཅིག་མིན་དུ་མ་མ་ཡིན་གཙོ། །ཐམས་ཅད་ཞི་བར་གྱུར་ཅིང་ནམ་མཁའི་དཀྱིལ་དང་མཚུངས་པ་དམ་པ་ཕུན་སུམ་ཚོགས་པའི་གཞི། །གོས་པ་མེད་ཅིང་འགྱུར་བ་མེད་པ་སྤྲོས་པ་དང་བྲལ་སོ་སོ་རང་གི་རིག་པ་མཆོག །བླ་མེད་ཆོས་ཀྱི་བདག་ཉིད་ཞི་བའི་བདེ་བ་ཧེ་རུ་ཀ་དཔལ་ཁྱོད་ཀྱིས་སྩོལ་གྱུར་ཅིག །ཤེས་རབ་ལྷན་ཅིག་སྐྱེས་པས་འཁྱུད། །དགྱེས་རྡོར་ལྷན་སྐྱེས་ཕྱག་འཚལ་ཏེ། །ལྷན་ཅིག་སྐྱེས་པའི་བདག་ཉིད་མཆོག །ཧེ་རུ་ཀ་དཔལ་མན་ངག་བཤད། །དཔལ་ལྡན་ཨོ་ཌྱ་ན་གནས་ལས་བྱུང༌། །བླ་མ་བརྒྱུད་པ་ལས་འོངས་པ། །རྣལ་འབྱོར་ཆེན་མོའི་སྙིང་པོ་ཉིད། །སྙིང་པོ་མཆོག་ཏུ་གསང་བ་ཉོན། །དེ་ཡང་ཨུ་དུམྺཱ་ར་ཆེན་པོའི་མེ་ཏོག་བཞིན་རྙེད་པར་དཀའ་བ་དང༌། དཔག་བསམ་གྱི་ཤིང་བཞིན་འདོད་པའི་འབྲས་བུ་སྐྱེད་པར་བྱེད་པ་དང༌། མིའི་དབང་པོ་བཞིན་བསྟན་པས་འབྲས་བུ་སྟེར་བར་བྱེད་པ་དང༌། གསང་བའི་སྔགས་ཀྱང་ངོ༌། །རྒྱ་མཚོ་ལེགས་པའི་རླབས་བཞིན་ཟབ་མོ་དང་ལྡན་པ་དང༌། ཟླ་བ་བཞིན་སྣང་བར་བྱེད་ཅིང་ཚིམ་པར་བྱེད་པ་དང༌། ཉི་མ་བཞིན་མུན་པའི་ཚོགས་སེལ་བར་བྱེད་ཅིང་སྙིང་གི་པདྨ་རབ་ཏུ་སད་པར་བྱེད་པར་རིག་ནས་འདི་ལས་དང་བ་བསྐྱེད་པར་བྱའོ་ཞེས་བསྟན་ཏོ། །འདིར་དབང་བྱས་པའི་སྔགས་པ་བློ་དང་ལྡན་པ་སྙིང་རྗེ་དང་ལྡན་པ་མོས་པ་བརྟན་པ་བྱང་ཆུབ་ཀྱི་སེམས་བརྟན་པ།


DTG009_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་ཞབས་ཀྱི་པདྨ་ལ་ཤིན་ཏུ་ཡུན་རིང་དུ་བསྟེན་པས་སྣང་བ་ཐོབ་པ། ཚོགས་བསགས་པ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀུན་ནས་འདོད་པས། དབེན་ཞིང་ཉེ་བར་འཚེ་བ་མེད་པ་རྗེས་སུ་མཐུན་པར་དྲི་མ་མེད་པའི་ཆུ་ཕུན་སུམ་ཚོགས་པ་དང་ལྡན་པ། མེ་ཏོག་དང་འབྲས་བུ་དང་འདབ་མའི་ཁུར་གྱིས་ལྕི་བའི་མཆོག་གི་ཤིང་གིས་མཛེས་པའི་ནགས་ཀྱི་ཕྱོགས་སམ། རིའི་ཕུག་གམ་ཆུ་ཀླུང་གི་ངོགས་སམ། རྒྱ་མཚོ་ལ་སོགས་པའམ། དུར་ཁྲོད་དམ་ཤིང་གི་རྩ་བའམ། ལྷའི་གནས་སམ། ལྷ་ཁང་ངམ། ཡིད་དུ་འོང་བའི་གནས་སུ་གནས་པར་བྱ་སྟེ། སྟན་ལ་འདུག་ནས་གནས་དང་བདག་དང་རྣལ་འབྱོར་སྲུང་བ་བྱས་ནས། ཡོད་པའི་དངོས་པོ་བདུད་རྩི་ལྔ་ལ་སོགས་པས་བསྲེས་པའི་ཆུས་དཀྱིལ་འཁོར་བྱུགས་ལ་མེ་ཏོག་དགྲམ་པ་བྱས་ཏེ། སྭ་བྷཱ་བ་ཤུདྡྷཿ་སརྦ་དྷརྨཱཿ་སྭཱ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་མཉམ་པར་གཞག་པས་བདག་ཉིད་དཔལ་ཧེ་རུ་ཀར་བསྒོམ་པའམ་མོས་པར་བྱའོ། །ལྟེ་བའི་དཀྱིལ་འཁོར་དུ་རྟེན་གྱི་དཀྱིལ་འཁོར་གྱི་བདག་ཉིད་སྐར་མའི་བདག་པོ་དང༌། གཤིན་རྗེའི་བདག་པོའི་དཀྱིལ་འཁོར་ཁ་སྦྱོར་མཐའ་སྐོར་མཚམས་མེད་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ལས་སྤྲོས་པའི་འོད་ཟེར་གྱི་ཕྲེང་བས་བསྐོར་བའི་རྣམ་པ་སྣ་ཚོགས་ལ་སོགས་པའི་སྐད་ཅིག་གི་ཁྱད་པར་བསྒོམ་པར་བྱའོ། །དེའི་དབུས་སུ་བརྟེན་པའི་དཀྱིལ་འཁོར་གྱི་བདག་ཉིད། དང་ཞིང་ཟླུམ་པ་མུ་ཏིག་གི་འབྲས་བུ་ལྟ་བུ་ཕྱོགས་དང་མཚམས་དང་དབུས་ཀྱི་ཐིག་ལེ་དགུ་བསྒོམ་པར་བྱ་སྟེ། དེ་ལ་ལུས་ཀྱི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་བདག་ཉིད་དཀར་མོའི་རང་བཞིན་ནི་ཤར་གྱི་ཐིག་ལེའོ། །སེམས་ཀྱི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་བདག་ཉིད་ཆོམ་རྐུན་མའི་རང་བཞིན་ནི་ལྷོའི་ཐིག་ལེའོ། །ངག་གི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་བདག་ཉིད་རོ་ལངས་མའི་རང་བཞིན་ནི་ནུབ་ཀྱི་ཐིག་ལེའོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་བདག་ཉིད་ཟ་ཕོད་མའི་རང་བཞིན་ནི་བྱང་གི་ཐིག་ལེའོ། །ལུས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་སྦོས་མོའི་རང་བཞིན་ནི་དབང་ལྡན་གྱི་ཐིག་ལེའོ། །སེམས་


DTG009_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དེ་ཁོ་ན་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་རི་ཁྲོད་མའི་རང་བཞིན་ནི་མེའི་ཐིག་ལེའོ། །ངག་གི་དེ་ཁོ་ན་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་གཏུམ་མོའི་རང་བཞིན་ནི་བདེན་བྲལ་གྱི་ཐིག་ལེའོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་གཡུང་མོའི་རང་བཞིན་ནི་རླུང་གི་ཐིག་ལེའོ། །ཐིག་ལེ་བརྒྱད་པོ་འདི་རྣམས་ཀྱང་ལས་ཀྱི་རང་བཞིན་དུ་བསྒོམ་པར་བྱའོ། །དབུས་ཀྱི་ཐིག་ལེ་དགུ་པའི་འབྲས་བུའི་ངོ་བོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་དཔལ་ཧེ་རུ་ཀའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་གོ་རིམས་བཞིན་ཕྱོགས་མཚམས་ཀྱི་ཐིག་ལེ་བསྐུལ་བས་གསེར་འགྱུར་མཁན་གྱིས་ལྕགས་བརྒྱད་གསེར་དུ་གྲུབ་པ་བཞིན་ཕྱོགས་མཚམས་བརྒྱད་ཀྱི་ཐིག་ལེ་ཐིམ་པར་ཡུན་རིང་དུ་བསམ་པར་བྱའོ། །དེ་ནས་དེ་ལས་སྤྲོས་པའི་འོད་ཟེར་གྱི་རི་མོས་བདེ་བ་ཆེན་པོ་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བར་བྱའོ། །བསྐུལ་བས་དེ་ཞུ་ཞིང་བདུད་རྩིར་གྱུར་པས་ཐིག་ལེའི་ངོ་བོ་བཅོམ་ལྡན་འདས་དེ་དབང་བསྐུར་བར་བྱའོ། །དེ་ཡང་ཤེས་རབ་ཀྱི་ཆགས་པ་གྱེན་དུ་སོང་བ་དེ་ནི་གུར་གུམ་གྱི་ཆར་དང༌། གང་གཞོམ་དུ་མེད་པའི་སྒྲ་ཙམ་དེ་ནི་རྔའི་སྒྲ་དང༌། སྤྱན་ལ་སོགས་པའི་གླུ་ཡང་ཡིན་ནོ། །གང་ཡང་དབང་བསྐུར་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱོགས་བཅུའི་དངོས་པོ་ཐམས་ཅད་ལ་སྤྲོས་པ་དེས་ཚིམ་པ་ནི་མཆོད་པའོ། །དེ་ཉིད་སྣ་ཚོགས་པའི་བདག་ཉིད་དུ་བྱེད་པ་ནི་བསྟོད་པ་སྟེ། དམ་པར་གྱུར་པའི་ཡོན་ཏན་གསལ་བར་བྱེད་པའི་བསྟོད་པའོ། །དེ་ཁོ་ན་ཉིད་དེའི་བདག་ཉིད་དུ་བྱས་པའི་རང་རིག་པའི་ངོ་བོ་ཉིད་ཉམས་སུ་མྱོང་བ་ནི་བདུད་རྩི་མྱང་བའོ། །དེ་ཉིད་ཡང་དང་ཡང་དུ་བརྗོད་པ་ནི་སྔགས་བཟླས་པའོ། །དེ་ལྟར་ཤེས་ནས་བཅོམ་ལྡན་འདས་དེ་དགའ་བའི་ཚོགས་ཀྱི་རྟེན་མཆོག་གི་མྱ་ངན་ལས་འདས་པའི་ངོ་བོ་གུས་པ་དང་རྒྱུན་མི་འཆད་པར་གོམས་པའི་སྦྱོར་བས་མངོན་དུ་བྱའོ། །དེ་མངོན་དུ་བྱས་པས་ཉོན་མོངས་པ་ཐམས་ཅད་སྤང་བ་དང༌། མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཐམས་ཅད་མངོན་དུ་བྱེད་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲོ་


DTG009_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །དེ་དག་ནི་ཧེ་རུ་ཀའི་མན་ངག་ལས་ནང་གི་བདག་ཉིད་ཀྱི་ཐིག་ལེ་ཧེ་རུ་ཀའི་དཀྱིལ་འཁོར་བསྒོམ་པའི་ཆོ་ག་སྟེ་དང་པོའོ།། །།

གཉིས་པ། དཔའ་བོ་ཆེན་པོ་ཡེ་ཤེས་ཀྱི་ཐིག་ལེ་བསྒོམ་པའི་ཆོ་ག


DTG008_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྔ་མ་བཞིན་བསམ་གཏན་གྱི་གནས་སུ་ཞུགས་ལ། གནས་དང་བདག་ལ་སོགས་པའི་ཕུན་སུམ་ཚོགས་པ་དང་ལྡན་པ་གནས་དང་བདག་དང་རྣལ་འབྱོར་སྲུང་བའི་ཆོ་ག་བྱས་ལ་བྱ་བ་བྱས་པའི་སྔགས་པས་བདེ་བའི་སྟན་ལ་འདུག་སྟེ། སྤྲུལ་པར་བརྗོད་པ་རྒྱལ་བའི་གནས་སུ་ཆུ་སྐྱེས་རྒྱ་མཚོའི་འདབ་མའི་ལྟེ་བ་ལ་མཆོག་གི་ཐབས་དང་ཤེས་རབ་ཀྱི་རང་བཞིན་བདུད་ལས་རྒྱལ་བ་དང༌། རི་དགས་ཀྱིས་མཚན་པའི་དཀྱིལ་འཁོར་མཐའ་སྐོར་མཚམས་མེད་པ་བསྒོམ་མོ། །དེའི་ནང་དབུས་ཀྱི་ཕྱོགས་སུ་ཡུངས་ཀར་ཕྲ་མོ་དང་ཞིང་དག་པ་ཤེལ་ལྟ་བུ་བདེ་བ་ཆེན་པོའི་བདག་ཉིད་དཔའ་བོ་ཆེན་པོ་ཡེ་ཤེས་ཀྱི་ཐིག་ལེའི་ངོ་བོ་དཔལ་ཧེ་རུ་ཀ་བསམ་པར་བྱའོ། །དེ་ནས་དེ་ལས་ལངས་པ་དཀར་ཞིང་དྲི་མ་མེད་པ་པདྨའི་རྩ་བའི་སྐུད་པ་ལྟ་བུ་འོད་ཟེར་གྱི་རི་མོར་ཟླ་བའི་དབུས་ནས་བྱུང་སྟེ། ཟླ་ཉི་ཁ་སྦྱར་དཀྲིས་པ་གསུམ་གྱིས་ཡང་དག་པར་དཀྲིས་པར་གནས་པར་བསྒོམ་པར་བྱའོ། །ཟླ་བའི་སྟེང་དུ་དཀྲིས་པ་གསུམ་གྱི་ཕྱེད་ལ་ཡི་གེ་བཅུ་དྲུག་སོ་སོར་བརྒྱུས་པ་བལྟ་བར་བྱའོ། །དེ་ལ་དབུས་ཀྱི་དཀྲིས་པ་ཕྱེད་ལ་ཨ་ལ་སོགས་པའོ། །གཡོན་ངོས་གྱི་དཀྲིས་པ་ཕྱེད་པ་ང་ཉ་སྤངས་པའི་ཀ་ལ་སོགས་པ་ད་ཡིག་གི་མཐར་ཐུག་པའོ། །གཡས་ངོས་ཀྱི་དཀྲིས་པའི་ཕྱེད་ལ་ཧ་ཡིག་ལ་སོགས་པ་ཤ་ཀྵ་ཡིག་གི་མཐར་ཐུག་པ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བསྟན་པར་བསྒོམས་པས་བསྒོམ་པ་ཡོངས་སུ་སྨིན་པ་ཐོབ་པར་མོས་པར་བྱའོ། །དེ་ཉིད་ལས་གཉིས་པ་ཤིན་ཏུ་ཕྲ་བའི་འོད་ཟེར་རི་མོ་འབར་ཞིང་གཅིག་ཏུ་འབར་བ་གནས་པར་བསམ་པར་བྱའོ། །དེ་ནས་དེའི་ནུས་པས་འཛག་པའི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེའི་ངོ་བོ་དེ་བསམ་པར་བྱའོ། །འོད་ཟེར་གྱི་རི་མོ་བསིལ་བར་གྱུར་པ་དེ་དེ་ཉིད་ཞུགས་པར་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་ལ་ངེས་པར་སེམས་ཀྱི་འཇུག་པ་སེམས་བརྟན་པ་མ་ཐོབ་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ཡང་བརྟན་པའི་མཚན་མ་ཉེ་བར་མཚོན་པར་བྱའོ། །


