Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་པ།


  expand section
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section
   
དགྱེས་པ་རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ།  
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
  expand section
   
   
   
   
   
   
   
  expand section
   
   
   
   
  expand section
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   


 
previousདགྱེས་པ་རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ། next

དགྱེས་པ་རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ།


DTG010_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧེ་བཛྲ་སྱ་ཧ་སྟ་བྱ་བར་ཀྲ་མ་ནཱ་མ། བོད་སྐད་དུ། དགྱེས་པ་རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ་དང་པོར་བདག་ཉིད་སྒྲུབ་པ་པོ་བློ་ཕུན་སུམ་ཚོགས་པ་དང་ལྡན་པས་བསམ་གཏན་གྱི་ཁང་པར་ཞུགས་ཤིང༌། ཆོས་ཐམས་ཅད་བདག་མེད་པར་མོས་ཏེ། ཕྱིའི་ཁྲུས་དང༌། ནང་བདུད་རྩིའི་ཁྲུས་བྱའོ། །དེ་ནས་ཅི་འབྱོར་པའི་ཡོ་བྱད་བསོགས་པ་དང༌། མཎྜལ་བྱ་བ་དང༌། རས་རིས་དགྲམ་པ་དང༌། དྲི་ཆབ་ལ་འཐོར་འཐུང་དང་ཉེ་རེག་བྱས་ཤིང༌། ཨོཾ་ཧེ་བཛྲ་ཨ་ཏིཥྛཱ་ན་མ་མ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་བདག་ལ་སོགས་པ་བསྲུང་བར་འགྱུར་རོ། །དེ་ནས་སྟན་བཟང་པོ་ལ་འདུག་སྟེ།


DTG010_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་ཡོ་བྱང་རྣམས་བྱིན་གྱིས་བརླབ་པ་དང༌། ཨོཾ་བཛྲ་པུཥྤེ་ཨོཾ་ཨཱཿ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨོཾ་ཨཱཿ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨོཾ་ཨཱཿ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཨོཾ་ཨཱཿ་ཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱེ་ཨོཾ་ཨཱཿ་ཧཱུཾ་ཞེས་པས་སོ། །མཆོད་རྫས་གཞན་དག་ནི་ཨོཾ་ཨཱཿ་ཧཱུཾ། ཞེས་པས་བདུན་ནམ་ཉི་ཤུ་རྩ་གཅིག་གིས་སོ། །དེ་ནས་རང་གི་སྙིང་གའི་ཧཱུཾ་གི་འོད་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ཧཱུཾ་ཁྱོད་ནི་རྣལ་འབྱོར་མ་རྣམས་བསྐོར། །རྡོ་རྗེ་མི་ཕྱེད་ཅིག་བཞེད་པ། །མཆོག་ཏུ་དགྱེས་པས་གཤེགས་ནས་ཀྱང༌། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཨོཾ་བཛྲ་གཽ་རཱི་ཛཿ་ཨོཾ་བཛྲ་ཙཽ་རཱི་ཧཱུཾ། ཨོཾ་བཛྲ་བེ་ཏཱ་ལཱི་བཾ། ཨོཾ་བཛྲ་གྷསྨ་རཱི་ཧོཿ་ཞེས་བརྗོད་པས་མངོན་སུམ་དུ་གསལ་བར་བལྟས་ལ་མཆོད་པར་བྱའོ། །ཆུ་དང་ཐང་ལས་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མི་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ལྷ་ཅིག་སྐྱེས་དང་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཇ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་སེལ་མར་མེ་འདི། །གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ནགས་ཚལ་བཅུད་ནི་ཡིད་དུ་འོང༌། །དྲི་ཞིམ་སྦྱར་བ་ལྷ་ཡི་ཆུ། །གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྨན་རྣམས་བཅུད་ནི་ཡིད་དུ་འོང༌། །སྔགས་ཀྱི་ཞལ་ཟས་བཤོས་འདི་དབ། །གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནེ་ཝི་ཏྱེ་པྲུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་ལྷ་མོ་བརྒྱད་ཀྱིས་མཆོད་དེ། །གཽ་རཱི་མ་ནི་རི་བོང་འཛིན། །ཙཽ་རཱི་མ་ནི་ཉི་མ་འཛིན། །བེ་ཏཱ་ལཱི་ནི་རྡོ་རྗེ་ཆུ། །གྷསྨ་རཱི་ནི་སྨན་འཛིན་ཅིང༌། །སྤོས་མོ་ཙནྡན་སྡོང་བུ་འཛིན། །རི་ཁྲོད་མ་ནི་སྦྲང་རྩི་འཛིན། །གཏུམ་མོ་ཅང་ཏེའུའི་སྒྲ་སྒྲོགས་ཤིང༌། །འདོད་ཆགས་ཆེན་པོའི་རྗེས་ཆགས་


DTG010_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པས། །གཡུང་མོས་མགུལ་པ་ནས་འཁྱུད་པ། །སྐྱེས་བུ་བཞིན་དུ་བྱེད་པར་བཤད། །ཕྱི་དང་ནང་དང་གསང་བ་དང༌། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏ་ར་པཱུ་ཛ་མེ་གྷ་ས་མུ་དྲས་པར། ཎ་ས་མ་ཡེ་ཧཱུཾ། དེ་ནས་བཤགས་པ་བྱ་སྟེ། བདག་གི་སྡིག་པ་བགྱིས་པ་དང༌། །རྗེས་སུ་ཡི་རང་བགྱིད་སྩལ་གང༌། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་ནི། །ཐམས་ཅད་མ་ལུས་སོ་སོར་བཤགས། །དེ་ནས་རྗེས་སུ་ཡི་རང་བ་བྱས་ཏེ། སངས་རྒྱས་བྱང་ཆུབ་སེམས་རྣམས་དང༌། །འཕགས་པ་ཉན་ཐོས་རང་རྒྱལ་དང༌། །སོ་སོའི་སྐྱེ་བོའི་བསོད་ནམས་དེ། །ཀུན་ལ་རྗེས་སུ་ཡི་རང་ངོ༌། །དེ་ནས་བསྔོ་བ་བྱ་སྟེ། བདག་གི་དགེ་བ་འདི་དག་ཀུན། །བླ་མེད་བྱང་ཆུབ་ཡང་དག་རྫོགས། །སེམས་ཅན་ཀུན་དང་ཐུན་མོང་དུ། །ཡོངས་སུ་སྨིན་ཅིང་རྫོགས་པར་བགྱི། །དེ་ནས་སྐྱབས་སུ་གསོལ་ཏེ། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །དེ་ཡིས་གསུངས་པའི་དམ་ཆོས་དང༌། །བྱང་ཆུབ་སེམས་དཔའི་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །དེ་ནས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བདག་གིས་བླ་མེད་བྱང་ཆུབ་ཏུ། །ཡང་དག་རྫོགས་པར་གྱུར་ནས་ནི། །སེམས་ཅན་ཀུན་དོན་ཕན་བྱའི་ཕྱིར། །མི་གནས་མྱ་ངན་འདས་ལ་དགོད། །དེ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བདག་གིས་སྦྱིན་པ་ལ་སོགས་པ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པས། །རྡོ་རྗེ་ཐེག་པ་བླ་མེད་པའི། །ལན་ནི་ཡང་དག་བསྟེན་པར་བྱའོ། །དེ་ནས་ཚད་མེད་པ་བཞི་རིམ་པ་བཞིན་དུ་བསྒོམས་ལ། ཡེ་ཤེས་ཀྱི་ཚོགས་སྟོང་པའི་བྱང་ཆུབ་ཏུ་བསམས་ཏེ། ར་བ་དང་གུར་ལ་སོགས་པའི་ནང་དུ་འབྱུང་བཞི་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་ཁྱུང་དང་ལྡན་པའི་ནང་དུ་སོ་སོའི་གདན་དབུས་སུ་བདུད་བཞི། ཤར་ཕྱོགས་སུ་ཚངས་པ། ལྷོ་ཕྱོགས་སུ་དབང་པོ། ནུབ་ཕྱོགས་སུ་ཉེ་དབང༌། བྱང་ཕྱོགས་སུ་དྲག་པོ། བྱང་ཤར་དུ་གཤིན་རྗེ། ཤར་ལྷོར་ནོར་བྱིན། ལྷོ་ནུབ་ཏུ་བདེན་བྲལ། ནུབ་བྱང་དུ་ཐགས་བཟངས་རིས་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནི་ལ་ཡ་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ནས་དེའི་དབུས་སུ་མངོན་པར་བྱང་


DTG010_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་པ་རྣམ་པ་ལྔ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་ཉིད་དུ་བརྗོད། །ཐམས་ཅད་གཅིག་གྱུར་བྱ་ནན་ཏན། །རྫོགས་པ་ཆོས་དབྱིངས་དག་པའོ། །ཞེས་པས་རྒྱུའི་རྡོ་རྗེ་འཆད་སྐུ་མདོག་དཀར་པོ་རིག་མ་སྔོན་མོ་དང་བཅས་པ། ཞལ་ཕྱག་བཅུ་དྲུག་པ་ཕྱག་རྒྱ་ལྔ་དང་ཐལ་ཆེན་གྱིས་ལུས་ལ་བརྒྱན་པ་བསྐྱེད་ལ། གསང་བའི་གནས་པདྨ་སུ་ཁ་དྷ་ར་ཞེས་པ་ལ་སོགས་པ་དང༌། ཨོཾ་བཛྲ་མ་ཧཱ་དེ་ཤྭ་ལ་སོགས་པས་བྱིན་གྱིས་བརླབས་ལ། །སིཾ་སིཾ་ཞེས་པ་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བས་བསྐྱོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ནུ་རཱ་ག་ཎ་བ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པས་རྗེས་སུ་ཆགས་པའི་ཞུ་བ་ལས། རྗེས་སུ་མཐུན་པའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་ལྷ་མོའི་འཁོར་ལོ་སྤྲོ་བར་བྱའོ། །དེ་ལ་གཽ་རིའི་མ་ནི་ཤར་གྱི་གདན་གྱི་སྟེང་དུ་སྔར་གྱི་བསོད་ནམས་དང་ཡེ་ཤེས་ལས་ཨཱ་ལི་ཀཱ་ལི་ར་སྣང་ལ། དེ་དག་གྱུར་པ་ལས་ཟླ་བ་དང་ཉི་མ་སྟེ་མངོན་པར་བྱང་ཆུབ་པ་གཉིས་པའོ། །དེ་དག་གི་ནང་དུ་ཞུ་བར་གྱུར་པའི་གྷཾ། ཞགས་པ་གྲི་གུག་ཏུ་གྱུར། དེ་ལ་གྷཾ་གིས་མཚན་པ་ཟླ་ཉིའི་སྟེང་དུ་གནས་པ་ནི་བྱང་ཆུབ་པ་གསུམ་པའོ། །དེ་ནས་ས་བོན་གྷཾ་ལས་འོད་ཟེར་རྣལ་འབྱོར་མའི་རྣམ་པའི་གཟུགས་སུ་བྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་སླར་བསྡུས་པས་ཉི་ཟླ་ལ་སོགས་པ་ཞུ་བ་ནི་བྱང་ཆུབ་པ་བཞི་པའོ། །དེ་ལ་གཽ་རཱིའི་གཟུགས་སྐུ་མདོག་ནག་པོ་དྲག་ཆེན་མོ་ལ་སོགས་པ་རྫོགས་པ་ནི་བྱང་ཆུབ་པ་ལྔ་པའོ། །དེ་བཞིན་དུ་ཙཽ་རཱི་ལ་སོགས་པ་གཞན་དག་ལ་ཡང་སྦྱར་རོ། །དེ་ལྟར་འཁོར་བསྐྱེད་པའི་བྱ་བ་རྫོགས་པ་དང༌། དེའི་དབུས་སུ་གཙོ་བོ་རྒྱུས་འགྱུར་བ་ནི་སྲིད་པ་བར་དོ། །ཡི་གེ་ཨོཾ་ཨཱཿ་ཧཱུཾ་ཧོ་དམར་པོ་གཉིས་ཀྱི་བར་དུ་བཅུག་པ་སྲིད་པ་པར་དོ་དྲི་ཟ་ཉེ་བར་འཁོར་གྱི་ཚུལ་དུ་གནས་པ་སྟེ། དགའ་ལྡན་དེའི་ཞལ་དུ་ཞུགས་པས་པདྨའི་མཐའ་རུ་ཆགས་ཤིང་ཞུ་བས་དྲན་པ་དང་ལྡན་པར་གྱུར་ཏེ། དེ་ཉིད་ཀྱི་ཚེ་གཙོ་བོ་རིག་མ་དང་བཅས་པར་ཡང་ཞུ་བར་གྱུར་ཏོ། །དེ་ལྟར་རྒྱུ་རྫོགས་ནས་རྐྱེན་གླུས་བསྐུལ་བ་ནི། གྲྭ་བཞིན་གནས་པའི་ལྷ་མོ་བཞིས་བསྐུལ་བའི་ལས་བྱེད་པས་ན། བྱམས་པ་ལ་སོགས་པའི་གླུ་བཞི་


DTG010_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བར་བྱ་སྟེ། བཞེངས་ཤིག་རྗེ་བཙུན་སྙིང་རྗེའི་ཡིད། །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །ཁྱོད་མི་བཞུགས་ན་བདག་འགུམ་པས། །དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་བ་མོ་བདག་ཞུ་བ་བགྱིད། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ཡིད་དྲན་ཉམས་པས། །སྙིང་རྗེའི་རྒྱུན་ཆད་མ་མཛད་ཅིག །ཅེས་པའི་རྐྱེན་གྱིས་བསྐུལ་བས། །འབྲས་བུའི་ཧེ་རུ་ཀ་ཡུད་ཙམ་གྱིས་མངོན་པར་བྱང་ཆུབ་པ་ལྔས་རྫུས་སྐྱེས་དང་ཆོས་མཐུན་པར་བསྐྱེད་པར་བྱ་སྟེ། དེ་ཡང་ཞུ་སྟེ། གོང་བུ་གཉིས་སུ་གྱུར་ཏེ། གོང་བུ་གཅིག་ནི་སྟེང་འོག་གི་ཉི་ཟླ་གཉིས་དང༌། བར་དུ་ས་བོན་ཧཱུཾ་ལས་རྡོ་རྗེ་གྱུར། དེ་ལས་ས་བོན་གྱིས་མཚན། དེ་ལས་འོད་ཟེར་རྣལ་འབྱོར་མའི་གཟུགས་སྤྲོས་བསྡུས་པ་ལས་གཅིག་ཏུ་གྱུར་པ་ལས་སྐུ་མདོག་ནག་པོ་ལ་སོགས་པའི་མཚན་ཉིད་དུ་གྱུར་ཏོ། །དེ་བཞིན་དུ་བདག་མེད་ལ་ལ་ཡང་ཨོཾ་དང་གྲི་གུག་ལ་སོགས་པ་བྱང་ཆུབ་པ་ལྔ་ལས་གྱུར་ཏོ། །དེ་མ་ཐག་ཏུ་ཞབས་རྣམས་ཀྱི་སྟང་སྟབས་ལ་སོགས་པ་གྱུར་པའི་རྗེས་ལ། དབུས་ཀྱི་གནས་སུ་དཀྱིལ་འཁོར་གྱི་བདག་པོར་གྱུར་ཏོ། །དེ་ནས་ཡང་འཁོར་རྣམས་ཀྱི་སྐུ་མདོག་དང༌། མཚན་མ་ལ་སོགས་པ་གསལ་བར་བྱས་པ་དང༌། སེམས་དཔའ་སུམ་བརྩེགས་བྱ་སྟེ། དེ་ལ་དཔའ་བོའི་ཐུགས་ཀར་པཾ་ལས་པདྨ་འདབ་མ་བརྒྱད་པ་དང༌། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེའོ། །དེ་ལ་ཧཱུཾ་གིས་མཚན་པར་གྱུར་པ་ལས་བསྐྱེད་པའི་ཡེ་ཤེས་པ་རང་དང་འདྲ་བའོ། །དེའི་ཡང་ཐུགས་ཀར་པདྨ་དང་ཉི་མ་ལ་ཧཱུཾ་ཡོངས་སུ་གྱུར་པའི། རྡོ་རྗེ་ལ་ཧཱུཾ་གིས་མཚན་པའོ། །དེ་བཞིན་དུ་གཞན་དག་ལ་ཡང་ཧཱུཾ་དང་རྡོ་རྗེ་སེམས་དཔའ་སུམ་བརྩེགས་བྱ་བ་ཉིད་དོ། །དེ་ནས་གཙོ་བོའི་ཏིང་ངེ་འཛིན་སེམས་དཔའ་ལས། ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་གསལ་བ་དེ་ལས་བྱུང་བའི་ཡིད་ཀྱིས་མཆོད་པས་མཆོད་ནས།


DTG010_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་མ་ཡེ་ཧཱུཾ་ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་གླུ་དང་ཕྱག་རྒྱར་བཅས་པས། ཨོཾ་བཛྲ་གཽ་རཱི་བཛྲ་ཨཾ་ཀུ་ཤ་ཛཿ་ཨོཾ་བཛྲ་ཙཽ་ཏཱི་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་བེ་ཏཱ་ལཱི་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷསྨ་རཱི་བཛྲ་གྷ་ཎྜེ་ཧོཿ་ཞེས་པས་དགུག་པ་དང་གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱེད་ཅིང༌། དམ་ཚིག་གི་འཁོར་ལོ་དང་དབྱེར་མེད་དུ་གྱུར་ཏོ། །དེ་ནས་དམ་ཚིག་ལ་ཡེ་ཤེས་ཀྱི་འཁོར་ལོ་བརྟེན་ཞིང་ནུས་པ་བསྐྱེད་པའི་དོན་དུ་ལྷ་ཀུན་གྱི་སྐྱེ་མཆེད་བྱིན་གྱིས་བརླབས་པ་དང༌། སྐུ་གསུང་ཐུགས་སོ། །དེ་ལ་གཙོ་བོའི་མིག་ལ་མཾ་གྱི་ས་བོན་ནོ། །དེ་ཡང་ཡོངས་སུ་གྱུར་པ་ལས་གཏི་མུག་རྡོ་རྗེ་མ་གསལ་བར་བསམ་ཞིང༌། མཾ་མོ་ཧ་བཛྲི་ཨོཾ་ཨཱཿ་ཧཱུཾ་ཞེས་བརྗོད་དོ། །རྣ་པར་ས་བོན་ཌཾ་ལས་ཞེ་སྡང་རྡོ་རྗེ་མ་བསམ་ཞིང༌། དཾ་དྭེ་ཤ་བཛྲི་ཨོཾ་ཨཱཿ་ཧཱུཾ་ཞེས་བརྗོད་དོ། །སྣ་ལ་པཾ་ཡོངས་སུ་གྱུར་པ་ལས་སེར་སྣ་རྡོ་རྗེ་མ་བསམ་ཞིང༌། པཾ་བེ་ཤུ་ན་བཛྲི་ཨོཾ་ཨཱཿ་ཧཱུཾ་ཞེས་བརྗོད་དོ། །ཁ་ལ་རཾ་ཡོངས་སུ་གྱུར་པ་ལས། འདོད་ཆགས་རྡོ་རྗེ་མ་བསམ་ཞིང༌། རཱ་ག་བཛྲ་ཨོཾ་ཨཱཿ་ཧཱུཾ་ཞེས་བརྗོད་དོ། །ལུས་ལ་ཨོཾ་ཡོངས་སུ་གྱུར་པ་ལས་ཕྲག་རྡོག་རྡོ་རྗེ་མ་བསམ་ཞིང༌། ཨོཾ་ཨིརཥྱ་བཛྲ་ཨོཾ་ཨཱཿ་ཧཱུཾ་ཞེས་བརྗོད་དོ། །སྙིང་གར་ཡིད་ལ་ཡང་ས་བོན་ནཾ་ཡོངས་སུ་གྱུར་པ་ལས་བདག་མེད་པར་བསམ་ཞིང༌། ནཾ་ནཻ་ར་ཨཱཏ་བཛྲ་ཨོཾ་ཨཱཿ་ཧཱུཾ་ཞེས་བརྗོད་དོ། །དེ་བཞིན་དུ་གཙོ་བོའི་སྙིང་ག་དང༌། ལྐོག་མ་དང༌། སྤྱི་བོར་ཨོཾ་ཨཱཿ་ཧཱུཾ་གི་ས་བོན་ལས། མཁའ་སྤྱོད་སྐུའི་རྡོ་རྗེ་མ། ས་སྤྱོད་གསུང་གི་རྡོ་རྗེ་མ། ཞབས་འོག་གནས་པ་ཞུགས་ཀྱི་རྡོ་རྗེ་མར་གསལ་བར་བསྐྱེད་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཁེ་ཙ་རི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷཱུ་ཙ་རི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ཏཱ་ལ་ཝ་སི་ནི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ། །བཞིན་དུ་ལྟ་ཀུན་ལ་ཡང་རིམ་པ་བཞིན་དུ་སྦྱར་རོ། །དེ་ནས་གཙོ་བོའི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་མདུན་གྱི་ནམ་མཁར་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ། ཡང་འོད་ཟེར་གྱིས་མཆོད་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པས་མཉེས་པར་གྱུར་པ་དེ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤི་ཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་


