སའི་ལྷ་མོ་སྟ་གོན་ལ་གནས་པ།


DTG010_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སའི་ལྷ་མོ་སྟ་གོན་ལ་གནས་པ་ནི་དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་བྱས་ལ། ཐིག་ལེའི་སྟེང་དུ་ཡི་གེ་ལཾ་སེར་པོ་ཅིག་བསམ། དེ་འོད་དུ་ཞུ་བས་སའི་ལྷ་མོ་སྐུ་མདོག་སེར་པོ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་པ་གཡས་བགྲང་ཕྲེང་འཛིན་པ། གཡོན་གསེར་གྱི་བུམ་པ་ཐོགས་པ་ཅིག་བསམ་མོ། །དེ་ནས་མདུན་གྱི་ནམ་མཁར་གཤེགས་པའི་སའི་ལྷ་མོ་ཛཿ་ཧཱུཾ་བཾ་ཧོཿ་བཞིས་དགུག་པ་དང་གཞུག་པ་དང་བཅིང་པ་དང༌། དགྱེས་པར་བྱས་ལ། མཆོད་པ་རྣམ་ལྔ་ཕུལ་ཏེ། ཐལ་མོ་སྦྱར་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ལྟར་བདུད་ཀྱི་ཚོགས་བཅོམ་ནས། །བདག་གིས་དཀྱིལ་འཁོར་བྲི་བར་བགྱི། །ཞེས་ལན་གསུམ་དུ་བརྗོད་པས་སའི་ལྷ་མོ་མཉེས་ནས། དགའ་བའི་མདངས་ཀྱིས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱིས་ཟེར་ནས་ས་ལ་ཐིམ་མོ། །དེ་ནི་སའི་ལྷ་མོ་སྟ་གོན་ལ་གནས་པའོ། །