བགེགས་བསྐྲད་པ།


DTG010_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བསྐྲད་པ་ནི། ཧྲཱིཿ་གསུམ་བརྗོད་ལ་སློབ་དཔོན་ཕྱིར་བྱུང་སྟེ། དབང་ལྡན་གྱི་མཚམས་སུ་འདུག་ལ། བདག་གི་སྙིང་གནས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་ལས་སྤྲུལ་པ་བྱུང་བས་ནམ་མཁའ་ཁྱབ་པར་བསམས་ཏེ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཁྱེད་རྣམས་ཀྱིས། བདག་དང་སློབ་མར་བཅས་པ་ལ་བྱིན་གྱིས་བརླབ་ཅིང་བསྲུང་བའི་ཕྱིར་བཞུགས་སུ་གསོལ་ལོ་ཞེས་བརྗོད་ཅིང་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་རྡོ་རྗེའི་དབུས་སུ་བཅུག་ལ་བདག་དང་གཅིག་ཏུ་གྱུར་བར་བསམས་ཏེ། རང་གི་ལུས་དགྱེས་པ་རྡོ་རྗེའི་ང་རྒྱལ་བྱ་སྟེ། ཧཱུཾ་བརྗོད་ཅིང་སེམས་དཔའི་སྐྱིལ་ཀྲུང་ཕྱེད་པ་ལ་གནས་ནས། མིག་གཡོན་པར་ཊ་ལས་ཟླ་བའི་དཀྱིལ་འཁོར་བསམ། གཡས་པར་མ་ལས་ཉི་མའི་དཀྱིལ་འཁོར་བསམ། འབྲས་བུ་གཉིས་ལས་ཧཱུཾ་ཤིན་ཏུ་གཡོ་བ་བསྐལ་བའི་མེ་ལྟར་འབར་བ་ལས་རྡོ་རྗེའི་མིག་བྱའོ། །དེ་ནས་གཡས་པར་རྡོ་རྗེ་གསོར་ཞིང༌། གཡོན་པར་དྲིལ་བུ་དཀྲོལ་ཞིང་དཀུར་བཟུང་ལ། མགོ་དང་མིག་གཡོན་དུ་ཅུང་ཟད་བཏུད་དེ། རྐང་མཐིལ་གཉིས་སུ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་དུ་བསམས་ལ། བྱང་ཤར་དུ་གནས་ཏེ་འདི་སྐད་བརྗོད་དོ། །ཉོན་ཅིག་བགེགས་ཚོགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ལ་གནས་པ་རྣམས། །དཔལ་སོགས་དགྱེས་རྡོར་དག་གིས་ནི། །སྲུང་བའི་འཁོར་ལོ་བྱེད་པའོ། །རྡོ་རྗེ་འབར་བའི་གཟུགས་འདི་ཡིས། །གལ་ཏེ་གང་གིས་དམ་ཚིག་འདས། །འདོད་གསུམ་བསྐྱེད་བྱ་གསད་བྱ་སྟེ། །ཚལ་བར་འགས་པ་གདོན་མི་ཟ། །ཞེས་བརྗོད་ལ་གཡས་བརྐྱང་དང༌། གཡོན་བརྐྱང་ལ་སོགས་པའི་སྟང་སྟབས་ཀྱིས་དཀྱིལ་འཁོར་ལ་ལན་གསུམ་དུ་ཧཱུཾ་བརྗོད་ཅིང་བསྐོར་བར་བྱའོ། །དེ་ནི་བགེགས་བསྐྲད་པའི་རིམ་པའོ། །