DTG010_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་དཔལ་ཧེ་རུ་ཀ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་གྱུར་ཏེ། དེ་བཞིན་གཤེགས་པ་ལྔ་ཞུ་བའི་བུམ་པས་ལྷ་ཀུན་ལ་དབང་བསྐུར་ནས། སོ་སོར་རིགས་ཀྱི་བདག་པོ་དབུལ་བསྐྱེད་ཅིང༌། མེ་ཏོག་གི་ཆར་ལ་སོགས་པ་བྱུང་བ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ནས་ཡང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་མཆོད་པའི་ལྷ་མོའི་ཚོགས་སྤྲོས་ནས་བདག་ཉིད་གཙོ་བོ་དང་བཅས་པའི་འཁོར་ལོ་ལ་མཆོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏམ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ནས། ཐམས་ཅད་དངོས་པོའི་རང་བཞིན་མཆོག །ཅེས་བྱ་བ་ལ་སོགས་པ་འམ། ཁྱོད་ནི་རྣལ་འབྱོར་མ་རྣམས་ཡོངས་སུ་བསྐོར། །ཞེས་བྱ་བ་ལ་སོགས་པས་འཁོར་གྱིས་གཙོ་བོ་ལ་བསྟོད་པར་བསམ་ཞིང༌། བདག་ཉིད་ཀྱང་གླུ་བླང་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་སྟུ་ཏེ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ནས་བདུད་རྩི་མྱང་བའི་ཆོག་བྱ་སྟེ། བདག་ཉིད་གཙོ་བོའི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་ཡེ་ཤེས་ཀྱི་སྣང་བ་ལས་གྱུར་པ་ཡིན་པས་ན་རང་དང་ཐ་མི་དད་པའི་ང་རྒྱལ་བྱའོ། །དེ་ནས་རང་གི་མདུན་དུ་འཇིག་རྟེན་པའི་གཡོས་བྱེད་པའི་ཚུལ་དུ་ཀམ་ཡོངས་སུ་གྱུར་པ་ལས་ཐོད་པ་གསུམ་དང༌། ཡཾ་ལས་རླུང་ངོ༌། །དེ་ནས་རཾ་ཡོངས་སུ་གྱུར་པའི་མེའི་སྟེང་དུ། ཨ་ཡོངས་སུ་གྱུར་པའི་ཐོད་པའོ། །ནང་དུ་བདུད་རྩིའི་རི་ལུའམ་ཕྱེ་མ་མྱོས་བྱེད་དང་སྦྱར་བ་ལ། བི་ར་ཤུ་མ་མུ་དང༌། གོ་ཀུ་ད་ཧ་ན་ལས་བདུད་རྩི་ལྔ་དང༌། སྒྲོན་མ་ལྔའི་ངོ་བོར་གྱུར་ཏོ། །དེའི་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྒྱ་གྲམ་ཁ་ཆོད་ལྟ་བུར་བསམ་མོ། །དེ་ནས་རླུང་གིས་མེ་བསྐྱོད་པས་ཐོད་པར་བདུད་རྩི་དང་སྒྲོན་མ་འདྲེས་ཤིང་ཁོལ་བས་རླངས་པ་ལྟ་བུའི་འོད་ཟེར་བྱུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ། དེ་རྡོ་རྗེ་ལ་ཐིམ་པས་ཞུ་ནས་དམ་ཚིག་གི་བདུད་རྩི་ལ་ཐིམ་ཞིང་འདྲེས་པར་གྱུར་ཏོ། །ཨོཾ་ཨཱཿ་ཧཱུཾ་ཞེས་ལན་བདུད་ནམ་ཉི་ཤུ་རྩ་གཅིག་བརྗོད་པས་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ནས་དཀྱིལ་འཁོར་གྱི་ལྷ་ཀུན་རང་གི་གཙོ་བོ་ར་གསལ་བའི་ཐུགས་ཀར་བསྐྱེད་ཅིང་དམིགས་པའམ། ཡང་ན་རང་ཉིད་ལས་གྱུར་པའི་


DTG010_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ལྟ་བུའི་སྣང་བར་བསམས་ཏེ། རང་གི་ལྕེ་ལ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་ནས་འབྲུ་ཙམ་བསམ་མོ། །དེའི་འོད་ཟེར་སྦུ་གུས་བདུད་རྩིའི་རོ་མྱང་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སུ་སཏྭ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ལྟར་ཡན་ལག་དྲུག་པོ་དག །འཁོར་ལོས་སྒྱུར་བ་དྲུག་རྣམས་སུ། །མོས་དང་ལྡན་པས་བསྒོམས་གྱུར་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །དེ་ཡི་རྟགས་ནི་འདི་ཡིན་ཏེ། །དང་པོ་སྤྲིན་དང་འདྲ་བ་ནི། །སྤྲིན་མེད་ན་མེ་མཁའི་བར་དུའོ། །དེ་ནས་རྫོགས་དེ་ཁོ་ན་ཉིད། །གཏུམ་མོ་སྦར་བ་ལ་སོགས་བྱ། །རྣལ་འབྱོར་དེ་ཡིས་ངལ་གྱུར་ནས། །དེ་ཉིད་རྗེས་སུ་དྲན་པ་དང༌། །སྔགས་བཟླས་གཏོར་མ་གཏང་བ་དང༌། །སྤྱོད་ལམ་ལྷག་པར་མོས་པ་བྱ། །དེ་དག་གི་དོན་ནི་འདི་ཡིན་ཏེ། ཡན་ལག་དྲུག་པོ་ཞེས་པ་ནི། །གཞི་དང་རྗེས་སུ་ཆགས་པ་དང༌། །དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང༌། །འཁོར་ལོས་སྒྱུར་དྲུག་ཅེས་པ་ནི། །རྟག་པ་རྡོ་རྗེ་འཆང་བ་དང༌། །མི་བསྐྱོད་དོན་ཡོད་རིན་ཆེན་འབྱུང༌། །འོད་དཔག་མེད་པའམ་ཡེ་ཤེས་རྣམས། །ཆོས་ལྡན་བསྒོམ་པ་ཞེས་པ་ནི། །རྣམ་པ་དེ་དག་བསྒོམ་པའི་ཚེ། །མོས་པ་སངས་རྒྱས་རང་བཞིན་ནོ། །མྱུར་དུ་བྱང་ཆུབ་འཐོབ་ཅེས་པ་ནི། མཆོག་ཏུ་གྱུར་པའི་རྟེན་འབྲེལ་མཐུ། །རྡོ་རྗེ་སེམས་དཔའ་མཁྱེན་ཕྱིར་རོ། །དེའི་རྟགས་ཞེས་པ་ནི། སེམས་བརྟན་དེ་ཉིད་ལ་འཇུག་དང༌། །དངོས་གྲུབ་འགྲུབ་པའི་མཚན་མའོ། །དང་པོ་སྤྲིན་དང་འདྲ་ཞེས་པ་ནི། དབང་སྟོབས་ལྷན་སྐྱེས་བུ་མོ་འམ། །ལས་ཀྱི་ཕྱག་རྒྱ་མངོན་དུ་སྣང༌། །སྤྲིན་མེད་ནམ་མཁའི་བར་དུའོ། །ཞེས་པ་ནི། སྒོམ་དང་སྤྱོད་པ་འབྲས་བུའི་སྟོབས། །ཕྱག་རྒྱལ་སོགས་རིམ་བཞིན་སྦྱར། །རྫོགས་རིམ་དེ་ཁོ་ན་ཞེས་པ་ནི། །རིམ་གཉིས་ཚོགས་པ་གཅིག་པའམ། །བརྟེན་ཏེ་བྱིན་གྱིས་བརླབ་ཕྱིར་རོ། །གཏུམ་མོ་སྦར་བ་ལ་སོགས་ཞེས་པ་ནི། །མཚན་མ་རྣམ་རྟོག་འཇོམས་པ་ཡིས། །ཡི་གེ་ཨ་མ་ཐིག་ལེ་ལས། །འབར་བའི་འོད་ཟེར་བྱུང་བས་སོ། །སོགས་པ་རྫོགས་རིམ་གཞན་ཡང་བསྒོམ། །རྣལ་འབྱོར་དེ་ཡིས་ངལ་ཞེས་པ་ནི། རིམ་པ་གཉིས་ཀྱིས་ངལ་གྱུར་ན། དབུགས་དབྱུང་བ་ནི་རྣམ་པ་གསུམ། །དེ་ཉིད་རྗེས་སུ་དྲན་ཞེས་པ་ནི། བདག་


DTG010_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལྷ་ཡི་ཕུང་པོ་དང༌། །སྐྱེ་མཆེད་ལ་སོགས་ལྷ་མོར་དྲན། །ཧེ་རུ་ཀ་ཡི་ཆ་བྱད་ནི། །ཕ་རོལ་ཕྱིན་པའི་རྣམ་དག་དྲན། །སྔགས་བཟླས་ཞེས་པ་ནི། དེ་ལ་སྔགས་ཀྱི་བཟླས་པའི་ཚེ། །བདག་ཉིད་རིམ་པ་གཉིས་པོ་དང་།ཚོགས་པ་གཅིག་ཏུ་སྣང་བྱས་ནས། །བདག་ཉིད་ནམ་མཁའི་ངོས་གནས་པའི། །ཟླ་བ་ལྟ་བུའི་བསམ་གཏན་མོས། །དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ནི། །ཆུ་ཟླ་ལྟ་བུར་གྱུར་པའོ། །དེ་ལ་སྔགས་ཀྱི་བཟླས་པ་ཡང༌། །བདག་ཉིད་ཚོགས་པ་གཅིག་གྱུར་པས། །སྒྲ་རིངས་གསལ་བ་ཁྲི་འབུམ་བཟླས། །དེ་ཚེ་དཀྱིལ་འཁོར་པ་དག་ཀྱང༌། །སྒྲ་བརྙན་བྲག་ཅའི་ཚུལ་དུ་ཟློས། །གཏོར་མ་བཏང་ཞེས་པ་ནི། དེ་ལ་གཏོར་མའི་བྱ་བ་སྟེ། བཤད་རྒྱུད་ལུང་དང་མན་ངག་གོ །བདག་ཉིད་ཚོགས་པ་གཅིག་གྱུར་པས། །མདུན་གྱི་ཆོས་འབྱུང་གྲུ་གསུམ་དུ། །སྟེང་འོག་པདྨ་རིམ་གསུམ་བྱ། །སྟེང་དུ་ཚངས་པ་ལ་སོགས་ལྷ། །ཨོཾ་སྐྱེས་མདོག་དཀར་རྟག་པས་མཚན། །རྡོ་རྗེ་དྲིལ་བུ་འཛིན་པ་ཡིས། །རང་མཚུངས་རིག་ལ་དང་ལྡན་པའོ། །བར་གྱི་པདྨ་ཧཱུཾ་ལས་བྱུང༌། །མདོག་སྔོན་མི་བསྐྱོད་པ་ཡིས་མཚན། །རྡོ་རྗེ་དྲིལ་བུ་འཛིན་པ་ཡིས། །རང་མཚུངས་རིག་མ་དང་ལྡན་པའོ། །འོག་གི་པདྨར་ཨ་ལས་བྱུང༌། །མདོག་དམར་འོད་དཔག་མེད་པས་མཚན། །རྡོ་རྗེ་དྲིལ་བུ་འཛིན་པ་ཡིས། །རང་མཚུངས་རིག་མ་དང་ལྡན་པའོ། །ཡཾ་ལས་རླུང་དང་རཾ་ལས་མེ། །ཨ་ལས་ཐོད་པར་བདུད་རྩི་བསམ། །བདུད་རྩི་སྒྲོན་མའི་ས་བོན་ལས། །རིམ་བཞིན་བསྐོལ་བས་འོད་ཟེར་བྱུང༌། །དེ་ཡིས་ཡེ་ཤེས་བཀུག་བྱས་ཏེ། །དེ་ཉིད་གསུམ་གྱི་སྔགས་ཀྱིས་བརྟན། །དེ་ལ་སྔར་གྱི་མགྲོན་རྣམས་ཀྱི། །ལྕེ་ཡི་འོད་ཟེར་སྦུ་གུ་ཡིས། །བདུད་རྩི་རོ་རུ་གསལ་པར་བྱེད། །ཨོཾ་ཨིནད། ཛ་མ། ཛ་ལ། ཛཀཁ། བྷྲ་ཏ། བཧྣི། བ་ཨུ། རཀྵ། ཙནད། སུཛྫ། མ་ད། པ་པྤ། ཏ་ལ་པཱ་ཏཱ་ལེ། ཨཊྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛིཾ་གྷ། ཕུལ་ལ། དྷཱུ་པ། མཱཾ་ས། པིཾ་གྷ། ཨམྦྷ། སཔྤ། ཀཛྫ། སཱ་ད། ཁནྟི། ཁུ་ཎི། ཕེ་ཌ། གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ། ཨཱ་དྱ་ནུ་ཏྤ་ནྣ་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། གལ་ཏེ་མཚན་ཕྱེད་ཚོགས་འཁོར་ལོ། །ཕྱེད་ན་དབུགས་དབྱུང་བཞི་པ་སྟེ། །གཉིས་འོག་


DTG010_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་སྔོན་དུ་བྱ། །དང་པོར་ཀུན་གྱིས་ཁྲུས་ལ་འཇུག །བདུད་རྩི་ལྔ་དང་དྲི་ཞིམ་བྱུགས། །གོས་བཟང་རུས་སོགས་རྒྱན་གྱིས་བརྒྱན། །སོ་སོའི་མགོ་ལ་མེ་ཏོག་གཞག །ཡང་ན་མེ་ཏོག་ཕྲེང་བས་བཅིང༌། །ཐིག་གདབ་ལེ་ཚེར་བྱ་བ་དང༌། །རང་རང་སྟན་ལ་བདེ་བར་འདུག །ཀུན་གྱི་རྣལ་འབྱོར་གསལ་བ་རུ། །ཕྱོགས་དང་མཚམས་སུ་ལྷ་རུ་གསལ། །དེ་ནས་ཀརྨ་བཛྲ་ཡིས། །མེ་ཏོག་ལ་སོགས་མཆོད་པ་ལྔ། །རྣལ་འབྱོར་ཀུན་ལ་རིམ་བཞིན་བྲི། །དེ་ནས་དཀྱིལ་འཁོར་ལྷ་རྣམས་ལ། །བ་ལིཾ་ཆེན་པོའི་གཏོར་མ་བསྟབ། །བཟའ་དང་བཏུང་བའི་ཕུད་བསྡུས་ལ། །ལག་ཏུ་ཐོགས་ནས་འདི་སྐད་བརྗོད། །ཨོཾ་བཛྲ་གཽ་རཱི་ག་ཎ་ཙ་ཀྲ་ཨ་དྷི་ཁྵྲཱ་ན། ཞེས་པའི་གླུ་ནི་དྲུག་འགྱུར་དུ། །ལྷ་མོ་བརྒྱད་པོ་རིམ་བཞིན་དུ། །དེ་ལྟར་བྱིན་གྱིས་བརླབ་བྱས་ལ། །ཀརྨ་བཛྲ་ཕུད་དེ་རྣམས། །གཏོར་ཆེན་བསྐྱེད་གསུམ་ལྡན་པར་ནི། །ར་མགོ་ལུག་མགོ་མི་མགོ་ཅན། །འཕན་དང་བ་དན་བརྒྱན་པས་དབུལ། །ཨོཾ་ཧེ་བཛྲཱ་དྷི་ཤྛཱ་ན། མ་ཧཱ་བ་ལིཾ་ཏ་པྲ་ཏཱི་ཙྪ་ཧོ། །ཁ་ཁ་ཁཱ་ཧི་ཁཱ་ཧི། གྲིཧྞ་གྲིཧྞ། བྷུཉྫ་བྷུཉྫ་པྲ་ཏཱི་ཙྪ་ཧོཿ་ཞེས་པས་གླུ་བླང་ཞིང༌། ཨོཾ་བཛྲ་ནཻ་ར་ཨཱཏྨ། ཨོཾ་བཛྲ་གཽ་རཱི་ཞེས་པའི་མིང་ཀུན་དང་སྦྱར་ཞིང་དབུལ་ལོ། །དེ་ནས་ཀརྨ་བཛྲ་ཡིས། །རྡོ་རྗེ་སློབ་དཔོན་ལ་སོགས་པ། །ཀུན་གྱི་མདུན་དུ་མཎྜལ་བྱ། །རྡོ་རྗེ་ལག་ཀོར་གར་བྱ་ཞིང༌། །རྡོ་རྗེ་གླུ་ཡིས་འདི་སྐད་བརྗོད། །ཁྱོད་ནི་རྣལ་འབྱོར་དམ་པ་མཆོག །བདེ་བ་ཆེན་པོའི་རོས་གང་བ། །དེ་ཡི་རྐྱེན་དུ་དབུལ་ལགས་ཀྱིས། །དགྱེས་པའི་མདངས་ཀྱིས་བཞེས་སུ་གསོལ། །དེ་ནས་བཟའ་དང་བཅའ་ལ་སོགས། །ཁྱད་པར་དང་ནི་ཐུན་མོང་དུ། །སོ་སོར་ཚིམ་པར་གྱུར་ནས་ཀྱང༌། །རྡོ་རྗེ་གར་དུ་གླུ་བླངས་ཏེ། །ཚོགས་ཀྱི་བདག་པོས་སྔར་བྱས་པའོ། ཡང་ན་གཞན་དག་གིས་ཀྱང་ངོ༌། །ཨོཾ་བཛྲ་གཽ་རཱི་ཧཱུཾ། བཛྲ་པཱུ་ཛ་ཨ་ནུཏྟ་ར་ཞེས་པ་རྐང་པ་གསུམ་གྱི་གླུས་ལྷ་མོ་བརྒྱད་ཅར་ལ་སྦྱར་བར་བྱའོ། །གཞན་ཡང་སྐད་ཅིག་དགའ་བའི་གླུ། །རྣམ་པ་སྣ་ཚོགས་དུ་མ་ཡི། །འོ་དང་འཁྱུད་པ་ལ་སོགས་པ། །རྣམ་པ་སྣ་ཚོགས་སྐད་ཅིག་མ། །དགའ་བའི་ལོངས་སྤྱོད་རབ་ཏུ་འབུལ། །རྣམ་པ་སྣ་ཚོགས་དུ་མ་ཡི། །སྒེག་དང་དཔའ་ལ་སོགས་པ་རྣམས། །རྣམ་པར་སྨིན་པའི་སྐད་ཅིག་མ།


