Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  expand section
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཟའ་ལྔ་སོ་སོའི་རྩིས་ཀྱི་མན་ངག་ཅེས་བྱ་བ།  ཤཱཀྱ་ཤྲཱི་བྷ་དྲས་མཛད།
   
   


 
previousགཟའ་ལྔ་སོ་སོའི་རྩིས་ཀྱི་མན་ངག་ཅེས་བྱ་བ། ཤཱཀྱ་ཤྲཱི་བྷ་དྲས་མཛད།next

གཟའ་ལྔ་སོ་སོའི་རྩིས་ཀྱི་མན་ངག་ཅེས་བྱ་བ།
ཤཱཀྱ་ཤྲཱི་བྷ་དྲས་མཛད།


DTG014_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །པཉྩ་གྲ་ཧ་པྲ་ཏི་ག་ཎོ་པ་དེ་ཤ་ནཱ་མ། བོད་སྐད་དུ། །གཟའ་ལྔ་སོ་སོའི་རྩིས་ཀྱི་མན་ངག་ཅེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དག་ཟླར་ཀླུ་སྦྱིན་མཁའ་མེས་བསྒྱུར། །ཚེས་བསྲེས་གནས་གསུམ་འོག་མ་ལ། །ཐུབ་མཁའ་རིས་བགོས་དབུས་མར་གཞུག །སྟེང་འོག་མིག་དང་སུམ་ཅུ་བསྲེ། །འོག་མ་ཆུ་དུས་ཀྱིས་ཐོབ་པས། །སྟེང་ལ་ཕྲི་བའི་ལྷག་མ་ལ། །རི་ཡིས་བགོས་པའི་ལྷག་མ་དང༌། །ཚེས་དེའི་གཟའ་ནི་མཐུན་ནམ་པ་ལྟ། །མི་མཐུན་གྱུར་ན་གཅིག་ལ་སོགས། །བསྣོན་འབྲིད་བྱས་ལ་མཐུན་པར་བྱ། །དེ་ནི་དག་པའི་ཉིན་ཞག་སྟེ། །གཟའ་ལྔ་ཀུན་གྱི་ཐུན་མོང་ངོ༌། །མིག་དམར་དག་པའི་ཞག་མཆོག་ལ། །དུས་ཆུ་དོར་བའི་ལྷག་མ་ལ། །རི་ཀླུ་དུས་ཀྱིས་བགོས་ཐོབ་དོར། །དོར་བའི་ལྷག་མ་སྐར་མས་བསྒྱུར། །དེ་ལ་རི་ཀླུ་དུས་ཐོབ་རྣམས། །སྐར་མ་ཡིན་ཏེ་ལྷག་མ་ལ། །མཁའ་དུས་བསྒྱུར་ལ་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ནི། །གནས་གཉིས་བཞག་པའི་གཅིག་ལ་ནི། །སྐར་མའི་གནས་ནས་དགུ་དང་ནི། །ཆུ་ཚོད་གནས་ནས་སུམ་ཅུ་


