Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  expand section
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
རྣལ་འབྱོར་ཡན་ལག་དྲུག་པ།  ཤ་བ་རི་དབང་ཕྱུག་གིས་མཛད།
   
   
   
   
   
   
   
   
   
   
   
   
   


 
previousརྣལ་འབྱོར་ཡན་ལག་དྲུག་པ། ཤ་བ་རི་དབང་ཕྱུག་གིས་མཛད།next

རྣལ་འབྱོར་ཡན་ལག་དྲུག་པ།
ཤ་བ་རི་དབང་ཕྱུག་གིས་མཛད།


DTG014_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡོ་ག་ཥ་ཌངྒ་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ། དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །སོ་སོར་གཅོད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་པ་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་གསུངས། །མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱུ་ཏཱི་ར་རླུང་བཅུད་གྱུར་པ། །ཕྱི་ནང་རྟོག་འགགས་རྟགས་བྱུང་བ། །སོ་སོར་གཅོད་པའི་ཡན་ལག་ཡིན། །རྟགས་རྣམས་བརྟན་པར་མཐོང་འགྱུར་ལ། །ཤེས་རབ་རྟོག་དཔྱོད་དགའ་བདེ་དང༌། །རྩེ་གཅིག་མི་གཡོ་རྟོག་མེད་ནི། །བསམ་གཏན་གྱི་ནི་ཡན་ལག་ཡིན། །རླུང་བཅུད་བུ་མང་ཆུད་གྱུར་པས། །འཁོར་ལོ་བཞི་ཡི་ཐིག་ལེའི་ནང༌། །རླུང་ཉིད་འགྲོ་འོང་བྱེད་པ་ནི། །སྲོག་རྩོལ་གྱི་ནི་ཡན་ལག་ཡིན། །


DTG014_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རླུང་ཐིག་ལེའི་ནང་ཆུད་པས། །རླུང་སེམས་བདེ་ཆེན་འཁོར་ལོ་ཡི། །ཧཾ་གི་ཐིག་ལེར་ཟིན་པ་ནི། །འཛིན་པ་ཡི་ནི་ཡན་ལག་ཡིན། །རླུང་སེམས་ཐིག་ལེར་ཟིན་སྟོབས་ཀྱིས། །གཏུམ་མོའི་མེ་འོད་སྣང་བ་དང༌། །བདེ་དྲོད་ཁྱད་པར་ཅན་འབྱུང་བ། །རྗེས་སུ་དྲན་པའི་ཡན་ལག་ཡིན། །རྟགས་བཅུ་རྫོགས་པར་གྱུར་པ་ན། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང༌། །སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ཁཱ་ནག་པོའི་རི་མོ་འབྱུང༌། །དེ་ནས་འགྲོ་དྲུག་ལ་སོགས་དང༌། །ཤིན་ཏུ་པྲ་བའི་སྤྲུལ་སྐུ་དང༌། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་གཟུགས་བརྙན་འོད་གསལ་ཡིན། །དེ་ལ་སེམས་ནི་ཐིམ་པ་ན། །ཏིང་འཛིན་ཡན་ལག་མཐར་ཕྱིན་པའོ། །རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ། དཔལ་ཤ་བ་རི་དབང་ཕྱུག་གིས་པཎྜི་ཏ་མ་ཧཱ་བི་བྷཱུ་ཧི་ཙནྡྲ་ལ་གསུངས་པའོ།། །།དེས་སྒྲ་རང་འགྱུར་དུ་བསྒྱུར་ནས་གསུངས་པའོ།།


previousརྣལ་འབྱོར་ཡན་ལག་དྲུག་པ། ཤ་བ་རི་དབང་ཕྱུག་གིས་མཛད།next