DTG010_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དགའི་ལོངས་སྤྱོད་རབ་ཏུ་འབུལ། །རྣམ་པ་སྣ་ཚོགས་དུ་མ་ཡི། །བདེ་བའི་སྟོན་མོ་ལ་སོགས་པའི། །རྣམ་པ་མེད་པའི་སྐད་ཅིག་མ། །དགའ་བྲལ་ལོངས་སྤྱོད་རབ་ཏུ་འབུལ། །རྣམ་པ་སྣ་ཚོགས་དུ་མ་ཡི། །བདེ་མཆོག་ཆེན་པོ་ལ་སོགས་པ། །མཚན་ཉིད་བྲལ་བའི་སྐད་ཅིག་མ། །ལྷན་སྐྱེས་ལོངས་སྤྱོད་རབ་ཏུ་འབུལ། །འཇིག་རྟེན་མ་ལུས་ཐམས་ཅད་ཀྱང༌། །ནམ་མཁའ་ཀུན་གྱི་རྣལ་འབྱོར་གྱིས། །ནམ་མཁའི་དམ་ཚིག་ལ་ཞུགས་ཏེ། ཐམས་ཅད་ནམ་མཁར་ལོངས་སྤྱོད་པའོ། །ཞེས་པ་ཡིས་ནི་གླུ་བླངས་ལ། །གལ་ཏེ་སློབ་མ་འཇུག་འདོད་ལ། །ཚོགས་ཀྱི་འཁོར་ལོ་སྔོན་ཉིད་དུ། །ཅུང་ཟད་བཟླས་པའི་རྗེས་ལ་བྱ། །དེ་ཡང་རྡོ་རྗེ་སློབ་དཔོན་གྱི། །ལས་སུ་བྱ་བ་འདི་ཡིན་ཏེ། །སྔོན་དུ་གྲངས་དང་མཚན་མའོ། །དུས་ཀྱི་བསྙེན་པས་སྦྱང་བར་བྱ། །འབུམ་དང་ཁྲི་ཡིས་གཙོ་འཁོར་ལོ། །དེ་བཞིན་ཟླ་དྲུག་གོམས་པ་དང༌། །སྔགས་ཀྱི་རབ་མཐོང་ཕ་རོལ་སོན། །གསལ་བར་ནུས་པའི་རྣལ་འབྱོར་རོ། །དེར་ནི་བསྙེན་པས་མཐུ་བསྐྱེད་ནས། །ས་ཡི་ཆོ་ག་བརྟག་པ་ནི། །ཕྱི་དང་ནང་དུ་ཤེས་པར་བྱ། །ཕྱི་ནི་ཚྭ་སྒོ་ཅན་ལ་སོགས། །ངན་པའི་སྐྱོན་དག་སྤང་བྱས་ནས། །གྲོང་ཁྱེར་བྱང་ངམ་ཤར་དུ་གཞོལ། །མཉམ་ལ་སོགས་པའི་ཡོན་ཏན་ལྡན། །ནད་ནི་མཚན་མ་རྨི་ལམ་སོགས། །རྣལ་འབྱོར་ནུས་པས་རབ་ཏུ་བརྟག །སྦྱང་བ་དེ་བཞིན་ཕྱི་དང་ནང༌། །ཕྱི་ནི་འདོམ་གང་ལྟེ་བ་དང༌། །པུས་ནུབ་ཙམ་དུ་བརྐོ་བྱས་ཏེ། །འབྱོར་པ་རབ་འབྲིང་ཐ་མ་ཡིས། །རྡོ་དང་གྱོ་མོ་སོལ་དུ་མ་བསལ། །དེ་ནས་ནང་གི་སྦྱང་བ་ནི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་སོ། །དེ་ནས་བྱིན་གྱིས་བརླབ་བྱ་སྟེ། །འོག་གཞི་རི་རབ་རྩེ་མོའམ། །ཤྲཱི་དྷ་ན་ལ་སོགས་པ་ཡི། །བདེ་བ་ཅན་གྱི་གནས་སུ་བསམ། །དེར་གནས་པ་ཡི་རྣལ་འབྱོར་ནི། །ཡན་ལག་དྲུག་པོ་སྔར་བཞིན་བྱ། །དེ་ནས་ས་ཡི་ལྷ་མོ་ནི། །བསྐྱེད་ཅིང་སྤྱན་དྲངས་བཞུགས་པ་ལ། །མ་མ་རིན་ཆེན་སྣ་ཚོགས་འཛིན། །ཞེས་སོགས་ཚིག་གིས་དཔང་པོར་གསོལ། །དེ་རྗེས་རྣལ་འབྱོར་ལྡན་པ་ཡི། །སློབ་དཔོན་ལ་ནི་གྲོགས་མཆོག་གིས། །ཕྱོགས་བཞི་ནས་བསྟོད་གསོལ་


DTG010_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བ་གདབ། །དེ་ཡི་དོར་བྱས་ལངས་ཏེ་བསྲུང༌། །རྡོ་རྗེ་ལྟ་སྟངས་རྡོ་རྗེ་འགྲོས། །དེངས་ཤིག་པ་དང་སྟང་སྟབས་སོགས། །དཀྱིལ་འཁོར་ཆོ་གའི་གཞུང་བཞིན་བྱ། །དེ་ཡི་མཚན་མོ་སྟ་གོན་ནི། །ལྷ་དང་བུམ་པ་སློབ་མའོ། །དེ་ལ་ལྷ་ཡི་བྱ་བ་ནི། །དང་པོར་ཀརྨ་བཛྲ་ཡིས། །བྱ་བ་ལ་ནི་འཇུག་པ་དང༌། །ཚོགས་བསགས་པ་དང་རྣལ་འབྱོར་ནི། །ཡན་ལག་དྲུག་པོ་སྔར་བཞིན་བྱ། །དེ་ནས་བདག་ཉིད་ཕུན་སུམ་ཚོགས། །ལྡན་པའི་བླ་མ་ལ་ནི་འཕོ། །དེ་ཚེ་དྲི་ཡི་ཐིག་ལེ་དང༌། །མེ་མར་དགུ་སོགས་ཕུན་ཚོགས་བྱ། །དེ་ནས་བླ་མའི་རྣལ་འབྱོར་ནི། །གཟུགས་བརྙན་མེ་ཏོག་ཚོམ་བུལ། །ཏིང་འཛིན་ས་བོན་བདག་གིས་བསྐྱེད། །ཡེ་ཤེས་བཀུག་ལ་སུམ་བསྲེག་བྱ། །དེ་ཡང་རང་གི་སྙིང་ག་ཡི། །ས་བོན་འོད་ཟེར་ལྕགས་ཀྱུ་ཡིས། །མདུན་དུ་ཡེ་ཤེས་འཁོར་ལོ་བསྡུ། །ཡིད་ལས་བྱུང་བའི་མཆོད་པ་ཡིས། །ཅི་རིགས་མཆོད་ཅིང་སྔགས་འདི་བརྗོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་གཽ་རཱི་ལ་སོགས་པའི། །ཛཿ་ཧཱུཾ་བཾ་ཧོཿའི་སྔགས་དང་ནི། །གླུར་བཅས་པ་ཡི་ཕྱག་རྒྱ་ནི། །དགུག་སོགས་ཐིམ་པས་ཡེ་ཤེས་འབར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །སྒྲུབ་སྟེ་གཞན་ལ་ཡང་མ་ཡིན། །སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས། །བྱིན་གྱིས་བརླབ་དང་དབང་བསྐུར་བ། །སྔར་བཞིན་བྱས་ཏེ་མཆོད་པའི་ཚོགས། །འདིར་ནི་རབ་ཏུ་རྒྱས་པར་བྱ། །བསྟོད་དང་བདུད་རྩི་མྱང་བ་དང༌། །སྔགས་དང་བཅས་པ་སྔར་བཞིན་བྱ། །དེ་ནས་ཡང་ནི་འདི་སྐད་བརྗོད། །གཉིས་མེད་ཡེ་ཤེས་ལས་བྱུང་བའི། །ཁྱབ་བདག་དངོས་གྲུབ་བདག་ཉིད་ཅན། །སྟོན་པ་གཙོ་བོ་ཁྲག་འཐུང་ལ། །བདག་མེད་མ་དང་ཡང་དག་ལྡན། །ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་དང༌། །རིག་པའི་ལྷ་མོ་སྒྱུ་འཕྲུལ་དང༌། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ཡང་ཕན་པ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་དག་འདི་ཞེས་པས། །ནང་པར་དཀྱིལ་འཁོར་བྲི་བར་འཚལ། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་བས་ལྷ་ལ་གསོལ་བ་


DTG010_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེ་ཡིས། །བུམ་པའི་བྱ་བ་རབ་ཏུ་བརྩམ། །དེ་ཡང་རྒྱུ་དང་མཚན་ཉིད་དང༌། །སྦྱང་དང་བྱིན་བརླབ་བྱ་བ་ལྔ། །དེ་སྡོམ་པ་ཡི་ཚིག་ཡིན་ནོ། །དེ་ལ་རྒྱུ་ཞེས་པ་ནི། གསེར་དངུལ་ཟངས་མ་ལ་སོགས་པའི། །རིན་ཆེན་ལས་སམ་འཇིམ་པའང་རུང༌། །མཚན་ཉིད་ཅེས་པ་ནི། ལྟོ་ཆེ་མགྲིན་པ་རིང་བ་དང༌། །མཆུ་འཕྱང་ལ་སོགས་ར་རི་མེད། །སྦྱང་ཞེས་པ་ནི། ལེགས་པར་བཀྲུ་ཞིང་དཀར་པོས་བྱུག །ས་བོན་ཡང་ན་མཚན་མ་དགོད། །ཡུངས་ཀར་བརྡེག་དང་སྤོས་ཀྱིས་བདུག །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང༌། །རས་བཟང་མགུལ་ཆིངས་ཁ་རྒྱན་ལ། །གཟུངས་ཐག་བཏགས་པའི་རྡོ་རྗེ་གཞག །དེ་ཡི་ནང་དུ་ཆུ་བཟང་པོ། །འོ་མ་ལྡན་པ་གཞུག་པར་བྱ། །སྨན་ལྔ་ཧ་ས་དེ་བ་དང༌། །དཎྜ་ཨུཏྤལ་ཀཎྜ་ཀར། །ཤ་ཏ་པྲྀ་ཧ་པ་རྩིད། །བྱང་ཆུབ་ལྔ་ནི་རྟེན་དུ་གཞུག །འབྲུ་ལྔ་འབྲས་དང་མ་ཤ་སྲན། །ནས་དང་གྲོ་དང་ཏིལ་དཀར་ནས། །ལྷ་རྣམས་ཀྱི་ནི་རང་བཞིན་ནོ། །རིན་ཆེན་ལྔ་ནི་གསེར་དང་དངུལ། །མུ་ཏིག་གམ་ནི་མུ་མེན་ཏེ། །བྱི་རུ་གཡས་སུ་འཁྱིལ་པའི་དུང༌། །ལྷ་རྣམས་ཆེ་བའི་བདག་ཉིད་དོ། །དེ་བཞིན་བདུད་རྩི་སྒྲོན་མ་དང༌། །སྙིང་པོ་ལྔ་ཡང་ནང་དུ་གཞུག །དེ་ཉིད་གསུམ་དང་མིང་སྤེལ་བའི། །སྔགས་ཀྱིས་སོ་སོའི་རྫས་ལ་གདབ། །ཨོཾ་ཀལྤ་བྲྀ་ཀྵ་ཨཱཿ་ཧཱུཾ། ཨོཾ་པཉྩ་ཨཉྩ་ཨཱཿ་ཧཱུཾ། ཨོཾ་པཉྩ་བེ་ཤ་ཨཱཿ་ཧཱུཾ། ཨོཾ་པཉྩ་གརྦྷ་ཨཱཿ་ཧཱུཾ། ཨོཾ་པཉྩ་མཾ་ས་ཨཱཿ་ཧཱུཾ། ཨོཾ་པཉྩ་ཨ་མྲྀ་ཏ་ཨཱཿ་ཧཱུཾ། ཞེས་པ་སྟེ། གཞན་ལ་ཡང་དེ་ཉིད་གསུམ་ཙམ་བརྗོད། །བྱིན་བརླབས་ཞེས་པ་ནི། བདག་ཉིད་ལྷར་གསལ་སྙིང་ག་ཡི། །འོད་ཟེར་འཕྲོ་འདུས་བུམ་པ་སྦྱང༌། །དེ་ནས་ཡི་གེ་བྷྲཱུཾ་དུ་གྱུར། །དེ་ལས་གཞལ་ཡས་ཁང་དུ་གྱུར། །ཁཾ་གི་ཡི་གེ་དཀར་པོ་ལས། །བུམ་པའི་ནང་ནི་སྟོང་པར་བསམ། །དེ་ནས་བཾ་ཡིག་དམར་པོ་ལས། །ལྷ་སྣམ་པདྨ་འདབ་མ་བརྒྱད། །རེ་ཕས་ཉི་མའི་གདན་བསམ་བྱ། །དབུས་སུ་ཧཱུཾ་ལས་གཙོ་བོ་ནི། །རིག་མར་བཅས་པ་གསལ་བར་བསྐྱེད། །གཾ་ཙཾ་བཾ་གྷཾ་བཞི་ལས་ནི། །གཽ་རཱི་ལ་སོགས་ཕྱོགས་སུའོ། །པཾ་སཾ་ལཾ་ཌཾ་བཞི་པོ་ནི། །ཡོངས་གྱུར་མཚམས་སུ་སྤོས་མོ་སོགས། །དེ་ནས་ཡེ་ཤེས་འཁོར་ལོ་ཡང༌། །བདག་ཉིད་


DTG010_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་ཐུགས་ཀ་ནས། །འོད་ཟེར་གྱིས་ནི་མདུན་དུ་དགོད། །དེ་ལ་མཆོད་ཡོན་མཆོད་པར་བྱ། །ཅུང་ཟད་སྔགས་དང་བཅས་པར་བརྗོད། །དེ་ནས་གཽ་རཱི་ལ་སོགས་པ། །དབྱེར་མེད་བསྟིམ་པར་བྱ་བ་དང༌། །མཆོད་ཅིང་བསྟོད་པ་སྔར་བཞིན་བྱ། །བདུད་རྩི་མྱང་བ་འདིར་མི་དགོས། །བྱ་བ་ཞེས་པ་ནི། དེ་ནས་བཟླས་པ་བྱ་བ་སྟེ། དང་པོ་ལྷ་མོ་བཞི་ཡི་སྔགས། །རུ་རུ་སྥུ་རུ་ལ་སོགས་པས། །བུམ་ནང་ཆུ་ལ་སོགས་པའི་རྫས། །འབྱུང་བ་བཞི་ཡིས་བསྡུས་པ་ཀུན། །ལྷ་མོ་བཞི་རུ་བྱིན་གྱིས་བརླབ། །དེ་ནས་ལྷ་ཡིས་བཟླས་པ་ཡང༌། །བརྒྱའམ་སྟོང་རྩ་བརྒྱད་དུ་བཟླས། །དེ་ཚེ་བདག་གིས་བསམ་རྒྱུད་ནི། །སྙིང་གར་གཟུང་བའི་སྐུད་པ་ནས། །ཡི་གེ་ཧཱུཾ་ལ་ལག་པ་སྦྱོར། །དེ་ཡི་འོད་ཀྱིས་པདྨ་ནས། །བྱང་སེམས་གྱེན་དུ་དྲངས་གྱུར་ཏེ། །སྐུད་པའི་གཟུགས་ཀྱིས་རྡོ་རྗེར་ཐིམ། །རྡོ་རྗེ་བུམ་ནང་ལྷ་ལ་ཐིམ། །ལྷ་ཀུན་ཞུ་བས་བུམ་པ་གང༌། །དེ་ནས་རོལ་མོར་བཅས་པ་ཡིས། །རས་བཟང་མེ་ཏོག་གཅལ་བཀྲམ་པའི། །སྟེང་དུ་བྱིན་གྱིས་བརླབས་ལ་གཞག །དེ་ལྟར་རྣམ་རྒྱལ་བུམ་པ་བཞིན། །བུམ་པ་གཞན་ལའང་ལྷ་རེར་ཞུ། །ཅི་རིགས་པ་ཡི་ཚོགས་མཆོད་བྱ། །དེ་ནས་བླ་མ་སློབ་དཔོན་གྱིས། །སློབ་མ་ལྷག་པར་གནས་པར་བྱ། །སྡོམ་ནི་མཚན་ཉིད་བྱ་བ་དང༌། །ཆོ་ག་སྨིན་པ་རྣམ་བཞིའོ། །དེ་ལ་མཚན་ཉིད་ཅེས་པ་ནི། །ང་རྒྱལ་མེད་ཅིང་དབང་དུལ་ལ། །རིགས་བཟང་དགེ་བ་བཅུ་དང་ལྡན། །རྒྱལ་པོའམ་རང་གི་བུ་མེད་པ། །དེ་ནས་མཚན་ཉིད་ལྡན་པ་གཞུག །བྱ་བ་ཞེས་པ་ནི། སྔ་བར་ཁྲུས་དང་མཎྜལ་བྱ། །དེ་ལ་སེམས་བསྐྱེད་སྡོམ་པ་སྦྱིན། །དེ་ཡི་ཉིན་པར་སློབ་མ་ནི། །བསམ་པ་བཟང་པོ་ལྡན་བཞིན་དུ། །རྫས་འདི་དག་ནི་ཉེར་བསག་བྱ། །བུམ་པའི་སྨན་ལ་སོགས་པ་དང༌། །ཀུ་ཤ་སྲུང་སྐུད་ལ་སོགས་དང༌། །གཞན་ཡང་མཆོད་པའི་རྫས་རྣམས་དང༌། །ཚོགས་ཀྱི་ལོངས་སྤྱོད་ལ་སོགས་པའོ། །ཆོ་ག་ཞེས་པ་ནི། དང་པོར་ལས་ཀྱི་རྡོ་རྗེ་ཡིས། །ཚོགས་བསགས་པ་དང་ཡན་ལག་དྲུག །བདག་ཉིད་ལྡན་པ་ཕུན་སུམ་ཚོགས། །སྔར་བཞིན་བྱས་ནས་བླ་མ་ལ། །མོས་པའི་དབང་གིས་འཕོ་བྱས་ལ། །དེ་ནས་བླ་མ་མོས་ལྡན་ལ། །སློབ་མས་མཎྜལ་ཕྱག་ལ་


