Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་པ།


  expand section
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section
   
   
   
   
   
   
   
   
ཀྱེའི་རྡོ་རྗེའི་སྒྲུབ་པའི་ཐབས།  འཇམ་དཔལ་ཡེ་ཤེས་ཀྱིས་མཛད།
   
   
   
   
   
   
   
   
   
   
  expand section
   
   
   
   
  expand section
   
   
   
   
   
   
   
  expand section
   
   
   
   
  expand section
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   


 
previousཀྱེའི་རྡོ་རྗེའི་སྒྲུབ་པའི་ཐབས། འཇམ་དཔལ་ཡེ་ཤེས་ཀྱིས་མཛད།next

ཀྱེའི་རྡོ་རྗེའི་སྒྲུབ་པའི་ཐབས།
འཇམ་དཔལ་ཡེ་ཤེས་ཀྱིས་མཛད།


DTG010_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧེ་བཛྲ་སཱ་དྷ་ནོ་པི་ཀ །བོད་སྐད་དུ། ཀྱེའི་རྡོ་རྗེའི་སྒྲུབ་པའི་ཐབས། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཡེ་ཤེས་གཉིས་མེད་རྒྱུ་དང་བྲལ། །དེ་བཞིན་ཚོགས་བྲལ་གང་གི་གནས། །དཔལ་ལྡན་ཁྲག་འཐུང་ཕྱག་འཚལ་ཏེ། །དེ་བསྟེན་ཆོ་ག་བསྟན་པར་བྱ། །གསང་བའི་དོན་ལྡན་སྒྲུབ་པ་པོས། །ཡང་དག་དོན་ལྡན་དམ་ཚིག་དང༌། །ཕྱི་ནང་གསང་བའི་སྡོམ་པ་ཤེས། །


DTG010_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གསང་དང་ཤེས་རབ་དང༌། །དེ་བཞིན་བཞི་པའི་དབང་ལྡན་པས། །བསྒོམ་པའི་མཆོག་ནི་བསྒྲུབ་པར་འགྱུར། །ཤིང་གཅིག་དྲུང་ངམ་དུར་ཁྲོད་དུ། །བསྒོམ་པ་དག་ནི་དགེ་བར་གསུངས། །ཡང་ན་དབེན་ཞིང་དགོན་པ་དང༌། །མ་མོའི་གནས་ལ་སོགས་དེ་བཞིན། །ཡང་ན་བདེ་ཞིང་ཉམས་དགའ་བར། །རང་གི་འདོད་པ་བསྒྲུབ་པར་བྱ། །དེར་ནི་བདེ་ཞིང་རྒྱ་ཆེ་བའི། །སྟན་ལ་རྣམ་པར་འདུག་ནས་ནི། །མེ་ཏོག་ལ་སོགས་བྱེ་བྲག་དང༌། །བདུད་རྩི་ཡིས་ནི་བསང་གཏོར་བྱ། །རྡོ་རྗེས་མཁའ་སྙིང་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །དེ་ལ་ཧཱུཾ་ཡིག་འབར་བ་ཡིས། །མཚོན་ཆ་མཆོག་ནི་སྤྲོ་བར་བྱ། །མཁའ་དབྱིངས་ཏིལ་གང་བཞིན་རྒྱས་པའི། །རང་གི་དཀྱིལ་འཁོར་མཆོག་བཀུག་སྟེ། །རང་སྙིང་ས་བོན་མཆོག་སྐྱེས་པའི། །ལྷ་མོ་རྣམས་ཀྱིས་མཆོད་པར་བྱ། །གཽ་རཱི་ཟླ་བའི་མཚན་མ་དང༌། །ཙཽ་རཱི་ཉི་མའི་སྣོད་འཛིན་ཏེ། །བེ་ཏཱ་ལཱི་ཡི་ལག་ན་ཆུའོ། །གྷསྨ་རཱི་ནི་སྨན་འཛིན་ཏེ། །པུཀྐ་སཱི་ནི་རྡོ་རྗེའོ། །ས་བ་རཱི་ནི་དེ་བཞིན་བཅུད། །ཙཎྜལཱི་ནི་རྔེ་ཆུང་འཁྲོལ། །ཌོམྦི་ཆགས་ཆེན་རྗེས་ཆགས་པས། །སྙིང་གར་ཡོངས་སུ་འཁྱུད་པ་སྟེ། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །དེ་རྗེས་བསོད་ནམས་ཡན་ལག་གོ །གསུམ་གྱི་སྐྱབས་འགྲོ་སོགས་བྱ་སྟེ། །འདི་ལྟར་ཕྱག་འཚལ་སྐྱབས་འགྲོ་དང༌། །སྡིག་བཤགས་བསོད་ནམས་རྗེས་ཡི་རང༌། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང༌། །དམ་བཅའ་བདག་ལུས་དབུལ་བར་བྱ། །དེ་ནས་དང་པོར་བྱམས་པ་སྟེ། །དེ་རྗེས་སྙིང་རྗེ་རྣམ་པར་བསྒོམ། །གསུམ་པར་དགའ་བ་བསྒོམ་པར་བྱ། །ཀུན་གྱི་ཐ་མར་བཏང་སྙོམས་སོ། །དེ་ནས་ཡེ་ཤེས་བལྟ་བའི་ཕྱིར། །ཕྱི་དང་ནང་གི་དངོས་འདི་ཀུན། །རྣམ་དག་སྟོང་པར་རྣམ་དཔྱད་དེ། །སྤྲིན་མེད་ནམ་མཁའ་ལྟར་བསམས་ནས། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། །སེམས་བརྟན་བྱེད་པའི་གསང་སྔགས་འདིས། །སྟོང་པ་ཉིད་ལས་སེམས་ཀྱི་དངོས། །ཨ་ཧཾ་ཨོ་དང་ལྡན་པ་ནི། །ཨོཾ་དབུས་ཧཾ་གིས་འབྲེལ་པ་ལས། །རཾ་ལ་ཉི་མ་བདུན་བསམས་ཏེ། །དེ་ལ་ཧཱུཾ་ལས་བྱུང་བ་ཡི། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །རྡོ་རྗེ་དེས་ཀྱང་ར་


