ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག།
མཚོ་སྐྱེས་རྡོ་རྗེས་མཛད།

སློབ་མ་བརྟགས་ནས་ཡོངས་སུ་བཟུང་བ།


DTG010_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧེ་བཛྲ་མཎྜལ་ཀརྨ་ཀྲ་མ་བི་དྷིཿ། བོད་སྐད་དུ། ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག །དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དང་པོར་སློབ་དཔོན་གྱིས་བླ་མ་ལ་དབང་ཐོབ་ཅིང༌། དམ་ཚིག་ལ་གནས་ལ་མཚན་ཉིད་ཐམས་ཅད་དང་ལྡན་པ་དེས། སློབ་མ་ལ་དབང་བསྐུར་བའི་དོན་དུ། དཀྱིལ་འཁོར་བྲི་བ་ནི། དང་པོར་སློབ་མའི་མཚན་ཉིད་བརྟག་པར་བྱ་སྟེ། དེས་ཤིང་འཇམ་ལ་སྙན་པར་སྨྲ་བ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། སྙིང་རྗེའི་སེམས་དང་ལྡན་པ། ཐོས་བསམ་དང་ཀློག་པ་ལ་མངོན་པར་བརྩོན་པ། ཐབས་དང་ཤེས་རབ་ཟབ་མོའི་ཚུལ་གྱིས། གསང་བའི་ཆོས་ལ་ཤིན་ཏུ་དད་པ། བླ་མ་ལ་གུས་པ། བསྟན་བཅོས་ལ་འཇིགས་པ་མེད་པ། གཏོང་སེམས་ཆེ་བ་དང་ལྡན་པའི་སློབ་མ་དེ་ཡོངས་སུ་གཟུང་བར་བྱའོ། །

སྔོན་དུ་བསྙེན་པ།


DTG010_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སློབ་མ་བརྟགས་པའི་རྗེས་ལ། དང་པོ་ལྷའི་བསྙེན་པ་བྱ་སྟེ། དེ་ལ་གཙོ་བོའི་འཛབ་ནི་འབུམ་དུ་བཟླས་པར་བྱའོ། །ལྷ་མོ་རྣམས་ཀྱི་འཛབ་ནི་སྟོང་དུ་བཟླས་པར་བྱའོ། །དེ་


DTG010_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སློབ་དཔོན་ལ་ལ་དག་གི་ཐུགས་བཞེད་ཀྱིས། ལྷ་མོ་བརྒྱད་ཀྱི་འཛབ་ནི་མི་དགོས་ཏེ། ཅིའི་ཕྱིར་ཞེ་ན། དཔའ་བོའི་ཡན་ལག་ཏུ་གྱུར་པས་ན། དཔའ་བོ་གཅིག་པོ་བྱས་པས་ཆོག་གསུང༌།

ས་བརྟག་པའི་རིམ་པ།


DTG010_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བཟླས་པ་བྱས་པས་མཚན་མ་བྱུང་ན། དཀྱིལ་འཁོར་བྲི་བ་བརྩམ་པར་བྱ་སྟེ། དང་པོར་སེམས་དག་པ་མངོན་དུ་བྱས་ལ། ཀྱེའི་རྡོ་རྗེ་དང་ལྡན་པས་ལྷ་རྣམས་མཉེས་པར་བྱས་ཤིང༌། དཀྱིལ་འཁོར་བྲི་བའི་ཕྱིར། ས་གཞི་ཡོངས་སུ་བརྟག་པར་བྱ་སྟེ། ནགས་ཚལ་ཤིན་ཏུ་དབེན་པའམ། བྱང་ཆུབ་སེམས་དཔའི་ཁྱིམ་མམ། རྒྱ་མཚོ་ཆེན་པོའི་འགྲམ་མམ། དུར་ཁྲོད་གྲུབ་པའི་གནས་སམ། སྔོན་དཀྱིལ་འཁོར་བྱས་པའི་གནས་སམ། ཡང་ན་གནས་ཡིད་དུ་འོང་བའི་ས་ཕྱོགས་རང་གི་སེམས་འཇུག་པ། མཛེས་ཤིང་ཡིད་དུ་འོང་བ་རུ། དྲི་ཞིམ་པའི་ཆུས་གཏོར་ཏེ། མེ་ཏོག་སྣ་ཚོགས་པ་ཡང་དགྲམ། གནས་གང་ཡང་རུང་བ་དེར། ཤར་དང་བྱང་དུ་གཞོལ་ན། རྣལ་འབྱོར་པ་རྣམས་དངོས་གྲུབ་ཏུ་འགྱུར་རོ། །དབུས་མཐོན་ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ་པར་འགྱུར། བྱང་མཐོན་ན་མཁའ་འགྲོ་མ་རྣམས་ཀྱི་རྗེས་སུ་འབྲང་བར་འགྱུར་རོ། །ཤར་མཐོ་ན་རིགས་བཞི་དང༌། ལྔ་ལ་སོགས་པ་རྟོགས་པ་ཟད་པར་འགྱུར་རོ། །


DTG010_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་དབུས་དམའ་ན་སྔགས་པ་འཇིགས་པ་དང་བཅས་པར་འགྱུར་རོ། །དེ་ལྟར་མཚན་ཉིད་དང་ལྡན་པའི་གནས་དེར་བསྒྲུབས་ནས། ཇི་ལྟར་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ། །ས་བརྟག་པའི་རིམ་པའོ།། །།

ས་བླང་བའི་རིམ་པ།


DTG010_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བརྟགས་པའི་དབུས་སུ། ཀྱེའི་རྡོ་རྗེ་དང་ལྡན་པར་འདུག་ལ། སའི་ལྷ་མོ་བསྐུལ་ལ་གསོལ་བ་གདབ་པར་བྱ་སྟེ། ལག་པ་གཉིས་ཀྱི་སོར་མོ་ལན་གསུམ་དུ་ས་ལ་བརྡབ་པར་བྱའོ། །བརྡབས་པས་སའི་ནང་ནས་ཕྱིར་འཐོན་ནས། རྣལ་འབྱོར་པའི་མདུན་དུ་འདུག་ནས་གནས་པར་བསམ་མོ། །ལྷ་མོ་དེ་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་ལྡན་པ། མདོག་སེར་པོར་གནས་པ། བཞིན་སྡུག་པ་མཛེས་པ་ཕྱག་ན་བུམ་པ་བསྣམས་ཏེ། བདག་ནི་ཅི་བགྱི་བཀའ་སྩོལ་འཚལ། ཞེས་སྨྲ་བར་བསམ་མོ། །དེ་ལྟར་བསམས་པའི་ལྷ་མོ་དེ་ལ་མཆོད་ཡོན་དང༌། ཞབས་བསིལ་དང༌། མཆོད་པ་དང༌། གཏོར་མ་ཕུལ་ལ་འདི་སྐད་བརྗོད་པར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་ལ། སའི་ལྷ་མོ་དགའ་བའི་མདངས་ཀྱིས། ཁྱོད་སློབ་དཔོན་ཡིན་གྱིས། དཀྱིལ་འཁོར་གྱིས་ཤིག་ཟེར་ནས། ས་ལ་ཐིམ་པར་བསམ་མོ། །དེ་ནི་ས་བླང་བའི་རིམ་པའོ། །

ས་གཞི་བྱིན་གྱིས་བརླབ་ཅིང་སྟ་གོན་ལ་གནས་པའི་རིམ་པ།


DTG010_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ས་ཕྱོགས་དྲི་ཞིམ་པོའི་ཆུས་གཏོར་ཏེ། བདུད་རྩི་ལྔའི་ཆག་ཆག་གདབ། དེ་ནས་ལྟོ་འཕྱེའི་རིམ་པ་ཤེས་པར་བྱས་ལ། དངོས་གྲུབ་རབ་འབྲིང་གསུམ་གྱི་དོན་དུ་མགྲིན་པ་དང༌། ལྟེ་བ་དང་པུས་མོ་ཡན་ཆོད་དུ་བརྐོ་བར་བྱའོ། །དེ་ནས་སའི་རོ་རྡོ་བ་དང༌། མགལ་དུམ་དང༌། སོལ་བ་དང༌། རུས་པ་དང༌། གྱོ་མོ་དང༌། གསེག་མ་དང༌། བོང་བ་ལ་སོགས་པ་མེད་པར་བྱས་པའི་ས་གཞི་བཟང་པོ་སྣུམ་པ་ལ། དྲི་བཟང་པོ་ཙནྡན་དང༌། གུར་གུམ་དང༌། ག་བུར་དང༌། གླ་རྩི་ལ་སོགས་པ་དང་ཡང་བསྲེས་པས་དགང༌། ཡང་ན་དྲི་ཞིམ་པོ་དང༌། ཆུ་བསྲེས་ལ་ཡི་གེ་ཧཱུཾ་བཟླས་པའི་ཆུ་དང་བསྲེས་ཤིང་འཐས་པར་བཅག་ཅིང་བཀང་ལ། རིན་པོ་ཆེ་


DTG010_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་སའི་གཏེར་བཅུག་པ་དང༌། ལག་མཐིལ་ལྟར་མཉམ་པའི་སྟེང་དུ། ཡན་ལག་དྲུག་དང་ལྡན་པའི་རྣལ་འབྱོར་པ་འདུག་ལ། ཨོཾ་རཀྵ་རཀྵ་ཞེས་བརྗོད་པས། ས་གཞི་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བྱའོ། །འོག་དང་སྟེང་རྡོ་རྗེའི་གུར་དང༌། རྡོ་རྗེའི་བླ་རེར་བྱ། །དེ་ནས་ཨོཾ་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ། ཞེས་པས་ཐམས་ཅད་འོད་དང་ལྡན་པར་བྱའོ། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པ། །ལྷ་མོ་ཁྱོད་ནི་དཔང་དུ་འགྱུར། །རིན་ཆེན་སྣ་ཚོགས་ཕྱེ་བཏགས་པས། །བདག་གིས་དོན་ཡོད་དཀྱིལ་འཁོར་བྲི། །དོན་དེ་བི་ཤཱཀྱ་བུདྡྷ་སི། ཧེ་བཛྲ་ཀྲོ་དྷ་ན་ན་རཏྣ་ན་ད་རི་ཏ་ཏོ་ཨཱཏྨ་ཀོ྅ཧཾ། མཎྜལ་ན་ཁེ་དཾ། ས་གཞི་བྱིན་གྱིས་བརླབ་ཅིང་སྟ་གོན་ལ་གནས་པའི་རིམ་པའོ།། །།

བགེགས་བསལ་བའི་རིམ་པ།


DTG010_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བླ་མ་ནི་ཡན་ལག་དྲུག་དང་ལྡན་པ། རྒྱན་སྤྱི་གཙུག་གི་རྒྱ་གྲམ་དང༌། མགུལ་རྒྱན་དང༌། རྣ་རྒྱན་དང༌། སྐ་རགས་དང༌། ཕྱག་གདུབ་དང༌། རྒྱན་ལྔར་ལྡན་པས། རྡོ་རྗེ་དང་དྲིལ་བུ་ཐོགས་ལ། གོང་དུ་སྨོས་པའི་མདུན་དུ་འདུག་ལ། ལྷ་མོ་གཽ་རཱིཾ་ལ་སོགས་པ། རིགས་བཞིའི་ཏིང་ངེ་འཛིན་བཞི་ཕྱོགས་བཞིར་འདུག་ལ། རྡོ་རྗེ་དྲིལ་བུ་ཐོགས་ལ་མདོ་བསྐུལ་བར་བྱའོ། །དེ་ཡང་བསྐུལ་བའི་སྔོན་དུ་མཆོད་པ་བྱ་སྟེ། གཽ་རཱི་ཏིང་ངེ་འཛིན་ཅན་གྱིས། ཨོཾ་བཛྲ་པུཥྤེ་ཨཱཿ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཨཱཿ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿ་ཧཱུཾ། ཨོཾ་བཛྲ་ནཻ་བེ་ཏྱེ་ཨཱཿ་ཧཱུཾ། ཞེས་བྱ་བའི་མཆོད་པ་རྣམ་པ་ལྔས་མཆོད་དེ། ཁྱོད་ནི་རྣལ་འབྱོར་མ་རྣམས་བསྐོར། །ཞེས་བྱ་བ་ལ་སོགས་པས་བསྟོད་དོ། །དེ་ནས་འདི་སྐད་ཅེས་བསྐུལ་ལོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཀུན་འབྱུང་རྡོ་རྗེ་སེམས་དཔའ་ཡི། །དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་དུ་བཟང་པོ་ཀུན་ཆེན་གྱི། །དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ། །ཡང་དག་སངས་རྒྱས་མཆོག་ཞི་བ། །ཡེ་ཤེས་སྤྱོད་པ་རྣམ་པར་སྤྱོད། །རྡོ་རྗེའི་གསུང་ནི་ཀུན་འབྱུང་བ། །དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །རྣམ་སྣང་མཛད་ཆེན་