DTG014_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དོར། །དོར་རྒྱུ་མེད་ན་རྒྱུ་སྐར་ཕྱེད། །བསྲེས་ལ་གོང་གི་དེ་དག་དོར། །གལ་ཏེ་གོང་གི་དེ་དག་ནི། །དོར་བའི་རྗེས་ལ་རྒྱུ་སྐར་ཕྱེད། །ལྷག་ནའང་དོར་བ་ཁོ་ན་ཡིན། །དོར་བའི་ལྷག་མ་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང༌། །དེ་ལ་མདའ་ཡོན་ཟླ་བ་ཡིས། །བགོས་པའི་ཐོབ་པས་རྐང་པ་གཟུང༌། །ཉི་ཤུ་རྩ་ལྔ་བཅོ་བརྒྱད་བདུན། །ཕྱི་མ་ལ་ནི་དེ་ལས་བཟློག །མིག་དམར་དལ་བའི་རྐང་པ་ཡིན། །རྐང་པ་ཟོས་པའི་སྔུན་མ་ཡིས། །བགོས་པའི་ལྷག་མ་བསྒྱུར་བར་བྱ། །དེ་མདའ་ཡོན་ཟླས་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱི། །རྐང་པ་སྔོན་མ་ཟོས་དང་སྔོམ། །ཕྱི་མ་མ་ཟོས་ལ་ཕྲི་ལ། །སྔར་གྱི་སྐར་མའི་གནས་ལ་གཅིག །སྦྱིན་དང་དོར་བར་བྱ་བ་ཡིན། །དལ་བའི་དུས་སུ་རྒྱུ་སྐར་གྱི། །སྦྱིན་དོར་བྱས་ནས་སྦྱིན་པ་སྟེ། །སྦྱིན་དོར་མ་བྱས་དོར་བ་ཡིན། །མྱུར་ལ་དེ་ལས་བཟློག་པའོ། །འདི་ནི་གཟའ་ལྔ་སྤྱི་ཡིའོ། །མྱུར་ལ་དེ་ཉིད་གནས་གཉིས་གཞག །གཅིག་གིས་ཉི་མ་དག་པ་སྤྱང༌། །མེད་ན་རྒྱུ་སྐར་ཕྱེད་བསྲེ་ཞིང༌། །ལྷག་ནའང་དོར་བར་ཤེས་པར་བྱ། །དེ་ལྟར་སྦྱངས་པའི་ལྷག་མ་ཡིས། །མྱུར་བའི་རྐང་པ་གཟུང་བར་བྱ། །དང་པོར་ཉི་ཤུ་རྩ་བཞི་དང༌། །གཉིས་གསུམ་བཞི་པར་ཉི་ཤུ་གསུམ། །ལྔ་དང་དྲུག་པར་ཉི་ཤུ་གཅིག །བདུན་པར་བཅོ་བརྒྱད་བརྒྱད་པར་ཚེས། །དགུ་བར་བཅུ་གཅིག་བཅུ་པར་གསུམ། །དེ་ནི་སྔ་མའི་ཆ་ཡིན་ནོ། །བཅུ་གཅིག་དང་ནི་སུམ་ཅུ་བརྒྱད། །བརྒྱད་ཅུ་དང་ནི་ལྔ་བཅུ་གསུམ། །མིག་དམར་མྱུར་བའི་རྐང་པ་ཡིན། །རྐང་པ་ཟོས་པའི་སྔུན་མ་ཡིས། །ཉི་མ་ཆུ་ཚོད་དག་བསྒྱུར་བྱ། །དེ་ལ་མཁའ་དུས་བགོས་ཐོབ་རྣམས། །ཆུ་ཚོད་གནས་སུ་གཞག་པར་བྱ། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་པ་སྔོན་མ་ཟོས་དང་སྡོམ། །ཕྱི་མ་མ་ཟོས་ལ་ཕྲི་ལ། །བསྣོན་འབྲིད་སྔར་གྱི་བཤད་པས་ཤེས། །ཉི་དག་མིག་དམར་གྱིས་སྦྱང་ཞིང༌། །ཕུར་བུ་དང་ནི་སྤེན་པ་ཡི། །མྱུར་བའི་རྩིས་ཀྱང་དེ་བཞིན་ནོ། །གཟའ་ལྷག་དང་ནི་པ་པ་སངས། །དལ་བའི་ལས་ལ་ཉི་མ་ཉིད། །སྦྱངས་བས་དལ་བའི་རྐང་པ་བྱས། །གཟའ་ལྷག་གནས་བའི་ཞག་མཆོག་ལ། །མཁའ་དང་