DTG010_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། །དྲ་བ་འཆིང་བའང་བསྒོམ་པར་བྱ། །དེ་དབུས་མཁའ་དབྱིངས་བདག་ཉིད་ཀྱིས། །ཤེས་རབ་ཨེ་གཟུགས་བསྒོམ་པར་བྱ། །དེ་སྟེང་ས་དང་ཆུ་དང་ནི། །མེ་དང་རླུང་གི་དཀྱིལ་འཁོར་རྣམས། །ལྗང་གུ་དཀར་པོ་དམར་པོ་དང༌། །དུ་བའི་མདོག་ཏུ་བསམ་པར་བྱ། །གྲུ་བཞི་ཟླུམ་པོ་གྲུ་གསུམ་དང༌། །ཟླ་ཁམ་དབྱིབས་སུ་རྣམ་པར་བསམ། །དེ་སྟེང་ཨོཾ་ལྡན་ཨ་ཧཾ་ནི། །བདག་ཉིད་ངོ་བོ་གནས་བསམས་ཏེ། །ཨེ་གཟུགས་ནས་ནི་ཨ་ཧཾ་བར། །ཐམས་ཅད་འདྲེས་གྱུར་འཁོར་ལོར་འགྱུར། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །དྲ་བ་དྲ་ཕྱེད་ཡང་དག་ལྡན། །རྡོ་རྗེ་ཐིག་གིས་ཡོངས་བརྒྱན་པའོ། །དེ་སྟེངས་ཆོས་དབྱིངས་བདག་ཉིད་ཀྱི། །རོ་ནི་མཁས་པས་རབ་བསྒོམས་ཏེ། །དེ་ལ་ཨཱ་ལི་ཀཱ་ལི་ལས། །འབྱུང་བ་ཉི་མ་ཟླ་བ་བསམ། །དེ་དག་རབ་ཏུ་ས་བོན་ནི། །ཨ་དང་ཧཱུཾ་ལས་གྱུར་པ་ཡི། །རྡོ་རྗེ་གྲི་གུག་བསྒོམ་པར་བྱ། །དེ་ལ་རང་སེམས་བདག་ཉིད་ཀྱི། །ཨ་ཧཾ་ཡོངས་སུ་ཞུགས་པ་ནི། །དམ་པའི་དགའ་བའི་རང་བཞིན་གྱིས། །སེམས་དཔར་འདི་དེ་བརྗོད་པའོ། །དེ་རྣམས་གཅིག་ཏུ་འདྲེས་པ་ལས། །ཡེ་ཤེས་ལྔ་ཡི་བདག་ཉིད་ཀྱི། །ཧེ་རུ་ཀར་ནི་རྣམ་པར་བསྒོམ། །ཟླ་བ་མེ་ལོང་ཡེ་ཤེས་ཏེ། །དེ་བཞིན་ཉི་མ་མཉམ་པ་ཉིད། །ས་བོན་ལས་བྱུང་མཚན་མ་ནི། །སོ་སོར་རྟོག་པར་གསུངས་པའོ། །དབྱེར་མེད་འདྲེས་པ་ནན་ཏན་ཏེ། །སྐུར་གྱུར་ཆོས་དབྱིངས་ཡེ་ཤེས་ཡིན། །སྐུ་མདོག་སྔོ་རེངས་ཤར་བའི་འོད། །བིནྡུ་དམར་པོ་འདྲ་བའི་སྤྱན། །དབུ་སྐྲ་ཁམ་པ་གྱེན་དུ་འཁྱིལ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །འཁོར་ལོ་སྙན་ཆ་ཕྱག་གདུབ་དང༌། །མགུར་ཆུ་དང་ནི་སྐེ་རགས་རྣམས། །སངས་རྒྱས་ལྔར་ནི་དག་བ་ཡིས། །འདི་རྣམས་ཕྱག་རྒྱར་རབ་ཏུ་བསྒྲགས། །ལོ་གྲངས་བཅུ་དྲུག་ལྟ་བུ་ལ། །རབ་ཏུ་ཁྲོས་པའི་ལྟ་སྟངས་ཅན། །གཡོན་ན་རྡོ་རྗེ་ཐོད་པ་དང༌། །གཉིས་པ་ཡུམ་གྱི་བདག་ཉིད་ཀྱིས། །ཁ་ཊྭཱཾ་ག་ཡང་འཁྱུད་པའོ། །གཡས་ན་རྡོ་རྗེ་ནག་པོ་སྟེ། །ཧཱུཾ་གི་སྒྲ་འབྱིན་བདག་ཉིད་ཅན། །ཞེ་སྡང་བདག་ཉིད་བསྒོམ་པར་བྱ། །གལ་ཏེ་ཕྱག་རྒྱ་བྱེད་འདོད་ན། །གཡོན་གྱི་དང་པོ་ཀ་པཱ་ལ། །ལྷ་དང་ལྷ་མིན་ཁྲག་གིས་བཀང༌། །གཡས་ཀྱི་དང་པོ་རྡོ་རྗེ་སྟེ། །


DTG010_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་ཕྱག་གཉིས་ཇི་ལྟ་བ། །རང་དང་འདྲ་བའི་ཕག་མོས་འཁྱུད། །གཞན་ཡང་སྔོན་ཉིད་ཇི་ལྟ་བའོ། །གཞན་ཡང་ཞལ་གསུམ་ཕྱག་དྲུག་སྟེ། །གཡས་པའི་ཞལ་ནི་སྐྱ་རེངས་འདྲ། །གཡོན་པ་དམར་པོ་གཅེར་བུ་སྟེ། །གཡོན་གྱི་དང་པོ་ཏྲི་ཤཱུ་ལ། །གཡས་ཀྱི་དང་པོ་རྡོ་རྗེའོ། །གཡོན་པ་གཉིས་པ་དྲིལ་བུ་དང༌། །གཡས་པ་གཉིས་པ་ཀརྟ་རི། །ལྷག་མས་རྡོ་རྗེ་ལུ་གུ་རྒྱུད། །གྲི་དང་ཐོད་པ་བསྣམས་པས་འཁྱུད། །གཞན་ནི་སྔོ་བཞིན་ཡུམ་དེ་བཞིན། །གཞན་ཡང་བསྒོམ་པར་བྱ་བ་ནི། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །བཅུ་དྲུག་ཕྱག་གིས་རྣམ་པར་བརྒྱན། །བདུད་བཞི་ཞབས་ཀྱིས་རྣམ་པར་མནན། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། །མགོ་བོའི་ཕྲེང་བས་རྣམ་བརྒྱན་ཅིང༌། །ཉི་མ་ལ་བཞུགས་གར་གྱིས་སྟབས། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཆང༌། །ཁ་དོག་ནག་པོ་འཇིགས་པར་བྱེད། །རང་ཞལ་ནས་ནི་ཧཱུཾ་འཕྲོ་ཞིང༌། །སྐུ་ལ་ཐལ་བས་རྣམ་པར་བྱུགས། །བདག་མེད་མ་དང་མཉམ་ལྡན་པའི། །དགའ་བའི་སྦྱོར་བས་སྙོམས་པར་འཇུག །རྣམ་པར་མི་རྟོག་བདེ་བ་ཡི། །མི་རྟོག་རང་བཞིན་བདེ་བར་གནས། །དང་པོའི་ཞལ་ནི་ནག་པོ་ཆེ། །གཡས་པ་མེ་ཏོག་ཀུནད་འདྲ། །དཔའ་བོ་གཡོན་པ་དམར་བ་ཆེ། །སྟེང་གི་ཞལ་ནི་རྣམ་པར་གཙིགས། །ཉི་ཤུ་རྩ་བཞིའི་སྤྱན་དང་ལྡན། །ལྷག་མའི་ཞལ་ནི་བུང་བ་འདྲ། །གཡས་ཀྱི་འབར་བའི་ཕྱག་བརྒྱད་ན། །པདྨ་བྷནྡྷ་བརྒྱད་ནང་དུ། །གླང་པོ་རྟ་དང་བོང་བུ་དང༌། །བ་ལང་རྔ་མོ་མི་དག་དང༌། །བྱི་ལ་དང་ནི་སེང་གེ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །ས་དང་ཆུ་དང་རླུང་དང་མེ། །ཟླ་བ་ཉི་མ་དེ་བཞིན་ཡང༌། །གཤིན་རྗེ་དང་ནི་གནོད་སྦྱིན་རྣམས། །གཡོན་གྱི་བྷནྡྷ་བརྒྱད་དུའོ། །སྒེག་དང་དཔའ་དང་མི་སྡུག་དང༌། །རྒོད་དང་ཁྲོ་དང་འཇིགས་པར་བྱེད། །སྙིང་རྗེ་ངོ་མཚར་ཞི་ལ་སོགས། །འབར་བའི་གར་དགུ་ཉམས་དང་ལྡན། །ཞབས་ཀྱིས་ས་ལ་བརྡབས་མཛད་ཅིང༌། །ལྷ་མིན་ལྷ་ལ་བསྡིགས་མཛད་པའི། །རང་གི་སྙིང་གར་ར་ཡིག་ལས། །བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམ། །དེ་ནས་ཐབས་དང་ཤེས་རབ་ཀྱི། །ངོ་བོ་ཉིད་ཀྱི་ཧཱུཾ་ཡིག་གོ །རྡོ་རྗེ་ཡི་གེ་ཧཱུཾ་ལས་བྱུང༌། །ཁ་དོག་ནག་པོ་དྲག་པོ་ཆེ། །རྡོ་རྗེ་ལྟེ་བའི་དབུས་གནས་པར། །


