Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  expand section
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
དཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག།  ཨ་བྷྱཱ་ཀ་རས་མཛད།
   
   
   
   
   
   
   
   


 
previousདཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག། ཨ་བྷྱཱ་ཀ་རས་མཛད།next

དཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག།
ཨ་བྷྱཱ་ཀ་རས་མཛད།


DTG014_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག་བཞུགས། དམ་པ་རྣམས་ལ་ཕྱག་འཚལ་ལོ། །བདེན་པ་དབྱེར་མེད་དུས་འཁོར་ལོ། །ཤེས་བྱའི་ཆ་ནས་གཉིས་ཞེས་བྱ། །བརྗོད་བྱ་དང་ནི་རྗོད་བྱེད་དོ། །བརྗོད་བྱ་བདེན་པ་གཉིས་ཡིན་ཏེ། །ཀུན་རྫོབ་ཕྱི་ནང་གཞན་དང་གསུམ། །ཕྱི་ནི་འཆགས་གནས་འཇིག་པ་སྟེ། །ཆགས་པ་རྟེན་དང་བརྟེན་པའོ། །རྟེན་ནི་རྒྱུ་དང་གོ་རིམས་དབྱིངས། །རང་བཞིན་ཁ་དོག་མིང་དང་ནི། །ཡི་གེ་གྲངས་དང་ཚད་དག་གོ །རྒྱུ་ནི་ལས་ཀྱི་འདུས་བྱས་ནས། །རྡུལ་ཕྲན་དག་ལས་སྐྱེས་པར་འདོད། །སྟོང་དང་རླུང་སོགས་རིམ་པའོ། །དབྱིངས་ནི་གཞུ་སོགས་རང་བཞིན་ནི། །གཡོ་སོགས་ཁ་དོག་སྔོ་ལ་སོགས། །མིང་ནི་རླུང་སོགས་རི་ལ་སོགས། །ཡི་གེ་ཡ་ར་ལ་སོགས་པའོ། །གྲངས་ནི་རླུང་དང་མཚོ་ཡི་བར། །ཚད་ནི་རྔམས་དང་མཐའ་སྐོར་རོ། །བརྟེན་པ་སེམས་ཅན་ཞེས་བྱ་སྟེ། །རྒྱུ་དང་མིང་གི་རབ་དབྱེ་དང༌། །སོ་སོའི་གནས་དང་ཚེ་ཚད་དང༌། །ས་བོན་ཡི་གེར་རབ་ཤེས་བྱ། །རྒྱུ་ནི་ལས་དང་ཉོན་མོངས་དང༌། །མིང་ནི་མནར་མེད་ནས་བཟུང་ནས། །སྲིད་པ་སུམ་ཅུ་རྩ་གཅིག་བར། །གནས་ནི་རླུང་དང་སྲིད་རྩེའི་བར། །ཚེ་ཚད་ལོ་དང་བསྐལ་པའི་གྲངས། །ས་བོན་ཡི་གེ་ཀ་ལ་སོགས། །འཆགས་པ་སྡུད་པར་ཤེས་པར་བྱ། །གནས་པ་རྣམ་པ་གཉིས་ཡིན་ཏེ། །བསྟན་པ་དུས་དང་བྱེད་པ་རྩིས། །དང་པོ་དུས་བཞི་ལ་སོགས་པས། །ས་ཡི་དུམ་བུ་རྣམས་ལ་ནི། །འཁོར་ལོས་སྒྱུར་རྒྱལ་ལུས་ཀྱིས་སུ། །ལོག་འདྲེན་མཐར་བྱེད་ལེགས་རྣམས་འཛིན། །བྱེད་པ་ཡན་ལག་ལྔས་བསྡུས་ཏེ། །གཟའ་ནི་ཚེས་དང་རྒྱུ་སྐར་དང༌། །ཁྱིམ་ལ་གནས་པ་དག་ཡིན་ནོ། །ཚེས་ནི་དབྱངས་དང་རྟེན་འབྲེལ་དང༌། །དྲག་མོ་ལ་སོགས་ཤེས་པར་བྱ། །འཇིག་པ་ས་སོགས་རིམ་ཞུགས་པས། །ཐ་མ་སྟོང་པར་གྱུར་པའོ། །ནང་ནི་སྐྱེ་གནས་འཆི་བ་སྟེ། །སྐྱེ་བ་ནང་དང་ཕྱི་དག་གོ །ནང་