DTG010_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཡི། །དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ། །དེ་ནས་གོང་དུ་སྨོས་པ་ཡི། །ཕྱག་རྒྱ་ལྔ་དང་ལྡན་པ་ཡི། །ཀྱེའི་རྡོ་རྗེ་བསྒོམ་པ་དེས་བགེགས་བསལ་བར་བྱ་སྟེ། རྐང་པ་གཉིས་སུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་བསམས་ལ། མིག་གཡས་མ་ལས་ཉི་མའི་དཀྱིལ་འཁོར་གཡོན་དུ་ཊ་ལས་ཟླ་བའི་དཀྱིལ་འཁོར་བསམས་ཏེ། རྡོ་རྗེའི་ལྟ་བས་ཐམས་ཅད་དུ་བལྟས་ཏེ། དེ་ཡང་རབ་ཏུ་མྱུར་བ་ཡིས། །མིག་གི་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་ཞེས་སུ་གསུངས། །འགྲོ་བ་ཐམས་ཅད་དགུག་པའོ། །ཞེས་པ་ལྟར་བལྟས་ལ། ལག་པ་གཡོན་གྱིས་དྲིལ་བུ་བཟུང་ཞིང༌། གཡས་ཀྱིས་རྡོ་རྗེ་གསོར་ལ། སྟེང་འོག་ཏུ་ལེགས་པར་འཁྱུད་ནས། ས་ཕྱོགས་དེ་ནི་གནས་པ་འདིས་བསྐྲད་པར་བྱའོ། །ས་ཕྱོགས་འདིར་ངས་སེམས་ཅན་གྱི་དོན་བརྩམ་གྱིས། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། འབྱུང་པོ་དང༌། ཤ་ཟ་མོ་དང༌། སྲིན་མོ་ལ་སོགས་པ་གང་དག་གནས་པའི་བདག་པོ་མྱུར་དུ་སོང་ཤིག །འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས། མྱུར་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་ལ། ངའི་ཡེ་ཤེས་ཀྱི་རྡོ་རྗེ་དང༌། ཁ་ཏྲཱཾ་ག་འདིས་སྤྱི་བོ་རྣམ་པ་བརྒྱར་འགས་པར་འགྱུར་རོ་ཞེས་ལན་གསུམ་དུ་བརྗོད་ལ་དབང་ལྡན་གྱི་མཚམས་ནས་བརྩམས་ནས། ཧཱུཾ་མང་པོ་བརྗོད་ཅིང་ལན་གསུམ་གཡས་སྐོར་དུ་བསྐོར་བར་བྱའོ། །བསྐལ་པའི་མེ་ལྟ་བུའི་འོད་ཟེར་རྐང་པའི་འོག་ནས་བྱུང་བས་གདུག་པ་ཅན་རྣམས་བསྲེགས་པར་གྱུར་པར། ཕན་ཚུན་འབྱེར་བར་འགྱུར་བར་བསམ་མོ། །དེ་ཡང་རོལ་པའི་གོམས་སྟབས་བརྒྱད་པས་གར་བྱའོ། །རྐང་པ་བསྐྱོད་དང་ལག་པ་བསྐྱོད། །སྨིན་མ་འདེགས་དང་རབ་དགས་ཕྱེ། །ཅུང་ཟད་ངོ་ཚ་ཟུར་མིག་དང༌། །ཟླ་རྒྱས་ལྟ་ན་དུར་བ་དང༌། །མིག་ཡངས་གར་ནི་བྱེད་འགྱུར་ཞིང༌། །ཁ་ཡི་པདྨ་འཛུམ་དང་བཅས། །ཅུང་ཟད་དམར་བའི་མཆེ་བ་འཆང༌། །ཀུནད་ན་ལྟར་དཀར་པོའི་ཕྲེང༌། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེས། །སེམས་ཅན་སྒྲོལ་བ་རྨད་དུ་བྱུང༌། །དེ་ལ་སོགས་པའི་གར་གྱིས་ནི། །བགེགས་ལ་སོགས་པ་བསྐྲད་པར་བྱ། །དེ་ནས་སྔོན་དུ་གསུངས་པའི་རཀྵའི་སྔགས་ཀྱིས། རྡོ་རྗེས་གཞི་དང་གུར་དང་བླ་རེ་ལ་སོགས་པ་བྱའོ། །དེ་ལྟར་


DTG010_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་དཀྱིལ་འཁོར་གྱི་སའི་ཆ་ཉེས་པ་དང་ལྡན་པ་ཡང་ཉེས་པ་དག་མེད་པར་འགྱུར་རོ། །བགེགས་བསལ་བའི་རིམ་པའོ།། །།

ལྷ་ལ་གསོལ་བ་གདབ་པའི་རིམ་པ།


DTG010_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བའི་རྣམ་ལྔ་དང་ལྡན་པའི་དྲི་ཞིམ་པོའི་ཆུ་དང༌། བདུད་རྩི་ལྔའི་ཆུས་བྱུགས་ལ། དེའི་སྟེང་དྲིའི་ཐིག་ལེ་བྱ། ཐིག་ལེའི་སྟེང་མེ་ཏོག་བཞག་ལ། སྣ་ཚོགས་པདྨར་བསམ། པདྨའི་སྟེང་དུ་ཨོཾ་ལས་ཉི་མའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་རང་གི་སྔགས་ཧཱུཾ་གཾ་ཙཾ་བཾ་གྷཾ་པཾ་སཾ་ལཾ་ཌཾ། རྣལ་འབྱོར་གྱི་ལྷའི་འཁོར་ལོ་བསྐྱེད་ལ། རང་རང་གི་གདན་དེ་ཉིད་ལ་བཞུགས་པར་བསམ། དེ་ནས་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་སྤྱན་དྲང་བར་བྱ་སྟེ། གཽ་རཱི་ཛཿ་ཞེས་བསྐུལ་བས། གཽ་རཱི་ལས་སྤྲུལ་པའི་གཽ་རཱི་ལྕགས་ཀྱུ་ཅན་མང་པོ་འཕྲོས་པས། རང་བཞིན་གྱི་དཀྱིལ་འཁོར་ནས་ཀྱེའི་རྡོ་རྗེ་འཁོར་དང་བཅས་པ་སྤྱན་དྲངས་ལ། རྡོ་རྗེ་བླ་རེའི་སྟེང་ན་བཞུགས་པ་ལ། དྲོ་ཀཥ་ཎ་དང༌། ཨརྒྷ་དང༌། ཨཉྩ་དང༌། བི་དྷི་དང༌། སྤོས་དང༌། མེ་ཏོག་ལ་སོགས་པ་རྣལ་འབྱོར་པ་རྣམས་ཀྱིས་མཆོད། ལྷ་མོ་བརྒྱད་ཀྱི་མཆོད་པས་ཀྱང་མཆོད། དེ་ནས་ཙཽ་རཱི་ཧཱུཾ་ཞེས་པས། ཙཽ་རཱི་ཞགས་པ་ཅན་གྱིས་གཞལ་ཡས་ཁང་གི་ནང་དུ་གཞུག །བེ་ཏཱ་ལཱི་བཾ་གྱིས་དེ་བཞིན་དུ་བཅིང༌། གྷསྨ་རཱི་ཧོཿ་ས་དགྱེས་པར་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་གཅིག་ཏུ་བྱའོ། །དེ་ནས་ཕྱིའི་མཆོད་པས་མཆོད། ནང་གི་མཆོད་པས་ཀྱང་མཆོད། དྲིལ་བུའི་སྒྲས་སྲིད་པ་རང་བཞིན་གྱིས་དག་ཕྱིར། ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་རྣམས། དམ་པའི་སྲིད་པ་བྱེད་པར་ཤོག །ཅེས་པ་དང༌། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་རང་བཞིན་གནས། །ཐབས་དང་ཤེས་རབ་གཉིས་མེད་པ། །ཀྱེ་ཡི་རྡོ་རྗེ་བདག་ཕྱག་འཚལ། །ཞེས་པ་ལ་སོགས་པ་རྡོ་རྗེ་གླུའི་ཚིག་གིས་བསྟོད་ངོ༌། །དེ་ནས་བདུད་རྩི་མཆོད་པ་དཔལ་ཀྱེའི་རྡོ་རྗེ་འཁོར་དང་བཅས་པས་ཡང་བྱའོ། །དེ་ནས་འདི་སྐད་བརྗོད་པར་བྱའོ། །གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་དངོས་གྲུབ་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །བདག་མེད་མ་དང་ཡང་དག་ལྡན། །ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་དང༌། །རིག་པའི་ལྷ་


DTG010_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྫུ་འཕྲུལ་དང༌། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་གིས་ཤེས་པ། །ནང་པར་དཀྱིལ་འཁོར་འདྲི་བར་བགྱིད། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །དེ་ནས་དྲི་ཞིམ་པའི་མེ་ཏོག་གི་ཕྲེང་བ་དང༌། བདུད་རྩི་ལྔ་དང་སྤོས་ལ་སོགས་པ་དབུལ་བར་བྱའོ། །ལྷ་ལ་གསོལ་བ་གདབ་པའི་རིམ་པའོ།། །།

སློབ་མ་ལྷག་པར་གནས་པའི་རིམ་པ།


DTG010_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་མའི་གཙོ་བོ་འཁོར་དང་བཅས་པ་ལྷག་པར་གནས་པར་བྱ་ཞིང༌། མཆོད་པར་བྱ་བ་འདི་བརྗོད་དོ། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཆད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོར་བཞུགས་པའི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ནི་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་ལ་སོགས་པ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་བདག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་སྟེ། །ཇི་སྲིད་བདག་མེད་པར་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །བདག་གི་སྡོམ་པ་ལེགས་པར་གཟུང༌། །དེ་ནས་འོག་ནས་འབྱུང་བ་འདི་རྣམས་ཀྱིས་


DTG010_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། །སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ། བདག་གིས་སྡིག་པ་བགྱིས་པ་དང༌། །བགྱིད་དུ་སྩལ་དང་ཡི་རང་རྣམས། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས། །བསྒོམ་དང་བཟླས་བརྗོད་བསོད་ནམས་ཚོགས། །དེ་ལ་བདག་ནི་ཡི་རང་ངོ༌། །སེམས་བསྐྱེད་མངོན་པར་སངས་རྒྱས་དང༌། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །བྱང་ཆུབ་སེམས་དཔའ་ཚོགས་སྤྱོད་ལ། །དེ་ལ་བདག་གིས་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་མཆོག་བསྐྱེད་པ་ལྟར། །འདི་ཉིད་དུ་ནི་སེམས་བསྐྱེད་དེ། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་པའི་སངས་རྒྱས་རྣམས། །དུས་འདི་ཉིད་ནས་སངས་རྒྱས་པར། །བླ་མེད་བདག་ལ་གཟིགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནམ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་སློབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་རྟག་པར་གཟུང་བར་བགྱི། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་མྱུར་འགྲུབ་པས། །སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་ཉིད་དུ་འགྲུབ་པར་བགྱི། །ཞེས་ཞུས་པ་དང༌། བླ་མས་