DTG010_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །བྱས་ཏེ་གསོལ་བ་གདབ་པར་བྱ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །མགོན་པོ་ཆེན་པོ་ཚུལ་བསྟན་པ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱི། །བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་རྣམས་ཀྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མ་རྙེད། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟང་རྣམས། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོར་བཞུགས་པའི་བདག་ཉིད་ཅན། །ཀུན་ལའང་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་དཔའ་བོ་དང༌། །རྣལ་འབྱོར་མ་དང་རྣམ་སྣང་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་སྟེ། །ཇི་སྲིད་བདག་མེད་པར་གནས་པ། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །བདག་ཉིད་སྡོམ་པའི་ལེགས་པར་བཟུང༌། །དེ་ནས་བཤགས་པ་ལ་སོགས་པ། །གཞན་ལས་བྱུང་བཞིན་ཚིག་ཏུ་ཡང༌། །སློབ་མ་དག་ནི་བརྗོད་དུ་གཞུག །དེ་ནས་བདག་གིས་ཚིག་བཅད་འདི། །རྣ་རུ་འབབ་པ་དབྱངས་སུ་བརྗོད། །བདག་གིས་སྡིག་པ་བགྱིས་པ་དང༌། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་


DTG010_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་ཚོགས། །དེ་ལ་བདག་ནི་ཡི་རང་ངོ༌། །སེམས་བསྐྱེད་མངོན་པར་སངས་རྒྱས་དང༌། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་མཆོག་ལ། །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །འདི་ཉིད་དུ་ནི་སེམས་བསྐྱེད་དོ། །དེ་ནས་སློབ་མས་འདི་སྐད་བརྗོད། །གཙོ་བོ་བདག་ལ་སྡོམ་པ་གསོལ། །ཐུབ་པ་ཉི་མ་མ་ལུས་པའི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་པ་ལས་བྱུང་བའི། །མི་ལྡོག་པ་ཡི་འཁོར་ལོར་སྦྱོར། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །སློབ་དཔོན་བདག་ནི་འཇུག་པར་མཛོད། །དེ་ནས་བླ་མས་འདི་སྐད་བརྗོད། །རྟོག་པ་རྣམས་ནི་ལེགས་པར་བསྡུས་ནས་ཀྱང༌། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བླ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་རྡོ་རྗེ་དེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨའི་རིགས་མཆོག་ཆེན་པོ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་གྱིས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་ཀྱིས། །གཞན་ཡང་བཅུ་བཞི་འདི་དག་ནི། །


DTG010_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཕས་ཕམ་པར་ནི་རབ་ཏུ་བཤད། །རྩ་བའི་ལྟུང་བ་ཞེས་བཤད་དེ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་པ་ལོག་པར་མི་སྤྱོད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩར་གྱུར་པའི། །ཆང་ན་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བཀུར་བར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྤོངས། །ཐེག་པ་དམན་ལ་འདོད་མི་བྱ། །འགྲོ་བའི་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བདག་ཀྱང་མི་སྤང་ཞིང༌། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་གསུངས། །ཁྱོད་ཀྱིས་ཀྱང་ནི་བསྲུང་བར་གྱིས། །དེ་ནས་སློབ་མས་འདི་སྐད་བརྗོད། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་པའི་སངས་རྒྱས་རྣམས། །དུས་འདི་ཉིད་ནས་སངས་རྒྱས་པར། །བླ་མེད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་ནས། །སེམས་ཅན་མྱ་ངན་ལས་འདས་དགོད། །ལན་གསུམ་དུ་ནི་བརྗོད་པར་བྱ། །དེ་ལྟར་ཕྱི་ཚུལ་བྱིན་བརླབས་ནས། །མན་ངག་གིས་ནི་ནང་བྱིན་བརླབ། །དེ་ཡང་སློབ་མས་འདི་སྐད་བརྗོད། །བདག་ནི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་མྱུར་བསྒྲུབས་ནས། །སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་ཏུ་ནི་བསྒྲལ་བར་བགྱི། །ཡང་ན་འདི་སྐད་བརྗོད་དུ་གཞུག །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའ་ཀུན་གྱི་མཆོག །འདྲེན་པ་བདག་ལ་བྱིན་གྱིས་རློབས། །མཚན་ཉིད་ཐམས་ཅད་ཡོངས་སུ་བརྗོད། །མཚན་མིན་ཐམས་ཅད་དག་པ་ཡང༌། །ཀུན་དུ་བཟང་པོ་སངས་རྒྱས་མཆོག །འདྲེན་པ་བདག་ལ་བྱིན་གྱིས་རློབས། །


DTG010_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་སངས་རྒྱས་མཆོག་ཞི་བ། །ཡེ་ཤེས་སྤྱོད་པ་རྣམ་པར་སྦྱོང༌། །ཀུན་དུ་རྡོ་རྗེ་གསུམ་འབྱུང་བ། །འདྲེན་པ་བདག་ལ་བྱིན་གྱིས་རློབས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པའི་དྲི་མ་མེད། །རྣམ་པར་སྣང་མཛད་ཆེར་འབྱུང༌། །འདྲེན་པ་བདག་ལ་བྱིན་གྱིས་རློབས། །དེ་དག་གླུར་བཅས་སྔགས་འདི་བརྗོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སཱི་ཏཾ། སརྦ་ཏ་ཐཱ་ག་ཏཱ་ལ་ཡཾ། བཛྲ་ས་ཏྭ་ས་མུདྦྷྱ་བ་ཧཾ། མ་མཱ་དྷི་ཏ་ཥྛ་ན་ཡ་ཀཾ །སརྦ་ཀ་ལ་ཀཥ་སཾ་པཱུ་རཿ། སརྦཱ་ལཀྵ་ན་བི་བརྫི་ཏ། ས་མནྟ་བྷ་དྲ་བུདྡྷ་བ་ཧཾ། མ་མཱ་དྷི་ཏི་ཥྛཱ་ན་ཡ་ཀཾ །ཤཱནྟ་བྷ་རྨོཏྟ་ལོདྦྷ་བ། ཛྙཱ་ན་ཙ་ར་བི་ཤོདྷ་ཀཾ །བཛྲ་ར་ལི་ས་མུདྦྷ་ཏཾ། མ་མཱ་ཨ་དྷི་ཏི་ཥྛཱ་ན་ཡ་ཀཾ །སརྦ་སཏྭ་མ་ཧཱ་ཙི་ཏྟཾ། ཤུདྡྷཿ་པྲ་ཀྲྀ་ཏི་ནི་རྨ་ལམ། མ་ཧཱ་བཻ་རོ་ཙ་ཎ་བུདྡྷཾ། མ་མ་ཨ་དྷི་ཏི་ཥྛཱ་ན་ཡ་ཀཾ །དེ་སྐད་བརྗོད་ཅིང་སྨད་ལྔ་གཏུགས། །བརྐྱང་ཕྱག་བཙལ་ཏེ་ཞུས་པ་དང༌། །བླ་མས་རང་སྣང་རིག་མ་དང༌། །སྙོམས་པར་འཇུག་པའི་འོད་ཟེར་གྱིས། །སློབ་མའི་སྒོ་གསུམ་དག་པར་སྦྱང༌། །སློབ་མ་བུ་རུ་བྱ་བའི་ཕྱིར། །དེ་ནས་གསང་བའི་གནས་སུ་གཞུག །ཅི་རིགས་དབང་ཡང་བསྐུར་བྱ་སྟེ། །སླར་བྱུང་ལུས་འདུད་སྤྱན་སྔར་ནི། །དེ་ལ་ལས་ཀྱི་རྡོ་རྗེ་ཡིས། །དྲི་ཆབ་རཀྵའི་སྔགས་ཀྱིས་བསྲུང༌། །སྤོས་སུ་ལྡན་པའི་ལག་པ་ཡིས། །སྤྱི་བོར་རེག་ནས་གནས་གསུམ་དུ། །དེ་ཉིད་གསུམ་གྱི་གནས་ཀྱིས་བརྗོད། །ཨོཾ་བོ་དྷི་ཙི་ཏྟ་ཨུཏྤཱ་ད་ཡཱ་མི། །དེ་ནི་སྔར་གྱི་ཐུན་མོང་ལའོ། །ཨོཾ་ཡོ་ག་ཙི་ཏྟ་ཨུཔཱ་ད་ཡཱ་མི་སུ་ར་སྟྭཾ། ཡ་ཐཱ་སུ་ཁཾ། སློབ་མ་ཀུན་ལ་དེ་བཞིན་བྱ། །དེ་ལྟར་སེམས་བསྐྱེད་དང་པོ་དང༌། །ཁྱད་པར་རྡོ་རྗེ་འཆང་བའི་རིགས། །ཇི་ལྟར་བདེ་ལས་གྱུར་པ་དེ། །སངས་རྒྱས་ཉིད་དང་སངས་རྒྱས་སྲས། །དེ་བཞིན་གཤེགས་པ་ཀུན་གྱི་ཡབ། །དེ་བཞིན་གཤེགས་པ་ཀུན་གྱི་སྲས། །བདེ་གཤེགས་སྲས་ཀྱི་ཐུ་བོའོ། །བདེ་གཤེགས་བཀའ་བཞིན་བྱེད་ལ་སོགས། །སེམས་བསྐྱེད་ཡོན་ཏན་ལྡན་དག་ལ། །མགོ་ལ་མེ་ཏོག་སྦྱིན་པར་བྱ། །མདུན་དུ་སྤོས་སྦྱིན་མར་མེ་དང༌། །དྲི་ཡི་མཆོད་པ་སྙིང་གར་སྦྱིན། །དེ་བཞིན་བཤོས་གཙང་ལ་སོགས་པ། །ཅི་རིགས་སྔགས་དང་ཕྱག་རྒྱས་དབུལ། །དེ་ནས་སོ་ཤིང་ཡིད་དུ་འོང༌། །ཨུ་དུམྺཱ་


DTG010_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཨ་ཤྭ་ཏྠ། །བྷ་བ་ཏ་སོགས་ཤིང་བཟང་པོས། །མི་ཡོ་མ་ཆག་འབུས་མ་ཟོས། །མ་རྙིངས་སྲོག་ཆགས་སྤངས་པ་ནི། །སོར་ནི་བཅུ་གཉིས་ཚད་དུ་བྱ། །རྩེ་མོར་མེ་ཏོག་ལྡན་བཅིངས་ལ། །ལྕི་བ་ལ་སོགས་བ་བྱུང་ལྔས། །ས་གཞི་བྱུགས་པ་བ་ཀོ་ཙམ། །མཎྜལ་དེ་ཡི་དྲུང་དུ་ནི། །སློབ་མ་ལངས་ཏེ་འདུག་བྱས་ནས། །ལངས་ཏེ་ཁ་ཏོན་དག་བྱས་ནས། །ལྟོས་པ་མེད་པར་ཐལ་སྦྱར་གཟུང༌། །ཤར་བལྟས་མི་དམའ་ལུས་མི་ཡོ། །ཕན་ཚུན་མི་དོར་མདུན་དྲང་པོར། །དོར་བ་དེ་ལ་མཚན་མ་བརྟག །དེ་ཡང་བླ་མའི་གདམས་ངག་གིས། །དངོས་གྲུབ་ཕྲིན་ལས་བར་ཆོད་གསུམ། །དངོས་གྲུབ་རབ་འབྲིང་ཐ་མ་གསུམ། །དངོས་གྲུབ་རབ་ནི་ཤར་ཕྱོགས་དང༌། །རང་ལ་བལྟས་པ་ལས་ཤེས་བྱ། །འབྲིང་པོ་གཞན་དག་ཐ་མ་ཡང༌། །འོག་བལྟས་འདམ་ལ་མོ་ཏོག་ཟུག །དེ་བཞིན་གཉིས་པོ་བླ་མ་ཡི། །ཞལ་གྱི་གདམས་ངག་ལས་ཤེས་བྱའོ། །དེ་ནས་ཁ་ཡི་ཉེས་བསལ་བ། །དྲི་ཆུ་ལག་པའི་ཁྱོར་མོར་སྦྱིན། །ཨོཾ་དེ་བི་ཤོདྷ་ན་དྷརྨཱ། སརྦ་པཱ་པ་ནི་ཤྩ་སཾ་ཤོ་དྷ་ཡམ། སརྦ་བི་ཀལྤ་ན་ཡ་ཧཱུཾ། ཞེས་པའི་སྔགས་བརྗོད་ཧུབ་གསུམ་བཏུང༌། དེ་རྗེས་སློབ་མས་སེམས་སྤུངས་བསྐྱེད། །ཟབ་ཅིང་རྒྱ་ཆེ་བ་ཡི་ཆོས། །བཤད་ཅིང་བླ་མས་འདི་སྐད་བརྗོད། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ཐམས་ཅད་མཁྱེན་པ་འབྱུང་མི་འགྱུར། །མེ་ཏོག་ཨུ་མྺཱ་ར་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང༌། །དེ་སྲིད་ཕྲད་དཀའ་འབྱུང་བ་ཡི། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདི། །སེམས་ཅན་སངས་རྒྱས་བྱེད་པ་ཡི། །བསྐལ་པ་གྲངས་མེད་མང་པོར་ནི། །སྔོན་དུ་བྱས་པའི་རྣམ་སྨིན་གང༌། །དེ་ཀུན་ཟད་པར་གྱུར་པ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །དེ་བཞིན་གཞན་ལས་གསུངས་པའང་བརྗོད། །དེ་ནས་ཨོཾ་ཨཱཿ་ཧཱུཾ་ཞེས་པས། །ཀུན་ཤ་བྱིན་གྱིས་བརླབས་བྱས་ལ། །སྔས་དང་སྟན་དུ་བྱ་བའོ། །དེ་ནས་སྐུད་གདགས་པ་ནི། །སྲུང་སྐུད་དཀར་པོའམ་དམར་པོའམ། །རཀྵའི་སྔགས་བརྗོད་མདུད་པ་དྲུག །དཔུང་པ་གཡས་སམ་གཡོན་དུ་བཅིང༌། །དེ་ནས་མེ་ཡི་མཆོད་སྦྱིན་ཏེ། །སྦྱིན་སྲེག་ཆོ་གའི་རིམ་པ་ནི། །བླ་མའི་གདམས་ངག་ལ་བརྟེན་པའི། །ཡི་གེར་བྲིས་པ་གཞན་དུ་བལྟའོ། །དེ་ནས་ཚོགས་མཆོད་


DTG010_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཞིན་བྱའོ། །བ་ལིཾ་ཆེན་པོའང་དེ་བཞིན་ནོ། །གདོལ་པ་ཁྱི་དང་བྲམ་ཟེ་སོགས། །མཉམ་པོར་གསོལ་བའི་ལྷག་མ་བསྡུ། །ཕུད་དང་བ་སྲེས་ལ་མཁའ་འགྲོ་མའི། །ཕྱི་རོལ་དཀྱིལ་འཁོར་ཚིམ་པར་བྱ། །ལག་པ་གཡས་གཡོན་པདྨའམ། །འཁོར་ལོ་ལྟ་བུར་བཅིངས་བྱས་ལ། །རྐང་པས་མནན་ཅིང་སྟེང་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང༌། །སྤྱན་དྲངས་དབྱངས་དང་སྔགས་ཀྱིས་སོ། །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་བོ་དང་ནི་རི་སུལ་དང༌། །གྲོང་དང་བཞི་མདོ་ཞིང་དང་ནི། །ཁྱད་པར་དུ་ནི་ཁང་སྟོང་དང༌། །སེམས་ཅན་གནོད་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བསྟེན་པ་དང༌། །ནག་པོ་འཇིགས་དང་འཇིགས་བྱེད་པ། །བཀའ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱད་མ་དང་དྲག་མོ་དང༌། །འཇིགས་བྱེད་མ་དང་ཨུ་མ་དང༌། །རྒྱལ་དང་རྣམ་པར་རྒྱལ་མ་དང༌། །མི་ཐུབ་གཞན་གྱིས་མི་ཐུབ་པ། །ནག་མོ་བཟང་མོ་དྲག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་མོ་སྡང་ཟ་བ་མོ། །སུམ་ཅུའི་དབང་མོ་འཕྲོག་བྱེད་མོ། །མར་མེ་འཛིན་བྱེད་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཅན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མ། །ཐོད་པའི་ཕྲེང་ཅན་ཁ་ཊྭཱཾ་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟ་མ། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །དེ་ཉིད་ཆེན་མོ་མཁའ་འགྲོ་མ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་མ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་འབྱིན་མ་མོ། །རྡོ་རྗེ་དཔང་མོ་བཀའ་འདི་ཡིས། །ཐམས་ཅད་ཀུན་ནས་འདིར་སྤྱོན་ཅིག །ཨོཾ་ཀ་ཀྐ་ཌྷ་ན། བབྦནྡྷ་ན། ཁ་ཁྑའ་ད་ན། སརྦ་དུ་ཥྚཱ་ན་ཧ་ན་ཧ་ན་གྷ་གྷ་གྷཱ་ཏ་ཡ། ཨ་མུ་ཀ་ཤཱནྟིཾ་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་བཛྲ་སྭཱ་ཧཱ། དེ་ནས་ཧ་ཧོ་ཧྲིཿ་ཞེས་བརྗོད། ཧ་ཡིས་མདངས་དང་ཁ་དོག་འཕྲོག །ཧོ་ཡིས་དྲི་ནི་ཞིམ་པ་བསྡུས། །ཧྲཱིཿ་ཡིས་ཕ་རོལ་ནུས་པ་འཇོམས། །ཀྱེའི་རྡོ་རྗེ་མཁའ་འགྲོ་མའི་ཚོགས། །ལས་འདི་དག་ལ་བརྩོན་པར་གྱིས། །བདག་ལ་བདེ་ལེགས་སྡུད་པ་དང༌། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ཕན་