DTG014_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གི་དུས་དང་རྒྱུ་དག་དང༌། །ངོ་བོ་རྐྱེན་རྣམས་རྫོགས་དུས་སོ། །དུས་ནི་ཡེ་ཤེས་གཡོ་བ་དང༌། །རྒྱུ་ནི་ཁུ་སྲོག་སྐྱེ་གནས་ཁྲག །ངོ་བོ་ཕུང་པོ་ཁམས་རང་བཞིན། །རྐྱེན་ནི་མ་ཡིས་རྡོ་ཟོས་མཐུས། །རྣམ་པ་ཁུ་ཁྲག་རྩ་རླུང་གིས། །གཙོ་བོ་བརྒྱད་ནི་བསྐྱེད་པའོ། །རྫོགས་དུས་བཅུ་གཉིས་བཅུ་གསུམ་མོ། །ཕྱི་ནས་དབྱིབས་དང་ཚད་དག་དང༌། །རྣམ་གྲངས་དག་ཏུ་བསྟན་པ་ཡིན། །དབྱིབས་ནི་ལུས་དང་ཡན་ལག་སོགས། །ཚད་ནི་སོར་དང་ཁྲུ་ཡི་བར། །དབྱེ་བ་ཕུང་པོ་ཁམས་དག་དང༌། །དབང་པོ་ལས་ཀྱི་དབང་པོ་དང༌། །འཁོར་ལོ་བྱ་བའི་འཁོར་ལོ་དང༌། །ལས་ཀྱི་འཁོར་ལོ་དག་ཏུའོ། །དེ་ཡང་རྩ་རླུང་སེམས་དག་གིས། །ལུས་ཀྱི་ངོ་བོ་བསྡུས་པའོ། །གནས་པ་ལས་དང་བསྲུང་བའོ། །ལས་ནི་ཕྱི་ཉིད་ནང་སྦྱར་བས། །དུས་ཀྱི་འཁོར་ལོར་གྱུར་པའོ། །བསྲུང་བ་སེམས་ཀྱི་སྡིག་གཞོམ་དང༌། །ནད་ཞི་ལུས་ཀྱི་བཅུད་ལེན་ནོ། །འཆི་བ་དུས་དང་དུས་མིན་པའོ། །གཞན་ནི་སྒྲུབ་པའི་ཐབས་དང་ནི། །འཇིག་རྟེན་དབང་ནི་ངོ་བོ་དང༌། །ངེས་ཚིག་དབྱེ་བ་ཆོ་གའོ། །ངོ་བོ་གཞན་ལས་ཐོབ་བྱ་སྟེ། །ངེས་ཚིག་དྲི་འཁྲུད་ངེས་པར་འཇོམས། །དབྱེ་བ་ཐུན་མོང་ཁྱད་པར་གྱིས། །བདུན་དང་གསུམ་དུ་ཤེས་པར་བྱའོ། །ཆོ་ག་སྦྱོར་བ་དངོས་གཞིའོ། སྒྲུབ་པ་ལམ་དང་འབྲས་བུ་སྟེ། །ལམ་ནི་ལས་དང་ཡེ་ཤེས་སོ། །ལས་བརྒྱའི་ངོ་བོ་དབྱེ་བ་དང༌། །ཉམས་སུ་བླང་བའི་ཆོ་གའོ། །ངོ་བོ་ནུས་པ་སྒྲ་ལྡན་པ། །དབྱེ་བ་གཞན་གྱི་རིགས་ལ་སོགས། །ཉམས་བླངས་བསྙེན་སྒྲུབ་སྒྲུབ་པའོ། །ཡེ་ཤེས་ཕྱག་རྒྱའི་ངོ་བོ་ནི། །རང་གི་སེམས་ཀྱིས་བརྟགས་པ་སྟེ། །དབྱེ་བ་དཀྱིལ་འཁོར་རྣམ་གསུམ་མོ། །ཆོ་ག་སྔོན་འགྲོ་དངོས་དང་མཇུག །དངོས་ནི་བསྐྱེད་དང་བསྒོམ་པའོ། །བསྒོམ་པ་དངོས་ཞེན་རྣམ་གཉིས་དང༌། །ཞེན་བྲལ་དག་པ་བསྒོམ་པའོ། །རྗེས་ནི་མཉམ་གཞག་ལས་ལངས་ལ། །སྣང་གྲགས་ཆོས་ལ་སོགས་པ་ཡང༌། །ནང་གི་རྣམ་པ་ཕྱིས་སྦྱར་ནས། །ལུས་ངག་ཡིད་ཀྱིས་བྱས་པའོ། །འབྲས་བུ་འདོད་དང་གཟུགས་ཁམས་ཀྱི། །མཐར་ཐུག་ཐོབ་པར་འགྱུར་བའོ། །དོན་དམ་བདེན་པ་ལ་བརྟེན་པ། །ལྟ་བ་ལམ་དང་འབྲས་བུའོ། །ཆོས་ཉིད་མི་མཐུན་ཕྱི་ནང་གི །ལོག་པར་རྟོག་པ་བསྟན་པའོ། །མཐུན་པ་


