ནང་གི་དབང་།

གསང་བའི་དབང་།


DTG010_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་དབང་ལ་ཡང་གསུམ་སྟེ། གསང་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང་བཞི་པའོ། །དེ་ཡང་རྩ་བའི་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ། གསང་བའི་དབང་གི་དཀྱིལ་འཁོར་འདོམ་གང་གྲུ་བཞི་པ་ཞིག་བྱས་ལ། རཀྟའི་ཆག་ཆག་དང༌། རཀྟའི་ཐིག་ལེ་བྱའོ། །གྲྭ་བཞིར་མདའ་བཞི་བཙུགས་ལ་རས་ཀྱི་ཡོལ་བ་བྱའོ། །དེའི་སྟེང་དུ་ཕྱིང་དཀར་དང་རས་དཀར་པོ་བཏིང་ངོ༌། །དེའི་སྟེང་དུ་ཕྱི་ནང་གི་མེ་ཏོག་དགྲམ་མོ། །དེ་ནས་ཞུ་བ་བྱས་ཏེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་པ་ཇི་ལྟར་ཕུལ་བ་བཞིན། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །བྱང་ཆུབ་རྡོ་རྗེ་དཔའ་ཆེན་པོ། །གསང་བའི་དབང་ནི་བདག་ལ་སྩོལ། །ཡེ་ཤེས་བདུད་རྩི་བདག་ལ་སྩོལ། །རྡོ་རྗེའི་འབྱུང་བ་བདག་ལ་སྩོལ། །ཞེས་བསྐུལ་ལོ། །དེ་ནས་ཤེས་རབ་མ་ལོ་བཅུ་དྲུག་ལོན་པ། མཚན་དང་ལྡན་པ། ཙནྡན་དང༌། གུར་གུམ་དང༌། ག་བུར་ལ་སོགས་པའི་ཆུས་བཀྲུས་ལ། དར་ལ་སོགས་པ་དྲི་མ་མེད་པ་དང༌། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ལ། དཀྱིལ་འཁོར་གྱི་དབུས་སུ་བཞག་ལ། བདག་མེད་མར་བྱིན་གྱིས་བརླབས་ལ། མིག་ལ་སོགས་པ་གཏི་མུག་རྡོ་རྗེ་མ་ལ་སོགས་པར་བྱིན་གྱིས་བརླབ་པོ། །ལུས་ངག་ཡིད་གསུམ་མཁའ་སྤྱོད་མ་ལ་སོགས་པར་བྱིན་གྱིས་བརླབ། ཡན་ལག་ལྔ་རིགས་ལྔར་བྱིན་གྱིས་བརླབ། མཁའ་གསང་བྱིན་གྱིས་བརླབ། རིགས་ཀྱི་བདག་པོས་དབུ་བརྒྱན་པར་བསམས་ལ། དེ་ལ་ཕྱི་ནང་གསང་བའི་མཆོད་པས་མཆོད། བསྟོད་པས་བསྟོད་ལ། གཉིས་སུ་མེད་པར་འཁྱུད་པར་བྱའོ། །དེ་ནས་ཨ་ནུ་རཱ་གའི་སྔགས་བརྗོད། བསྐྱོད་ཙམ་ན་ཧཱུཾ་གི་གླུ་བླངས། བདེ་བ་བབས་ཙམ་ན་པཱུ་ཛའི་སྔགས་བརྗོད། དེ་ནས་བྱང་ཆུབ་ཀྱི་སེམས་གླང་པོ་ཆེའི་ལག་པས་བྷ་ག་ནས་བྲུས་ལ་དུང་ཆོས་སུ་བླུགས་ལ། སྲིན་མཐེབ་ཀྱི་ཕྱག་རྒྱས་བླངས་ལ། སློབ་མའི་ཁར་གདབ་པོ། །སློབ་མས་ཨ་ཧོ་སུ་ཁ་བདེའོ་ཞེས་བརྗོད་ལ། རྟོག་པ་མེད་པར་བཏུང་ངོ༌། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་བ། བདག་གི་གསང་བའི་དབང་གིས་ནི། སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཞེས་དགྱེས་པ་རྡོ་རྗེའི་རྒྱུད་ལས་བྱུང་ངོ༌། །དེ་ནི་གསང་བའི་དབང་ངོ༌། །

ཤེས་རབ་ཡེ་ཤེས་ཀྱི་དབང་།


DTG010_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཤེས་རབ་ཡེ་ཤེས་ཀྱི་དབང་མཎྜལ་གྲུ་བཞི་པ་ཞིག་ལ་འདོམ་གང་བ་ཅིག་བྱས་ཙནྡན་ལ་སོགས་པ་དང༌། དྲི་ཆེན་གྱིས་བྱུག །དེའི་སྟེང་དུ་ཕྱིང་དཀར་རམ་དར་


