ཕྱག་མཚན་གྱི་ཕན་ཡོན།


DTG010_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

༄༅།།ཕྱག་མཚན་གྱི་ཕན་ཡོན་བཞུགས་སོ།། བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །


DTG010_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེའི་རྡོ་རྗེ་བདག་མེད་ལྡན། །མཁའ་འགྲོ་བརྒྱད་ཀྱིས་ཡོངས་སྐོར་ལ། །ཕྱག་འཚལ་ནས་ནི་ཕྱག་མཚན་རྣམས། །བསྣམས་པའི་ཕན་ཡོན་རིམ་བཞིན་བརྗོད། །གླང་པོ་ལ་སོགས་བསྣམས་པ་ནི། །ནད་རྣམས་ཞི་པར་མཛད་པ་སྟེ། །གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁྲག་སྐྱུག་མཛེ་ནད་འབྲུམ་བུ་དང༌། །མཆེར་པ་མཆིན་པའི་རང་བཞིན་ནོ། །གླང་པ་ལ་སོགས་རིམ་ཞེས་གྲགས། །ས་ལ་སོགས་པ་བརྒྱད་རྣམས་པ། །ཕྱུག་པོ་ཐམས་ཅད་འགྲུབ་པའོ། །ང་རྒྱལ་ལ་སོགས་སྐྱོན་དྲུག་པོ། །གཅོད་ཕྱིར་གྲི་གུག་གཡས་པས་ཏེ། །དངོས་དང་དངོས་མེད་རྟོག་པ་ལ། །གཡོན་པ་ན་ནི་པད་སྣོད་དོ། །འཁོར་བའི་རྒྱ་མཚོའི་དུག་ཆུ་ལས། །ཉ་འདྲའི་འགྲོ་བ་འདོན་ཕྱིར་དང༌། །བཀྲ་ཤིས་འཛིན་པ་རོ་ཧེ་ཏ། །ཉོན་མོངས་རྒྱ་འདྲ་གྲི་གུག་གཡས། །གཏི་མུག་གིས་ནི་རབ་རྨོངས་ལ། །ཕག་དང་འདྲ་བའི་སེམས་ཅན་རྣམས། །གཏི་མུག་གཉིད་ལས་བསླང་བའི་ཕྱིར། །གཡས་ན་ཅང་ཏེའུའི་སྒྲ་སྒྲོགས་པ། །འདོང་ཆགས་ཀྱིས་གདུངས་རུས་སྦལ་ནི། །འགྲོ་བའི་ནད་རྣམས་བསལ་ཕྱིར་དང༌། །ཆགས་ཆེན་བདུད་རྩིས་ཚིམ་བྱའི་ཕྱིར། །རུས་སྦལ་དང་ནི་པད་སྣོད་བསྣམས། །ཞེ་སྡང་དགྲ་ཡིས་ཕམ་བྱས་པ། །སྦྲུལ་དང་འདྲ་བའི་སེམས་ཅན་རྣམས། །ཞེ་སྡང་ཆེན་པོས་ཚིམ་བྱའི་ཕྱིར། །ཕྱག་ན་སྤྲུལ་དང་ཐོད་པའོ། །ངན་རྟོག་པ་ཡི་རི་དགས་རྣམས། །སྐྲག་པར་བྱ་ཕྱིར་སེང་གེའམ། །སེང་འདྲ་ང་རྒྱལ་གཞོམ་ཕྱིར་རམ། །སེང་གེ་དང་ནི་སྒྲ་སྟ་བསྣམས། །བདག་ཏུ་ལྟ་བ་སོགས་པ་ཡི། །ལྟ་བ་པོ་ཡི་གཉིས་པའོ། །བདག་ཏུ་ལྟ་བའི་མདུད་པ་དང༌། །སེར་སྣ་དགྲོལ་བར་བྱ་བའི་ཕྱིར། །དགེ་སློང་དང་ནི་འཁོར་གསིལ་ལོ། །དཔེར་ན་ཐོད་པ་ལྟ་བུ་ཡི། །ཆོས་ནི་འཁོར་ལོ་བསྐོར་བ་ཡིས། །ཉོན་མོངས་ཐ་བ་རློག་པའི་ཕྱིར། །འཁོར་ལོ་དང་ནི་ཐོད་པ་བསྣམས། །རྣམ་པར་རྟོག་པའི་རི་བརྙིལ་ཞིང༌། །གདུག་པ་ཚར་གཅད་བྱ་བའི་ཕྱིར། །གཡས་པ་སྡིགས་མཛུབ་བསྟན་པའོ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །མ་མོའི་ཚོགས་ཀྱིས་ཡོངས་བསྐོར་བའི། །ཕྱག་མཚན་བསྣམས་པའི་ཡོན་ཏན་རྣམས། །ཅི་ནུས་བརྗོད་ཐོབ་ཡོན་ཏན་རྣམས། །ཐབས་དང་ཤེས་རབ་གྲུ་ཆེན་དང༌། །བརྟེན་ནས་མཐའ་ཡས་སེམས་ཅན་རྣམས། །


DTG010_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ། །ཐར་པའི་སྐམ་སར་གནས་པར་ཤོག །ཕྱག་མཚན་གྱི་ཕན་ཡོན་རྫོགས་སོ།།