སློབ་མ་སྟ་གོན་ལ་གནས་པ།


DTG010_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་མ་སྟ་གོན་ལ་གནས་པ་ནི། ཕྱི་རོལ་དུ་སོང་སྟེ་དགྱེས་པ་རྡོ་རྗེའི་ཏིང་ངེ་འཛིན་དུ་གནས་ལ། དེ་ནས་ལུས་བསྲུང་བ་དང༌། ཁྲུས་དག་པ་དང༌། གོས་གཙང་མ་བགོས་ལ། མེ་ཏོག་གི་ཕྲེང་བ་རྡོ་རྗེ་སློབ་དཔོན་ལ་གཏོར་ཏེ། སློབ་དཔོན་ལ་ཕྱག་བྱས་ནས་གསོལ་བ་གདབ་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་ལས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ་བརྗོད་ལ། དེ་ནས་སློབ་དཔོན་གྱིས་མཚན་ཉིད་དང་ལྡན་པའི་སློབ་མ་ལ་བོས་ཏེ་འདི་སྐད་བརྗོད་པར་བྱའོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །བུ་འདིར་ཤོག་ཤིག་ཐེག་ཆེན་གྱི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་ཉེས་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་ནས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་དོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ། བདག་གིས་སྡིག་པ་ཅི་བགྱིས་པ། །བགྱིད་དུ་སྩལ་དང་ཡི་རང་བ། །


DTG010_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས། །བསྒོམ་དང་བཟླས་བརྗོད་བསོད་ནམས་ཚོགས། །དེ་ལ་བདག་ནི་ཡི་རང་ངོ༌། །སེམས་བསྐྱེད་མངོན་པར་སངས་རྒྱས་དང༌། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་སྤྱོད་དང༌། །དེང་ནས་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱ་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་ཉིད་དུ་ནི་སེམས་བསྐྱེད་དོ། །མགོན་པོ་བདག་ལ་དོངས་སུ་གསོལ། །མ་ལུས་བཞུགས་པའི་སངས་རྒྱས་རྣམས། །དུས་འདི་ཉིད་ནས་སངས་རྒྱས་པར། །བླ་མེད་བདག་ལ་གཟིགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱིའོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དམ་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པར་གཟུང་བར་བགྱི། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་མྱུར་བསྒྲུབས་ནས། །སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་ཉིད་དུ་བསྒྲལ་བར་བགྱི། །ཞེས་ཞུས་པ་དང༌། སློབ་དཔོན་གྱིས་སློབ་མ་ལ་