DTG009_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ཡང༌། དང་པོ་སྨིག་རྒྱུ་ལྟ་བུ་སྟེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་ལྟར་འབར་བ། །སྤྲིན་མེད་ནམ་མཁའ་ལྟ་བུ་སྟེ། །རྟག་ཏུ་སྣང་བ་ལྔ་པོའོ། །སེམས་ཀྱི་བརྟན་པ་ཐོབ་པ་སྟེ། །མཚན་མ་རྣམ་པ་ལྔ་ཞེས་བྱ། །མཚོན་པའི་ཡིད་ནི་བརྟན་པ་ལས། །ཐིག་ལེ་གསལ་བ་སྣང་བ་ཆེ། །སྣ་ཚོགས་སྣང་བར་བལྟ་བར་བྱ། །འགྲོ་བ་རྣམས་ནི་གསལ་བར་མཐོང༌། །ཏིང་ངེ་འཛིན་ནི་ཐམས་ཅད་དེའི། །དངོས་གྲུབ་ལེགས་པར་མངོན་དུ་གྱུར། །ངེས་པར་ཏིང་ངེ་འཛིན་ཐོབ་པས། །བྱང་ཆུབ་ཆེན་པོ་ཉེ་བ་ཡིན། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་དཔལ་བོ་ཆེན་པོ་ཡེ་ཤེས་ཀྱི་ཐིག་ལེ་བསྒོམ་པའི་ཆོ་ག་སྟེ་གཉིས་པའོ།། །།

གསུམ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྒོམ་པའི་ཆོ་ག


DTG008_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྔ་མ་བཞིན་དུ་བསམ་གཏན་གྱི་གནས་སུ་སྟན་ལ་འདུག་ནས། ལས་དང་བྱ་བ་ཐམས་ཅད་བྱས་པའི་སྔགས་པས་ཡིད་མཉམ་པར་གཞག་པས་ལྟེ་བའི་རྩ་བར་འབྱུང་བ་བཞི་བསྡུས་པའི་ངོ་བོ་རིག་བྱེད་ཀྱི་འདབ་མའི་ཆུ་སྐྱེས་ཀྱི་ལྟེ་བ་ལ་སྣ་ཚོགས་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་རྟག་པའི་རང་བཞིན་དཀར་པོ་ནི་ཤར་གྱི་རྩེ་མོའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རིན་ཆེན་རྒྱལ་པོའི་རང་བཞིན་གསེར་གྱི་མདོག་ནི་ལྷོའི་རྩེ་མོའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་སྣང་བ་མཐའ་ཡས་ཀྱི་རང་བཞིན་དམར་པོ་ནི་ནུབ་ཀྱི་རྩེ་མོའོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་དོན་ཡོད་གྲུབ་པའི་རང་བཞིན་མརྒཏའི་ནོར་བུ་ནི་བྱང་གི་རྩེ་མོའོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པའི་རང་བཞིན་ནག་པོ་ནི་དབུས་ཀྱི་མུ་ཁྱུད་དུ་བསམ་པར་བྱའོ། །དེ་ནས་དེའི་དབུས་སུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་རྡོ་རྗེ་འཛིན་པའི་རང་བཞིན་རྡོ་རྗེ་རྩེ་ལྔ་པར་བསྒོམས་ནས། དེའི་དབུས་ཀྱི་རྩེ་མོའི་སྟེང་དུ་དང་པོ་མཆོག་གི་སྙིང་པོའི་ངོ་བོ་དེ་ཉིད་གསུམ་རོ་གཅིག་པའི་ངོ་བོ་དྲག་པོ་བསྒོམ་པར་བྱའོ། །དེ་ནས་དེའི་སྙིང་པོར་གྱུར་པ་དཔལ་ཧེ་རུ་ཀའི་རང་བཞིན་བདེ་བ་ཆེན་པོའི་བདག་ཉིད་ཟླ་བའི་དཀྱིལ་འཁོར་ལྟ་བུ་བདུད་རྩིའི་བདག་ཉིད་འོད་ཟེར་གྱི་ཚོགས་ཀྱིས་ཕྱོགས་དང་ནམ་མཁའ་ཐམས་ཅད་ཁྱབ་པ། ཟླུམ་ཞིང་དྲི་མ་མེད་པ་ཆ་དང་བྲལ་བ་མུ་ཏིག་གི་འབྲས་བུ་ལྟ་བུའི་ཐིག་ལེ་བསྒོམ་པ་ནི་ཇི་


DTG009_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་སེམས་བརྟན་པའི་བར་དུ་བསྒོམ་པར་བྱའོ། །སེམས་བརྟན་པའི་མཚན་མ་ཉེ་བར་མཚན་ནས་དེ་ནས་བསླངས་ནས་གཞན་རྣམས་སུ་དགོད་པར་བྱའོ། །དེ་ལ་མིག་ཏུ་དེ་བཀོད་པས་ལྷའི་མིག་སྐྱེ་བའོ། །རྣ་བ་དག་གིས་ལྷའི་རྣ་བ་དང་སྐད་ཐམས་ཅད་ཤེས་པའོ། །སྣ་དག་གིས་ནི་ལྷའི་སྣའོ། །ལྕེ་ཡིས་རོ་དང་རོ་མཆོག་དང་ལྷའི་གསུང་ངོ༌། །པགས་པས་ལྷའི་ལུས་སོ། །དེ་བཞིན་དུ་མགོ་བོས་ལུས་འཕོ་བ་དང༌། མི་སྣང་བར་བྱེད་པ་དང༌། དུས་གསུམ་ཤེས་སོ། །མགྲིན་པས་སྙན་ངག་མཁན་དང༌། སྨྲ་ནུས་པ་དང༌། རང་དང་གཞན་གྱི་གྲུབ་པའི་མཐའ་ཤེས་པའོ། །སྙིང་གས་མངོན་པར་ཤེས་པ་ཐམས་ཅད་དོ། །ལྟེ་བས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་བཟོད་པ་ཉིད་དང༌། ཐམས་ཅད་ཤེས་པའོ། །དེ་ལྟར་སེམས་བརྟན་པ་མ་ཐོབ་པར་གྱུར་པས་ཡོན་ཏན་མཐའ་དག་གི་རིན་པོ་ཆེ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དེ་དག་ནི་ཧེ་རུ་ཀའི་མན་ངག་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྒོམ་པའི་ཆོ་ག་སྟེ་གསུམ་པའོ།། །།

བཞི་པ། ཆོས་ཀྱི་ཡི་གེ་བསྒོམ་པའི་ཆོ་ག


DTG008_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྔགས་པ་ཆོ་ག་བཞིན་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། ཤིན་ཏུ་རྣམ་པར་དག་པའི་སྔགས་བརྗོད་ནས་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །འཁོར་ལོ་གྲུ་བཞིའི་བདག་པོ་སྟེ་འཇིག་རྟེན་མཐའ་དག་ཆོས་ཀྱི་སྐུའི་བདག་ཉིད་འབར་བ་ཡུན་རིང་དུ་བསྒོམ་པར་བྱའོ། །དེ་ནས་སྙིང་པོའི་གནས་སུ་ཧཱུཾ་གི་སྒྲ་ཙམ་བསྐྱོད་པས་ཡེ་ཤེས་ཀྱི་རྒྱ་མཚོ་རླབས་ཆེན་པོ་བསྣུན་ཏེ། ཆང་འཐུངས་ནས་མྱོས་ཅིང་སྐྱུགས་པ་ལྟར་མགོ་མེད་རྩའི་ཆུ་རླུང་ལས་བདུད་རྩིའི་ཆུའི་དབང་བསྐུར་བ་དང༌། འཐུངས་པའི་ཧཱུཾ་བསྒོམ་པར་བྱའོ། །དེ་ལས་བྱུང་བའི་བདེ་བ་ཆེན་པོའི་བདག་ཉིད་མཆོག་གི་བདུད་རྩིར་གྱུར་པ་འོད་ཟེར་གྱི་ཕྲེང་བ་སྤྲོས་པས་ཕྱོགས་དང་ནམ་མཁའ་ཐམས་ཅད་སྣང་བར་བྱེད་པ། གྲུབ་པའི་གསེར་འགྱུར་རྩིས་བསྣུན་པ་བཞིན་འཇིག་རྟེན་གསུམ་བལྟ་བར་བྱའོ། །རང་གི་སེམས་ཀྱང་དེ་དང་ཐ་མི་དད་པ་གཉིས་སུ་མེད་པར་གྱུར་པ་དམིགས་པ་མེད་པ་བསྒོམ་པ་ནི་ཇི་སྲིད་བརྟན་པར་འགྱུར་གྱི་བར་རོ། །དེ་ལྟར་བསྒོམ་པའི་རྣལ་འབྱོར་པས་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང༌། མི་འཇིགས་པ་བཞི་ལ་སོགས་པ་མངོན་དུ་བྱེད་པར་འགྱུར་རོ། །ཡོན་


DTG009_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གྱི་ཚོགས་མངོན་དུ་གྱུར་པ་དེས་དཔལ་ཧེ་རུ་ཀ་ཉིད་ཡང་དག་པར་ཐོབ་པ་ཡིན་ནོ། །ཧེ་རུ་ཀ་ཉིད་ཐོབ་པ་ཉིད་ཀྱིས་འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པར་ནུས་པ་ཡིན་ནོ། །འགྲོ་བ་ཐམས་ཅད་ཀྱི་དོན་བྱས་པས་ཁམས་གསུམ་དུ་གཏོགས་པའི་འཇིག་རྟེན་པ་རྣམས་ཀྱིས་མཆོག་ཏུ་གུས་པས་མཆོད་པ་ཡིན་ནོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ཆོས་ཀྱི་ཡི་གེ་བསྒོམ་པའི་ཆོ་ག་སྟེ་བཞི་པའོ།། །།

ལྔ་པ། འབྱུང་བ་ལྔའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ཐིག་ལེ་བསྒོམ་པའི་ཆོ་ག


DTG008_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཇི་སྐད་གསུངས་པའི་མཚན་ཉིད་དང་ལྡན་པའི་སྔགས་པས་སྔ་མ་བཞིན་བསམ་གཏན་གྱི་གནས་སུ་ཞུགས་ལ། རྗེས་སུ་མཐུན་པའི་སྟན་ལ་འདུག་སྟེ། རྗེས་སུ་མཐུན་པའི་བྱ་བ་ཐམས་ཅད་བྱས་ལ། ཡིད་མཉམ་པར་གཞག་པས་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །ཆོས་ཀྱི་འཁོར་ལོར་སའི་ཁམས་ཀྱི་རང་བཞིན་རིག་བྱེད་ཀྱི་ཆུ་སྐྱེས་བསྒོམ་པར་བྱའོ། །དེ་ནས་དེའི་དབུས་སུ་ཆུའི་ཁམས་ཀྱི་རང་བཞིན་སྨན་གྱི་གཙོ་བོར་བསྒོམ་པར་བྱའོ། །དེའི་སྟེང་དུ་མེའི་ཁམས་ཀྱི་རང་བཞིན་ཉིན་མོའི་དབང་ཕྱུག་བསམ་པར་བྱའོ། །དེ་ནས་དེ་དག་མཐའ་སྐོར་མཚམས་མེད་པའི་ནང་དུ་རླུང་གི་ཁམས་ཀྱི་རང་བཞིན་ནོར་བུ་སྟེ། དབང་ཆེན་སྔོན་པོ་ཕྲ་མོའི་ཐུར་མ་ལྟར་རིང་པོ་མ་ཡིན་པ་གྱེན་དུ་ལངས་པའི་འོད་ཟེར་གྱི་རི་མོ་སྣང་བའོ། །དེའི་སྟེང་དུ་ནམ་མཁའི་ཁམས་ཀྱི་རང་བཞིན་ཆོས་ཀྱི་སྐུའི་ངོ་བོ་ཉིད་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པ་ཆེན་པོའི་སྙིང་པོའི་བདག་ཉིད། དཔལ་ཧེ་རུ་ཀའི་རང་བཞིན་བདེ་བ་སྤྲོས་པའི་རྒྱུན་གྱིས་སྲིད་པ་མཐའ་དག་ཁྱབ་པར་བྱེད་པ། མཆོག་ཏུ་གསང་བའི་ངོ་བོ་ཤིན་ཏུ་དང་བའི་མུ་ཏིག་གི་འབྲས་བུ་ལྟ་བུའི་ཐིག་ལེ་ཕྲ་མོ་བལྟ་བར་བྱའོ། །དེར་ཡིད་གཏད་པའི་སྔགས་པས་ཇི་སྲིད་སེམས་བརྟན་པར་འགྱུར་བ་དེ་སྲིད་དུ་བལྟ་བར་བྱའོ། །སེམས་བརྟན་པར་གྱུར་པའི་མཚན་མ་སྔ་མ་བཞིན་དུ་མཚོན་པར་བྱའོ། །གང་གི་ཚེ་སེམས་བརྟན་པ་ཡིན་པ་དེའི་ཚེ་ཐིག་ལེ་དེ་ཡན་ལག་གཞན་ལ་དགོད་པར་བྱའོ། །དེ་ལ་མཛོད་སྤུར་བཀོད་པ་དེ་ཉི་མ་བཞིན་སྲིད་པ་སྣང་བར་བྱེད་པ་དང༌། ཉོན་མོངས་པའི་འདམ་ཡང་སྐམ་པར་བྱེད་དོ། །དཔྲལ་བས་ནི་ཕྱི་དང་ནང་དུ་བཅས་པའི་མུན་པའི་ཕུང་པོ་འཇོམས་པར་བྱེད་པ་དང༌། དགེ་བའི་འབྲས་བུ་ཡང་ཡོངས་སུ་གསོ་བར་བྱེད་དོ། །དེའི་སྟེང་གི་སྐར་མ་


DTG009_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྤྲོས་ཏེ་ནམ་མཁའ་འགེངས་པར་བྱེད་དོ། །ལྕེ་ཡིས་ཇི་སྲིད་འདོད་པ་དེ་སྲིད་འཕེལ་བར་འགྱུར་རོ། །དཔུང་པའི་རྩ་བས་ལག་པའོ། །མགོ་བོས་ལུས་ཐམས་ཅད་དོ། །མང་དུ་སྨྲ་བ་ཅི་དགོས། གང་དུ་འདི་གནས་པ་དེ་འཕེལ་བར་འགྱུར་སྟེ། རིམ་གྱིས་རྡོ་རྗེ་འཛིན་པ་ཉིད་འབྱུང་བར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་འབྱུང་བ་ལྔའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ཐིག་ལེ་བསྒོམ་པའི་ཆོ་ག་སྟེ་ལྔ་པའོ།། །།