DTG010_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་བསྲུང་བར་བྱ་སྟེ། སློབ་མ་ཀུན་གྱི་ལུས་ངག་ཡིད་གསུམ་དུ། སྤྱི་བོར་འཁོར་ལོ། མགྲིན་པར་པདྨ། སྙིང་གར་རྡོ་རྗེ། དེ་གསུམ་གྱི་ལྟེ་བ་ལ། ཨོཾ་ཨཱཿ་ཧཱུཾ། ཨོཾ་ཨཱཿ་ཧཱུཾ། དེ་ནས་སློབ་དཔོན་གྱི་ལག་ཏུ་རྡོ་རྗེ་བཟུང་ལ། སློབ་མའི་གནས་གསུམ་དུ་རྡོ་རྗེ་གཏུག་ཅིང༌། ཨོཾ་ཨཱཿ་ཧཱུཾ་བརྗོད་ཅིང༌། དྲིའི་ཆུས་བྱུགས། དེ་ནས་རིམ་པས་སློབ་མ་ཀུན་གྱི་མགོ་བོ་ལ་མེ་ཏོག་སྦྱིན། མདུན་དུ་སྤོས་སྦྱིན། མར་མེ་དང་དྲི་སྙིང་གར་སྦྱིན་ནོ། །དེ་ནས་སོ་ཤིང་གི་ཆོ་ག་བྱ་སྟེ། ཡིད་འོང་ཨུ་དུཾ་ཨ་ཤྭཏྠ། །མེ་ཏོག་བཅིངས་ཤིང་དྲི་ཡིས་བྱུག །སོར་ནི་བཅུ་གཉིས་ཚད་དུ་བྱ། །མི་གཡོ་མ་གས་འབུས་མ་ཟོས། །ལྕི་བ་བ་ཡི་ཀོ་བ་ཙམ། །ས་གཞི་མཎྜལ་བྱས་ནས་ནི། །སློབ་མ་དེ་ཡི་སྟེང་བཞག་ནས། །མེ་ཏོག་ལ་སོགས་མཆོད་པ་བྱ། །སློབ་མའི་ཚོགས་ལ་སྦྱིན་པར་བྱ། །དེ་ནས་ཤར་ཕྱོགས་ཁ་བལྟས་ཏེ། །མི་སྨྲ་བར་ནི་སོ་ཤིང་བཅའ། །ཟ་བ་བྱིན་ན་མི་གདགས་ཤིང༌། །ཕན་ཚུན་དུ་ཡང་མི་འདོར་རོ། །སོ་ཤིང་མདུན་དུ་དྲང་པོར་བོར། །དེ་ཡི་ཚེ་ན་མཚན་མ་ནི། །དེ་ཚེ་བདག་ལ་བལྟ་བ་དང༌། །རྩེ་མོ་གྱེན་དུ་འགྲེང་གྱུར་ན། །དེ་ཡིས་དངོས་གྲུབ་མཆོག་ཏུ་བཤད། །དེ་བཞིན་གཞན་དུ་ཁ་བལྟས་ན། །དེ་བཞིན་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ། །སོ་ཤིང་ངོར་བ་བརྒྱ་ཞིག་ལ། །གལ་ཏེ་ཐུར་དུ་ཁ་བལྟས་ནས། །དེ་ནས་ངེས་པར་ས་འོག་གི །དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །དེ་ནས་དྲི་ཆུས་ལེགས་པར་བཀྲུས་ཏེ། འཐོར་འཐུང་བྱའོ། །ཨོཾ་བི་ཤུདྡྷ་དྷ་རྨ་པཱ་པཾ་ནི་ཙཱ་སྱ་ཤོ་དྷ་ཡ། སརྦ་བི་ཀལྤན་ཨ་པ་ནཱ་ཡ་ཧཱུཾ། ཞེས་པས་བཟླས་པའི་ཆུ་ཧུབ་གསུམ་འཐུང་དུ་གཞུག་པའི་སྔགས་སོ། །དེའི་འོག་ཏུ་སློབ་མ་རྣམས་ལ་སེམས་དགའ་བར་བྱ་བའི་ཕྱིར་ཆོས་བཤད་པར་བྱ་བ་ནི། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཐམས་ཅད་མཁྱེན་པ་འབྱུང་མི་འགྱུར། །མེ་ཏོག་ཨུ་དུ་མྺཱ་ར་བཞིན། །བརྒྱ་ལམ་ན་ནི་རེ་འགའ་འབྱུང༌། །དེ་ཕྱིར་ཕྲད་དཀར་བྱུང་བ་ཡི། །གཉིས་མེད་ཟབ་མོ་སྤྱོད་ཚུལ་འདིས། །སེམས་ཅན་སངས་རྒྱས་པར་བྱེད་པའི། །བསྐལ་པ་གྲངས་མེད་མང་པོར་ནི། །སྔོན་དུ་བྱས་པའི་རྣམ་སྨིན་གང༌། །


DTG010_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཀུན་ཟད་པར་གྱུར་པ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །དེ་ནས་ཨོཾ་ཨཱཿ་ཧཱུཾ་ཞེས་པས་ཀུ་ཤ་བྱིན་གྱིས་བརླབས་ལ། སྔས་སུ་གཞག་པར་བྱ། སྟན་དུ་ཡང་གདིང་བར་བྱ། དེ་ནས་སྲུང་སྐུད་གདགས་པ་ནི། སྲུང་སྐུད་དམར་པོ་ལ་མདུད་པ་དྲུག་ཏུ་བོར་ལ། དཔུང་པ་གཡོན་པར་བཏགས་ཏེ། བསྲུང་བའི་ཕྱིར་བཅིང་བའོ། །དེ་ནས་མཆོད་པ་བྱས་གཏོར་མ་བཏང་ལ། སློབ་དཔོན་ནང་དུ་ཞུགས་ལ་དཀྱིལ་འཁོར་གྱི་ལྷ་ལ་ཕྱི་ནང་གི་མཆོད་པས་ཡང་དག་པར་མཆོད་དེ། སློབ་མ་རྣམས་ནི་སྟ་གོན་གྱི་གནས་དེ་ཉིད་དུ། ཀུ་ཤའི་སྟན་ལ་སེང་གེའི་ཉལ་སྟབས་སུ་འདུག་ལ། རྨི་ལམ་གྱི་མཚན་མ་བལྟ་བར་བྱ་བའི་ཕྱིར། མི་སྨྲ་བར་ཀྱེའི་རྡོ་རྗེ་ཡིད་ལ་བྱས་ལ། བསམ་གཏན་གྱི་སེམས་ཀྱིས་ཉལ་བར་བྱའོ། །དེའི་མཚན་མོའི་མཐར་རྨི་ལམ་གང་དང་གང་རྨི་བ་འདྲི་བར་བྱའོ། །དྲིས་པ་ཐོས་ནས་རྨི་ལམ་བཟང་ངན་ཐོགས་པ་མེད་པར་བརྗོད་པར་བྱའོ། །དེ་ནས་རྨི་ལམ་བཟང་པོ་མཐོང་ན་སློབ་མ་ལ་རྗེས་སུ་ཡི་རང་བར་བྱའོ། །དངོས་གྲུབ་རབ་འབྲིང་ཐ་མ་བརྗོད་པར་བྱའོ། །ངན་བ་མཐོང་ན་བའི་རྣམ་ལྔ་འཐུང་དུ་གཞུག །དྲག་པོའི་སྦྱིན་སྲེག་བྱའོ། །དེས་རྟོག་པ་ཞི་བར་འགྱུར་རོ། །སློབ་མ་ལྷག་པར་སྟ་གོན་ལ་གནས་པའི་རིམ་པའོ།། །།

བུམ་པ་ལྷག་པར་གནས་པའི་རིམ་པ།


DTG010_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གསེར་རམ་དངུལ་ལམ། ཟངས་ལས་རྣམ་པར་རྒྱལ་བའི་བུམ་པ་བྱས་ལ། དེ་རྣམས་མ་འབྱོར་ན་ཁམ་ས་ལས་བྱའོ། །བུམ་པ་གཞན་རྣམས་ཀྱང་རིན་པོ་ཆེའི་གྲངས་མ་རྙེད་ན་ཁམས་ལས་བྱའོ། །ཀུན་ས་དཀར་གྱིས་བྱུགས་ལ། པདྨའི་ལྟེ་བ་ལ་ཕྱག་མཚན་བཀོད་ལ་གཞག །དེ་ནས་བུམ་པ་རྣམས་རང་བཞིན་མེད་པར་བསམས་ལ། དེ་ལས་ཡི་གེ་ཁཾ་དཀར་པོར་གྱུར། ཁཾ་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པ་ནག་པོ་ར་རི་མེད་པ་དཀར་པོར་འདུག་པ། མགྲིན་པ་རིང་བ་ལྟོ་ཆེ་བ་མཆུ་འཕྱང་བ་བསྒོམས་ལ། དེའི་ནང་དུ་པཾ་དམར་པོ་ལས་པདྨར་གྱུར་པའི་སྟེང་དུ། ཨ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ། དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷའི་འཁོར་ལོ་ཡོངས་སུ་རྫོགས་པར་བསྐྱེད་དོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། གཽ་རཱི་ཛཿ་ལ་


DTG010_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཕྱག་རྒྱ་བཞིས་དགུག་པ་དང༌། གཞུག་པ་དང་བཅིང་བ་དང་དགྱེས་པར་བྱས་ལ། དབྱེར་མེད་པར་བསམ་མོ། །དེ་ལ་པྲོཀྵ་ཎ་དང༌། ཨརྒྷ་དང༌། ཨཉྩ་མཱ་ནཾ་དང༌། བི་དྷི་དང༌། མཆོད་པ་རྣམ་པ་ལྔ་དང༌། ལྷ་མོ་བརྒྱད་ལ་བསྟོད་པ་རྣམས་བྱས་ལ། དེ་ནས་འཛབ་བརྒྱ་རྩ་བརྒྱད་བཟླས་ལ་གཞག་གོ །དེ་ནས་སྤོས་ཀྱིས་ཀྱང་མཆོད་པ་བྱ་སྟེ། མེ་ཏོག་དཀར་པོ་ཆལ་བར་གཏོར་བ་ལ་སོགས་པ་བྱའོ། །དེ་ནས་ལྷ་རྣམས་འོད་དུ་ཞུ་བ་ལས། བྱང་ཆུབ་ཀྱི་སེམས་ཀྱིས་དཀར་མེར་གྱིས་ཁེངས་པར་བསམ། དེ་ནས་དྲི་ཆབ་བཟང་པོ་དགང་བ་བླུགས་ལ། སྨན་ལ་སོགས་པ་དང་ཡང་ལྡན་པར་བྱས་ཏེ། ཤྭེ་ཏ་བྲྀ་ཧ་ཏི། ཨ་པ་ར་ཛི་ཏ། དནད། ཨུཏྤལ། ཀཎྜ་ཀ་རི། ཧ་ས་དེ་བ་ལ་སོགས་པའི་རྩ་བ་ལས་བྱས་ཏེ། འདིར་དཀྱིལ་འཁོར་གྱི་བྱང་ཆུབ་སེམས་རྟགས་སུ་བྱས་པའོ། །འབྲས་སོ་བ་དང༌། སྲན་མ་ཤ་དང༌། ནས་དང༌། ཏིལ་དང༌། གྲོ་དང༌། འདི་རྣམས་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀྱི་རང་བཞིན་ནོ། །ཤེལ་དང༌། དངུལ་དང༌། མུ་ཏིག་དང༌། དུང་དང༌། བྱི་རུ་ནི་དཀྱིལ་འཁོར་གྱི་སྐུ་མདོག་གི་རྟགས་སུ་བྱས་པའོ། །གཞན་ཡང་ཟླ་བ་དང༌། ཉི་མ་དང༌། ཆུ་དང༌། སྨན་དང༌། དྲི་དང༌། བུ་རམ་དང༌། ཀ་ར་དང༌། བཟའ་བ་རྣམས་གཞུག་གོ །བུམ་པ་ལ་བདག་པོའི་མཚན་མ་ལ་སོགས་པ་ལྔ་དང་ལྡན་པར་བྱ་ཞིང༌། སྔོན་པོ་དང༌། དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུའི་རས་རྣམས་ཀྱིས་ནི་མགུལ་བ་བཅིང་བར་བྱའོ། །མ་འབྱོར་ན་རས་ཡུག་གཅིག་གིས་སྤྱི་བོར་བཅིང་ངོ༌། །ཤིང་ལོ་མ་ཅན་གྱི་རིགས་བཟང་པོ་འབྲས་བུ་དང་ལོ་མ་དང་ཡལ་གར་བཅས་པས་ཁ་རྒྱན་བྱའོ། །བུམ་པ་གཞན་རྣམས་ནི་སྨན་ལ་སོགས་པ་ཡང་མི་གཞུག །ལྷ་རེ་རེ་འོད་དུ་ཞུ་བ་ལས་བྱའོ། །མཆོད་བསྟོད་འཛབ་ཀུན་འདྲའོ། །དེ་ནས་བུམ་པ་རྣམས་རས་བཏིང་བའི་སྟེང་དུ་མེ་ཏོག་དཀར་པོ་ཆལ་བར་བཀྲམ་ལ། དེའི་སྟེང་དུ་བཞུགས་སུ་གསོལ་ལོ། །དེའི་དུས་སུ་གར་གྱི་མཆོད་པ་རྣམས་ཀྱང་འབུལ་ལོ། །ལས་ཐམས་ཅད་པའི་བུམ་པ་སྣ་ཚོགས་རྡོ་རྗེས་མཚན་པ། དེ་ལ་མཆོད་པ་བྱས་ལ་ཕྱི་རོལ་གྱི་བྱང་ཤར་གྱི་མཚམས་ལ་བཞུགས་སུ་གསོལ་ལོ། །བགེགས་


