བུང་བ་འདོད་པའི་སྒྲུབ་ཐབས།
རཏྣ་ཙནྡྲས་མཛད།


DTG010_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བུང་བ་འདོད་པའི་སྒྲུབ་ཐབས་བཞུགས།། བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ཉིད་ཡེ་ཤེས་རྒྱུས་སྐྱེས་པའི། །ལོངས་སྤྱོད་རྫོགས་སྐུ་ཕྱག་འཚལ་ནས། །ཤིན་ཏུ་བསྡུས་པར་གྱུར་པ་ཡི། །བུང་བའི་སྒྲུབ་ཐབས་བཤད་པར་བྱ། དང་པོ་ཁོ་ནར་ཁམས་གསུམ་ཐམས་ཅད་སེམས་ཙམ་དུ་ཤེས་པར་བྱས་ལ། དེ་ནས་བདག་ཉིད་དཔལ་ཧེ་རུ་ཀའི་གཟུགས་ཆུ་སྐྱེས་དམར་པོ་དང་འདྲ་བ་སྐད་ཅིག་གིས་རྫོགས་པར་བྱས་ཏེ། རང་གི་སྙིང་གར་བཅུ་དྲུག་ཕྱེད་ཀྱི་པདྨ་ཤིན་ཏུ་དམར་བ་བསམས་ལ། དེ་ཡི་ལྟེ་བ་ལ་ཨཱ་ལི་ཡང་དག་པར་བསྡུས་པའི་གཟུགས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྗེས་སུ་ཆགས་པའི་ཡི་གེ་ཨཾ་དང་ཧཱུཾ་ཡང་དག་པར་ཡིད་ཀྱིས་བྲིས་ཏེ། དེ་ནས་ཧཱུཾ་དང་ཨཾ་ལས་བྱུང་བ་ཤིན་ཏུ་དམར་བའི་འོད་ཟེར་ཡིད་བཟོ་བར་བྱེད་པ་སྤྲོས་ཏེ། གུར་གུམ་ལྟ་བུའི་འོད་ཟེར་དེ་ཕྱོགས་ཐམས་ཅད་ཁྱབ་སྟེ། སེམས་ཅན་ཐམས་ཅད་རང་གི་གཟུགས་སུ་བྱས་ལ་དེའི་སྐུ་གསུང་ཐུགས་ལྷན་ཅིག་ཏུ་བཀུག་སྟེ། ཧཱུཾ་དང་ཨཾ་གཉིས་ཀྱི་ཐིག་ལེ་ལ་གཞུག་པར་བྱའོ། །དེ་ནས་ཧཱུཾ་ཡོངས་སུ་གྱུར་པ་ལས། ཐབས་དང་ཤེས་རབ་ཀྱི་རང་བཞིན་བུང་བའི་གཟུགས། རིན་པོ་ཆེ་ལྟ་བུའི་སྙིང་རྗེ་ཆེན་པོའི་རང་བཞིན་མེ་ཏོག་གི་རོ་འཐུངས་པས་བརྒྱལ་བ། ཧཱུཾ་གི་ངོ་བོའི་སྒྲ་རྟག་རིང་དུ་སྒྲོག་པ། བདག་མེད་མ་དང་ཧེ་རུ་ཀའི་རང་བཞིན་བསྒོམ་པར་བྱའོ། །དེ་ནས་དེའི་སྙིང་གར་ཚོན་དམར་པོ། །ཀོ་བའི་ཆུ་ལྟ་བུའི་ཐིག་ལེ་ཕྲ་མོ་ཨཾ་དང་ཧཱུཾ་གི་ཡི་གེར་བལྟས་ཏེ། དེ་ནས་ཐབས་དང་ཤེས་རབ་ཀྱི་བུང་བ་སྲོག་གི་རླུང་ལ་ཞོན་ཏེ། སྣའི་བུ་ག་ནས་ཕྱུང་ལ། ཁམས་གསུམ་ན་གནས་པ་སེམས་ཅན་གྱི་ལུས་ངག་ཡིད་གསུམ་རྣམ་པར་དག་པར་བྱས་ཏེ་བསྡུའོ། །ཡང་དབུགས་ཀྱི་རླུང་ལ་བརྟེན་ནས་ཇི་ལྟ་བར་བྱ་སྟེ། རང་གི་སྙིང་གའི་པདྨའི་ལྟེ་བ་ལ་རབ་ཏུ་རྣམ་པར་དག་པ་ལ་གཞུག་པར་བྱ་སྟེ། གཞན་གྱི་སྐུ་གསུང་ཐུགས་དང༌། རང་གི་སྐུ་གསུང་ཐུགས་གཅིག་ཏུ་མཉམ་པར་བསྒོམ་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་ཇི་སྲིད་སྐད་ཅིག་གིས་མཐོང་གི་བར་དུ། དབུགས་ལ་བརྟེན་པའི་གཟུགས་བསྒོམ་པར་བྱའོ། །


