དཀྱིལ་འཁོར་གྱི་ཆོ་ག

ཐིག་གདབ་པ།


DTG010_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཐིག་གདབ་པའི་རིམ་པ་ནི། སྟ་གོན་གྱི་ལྷ་ལ་མཆོད་པ་དང༌། བསྟོད་པ་དང༌། བདུད་རྩིའི་ཆོ་ག་བྱས་ལ། ཨོཾ་ཨཱཿ་ཧཱུཾ་ཛྙཱ་ན་མཎྜལ་མུཿ་ཞེས་བརྗོད་ལ་གཤེགས་སུ་གསོལ་ལོ། །ཧཱུཾ་ཞེས་བརྗོད་པས་དམ་ཚིག་གི་དཀྱིལ་འཁོར་དབང་དུ་བསྡུས་ལ། མདུན་དུ་ཧཱུཾ་མཐིང་ནག་ཅིག་བསམ། དེ་ལས་འོད་ཕྱོགས་བཅུར་སྤྲོས་པར་བསམ། ཨོཾ་རཀྵ་རཀྵ་ཧཱུཾ་ཞེས་བརྗོད་པས། རྡོ་རྗེའི་ར་བ་ལ་སོགས་པ་བསམ། དེ་ནས་ཐིག་གདབ་པར་བྱ་སྟེ། རས་ཀྱི་སྲད་བུ་སྔོན་པོ་དང༌། དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། དེ་ཀུན་གསེར་རམ། དངུལ་གྱི་སྣོད་དྲིས་བསྒོས་པའི་ནང་དུ་བཞག་ལ། ཧཱུཾ་སྔོན་པོ། ཨོཾ་དཀར་པོ། ཏྲཾ་སེར་པོ། ཧྲཱིཿ་དམར་པོ། ཁཾ་ལྗང་གུ་རིམ་པ་བཞིན་དུ་བསམ། དེ་ནས་སློབ་དཔོན་བདག་དབུས་སུ་གནས་ལ་དགྱེས་པ་རྡོ་རྗེའི་ཏིང་ངེ་འཛིན་དུ་བསྒོམས་ལ། མིག་གཡས་སུ་མ་ལས་ཉི་མའི་དཀྱིལ་འཁོར་གཡོན་དུ་ཊ་ལས་ཟླ་བའི་དཀྱིལ་འཁོར་བསམས་ཏེ། ཨོཾ་དཱིཔྟ་དྲིཥྚི་ཨཾ་ཀུ་ཤ་ཛཿ་ཞེས་བཟླས་པས་ལྕགས་ཀྱུ་འདྲ་བའི་འོད་ཟེར་ཕྱིར་བྱུང་ནས་དགྱེས་པ་རྡོ་རྗེ་ལ་སོགས་པའི་རིགས་ལྔ་མདུན་གྱི་ནམ་མཁའ་ལ་བསྐུལ་ཏེ། དེ་ལ་འདི་སྐད་གསོལ་བ་གདབ་པར་བྱའོ། །ཀྱེ་བཅོམ་ལྡན་འདས་དཀྱིལ་འཁོར་ཐིག་གདབ་པའི་རྡོ་རྗེ་སྲད་བུ་སྩལ་དུ་གསོལ་ཞེས་བརྗོད་དོ། །དེ་ནས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས། དགྱེས་པ་རྡོ་རྗེ་ལ་སོགས་པའི་ཐུགས་ཀ་ནས་ལྕགས་ཀྱུས་