DTG010_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་རྣམས་ལས་མ་གྲུབ་ཀྱི་བར་དུ་བསྲུང་དུ་གསོལ་ཞེས་པས་བཅོལ། །གཏོར་མ་དགུ། མར་མེ་དགུ། ལྷ་བཤོས་དགུ། སྤོས་དགུ། དེ་རྣམས་ནི་བུམ་པ་ལྷག་པར་གནས་པའི་སྟ་གོན་གྱི་ཆོ་གའོ།། །།

ཡེ་ཤེས་ཀྱི་ཐིག་གདབ་པའི་རིམ་པ།


DTG010_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་གྱི་ཕྱི་དེ་ཉིན་པར་རྒྱས་པའི་སྦྱིན་སྲེག་བྱའོ། །སློབ་དཔོན་མཚན་ཉིད་བཟང་པོ་དང་ལྡན་པ་ཡང་དག་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཤེས་པ། ཁྲོ་བ་མེད་པ། ཁོན་པ་མེད་པ། ཕྱག་རྒྱ་དང་ལྡན་པའི་ཤེས་རབ་ཅན་གྱིས། དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁའ་ལ་གཤེགས་སུ་གསོལ་ལོ། །ཐིག་གདབ་པའི་ལས་བརྩམ་པར་བྱའོ། །དེ་ཡང་རས་བལ་ལ་ཤེས་རབ་མ་མཚན་དང་ལྡན་པས་བཀལ་བ། འཇུར་མདུད་ལ་སོགས་པ་མེད་པ། རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། སྦོམ་ཕྲ་སྒོའི་ཉི་ཤུའི་ཆར་འགྱུར་བ་བཀལ་ཏེ། སྲད་བུ་སོ་སོར་བསྡོམས་ལ། པདྨ་བྷནྡྡྷའི་སྣོད་དྲི་ཞིམ་པོས་བྱུགས་པའི་ནང་དུ་བཞག་ལ། དང་ལ་སྲད་བུ་རང་བཞིན་མེད་པར་བསྒོམ། །དེ་ལས་སོ་སོའི་ཡིག་འབྲུར་འགྱུར། །ཡིག་འབྲུ་ཡོངས་སུ་གྱུར་པ་ལས། སྲད་བུ་འབྱུང་བར་བསམ། དེ་ནས་ཡེ་ཤེས་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་སྲད་བུ་ཡོད་པ་རྣལ་འབྱོར་པའི་ཉི་མ་ཟླ་བའི་བར་མིག་གི་ལྕགས་ཀྱུས། གཙོ་བོ་ཀྱེ་ཡི་རྡོ་རྗེ་དང༌། སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །གཙོ་བོ་སྔགས་དང་གཉིས་མེད་རྣམས། །སྤྱན་དྲངས་ནས་ནི་དེ་ལ་བསྟིམ། །དེ་ལྟར་ཡེ་ཤེས་ཀྱི་ཐིག་སྐུད་བསྐྱེད་ནས། སྲད་བུ་ལྔ་གཙོ་བོའི་སྔགས་བརྗོད་པས། གཅིག་ཏུ་སྒྲིལ་ལོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ། མཱ་ཏི་ཀྲ་མ་ཧཱུཾ་ཞེས་པས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཨོཾ་ཨཱཿ་ཧཱུཾ་གསུམ་མཐའ་གཉིས་དང་དབུས་སུ་བཀོད་ལ། བྱིན་གྱིས་བརླབས་ཏེ། དེ་ལ་མཆོད་པ་འབུལ། དེ་ནས་གཙོ་བོའི་ཐུགས་ཀ་ནས། སྲད་བུ་འཛིན་པའི་གྲོགས་པོ་སྤྲུལ་ལ། ཛ་ཛ་ཞེས་བརྗོད་དུ་བཅུག་ལ་གཏད་པར་བྱའོ། །དང་པོར་ནི་ནམ་མཁའ་ལ་ཐིག་གདབ་པར་བྱའོ། །ཐིག་སྐུད་དག་ནི་འདེབས་པའི་ཚེ། །འཇིག་རྟེན་ཁམས་ནི་མ་ལུས་པ། །སངས་རྒྱས་ལ་སོགས་འགྲོ་དོན་དུ། །ཁྱེད་ཀྱི་དོན་ནི་བྱ་ནུས་ཡིན། །ཞེས་བསྐུལ་ཞིང་བརྗོད་དོ། །དེ་བཞིན་དུས་ཐིག་ཀྱང་གདབ་པར་བྱ་སྟེ། སློབ་དཔོན་ཆུ་བདག་ཏུ་འདུག་ལ། སློབ་མ་བརྒྱ་


DTG010_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་དུ་འདུག་ལ་ཚངས་ཐིག་གདབ། སློབ་དཔོན་གཤིན་རྗེའི་ཕྱོགས་སུ་འདུག་ལ། སློབ་མ་གནོད་སྦྱིན་དུ་འདུག་ལ་ཚངས་ཐིག་གཉིས་པ་གདབ། སློབ་དཔོན་བྱིན་ཟར་འདུག་ལ། སློབ་མ་དབང་ལྡན་དུ་འདུག་ལ་ཤར་ལ་གདབ། སློབ་དཔོན་རླུང་གི་ཕྱོགས་སུ་འདུག་ལ། སློབ་མ་བདེན་བྲལ་དུ་འདུག་ལ་ནུབ་ཏུ་གདབ། སློབ་དཔོན་དེ་ཉིད་དུ་འདུག །སློབ་མ་དབང་ལྡན་དུ་འདུག་ལ་བྱང་དུ་གདབ། སློབ་དཔོན་བྱིན་ཟར་འདུག །སློབ་མ་བདེན་བྲལ་དུ་འདུག་ལ་ལྷོ་རུ་གདབ་པར་བྱའོ། །སྲད་བུས་ཡོངས་སུ་ཐིག་གདབ་བྱ། །སྲད་བུས་གཞལ་བར་མི་བྱ་སྟེ། །འཕེལ་འགྲིབ་གཉིས་ཀྱི་ཉེས་ཡོད་པས། །སྲ་བས་རབ་ཏུ་གཞལ་བར་བྱ། །ཞེས་འབྱུང་བས། སྤ་ལ་སོགས་པའི་དྲང་ཞིང་སྲ་བ་ལ་ཀ་ཏི་ཀ་བྱས་ལ། ཐིག་རྐང་བཞི་བཅུ་རྩ་གཉིས་ཕྱོགས་རེ་རེར་གདབ་པར་བྱའོ། །དེ་ལྟར་ཐིག་བཞི་བཅུ་རྩ་གཉིས་བཏབ་ལ། སྒོ་ཁྱུད་ཀྱི་ཐིག་ཚུན་ཆད་ཀྱིས་ནི། པདྨའི་ལྟེ་བ་ལ་བསྐོར་བར་བྱའོ། །པདྨའི་ཟེ་བ་བསྐོར་བ་ནི། ལྷའི་སྣམ་བུ་ལས་ཇི་ཙམ་རན་པར་བསྐོར་བར་བྱའོ། །དཀྱིལ་འཁོར་གྱི་མཐར་རྡོ་རྗེ་ར་བ་དང༌། མེ་འོད་གཉིས་ལས་ཆ་རེ་རེ་བསྐོར། རྟ་བབས་ཀྱི་སྣམ་བུ་བཞིའི་ཕྱོགས་ནས་ཆ་ཕྱེད། ལོགས་ཀྱི་ཆ་ཆེན་བཞི་ལ། གཅིག་ཆོས་ཀྱི་འཁོར་ལོ། གཅིག་ལ་རྡོ་རྗེ་རྒྱ་གྲམ་གྱི་ར་དབུ་མ་དེའི་སྣ་པདྨའི་སྡོང་པོ་ལ་གཏད་པར་བྱའོ། །དེ་ནས་བླ་མས་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། མིག་གཉིས་ལ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསམས་ལ། བཟློག་ལ་བལྟ་ཞིང༌། ཧི་ཧི་ཞེས་པས་སྒོ་དབྱེ་བར་བསམ། དེ་ནས་བཛྲ་བེ་ལ་ཞེས་བརྗོད་ལ། ཕྱིར་བྱུང་དེ་ནས་ཐིག་གདབ་པའི་ལས་ཟིན་ནས། ཡེ་ཤེས་སྐུད་པ་ལ་མཆོད་པས་མཆོད་ལ། སརྦ་མ་ར་ཏ་རྩི་པ་ར་ཨརྠ་རྩ། ས་ཏི་ཏ་ཏ་གཙྪ་ཞེས་བརྗོད་ལ་ལྷ་གཤེགས་སུ་གསོལ་ལོ། །ཡེ་ཤེས་ཀྱི་ཐིག་གདབ་པའི་རིམ་པའོ།། །།

ཚོན་དགྱེ་བའི་རིམ་པ།


DTG010_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འབྲས་ལ་ཁ་དོག་བསྒྱུར་བ་ལེགས་པ་ཚོན་གྱི་རིམ་པར་བཞག་ལ། དེ་ལ་རང་བཞིན་མེད་པར་བྱས་ལ། བྷྲཱུཾ་ཨཾ་ཛྲཱཾ་ཁཾ་ཧཱུཾ་ལྔར་བསྒྱུར་བར་བསམ། དེ་ཡོངས་སུ་གྱུར་པ་ལས་ཆོན་སྣ་ལྔར་འབྱུང་བར་བསམ། དེ་ནས་རྣལ་འབྱོར་པའི་ཉི་ཟླའི་འབར་མིག་ལྕགས་ཀྱུས། ཀྱེའི་རྡོ་རྗེ་