DTG010_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡིད་ལ་བདེ་བ་དང༌། །གྲོང་དང་ཡུལ་འཁོར་ཤེས་པར་གྱིས། །བུ་དང་ཚ་བོ་རྣམས་འཕེལ་ཏེ། །རང་རང་གནས་སུ་ལེགས་པར་སྡུད། །གཞན་ཡང་ཕ་རོལ་རྒོལ་བ་དག །ཞི་ཞིང་དབང་དུ་བྱ་བའམ། །དགུག་དང་དབྱེ་དང་བསྐྲད་པ་དང༌། །གསད་པ་ཚར་གཅད་ལ་སོགས་པ། །ཅི་རིགས་པ་ཡིས་ཚར་གཅོད་བརྗོད། །ཀྱེའི་རྡོ་རྗེ་མཁའ་འགྲོ་མའི་ཚོགས། །དུས་ནི་མྱུར་བ་ཉིད་དུ་བརྗོད། །ཨོཾ་བཛྲ་ཌཱ་ཀི་ནཱི། །ཨ་ཀ་ལོ་བ་སི་མ་ས། ཏྲ་ཡོ་རཏྣ་ཨཱ་པ་ཀ་རི་ཎོ། །སརྦ་ཤ་ཏྲཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་མཱ་ར་ཡ་མཱ་ར་ཡ། ཧ་ན་ཧ་ན་ཧཱུཾ། མཱ་ར་ན་མཱ་ར་ན་ཕཊ། ཧེ་ཧེ་བཛྲ་ཌཱ་ཀི་ནི་དུཥྚཱ་ན། ཁ་ཁ་ཁཱ་ཧི་ཞེས་པས་མངོན་སྤྱོད་བྱས་ནས་བསྡུ། །སྔགས་འདིས་གཏོར་མ་དབུལ་བར་བྱ། །ཨོཾ་བཛྲ་ཌཱ་ཀི་ནཱི་བི་ལིཾ་ཏ་པྲ་ཏཱི་ཙྪ། ཁ་ཁ་ཁཱ་ཧི་ཁཱ་ཧི་བྷུཉྫ་བྷུ་ཉྫ་ཧོཿ། དེ་བཞིན་གཞན་ཡང་སྦྱར་བར་བྱའོ། །ཕྱོགས་སྐྱོང་གཏོར་མ་སྔར་བཞིན་དུ། །བཏང་སྟེ་སྨོན་ལམ་གདབ་པར་བྱ། དགེ་འདིས། སེམས་ཅན་ཐམས་ཅད་སྡིག་མེད་ཅིང༌། །སངས་རྒྱས་ཉིད་དང་ཕྲད་འགྱུར་བའི། །ལམ་དེ་ཉིད་ནས་ཞུགས་ནས་ཀྱང༌། །མ་བརྒལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བར་ཤོག །རྣལ་འབྱོར་གཙུག་ལག་དམ་ཚིག་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །དེ་བཞིན་གཞན་ལ་འདི་སྐད་བརྗོད། །དགེ་བ་གང་ཐོབ་དེ་དག་གིས། །སངས་རྒྱས་ཀུན་དོན་ཐམས་ཅད་ནི། །རྡོ་རྗེ་འཆང་གི་གོ་འཕང་དེ། །སེམས་ཅན་ཀུན་གྱིས་ཐོབ་པར་ཤོག །བྱང་ཆུབ་རྡོ་རྗེའི་བསྔགས་པ་ཡང༌། །རྫོགས་པའི་སངས་རྒྱས་སེམས་སྤྱོད་དང༌། །རྫོགས་པའི་བྱང་ཆུབ་སྤྱོད་པ་དང༌། །རྫོགས་སངས་རྒྱས་ཀྱི་སྤྱོད་པ་གང༌། །བདག་ནི་དེ་གཉིས་སྤྱོད་པར་ཤོག །གང་དང་གང་དུ་སྐྱེ་བ་དེར། །མ་ཉམས་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལྷ་དང་མཆོག་གསུམ་དང༌། །ཟླ་བའི་རིགས་ལ་དགའ་བ་དང༌། །དེ་དང་དེར་ནི་སྐྱེ་གྱུར་ཅིག །ཡེ་ཤེས་འཁོར་ལོ་གཤེགས་པ་ན། །ཨོཾ་ཛྙཱ་ན་མཎྜལ་མུཿ། ཞེས་པ་ལན་གསུམ་བརྗོད་བྱ་ཞིང༌། །ཁུ་ཚུར་གཡོན་པ་སྙིང་གར་གཞག །ལག་པ་གཡས་པ་ས་ལ་བརྐྱང༌། །སེ་གོལ་ལན་གསུམ་བརྔབས་པ་ཡིས། །ཕྱི་རོལ་ལྷ་རྣམས་གཤེགས་སུ་གསོལ། །དེ་ནས་དམ་ཚིག་བདག་ལ་བསྡུ། །བརྟེན་པའི་འཁོར་ལོ་


DTG010_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང༌། །འབྱུང་བཞི་དེ་ལ་ནམ་མཁའ་ཐིམ། །ལྷ་མོ་བརྒྱད་ནི་སྙིང་གའི་ཧཱུཾ། །ཐིམ་ནས་ལྷ་ཡི་ང་རྒྱལ་གནས། །དེ་ནས་བླ་མས་དཀྱིལ་འཁོར་གྱི། །ནང་དུ་ཞུགས་ལ་ལྷ་རྣམས་མཆོད། །ཕྱོགས་སྐྱོང་རྣམས་ལ་གཏོར་མ་སྦྱིན། །སློབ་མ་རྣམས་ལ་སྟ་གོན་གྱི། །གནས་དེའམ་ཉལ་ཁང་གཞན་ཡང་རུང༌། །སེང་གེའི་ཉལ་སྟབས་རྨི་ལམ་བརྟག །སྨྲ་བརྗོད་གཞན་དག་མི་བྱ་བར། །དགྱེས་རྡོར་ཡིད་ལ་བྱས་ཏེ་ཉལ། །དེ་ནས་སྔར་ལངས་མཎྜལ་བྱ། །བླ་མས་དྲི་ཞིང་སློབ་མས་བརྗོད། །བཟང་ངན་རབ་འབྲིང་ཐ་མ་ནི། །བླ་མས་ཤེས་པར་བྱས་པ་སྟེ། །ངན་ན་རྟོག་པ་ཞི་ཐབས་བྱ། །བཟང་ན་ཡིད་དགའ་སྤྲོ་བསྐྱེད་དོ། །དེ་དག་ནི་ལྷག་པར་གནས་པ་སྟ་གོན་གྱི་ཆོ་གའོ། །དེ་ནས་ནུབ་གསུམ་པ་ལ་འཇུག །འཇུག་པའི་ཡན་ལག་འཇུག་དངོས་ཉིད། །ཡན་ལག་དང་པོ་ཐིག་གདབ་པོ། །སློབ་མར་བཅས་པས་སྔར་ལངས་ཏེ། །ཞི་བའམ་རྒྱས་པའི་སྦྱིན་སྲེག་བྱ། །དེ་ཡང་སློབ་དཔོན་མཚན་ཉིད་ནི། །ཡང་དག་དེ་ཡི་དེ་ཉིད་ཤེས། །ཁྲོ་བ་མེད་ཅིང་སྐྱོ་བ་བཟོད། །རིག་བཅས་ཕྱག་རྒྱར་ལྡན་པ་ཡིས། །ལྷ་རྣམས་བདུན་དུ་ནམ་མཁའ་ལ། །ཟླ་བ་ཁ་སྦྱར་ནང་དུ་གཞུག །དབྱངས་ཡིག་བཅུ་དྲུག་རྒྱ་ཡིས་གདབ། །དེ་ལྟར་བར་གྱི་མཚམས་སྦྱར་ནས། །ཐིག་གདབ་པ་ཡི་ལས་བརྩམ་བྱ། །རིན་ལ་མ་རྩེག་རས་བལ་གཟུང༌། །ཤེས་རབ་མཚན་དང་ལྡན་པས་བཀལ། །འཇུར་མདུད་མེད་ཅིང་གྲོག་རྐེད་སྤང༌། །རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། །སྦོམས་སུ་སྒོ་ཡི་ཉི་ཤུ་ཆ། །སྲད་བུ་བརྐྱང་བ་སོ་སོར་བསོག །པད་སྣོད་དྲི་ཞིམ་ནང་དུ་གཞག །དེ་ནས་དང་པོར་སྲད་བུ་ནི། །སོ་སོ་རང་བཞིན་མེད་པར་སྒོམ། །དེ་ལ་བྷྲཱུཾ་ཁཾ་ལ་སོགས་པ། །ཡིག་འབྲུ་ལྔར་གྱུར་དེ་དག་ལ། །རིགས་ལྔའི་རྒྱུའམ་ངོ་བོར་བསམ། །དེ་ནས་རྣལ་འབྱོར་ཉི་ཟླའི་མིག ། འབར་བའི་ལྕགས་ཀྱུའི་འོད་ཟེར་གྱིས། །ཡེ་ཤེས་ལྷ་ཡི་ཐུགས་ཀ་ནས། །ཡེ་ཤེས་སྐུད་པ་གནས་པ་རྣམས། །གཙོ་བོ་དགྱེས་པའི་རྡོ་རྗེ་དང༌། །ལྷ་རྣམས་སྔགས་དང་གཉིས་མེད་བཞུགས། །སྤྱན་དྲངས་ཐིམ་པས་ཐིག་སྐུད་བསྐྱེད། །བྷྲཱུཾ་ཁཾ་ལ་སོགས་ས་བོན་ལྔ། །ཨོཾ་ཧཱུཾ་


DTG010_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་སྔགས་བརྗོད་ལ། །ལག་པར་ཕྱག་རྒྱ་དང་བཅས་པས། །ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏ་པ་ར་སྥ་ར་སརྦ་དྷམཱ། ཨ་ནྱོ་ནྱཱ་ནུ་ག་ཏ་པྲ་བིཥྚ་སརྦ་དྷརྨཱ། ཨ་ཏྱ་ནྟ་ཨ་ནུཏྟ་ར་སརྦ་དྷརྨཱ་ཞེས་པ་བརྗོད་ཅིང་བསྒྲིལ་བར་བྱའོ། །དེ་ནས་ཐིག་སྐུད་མཐའ་གཉིས་དབུས། །ཨོཾ་ཨཱཿ་ཧཱུཾ་གསུམ་བཀོད་པ་ཡིས། །བྱིན་བརླབས་ནས་ནི་སྔགས་འདི་བརྗོད། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཞེས་པའི་བཟླས་བརྗོད་བརྒྱ་རྩ་བརྒྱད། །གུང་མོ་གཉིས་སྦྱར་གཟུང་སྟེ་བཟླས། །དེ་ལྟར་ཐིག་སྐུད་བསྐྱེད་པ་དང༌། །དེ་ནས་བླ་མས་གཙོ་བོར་བསམ། །གྲོགས་མཆོག་དེ་ཡི་ཐུགས་ཀ་ནས། །གཽ་རཱིའམ་རིག་མ་ཡུམ་དུ་སྤྲུལ། །དེ་ནས་བླ་མས་ཐིག་སྐུད་ནི། །ཛྫཿ་ཛྫཿ་ཞེས་བརྗོད་དེ་ལ་གཏད། །དེས་ཀྱང་ཛྫཿ་ཛྫཿ་བརྗོད་བླང་བར་བྱ། །དེ་ནས་གནམ་ཐིག་གདབ་པར་བྱ། །སྟེང་ནས་བཟུང་ཞིང་གྱེན་དུ་བཟློག །ཚངས་ཐིག་དང་པོ་ཟུར་ཐིག་སོགས། །ཅི་རིགས་པ་རུ་གདབ་པར་བྱ། །དེ་ཚེ་ངག་ཏུ་སྔར་གྱི་སྔགས། །བརྗོད་པའམ་ཡང་ན་ཚིག་བཅད་འདིའོ། །འཇིག་རྟེན་ཁམས་ནི་མ་ལུས་པའི། །སངས་རྒྱས་སྲས་དང་བཅས་ལ་སོགས། །འགྲོ་བའི་དོན་དུ་རྣམ་པར་སྤྲུལ། །ཁྱེད་རྣམས་ཀྱི་ནི་ཐུགས་ཉིད་ཡིན། །ཞེས་པ་བརྗོད་ནས་ས་ཐིག་གདབ། །དེ་རྗེས་དཀར་པོས་གཞལ་བྱ་སྟེ། །ཚངས་ཐིག་དང་པོར་གདབ་པ་ཡང༌། །སློབ་དཔོན་ཤར་བལྟས་སློབ་མ་ནུབ། །བལྟས་ཏེ་ཚངས་ཐིག་དང་པོ་གདབ། །སློབ་དཔོན་བྱང་བལྟས་ཚངས་ཐིག་གཉིས། །སློབ་དཔོན་ཤར་ལྷོའི་མཚམས་སུ་གནས། །སློབ་མ་བྱང་ཤར་ཤར་ངོས་གདབ། །དེ་བཞིན་བླ་མ་བྱང་ནུབ་གནས། །སློབ་མ་ལྷོ་ནུབ་ནུབ་ངོས་གདབ། །བླ་མ་རླུང་མཚམས་དེ་ཉིད་གནས། །སློབ་མ་བྱང་ཤར་བྱང་ངོས་གདབ། །དེ་བཞིན་སྐོར་ཕྱོགས་རིམ་གྱིས་གདབ། །བླ་མ་ཤར་ལྷོ་སློབ་མ་སྲིན། །གནས་ལ་ལྷོ་ཡི་ངོས་ཐིག་གདབ། །དེ་བཞིན་ཟུར་ཐིག་རིམ་བཞིན་གདབ། །དེ་ལ་ཐིག་གི་ཆ་བགོ་བ། །སྐུད་པས་བགོ་བར་མི་བྱ་སྟེ། །འཕེལ་འགྲིབ་གཉིས་ཀྱི་ཉེན་ཡོད་པས། །ཤིང་བུ་ལ་སོགས་པ་དྲང་ཞིང་སྲ། །ཁ་ཏི་ཁ་ཡི་རིམས་གདོད། །ཕྱོགས་བཞིར་བཞི་བཅུ་རྩ་གཉིས་པའི། །ཐིག་རྐང་ལས་ནི་རེའུ་མིག་གོ །


DTG010_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཁྱུད་ཐིག་གི་ནང་རོལ་དུ། །པདྨ་འདབ་མ་བརྒྱད་པར་བཅས། །ལྷ་ཡི་སྣམ་བུས་ཅི་རིགས་བསྐོར། །ཚ་རེ་རྡོ་རྗེ་ར་བ་དང༌། །མེ་འོད་ལ་ནི་བསྐོར་བའོ། །དེ་ཡི་ནང་དུ་རྟ་བབས་དང༌། །འདོད་ཡོན་སྣམ་བུ་ལ་སོགས་པས། །ཅི་རིགས་པར་ནི་བྲི་བར་བྱ། །དེ་ལྟར་ཐིག་ཟིན་ཐིག་སྐུད་མཆོད། །འབར་བའི་ལྟ་བས་སྒོ་དབྱེ་ཞིང༌། །ལྷ་རྣམས་བཅས་པ་གཤེགས་སུ་གསོལ། །དེ་དག་ནི་ཐིག་གདབ་པའི་ཆོ་གའོ། །དེ་ནས་ཚོན་ནི་རབ་འབྲིང་ཐ། །རིན་ཆེན་ལྔའམ་འབྲས་ལ་སོགས། །ཚོན་བསྒྱུར་དུར་ཁྲོད་སོ་ཕག་གམ། །སོལ་བ་རུལ་པའི་ཕྱེ་མ་སོགས། །བྷྲཱུཾ་ཁཾ་སོགས་པའི་ཡིག་འབྲུ་ལྔ། །ཡོངས་གྱུར་ཚོན་རྩི་ལྔ་རུ་བསམ། །དེ་ནས་འབར་བའི་ལྟ་བ་ཡིས། །དགྱེས་པ་རྡོ་རྗེ་འཁོར་བཅས་ལ། །སྤྱན་དྲངས་མཆོད་པ་ཐིམ་པར་བྱ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་པའང་མང་དུ་བཟླས་པས་ཚོན། །བྱིན་གྱིས་བརླབས་ལ་མཆོད་པ་འབུལ། །ཤིས་པར་བྱ་ཕྱིར་དབང་ལྡན་མཚམས། །བླ་མས་རེ་ཁཱ་མཛུབ་གང་རང༌། །དཀར་དང་སེར་དང་དམར་དང་ལྗང༌། །སྔོན་པོ་ནང་དུ་མཉམ་ཞིང་དྲང༌། །དེ་མཆོད་མེ་ཏོག་སིལ་མ་གཏོར། །དེ་ཚེ་བླ་མས་འདི་སྐད་བརྗོད། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་མཛད་པ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོ། །དེ་ལྟར་བྱ་བའི་རིམ་པ་ནི། །གཞུང་ལས་འདི་སྐད་འབྱུང་བ་སྟེ། །ཉེས་པ་ཀུན་ལས་རྣམ་གྲོལ་བས། །ཚོན་གྱི་ལས་ནི་ཡང་དག་བརྩམ། །སློབ་དཔོན་གྱིས་ནི་དང་པོར་དགྱེ། །ཕྱི་ནས་ཀུན་ནས་སློབ་མས་སོ། །ཞེས་པས་སོ། །རེ་ཁཱ་དྲང་བའི་རིམ་པ་ཡང༌། །མཉམ་དང་དྲང་དང་མ་ཆད་སོགས། །དེ་བཞིན་རིགས་པས་ཤེས་པར་བྱའོ། །དེའང་ལུང་ལས་འདི་སྐད་དུ། །བར་ཆད་ཐམས་ཅད་རབ་འཇོམས་པ། །ཞེས་པ་དང༌། གཞན་ཡང༌། །མཐེ་བོང་དང་ནི་མཐེའུ་ཆུང་དཔངས། །དྲང་ལ་མཐོ་བར་ཡང་དག་བྲི། །གལ་ཏེ་རི་མོ་མི་མཉམ་ན། །ཡོ་ཞིང་དམའ་དང་བཅས་པ་དང༌། །རི་མོ་དམའ་བས་མི་འགྲུབ་ཅིང༌། །ཡོན་པོས་སྡུག་བསྔལ་སྐྱེད་བྱེད་ལ། །ཆད་པས་སློབ་དཔོན་སློབ་མ་དག །གཉེ་ག་འཆི་


