དགུ་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག་བསྟན་པ་ཞེས་བྱ་བའི་ལེའུར་བཅད་པ།


DTG010_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་ཚོགས་ཀྱི་འཁོར་ལོའི་ཆོ་ག་བཤད་དེ། ཚོགས་ནི་འདིར་གཉིས་སུ་དབྱེ་སྟེ། དམ་ཚིག་ཏུ་གྲགས་པ་དང༌། ཡེ་ཤེས་སུ་གྲགས་པའོ། །ཡེ་ཤེས་གྲགས་པ་ལ་གཉིས་སུ་དབྱེ་སྟེ། རྒྱུར་གྲགས་པ་དང༌། འབྲས་བུར་གྲགས་པའོ། །རྒྱུར་གྲགས་པ་ནི་རྐུན་རྟ་བཞིན་ནོ། །འབྲས་བུར་གྲགས་པ་ནི་བདེ་བའི་ངོ་བོ་ལ་གཉིས་སུ་དབྱེ་སྟེ། རིག་པའི་བདག་ཉིད་དང༌། རིག་པ་ལ་སོགས་པ་དང་བྲལ་བའོ། །དམ་ཚིག་ཏུ་གྲགས་པ་ལ་ཡང་གཉིས་ཏེ། བཟའ་བ་དང༌། བསྲུང་བའོ། །བསྲུང་བ་ལ་ཡང་གཉིས་སུ་དབྱེ་སྟེ། གཞོན་པ་རྣམས་བསྲུང་བ་དང༌། རྒན་པ་རྣམས་ལ་ཞེ་ས་དང་བརྡའི་ཚིག་གོ །བཟའ་བ་ལ་ཡང་གཉིས་སུ་དབྱེ་སྟེ། ཐོག་མའི་བདུད་རྩི་རྐན་གྱི་བུ་ག་དང་ལྕེ་གཉིས་མྱོང་བ་དེ་ནི་གཅིག་གོ །སེམས་ཅན་སྐལ་ལྡན་གྱི་ཚོགས་སུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་བདུད་རྩིར་བྱས་པ་རོ་དྲུག་དང་ལྡན་པའི་ཟས་མཉམ་པའི་སྟབས་བྲིམ་པ་ཞེས་པ་གཉིས་པའོ། །དེ་ལ་དང་པོར་རེ་ཞིག་ཡིད་དང་མཐུན་པའི་གནས་ཆོམ་རྐུན་ལ་སོགས་པའི་འཇིགས་པ་དང་བྲལ་བར། སྣ་ཚོགས་དྲི་ཞིམ་པོའི་མེ་ཏོག་གིས་ཡན་ལག་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་བྱའོ། །དེར་རང་གི་རིམ་པས་དཀྱིལ་འཁོར་དེའི་དཀྱིལ་འཁོར་བའི་གྲངས་ཀྱིས་ཤེས་རབ་དང་ལྡན་པའི་སྟན་གཅིག་གི་སྟེང་དུ་རིམ་པས་ཚོགས་གཞག་པར་བྱའོ། །དེ་ཡང་ལེགས་པར་ཁྲུས་བྱས་པ་དང༌། སྣ་ཚོགས་གོས་དང༌། མེ་ཏོག་ལ་སོགས་པས་བརྒྱན་པ་དང༌། དམ་ཚིག་གཅིག་པ་དང༌། སྔགས་ཀྱི་ཐེག་པའི་འདུལ་བ་འཛིན་པའོ། །དེའི་དབུས་སུ་ཚོགས་ཀྱི་གཙོ་བོ་ཡོན་ཏན་ཐམས་ཅད་དང་ལྡན་པ། སྣ་ཚོགས་པའི་སྟན་སྟེང་དུ་ཤིན་ཏུ་མཚན་དང་ལྡན་པ་དབང་ཐོབ་པ། བརྒྱད་གཉིས་ལོ་དང་ལྡན་པའི་གཟུགས་ཀྱི་ཤེས་རབ་མ་དང་ལྡན་པར་བཞུགས་སུ་གསོལ་བར་བྱའོ། །དེར་ལས་བྱེད་པ་ཡང་དབང་ཐོབ་པ། དམ་ཚིག་དང་ལྡན་པ། ང་རྒྱལ་མེད་པར་རིམ་པ། རྣམ་པར་མཁས་པ་སེར་སྣ་མེད་པ། ཁྲོ་བོ་ལ་སོགས་པ་དང་བྲལ་བ་སྒོ་