DTG010_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གདིང༌། ཕྱི་ནང་གི་མེ་ཏོག་དགྲམ། ཤེས་རབ་མ་བྱིན་གྱིས་བརླབ་པ་དང༌། མཆོད་པ་ལ་སོགས་པ་སྔ་མ་དང་མཐུན། དེ་ནས་ཞུ་བ་བྱ་སྟེ། ཡེ་ཤེས་བདེ་བའི་གནས་བཞུགས་པ། །རྒྱལ་འགྱུར་རྒྱལ་འགྱུར་མགོན་པོ་ཁྱོད། །ཨཱ་ལི་ཀཱ་ལི་གཉིས་བདག་ཅན། །ལེགས་དགྱེས་བདེ་མཚོ་རྒྱལ་གྱུར་ཅིག །མཆོག་དང་ཆད་པའི་དབུས་སུ་ནི། །རོལ་མཛད་ཁྱོད་ནི་རྒྱལ་གྱུར་ཅིག །མཆོག་གི་དབང་ཕྱུག་ཁྱོད་ཀྱིས་ནི། །ཤེས་རབ་ཡེ་ཤེས་དབང་བདག་སྩོལ། །ཞེས་བསྐུལ་ལོ། །དེ་ནས་སློབ་དཔོན་གྱིས་ཤེས་རབ་མའི་ལག་པ་གཡས་པ་སློབ་མའི་ལག་པ་གཡོན་པར་བྱིན་ལ་འདི་སྐད་བརྗོད་དོ། །འདི་ནི་ཁྱོད་བཟུང་བཟང་བ་ཡིན། །རྗེས་སུ་མཐུན་པར་སངས་རྒྱས་གསུང༌། །ཡེ་ཤེས་གསུམ་གྱི་རིམ་པ་ཡིས། །དམ་པ་བདེ་བ་མྱོར་བྱེད་ཅིང༌། །སངས་རྒྱས་རིན་ཆེན་སྣོད་ཀྱི་ནི། །གཡོན་ངོས་ནས་ནི་རྩ་ཡི་གནས། །དེ་ཡི་ཁ་ཁྭ་མུ་ཁ་དངོས། །རྡོར་དབྱིངས་དབང་ཕྱུག་མ་ཉིད་ཡིན། །ཐབས་གཞན་དག་གིས་བྱང་ཆུབ་ནི། །ནམ་ཡང་རྙེད་པར་ཡོང་མི་འགྱུར། །དེ་བས་ལྷན་ཅིག་མི་གནས་པ། །དུས་འདི་ཐམས་ཅད་མ་བྱེད་ཅིག ། དེ་ནས་ཤེས་རབ་མས་འདི་སྐད་བརྗོད་དོ། །དྲི་ཆེན་དྲི་ཆུ་ཟ་བ་འདི། །ཀྱེ་བུ་ཁྱོད་ཀྱིས་ནུས་སམ་ཅི། །རཀྟ་ཤུ་ཀྲ་ཤ་ཆེན་དང༌། །བུད་མེད་བརྟུལ་ཞུགས་དེ་བཞིན་ནོ། །བྷ་གའི་པདྨ་འཇིབ་ནུས་སམ། །ཀྱེ་བུ་སྨོས་དང་ཇི་ལྟ་བུ། །ཞེས་བརྗོད་དོ། །སློབ་མས་སྨྲས་བ། ལྷ་མོ་བདག་གིས་ཅི་མི་ནུས། །རཀྟ་ཤུ་ཀྲ་སོགས་ཟ་ནུས། །རྟག་ཏུ་བུད་མེད་བརྟུལ་ཞུགས་བགྱིད། །བྷག་ཡང་ནི་འཇིབ་པར་བྱའོ། །དེ་ནས་ཤེས་རབ་མས་སྨྲས་པ། བདེ་བ་ཐམས་ཅད་འདུག་ས་ནི། །བདག་གི་པད་རྒྱས་ཨེ་མའོ། །གང་འདིར་རབ་ཏུ་བྱེད་པ་ཡང༌། །ཇི་ལྟར་པདྨའི་དོན་གྱིས་ཤིག །ཅེས་བརྗོད་དོ། །དེ་ནས་སློབ་མས་བྷ་ག་ལ་འོ་བྱས་ནས། འཁྱུད་དེ་གཉིས་སུ་མེད་པའི་སྦྱོར་བ་བྱས་ནས། བྱང་ཆུབ་སེམས་ཕབ་ནས་མན་ངག་གིས་བཟུང་སྟེ། ཡེ་ཤེས་ཉམས་སུ་མྱོང་བ་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང༌། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་པར་བྱིན། །ཞེས་འབྱུང་ངོ༌། །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌།། །།