གཉིས་པ། དཀྱིལ་འཁོར་བསྟན་པ་ཞེས་བྱ་བའི་ལེའུར་བཅད་པ།


DTG010_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀྱིལ་འཁོར་གྱི་ཆོ་ག་བཤད་དེ། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། དྲག་པོའི་གྲོང་ཁྱེར་དང༌། ཞིང་དང༌། ཕུག་དང༌། དུར་ཁྲོད་དུ་བྱའོ། །དེ་ལ་ཟླུམ་པོ་དང༌། གྲུ་བཞི་པ་དང༌། ཟླ་བ་ཕྱེད་པའི་གཟུགས་དང༌། གྲུ་གསུམ་རིམ་བཞིན་དུ་དབུས་ཀྱི་གནས་སུ་མངོན་སུམ་གྱི་ངོ་བོས་རང་རང་གི་ལས་ཀྱི་རིམ་པས་གཟུགས་ཀྱིས་རྣམ་པ་བྱའོ། །ཐམས་ཅད་སོར་གསུམ་ལྷག་པའི་གྲུ་གསུམ་པ་བྱའོ། །ཞི་བ་ནི་མེ་ཏོག་དང་བཅས་པའི་ཤིང་དང༌། པི་ཛ་པུ་ར་ཀ་དང༌། པདྨ་དཀར་པོས་སོ། །རྒྱས་པ་སྣ་ཚོགས་རིན་པོ་ཆེའི་ཤིང་གིས་སོ། །དབང་ནི་མེ་ཏོག་དམར་པོ་དང་ལྡན་པའི་ཤིང་གིས་སོ། །དྲག་པོ་ནི་དུར་ཁྲོད་རྣམས་ཀྱིས་དང༌། དེ་བཞིན་དུ་མེ་ཏོག་ནག་པོ་དང་བཅས་པའི་ཤིང་གིས་ལྡན་པར་བྱའོ། །གཞན་སའི་རྣམ་པར་དག་པ་དང༌། ཐིག་གདབ་པ་དང༌། བདུད་གཞོམ་པ་ལ་སོགས་སུམ་བྷའི་སྔགས་ཀྱིས་སམ། ཡང་ན་ཡི་གེ་གསུམ་གྱི་སྔགས་ཀྱིས་


DTG010_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་དཀྱིལ་འཁོར་གྱི་ནོ་པི་ཀའི་ཆོ་གས་བྱའོ། །ཅིའི་ཕྱིར་ཞེ་ན། འདིར་བསྟན་བཅོས་མངས་པའི་འཇིགས་པས་ཐམས་ཅད་མ་སྨྲས་སོ། །གང་ཞིག་རྣལ་འབྱོར་བླ་མའི་རྒྱུད་ཀྱི་རྨ་པས་ཐིག་གདབ་པ་ལ་སོགས་པ་དེ་ཐམས་ཅད་ལ་དག་གོ །དེ་ནས་བདག་ཉིད་རྡོ་རྗེ་འཛིན་པའི་ང་རྒྱལ་བྱས་ནས་ཚོན་རྩི་ལྔ་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་གཤེགས་པ་ལྔའི་རང་གི་ངོ་བོས་ཚོན་རྩི་ལྔ་བྱིན་གྱིས་བརླབས་ཏེ། མེ་ཏོག་དང་བཅས་པའི་འབྲས་ཀྱིས་སོར་མོ་ལྔ་བཙུམས་པའི་ཕྱག་རྒྱས་དང་པོ་སྔགས་འདས་དཀར་པོ་ལན་གསུམ་མཆོད་པར་བྱའོ། །ཨརྒྷ་ཡང་འོ་མ་ལ་སོགས་པ་དེ་ཉིད་ཀྱི་སྔགས་ཀྱིས་སོ་སོར་ལན་གསུམ་སྦྱིན་པར་བྱའོ། །ཨོཾ་བཻ་རོ་ཙ་ན་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སེར་པོ་ནི་མཐེ་བོ་དང་མཛུབ་མོས་སོ། །ཨོཾ་རཏྣ་སཾ་བྷ་བ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དམར་པོ་དང་ནི་མཐེ་བོ་དང་བར་མས་སོ། །ཨོཾ་ཨ་མྲྀ་ཏ་པྲ་བྷ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ནག་པོ་ནི་མཐེ་བོ་དང་སྲིན་ལག་གིས་སོ། །ཨོཾ་ཨཀྵོ་བྷྱཿ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ལྗང་གུ་ནི་མཐེའུ་ཆུང་དང་སྦོམ་པོས་སོ། །ཨོཾ་ཨ་མོ་གྷ་སིདྡྷ་ཏ་ཐཱ་ག་ཏ་ཨདྷི་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དཀྱིལ་འཁོར་བྲི་བའི་དུས་ཡོན་བདག་གིས་རོལ་མོ་ལ་སོགས་པ་དང་བཅས་པའི་ཤིན་ཏུ་རྒྱས་པའི་མཆོད་པ་བྱའོ། །སྦྱིན་པ་ཡང་སྦྱིན་ནོ། །དཀྱིལ་འཁོར་གྱི་སློབ་དཔོན་ལ་ཡོན་དབུལ་བ་ལ་སོགས་པས་མཉེས་པར་བྱའོ། །དཀྱིལ་འཁོར་རྫོགས་པའི་དུས་སུ་སྣ་ཚོགས་པའི་རོལ་མོའི་མཆོད་པ་ལ་སོགས་པ་དང་བཅས་པས་རྡོ་རྗེ་སློབ་དཔོན་བླ་མ་ཆེན་པོ་སྤྱན་དྲང་བར་བྱའོ། །དེ་ལ་དང་པོ་སྣ་ཚོགས་དྲི་ཞིམ་པོའི་སྨན་དང་བཅས་པས་ཁྲུས་བྱའོ། །ཕྱི་ནས་རྣམ་པ་སྣ་ཚོགས་རབ་མཆོག་ན་བཟའ་དང༌། མུ་ཏིག་གི་དྲ་བ་དང༌། དྲ་ཕྱེད་ཀྱིས་མཆོད་དོ། །དཀྱིལ་འཁོར་གྱི་གཙོ་བོའི་མདུན་དུ་དྲི་མ་མེད་པ་འཇམ་པ་མཐོ་བ་དེ་ལ་སྟན་སྦྱིན་པར་བྱའོ། །གཡས་གཡོན་གྱི་གློར་ཤིན་ཏུ་མཁས་པའི་སློབ་དཔོན་གཉིས་སྟན་འབྲིང་པོ་ལ་སོ་སོར་རྡོ་རྗེ་དྲིལ་བུ་དང་ལྡན་པར་གཞག་པར་བྱའོ། །ལས་ཀྱི་སློབ་དཔོན་སྟ་གོན་གྱིས་དཀྱིལ་འཁོར་མདུན་དུ་སྟག་གི་པགས་པའི་སྟེང་དུ་ལོ་བཅུ་