DTG010_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཧཱུཾ་དུ་བསྒོམ་པར་བྱ། །གཞན་ཡང་ཧཱུཾ་ཡིག་ཡོངས་གྱུར་པའི། །ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །རྡོ་རྗེ་ལས་བྱུང་ནག་པོ་ཆེ། །འདམ་སྐྱེས་སྔོན་པོ་རབ་འདྲ་བའི། །ཡང་ན་སྔོ་རེངས་ཤར་བ་འདྲ། །དད་པས་ངེས་པར་བསྒོམ་པར་བྱ། །དེ་ནས་གཞལ་ཡས་ཡིད་འོང་པའི། །མ་མོའི་འཁོར་ལོ་བསྒོམ་བྱ་སྟེ། །ཡབ་ཡུམ་གཉིས་སུ་མེད་པ་ཡི། །ཡིད་འོང་སྦྱོར་བའི་དགྱེས་པ་ལས། །བྱུང་བའི་གཽ་རཱི་དབང་པོའི་ཕྱོགས། །ཤར་གྱི་སྒོར་ནི་རྣམ་པར་གནས། །གཉིས་སུ་མེད་པའི་སྦྱོར་བ་ལས། །བྱུང་བའི་ཙཽ་རཱི་ཡང་སྤྲོས་ཏེ། །ལྷོ་ཕྱོགས་སྒོ་སྐྱོང་ཙཽ་རཱི་གནས། །འཇམ་པོ་འཇུག་པ་སྦྱོར་བ་ལས། །བེ་ཏཱ་ལཱི་ཡང་དབྱུང་བར་བྱ། །སྤྲོས་ནས་བདུད་འཇོམས་ནུབ་སྒོར་རོ། །སྙོམས་འཇུག་སྦྱོར་བ་ཆེན་པོ་ལས། །གྷསྨ་རཱི་ཡང་དབྱུང་བར་བྱ། །སྤྲོས་ནས་བྱང་གི་སྒོ་རུ་ནི། །ཁྲོ་མོའི་གཟུགས་སུ་རྣམ་པར་གནས། །གཉིས་སྤྲད་པ་ཡི་སྦྱོར་བ་ཡིས། །པུཀྐ་སཱི་ཡང་དབྱུང་བར་བྱ། །སྤྲོས་ནས་དབང་ལྡན་གྲྭ་རུ་ནི། །འཁྲུག་པའི་གཟུགས་སུ་རྣམ་པར་གནས། །གཞན་ཡང་གཉིས་མེད་སྦྱོར་བ་ལས། །ཤ་བ་རཱི་ནི་མེ་ཡི་གྲྭ་།ཙཎྜལཱི་ནི་སྲིན་པོའི་ཕྱོགས། །ཌོམྦི་རླུང་གི་གྲྭ་རུའོ། །གཽ་རཱི་གཡས་ན་གྲི་གུག་སྟེ། །གཡོན་པ་ན་ནི་དེ་བཞིན་ཉ། །ཙཽ་རཱི་གཡས་ན་རྔེའུ་ཆུང་སྟེ། །གཡོན་པའི་ཕྱག་ན་ཕག་པའོ། །པེ་ཏཱ་ལཱི་གཡས་རུས་སྦལ་ཏེ། །གཡོན་ན་པདྨ་བྷནྡྷའོ། །གྷསྨ་རཱི་ནི་གཡས་ན་སྦྲུལ། །གཡོན་པ་ན་ནི་རྣལ་འབྱོར་སྣོད། །པུཀྐ་སཱི་གཡས་སེང་གེ་སྟེ། །གཡོན་ན་དེ་བཞིན་དགྲ་སྟའོ། །ས་བ་རཱི་གཡས་དགེ་སློང་སྟེ། །གཡོན་ན་དེ་བཞིན་བསྲེག་ཤང་ངོ༌། །ཙཎྜལཱི་གཡས་འཁོར་ལོ་སྟེ། །གཡོན་པ་ན་ནི་དེ་བཞིན་གཤོལ། །ཌོམྦི་གཡས་ན་རྡོ་རྗེ་སྟེ། །གཡོན་ན་དེ་བཞིན་སྡིགས་འཛུབ་པོ། །གཽ་རཱི་ལ་སོགས་ཕྱག་གཉིས་གསུངས། །སྐྱིལ་ཀྲུང་ཕྱེད་མ་གར་གྱི་སྟབ་ས། །སྤྱན་གསུམ་སྐྲ་ནི་གྱེན་དུ་བརྫེས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཽ་རཱི་སྐུ་མདོག་ནག་པོར་འགྱུར། །ཙཽ་རཱི་བཙོད་དང་འདྲ་བ་སྟེ། །བེ་ཏཱ་ལཱི་ནི་གསེར་བཙོ་མ། །གྷསྨ་མརྐཏ་ལྟ་བུ་སྟེ། །པུཀྐ་ཨིནྡྲ་ནཱི་ལ་འདྲ། །ཟླ་འོད་ལྟ་བུའི་ས་པ་རཱི། །ཙཎྜལཱི་ནི་ནམ་མཁའི་མདོག །ཌོམྦི་སྣ་ཚོགས་དག་ཏུ་བཤད། །ཚངས་དང་དབང་བོ་ཉེ་