དྲུག་པ། ཐབས་ཤེས་རབ་གཉིས་སུ་མེད་པའི་ཐིག་ལེ་བསྒོམ་པའི་ཆོ་ག


DTG008_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཉམ་པར་གཞག་པའི་སྔགས་པས་སྔ་མ་བཞིན་བསམ་གཏན་གྱི་ཁང་པར་བདེ་བའི་སྟན་ལ་འདུག་སྟེ། བྱ་བར་འོས་པ་ལ་སོགས་པ་བྱས་ནས་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །སྤྲུལ་པའི་འཁོར་ལོ་ལ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པའི་རི་བོང་ཅན་དང་ཉི་མ་ཁ་སྦྱོར་བའི་དབུས་སུ་ཆོས་ཀྱི་སྒོ་ཨཾ་ལས་བྱུང་བ་བདག་མེད་མའི་རང་བཞིན་མཆོག་གི་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་དབུས་སུ་ས་ལས་གཞན་པ་དབྱངས་ཡིག་བཅུ་དྲུག་པ་ལ་བསྐྱོན་བཟླ་བ་ཕྱེད་དང་ཐིག་ལེས་བརྒྱན་པ། དབང་སྔོན་ཆེན་པོའི་ནོར་བུ་ལྟ་བུ་དཔལ་ཧེ་རུ་ཀའི་རང་བཞིན་མཆོག་གི་ཐབས་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་ལ་དམིགས་པའི་བདག་ཉིད་སྒྲིབ་པ་ཐམས་ཅད་འབིགས་པར་བྱེད་པ་འབར་བ་བསྒོམ་པར་བྱའོ། །དེ་ནས་དེའི་འོད་ཟེར་གྱི་ལྕགས་ཀྱུས་བཀུག་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་རྣལ་འབྱོར་མ་ཐམས་ཅད་ཟླ་བའི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དཔལ་ཧེ་རུ་ཀའི་རྣམ་པས་དེའི་སྟེང་ན་གནས་པ་ཇི་སྐད་གསུངས་པའི་ཡི་གེ་ལ་ཐིམ་པར་བྱའོ། །དེ་ནས་གདན་དང་ས་བོན་དེ་དག་རྗེས་སུ་ཆགས་པ་དང༌། ཀུན་དུ་ཆགས་པར་བསམས་ནས་ཆོས་རྣམ་པར་དཔྱད་པའི་སྒོ་ནས་ངེས་པར་རྣམ་པར་དཔྱད་པར་བྱའོ། །གལ་ཏེ་བདག་གིས་གདན་དང་ས་བོན་ལ་སོགས་པ་འདི་དག་གཟུང་བ་དང་འཛིན་པར་སྣང་བ་ནི་བདག་གི་སེམས་ཙམ་སྟེ་རང་གི་སེམས་ལས་གཞན་དུ་སྣང་བ་མ་རིག་པའི་ཕྱིར་གདན་ས་བོན་ལས་གཞུག་པར་བྱའོ། །དེ་ནས་སེམས་ཙམ་དེ་ཡང་དོན་དམ་པར་གསལ་བ་ཙམ་


DTG009_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པ་རྣམ་པའི་དབྱེ་བ་བརྫུན་པ་ཉིད་ཀྱིས་དོན་དམ་པ་མཐོང་བ་ལ་ནུབ་པའི་ཕྱིར་ཡི་གེ་ཐིག་ལེར་ནུབ་པར་བྱའོ། དེ་ཡང་རྟོག་པ་མེད་པ་བདེ་བ་ཆེན་པོའི་རང་བཞིན་ཇི་སྲིད་འདོད་པར་བསྒོམས་ལ། ཕྱོགས་བཅུའི་དངོས་པོ་ཐམས་ཅད་དུ་སྤྲོ་བར་བྱའོ། །སྤྲོས་ནས་སྣ་ཚོགས་དེའི་བདག་ཉིད་དུ་བྱ་སྟེ། དེའི་བདག་ཉིད་དུ་བྱས་པ་ཡང་སྣང་བ་མེད་པ་གསལ་བ་ཙམ་གཉིས་སུ་མེད་པ་ནམ་མཁའ་བཞིན་རོ་མཉམ་པ་མཐའ་ཡས་པ། དེ་བཞིན་ཉིད་དུ་རོ་གཅིག་པ་གསང་བ་དཔེ་ལས་བྱུང་བའི་ལྷན་ཅིག་སྐྱེས་པ་བདེ་བའི་ངོ་བོ་དེ་ལ་ཡིད་དགའ་བའི་སྔགས་པས་ཇི་སྲིད་ནུས་པ་དེ་སྲིད་བལྟ་བར་བྱའོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ཐབས་ཤེས་རབ་གཉིས་སུ་མེད་པའི་ཐིག་ལེ་བསྒོམ་པའི་ཆོ་ག་སྟེ་དྲུག་པའོ།། །།

བདུན་པ། ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལ་སེམས་འཛིན་པ་བསྒོམ་པའི་ཆོ་ག


DTG008_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྔ་མ་བཞིན་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། བྱ་བ་བྱས་པའི་རྣལ་འབྱོར་པ་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །སྤྲུལ་པའི་འཁོར་ལོའི་དབུས་སུ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་མཆོག་ལས་བྱུང་བ་བ་ཐག་ཕྲ་མོ་ལྟར་ཕྲ་བ། ལྷན་ཅིག་སྐྱེས་པ་ཤེས་རབ་ཀྱི་ངོ་བོ་འོད་ཟེར་གྱི་རི་མོ་འབར་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་དེ་རིན་པོ་ཆེ་པདྨ་རཱ་གའི་འོད་ཟེར་གྱི་རི་མོ་བཞིན་ཆགས་པ་དང་བཅས་པས། འདོད་ཅན་མ་བཞིན་ཆགས་པ་དང་བཅས་པ་འདོད་པ་ཅན་གྱི་ལུས་ལ་སྐྱེས་པ་ཆགས་པའི་རླུང་བཏང་བས་མཐོང་བ་རྗེས་སུ་ཆགས་པ་བལྟ་བར་བྱའོ། །དེ་ནས་བདེ་བའི་གནས་ན་གནས་པ་ཡང་ཐབས་ཆེན་པོའི་ངོ་བོ་སྙིང་པོ་ཆེན་པོའི་བདག་ཉིད་འདོད་པ་ཅན་དང་འདོད་པ་ཅན་མ་ཉེ་བར་གནས་པ་ལས་རྗེས་སུ་ཆགས་ཤིང་འདོད་པར་བལྟ་བར་བྱའོ། །ཆགས་མ་ཐག་ཏུ་ཉེ་བར་འགྲོ་བས་དེ་དང་རྗེས་སུ་མཐུན་པའི་ཡན་ལག་ཐམས་ཅད་དང༌། དེའི་ཡན་ལག་ཐམས་ཅད་འཁྱུད་པ་བཞིན་འདོད་པ་ཅན་དང་འདོད་པ་ཅན་མ་བལྟ་བར་བྱའོ། །དེའི་རྗེས་ལ་སྦུ་གུའི་འཁྲུལ་འཁོར་ཕྲ་མོ་ནས་འོ་མའི་རྒྱུན་བཞིན་དུ་རྒྱུ་བ་དང༌། རླུང་མེད་ཅིང་གཡོ་བ་མེད་པའི་སྤོས་ཀྱི་རེང་བུའི་དུ་བའི་རི་མོ་བཞིན་སྟེང་འོག་ཏུ་གནས་པ་དང༌། སྐར་མའི་བདག་པོའི་འོད་ཟེར་བཞིན་མུན་པའི་ཚོགས་མཐའ་


DTG009_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དག་འཇོམས་པར་བྱེད་པ། གདུང་པ་མ་ལུས་པ་རབ་ཏུ་ཞི་བར་བྱེད་ཅིང་ཚིམ་པར་བྱེད་པ། བདེ་བ་ཆེན་པོའི་ངོ་བོ་བདུད་རྩིའི་འོད་ཟེར་ཕྲེང་བ་སྤྲོས་པའི་བདག་ཉིད་དུ་བྱས་ཏེ། འཇིག་རྟེན་མཐའ་དག་སྣང་བའི་ངོ་བོ་མཛེས་པའི་དགའ་བའི་ཚོགས་ཅན། བླ་ན་མེད་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པའི་སྒོ་གླེགས་བྱེད་པ་གསལ་ཞིང་ཁྱད་པར་དུ་གྱུར་པའི་ལྡེ་ཀྱོག་གི་རྩེ་མོ་བཞིན་ཐབས་ཆེན་པོ་ཐམས་ཅད་ཀྱི་མཆོག་ལ་སྔགས་པས་ཡིད་གཏད་པས། ཇི་སྲིད་སེམས་བརྟན་པ་ཡིན་པ་དེ་སྲིད་བསྒོམ་པར་བྱའོ། །དེ་ལ་སེམས་བརྟན་པར་གྱུར་པས། སྣང་བ་ལ་སོགས་པ་མཐོང་བ་སྐྱེ་བར་འགྱུར་རོ། །དེ་མཐོང་ནས་ཏིང་ངེ་འཛིན་ཐམས་ཅད་དང༌། དངོས་གྲུབ་ཐམས་ཅད་དང༌། ཡོན་ཏན་ཐམས་ཅད་མངོན་དུ་བྱེད་པར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལ་སེམས་འཛིན་པ་བསྒོམ་པའི་ཆོ་ག་སྟེ་བདུན་པའོ།། །།

བརྒྱད་པ། ཐིག་ལེ་སད་པར་བྱེད་པ་བསྒོམ་པའི་ཆོ་ག


DTG008_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྔར་བསྔགས་པའི་མཚན་ཉིད་དང་ལྡན་པའི་སྔགས་པས་བདེ་བའི་སྟན་ལ་འདུག་སྟེ། སྔར་གྱི་ཆོ་ག་མ་ལུས་པའི་བྱ་བ་བྱས་ནས་བདག་ཉིད་དཔལ་ཧེ་རུ་ཀའི་བདག་ཉིད་དུ་མོས་པར་བྱའོ། །ཆོས་ཀྱི་འཁོར་ལོ་ལ་འབྱུང་བ་བཞིས་བསྡུས་པའི་ངོ་བོ་མཆོག་གི་ཐར་པ་ཆེན་པོའི་གྲོང་ཁྱེར་གྱི་རང་བཞིན་ཟླ་བ་དང་ཉི་མ་མཉམ་པར་སྦྱར་བ་བསྒོམ་པར་བྱའོ། །དེའི་དབུས་སུ་ཤེས་རབ་ཆེན་པོའི་ངོ་བོ་ཆོས་ཀྱི་སྐུའི་བདག་ཉིད་བདག་མེད་མའི་རང་བཞིན་ཡི་གེ་མཆོག་ལ་འཁྱུད་པར་གནས་པ་ཐབས་ཆེན་པོའི་ངོ་བོ་ལོངས་སྤྱོད་རྫོགས་སྐུའི་བདག་ཉིད་དཔལ་ཧེ་རུ་ཀའི་རང་བཞིན་ཧཱུཾ་ཡིག་བསྒོམ་པར་བྱའོ། །དེ་ནས་ཕན་ཚུན་དུ་ཆགས་པ་ཆེན་པོ་ལས་ཤེས་རབ་དང་བཅས་པར་ཞུ་བར་གྱུར་པ་ལས་བདེ་བྱེད་ཀྱི་ཁུ་བ་བཞིན་ཐིག་ལེའི་ངོ་བོར་སོང་ནས་རྟོག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་གནས་སྐབས་དེ་བལྟ་བར་བྱའོ། །དེ་ནས་དེ་ལས་བྱུང་བ་བྱམས་པ་ལ་སོགས་པ་ཡུན་རིང་དུ་བསྒོམ་པ་རྒྱུ་མཐུན་པའི་ངོ་བོ་ས་ལ་སོགས་པའི་ཁམས་ཀྱི་རང་བཞིན་སྤོས་མོ་ལ་སོགས་པའི་རྣལ་འབྱོར་མའི་ངོ་བོ་དབང་ལྡན་ལ་སོགས་པའི་གྲྭ་བཞིར་གནས་པའི་པཾ་ཡིག་ལ་སོགས་པའི་ཡི་གེ་བཞི་བལྟ་བར་བྱའོ། །དེ་ལས་རིམ་གྱིས་སྤྲོས་པའི་འོད་ཟེར་གྱི་རི་མོ་རྣམས་ཀྱིས་གྲུ་བཞིས་བསྐུལ་བའི་ངོ་བོས་སེམས་


DTG009_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

སད་པར་བྱེད་པ་སྐུལ་བར་བྱེད་པར་བསམ་པར་བྱའོ། །དེ་ནས་དེའི་ནུས་པས་སད་པའི་ཐིག་ལེའི་ངོ་བོ་བཅོམ་ལྡན་འདས་སྤྲོས་ནས་རེག་ནས་ཞུ་བའི་ཐིག་ལེའི་ངོ་བོ་ཐོབ་ནས་རིམ་གྱིས་དེར་ནུབ་པར་བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་ཀྱི་རྟེན་བདེ་བ་ཆེན་པོའི་བདག་ཉིད་གཉིས་སུ་མེད་པ་མཐའ་ཡས་པ་ནམ་མཁའ་ལྟ་བུའི་རོ་གཅིག་པ་གསལ་བ་ཅན་བསྒོམས་ཏེ་དོན་དམ་པར་མངོན་དུ་བྱའོ། །མངོན་དུ་བྱས་ནས་ཀྱང་ཕྱོགས་བཅུའི་དངོས་པོ་ཐམས་ཅད་དུ་སྤྲོ་བར་བྱའོ། །སྤྲོས་ནས་སྣ་ཚོགས་དེའི་བདག་ཉིད་དུ་བྱའོ། །ལྷག་མ་ནི་སྔ་མ་སྔ་མའི་རྗེས་སུ་འབྲངས་ནས་བསྒོམ་པར་བྱའོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ཐིག་ལེ་སད་པར་བྱེད་པ་བསྒོམ་པའི་ཆོ་ག་སྟེ་བརྒྱད་པའོ།། །།