DTG014_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཟླ་བས་བསྒྱུར། །མཁའ་དང་སྡེ་པ་ཟླ་རིས་དབང༌། །ཐུབ་པ་དབུགས་རི་ཀླུས་ཐོབ་དོར། །དོར་ལྷག་སྐར་མས་བསྒྱུར་བ་ལ། །ཐུབ་བུག་རི་ཀླུས་བགོས་པའི་ནོར། །སྐར་མ་ཡིན་ཏེ་ལྷག་མ་ལ། །མཁའ་དུས་བསྒྱུར་བས་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པའི་ནོར་རྣམས་ནི། །མྱུར་རྩིས་དོན་ཕྱིར་ལོགས་ཤིག་གཞག །གཟའ་ལྷག་དལ་རྩིས་བྱ་བའི་ཕྱིར། །ཉི་མ་ཕྱེད་དག་གནས་གཉིས་གཞག །གཅིག་ལ་སྐར་མ་བཅུ་དྲུག་དང༌། །ཆུ་ཚོད་སུམ་ཅུ་དོར་བར་བྱ། །མེད་ན་རྒྱུ་སྐར་ཐམས་ཅད་དམ། །ཕྱེད་བསྲེས་གོང་གི་དེ་དག་དོར། །དོར་རྗེས་འཁོར་ཕྱེད་ལྷག་ནའང་དོར། །དོར་བའི་ལྷག་མ་མཁའ་དུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང༌། །མདའ་ཡོན་ཟླས་ཐོབ་རྐང་པ་གཟུང༌། །ཕྱོགས་རི་མེའོ་ཕྱི་མ་བཟློག །གཟའ་ལྷག་དལ་བའི་རྐང་པ་ཡིན། །རྐང་གཟུང་སྔུན་མས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་ཐོབ་ཆུ་ཚོད་ཡིན། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པའི་ནོར་རྣམས་ཀྱིས། །རྐང་པ་སྔུན་མ་ཟོས་དང་སྡོམ། །ཕྱི་རྨ་མ་ཟོས་ལ་ཕྲི་ལ། །ཉི་མ་ཕྱེད་དག་གནས་གཅིག་ལ། །སྦྱིན་དོར་མིག་དམར་དལ་བ་བཞིན། །གཟའ་ལྷག་མྱུར་རྩིས་བྱ་བའི་ཕྱིར། །དལ་བ་དེ་ཉིད་གནས་གཉིས་གཞག །གཅིག་གིས་དང་པོར་སྙེད་དེ་སྦྱང༌། །མེད་ན་སྐར་མ་བསྲེ་བ་དང༌། །ལྷག་ནའང་དོར་བར་ཤེས་པར་བྱ། །སྦྱངས་པའི་ལྷག་མས་མྱུར་རྐང་གཟུང༌། །བཅུ་དྲུག་ལན་གཉིས་བཅོ་ལྔ་དང༌། །བཅུ་བཞི་བཅུ་གསུམ་བཅུ་གཅིག་བདུན། །ལྔ་དང་ནམ་མཁའ་ཞེས་བྱ་བ། །སྔ་མ་ཡིན་ཏེ་ཕྱི་རྐང་ནི། །བཞི་དང་བཅུ་བཞི་ཉི་ཤུ་དང༌། །ཉི་ཤུ་རྩ་བརྒྱད་སུམ་ཅུ་བཞི། །གཟའ་ལྷག་མྱུར་བའི་རྐང་པ་ཡིན། །རྐང་པ་གཟུང་བའི་སྔོན་མ་ཡིས། །འོག་གི་ཆུ་ཚོད་བསྒྱུར་བར་བྱ། །དེ་ལ་མཁའ་དུས་ཐོབ་ཆུ་ཚོད། ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་པ་སྔོན་མ་ཟོས་དང་སྔོམ། །ཕྱི་མ་མ་ཟོས་ལ་ཕྲི་ལ། །སྔར་གྱི་དལ་བའི་གནས་གཅིག་ལ། །སྦྱིན་དོར་མིག་དམར་མྱུར་ཇི་བཞིན། །ཕུར་བུ་གསལ་བའི་ཉིན་ཞག་ལ། །མིག་དང་དུས་དང་འབྱུང་བ་


