cover

སྡེ་དགེའི་བསྟན་འགྱུར་པོད་བཅོ་ལྔ་པ།

རྒྱུད། ཕ༽

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དབང་མདོར་བསྟན་པའི་བརྗེད་བྱང་།
རྣམ་པར་རྒྱལ་བ་དབང་པོས་མཛད།


DTG015_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༄། ། རྒྱ་གར་སྐད་དུ། སེ་ཀོདྡེ་ཤ་ཊིཔྤ་ནི། བོད་སྐད་དུ། དབང་མདོར་བསྟན་པའི་བརྗེད་བྱང༌། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དམིགས་བཅས་ནམ་མཁའ་ལས་བྱུང་དང༌། །དམིགས་མེད་བདེ་ལ་ཕྱག་འཚལ་ནས། །བྱང་ཆུབ་སེམས་དཔའི་རྣམ་བཤད་པས། །དབང་མདོར་བསྟན་པ་དབྱེ་བར་བྱ། །ཟླ་བ་བཟང་པོས་གསོལ་བ་ཞེས་པ་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཤམྦྷལའི་ཡུལ་གྱི་བདག་པོ་ཆེན་པོས་གསོལ་བ་འདེབས་པར་བྱེད་དོ། །ཡང་དག་པར་སྟོན་པར་བྱེད་པ་ཉིད་ཀྱིས་ན་ཀྱེ་སྟོན་པའོ། །གང་ཞིག་འཆད་པར་འགྱུར་པ་ཆུ་ལ་སོགས་པ་དབང་བསྐུར་བ་རྣམ་པ་བདུན་དང་བུམ་པ་ལ་སོགས་པ་རྣམ་གསུམ་དང༌། བླ་ན་མེད་ཅེས་པ་མཆོག་ཏུ་མི་འགྱུར་པ་སྟེ། དེ་བཞིན་ཞེས་པ་དབང་བསྐུར་བའོ། །འདིས་འཁྲུད་ཅིང་ལུས་ལ་སོགས་པ་སྒྲིབ་པ་མེད་པར་བྱེད་དོ་ཞེས་པས་ན་དབང་བསྐུར་བ་སྟེ། དེ་བདག་ལ་གསུངས་ཤིག་པའོ། །འཇིག་རྟེན་པའི་དངོས་གྲུབ་ཅེས་པ་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་བདག་པོ་དང༌།


DTG015_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་གི་དངོས་གྲུབ་ཅེས་པ་བག་ཆགས་དང་བཅས་པའི་ཉོན་མོངས་པ་རང་ཤེས་བྱ་དང་སྙོམས་པར་འཇུག་པའི་སྒྲིབ་པ་འགོག་པ་ལས་ས་བཅུ་གཉིས་ཐོབ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དེ། དེའི་ཆེད་དུའོ། །མདོར་བསྡུས་པ་ཡིས་ཞེས་པ་གསོལ་བ་འདེབས་པ་པོ་ཉོན་མོངས་པ་དང་བསྐལ་བ་དང་སེམས་ཅན་དང་ལྟ་བ་དང་ཚེའི་མཚན་ཉིད་ཀྱི་སྙིགས་མ་ལྔས་ཉེ་བར་བཅོམ་པའི་སྐྱེ་བོ་རྗེས་སུ་འཛིན་པར་མངོན་པར་དགོངས་པའི་ཕྱིར་རོ། །དང་པོའི་སངས་རྒྱས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སྟོན་པ་པོའི་ལན་གསུངས་པ། ཉོན་ཅིག་ཅེས་པ་ལ་སོགས་པའོ། །དབང་བསྐུར་དོན་ཞེས་པ་དབང་བསྐུར་དང་དེའི་དགོས་པའོ། །མཆོག་ཅེས་པ་མཆོག་ཏུ་མི་འགྱུར་པ་སྟེ། མཆོག་ཏུ་མི་འགྱུར་པའི་བདེ་བའི་ཐབས་ཉིད་ཀྱི་ཕྱིར་ལྷག་པར་འདོད་པ་མ་ཡིན་པ་ཡང་ངོ༌། །རྩའི་ཀུན་སྤྱོད་ལ་སོགས་པ་གསུངས་ཏེ། སྟེང་དང་འོག་ཏུ་ལ་ལ་ནཱ་ལ་སོགས་པ་རྩ་དྲུག་པོ་རྣམས་སུ་འཆད་པར་འགྱུར་པའི་རིམ་པས་སྲོག་དང་ཐུར་སེལ་གྱི་རླུང་ཡང་དག་པར་རྒྱུ་བའོ། །རྩོལ་པ་ནི་ཞེས་པ། ཡམས་ཉེ་བར་འགོག་པའོ་ཞེས་པའི་དབྱིངས་འདིའི། ཨཱ་སྟེ་ཀུན་ནས་འགོག་པ་ནི་སྲོག་རྩོལ་ཏེ། སྲོག་དང་


DTG015_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུར་སེལ་གྱི་རླུང་དག་འགོག་པ་ཞེས་པའི་དོན་ཏོ། །མདོར་བསྟན་པ་ཡིས་ཞེས་པ་མདོར་བསྡུས་པས་སོ། །རྣལ་འབྱོར་དང་རྣལ་འབྱོར་མ་ལ་སོགས་པའི་རྒྱུད་ཐམས་ཅད་དུ་མདོར་བསྟན་པ་རྣམ་པ་གསུམ་སྟེ་རྒྱས་པར་བཤད་པ་ཡང་ངོ༌། །དེ་ལ་མདོར་བསྟན་པ་རང་མིང་ཉིད་ཀྱིས་བརྗོད་པའོ། །རབ་ཏུ་མདོར་བསྟན་པ་ནི་གཉིས་པའོ། །མདོར་བསྟན་ཆེ་ནི་གསུམ་པའོ། །དེ་བཞིན་དུ་རྒྱས་པར་བཤད་པ་ཡང་རང་མིང་ཉིད་ཀྱིས་བརྗོད་པའོ། །རབ་ཏུ་རྒྱས་པར་བཤད་པ་ནི་གཉིས་པའོ། །གཞན་ཞེས་པ་རྒྱས་པར་བཤད་པ་ཆེན་པོ་སྟེ་གསུམ་པའོ། །མདོར་བསྟན་པ་དང་རྒྱས་པར་བཤད་པ་དག་ཉིད་ནི་རྒྱུད་ཡང་དག་པར་བསྡུས་པ་སྟེ། དེ་ལ་མདོར་བསྟན་པ་ཡང་དག་པར་བསྡུས་པ་ནི་ཉུང་དུའི་རྒྱུད་མཐའ་དག་སྟེ་དཔེར་ན་བརྒྱ་ཕྲག་བཅོ་བརྒྱད་པའི་གཞུང་དཔལ་འདུས་པ་ལ་སོགས་པ་ལྟ་བུའོ། །རྒྱས་པར་བཤད་པ་ཡང་དག་པར་བསྡུ་བ་ནི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་བསྟན་པ་མཐའ་དག་སྟེ་དཔེར་ན་སྟོང་ཕྲག་ཉི་ཤུ་ལྔ་པའི་དཔལ་འདུས་པ་ལ་སོགས་པ་ལྟ་བུའོ། །དེ་བཞིན་དུ་རབ་ཏུ་མདོར་བསྟན་གྱི་ཉུང་དུའི་རྒྱུད་ལ་དཀའ་འགྲེལ་ལོ། །འདིར་རྒྱས་པར་བཤད་པ་ནི་རབ་ཏུ་རྒྱས་བཤད་དུ་མངོན་པར་འདོད་དེ། རྩ་བའི་རྒྱུད་ལ་དཀའ་འགྲེལ་ལོ། །དེ་བཞིན་དུ་མདོར་བསྟན་ཆེན་པོས་ཉུང་དུའི་རྒྱུད་ལ་རྒྱ་ཆེ་འགྲེལ་ལོ། །འདིར་རྒྱས་པར་བཤད་པ་ནི་རྒྱས་བཤད་ཆེན་པོར་མངོན་པར་འདོད་དེ། རྒྱས་བཤད་ཆེན་པོས་རྩ་བའི་རྒྱུད་ལ་རྒྱ་ཆེ་འགྲེལ་ལོ། །དེ་ནི་སྟེ་ཡང་དག་པར་སྡུད་པ་དང་དཀའ་འགྲེལ་དང་རྒྱ་ཆེ་འགྲེལ་ཏེ་གསུམ་ཀའང༌། མངོན་ཤེས་ཐོབ་རྣམས་ཀྱིས་ཞེས་པ་ལྷའི་མིག་དང་ལྷའི་རྣ་བ་དང་ཕ་རོལ་གྱི་སེམས་ཤེས་པ་དང་རང་དང་གཞན་གྱི་སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ནམ་མཁའ་ལ་འགྲོ་བའི་རྫུ་འཕྲུལ་ཐོབ་པ་རྣམས་ཁོ་ན་ནས་བྱའོ། །མཁས་རྣམས་ཀྱིས་མིན་ཉིད་ཅེས་པ་རྟོག་གེ་སྐམ་པོ་གོམས་པས་སེམས་ཀྱི་རྒྱུད་ཉེ་བར་བཅོམ་པ། སོ་སོ་རང་གི་རིག་པར་བྱ་བ་ནང་གི་བདག་ཉིད་སྒོམ་པ་ལ་ཁ་ཕྱིར་ཕྱོགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་ལྟར་མདོར་བསྟན་པ་ལ་སོགས་པ་མཐའ་དྲུག་རྣམས་ཀྱིས་དང་ཇི་སྲིད་དུ་འཇིག་རྟེན་ཁམས་ལ་སོགས་པའི་བར་རྣམས་ཀྱིས་དག་པ་འདི་ནི་དང་པོའི་སངས་རྒྱས་ཀྱི་


DTG015_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱུད་དོ། །ཤིན་ཏུ་རྣམ་པར་དག་པ་དང༌། ཆོས་དང་སྔགས་དང་དབྱིབས་ཀྱི་རྡོ་རྗེའི་རྣལ་འབྱོར་རྣམས་ཀྱིས་ཏེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་རྣམས་སྙིང་རྗེ་དང་བྱམས་པ་དང་དགའ་བ་དང༌། བཏང་སྙོམས་ཀྱི་ཚངས་པའི་གནས་རྣམས་ལ་ལྷན་ཅིག་རིམ་པ་ལྟར་རོ་མཉམ་པའི་ངོ་བོ་ཅན། བཞི་པ་དང་ཤིན་ཏུ་གཉིད་ལོག་པ་དང་རྨི་ལམ་དང་སད་པའི་གནས་སྐབས་འཇིག་པར་བྱེད་པ། ལྷན་ཅིག་སྐྱེས་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་ངོ་བོ་རྣམས་ཀྱིས་སོ། །སྐད་ཅིག་གཅིག་དང་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བའི་མངོན་པར་རྫོགས་པའི་བྱང་ཆུབ་རྣམས་ཀྱིས་ཞེས་པ་ལ། སྐྱེ་བའི་རིམ་པས་ཕ་དང་མ་དག་གི་གཉིས་ཀའི་ཐིག་ལེ་རོ་མཉམ་པར་གྱུར་པའི་མའི་གསང་བའི་འཁོར་ལོར་སྐྱེ་བར་འདོད་པའི་ཀུན་གཞི་རྣམ་པར་ཤེས་པ་གང་སྐད་ཅིག་གཅིག་པོ་བདེ་བ་ཡང་དག་པར་རིག་པ་འབའ་ཞིག་པ། །ལུས་ཀྱང་ཉ་རོ་ཧི་ཏ་ལྟར་རྣམ་པ་གཅིག་པ་དེ་ནི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །གང་གི་ཚེ་མངལ་ན་གནས་པ་དེ་ཉིད་ཀྱི་གཟུགས་ལ་སོགས་པའི་བག་ཆགས་ཀྱི་བདག་ཉིད་ཅན་ཤེས་པ་ལྔ་ཡང་དག་པར་རིག་ཅིང༌། རུས་སྦལ་ལྟར་འབུར་པོའི་རྣམ་པ་ལྔ་འཐོན་པ་དེའི་ཚེ་རྣམ་པ་ལྔ་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེ་ནས་གང་གི་ཚེ་ཤེས་པ་ལྔ་པོ་རྣམས་ཀྱི་སོ་སོ་རང་གི་ས་ལ་སོགས་པའི་བག་ཆགས་ཀྱི་དབྱེ་བ་དང༌། ལུས་སོར་མོ་ཉི་ཤུ་རྫོགས་པ་དེའི་ཚེ་རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེ་ནས་མངལ་ནས་འཐོན་ཏེ་སྒྱུ་མའི་དྲ་བ་ལྟར་མཐའ་ཡས་པའི་དངོས་པོ་ཡང་དག་པར་རིག་པ་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །རྫོགས་པའི་རིམ་པས་ནི་དུ་བ་ལ་སོགས་པའི་མཚན་མ་བཅུ་པོ་རྣམས་ཀྱི་ཆུང་དུ་དང་འབྲིང་དང་ཆེན་པོ་དང་ཤིན་ཏུ་ཆེན་པོའི་དབྱེ་བས་སྒྲུབ་པ་བཞི་པོ་རྣམས་རྫོགས་པའི་བྱང་ཆུབ་པ་རྣམས་སོ། །ཕུང་པོ་རྣམས་ཀྱིས་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་ཡེ་ཤེས་རྣམས་ཀྱིས་སོ། །ཁམས་རྣམས་ཀྱིས་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ཡེ་ཤེས་རྣམས་ཀྱིས་


DTG015_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། །སྐྱེ་མཆེད་རྣམས་ཀྱིས་ནི་ལུས་དང་ལྕེ་དང་མིག་དང་སྣ་དང་རྣ་བ་དང་ཡིད་དང༌། དྲི་དང་གཟུགས་དང་རོ་དང་རེག་བྱ་དང་ཆོས་ཀྱི་དབྱིངས་རྣམས་ཀྱིས་སོ། །མང་པོའི་ཚིག་ལས་བཤད་ལམ་དང་རྐང་པ་དང་ལག་པ་དང་ངག་དང་མདོམས་དང་དུང་ཅན་མ་དང༌། བཤད་བ་གཏོང་བ་དང་འགྲོ་བ་དང་ལེན་པ་དང་སྨྲ་བརྗོད་དང་གཅི་བ་འཛག་པ་དང་ཁུ་བ་འཕོ་བ་རྣམས་ཀྱིས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་པར་དག་པ་སོ་སོར་རིགས་དྲུག་པོ་འདི་རྣམས་ཀྱིས་སོ། །འཇིག་རྟེན་གྱི་ཁམས་དང་ནང་དང་མངོན་པར་དབང་བསྐུར་བ་དང་སྒྲུབ་ཐབས་དང་ཡེ་ཤེས་ཞེས་བྱ་བའི་ལེའུ་ལྔ་པ་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་འཇིག་རྟེན་དང་སེམས་ཅན་སྦྱོང་བར་བྱེད་པ་དང་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དང་མཆོག་ཏུ་མི་འགྱུར་པའི་དོན་རབ་ཏུ་གསལ་བར་བྱེད་པ་རྣམས་ཀྱིས་སོ། །བདེན་གཉིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་གིས་སོ། །དང་པོའི་སྒྲ་ནི་ཐོག་མ་དང་ཐ་མ་མེད་པའི་དོན་ཏོ། །ཆོས་རྣམས་ཐམས་ཅད་ཕྱིན་ཅི་མ་ལོག་པར། །སངས་རྒྱས་ཟིན་ཏོ་ཞེས་པས་སངས་རྒྱས་སོ། །དང་པོ་ཡང་འདི་ཡིན་ལ་སངས་རྒྱས་ཀྱང་ངོ་ཞེས་པ་སྟེ་སྐྱེ་བ་དང་འཇིག་པ་དང་བྲལ་བ་ཐམས་ཅད་མཁྱེན་པ་ཞེས་པའི་དོན་ཏོ། །མཚན་ཡང་དག་པར་བརྗོད་པར། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་གཉིས་རྟོགས་མེད། །ཅེས་སོ། །སྙིང་རྗེ་སྟོང་ཉིད་སྐུ་ཅན་ཏེ། །དུས་ནི་ཀུན་རྫོབ་གཟུགས་ཅན་མ། །སྟོང་ཉིད་འཁོར་ལོ་ཞེས་པར་བཤད། །དུས་འཁོར་གཉིས་མེད་མི་འགྱུར་པའོ། །ཡང་ན་ཡི་གེ་རེ་རེའི་མིང་གིས་ཏེ། ཀ་ཡིག་ལས་ནི་རྒྱུ་ཞི་བ། །ལ་ཡིག་ལས་འདིར་ཐིམ་པ་ཉིད། །རྩ་ཡིག་ལས་ནི་གཡོ་བའི་སེམས། །ཀྲ་ཡིག་ལས་རིམས་བཅིངས་པས་སོ། །དང་པོར་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ནི་གསལ་ལོ། །དཀྱིལ་འཁོར་གྱི་བྱང་གི་སྒོར་སྒྲིབ་པ་དང་བཅས་པའི་ལུས་དག་པའི་དོན་དུ་ཆུ་དང་ཅོད་པ་ན་དག་གོ །ལྷོའི་སྒོར་དག་དག་པའི་དོན་དུ་དར་དཔྱངས་ཀྱི་དབང་སྟེ། རྡོ་རྗེ་དང་དྲིལ་བུའི་དབང་བསྐུར་ཡང་ངོ༌། །ཤར་དུ་སེམས་དག་པའི་དོན་དུ་བརྟུལ་ཞུགས་ཆེན་པོ་དང་མིང་གི་དབང་བསྐུར་དག་གོ །ནུབ་ཏུ་ཡེ་ཤེས་དག་


DTG015_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་དོན་དུ་རྗེས་སུ་གནང་བའི་དབང་བསྐུར་རོ། །དག་པ་གཞན་ཡང་ཡོད་ཅིང་དེ་གསུངས་པ། ས་ལ་སོགས་པའི་ཁམས་དྲུག་རྣམས་སྤྱན་མ་ལ་སོགས་པ་རིག་མ་དྲུག་ཉིད་དུ་གྲུབ་པ་གསལ་བར་བྱེད་པ་ནི་ཆུའི་དབང་བསྐུར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་དུ་རྫོགས་པ་ནི་ཅོད་པན་གྱི་དབང་ངོ༌། །དུ་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་སོ་སོར་ཐོབ་པའི་དོན་དུ་དཔའ་བོའི་དར་དབྱངས་ཀྱི་དབང་བསྐུར་བའོ། །རྡོ་རྗེ་མི་འགྱུར་ཆེ། དྲིལ་བུ་སངས་རྒྱས་སྐད་ཅེས་པར་སྦྱར་ཏེ། འཁོར་བ་བའི་སྡུག་བསྔལ་མཐའ་དག་གིས་མི་ཕྱེད་པ་ཉིད་ཀྱིས་དང༌། དེ་རྣམས་འབྱེད་པར་བྱེད་པ་ཉིད་ཀྱིས་ན་བདེ་བ་མི་འགྱུར་པ་ཆེན་པོ་ཁོ་ན་རྡོ་རྗེའོ། །མཐའ་ཡས་པའི་ལྷ་དང་མི་ལ་སོགས་པ་རྣམས་ལ་དེ་དང་དེའི་སྐད་ཀྱིས་རྒྱུན་མི་འཆད་པར་ཆོས་ཀྱི་བདུད་རྩི་བསྟན་པའི་དོན་དུ་གཞོམ་དུ་མེད་པའི་སྒྲའི་རང་བཞིན་རྡོ་རྗེ་དྲིལ་བུའོ། །ཉི་མ་ཟླ་བ་ཞེས་པ་སྲོག་དང་ཐུར་སེལ་གཡས་པ་དང་གཡོན་པར་འབབ་པ་དག་གཅིག་པ་ཉིད་ཨ་ཝ་དྷཱུ་ཏཱི་རུ་ཞུགས་པ་སྟེ་དེའི་དོན་དུ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པ་དག་གིས་འཁྱུད་པའི་ཚུལ་ནི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་དབང་བསྐུར་ཏེ་བཞི་པའོ། །ཐ་མལ་པའི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་འགོག་པ་ལས་ལྷའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་ལྷའི་རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་ཀྱི་གཟུགས་ཀྱི་ཡུལ་ལ་བེམས་པོ་མ་ཡིན་པར་རབ་ཏུ་འཇུག་པར་ངེས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་བསྐུར་ཏེ་ལྔ་པའོ། །བྲམ་ཟེ་ལ་སོགས་པའི་རིགས་རྣམས་གཅིག་ཏུ་བསྲེ་བའི་དགོངས་པས་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་མིང་གི་བྱེད་པ་ལས་བྱམས་པ་ལ་སོགས་པ་ཚངས་པའི་གནས་རྣམས་ཡོངས་སུ་རྫོགས་པས་མིང་གི་དབང་བསྐུར་བ་སྟེ་དྲུག་པའོ། །སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་ལ་བསམ་པའི་དབང་ཇི་ལྟ་བར་ཀུན་རྫོབ་དང་དོན་དམ་པའི་རྣམ་པར་དབྱེ་བས། མཆོག་ཏུ་གསང་བའི་རྡོ་རྗེ་ཐེག་པ་སྟོན་པའི་དོན་དུ་རྗེས་སུ་གནང་བའི་དབང་བསྐུར་བས་སངས་རྒྱས་ཉིད་རྫོགས་པར་བྱེད་པ་སྟེ་བདུན་པའོ། །དབང་བསྐུར་བདུན་པོ་འདི་རྣམས་ནི་