དགུ་པ། ཡེ་ཤེས་དང་བཅས་པའི་རྩའི་འཁོར་ལོ་མངོན་པར་བྱང་ཆུབ་པ་བསྒོམ་པའི་ཆོ་ག


DTG008_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆོ་ག་བཞིན་དུ་སྔགས་པས་ཇི་སྐད་གསུངས་པའི་བསམ་གཏན་གྱི་གནས་སུ་སྟན་ལ་འདུག་སྟེ་ཚོགས་བསགས་པས་བདག་ཉིད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་མོས་པར་བྱའོ། །དེ་ལ་གང་བདག་གི་ལུས་འདི་ཉིད་དེའི་རྟེན་གྱི་དཀྱིལ་འཁོར་འབྱུང་བ་ཆེན་པོ་བཞིའི་ངོ་བོ་ཐར་པ་ཆེན་པོའི་གནས་ཀྱི་རང་བཞིན་གཞལ་ཡས་ཁང་ངོ༌། །གང་ཡེ་ཤེས་དང་བཅས་པའི་རྩའི་འཁོར་ལོ་དེ་བརྟེན་པའི་དཀྱིལ་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་བདག་པོ་སྟེ། དེ་ལ་གང་བདག་གི་ལུས་ལ་གནས་པ་རྟོག་པ་ཐམས་ཅད་སྤངས་པ། རྩ་བའི་འཁོར་ལོ་མཐའ་དག་ལ་ཁྱབ་པར་བྱེད་པ། ལྷན་ཅིག་སྐྱེས་པ་གཉིས་ཀྱི་བདག་ཉིད་བདེ་བ་ཆེན་པོའི་ངོ་བོ་ཡེ་ཤེས་ཆེན་པོ་སྟེ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཆོས་ཀྱི་སྐུའོ། །གང་ཡང་བདག་ལ་བྱང་ཆུབ་སེམས་འབབ་པ་འདི་རྡོ་རྗེ་མ་ལ་སོགས་པ་རྣལ་འབྱོར་མ་བཅོ་ལྔའི་རང་བཞིན། སྤྱི་གཙུག་བོ་ལླ་གོ་རི་ལ་སོགས་པ་གནས་ལ་རྩ་སུམ་ཅུ་རྩ་གཉིས་པོ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །གང་འདི་སེན་མོ་དང་སོ་ནས་ཁམས་དང་ལྟེ་བའི་ཁམས་འབབ་པ་དེ་སྤྲུལ་པའི་སྐུའོ། །གང་ཇི་སྐད་གསུངས་པ་དེ་རྣམས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཆོས་ཉིད་དེ་བཞིན་ཉིད་གཉིས་ཀྱིས་སྟོང་པ་ཉིད་དོན་དམ་པ་དེ་བདེ་བ་ཆེན་པོའི་སྐུ་ཞེས་བྱ་བར་མོས་པར་བྱའོ། །སེམས་བརྟན་པར་བྱེད་ཅིང་སེམས་བརྟན་པར་གྱུར་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས་


DTG009_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བཞི་མྱུར་དུ་ཐོབ་པས་དཔལ་ཧེ་རུ་ཀ་འབྱུང་བར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས། ཡེ་ཤེས་དང་བཅས་པའི་རྩའི་འཁོར་ལོ་མངོན་པར་བྱང་ཆུབ་པ་བསྒོམ་པའི་ཆོ་ག་སྟེ་དགུ་པའོ།། །།

བཅུ་པ། རླུང་གི་ཁ་སྦྱོར་ཡེ་ཤེས་ཀྱི་འོད་ཟེར་བསྒོམ་པའི་ཆོ་ག


DTG008_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཉམ་པར་བཞག་པའི་སྔགས་པས་སྔ་མ་བཞིན་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། སྲུང་བ་དང་མཆོད་པ་ལ་སོགས་པའི་ཆོ་ག་བྱས་པ་དང་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱས་ལ། སྣ་རྩེར་བལྟ་ཞིང་ལུས་དྲང་པོར་གྱུར་པས་སྐད་ཅིག་ཙམ་གྱིས་རྩ་སྦྱོང་བར་བྱེད་པར་གནས་པར་བྱའོ། །དེ་ནས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་མེད་པ་དང༌། དཔལ་ཧེ་རུ་ཀའི་རང་བཞིན་ཏེ་སྟེང་འོག་ཏུ་གནས་པ་གཙུབ་ཤིང་དང་གཙུབ་གཏན་དག་གི་རླུང་གང་ལས་ཡང་དག་པར་སྦྱོང་བ་སྟོང་པ་ཉིད་དང༌། སྙིང་རྗེ་ཐ་མི་དད་པ་བྱང་ཆུབ་སེམས་ཀྱི་ངོ་བོ་མཆོག་གི་ཡེ་ཤེས་ཀྱི་འོད་ཟེར་བསྐྱེད་ནས་མན་ངག་བཞིན་དུ་སྦར་བར་བྱའོ། །འབར་བ་དེས་ཕུང་པོའི་བུད་ཤིང་དང༌། དངོས་པོ་ཐམས་ཅད་ཀྱི་རྩ་དང་འཁྲི་ཤིང་དང་ལྕུག་མཐལ་བར་བྱས་ནས་སྣ་ཚོགས་དེའི་བདག་ཉིད་དུ་བྱས་སོ། །སྣ་ཚོགས་དེའི་བདག་ཉིད་དུ་བྱས་པ་དང༌། བདག་གི་སེམས་ཙམ་དུ་མོས་པར་བྱའོ། །སེམས་ཙམ་ཡང་གསལ་བ་ཙམ་མཐའ་ཡས་པ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངོ་བོ་ནམ་མཁའ་དྲི་མ་མེད་པར་བལྟ་བར་བྱའོ། །དེ་ལྟར་གོམས་པའི་རྣལ་འབྱོར་པས་རིམ་གྱིས་འཁོར་བར་བཅིངས་པའི་ངོ་བོ་སྙིང་གི་མདུད་པ་ཕུག་ཅིང་བཅད་པས་སོམ་ཉི་ཐམས་ཅད་མེད་ཅིང༌། སྡིག་པ་ཐམས་ཅད་དང་འཆིང་བ་དང་ཉོན་མོངས་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ཡོངས་སུ་ཟད་པར་བྱེད་དོ། །ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཉིད་དང༌། སངས་རྒྱས་དང༌། རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་རླུང་གི་ཁ་སྦྱོར་ཡེ་ཤེས་ཀྱི་འོད་ཟེར་བསྒོམ་པའི་ཆོ་ག་སྟེ་བཅུ་པའོ།། །།

བཅུ་གཅིག་པ། ཐབས་ཤེས་རབ་གཉིས་སུ་མེད་པའི་ཐིག་ལེ་བསྒོམ་པའི་ཆོ་ག


DTG008_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཇི་སྐད་གསུངས་པའི་མཚན་ཉིད་དང་ལྡན་པའི་སྔགས་པས་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། སྔ་མ་བཞིན་དུ་སྲུང་བ་དང༌། མཎྜལ་དང་མཆོད་པའི་ཆོ་ག་བྱས་ནས། དག་པའི་སྔགས་བརྗོད་ནས། བདག་ཉིད་བདག་མེད་མའི་མགྲིན་པ་ནས་འཁྱུད་པའི་དཔལ་ཧེ་རུ་ཀར་བསྒོམ་པར་བྱའོ། །


DTG009_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རང་གི་སྙིང་གར་ཉི་མ་དང་ཟླ་བ་ཁ་སྦྱར་བའི་ནང་དུ་ཧཱུཾ་ཡིག་དབང་སྔོན་ལྟ་བུ་སྤྲོ་བ་དང་བསྡུ་བའི་ལུས་བསམས་ནས། བདག་མེད་མའི་སྙིང་གར་ཡི་གེ་མཆོག་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་མ་དེ་ཆགས་པ་ཆེན་པོས་ཞུ་བར་གྱུར་ཏེ། རང་གི་སྙིང་གར་ཞུགས་པར་བསྒོམས་ལ་བདག་ཉིད་ཀྱང་དེ་ནས་ཞུ་སྟེ། ཤིན་ཏུ་གྲུབ་པའི་གསེར་འགྱུར་རྩི་བཞིན་ས་བོན་གྱི་ཡི་གེ་ལ་ཞུགས་པར་བསམ་པར་བྱའོ། །དེ་ནས་དེའི་ནུས་པ་ཉིད་ཀྱིས་ཟླ་བ་དང་ཉི་མ་དག་ལྷན་ཅིག་ས་བོན་གྱི་ཡི་གེའི་ངོ་བོ། །བདག་ཉིད་ཐིག་ལེའི་ངོ་བོར་གྱུར་པ་ནི་འོད་གསལ་བ་མཆོག་གི་བདུད་རྩིར་གྱུར་པ་བདེ་བ་ཆེན་པོ་རོ་གཅིག་པ་བསྒོམ་པར་བྱ་སྟེ། རིམ་གྱིས་ཤིན་ཏུ་སྙམ་ཞིང་ཞེན་པའི་འོད་ཟེར་བདུན་པ་བཞིན་འབར་བ་སྤྲོས་པས་རྒྱ་ཆེ་ཞིང་ཁྱད་པར་དུ་འཕགས་པའི་བདེ་བའི་འོད་ཟེར་གྱི་རྒྱུན་གྱིས་འཇིག་རྟེན་མཐའ་དག་མཉམ་པར་བྱས་ཤིང་ལྷུན་གྱིས་གྲུབ་པ་བསམ་པར་བྱའོ། །དེ་ལྟར་གུས་པས་རྒྱུན་མི་འཆད་པར་བསྒོམས་པས་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་དུ་བྱེད་པར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས། ཐབས་ཤེས་རབ་གཉིས་སུ་མེད་པའི་ཐིག་ལེ་བསྒོམ་པའི་ཆོ་ག་སྟེ་བཅུ་གཅིག་པའོ།། །།

བཅུ་གཉིས་པ། ལྕེ་ཆུང་དང་སྦྱོར་བ་ལས་བྱུང་བ་བདུད་རྩིས་དབང་བསྐུར་བའི་ཆོ་ག


DTG008_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡིད་མཉམ་པར་གཞག་པའི་སྔགས་པས་བསམ་གཏན་གྱི་གནས་སུ་འདུག་སྟེ། བྱ་བར་འོས་པ་མཐའ་དག་བྱས་ནས་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱས་ལ། སྣ་རྩེར་ལྟ་ཞིང་བྲང་དུ་དཔུང་བ་གཉིས་བསྣོལ་ལ། མགྲིན་པ་བསྐུམ་ནས་ལྕེ་གྱེན་དུ་བཀུག་སྟེ། རྐན་གྱི་དཀྱིལ་དུ་འཁོར་བར་བྱའོ། །དེ་ནས་དེས་རེག་པ་ལས་བྱུང་བའི་ཆུ་རྒྱུན་མཐུན་པའི་འབྲས་བུ་སྤྲུལ་པའི་སྐུ་སྐྱེད་པར་བྱེད་པ། བུམ་པའི་དབང་གི་རང་བཞིན་གྱིས་བསྡུས་པའོ། །དེ་ཡང་ཅུང་ཟད་ཞུགས་པ་དེས་གསང་བའི་གནས་ན་གནས་པའི་ལྕེ་ཆུང་བསྐུལ་བར་བྱའོ། །དེ་ནས་དེ་ལས་འཛོག་པའི་བདུད་རྩིའི་ཐིག་ལེའུ་ཚོགས་རྣམ་པར་སྨིན་པའི་འབྲས་བུའི་ངོ་བོ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱེད་པ། གསང་བའི་དབང་གི་རང་བཞིན་མྱང་བར་བྱའོ། །དེའི་རྗེས་ལ་དེ་ཉིད་རིང་དུ་ཞུགས་པས་གསང་བའི་གནས་སུ་རང་བྱུང་བ་ནི་མཆོད་རྟེན་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དེ་བཞིན་ཉིད་ཀྱི་བདག་ཉིད་དེས་འཁྱུད་པ་ཡུན་རིང་དུ་གནས་པར་བྱའོ། །དེ་ནས་དེ་དང་སྦྱང་བ་ལྷན་ཅིག་སྐྱེས་པའི་བདེ་བ་སྐྱེས་བུའི་ངོ་བོ་ཆོས་ཀྱི་སྐུར་སྟེར་བར་བྱེད་


DTG009_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་རང་བཞིན་ཡོངས་སུ་གཟུང་བར་བྱའོ། །དེ་ནས་དེའི་ལུས་དང་ཡན་ལག་ཐམས་ཅད་དང༌། ཕྱོགས་བཅུའི་དངོས་པོ་རྣམས་སུ་སྤྲོས་ཏེ། སྣ་ཚོགས་དེའི་བདག་ཉིད་དུ་བྱའོ། །དེའི་བདག་ཉིད་དུ་བྱས་པ་དེ་ཡང་འདི་དག་བདག་གི་སེམས་ཙམ་ཞེས་བྱ་བར་བསམ་པར་བྱའོ། །སེམས་ཙམ་དེ་ཡང་གཉིས་མེད་པ། མཐའ་ཡས་པ། གསལ་བ་ཙམ། སྣང་བ་མེད་པ། ནམ་མཁའ་ལྟ་བུ། རོ་མཉམ་པ། བདེ་བ་ཆེན་པོའི་བདག་ཉིད་དྲི་མ་མེད་པའི་འབྲས་བུའི་ངོ་བོ། །བདེ་བ་ཆེན་པོ་སྐུ་སྐྱེད་པར་བྱེད་པ། དབང་བཞི་པའི་རང་བཞིན་དེ་དག་ཉིད་ཀྱི་ངོ་བོར་ཡིད་ལ་བྱའོ། །དེ་ལྟར་གོམས་པས་མྱུར་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉེ་བ་ཡིན་ནོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ལྕེ་ཆུང་དང་སྦྱོར་བ་ལས་བྱུང་བ་བདུད་རྩིས་དབང་བསྐུར་བའི་ཆོ་ག་སྟེ་བཅུ་གཉིས་པའོ།། །།

བཅུ་གསུམ་པ། རི་མོ་གསུམ་ལས་བྱུང་བའི་ཐིག་ལེ་བཞི་བསྒོམ་པའི་ཆོ་ག


DTG008_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྔར་གསུངས་པའི་མཚན་ཉིད་དང་ལྡན་པའི་སྔགས་པས་བསམ་གཏན་གྱི་ཁང་པར་བདེ་བའི་སྟན་ལ་འདུག་ནས། སྲུང་བ་དང་མཆོད་པ་ལ་སོགས་པའི་ཆོ་ག་བྱས་ནས། །བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །དེ་ནས་སྤྲུལ་པའི་རྩིབས་ལ་ཆུ་སྐྱེས་ཀྱི་ལྟེ་བར་གནས་པ་མཆོག་གི་ཡི་གེའི་ངོ་བོ་བཅོམ་ལྡན་འདས་མ་བདག་མེད་མ་ཐིག་ལེའི་ངོ་བོ་ནམ་མཁའི་ཁམས་ཀྱི་འོད་ཟེར་ལས་རི་མོ་གསུམ་ནི་བརྐྱང་མ་ལ་སོགས་པའི་རྩ་གསུམ་གྱི་གཟུགས་སྦྱོར་བའི་རྗེས་སུ་ཆགས་པས་གསལ་བར་བལྟའོ། །དེ་ནས་བདེ་བ་ཆེན་པོར་གནས་པ་ཡང་མགོ་མེད་ཀྱི་ངོ་བོ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས་འདོད་ཅན་མ་ལ་རྗེས་སུ་ཆགས་པ་སྤྲོས་པའི་རི་མོ་གསུམ་གྱི་ངོ་བོ་རྩོམ་པ་དང༌། སོ་སོར་རྟོག་པ་དང༌། དཔྱོད་པའི་སྟོབས་ལས་ཐིག་ལེ་བཞིའི་གཟུགས་ཅན། སྦྱོར་བ་དང༌། དངོས་དང༌། ཡོངས་སུ་གཅོད་པ་དང༌། དོན་དམ་པའི་བདེ་བ་བྱེད་པར་བསམ་པར་བྱའོ། །དེ་ལྟར་ཉི་མ་རེ་རེ་འམ། ཐུན་མཚམས་སོ་སོའམ། སྐབས་ཇི་ལྟ་བར་གུས་པས་ཡིད་མཉམ་པར་གཞག་པས་ཇི་སྲིད་སེམས་བརྟན་པ་ཐོབ་པ་དེ་སྲིད་བསྒོམ་པར་བྱའོ། །སྔ་མ་བཞིན་སྣང་བ་ལ་སོགས་པ་མཐོང་ནས་སེམས་བརྟན་པ་ཐོབ་པར་ཤེས་པར་བྱའོ། །བརྟན་པ་ཐོབ་པ་ཡོད་ན་མངོན་པར་འདོད་པའི་དངོས་གྲུབ་འབྱུང་ངོ༌། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་བྱུང་བའི་ཐིག་ལེ་བཞི་བསྒོམ་པའི་ཆོ་ག་སྟེ་བཅུ་གསུམ་པའོ།། །།