DTG014_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན། །སོ་མེ་ཆུ་ཡིས་བགོས་ཐོབ་དོར། །ལྷག་མ་སྐར་མས་བསྒྱུར་བ་ལ། །སོ་མེ་ཆུས་ཐོབ་སྐར་མ་ཡིན། །མཁའ་དུས་བསྒྱུར་ལས་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་རྣམས་གནས་གཉིས་གཞག །གཅིག་ལ་སྐར་མ་བཅུ་གཉིས་དོར། །མེད་ན་རྒྱུ་སྐར་ཕྱེད་བསྲེ་ཞིང༌། །ལྷག་ནའང་དོར་བར་ཤེས་པར་བྱ། །དོར་བའི་ལྷག་མ་མཁའ་དུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང༌། །དེ་ལ་མདའ་ཡོན་ཟླ་བ་ཡིས། །བགོས་པའི་ཐོབ་པས་རྐང་པ་གཟུང༌། །དྲག་པོ་བུག་མེ་དེ་བཟློག་ཕྱི། །ཕུར་བུ་དལ་བའི་རྐང་པ་ཡིན། །རྐང་བཟུང་སྔོན་མས་སྐར་ལྷག་བསྒྱུར། །མདའ་ཡོན་ཟླ་བས་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་པ་སྔོན་མ་ཟློས་དང་སྔོམ། །ཕྱི་མ་མ་ཟློས་ལ་ཕྲི་ལ། །གནས་གཅིག་ལ་ནི་སྦྱིན་དང་དོར། །མིག་དམར་དལ་བ་ཇི་བཞིན་ནོ། །ཕུར་བུའི་མྱུར་རྩིས་བྱ་པའི་ཕྱིར། །དལ་བ་དེ་ཉིད་གནས་གཉིས་གཞག །གཅིག་གིས་ཉི་མ་དག་པ་སྦྱང༌། །མེད་ན་རྒྱུ་སྐར་བསྲེ་བ་དང༌། །ལྷག་ནའང་དོར་བར་ཤེས་པར་བྱ། །དོར་བའི་ལྷག་མས་མྱུར་རྐང་གཟུང༌། །བཅུ་པ་ལན་གཉིས་དགུ་དང་བཞི། །དྲུག་པ་ལན་གཉིས་གཉིས་དང་གཅིག །ཕྱི་མ་ལ་ནི་གསུམ་དང་དྲུག །དགུ་དང་བཅུ་གཅིག་བཅུ་དྲུག་བདུན། །ཕུར་བུ་མྱུར་བའི་རྐང་པ་ཡིན། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དེ་ལ་མཁའ་དུས་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་པ་སྔོན་མ་ཟློས་དང་སྔོམ། །ཕྱི་མ་མ་ཟོས་ལ་ཕྲི་ལ། སྔར་གྱི་དལ་བའི་གནས་གཅིག་ལ། །སྦྱིན་དོར་མིག་དམར་མྱར་པ་བཞིན། །པ་སངས་གསལ་ཞག་ཕྱོགས་ཀྱིས་བསྒྱུར། །དུས་རི་དྲག་པོ་དབྲི་བར་བྱ། །རི་ཆུ་ལག་མིག་བགོས་ཐོབ་དོར། །ལྷག་མ་སྐར་མས་བསྒྱུར་བ་ལ། །གོང་གི་འགོང་བྱེད་ཀྱིས་ཐོབ་པ། །སྐར་མ་ཡིན་ཏེ་ལྷག་མ་ལ། །མཁའ་དུས་བསྒྱུར་ལ་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་དག་མྱུར་རྩིས་དོན་དུ་གཞག །དལ་བའི་རྩིས་ནི་བྱ་བའི་ཕྱིར། །ཉི་མ་དག་པ་གནས་གཉིས་གཞག །གཅིག་ལ་སྐར་མ་དྲུག་དབྲི་ཞིང༌། །མེད་ན་འཁོར་ཕྱེད་སྦྱིན་པ་དང༌། །ལྷག་ནའང་དོར་བར་ཤེས་པར་


DTG014_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། དོར་བའི་ལྷག་མ་མཁའ་དུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང༌། །མདའ་ཡོན་ཟླས་ཐོབ་རྐང་བ་གཟུང༌། །མདའ་ཆུ་ཟླ་བ་དེ་བཟློག་ཕྱིར། །བ་སངས་དལ་བའི་རྐང་པ་ཡིན། །རྐང་ཟོས་སྔོན་མས་ཉི་དག་བསྒྱུར། །དེ་ལ་མདའ་ཡོན་ཟླས་ཐོབ་པ། །ཆུ་ཚོད་སོགས་སུ་ཤེས་པར་བྱ། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་པ་སྔོན་མ་ཟོས་དང་སྔོམ། །ཕྱི་མ་མ་ཟོས་ལ་ཕྲི་ལ། །ཉི་མ་ཕྱེད་དག་གཅིག་ལ་ནི། །སྦྱིན་དོར་མིག་དམར་དལ་ཇི་བཞིན། །པ་སངས་མྱུར་རྩིས་བྱ་བའི་ཕྱིར། །དལ་བ་དེ་ཉིད་གནས་གཉིས་གཞག །གཅིག་གིས་སྔར་གྱི་རྙེད་པ་སྦྱང༌། །མེ་སྦྱིན་ལྷག་དོར་ཤེས་པར་བྱ། །དོར་བའི་ལྷག་མས་རྐང་པ་གཟུང༌། །ཉི་ཤུ་རྩ་ལྔ་ལན་གསུམ་དང༌། །ཉི་ཤུ་རྩ་བཞི་ལན་གཉིས་ཏེ། །ཉི་ཤུ་རྩ་གཉིས་ལན་གཉིས་དང༌། །བཅོ་བརྒྱད་ཚེས་དང་ཀླུ་སྔ་རྐང༌། །དྲུག་དང་སུམ་ཅུ་དགུ་བཅུ་དགུ། །བདུན་ཅུ་དོན་གསུམ་ཕྱི་རྐང་སྟེ། །པ་བ་སངས་ཀྱི་མྱུར་རྐང་ཡིན། །རྐང་བཟུང་སྔུན་མས་ཆུ་ཚོད་བསྒྱུར། །དེ་ལ་མཁའ་དུས་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་པ་སྔོན་མ་ཟོས་པ་དང༌། །ཕྱི་མ་མ་ཟོས་ལ་ཕྲིལ། །དལ་བ་ཡི་ནི་གནས་གཅིག་ལ། །སྦྱིན་དོར་མིག་དམར་མྱུར་ཇི་བཞིན། །སྤེན་པ་གསལ་བའི་ཉིན་ཞག་ལ། །མཁའ་ཆུ་མེ་དང་ཟླ་བ་སྦྱིན། །དུས་རོ་རི་སྟོང་ཟླ་བགོས་དོར། །ལྷག་མ་སྐར་བསྒྱུར་ལས་ཐོབ་པ། །སྐར་མའི་ཡིན་ཏེ་ལྷག་མ་ལ། །མཁའ་དུས་བསྒྱུར་ལ་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །རྙེད་པ་དེ་དག་གནས་གཉིས་གཞག །གཅིག་ལ་སྐར་མ་བཅོ་བརྒྱད་དབྲི། །མེ་སྦྱིན་ལྷག་དོར་ཤེས་པར་བྱ། །དོར་བའི་ལྷག་མ་མཁའ་དུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང༌། །མདའ་ཡོན་ཟླས་ཐོབ་རྐང་པ་གཟུང༌། །ཉི་ཤུ་གཉིས་དང་བཅོ་ལྔ་དྲུག །ཕྱི་མ་ལ་ནི་དེ་ལས་བཟློག །སྤེན་པ་དལ་བའི་རྐང་པ་ཡིན། །རྐང་ཟོས་སྔུན་མས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་ཐོབ་ཆུ་ཚེད་དེ། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པའི་ནོར་རྣམས་ཀྱིས། །རྐང་ཟོས་སྔུན་སྡོམ་ཕྱི་ཕྲི་ལ། །སྔར་གྱི་རྙེད་པའི་གནས་གཅིག་ལ། །སྦྱིན་དོར་མིག་དམར་དལ་ཇི་བཞིན། །མྱུར་