DTG015_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡུལ་ཚོན་གྱི་དཀྱིལ་འཁོར་རྣམ་པར་སྤངས་ནས་གཞན་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་དུ་སྦྱིན་པར་བྱ་བ་མ་ཡིན་ནོ། །སྔར་མདོར་བསྟན་པའི་དབང་བསྐུར་བཅུ་གཅིག་པོ་རྣམས་ཀྱི་ནང་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཁང་བཟངས་ཀྱི་ཐེམ་སྐས་སུ་གྱུར་པ་འོག་མའི་ཀུན་རྫོབ་ཀྱི་ངོ་བོ་ཅན་དབང་བདུན་པོ་རྣམས་རྣམ་པར་བཤད་ནས་རྣལ་འབྱོར་གྱི་ཀུན་རྫོབ་ཏུ་གྱུར་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དོན་དམ་པའི་རྗེས་སུ་མཐུན་པའི་དབང་བསྐུར་གསུམ་རྣམས། བུམ་པ་ཞེས་པ་ལ་སོགས་པས་མདོར་བསྟན་ནས། མཆོག་གི་དངོས་གྲུབ་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་གསུངས་པ། སླར་ཡང་ཞེས་པ་ལ་སོགས་པའོ། །ཤེས་རབ་ཆེན་པོ་ཞེས་པ་ཀུན་དུ་རྟོག་པས་མ་བརྟགས་པ་འཆད་པར་འགྱུར་པའི་ཕྱག་རྒྱ་ཆེན་མོའོ། །དེ་བསྒོམ་པ་ལས་ཡེ་ཤེས་ནི་དེ་ལས་སྐྱེས་པ་མི་འགྱུར་པའི་བདེ་བ་ཆེན་པོ་སྟེ། དབང་བསྐུར་བཅུ་གཅིག་པའོ། །བུམ་པ་ལ་སོགས་པ་བཞི་པོ་འདི་རྣམས་ཀྱི་མིང་རྗེས་སུ་འགྲོ་བ་དང་བཅས་པ་རྣམས་ནི་གྲངས་ཇི་ལྟ་བར་འགྱུར་པ་དང༌། མི་འགྱུར་པ་དང་འཛག་པ་དང་མི་འཛག་པ་ཞེས་བྱ་བ་རྣམས་སོ། །ལུས་ཞེས་པ་ལ་སོགས་པ་གོ་སླའོ། །དེ་བཞིན་དུ་བྱིས་པ་དང་དར་མ་དང་རྒན་པོ་དང་སྐྱེ་དགུའི་བདག་པོའི་མིང་ཅན་རྣམས་སོ། །ཤེས་རབ་ཅེས་པ་ལོ་བཅུ་གཉིས་མ་ནས་བརྩམས་ནས་ལོ་ཉི་ཤུ་མའི་བར་ཏེ། རང་གི་སེམས་དགའ་བར་འོས་པ་དབང་བསྐུར་བའི་སྐལ་བ་ཅན་དེའི་ནུ་མའི་ཡན་ལག་ལ་རེག་པས་བྱང་ཆུབ་སེམས་འཕོ་ཞེས་པ་གཙུག་ཏོར་གྱི་པདྨ་འདབ་མ་བཞི་པ་ལས་ཁུ་བ་བདུད་རྩིའི་རྒྱུན་དཔྲལ་བའི་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བར་འོངས་པ་ན་གང་སྐུའི་དགའ་བ་དང༌། གསུང་གི་དགའ་བ་དང༌། ཐུགས་ཀྱི་དགའ་བ་དང༌། ཡེ་ཤེས་ཀྱི་དགའ་བའི་བདག་ཉིད་ཀྱི་བདེ་བ་ཉམས་སུ་མྱོང་བ་དེ་ནི་དབང་བསྐུར་དང་པོ་ཐོབ་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་བའོ་མ་འཛིན་པས་དབང་བསྐུར་བ་བྱིས་པ་ཞེས་བརྗོད་དོ། །དེ་ནས་དེའི་གསང་བར་རྡོ་རྗེ་ཅུང་ཟད་བསྐྱོད་པས་བྱང་ཆུབ་སེམས་ནི་འཕོ་ཞེས་པ་མགྲིན་པའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་ནས་སྙིང་གའི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་གང་སྐུའི་མཆོག་དགའ་དང༌། ངག་གི་མཆོག་དགའ་


DTG015_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། ཐུགས་ཀྱི་མཆོག་དགའ་དང༌། ཡེ་ཤེས་ཀྱི་མཆོག་དགའི་བདག་ཉིད་ཀྱི་བདེ་བ་ཉམས་སུ་མྱོང་བ་གང་ཡིན་པ་དེ་སྔ་མ་ལས་ཤིན་ཏུ་ལྷག་པ་ཉིད་ཀྱི་ཕྱིར་དར་མ་གསང་བའི་དབང་བསྐུར་བའོ། །དེ་ནས་དྲག་པར་བསྐྱོད་པས་གཡོ་བར་བགྲོད་ཅེས་པ་ལྟེ་བར་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པ་ལས་གསང་བའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པར་འོངས་པས་ཁུ་བ་ཟླ་བའི་ཆ་བཅོ་ལྔའི་རྩེ་མོར་སོན་པས་ཤིན་ཏུ་དང་བར་ཞུ་བ་གཡོ་བ་ཞེས་བྱ་བའི་རྡོ་རྗེ་ནོར་བུའི་བུ་གའི་མཐར་བགྲོད་པས་གང་ཆེན་པོ་སྐུའི་ཁྱད་པར་གྱི་དགའ་བ་དང༌། གསུང་གི་ཁྱད་པར་གྱི་དགའ་བ་དང༌། སེམས་ཀྱི་ཁྱད་པར་གྱི་དགའ་བ་དང༌། ཡེ་ཤེས་ཀྱི་ཁྱད་པར་གྱི་དགའ་བའི་བདག་ཉིད་ཀྱི་བདེ་བ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་རྒན་པོ་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ཕྱག་རྒྱ་ཆེན་པོ་ཞེས་པ་ནམ་མཁའ་ལས་བྱུང་བའི་གཟུགས་ཏེ། དེ་རང་གི་ངང་གིས་འབྱུང་བའི་སྒོམ་པ་ཞེས་བྱ་བ་ལ་རྗེས་ཆགས་ལས་སྐྱེས་པ་གཡོ་མེད་ཅེས་པ་རྡོ་རྗེ་ནོར་བུ་ལས་ཕྱི་རོལ་དུ་གཡོ་ཞིང་ཟག་པ་འགོག་པ། གང་གི་ཟླ་བ་བདུད་རྩི་མི་འཛག་པའི་བདེ་བ་ཉིད་ཀྱིས་ན་སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ངག་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་ཅན་ཡེ་ཤེས་ཆེན་པོ་ཞེས་བྱ་བ་དབང་བསྐུར་བཞི་པའོ། །འདི་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྒྲིབ་པ་མེད་པ་ལྷག་པར་རྟོགས་པ། གྲུབ་པའི་དངུལ་ཆུས་ཟངས་ལ་སོགས་པ་རྣམས་གསེར་གྱི་ངོ་བོ་བཞིན་དུ་སྒྲིབ་པ་དང་བཅས་པའི་ཕུང་པོ་ལ་སོགས་པ་རྣམས་དེ་བཞིན་གཤེགས་པ་ཉིད་ལ་སོགས་པ་སྐྱེ་དགུའི་དངོས་པོར་འགྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར། སྐྱེ་དགུའི་བདག་པོའོ། །ཁུ་བ་སྟེང་དུ་གསང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པའི་འཁོར་ལོ་རྣམས་སུ་བགྲོད་པ་གཉིས་སུ་མེད་པ་མི་འགྱུར་པ་འདི་ཁོ་ནའི་མིང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞིའོ། །དཔྲལ་བར་བགྲོད་པ་ནི་ཤིན་ཏུ་རྣམ་པར་དག་པ་ལ་སོགས་པ་རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞིའོ། །གཙུག་ཏོར་དུ་བགྲོད་པ་ནི་དུས་ཀྱི་འཁོར་ལོའི་ཞེས་པ་སེམས་དཔའ་དྲུག་རྣམས་སོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བུད་ཤིང་མ་ལུས་པ་སྲེག་པའི་ཐམས་


DTG015_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེ་འདི་ཉིད་ཀྱིས་ནི་སྒྲུབ་བྱེད་དེ་གསལ་བར་འགྱུར་པ་དུ་བ་སོགས་རྣམས་ཀྱི་རྣལ་འབྱོར་པས་བྱའོ། །ཅི་ལྟར་གྱུར་པ་རྣམས་ཀྱིས་ཤེ་ན། རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་དང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ངེས་པའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་རབ་ཏུ་གྲགས་པ་སྟོང་པ་ལ་གློ་བུར་དུ་སོ་སོར་སྣང་བའི་ཕྱིར་རབ་གསལ་དེ་རྣམས་ཀྱིས་སོ། །རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ནུབ་པའི་ཕྱིར་བསམ་པ་མ་ཡིན་པ་རྣམས་ཀྱིས་སོ། །དེ་ཁོ་ན་ཉིད་ཀྱི་འབྲས་བུའི་སྔ་ལྟས་སུ་གྱུར་པ་ཉིད་ཀྱི་ཕྱིར་མཚན་མ་རྣམས་ཀྱིས་སོ། །གཟུང་བ་དང་འཛིན་པ་དང་བྲལ་བ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་བློ་ནི་ཤེས་རབ་སྟེ། དེའི་གཟུགས་བརྙན་རྣལ་འབྱོར་པ་ལ་མངོན་སུམ་དུ་སྣང་བ་རྣམས་ཀྱིས་སོ། །ཕྱི་དང་ནང་གི་དྲི་མས་མ་གོས་པ་ཉིད་ཀྱི་ཕྱིར་ནམ་མཁའ་དང་མཉམ་པ་རྣམས་ཀྱིས་སོ། །ཡོད་པ་དང་མེད་པ་ལ་སོགས་པའི་རྣམ་པར་རྟོག་པའི་རྙོག་པ་མཚན་མ་ཉིད་ཀྱི་ཕྱིར་ཡོད་དང་མེད་ལས་རྣམ་པར་འདས་པ་རྣམས་ཀྱིས་སོ། །རྣལ་འབྱོར་པའི་སོ་སོར་རང་གིས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རང་གི་སེམས་ཀྱི་རྟོགས་པའི་དོན་རྣམས་ཀྱིས་སོ། །རྣམ་པ་ཐམས་ཅད་དུ་མ་བྱས་པ་རྨད་དུ་བྱུང་བ་རང་བཞིན་མེད་པའི་དངོས་པོའི་ངོ་བོ་ཅན་ཉིད་ཀྱི་ཕྱིར་རྡུལ་ཕྲན་ལས་སྐྱེས་པའི་ཚོགས་པ་རྣམས་དོར་བ་རྣམས་ཀྱིས་སོ། །ཕྱི་ནང་མཐའ་དག་ཁྱབ་པ་དཀར་པོ་དུ་བའི་རྣམ་པ་སྟོང་པའི་སྣང་བ་སྟེ། འདི་ཡང་སྤྲིན་ལྟར་སྣང་བའི་དེ་མ་ཐག་ཏུ་འབྱུང་ངོ༌། །ཇི་སྐད་དུ་གསུངས་པ། དང་པོ་སྤྲིན་དང་འདྲ་བར་སྣང༌། །གཉིས་པ་དུ་བ་ལྟ་བུའོ། །ཞེས་སོ། །དེ་བཞིན་དུ་གཡོ་བའི་ཆུའི་རྣམ་པ་སྨིག་རྒྱུའོ། །མཁའ་སྣང་དང་སྒྲོན་མའི་རྣམ་པ་དག་ནི་རབ་ཏུ་གྲགས་སོ། །མཚན་མ་བཞི་པོ་འདི་རྣམས་ནི་བུག་པ་མེད་པའི་ཁང་བར་མུན་པ་ལ་འབྱུང་བ་ཉིད་ཀྱི་ཕྱིར། མཚན་མོའི་རྣལ་འབྱོར་དང་ནམ་མཁའི་རྣལ་འབྱོར་རོ། །ཇི་སྐད་དུ་དཔལ་གསང་བ་འདུས་པ་ལ་སོགས་པར་དང་པོ་དང་གཉིས་པ་བཟློག་པས་གསུངས་པ། འགོག་པ་རྡོ་རྗེར་བགྲོད་སེམས་ལ། །མཚན་མ་ཉེར་འཛིན་སྐྱེ་འགྱུར་པ། །དང་པོར་སྨིག་རྒྱུའི་རྣམ་པ་སྟེ། །གཉིས་པར་དུ་བ་ལྟ་བུའོ། །གསུམ་པར་


DTG015_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁའ་སྣང་རྣམ་པ་སྟེ། །བཞི་པར་སྒྲོན་མ་རབ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་སོ། །དེ་ནས་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བར་སྣང་བ་སྔོན་དུ་འགྲོ་བའི་མེའི་རྣམ་པ་སྟོང་བའི་སྣང་བ་ནི་འབར་བའོ། །ཟླ་བ་དང་ཉི་མའི་སྣང་བ་དག་ནི་རབ་ཏུ་གྲགས་སོ། །མུན་ཅན་ནི་སྒྲ་གཅན་གྱི་སྣང་བ་སྟེ་རིན་པོ་ཆེ་ནག་པོ་ལྟར་སྣང་བའོ། །ཆ་ཞེས་པ་གློག་གི་སྣང་བའོ། །ཐིག་ལེ་ཆེ་ཞེས་པ་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་གསལ་བར་བྱེད་པ་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བའོ། །མཚན་མ་དྲུག་བོ་འདི་རྣམས་ནི་སྤྲིན་མེད་པའི་ནམ་མཁའི་སྣང་བ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཉིན་མོའི་རྣལ་འབྱོར་དང་བླག་པ་མེད་པའི་རྣལ་འབྱོར་རོ། །དེ་ནས་དེའི་དབུས་སུ་སོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཀྱི་སངས་རྒྱས་ཀྱི་གཟུགས་མཐོང་བ་སྔོན་མ་ཅན། སྐད་ཅིག་གཅིག་ལ་ལག་པར་གནས་པའི་ཆུ་ལྟ་བུར་ཤིན་ཏུ་དང་པ་རྣམ་པ་ཐམས་ཅད་པའི་བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བ་ནི་སྣ་ཚོགས་གཟུགས་བརྙན་འོད་གསལ་བའོ། །བཀབ་དང་མ་བཀབ་མིག་དག་གིས། །ཞེས་པ་པར་སྣང་ལ་ལྟུང་བ་ཉིད་ཀྱིས་ན་ཕྱེད་བཙུམས་པའི་མིག་དག་གིས་སྟོང་པར་ཏེ་ནམ་མཁའ་ལ་གཟུང་བ་དང་འཛིན་པ་དང་བྲལ་བ་ལ་རྗེས་བརྟག་མིན་པ་རྣལ་འབྱོར་བའི་མངོན་སུམ་མོ། །གཟུགས་དེ་སྟེ་དུ་བ་ལ་སོགས་པ་བསྒོམ་པར་བྱ། རང་གིས་ཉམས་སུ་མྱོང་བར་བྱའོ། །རྣལ་འབྱོར་གཉི་ག་དག་ཀྱང་དཔལ་དང་པོའི་སངས་རྒྱས་སུ་བཀའ་སྩལ་པ། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་མི་འཛུམས་ན་རྡོ་རྗེའི་ལམ་དུ་རབ་ཞུགས་པས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མེད་མཁའ་སྣང་ཉིད་དང་མར་མེ་དང༌། །འབར་བ་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་བྲལ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་སོ། །རྒྱལ་བའི་ཡུམ་པར་མར་ཡང་བཀའ་སྩལ་པ། རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཉི་མ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པ་ཐམས་ཅད་


DTG015_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཞེས་པ་ལ་སོགས་པའོ། །ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བཀའ་སྩལ་པ། ཀཽ་ཤི་ཀ་གང་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ། །གང་བླག་བ་མེད་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པར། །སངས་རྒྱས་ཐམས་ཅད་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པ་ལ་སོགས་པའོ། །དེ་ལྟར་ནི། བླ་མའི་བཀའ་ཡིས་ཉམས་མྱོང་མེད་པ་ལས། །སྔགས་ཀྱི་ཚུལ་གྱི་གཏམ་དང་གཏམ་ཡིན་ཏེ། །གང་ཕྱིར་འདི་ནི་བླ་མའི་བཀས་གནང་བའི། །ཤེས་རབ་ལོངས་སྤྱོད་སྔོན་དུ་འགྲོ་བའོ། །རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་པོ་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་ངེས་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་གཉིས་རྟོག་མེད། །ཅེས་སོ། །གཞན་དུ་ཡང༌། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉིན་གཅིག་ཡོངས་སུ་བརྟག་པར་བྱ། །གལ་ཏེ་ཡིད་ཆེས་མ་གྱུར་ན། །དེ་ཚེ་དེར་དའི་ཚིག་དེ་བརྫུན། །ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གསུངས་པ། །གང་གི་བློ་ནི་རྟེན་མེད་པ། །ཡོད་དང་མེད་ལས་རྣམ་པར་འདས། །དེ་ཡིས་ཟབ་མོ་དམིགས་མེད་པ། །ཡིད་ཆེས་དོན་ལ་རྣམ་པར་བསྒོམ། །ཞེས་སོ། །འཕགས་པ་ལྷའི་ཞབས་ཀྱིས་ཀྱང༌། བཅོམ་ལྡན་སྲོག་གི་བདག་པོ་རྗེ་བོ་རང་ཉིད་ལ་ནི་ཐིམ་གྱུར་ཅིང༌། །འཚོ་བའི་རླུང་གི་རྒྱུ་བ་འབྱུང་དང་འཇུག་པའི་ཚོགས་རབ་ཞི་བར་གྱུར་པ་ན། །གང་ཞིག་རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་སྣང་བ་ཤིན་ཏུ་འོད་གསལ་རབ་འབྱམ་འདི། །རང་ལུས་ཉིད་ལས་ངས་འཐོན་མུན་པ་བཅོམ་ནས་འཇིག་རྟེན་གསུམ་པོ་གནོན་པར་བྱེད། །ཅེས་སོ། །ལ་བའི་ན་བཟའ་ཅན་གྱི་ཞབས་ཀྱིས་ཀྱང་གསུངས་པ། སྣང་བ་ཐོབ་པའི་རྣལ་འབྱོར་པས། །འདིར་ནི་རྟགས་ཞེས་བྱ་བ་སྟེ། །གྲུབ་ལ་འཁྲུལ་པ་མེད་པ་རྣམས། །