བཅུ་བཞི་པ། ཤིན་ཏུ་ཕྲ་བ་ལས་བསྒོམ་པའི་ཆོ་ག


DTG008_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡིད་གཡེང་བ་མེད་པའི་སྔགས་པ་བསམ་གཏན་གྱི་གནས་སུ་ཞུགས་ཏེ། བསྲུང་བ་དང་མཆོད་པ་ལ་སོགས་པའི་ཆོ་ག་བྱས་པས། བདེ་བའི་སྟན་ལ་འདུག་ནས་རྡོ་རྗེའི་གུར་དང༌། ར་བ་དང༌། ས་གཞིའི་དབུས་སུ་གྱུར་པའི་ཆོས་འབྱུང་ལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། ཁྱད་པར་དུ་གྱུར་པའི་སྣ་ཚོགས་པདྨའི་ལྟེ་བར་གནས་པ། སྣ་ཚོགས་རྡོ་རྗེའི་ལྟེ་བར་འབྱུང་བ་བཞི་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་བསམ་པར་བྱའོ། །དེ་ནས་དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་ལ་གནས་པ། རྣལ་འབྱོར་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། བདུད་བཞིའི་སྙིང་གར་ཉི་མའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བསྒྱིངས་པ། བདག་མེད་མས་མགུལ་ན་འཁྱུད་པ། ཞལ་དང་ཕྱག་དང༌། ཁ་དོག་དང་མཚན་མ་ལ་སོགས་པ་རྣམས་ཀྱིས་སྒྲུབ་པའི་ཐབས་ལས་གསུངས་པའི་མཚན་ཉིད་དང་ལྡན་པ། དགའ་བའི་ཚོགས་ཀྱིས་མཛེས་པ། བདག་ཉིད་དཔལ་ཧེ་རུ་ཀར་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་སྔགས་ཀྱི་ཕྲེང་བའི་སྒོ་ནས། དེ་བཞིན་གཤེགས་པ་ཐམས་ཅད་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་རྣམ་པར་འབྱུང་བའི་ལམ་ནས་ཕྱུང་སྟེ། ཕྱོགས་ཐམས་ཅད་དང་ནམ་མཁའ་རྣམས་སུ་སྤྲོ་བར་བྱའོ། །སྤྲོས་པ་དེས་ཀྱང་འཇིག་རྟེན་པ་མཐའ་དག་རྫོགས་པའི་སངས་རྒྱས་སུ་བྱ་སྟེ། ཤིན་ཏུ་གྲུབ་པའི་རྣལ་འབྱོར་མ་རྣམས་ཀྱིས་ལྷན་ཅིག་རོ་མཉམ་པར་གྱུར་པ་བསྡུས་ནས་འཇུག་པའི་ལམ་ནས་དེ་ཉིད་དུ་ཞུགས་ཏེ་ནུབ་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་གུར་རྡོ་རྗེ་ར་བ་ལའོ། །རྡོ་རྗེ་ར་བ་ཆོས་འབྱུང་ངོ༌། །ཆོས་འབྱུང་དུར་ཁྲོད་ལའོ། །དུར་ཁྲོད་སྣ་ཚོགས་པདྨའི་འདབ་མ་ལའོ། །སྣ་ཚོགས་པདྨའི་འདབ་མ་སྣ་ཚོགས་རྡོ་རྗེ་ལའོ། །སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་ལའོ། །གཞལ་ཡས་ཁང་རྣལ་འབྱོར་མ་རྣམས་ལའོ། །རྣལ་འབྱོར་མ་རྣམས་པདྨ་དམར་པོ་འདབ་མ་བརྒྱད་ལའོ། །པདྨ་དམར་པོ་འདབ་མ་བརྒྱད་དེ་བདུད་བཞི་ལའོ། །བདུད་བཞི་ཉི་མའི་གདན་ལ་ཐིམ་པར་བསམ་པར་བྱའོ། །དེ་ནས་དེའི་ནུས་པ་ཆགས་པ་ཆེན་པོའི་ངོ་བོས་རིག་པ་ཞུ་བར་གྱུར་པ་རིག་མ་དང་བཅས་པའི་དཔལ་ཧེ་རུ་ཀ་ཤིན་ཏུ་དཀར་ཞིང་མཁྲེགས་པ་མཎྜལ་གྱི་རྣམ་པར་གནས་པ་བལྟ་བར་བྱའི། །དེ་ནས་ཡོངས་སུ་གྱུར་པས་སྲིན་པོའི་ཡི་གེ་མ་སྦོས་མོས་


DTG009_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། ཟླ་བ་ཕྱེད་པ་དང༌། ཐིག་ལེའི་ནཱ་དས་མནན་པ་འབར་བ་བསྒོམ་པར་བྱའོ། །དེ་ཉི་མའི་གདན་ལ་བཞུགས་པར་བསམ་པར་བྱའོ། །དེ་ནས་དབྱངས་ཡིག་དྲུག་པའི་འོག་མའོ། །ས་ལས་གཞན་པ་ཟླ་བ་ཕྱེད་པ་ལའོ། །ཟླ་བ་ཕྱེད་པ་ཐིག་ལེའོ། །ཐིག་ལེ་སྒྲ་ཙམ་ལའོ། །སྒྲ་ཙམ་ཐིམ་པར་བསམས་ནས་དེ་ཡང་སྐྲའི་རྩེ་མོ་བརྒྱ་དང་སྟོང་གི་ཆར་འགྱུར་བ་དེ་བསམ་པར་བྱའོ། །དེ་ཡང་རིམ་གྱིས་མི་དམིགས་པའི་ངོ་བོ་ཐོབ་ནས་བསམ་གྱིས་མི་ཁྱབ་པར་བརྗོད་དུ་མེད་པ། སྤྲོས་པ་མེད་པ། བསྒྱུར་དུ་མེད་པ། བདེ་བ་ཆེན་པོ་རོ་གཅིག་པ། གཉིས་སུ་མེད་པ། མཐའ་ཡས་པ། ལྷུན་གྱིས་གྲུབ་པ་ཇི་སྲིད་སེམས་བརྟན་པར་གྱུར་པར་བསམ་པར་བྱའོ། །སེམས་བརྟན་པས་དངོས་གྲུབ་ཐམས་ཅད་མངོན་དུ་བྱེད་པར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ཤིན་ཏུ་ཕྲ་བ་ལས་བསྒོམ་པའི་ཆོ་ག་སྟེ་བཅུ་བཞི་པའོ།། །།

བཅོ་ལྔ་པ། རང་གི་ཡན་ལག་གཉིས་སྦྱོར་བ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་བསྒོམ་པའི་ཆོ་ག


DTG008_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཉམ་པར་གཞག་པའི་སྔགས་པས་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། དགའ་བོའི་སྔགས་བརྗོད་ནས་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལ་ནི་རིག་མ་སྟེ་ཁུ་ཚུར་གྱི་པདྨ་ང༌། ཆོས་ཀྱི་དབྱིངས་ལ་དམིགས་པའི་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེའི་རྩེ་མོས་དེར་ཞུགས་པར་བསྒོམ་པར་བྱའོ། །བསྒོམ་པ་ཡོངས་སུ་སྨིན་པའི་དུས་སུ་མན་ངག་ཇི་ལྟ་བ་བཞིན་མནན་པ་ལས་བྱུང་བའི་སྟོབས་ཀྱིས། དོན་དམ་པ་དྲི་མ་མེད་པའི་འབྲས་བུའི་ངོ་བོ། ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནམ་མཁའ་དང་ཟླ་བ་ལྟ་བུ་མངོན་དུ་བྱེད་དོ། །མངོན་དུ་བྱེད་ནས་ཡང་ཕྱོགས་ཐམས་ཅད་དངོས་པོ་ཐམས་ཅད་དུ་སྤྲོས་ཏེ། སྣ་ཚོགས་དེའི་བདག་ཉིད་དུ་བྱས་པ་དེ་ཡང་འདི་དག་བདག་གི་སེམས་ཙམ་མོ་ཞེས་བསམ་པར་བྱའོ། །རང་གི་སེམས་ཙམ་ཡང་ནམ་མཁའ་ལྟ་བུ་གཉིས་སུ་མེད་པ་བརྗོད་དུ་མེད་པ། རོ་མཉམ་པ། བསམ་གྱིས་མི་ཁྱབ་པ། གོས་པ་མེད་པ། བདེ་བ་ཆེན་པོ་རོ་གཅིག་པ། ལྷུན་གྱིས་གྲུབ་པར་བསྒོམ་པར་བྱའོ། །དེ་ལྟར་གྲུབ་པས་རྒྱུན་མི་འཆད་པར་བསྒོམས་ནས་ཀུན་དུ་བཟང་པོ་ཉིད་ཚེ་འདི་ཉིད་ལ་འབྱུང་བར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ཡས་རང་གི་ལན་ལག་གཉིས་སྦྱོར་བ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་བསྒོམ་པའི་ཆོ་ག་སྟེ་བཅོ་ལྔ་པའོ།། །།

བཅུ་དྲུག་པ། ཐབས་དང་ཤེས་རབ་ལས་བྱུང་བའི་ཡེ་ཤེས་ལ་སོགས་པ་བསྒོམ་པའི་ཆོ་ག


DTG008_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྗེས་སུ་མཐུན་པའི་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ་རྗེས་སུ་མཐུན་པར་བྱེད་པས་གནས་པ་ཡིད་གཡེང་བ་མེད་པའི་སྔགས་པས། མགྲིན་པའི་ཕྱག་རྒྱའི་རྩའི་སྒོའི་མཚོ་སྐྱེས་ལ། དཔུང་པའི་ཐབས་ཀྱིས་ལག་པའི་མཐེ་བོའི་ཡལ་ག་རྡོ་རྗེ་རྩེ་མོས་མན་ངག་ཇི་ལྟ་བ་བཞིན་བརྟེན་པས་དོན་དམ་པ་ཡིད་ལ་བྱས་ཏེ་གནས་པར་བྱའོ། །དེ་ནས་རྣལ་འབྱོར་གྱི་སྟོབས་ལས་བྱུང་བ་བདེ་བ་ཆེན་པོའི་ངོ་བོ། །ཆོས་ཀྱི་སྐུའི་བདག་ཉིད་མཚན་མ་མེད་པ། གཞི་མེད་པ་སྤྲོས་པ་མེད་པ། གསལ་ཞིང་རོ་གཅིག་པ་མངོན་དུ་བྱས་ནས་ཕྱོགས་ཐམས་ཅད་དང་ནམ་མཁའི་ངོས་དང་དངོས་པོ་ཐམས་ཅད་དུ་སྤྲོ་སྟེ། དེའི་བདག་ཉིད་དུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གལ་ཏེ་ཡང་གང་གི་ཚེ་རྣལ་འབྱོར་པ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའམ། འཇིག་རྟེན་གྱི་ཁམས་ལ་སོགས་པ་མངོན་སུམ་བཞིན་དུ་བྱེད་པར་འདོད་པ་དེའི་ཚེ་དེ་ལ་དམིགས་ནས་ཡིད་མཉམ་པར་གཞག་པས་གནས་ན། འདིས་ངེས་པར་མངོན་སུམ་ལྟར་དེ་མཐོང་ངོ༌། ད་ལྟ་དེ་ལྟར་བྱས་ཏེ་གནས་ན་བཏུང་བར་འདོད་པས་བཏུང་བའོ། །བཟའ་བར་འདོད་པས་བཟའ་བའོ། །མང་དུ་སྨྲས་པས་ཅི་ཞིག་བྱ། །མངོན་སུམ་དུ་གང་འདོད་པ་དེ་བྱེད་དོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས། ཐབས་དང་ཤེས་རབ་ལས་བྱུང་བའི་ཡེ་ཤེས་ལ་སོགས་པ་བསྒོམ་པའི་ཆོ་ག་སྟེ་བཅུ་དྲུག་པའོ།། །།

བཅུ་བདུན་པ། ལྷན་ཅིག་སྐྱེས་པའི་ཆོ་ག


DTG008_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡིད་མཉམ་པར་གཞག་པའི་སྔགས་པ་དབེན་ཞིང་ཉེ་བར་འཆེ་བ་མེད་པ་ཡིད་དུ་འོང་བའི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། པྲ་ཀྲྀ་ཏི་པ་རི་ཤུ་དྡྷ་སརྦ་དྷ་རྨཱཿ་པྲ་ཀྲྀ་ཏི་པྲ་རི་ཤུ་དྡྷོ྅ཧཾ་ཞེས་བརྗོད་པས་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །སེམས་ཀྱིས་གང་ཡང་རུང་བ་བདག་མེད་མར་མོས་པ་བྱས་ལ་དེའི་གཟུགས་བལྟ་བ་དང་ནུ་མ་ལ་རེག་པ་དང༌། སྒྲ་ཉན་པ་དང༌། མ་མཆུའི་རོ་མྱང་བ་དང༌། ལུས་སུ་གཏོགས་པའི་དྲི་བསྣམས་པའོ། །དེ་རྣམས་སྒྱུ་མ་ལྟ་བུར་བརྟགས་ནས། དེ་དང་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཚོགས་ཀྱི་ལམ་གྱིས་བསྡུས་པ་རྩོམ་པ་ཉིད་དུ་མཚོན་པར་བྱའོ། །གང་དེའི་དམ་དུ་འཁྱུད་པ་ཡས་བླངས་པ་གང་ཡང་ནུ་མ་སྲ་བ་ལ་སོགས་པ་སའི་ཁམས་ཀྱི་རང་བཞིན་རེག་བྱ་ཤེས་པའི་དམིགས་པར་གྱུར་པ་སྣང་བ་ཕྱིའི་དོན་ལ་མ་དམིགས་པར་སེམས་གཞན་དུ་འཇུག་པ་མེད་པ་ཤེས་པ་ལྷན་ཅིག་སྐྱེས་པའི་དགའ་བ་དེས། དྲོད་ལ་སོགས་པ་ངེས་པར་འབྱེད་པས་བསྡུས་པ་དེ་མ་ཐག་ཏུ་མཚོན་པར་བྱའོ།།


