བྱང་སེམས་ཐིགས་པའི་མན་ངག།
ལས་ཀྱི་ཞབས་ཀྱིས་མཛད།


DTG010_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བིནྡུ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། བྱང་སེམས་ཐིགས་པའི་མན་ངག་ཅེས་བྱ་བ། །དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ས་བོན་ཟླ་བ་རྒྱས་འདྲ་བ། །འཁོར་ལོ་ཆེན་པོའི་གནས་སུ་འཁྱིལ། །སངས་རྒྱས་ཀུན་གྱི་སྙིང་པོ་སྟེ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཡང་དག་པར་ཏེ་དང་པོར་བཤད། །རྟོག་ཡུལ་ཆུ་རླུང་གིས་འཁྱགས་ཏེ། །དེ་ན་སྡུག་བསྔལ་སྣ་ཚོགས་བསྐྱེད། །དེ་འགགས་ནས་ནི་འཇུག་པར་འདོད། །ཆ་ནི་སྣ་རྩེར་བསྒོམ་པར་བྱ། །པདྨའི་ལྟེ་བར་ཤེས་རབ་ཐབས། །ཁ་སྦྱོར་བར་ནི་དེར་གས་པ། །ཤེལ་ལྟར་དྲི་མེད་ཡུངས་ཀར་རོ། །རྔ་འབྲུམ་བརྒྱར་གཤགས་སྐར་ཁུང་ནི། །ཐབས་ཀྱི་ཆ་ཡི་དཀྱིལ་འཁོར་དུའོ། །བ་ཐག་ཡི་གེར་ལྡན་པ་ཡིས། །རྡོ་རྗེ་ལས་སུ་དཀྲི་བར་བྱ། །རྣལ་འབྱོར་མིག་གི་འོད་ཟེར་གྱིས། །ཡུངས་ཀར་དག་ལ་བལྟ་བར་བྱ། །ནམ་ཞིག་དེ་ལ་བརྟེན་འགྱུར་ན། །མཚན་


DTG010_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྔ་དག་འབྱུང་བར་འགྱུར། །རྒྱལ་བ་སྐྱེད་པར་བྱེད་པ་ཡི། །ཚོགས་ཀྱི་རང་བཞིན་དྲི་མ་མེད། །འདི་ལྟར་ཁམས་གསུམ་ཀུན་ཀྱང་སྟེ། །རྒྱུ་ཡི་ཡེ་ཤེས་དམིགས་མེད་པ། །གཉིས་སུ་མེད་པའི་རྣམ་པ་སྟེ། །རྣལ་འབྱོར་ཆེན་པོའི་ཡེ་ཤེས་སོ། །སྣ་ཡི་ལམ་ནས་འཕྲོ་བ་ཡི། །རང་གི་གནས་ནས་རླུང་བསྐྱོད་པའོ། །གཡོན་པ་དང་ནི་འབར་བ་ཡིས། །སྐར་ཁུང་དག་གི་ལམ་ནས་ནི། །འཁོར་ལོ་ཆེར་ནི་འགྲོ་བར་འདོད། །ཡང་དག་པ་སྟེ་འཇུ་བར་འགྱུར། །རྩ་ཡི་རྡོ་རྗེའི་ལམ་ནས་ནི། །ཏིལ་གྱི་འབྲུ་བཞི་རྒྱས་པར་འགྱུར། །རྣལ་འབྱོར་མཐར་ཕྱིན་འབྲས་བུ་སྟེ། །བདེ་བ་ཆེན་པོའི་སྐུ་ཞེས་བྱ། །གཞན་གྱི་དོན་སོགས་ཡོན་ཏན་རྣམས། །འབད་པ་མེད་པར་ལྷུན་གྱིས་གྲུབ། །ཡེ་ཤེས་དྲུག་པ་གསང་ཆེན་པོ། །རྒྱུ་ཞེས་བྱ་བ་ཡིན་པར་བཤད། །སངས་རྒྱས་ཞབས་ཀྱིས་བདག་ལ་བསྟན། །རྐྱེན་དང་རྣལ་འབྱོར་གཉིས་སུ་འགྱུར། །འབྲས་བུ་བཞི་ནི་གསང་ཆེན་པོ། །བདེ་བ་ཆེན་པོ་ཞེས་བྱ་སྟེ། །སྦྱོར་བའི་རྒྱུད་ནི་ཐམས་ཅད་ལས། །རྒྱལ་བ་རྣམས་ཀྱིས་སྤས་པ་ཡང༌། །ཤིན་ཏུ་སྦྱངས་ལ་རབ་གནས་པའི། །སྣོད་ལྡན་བདག་ཉིད་ཆེན་པོས་གཟུང༌། །ལུས་སེམས་བདེ་བར་སྤྱད་ནས་ནི། །ཉིད་མཚམས་སྦྱོར་བ་བསྟེན་པར་བྱ། །སངས་རྒྱས་ཞབས་ཀྱིས་བསྟན་པའོ། །ཐབས་དང་ཤེས་རབ་གཉིས་མེད་པའི། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་འདི། །སངས་རྒྱས་འདོད་པ་བསྒོམ་པར་ཤོག །།ཐབས་དང་ཤེས་རབ་གཉིས་སུ་མེད་པ་བྱང་སེམས་ཐིགས་པའི་མན་ངག་ཅེས་བྱ་བ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལས་ཀྱི་ཞབས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།