DTG010_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤེས་པར་བྱ། །ཞེས་པའོ། །ཕྱོགས་དང་སྒོ་ཡི་རིམ་པ་ཡང༌། །ཤར་དུ་དཀར་དང་ལྷོར་སེར་པོ། །ནུབ་དམར་བྱང་དུ་ལྗང་གུ་སྟེ། །དབུས་སྔོ་རྒྱུད་གཞན་དག་ལས་གསལ། །དབུས་སུ་པདྨ་འདབ་བརྒྱད་ནི། །དམར་པོ་གདན་དང་བཅས་པ་བྲི། །འདབ་མ་འཕར་མ་གཅིག་པ་ལ། །སྒོ་དང་གྲྭ་རུ་ཁྱབ་པ་རུ། །ལྷ་ཡི་སྣམ་བུ་བྲི་བར་བྱ། །ཕྱི་རོལ་རྟ་བབས་ལ་སོགས་པ། །དཀྱིལ་འཁོར་གཞན་དང་ཐུན་མོང་བས། །གཞན་དང་འདྲ་བར་ཅི་རིགས་བྱ། །དེ་ལྟར་དཀྱིལ་འཁོར་བྲི་བྱས་ནས། །འཇུག་པའི་རྟེན་དུ་ཕྱག་མཚན་དགོད། །དེ་ཡང་དང་པོར་སློབ་དཔོན་གྱིས། །དགོངས་མོའི་དུས་སུ་འཆག་སར་འགྲོ། །སླར་ལོག་ཁྲུས་དང་བྱུག་པ་དང༌། །གོས་དང་རྒྱན་ནི་ལྷ་མོས་བསྐྱེད། །རོལ་མོའི་སྒྲ་དང་བཅས་པ་ཡིས། །སྟ་གོན་ཟླ་བ་ཁ་སྦྱར་ཏེ། །དབྱངས་ཡིག་རྒྱ་བཀྲོལ་ནམ་མཁའ་ནས། །སྔགས་ནི་སོ་སོའི་སྔགས་བརྗོད་ཅིང༌། །དེ་ལ་དབུས་ཀྱི་གདན་སྟེང་དུ། །སྐྱེས་པའི་ཐོད་པའི་རྒྱ་གྲམ་བྲི། །སྒོ་བཞིར་པདྨ་འདབ་མ་ལ། །གྲི་གུག་ཅང་ཏེའུ་རུས་སྦལ་སྦྲུལ། །སྡོ་དང་དམར་སེར་ལྗང་གོ་རིམས། །མཚམས་བཞིའི་པདྨ་འདབ་མ་རུ། །སེང་གེ་དགེ་སློང་འཁོར་ལོ་རྡོ་རྗེ་ནི། །སྔོ་དཀར་ལྗང་ཁྲ་རིམ་བཞིན་དགོད། །དེ་ཚེ་ཀུན་ལ་སྔགས་བརྗོད་ཅིང༌། །བཀོད་པས་དཀྱིལ་འཁོར་ཉིས་བསྲེས་འགྱུར། །དེ་ནས་བླ་རེ་རྒྱལ་མཚན་གདུགས། །བ་དན་རྒྱན་སོགས་འཕེན་རྣམས་བྲི། །ཕྱི་རིལ་མཚམས་དང་རོལ་མོ་བརྡུང༌། །སྤོས་དང་བཅས་པས་བུམ་པ་རྣམས། །སྟ་གོན་གནས་ནས་སྤྱན་དྲངས་ཏེ། །ཆུ་དང་རིན་ཆེན་སྨན་ལ་སོགས། །བསམ་པ་གཞུག་ཅིང་ཏིང་འཛིན་བསྐྱེད། །རོལ་མོར་བཅས་པས་དཀྱིལ་འཁོར་ལ། །ལག་ཏུ་ཐོགས་ཏེ་ལན་གསུམ་བསྐོར། །རྣམ་རྒྱལ་བུམ་པ་གཙོ་བོའི་མདུན། །ཤར་སྒོའི་གཡས་སུ་ལས་ཐམས་ཅད། །གཞན་དག་སྒོ་དང་མཚམས་བཞིར་དགོད། །དེ་ནས་བསྐོར་བ་ལན་གསུམ་རྗེས། །མེ་ཏོག་ཕྲེང་བ་ལྷ་ལ་དབུལ། །ནང་པར་ལྷས་སྦྱིན་མེ་ཏོག་ཕྲེང༌། །དེ་ཉིད་དཀར་བཅས་མགོ་ལ་བཅིངས། །ལས་ཀྱི་བྱེད་པའམ་ཁང་སྐྱོང་གིས། །དཀྱིལ་འཁོར་ཉེ་བའི་ས་ཕྱོགས་སུ། །ཆག་ཆག་


DTG010_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་སིལ་མ་དཀྲམ་། །སྤོས་སོགས་མཆོད་ཡོན་ཐམས་ཅད་དགོད། །རྟག་ཏུ་བླ་མ་ལ་སོགས་གདབ། །དེ་ནས་བླ་མས་ཉེ་རེག་དང༌། །བདུད་རྩི་རི་ལུ་ཁ་རུ་གཞུག །སྟན་དེར་འདུག་ནས་དཀྱིལ་འཁོར་བསྒྲུབ། །རིག་དང་བཅས་པས་ཡན་ལག་དྲུག །བསམ་རྒྱུད་ཏིང་འཛིན་གསལ་བ་དང༌། །ལས་ཀྱི་རྡོ་རྗེས་སྔར་བཞིན་དུ། །རཀྵས་བསྲུང་བ་ནས་བཟུང་ནས། །མཆོད་བསྟོད་བདུད་རྩི་མྱང་བའི་བར། །བདག་ཉིད་ལྡན་པ་ཕུན་སུམ་ཚོགས། །བླ་མས་ཀྱང་ནི་སྔར་བཞིན་དུ། །མོས་པས་འཕོ་དང་ཏིང་འཛིན་ནི། །གཟུགས་བརྙན་ལ་བརྟེན་ས་བོན་ནམ། །ཕྱག་མཚན་ཙམ་གྱིས་ལྷ་རྣམས་བསྐྱེད། །དེ་ལྟར་དཀྱིལ་འཁོར་སུམ་བསྲེས་ལ། །རང་གི་སྙིང་གའི་ས་བོན་ལས། །འོད་ཟེར་ཕྱུང་སྟེ་ལྷ་རྣམས་བསྡུ། །དེ་ལ་མཆོད་དགུག་གཞུག་ལ་སོགས། །སྔར་བཞིན་ཐིམ་པས་ཡེ་ཤེས་འབར། །ཆུ་དང་འོ་མ་འདྲིས་པ་བཞིན། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །བསྒྲུབས་ཏེ་གཞན་དུ་ཡང་མ་ཡིན། །དེ་ལྟར་དཀྱིལ་འཁོར་བཞི་བསྲེས་ལ། །བླ་མས་མཆོད་དང་བསྟོད་པ་དང༌། །བདུད་རྩི་མྱང་དང་བཟླས་བརྗོད་བྱ། །དེ་ཚེ་བླ་མས་བཟླས་དང་བསྒོམ། །རྣལ་འབྱོར་ལྡན་ལ་སློབ་མ་ཡིས། །མཎྜལ་སྔོན་འགྲོ་གསོལ་བ་གདབ། །དེ་ཡི་ངོར་བྱས་བླ་མ་ཉིད། །ཇི་ལྟར་སློབ་མས་འཇུག་པ་བཞིན། །རིམ་གྱིས་བྱས་ཏེ་དབང་ཡང་ཡིན། །ཆུ་དང་དབུ་རྒྱན་ལ་སོགས་པ། །རྗེས་གནང་མཐར་ཐུག་རིམ་བཞིན་ནོ། །ལྷ་ཡིས་རྗེས་གནང་བྱིན་པ་ཡང༌། །ཁྱོད་ཀྱིས་སེམས་ཅན་བསྡུ་བ་དང༌། །ཕན་འདོགས་དཀྱིལ་འཁོར་འཇུག་པ་དང༌། །དབང་བསྐུར་དམ་ཚིག་ལྡན་པར་གྱིས། །ཞི་སོགས་ལས་ཀྱིས་རྗེས་གཟུང་དང༌། །ཚར་གཅོད་པ་ཡི་སེམས་ཅན་ཀུན། །དོན་རྣམས་མ་ལུས་ཀུན་གྱིས་ཤིག །དམན་དང་མཆོག་གི་དངོས་གྲུབ་ལ། །སྐལ་བ་བཞིན་དུ་རིམ་པར་སྦྱོར། །དེ་ནས་སྔོན་དུ་བརྟགས་པ་ཡི། །སློབ་མ་མཚན་ཉིད་ལྡན་པ་ཡིས། །འཇུག་དང་དབང་ཐོབ་བྱ་ཕྱིར་བརྗོད། །དགའ་ཆེན་ཁྱོད་བདག་སྟོན་པ་པོས། །ཞེས་སོགས་སྔར་བཞིན་བརྗོད་པ་དང༌། །བླ་མས་བརྩེ་དང་ལྡན་པ་ཁྱོད། །སུ་ཡིན་ཅི་འདོད་གང་ལ་དགའ། །ཞེས་པ་བརྗོད་


DTG010_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློབ་མ་ཡིས། །སྐལ་ལྡན་བདག་ལགས་རྣམ་གྲོལ་འཚལ། །བདེ་བ་ཆེ་ལ་བདག་དགའོ། །ཞེས་བརྗོད་ཡང་ནི་འདི་སྐད་བརྗོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་གསོལ། །ཞེས་པས་སློབ་དཔོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་བྱ་སྟེ། ཨོཾ་ན་མ་ཏེ་ཧཱུཾ། ཨོཾ་ན་མ་མི་ཧཱུཾ། ཨོཾ་ན་མོ་ན་མ་ཧཱུཾ། ཞེས་བྱ་བ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙི་ཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཀྱང༌། སྒོ་གསུམ་གུས་པས་ཕྱག་བྱས་ལ། །དེ་ནས་སྔར་བཞིན་སློབ་མ་ཡིས། །གཙོ་བོ་བདག་ལ་སྡོམ་པ་གསོལ། །ཐུབ་པ་ཉི་མ་ལ་སོགས་བརྗོད། །དེ་བཞིན་སྡོམ་པ་དམ་ཚིག་ནི། །སྟ་གོན་གནས་པ་སྔར་བཞིན་བྱ། །དེ་ནས་བླ་མས་འདི་སྐད་བརྗོད། །དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ནང་དུ་ཞུགས་ཀྱི། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང༌། རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡི། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་གཞུག་པ་ནི། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་ཀ་པཱ་ལའི་ནང་དུ་བདུད་རྩི་ལྔ་དང་ལྡན་པའི་དམ་ཚིག་གི་ཆུ་བླུད་པ་ནི་ཀྱེའི་རྡོ་རྗེ་གཟི་མདངས་དང་ལྡན་པས་འདི་སྐད་བརྗོད་དོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་གྲུབ། །ཨོཾ་སརྦ་བཛྲ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ། དེང་


DTG010_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྩམས་ནས་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི་གང་ངས་འདི་བྱོས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་ཏེ། ད་ཁྱོད་ངལ་བརྙས་པའི་ལས་མ་བྱེད་ཅིག །བྱས་ན་ཁྱོད་ཀྱི་མི་བདེ་བ་མ་སྤངས་པར། ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་འདི་སྐད་བརྗོད་དོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱང་འགྲུབ་པར་དཀའ་བ་མ་ལགས་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པས་ཡོལ་བའི་ནང་དུ་དྲངས་ཏེ། ཡེ་ཤེས་དབབ་པ་བླ་མའི་མན་ངག་བཞིན་བྱའོ། དེ་ནས་མཐོང་བ་དྲི་བ་དང་མེ་ཏོག་གི་ཕྲེང་བ་ཐོགས་ཏེ། པྲ་ཏཱིཙྪ་བཛྲ་ཧོ། །ཞེས་བརྗོད་ཅིང་ཕྲེང་བ་དོར་བ་དང༌། མིག་དབྱེ་བར་བྱ་སྟེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པ་སྟེ། །མིག་ནི་ཐམས་ཅད་འབྱེད་མཛད་པས། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ། དེ་ཉིད་སྔགས་སུ་བརྗོད་པ་ནི། །ཨོཾ་བཛྲ་སྟྭ་སྭ་ཡཾ་དྱ་ཡ། ཙཀྵཱ་དྒྷ་ཊྟ་ཡ་ཏ་ཏྤ་ར། ཨུདྒྷ་ཊ་ལ་ཏི་སརྦཱ་ཀྵོ། བཛྲ་ཙ་ཀྵུ་རཱ་ནུཏྟ་ར། ཧེ་བཛྲ་པྲེ་བེ་ཤ་།དེ་ནས་གདོང་གཡོགས་ཕུད་ཅིང་འདི་སྐད་བརྗོད་དོ། །ད་ནི་དད་པ་རབ་ཏུ་བསྐྱེད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་རྣལ་འབྱོར་མ་རིག་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བའི་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཐམས་ཅད་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱད་པ་དང༌། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་པ་དང༌། མེ་ཏོག་གང་ལ་ལྟུང་བའི་ལྷ་ངོ་བསྟན་ཅིང་ལྷག་པར་དབོག །སྔགས་བསླབ་ཅིང་དེ་ཁོ་ན་ཉིད་བཤད་པར་བྱའོ། །དེ་ལ་གཞལ་ཡས་ཁང་གྲུ་བཞིར་བྱུང་བ་ནི་ཚད་མེད་པའི་རང་བཞིན་གྱིས་རྣམ་པར་དག་པའོ། །སྒོ་བཞི་ནི་དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །རྟ་བབས་བཞི་ནི་ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །དྲ་བ་ནི་ཉོན་མོངས་པ་ཆེན་པོ་རྣམ་པར་དག་པའོ། །དྲ་བ་ཕྱེད་པ་ནི་ཉོན་མོངས་པ་ཆུང་དུ་རྣམ་པར་དག་པའོ། །ཀ་བ་བརྒྱད་ནི། འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པའོ། །དར་གྱི་པ་ཏི་ལ་སོགས་པའི་རྒྱན་རྣམས་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་ཉིད་དོ། །


DTG010_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་ཡོན་ཏན་ལྔ་རྣམས་ནི་གཟུགས་དང་སྒྲ་ལ་སོགས་པ་རྣམ་པར་དག་པའོ། །རྡོ་རྗེར་བ་ནི་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སོ། །མེ་འོད་ནི་ཕྱི་རོལ་གྱི་བགེགས་ལ་སོགས་པས་མི་ཚུགས་པའི་རྟགས་སོ། །བུམ་པ་བརྒྱད་ནི་ཆེ་བའི་ཡོན་ཏན་གྱིས་རྒྱས་ཤིང་ཐུགས་རྗེ་ཆེན་པོའི་ངོས་ཡོངས་སུ་གང་བའི་རྟགས་སོ། །དེ་ནས་ལྷའི་དེ་ཁོ་ན་ཉིད་བསྟན་ཏེ། དེ་ལ་བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ་ནི་རྣམ་པར་ཤེས་པའི་ཕུང་པོ་དང་ཞེ་སྡང་རྣམ་པར་དག་པའི་རང་བཞིན་ནོ། །གཽ་རཱི་ནི་ཞེ་སྡང་དང་གཟུགས་རྣམ་པར་དག་པའི་རང་བཞིན་ནོ། །ཆོམ་རྐུན་མ་ནི་གཏི་མུག་དང་སྒྲ་རྣམ་པར་དག་པའི་རང་བཞིན་ནོ། །རོ་ལངས་མ་ནི་ང་རྒྱལ་དང་དྲི་རྣམ་པར་དག་པའི་རང་བཞིན་ནོ། །གྷསྨ་རཱི་ནི་འདོད་ཆགས་དང་རོ་རྣམ་པར་དག་པའི་རང་བཞིན་ནོ། །པུཀྐ་སཱི་ནི་ཞེ་སྡང་དང་ས་རྣམ་པར་དག་པའི་རང་བཞིན་ནོ། །རི་ཁྲོད་མ་ནི་གཏི་མུག་དང་ཆུ་རྣམ་པར་དག་པའི་རང་བཞིན་ནོ། །གཏུམ་མོ་ནི་ང་རྒྱལ་དང་མེ་རྣམ་པར་དག་པའི་རང་བཞིན་ནོ། །གཡུང་མོ་ནི་འདོད་ཆགས་དང་རླུང་རྣམ་པར་དག་པའི་རང་བཞིན་ནོ། །བདག་མེད་རྣལ་འབྱོར་མ་ནི་ཡབ་དང་མཐུན་ནོ། །དེ་ལྟར་དེ་ཁོ་ན་ཉིད་དང་བཤད་ནས་སློབ་མས་མཎྜལ་སྔོན་དུ་འགྲོ་བས་བླ་མའི་ཞབས་ལ་གཏུགས་ཤིང་ཡོན་གྱི་མཆོག་ཕུལ་ནས་དབང་སྐུར་བའི་དོན་དུ་གསོལ་བ་གདབ་པར་བྱའོ། །དེ་ཡང་ཐུན་མོང་གི་དབང་ནོད་པ་ཡིན་ན། འདི་སྐད་བརྗོད་དོ། །བྱང་ཆུབ་རྡོ་རྗེ་སངས་གྱས་ལ། །མཆོད་ཆེན་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའི་རྡོ་རྗེ་བདག་ལ་གསོལ། །འཁོར་བ་འདམ་གྱི་ཚོགས་དག་ཏུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །མགོན་པོ་ཁྱོད་ཀྱི་བཀའ་དྲིན་གྱིས། །རིག་པའི་དབང་བསྐུར་བདག་ལ་གསོལ། །ཞེས་པ་དང༌། ཁྱད་པར་སློབ་དཔོན་གྱི་དབང་ཡིན་ན་འདི་སྐད་བརྗོད་པར་བྱ་སྟེ། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་བསྐྱབ་ཕྱིར་གཟི་བརྗིད་ཅན། །ཅི་ལྟར་ཡོན་ཏན་འབྱུང་གནས་སོ། །དེ་བཞིན་བདག་ལ་དེ་གསོལ་ཅིག །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་


