གཏོར་མའི་ཆོ་ག།


DTG010_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བི་ལཾ་བི་དྷིཿ། བོད་སྐད་དུ། གཏོར་མའི་ཆོ་ག།


DTG010_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ལ། །བཏུད་དེ་དང་བས་ཕྱག་འཚལ་ནས། །སེམས་ཅན་ཐམས་ཅད་བསྲུང་བའི་ཕྱིར། །གཏོར་མའི་ཆོ་ག་བྲི་བར་བྱ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐད་ཅིག་ཙམ་གྱིས་སྟོང་པར་བསྒོམས་ལ། དེ་ནས་ཧཱུཾ་ཞེས་བརྗོད་དེ། ཧཱུཾ་ལས་སྐད་ཅིག་ཙམ་གྱིས་རྡོ་རྗེའི་ས་གཞི་དང༌། ར་བ་དང་དྲ་བའི་ནང་དུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དུར་ཁྲོད་བརྒྱད་དང་བཅས་པ་ལ་ལྷའི་དཀྱིལ་འཁོར་དུ་བསྐྱེད་ལ། བདག་ཉིད་ཀྱང་དེའི་མདུན་དུ་ཧེ་རུ་ཀའི་གཟུགས་སུ་བསམས་ལ། ཡི་གེ་འབྲུ་དྲུག་དང༌། འབྲུ་གསུམ་དང༌། ཅོད་པན་གྱི་ལྷ་དྲན་པར་བསྲུང་པར་བྱའོ། །དེ་ནས་འོག་ཏུ་ཡཾ་རཾ་ལས་རླུང་དང་མེ་བསྐྱེད་ལ། ཨ་ལས་ཐོད་པ་བསྐྱེད། དེའི་ནང་དུ་ཤ་ལྔ་བདུད་རྩི་ལྡན་བསམ། དེའི་སྟེང་གི་བར་སྣང་ལ་ཧཱུཾ་ལས་ཟླ་བའི་སྟེང་དུ་རྡོ་རྗེ་བསྐྱེད། རླུང་གིས་མེ་སྦར་མེས་བདུད་རྩི་བསྐོལ་བའི་འོད་ཀྱིས་ཟླ་བ་དང་རྡོ་རྗེ་ཡང་ཐིམ་ནས་ལྷའི་བདུད་རྩིར་གྱུར་ཏེ། དེའི་སྟེང་དུ་ཨོཾ་བསམ། དེའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བསྟིམས་ལ། ཡི་གེ་འབྲུ་གསུམ་གྱི་སྔགས་ལན་གསུམ་བཟླས་པས། ཡིན་གྱིས་བརླབ་པོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ནས། ཨཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་གཙྪ་ཨ་ཨ་ཨ་གྷ་ཏ་ཨ། པྲ་བེ་ཤ་ཡ་བྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦྦ་བཛྲ་ཌཱ་ཀི་ནཱི་ཧྲྀ་ད་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་ལ། དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམས་ལ། ཡང་ཡིད་ལས་བྱུང་བའི་མཆོད་པ་རྣམས་ཀྱིས་མཆོད་དོ། །དེ་ནས་ལྷ་རྣམས་པར་དུར་ཁྲོད་བརྒྱད་ཀྱི་བདག་པོ་རྣམས་ཀྱི་ལྕེ་ཧཱུཾ་ལས་རྡོ་རྗེ་ནས་འབྲུ་ཙམ་བསམས་ལ། དེའི་རྩེ་མོར་ཧཱུཾ་བསྒོམས་ཏེ། དེའི་འོད་ཟེར་གྱིས་བདུད་རྩི་དྲངས་ནས། གསོལ་བས་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་བསམ་མོ། །སྔགས་ནི་ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་ཕཊ། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བི་ལཾ་ཨོཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་ལ་ལིཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཏྲཱཾ་ཕཊ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་མཾ་བ་ལིཾ་ཨ་ཕཊ། ཨོཾ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙཚ་མཾ་བ་ལིཾ་ཧཱུཾ་ཕཊ། ཨོཾ་སརྦྦ་ཡོ་གི་ནཱི་པྲ་ཏཱིཙཚ་མཾ་བ་ལིཾ་ཧཱུཾ་


DTG010_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཧ་ཧེ་ཧོཿ། དེ་ནས་དེ་ཉིད་ལྔ་པས་བསྟོད་པ་ནི། །མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་གཉིས་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་ལོ། །རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་ཡོངས་རྟོགས་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུར་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང༌། །ངོ་བོ་ཉིད་ཀྱིས་གནས་པ་མེད། །དེ་ལྟར་ཆོས་འདི་ཤེས་ནས་ཀྱང༌། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཨོཾ་ཨཱཿ་ཧཱུཾ་ཡུལ་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པའི་ཀྵེ་ཏྲ་པཱ་ལ་ཨི་དཾ་བ་ལིཾ་གྲྀཧྣ་མ་མས་པ་རི་ཝཱ་རཱ་ན་སརྦ་སཏྭ་ཉྫ་པའ་པཾ་བྱ་ཏི་བི་ཤྣཾ་ཤཱསྣིཾ་ཀུ་རུ་དྷ་ན་དྷ་ན། ཨཱ་ཡུ་ཨརྒྷཾ་ཨཱ་དི་པུ་ཥྚིཾ་ཀུ་རུ་སརྦ་པྲ་ཡ་ཙྪ་རཀྵ་ཀུ་རུ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ནད་མེད་ཅིང༌། སེམས་ཅན་ཐམས་ཅད་བདེ་གྱུར་ནས། །སངས་རྒྱས་ཉིད་དང་ཕྲད་གྱུར་པའི། །ལམ་དེ་ཉིད་ལ་འགྲོ་བར་ཤོག །མ་གྲོལ་བ་རྣམས་གྲོལ་བ་དང༌། །མ་བརྒལ་བ་རྣམས་སྒྲོལ་བྱེད་ཅིང༌། །རྣལ་འབྱོར་བསྟན་བཅོས་གནས་པ་ནི། །ད་ལྟ་ཉིད་དུ་གནས་པར་ཤོག །དེའི་འོག་ཏུ་ཡི་གེ་འབྲུ་གསུམ་གྱིས་ཞི་བ་ལ་སོགས་པའི་ལས་བཅོལ་ལོ། །དེ་ནས་ཨོཾ་ཨཱཿ་ཧཱུཾ་བཛྲ་མུཿ་ཞེས་བརྗོད། །སེ་གོལ་ལན་གསུམ་བརྡབས་ཏེ་གཤེགས་སུ་གསོལ་ལོ། །རྫོགས་སོ།།