ཕྱིར་མི་ལྡོག་པའི་དབང་།


DTG010_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡོ་རྗེ་ལ་ལས་ཐམས་ཅད་པའི་ཆུས་གཏོར་ལ་སྟོང་པར་བསམ། དེ་ལས་ཧཱུཾ་མཐིང་ནག་ཏུ་གྱུར། དེ་ལས་རྡོ་རྗེ་འོད་འབར་བ་གཅིག་ཏུ་གྱུར་པར་བསམས་ཏེ། སློབ་དཔོན་གྱི་ལག་པར་རྡོ་རྗེ་བླངས་ལ་འདི་སྐད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ལག་ན་འདུག །ཁྱོད་ཀྱིས་རྟག་ཏུ་བཅང་བར་བྱ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བརྗོད་ལ། རྡོ་རྗེ་རྩེ་མོ་སློབ་མས་གཟུང༌། ཨོཾ་སརྦ་ཏ་ཐཱ་ག་ཏ། སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཏྭཾ་དྷ་རཱ་ཡ་མི་སྭཱ་ཧཱ། ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ལ། རྡོ་རྗེ་


DTG010_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་བྱིན་ལ་འདི་སྐད་བརྗོད་དོ། །ཐོག་མ་ཐ་མ་མེད་སེམས་དཔའི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙིང་པོ་བདག་པོའི་གཙོ། །ཞེས་བརྗོད་ལ་ལག་ཏུ་གཏད་དོ། །དེ་ནས་དྲིལ་བུ་ལ། ལས་ཐམས་ཅད་པའི་ཆུས་གཏོར་ལ་སྟོང་པར་བསམ། དེ་ལས་ཨཱཿ་ར་གྱུར། ཨཱཿ་ལས་དྲིལ་བུར་གྱུར་པར་བསམས་ལ་འདི་སྐད་བརྗོད་དོ། །འདི་ནི་མཆོག་གི་དངོས་པོ་ཡིན། །ཤེས་རབ་སྒྱུ་མར་གྱུར་པའོ། །རྟག་ཏུ་ཁྱོད་ཀྱིས་གཟུང་བར་བྱ། །ཐོག་མ་བྱང་ཆུབ་རྒྱལ་བས་གཟུང༌། །རྡོ་རྗེ་མཆོག་གི་ཡེ་ཤེས་ནི། །མི་ཕྱེད་ནམ་མཁའ་ལྟ་བུའི་གཟུགས། །ཞེས་བརྗོད་ལ་སློབ་མའི་ལག་པ་གཡོན་པར་སྦྱིན། དེ་ནས་རྡོ་རྗེ་ཐུགས་ཀར་གཟུང༌། དྲིལ་བུ་དཀུར་བརྟེན་ལ། རྡོ་རྗེ་སེམས་དཔའི་སྐུར་གསལ་བར་བསྒོམ། དེ་ནས་འདི་སྐད་བརྗོད་དོ། །མི་ལྡོག་འཁོར་ལོའི་དབང་སྩོལ་ཅིག །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་གྱི་ནི་ལས་རྣམས་སྩོལ། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །ཅེས་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། སློབ་དཔོན་གྱི་ལས་བཤད་པས། དེའི་དོན་སློབ་མས་རྟོགས་ནས། འཁོར་བ་ལས་མི་ཟློགས་པར་བསམ་མོ། །དེ་ནི་ཕྱིར་མི་ལྡོག་པའི་དབང་ངོ༌། །