DTG009_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེ་ཉིད་ཀྱི་ནམ་མཁའི་ཁམས་ལ་དམིགས་པར་འགྱུར་བར་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནམ་མཁའ་ལྟ་བུ་སྟོང་པ་ཉིད་ལ་དམིགས་པས་བྱེད་པ་དབྱེར་མི་བྱེད་པའི་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་རྒྱལ་མཚན་ནི་མཐོང་བའི་ཆོས་ཀྱི་དབྱིངས་མཐོང་བའི་བདག་ཉིད་ཟག་པ་མེད་པ་ལམ་གྱི་རང་བཞིན་ཐམས་ཅད་དུ་འགྲོ་བའི་ཆོས་ཀྱི་དབྱིངས་རྟོགས་པའི་མཚན་ཉིད་གཞུག་པར་བྱའོ། །དེ་ནས་དེ་དག་ཐ་དད་པ་དེ་ལ་དམིགས་པར་འགྱུར་བ་ཆུའི་ཁམས་ཀྱི་རང་བཞིན་ཞེ་སྡང་ཆེན་པོ་མི་བསྐྱོད་པའི་བདག་ཉིད་རྣམ་པར་སྨིན་པ་ཆུང་ངུ་ཞུ་བ་མཚོན་པར་བྱ་བ་དང་སྒྲའི་ཁམས་ཀྱི་རང་བཞིན་དགའ་བ་ཆུང་ངུའི་མཚན་ཉིད་དེ་དང་ལྷན་ཅིག་སྐྱེས་པའི་དགའ་བ་མཚོན་པར་བྱའོ། །དེ་ནས་ནམ་མཁའི་ཁམས་སུ་རྡོ་རྗེ་ཡང་དང་ཡང་དུ་བཅུག་པར་བྱས་ཤིང་སོ་སོར་རྟོག་པ་ནི་ཟག་པ་མེད་པའི་སྒོམ་པའི་ལམ་གྱི་རང་བཞིན་རྣམ་པར་སྨིན་པའི་འབྲས་བུ་དེའི་སྟོབས་ལས་བྱུང་བ། མེའི་ཁམས་ཀྱི་རང་བཞིན་འདོད་ཆགས་ཆེན་པོ་སྣང་བ་མཐའ་ཡས་ཀྱི་ངོ་བོ་དྲི་མ་དང་བྲལ་བ་ཉིད་མཚོན་པར་བྱ་བ་དང༌། རོའི་བདག་ཉིད་དང༌། མཆོག་དགའ་འབྲིང་པོའི་མཚན་ཉིད་དེ་དང་ལྷན་ཅིག་སྐྱེས་དགའ་དེ་ཉེ་བར་མཚོན་པར་བྱའོ། །དེ་ཉིད་ཀྱི་གནས་སྐབས་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་རིག་པ་སེམས་ཁེངས་ཤིང་སྤྲོ་བ་ང་རྒྱལ་དང་རྒྱགས་པ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཁྱད་པར་གྱི་ལམ་གྱིས་བསྡུས་པ་ཉེ་བར་མཚོན་པར་བྱའོ། །དེའི་རྗེས་ལ་ཐབས་ཤེས་གཉིས་སུ་མེད་པར་སྣང་བ། རྣམ་པར་སྨིན་པ་ཆེན་པོ་ལས་བྱུང་བ་ཆེན་པོའི་མཆོག་ཏུ་དགའ་བ་གཏི་མུག་ལ་སོགས་པའི་རྒྱུ་བ་རོ་མཉམ་པར་གྱུར་པ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལ་དམིགས་པ། མཆོག་གི་བདེ་བའི་རྩོལ་བ་བསྒྲུབ་བྱ་མངོན་དུ་བྱེད་པའི་ལམ་གྱི་མཚན་ཉིད། མཐར་བྱིན་པའི་ལམ་བསྡུས་པ་མཚོན་པར་བྱའོ། །དེ་ཡང་དེ་ལ་རྡོ་རྗེ་རིན་པོ་ཆེའི་རྩེར་བྱང་ཆུབ་ཀྱིས་སྟོང་པར་བྱེད་པ། རླུང་གི་ཁམས་བྱང་ཆུབ་ཀྱི་སེམས་གཡོ་བ་ལ་དམིགས་པའི་རེག་བྱ་ཤེས་པ། འདོད་པའི་བསྟན་བཅོས་ཀྱི་རྩོལ་བས་མི་འཇུག་པ་རྡོ་རྗེ་ཉིད་དུ་བསྒྲུབ་བྱ་མངོན་དུ་བྱེད་པའི་ལས་ཅན་གཏོང་བར་བྱེད་པའི་རྟེན་པར་ཚད་མེད་པའི་འབྲས་བུ་མངོན་དུ་འཇུག་པར་བྱེད་པ། འདོད་ཆགས་ལ་སོགས་པ་རོ་མཉམ་པའི་རང་གི་ངོ་བོ། །རང་གི་རེག་བྱ་ཉམས་སུ་མྱོང་བའི་


DTG009_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཆེན་པོ་མཆོག་དགའི་རང་བཞིན་འདོད་པ་དང༌། ཕྲག་དོག་ཆེན་པོ་དང་དོན་ཡོད་གྲུབ་པའི་རང་བཞིན་མཚོན་པར་བྱ་བ་དང༌། རེག་བྱའི་རང་བཞིན་དེ་དང་ལྷན་ཅིག་སྐྱེས་པའི་དགའ་བ་ཉེ་བར་མཚོན་པར་བྱའོ། །དེ་ནས་དེ་ལྟར་གཏི་མུག་ལ་སོགས་པ་དང༌། དེའི་བག་ཆགས་ཀྱི་གཉེན་པོར་གྱུར་པ་ནི་ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང་བསྒོམ་པའི་ལམ་གྱིས་བསྡུས་པ། མོས་པས་སྤྱོད་པ་དང༌། ལྷག་པའི་བསམ་པ་རྣམ་པར་དག་པ་དང༌། རྣམ་པར་སྨིན་པ་དང༌། སྒྲིབ་པ་ཐམས་ཅད་སྤངས་པའི་སར་གྱུར་པ་སྐུ་གཉིས་ཐོབ་པའི་རྒྱུ་མཚན་རྣམ་པ་སྣ་ཚོགས་པའི་ཁྱད་པར་ཅི་རིགས་པ་མཚོན་པར་བྱའོ། །ངེས་པར་རྣལ་འབྱོར་པས་མྱུར་དུ་ཡེ་ཤེས་ལྔས་བསྡུས་པ་སྐུ་གཉིས་འཐོབ་བོ། །ཡན་ལག་མཆོག་དང་འདས་པའི་ནོར་བུར་གནས་པའི་བྱང་ཆུབ་ཀྱི་སེམས་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དཔལ་ཧེ་རུ་ཀའི་རང་བཞིན་མན་ངག་གིས་མནན་པའི་ཆོ་གའམ། རླུང་རྣམ་པར་རྒྱལ་བ་གོམས་པའི་ཆོ་ག་འམ། ཕྱི་རོལ་གྱིས་གཟུང་བའམ། པ་ཊ་ཡིག་ལ་སོགས་པ་བསྒོམ་ནུས་པ་ཇི་ལྟ་བ་བཞིན་གཟུང་བར་བྱའོ། །དེ་དང་ལྷན་ཅིག་སྐྱེས་པ་བདག་དང་གཞན་དུ་དབྱེ་བའི་སྣང་བ་དང་བྲལ་བ། མཆོག་གི་བདེ་བ་ཆེན་པོ་ཙམ་གཉིས་མེད་དུ་སྣང་བ་རྩོལ་བ་ཐམས་ཅད་ནུབ་པ་དག་གི་རྟོག་པ་འདས་པའི་ངོ་བོ། རང་རིག་པ་མཐར་ཕྱིན་པ་ནམ་མཁའ་ལྟ་བུ། བདེ་བ་ཡང་དག་པར་རིག་པ་རྣལ་འབྱོར་མའི་འཁོར་ལོའི་བདག་ཉིད་བདག་མེད་མའི་རང་བཞིན་ཆོས་ཀྱི་སྐུའི་མཚན་ཉིད་དོན་དམ་པ་མངོན་དུ་བྱའོ། །མངོན་དུ་གྱུར་པ་དེ་ཡང་ལུས་དང་ཡན་ལག་ཐམས་ཅད་ལ་ཁྱབ་པར་བྱའོ། །ལུས་དང་ཡན་ལག་ཐམས་ཅད་ལ་ཁྱབ་པ་ཡང་རིམ་གྱིས་གོམས་པར་བརྟན་པ་དང་གཡོ་བ་མཐའ་དང་དངོས་པོ་ཐམས་ཅད་ལ་སྤྲོས་ནས་སྣ་ཚོགས་དེའི་བདག་ཉིད་དུ་བྱའོ། །དེའི་བདག་ཉིད་དུ་བྱས་བ་ཡང་སྣ་ཚོགས་པ་དེ་ལས་གཞན་པའི་སྣང་བའི་ངོ་བོ་འགགས་པས། དེ་ཉིད་བདེ་བ་ཆེན་པོ་བླ་མའི་མན་ངག་ལས་ཡང་དང་ཡང་དུ་མཆོད་པར་བྱའོ། །མཆོད་པ་ཡང་དེ་ནས་རང་གི་སེམས་ཙམ་ཉིད་དུ་མོས་པར་བྱའོ། །རང་གི་སེམས་ཙམ་ཡང༌། གསལ་བ་ཙམ་བདེ་བ་ཆེན་པོ་མཐའ་ཡས་པ་ནམ་མཁའ་ལྟ་བུ་རོ་མཉམ་པའི་གོས་པ་མེད་པ་ཇི་སྲིད་ནུས་པ་དེ་སྲིད་དུ་བལྟ་བར་བྱའོ། །ཡང་ན་ཀཱ་ལི་བསྡུས་པའི་ངོ་བོ་ཐབས་ཀྱི་བདག་ཉིད་དཔལ་ཧེ་རུ་ཀའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཆོས་ཀྱི་འཁོར་ལོར་ཆོས་ཀྱི་ཡི་གེ་བསྒོམ་པར་བྱའོ། །ཨཱ་ལི་བསྡུས་པའི་ངོ་བོ་ཤེས་རབ་ཀྱི་བདག་ཉིད་བདག་མེད་


DTG009_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རང་བཞིན་ཆོས་ཀྱི་སྐུའི་ངོ་བོ་སྤྲུལ་པའི་འཁོར་ལོར་ཆོས་ཀྱི་སྐུ་བསྒོམ་བར་བྱའོ། །དེ་ནས་དེ་རང་གི་གནས་ནས་ཤེས་རབ་མ་དང་ལྷན་ཅིག་འོངས་ཏེ། རིན་པོ་ཆེའི་རིའི་རྩེ་མོར་འཛེགས་ནས་ཆགས་པས་ཞུ་བའི་ཐིག་ལེ་ངོ་བོ་ཐོབ་པར་བསྒོམ་པར་བྱའོ། །བླ་མའི་མན་ངག་ལས་བརྟེན་པ་དེ་ཁྱེར་ནས་དོན་དམ་པ་མངོན་དུ་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ལངས་ནས་ཡང་དངོས་པོ་ཐམས་ཅད་བདེ་བ་ཆེན་པོའི་བདག་ཉིད་ཆོས་ཀྱི་སྐུའི་ངོ་བོར་མོས་པར་བྱའོ། །ཡང་མཉམ་པར་གཞག་པའི་སྦྱོར་བ་དང༌། ཡང་མཉམ་པར་ལངས་པའི་སྦྱོར་བ་གཡེང་བ་མེད་པས་བྱའོ། །དེ་ལྟར་རྣལ་འབྱོར་གཉིས་ཀྱིས་ཆུ་བོའི་རྒྱུན་དང༌། མར་མེ་འབར་པའི་རྒྱུན་བཞིན་རྣལ་འབྱོར་པས་ཉིན་དང་མཚན་དུ་གནས་པར་བྱའོ། །དེ་ལྟང་གོམས་པའི་རྣལ་འབྱོར་པས་བསོད་ནམས་ཆུང་ཡང་མྱུར་བ་ཉིད་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་བར་འགྱུར་རོ། །དེ་ཡང་འདོད་ནས་འོག་ཏུ་འཇུག་ཅིང་སྟེང་དུ་འབྱུང་བ་དང༌། རྩིག་པའི་ངོས་དང༌། རིའི་ངོས་ལ་འགྲོ་བ་དང༌། ཆུའི་སྟིང་དུ་གནས་པ་དང་ཉམས་པ་དང༌། ཆར་གྱིས་ཉོན་མོངས་པ་མེད་པ་དང༌། རླུང་གིས་གནོད་པ་མེད་པ་དང༌། མེའི་ཕུང་པོས་མིའི་ཚིག་པ་དང༌། ནམ་མཁའ་ལ་འཕགས་པ་དང༌། བདག་དང་གཞན་གྱི་སེམས་ཤེས་པ་དང༌། འཇིག་རྟེན་གསུམ་ལུས་གཅིག་ཏུ་གྱུར་པ་དང༌། བདག་དང་གཞན་གྱི་དངོས་པོ་རྟོགས་པས་ཁམས་གསུམ་གྱི་གནོད་པ་མེད་པར་བལྟ་བར་བྱའོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ལྷན་ཅིག་སྐྱེས་པའི་ཆོ་ག་སྟེ་བཅུ་བདུན་པའོ།། །།

བཅོ་བརྒྱད་པ། ཤིན་ཏུ་ཕྲ་བའི་ས་བོན་དང་ཐིག་ལེ་བསྒོམ་པའི་ཆོ་ག


DTG008_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འདིར་དབང་དུ་བྱས་པའི་སྔགས་པས་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་གནས་ནས་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །དེ་ནས་རྡོ་རྗེ་ར་བ་དང་རྡོ་རྗེའི་གུར་གྱི་དབུས་སུ་གྱུར་པ་ཆོས་འབྱུང་གི་ནང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་བདུད་བཞི་པོ་གོང་ནས་གོང་དུ་བཀན་པའི་སྙིང་གར་ཉི་མ་ལ་གནས་པར་བདག་ཉིད་བལྟ་བར་བྱའོ། །སྙིང་གར་ཉི་མ་ལ་གནས་པའི་ཐོང་བར་གཏུམ་པོའི་འོད་ཟེར་ལ་རང་གེ་སེམས་ཉིད་དཔལ་ཧེ་རུ་ཀའི་ཐུགས་དབང་སྔོན་ཆེན་པོ་ལྟ་བུའི་དྲག་པོར་ལྟ་བར་བྱའོ། །དེ་ནས་དེའི་རྣམ་པའི་སེམས་ཀྱིས་རྣལ་འབྱོར་མའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷའི་དེ་ཁོ་ན་ཉིད་དུ་བརྟག་པར་བྱའོ། །སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་ཕྲེང་བ་སྤྲོས་པ་ཞེས་བྱ་བ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཏོ། །འོད་ཟེར་གྱི་ཕྲེང་