DTG010_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་བྱ་སྟེ། ཁྲོ་བོའི་སྔགས་ཀྱིས་སོ་ཤིང་ལ་བཟླས་པར་བྱའོ། །སོ་ཤིང་གི་ཆོ་ག་ནི་ཨུ་དུ་མྦཱ་རའམ། ཨ་ཤྭ་ཏྠའི་ཤིང་གི་རྩེ་མོ་ལས་སོར་བཅུ་གཉིས་པའི་ཤིང་གི་ཚད་དུ་བྱ། མི་གཡོ་བ་མ་གས་པ་འབུས་མ་ཟོས་པའི་སོ་ཤིང་གི་རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངས་ལ། དྲི་ཞིམ་པོས་བྱུགས་ལ། ཚེམས་ཤིང་སྟོང་པར་བསྒོམ། །དེ་ལས་ཧཱུཾ་མཐིང་ནག་འོད་འབར་བ་གཅིག་ཏུ་གྱུར། །དེ་ལས་སོ་ཤིང་འོད་ཅན་གཅིག་བྱུང་བར་བསམ། དེ་ནས་སོ་ཤིང་གི་མེ་ཏོག་གི་ཕྲེང་བ་བགྲང་ཞིང་བཟླས་ལ་བྱིན་གྱིས་བརླབ། དེ་ནས་བའི་ལྕི་བ་ས་ལ་མ་ལྷུང་བ་དང༌། དྲི་ཞིམ་པོ་དང༌། བདུད་རྩི་རྣམ་པ་ལྔས་མཎྜལ་གྲུ་བཞི་ཁྲུ་གང་བ་ཞིག་ནུབ་ཕྱོགས་སུ་བྱས་ལ། དེའི་སྟེང་དུ་སློབ་མ་གཞག །རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ་རྡོ་རྗེ་ཁུ་ཚུར་གྱིས་དྲི་ཆུ་བླངས་ཏེ། ཨོཾ་བརྗོད་ལ་སྤྱི་བོར་ཐིག་ལེ་བྱ། ཨཱཿ་བརྗོད་ལ་མགྲིན་པར་ཐིག་ལེ་བྱ། ཧཱུཾ་བརྗོད་ལ་སྙིང་གར་ཐིག་ལེ་བྱ། ཐིག་ལེ་གདན་དུ་བསམ། ཨོཾ་ཨཱཿ་ཧཱུཾ་གསུམ་མཁའ་སྤྱོད་མ་ལ་སོགས་པར་བསམས་ལ། མེ་ཏོག་ལ་སོགས་པའི་མཆོད་པ་བྱ་སྟེ། སྤྱི་བོར་མེ་ཏོག་དབུལ། མདུན་དུ་སྤོས་མེ་དབུལ། མར་མེ་དང༌། དྲི་སྙིང་གར་དབུལ། ལྷ་བཤོས་ལག་པར་དབུལ་བར་བྱའོ། །དེ་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ། མི་སྨྲ་བ་རུ་སོ་ཤིང་བཅའ། །བཅའ་བ་ཟིན་ནས་སོ་བྲུད་ཅིང་མི་གས་པས་ཕན་ཚུན་མ་དོར་བར་མདུན་དྲང་པོར་རྩ་བའི་དཀྱིལ་འཁོར་དུ་དོར་རོ། །ཡང་ན་ཁྲུ་གང་གྲུ་བཞི་པར་དོར་རོ། །དེ་ཚེ་བདག་ལ་ལྟ་བ་དང༌། །རྩེ་མོ་གྱེན་དུ་འགྲེང་འགྱུར་ན། །དེ་ནི་དངོས་གྲུབ་མཆོག་ཅེས་བྱ། །དེ་བཞིན་གཞན་དུ་ཁ་བལྟས་ན། །དེ་ནི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ། །སོ་ཤིང་བོར་བ་བརྒྱ་ཞིག་ལ། །གལ་ཏེ་མཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པར་ས་འོག་གི །དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །དེ་ནས་དྲིའི་ཆུས་ལག་པ་བཀྲུས་ཏེ། འཐོར་འཐུང་གིས་ཁ་བཤལ་ལ་དབོ། དེ་ནས་ཨོཾ་ཧྲི་བི་ཤུདྡྷ་དྷརྨཱ་པཱ་པཾ་ནི་ཤྩ་ཨ་སེ་ཤོ་དྷ་ཚརྦ་བི་ཀལྤན། ཨ་པ་ན་ཡ་ཧཱུཾ་ཞེས་བྱ་བ་མངོན་པར་བཟླས་པའི་ཆུ་ཁྱོར་བ་གསུམ་འཐུང་