DTG015_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལམ་ནག་གི་ནི་དུ་བ་བཞིན། །ཞེས་སོ། །ཡང༌། གནས་སྐབས་དེ་ཡང་རྣམ་མི་ཤེས། །ཇི་ལྟའི་སྟོང་ཉིད་བརྗོད་པར་བྱ། །འཇིག་རྟེན་གྲགས་པ་ཁོ་ན་མིན། །མེད་པར་སྨྲ་དོན་རྗེས་འགྲོ་མིན། །མིག་དག་རེངས་པར་བྱེད་པ་དང༌། །མགོ་བོའང་དུད་པ་ཉིད་དུ་ནི། །སེམས་དང་སེམས་བྱུང་མི་གཡོ་དང༌། །སྟོང་ཉིད་མཐོང་བའི་སྟོང་བ་ཉིད། །ཅེས་པ་ལ་སོགས་པའོ། །ས་ར་ཧའི་ཞབས་ཀྱིས་ཀྱང༌། ཐམས་ཅད་དངོས་པོར་རྟོགས་པ་དང་ལྡན་གཡོ་བའི་ཡིད་ནི་འཁོར་བ་འདིར། །གཡང་སར་རབ་ཏུ་ལྟུང་འགྱུར་བློ་ཡང་རྨོངས་པར་རབ་ཏུ་ལྟུང་བར་འགྱུར། །གལ་ཏེ་འདིར་ནི་གང་ལས་དམིགས་པའི་དོན་མེད་ཆོས་རྣམས་རྟོགས་རེངས་པར། །གྱུར་པ་དེ་ཚེ་ལྷ་མོ་ཕྱག་འཚལ་བདེ་བ་དམ་པ་དཔལ་གྱི་མཐུ། །ཞེས་སོ། །གཞན་གྱིས་ཀྱང་གསུངས་པ། གང་དུ་དྲི་མ་མེད་པའི་མཁའ་ལ་མིག་ཕྱེད་བཙུམས་པ་ན། །ཐུགས་རྗེ་ཆེན་པོ་འཕྲོ་བས་རླན་པ་བསམ་བའི་རྟེན་ཟ་ལས། །ཡོད་དང་མེད་དང་གཉིས་དང་དངོས་དང་དངོས་མེད་འབྱེད་པ་བྲལ། །སྟོང་པ་ཉིད་ཀྱི་རྗེས་འགྲོ་དུ་སོགས་མཐའ་དག་གློ་བུར་འཆར། །དེ་བཞིན་དུ། དང་པོར་ཐོག་མཐའ་ལས་གྲོལ་བའི། །དབུ་མ་ཙམ་ལ་ཡང་དག་གནས། །གང་ཞིག་དེར་གནས་འདོར་བ་སྟེ། །འདི་ཡི་སྣང་བ་བཅུ་བདག་ཉིད། །ཅེས་སོ། །འདིར་བསོད་ནམས་དང་ལྡན་པ་རྣམས་ཀྱིས་བླ་མ་ཆེན་པོའི་བཀའ་དྲིན་ལས་བར་སྣང་ལས་ཁོང་དུ་ཆུད་པ་འདི་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་རྡོ་རྗེའི་གླུར་ཀུན་རྫོབ་དང་དོན་དམ་པའི་ཚིག་གིས་གསུངས་ཏེ། དཔལ་ལྡན་དཔའ་བོ་ས་ཧ་ར་ཡིས་གསུངས་པ། རྨོངས་པ་བར་སྣང་ཚད་རྣམས་ནི། །གལ་ཏེ་ཤེས་ན་རྨོངས་ཚོགས་གཅོད། །དང་པོར་རྣམ་དག་ནམ་མཁའ་ལ། །བལྟ་ཞིང་བལྟ་བས་མཐོང་བ་འགག །དེ་བཞིན་དུ། ཆོས་ཀྱི་ཚད་ནི་འདི་ཡིས་ཆོག །མིག་ཕྱེད་གྱེན་དུ་བལྟ་བ་ན། །མཐོང་བ་བརྟན་པ་ཉིད་ཀྱིས་ཤེས། །རྨད་བྱུང་ནམ་མཁའི་དཀྱིལ་ཤར་བྷུ་སུ་ཀུ། །སྟོང་པའི་གཟུགས་མཛེས་ལྟོས་ཤིག་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་རྒྱས་སོ་བྷུ་སུ་ཀུ། །རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང༌། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །མེ་ཏོག་འདི་ནི་སྟོང་བའི་དགོན་པར་རྒྱས། །དེ་བཞིན་དུ། ལཱ་མཱ་ནམ་མཁའི་མེ་ཏོག་ཤར། །


DTG015_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རབ་ཏུ་མི་གནས་ལྕི་བའོ། །བལྟ་ཞིང་བལྟ་བས་ནམ་ལངས་ཀྱང༌། །ཤཱནྟི་སྒྲོན་མས་ལམ་ཚོལ་ལོ། །དེ་བཞིན་དུ། སྐྱ་རེངས་ཤར་རོ་བྷུ་སུ་ཀུ། །ཤནྟིས་སྨྲས་པ་ནམ་ལངས་ཐུན། །གང་ཚེ་ཟླ་བ་ཉ་བ་ཤར་གྱུར་པ། །དེ་ཚེ་སེམས་ཀྱི་རྒྱལ་པོ་རབ་ཏུ་ཉལ། །དགའ་དང་སྙིང་རྗེའི་ཌ་མ་རུ་ཡི་སླ། །འཕགས་པ་ལྷ་ཡི་དམིགས་པ་མེད་པར་གསལ། །གཡོན་དང་གཡས་སུ་འཁྲོལ་བ་ལ། །ཀཱཧྣས་སྨྲས་པ་བར་ལམ་མོ། །སེམས་རྟོགས་རིན་ཆེན་རབ་དགས་གྲོལ། །གྲོང་ཁྱེར་མི་སྨྲ་རྨོངས་པ་རྣམས། །མེ་ཏོག་ལྔ་བྱུང་དེ་རུ་ཐིམ། །དགའ་བའི་སེམས་ནི་ནམ་མཁའ་བྱིན། །དེ་བཞིན་དུ། རྨད་དུ་བྱུང་བ་གང་ཞིག་མཐུ་ལས་བྱུང༌། །གང་ཞིག་ཉི་ཟླ་བཅིངས་ཤིང་སྒྲོན་མེ་སྦར། །ཤཱནྟི་རང་ཉིད་དབང་གཞག་རང་ཉིད་རྒོད། །ནམ་མཁའི་སྦྲུམ་མ་ལས་ནི་སྐྱེ་བ་མཐོང༌། །སླར་ཡང་ཟབ་མོའི་ཆོས་ཐོས་ནས་ནི་ལམ་ངན་པ། །མུན་པའི་ལམ་ལ་ཅི་ཡང་མཐོང་བ་མེད། །གལ་ཏེ་ནམ་མཁའི་རྩེ་མོར་མེ་ཏོག་རྒྱས། །ཤཱནྟི་ས་སྨྲས་པ་དེ་ཚེ་འཁྲུལ་པ་ཆད། །གཞན་རྣམས་ཀྱིས་ཀྱང་རབ་གསུངས་པ། །བར་སྣང་ལ་ནི་ཡིད་དང་རླུང་དང་མིག །དུས་གཅིག་ཏུ་ནི་གལ་ཏེ་ལེགས་སྦྱར་ན། །རྒྱལ་པོའི་ཡོན་ཏན་རིན་ཆེན་ངེས་པར་སྐྱེ། །འདི་རྣམས་མཐའ་དག་དེ་བཞིན་གཤེགས་བའི་གསུང༌། །སྣ་ཚོགས་རྣམ་རྟོག་བྲལ་ཞིང་མི་སེམས་པར། །གལ་ཏེ་བར་སྣང་ལ་ནི་མིག་གཏད་ན། །ཕྱོགས་བཅུའི་འཇིག་རྟེན་དག་ནི་ཡིན་ནམ་སྙམ། །རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་ཐོབ། དེ་བཞིན་དུ། རང་ཡིད་མཚན་ཉིད་མཐའ་དག་བྲལ་བ་ཡིས། །མིག་ཕྱེད་གྱེན་དུ་བལྟ་བ་དང་བཅས་པས། །གལ་ཏེ་དབུ་མར་རླུང་ནི་བུས་གྱུར་པ། །དེ་ཚེ་རྡོ་རྗེའི་མེ་དང་དུ་བ་འབྱུང༌། །ཞེས་སོ། །དེའི་ཕྱིར་སངས་རྒྱས་ཉིད་དོན་དུ་གཉེར་བས་ཐེ་ཚོམ་མེད་པར་དུ་བ་ལ་སོགས་པའི་ལམ་བསྒོམ་པར་བྱའོ། །འོ་ན་ཕྱག་རྒྱ་ཆེན་པོ་བསྒོམ་པའང་རྣམ་པར་རྟོག་པའི་རྙོག་པ་མཐའ་དག་གི་མཚན་མ་མེད་པ་མ་ཡིན་ནམ། སྒྲོ་བཏགས་པ་དེ་ཅི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། དངོས་མེད་ཅེས་པ་ལ་སོགས་པའོ། །མན་ངག་ཇི་ལྟ་བ་བཞིན་ཏེ། ཕྱི་རོལ་དང་ནང་གི་དངོས་པོ་མེད་པ་ལ་དེ་ཁོ་ན་ལ་གཟུགས་བརྙན་གྱིས་རྣལ་འབྱོར་བ་རྣམས་ཀྱིས་བསྒོམ་པ་


DTG015_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་ཏེ། སྒོམ་པ་དེ་ནི་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་སྒོམ་པ་མ་ཡིན་ནོ། །འོ་ན་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དག་རྣམ་པར་རྟོག་པ་ཉིད་དུ་ཁྱད་པར་མེད་ཕྱིར་ཅི་ལྟར་དངོས་པོ་མེད་པ་སྒོམ་པ་ནི་སྒོམ་པ་མ་ཡིན་ཞེ་ན། དངོས་པོ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་རྣལ་འབྱོར་པའི་སྟོང་པ་ཉིད་ཀྱི་གཟུགས་ལ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དག་མེད་པས་སོ། །ཅིའི་ཕྱིར་ཞེ་ན། གསུངས་པ། གང་གི་ཕྱིར་སྟོང་པ་ཉིད་ཀྱི་གཟུགས་ལ་མ་བརྟགས་པའི་དུ་བ་ལ་སོགས་པ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །བསམ་པ་ནི་འདི་ཡིན་ཏེ་གལ་ཏེ་བརྟགས་པར་གྱུར་ན་ནི་བུམ་པ་ལ་སོགས་པ་བཞིན་དུ་དངོས་པོར་འགྱུར་ཞིང༌། གལ་ཏེ་མཐོང་བ་མ་ཡིན་པར་གྱུར་ན་དེའི་ཚེ་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པར་འགྱུར་རོ། །འདིར་ནི་རྣམ་པར་བརྟགས་པ་མ་ཡིན་པར་མངོན་སུམ་དུ་མཐོང་བའི་ཕྱིར་ཐམས་ཅད་ལེགས་པར་གནས་སོ། །རྣམ་པར་མ་བརྟགས་པར་མཐོང་བ་འགྲུབ་པའི་དོན་དུ་རྗེས་སུ་མཐུན་པའི་དཔེ་གསུངས་པ། པྲ་ཕབ་པའི་སྒྲུབ་པ་བོས་བསམས་པ། དངོས་སྐྱེས་མིན་པ་ཆོམ་རྐུན་ལ་སོགས་པ་བེམས་པོའི་ཆོས་ལས་སྐྱེས་པ་མ་ཡིན་པའོ། །རྣམ་པར་མ་བརྟགས་པར་མཐོང་བ་འདི་ལ་དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པ་མ་ཡིན་ཏེ། དང་པོ་མ་ཡིན་པའི་དོན་བྱ་བའི་འབྲས་བུ་ཅན་ཉིད་ཙམ་ཉེ་བར་དམིགས་པའི་ཕྱིར་རོ། །འཇིག་རྟེན་ནའང་དངོས་པོ་བ་མེད་པའི་དོན་ཡང་སྒྱུ་མ་དང་རྨི་ལམ་དང་དབང་པོའི་གཞུ་ལ་སོགས་པ་མཐོང་ངོ༌། །དེ་ཉིད་ཀྱི་ཕྱིར་གསུངས་པ། མེད་པའི་ཞེས་པ་ལ་སོགས་པ་སྟེ། དེ་ཡང་རྣམ་པར་རྟོག་པ་མེད་པའི་ཤེས་པ་ལས་སྐྱེས་པའོ། །རྣམ་པ་ཐམས་ཅད་པའི་འགྲོ་བའི་དོན་ཕུན་སུམ་ཚོགས་པར་བྱེད་པ་ཉིད་ཀྱི་ཕྱིར་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །དཔེ་དག་གསུངས་པའི་སྔོན་མ་མཐོང་བའི་རྐུན་མོ་ལ་སོགས་པས་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མིག་གིས་གཞོན་ནུ་མ་འདིར་གནས་པས་པྲ་ཕབ་པར་གྱུར་པ་ན་མཐོང་སྟེ། སྒྲུབ་པ་པོའི་སྐྱེས་བུ་རྣམས་ཀྱིས་ནི་གནས་དེ་དང་དེར་སོང་ནས་གཞོན་ནུ་མས་སྨྲས་པ་ཐུན་མོང་བའི་མིག་ངག་གིས་མཐོང་ངོ༌། །བསམ་པ་ནི་འདི་ཡིན་ཏེ། རྣལ་འབྱོར་


DTG015_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་བྱང་ཆུབ་ཀྱི་སེམས་ཟླ་བ་མ་གཡོས་པས་ནི་གྲུབ་པའི་མན་ངག་གི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མིག་ཅན་གྱི་གཞོན་ནུ་མ་བཞིན་དུ་མན་ངག་མེད་པའི་སོ་སོ་སྐྱེ་བོས་རྟོགས་པར་བྱ་བ་མ་ཡིན་པ་ནམ་མཁའ་ལ་མཐོང་བའོ། །དེ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བའི་སེམས་སུ་གསུངས་པ། གལ་ཏེ་ཞེས་པ་ལ་སོགས་པའོ། །གཞན་གྱི་མིག་དཔྲལ་བ་ལ་སོགས་པ་ན་ཡོད་པ་དག་གིས་མི་མཐོང་ཞིང་རང་གི་མིག་དག་གིས་ཀྱང་མ་ཡིན་ཏེ། གཞན་གྱི་ཚེ་མ་མཐོང་བའི་ཕྱིར་རོ། །པྲ་ཕབ་པའི་དཔེ་འདིས་རྣལ་འབྱོར་པའི་མངོན་སུམ་ནི་རྣམ་པ་ཐམས་ཅད་དུ་རང་བཞིན་མེད་པའི་ཕྱིར་མ་སྐྱེས་པ་རྨི་ལམ་དུ་གཞོན་ནུ་མས་བུ་ཉེ་བར་དམིགས་པ་ལྟ་བུར་ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབ་བོ། །ཏིང་ངེ་འཛིན་རྒྱལ་པོའི་མདོར་གསུངས་པ། ཇི་ལྟར་རྨི་ལམ་ནང་འདིར་གཞོན་ནུ་མ། །དེ་ཡིས་བུ་སྐྱེས་པ་དང་ཤི་བའང་མཐོང༌། །སྐྱེས་ན་དགའ་དང་ཤི་ན་མྱ་ངན་གནས། །དེ་ལྟའི་དཔེ་ཡིས་ཆོས་ཀུན་ཤེས་པར་གྱིས། ཞེས་སོ། །གཟུགས་བརྙན་ཞེས་པ་རྣམ་པ་ཐམས་ཅད་པ་སྣ་ཚོགས་པའི་གཟུགས་བརྙན་ནོ། །སྲོག་རྩོལ་ནི་ལྟེ་བ་ལས་སྟེང་དང་འོག་གི་རྩ་གསུམ་གསུམ་རྣམས་སུ་རིམ་པ་ཇི་ལྟ་བར་སྲོག་དང་ཐུར་སེལ་གྱི་རླུང་དག་འགོག་པ་སྟེ། སྲོག་རྩོལ་ནི་ལུས་ལ་སོགས་པའི་ཁམས་འགོག་པར་བྱེད་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཅི་ལྟར་གྱུར་པ་རྣམས་སུ་ཞེ་ན། སྟེང་དུ་གཡོན་པ་དང་གཡས་པ་དང་དབུ་མ་རྣམས་སུ་དང༌། འོག་ཏུ་དབུ་མ་དང་གཡོན་པ་དང་གཡས་པ་རྣམས་སུ་ཟླ་བ་ལ་སོགས་པའི་ཁམས་འབབ་པ་རྣམས་སུ་སྟེ། དེ་བཞིན་དུ་ཆུ་ལ་སོགས་པ་འབབ་པ་རྣམས་ལའོ། །གཞན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ཀྱིས་སྐྱེ་བའི་གནས་ཉིད་ཀྱི་ཕྱིར་རིགས་རྣམས་ལའོ། །ཟླ་བ་ཞེས་པ། སྟེང་དུ་ཟླ་བ་ལ་སོགས་པའི་རྩ་གསུམ་ལུས་དང་ངག་དང་སེམས་རྣམས་ཏེ། འོག་ཏུ་བཤད་བ་ལ་སོགས་པའི་རྩ་གསུམ་ཡང་ངོ༌། །ཟླ་བ་ཞེས་པ་སྟེ། དེ་ལ་ཐབས་ཀྱི་སྟེ་ཁུ་བའི་ཁམས་ཀྱི་ཟླ་བའི་རྩ་སྐུ་རུ་འགྱུར་རོ། །ཤེས་རབ་ཀྱི་སྟེ་རྡུལ་གྱི་ཁམས་ཀྱི་ཉི་མའི་རྩ་གསུང་དུ་འགྱུར་རོ། །རྡུལ་གྱི་ཁམས་ཁོ་ནའི་བཤད་བའི་རྩ་ནི་སྐུའོ། །གཙོ་བོ་སྟེ་ཁུ་བའི་ཁམས་ཀྱི་གཅི་བ་འབབ་པ་གསུང་ཡིན་ནོ། །སྟེང་ཞེས་པ་ཁུ་བའི་ཁམས་ཀྱི་ཐུགས་སྒྲ་གཅན་འབབ་པ་སྟེ། རྡུལ་


DTG015_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་ཁམས་ཀྱི་ཐུགས་ཁུ་བ་འབབ་མའོ། །སྟེང་འོག་རིགས་དྲུག་ཅེས་པ་ཆུ་དང་རླུང་དང་ནམ་མཁའ་འབབ་པ་རྣམས་ཐབས་ཀྱི་ཡན་ལག་ཉིད་ཀྱི་ཕྱིར་དང༌། ས་དང་མེ་དང་ཡེ་ཤེས་འབབ་པ་རྣམས་ཤེས་རབ་ཀྱི་ཡན་ལག་ཉིད་ཀྱི་ཕྱིར་རོ། །ཕྱེད་དང་བཅས་པའི་ཟླ་བ་བཅུ་དང་ལྡན་པའི་ལོ་དགུ་བཅུ་རྩ་དྲུག་གི་ནང་དུ་འཆི་བ་དེ་འཆད་པར་འགྱུར་པའི་ངེས་པས་འཆི་ལྟས་སུ་འགྱུར་ཏེ་ལྷག་པའི་རླུང་འབབ་པ་རྣམས་ཀྱིས་སོ། །མུན་ཅན་ཞེས་པ་ལ་སོགས་པ་མདོར་བསྟན་པ་སྟེ། དེའི་རྒྱས་པར་བཤད་པ་སྐྱེ་དང་ཞེས་པ་ལ་སོགས་པའོ། །ཁུ་བ་འབབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཨ་ཝ་དྷཱུ་ཏཱི་ཡང་སྐྱེ་བ་ལ་སོགས་པའི་དུས་གསུམ་དུ་འབབ་པོ། །གཞན་ཡང་དུས་སྦྱོར་བཅུ་གཉིས་ལ་འཁོར་བར་མཚུངས་པའི་ཕྱིར་ཉི་མའི་སྟེ་སྲོག་གི་རླུང་གི་ལུག་ལ་སོགས་པའི་དུས་སྦྱོར་གྱི་བདག་ཉིད་སྣ་བུག་གཡོན་པ་ནས་གླང་ལ་སོགས་པའི་དུས་སྦྱོར་གྱི་བདག་ཉིད་གཡས་པའི་བུ་གར་འཕོ་བ་ན་མཉམ་པ་ཞེས་བྱ་བ་ཡང་འབབ་པོ། དེ་རྒྱས་པར་འཆད་པ། དུས་སྦྱོར་འཆར་བའི་ཞེས་པ་ལ་སོགས་པ་སྟེ། ཟླ་བ་དང་ཉི་མ་དག་ལ་མཉམ་པ་འབབ་པའི་ཕྱིར་མཉམ་པའོ། །མཉམ་པའི་གྲངས་གསུངས་པ། རྐང་ཞེས་པ་ལ་སོགས་པ་སྟེ་དུས་སྦྱོར་གཅིག་འཆར་པའི་མངོན་མཚམས་སུ་འཇུག་པ་དང་འབྱུང་བ་དག་གཅིག་ཏུ་བྱས་པའི་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་འབབ་པོ། །དེ་བཞིན་དུ་ཉིན་མོ་དང་མཚན་མོའི་དུས་སྦྱོར་བཅུ་གཉིས་ཀྱི་མཚམས་སུ་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱ་འབབ་པོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གང་དྲུག་བརྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ་རྣམས་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱ་པོ་འདི་ཡིས་དམན་པ་རྣམས་ལ་ལ་ནཱ་དང་ར་ས་ནཱ་འབབ་པོ། །ཉིན་ཞག་སོ་སོར་དབུ་མའི་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱ་པོ་རྣམས་ལོ་བརྒྱའི་ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་རྣམས་ཀྱིས་བསྒྱུར་ཏེ། དེ་ལས་ཉིན་ཞག་གི་དབུགས་དྲུག་བརྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་ཀྱིས་བགོས་ནས་ཐོབ་པ་དེ་རྣམས་ཉིན་ཞག་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་རྣམས་སོ། །དེ་རྣམས་ཀྱང་ཉིན་ཞག་དྲུག་ཅུས་ལྷག་པའི་སུམ་བརྒྱ་རྣམས་ཀྱི་རྣམ་པར་ཕྱེ་པ་རྣམས་ཕྱོགས་གསུམ་གྱིས་ལྷག་པའི་ལོ་གསུམ་རྣམས་སུ་འགྱུར་རོ། །