DTG010_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བའི་ཚུལ་དུ་ཡེ་ཤེས་ཀྱི་སྐུད་པ་ལྔ་བྱུང་སྟེ། དམ་ཚིག་གི་སྐུད་པ་ལ་སོ་སོར་ཐིམ་པར་བསམ་མོ། །དེ་ནས། ཕན་ཚུན་རྗེས་སུ་རྫོགས་པ་ཀུན། །ཕན་ཚུན་རྗེས་སུ་ཆོས་ཐམས་ཅད། །ཡང་དག་དགུག་པའི་ཆོས་ཐམས་ཅད། །ཆོས་ཤེས་དང་པོ་དྲན་ནས་བསྒྲིལ། །ཞེས་བརྗོད་ལ་བསྒྲིལ་བར་བྱའོ། །དེ་ནས་ཙནྡན་བཟང་པོ་ལ་སོགས་པས་སྐུད་པ་གསེར་གྱི་སྣོད་ལ་སོགས་པའི་ནང་དུ་ལེགས་པར་བཞག་ལ། །སློབ་དཔོན་དབུས་སུ་འདུག་ལ། མེ་ཏོག་ལ་སོགས་པས་ཐིག་ལ་མཆོད་དེ། རྡོ་རྗེའི་མིག་བྱས་ལ་བདག་ཉིད་ནུབ་ཕྱོགས་སུ་གནས་ཏེ། དགྱེས་པ་རྡོ་རྗེའི་རྣལ་འབྱོར་བྱའོ། །ཨོཾ་ཧེ་ཛཱཿ་ཞེས་པ་ཅི་ནུས་བརྗོད་ནས། བདག་གི་སྙིང་ག་ནས་གྲོགས་པོ་གཽ་རཱིའི་ཚུལ་དུ་སྤྲུལ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་བྱའོ། །དེ་ནས་མདུན་དུ་འདུག་པར་བསམས་ལ། སྐུད་པ་ལག་པ་གཡོན་པས་བཟུང་ལ། བདག་ཉིད་ཀྱིས་ཨོཾ་ཛཿ་ཛཿ་ཛཿ་ཞེས་བྱ་བ་གསུམ་བརྗོད་དོ། །བདག་གི་ལག་པ་གཡས་པས་བླངས་ཏེ། གྲོགས་པོའི་ལག་པར་གཏད་པར་བྱའོ། །དེ་ནས་གྲོགས་པོས་རྐང་པ་མདུན་དུ་བསྣུར་ནས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཛཿ་གསུམ་བརྗོད་ནས་བླངས་ཏེ་སློབ་དཔོན་གྱི་མདུན་དུ་འདུག་གོ །དེ་ནས་ཐིག་གི་སྒྲས་སེམས་ཅན་གྱི་དོན་ལ་བདེ་གཤེགས་བསྐུལ་བ་དང༌། རང་བཞིན་གྱི་དཀྱིལ་འཁོར་གསལ་བར་བྱ་བའི་ཕྱིར་གནམ་ཐིག་གདབ་པོ། །དེ་ལ་སློབ་དཔོན་ནུབ་ཏུ་འདུག་ལ་ཁ་ཤར་དུ་བལྟས་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་ཅིང་ཐིག་གདབ་པར་བྱའོ། །དེ་བཞིན་དུ་སློབ་དོན་ལྷོར་འདུག་ལ་བྱང་དུ་ཁ་བལྟས་ཏེ། ཐིག་གདབ་པར་བྱའོ། །དེ་ནི་གནམ་ཐིག་གོ །དེ་ནས་ཚོན་སྣ་ལྔའི་སྲད་བུ་གཉིས་པ་བླངས་ཏེ། སྔ་མ་བཞིན་དུས་ཐིག་གདབ་པར་བྱའོ། །སློབ་དཔོན་དང་སློབ་མ་གཉིས་བསྐོར་ཕྱོགས་ནི་གཡས་སུ་བསྐོར་བར་བྱའོ། །དེ་ནི་ས་ཐིག་གོ །དེ་ནས་གཤེར་ཐིག་བླངས་ལ་མཚན་མའི་ཐིག་གདབ་པར་བྱའོ། །དེ་ལ་རིམ་པ་ནི། ཚངས་ཐིག་གཉིས་གདབ་པ་ནི་གནམ་ཐིག་དང་མཐུན་ཏེ། དེ་ནས་མེར་གནས་ལ་བྱང་དུ་བལྟས་ཏེ་ཤར་དུ་གདབ་