DTG010_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་འཁོར་དང་བཅས་པ་རྣམས་སྤྱན་དྲངས་ནས་ཚོན་ལ་ཐིམ་པར་བསམ། ཨོཾ་བཛྲ་ཙི་ཏྲཱ་ས་མ་ཡ་ཧཱུཾ། ཞེས་ལན་མང་དུ་བཟླས་ལ། ས་ཚོན་ལ་མཆོད་པ་འབུལ། བྱང་ཤར་མཚམས་ནས། བླ་མའི་རིམ་པ་བཞིན་དུ་ནག་པོ། དཀར་པོ། སེར་པོ། དམར་པོ། ལྗང་གུའི་རེ་ཁཱ་ལྔ་པོ་མཉམ་པོར་མཐོ་གང་དུ་དྲངས་ལ་མཆོད་པ་དབུལ། རེ་ཁཱ་ལ་མེ་ཏོག་སིལ་མ་གཏོར། དེ་ནས་རེ་ཁཱ་འདྲེན་ཁར་བླ་མས་འདི་སྐད་བརྗོད་དོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། ཞེས་སོ། །ཉེས་པ་ཀུན་ལས་རྣམ་གྲོལ་བས། །ཚོན་གྱི་ལས་ནི་ཡང་དག་བརྩམ། །སློབ་དཔོན་གྱིས་ནི་དང་པོ་དབྱེ། །ཕྱི་ནས་ཀུན་དུ་སློབ་མས་སོ། །ཞེས་འབྱུང་ངོ༌། །མཐེ་ཆུང་དང་ནི་མཐེ་བོ་སངས། །དྲང་ལ་འཐོ་བར་ཡང་དག་བྲི། །གལ་ཏེ་རི་མོ་མི་མཉམ་ན། །ཡོ་ཞིང་དམའ་དང་བཅས་པ་དང༌། །རི་མོ་དམའ་བས་མི་འགྲུབ་ཅིང༌། །ཡོན་པོས་གདུང་བ་སྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་དང༌། །གཉིས་ཀ་འཆི་བར་ཤེས་པར་བྱ། །ཞེས་འབྱུང་བས། །ཤིན་ཏུ་གཟབ་པར་བྱའོ། །དེ་ནས་གཞུང་དང་མཐུན་པར་ཚུལ་བཞིན་དུ་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནི་ཚོན་དགྱེ་བའི་རིམ་པའོ།། །།

ཕྱག་རྒྱ་དགོད་པའི་རིམ་པ།


DTG010_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དཀྱིལ་འཁོར་བྲིས་ནས། ད་ནི་ཕྱག་རྒྱ་དགོད་པར་བྱའོ། །དབུས་ཀྱི་ལྟེ་བར་བདུད་བཞི་བསྣོལ་བ་དང༌། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ན་ར་ཀ་པཱ་ལ་རྡོ་རྗེ་རྒྱ་གྲམ་དང་བཅས་པ་དཀར་པོ་བྲི། ཤར་དུ་གྲི་གུག་ནག་པོ་བྲི། ལྷོ་རུ་ཌ་མ་རུ་དམར་སྐྱ། ནུབ་ཏུ་རུས་སྦལ་དམར་སེར། བྱང་དུ་སྦྲུལ་ལྗང་གུ། བྱང་ཤར་དུ་སེང་གེ་དམར་སྔོན། ཤར་ལྷོར་དགེ་སློང་དཀར་པོ། ལྷོ་ནུབ་ཏུ་འཁོར་ལོ་ལྗང་སྔོན། ནུབ་བྱང་དུ་རྡོ་རྗེ་ཁྲ་བོ་རྣམ་པར་དགོད་དོ། །དེ་ལྟར་ཕྱག་རྒྱ་དགོད་ཙམ་ན། ཡང་ལྷ་སོ་སོའི་རང་གི་སྙིང་པོ་བརྗོད་ཅིང་དགོད། བུམ་པ་རྣམ་པ་བརྒྱད་ཀྱང་ཤར་ལ་སོགས་པའི་གནས་སུ་བྲིས་པའམ། དགོད་པར་བྱའོ། །ཕྱག་རྒྱ་དགོད་པའི་རིམ་པའོ། །

གཏོར་མ་འབུལ་བའི་རིམ་པ།


DTG010_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བླ་རེ་དམ་པ་བྲེ་བ་དང༌། གཞན་ཡང་རྒྱན་ཐམས་ཅད་བྲི་ཞིང་དགྲམ་པར་བྱ། ཕྱི་རོལ་དུ་ཕྱོགས་སྐྱོང་གི་གཏོར་མ་རྣམས་


DTG010_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་ལ། ཕྱོགས་སྐྱོང་ས་བོན་ལས་བསྐྱེད་ལ། དེ་ལ་སྤྱན་དྲངས་ལ་བསྟིམས་ལ་བཞག །དེ་ནས་བུམ་པ་རྣམས་ཐོགས་ལ། སྤོས་ཀྱིས་སྣ་དྲངས་ལ་རོལ་མོའི་ཆ་བྱང་སྣ་ཚོགས་ལ། དཀྱིལ་འཁོར་ལན་གསུམ་དུ་བསྐོར་ལ་ཚུལ་བཞིན་དུ་དགོད། ལས་ཐམས་ཅད་པ་བྱང་ཤར་མཚམས་སུ་དགོད། དེ་ནས་དགོངས་ཀའི་དུས་སུ། བླ་མ་རྒྱན་ཆས་དགོད་ཁྲུས་བྱ། ལུས་དྲི་ཞིམ་པོས་བསྒོ། དཀྱིལ་འཁོར་གྱི་འགྲམ་དུ་ཆག་ཆག་གདབ། དེ་ནས་སྟན་བདེ་བ་ལ་འདུག་ལ། ཙཎྜལཱི་དང་ལྷན་ཅིག་བསྒྲུབ་པར་བྱ། མེད་ན་ཏིང་ངེ་འཛིན་གྱིས་བྱ། དེ་ནས་བླ་མ་ལ་ཡན་ལག་དྲུག་དང་ལྡན་པ་ལྷའི་འཁོར་ལོ་ཚུལ་བཞིན་དུ་བསྐྱེད་ལ། དེ་ནས་གཽ་རཱི་ལ་བཀའ་བསྒོ་བ་ལ་ལྷ་རྣམས་སྤྱན་དྲངས་པ་དེ་ལ་མཆོད་པ་རྣམས་འབུལ། དེ་ནས་གཞུག་པ་དང༌། བཅིང་བ་དང༌། དགྱེས་པ་བསྐྱེད་པ་རྣམས་བྱས་ལ། གཉིས་སུ་མེད་པར་བསྟིམ། དེ་ལ་མཆོད་པ་རྣམས་དབུལ་བར་བྱ་སྟེ། པྲོཀྵ་ཎ་དང༌། ཨརྒྷ་དང༌། ཨཉྩ་མཱ་ནཾ་དང༌། བི་དྷི་དང༌། སྤོས་དང༌། མེ་ཏོག་ལ་སོགས་པ་དང༌། ལྷ་མོ་བརྒྱད་ཀྱི་མཆོད་པས་མཆོད། རས་དང༌། ཙནྡན་དང༌། གུར་གུམ་ཆར་དུ་འབབ་པ་དང༌། སྣ་ཚོགས་པའི་མཆོད་པས་མཆོད། དེ་ནས་བདུད་རྩི་མཆོད་པས་ཀྱང་རིམ་བཞིན་དུ་མཆོད། དེ་ནས་བསྟོད་པ་ཉི་ཤུ་པས་ལྷ་རྣམས་ལ་བསྟོད་པར་བྱའོ། །སྣ་ཚོགས་པའི་གླུ་དང་བཀྲ་ཤིས་ཀྱི་གླུའི་རྣམ་པས་ཀྱང་མཆོད། ག་ཎ་ཙཀྲ་ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར། སྨོན་ལམ་གྱི་ཚོགས་བརྗོད། བསྐོར་བ་ལན་གསུམ་བྱས། གཏོར་མ་དགུ་ཡང་འབུལ་ལོ།། །།

སློབ་མ་དཀྱིལ་འཁོར་དུ་གཞུག་པའི་རིམ་པ།


DTG010_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་མར་དབང་བསྐུར་བ་ལ་འཇུག་པར་བྱ་སྟེ། སློབ་མ་འཇུག་པའི་རིམ་པ་བཞིན་དུ། སློབ་དཔོན་རང་ཉིད་དང་ལ་འཇུག་པར་བྱའོ། །དེ་ནས་སྔོན་དུ་བརྟགས་པའི་སློབ་མ་མཚན་དང་ལྡན་པས་འདི་སྐད་བརྗོད་པར་བྱའོ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་གསོལ། །ཞེས་སློབ་དཔོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་


DTG010_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ལུས་ངག་ཡིད་ཀྱི་སྒོ་ནས་ཕྱག་འཚལ་བར་བྱ་སྟེ། ཨོཾ་ན་མཿ་ཏེ་ཧཱུཾ། ན་མཿ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱ་ཧཱ། ཞེས་སོ། །དེ་ནས་སྡོམ་པའི་ཆོ་ག་བརྗོད་དེ་སྦྱིན་པར་བྱ་བ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་ཡིད་འོང༌། །སྡོམ་པ་བརྟན་པར་གྱུར་པ་ཡིན། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་གྲགས་སོ། །སློབ་དཔོན་ཁྱོད་ཀྱིས་གཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་དག་པ་ཡི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བ་པོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སྡོམ་པ་གཟུང་བའོ། །དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ནང་དུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། གང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པ་ནི། །གལ་ཏེ་ཚུལ་འདི་སྨྲ་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །དེ་ནས་ཀ་པཱ་ལའི་ནང་དུ་བདུད་རྩི་ལྔ་དང་ལྡན་པས་དམ་ཚིག་གི་ཆུ་བླུད་པ་ནི། ཀྱེའི་རྡོ་རྗེ་དང་ལྡན་པས་གཟི་མདངས་དང་ལྡན་པར་འདི་


DTG010_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ་བརྗོད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏོ་ཀ་ཋ་ཧཱུཾ། འདི་ནས་བརྩམས་ཏེ་དཔལ་ཧེ་རུ་ཀ་ང་ཉིད་ཡིན་གྱིས་གང་ངས་འདི་བྱོས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ང་ལ་བརྙས་པའི་ལས་མ་བྱེད་ཅིག །བྱས་ན་ཁྱོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྷུང་བར་འགྱུར་རོ། །དེ་ནས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག་ཅེས་བརྗོད་དུ་གཞུག་གོ །སློབ་མ་ལ་བདུད་རྩི་རྣམ་པ་ལྔ་བླུད་ལ། གུ་རུ་འགྱིང་བག་དང་ལྡན་པས་གོ་ཆ་བགོས་ལ། རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། གཙོ་བོ་དང་རྣལ་འབྱོར་མ་རྣམས་བཀུག་ལ་ཤི་ཥྱའི་སྙིང་གར་གཞུག་གོ །བཅུག་པས་སྨྲ་ནུས་པར་འགྱུར་རོ། །ལས་རྣམ་བཞིའི་ཁ་དོག་གང་དང་གང་མཐོང་བ་དེ་དང་དེ་མཐུན་པར་བསྟན་ཏོ། །དེ་ནས་མེ་ཏོག་གི་ཕྲེང་བ་ཐོགས་ལ་པྲ་ཏཱི་ཙྪ་བཛྲ་ཞེས་བརྗོད་ལ་དཀྱིལ་འཁོར་དུ་གཞུག །དེ་ནས་སློབ་མའི་མགོ་ལ་བཅིང་བར་བྱའོ། །དེ་ནས་སློབ་མའི་ལག་པ་ནས་བཟུང་ལ། མིག་དབྱེ་བར་བྱ་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་བྱེད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་བ་ཏྲ་ལཾ་ཧྲི་ཞེས་བརྗོད་ལ་གདོང་གཡོགས་ཕུད་ལ་འདི་སྐད་ཅེས་བརྗོད་དོ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བའི་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཀུན་ནི་མངོན་སུམ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་པ་དང༌། མེ་ཏོག་གང་དུ་ལྷུང་བའི་ལྷ་ངོ་བསྟན། ལྷ་གཞན་ཡང་བསྟན་ཏེ། སྐུ་མདོག་དང་ཕྱག་མཚན་དགོད་པའི་སྐབས་སུ་ཕྱག་མཚན་ཁ་དོག་ལས་ཤེས་པར་བྱས་ལ་བསྟན། ཕྱག་མཚན་ཡང་ཚུལ་བཞིན་དུ་བསྟན་ཏོ། །སློབ་མ་