DTG015_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེང་དུ་གཡོན་པ་གང་ཡིན་པ་དེ་ཁོ་ན་ཟླ་བ་དང་རྐྱང་མ་དང་ལུག་དང་ཆུ་འབབ་པ་སྟེ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་རང་བཞིན་ནོ། །གཡས་པ་ནི་ཉི་མ་དང་སེར་སྐྱ་དང་གཞན་ཞེས་པ་རོ་མ་དང་མེ་འབབ་པ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཡང་ངོ༌། །འོག་ཏུ་དབུ་མ་བཤད་བའི་རྩ་དང་ས་འབབ་པ་སྟེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡང་ངོ༌། །གཡོན་པ་ནི་གཅི་བའི་རྩ་དང་རླུང་འབབ་པ་སྟེ། དོན་ཡོད་གྲུབ་པའི་རང་བཞིན་ནོ། །སྟེང་དུ་དབུ་མ་ནི་སྒྲ་གཅན་གྱི་རྩ་སྟེ་སྟོང་པ་འབབ་པར་བྱེད་མ་དང་མི་བསྐྱོད་པའི་རང་བཞིན་ནོ། །དེ་ཁོ་ན་འོག་ཏུ་གཡོན་པ་ཁུ་བའི་རྩ་སྟེ་ཡེ་ཤེས་འབབ་པར་བྱེད་མ་དང་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །བཤད་པའི་རྩ་སྟེང་དུ་ཟླ་བའི་ལམ་དང་གཅིག་ཏུ་འགྱུར་ཏེ་བུག་པ་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་གཅི་བའི་རྩ་ཉི་མ་དང་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་སྐྱེ་བ་ལ་སོགས་པ་བཞི་ལ་ཁུ་བའི་རྩ་སྒྲ་གཅན་དང་གཅིག་ཏུ་འགྱུར་རོ། །སྟེང་དུ་ཀུན་འདར་མ་ལ་སོགས་པ་མིང་གསུམ་སྟེ། འོག་ཏུ་མཁའ་འགྲོ་གདོང་ལ་སོགས་པ་མིང་གསུམ་མོ། །ལྟེ་བ་ལ་སོགས་པའི་པདྨ་ལྔའི་ཟེའུ་འབྲུ་རྣམས་སུ་འབྱུང་བའི་ཀུན་འདར་མར་སོན་པའི་སྲོག་གི་ནུས་པ་ས་ལ་སོགས་པ་ཁམས་རྣམས་རིམ་པས་འབབ་སྟེ། སྡུད་པ་ཡིས་ནི་ཤེས་པ་ཕྱི་རོལ་དུ་འབབ་པས་ཁམས་ཟད་པའི་ཕྱིར་རོ། །འཇུག་པ་ནི་གཙུག་ཏོར་གྱི་པདྨ་ལ་སོགས་པའི་རིམ་པས་ས་ལ་སྟེ། ལྟེ་བའི་པདྨ་ལ་ངལ་སོ་བར་བྱེད་དོ། །སྤྲོ་བས་ཞེས་པ་ནང་དུ་འབབ་པས་ལུས་ཀྱི་ཁམས་འཕེལ་བའི་ཕྱིར་རོ། །དེ་ལྟར་ཀུན་འདར་མར་འགྲོ་བ་དང་འོང་བདག་གོ །ལྷག་པར་ལུས་པ་ལས་རྐྱང་མ་དང་རོ་མ་དག་ལ་ནི་པདྨའི་འདབ་མ་རྣམས་ལ་སོང་བ་དང་འོངས་པའོ། །ལྟེ་བ་ལ་སོགས་པ་གསུམ་ལ་རིམ་པས་ལུས་ལ་སོགས་པ་གསུམ་འབབ་པར་བྱེད་པ་དུང་ཅན་མར་སོན་པའི་ཐུར་སེལ་གྱི་ནུས་པ་སྔ་མ་བཞིན་དུ་གནས་པའོ། །དུང་ཅན་མ་འདི་ཁོ་ན་ཆགས་པའི་བདེ་བ་ལས་ཁུ་བ་འབབ་པོ། །ཟླ་མཚན་གྱི་དུས་སྐུ་ནི་དེ་ཁོ་ན་ཁྲག་འབབ་པོ་ཞེས་པ་ལ་སོགས་པས་ཤེས་རབ་དང་ཐབས་འཁྱུད་པ་འཆད་པར་འགྱུར་པའི་མདོར་བསྟན་པ་ནི་ཤེས་རབ་ཅེས་པ་ལ་སོགས་པའོ། །བུད་མེད་རྣམས་ཀྱི་དུང་ཅན་མ་ཁོ་ན་རྡུལ་འབབ་པའི་ཕྱིར་གཏུམ་མོ་སྟེ་ཁུ་བ་འབབ་


DTG015_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཕྱིར་མཁའ་འགྲོ་གདོང་ངོ༌། །ཀུན་འདར་མ་ནི་རྡུལ་འབབ་པ་གཡུང་མོ་སྟེ་སྐྱེས་པའི་ནི་ཀུན་འདར་མ་ཁོ་ནའོ། །སྣ་བུག་གཡོན་པ་ལ་འཆད་པར་འགྱུར་པའི་རིམ་པས་རྣམ་པར་ཤེས་པ་དང་འདུ་བྱེད་དང་ཚོར་བ་དང་འདུ་ཤེས་དང་གཟུགས་ཞེས་བྱ་བའི་ཕུང་པོ་ལྔ་འབབ་པོ། དེ་བཞིན་དུ་གཡས་པ་ལས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞེས་བྱ་བའི་ཁམས་ལྔ་འབབ་པོ། །དབུས་སུ་ཞེས་པ་ཀུན་འདར་མ་ལ་ཕུང་པོ་དང་ཁམས་ཀྱི་བདག་ཉིད་ཅན་དྲུག་པ་ཡེ་ཤེས་ཀྱི་ཁམས་འབབ་པོ། །ལྟེ་བའི་པདྨའི་འདབ་མའི་གཡོན་གྱི་འདབ་མ་དྲུག་པོ་ལུག་དང་འཁྲིག་པ་དང་སེང་གེ་དང་སྲང་དང་གཞུ་དང་བུམ་པའི་བདག་ཉིད་ཅན་རྣམས་ལ་སོ་སོར་རྣམ་པར་ཤེས་པ་ལ་སོགས་པ་ལྔའི་བདག་ཉིད་ལས་དཀྱིལ་འཁོར་སུམ་ཅུ་རྣམས་སོ། །དེ་བཞིན་དུ་གཡས་ཀྱི་འདབ་མ་དྲུག་པོ་གླང་དང་ཀརྐ་ཊ་དང་བུ་མོ་དང་སྡིག་པ་དང་ཆུ་སྲིན་དང་ཉའི་བདག་ཉིད་ཅན་རྣམས་ལ་སོ་སོར་ས་ལ་སོགས་པ་དཀྱིལ་འཁོར་ལྔའི་བདག་ཉིད་ཅན་ཉིད་ལས་དཀྱིལ་འཁོར་སུམ་ཅུ་རྣམས་སོ། །རྩ་བར་ཞེས་པ་བུག་པ་གཡས་པའི་གནས་སུ་དབྱུ་གུ་རེ་རེས་ས་ལ་སོགས་པའི་དཀྱིལ་འཁོར་རེ་རེ་འབབ་པོ། སྣ་བུག་གཡོན་པའི་འདབ་མའི་དབུས་སུ་ཞེས་པ་ལ་སོགས་པས་འཆད་པར་འགྱུར་ཏེ། དེ་ལ་ལྟོས་པས་ན་སྣ་བུག་དག་ལའོ་ཞེས་གསུངས་སོ། །ས་ལ་སོགས་པ་དཀྱིལ་འཁོར་ཁོ་ན་ཆུ་ཚོད་དེ། །དེ་ལས་ཆུ་ཚོད་གཅིག་ནི་འཇུག་པ་དང་འབྱུང་བ་དག་གཅིག་ཏུ་བྱས་ནས་དབུགས་དྲུག་ཅུ་དང་བཅས་པའི་བརྒྱ་ཕྲག་གསུམ་འབབ་པོ། །དེ་ལྟར་དཀྱིལ་འཁོར་ལྔས་དུས་སྦྱོར་ཞེས་བྱ་བས་དབུགས་བརྒྱ་ཕྲག་བཅོ་བརྒྱད་རྣམས་སོ། །དེ་ལྟར་དུས་སྦྱོར་བཅུ་གཉིས་ཀྱིས་བརྒྱ་ཕྲག་དྲུག་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་དབུགས་དབྱུང་བ་དང་འཇུག་པ་རྣམས་ཏེ། ལུས་ལ་ཆུ་ཚོད་དྲུག་ཅུ་རྣམས་སུ་འགྱུར་རོ། །སྣ་བུག་གཡོན་པ་ལ་འབབ་པའི་རིམ་པ་ནི་འདབ་མའི་དབུས་སུ་ནི་སྣ་བུག་གི་དབུས་སུའོ། །ཕུང་པོ་རྟེན་ནི་འབྱུང་བ་ཞེས་པའི་གསུང་ལ་བརྟེན་པ་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་རྣམས་དང་ལྷན་ཅིག་རྟེན་ནམ་མཁའ་ལ་རླུང་དང་ཆུ་དང་མེ་དང་སའི་ཁམས་ཀྱི་དབྱེ་བས་གསུངས་པ། ནམ་མཁའ་སོགས་ཞེས་བྱའོ། །གཞན་ལས་


DTG015_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ་ཞེས་པ་སྔ་མ་བཞིན་དུ་རྩ་བ་ནས་བརྩམས་ནས་ཞེས་པའི་དོན་ཏོ། །གཡོན་པར་རྣམ་ཤེས་སོགས་པས་འབྱུང་བ་ཞེས་སྤྲོ་བར་རྣམ་པར་གཞག་པར་བྱ་སྟེ་ཟླ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཡས་པར་ས་ལ་སོགས་པས་སྡུད་པ་སྟེ་ཉི་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་གང་གཡོན་པར་ཟླ་བ་གནས་པ་ཤེས་རབ་དང་བཅས་པའི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་རྣམ་པར་ཤེས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང༌། གཡས་པར་ཐབས་དང་བཅས་པའི་སྤྱན་མ་ལ་སོགས་པའི་རང་བཞིན་ས་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ། སྔགས་དང་ལྷའི་བདག་ཉིད་སྤྲོ་བ་དང་སྡུད་པའི་ངོ་བོ་ཅན་ལྷན་ཅིག་སྐྱེས་པ་སེམས་ཅན་ཐམས་ཅད་ལ་གནས་པའོ། །ཤེས་རབ་ཅེས་པ་ལ་སོགས་པས་མདོར་བསྟན་པ་དེའི་ཤེས་རབ་དང་ཐབས་ཉིད་རྒྱས་པར་འཆད་དེ་ནུབ་ཅེས་པའོ། །སྣམ་བུ་སོ་སོར་ནུབ་ཏུ་སྟེ་ནུབ་ཕྱོགས་སུ་སའི་རང་བཞིན་སྤྱན་མ་དང་རྣམ་པར་སྣང་མཛད་དག་གོ །ཤར་དུ་རླུང་གི་རང་བཞིན་སྒྲོན་མ་དང་དོན་ཡོད་གྲུབ་པ་དག་གོ །དེ་ལ་རྣམ་པར་སྣང་མཛད་ཀྱི་ཤེས་རབ་སྒྲོན་མ་སྟེ་དོན་ཡོད་གྲུབ་པའི་ནི་སྤྱན་མའོ་ཞེས་པ་ཕན་ཚུན་ཞལ་ཕྱོགས་པས་འཁྱུད་པའི་ངེས་པའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔས་མཛད་པའི་ཐབས་དང་བྲལ་བ་བསྡུས་པའི་རྒྱུད་ཉན་པ་མ་རྙེད་པ་རྣམས་ལ་ཡང་དག་པར་ཡིད་ཆེས་པར་བྱེད་པའི་དོན་གསལ་བར་ཤེས་པར་བྱེད་པ་གསུངས་པ་མཐེ་བོ་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ལག་པ་གཡོན་པའི་མཐེ་ཆུང་ལ་སོགས་པ་སོར་མོ་ལྔ་རྣམས་ནམ་མཁའ་ལ་སོགས་པའི་རང་བཞིན་རྣམས་ཀྱི་དབུས་སུ་མཐེ་བོ་དང་མིང་མེད་ས་དང་རླུང་གི་རང་བཞིན་དག་གིས་འཁྱུད་པ་ཚིམ་པར་བྱེད་པའི་ཕྱག་རྒྱ་སྟེ་གསང་བའི་དབང་བསྐུར་གྱི་དོན་དུ་སློབ་མའི་ཁ་དང་ལྷ་མཉེས་པར་བྱེད་པ་ལ་ཡང་སྟོན་པ་དེའི་ཕྱིར་ས་དང་རླུང་ཤེས་རབ་དང་ཐབས་ཉིད་དུ་གྲུབ་པོ། །འདིས་བཤད་བ་དང་གཅི་བའི་རྩ་དག་ཤེས་རབ་དང་ཐབས་ཉིད་དུ་གཞུང་བཙུགས་སོ། །གཡས་སུ་མེའི་རང་བཞིན་གོས་དཀར་མོ་དང་རིན་ཆེན་འབྱུང་ལྡན་དག་གོ །གཞོན་ནུ་ཆུའི་རང་བཞིན་མཱ་མ་ཀཱི་དང་འོད་དཔག་ཏུ་མེད་པ་དག་གོ །དེ་ལ་འོད་དཔག་མེད་ཀྱི་ཤེས་རབ་གོས་དཀར་མོ་སྟེ་རིན་ཆེན་འབྱུང་ལྡན་གྱི་མཱ་མ་


DTG015_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀཱིའོ། །གང་གི་ཕྱིར་ལག་པ་གཡས་པའི་གུང་མོ་དང་མཛུབ་མོ་མེ་དང་ཆུའི་རང་བཞིན་དག་གིས་འཁྱུད་པ་རལ་གྲིའི་ཕྱག་རྒྱ་ལ་སྟོན་པ་དེའི་ཕྱིར་མེ་དང་ཆུ་དག་ཤེས་རབ་ཐབས་ཉིད་དུ་གྲུབ་སྟེ། འདིས་ནི་རོ་མ་དང་རྐྱང་མ་དག་ཤེས་རབ་དང་ཐབས་ཉིད་དོ། །དབུ་མ་ལ་སྟེང་གི་ཕྱོགས་སུ་རྣམ་པར་གནས་པ་སྟོང་པའི་ངོ་བོ་མི་བསྐྱོད་པ་ནི་འོག་གི་ཕྱོགས་སུ་རྣམ་པར་གནས་པ་མི་འགྱུར་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་འཁྱུད་པའོ། །ཕན་ཚུན་ཞེས་པས་འཆད་པར་འགྱུར་པའི་སྟེང་དང་འོག་ཏུ་གནས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་རྡོ་རྗེ་སེམས་དཔའ་དག་འཁྱུད་པ་ཡང་ལྟོས་པའོ། །སྔ་མ་ཕྱེད་ཤེས་པར་བྱེད་པ་ནི། གང་གི་ཕྱིར་ལག་པ་གཡས་པའི་ཁུ་ཚུར་ལ་མཐེ་ཆུང་ཟླ་བ་ཕྱེད་པའི་རྣམ་པར་བྱས་པ། མི་བསྐྱོད་པའི་མཆེ་བའི་ཕྱག་རྒྱ་གང་ཡིན་པ་དེ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲི་གུག་གི་ཕྱག་རྒྱ་ཡིན་པ་དེའི་ཕྱིར་སྟོང་པ་དང་ཡེ་ཤེས་ཀྱི་རིགས་ཅན་དག་ཤེས་རབ་དད་ཐབས་ཉིད་དོ། །འདིས་ནི་ཀུན་འདར་མ་དང་དུང་ཅན་མ་དག་ཤེས་རབ་དང་ཐབས་ཉིད་དོ། །དེ་མ་ཐག་ཏུ་འཆད་པར་འགྱུར་པའི་ཚིགས་སུ་བཅད་པས་རིགས་དྲུག་པ་འཁྱུད་པའི་ཤེས་པར་བྱེད་པ་གསུངས་ཏེ། གང་གི་ཕྱིར་ལག་པའི་མཐིལ་གཡོན་པ་དང་གཡས་པ་སྦྱར་བར་བྱས་པ་སྤྱི་བོར་བཟུང་བ་ན་གང་གི་ཚེ་སྟོང་པ་ལ་སོགས་པའི་རང་བཞིན་སོར་མོ་རྣམས་ཕན་ཚུན་སྦྱོར་བ་དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར་བ་བྱས་པ་དེའི་ཚེ་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་ཡིན་ཞིང༌། དེ་ཁོ་ན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གྲི་གུག་གི་ཕྱག་རྒྱ་ཆུ་གྲིའི་རྣམ་པ་ཅན་ཡིན་ཏེ། དེའི་ཕྱིར་འདི་དག་ཤེས་རབ་དང་ཐབས་ཉིད་དོ། །ཕྱི་རོལ་དུ་གྲི་གུག་དང་བཅས་པའི་རྡོ་རྗེ་རྩེ་གཅིག་པའི་བདག་ཉིད་རིགས་དྲུག་པ་གང་ཡིན་པ་དེ་ཡང་ནང་དུ་མཉམ་པ་སྟེ་ཉི་མ་དང་ཟླ་བ་མཉམ་པར་འབབ་པ་ཉིད་ཀྱི་ཕྱིར་རོ། །དབུ་མའི་རྩ་སྟེ་ཨ་ཝ་དྷཱུ་ཏཱིར་འབབ་ནའོ། །མཉམ་པ་ནི་སྐྱེ་བའི་དུས་སུ་འབབ་པ་ལས་སྤྲོ་བའི་རྒྱུ་སྟེ། འཆི་བའི་དུས་སུ་འབབ་པ་ལས་སྡུད་པའི་རྒྱུའོ། །ཡང་ན་རྣལ་འབྱོར་པ་རྣམས་ཀྱི་དེ་ཁོ་ན་ཉིད་སྒོམ་པས་ཕྱི་རོལ་དུ་འབབ་པ་འགགས་པ་ནི་འཇིག་རྟེན་ལས་འདས་པའི་ཕུང་པོ་ལ་སོགས་པའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་སྤྲོ་བའི་རྒྱུ་སྟེ།