DTG014_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་སྒྲུབ་པ། །ངོ་བོ་དབྱེ་བ་མཚོན་བྱེད་དང༌། །དཔེ་ཡི་རྣམ་པར་ཤེས་པར་བྱ། །ངོ་བོ་མི་རྟོག་ཡེ་ཤེས་ཏེ། །དེ་ཡང་བེམས་པོ་ལོག་པའོ། །དབྱེ་བ་ཆོས་ཅན་དག་གི་ནི། །སྟོང་པ་ལྔ་དང་ཐིག་ལེ་དྲུག །སྤང་བྱ་སོགས་པས་ཤེས་པར་བྱ། །མཚོན་བྱེད་སྒྲ་དང་མཚན་མ་སྟེ། །ཨེ་བཾ་ཨ་ལ་སོགས་པ་དང༌། །དེ་རུ་མཚོན་པའི་དབྱིབས་ངག་གོ །དཔེ་ནི་པྲ་ཏི་སེ་ན་སོགས། །འཇིག་རྟེན་དཔེ་ལས་འདས་པའོ། །ཆོས་ཅན་ཅི་རླུང་སེམས་དག་གི །གནས་ལུགས་ཤེས་པར་བྱེད་པའོ། །ལམ་ནི་དབང་དང་སྒྲུབ་པའི་ཐབས། །དབང་ནི་འཇིག་རྟེན་ལས་འདས་ཏེ། །ངོ་བོ་རང་གི་བྱང་ཆུབ་སེམས། །བླ་མའི་རྐྱེན་གྱིས་ངོ་ཤེས་པ། །ངེས་པའི་ཚིག་གོང་དང་མཚུངས། །དབྱེ་བ་དངོས་དང་བརྟག་པ་སྟེ། །དང་པོ་སངས་རྒྱས་དུས་སུ་སྟེ། །བརྟག་པ་ད་ལྟ་རྒྱུ་དུས་སོ། །ཆོ་ག་བྱེད་དང་བྲལ་ན་ཡང༌། །རེ་ཞིག་དཔེ་དང་བརྡ་ཚིག་གིས། །ཕྱི་ཡི་རྣམ་པར་རྟོག་པའོ། །སྒྲུབ་པ་ཕྱག་རྒྱ་ཆེན་པོ་སྟེ། །ངོ་བོ་མི་རྟོག་ཡེ་ཤེས་སོ། །དབྱེ་བ་རྣམ་པ་གསུམ་བདག་ཉིད། །ཉམས་བླང་རྒྱུ་དང་ངོ་བོ་དང༌། །དབྱེ་བའི་ཚུལ་དུ་བསྟན་པའོ། །རྒྱུ་ནི་རྐྱེན་གསུམ་ངོ་བོ་དང༌། །མི་རྟོག་པ་ལ་དམིགས་པའོ། །དབྱེ་བ་ཡན་ལག་དྲུག་ཡིན་ཏེ། །སྤང་བྱ་སྤོང་བྱེད་ཐོབ་བྱ་ཡིས། །ལམ་ནི་ཡན་ལག་དེར་བསྡུས་ན། །གདམས་ངག་མཚན་ཉིད་རྟགས་འབྲས་བུ། །སོ་སོར་དབྱེ་བ་ལ་སོགས་ཀུན། །སྒྲུབ་བཞིའི་ཚུལ་དུ་སྒོམ་པའོ། །འབྲས་བུ་སྤངས་ཐོབ་ཕུན་ཚོགས་པའོ། །སངས་རྒྱས་སྐུ་བཞི་ལ་སོགས་པའི། །གདུལ་བྱའི་སྒོ་ནས་དག་བྱ་ཡིས། །རྣམ་ཐར་ལ་སོགས་ལམ་གྱིས་སོ། །དེ་ནི་བརྗོད་བྱ་མདོར་བསྡུས་པའོ། །རྗོད་པར་བྱེད་པའི་ཚིག་དག་ནི། །གཞུང་ཆད་གྲངས་དང་བཤད་ཚུལ་བསྡུ། །གཞུང་ཚད་རྒྱུ་དང་འགྲེལ་པའོ། །གྲངས་ནི་རྒྱུད་ཀྱི་ལེའུ་གྲངས་ཏེ། །མདོར་བསྡུས་དང་ནི་བསྡུས་དོན་ནོ། །རྒྱས་པར་བཤད་པ་འགྲེལ་པས་སོ། །རྒྱུད་ཀྱི་ལེའུ་རྣམ་ལྔ་ནི། །གྲངས་ངེས་གོ་རིམས་ངེས་པ་ཡང༌། །རྒྱུད་གསུམ་དག་གི་གྲངས་དག་དང༌། །གཞན་གཞུག་དངོས་པོའི་རིམ་པ་དང༌། །རྣལ་འབྱོར་སྙོམས་ཞུགས་རགས་པྲ་དང༌། །དམན་པ་མཆོག་གི་གོ་རིམས་སོ། །འགྲེལ་པ་རྣམ་གསུམ་བཤད་པ་ཡང༌། །གྲངས་


