Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  expand section
   
   
   
   
དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པ་སྒྲུབ་པའི་ཐབས།  དུས་ཞབས་པས་མཛད།
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པ་སྒྲུབ་པའི་ཐབས། དུས་ཞབས་པས་མཛད།next

དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པ་སྒྲུབ་པའི་ཐབས།
དུས་ཞབས་པས་མཛད།


DTG014_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙ་ཀྲ་ས་ཧ་ཛ་སཱ་དྷ་ནཾ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པ་སྒྲུབ་པའི་ཐབས། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རབ་འཇིགས་འཇིག་རྟེན་འཇིགས་སྐྱོབས་པ། །བུད་མེད་སྦྱོར་ལ་ཚངས་པར་སྤྱོད། །ཐུགས་རྗེ་ཤེས་རབ་དབྱེར་མེད་པ། །ཕྱག་འཚལ་དེ་བསྒྲུབ་མདོ་ཙམ་བྲི། །རབ་ཏུ་བསྔགས་པའི་ས་ཡི་ཆ། །སྔགས་པ་རབ་ཏུ་ཡིད་དགེ་བས། །མཎྜལ་ལ་སོགས་པ་བྱས་ལ། །གཏོར་མ་སྦྱིན་པ་སྔོན་འགྲོ་བས། །བགེགས་བསྐྲད་པར་བྱའོ། །དེ་ནས་བྷྲཱུཾ་ལས་རྡོ་རྗེའི་ཁང་བ་བརྩེགས་པ་བསམས་ལ། དབུས་སུ་འདམ་སྐྱེས་དང༌། ཉི་མ་ལ། ཧཱུཾ་རབ་ཏུ་དཀར་བ་ལས་འོད་འཕྲོས་ཏེ། སངས་རྒྱས་ལ་སོགས་པ་བཀུག་ནས། མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱའོ། །སྟོང་པ་རླུང་དང་མེ་དང་ཆུ། །ས་དང་རྒྱ་མཚོ་རོ་པདྨ། །ཟླ་བ་ཉི་མ་མེ་དཀྱིལ་དུ། །རིན་ཆེན་ཁང་བརྩེགས་འོད་འཕྲོ་བསྒོམ། །ཟླ་བ་ཉི་མ་མ་སྟེང་དུ། །དྲག་པོ་འདོད་ལྷའི་གདན་བཞུགས་པ། །རྡོ་རྗེ་དང་ནི་དྲིལ་འཛིན་འཁྱུད། །གངས་རི་ལྟར་དཀར་བཙུན་མོར་བཅས། །ཕ་རོལ་ཕྱིན་དྲུག་དག་པའི་རྒྱན། །ཡོན་ཏན་ཐམས་ཅད་ཚད་མེད་པས། །ཚད་མེད་དག་པའི་ཆོས་ལྡན་པ། །སངས་རྒྱས་སྐུ་ལྔའི་བདག་ཉིད་དོ། །ལྟེ་བར་སངས་རྒྱས་ཡུམ་བཅས་བསྲེགས། །སྤྱི་བོར་ཟླ་བ་བཟང་རྒྱུན་འཛག །ཆོས་འབྱུང་གཉིས་འདུས་རྡོ་རྗེ་ཅན། །སྲིད་གསུམ་ཡང་དག་བསྒོམ་པར་བྱ། །རྡོ་རྗེ་པདྨ་མཉམ་སྦྱོར་ལས། །ཤེས་རབ་པདྨར་སེམས་ཐིག་ལེ། །ལྷན་ཅིག་སྐྱེས་པ་དེ་དབང་གིས། །མི་ཤིགས་འོད་གསལ་བསྒོ་བར་འགྱུར། །བསྙེན་པ་བདུད་རྩི་ལྔ་ལ་སོགས། །རིགས་