DTG010_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གོམས་པའི་རྟིང་ལ་སྐྱེས་པ་དང་བུད་མེད་ཀྱི་སྐད་ཅིག་པདྨ་དམར་པོ་འདབ་མ་བརྒྱད་པ་རྣམ་པར་བསམས་ལ། དེའི་རོ་བུང་བ་སྲོག་དང་རྩོལ་བ་ལ་བརྟེན་ནས་སྔ་མ་བཞིན་དུ་བྱུང་སྟེ། བདག་ཉིད་ཀྱི་སྙིང་གི་མེ་ཏོག་ལྟེ་བ་ལ་གཞུག་པར་བྱ་སྟེ། སྐྱེས་པའི་སྣའི་བུ་གར་ཞུགས་ཏེ། ལུས་ངག་ཡིད་གསུམ་གྱི་གཟུགས། སྙིང་གའི་པདྨའི་ལྟེ་བ་ལ་འདུག་སྟེ་དེའི་སྙིང་གའི་པདྨའི་འདབ་མ་ལ་ལུས་ཀྱི་རང་བཞིན་གྱི་རྡུལ་ཡོད་པ་བདག་ཉིད་ཀྱི་ལུས་བསྒོམ། ངག་གི་རང་བཞིན་པདྨ་འཐུངས། །སེམས་ཀྱི་རང་བཞིན་པདྨའི་སྙིང་པོ་ཟོས་ཏེ། དེ་ནས་སྒྲུབ་པ་པོས་རང་གི་དབུགས་ཀྱི་རླུང་བཀུག་སྟེ། སྐྱེས་པའི་སྣའི་བུ་ག་ནས་ཕྱུང་ལ། བདག་ཉིད་སྣའི་བུ་ག་ནས་སྙིང་གི་པདྨའི་གེ་སར་ལ་གཞུག་གོ །དེ་ལྟར་ལུས་སྤྲུགས་དེར་ལུས་ཀྱང་རང་བཞིན་གྱི་ཆུ་སྐྱེས་ཀྱི་རྡུལ་གཉིས་གཅིག་ཏུ་བྱས། ངག་གི་རང་བཞིན་གྱི་མེ་ཏོག་གི་ཁུ་བ་གཉིས་གཅིག་ཏུ་བྱས། སེམས་ཀྱི་རང་བཞིན་པདྨའི་སྙིང་པོ་གཉིས་གཅིག་ཏུ་བྱས་པར་བསམ་པར་བྱའོ། །དེ་ཡང་དེ་ལྟར་སྤྲོས་པ་དང༌། དེ་ལྟར་གཞུག་པ་དང༌། དེ་ལྟར་བསྟིམས་ཏེ། ཡང་དག་པར་བསམ་པར་བྱའོ། །དེ་ཡང་དང་ཡང་དུ་ཇི་སྲིད་དུ་རྗེས་སུ་ཆགས་པ་མཐོང་བ་དང༌། ཇི་ལྟར་བསྒོམ་པ་བཞིན་དུ་ཤེས་ནས་བྱེད་དེ། ཇི་ལྟར་མངོན་པར་འདོད་པ་གྲུབ་པར་བྱེད་དོ། །འདིར་བསྒོམ་པ་འདི་བྱས་ན། བུད་མེད་དགའ་བའི་སེམས་ཀྱིས་ཆགས་པར་བྱེད་པ་དང༌། འདོད་པས་བརྒྱལ་བའི་ལུས་ཀྱིས། སྒྲུབ་པ་པོའི་སེམས་བདེ་བར་བྱེད་ཅིང་དབང་དུ་འགྱུར་རོ། །ཉེས་པ་ཡོད་པར་མཐོང་ན། ཇི་ལྟར་བསྟན་པར་མི་བྱའོ། །གལ་ཏེ་བྱས་ན་ཆེན་པོའི་སྡིག་པར་འགྱུར་རོ། །དེ་བས་ན་སྔོན་དུ་ཡུལ་དང་ཡུལ་མ་ཡིན་པ་ཤེས་པར་བྱས་ལ། དེ་ཤེས་པ་དང༌། ཇི་ལྟར་བསྟན་པ་བསྒོམ་པར་བྱའོ། །བུང་བ་འདོད་པ་སྒྲུབ་པའི་ཐབས། །རྣམ་པར་བསྒྲུབས་པའི་བསོད་ནམས་ཀྱིས། །འདིར་ནི་འཁོར་བའི་སྐྱེ་བོ་རྣམས། །དཔལ་གྱི་སྙིང་རྗེ་ཐོབ་པར་ཤོག །རྫོགས་སོ། །གྲུབ་པ་བརྙེས་པའི་རཏྣ་ཙནྡྲས་མཛད་པ། ལོ་ཙཱ་བ་ཁུ་དངོས་གྲུབ་པོ།། །།