DTG014_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ལུས་ལ་རྩ་དག་དང༌། །དེ་ཡི་ཆས་ཕྱེད་དབུས་མའི་དབུས། །མཚན་དང་དཔེ་བྱད་ཏིང་འཛིན་དང༌། །གོ་རིམས་སོ་སོའི་རྣམ་འགྲེལ་ལོ། །བཤད་ཐམས་མཐའ་དྲུག་མཚན་ཉིད་དེ། །དེ་ཡང་དྲང་དོན་ངེས་དོན་ནོ། །དོན་བསྡུས་རྒྱུད་གསུམ་དག་ཏུ་ནི། །སྤྱི་རུ་བསྡུས་དང་སོ་སོའི་དང༌། །དངོས་དང་ཕལ་བའི་ཡུལ་དུ་སྟེ། །ཡན་ལག་དེ་དང་དེར་ཤེས་བྱ། །དམ་པའི་དྲིན་གྱིས་ངེས་གསལ་བའི། །དམ་པའི་ལམ་འདིས་སེམས་ཅན་ལ། །མི་ཡི་སྐྱེ་བ་འདི་ཉིད་ཀྱིས། །བྱང་ཆུབ་མྱུར་ཐོབ་ངེས་པར་ཤོག །དཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག་པཎྜི་ཏ་ཆེན་པོ་ཨ་བྷྱཱ་ཀ་རས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཇོ་བོ་རི་པ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཁེའུ་བགད་འཁོར་ལོ་གྲགས་ཀྱིས་བསྒྱུར་བའོ།།


previousདཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག། ཨ་བྷྱཱ་ཀ་རས་མཛད།next