DTG010_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །དེ་ནས་རླུང་དུ་གནས་ལ་ལྷོར་བལྟས་ཏེ་ནུབ་ཏུ་གདབ་པོ། །དེ་ཀར་འདུག་ལ་ཤར་དུ་བལྟས་ཏེ་བྱང་དུ་གདབ་པོ། །ཡང་མེར་འདུག་ལ་ནུབ་ཏུ་བལྟས་ཏེ་ལྷོར་གདབ་པོ། །དེ་ཀར་འདུག་ལ་རླུང་དུ་བལྟས་ཏེ་མཚམས་དང་པོ་གདབ་པོ། །ཡང་བདེན་བྲལ་དུ་འདུག་ལ་དབང་ལྡན་དུ་བལྟས་ལ་མཚམས་གཉིས་པ་གདབ་པར་བྱའོ། །དེ་ལྟར་བཏབ་པ་ལ། དྲུག་གི་ཆར་ནི་བགོ་བར་བྱ། །དབང་པོ་དྲུག་པ་ནང་གཉིས་དོར། །གཉིས་པ་གསུམ་པ་བཞི་བཞིར་དབྱེ། །བཞི་པ་མ་བགོས་པར་ནི་གཞག །ལྔ་པ་ཡི་ནི་དབུས་མ་དོར། །རྟ་བབས་མན་ཆད་ཁོལ་མོས་བྱ། །རྡོ་རྗེ་ར་བ་མེ་རི་གཉིས། །ཚད་དང་མཐུན་པར་བསྐོར་བར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་སྐུད་ཀྱང་སྔ་མ་བཞིན་དུ་མཆོད་ནས། ཨོཾ་ཨཱཿ་ཧཱུཾ་མུཿ་ཞེས་བརྗོད་པས་གཤེགས་སུ་གསོལ་བར་བྱའོ། །ཐིག་སྐུད་ཆད་ན་བླ་མ་འཆི། །ཞེས་བྱ་བ་ནི་གཞན་དག་ལས་ཤེས་པར་བྱའོ། །དེ་ནི་ཐིག་གདབ་པའོ། །

ཚོན་དགྱེ་བ།


DTG010_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཚོན་དགྱེད་པའི་རིམ་པ་ནི། །རིན་པོ་ཆེ་སྣ་ལྔའམ། འབྲས་སཱ་ལུ་བཏགས་པའི་ཕྱེ་མ་ཁ་དོག་ལྔར་བསྒྱུར་བའམ། ཡང་ན་འབྱུང་ཁུངས་རྣམ་པ་ལྔའི་ས་བོན་ལས། ཡེ་ཤེས་ཀྱི་སྐུད་པ་ལ་ཡིག་འབྲུ་ཇི་ལྟར་བཀོད་པ་བཞིན་དུ། ས་ཚོན་ལ་ཡང་བྱའོ། །ཡེ་ཤེས་ཀྱི་སྐུད་པ་བཀུག་ནས་བསྟིམས་པ་བཞིན་དུ་ཚོན་ལ་ཡང་དེ་བཞིན་བྱའོ། །དེ་ནས་མཆོད་པ་ལྔ་ཕུལ་ནས། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བའི་སྔས་ཚོན་ལ་ལན་བདུན་བཟླས་ཤིང༌། ཚོན་རྩི་ལ་འབར་བའི་མིག་གིས་བལྟ་བར་བྱའོ། །འབར་བའི་མིག་ནི་མྱུར་བར་གཡོ་བའི་མིག་གོ །དེ་ནས་ཡི་གེ་ཧི་ཟློས་ཤིག །རྡོ་རྗེ་པདྨའི་ཕྱག་རྒྱས་མཚོན་ནས་བྱའོ། །དེ་ནས་ཚོན་བཟང་པོར་བྱ་བའི་ཕྱིར་བདེན་པའི་བྱིན་གྱི་རླབས་བརྗོད་དོ། །བདེན་པ་གང་གིས་སེམས་ཅན་རྣམས་ལ། སངས་རྒྱས་རྣམས་སེམས་ཅན་དུ་དཔག་པས། ཆགས་པར་མཛད་པའི་བདེན་པ་དེས། །ཚོན་རྩི་འབར་བར་གྱུར་ཅིག་ཅེས་བྱའོ། །དེ་ནས་འདི་སྐད་བརྗོད་ལ། ཚོན་དགྱེ་བར་བྱ་སྟེ། ཆོས་དབྱིངས་རང་བཞིན་དག་པ་སྟེ། །སེམས་ཅན་ཁམས་ནི་སྦྱོང་བར་བྱེད། །རྣམ་པར་སྣང་མཛད་རྒྱལ་བའི་བདག །ཅེས་བརྗོད་ལ། གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་