DTG010_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ཡང་དེ་དང་འདྲའོ། །དེ་ནས་སྟ་གོན་གྱི་དཀྱིལ་འཁོར་བསྟན་པའི་རིམ་པས་གཏོར་མ་ཆེན་པོ་བྱའོ། །དེའི་ཕྱོགས་དང་མཚམས་བྱེ་བྲག་ཏུ་བརྒྱད་ཅུ་དང་ལྡན་པར་གཅིག་གོ །དེ་ནས་ཁ་ཟས་ཐམས་ཅད་ཡི་གེ་བརྒྱ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། དང་པོར་གཏོར་མ་ཆེན་པོས་རབ་ཏུ་ཚིམ་པར་བྱའོ། །དེ་ནས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་དེ། ཚོགས་ཀྱི་གཙོ་བོ་ལ་མཆོད་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། དང་པོར་རེ་ཞིག་གཞི་མཉམ་གྱིས་བྱུགས་ཏེ། མེ་ཏོག་དང༌། མར་མེ་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། ཕྱི་མ་དང༌། གདུགས་དང༌། རྒྱལ་མཚན་དང༌། འཕན་དང༌། དྲིལ་བུས་ཀུན་དུ་མཆོད་པར་བྱས་ནས། དེའི་འོག་ཏུ་ཚོགས་ཀྱི་སློབ་དཔོན་གཙོ་བོ་ཡན་ལག་མ་ལ་ཡང་དེ་བཞིན་ནོ། །ལས་ཀྱི་རྡོ་རྗེའི་སློབ་དཔོན་ལ་ཡང་གཙོ་བོ་བཞིན་ནོ། །དེ་ནས་དཀྱིལ་འཁོར་དང་བཅས་པ་སོ་སོ་རེ་རེའི་མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། དྲི་དང་ཚངས་པའི་སྐུད་པས་སོ། །ལས་བྱེད་པ་ལ་སོགས་པ་ལ་ཡང་དེ་བཞིན་ནོ། །ཚོགས་ཀྱི་ནང་ན་རེ་རེ་ཞིང་རིམ་པས་དང་པོ་ཚོགས་ཀྱི་གཙོ་བོ་ལ་མཆོད་པ་བྱས་ཏེ། དེའི་འོག་ཏུ་སོ་སོ་ལ་དཀྱིལ་འཁོར་དང་བཅས་པའི་མེ་ཏོག་དང༌། སྤོས་ལ་སོགས་པས་འཁོར་ལོའི་མཐའ་ཡན་ཆད་དོ། །དེའི་རྗེས་སུ་ཤིན་ཏུ་སར་པ་དྲི་མ་མེད་པ་དུམ་བུ་གཅིག་པའི་པདྨའི་སྣོད་རིག་སྐྱི་མེ་ཏོག་ལ་སོགས་པ་དང་ལྡན་པ། ཆང་གིས་ཤིན་ཏུ་ཁེངས་པར་བྱས་པ་སྟེ། ཡོན་བདག་གི་སྟན་གྱི་སྟེང་དུ་ཚོགས་ཀྱི་གཙོ་བོའི་མདུན་དུ་གཞག་པར་བྱའོ། །ཚོགས་དང་ཤེས་རབ་དང་ཐབས་གཉིས་ལ་རེ་རེའོ། །དེ་ལྟར་རྫོགས་ནས་ཚོགས་ཀྱི་གཙོ་བོས་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཨཱཿ་ཧཱུཾ་གི་སྔགས་ཀྱིས་བརྗོད་དེ། གང་གི་རིམ་པས་དཀྱིལ་འཁོར་དེའི་རིམ་པས་ཀ་པཱ་ལའི་ནང་དུ་བསྐྱེད་པའི་རིམ་པ་བསྒོམས་ཏེ། རྣམ་པར་ཞུ་བའི་བདུད་རྩི་བཞིན་རང་གི་ཞལ་དུ་གསོལ་ཏེ། བདེ་བ་ཆེན་པོའི་འཁོར་ལོ་མཆོད་དོ། །གྲུ་གསུམ་པའི་ཕྱག་རྒྱས་གཏོར་མ་ཆེན་པོ་ལ་ཡང་ཅུང་ཟད་དབུལ་བར་བྱའོ། །དེ་ལྟ་བུའི་རིམ་པས་ཚོགས་ཀྱིས་ཀྱང་བྱའོ། །དེའི་འོག་ཏུ་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་དེ། དམ་