DTG015_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་བ་པ་རྣམས་ཀྱི་མ་འགགས་པ་ནི་ཕུང་པོ་ལ་སོགས་པ་རྣམ་པར་འཇིག་པར་བྱེད་པ་ཉིད་ཀྱིས་ནི་སྡུད་པའི་རྒྱུའོ། །དེ་ལ་མཉམ་པ་ནི་སྔར་བརྗོད་པའི་སྣ་བུག་གཡོན་པར་འབབ་པའི་ཕུང་པོ་ལྔ་དང༌། སྣ་བུག་གཡས་པར་འབབ་པའི་ཁམས་ལྔ་དང༌། ལྟེ་བ་དང་གསང་བ་དང་ནོར་བུའི་པདྨར་གནས་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་དབུ་མའི་རྩར་སོན་པ་ན་གཅིག་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟར་རླུང་འབབ་པའི་རྣམ་པར་གཞག་པའི་ཟོལ་གྱིས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་དང་ཡེ་ཤེས་ཀྱི་རྣམ་པར་གཞག་པ་གསུངས་པའོ། །གང་གི་ཚེ་སྟེང་དུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་རྩ་རྣམས་འགོག་པ་དེའི་ཚེ་འོག་ཏུ་བཤང་གཅི་དང་ཁུ་བའི་རྩ་རྣམས་འགོག་པའོ། །དེ་བཞིན་དུ་སྟེང་དུ་གསུམ་པོ་གྲོལ་ན་འོག་ཏུ་འང་གྲོལ་བའོ། །རྩ་དྲུག་པོ་དེ་རྣམས་ཀྱང་སྔ་མ་བཞིན་དུ་སྤྲོ་བ་དང་སྡུད་པའི་བྱེད་པ་ཅན་ནོ། །ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་ཚེ་ཐུང་བ་རྣམས་ཀྱི་ལུས་ལ་རླུང་དང་མཁྲིས་པ་དང་བད་ཀན་མི་མཉམ་སྟེ། མི་མཉམ་པ་ལས་སྲོག་ཅེས་བྱ་བའི་རླུང་དབྱུ་གུ་ལྔ་ལྔ་འབབ་པའི་རིམ་པ་ལས་བརྒལ་ནས་གཡོན་པའི་རྩར་ལྷག་པར་འབབ་པོ། །ཅི་ལྟར་ལྷག་ཅེ་ན་གསུངས་པ། མཚན་མོ་གཅིག་སྟེ་ཉིན་མཚན་འབབ་པ་དེའི་ཚེ་འཆི་ལྟས་ཀྱི་ཉིན་ཞག་ནས་བརྩམས་ཏེ་ལོ་གསུམ་རྣམས་ཀྱིས་འཆི་བར་ཤེས་པར་བྱའོ། །དེ་བཞིན་དུ་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་རྣམས་ཀྱི་རྩ་གཡས་པ་ལ་ཉིན་མཚན་ལྔ་འབབ་པ་ལས་ལོ་གསུམ་རྣམས་ཀྱིས་འཆི་བའོ། །དེ་ལྟར་མདོར་བསྟན་ནས་རེ་ཞིག་ཉི་མའི་འཆི་ལྟས་རྒྱས་པར་འཆད་དེ། ཁྱིམ་གྱི་བདག་ཉིད་ཀྱི་འདབ་མ་བཅུ་གཉིས་པ་ལྟེ་བའི་པདྨའི་ནང་གི་ཡོངས་སུ་བསྐོར་བའི་ཤར་གྱི་འདབ་མ་ཉིན་མཚན་ལྔར་སྲོག་འབབ་པོ། །དེ་ནས་གཡས་སུ་བསྐོར་བས་འདབ་མ་གཉིས་པ་ལ་ཕྱོགས་ཞེས་པ་བཅུའོ། །གསུམ་པ་ཚེས་རྣམས་ཏེ་བཅོ་ལྔ་རྣམས་སོ། །བཞི་པ་ལ་ཉི་ཤུའོ། །ལྔ་པ་ལ་དེ་གཉིས་རྣམས་ཏེ། ཉི་ཤུ་རྩ་ལྔ་རྣམས་སོ། །དྲུག་པ་ལ་དེ་ཉིད་རྣམས་ལས་གཅིག་ལྷག་རིམ་པས་ཏེ་ཉི་ཤུ་རྩ་དྲུག་གོ །བདུན་པ་ལ་སླར་ཡང་གཅིག་ལྷག་རིམ་པས་ཏེ་ཉི་ཤུ་རྩ་བདུན་ནོ། །ཉིན་


DTG015_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞག་སུམ་ཅུ་གསུམ་རྒྱུ་ན་ཞེས་པ་བརྒྱད་པ་ལ་བཅོ་ལྔའོ། །དགུ་པ་ལ་བཅུའོ། །བཅུ་པ་ལ་ལྔའོ། །བཅུ་གཅིག་པ་ལ་གསུམ་རྣམས་སོ་ཞེས་པ་སུམ་ཅུ་རྩ་གསུམ་རྣམས་སོ། །བཅུ་གཉིས་པ་ལ་ནི་སྟོང་པ་སྟེ། སླར་ཡང་གཡས་པའི་རྩ་ལ་འབབ་པ་མེད་པའི་ཕྱིར་རོ་ཞེས་པ་འཆི་ལྟས་ཀྱི་ཉིན་ཞག་འབབ་པའི་རིམ་པའོ། །ད་ནི་འཆི་ལྟས་ཀྱི་བདག་ཉིད་འཚོ་བའི་དུས་ཀྱི་རིམ་པ་གསུངས་ཏེ། དེ་རྟོགས་པའི་དོན་དུ་ཡོངས་སུ་ཟླུམ་པོ་རིམ་པ་གཉིས་པ་བྲིས་པ་ལས། གསུམ་གཉིས་གཅིག་ཅེས་པ་སྟེ་ལོ་རྣམས་ཏེ། འདབ་མ་སྔ་མ་ལ་གསུམ་རྣམས་སོ། །གཉིས་པ་ལ་གཉིས་དག་གོ །གསུམ་པ་ལ་གཅིག་གོ །ཟླ་བ་རྣམས་ཀྱང་བཞི་པ་ལ་དྲུག་གོ །ལྔ་པ་ལ་གསུམ་མོ། །དྲུག་པ་ལ་གཉིས་སོ། །བདུན་པ་ལ་གཅིག་གོ །ཉིན་ཞག་རྣམས་ནི་བརྒྱད་པ་ལ་བཅོ་ལྔའོ། །དགུ་པ་ལ་བཅུའོ། །བཅུ་པ་ལ་ལྔའོ། །བཅུ་གཅིག་པ་ལ་གཉིས་དག་གོ །པདྨའི་ཟེའུ་འབྲུལ་གཅིག་གོ །འདིས་འདི་གསུངས་ཏེ། དང་པོར་འདབ་མ་སྔོན་མ་ལ་ཉིན་ཞག་ལྔ་རྣམས་འབབ་པོ། །དེ་ནས་ཚེ་ལོ་བརྒྱ་པ་རྣམས་ཀྱི་བཞིན་དུ་འཕོ་བ་བཅུ་གཉིས་ཀྱིས་འཚོ་བར་བྱ་བའི་ལོ་གསུམ་གྱི་སུམ་ཅུ་རྩ་ལྔས་ལྷག་པའི་ཉིན་ཞག་བརྒྱ་ཕྲག་གསུམ་འབབ་པོ། །དེ་ཡང་གཞན་ལ་ཞུགས་པ་ལས་འདབ་མ་དེ་སྐམ་མོ། །གཉིས་པ་ལ་ཉིན་ཞག་བཅུ་རྣམས་འབབ་པོ། །ཡང་འཕོ་བ་བཅུ་གཅིག་གིས་ཉིན་ཞག་བཞི་བཅུ་རྩ་ལྔས་ལྷག་པའི་སུམ་བརྒྱ་འབབ་པོ། དེ་བཞིན་དུ་གསུམ་པ་ལ་སོགས་པ་ལ་སྔར་ལྟར་འབབ་སྟེ། དེ་ལ་གསུམ་པ་ནི་འཕོ་བ་བཅུ་གཉིས་ཞག་བདུན་ཅུས་ལྷག་པའི་བརྒྱ་འབབ་ཅིང་སྐམ་པར་བྱེད་དོ། །བཞི་པ་ནི་འཕོ་བ་དགུས་ཉིན་ཞག་བརྒྱད་ཅུ་རྩ་གཉིས་འབབ་ཅིང་སྐམ་མོ། །ལྔ་པ་ནི་འཕོ་བ་བརྒྱད་ཀྱི་ཉིན་ཞག་ལྔ་བཅུ་རྩ་བདུན་འབབ་ཅིང་སྐམ་པར་བྱེད་དོ། །དྲུག་པ་ནི་འཕོ་བ་བདུན་གྱིས་ཉིན་ཞག་ཉི་ཤུ་རྩ་བརྒྱད་འབབ་ཅིང་ངོ༌། །བདུན་པ་ནི་འཕོ་བ་དྲུག་གིས་ཉིན་ཞག་ཉི་ཤུ་རྩ་བདུན་འབབ་ཅིང་ངོ༌། །བརྒྱད་པ་ནི་འཕོ་བ་ལྔས་ཉིན་ཞག་བཅོ་ལྔ་འབབ་ཅིང་ངོ༌། །དགུ་པ་ནི་འཕོ་བ་བཞིས་ཉིན་ཞག་བཅུ་འབབ་ཅིང་ངོ༌། །བཅུ་པ་ནི་འཕོ་བ་གསུམ་གྱིས་ཉིན་ཞག་ལྔ་འབབ་ཅིང་ངོ༌། །བཅུ་གཅིག་པ་ནི་འཕོ་བ་གཉིས་ཀྱིས་ཉིན་ཞག་


DTG015_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུམ་འབབ་ཅིང་ངོ༌། །དེ་ལྟར་བཅུ་གཅིག་སྐམ་སྟེ་མཁྲིས་པའི་བདག་ཉིད་ཅན་རྡུལ་གྱི་ཁམས་སྐམ་པ་ལས་སོ། །འདབ་མ་བཅུ་གཉིས་པ་ལ་གཡས་པའི་རྩ་དོར་ནས་རྩ་གཡོན་པ་ལ་འཕོ་བ་མེད་པས་ཉིན་ཞག་གཉིས་འབབ་ཅིང༌། བད་ཀན་གྱི་བདག་ཉིད་སྙིང་སྟོབས་ཀྱི་ཁམས་སྐམ་པར་བྱེད་པ་ལས་འདབ་མ་དེ་སྐམ་མོ། །དེ་ནས་པདྨའི་ཟེའུ་འབྲུ་ལ་དབུ་མའི་རྩ་ལ་འཕོ་བ་མེད་པས་ཉིན་ཞག་གཅིག་འབབ་ཅིང་རླུང་གི་རང་བཞིན་མུན་པའི་ཁམས་ཟད་པ་ལས་དེ་བསྐམས་ནས་ལམ་གཡས་པས་ངེས་པར་འབྱུང་སྟེ། རྣམ་པར་ཤེས་པ་དང་ལྡན་པ་སྲིད་པ་གཞན་དུ་འཕོའོ། །ཟླ་བའི་འཆི་ལྟས་གསུངས་པ། རྩ་བ་ནས་ཞེས་པ་ལྟེ་བའི་འཁོར་ལོའི་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་གྱི་བདག་ཉིད་ཀྱི་འདབ་མ་སྔ་མ་ནས་བརྩམས་ཏེ་གཅིག་ལྷག་པས་ཞེས་པ་གཅིག་དང་གཉིས་ལ་སོགས་པའི་རིམ་པས་ཏེ་ཇི་སྲིད་དུ་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་བར་དུ་འདབ་མ་བཅུ་གཅིག་ལ་རྩ་གཡོན་པར་ཟླ་བའི་རླུང་འབབ་པོ། །ཇི་ལྟ་བུར་གཅིག་ལྷག་པས་ཤེན་གསུངས་པ། སྔོན་མའི་སྙིང་པོའི་འདབ་མ་ལ་ཉིན་ཞག་གཅིག་འབབ་པོ། །ཉིན་ཞག་དེས་དམན་པའི་ཟླ་བ་གཉིས་ཇི་ལྟ་བ་བཞིན་དུ་འབབ་པོ། །དེ་ནས་ཟླ་བ་གསུམ་པའི་དང་པོར་འདབ་མ་དེ་ཉིད་ལ་ཉིན་ཞག་གཉིས་གཡོན་པ་ལ་འབབ་པོ། །ཉིན་ཞག་དེས་དམན་པའི་གསུམ་པ་དང་བཞི་པ་ལ་ཇི་ལྟ་བ་བཞིན་འབབ་པོ། །ཟླ་བ་ལྔ་པོར་ཉིན་ཞག་གསུམ་འདབ་མ་དེ་ལ་གཡོན་པར་འབབ་པོ། །ཉིན་ཞག་དེས་དམན་པའི་ཟླ་བ་ལྔ་པ་དང་དྲུག་པ་དག་ཇི་ལྟ་བ་བཞིན་འབབ་པོ། །དེ་ལྟར་སྔ་མ་དང་ལྷན་ཅིག་བགྲང་བར་བྱ་བའི་ཟླ་བ་དང་པོ་དང་གསུམ་པ་དང་ལྔ་པའི་དང་པོར་སྐྱེས་པའི་གསུམ་པོ་འདི་རྣམས་ཁོ་ན་འཆི་ལྟས་ཀྱི་ཉིན་ཞག་རྣམས་སུ་རྣམ་པར་གཞག་པར་བྱའོ། །ཡང་ན་རྣམ་པར་མ་ཆད་པར་འབབ་པའི་ཕུང་པོའི་ཉིན་ཞག་རྣམ་པར་བཞག་ནས་འཆི་ལྟས་ཀྱི་ཉིན་ཞག་གསུམ་མོ། །འདིས་ནི་ལོ་གསུམ་ལ་སྔར་ཉིན་ཞག་གསུམ་དང་ཟླ་བ་དྲུག་སོང་ངོ༌། །དེ་བཞིན་དུ་པདྨ་འདབ་མ་གཉིས་པ་ལ་ཟླ་བ་བདུན་པའི་དང་པོར་འཆི་ལྟས་ཀྱི་ཉིན་ཞག་བཞིའོ། །བརྒྱད་པའི་དང་པོར་ལྔའོ། །དགུ་པའི་དང་པོར་དྲུག་སྟེ། དེ་ལྟར་སྔ་མ་བཞིན་དུ་ཉིན་ཞག་གསུམ་དུ་རྣམ་པར་བཞག་


DTG015_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་འདབ་མ་སྔ་མའི་ཉིན་ཞག་གསུམ་རྣམས་དང་ལྷན་ཅིག་ཉིན་ཞག་དྲུག་རྣམས་འཆི་ལྟས་སོ། །ཉིན་ཞག་གཞན་རྣམས་ལ་ཇི་ལྟ་བ་བཞིན་དུ་འགྱུར་རོ། །འདིས་ཀྱང་ཉིན་ཞག་གསུམ་སོང་སྟེ། དེ་ལྟར་ཟླ་བ་གསུམ་གསུམ་རྣམས་ཀྱིས་ཉིན་ཞག་གསུམ་རྣམ་པར་འཕེལ་བ་ལས་འདབ་མ་བཅུ་གཅིག་པོ་རྣམས་ལོ་གསུམ་པོ་འདིས་རིམ་པས་འདོར་རོ། །དེ་ལྟར་འདབ་མ་བཅུ་གཅིག་ལ་འབབ་པ་ལས་བད་ཀན་གྱི་བདག་ཉིད་སྙིང་སྟོབས་ཀྱི་ཁམས་སྐེམ་པར་བྱེད་དོ། །འདབ་མ་བཅུ་གཉིས་པ་ལ་རྩ་གཡས་པ་ལ་འབབ་པ་ལས་འདབ་མ་གཞན་རྣམས་ལ་གནས་པ། ཟླ་བ་གཉིས་པ་དང་བཞི་པ་དང་དྲུག་པ་དང་འབྲེལ་པའི་ཉིན་ཞག་གསུམ་པོའི་ཉིན་ཞག་གཉིས་ཟད་དེ། མཁྲིས་པའི་བདག་ཉིད་རྡུལ་གྱི་ཁམས་ཟད་པ་ལས་ཏེ། འདབ་མ་བཅུ་གཉིས་པ་སྐམ་པ་ལས་སོ། །སྔ་མ་བཞིན་དུ་ཟེའུ་འབྲུ་ལ་ཉིན་ཞག་གཅིག་དབུ་མ་འབབ་པ་ལས་རླུང་གི་བདག་ཉིད་ཅན་མུན་པའི་ཁམས་བསྐམས་པར་བྱས་ནས་སྲེད་པ་གཞན་དུ་འགྲོ་བའོ། །རྟོགས་པའི་དོན་དུ་བྲི་བའི་རིམ་པ་ནི་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་རིམ་པ་གཉིས་པ་ལ། ཤར་ལ་སོགས་པའི་འདབ་མ་བཅུ་གཅིག་རྣམས་དང་རྩ་གསུམ་རྣམས་དང་དྲུག་དང་དགུ་དང་བཅུ་གཉིས་དང་བཅོ་ལྔ་དང་བཅོ་བརྒྱད་དང་ཉི་ཤུ་རྩ་གཅིག་དང་ཉི་ཤུ་རྩ་བཞི་དང་ཉི་ཤུ་རྩ་བདུན་དང་སུམ་ཅུ་དང་སུམ་ཅུ་རྩ་གསུམ་རྣམས་ཏེ། བཅུ་གཉིས་པ་ལ་ནི་གཡོན་བ་མེད་པའི་ཕྱིར་སྟོང་པའོ། །ཕྱིའི་འདབ་མ་བཅུ་གཉིས་རྣམས་ལ་རིམ་པས་ཟླ་བ་རྣམས་ནི་སུམ་ཅུ་དང་ཉི་ཤུ་རྩ་བདུན་དང་ཉི་ཤུ་རྩ་བཞི་དང་ཉི་ཤུ་རྩ་གཅིག་དང་བཅོ་བརྒྱད་དང་བཅོ་ལྔ་དང་བཅུ་གཉིས་དང་བཅུ་དང་དྲུག་དང་གསུམ་དང༌། བཅུ་གཅིག་པ་ལ་ཟླ་བ་གསུམ་ཟད་པ་གསལ་བར་བྱེད་པ་སྟོང་པ་དང༌། བཅུ་གཉིས་པ་ལ་ཉིན་ཞག་གཉིས་སོ། །ལྟེ་བ་ལ་ཉིན་ཞག་གཅིག་གོ །དེ་ལྟར་གསུམ་ལ་སོགས་པ་ཉིན་ཞག་ལ་འཆི་ལྟས་འཕེལ་ཞིང༌། སུམ་ཅུ་ལ་སོགས་པའི་ཉིན་ཞག་གི་བདག་ཉིད་འཚོ་བ་ཞེས་བྱ་བའི་དགེ་བ་འགྲིབ་པའོ། །ཕྱེད་དང་བཅས་པའི་ཟླ་བ་བཅུ་དང་ལྡན་པའི་ལོ་དགུ་བཅུ་རྩ་དྲུག་གི་མཚམས་ནི་ཉི་མ་དང་ཟླ་བ་འབབ་པའི་དུས་སོ། །