DTG010_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ། །དྲག་པོ་གཤིན་རྗེ་གནོད་སྦྱིན་དང༌། །བདེན་བྲལ་ན་ནི་ཐགས་བཟངས་རིས། །གཽ་རཱི་ལ་སོགས་ལྷ་མོ་ཡི། །རིམ་བཞིན་གདན་དུ་ཤེས་པར་བྱ། །དེ་རྣམས་ས་བོན་འདི་ཡིན་ནོ། །གཾ་ཙཾ་བཾ་གྷཾ་པཾ་སཾ་ལཾ་ཌཾ། །བདག་པོས་ས་བོན་འདི་དག་ལས། །དེ་རྣམས་གདོན་པ་ཉིད་དུ་བྱ། །དེ་ནས་རང་གི་རིག་མ་དང༌། །རྡོ་རྗེ་འཛིན་མ་འདོད་ཆགས་ཆེས། །འོད་དུ་ཞུ་བར་གྱུར་པ་ལས། །མཚམས་ཀྱི་ལྷ་མོ་བཤེས་གཉེན་མོས། །སྣ་ཚོགས་གླུ་ཡིས་མཆོད་དེ་བསྐུལ། །ཀྱེ་ཡི་རྡོ་རྗེ་ཐུགས་རྗེས་གཟིགས་ཏེ་པུཀྐ་བདག་ལ་སྐྱོབས། །བདེ་བ་ཆེན་པོ་སྦྱར་བ་བདག་འདོད་སྟོང་པའི་རང་བཞིན་བསལ་ཏེ་བཞེངས་སུ་གསོལ། །སྟོང་པའི་རང་བཞིན་བསལ་ནས་ས་ཡི་དངོས་གྲུབ་དགོས་དོན་དུ། །གལ་ཏེ་གསོན་པར་མཆིས་བཞེད་ཀྱེ་ཡི་རྡོ་རྗེ་བཞེངས་སུ་གསོལ། །ཙཎྜ་བདག་གིས་ཁྱོད་མེད་ཕྱོགས་མ་མཐོང་ནས་གསོལ་འདེབས་ན། །ལྷ་ལ་སོགས་པའི་འཇིག་རྟེན་བསྒྲལ་བར་དམ་བཅས་ཅི་སླད་བཞུགས། །བདག་ནི་ཌོ་མྦིའི་མཚན་མ་མེད་པ་ཁྱོད་ཀྱི་སེམས་ནི་ཤེས་པ་སྟེ། །ཐུགས་རྗེ་མེད་པ་དེ་མི་རུང་བས་རྫུ་འཕྲུལ་ལྟ་བུར་བཞེངས་སུ་གསོལ། །དེ་དག་གསན་ནས་སྔོན་བཞིན་དུ། །ཨཱཿ་ཧཱུཾ་དག་ལས་རྡོ་རྗེ་འཛིན། །ཆེན་པོ་འོད་དུ་ཞུ་ལས་བཞེངས། །དེ་ནས་ཞེ་སྡང་བདག་ཉིད་ཀྱི། །རང་སྙིང་ས་བོན་ལས་བྱུང་བའི། །འབར་བ་ནག་པོ་ལྕགས་ཀྱུ་ཡིས། །ཁམས་གསུམ་གནས་པའི་སངས་རྒྱས་རྣམས། །སྤྱན་དྲངས་མ་མོ་བརྒྱད་རྣམས་ཀྱིས། །སྔོན་བཞིན་མཆོད་དེ་གསོལ་བ་གདབ། །བདག་ཉིད་ཆེན་པོ་བཅོམ་ལྡན་འདས། །བཅོམ་ལྡན་རྣམས་ཀྱིས་དབང་བསྐུར་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་དབང་བསྐུར་རབ་ཏུ་སྩོལ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་ས་རྦ་བཛྲ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན། དེ་སྐད་གསོལ་བ་བཏབ་པ་ཡིས། །བདེ་གཤེགས་དེ་དག་ཐམས་ཅད་ཀུན། །ཧེ་རུ་ཀ་ཡི་སྐུར་གྱུར་ཏེ། །བདེ་གཤེགས་ལྔ་ཡི་བདག་ཉིད་ཀྱི། །བདུད་རྩི་བུམ་པས་དབང་བསྐུར་ཏེ། །དེ་ཚེ་མེ་ཏོག་གུར་གུམ་ཆར། །འབབ་དང་རྔ་ཡི་སྒྲ་གྲག་ཅིང༌། །གཟུགས་ཀྱི་རྡོ་རྗེ་མ་སོགས་དང༌། །སྤྱན་སོགས་རྡོ་རྗེ་དབྱངས་རྣམས་ཀྱིས། །དབང་བསྐུར་རབ་ཏུ་བྱས་པ་ཡིས། །ཐུགས་ཀྱི་དབང་ཕྱུག་


DTG010_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སངས་རྒྱས། །དབུ་རྒྱན་དུ་ནི་གྱུར་པར་བྱ། །མི་བསྐྱོད་རྟག་དང་རིན་ཆེན་དབང༌། །མཐའ་ཡས་དེ་བཞིན་གཤེགས་རྣམས་ཀྱིས། །པུཀྐ་སཱི་སོགས་མཚམས་གནས་པ། །རིམ་པ་བཞིན་དུ་རྒྱ་ཡིས་གདབ། །ཞེ་སྡང་གཏི་མུག་སེར་སྣ་དང༌། །འདོད་ཆགས་རྡོ་རྗེ་མ་ཡིས་ནི། །སྒོ་གནས་ཀཻ་རི་ལ་སོགས་པ། །རིམ་བཞིན་དུ་ནི་གདབ་པར་བྱ། །རྒྱ་ཡི་གདབ་ཅིང་མཚན་པས་ན། །དེས་འདིར་རྒྱས་ཞེས་བྱ་བ་ཡིན། །རང་སྙིང་ས་བོན་འོད་ཟེར་གྱིས། །སངས་རྒྱས་རྣམས་ནི་གཞུག་བྱས་ཏེ། །བདུད་རྩི་མྱང་བའི་སྦྱོར་བ་ཡིས། །དེ་དག་ཚིམ་པ་ཉིད་དུ་བྱ། །རླུང་དང་མེ་ཡི་དཀྱིལ་འཁོར་ནི། །ཟླ་གམ་གྲུ་གསུམ་ཁ་དོག་གཉིས། །ཡི་གེ་ཡཾ་དང་རཾ་གྱིས་མཚན། །བ་དན་དང་ནི་རྡོ་རྗེས་མཛེས། །དེ་སྟེང་བྷནྡྷ་ཨ་ལས་བྱུང༌། །དེར་ནི་ཡེ་ཤེས་བདུད་རྩིས་བཀང༌། །ཡི་གེ་ཧཱུཾ་ལས་རབ་བསྐྱེད་པའི། །རྡོ་རྗེ་ལས་བྱུང་ཨོཾ་གྱིས་མཚན། །དེ་ཉིད་གསུམ་གྱིས་བྱིན་བརླབས་པའི། །བདུད་རྩི་ལྷ་ཡི་སྦྱོར་བས་བསང༌། །མཆོད་དང་བསྟོད་པ་ཉིད་དུ་བྱ། །དག་པའི་རང་བཞིན་ཤེས་པར་བྱ། །གཟུགས་དང་ཚོར་བ་འདུ་ཤེས་དང༌། །འདུ་བྱེད་རྣམ་ཤེས་ཕུང་པོར་ནི། །རྡོ་རྗེ་མ་དང་གཽ་རཱི་དང༌། །ཆུ་ཡི་ལྷ་མོ་མཁའ་འགྲོ་མ། །བདག་མེད་རྣལ་འབྱོར་མར་དག་གོ །ས་ཆུ་མེ་རླུང་འབྱུང་བ་བཞི། །པུཀྐ་སཱི་ལ་སོགས་པའི་དངོས། །གཟུགས་སྦྲ་དྲི་རོ་རེག་བྱ་ཆོས། །གཽ་རཱི་ཙཽ་རཱི་བེ་ཏཱ་ལཱི། །གྷསྨ་ས་སྤྱོད་མཁའ་སྤྱོད་དོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱི་དབང་པོ་ནི། །གཏི་མུག་ཞེ་སྡང་སེར་སྣ་དང༌། །འདོད་ཆགས་ཕྲག་དོག་རྡོ་རྗེ་དང༌། །བདག་མེད་རྣལ་འབྱོར་མར་ཤེས་བྱ། །འཁོར་ལོ་སྙན་ཆ་མགུར་ཆུ་དང༌། །ཕྱག་གདུབ་སྐ་རགས་ཕྱག་རྒྱ་ལྔ། །མི་བསྐྱོང་མཐའ་ཡས་རིན་ཆེན་དབང༌། །སྣང་མཛད་དོན་གྲུབ་བདག་ཉིད་དོ། །ཕྱག་གཉིས་ཐབས་དང་ཤེས་རབ་སྟེ། །ཕྱག་བཞི་བདུད་བཞི་རྣམ་པར་དག །ཕྱག་དྲུག་ཕ་རོལ་ཕྱིན་དྲུག་གོ །བཅུ་དྲུག་ཕྱག་ཏུ་གསུངས་པ་ནི། །སྟོང་པ་བཅུ་དྲུག་བདག་ཉིད་དོ། །ཞལ་གཅིག་སྟོང་པ་ཉིད་ཀྱི་སྒོ། །ཞལ་གསུམ་རྣམ་པར་ཐར་པ་གསུམ། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཞབས་བཞི་བདུད་བཞི་དག་པ་ཉིད། །སྤྱན་ནི་དག་པའི་རྡོ་རྗེ་གསུམ། །དབང་པོ་དྲུག་