DTG010_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་བགྱིས། །ཞེས་པའོ། །དེ་ནས་ཐུན་མོང་དང་ཁྱད་པར་གྱི་སློབ་མ་རྣམས་ཐ་མལ་གྱི་སྟན་དང༌། ཁྱད་པར་གྱི་གདན་སེང་གེའི་ཁྲིའམ། པདྨས་མཚན་པ་གཞག་པར་བྱའོ། །གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ་ནས། སློབ་དཔོན་གྱིས་ཀྱང་ལྷ་རྣམས་ཅི་རིགས་པར་མཆོད་ནས། བདུད་རྩི་དང་དྲིའི་ཆུ་དང་ཉུངས་ཀར་ལག་ཏུ་ཐོགས་ནས་བདག་ཉིད་ང་རྒྱལ་དང་བཅས་པས་འདི་སྐད་བརྗོད། །ཉོན་ཅིག་བར་ཆད་བགེགས་ཀྱི་ཚོགས། །ད་ནི་དཔལ་ལྡན་རྡོ་རྗེ་འཆང༌། །མཚོན་ཆ་སྣ་ཚོགས་འབར་བའི་བདག །གདུག་པ་མ་ལུས་འཇོམས་པར་བྱེད། །དེངས་ཤིག་པར་ཆད་བགེགས་ཀྱི་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཅི་སྟེ་བཀའ་ལས་འདས་གྱུར་ན། །རྡུལ་ཕྲན་བཞིན་དུ་རླག་པར་བྱེད། །ཅེས་དང༌། བདག་ཉིད་བདུད་རྩི་འཁྱིལ་པའི་སྔགས་དང་ཏིང་ངེ་འཛིན་དུ་གནས་པས་བསྐྲད་པའམ། །རཀྵ་ལ་སོགས་པའི་སྔགས་བརྗོད་ཅིང་ར་བ་དང་གུར་ལ་སོགས་པས་བསྲུང་བའོ། །དེ་ནས་སློབ་མས་ཁྲུས་བྱས་ཤིང༌། སྟོད་གཡོགས་ལ་སོགས་གོས་བཟངས་ལྡན། །དྲུག་པ་རྫོགས་སངས་རྒྱས་ཀྱི་དབང༌། །ནོད་ཕྱི་སྙིམ་པ་མེ་ཏོག་གིས། །དཀྱིལ་འཁོར་ལྷ་ཡི་གཙོ་ལ་འབུལ། ཨོཾ་པྲ་ཏཱི་ཙྪ་བཛྲ་ཧོ། །ཞེས་པའི་སྔགས་བརྗོད་པས་སོ། །དེ་རྗེས་བླ་མས་མེ་ཏོག་བླངས། །སློབ་མའི་མགོ་ལ་བཅིངས་བྱས་ལ། །ཨོཾ་དྷརྨཱཿ་ཀུཎྜ་ཨ་བྷི་ཥིཉྩ་ཞེས་བརྗོད་པར་ནི། །ཆོས་ཀུན་བསྡུས་ཤིང་འཁྱིལ་བས་ནི། །ལྷག་པའི་ལྷ་ཡིན་དེ་སྐད་དུ། །ཕྲེང་བ་ཡི་དམ་རྒྱལ་བའི་དབང༌། །སྒོམ་ཕྱིར་དབང་བསྐུར་དམ་ཚིག་ལྡན། །དེ་རྗེས་ལས་ཀྱི་རྡོ་རྗེ་ཡིས། །བུམ་པའི་ཆུ་རྣམས་བསྡུས་ནས་ནི། །བཟང་པོ་རྣམ་རྒྱལ་བུམ་པར་བསྡུས། །དེ་རྗེས་དུང་ཆོས་ཉིད་དུའོ། །དེ་ནས་རྣམ་རྒྱལ་ཆུ་རྒྱུན་གྱིས། །དྲིལ་བུའི་སྒྲ་དང་དབྱངས་བཅས་པས། །དབང་སྐུར་བ་ནི་འདི་སྐད་བརྗོད། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་པ་ཡིས་དབང་བསྐུར། །སངས་རྒྱས་ཀུན་གྱི་ཆུ་ཡི་དབང༌། །དེང་འདིར་ཁྱོད་ལ་སྦྱིན་པར་བྱ། །སངས་རྒྱས་ཀུན་ནི་རབ་བསྒྲུབ་ཕྱིར། །ཆུ་དབང་དམ་པ་ཁྱེད་ཀྱིས་ལོང༌། །ཨོཾ་སརྦ་ཏ་ཐཱ་ག་ར་ཨུ་ད་ཀ་ཨ་བྷི་ཥིཉྩཱ་མི་བཛྲ་སྭ་བྷཱ་བ་


DTG010_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཏྨ་ཀོ྅ཧཾ། དེས་ནི་རྣམ་པར་རྟོག་པ་དང༌། །ཉོན་མོངས་པའི་དྲི་མ་འཁྲུ་བར་བྱེད་དོ། །དེ་ནས་གསེར་ལ་སོགས་པའི་རིན་པོ་ཆེ་དང་ཤིང་དང་བ་སོ་ལ་སོགས་པའི་འབུར་མར་བརྐོས་པའམ། །ཐང་ཀའི་རི་མོའམ་དབུ་རྒྱན་དུ་བྱས་ཏེ། ཏྲཱཾ་ལས་རིན་ཆེན་འབྱུང་ལྡན་དུ་བསམ་ཞིང་དགུག་པ་དང་གཞུག་པ་ལ་སོགས་པས་ཡེ་ཤེས་སེམས་དཔའ་བསྟིམས་ལ། མཆོད་པ་དང་བསྟོད་པ་དང་སྔགས་བཟླས་པ་བྱས་ལ་འདི་སྐད་བརྗོད་དོ། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་པ་ཡིས་དབང་བསྐུར་བ། །སངས་རྒྱས་ཀུན་གྱི་དབུ་རྒྱན་དབང༌། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པའི། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང༌། །དར་དབྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་པ་རཱ་ཧ་ཀ་བཛྲ་ཨ་རལླི་ཧོཿ། །དེ་ནས་ཡང་རྡོ་རྗེ་ཨཱཿ་ལས་སྣང་བ་མཐའ་ཡས་སུ་བསྐྱེད་ལ་འདི་སྐད་བརྗོད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་རྒྱལ་པོ་དང༌། །མཁའ་འགྲོ་རྣམས་ཀྱི་དབང་མཆོག་ནི། །དེ་རིང་ཁྱོད་ལ་དབང་སྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏིཥཐ་བའི་ར་ས་མ་ཡ་སྟྭཾ། དེ་ནས་དེ་ཉིད་བརྗོད་པ་ནི། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག་ཅེས་པ་སྟེ། །རྡོ་རྗེའི་དབང་བསྐུར་བ་ལག་པ་གཡས་པར་སྦྱིན་ནོ། །དེ་ནས་དྲིལ་བུ་ཁཾ་ལས་དོན་ཡོད་གྲུབ་པར་བསྐྱེད་ལ་འདི་སྐད་བརྗོད་དོ། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །དེ་ཡི་དེ་ཉིད་བཤད་པ་ནི། །སྲིང་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །དེ་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། །བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉཐ་མི། ཞེས་པས་ལག་པ་གཡོན་པར་དུང་བྱིན་ལ། དེ་ནས་མིང་གི་དབང་བསྐུར་བར་བྱ་སྟེ། བྷྲཱུཾ་ལས་རྣམ་པར་སྣང་མཛད་དུ་བསམ། སངས་རྒྱས་ཀུན་གྱི་མིང་གི་དབང༌། །ཞེས་པ་ལ་སོགས་པ་བརྗོད་ལ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཨ་དྷི་བ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི། །ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཞེས་བརྗོད་ཅིང་རྡོ་རྗེ་དྲིལ་བུ་མགོའི་ཐད་ཀར་སྦྱིན་ནོ། །དེ་ནས་བརྟུལ་ཞུགས་ཀྱིས་བརྟན་


DTG010_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །རྡོ་རྗེའི་རྩེ་མོ་ནས་སློབ་མ་འཛིན་དུ་བཅུག་ལ་སྔགས་འདི་བརྗོད་དོ། །ཨོཾ་སརྦ་ཏ་ཐཱ་ཏ་སིདྡྷ་བཛྲ་ས་མ་ཡ་སྟྭཾ། ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་ཧཱུཾ་སྭཱ་ཧཱ་ཧ་ཧ་ཧི་ཧི་ཞེས་བརྗོད་ལ་ལག་པར་རྡོ་རྗེ་རྒྱ་གྲམ་སྦྱིན་ནོ། །དེ་ནས་ཧེ་རུ་ཀ་དཔལ་གཟུགས། །རང་གི་དཀྱིལ་འཁོར་ཆོ་གས་སྦྱིན། །རྡོ་རྗེ་སློབ་དཔོན་གོ་འཕང་ཐོབ། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །གྲི་གུག་དང་ནི་ཀ་པཱ་ལ། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཞེས་བརྗོད་ལ། སློབ་མ་དེ་གཡས་བརྐྱང་གཡོན་བསྐུམ་པས་གནས་ལ། རྡོ་རྗེ་གྲི་གུག་གཡས་སུ་སྦྱིན་ཞིང༌། དྲིལ་བུ་དང་ཌ་མ་རུ་དང་ཀ་པཱ་ལ་གཡོན་དུ་སྦྱིན་ཞིང༌། ཁ་ཊྲཱཾ་ག་གཡས་ཕྱོགས་སུ་བརྟེན་པ་སྦྱིན་པར་བྱ་སྟེ། དེ་ལྟ་བུའི་ཆེ་བའི་བདག་ཉིད་དག་དང་ལྡན་པར་བརྗོད་དོ། །འདིས་ནི་རྡོ་རྗེ་སློབ་དཔོན་གྱི་དབང་རྗེས་སུ་གནང་བ་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་བ་དང་ལྡན་ཞིང་ཕྲིན་ལས་ཀྱང་རྫོགས་པར་འགྱུར་ཏེ། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། དྲག་པོ་དང༌། རེངས་པ་དང༌། བསྒྲག་པ་དང༌། མྱོས་པར་བྱ་བ་དང༌། གསད་པ་ལ་སོགས་པ་དང༌། དེ་རྣམས་ལ་ཐོགས་པ་མེད་པར་འགྲུབ་པར་བསླབ་པར་བྱོས་ཤིག །དངོས་གྲུབ་འདི་དག་རྫོགས་པར་འགྱུར་ཏེ། མཆིལ་ལྷམ་བགོ་བ་དང༌། ཆར་དབབ་པ་དང༌། ཉི་ཟླ་གཟུང་བ་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱོས་ཤིག་ཅེས་རྗེས་གནང་སྦྱིན་ནོ། །དེ་དག་ནི་བུམ་པའི་དབང་ངམ། རྡོ་རྗེ་སློབ་དཔོན་གྱི་དབང་རྫོགས་པ་སྟེ། ལུས་ཀྱི་དྲི་མ་དག་པར་བྱེད་ཅིང་བྱང་ཆུབ་སེམས་དཔའ་ཚོགས་ཀྱི་ལམ་མཐར་ཕྱིན་པ་དང་སྐལ་བ་མཉམ་པར་འགྱུར་རོ། །དེ་ནས་དབང་བསྐུར་བ་གཉིས་པས་ནི་ངག་དྲི་མ་དག་པར་བྱེད་པ་དང༌། སྦྱོར་བའི་ལམ་གྱི་ནུས་པ་འཇོག །དབང་བསྐུར་གསུམ་པས་སེམས་ཀྱི་དྲི་མ་དག་ཅིང་མཐོང་ལམ་གྱི་ནུས་པ་འཇོག །དབང་བསྐུར་བ་བཞི་པས་ནི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དག་བསྒོམ་པའི་ལམ་དང་ཁྱད་པར་གྱི་ལམ་ལ་གནས་པའི་ནུས་པ་


DTG010_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག །དབང་བསྐུར་བ་དེ་དག་གིས་དབང་བསྐུར་བའི་རིམ་པ་ནི་བླ་མའི་ཞལ་ལ་ལྟོས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་ཀྱང་དགོངས་པ་སྤས་པ་ཡིན་ལ། དེ་བས་ནི་དགོངས་དོན་ཉམས་པ་སྤང་བའི་ཕྱིར། བདག་གིས་ཀྱང་འདིར་ཡི་གེར་བཀོད་པ་མ་ཡིན་སྙམ་དུ་དགོངས་སོ། །དེ་དག་གིས་དབང་བསྟན་ནས། གང་གི་ཚེ་རབ་ཏུ་གནས་པར་བྱེད་པར་འདོད་ན། དེའི་དོན་ཡང་འདི་ཡིན་ཏེ། སྡོམ་ནི། ཤེས་པར་བྱ་དང་ཉམས་སུ་བླང༌། །འབྲས་བུ་དང་ནི་རྣམ་པ་གསུམ། །དེ་ལ་ཤེས་པར་བྱ་བ་ནི་འདི་ཡིན་ཏེ། རབ་ཏུ་གནས་པ་ཐུན་མོང་དང་ཁྱད་པར་དུ་ཤེས་པར་བྱའོ། །མངའ་དབུལ་ལྷ་ལྟར་མཆོད་པ་དང༌། །སློབ་མ་ལྟ་བུར་དབང་བསྐུར་བ། །སྤྱན་དབྱེ་ཐུན་མོང་གསེར་ཐུར་གྱིས། །ཚིགས་བཅད་སྔགས་དང་བཅས་པར་བརྗོད། །ཁྱད་པར་སྤྱན་ནི་དབྱེ་བའོ། །ཞལ་བསྲོ་བ་ནི་སྦྱིན་སྲེག་གིས། །སློབ་མ་ཤིས་པར་བྱ་ཕྱིར་དང༌། །ལྷ་རྣམས་ཚིམ་པའི་དོན་དུའོ། །དེའི་རྗེས་ལ་ཉམས་སུ་བླང་བ་ནི་འདི་ཡིན་ཏེ། སྔར་བཞིན་བླ་མར་འོས་པ་ལ། སློབ་དཔོན་མཚན་ཉིད་དང་ལྡན་པས་གསོལ་བ་གདབ་པ་དང༌། བསྙེན་པ་དང༌། ས་ཆོག་སྔར་བཞིན་བྱས་ལ། དཀྱིལ་འཁོར་མེ་ལོང་གི་ངོས་ལྟར་མཉམ་པའི་སྟེང་དུའམ། སྟེགས་བུ་གྲུ་བཞིའི་སྟེང་དུའོ། །ལྟ་གོན་ཡོ་བྱད་ཐམས་ཅད་ཉེ་བར་བསགས་ལ། དེ་ལ་སློབ་དཔོན་དུ་འོས་པ་ནི་འདི་ཡིན་ཏེ། བརྟན་ཞིང་དུལ་བ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ལེགས་པར་ཤེས། །འདི་ནི་སློབ་དཔོན་ཡིན་ཞེས་བྱ། །དེ་ཡིས་བསྟན་པའི་གསང་སྔགས་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་ནི། དེས་ཀྱང་ཆོ་ག་ཆད་པ་མེད་པར་ཕུན་སུམ་ཚོགས་པར་བྱ་སྟེ། འདི་སྐད་དུ། ཆོ་ག་ཉམས་པར་མི་བྱ་སྟེ། །རབ་གནས་རྟག་ཏུ་སྨད་པ་དང༌། །ཚེ་འདིའི་སྡུག་བསྔལ་ཆེན་པོ་དང༌། །འཇིག་རྟེན་གཞན་དུ་འཇིགས་ཆེན་འབྱུང༌། །དེ་བས་དངོས་གྲུབ་འདོད་པ་ཡིས། །བདག་ཉིད་ཀྱིས་ནི་ཅི་ནུས་ལས། །དེ་བཞིན་ཆོ་གར་གསུངས་ཚུལ་དུ། །ཀུན་ནས་རབ་ཏུ་འབད་དེ་བྱ། །ཞེས་པ་དང༌། དེ་ནས་དང་པོ་སློབ་མའམ། སྒྲུབ་པའི་གྲོགས་པོ་རང་ཉིད་རྒྱན་དང་བྱུག་པ་


DTG010_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དང༌། མཆོད་ཡོན་བྱིན་གྱིས་བརླབ་པ་དང༌། ཡན་ལག་དྲུག་གི་རྣལ་འབྱོར་བདུད་རྩི་མྱང་བའི་བར་དུ་བདག་ཉིད་ལ་ལྡན་པ་ཕུན་སུམ་ཚོགས་པ་བྱས་ལ། དེ་ནས་བླ་མས་ཀྱང་ཕུན་སུམ་ཚོགས་མོས་པ་འཕོ་བ་དང་ལྡན་པས་རྣལ་འབྱོར་སྒྲུབ་པའི་གྲོགས་མཆོག་བཞིན་དུ་ཏིང་ངེ་འཛིན་བསྐྱེད་པ་དང༌། རང་བཞིན་སྤྱན་དྲངས་པ་གཉིས་བསྲེས་སམ་གསུམ་བསྲེས་བྱས་ལ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བའི་བར་དུ་སྔར་བཞིན་བྱས་ནས་སྐུ་གཟུགས་ལ་སོགས་པ་དག་ཀྱང་བྱི་དོར་བྱས་ལ་སྡར་གྱི་གནས་སུ་གཞག་གོ །དེ་ནས་མེ་དང་ཆུ་ནང་དུ་ཡུངས་ཀར་བླུགས་ཤིང་སྔགས་འདི་བཟླས། ལན་གསུམ་བསྐོར་ཞིང་གཏོར་བར་བྱ། །སྦྱང་ཞིང་བསྲུང་བ་དག་ཏུ་བྱ། །ཨོཾ་ཧེ་བཛྲ་ཨ་དྷི་ཏིཥྠ་ན་བརྦ་པཱ་པཾ་ད་ཧ་ན་ཧེ་བཛྲཱ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་འབྲུ་མར་ལ་དཱུར་བའི་པིར་གྱིས་བྱུག་ཅིང༌། ཨོཾ་སརྦ་ཏ་ཐའ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་སྦཱ་ཧཱ། དེ་ནས་ཤུན་ལྦགས་ལྡས་དྲིལ་ཕྱིས་དང༌། ཁྲུས་ལ་སོགས་པ་བྱས་ཀྱང་རུང༌། མ་བྱས་ཀྱང་རུང་སྔར་གྱི་དེ་དག་གིས་རྟེན་བྱད་པའོ། །བདུག་སྤོས་ཐོགས་ཤིང་རོལ་མོ་དབྱངས་དང་བཅས་པས་སངས་རྒྱས་ཐམས་ཅད་མདུན་གྱི་ནམ་མཁའ་ལ་དཀྱིལ་འཁོར་ལྷའི་རྣམ་པར་བསྡུས་ལ་འདི་སྐད་བརྗོད་དོ། །དགྱེས་མཛད་རྡོ་རྗེ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་ལ་ཡང་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རབ་གནས། །མགོན་པོ་བདག་ནི་བགྱིད་པར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པར་རིགས། །བདག་གི་མིང་བརྗོད་འདི་ཞེས་པས། །རིག་པའི་རྒྱལ་པོ་འདི་ཞེས་བྱ། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །ནང་པར་རབ་གནས་བགྱིད་པར་འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེ་བར་ནི་ཉེར་དགོངས་ནས། །ཚོགས་པ་ཐམས་ཅད་རབ་གནས་ལ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཞེས་པ་དང༌། ཡང་ན། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང༌། །སྲས་བཅས་འཇིག་རྟེན་རྣམ་གྲངས་དང༌། །ཞེས་པ་ལ་སོགས་པས་གསོལ་བ་གདབ་ཅིང་སྙིམ་པའི་མེ་ཏོག་གཏོར་ཞིང་འདི་སྐད་དོ། །ནམ་མཁར་བཞུགས་