DTG014_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་ཉིད་གནས་གཉིས་གཞག །གཅིག་གིས་ཉི་མ་དག་པ་སྦྱང༌། །མེ་སྦྱིན་ལྷག་དོར་ཤེས་པར་བྱ། །དོར་བའི་ལྷག་མས་རྐང་བ་གཟུང༌། །དྲུག་དང་ལྔ་དང་ལྔ་དང་བཞི། །བཞི་དང་གཉིས་དང་གཉིས་དང་མཁའ། །ཕྱི་མ་ལ་ནི་གཉིས་དང་བཞི། །ལྔ་དང་དྲུག་དང་བརྒྱད་དང་གསུམ། །སྤེན་པ་མྱུར་བའི་རྐང་བ་ཡིན། །རྐང་གཟུང་སྔུན་མས་ཆུ་ཚོད་བསྒྱུར། །དེ་ལ་མཁའ་དུས་བགོས་ཐོབ་པ། །ཆུ་ཚོད་གནས་སུ་གཞག་བར་བྱ། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་བཟུང་སྔོན་སྔོམ་ཕྱི་ཕྲི་ལ། །དལ་བ་གཅིག་ལ་སྦྱིན་དོར་ནི། །མིག་དམར་མྱུར་བ་ཇི་བཞིན་ནོ། །ཡིད་བཞིན་ནོར་བུའི་རྩིས་འདི་ནི། །ཟབ་ཅིང་རྒྱ་ཆེ་དུས་འཁོར་རྒྱུད། །རིན་ཆེན་གླིང་མཆོག་ནང་ནས་ནི། །བླ་མའི་མན་ངག་ལ་བརྟེན་ནས། །ཤེས་རབ་མིག་གིས་ལེགས་དཔྱད་བྱས། །དྲན་ཤེས་བརྩོན་ལྡན་གུས་པས་བླངས། །དོན་ལྡན་ཚིག་གིས་སྲད་པུར་བརྒྱུས། །བློ་ལྡན་རྣམས་ཀྱི་མགུལ་རྒྱན་མཛོད། །དེ་ལས་བྱུང་བའི་བསོད་ནམས་ནི། །དྲི་མེད་ཉི་ཟླ་ལྟ་བུ་དེས། །འགྲོ་བ་སེམས་ཅན་མ་ལུས་རྣམས། །ཀུན་མཁྱེན་རྒྱལ་པོ་ཐོབ་པར་ཤོག །གཟའ་ལྔ་སོ་སོའི་རྒྱང་རྩིས་ཀྱི་མན་ངག །པཌྞིཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།།


previousགཟའ་ལྔ་སོ་སོའི་རྩིས་ཀྱི་མན་ངག་ཅེས་བྱ་བ། ཤཱཀྱ་ཤྲཱི་བྷ་དྲས་མཛད།next