DTG010_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕུང་པོ་ལྔ། །སྐྱེ་མཆེད་དྲུག་དང་འབྱུང་བ་རྣམས། །ངོ་བོ་ཉིད་ཀྱིས་རྣམ་དག་པས། །སྣ་ཚོགས་དག་ཅིང་རྣམ་པར་གྲོལ། །གཟུགས་ཡུལ་ལ་སོགས་གང་གི་ཡང༌། །རྣལ་འབྱོར་པ་ཡིས་མིག་ཡོར་ཚུལ། །ཐམས་ཅད་རང་བཞིན་གྱིས་དག་ཕྱིར། །སངས་རྒྱས་རྫུ་འཕྲུལ་སྣ་ཚོགས་སོ། །རྣམ་པར་དག་པ་བྱས་ནས་ནི། །རྣལ་འབྱོར་སྡོམ་པའི་བདག་ཉིད་དང༌། །ཕྱི་ནང་བཟླས་པ་བརྩམ་པར་བྱ། །དེ་ལ་འདི་ནི་སྡོམ་པ་སྟེ། །ཨེ་ཝཾ་མ་ཡཱའི་བདག་ཉིད་ཀྱིས། །འཁོར་ལོ་བཞི་ནི་ལུས་ལ་གནས། །འདི་ལྟར་སྤྲུལ་པའི་ཆོས་དང་ནི། །ལོངས་སྤྱོད་བདེ་ཆེན་འཁོར་ལོ་རྣམས། །ལྟེ་བ་སྙིང་ག་མགུལ་པ་དང༌། །སྤྱི་བོར་རིམ་བཞིན་ཤེས་པར་བྱ། །འཁོར་ལོ་རྣམས་ཀྱི་པདྨ་ནི། །དྲུག་ཅུ་རྩ་བཞི་དེ་བཞིན་བརྒྱད། །བཅུ་དྲུག་སུམ་ཅུ་གཉིས་སུ་ཤེས། །ས་བོན་ཨོཾ་དང་ཧཱུཾ་དང་ནི། །ཨོཾ་དང་ཧཾ་སྟེ་རིམ་བཞིན་ནོ། །ཨཱ་ལི་ཀཱ་ལི་སྤྲུལ་པ་ལ། །ཡོངས་སུ་བསྐོར་བར་ཤེས་པར་བྱ། །བདེ་གཤེགས་ཡབ་ཡུམ་ས་བོན་གྱིས། །ཆོས་ཀྱི་འཁོར་ལོ་དེ་བཞིན་བསྐོར། །ཡི་གེ་ཨི་ཨེ་འདྲེན་བཅས་པས། །ལོངས་སྤྱོད་འཁོར་ལོ་བསྐོར་པ་ཡིན། །སྤྲུལ་པའི་སྐུ་དང་ཆོས་ཀྱི་སྐུ། །དེ་བཞིན་ལོངས་སྤྱོད་རྫོགས་པ་དང༌། །སྐུ་གསུམ་ཡོངས་སུ་ཤེས་པ་རྣམས། །འཁོར་ལོ་བཞི་རུ་འདོད་པ་ཡིན། །འཁོར་ལོ་འདི་རྣམས་རང་བཞིན་ནི། །ལྷ་མོ་བཞི་དང་ཕྱག་རྒྱ་བཞི། །ཡི་གེ་འབྲུ་བཞིར་འདོད་པ་སྟེ། །སངས་རྒྱས་སྤྱན་དང་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་དེ་བཞིན་དུ། །ལས་དང་ཆོས་དང་དམ་ཚིག་དང༌། །ཕྱག་རྒྱ་ཆེན་པོར་བརྗོད་པའོ། །ཡི་གེ་ཨེ་དང་ཝཾ་དག་དང༌། །མ་དང་ཡཱ་ཡང་འདི་ཡི་དངོས། །དེ་བཞིན་སྐུ་གསུང་ཐུགས་རྣམས་དང༌། །ཨཱ་ལི་ཀཱ་ལིའང་འདི་ཉིད་ཡིན། །ཡེ་ཤེས་སྐད་ཅིག་བཞིར་གྲགས་པ། །སྣ་ཚོགས་དང་ནི་རྣམ་སྨིན་དང༌། །རྣམ་པར་འཇོམས་དང་མཚན་ཉིད་བྲལ། །འཁྱུད་དང་མྱོང་དང་སྤྱོད་པ་དང༌། །ཅི་ཡབ་མ་ཡིན་པ་ཡི་སེམས། །འཁོར་ལོ་བཞི་ལ་གནས་པ་ཡིན། །སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ། །ཕུང་པོ་ཉོན་མོངས་བཞི་འབྱིན་པ། །བདེན་པ་བཞི་ཡང་འདི་ཉིད་དོ། །བདག་དང་སྔགས་དང་ལྷ་དང་ནི། །ཡེ་ཤེས་རྣམས་ཀྱི་དེ་ཉིད་རྣམས། །རང་རང་ཡང་དག་གང་ཡིན་པའམ། །