DTG010_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫོགས་སངས་རྒྱས། །མེ་ཏོག་བཟང་པོ་རིན་ཆེན་ཆར། །སྐུ་ལ་རབ་ཏུ་འབབ་འགྱུར་བས། །ཀྱེ་ཀྱེ་སོ་སོར་བཞེས་སུ་གསོལ། ཨོཾ་པ་ར་མ་སུ་ཁཱ་ཤ་ཡ་སུ་ལ་ལི་ཏི་བི་ལཱ་ས་མི་ཏེ། ན་མཱ་མི་བྷ་ག་ཝཱན་ཛཿ་ཧཱུཾ་བཾ་ཧོཿ་ཧི་ཧི་ཧི་ཧི། པྲ་ཏཱི་ཛཚ་བཛྲ་ཀུ་སུ་མཱ་ཉྫ་ལི་ནཱ་ཐ་ཧོ། །ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་ན་ནི་བཞུགས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་འདིར་ཁྱོད་བཞུགས་མཛོད། །འདིར་བཞུགས་རྟག་ཏུ་མགོན་པོ་ནི། །གྱུར་ནས་མེ་ཏོག་ལ་སོགས་འདི། །བྱང་ཆུབ་སེམས་ནི་འཕེལ་བའི་ཕྱིར། །བདག་ཅག་དོན་དུ་བཞེས་སུ་གསོལ། །ཞེས་བརྗོད་དེ། དེ་ཡང་དཀྱིལ་འཁོར་དུ་འཇུག་ཅིང་དབང་ནོད་པ་ཡིན་ན། སྔར་བཞིན་དུ་ལྷ་སྟ་གོན་དུ་གནས་པ་ཉིད་བྱས་པ་མ་ཡིན་ན། དགོན་པོ་བསྡུ་བ་དག་ཙམ་གྱིས་བྱའོ། །དེ་བཞིན་དུ་དབང་ཡིན་ན་སློབ་མ་ལྷག་གནས་ལ་སྡར་བཞིན་དུ་བྱ་བ་ཡིན་ལ། མ་ཡིན་ན་འདི་ཙམ་གྱིས་སློབ་མ་ལྷག་པར་གནས་པར་བྱ་སྟེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་མཉམ་པ་རུ། །འབྱུང་བར་བདག་ཉིད་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉིད་མ་དམ་པ་སྟེ། །བདག་གིས་མཆོད་སྦྱིན་བླ་མ་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་བརྗོད་དོ། །དེ་ནས་གལ་ཏེ་རྡུལ་ཚོན་མ་བྲིས་པའི་ལྷག་གནས་ཡིན་ན་ཤིན་ཏུ་སྔ་བར་ཐིག་དང་ཚོན་ལ་སོགས་པ་སྡར་བཞིན་དུ་བྱས་ལ། ཉི་མ་བཟང་པོ་ལ་རབ་གནས་འདི་ལྟར་བྱ་སྟེ། ཡང་སློབ་དཔོན་གྲོགས་དང་བཅས་པས་ཆོ་ག་ཉམས་པར་མི་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་ཡོ་བྱད་ཐམས་ཅད་བསོག་ཅིང་བསྟར་བ་དང༌། རྒྱན་ཐམས་ཅད་བྲི་བ་དང༌། ཡང་རང་ཉིད་གྲོགས་དང་བཅས་པས་ཁྲུས་དང་བྱུག་པ་ནས་གཟུང་སྟེ། བདུད་རྩི་མྱང་བའི་བར་དུ་བདག་ཉིད་ལ་ལྡན་པ་ཕུན་སུམ་ཚོགས་པ་སྡར་བཞིན་དུ་བྱ་ཞིང༌། སྐུ་གཟུགས་ལ་སོགས་བྱི་དོར་བྱ་བ་ནས། ཤུན་ལྤགས་ལྔ་སྟེ། ཛམྦུ་ཀ་དང༌། ཀ་ཏ་དང༌། བིལ་བ་དང༌། ཨ་མྲ་དང༌།


DTG010_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པི་ཙུ་པུ་རི་ལས་བྱུང་བའི་དྲིལ་ཕྱིས་བྱ་བ་དང༌། དེ་བཞིན་དུ་སྡར་གྱི་ཚིགས་སུ་བཅད་པ་དང༌། དི་རིང་རབ་གནས་བགྱིད་པར་འཚལ། །ཞེས་པ་བཅུག་ལ། དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་པའི་བར་དུའོ། །ཞེས་བརྗོད་དོ། །དེ་ནས་བ་བྱུང་རྣམ་པ་ལྔ་དང་ལྡན་པའི་བུམ་པའི་ཆུ་ལ། ཨོཾ་བི་ཤུ་དྡྷེ་བཛྲ་གྲོ་དྷ་ཧཱུཾ་ཨཱཾ་བྷྲཱུཾ་ཛྲཱྀཾ་ཁཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་མངོན་པར་བཟླས་པའི་ཆུས་ཁྲུས་བྱ་ཞིང༌། རོལ་མོ་དབྱངས་དང་བཅས་པས་འདི་སྐད་བརྗོད་པར་བྱའོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་སྭཱ་ཧཱ། གཞན་ཡང་སྤྱན་ལ་སོགས་པའི་སྔགས། ཨོཾ་རུ་རུ་སྥུ་རུ་ལ་སོགས་པ་ཡང་བརྗོད་ཅིང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གང་ཡང་རུང་བ་ཅིག་གིས་དབྱངས་སུ་བརྗོད་དོ། །དེ་ནས་རས་ཀྱིས་སྐུ་ཕྱི་བར་བྱ་སྟེ། བདེ་གཤེགས་སྐུ་གཟུགས་དཔེ་དང་བྲལ་གྱིས་ཀྱང༌། །འགྲོ་བའི་དོན་དུ་སྐུ་གཟུགས་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཞིང༌། །འཇིག་རྟེན་བསྙེན་བཀུར་རི་མོའི་ཚུལ་གྱིས་ནི། །དྲི་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱི་བས། །ཉོན་མོངས་སྒྲིབ་པ་མ་ལུས་ཀུན་བྱང་ནས། །སྐུ་གསུམ་དང་དུ་བདག་ཅག་གྲུབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཝ་སྟྲ་ཡེ་སྭཱ་ཧཱ། ཨོཾ་ཙ་ཏྲི་གནྡྷེ་སྭཱ་ཧཱ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ནི་སྭཱ་ཧཱ། དེ་རབ་ཏུ་གནས་པའི་དངོས་གཞི་ཉིད་ཡིན་ཏེ། དེ་ཡང་སངས་རྒྱས་ཐམས་ཅད་གཅིག་བསྡུས་དང༌། །རབ་གནས་མཚན་ཉིད་བཟང་པོ་ཉིད། །ཅེས་པ་དང༌། སྐུ་གཟུགས་སྙིང་གར་རབ་ཏུ་གཞུག །ཅེས་པ་དང༌། བསྡུ་བའི་ཚིག་འདིས་ཤེས་པར་བྱ་སྟེ། ཏིང་འཛིན་ཡེ་ཤེས་བྱིན་བརླབས་དང༌། །དབང་བསྐུར་བ་ཡི་རབ་གནས་བཟང༌། །དེ་ལ་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ནི། སྐུ་གཟུགས་ས་བོན་ཕྱག་མཚན་ནམ། །སྐད་ཅིག་སོགས་ཀྱིས་ལྷ་ཡི་སྐུ། །དཀྱིལ་འཁོར་ལྷ་རྣམས་ལུགས་བཞིན་བསྐྱེད། །སྙིང་གའི་ས་བོན་འོད་ཟེར་གྱིས། །ནམ་མཁར་བསྡུས་ལ་མཆོད་ཅིང་བསྟིམ། །དེ་ནས་བྱིན་གྱིས་བརླབ་པ་ནི། །སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས། །བྱིན་གྱིས་བརླབ་པ་སྔར་


DTG010_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱ། །དེ་ནས་དབང་བསྐུར་བ་ནི། ཆུ་དང་དབུ་རྒྱན་ནས་གཟུང་སྟེ། །རྗེས་སུ་གནང་བའི་བར་དུ་སྦྱིན། །གཞན་ཡང་རིན་ཆེན་བདུན་ལ་སོགས། །ཅི་རིགས་པར་ཡང་དབང་བསྐུར་བྱ། །མངའ་དབུལ་བ་ཡང་དབང་དེར་གཏོགས། །དེ་ནས་སྤྱན་དབྱེ་བའི་ཆོ་ག་བྱ་སྟེ། གསེར་གྱི་ཐུར་མ་ལ་སོགས་པ་མར་དང་སྦྲང་རྩི་ལ་བསྲེས་ཏེ། སྤྱན་དབྱེ་ཞིང་འདི་སྐད་ཅེས་བརྗོད་དོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །ཁྱོད་ཀྱིས་ཀྱང་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྵུ་ཙཀྵུ་བི་ཤོ་དྷ་ཡ་སྭཱ་ཧཱ། ཁྱད་པར་དུ་སྤྱན་དབྱེ་བ་ནི་སློབ་མ་ལ་ཡེ་ཤེས་འབེབས་པ་ལྟར་འདིར་བྱའོ། །དེ་ནས་མངའ་དབུལ་བར་བྱ་སྟེ། དང་པོར་གདུགས་དང་རྒྱལ་མཚན་དབུལ་བར་བྱ་སྟེ། འདི་སྐད་དོ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྣམ་པར་དག་པའི་གཟུགས་བརྙན་ལ་གདུགས་ཕུལ་བས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྣམ་པར་དག་པ་ནི་ཞལ་དྲོ་ཞིང་བྱིན་ཆེ། འགྲོ་བ་སྐྱོབ་པའི་ནུས་པ་དང་ལྡན་པ་ཡིན་གྱི་བདག་པོ་ལ་སོགས་པ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཉིན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་གསུངས་པ་སེལ་ཞིང་འགྲོ་བ་སྐྱོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །གདུགས་མཛེས་གསེར་གྱི་ཡུ་བར་ལྡན། །ཕུལ་བ་དེ་བཞིན་བདག་འབུལ་གྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཚ་ཏྲཾ་ཤྲི་ས་མ་ཡེ་ཧཱུཾ་ཞེས་གསུམ་མམ་བདུན་གྱི་བར་དུ་བརྗོད་དོ། །དེ་བཞིན་དུ་གཞན་དག་ལ་ཡང་བསྒྲེ་ཞིང་སྦྱར་བར་བྱའོ། །རྒྱལ་མཚན་ཡང་སྡར་བཞིན་མཛད་ནས། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །བར་ཆོད་བདུད་ལས་རྒྱལ་བའི་རྟགས། །ཕུལ་བ་དེ་བཞིན་བདག་འབུལ་གྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷྭ་ཛ་ཀེ་ཏུ་ཤྲཱི་ས་མ་ཡེ་ཧཱུཾ། དེ་ནས་འཕན་དང་བ་དན་དབུལ་ཏེ། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །སྙན་པའི་བ་དན་ཕྱོགས་བཅུར་སྒྲོགས། །ཕུལ་བ་དེ་བཞིན་བདག་འབུལ་གྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ཏཱ་ཀ་ཤྲཱི་ས་མ་ཡེ་ཧཱུཾ།


DTG010_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་བླ་རེ་ལ་སོགས་པ་ལ་ཡང་ངོ༌། །ཡང་ཁྲུས་བྱས་ཏེ་མཆོད་པ་རྣམ་པ་ལྔ་འབུལ་ལོ། །དེ་ནས་ཞལ་ཟས་འབུལ་ལོ། །དེ་ནས་མཆོད་པའི་ཚིག་སྔར་བཞིན་སྦྱར་ལ། སེམས་ཅན་ཐམས་ཅད་བཀྲེས་སྐོམ་དང༌། མུ་གེ་ལ་སོགས་བའི་བསྐལ་པ་ལས་ཐར་བར་གྱུར་ཅིག །ཨོཾ་སརྦ་ཏ་ཐའ་ག་ཏ་ཨ་ཧ་ར་བྲུཾ་ཛ་ཤྲཱི་ས་མ་ཡེ་ཧཱུཾ། དེ་ནས་ན་བཟའ་དབུལ་ཏེ། སེམས་ཅན་ཐམས་ཅད་གོས་དང་བགོ་བ་ལ་སོགས་པའི་སྡུག་བསྔལ་དང་གྲལ་ཏེ། ལྷའི་ན་བཟའ་པཉྩ་ལི་ཀ་རེག་ན་བདེ་བ་གྱོན་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝ་སྟྲ་ནཱ་ནའ་ཤྲཱི་ས་མ་ཡེ་ཧཱུཾ་དེ་ནས་ཞལ་བསྲོ་བྱ་སྟེ། དེ་ཡང་སྦྱིན་སྲེག་གིས་བྱའོ། །སློབ་མ་ཤིས་པར་བྱ་ཕྱིར་དང༌། །ལྷ་རྣམས་ཚིམ་པའི་དོན་དུ་སྟེ། །དེ་ཡང་སྔར་བཞིན་ཆོ་ག་ལྟར། །དེ་ནས་ཁྱད་པར་དུ་ཡང་ནང་གི་སྐུ་གཟུགས་ལ་སོགས་ཀྱི་མཆོད་པ་དང་ཙཱརུའི་སྟོན་མོ་ཡང་བྱའོ། །དེའི་རྗེས་ལ་མཆོད་གནས་སུ་གཏད་པ་ནི། །ཁྱོད་ཀྱིས་དལ་གསོལ་བཏབ་པ། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་སྐད་གསུངས་བཞིན་རབ་གནས་པ། །དེ་ནི་ངས་བྱས་བྱེད་དུ་བཅུག །ཁྱེད་ཀྱིས་དེ་ནི་ཀུན་ཚོགས་པར། །ཅི་བདེ་བར་ནི་མཆོད་པར་གྱིས། །དེ་ནས་སྲུང་མ་བསྒོ་བ་ནི། །བདག་ཉིད་ལྷག་པའི་ལྷར་སྦྱོར་བས། །ནག་པོ་ཆེན་པོ་དགུག་པ་དང༌། །གཞུག་དང་བཅིང་དང་དབང་དུ་བྱ། །དེ་ལ་མཆོད་དང་གཏོར་མ་སྦྱིན། །དེ་ལ་བཀའ་ལུང་བསྒོ་བྱ་བ། །ང་ཡིས་རབ་གནས་བྱས་པ་ཡི། །གཙུག་ལག་ཁང་ལ་སོགས་པ་འདི། །ཇི་སྲིད་གནས་པ་དེ་སྲིད་དུ། །བསྲུང་ཞིང་ཁྱོད་ཀྱིས་ལེགས་པར་སྐྱོངས། །དཀོན་མཆོག་འཕགས་པའི་དགེ་འདུན་གྱི། །བཀའ་སྩལ་ཁྱོད་ཀྱིས་བསྲུང་བ་དང༌། །སྟོན་པའི་བཀའ་དང་སློབ་དཔོན་གྱི། །བཀའ་ལུང་བསྒོ་བ་ལེགས་པར་སྲུངས། །དེ་ནས་བཟོད་གསོལ་བྱ་སྟེ། རྫོགས་སངས་རྒྱས་དང་ལྷ་རྣམས་དང༌། །དེ་སྲས་ཚངས་སོགས་ལྷ་ཚོགས་ཀུན། །གང་ཞིག་ཆོ་ག་བྱས་པ་ནི། །ནོངས་གྱུར་དེ་དག་བཟོད་མཛད་རིགས། །དེ་ནས་གཤེགས་གསོལ་བྱེད་འདོད་ན། འདི་ཙམ་བརྗོད་པར་བྱ་བ་སྟེ། །སྤྱིན་བདག་རྣམས་ལ་ཞི་བ་དང༌། །བདེ་ལེགས་ཆེན་པོ་ཀུན་མཛད་པར། །སངས་རྒྱས་ཡུལ་ཀུ་གཤེགས་ནས་ཀྱང༌། །སླར་ཡང་


DTG010_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་ལ་གཤེགས། །དེ་ནས་བྱིན་བརླབས་བརྟན་པ་བརྗོད། །གང་འདི་སྐུ་གཟུགས་བསྐལ་བ་འམ། །བསྐལ་བ་རྒྱ་ལས་ལྷག་གནས་ཤིང༌། །ས་དང་མེ་དང་ཆུ་དང་ནི། །རླུང་ལས་ལྷ་རྣམས་ཀུན་གྱིས་སྲུངས། །སློབ་སྤོན་སློབ་མར་བཅས་པ་དང༌། །བུ་དང་ཚ་བོ་རྣམས་འཕེལ་ཏེ། །རབ་དགའ་ཡིད་བདེར་གྱུར་ནས་ནི། །རང་གནས་བཟང་པོར་རྟག་ཏུ་བཞུགས། །རབ་གནས་སྤྱི་ཡི་ཤེས་བྱས་ན། །གལ་ཏེ་གླེགས་བམ་རས་རིས་སོགས། །ཡིན་ན་གཞན་ལས་གསུངས་པ་བཞིན། །ཡིག་འབྲུར་སྒྱུར་དང་ཁྲུས་ལ་སོགས། །སྔགས་ལ་སོགས་པ་ཅི་རིགས་བྱ། །གཞུང་མངས་དོགས་ནས་འདིར་མ་བརྗོད། །དེ་རྫེས་གཞུང་རྫོགས་ཚིགས་བཅད་བརྗོད། །གང་གིས་འདི་རྩོམ་པ་ཡང་བདག་མིང་ནི། །མི་མཐུན་ཕྱོགས་ཀྱིས་ཐུབ་དཀའ་མི་བསྐྱོད་ལ། །མཐའ་ན་རྡོ་རྗེ་ལྡན་པས་བཙས་པའི་མིང༌། །མ་བཙས་གྲགས་པས་བསོད་ནམས་ཀུན་ལ་ཁྱབ། །མཐའ་ན་རྒྱལ་མཚན་ལྡན་པས་སྙན་པའི་གསུང༌། །གང་བརྩམས་གཞུང་དེ་རབ་ཏུ་གྲུབ་པ་ཡང༌། །སྒྲུབ་བ་པོ་ཡི་ལག་ཏུ་བྱ་བ་ཡང༌། །མཐའ་རུ་བླང་བ་ལྡན་པས་དོན་ཀུན་རྫོགས། །ཚིགས་བཅད་རྐྱང་བ་རྣམས་སྤྲས་རིམ་པ་ལ། །མཐའ་ན་ཞེས་བྱ་ལྡན་པས་གྲགས་ཆེན་པོ། །གང་ལྟར་དོན་དེ་རབ་ཏུ་རྫོགས་པ་ཡང༌། །མངོན་རྟོགས་སྒྲུབ་ཐབས་དབང་དང་རབ་གནས་ཡིན། །སྒྲུབ་ཐབས་དང་མཐུན་བླ་མའི་མངོན་རྟོགས་ལ། །མཐའ་རུ་སྒྲུབ་པ་དང་ལྡན་དཀྱིལ་འཁོར་ཆོ་ག་རྫོགས། །དྲི་མ་དག་ཅིང་ནུས་འཇོག་དབང་ལ་ཡང༌། །མཐའ་རུ་རབ་གནས་ལྡན་པས་གཞན་དོན་རྫོགས། །གང་ཕྱིར་སྦྱིན་པའི་འབྲས་བུ་འགྲུབ་པ་ཡང༌། །ཕྲིན་ལས་དངོས་གྲུབ་རང་གཞན་དོན་དུ་ཡིན། །དེ་ལས་ཅུང་ཞིག་གོ་བཟློག་འདི་ཤེས་བྱ། །བསྟེན་པ་མངོན་རྟོགས་རིམ་པར་རང་དོན་ལས། །མཐའ་ནས་གཞན་དོན་ལྡན་པས་སྒྲུབ་པའི་དོན། །དབང་བསྐུར་བ་ལས་འབྱུང་བའི་དངོས་གྲུབ་ལ། །ཕྲིན་ལས་ལྡན་པས་རབ་གནས་བཟང་པོ་ཡིན། །བོད་ཀྱི་ལོ་ཙཱ་བསོད་ནམས་རྒྱལ་མཚན་གྱིས། །གཞུང་དག་ལས་ནི་གསུངས་པ་ཡིན་མོད་ཀྱང༌། །བླ་མས་རང་ལ་རང་གིས་གཞན་ལ་སྟེ། །མཛད་པའི་རིམ་པ་བསྡུས་ཤིང་ལེགས་པར་བསྒྱུར། །རྫོགས་སོ།། །།


previousདགྱེས་པ་རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ། next