DTG015_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིན་ཞག་གསུམ་གྱིས་དམན་པའི་ཕྱོགས་གསུམ་ལོ་གསུམ་ལོ་བརྒྱ་གང་བར་བྱེད་པ་ལ་དབུ་མའི་འཆི་བ་རྒྱུ་བའོ། །འདི་རྒྱས་པར་འཆད་དེ། གཉིས་ལ་སོགས་པ་སུམ་ཅུ་རྩ་གཉིས་ཀྱི་མཐར་ཐུག་པ་མ་ཉམ་པའི་ཉིན་ཞག་རྣམས་ཀྱིས་གཡས་པ་ལ་དང༌། གཅིག་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་མཐར་ཐུག་པ་མི་མཉམ་པའི་ཉིན་ཞག་རྣམས་ཀྱིས་གཡོན་པ་ལ་དེའི་སྟེ་འཆི་བའི་རྒྱུ་བའོ། །འདི་ལྟར་ཡང་སྐྱེ་བའི་དུས་སུ་སྐྱེས་པ་གླང་ལ་སོགས་པའི་དུས་སྦྱོར་གྱི་ས་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་རྣམས་ཀྱིས་དང༌། དེ་བཞིན་དུ་ལུག་ལ་སོགས་པའི་དུས་སྦྱོར་གྱི་སྟོང་པ་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་རྣམས་ཀྱིས་ཏེ། དཀྱིལ་འཁོར་དེ་ནས་བརྩམས་ཏེ་ཞེས་པའི་དོན་ཏོ། །འདི་ཡན་གཡས་པ་དང་ཅིག་ཤོས་ཀྱི་ཁམས་དང་ཕུང་པོ་ལ་སོགས་པ་འབབ་པ་རྣམ་པར་ཉམས་པའི་དབང་དུ་བྱས་ཏེ་ལག་པ་ཕྱིས་པ་ལ་ལྔ་པའོ། །འཐད་པ་གསུངས་པ། གཞན་དུ་འཆི་བར་མི་འགྱུར་ཏེ། །ཞེས་པའོ། །འདིས་འདི་གསུངས་ཏེ། མཉམ་པའི་དུས་སྦྱོར་ལ་སྐྱེས་པའི་ནི་ཐོག་མར་གཡས་པ་ལ་ཉིན་ཞག་གཉིས་འབབ་པོ། །ཡང་ཉིན་ཞག་གཉིས་ཇི་ལྟ་བ་བཞིན་དུའོ། །དེ་ནས་གཡོན་པ་ལ་ཉིན་ཞག་གཅིག་གོ །ཉིན་ཞག་གཅིག་ཇི་ལྟ་བ་བཞིན་ནོ། །ཉིན་ཞག་བཞི་རྣམས་གཡས་པ་ལའོ། །བཞི་རྣམས་ཇི་ལྟ་བ་བཞིན་དུའོ། །གསུམ་རྣམས་གཡོན་པ་ལ་སྟེ་གསུམ་རྣམས་ཇི་ལྟ་བ་བཞིན་དུའོ། །དྲུག་རྣམས་གཡས་པ་ལ་སྟེ་དྲུག་རྣམས་ཇི་ལྟ་བ་བཞིན་དུའོ། །ལྔ་གཡོན་པ་ལ་སྟེ་ལྔ་རྣམས་ཇི་ལྟ་བ་བཞིན་དུའོ། །དེ་བཞིན་དུ་ཇི་སྲིད་སུམ་ཅུ་རྩ་གཉིས་ཀྱི་བར་གཡས་པ་ལ་སྟེ་སུམ་ཅུ་རྩ་གཉིས་ཀྱི་བར་ཇི་ལྟ་བ་བཞིན་དུའོ། །སུམ་ཅུ་རྩ་གསུམ་གཡོན་པ་ལ་དང་སུམ་ཅུ་རྩ་གསུམ་ཇི་ལྟ་བ་བཞིན་གྱི་བར་དུའོ། །འདིར་གཡས་པ་ལ་གཉིས་ལ་སོགས་པ་སུམ་ཅུའི་མཐར་ཐུག་པ་མཉམ་པའི་ཉིན་ཞག་གསུམ་གསུམ་རྣམས་ཀྱིས་རིམ་པས་སལ་སོགས་པའི་ཁམས་ཟད་པའོ། །གཡོན་པ་ལ་གཅིག་ལ་སོགས་པ་ཉི་ཤུ་རྩ་དགུའི་མཐར་ཐུག་པ་མི་མཉམ་པའི་ཉིན་ཞག་གསུམ་གསུམ་རྣམས་ཀྱིས་ནམ་མཁའ་ལ་སོགས་པའི་ཁམས་ཟད་པ་སྟེ་རིམ་པ་ལས་སོ། །དེ་ནས་ཉིན་ཞག་སུམ་ཅུ་རྩ་གཅིག་གིས་སྙིང་སྟོབས་ཀྱི་ཁམས་


DTG015_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟད་པའོ། །ཉིན་ཞག་སུམ་ཅུ་རྩ་གཉིས་རྣམས་ཀྱིས་རྡུལ་གྱི་ཁམས་ཟད་པའོ། །ཉིན་ཞག་སུམ་ཅུ་རྩ་གསུམ་རྣམས་ཀྱིས་མུན་པའི་ཁམས་ཟད་པའོ། །མི་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་རྣམས་ཀྱིས་ནི་གཅིག་ལ་སོགས་པའི་རིམ་པས་འབབ་པའོ་ཞེས་པ་ཁྱད་པར་རོ། །དེ་ལྟར་ཉིན་ཞག་གསུམ་གྱིས་དམན་པའི་ལོ་བརྒྱད་སྟེ་དེའི་སྟེང་དུ་ཉིན་ཞག་སུམ་ཅུ་རྩ་བཞི་རྣམས་རྒྱུའོ། །དེ་ལ་ཉིན་ཞག་གཅིག་གཡས་པ་ལའོ། །ཉིན་ཞག་གཅིག་གཡོན་པ་ལའོ། །དེ་ལྟ་བུའི་རིམ་པས་ཇི་སྲིད་དུ་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་བར་དུ་འབབ་པོ། དེ་ནས་རིམ་པས་ཁམས་དང་ཕུང་པོ་དང་ཡུལ་དང་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་དང་ལས་ཀྱི་དབང་པོ་ལྔ་རྣམས་ཀྱི་ཟད་པའོ། །དེ་ནས་དབུ་མ་ལ་ཉིན་ཞག་གཅིག་སྟེ། དེ་ལས་ཕུང་པོ་ལ་སོགས་པ་དྲུག་པ་རྣམས་བསྐམས་ནས་སྲིད་པ་གཞན་དུ་འགྲོ་བའོ། །དེ་ལྟར་འཆི་ལྟས་མཚན་ཉིད་ཤེས་ནས་ནི། རྣལ་འབྱོར་པས་དེ་སླུ་བའི་ཐབས་གསུངས་ཏེ། ཉི་མའི་འཆི་ལྟས་སུ་གྱུར་ན་རྡོ་རྗེ་སྐྱིལ་ཀྲུང་བཅིང་ས་ནས་སྲོག་རྩོལ་སྔོན་དུ་འགྲོ་བར་དཔུང་པ་གཡས་པས་ནུ་མ་གཡས་པ་བཙིར་བ་ལས་དཀྱིལ་འཁོར་ལྔ་འབབ་པའི་བདག་ཉིད་གཡས་པ་ལས་བཀུག་ནས་གཡོན་པ་ལ་སྲོག་ཡང་དག་པར་རྒྱུ་བར་བྱའོ། །དེ་ཡིས་ཉི་མའི་འཆི་ལྟས་ལྡོག་གོ །དེ་བཞིན་དུ་གཡོན་པ་ལས་གཡས་པ་ལ་སྟེ་ཟླ་བའི་འཆི་ལྟས་ལྡོག་གོ །དེ་བཞིན་དུ་སྐྱིལ་ཀྲུང་བྱས་ནས་ཐིག་ལེར་ཏེ། དཔྲལ་བར་གནས་པའི་པདྨ་འདབ་མ་བཅུ་དྲུག་པ་དཀར་པོའི་དབུས་སུ་སྲོག་རྩོལ་སྔོན་དུ་འགྲོ་བར་སེམས་གཞུག་པར་བྱའོ། །དེ་བཞིན་དུ་སྐྱིལ་ཀྲུང་བྱས་ནས་ཨ་ཝ་དྷཱུ་ཏཱིའི་ཞབས་ནི་ལྟེ་བའི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པ་སྟེ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཨཾ་ཡིག་དཀར་པོ་རེ་ཁཱ་ཕྱེད་ཀྱི་རྣམ་པ་སྲོག་རྩོལ་དང་བཅས་པ་བསྒོམ་པར་བྱའོ། །དེ་བཞིན་དུ། རྡོ་རྗེ་རྟག་ཏུ་བསླང་བར་བྱ། །རང་གི་ལག་པ་ལ་སོགས་པས་ཇི་ལྟར་ཐིག་ལེ་ཕྱི་རོལ་དུ་མི་འབྱུང་བ་ལྟར་ཏེ། འཆི་ལྟས་ཀྱི་རྒྱུ་ཟླ་ཉིའི་བགྲོད་པ་འཇོམས་པ་ཉིད་ལས་སོ། །ཐབས་འདི་གཙོ་བོར་གསུངས་པ་གཞན་དུ་ཞེས་པའོ། །སྟེང་གི་འཆི་ལྟས་སླུ་བ་དང་བཅས་པ་གསུངས་ནས་འོག་གི་འཆི་ལྟས་གསུངས་པ། འོག་ཏུའང༌། དུང་


DTG015_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་མར་མེ་རྩ་ལ་ཡང༌། །ཞེས་པ་བཤང་བ་དང་གཅི་བ་འབབ་པ་དག་ལ་ཐུར་སེལ་ཞེས་བྱ་བའི་རླུང་འབབ་པོ་ཞེས་པ་ལྷག་མའོ། །རྒྱུན་དུ་ཁུ་བ་དང་བཤང་བ་དང་གཅི་བ་འབབ་པ་ཉིད་ཀྱིས་དེ་མ་ཞུགས་པ་ལས་འཆི་བའོ། །འཆི་ལྟས་ཐམས་ཅད་སླུ་བའི་ཐབས་ཀྱི་ཟོལ་གྱིས་འཆི་ལྟས་ཞེས་པ་ལ་སོགས་པས་དགའ་བ་རྣམས་མདོར་བསྟན་ཏེ། ཁུ་བ་ཞེས་པས་རྒྱས་པར་བཤད་དོ། །གཙུག་ཏོར་གྱི་པདྨ་འདབ་མ་བཞི་པའི་དབུས་ལས་དབྲལ་བའི་པདྨ་འདབ་མ་བཅུ་དྲུག་པའི་དབུས་སུ་ཁུ་བ་དགའ་བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་གང་བ་ཞེས་བྱ་བ་ཆ་ལྔ་ཡིས་འོངས་པ་གཉིས་ཀ་ལ་ཁྱབ་པ་ནི་དང་པོ་ལ་དགའ་བའོ། །དེ་བཞིན་དུ་མགྲིན་པའི་ཆུ་སྐྱེས་འདབ་མ་སུམ་ཅུ་རྩ་གཉིས་པ་ལས་སྙིང་གའི་པདྨ་འདབ་མ་བརྒྱད་པར་སྔ་མ་བཞིན་དུ་ཁྱབ་པ་ནི་མཆོག་དགའོ། །དེ་བཞིན་དུ་ལྟེ་བའི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པ་ལས་གསང་བའི་ཆུ་སྐྱེས་པའི་དགའ་བ་སྟེ་ཕྱི་རོལ་དུ་འགྲོ་བ་མེད་པའི་ཕྱིར་མི་འཕོ་བའོ། །འདོད་ཆགས་བྲལ་ལས་ཏེ་ཆགས་པ་དང་བྲལ་བ་ལས་གཙུག་ཏོར་དུ་གནས་པའི་བདེ་བ་གང་ཡིན་པ་ཁུ་བ་དེ་རབ་ཏུ་གནས་པའོ། །གང་རྡོ་རྗེ་ནོར་བུ་ལས་འཕོས་པ་དེ་ནི་མྱ་ངན་ལས་འདས་པའོ། །བདེ་བའི་རྒྱལ་པོ་འདི་ནི་གཙུག་ཏོར་དང་རྡོ་རྗེ་ནོར་བུའི་བར་དུ་ཁྱབ་པའི་ཕྱིར་རབ་གནས་མྱ་ངན་ལས་འདས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆགས་ཆེན་དང་མི་འགྱུར་པ་ཡང་སྟེ། གཙོ་བོ་ཡིན་པ་ཉིད་ཀྱི་ཕྱིར་ཁྱབ་བདག་གོ །ཁུ་བ་ཟླ་བ་དེའི་གཙུག་ཏོར་དུ་འཆར་བ་ནི་དཀར་པོའི་ཚེས་གཅིག་སྟེ། གསང་བར་གང་བ་ཇི་སྲིད་པ་སྟེ་ཆ་བཅུ་དྲུག་པ་ནི་རྡོ་རྗེའི་རྩེ་མོའི་མཐར་གནས་པའོ། །ནག་པོའི་ཚེས་གཅིག་འོངས་པ་ན་ནི་འཕོ་བའི་དུས་ཏེ་འཕོ་བའི་དུས་ཁོན་ནག་པོའི་ཚེས་གཅིག་གོ་ཞེས་པའི་དོན་ཏོ། །དེ་ཡང་འདོད་ཆགས་ཉམས་པའི་ཕྱིར་ནག་པོའི་ཕྱོགས་ལ་རྡུལ་གྱི་གཟུགས་ཉི་མའི་ཆ་དང་པོ་ནོར་བུའི་རྩེ་མོ་ལ་སྟེ་དཔྲལ་བ་ཇི་སྲིད་པར་དེར་གནས་ཤིང་བཅུ་དྲུག་པ་ནི་གཙུག་ཏོར་དུའོ། །དེ་ཁོ་ན་ཟླ་བ་ཉམས་པ་སྟེ། ཆགས་པའི་བདེ་བ་ལས་ཆགས་བྲལ་ཡང་ངོ༌། །བརྗོད་ཟིན་པའི་རིམ་པས་ཟླ་བ་བདུད་རྩི་འོག་ཏུ་འགྲོ་སྟེ། འཕོ་བའི་ཆགས་པ་གོམས་པ་ལགས་སོ། །དེ་བཞིན་དུ་སྟེང་དུ་ཉི་མ་རྡུལ་ལོ། །སྒྲ་གཅན་གྱི་ངོ་བོ་བག་


DTG015_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆགས་ཀྱི་གྲོགས་ཅན་དང་རྣམ་པར་ཤེས་པ་དངོས་པོའི་མཚན་ཉིད་ཅན་སྐྱེ་བ་གཞན་དུ་འགྲོའོ། །དེ་ཕྱིར་ཟླ་བ་བདུད་རྩི་ནི། །ཞེས་པ་བཤད་ཟིན་པའི་ལམ་བསྒོམ་པས་སོ། །སངས་རྒྱས་རྣམས་ཀྱི་ནི་ཟླ་བ་བྱང་ཆུབ་ཀྱི་སེམས་རྣམས་ཀྱི་ཟླ་བ་གང་ལ་དཔྲལ་བར་ཏེ། དེའི་ཆ་བཅུ་དྲུག་པ་གཙུག་ཏོར་དུའོ། །རྡུལ་གྱི་གནམ་སྟོང་གསང་བར་ཏེ། དེའི་ཆ་བཅུ་དྲུག་པ་ནོར་བུར་རོ་ཞེས་པ་སྟེ་བཤད་ཟིན་པ་ནི་སྟོན་པ་རྡོ་རྗེ་གནས་ཏེ་མི་ཕྱེད་པའི་ཡེ་ཤེས་སོ། །འཁོར་བ་ཀུན་གྱི་ཕྱིན་ཅི་ལོག་གོ །འདིའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་བདེ་བ་ཆེན་པོའི་མིང་ཅན་དག་པའི་སྐུ་ལས་ཁམས་རྣམས་ཏེ་སེམས་དང་ངག་དང་ལུས་རྣམས་སྒྲིབ་པ་མེད་པ་ཉིད་ལས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྐུ་དང་པོར་གནས་པ་རྣམས་སྤྲོའོ། །ཐུགས་ལ་སོགས་པ་འདི་རྣམས་ཐབས་ཀྱི་ཆའི་འོག་ཏུ་རྣམ་པར་གཞག་པར་བྱའོ། །ཤེས་རབ་ཀྱི་སྟེང་དུ་སྟེ། འདི་ཡི་དཔྲལ་བར་སྦྲུལ་པ་ཞེས་བྱ་བ་སྐུ་རྡོ་རྗེའོ། །མགྲིན་པ་ལ་སོགས་པར་རིམ་པས་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་ནི་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ལྷན་ཅིག་སྐྱེས་པའི་སྐུ་རྣམས་ཏེ་ཤེས་རབ་ཀྱི་ཆའི་རྣམ་པར་གཞག་པའོ། །དེ་བཞིན་དུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་ལས་ཕུང་པོ་ལ་སོགས་པ་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་ཀྱིས་སེམས་ཅན་གྱི་དོན་དུ་སྤྲོ་བའོ། །དེ་ལྟར་འབྲས་བུ་མདོར་བསྟན་ནས་དེའི་སྒྲུབ་པར་བྱེད་པ་གསུངས་ཏེ། གདམས་ངག་ཐོབ་པས་དང་པོར་རྗེས་སུ་མཐུན་པའི་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོའི་ཟད་པ་ལས་ཆུང་ངུའི་འགྱུར་པའི་བདེ་བ་འཕེལ་བའོ། །དེ་བཞིན་དུ་སྣ་ཚོགས་ཡུམ་ལ་སོགས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་དམིགས་པས་རྣམ་པར་རྟོག་པ་ཆེན་པོ་ཟད་པ་ལས་ཆུང་དུ་འགྱུར་པའི་བདེ་བ་འཕེལ་བའོ། །བཀའ་སྩལ་པ་ཡང༌། རྒྱལ་བའི་ལྷན་ཅིག་སྐྱེས་པའི་བདེ་འདི་འཕེལ་བ་དོན་རྒྱུར་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །དེ་ནས་ཉི་མའི་གཟུགས་ནི་གདོང་པ་ལག་པ་རྐྱང་བ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པ་སྟེ། །ཞེས་པ་ལ་སོགས་པའོ། །སོགས་


DTG015_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་སྐྲ་ལས་ཕྱག་རྒྱ་ཆེན་པོའི་སྟེ། སྔ་མའི་ངོ་བོ་དུ་བ་ལ་སོགས་པའི་གཟུགས་བརྙན་ཆོས་ཀྱི་ཕྱག་རྒྱ་ལ་སོགས་དམིགས་པས་ཉོན་མོངས་པ་ཆུང་དུ་ཟད་པ་ལས་མི་འགྱུར་པའི་བདེ་བ་ཆེན་པོ་འཕེལ་བའོ། །ཕྱི་ནང་གི་ངོ་བོ་སྣ་ཚོགས་གཟུགས་བརྙན་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་གོམས་པས། སྒྲིབ་པ་བག་ཆགས་དང་བཅས་པ་ཆུང་ངུའི་ཆུང་ངུ་ཟད་པ་ལས་མི་འགྱུར་པའི་བདེ་བ་ཆེན་པོའི་ཆེན་པོ་འཕེལ་བའོ། །འོན་མི་འགྱུར་པའི་བདེ་བ་ནི་འཕེལ་བ་དང་འགྲིབ་པ་སྤངས་པ་ཡིན་ན་ཅི་ལྟར་འཕེལ་བར་འགྱུར་ཞེན་གསུངས་པ། འཕེལ་བའི་འཕེལ་བ་མེད། འཕེལ་བའི་ཆོས་ཅན་གྱིས་གཅིག་དང་དུ་མ་ལ་སོགས་པའི་ངོ་བོ་དང་བྲལ་བ་རྣམས་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟད་པ་ན་ཆོས་མི་འཕེལ་བའོ། །དེ་བཞིན་དུ་ཟད་པ་ལ་སོགས་པའི་ཟད་པ་ཉིད་ལ་སོགས་པ་ཡང་གསལ་བའོ། །འོ་ན་དེ་ལྟ་ན་སྐྱེ་བ་དང་ཟད་པ་མེད་པའི་ཕྱིར་གསུངས་པ། རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ལམ་ལ་སོགས་པ་རྣམས་སྐྱེ་བ་དང་འཇིག་པའང་སྒྱུ་མ་ལྟ་བུ་ཁོན་ཡིན་གྱི་དེ་ཁོན་ཉིད་དུ་མ་ཡིན་ནོ། །དེ་བཞིན་ནོར་བུའི་སྒྲ་ལས་ནུབ་པ་དང་འཆར་བ་ལ་སོགས་པའི་མཚན་ཉིད་ཅན་ཡང་འཇིགས་རྟེན་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུ་ཁོ་ནའོ། །དེ་གསུངས་པ། འཇིག་པར་མི་འགྱུར་པ་ཞེས་པ་ལ་སོགས་པ་སྟེ། ཀུན་རྫོབ་ཏུ་དོན་བྱ་བ་བྱེད་པའི་ཕྱིར་དངོས་པོའི་རང་བཞིན་ཏེ། དེ་ཁོན་ཉིད་དུ་རང་བཞིན་སྟོང་པ་ཉིད་ཀྱི་དངོས་པོ་མེད་པའི་མཚན་ཉིད་ཅན་ནོ། །ལས་ཀྱི་ཕྱག་རྒྱལ་སོགས་པ་རང་གི་ཤེས་རབ་ལ་འཁྱུད་པ་བྱང་ཆུབ་ཀྱི་སེམས་གང་གི་ཚེ་རྡོ་རྗེ་ནོར་བུའི་པདྨར་སོན་པ་དེའི་ཚེ་རྡོ་རྗེ་ནོར་བུ་དེར་ཟླ་བ་སོན་པ་ནི་ལས་ཀྱི་ཕྱག་རྒྱས་འགྱུར་པའི་བདེ་བའི་གནས་སྐབས་དང༌། ཡེ་ཤེས་ཀྱི་ཕྱག་རྒྱའི་ས་གཡོ་བའི་གནས་སྐབས་ཏེ། གཡོ་བ་ཞེས་པ་འཛག་པའི་ཆོས་ཡིན་ལ་དེས་འགྱུར་པ་ཡང་དག་པར་གཟུང་བའོ། །བད་བའི་གནས་སྐབས་འདི་དག་མངོན་སུམ་དུ་བྱས་པ་ནི། འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་དབང་ཕྱུག་གི་མཚན་ཉིད་ཅན་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དག་གོ །ཕྱག་རྒྱ་ཆེན་པོས་མི་གཡོ་བ་དང་མི་འགྱུར་པ་བསྒོམ་པ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ཅན་སྒྲུབ་པར་བྱེད་པའོ། །དབུ་