DTG010_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ་གཞུག་པའི་རིམ་པའོ།། །།

བུམ་པའི་དབང་།


DTG010_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་གཞལ་ཡས་ཁང་གྲུ་བཞིར་བྱུང་བ་ན། ཚད་མེད་པ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །སྒོ་བཞི་ནི་དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །རྟ་བབས་བཞི་ནི་ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །དྲ་བ་ཕྱེད་པ་ནི་ཉོན་མོངས་པ་ཆེན་པོ་རྣམ་པར་དག་པའོ། །དྲ་བ་ནི་ཉོན་མོངས་པ་ཆུ་ངུ་རྣམ་པར་དག་པའོ། །ཀ་བ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་དག་པའོ། །དར་ན་པ་ཏི་ལ་སོགས་པའི་རྒྱན་རྣམས་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་ཉིད་དོ། །འདོད་པའི་ཡོན་ཏན་ལྔ་རྣམས་ནི་གཟུགས་སྒྲ་ལ་སོགས་པ་རྣམ་པར་དག་པའོ། །རྡོ་རྗེ་ར་བ་ནི་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སོ། །མེ་རི་འདི་ནི་ཕྱིན་ཅི་ལོག་གི་བགེགས་ལ་སོགས་པས་མི་ཚུགས་པའི་རྟགས་སོ། །བུམ་པ་བརྒྱད་ནི་ཆེ་བའི་ཡོན་ཏན་གྱིས་རྒྱས་ཤིང་ཐུགས་རྗེ་ཆེན་པོའི་རོས་ཡོངས་སུ་གང་བའི་རྟགས་སོ། །དེ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ནི་རྣམ་པར་ཤེས་པའི་ཕུང་པོ་དང་ཞེ་སྡང་རྣམ་པར་དག་པའི་རང་བཞིན་ནོ། །གཽ་རཱི་ནི་ཞེ་སྡང་དང་གཟུགས་རྣམ་པར་དག་པའི་རང་བཞིན་ནོ། །ཆོམ་རྐུན་མ་ནི་གཏི་མུག་དང་སྒྲ་རྣམ་པར་དག་པའི་རང་བཞིན་ནོ། །རོ་ལངས་མ་ནི་ང་རྒྱལ་དང་དྲི་རྣམ་པར་དག་པའི་རང་བཞིན་ནོ། །གྷསྨ་རཱི་ནི་འདོད་ཆགས་དང་རོ་རྣམ་པར་དག་པའི་རང་བཞིན་ནོ། །པུཀྐ་སཱི་ནི་ཞེ་སྡང་དང་ས་རྣམ་པར་དག་པའི་རང་བཞིན་ནོ། །རི་ཁྲོད་མ་ནི་གཏི་མུག་དང་ཆུ་རྣམ་པར་དག་པའི་རང་བཞིན་ནོ། །གཏུམ་མོ་ནི་ང་རྒྱལ་དང་མེ་རྣམ་པར་དག་པའི་རང་བཞིན་ནོ། །གཡུང་མོ་ནི་འདོད་ཆགས་དང་རླུང་རྣམ་པར་དག་པའི་རང་བཞིན་ནོ། །བདག་མེད་རྣལ་འབྱོར་མ་ནི་ཡབ་དང་མཐུན། དེ་ནི་ལྷའི་རྣལ་འབྱོར་དེ་ཁོ་ན་ཉིད་དོ། །དེ་ནས་སློབ་མས་བླ་མའི་ཞབས་ལ་དད་པས་ཕྱག་འཚལ་ལོ། །ཡོན་གྱི་མཆོག་རྣམས་ཐོགས་ལ་བླ་མ་ལ་ཕུལ་ལ་དབང་ནོད་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །དེ་ལྟར་ཡོན་ཏན་འབྱུང་གནས་སོགས་


DTG010_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་བདག་ལ་སྩོལ་ཅིག །དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །ཅེས་སློབ་དཔོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་འཇུག་པའི་སྒོ་ལྷོ་ཕྱོགས་སུ་པདྨ་བརྒྱད་པ་བྲིས་པའི་སྟེང་དུ་སེང་གེའི་ཁྲི་བཤམས་ལ། དེའི་སྟེང་དུ་སྣ་ཚོགས་པདྨའི་སྟན་བཏིང་ལ། གཉིས་སུ་མེད་པའི་བློ་དང་ལྡན་པའི་སློབ་མ། བླ་མ་ལ་གུས་ཤིང་གཏོང་སེམས་ཆེ་བ་དེ་གཞག་པར་བྱའོ། །དཀྱིལ་འཁོར་གྱི་ལྷ་ལ་འབད་དེ་ཅི་ནུས་པས་མཆོད་ལ། སློབ་མའི་སྟེང་དུ་གདུགས་དཀར་པོ་བཟུང་ལ། མེ་ཏོག་ཆུ་ལ་སོགས་པ་དབང་བསྐུར་བ་བརྩམ་པར་བྱའོ། །དེ་ཡང་དང་ལ་ཡུངས་ཀར་དང་བདུད་རྩི་ལྔའི་ཆུས་བདག་ཉིད་གཟི་བརྗིད་བཅས་པས་གཏོར་ཞིང་སྔགས་བརྗོད་དེ། དབང་བསྐུར་བའི་བར་དུ་གཅོད་པའི་བགེགས་བསྐྲད་པར་བྱའོ། །ར་བ་དྲ་བ་གུར་ལ་སོགས་པ་ཡང་བྱའོ། །དེ་ནས་སློབ་མ་ཁྲུས་བྱས་ལ་གོས་བཟང་པོ་གོན་ལ་ཁྲི་ལ་བཞུགས་པས། སྙིམ་པ་མེ་ཏོག་གིས་བཀང་ལ་དཀྱིལ་འཁོར་ལ་གཏོར་བར་བྱའོ། །སྔགས་ཨོཾ་པྲ་ཏཱི་ཙྪ་བཛྲ་ཧོ་ཞེས་བརྗོད་ལ་གཏོར་རོ། །དེ་ནས་མེ་ཏོག་ལྷུང་བ་བླངས་ལ་སློབ་མའི་མགོ་ལ་བཅིངས་ལ། ཨོཾ་དྷརྨཱ་ཀུནྡྷ་ཨ་བྷི་ཥིཉྩ་ཞེས་བརྗོད་དོ། །དེ་ནས་པདྨའི་ལག་པ་གཉིས་ཀྱིས། སྔགས་པས་བུམ་པ་རྣམས་བཏེག་ལ། སློབ་མའི་མགོ་ལ་གཏུགས་ཏེ། ཨོཾ་བཛྲ་ཨ་གྷི་ཥིཉྩ་མི་ཏྭཾ། ཞེས་པའི་སྔགས་བརྗོད་ལ་དབང་བསྐུར་རོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་བཏེག་ལ་དྲིལ་བུའི་སྒྲ་བསྒྲགས་ལ་གླུའི་རྣམ་པ་བླངས་ལ་ཆུའི་དབང་བསྐུར། སྔགས་གོང་མ་བརྗོད། དེ་ལྟར་ཆུའི་དབང་བསྐུར་བས། རྣམ་པར་རྟོག་པའི་སྡིག་སྒྲིབ་ཐམས་ཅད་མེད་པར་བསམ་མོ། །གསེར་ལ་སོགས་པ་ལས་བརྡུངས་པ་དང༌། བ་སོ་ལས་འབུར་དུ་བརྐོས་པ་དང༌། ཐང་ཀ་ལ་སོགས་པའི་རི་མོར་བྲིས་པ་དང༌། གོས་ཀྱི་རྣམ་པ་སྣ་ཚོགས་པ་གང་ཡང་རུང་བ་ལ། དེ་ཉིད་མི་དམིགས་པར་བྱས་ལ། ཨཾ་ལས་རཏྣ་སཾ་བྷ་བ་བསམས་ལ། དེ་ལ་ཡེ་ཤེས་སེམས་དཔའ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དགྱེས་པར་བྱས་ཏེ། བསྟིམ་ལ་


DTG010_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དབུལ། འཛབ་ཅི་ནུས་ཀྱང་བྱས། དེ་ནས་བསྟོད་པ་བྱ། སྲིད་པ་རང་བཞིན་གྱི་ཚིག་བརྗོད། དེ་ལྟར་བྱས་པས་གཞན་ལ་བསྟིམས་པ་དང༌། མཆོད་པ་འཛབ་དང་བསྟོད་པ་དང༌། སྲིད་པ་རང་བཞིན་གྱི་ཚིག་བརྗོད་པ་ཀུན་འདྲེ་ཀུན་ལ་བྱ། དེ་ལ་ཅོད་པན་གྱི་གཟུགས་སུ་གྱུར་པ། དར་དཔྱངས་གཉིས་ཐོགས་ལ། འདི་སྐད་ཅེས་བརྗོད་དེ་སྦྱིན་པར་བྱའོ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡིས། །རིན་ཆེན་དག་གི་དབུ་རྒྱན་དང༌། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། ཨོཾ་བཛྲ་པཊྚ་ཀ་བཛྲ་ཨ་རལླི་ཧོ། །ཞེས་བརྗོད་དེ་སྦྱིན་ནོ། །དེ་ནས་རྡོ་རྗེ་མདུན་དུ་བཞག་ལ། དེ་ཉིད་མི་དམིགས་པ་ལས། ཛཾ་ལས་པདྨར་གྱུར་པ་ལས་སྣང་བ་མཐའ་ཡས་སུ་བསྐྱེད་ལ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སློབ་མའི་སྙིང་གར་བཞག་ལ་འདི་སྐད་བརྗོད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་རྒྱལ་པོ་དང༌། །མཁའ་འགྲོ་རྣམས་ཀྱི་དབང་མཆོག་ཉིད། །དི་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་ཏིཥྛ་པཱི་ར་ས་མ་ཡ་སྟྭཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད་ལ། ལག་པ་གཡས་པར་སྦྱིན་ནོ། །རྡོ་རྗེའི་དབང་བསྐུར་བའོ། །དེ་ནས་དྲིལ་བུ་མདུན་དུ་བཞག་ལ། དེ་ཉིད་མི་དམིགས་པ་ལས། ཁཾ་དང་རལ་གྲི་དང་དོན་ཡོད་གྲུབ་པ་རྣམས་ལས་བྱུང་བ་དྲིལ་བུ་ལག་པ་གཡོན་པར་བྱིན་ལ་འདི་སྐད་བརྗོད་དོ། །འདི་ནི་རྣལ་འབྱོར་མ་ཀུན་གྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཤད། །སྲིད་པ་ངོ་བོ་ཉིད་དག་པ། །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་སྟྭ་ཏྭཾ་ས་མ་ཡ་ཨ་བྷི་ཥི་ཉྩཱ་མི་ཞེས་བརྗོད་ལ་ལག་པ་གཡོན་པར་སྦྱིན་ནོ། །དྲིལ་བུའི་དབང་བསྐུར་བའོ། །དེ་ལྟར་དྲིལ་བུ་བྱིན་ལ་ཕྱག་རྒྱ་ཆེན་པོ་དང་ལྡན་པར་བསམས་ལ། དེ་ལ་སྔགས་ཀྱིས་དབང་