DTG009_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེས་རྣལ་འབྱོར་མའི་འཁོར་ལོ་མཐའ་དག་ལ་ཁྱབ་པ་དེ་ནམ་མཁའི་ངོས་ལ་བལྟ་བ་ཞེས་བྱ་བ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཏོ། །དེ་ནས་རྣལ་འབྱོར་མའི་དཀྱིལ་འཁོར་དེ་ཉིད་འདི་དག་ཐམས་ཅད་སེམས་ཉིད་པས་སེམས་ལ་གཞུག་པར་བྱའོ་ཞེས་བྱ་བ་སྔགས་ལ་དམིགས་པ་སྟེ་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པའི་ཏིང་ངེ་འཛིན་ཏོ། །དེ་ནས་སེམས་དེ་ཡང་སེམས་མ་ཡིན་ཏེ། གཟུང་བ་མེད་པས་འཛིན་པ་མེད་པ་ཞེས་བྱ་བ་སེམས་ལ་དམིགས་པ་སྟེ་བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ། །དེའི་རྗེས་ལ་སྔགས་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀའི་སྒྲུབ་ཐབས་ལས་གསུངས་པའི་མཚན་ཉིད་དུ་བདག་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི་མན་ངག་ལ་དམིགས་པ་སྟེ་དེ་ལྟར་གོམས་པའི་རྣལ་འབྱོར་པ་དཔལ་ཧེ་རུ་ཀའི་བྱང་ཆུབ་བོ། །དེ་ནས་རང་གི་བྱང་ཆུབ་རྣམ་པར་དཔྱད་པར་བྱ་སྟེ། གང་སེམས་དེ་ལུས་དང་ངག་དང་སེམས་ལྷའི་རྣམ་པར་སྣང་བ་དེ་ཐམས་ཅད་སྐྱེ་བ་མེད་པ་ནམ་མཁའ་ལྟ་བུ་ནི་བདག་མེད་མ་ཞེས་བྱ་བའི་བྱང་ཆུབ་རགས་པའོ། །དེ་ནས་མན་ངག་ཇི་ལྟ་བ་བཞིན་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་མགོ་བོའི་འཁོར་ལོ་བཞི་བྱིན་གྱིས་བརླབ་པ་བསྒོམ་པར་བྱའོ། །སྙིང་གར་ཐོད་པའི་ནང་དུ་ཉི་མ་ལ་གནས་པའི་ས་བོན་གྱི་ཐིག་ལེར་ཧཱུཾ་ཡིག་ཕྲ་མོ་ཡོངས་སུ་གྱུར་པ་ལས་སྲན་མ་ཕྱེད་ཙམ་ཤིན་ཏུ་དཀར་བ་ནང་དམར་བའི་ཐོད་པའི་དུམ་བུ་བསམ་པར་བྱའོ། །མཚན་མ་དེ་ཉིད་སྤྲིན་སྤྲོས་པས་རྒྱུ་བ་དང་མི་རྒྱུ་བ་སྣ་ཚོགས་མཚན་མ་མེད་པ་དེའི་བདག་ཉིད་དུ་བྱའོ། །སྣ་ཚོགས་དེ་ཡང་གོང་བུར་བྱས་ལ་ཤིན་ཏུ་ཕྲ་བའི་ཉི་མའི་དཀྱིལ་འཁོར་གྱི་རྣམ་པས་མཚན་མ་ཕྲ་མོ་ལ་བསྡུ་བར་བྱའོ། །དེ་ལ་ཉི་མའི་དཀྱིལ་འཁོར་ལ་མཆོག་ཏུ་ཕྲ་བའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ས་བོན་བསམ་པར་བྱའོ། །དེ་དག་ནི་ཏིང་ངེ་འཛིན་བྱང་ཆུབ་དང་ཡང་དག་པར་སྦྱོར་བ་སྔགས་ཀྱིས་བརྟག་པའི་བྱང་ཆུབ་ཕྲ་བའོ། །དེ་ནས་དགའ་བའི་མཆོད་པ་རྣམ་པ་གསུམ་སྟེ། སྔགས་ཀྱི་དམ་ཚིག་དང་དམ་ཚིག་གི་དཀྱིལ་འཁོར་དང་བྱང་ཆུབ་དམ་ཚིག་ཅེས་བྱའོ། །དེ་ལ་མཚན་མ་མེད་པ་ཕྲ་མོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་དཀར་མོ་ལ་སོགས་པའི་རྣལ་འབྱོར་མའི་མཚན་མའི་གཟུགས་ནམ་མཁའི་ངོས་ལ་ཁྱབ་པར་སྤྲོ་བ་ཞེས་བྱ་བ་སྔགས་ཀྱི་དམ་ཚིག་གོ །དེ་བསྡུས་ཏེ་གདན་ཕྲ་མོའི་གཟུགས་སུ་བདག་མེད་མ་ལ་བཅུག་ནས། དེའི་སྟེང་དུ་དཔལ་ཧེ་རུ་ཀའི་གཟུགས་ས་བོན་དེ་ཉིད་རྗེས་སུ་ཆགས་པ་དང༌། ཀུན་དུ་ཆགས་པའོ། །དེ་ཡང་རྗེས་སུ་ཆགས་པ་དང༌། ཀུན་དུ་ཆགས་པར་བསྒོམ་


DTG009_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་ཞེས་བྱ་བ་ནི་དམ་ཚིག་གི་དཀྱིལ་འཁོར་རོ། །དེ་ནས་ལྷ་མོ་དེ་ལས་རྣལ་འབྱོར་མ་མཐའ་དག་གི་ལུས་ཀྱི་སྤྲིན་སྤྲོས་ནས་དེ་ཉིད་དུ་བསྡུ་བར་བྱའོ། །དེར་གནས་པའི་སྔགས་ཀྱི་ཡི་གེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲིན་སྤྲོས་པ་དེ་ཉིད་དཔལ་ཧེ་རུ་ཀའི་རྣམ་པར་བསྡུ་བ་ཞེས་བྱ་བ་ནི་བྱང་ཆུབ་དམ་ཚིག་གོ །དེ་ནས་ཐམས་ཅད་བསྡུ་སྟེ་བདེ་བ་ཆེན་པོའི་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ། །དོན་དམ་པ་གཉིས་སུ་མེད་པ་གསལ་བར་རོ་གཅིག་པ། སྤྲོས་པའི་འོད་ཟེར་གྱི་ཕྲེང་བས་ནམ་མཁའ་མ་ལུས་པར་ཁྱབ་པ་ཤིན་ཏུ་ཕྲ་བའི་ཐིག་ལེ་ཙམ་བལྟ་བར་བྱའོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ཤིན་ཏུ་ཕྲ་བའི་ས་བོན་དང་ཐིག་ལེ་བསྒོམ་པའི་ཆོ་ག་སྟེ་བཅོ་བརྒྱད་པའོ།། །།

བཅུ་དགུ་པ། རྣམ་པ་སྣ་ཚོགས་པ་སྦྱོར་བ་བསྒོམ་པའི་ཆོ་ག


DTG008_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། སྔགས་པས་སྐད་ཅིག་ལ་རྡོ་རྗེ་ར་བ་དང་གུར་ལ་སོགས་པ་ནས་བདུད་ཀྱི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་མཐར་བསྒོམས་ལ། དེའི་སྟེང་དུ་ཧཱུཾ་ཡིག་བསྒོམ་པར་བྱའོ། །དེ་ནས་འོད་ཟེར་གྱི་ཕྲེང་བ་སྤྲོས་པས་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ནམ་མཁའི་ངོས་ཁྱབ་པ་དེ་ཉིད་དུ་བསྡུ་བར་བྱའོ། །དེ་བསྡུས་པ་ལས་བྱུང་བའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་སྔགས་གསུངས་པའི་མཚན་ཉིད་འཁོར་ལོ་བཞིས་བྱིན་གྱིས་བརླབས་པའི་སྐུ་ཁ་དོག་ལྔའི་འོད་ཟེར་གྱི་སྒོ་ལས་སྤྲོས་པ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་དེ་བཞིན་གཤེགས་པའི་སྤྲིན་གྱིས་ནམ་མཁའི་ངོས་གཡོགས་པར་བདག་ཉིད་བལྟ་བར་བྱའོ། །དེ་ནས་འབྱུང་བ་ལྔས་བསྡུས་པ་ནམ་མཁའི་ཁམས་བསྒོམ་པར་བྱ་ཞིང་དེའི་རྗེས་ལ་རབ་ཏུ་ཞུགས་ཤིང༌། འབྱུང་བ་ལ་དབང་པོ་ལྔས་བསྡུས་པའི་རྒྱལ་མཚན་བསམ་པར་བྱའོ། །དེའི་ནོར་བུའི་ནང་དུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་བསྒོམ་པར་བྱའོ། །དེའི་རྗེས་ལ་རིག་བྱ་དང་རིག་པ་ཐ་མི་དད་པའི་སྦྱོར་བས་ཧཱུཾ་ཡིག་དང་དེའི་གདན་ཐ་མི་དད་པར་བསྟན་པར་བྱའོ། །དེ་ནས་ཧཱུཾ་ཡིག་གི་རང་གི་གདན་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་གཟུགས་དང༌། སྒྲ་དང༌། དྲི་དག་རོ་དང༌། རེག་བྱ་རིམ་བཞིན་སྤྲོས་ཏེ། ནོར་བུའི་བུ་གནས་བཏོན་ལ་པདྨའི་ལྟེ་བའི་ནང་དུ་དབུས་དང་ཤར་དང་ལྷོ་དང་ནུབ་དང་བྱང་གི་ཆ་ལ་དགོད་པར་བྱའོ། །དེ་ནས་རང་ཉིད་ལས་ཨ་ཨཱ་ཨི་ཨཱི་ཨུ་ཨཱུའི་སྔགས་ཀྱི་ཡི་གེའི་རྣམ་པ་བདག་མེད་མ་དང་རྡོ་རྗེ་མ་དང༌། དཀར་མོ་དང༌། ཆུའི་རྣལ་འབྱོར་མ་དང༌། རྡོ་རྗེ་མཁའ་འགྲོ་མ་རྣམས་རིམ་གྱིས་སྤྲོས་ཏེ་གདན་ལ་དགོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ལྔ་


DTG009_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་མ་ལ་སོགས་པའི་རྣམ་པ་མཐའ་ཡས་པ་རང་གི་རིག་པ་དང་ལྷན་ཅིག་ཕྱོགས་རྣམས་སུ་འོངས་ཏེ། རང་གི་ས་བོན་ལ་ཞུགས་པར་བལྟ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ལྔའི་བདག་ཉིད་ཇི་སྲིད་འདོད་པར་བསྒོམས་ལ། ཧཱུཾ་གི་གདན་ལ་ཨ་ལ་སོགས་པའི་གདན་དང༌། ཧཱུཾ་ཡིག་ལ་ཨ་ཡིག་ལ་སོགས་པ་བསྡུ་བར་བྱའོ། དེ་ནས་ཧཱུཾ་ཡིག་ལས་ནག་པོ་དང་དམར་པོ་དང༌། སེར་པོ་དང་ལྗང་གུའི་ཁ་དོག་གྲི་གུག་དང་ཅང་ཏེའུ་དང༌། རུས་སྦལ་དང༌། སྦྲུལ་སྤྲོས་ལ། པདྨའི་ལྟེ་བའི་ནང་དུ་དབུས་དང་གྲྭ་གསུམ་གྱི་ཆ་ལ་དགོད་པར་ཞེས་བྱ་བ་རྟོག་པ་དང་དཔྱོད་པ་ཞེས་བྱ་བ་བསམ་གཏན་དང་པོའོ། །དེ་ནས་ཧཱུཾ་ཡིག་ཉིད་གྃ་ཙྃ་བྃ་གྷྃ་བྃ་ཤ༵་ལྃ་ཌྃ་རྣམ་པར་དག་པའི་རང་བཞིན་སྤྲོས་ཏེ། མཚན་མ་བཞིའི་ལྟེ་བར་བཀོད་པ་དགའ་བ་ཞེས་བྱ་བ་བསམ་གཏན་གཉིས་པའོ། །དེ་ནས་སྦྲུལ་གྱི་མགོ་བོའི་དབུས་གཾ་ལ་སོགས་པ་ལས་བསྡུས་པ་ལས་བྱུང་བ་དྲི་མ་མེད་པ་མུ་ཏིག་གི་འབྲས་བུ་ལྟ་བུའི་ཐིག་ལེ་ཕྲ་མོ་བལྟ་བར་བདེ་བ་ཆེན་པོ་ཞེས་བྱ་བ་བསམ་གཏན་གསུམ་པའོ། །དེ་ནས་གྲི་གུག་ལ་སོགས་པ་བཞི་བསྡུས་པ་ལས་བྱུང་བ་སེམས་ཀྱི་ཐིག་ལེ་བདེ་བའི་ཐིག་ལེའི་དབུས་སུ་བསམ་པ་ནི་སེམས་རྩེ་གཅིག་ཅེས་བྱ་བ་བསམ་གཏན་བཞི་པའོ། །དེ་ནས་གདན་དང་ལྡན་པའི་ཧཱུཾ་ཡིག་གདོན་ཏེ། བདེ་བའི་ཐིག་ལེའི་དབུས་སུ་ཡུངས་ཀར་ཕྲ་མོའི་རིན་པོ་ཆེའི་གོང་བུའི་སྦྱོར་བ་བསྐྱེད་པར་བྱའོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅ཧཾ་ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རིན་པོ་ཆེ་དེ་གྱེན་དུ་བཏེག་སྟེ། སྣའི་རྩེ་མོར་བཀོད་ལ་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ཐིག་ལེ་ལ་རིན་པོ་ཆེ་ཕྲ་མོ་ཕབ་ལ་བསྒོམ་པར་བྱའོ། །དེའི་རྗེས་ལ་ཧཱུཾ་ཡིག་ལ་བདེ་བ་ཆེན་པོའི་ཡི་གེ་གཞུག་ཅིང༌། ལོངས་སྤྱོད་ཀྱི་ཡི་གེ་ཡང་གཞུག་པར་བྱའོ། །དེ་ནས་སྤྲུལ་པའི་ཡི་གེ་གཞུག་ཅིང༌། ཧཱུཾ་ཡིག་དེ་ཡང་རིན་པོ་ཆེ་ཕྲ་མོ་ལ་གཞུག་པར་བྱའོ། །རིན་པོ་ཆེ་ཕྲ་མོ་དེ་ཡང་སྐུ་བཞི་རོ་གཅིག་པ་གསང་བའི་ངོ་བོ། བདེ་བ་ཆེན་པོའི་བདག་ཉིད་ཇི་སྲིད་བརྟན་པ་དེ་སྲིད་དུ་བལྟ་བར་བྱའོ། །སེམས་བརྟན་པར་གྱུར་པ་ཡང་མཚན་མ་ལས་ཉེ་བར་མཚོན་དེ་རིན་པོ་ཆེ་ཆེན་པོ་ལས་མཚན་མ་སྤྲོ་བར་བྱའོ། །དེ་ལ་རིན་ཆེན་ཆེན་པོ་རྡོ་རྗེ་ནོར་བུར་ཕབ་ལ། དེ་ལས་བྱུང་བ་འོད་ཟེར་གྱི་ཐིག་ལེ་པདྨའི་ནང་གྲི་གུག་ཕྲ་མོ་སྤྲུལ་ཏེ། སྤྲོས་པའི་སྦྱོར་བས་ལུས་ཁྱབ་པར་བྱས་ལ། དེ་ལས་བྱུང་བས་ནམ་མཁའི་ངོས་གཡོགས་པ་དེ་བལྟ་བར་བྱའོ། །དེ་བཞིན་དུ་ཅང་ཏེའུ་དང༌། རུས་སྦལ་དང༌། སྦྲུལ་དང༌། སེང་གེ་དང༌། དགེ་སློང་དང་འཁོར་ལོ་དང༌། རྡོ་རྗེ་སྤྲོ་བར་བྱའོ། །དེ་ནས་རིན་པོ་ཆེ་ཆེན་པོ་དེ་ཉིད་ལས་བྱུང་བའི་འོད་ཟེར་གྱི་