DTG010_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཞུག་གོ །དེའི་འོག་ཏུ་སློབ་མ་རྣམས་སེམས་དགའ་བར་བྱ་བའི་ཕྱིར་ཆོས་བཤད་པར་བྱའོ། །དེའི་དགོས་པ་ནི། ངག་གི་ཉེས་པ་དག་པར་བྱ་བ་དང༌། དངོས་གྲུབ་རབ་འབྲིང་གི་ལྟས་བལྟ་བའོ། །དེ་ནས་ཀུ་ཤ་ལ་རྩ་བའི་སྔགས་བཟླས་ལ་ཀུ་ཤ་སྟོང་པར་བསྒོམ། དེ་ནས་ཧཱུཾ་དུ་གྱུར། ཧཱུཾ་ལས་ཀུ་ཤ་བྱུང་བར་བསམ། མགོ་བོའི་ཕྱོགས་སུ་ཞོག་ཅེས་བསྒོ་བར་བྱའོ། །ཡང་ཀུ་ཤ་ཧཱུཾ་ལས་བསྐྱེད་ལ། བདུད་རྩི་འཁྱིལ་པའི་སྔགས་བཟླས་པ་དེ་སྟན་དུ་ཡང་གདིང་བར་བྱའོ། །དེའི་དགོས་པ་ནི་ཡིད་ཀྱི་ཉེས་པ་དག་པར་བྱ་བ་དང༌། རྨི་ལམ་རྣོ་བར་བྱ་བའི་ཕྱིར་རོ། །དེ་ནས་ཚོན་སྣ་རྣམ་པ་ལྔའི་སྐུད་པ་ལ་དྲི་དང་བདུད་རྩི་ལྔའི་ཆུས་གཏོར་ལ་སྟོང་པར་བསྒོམ། སྟོང་པ་ལས་ཧཱུཾ་དུ་གྱུར། ཧཱུཾ་ལས་རྡོ་རྗེའི་སྐུད་པར་བསམ། བདུད་རྩི་འཁྱིལ་པའི་སྔགས་ལན་དྲུག་བཟླས་ཤིང་མདུད་པ་དྲུག་བྱས་པའི་སྐུད་པ་དཔུང་པ་གཡོན་པར་གདགས། ཡི་གེ་བརྒྱ་པས་ཀྱང་བརྟན་པར་བྱ། །དེ་ནས་བཞིན་བཟངས་རྣམས་ལོངས་ཤིག །སང་གི་ཉིན་པར་ཁྱེད་རྣམས་ཀྱིས། །ཐར་པ་ཆེན་པོའི་རང་བཞིན་གྱི། །གྲོང་ཁྱེར་རྣམས་མཐོང་བར་འགྱུར་གྱི། །དེ་ནས་སྔ་མ་བཞིན་དུ་སློབ་མ་ལ་མཆོད་པ་རྣམ་པ་ལྔ་བྱས་ནས་ཕྱི་རོལ་དུ་ཕྱོགས་སྐྱོང་གི་གཏོར་མ་བཏང་སྟེ། ནང་དུ་བཞུགས་ནས་ལྷ་སྟ་གོན་ལ་གནས་པའི་དཀྱིལ་འཁོར་ལ་མཆོད་དེ། གནས་དེ་ཉིད་དུ་ཀུ་ཤའི་སྟན་ལ་སློབ་མ་མཆོག །དཀྱིལ་འཁོར་གྱི་འགྲམ་དུ་སེང་གེའི་ཉལ་ཐབས་ཀྱིས་ཉལ་ལ་རྨི་ལམ་གྱི་མཚན་མ་བལྟ་བའི་ཕྱིར། མི་སྨྲ་བར་ཡི་དམ་གྱི་ལྷ་བསྒོམ་ཞིང་བཟླས་པ་བྱེད་ཅིང་ཉལ་ལོ། །དེ་ནས་ནང་པར་མཚན་མོའི་མཐར་རྨི་ལམ་གང་དང་གང་མཐོང་བ་དྲི་བར་བྱའོ། །དྲི་བ་ཐོས་ནས་རྨི་ལམ་བཟང་ངན་འཛེམ་པ་མེད་པར་བཟླས་པར་བྱའོ། །རྨི་ལམ་བཟང་པོ་མཐོང་ན་སློབ་མ་ལ་རྗེས་སུ་ཡི་རང་བ་དང༌། དངོས་གྲུབ་རབ་འབྲིང་ཐ་མ་གསུམ་བསྟན་པར་བྱའོ། །ངན་པ་མཐོང་ན་བའི་རྣམ་ལྔའམ་བདུད་རྩི་རྣམ་པ་ལྔ་ལ་བདུད་རྩི་འཁྱིལ་པའི་སྔགས་བཟླས་ལ་འཐུང་དུ་གཞུག་ཅིང་བསྲུང་བ་ཡང་བྱ། གྲུབ་ན་དྲག་པོའི་སྦྱིན་སྲེག་བྱ་ཞིང་རྟོག་པ་བསལ་བར་བྱའོ། །དེ་ནི་སློབ་མ་སྟ་གོན་ལ་གནས་པའི་རིམ་པའོ།། །།