DTG010_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བའི་མིང་གདགས་པར་བྱ་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥི་ཉྩཱ་མི། ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཞེས་བརྗོད་ལ་ཤྲཱི་སྒྲ་དང་བཅས་པར་པདྨའི་མཐར་ཐུག་པའི་མིང་གི་དབང་བསྐུར་རོ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་ཕྱག་ན་བསྣམས། །ཁྱེད་ཀྱིས་རྟག་ཏུ་བཅང་བར་བགྱི། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །རྡོ་རྗེ་རྩེ་མོ་འཛིན་དུ་བཅུག་ལ་སྔགས་འདི་བརྗོད་དོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏི་ཥྛ་ཨེ་ཥ་ཏྭཾ་དྷཱ་ར་ཡ་མི་ཧཱུཾ། ཧ་ཧ་ཧ་ཧ་ཧོ་ཞེས་བརྗོད་ལ་ལག་པ་གཡས་པས་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་སྦྱིན་པར་བྱའོ། །ཨ་ལས་བྷནྡྷར་གྱུར་པར་བསྒོམ། ཨོཾ་ལས་གྲི་གུག་ཏུ་གྱུར་པར་བསྒོམས་ལ་འདི་སྐད་བརྗོད་དོ། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་པ་ཡི་ཌ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེ་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་པ། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །གྲི་གུག་དང་ནི་ཀ་པཱ་ལ། །དཔའ་བོ་ཆེན་པོས་བླང་བར་གྱིས། །གྲི་གུག་དང་ཐོད་པས་དབང་བསྐུར་རོ། །དེ་རྣམས་དང་ལྡན་པའི་སློབ་མ་ནི། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། དྲག་པོ་དང༌། རེངས་པ་དང༌། བསྐྲད་པ་དང༌། རྨོངས་པར་བྱས་པ་དང༌། གསོད་པ་ལ་སོགས་པ་དང༌། དེ་རྣམས་ལ་ཐོགས་པ་མེད་པར་གྲུབ་པར་བྱོས་ཤིག །མཆིལ་ལྷམ་བགོ་བ་དང༌། ཆར་དབབ་པ་དང༌། ཉི་ཟླ་གཟུང་བ་ལ་སོགས་པ་མཁའ་འགྲོ་མའི་དངོས་གྲུབ་ཐམས་ཅད་ཅི་དགའ་བར་འགྲུབ་པར་གྱིས་ཤིག །དེ་ནི་རྗེས་སུ་གནང་བ་སྦྱིན་པའོ། །མེ་ཏོག་ལ་སོགས་པ་ནས་གྲི་གུག་དང་ཐོད་པའི་དབང་བསྐུར་བ་ཡན་ཆད་ཀྱིས་ནི་ལུས་དག་པར་བྱེད་པ་ཡིན་པས་ན་སྐུའི་དབང་ཞེས་བྱའོ། །འབྲས་བུ་ནི་གང་དང་གང་སྐལ་བ་མཉམ་པ་ཡིན་ཞེ་ན། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པ་ཡིན་ནོ།། །།

གསང་བའི་དབང་།


DTG010_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མེ་ཏོག་ལ་སོགས་པའི་དབང་ཐོབ་པས། བླ་མས་གསང་བའི་དབང་བསྐུར་བ་བསྒྲུབས་པའི་གནས་དེ་ཉིད་དུ་མི་མེད་ཅིང་དབེན་པར་བྱས་ཏེ། ཡོལ་བས་བར་དུ་བཅང་ལ། མཎྜལ་གྲུ་བཞི་པ་བྱས་ལ། དྲི་ཞིམ་པོ་དང་བདུད་རྩིས་ཆག་ཆག་བཏབ་པ་དེར། མེ་ཏོག་སིལ་མ་བཀྲམ། སྟན་སྣ་ཚོགས་པ་


DTG010_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་བཏིང་ལ། སློབ་མས་ཤེས་རབ་མ་མཚན་དང་ལྡན་པ་བླ་མ་ལ་ཕུལ་ལ། འདི་སྐད་གསོལ་བ་གདབ་པར་བྱ་སྟེ། ཁྱོད་ནི་ཧེ་རུ་ཀ་དཔལ་ཏེ། །བདེ་གཤེགས་རྣམས་ཀྱིས་བདེ་སོགས་མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་པར་དག །ཇི་ལྟར་དེ་ཉིད་བདུད་རྩི་ཡིས། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡི། །སྡུག་བསྔལ་རྣམས་ནི་བསལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །རབ་རིབ་ཉེས་པའི་དྲི་མ་འཇོམས། །གང་ནི་བྱང་ཆུབ་བླ་མེད་པ། །དེ་རིང་བདག་གིས་ཐོབ་པར་མཛོད། །ཅེས་བརྗོད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་ཤེས་རབ་མ་བདག་མེད་མར་བསྐྱེད་ལ། དེ་ལ་གོ་ཆ་དང་བྱ་བ་དང༌། གནས་གསུམ་དུ་ཡང་ལྷ་གསུམ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་བཀུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། རྗེས་སུ་དགྱེས་པ་བྱས་ཏེ་བསྟིམས་ལ། མི་བསྐྱོད་པས་དབུ་བརྒྱན་ཏེ། འདི་སྐད་བརྗོད་དོ། །མཁའ་གསང་བྱིན་གྱིས་བརླབས་ཏེ། ཨོཾ་པདྨ་སུ་ཁ་དྷཱ་ར་མ་ཧཱ་རཱ་ག་སུ་ཁཾ་ད་ད་ཙ་ཏུར་ཨཱ་ན་ནྡྱ་བྷ་ག་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀ་ཪྻཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་ད་ཤ་ཙ་ཏུ་ར་ཨཱ་ནནད་ད་མ་ཀ་ཁ་ག་མུ་ཁེ་ཀ་རཱ་ཤོ་ནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀཪྻཾ་ཀུ་རུ་ཥྭ་མེ། ཞེས་བརྗོད་པས། ཉེས་པ་མེད་དེ་རྣམ་པར་དག་པར་བསམ་མོ། །དེ་ནས་སྙོམས་པར་འཇུག་པར་བྱ་སྟེ། མི་བསྐྱོད་པ་མཛད་ཅིང་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟེ་བའི་ཧཱུཾ་ལས་འོད་འཕྲོས་པས་ཕྱོགས་བཅུར་བཞུགས་པ་རྣམས་སྤྱན་དྲངས་ནས། ཐུགས་ཀར་ཐིམ་པ་ལ་སོགས་པ་རྣམས་བྱས་ནས། བྱང་ཆུབ་ཀྱི་སེམས་འབར་བ་བོ་ལའི་སྐེར་ཕྱིན་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། ཆགས་པའི་རྡོ་རྗེའི་རང་བཞིན་ཡིན་ནོ་བར་ང་རྒྱལ་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་བོ་ལའི་སྐྱེར་མཐེབ་སྲིན་གྱིས་མནན་ལ། སློབ་མའི་བུ་གར་འདྲེན་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཨུ་པ་སུ་མནྡྲ་བལྟ་བར་བྱོས། ཨ་ཧོ་སུ་ཁ་ཞེས་བརྗོད། སློབ་མས་བདེ་བ་ཅན་ཆེན་པོའི་དཔལ་ཧེ་རུ་ཀ་བདག་ཉིད་དོ་ཞེས་བརྗོད། བསྐུར་ཏེ་འཐུང་བའི་རྟིང་ལ་བརྗོད། དེའི་རྡོ་རྗེའི་


DTG010_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱིས་རེག་པ་དེས་ནི་ངག་གི་ཉེས་པ་དང༌། རྣམ་པར་རྟོག་པ་ཐམས་ཅད་སེལ་བར་བྱེད་པས་ན། གསུང་གི་དབང་ཞེས་བྱའོ། །དེ་ནས་འབྲས་བུ་གང་དང་གང་སྐལ་བ་མཉམ་པར་འགྱུར་ཞེ་ན། ས་བཅུ་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པར་འགྱུར་རོ། །ས་བཅུ་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པར་དེ་ལ་ལུང་བསྟན་པར་བྱ་སྟེ། བླ་མས་ཆོས་གོས་གྱོན་ལ་ལག་པ་གཡོན་པས་ཆོས་གོས་ཀྱི་ཐ་མ་ཆང་པར་བཅུག་ལ་འདི་སྐད་བརྗོད་དོ། །འདི་ལྟར་ངས་ཡོངས་སུ་བསྟན་ཏེ། ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཤྲཱི་ཧེ་རུ་ཀ་ན་མཿ་སརྦ་ཏ་ཐཱ་ག་ཏ་ཧི། སིདྡྷ་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ་ཞེས་བརྗོད་དོ། །དོན་ཡོད་གྲུབ་པའི་ཕྱག་རྒྱར་གནས་པ་དང༌། །དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་དོ། །ལུང་བསྟན་པའོ། །ཁམས་གསུམ་གྱི་བདག་པོར་གྱུར་པ་དང༌། རྒྱལ་བ་རྣམས་ཀྱི་བདག་པོར་གྱུར་པ་དང༌། ཕྱིན་ཅི་ལོག་གི་བདུད་དང་མུ་སྟེགས་ལ་སོགས་པ་ལས་རྒྱལ་བ་དང༌། མྱ་ངན་ལས་འདས་པའི་གྲོང་ཁྱེར་དམ་པར་འཇུག་པ་སྟེ། འདི་ཉིད་ཀྱིས་སངས་རྒྱས་ཐོབ་པར་འགྱུར་གྱིས། ཐེ་ཚོམ་དང་ཡིད་གཉིས་ལ་སོགས་པ་མ་བྱེད་ཅིག །གཞན་ཡང་བླ་མ་དམ་པས་དབང་བསྐུར་བ་ཙམ་གྱིས་ཇི་ལྟར་བསམས་པ་ལྟར་སློབ་མ་རྣམས་ཀྱིས་འགྲུབ་པར་འགྱུར་རོ། །དེའི་དབུགས་དབྱུང་བའོ།། །།

ཤེས་རབ་ཡེ་ཤེས་ཀྱི་དབང་།


DTG010_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་བརྩམ་པར་བྱ་སྟེ། དེ་ལ་ཡང་གཉིས་ཏེ། ཤེས་རབ་ཀྱི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ལ་ཤེས་རབ་ཀྱི་དབང་ནི་གཞོན་ནུ་མ་ལོ་གྲངས་གོང་མ་དང་མཐུན་པ་བླ་མ་ལ་ཕུལ་ལ། མཎྜལ་ཆག་ཆག་ལ་སོགས་པ་གོང་མ་དང་མཐུན་པར་བྱའོ། །དེ་ནས་བླ་མས་ཤེས་རབ་མ་བྱིན་གྱིས་བརླབ་པ་སྔོན་དང་མཐུན་པར་བྱས་ལ། བླ་མས་ཤེས་རབ་མ་དང་སློབ་མ་ལ་བསྒོ་བ་བྱ་སྟེ། ཁྱོད་ཀྱིས་འདོད་ཆགས་ཀྱང་སྤང་དུ་མི་རུང་སྟེ། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང༌། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པ་མཛད་པ་ལས་ཡེ་ཤེས་