DTG010_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བཞི་ཡི་ངོ་བོའོ། །དགའ་དང་དམ་པའི་དགའ་བ་དང༌། །བྲལ་དང་རང་བཞིན་དགའ་བ་རྣམས། །བདེ་བའི་ཡེ་ཤེས་ཆ་བཞི་སྟེ། །དྲོད་ཐོབ་པ་དང་འཕེལ་བ་དང༌། །ཆགས་བྲལ་བདེ་དང་མི་གཉིས་བདེ། །དེ་ཡང་འཁོར་ལོ་བཞི་ལ་གནས། །གནས་བརྟན་ཐམས་ཅད་ཡོད་པར་སྨྲ། །དེ་བཞིན་མང་པོས་བཀུར་བ་དང༌། །དགེ་འདུན་ཕལ་ཆེན་སྡེ་ཞེས་པ། །སྡེ་པ་བཞི་ཡང་དེ་ཉིད་ཡིན། །རྣལ་འབྱོར་གསང་སྔགས་སྡོམ་པ་དང༌། །ཡེ་ཤེས་སྡོམ་པའང་བསྟན་པར་བྱ། །སྨེ་ཤ་ལྟེ་བར་འབར་བ་ཡིས། །དེ་བཞིན་གཤེགས་ལྔ་བསྲེགས་པ་དང༌། །སྤྱན་ལ་སོགས་པ་བསྲེགས་པ་དང༌། །ཧཾ་བསྲེགས་ཟླ་བ་འབབ་པའོ། །དེ་ནི་འདི་ལྟར་ཤེས་བྱ་སྟེ། །རྣལ་འབྱོར་གསང་སྔགས་སྡོམ་པ་ཡིས། །བསྲེག་པའི་མཚན་ཉིད་ཤེས་པར་བྱ། །བསྲེག་པ་མེ་དང་རླུང་ཡིན་ཏེ། །ཡེ་ཤེས་མེ་ཡི་སྣང་བ་གང༌། །ལས་ཀྱི་རླུང་གིས་བསྐུལ་བ་ཡིན། །ལས་ཀྱང་བཅོམ་ལྡན་ཤེས་རབ་མའི། །རླུང་གི་དེ་ཉིད་འདི་ཡིན་ཏེ། །ལྟེ་བའི་དབུས་ལས་འཕྲོ་ཞིང་ཕྲ། །ཆོས་དང་ལོངས་སྤྱོད་བདེ་ཆེན་བཞི། །བརྟན་དང་གཡོ་བ་ཀུན་གྱི་བདག །ཡི་གེ་ཨཾ་གི་བདག་ཉིད་ནི། །ལས་ཀྱི་རླུང་གི་གཞི་ཡིན་ཏེ། །འདི་ལས་ཀུན་དུ་འབྱུང་བ་ཡིན། །འདི་དག་རྒྱུ་བའི་རིམ་པ་ནི། །ཉི་མ་གཅིག་ལ་ཐུན་བཞི་སྟེ། །དེ་བཞིན་ཆུ་ཚོད་སུམ་ཅུ་གཉིས། །རིམ་པ་བཅུ་དྲུག་དེ་བཞིན་དུ། །དྲུག་ཅུ་རྩ་བཞིའི་ཆ་དང་ལྡན། །ཟླ་བ་ཉི་མ་ཞེས་བྱ་བའི། །ཨཱ་ལི་ཀཱ་ལིའི་ངོ་བོ་ནི། །སྣ་བུག་གཡས་དང་གཡོན་དུ་རྒྱུ། །དེ་ཡང་ས་དང་ཆུ་དང་ནི། །མེ་དང་རླུང་གི་བདག་ཉིད་ཅན། །འབྱུང་བ་བཞི་ཡི་ངོ་བོར་འདོད། །འདི་རྣམས་དུས་སུ་རྒྱུ་བ་སྟེ། །ནམ་མཁའི་རང་བཞིན་དུ་ས་མ་ཡིན། །ལྕི་ཞིང་མཁྲང་བ་ས་ཡི་ཁམས། །ཐུར་དུ་རྒྱུ་བ་དང་པོར་འདོད། །གྲང་ཞིང་རྩུབ་པ་ཆུ་ཡི་ཁམས། །མདུན་དུ་རྒྱུ་བ་གཉིས་པ་ཡིན། །དྲོ་ཞིང་འཇམ་པ་མེ་ཡི་ཁམས། །འདི་ནི་ཕྱིར་ལ་ཉེ་བར་རྒྱུ། །ཡང་ཞིང་སྟོབས་ཅན་རླུང་གི་ཁམས། །གྱེན་དུ་རྒྱུ་བར་ཤེས་པར་བྱ། །དེ་བཞིན་ཆུ་ཚོད་རིམ་པ་དང༌། །ཐུན་ཞེས་བྱ་བར་གྲགས་པ་ཡང༌། །འདིར་ནི་འདི་ཉིད་གཟུང་བྱ་སྟེ། །གཡས་སུ་ཇི་བཞིན་གཡོན་དེ་བཞིན། །དེ་ནས་ཀྱང་ནི་གཡས་ཡིན་ཏེ། །བར་ཆད་ཡོད་པ་མ་ཡིན་ནོ། །དུས་མིན་རྒྱུ་བ་གང་ཞེ་ན། །


