ལྷ་སྟ་གོན་ལ་གནས་པ།


DTG010_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྟ་གོན་ལ་གནས་པ་ནི། ལྷ་དགུ་པོ་སོ་སོའི་བཞུགས་གནས་སུ་དྲི་དང་བདུད་རྩིའི་ཐིག་ལེ་བྱས་ལ་གདན་དགུ་རུ་བསམ། དེའི་སྟེང་དུ་ལྷ་སོ་སོའི་སྙིང་པོ་བརྗོད་ཅིང༌། མེ་ཏོག་རེ་རེ་བཞག་པས་དམ་ཚིག་སེམས་དཔའ་ལྷ་དགུ་རུ་བསམ། དེ་ནས་ཛཿ་ཧཱུཾ་བཾ་ཧོཿ་ལ་སོགས་པའི་ཕྱག་རྒྱ་བཞིས། ཡེ་ཤེས་ཀྱི་ལྷ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ་གཉིས་སུ་མེད་པར་བསམ་མོ། །


DTG010_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཆོད་པ་རྣམ་ལྔ་ཕུལ་ལ་བསྟོད་པ་ཉི་ཤུ་པ་བྱས་ཏེ། འདི་སྐད་དོ། །ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་དག་པ། །དགྱེས་པ་རྡོ་རྗེ་བདག་ཕྱག་འཚལ། དེ་ནས་འདི་སྐད་ཅེས་བརྗོད་དོ། །བཅོམ་ལྡན་དགྱེས་པ་རྡོ་རྗེ་ནི། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། བདག་གིས་རྡོ་རྗེ་དཀྱིལ་འཁོར་འདིར། མགོན་པོ་བྲི་བར་འདོད་པ་སྟེ། །སློབ་མ་རྣམས་ལ་ཕན་ཕྱིར་དང༌། །ཁྱེད་ལ་མཆོད་པའི་དོན་དུ་ཡང༌། །དེ་བས་བཅོམ་ལྡན་གུས་བདག་ལ། །བྱིན་རླབས་གནང་བ་མཛད་པར་འོས། །དགོངས་ཤིག་བདག་ལ་སངས་རྒྱས་དག །འགྲོ་བའི་འཁོར་ལོ་དོན་བྱེད་དང༌། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །གང་ཞིག་གཞན་ཡང་སྔགས་ཀྱི་ལྷ། །ལྷ་རྣམས་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་སེམས་དཔའ་རྣམས། །སེམས་ཅན་བསྟན་ལ་མངོན་དགའ་བའི། །གང་ཞིག་རྡོ་རྗེ་མིག་ལྡན་པའི། །ཆེ་གེ་མོ་བདག་རྡོ་རྗེ་འཛིན། །དགྱེས་རྡོར་དཀྱིལ་འཁོར་དངོས་བྱུང་བ། །ཇི་ལྟར་ཉེར་སྤྱོད་ནུས་པ་ཡིན། །འགྲོ་བདག་དོན་དུ་བྲི་བར་བྱ། །སློབ་མ་བདག་བཅས་བདག་ལ་ནི། །བྱིན་རླབས་གནང་བ་མཛད་པར་འོས། །ཞེས་ལན་གསུམ་དུ་སྤོས་ཐོགས་ལ་བརྗོད་དོ། །དེ་ནི་ལྷ་སྟ་གོན་ལ་གནས་པའོ། །