ཆུའི་དབང་།


DTG010_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བའི་ཐབས་ལ་ཡང་གཉིས་ཏེ། ཕྱི་དང་ནང་ངོ༌། །ཕྱི་ལ་ཡང་བཅུ་གཅིག་སྟེ། གྲངས་སུ་བགྲང་ངོ༌། །དེ་ནས་སློབ་མས་ཞུ་བར་བྱ་སྟེ། ཇི་ལྟར་སྔོན་གྱི་རྒྱལ་བ་ལ། །རྡོ་རྗེ་སེམས་དཔས་དབར་བསྐུར་ལྡན། །ཡོན་ཏན་ལྡན་པས་བརྩེར་དགོངས་ནས། །རིག་པའི་དབང་རྣམས་བདག་ལ་སྩོལ། །ཞེས་བརྗོད་དོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པ་བུམ་པ་རྣམས་ནས་ཆུ་བསྡུས་ལ། དུང་ཕོར་ནང་དུ་བླུགས་ཏེ་མི་བསྐྱོད་པ་འབའ་ཞིག་ཏུ་མོས་པ་བྱས་ཏེ། དེ་ལ་མཆོད་བསྟོད་བྱས་ནས་འོད་དུ་ཞུ་བར་བསམ་མོ། །དེ་ནས་དགྱེས་པ་རྡོ་རྗེའི་གནས་གསུམ་ནས་འོད་ཟེར་ལས་སྤྲུལ་པ་ནམ་མཁའ་ཁྱབ་པ་བྱུང་བར་བསམ། སྤྲུལ་པའི་ལྷ་མོ་རིན་པོ་ཆེའི་བུམ་པ་ཐོགས་ནས། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བར་བསམ་ཞིང༌། བདག་གིས་ཀྱང་དུང་ཕོར་གྱི་ཆུ་བླངས་ལ། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཆུའི་དབང་བསྐུར་རོ། །སྤྱི་གཙུག་ཏུ་མི་བསྐྱོད་པ་བསམ་མོ། །