DTG014_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཙོ་བོ་བཞི་དག་ནི། །སྔགས་ཀྱིས་བཟླས་པ་ལ་སོགས་པ། །སོ་སོར་སྡུད་པ་ལ་སོགས་འགྱུར། །རྡོ་རྗེ་པདྨ་ལས་སྐྱེས་པའི། །བདུད་རྩི་ཉེ་བར་སྒྲུབ་པའོ། །དགའ་བ་ལ་སོགས་རྡོ་རྗེ་གསུམ། །པདྨར་མཉམ་སོང་བསྒྲུབ་པར་འགྱུར། །ཤེས་རབ་སྦྱོར་ལ་མི་འཛག་གང༌། །སྒྱུབ་པ་ཆེན་པོ་ཉིད་འགྱུར་ཏེ། །ཕྲ་མོ་ཡི་ནི་སྦྱོར་བས་སོ། །དེ་བཞིན་གཞན་ནི་གཞན་དུ་འགྱུར། །མཆོག་ཏུ་གསང་བ་ཁྱབ་བདག་ལ། །རྩེ་གཅིག་མཉམ་པར་བཞག་པས་ནི། །ཐུན་མོང་ཐུན་མོང་མ་ཡིན་རྟགས། །སྨིག་རྒྱུ་ནམ་མཁའ་ལ་སོགས་མཐོང༌། །ཨོཾ་ཀཱ་ལ་ཙཀྲ་ཨཱཿཧཱུཾ་ཧོཿསྭཱ་ཧཱ། ཨོཾ་ཧྲཾ་ཧྲཱིཾ་ཧྲྲྀཾ་ཧྲུཾ་ཧྲླྀཾ་ཧྲཿསྭཱ་ཧཱ། ཨོཾ་བཛྲ་དྷཱ་ཏྭི་ཤྭ་རེ་ཨཱཿཧཱུཾ་སྭཱ་ཧཱ། ཏིང་ངེ་འཛིན་ལས་སྐྱོན། མདོ་ལི་ལ་སོགས་པའི་རྣམ་པས་བཟླས་པ་བྱའོ། །ཉི་མ་དང༌། ཟླ་བ་དང༌། དུས་དང༌། རོ་དང༌། རྒྱ་མཚོ་དང༌། མེ་དང༌། ནམ་མཁའི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །གཏོར་མ་ནི་མཚན་ཕྱེད་ན་སྦྱིན་པར་བྱ་སྟེ། དུས་དང། རོའི་ཡི་གེས་བྱིན་གྱིས་བརླབས་ལ། རྒྱ་མཚོ་དང༌། མིག་གི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་སྦྱིན་པར་བྱའོ། །ཨོཾ་བྲཧྨེ། བི་ཥྞུ་ནཻ་རི་ཏྱེ། པཱ་ཡུ། ཡ་མ། ཨགྣེ། ས་མུ་ཏྲེཾ། ཨཱི་ཤྭ་རེནྡྲ། ཡཀྵེ་བྷྱཿ། ས་པ་རི་ཝཱ་རེ་བྷྱཿ། ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ་ད་དཱ་མ་ཧི། ཏེ་ཛ་ཨ་ཀ་ཏྱ། ས་པ་རི་ཝཱ་རེ། ཤཱི་གྷཱཾ་ཨི་དཾ་བ་ལིཾ་གྲྀཧྞ་སཾ་ཏྲྀཔྟ། ཧཱུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སོ། །ནོར་མཆོག་གཏོང་བ་སྦྱིན་པ་སྟེ། །ཡུམ་སྦྱོར་མི་འཛག་ཚུལ་ཁྲིམ་མོ། །སྒྲ་སོགས་མི་འཛུག་བཟོད་པ་སྟེ། །གཉིས་སྤོང་ལེ་ལོ་མེད་བརྩོན་འགྲུས། །ཀུན་ནས་མི་གཡེང་བསམ་གཏན་མཆོག །བདེ་སྦྱོར་འོད་གསལ་ཤེས་རབ་ཡིན། །དེ་འབྲས་བསམ་མི་ཁྱབ་རྨད་བྱུང༌། ཧེ་རུ་ཀ་དཔལ་བརྗོད་པའོ། །དེ་ལྟར་ཅུང་ཟད་དུས་འབྱུང་རྒྱུད། །སྙིང་པོ་སྦས་པ་འདི་ཕྱུང་བས། །སྒྲུབ་པོ་ཡང་དག་སྦྱོར་རྣམས་ལ། །ཡེ་ཤེས་མེ་ཆེན་འབར་བར་འགྱུར། །དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། སློབ་དཔོན་དུས་ཀྱི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱན་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།།


previousདཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པ་སྒྲུབ་པའི་ཐབས། དུས་ཞབས་པས་མཛད།next