DTG010_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནས་གཡོན་སྐོར་དུ་བྲི་བར་བྱའོ། །དེ་ཡང་ནང་དུ་ནག་པོའོ། །དེ་ནས་དཀར་པོ། དེ་ནས་སེར་པོ། དེ་ནས་དམར་པོ། དེ་ནས་ལྗང་གུ་མཐོ་གང་ཙམ་དུ་བྲི་བར་བྱའོ། །དེ་ཡང་ཨོཾ་བཛྲ་ཙི་ཏྲ་པྲ་ས་ར་ཧཱུཾ་ཞེས་བརྗོད་ཅིང་བྲིའོ། །དེ་ནས་གསེར་གཞོང་ལ་སོགས་པས་བཀབ་ལ། མེ་ཏོག་གིས་མཐའ་མ་བསྐོར་ལ་གཞག་གོ །།དེ་ནས་པྲ་བཟང་ན། ཨེ་མའོ་ཞེས་བརྗོད། ངན་ན་རྡུལ་ཚོན་ལ་བགེགས་བསྟིམས་ལ་ཕུར་བུས་གདབ། དེ་ནས་སློབ་མ་མཁས་པས་ཇི་ལྟར་བདེ་བར་བྲི་བར་བྱའོ། །དེ་ཡང་ཤར་དུ་དཀར་པོ། ལྷོ་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ། དབུས་སུ་ནག་པོའོ། །།སྦོམས་ན་ནད་རྣམས་འབྱུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་ནི་གཞན་དུ་བལྟ་བར་བྱའོ། །དེ་ནི་ཚོན་དགྱེ་བའི་རིམ་པའོ། །

ཕྱག་རྒྱ་དགོད་པ།


DTG010_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕྱག་རྒྱ་དགོད་པར་བྱའོ། །ལྷ་སོ་སོའི་སྙིང་པོ་བརྗོད་ཅིང་དབུས་ནས་རིམ་བཞིན་དུ་ཕྱག་རྒྱ་དགོད་པར་བྱའོ། །དེར་གཡས་བརྐྱང་ལ་སོགས་སྟང་སྟབས་བྱའོ། །དེ་ནི་ཕྱག་རྒྱ་དགོད་པའོ། །

དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ།


DTG010_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། སྙིང་པོ་བརྗོད་ཅིང་ཕྱག་རྒྱ་དགོད་པའི་དུས་སུ་ལྷ་རེ་རེ་ཀྲོངས་ཀྲོངས་འགྲུབ་པར་བསམ་མོ། །ཡང་ན་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས། བདག་གཙོ་བོ་ཡབ་ཡུམ་དུ་བསྒོམས་ལ། དེ་ནས་མཁའ་གསང་བྱིན་གྱིས་བརླབས་ལ། གཉིས་སུ་མེད་པར་སྦྱོར་བ་བྱ་སྟེ། བྱང་ཆུབ་སེམས་དཔའ་ནམ་མཁའ་ལས་ཕབ་པ། དེ་ནས་གཾ་ཙཾ་ལ་སོགས་པ་ལྷ་སོ་སོའི་ཡིག་འབྲུར་གྱུར། དེ་ལས་ལྷ་མོ་བརྒྱད་ཀྱི་སྐུར་གྱུར། དེ་ནས་གཾ་ཙཾ་ལ་སོགས་པ་སོ་སོའི་སྙིང་པོ་བརྗོད་ལ་མཁའ་ལས་བཏོན་ཏེ་སོ་སོའི་གནས་སུ་དགོད་པར་བྱའོ། །དེ་ནི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའོ། །

ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་གཉིས་སུ་མེད་པར་བྱ་བ།


DTG010_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་གཉིས་སུ་མེད་པར་བྱ་བ་ནི། གཽ་རཱི་ཛ། ཞེས་བརྗོད་པས། གཽ་རཱི་ལྕགས་ཀྱུ་ཅན་གྱིས་དགུག །ཙཽ་རཱི་ཧཱུཾ་ཞེས་པ་བརྗོད་པས། ཙཽ་རཱི་ཞགས་པ་ཅན་གྱིས་གཞུག །པྲ་མོ་ཧཱ་བ་ཞེས་བརྗོད་པས། པྲ་མོ་ཧཱ་ལྕགས་སྒྲོག་ཅན་གྱིས་བཅིང༌། བེ་ཏཱ་ལཱི་ཧོཿ་ཞེས་བརྗོད་པས། བེ་ཏཱ་ལཱི་དྲིལ་བུ་ཅན་གྱིས་དབང་དུ་བྱས་སོ། །དེ་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་དང༌། སོ་སོའི་


DTG010_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བདག་མོས་དབང་བསྐུར་བར་བྱའོ། །དེ་ནི་གཉིས་སུ་མེད་པར་བསྟིམ་མོ། །