DTG010_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་འཆི་བའི་དུས་ཉིད་དང༌། །བྱང་ཆུབ་སེམས་རྒྱུན་འབབ་པ་དང༌། །ནད་ཆེན་འབྱུང་བའི་སྔ་ལྟས་ལ། །དེ་དག་དུས་གཅིག་འབྱུང་བ་སྟེ། །འདི་ནི་ནམ་མཁའི་ཁམས་སུ་བརྗོད། །རླུང་དང་ཡེ་ཤེས་རྣམ་ཤེས་དང༌། །དུག་རྣམས་ལྷན་ཅིག་རྒྱུ་བ་སྟེ། །ནམས་ཀྱང་འབྲལ་བ་མ་ཡིན་ནོ། །རེག་པའི་རླུང་ཞེས་བྱ་བ་ནི། །ལུས་ལས་ནམ་ཡང་མི་འདའ་སྟེ། །གལ་ཏེ་འདས་ན་འཆི་བར་འགྱུར། །རླུང་གི་དེ་ཉིད་ཤེས་པ་ཡིས། །མེ་ཡི་དེ་ཉིད་བསྐུལ་བར་བྱ། །དབུགས་དང་དྲོད་ཀྱི་ཁམས་དག་ཀྱང༌། །ཐ་དད་འཇུག་པ་མ་ཡིན་ནོ། །དེ་ལ་མེ་ཡི་དེ་ཉིད་ནི། །དབང་པོ་གཙུབས་པའི་སྦྱོར་བ་ལས། །ཡེ་ཤེས་མེ་ནི་འབྱུང་འགྱུར་ཏེ། །ཇི་ལྟར་ཕྱི་རོལ་མེ་བཞིན་ནོ། །དེ་ཡང་དབང་པོའི་ལམ་ནས་ནི། །ལྟེ་བའི་རྩ་རུ་རབ་ཏུ་འབར། །འོད་ཆེན་དུ་བར་བཅས་པ་ཡིས། །ཙཎྜལཱི་ནི་འབར་བར་འགྱུར། །ཡེ་ཤེས་མེ་ཡི་སྣང་བ་དེ། །ཤིན་ཏུ་འབར་བར་གྱུར་པ་དང༌། །ཆོས་ཀྱི་འཁོར་ལོ་ལ་གནས་པའི། །བདེ་གཤེགས་ལྔ་དང་དེ་བཞིན་དུ། །ལྷ་མོར་བཅས་པ་ཚིག་པར་འགྱུར། །ལོངས་སྤྱོད་འཁོར་ལོ་བྱུང་ནས་ནི། །གཡས་ནས་བསྐོར་བ་ལན་གསུམ་བྱས། །སྨིན་ཕྲག་མཛོད་སྤུར་བྱུང་ནས་ཀྱང༌། །དེ་ནས་རྣ་བ་གཡས་སུ་བྱུང༌། །ཕྱོགས་བཅུའི་སངས་རྒྱས་བསྐུལ་བྱས་ནས། །སྤྱི་བོའི་གཙུག་ཏུ་ཞུགས་པར་གྱུར། །ཆོས་ཀྱི་འཁོར་ལོ་ལ་བབས་ཏེ། །ཤིན་ཏུ་ཚིག་པར་གྱུར་པ་འདི། །སྔགས་ཀྱི་སྔོམ་པར་འདོད་པ་ཡིན། །ཡེ་ཤེས་སྔོམ་པའི་བྱེ་བྲག་ནི། །སྙིང་གར་སངས་རྒྱས་བཀའ་བ་གྲོས་ནས། །རྣམ་དག་བདུད་རྩི་བསྡུས་བྱས་ཏེ། །སྔོན་གྱི་ལམ་ནས་བྱུང་ནས་ཀྱང༌། །ཕྱོགས་བཅུ་བདུད་རྩི་བསྡུ་བྱས་ཏེ། །སྔོན་བཞིན་ཧཾ་ལ་ཞུགས་གྱུར་པས། །སེམས་ཀྱི་ཟླ་བ་ཞུ་ནས་ནི། །སོ་ཡི་སྦུ་གུ་ནས་བྱུང་ནས། །ལོངས་སྤྱོད་འཁོར་ལོར་བབས་པར་གྱུར། །དེར་ནི་ཅུང་ཟད་ངལ་སོ་ནས། །སྔོན་བཞིན་ཕྱིར་ཡང་བསྐོར་ནས་ནི། །ཆོས་ཀྱི་འཁོར་ལོར་བབས་པར་གྱུར། །བདེ་བར་གཤེགས་རྣམས་གང་བར་བྱས། །སྔོན་བཞིན་ཕྱིར་ཡང་བསྐོར་ནས་ནི། །སྤྲུལ་པའི་འཁོར་ལོར་བབས་པར་གྱུར། །དེ་བཞིན་ཀུན་དུ་འགྲོ་བར་བྱེད། །སྐྲ་ཡི་རྩེ་མོ་འབུམ་གྱི་ཆ། །ཡེ་ཤེས་སྣང་བའི་བྱེ་བྲག་དང༌། །མིག་གིས་མཐོང་བ་མ་ཡིན་ནོ། །འདི་ནི་


DTG010_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པར་བརྗོད་པའོ། །ནང་གི་བཟླས་པ་བསྟན་པ་ནི། །འོག་ཏུ་རླུང་གི་དཀྱིལ་འཁོར་ཏེ། །གྲུ་གསུམ་གནས་ནི་དེ་བཞིན་མེ། །ལྟོ་བ་ཆུ་ཡི་དཀྱིལ་འཁོར་ཏེ། །དེ་སྟེང་དབང་ཆེན་རི་རབ་བཅས། །རླུང་གི་དཀྱིལ་འཁོར་སྟེང་དུ་ནི། །རྟག་པའི་འཁོར་ལོ་བསྒོམ་བྱ་སྟེ། །དེ་ལ་མི་གཉིས་བདག་ཉིད་ཀྱི། །ཡི་གེ་ཨ་ཡི་སྡོམ་པ་གཟུང༌། །བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །ལུས་དང་ངག་ཡིད་གང་ཡང་མིན། །འདོད་ཆགས་ཞེ་སྡང་གཏི་མུག་མིན། །ཁ་དོག་དབྱིབས་སོགས་མ་ཡིན་ཞིང༌། །ཁྲོ་ཞི་ལ་སོགས་རྣམ་པར་སྤངས། །མཚན་མ་ཀུན་དང་བྲལ་བ་ཡི། །དབུ་མ་ཆེན་པོ་བསྒོམ་པར་བྱ། །གཞན་ནི་སྡོམ་པ་ཇི་ལྟ་བའོ། །འདི་ནི་ཅི་ཡང་མ་ཡིན་ཕྱིར། །མ་ནིང་བཟླས་པ་ཞེས་འདོད་དེ། །བཟླས་པའི་མཆོག་ཏུ་གྱུར་པ་ཡིན། །གལ་ཏེ་སྐྱོ་བར་གྱུར་ན་ནི། །ཕྱི་རོལ་བཟླས་པ་བརྩམ་པར་བྱ། །རང་སྙིང་ས་བོན་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའི་གནས་ཉིད་དང༌། །སྐུ་གསུང་ཐུགས་ཀྱི་གནས་རྣམས་ནས། །ཇི་ལྟར་འདོད་པ་སྤྲོ་བར་བྱ། །ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཧེ་བཛྲ་གྱི་སྙིང་པོའོ། །ཨོཾ་ཏྲཻ་ལོཀྱཱ་ཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕྱག་གཉིས་པའོ། །ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕྱག་བཞི་པའིའོ། །ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕྱག་དྲུག་པའིའོ། །ཨོཾ་ཨཥྚཱ་ན་ནཱ་ཡེ། ཕིཾ་གོརྡྷ་ཀེ་ཤ་བརྟ་མ་ནེ། ཙ་ཏུ་རྦིཾ་ཤ་ཏི་ནི་ཏྲཱ་ཡ་ཤོ་ཌ་ཤ་བྷུ་ཛཱ་ཡ་ཀྲྀཤྞ་ཛཱི་མཱུ་ཏ་ཝ་པུ་ཤེ་ཀ་པཱ་ལཱ་མཱ་ལ་ཨ་ནེ་ཀཾ་དྷ་རི་ཎེ་ཨཱ་དྷམ་ཏ་ཀྲཱུ་ར་ཙིཊྚའ་ཡ། །ཨརྡྷེན་དུ་དཾ་ཤྚཱི་ཎེ་མཱ་ར་ཡ་མཱ་ར་ཡ། །ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫ་ཡ། །ཏརྫ་ཡ་ཏརྫ་ཡ། །ཤོ་ཥ་ཡ་ཤོ་ཥ་ཡ། ས་ཕ་སཱ་ག་རཱ་ན། བནྡྷ་བནྡྷ། །ནཱ་ག་ཨཥྚ་ཀཱན། གྲྀཧཎ་གྲྀཧཎ། ཤ་ཏྲཱུཾ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ་ཕཊ་སྭཱ་ཧཱ། །ཕྱག་བཅུ་དྲུག་པའིའོ། །བཟླས་པས་སྐྱོ་བར་གྱུར་པ་ན། །རྡོ་རྗེ་དྲིལ་བུག་སིལ་བྱས་ཏེ། །མཆོད་དང་བསྟོད་དང་སྨོན་ལམ་དག །ལེགས་པར་བཏབ་སྟེ་ཕྱག་རྒྱ་དགྲོལ། །དབྱིངས་སུ་བསྡུ་དང་གཤེགས་གསོལ་བ། །ཇི་ལྟ་ཇི་བཞིན་བྱ་བ་ཡིན། །དེ་ནས་རྣལ་འབྱོར་ཆེན་པོ་ཡིས། །སྤྱོད་ལམ་ཀུན་དུ་ལྷ་ཉིད་ཀྱི། །ཏིང་ངེ་འཛིན་ལས་ཉམས་མི་བྱ། །འདི་ལྟར་ཉལ་བའི་ཚེ་ན་ཡང༌། །རྡོ་རྗེ་འཛིན་ཆེན་ཏིང་འཛིན་གྱིས། །ཆགས་ཆེན་རྗེས་སུ་ཆགས་བྱས་ཏེ། །ཡེ་ཤེས་མེ་ཡིས་ལུས་ཞུ་ནས། །ཆོས་སྐུ་སེམས་