DTG015_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཁོ་ན་དགའ་བ་བཞི་ལ་ཁུ་བ་ཟླ་བས་ཁྱབ་པའི་ཆ་བཞི་རྣམས་ལུས་ལ་སོགས་པའི་རྩ་བཞི་རྣམས་སུ་རྣམ་པར་གཞག་པར་བྱ་སྟེ། དེ་ལ་དཔྲལ་བར་སྐུ་སྒོམ་པའོ། །སྙིང་གར་ངག་སྒོམ་པ་དང༌། གསང་བར་ཐུགས་སྒོམ་པ་དང༌། སྐུ་ལ་སོགས་པའི་ཐིག་ལེ་གཅིག་པ་ཉིད་ནི་རྡོ་རྗེ་ནོར་བུར་ཡེ་ཤེས་སྒོམ་པའོ། །སྔར་བཤད་པའི་ཤེས་རབ་ཀྱི་ཆགས་པ་ལས་ཞུ་བའི་ཐིག་ལེ་རྣམས་བཤད་ཟིན་པའི་རིམ་པས་མགོ་བོ་ལས་གང་བའི་གནས་ནོར་བུའི་པདྨར་སོན་པ་རྣམས་དེ་ཁོ་ན་ཉིད་བསྒོམ་པས་འཆིང་བའོ། །བརྗོད་ཟིན་པའི་རིམ་པས་མི་འགྱུར་པའི་བདེ་བ་འཕེལ་བ་དང་ཟད་པ་ལ་སོགས་པ་དེ་ཁོ་ན་ཉིད་མ་ཡིན་པར་རྟོགས་པར་བྱས་ནས། འཇིག་རྟེན་པའི་དཔེ་ཡིས་དེ་ཉིད་བསྟན་པར་བྱེད་དེ། ཇི་ལྟར་ཟླ་བ་ཤར་རིམ་པས། ཆ་རྣམས་ཀྱི་ནི་གང་བ་ཞེས་པ་འཇིག་རྟེན་པའི་གང་བ་ནི་གྲིབ་མ་ཉམས་པ་འབའ་ཞིག་སྟེ། དེའི་ཆད་པའམ་གང་བ་ཉིད་མ་ཡིན་ནོ། །དེ་ནི་རྟག་ཏུ་གང་བ་ཡིན་ཡང་མུན་པས་བཀག་པ་དང་མ་བཀག་པ་དག་གིས་ཉམས་པ་དང་གང་བའི་ཐ་སྙད་དུ་བྱ་བའོ། །དེ་བཞིན་དུ་མི་འགྱུར་པའི་ཡེ་ཤེས་ཀྱང་རྡོ་རྗེ་ནོར་བུར་ཤེས་རབ་རིམ་པས་འཆད་པར་འགྱུར་པའི་ས་རྣམས་ཀྱིས་གཙུག་ཏོར་གྱི་འཁོར་ལོར་གང་བ་ཞེས་པ་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་པར་འཇུག་པའི་སྒྲིབ་པའི་བག་ཆགས་མེད་པ་ཁོ་ན་གང་བར་རྣམ་པར་བསྟན་ཏོ། །རྫོགས་པར་བྱེད་པ་ལ་དཔེ་གསུངས་ནས་ཆད་པ་ལ་དཔེ་གསུངས་པ་ཇི་ལྟར་དཀྱིལ་འཁོར་གྱི་དབུས་སུ་སོན་པ་ཟླ་བའི་ས་བོན་དུ་གྱུར་པ་མཚན་མོའི་ངོ་བོ་རི་བོང་རིམ་པར་འཕེལ་བས་གང་བར་རི་བོང་ཅན་མི་གནས་ཏེ། རྟག་ཏུ་གང་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་བག་ཆགས་འཕེལ་བས་སེམས་ཀྱང་འགྱུར་པ་མེད་ལ་མི་གནས་ཏེ། གཉིས་མེད་པ་ནི་འགྱུར་མེད་བདེ་བའོ། །ཕྱི་ནང་སྦྱར་བའི་ཟོལ་གྱིས་དཔེ་གཞན་གསུངས་ཏེ། ཇི་ལྟར་ཟླ་བའི་ཆ་འཕེལ་པ་དཀར་པོའི་ཕྱོགས་དང༌། ཆ་མཉམ་པ་ནག་པོའི་ཕྱོགས་ཏེ། དེ་དག་རབ་ཏུ་གནས་པ་དག་སྟེ་འཇིག་རྟེན་གྱིས་རྟོགས་པར་བྱ་བ་དག་དང༌། དེ་དག་གི་དབུས་སུ་སོན་པ་ཆ་བཅུ་དྲུག་པ་སྐད་ཅིག་གཅིག་འབྱུང་བ་ནི་དེ་ལྟ་བུ་མ་ཡིན་པ་དེ་བཞིན་དུ་ཁུ་བ་ཟླ་


DTG015_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་ཟླ་བ་ཡིན་ཏེ་ཟེར་བ་སྤྱོད་དེ། གང་གི་ཚེ་རྣལ་འབྱོར་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུར་གང་བ་ན་ནི་སྐད་ཅིག་གཅིག་ལ་མི་འགྱུར་པར་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་དྲུག་བརྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་འབྱུང་བ་དང་འཇུག་པའི་སྐད་ཅིག་རྣམས་ཀྱིས་གང་བར་བྱེད་པའི་རྒྱུན་མི་འཆད་པར་འབབ་པའོ། །འདི་ཁོ་ན་གཉིས་སུ་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། འདི་ནི་མི་གནས་ཞེས་པ་ལ་སོགས་པ་གོ་སླའོ། །དེའི་ཞེས་པ་ས་བོན་དུ་གྱུར་པའི་ཟླ་བའི་ཆ་བཅུ་དྲུག་པོ་རྣམས་གང་བ་ཉིད་ཀྱི་ཕྱིར་རྡོ་རྗེ་ནོར་བུར་གང་བ་སྟེ། འོན་ཀྱང་ཐབས་མེད་པས་ཆགས་པ་ཉམས་པའི་སྦྱོར་བ་ལས་ཆ་བཅུ་དྲུག་པོ་རྣམས་ཉམས་པའོ། །རྡོ་རྗེ་ནས་བརྩམས་ཏེ་ཉམས་པ་ལ་ཉི་མ་བདུན་གྱི་ངོ་བོའི་གཙུག་ཏོར་དུ་གང་བ་ཉིད་དོ། །སླར་ཡང་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་སྦྱོར་བས་གཙུག་ཏོར་དུ་ཞེས་པ་ལ་སོགས་པ་གོ་སླའོ། །ཡེ་ཤེས་ནི་ཆ་བཅུ་དྲུག་པ་སྟེ་དེ་ནི་ཉམས་པ་མ་ཡིན་པའོ། །གསུངས་པ་ཡང༌། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྙིང་པོ་ཅན་རྣམས་སོ་ཞེས་སོ། །བདེ་བ་ཆེན་པོའི་ངོ་བོ་ཉིད་ནི་འདིའི་གང་བ་སྟེ། འདི་ཁོ་ན་རྣལ་འབྱོར་པ་རྣམས་ཀྱིས་བརྟན་པར་བྱའོ། །དངོས་པོ་བར་མ་གཞན་ནི་དེའི་སྐྱེ་བ་དང་འཇིག་པ་དག་སྟེ། ལུས་ཅན་རྣམས་ཀྱི་སྤྲོ་བ་དང་འཇིག་པའི་རྒྱུའོ། །གང་བ་ལ་བརྟན་པར་བྱས་པ་མ་ཡིན་པའི་བདེ་བ་ཟླ་བ་འདི་ནི་ཡང་དང་ཡང་དུ་སྐྱེ་ཞིང་འཇིག་པར་འགྱུར་རོ། །འདི་ལ་དཔེ་ནི་ཇི་ལྟར་དཀར་པོ་དང་ནག་པོའི་ཕྱོགས་དག་ལས་ཟླ་བ་བཞིན་དང༌། བྱང་དང་ལྷོ་བགྲོད་པ་དག་ལས་ཉི་མ་བཞིན་ཏེ། ཉིན་མོའི་ངོ་བོའི་ཉི་མ་འཕེལ་བ་དང་ཟད་པ་མཐོང་བའི་ཕྱིར་རོ། །སྒོམ་པའི་སྟོབས་ཀྱིས་གང་བ་ན་བརྟན་པ་འདི་ནི་རིམ་གྱིས་གཙུག་ཏོར་དུ་ས་བཅུ་གཉིས་ཀྱིས་གང་བ་ཉིད་དོ། །གསང་བ་ལ་སོགས་པ་གཙུག་ཏོར་གྱི་མཐར་ཐུག་པ་འཁོར་ལོ་སོ་སོར་མི་འགྱུར་པའི་སྐད་ཅིག་དབུགས་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་འགགས་པ་རྣམས་ཀྱིས་ས་གཉིས་འཐོབ་བོ། །མི་འགྱུར་པ་དེ་གང་གི་ཚེ་འབྱུང་བ་དང་འཇིག་པའི་ངོ་བོ་ཆགས་པ་དང་ཆགས་བྲལ་གྱི་ཕྱོགས་གཉིས་སྤངས་པ་དེའི་ཚེས་རྣམས་


DTG015_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་གང་བ་བདེན་དོན་རྣམ་པ་བཅུ་གཉིས་པ་ལ་སོགས་པའི་མིང་ཅན་ནོ། །དེ་རྒྱས་པར་འཆད་པ་ས་རྣམས་ཀྱིས་ཏེ། ཀུན་དུ་འོད་དང༌། བདུད་རྩི་འོད་དང༌། ནམ་མཁའ་འོད་དང༌། རྡོ་རྗེ་འོད་དང༌། རིན་ཆེན་འོད་དང༌། པདྨའི་འོད་དང༌། སངས་རྒྱས་ཀྱི་ཕྲིན་ལས་བྱེད་པ་དང། དཔེ་མེད་པ་དང༌། དཔེ་དང༌། ཤེས་རབ་འོད་དང༌། ཐམས་ཅད་མཁྱེན་པ་ཉིད་དང༌། སོ་སོའི་བདག་ཉིད་རིག་པ་ཞེས་བྱ་བ་རྣམས་ཀྱིས་སོ། །ལྷག་མ་ནི་གསལ་ལོ། །ཀུན་ནས་ཆ་ཤས་གང་བར་གྱུར་པའི་སེམས་འདི་ནི་དོན་གཅིག་ལ་སོགས་པ་དོན་ཇི་ལྟ་བ་བཞིན་བསྟན་པའི་མིང་ཅན་ནོ། །ཆགས་པ་དང་ཆགས་བྲལ་བའི་ཕྱོགས་གཉིས་ཀྱིས། བག་ཆགས་རྣམས་ཀྱིས་མ་སྦྱར་བ་ཀུན་ནས་ཉོན་མོངས་པར་མ་བྱས་པའོ། །མི་འགྱུར་པ་དེར་རབ་ཏུ་ཞུགས་པའི་དངོས་པོའི་ཚོགས་འགྱུར་མེད་ཉིད་དུ་འགྲོའོ། །མི་འགྱུར་པའི་རིག་པ་འཛིན་པའི་སྟོན་པ་ལ་བདེ་བའི་རང་བཞིན་རྣམ་པ་ཐམས་ཅད་པའི་དངོས་པོ་ཐམས་ཅད་སོ་སོར་གསལ་བའོ་ཞེས་པའི་དོན་ཏོ། །ཇི་ལྟར་ཞེས་པའི་དཔེ་ནི་གསལ་ལོ། །དཔེ་གཞན་ནི་ཇི་ལྟར་ལྷང་ཚེར་ལ་སོགས་པའི་ཁམས་ཀྱི་ཚོགས་དངུལ་ཆུས་ཟོས་པ་རོ་ཉིད་དུ་འགྲོའོ། །གསེར་ལ་སོགས་པའི་ས་བོན་ཞུ་བ་རྣམས་ཀྱིས་ས་བོན་ཉིད་དེ། ལྕགས་བརྒྱད་འབུགས་པའོ། །འབྲས་བུའི་དུས་སུ་བསྐོལ་བ་ལྷག་པར་བྱེ་བ་ལ་སོགས་འབུགས་པ་ཉིད་ཀྱིས་ཚད་སྤངས་པའོ། །དེ་ལྟར་ཞེས་པ་དཔེ་ཅན་ཏེ་གསལ་ལོ། །རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོ་ཐམས་ཅད་ལ་ཁྱབ་པ་ཉིད་དུ་ཆེ་བ་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་དག་གིས་གསལ་བར་གསུངས་སོ། །ཇི་ལྟར་ཞེས་པ་གྲུབ་པའི་རོའི་དཔེའི་དཔེ་ཅན་ནི་དེ་ལྟར་ཞེས་པ་སྟེ། རྡོ་རྗེ་ནོར་བུར་བརྟན་པར་བྱས་པའི་བདེ་བ་བྱེད་པ་པོ་ལས་ཀྱི་ཕྱག་རྒྱལ་སོགས་པའི་སྦྱོར་བས་སྦར་བའི་གཏུམ་མོས་ཡང་དག་པར་གདུངས་པས་སེམས་ཀྱི་ལས་ཀུན་ནས་འབིགས་པར་བྱེད་དེ། དེའི་རང་བཞིན་ཉིད་དུ་སྐྱེད་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི་གསལ་ལོ། །ཉོན་མོངས་པ་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་ཡིན་པ་གཅིག་ཉིད་ཡིན་པར་སེམས་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་འགོག་


DTG015_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱེད་དོ། །དེ་རྣམས་ནི་རེ་ཞིག་གློ་བུར་བ་མ་ཡིན་ཏེ་འདོད་ཆགས་དང་བྲལ་བ་ཡང་འདོད་ཆགས་ཅན་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་རོ། །སེམས་ལས་སྔར་བྱུང་བའི་ངང་ཚུལ་ཅན་རྣམས་ཀྱང་མ་ཡིན་ཏེ་རྒྱུ་མེད་པའི་ཕྱིར་རོ། །གང་ཕྱིར་ཉོན་མོངས་པ་ལ་སོགས་པ་རྣམས་སེམས་ལ་རྣམ་པར་སྒྲུབ་པ་ཡིན་པས་སོ། །རྒྱུ་མེད་པ་ཅན་ཡང་མ་ཡིན་ཏེ། ནམ་མཁའི་མེ་ཏོག་ལ་སོགས་པ་བཞིན་དུ་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཉོན་མོངས་པ་རྣམས་རང་བཞིན་དུ་གྱུར་པ་ཡང་མ་ཡིན་ཏེ། འཇིག་པ་དང་བྲལ་བར་འགྱུར་པའི་ཕྱིར་རམ། སྦངས་པ་ན་ཡང་མར་མེ་བཞིན་མྱ་ངན་ལས་འདས་པར་ཐལ་པར་འགྱུར་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་དཔྱད་པར་མི་བཟོད་པ་ཉིད་ཀྱི་ཕྱིར་སྒྱུ་མ་ལྟ་བུ་རྣམས་སོ། །ཟངས་ཀྱི་ཅེས་པ་སྟེ། དྲི་མེད་ཉིད་ཀྱིས་ནི་གསེར་ཉིད་ཀྱིས་སོ། །ལྷག་མ་ནི་གསལ་ལོ། །དེ་བཞིན་ཞེས་པ་ལ། སྟོང་ཉིད་ནི་དུ་བ་ལ་སོགས་པའི་ལམ་མོ། །ཡེ་ཤེས་ཉིད་ནི་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དོ། །ཇི་ལྟར་བཅུད་ཀྱིས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་གྲོལ་བ་ལ། སླར་འཁོར་བ་མེད་པ་གསུངས་སོ། །ཆགས་བྲལ་ཞེས་པ་སྟེ། གནས་པར་བྱ་ཞེས་པ་ལ་མ་བསྒོམས་པས་སོ། །གཞོན་ནུ་མ་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བདུན་གསལ་ལོ། །ཁུ་བ་ཞེས་པ་སྟེ་གང་གི་ཕྱིར་རྟེན་ཁུ་བ་འཕོས་ན་བརྟེན་པར་བྱ་བ་འཇིག་པ་དེའི་ཕྱིར་ཁུ་བ་མི་འགྱུར་པ་ཁོ་ན་ཉིད་ཀྱིས་བདེ་བ་ཆེན་པོ་བསྒྲུབ་པར་བྱའོ། །ཇི་སྲིད་དུ་རྟེན་དང་བརྟེན་པར་བྱ་བ་ཐ་དད་པ་དེ་སྲིད་དུ་གཙུག་ཏོར་དུ་གང་བ་ཉིད་མ་ཡིན་ནོ། །མཆོག་ཏུ་འགྱུར་མེད་ལས་བྱུང་བའི་སྐུའི་བདེ་བ་ཆེན་པོའི་མཛོད་སྤུ་ནི་དཔྲལ་བའི་འཁོར་ལོ་སྟེ། དེར་ངེས་པར་འགྲོ་བ་ཉིད་ཀྱིས་གཙུག་ཏོར་དུ་སོན་པའི་ཆ་བཅུ་དྲུག་པ་ཤུགས་ལས་གསུངས་ཏེ་སྟོན་པ་འདིའོ། །ཨ་ཡིག་ལ་སོགས་པ་དབྱངས་ཡོངས་སུ་གྱུར་པ་ཟླ་བ་དང་ཀ་ལ་སོགས་པ་ཡོངས་སུ་གྱུར་པ་ཉི་མ་སྟེ། དེ་དག་ཡང་དག་པར་སྦྱོར་བ་ནི་རྟེན་མ་ཡིན་ཞིང༌། ཧཱུཾ་ཡིག་ལ་སོགས་པ་ཡོངས་སུ་གྱུར་པའི་དཀྱིལ་འཁོར་དང་གཙོ་བོ་ཡང་ནི་བརྟེན་པ་མ་ཡིན་ཏེ་རྒྱུ་མེད་པའི་ཕྱིར་རོ། །འོན་ཀྱང་གཙུག་ཏོར་དང་ནོར་བུའི་ལྟེ་བར་གནས་པའི་ཟླ་བ་དང་ཉི་མ་དག་