DTG010_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་ཀྱོ་བ་ལེགས་པར་བྲིམ་པར་བྱའོ། །དེའི་དུས་སུ་ཚོགས་ཀྱི་གཙོ་བོས་སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་དཀྲོལ་ཏེ། ཡི་གེ་བརྒྱ་པའི་སྔགས་ཀྱིས་ཚོགས་ཀྱི་འཁོར་ལོ་ལ་བསྲུང་བར་བྱའོ། །ལས་ཀྱི་རྡོ་རྗེའི་སློབ་དཔོན་གྱིས་སྔགས་འདིས་སོ། །ཨོཾ་ཧྲིཾ་ཧྲཱིཾ་བྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར། ཏྲོཾ་ཏྲོཾ་ཀྲོཾ་ཀྲོཾ་ཕྲོཾ་ཕྲོཾ་སྲུཾ་སྲུཾ་ཧོ་རོ་ཧོ་རོ། །ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཚུར་གཤེགས་ཚུར་གཤེགས་ཚོགས་ཀྱི་འཁོར་ལོ་འདི་ལ་རྣམ་པ་ཐམས་ཅད་ཀྱིས་བསྲུང་བ་མཛོད་ཅིག །ཚོགས་ཀྱི་གཙོ་བོ་ལ་སྙིང་གར་འཇུག་ཅིང་རོ་ཐམས་ཅད་ཀྱི་རོའི་མཆོག་གསོལ་ཅིག་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ལྟར་བསྲུང་བ་དང་སྤྱན་དྲང་བ་བྱས་ནས་ལས་ཀྱི་རྡོ་རྗེའི་སློབ་དཔོན་གྱིས་གཡས་བརྐྱང་དང་གཡོན་བརྐྱང་བྱས་ཏེ། པདྨ་བསྐོར་བའི་ཕྱག་རྒྱས་ཚོགས་ཀྱི་གཙོ་བོ་ལ་པདྨའི་སྣོད་དབུལ་བར་བྱས་ཏེ། ཚོགས་ལ་ཡང་འདི་སྐད་བསྒོ་བ་སྦྱིན་ཏེ། ཀྱེ་ཚོགས་ཀྱི་བདག་པོ་པདྨ་བསྐོར་བའི་ཕྱག་རྒྱས་སྣོད་བཟུང་ལ་ཤེས་རབ་དང་ལྷན་ཅིག་ཏུ་བཏུང་བ་མཛོད། དམ་ཚིག་གི་ཀྱོ་བ་ལ་གསོལ་ཅིག །དེ་རྣམས་ཀྱིས་ཀྱང་ཚོགས་ཀྱི་གཙོ་བོ་ལ་ཕྱག་བྱས་ཏེ། དེ་ལྟར་བགྱིས་ཞེས་བརྗོད་པར་བྱའོ། །གཞན་ལས་ཀྱི་རྡོ་རྗེ་སློབ་དཔོན་གྱིས་ཇི་ལྟར་བཀའ་སྩལ་པ་དེ་ལྟར་དད་པར་བྱའོ། །གང་གི་ཕྱིར་ཞེ་ན། དེ་ནི་རྗེ་བཙུན་རྡོ་རྗེ་སེམས་དཔའི་སྤྲུལ་པའོ། །དེ་བཞིན་དུ་ཡང་དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཇི་ལྟར་དཔལ་རྡོ་རྗེ་སེམས་དཔར་གྲགས། དེ་ལྟར་དཔལ་ལྡན་ལས་ཀྱི་རྡོ་རྗེ་ཞེས་གསུངས་སོ། །གང་གི་སྐབས་