དེ་ལ་ཕྱི་ནང་གསང་བའི་མཆོད་པ་དང་བསྟོད་པ།


DTG010_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཕྱི་ནང་གསང་བའི་མཆོད་པ་བྱ་བ་ནི། དེ་ནས་ཤར་སྒོར་རྨ་བྱའི་སྟན་བཏིང་བ་ལ་ལས་ཀྱི་ཕྱག་རྒྱ་མ་དང་གཉིས་སུ་མེད་པར་སྦྱོར་བ་བྱས་པའི་བྱང་ཆུབ་སེམས་དུང་ཆོས་སུ་བླངས་ལ། ག་པུར་དང་གུར་ཀུམ་བསྲེས་ལ་བདུད་རྩིར་བསམས་ལ། ཨོཾ་ཨ་མྲྀ་ཏ་སྭ་བྷཱ་བ་བི་ཤུདྡྷེ་ཞེས་བྱ་བ་བརྗོད་ཅིང་སྲིན་མཐེབ་ཀྱི་ཕྱག་རྒྱས་གཏོར་ཞིང་དཀྱིལ་འཁོར་གྱི་ལྷ་ལ་བསང་གཏོར་བྱའོ། །དེ་ནས་ཕྱིའི་མཆོད་པ་རྣམ་པ་ལྔ་དབུལ་དེ་ནས་ནང་གི་མཆོད་པ་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་བདག་གི་བ་སྤུའི་བུ་གནས་སྦྲུལ་ལ་དབུལ། གསང་བའི་མཆོད་པ་བྱང་ཆུབ་སེམས་དཔའ་དང་ཤ་ལྔ་དབུལ། དེ་ནི་ཕྱི་ནང་གསང་བའི་མཆོད་པ་དབུལ། དེ་ནས་བསྟོད།

བདུད་རྩིའི་མཆོད་པ།


DTG010_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བདུད་རྩིའི་མཆོད་པ་བྱ་བ་ནི། ཆང་ཕུད་ཀྱི་ནང་དུ་བདུད་རྩི་བླུགས་ཚུལ་བཞིན་དུ་བྱིན་གྱིས་བརླབས་ཏེ། ཨོཾ་ཨཱཿ་གུ་རུ་ཡི་དཾ་ཨ་མྲྀ་ཏི་མ་ཧཱ་སྭཱ་དཱ་ཡ་ཧཱུཾ་ཞེས་བརྗོད་ཅིང༌། སྲིན་མཐེབ་ཀྱི་ཕྱག་རྒྱས་གཏོར་ཞིང༌། རྡོ་རྗེ་སློབ་དཔོན་ལ་མཆོད་དོ། །ཨོཾ་ཨཱཿ་ཧེ་བཛྲ་ཡི་དཾ་ཨ་མྲྀ་དཾ་སྭཱ་དཱ་ཡ་ཧཱུམ་ཞེས་བརྗོད་ཅིང༌། དགྱེས་པ་རྡོ་རྗེ་ལ་དབུལ། ཨོཾ་ཨཱཿ་གཽ་རཱི་ཡི་དཾ་ཨ་མྲྀ་ཏཾ་སྭཱ་དཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་གཽ་རཱི་ལ་དབུལ། ཨོཾ་ཨཱཿ་ཙཽ་རཱི་ཡི་དཾ་ཨ་མྲྀ་ཏཾ་སྭཱ་དཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་ཙཽ་རཱི་ལ་དབུལ། ཨོཾ་ཨཱཿ་པྲ་མོ་ཧཱ་ཡི་དཾ་ཨ་མྲྀ་ཏཾ་སྭཱ་དཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་པྲ་མོ་ཧཱ་ལ་དབུལ། ཨོཾ་བེ་ཏཱ་ལཱི་ཡི་དཾ་ཨ་མྲྀ་ཏཾ་སྭཱ་དཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་བེ་ཏཱ་ལཱི་ལ་དབུལ། ཨོཾ་ཨཱཿ་པུཀྐ་སཱི་ཡི་དཾ་ཨ་རྨི་ཏཾ་སྭཱ་དཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་པུཀྐ་སཱི་ལ་དབུལ། ཨོཾ་ཨཱཿ་ས་བ་རཱི་ཡི་དཾ་ཨ་མྲྀ་ཏཾ་སྭཱ་དཱ་ཡ་ཧཱུཾ་ཞེས་བརྗོད་ཅིངས་པ་རཱི་ལ་དབུལ། ཨོཾ་ཨཱཿ་ཙཎྜལཱི་ཡི་དཾ་ཨ་མྲྀ་ཏཾ་སྭཱ་དཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་ཙཎྜལཱི་ལ་དབུལ། ཨོཾ་ཨཱཿ་རོ་མིའི་ནཱི་ཨི་དཾ་ཨ་རྨྀ་ཏཾ་སྭཱ་དཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་ཌོམྦི་ལ་དབུལ། དེ་ནས་མཁའ་འགྲོ་མ་ཉི་ཤུ་ལ་ཡང་དབུལ་ལོ། །དེ་ནི་བདུད་རྩིའི་མཆོད་པའོ། །

ཚོགས་ཀྱི་མཆོད་པ།


DTG010_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་མཆོད་པ་ནི། ཚོགས་ཀྱི་ཞལ་ཟས་ལ་ལས་ཐམས་ཅད་པའི་སྔགས་བཟླས་པ། དྲི་དང་བདུད་རྩིའི་ཆུས་གཏོར་ཞིང་བསང༌། དེ་ནས་ཚོགས་ཚུལ་བཞིན་དུ་བདུད་རྩིར་བྱིན་གྱིས་བརླབ། དེ་ནས་ཕུད་བཀྲོལ་ལ་


DTG010_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ཕྱག་རྒྱས་ཕུད་བླངས་ལ། ཨོཾ་ཨཱཿ་ཧེ་བཛྲ་ཨི་དཾ་པ་ལིཾ་ཁ་ཧི་ཞེས་བརྗོད་ཅིང་གཏོར་ཆེན་གྱི་ནང་དུ་དབུལ་ལོ། །དེ་བཞིན་དུ་ལྷ་ཀུན་ལ་དབུལ་ལོ། །དེ་ནས་གཏོར་ཆེན་གྱི་སྔགས་རིངས་བཟླས་ལ་དབུལ། དེ་ནས་བསྟོད་པ་ཉི་ཤུ་པས་བསྟོད་དོ། །

གཏོར་མའི་མཆོད་པ།


DTG010_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེའི་ལྷག་མ་པདྨའི་ཕྱག་རྒྱས་བླངས་ལ་ལྷག་མའི་སྔགས་བརྗོད་ཅིང་ལྷག་མའི་གཏོར་མ་དབུལ་ལོ། །རྣལ་འབྱོར་པས་ཡི་དམ་གྱི་ལྷ་སོ་སོར་བསྒོམས་ལ་ལྕེ་རྡོ་རྗེར་བྱིན་གྱིས་བརླབས་ལ། རིན་པོ་ཆེའི་ཕྱག་རྒྱས་བླངས་ལ་སོ་སོར་རོལ་པས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ལྷ་རྣམས་ཚིམ་པར་བསམ་མོ། །དེ་ནས་རོལ་པའི་ལྷག་མ་ལ། ཨུཙྪིཥྚཱའི་སྔགས་བཟླས་ལ། ཡི་དགས་ལྷག་མ་ཟ་བ་རྣམས་ཚིམ་པར་བསམ་མོ། །མགོ་ཟུག་ནས་མ་ཐོན་གྱི་བར་དུ་ཉིན་ལན་གསུམ་དུ་ཕྱོགས་སྐྱོང་གི་གཏོར་མ་གཏང༌། མཚན་མོ་ལན་གསུམ་དུ་མཁའ་འགྲོ་མའི་གཏོར་མ་གཏང་ངོ༌། །དེ་ནི་ཚོགས་མཆོད་པའོ། །

སྦྱིན་སྲེག་གི་མཆོད་པ།


DTG010_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྦྱིན་སྲེག་གི་མཆོད་པས་མཆོད་པ་ནི། ས་བཟུང་བའི་དུས་སུ་སྦྱིན་སྲེག་གི་མཆོད་པ་ཞི་བའི་སྦྱིན་སྲེག་བྱ། མཆོད་པའི་དུས་སུ་རྒྱས་པའི་སྦྱིན་སྲེག་བྱ། ཐོན་ཀར་སློབ་མའི་བགེགས་ཞི་བར་བྱ་བའི་ཕྱིར། སློབ་མ་གཡོན་ཕྱོགས་སུ་བཞག་ལ་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནི་སྦྱིན་སྲེག་གི་མཆོད་པའོ། །