ས་བརྟན་པར་གཟུང་བ།


DTG010_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ས་བརྟན་པར་གཟུང་བ་ནི། ས་ཁུང་ན་ཕྱི་དེ་ཞག་གི་སྔ་དྲོ་དང་པོ་ལ་སྔར་གྱི་མཎྜལ་ལ་ཞལ་བཤལ་ལ། དེ་རུ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དམིགས་ལ། ཕྱི་ནང་གི་མཆོད་པ་བྱ་སྟེ། ཕྱོགས་སྐྱོང་རྣམས་ལ་གཏོར་མ་བྱིན་ལ་འདི་སྐད་བརྗོད་དོ། །ས་འདི་ཙམ་ཞིག་ཁུགས་ན་དགྱེས་པ་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་བྱེད་ཀྱིས། ཁྱེད་རྣམས་སེམས་མི་ནུར་ཞིང་བགེགས་མེད་པ་དང༌། གྲོགས་ཀྱིས་ཤིག་ཅེས་བསྒོ་བར་བྱའོ། །དེའི་འོག་ཏུ་ཕྱོགས་ཐམས་ཅད་ནས། རྫོགས་པའི་སངས་རྒྱས་ཇི་སྙེད་བཞུགས། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དག །བདག་དང་ཆེ་གེ་མོ་ཞིག་གི །དོན་དུ་བརྟན་པར་བཞུགས་ནས་ནི། །མངོན་ཤེས་ཅན་གྱི་མཆོད་ཡོན་བཞེས། །ཞེས་ལན་གསུམ་བརྗོད་དེ་གསོལ་བ་གདབ་པར་བྱའོ། །ཀྱེ་བཅོམ་ལྡན་འདས་བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། བྱིན་གྱིས་བརླབ་ཅིང་བརྟན་པར་བཞུགས་སུ་གསོལ་ཞེས་བརྗོད་དོ། །གལ་ཏེ་དགའ་བའི་ས་གཞི་རྨི་ལམ་དུ་མ་ཁུགས་ན། ཁྲོ་བོའི་ང་རྒྱལ་བྱས་ལ་མངོན་སྤྱོད་ཀྱི་སྦྱིན་སྲེག་བྱས་ཏེ་བགེགས་བསྐྲད་པས་སྔ་མ་བཞིན་དུ་བྱའོ། །དེ་ནི་གཞི་བརྟན་པར་གཟུང་བའོ། །