DTG010_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལོན་པའི་ལས་ཀྱི་བུ་མོ་དང་ལྷན་ཅིག་ཏུ་ར་དགུ་པའི་རྡོ་རྗེ་དང་དྲིལ་བུ་དང་རྔེའུ་ཆུང་དང་ལྡན་པའོ། །ཐམས་ཅད་ཀྱི་དབུ་རྒྱན་ལ་སྣ་ཚོགས་པའི་དར་བཅིང་བར་བྱའོ། །རྡོ་རྗེ་སློབ་དཔོན་ལ་རིན་པོ་ཆེ་ལ་སོགས་པའི་བཟོར་བྱས་པ་གསེར་དང་དམར་པོ་དང་ལྡན་པའི་ཅོད་པན་ནོ། །སྒོར་ལག་ན་རྡོ་རྗེ་དང་ལྡན་པ་དབང་བསྐུར་ཐོབ་པ་སྔགས་ཀྱི་བཟླས་པ་ལ་སོགས་པ་ཁོ་ན་ཤིན་ཏུ་ཁྲིམས་དང་ལྡན་པ། འཇིག་པ་མེད་པ། སེར་སྣ་མེད་པ་འབད་པས་གཞག་པར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་བསྲུང་བ་ལ་སོགས་པ་དམ་པའི་ཆོས་ཀློག་པའི་དགེ་བསྙེན་དང་དགེ་བསྙེན་མ་གཞག་པར་བྱའོ། །རྒྱུད་མངས་དང༌། རྔེའུ་ཆུང་དང༌། གླིང་བུ་དང༌། དུང་ལ་སོགས་པའི་སྒྲ་བྱའོ། །དེའི་སྐབས་སུ་དབང་བསྐུར་མེད་པ་རང་གི་བུ་ཡིན་ཡང་དེ་ལ་ནང་དུ་འཇུག་པ་མི་སྦྱིན་ནོ། །དཀྱིལ་འཁོར་ལ་སོགས་པ་དང་རབ་གནས་ཀྱི་དུས་སུ་སྲོག་གཅོད་པ་དང༌། ཅ་ཅོ་དང༌། ཁྲོབ་མི་བྱའོ། །སློབ་དཔོན་ཤེས་རབ་དཔལ་གྱིས་མཛད་པ་ཡན་ལག་བརྒྱད་པའི་རིམ་པ་ལས་དཀྱིལ་འཁོར་བསྟན་པ་ཞེས་བྱ་བའི་ལེའུ་བཅད་པ་སྟེ་གཉིས་པའོ།། །།