DTG009_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེས་མཚན་མ་བརྒྱད་པོ་དེ་ཉིད་ཀྱི་དབུས་སུ་བཅོམ་ལྡན་འདས་ཀྱི་མཚན་མ་དང༌། ལྷག་མ་ནི་ཕྱོགས་མཚམས་སུ་སྤྲུལ་ལ་དེ་སྔ་མ་བཞིན་སྤྲོ་བར་བྱའོ། །སྤྲོས་པ་དེ་རྣམས་སྣ་ཚོགས་གཅིག་ཏུ་གྱུར་ནས་ནམ་མཁའི་ངོས་ལས་ཁྱབ་པའི་འོད་ཟེར་གྱི་དཀྱིལ་འཁོར་སྙིང་གར་ཉི་མ་གྱེན་དུ་བཏེག་ལ་རིན་ཆེན་ཕྲ་མོའི་དབུས་སུ་བཅོམ་ལྡན་འདས་ཀྱི་གདན་རྣམ་པར་བསྡུས་ཏེ་རིང་དུ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པས་རྣལ་འབྱོར་པའི་སྔགས་སྔ་མར་གསུངས་པའི་ཡོན་ཏན་དང༌། དངོས་གྲུབ་མངོན་དུ་བྱེད་པར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་རྣམ་པ་སྣ་ཚོགས་པ་སྦྱོར་བ་བསྒོམ་པའི་ཆོ་ག་སྟེ་བཅུ་དགུ་པའོ།། །།

ཉི་ཤུ་པ། རྣམ་པར་དག་པ་བསྒོམ་པའི་ཆོ་ག


DTG008_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཉམ་པར་གཞག་པའི་སྔགས་པས་བདེ་བའི་སྟན་ལ་འདུག་སྟེ། སེམས་ལ་སེམས་གཟུང་བ་བསྒོམ་པར་བྱའོ། །སེམས་ལས་ཕྱི་རོལ་དུ་སེམས་ཀྱི་གཟུང་བའི་དོན་དུ་ཅུང་ཟད་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །གཟུང་བ་མེད་པས་དེ་ལ་ལྟོས་པའི་འཛིན་པའི་སེམས་ཀྱང་མེད་དོ། །དེའི་ཕྱིར་གཉིས་མེད་པ་དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བ་ལ་དམིགས་པ་སྣ་ཚོགས་གཉིས་མེད་པ། སྟོང་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་མཚན་ཉིད་སེམས་ཙམ་རྒྱུའི་དགྱེས་པ་རྡོ་རྗེའི་རང་བཞིན་བསྒོམ་པར་བྱའོ། །དེ་ནས་དེ་ཉིད་བསྒོམ་པར་བྱ་སྟེ། གང་སྔོན་པོ་དང༌། སེར་པོ་ལ་སོགས་པའི་རྣམ་པ་དེ་ཕྱི་དང་ནང་གི་དངོས་པོར་མེད་པ་སྟེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་སྔ་མ་བཞིན་ནོ། །ཐོག་མ་མེད་པ་ནས་མ་རིག་པའི་བག་ཆགས་ཀྱི་སྟོབས་ཀྱིས་དཀྲུགས་པ། བྱིས་པ་རྣམས་ཀྱིས་བློ་མེད་པའི་རྣམ་པ་དེ་དང་དེས་འབའ་ཞིག་པ་སྣང་བའོ། །རྣམ་པ་དེ་རྒྱུ་མཚན་དུ་བྱས། དམིགས་པར་བྱས་ནས། འཇིག་རྟེན་པ་རྣམས་གཉིས་སུ་བརྟག་པ་དང༌། གཉིས་སུ་གཟུང་བ་ཐམས་ཅད་དོན་མེད་པའི་རྒྱུར་གྱུར་པ་འཇུག་པ། ཇི་སྲིད་འདིའི་རྣམ་པར་སྣང་བ་དེ་སྲིད་དོན་དམ་པ་མཐོང་བ་མ་ཡིན་ཏེ། རབ་རིབ་ཅན་གྱིས་སྐྲ་ཤད་དང་སྦྲང་བུ་ལ་སོགས་པས་སྟོང་པ་བཞིན་མཐོང་བ་རྣམས་སྐྲ་ཤད་ལ་སོགས་པས་སྟོང་པ་བཞིན་བསམས་ལ་མིང་ཐམས་ཅད་དང་མཚན་མ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །དེ་ནས་ཆོས་ཐམས་ཅད་ལ་དམིགས་ཏེ་བརྗོད་དུ་མེད་ཅིང་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་གནས་ནས་སྔར་གྱི་སྦྱོར་བའི་བག་ཆགས་ཀྱི་སྟོབས་ལས་ལྷུན་གྱིས་གྲུབ་པ་མངོན་པར་འདུ་བྱེད་པ་མེད་པ། སྤྲོས་པ་ཐམས་ཅད་ནུབ་པ། རྟོག་པ་མེད་པ། སྣང་བ་མེད་པ། ཆོས་ཐམས་ཅད་


DTG009_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟོང་པ་ཉིད་མཐོང་བའི་བདག་ཉིད་འབའ་ཞིག་པ་མཐའ་ཡས་པ་སྟོན་ཀའི་ཉི་མ་དང་ནམ་མཁའ་ལྟ་བུ། འཇིག་རྟེན་ལས་འདས་པའི་ཡེ་ཤེས། དོན་དམ་པ་ཅན་བྱང་ཆུབ་ཀྱི་སེམས་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོའི་ལམ་གྱི་མཚན་ཉིད་ཤེས་རབ་ཆེན་པོ་དང་སྙིང་རྗེ་ཆེན་པོ་རོ་གཅིག་པ་དཔལ་ཧེ་རུ་ཀའི་རང་བཞིན་བསྐྱེད་པར་བྱའོ། །གཉེན་པོ་དེས་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་ས་བོན་གྱི་བག་ཆགས་ཟད་པར་བྱས་པས། གནས་དང་ལུས་དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་ཤེས་པ་འགོག་པར་བྱེད་དོ། །དེ་ནས་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཡོངས་སུ་སྤངས་ནས་ཟག་པ་མེད་པའི་དབྱིངས་ཀྱི་མཚན་ཉིད་ཆོས་ཀྱི་རང་གི་ངོ་བོ་འབྲས་བུར་གྱུར་པས་དཔལ་ཧེ་རུ་ཀ་མངོན་དུ་བྱེད་ཅིང༌། དེའི་སྟོབས་ཀྱིས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཡང་མངོན་དུ་བྱེད་དོ། །ཡང་བསྒོམ་པ་འདིས་བསྒོམ་པ་ཐམས་ཅད་རྣམ་པར་དག་པའི་ངོ་བོ་འབད་ནས་བསྒོམས་ན་མྱུར་དུ་མཆོག་ཏུ་བདེ་བའི་བྱང་ཆུབ་འཐོབ་པོ། །གལ་ཏེ་བསྒོམ་ཕ་འདིས་མྱུར་དུ་མཆོག་གི་བདེ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ན། གཞན་ཧེ་རུ་ཀ་དང༌། རྣལ་འབྱོར་མའི་གཞལ་ཡས་ཁང་དང་མཚན་མ་དང་ས་བོན་དང༌། ཟླ་བ་ཕྱེད་དང་སྒྲ་ཙམ་ལ་སོགས་པ་ཕྱིན་ཅི་ལོག་གི་མཚན་ཉིད་ཅི་དགོས་ཤེ་ན། དགོས་པ་ཡོད་དེ་དེ་འདི་ལྟར་གལ་ཏེ་རྣམ་པར་ཤེས་པ་ཙམ་བསྒོམ་པར་བྱ་བ་ཡིན་ན་འཇིག་རྟེན་པའི་ཏིང་ངེ་འཛིན་ཙམ་ཐོབ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བཞིན་ནོ། །དེ་ནས་སྟོང་པ་ཉིད་རྒྱ་ཆེར་བསྒོམ་པར་བྱ་བ་ཡིན་ན། མྱ་ངན་ལས་འདས་པ་ཙམ་ཡིན་ཞིང་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཀྱི་ཡན་ལག་མེད་པའི་ཕྱིར་རོ། །དེ་ནས་ཡང་ལྷ་དང་སྔགས་དང་ས་བོན་དང་ཐིག་ལེ་དང་སྒྲ་ཙམ་གྱི་བདག་ཉིད་བསྒོམ་པར་བྱ་བ་ཡིན་ནོ། །དེ་ཁོ་ནས་ཀྱང་སངས་རྒྱས་ཉིད་མ་ཡིན་ཏེ། ཡན་ལག་སྟོང་པའི་ཕྱིར་རོ། །དེ་ནས་ཡང་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་བསྒོམ་པར་བྱ་བ་ཡིན་ན། ལྷ་ལ་སོགས་པ་མ་ཡིན་ཏེ། དེ་བཞིན་དུ་ཡང་བསྐལ་པ་གྲངས་མེད་པ་མང་པོས་སངས་རྒྱས་ཉིད་འཐོབ་ཀྱི་མྱུར་བར་མ་ཡིན་ནོ། །དེའི་ཕྱིར་གཉིས་ག་བསྒོམ་པ་ཡིན་ན་ཤིན་ཏུ་མཛེས་པའི་ཕྱིར་དང༌། བྱིན་རླབས་ཀྱི་ཁྱད་པར་ལས་ཤིན་ཏུ་མྱུར་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པོ། །དེའི་ཕྱིར་རྣམ་པ་དང་བཅས་པ་བསྒོམས་ནས་རྣམ་པ་མེད་པ་བསྒོམ་པར་བྱའོ། །གང་གི་ཕྱིར་རྣམ་པ་མེད་པ་བསྒོམས་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཡིན་པ་དེའི་ཕྱིར་གཙོར་ཆོས་ཀྱི་སྐུ་འཐོབ་པོ། །རྣམ་པ་དང་བཅས་པ་


DTG009_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་ཀྱང་བསོད་ནམས་ཀྱི་ཚོགས་ཀྱི་ངོ་བོ། །གཙོ་བོ་མ་ཡིན་པའི་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་འཐོབ་བོ། །དེ་ལྟར་ཚོགས་གཉིས་ཀྱིས་སྐུ་གསུམ་ཐོབ་པར་བྱེད་པའི་བདག་ཉིད་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་གྱི་གཅིག་གིས་ནི་མ་ཡིན་ནོ། །དེའི་ཕྱིར་རྫོགས་པའི་བྱང་ཆུབ་ཐོབ་པས་གཞན་གྱི་ཡིད་ལ་བྱེད་པས་གཞན་གྱི་དོན་ལ་ཡིད་བརྩོན་པས་འབད་དེ་ཚོགས་གཉིས་རྫོགས་པར་བྱའོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་རྣམ་པར་དག་པ་བསྒོམ་པའི་ཆོ་ག་སྟེ་ཉི་ཤུ་པའོ།། །།མཁས་ཀྱང་རང་གི་བློ་མི་རིག །ཧེ་རུ་ཀ་དཔལ་མན་ངག་ལ། །ང་རྒྱལ་པོར་ནས་དེ་ཡི་ཕྱིར། །འབད་པས་དེ་ཤེས་གུས་པར་བྱ། །ལས་ནི་མཐའ་དག་པོར་བྱས་ལ། །ཆོ་གས་བླ་མ་དམ་པ་མཆོད། །ཀུན་མཁྱེན་ཡེ་ཤེས་ངོ་བོ་དེ། །བླ་མ་དགྱེས་པས་སྟེར་བར་བྱེད། །མན་ངག་རིན་ཆེན་ཐོབ་པ་ལས། །རང་བྱིན་བརླབས་ནས་རྣལ་འབྱོར་ཆེ། །ངེས་པར་དགྱེས་པ་འདི་ཉིད་དེ། །བླ་མ་དགྱེས་ལ་བྱང་ཆུབ་ཐོབ། །དེ་ཕྱིར་བླ་མ་ཉིད་ནི་རྒྱལ་བ་སྟེ། །འདིར་ནི་རྡོ་རྗེ་འཛིན་པ་ཆོས་དབྱིངས་མཆོག །བླ་མ་རྣམས་ཀྱིས་ལེགས་སྤྱོད་ལས། །དགྱེས་པར་མི་འགྱུར་ཅི་ཡང་མེད། །གང་འདིར་ལས་དང་པོར་བྱེད་པས། །འདོད་པའི་ལྷ་ལ་དེས་མཆོད་བྱ། །སྦྱིན་སྲེག་ལས་དང་ཚེས་དང་ནི། །གཟའ་སྐར་ངེས་པར་བྱས་ལ་དབྱེ། །རྣལ་འབྱོར་ཡིད་མཐར་ཕྱིན་པས་ནི། །མཆོད་བསྒོམ་བཟླས་པ་ངེས་པ་མེད། །ཚེས་སྦྱོར་གཟའ་སྐར་དབྱེ་བ་དང༌། །ཕན་པར་བྱེད་པའི་བློ་ཡང་མེད། །སྦྱོར་བ་གང་མཆོད་བསམ་གཏན་ཏེ། །དེ་བཟླས་མེ་ཡི་མཆོད་པ་སྟེ། །དེ་ནི་ངེས་དང་སྦྱོར་བ་དེ། །དེ་ཉིད་ཚེས་སོགས་དབྱེ་བའོ། །དེ་ཕྱིར་རྣལ་འབྱོར་མངོན་དགའ་བྱ། །རྒྱུན་མི་འཆད་པར་བཀུར་སྟི་བྱ། །བླ་མའི་ཞབས་ཀྱི་པདྨ་ལ། །གུས་པ་ཆེན་པོ་རྟག་ཏུ་བྱ། །ཧེ་རུ་ཀ་དཔལ་མན་ངག་བྱས། །གང་ཞིག་བདག་དགེ་ལས་བྱུང་བ། །མན་ངག་རིན་ཆེན་རྙེད་པ་དེས། །འགྲོ་བ་ཧེ་རུ་ཀར་འགྱུར་ཤོག །དཔལ་ཧེ་རུ་ཀའི་མན་ངག་ཅེས་བྱ་བ་རང་བྱིན་གྱིས་བརླབ་པ་རྫོགས་སོ།། །།བླ་མའི་མན་ངག་རྙེད་པ་དེ། །འཁྲུལ་བས་འཇིགས་ནས་བདག་འདིར་བྲིས། །དེ་ལ་སྐྱེས་བུ་ཡོན་ཏན་ཅན། །སྔགས་རིག་པས་ནི་བཟོད་པར་རིགས། །དཔལ་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པ་མཁས་པ་ཆེན་པོ་སློབ་དཔོན་དཔལ་བཟང་པོ་ཞབས་ཀྱི་པདྨའི་རྡུལ་ལ་གུས་པ་དཔལ་ཏིང་ངེ་འཛིན་རྡོ་རྗེས་མཛད་པའོ།། །།བལ་པོའི་པཎྜི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་ཡེ་ཤེས་དང༌། དཔྱལ་སེ་ཙེ་བསོད་ནམས་རྒྱལ་མཚན་གྱིས་བསྒྱུར།། །།


previousདཔལ་ཧེ་རུ་ཀའི་མན་ངག་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ། ཏིང་ངེ་འཛིན་རྡོ་རྗེས་མཛད།no next