DTG010_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་སྐྱེས་ཏེ། མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། ཁྱོད་ཀྱིས་ཀྱང་འདོད་ཆགས་སྤང་དུ་མི་རུང་སྟེ། གཉིས་སུ་མེད་པའི་རོལ་པ་གྱིས་ཤིག །ཡེ་ཤེས་སྐྱེ་བར་འགྱུར་གྱིས་ཞེས་བརྗོད་དེ་བསྒོའོ། །བླ་མས་ཡང་འདི་སྐད་བརྗོད་དེ། ཁྱོད་ཀྱིས་ནུས་སམ་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུ་བཟའ་བཏུང་ཡིན། །རཀྟ་ག་པུར་མ་ཤ་དང༌། །བུད་མེད་མོས་པས་དང་ནུས་སམ། །བྷ་གར་འོ་བྱེད་མི་རྟོག་གམ། །སྤྲོས་ཤིང་རྡོ་རྗེ་བདེ་བ་ཅན། །དེ་ནས་ཡང་སློབ་མ་དང་ཤེས་རབ་གཉིས་ཀྱིས། ནུས་པའི་ཚིག་འདི་བརྗོད་དོ། །ལྷ་མོ་ཅི་ཕྱིར་བདག་མི་ཐེག་དྲི་ཆེན་ས་བོན་སོགས་ཟ་ཞིང༌། །ཤེས་རབ་ཡང་དག་དད་པར་བགྱིས། །བྷ་ག་ལ་ཡང་འོ་བགྱིད་དོ། །ཞེས་བརྗོད་དོ། །དེ་ནས་ཤེས་རབ་གཅེར་བུར་ཕྱུང་ལ། ཁྲུས་བྱས་ལ་དྲི་ཞིམ་པོས་བྱུགས་ལ། མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས་ནས། ལག་པ་གཉིས་ཀྱིས་གྲྭ་གཉིས་ནས་གཟུང་སྟེ། ཁ་ཕྱེ་ལ་ཤེས་རབ་མས་འདི་སྐད་བརྗོད་དོ། །རྨད་ཆེན་ང་ཡི་པདྨ་ཡིན། །བདེ་བ་ཐམས་ཅད་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་འདི་ལ་སྤྱོད། །འདི་དང་ནམ་ཡང་མི་འབྲལ་ལོ། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་རྣམ་པར་གྲོལ། །ཁྲག་འཐུང་རྒྱལ་པོ་འདི་ཉིད་ནི། །རང་བཞིན་ཐམས་ཅད་འདི་ལ་གནས། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ལ་ཞུགས་རབ་ཏུ་གསུངས། །བྷ་གའི་ནང་དུ་ནམ་མཁའ་བཞིན། །འབྱུང་བ་ལྔ་པོ་རྒྱན་བཞིན་ཆོངས། །ལྟེ་བ་ལ་ནི་གེ་སར་བཅས། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །དེ་ཡི་དབུས་ནས་འབྱུང་བ་ཡིན། །དེ་ཉིད་བདུད་རྩི་ཤུ་ཀྲ་གཟུགས། །བྷ་ཉྫ་མོ་ཀྵ་ཧོ་ཞེས་ཤེས་རབ་མས་བརྗོད་དོ། །དེ་ནས་བླ་མས་ཤི་ཥྱའི་ལག་པ་དང༌། ཤེས་རབ་མའི་ལག་པ་གཉིས་སྟེང་འོག་ཏུ་བཞག་ལ། ཤེས་རབ་མ་འདིས་ཁྱོད་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པ་ཡིན་པས། འདི་དང་ཁྱོད་རྟག་ཏུ་མི་འབྲལ་བར་འགྲོགས་ཤིག་ཅེས་བརྗོད་པ་དེ་ཁོ་ན། ཤེས་རབ་ཀྱི་དབང་ཡིན་ནོ།། །།

དབང་བཞི་པ།


DTG010_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཤི་ཥྱ་ཤེས་རབ་མ་དང་གཉིས་ཡོལ་བའི་ནང་དུ་འདུག་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་སློབ་མས་ནོད་པར་བྱའོ། །དེ་ནས་ཤེས་རབ་དེ་ལ་ཤི་ཥྱས་གློ་


DTG010_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་ལ་ཕབ་ནས་ཉལ་ལ། དགའ་བའི་གཏམ་བྱ། གནས་དགུར་སེན་མོས་གདབ་པར་བྱ་སྟེ། གཡོན་པའི་ལག་པ་གཡོན་པའི་འོག་ཏུ་འདུག་པས་པདྨའི་ནང་གི་བྱེའུ་མགོ་འདྲ་བ་ལ་གླང་པོ་ཆེའི་ལག་པས་བྲུད་པ་ལ་སོགས་པ་བྱའོ། །དེ་ནས་ལྕེས་ཀྱང་རོལ་མོ་ཡང་ཡང་དུ་བྱས་ལ། པདྨ་རྒྱས་སུ་བཅུག་ལ། དེ་ནས་ཤེས་རབ་མ་དང་གཉིས་སྦྱོར་བ་བྱས་ཏེ། དལ་བུ་དལ་བུས་བསྐྱོད་པ་ལ། བྱང་ཆུབ་ཀྱི་སེམས་བོ་ལའི་སྐེར་ཕྱིན་པ་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་ཏེ། ཇི་ཙམ་གནས་ཀྱི་བར་དུ་བསྒོམ་མོ། །དེ་ནས་མ་ཐུབ་ན་ཀཀྐོལར་ཕྱུང་ལ། དེ་ཉིད་ཀྱེའི་རྡོ་རྗེའི་རང་བཞིན་ཡིན་པས་ལྕེས་བླང་ངོ༌། །དེ་ཡང་རྒྱུད་ལས། ལག་པས་བླང་བར་མི་བྱ་ཞིང༌། །ཉ་ཕྱིས་ཀྱིས་ཀྱང་མི་བྱ་སྟེ། །དུང་ལའང་གཞག་པར་མི་བྱའོ། །བདུད་རྩི་ལྕེ་ཡིས་བླང་བར་བྱ། །ཞེས་འབྱུང་བས། ཀ་སྐོ་ལ་ནས་ལྕེ་ཁོ་ནས་བླང་བར་བྱའོ། །དེ་ནི་ཤེས་རབ་མའི་ཀཀྐོལ་ནས་ཡེ་ཤེས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བླངས་ཏེ། ཟོས་པས་ན་ཤེས་རབ་དབང་ཞེས་བྱའོ། །དེ་ལ་དགའ་བ་རྣམ་པ་བཞི་ནི་དགའ་བ་དང༌། ཡང་དག་པའི་དགའ་བ་དང༌། རང་བཞིན་གྱིས་དགའ་བ་དང༌། ཆད་པའི་དགའ་བ་དང་བཞིའོ། །དེ་ལ་དགའ་བ་ནི་འབའ་རྩ་བྱ་བ་ནས། བོ་ལའི་རྩར་ཕྱིན་གྱི་བར་དུའོ། །ཡང་དག་པའི་དགའ་བ་ནི། དཀྱིལ་དུ་ཕྱིན་པ་ཙམ་མོ། །རང་བཞིན་གྱི་དགའ་བ་ནི་བོ་ལའི་སྐེར་ཕྱིན་པ་ལ་བྱ་སྟེ། དེ་ནི་མི་རྟོག་པ་བསྐྱེད་པའོ། །འོན་ཏེ་གང་དུ་དགོས་པ་ཡིན་ཞེ་ན། སྨྲས་པ། འཁོར་ལོ་བཞིའི་རང་བཞིན་དང་མཉམ་པར་བྱེད་དོ། །འོ་ན་འཁོར་ལོ་བཞི་དང་དགའ་བཞིར་ཇི་ལྟར་སྦྱར་བ་ནི་གསུམ་ལས་མེད་དེ། ཆད་པའི་དགའ་བ་ནི་གྲངས་སུ་མི་འགྲོ་ཞེས་སོ། །སྨྲས་པ་ཆད་པའི་དགའ་བ་གྲངས་སུ་འགྲོ། །ཅིའི་ཕྱིར་དགའ་བ་ཆེན་པོ་མེད་ཀྱང༌། སྐད་ཅིག་མའི་དགའ་བ་གྲངས་ཡོད་པས་མི་འགལ། རྒྱུད་ལས་ཀྱང་དགའ་བ་བསྟན་པས་འཁོར་ལོ་བཞི་དང་སྦྱར་བ་མི་འགལ་ལོ་ཞེས་བྱ་བ་ལ་སོགས་པ་ནས་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་ནོ། །དེས་ནི་ཡིད་ཉེས་པ་ཐམས་ཅད་དག་པར་བྱེད་པ་ཐུགས་ཀྱི་དབང་ཞེས་བྱའོ། །དེ་ལ་འབྲས་བུ་གང་དང་གང་སྐལ་བ་མཉམ་པར་འགྱུར་ཞེ་ན།


DTG010_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་སངས་རྒྱས་དང་འདི་ལྟ་བུའི་དབང་ཐོབ་པའི་རྣལ་འབྱོར་པ་སྐལ་བ་མཉམ་པར་འགྱུར་རོ། །དེ་ནས་དེའི་ཚེ་དམ་ཚིག་རྣམས་ཡང་དག་པར་དབོག་པར་བྱའོ། །

སྦྱིན་སྲེག་གི་རིམ་པ།


DTG010_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀྱིལ་འཁོར་གྱི་ས་ལ་ཞི་བའི་སྦྱིན་སྲེག་བྱ་སྟེ། གཞན་ལས་ཤེས་པར་བྱའོ། །འདིར་མ་བཀོད་དོ། །

སློབ་དཔོན་གྱི་ཡོན་དབུལ་བའི་རིམ་པ།


DTG010_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གསེར་དང་དངུལ་དང༌། ནོར་བུ་རིན་པོ་ཆེ་དང༌། བྱི་རུ་དང༌། མུ་ཏིག་དང༌། ཀཱ་རཱ་པ་ཎ་དང༌། གླང་པོ་ཆེ་དང༌། མ་ཧེ་དང༌། ཤིང་རྟ་ནོར་དང་བཅས་པ་དང༌། ཡིད་ལ་གཅེས་པ་ཡོན་གྱི་མཆོག་རྣམས་བླ་མ་ལ། བླ་མའི་ཞབས་ལ་ཕྱག་འཚལ་དབུལ་ལོ། །འདི་ནས་བརྩམས་ཏེ་བླ་མའི་ཞབས་ཀྱི་བྲན་དུ་བདག་མཆིའོ། །བདག་གི་ལུས་ཀྱང་བཞེས་སུ་གསོལ་ཞེས་བརྗོད་དོ། །སློབ་དཔོན་གྱིས་ཀྱང་རང་གི་སློབ་མ་བྱང་ཆུབ་ཏུ་བསྒྲུབས་ལ་དགའ་བའི་ཕྱིར། མོས་པ་དང་འབྱོར་པ་ཆེའོ་ཞེས་གཏམ་བྱའོ། །དད་མོས་ཆེ་བའི་སློབ་མ་ཡིས། །དང་པོ་ཡོན་ནི་དབུལ་བར་བྱ། །དད་མོས་མེད་པའི་སློབ་མ་ཡིས། །དངོས་གྲུབ་ཐོབ་པར་མི་འགྱུར་རོ། །སློབ་དཔོན་གྱི་ཡོན་དབུལ་བའི་རིམ་པའོ། །

དཀྱིལ་འཁོར་བསྡུ་བའི་རིམ་པ།


DTG010_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀྱིལ་འཁོར་ལ་གླུ་དང་གར་ལ་སོགས་པ་དང༌། རོལ་མོའི་ཆ་བྱད་མང་པོ་ཐོགས་ལ་བསྐོར་བ་ལན་གསུམ་བྱ། ཕྱག་བྱ། ཕྱོགས་སྐྱོང་ལ་གཏོར་མ་གཏང༌། སྨོན་ལམ་གྱི་ཚིག་བརྗོད། དེ་ནས་ཚོན་ལ་སོགས་པའི་དངོས་པོ་རྣམས་ལ། ནང་པར་ཐོ་རངས་བསྡུ་བར་བྱ། བསྡུས་ནས་གསེར་གྱི་བུམ་པར་བླུགས་ལ། ཆུ་ཆེན་པོར་བོར་བར་བྱ། བུམ་པ་ཐམས་ཅད་ཀྱང་ཆུ་ཆེན་པོར་བསྐྱལ། བུམ་པ་བཀྲུ། སྔོན་བཞིན་དུ་ག་ཎ་ཙ་ཀྲའི་ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར། གླུ་གར་གྱི་རྣམ་པ་བརྗོད། དེ་ནས་བདུད་རྩི་ལྔ་དང༌། ཙནྡན་དང༌། གུར་ཀུམ་དང༌། བའི་ལྕི་བ་རྣམས་སྦྱར་ལ། ས་ལ་བྱུགས་པ་བྱས་ནས་ཚོན་དང་ཐིག་མི་མངོན་པར་བྱའོ། །བཅོམ་ལྡན་འདས་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པ། ཆོ་ག་རྒྱས་པར་མཛད་པ་མ་ནོར་བ་རྫོགས་སོ།། །།སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་རྫོགས་སོ།། །རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།