སུ་ཚོགས་ཀྱི་གཙོ་བོ་ཇི་ལྟ་བའི་ཕྱག་རྒྱ་བཅིང་བ་མཛད་པ་དེ་ལྟ་བུར་ཚོགས་ཀྱིས་ཀྱང་བཅིང་བར་བྱའོ། །སྐབས་སུ་གང་ཞིག་ལ་སོགས་པའི་དགོངས་པ་ཚོགས་ཀྱི་གཙོ་བོ་ལ་ཕྱག་འཚལ་ཏེ། ཐམས་ཅད་བྱའོ། །ཚོགས་ཀྱི་ནང་དུ་རྐང་པ་བརྐྱང་པ་དང༌། ཀ་བ་ལ་སོགས་པ་ལ་བརྟེན་པ་དང༌། རྐེད་པར་ལག་པ་འཇོག་པ་དང༌། སོར་མོ་ལ་སོགས་པ་འདྲེན་པ་དང༌། རྒོད་པ་དང༌། ཕན་ཚུན་གཏམ་སྨྲ་བ་དང༌། ཐེ་ཚོམ་དང་གཉིད་དང༌། མཆིལ་མ་ལ་སོགས་པ་འདོར་བ་དང༌། གཞན་གྱི་སྣོད་ལ་བལྟ་བ་དང༌། བདག་ལ་བྱིན་ཞེས་པའི་ཚིག་དང༌། མི་དགའ་བ་དང༌། ཆང་མང་པོ་འཐུང་བ་དང༌། ཁམ་ཆེ་བ་དང༌། ལག་པ་གཅིག་གིས་འཐུང་བ་དང༌།


DTG010_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་ཤེས་རབ་མ་ལ་འདོད་པ་དང༌། ལྷག་མ་སྦྱིན་པ་དང་ཚུལ་འཆོས་ཀྱི་བསམ་གཏན་དང༌། ལྟ་བ་དམན་པའི་ཕྱོགས་སུ་ལྟ་བ་དང༌། སྒྱུག་པ་ལ་སོགས་པ་མི་བྱའོ། །དེ་རྣམས་ཀྱི་ནང་ན་གལ་ཏེ་ཅིག་ཆད་ནས་དེས་ཀྱང་ཅི་འབྱོར་པའི་ཆད་པ་བྱའོ། །དེ་ཡང་ཆད་པ་འཕེལ་བར་བྱས་ནས། ཚོགས་ཚིམ་པར་བྱའོ། །དེ་ནས་རིམ་གྱིས་བདུད་རྩི་བཅུད་དང་ལྡན་པའི་ཟས་དང་བཏུང་བ་བྲིམ་པར་བྱའོ། །དེ་ཡང་དལ་བུ་དལ་བུས་གསོལ་བར་བྱའོ། །གང་གིས་དགའ་བ་འཕེལ་བར་འགྱུར་རོ། །སྐབས་སུ་ངལ་བསོ་སྟེ། ལས་ཀྱི་རྡོ་རྗེས་གང་བགྱི་བཀའ་སྩལ་པ་དེའི་ཚེ་མཉན་པ་དང༌། དབྱངས་འཇམ་པས་བྱའོ། །དེའི་དུས་སུ་གལ་ཏེ་རྣལ་འབྱོར་མ་ལ་སོགས་པ་བརྟག་པའི་ཕྱིར་འོད་ན། དེ་རྣམས་ལ་ཚོགས་ཀྱི་གཙོ་བོའམ་ལས་ཀྱི་རྡོ་རྗེ་བསྙུན་གསོལ་བ་ལ་སོགས་པ་མཛད་པ་དེ་བཞིན་དུ་ཆོགས་ཀྱིས་ཀྱང་བྱའོ། །དེ་ལྟ་བུའི་རིམ་པས་ཉིན་བདུན་ནམ་ཡང་ན་གསུམ་བྱའོ། །རྟག་ཏུ་ཟས་ཐམས་ཅད་དང་ལྡན་པ་ཆུ་ལ་སོགས་པ་དང་བསྲེས་ནས་གཏོར་མ་ཨོཾ་ཨ་ཀཱ་རོ་མུ་ཁཾ་གི་སྔགས་ཀྱིས་འབད་པས་གཏང་བར་བྱའོ། །ཐམས་ཅད་རྫོགས་ནས་དྲུག་ལྡན་ལ་སོགས་པའི་གླུས་མཆོད་པར་བྱའོ། །ལྷག་མ་གཅིག་ཏུ་བྱས་ནས་འཕན་ལ་སོགས་པས་བརྒྱན་པར་བྱའོ། །དེའི་འོག་ཏུ་གཤེགས་སུ་གསོལ་བའི་མཆོད་པ་བྱས་ནས་གཏོར་མའི་ནང་དུ་མེ་བཞག་སྟེ། གཏོར་མ་རེ་རེ་སོ་སོའི་ལག་ཏུ་སྦྱིན་པར་བྱའོ། །གཏོར་མ་ཆེན་པོ་ལས་ཀྱི་རྡོ་རྗེ་སློབ་དཔོན་ལ་ཆུ་དང་བསྲེས་པ་སྒོ་སྲུང་བ་ལ། ཁ་ཅིག་རྡོ་རྗེ་དྲིལ་བུ་འཁྲོལ་ཞིང༌། ཁ་ཅིག་རྡེའུ་ཆུང༌། ཁ་ཅིག་སྤོས་འཛིན། ཁ་ཅིག་མེ་ཏོག་བཀྲམ་པར་བྱེད་པ། ཁ་ཅིག་སྣོད་འཛིན་པ་ཁ་ཅིག་གླུ་ལེན་པ། དེ་ལྟར་རིམ་པས་ཆུ་བོ་ཆེན་པོར་སོང་ནས། རྡོ་རྗེ་རྐང་པ་དང་ལྡན་པའི་གར་བྱའོ། །དེའི་འོག་ཏུ་མཆོད་པ་བྱས་ཏེ། བཅོམ་ལྡན་མ་རོ་ལངས་མའི་སྔགས་ཀྱིས་སམ། ཡང་ན་གང་གི་རིམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་དེའི་རིམ་པའི་སྔགས་ཀྱི་གཏོར་མ་ཆེན་པོ་གཏོང་བར་བྱའོ། །ལྷག་མའི་གཏོར་མ། ཨོཾ་ཨུཙྪིཥྚ་བཛྲ་ཡཀྵ་ཨཥྚི་ཏི་ཏིཥྛ་བི་བ་ཏ་ཧུཾ་ཧཱུཾ་ཕཊ། འཇིག་རྟེན་སྐྱོང་པ་ལ་ཕྱོགས་དང་མཚམས་བྱེ་བྲག་བརྒྱད་ཨོཾ་གྱི་རྣམ་པ་དང༌། ཧཱུཾ་ཕཊ་མཐར། བར་དུ་མིང་སྤེལ་ཏེ།


DTG010_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་དང་ཡི་དགས་དང་ཤ་ཟ་རྣམས་ལ་ཆུ་དང་བསྲེས་པ་སྔར་བསྟན་པ་བཞིན་ནོ། །དེའི་དུས་སུ་གལ་ཏེ་གང་ཞིག་བརྒྱ་བྱིན་འདྲ་བ་འོང་ན་དེ་ལ་རེ་ཞིག་འཇིགས་པར་མི་བྱའོ། །དེའི་མདུན་དུ་གཡས་བརྐྱང་བ་བྱ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ནས། ཁྲོ་བོའི་ཚུལ་གྱིས་ཕེའི་རྣམ་པ་དྲུག་བརྗོད་པར་བྱའོ། །དེ་ནས་གཏོར་མ་ཆེན་པོའི་སྣོད་ལ་སོགས་པ་ཆུས་གང་བར་བྱས་ནས། །བཀྲ་ཤིས་ཀྱི་ཚིགས་བཅད་ལ་སོགས་པ་བརྗོད་ལ་གནས་སུ་འགྲོ་བར་བྱའོ། །སློབ་དཔོན་ཤེས་རབ་དཔལ་གྱིས་མཛད་པ། ཡན་ལག་བརྒྱད་པའི་རིམ་པ་ལས། ཚོགས་ཀྱི་འཁོར་ལོའི་ཆོ་ག་བསྟན་པ་ཞེས་བྱ་བ་ལེའུར་བཅད་པ་དགུ་པའོ།། །།གང་རྒྱུད་པདྨ་ལ་དགའ་ཡིས་གསུངས་རྣལ་འབྱོར་མ་ལ་སོགས་ནི་རྨད་དུ་བྱུང༌། །དེ་ཡི་ནང་ནས་ཤིན་ཏུ་རྣམ་དཔྱད་འདི་དྲངས་བླ་མ་ཀུན་གྱི་ཡང་དག་ནོར། །འདིར་ནི་བདག་རང་གིས་ནི་ཅུང་ཟད་རང་བཟོ་མ་ཡིན་འོན་ཀྱང་འདུས་པ་བྱས། །དེ་ལས་གང་ཞིག་འབྲས་མཆོག་ཐོབ་པ་དེ་ནི་སེམས་ཅན་ཀུན་ལ་འཕེལ་བར་ཤོག །ཡན་ལག་བརྒྱད་པའི་རིམ་པ་ཞེས་བྱ་བ། རྒྱ་གར་གྱི་སློབ་དཔོན་དཔལ་ཤེས་རབ་གསང་བའི་ཞལ་སྔ་ནས་མཛད་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།ཨ་ཊི་རྫོགས་སོ།། །།