DTG010_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པར་ཉལ། །གང་ཚེ་ལྡང་བའི་ཚེ་ན་ཡང༌། །ཚད་མེད་བཞི་ཡིས་བསྐུལ་བ་ཡིས། །སྔོན་གྱི་སྨོན་ལམ་རྗེས་དྲན་ནས། །སྒྱུ་མ་ལྟ་བུའི་སྦྱོར་བ་ཡིས། །ཏིང་འཛིན་རིམ་པར་ལྡང་བར་བྱ། །གང་ཞིག་ཟ་བའི་ཚེ་ན་ཡང༌། །སྡོམ་པའི་དངོས་པོ་ཇི་ལྟ་བའི། །ལུས་ནི་ལྷ་ཡི་དཀྱིལ་འཁོར་ཏེ། །ཟས་ནི་བདུད་རྩིར་བྱིན་བརླབ་བྱ། །ཟོས་པས་དབྱེར་མེད་ཚིམ་པར་བྱ། །ཡང་ན་སྦྱིན་སྲེག་མཆོད་པ་བྱ། །ར་ས་ཡ་ན་མེ་ཡི་ཁམས། །གཡས་སུ་འབར་ཞིང་འཕྲོ་བ་སྟེ། །ཨཱ་ལིའི་ངོ་བོར་ཤེས་པར་བྱ། །ལ་ལ་ནཱ་ནི་རླུང་གི་ཁམས། །གཡོན་དུ་གཙུབས་ཤིང་གཡོ་བ་སྟེ། །ཀཱ་ལིའི་ངོ་བོར་ཤེས་པར་བྱ། །དེ་དབུས་ལུས་ཀྱི་བདག་ཉིད་ལ། །བཟའ་སོགས་འོ་མའི་སྦྱིན་སྲེག་བྱ། །གལ་ཏེ་འགྲོ་འཆག་བྱེད་པ་ན། །རིགས་ལྔ་རྣམས་ལ་བསླང་བ་དང༌། །ཕྱག་རྒྱ་ལ་སོགས་རྒྱན་རྣམས་དང༌། །རྡོ་རྗེ་ཐོས་པའི་སྤྱོད་པ་དག །ཇི་སྐད་གསུངས་པ་དེ་བཞིན་བྱ། །འདིས་ནི་བྱང་ཆུབ་རྙེད་མི་དཀའ། །གལ་ཏེ་གཏོར་མ་གཏོང་འདོད་ན། །ཧེ་རུ་ཀ་ཡི་སྦྱོར་བ་ཡིས། །འབྱུང་པོ་ལ་ནི་མངོན་དམིགས་ཏེ། །ཟས་རྣམས་བདུད་རྩིར་བྱིན་བརླབས་ནས། །སྔགས་འདི་ཡིས་ནི་ཚིམ་པར་བྱ། །ཨོཾ་ཨིནད། ཛམ། ཛལ། ཛྐཁ་བྷཱུ་ཏ། བྷིན། བྸུ། རཀྴ། ཙནད། སུཛྫ། མཱ་ད། པཔྤ། པཱཏཱ་ཡེ། AshTHA་སཔྤ་སྭཱ་ཧཱ། ཨེ་དཾ། བ་ལིཾ། བྷུཾ་ཛ། ཛི་གྷ། ཕུལླ། དྷཱུཔྤ། མཱཾ་ས། བིཾ་གྷ། ཨམྦ། ཀཛྫ། སཱ་དྷ། ཁཱནྟི། ཁུ་ཎི། ཕེ་ཊ། གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ། ཨཱ་ནྱ་ནུ་ཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། གང་ཞིག་རྟག་ཏུ་འདུ་བྱེད་པ། །ལས་རྣམས་ཐམས་ཅད་འགྲུབ་པ་དང༌། །འབྱུང་པོའི་ཚོགས་རྣམས་དགའ་ནས་ནི། །དེ་ལ་དངོས་གྲུབ་མྱུར་བར་འགྱུར། །ལས་རྣམས་དག་གི་མཇུག་ཏུ་ཡང༌། །མཆོད་དང་བསྟོད་ཅིང་སྨོན་ལམ་གདབ། །དེ་ལ་སྨོན་ལམ་འདི་ཡིན་ཏེ། །རིགས་ལྡན་སྐྱེ་ཞིང་བློ་གྲོས་རྗེས་སུ་ལྡན། །དམ་ཚིག་ལྡན་ཞིང་ཀྱེ་ཡི་རྡོ་རྗེ་སྟོན། །སྙིང་རྗེ་ལྡན་ཞིང་བླ་མ་རྣམས་ལ་གུས། །སྐྱེ་བ་ཀུན་དུ་འདི་ལྟར་སྐྱེ་གྱུར་ཅིག །རྡོ་རྗེ་དྲིལ་བུ་ལག་གིས་འཁྲོལ་བྱེད་ཅིང༌། །ཟབ་མོའི་དམ་ཆོས་རབ་ཏུ་ཀློག་པ་དང༌། །དམ་ཚིག་བཙུན་མོའི་ཁུ་བ་ཟ་བྱེད་པར། །སྐྱེ་བ་ཀུན་དུ་འདི་ལྟར་སྐྱེ་གྱུར་ཅིག །དེ་ནས་སྤྤུལ་པ་རང་ལ་བསྡུ། །ཡེ་ཤེས་དཀྱིལ་འཁོར་


DTG010_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སླར་གཤེགས་གསོལ། །སྤྱོད་ལམ་ལ་སོགས་སྔོན་བཞིན་དུའོ། །སློབ་དཔོན་ཆེན་པོ་འཇམ་དཔལ་ཡེ་ཤེས་ཞབས་ཀྱིས་མཛད་པ། ཧེ་བཛྲའི་སྒྲུབ་ཐབས་ཧེ་རུ་ཀ་མཉེས་པར་བྱ་བའི་ཆོ་ག་རྫོགས་སོ།། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཛྙཱ་ན་དང༌། རོང་ཟོམ་དྷརྨ་བྷ་དྲས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousཀྱེའི་རྡོ་རྗེའི་སྒྲུབ་པའི་ཐབས། འཇམ་དཔལ་ཡེ་ཤེས་ཀྱིས་མཛད།next