DTG015_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟེན་ཡིན་ཞིང༌། ཐམས་ཅད་ལ་ཁྱབ་པའི་བདེ་བ་ཆེན་པོ་བརྟེན་པར་བྱ་བའོ། །ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་པ་སྣ་ཚོགས་པའི་གཟུགས་བརྙན་ནི་རྒྱུ་སྟེ། ཁུ་བ་མི་འགྱུར་པ་ལས་སྐྱེས་པ་འབྲས་བུའོ། །དེ་དག་ཕན་ཚུན་རྒྱས་བཏབ་པ་ཉིད་དེ། རྒྱུ་ཡང་བདེ་བའི་ངོ་བོ་ཉིད་ཀྱི་ཕྱིར་དང༌། འབྲས་བུ་ཡང་དམིགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སྟོང་པ་ཞེས་པ་སྟེ། དམིགས་པ་དང་བཅས་པའི་སྟོང་པ་ཉིད་དང༌། དམིགས་པ་མེད་པའི་སྙིང་རྗེ་དག་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་གོམས་པར་བྱེད་པའི་དུས་ན་རྒྱུ་སྟེ། སྒོམ་པ་མཐར་ཐུག་པར་གྱུར་པའི་དུས་ན་ནི་འབྲས་བུའོ། །མྱ་ངན་ལས་འདས་པ་ཞེས་པ་ལ་སོགས་པས་འདིའི་མཐའ་གཉིས་དང་བྲལ་བ་གསུངས་སོ། །དེ་ལ་འཐད་པ་གསུངས་པ། གཟུགས་བརྙན་ནི་ཆད་པ་མིན་ཏེ། ཆོས་ཐམས་ཅད་དམིགས་པ་མེད་པར་འགྱུར་པའི་རང་བཞིན་དུ་དངོས་མེད་ལས་སོ་སོ་རང་གིས་རིག་པར་བྱ་བ་སྐྱེས་པའི་ཕྱིར་རོ། །འབྲས་བུ་ཡང་རྟག་པ་ཉིད་མ་ཡིན་ཏེ་ནོར་བུ་ལས་སྟེང་དུ་སོན་པའི་ཁུ་བའི་ངོ་བོ་ལས་འཇིག་རྟེན་གྱི་མཚན་ཉིད་དང་མི་མཐུན་པའི་ཟག་པ་མེད་པའི་བདེ་བ་ཡང་དག་པར་བྱུང་བའི་ཕྱིར་རོ། །དངོས་མེད་དང་དངོས་པོ་དག་གིས་བརྗོད་ཟིན་པའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་དང་སྙིང་རྗེ་དག་སྟེ། ལྷག་མ་ནི་གོ་སླའོ། །གཉིས་ཀའི་བདག་ཉིད་འདི་ནི་མ་ནིང་གི་གོ་འཕང་སྟེ། ཤེས་རབ་དང་ཐབས་འབའ་ཞིག་པའི་ཕྱོགས་དག་མེད་པའི་ཕྱིར་རོ། །ཤེས་རབ་ཅེས་པ་གཟུགས་བརྙན་གྱི་མཚན་ཉིད་ཅན་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །དེ་ཡང་རྒྱུ་ལས་མ་བྱུང་སྟེ། རང་བཞིན་ནི་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་ཁོ་ན་རྒྱུ་སྟེ། དེ་ལས་བྱུང་བའང་འབྲས་བུ་ཡིན་ལ། ཤེས་རབ་རྒྱུ་ལས་སྐྱེས་པ་མིན་པ་ཉིད་ཀྱི་ཕྱིར། ཅི་ལྟར་དེ་ལས་སྐྱེས་པ་རྒྱུ་ལས་སྐྱེ་བ་ཡིན། སྔར་ཁོ་ནར་རྒྱུའི་གཏམ་གསལ་བའི་ཕྱིར་རོ། །དེ་ཕྱིར་ཡེ་ཞེས་པ་ཕྱེད་གོ་སླའོ། །འབྲས་བུ་ཁོ་ནས་རྒྱུ་ལ་རྒྱས་བཏབ་པའམ་རྒྱུ་ཁོ་ནས་འབྲས་བུ་ལ་ཞེས་པ་ཕན་ཚུན་དུའང་མི་འགྱུར་ལ། འབྲས་བུས་ཀྱང་རྒྱུ་རྒྱས་བཏབ་ཅིང༌། རྒྱུ་ཡིས་ཀྱང་འབྲས་བུ་ཞེས་ཕན་ཚུན་དུ་ཡང་མི་འགྱུར་རོ། །ཅིའི་


DTG015_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་ཞེ་ན། གསུངས་པ། གང་གི་ཕྱིར་རྒྱུ་དང་འབྲས་བུ་དག་གཏན་ནས་བྱུང་བ་ཉིད་ཀྱི་ཕྱིར་ཏེ་ཀུན་རྫོབ་པ་ལས་སོ། །གཉིས་ཀ་དབྱེར་མེད་པའི་གཟུགས་བརྙན་ནི་སྐྱེ་བ་དང་འཇིག་པ་དང་བྲལ་བའོ། །གསུངས་པ་ཡང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཁོ་ནའོ་ཞེས་སོ། །གང་གི་ཕྱིར་གཉིས་ཀ་དབྱེར་མེད་པའི་གཟུགས་བརྙན་གྱི་ཤེས་རབ་ཀྱི་ཆ་གདོད་མ་ནས་ཞི་བ་ཉིད་ཀྱི་ཕྱིར་རྟག་ཏུ་མ་སྐྱེས་པ་དང༌། ཐབས་ཀྱི་ཆ་སོ་སོ་རང་གིས་རིག་བྱ་ཉིད་ཀྱི་ཕྱིར་རྟག་ཏུ་བྱུང་བ་ཁོ་ན་སྟེ། དེའི་ཕྱིར་ཡང་རྒྱུ་དང་འབྲས་བུ་ཉིད་མ་ཡིན་ཞིང་ཕན་ཚུན་རྒྱས་བཏབ་པ་ཡང་མ་ཡིན་ནོ། །ཕན་ཚུན་རྒྱས་བཏབ་པ་མེད་པ་ཉིད་ལ་རིགས་པ་གཞན་ནི། རབ་ཏུ་ཤེས་པར་བྱ་བ་གང་སྣ་ཚོགས་གཟུགས་ཕྱི་རོལ་ལས་རྣམ་པར་ཕྱེ་བ་མཐོང་སྟེ། དེ་ནི་རང་གི་སེམས་ལས་གཞན་མ་ཡིན་ནོ། །དེའི་ཕྱིར་ཞེས་པ་ལ་སོགས་ཉེ་བར་བསྡུ་བའོ། །རལ་ཞེས་པ་ལ་སོགས་པ་དཔེའོ། །འོ་ན་བརྗོད་ཟིན་པའི་མཚན་ཉིད་ཅན་གྱི་ལམ་སྒོམ་པ་མེད་པར་མི་འགྱུར་པའི་བདེ་བ་སྐྱེ་བ་མེད་ན། དེས་ན་ཅི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་མེད་ཅེ་ན། གསུངས་པ་མོ་གཤམ་ཞེས་པ་སྟེ། འདིས་ནི་རྒྱུ་དང་འབྲས་བུའི་དངོས་པོ་དེ་ཁོ་ན་ཉིད་མ་ཡིན་པ་གསུངས་སོ། །ཤེས་རབ་མ་ཡིན་ཞེས་པ་སྟེ། འདི་ནི་བརྗོད་ཟིན་པའི་ཤེས་རབ་དང་ལྷན་ཅིག་སྐྱེས་པའོ། །ནམ་མཁའ་ཞེས་པ་ལ་སོགས་པ་གོ་སླའོ། །རང་བྱུང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་ནི་འཇིག་རྟེན་ལས་འདས་པའི་སེམས་དཔའ་དྲུག་མདོར་བསྟན་པའོ། །དམིགས་པ་ལས་འབྱུང་བའི་ཕྱིར་འདི་ནི་རང་འབྱུང་ངོ༌། །གསང་བ་ལ་སོགས་པ་གཙུག་ཏོར་གྱི་མཐར་ཐུག་པ་འཁོར་ལོ་དྲུག་ཏུ་རིམ་པས་རྡོ་རྗེ་སེམས་དཔའ་དང་སེམས་དཔའ་ཆེན་པོ་དང་བྱང་ཆུབ་སེམས་དཔའ་དང་དམ་ཚིག་སེམས་དཔའ་དང༌། རྡོ་རྗེའི་རྣལ་འབྱོར་དང་དུས་ཀྱི་འཁོར་ལོ་སྟེ་དྲུག་གི་མིང་ཅན་ནོ། །འདིའི་རྒྱས་པར་བཤད་པ་ལ། རྡོ་རྗེ་ནི་སྟོང་པའི་གཟུགས་ཏེ། དེ་གང་གི་ཕྱིར་མི་ཕྱེད་པ་དེའི་ཕྱིར་ཏེ། དོན་ཆེན་ནི་མདོར་བསྟན་པར་རོ། །སེམས་དཔའ་ནི་གང་འདོད་པའི་ཁམས་ལ་སོགས་པའི་ངོ་བོ་ལུས་དང་ངག་དང་སེམས་གཅིག་པ་ཉིད་ཅེས་བྱའོ། །དེ་ནི་


DTG015_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་ཏུ་མི་འགྱུར་པར་མདོར་བསྟན་པར་བྱའོ་ཞེས་པ་རྡོ་རྗེ་སེམས་དཔའོ། །དེ་ནི་ཆེན་པོ་སྟེ་བདེ་བ་ཆེན་པོས་གང་བ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ཆེན་པོས་ནི་མདོར་བསྟན་པའོ། །དེ་ཡང་སེམས་དཔའ་སྟེ་ས་ཡིས་གང་བར་བྱས་པ་ཉིད་ཀྱི་ཕྱིར་རོ། །སེམས་ཅན་ཐམས་ཅད་དགའ་བར་བྱེད་བ་ནི་མདོར་བསྟན་པའོ་ཞེས་པ་སེམས་དཔའ་ཆེན་པོའོ། །འདི་ནི་གང་གི་ཕྱིར་བྱང་ཆུབ་ལ་སྟེ་ཆོས་ཀྱི་འཁོར་ལོ་ལ་གནས་པ་མི་གཡོ་བ་སྟེ། དེ་ཉིད་ཉོན་མོངས་པ་ལ་སོགས་པ་ཞེ་སྡང་གི་ཚོགས་རྣམས་ལས་རྣམ་པར་རྒྱལ་བ་ཉིད་ཀྱི་ཕྱིར་ཞེ་སྡང་ཆེན་པོའོ། །དགྲ་ཆེ་བ་ཡང་མདོར་བསྟན་པའོ། །སེམས་དཔའ་ནི་ཞེས་པ་བྱང་ཆུབ་སེམས་དཔའོ། །དམ་ཚིག་ལས་དམ་ཚིག་གི་སྟེ་ཟླ་བ་བདུད་རྩི་ཞེས་བྱ་བ་ཁུ་བའི་སེམས་དཔའ་ནི་འཕོ་བ་མེད་ཀྱི་ངོ་བོ་སྟེ། དེ་ཟབ་པའོ། །གཏི་མུག་ལས་རྣམ་པར་རྒྱལ་བའི་ཕྱིར་གཏི་མུག་ཆེན་པོའོ། །གཏི་མུག་གི་བློ་ཅན་རྣམས་ཀྱི་གཏི་མུག་འཇོམས་པར་བྱེད་པ་ཡང་མདོར་བསྟན་པའོ། །དེའི་ཕྱིར་དམ་ཚིག་སེམས་དཔའོ། །དེ་ཉིད་ནི་གང་གི་ཕྱིར་སྐུ་ལ་སོགས་པའི་རྡོ་རྗེ་རྣམས། ཤེས་རབ་གཟུགས་བརྙན་དང་མི་འགྱུར་པའི་ཐིག་ལེ་རྣམས་དང་ལྷན་ཅིག་སྦྱོར་བ་ནི་གཅིག་ཉིད་དོ། །ཁྲོ་བ་ལས་ངེས་པར་རྒྱལ་བའི་ཕྱིར་ཁྲོ་བོ་ཆེན་པོ་སྟེ། བདུད་ལས་རྣམ་པར་རྒྱལ་བར་བྱེད་པའི་ཕྱིར་ཁྲོས་པའི་བདུད་ཀྱི་དགྲ་བོ་ཡང་མདོར་བསྟན་པའོ་ཞེས་པ་རྡོ་རྗེའི་རྣལ་འབྱོར་རོ། །དེ་ནི་གང་གི་ཕྱིར་དུས་བདེ་བ་ཆེན་པོ་སྟེ། ཐབས་དེ་ལས་མཐའ་ཡས་པའི་སེམས་ཅན་གྱི་དོན་ཡོངས་སུ་མ་བཏང་བ་ནི་འཁོར་ལོ་ཞེས་བྱ་བ་བཅོམ་ལྡན་འདས་སོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་གྲོལ་དུ་བཅུག་ནས་ཆགས་པ་ཆེན་པོ་འགྱུར་པའི་ཆགས་པ་སེལ་བར་བྱེད་པ་ཡང་མདོར་བསྟན་པའོ་ཞེས་པ་དུས་ཀྱི་འཁོར་ལོའོ། །རྩ་དྲུག་གི་ངོ་བོའི་རྩིབས་དྲུག་པའི་འཁོར་ལོ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འདི་རྣམས་སོ་སོར་རྣམ་པ་དྲུག་རྣམས་སོ། །དེ་ལ་དུང་ཅན་མའི་ངོ་བོ་འོག་གི་རྩིབས་ལ་མི་འགྱུར་པའི་ཡེ་ཤེས་སོ། །ར་ས་ནཱའི་ངོ་བོ་ལྷོའི་རྩིབས་ལ་མི་འགྱུར་པའི་ཚོར་བའོ། །ཨ་ཝ་དྷཱུ་ཏཱིའི་ངོ་བོ་སྟེང་གི་རྩིབས་ལ་མི་འགྱུར་པའི་རྣམ་པར་ཤེས་པའོ། །བཤང་བའི་རྩའི་ངོ་བོ་ནུབ་ཀྱི་


DTG015_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྩིབས་ལ་མི་འགྱུར་པའི་གཟུགས་སོ། །གཅི་བའི་རྩའི་ངོ་བོ་ཤར་གྱི་རྩིབས་ལ་མི་འགྱུར་པའི་འདུ་བྱེད་དོ། །ལ་ལ་ནཱའི་ངོ་བོ་བྱང་གི་རྩིབས་ལ་མི་འགྱུར་པའི་འདུ་ཤེས་སོ་ཞེས་པ་ཕུང་པོ་དྲུག་རྣམས་སོ། །རིགས་དྲུག་པོ་དེ་རྣམས་ཁོ་ན་རིམ་པ་ཇི་ལྟ་བར་མི་འགྱུར་པའི་ཡེ་ཤེས་ལ་སོགས་པ་ཁམས་དྲུག་རྣམས་ཀྱིས་སོ། །དེ་བཞིན་དུ་མི་འགྱུར་པའི་ཡིད་ལ་སོགས་པ་དབང་པོ་དྲུག་པོ་རྣམས་ཀྱི་སྟེ། དེ་བཞིན་དུ་མི་འགྱུར་པའི་སྒྲ་ལ་སོགས་པ་ཡུལ་དྲུག་པོ་རྣམས་ཀྱི་དང༌། དབང་པོས་ཉེ་བར་མཚོན་པ་ལས་ནི་འགྱུར་པའི་མཆོག་གི་དབང་པོ་དང་ལག་པ་དང་མདོམས་དང་བཤང་ལམ་དང་རྐང་པ་ཞེས་བྱ་བ་ལས་ཀྱི་དབང་པོ་རྣམས་ཀྱི་དང༌། དེ་བཞིན་དུ་ཡུལ་གྱི་ཉེ་བར་མཚོན་པ་ལས་མི་འགྱུར་པའི་ཁུ་བ་འཕོ་བ་དང་ལེན་པ་དང༌། གཅི་བ་འཛག་པ་དང་བཤང་བ་གཏོང་བ་དང་སྨྲ་བ་དང་འགྲོ་བ་ཞེས་བྱ་བ་ལས་ཀྱི་དབང་པོའི་བྱ་བ་རྣམས་ཀྱིའོ། །སུམ་ཅུ་རྩ་དྲུག་པོ་འདི་རྣམས་རིམ་པས་དཀྱིལ་འཁོར་ལ་སྟེ། འདོད་པ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་དང༌། འདོད་ཆགས་ཆེན་པོ་ཞེས་བྱ་བ་རིན་ཆེན་དབང་པོ་དང༌། ཁྲོ་བ་ཆེན་པོ་ཞེས་བྱ་བ་མི་བསྐྱོད་པ་དང༌། གཏི་མུག་ཆེན་པོ་ཞེས་བྱ་བ་རྣམ་པར་སྣང་མཛད་དང༌། ཞེ་སྡང་ཆེན་པོ་ཞེས་བྱ་བ་དོན་ཡོད་གྲུབ་པ་དང༌། ཆགས་པ་ཆེན་པོ་ཞེས་བྱ་བ་འོད་དཔག་ཏུ་མེད་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གོས་དཀར་མོ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་སྤྱན་མ་དང་སྒྲོལ་མ་དང་མཱ་མ་ཀཱི་རྣམས་དང༌། ཀུན་དུ་བཟང་པོ་དང་སའི་སྙིང་པོ་དང༌། ཕྱག་ན་རྡོ་རྗེ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། ནམ་མཁའི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་རྣམས་དང༌། སྒྲ་རྡོ་རྗེ་མ་དང་རོ་རྡོ་རྗེ་མ་དང་ཆོས་དབྱིངས་རྡོ་རྗེ་མ་དང་དྲི་རྡོ་རྗེ་མ་དང་རེག་བྱ་རྡོ་རྗེ་མ་དང་གཟུགས་རྡོ་རྗེ་མ་རྣམས་ཀྱི་དང༌། གནོད་མཛེས་དང་ཤེས་རབ་མཐར་བྱེད་དང་གཙུག་ཏོར་དང༌། གཤིན་རྗེ་མཐར་བྱེད་དང༌། བགེགས་མཐར་བྱེད་དང་པདྨ་མཐར་བྱེད་རྣམས་དང༌། ཆེར་སྔོན་མོ་དང་རྨུགས་བྱེད་མ་དང་དྲག་སྤྱན་མ་དང་རེངས་བྱེད་མ་དང་བརྩོན་འགྲུས་ཆེན་མོ་དང་ཁེངས་བྱེད་མ་རྣམས་སོ། །རིགས་སུམ་ཅུ་རྩ་དྲུག་ལ་ཁྱབ་པར་བྱེད་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྡོ་རྗེ་


DTG015_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་ཡང་སྒྲིབ་པ་དང་བཅས་པའི་འདོད་ཆགས་ལ་སོགས་པ་འགོག་པའི་ཕྱིར་ཁྲོ་བོའི་རྒྱལ་པོ་སྟེ། འདོད་བ་ཆེན་པོ་ལ་སོགས་པའི་གདོང་དྲུག་པའོ། །འཆི་བདག་གི་བདུད་ལ་སོགས་པ་འཇིགས་པར་བྱེད་པ་ཉིད་ཀྱི་ཕྱིར་འཇིགས་པའོ། །བརྗོད་ཟིན་པའི་ཡེ་ཤེས་ལ་སོགས་པའི་རིགས་དྲུག་དག་པའོ། །ལུས་ཞེས་པ་སྐུའི་དཀྱིལ་འཁོར་དང༌། གསང་བ་དབང་པོ་གསུང་གི་དཀྱིལ་འཁོར་དང༌། སེམས་ཐུགས་ཀྱི་དཀྱིལ་འཁོར་དང༌། སེམས་ཐུགས་ཀྱི་དཀྱིལ་འཁོར་དང༌། གསུམ་པོ་འདིའི་བདག་ཉིད་འདི་ནི་རིགས་དྲུག་གི་དཀྱིལ་འཁོར་རོ། །དེ་ཡང་ལམ་བསྒོམས་པས་དག་པ་ནི་སྔར་བཤད་པའི་རྣམ་པར་དག་པ་དྲག་པོ་ཤེས་རབ་དང་ཐབས་ཀྱི་རྡོ་རྗེ་གསུམ་པོ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་བསམ་དུ་མེད་པའི་ཐུགས་རྡོ་རྗེ་ཉིད་དུ་འགྲུབ་པར་འགྱུར་རོ། །འདི་ནི་སྟེ་དབང་མདོར་བསྟན་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ནི་བཤད་ཟིན་པ་ནི་དབང་བསྐུར་བཅུའི་སྒྲུབ་ཐབས་དང་མཆོག་ཏུ་མི་འགྱུར་པའི་དབང་བསྐུར་གྱི་སྒྲུབ་ཐབས་ཏེ། བརྗོད་ཟིན་པའི་རྩ་དང་རིགས་རབ་ཏུ་གསལ་བར་བྱེད་པ་ནི། ཀྱེ་ཟླ་བ་བཟང་པོ་ཕྱག་ན་རྡོ་རྗེ་མདོར་བསྟན་པས་ཏེ། མདོར་བསྡུས་པས་གསལ་བར་བཤད་དོ་ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ནགས་ཕྱོགས་རྩ་བ་ཕྱུང་ནས་རྟག་ཏུ་ནི། །འཇིག་རྟེན་རྣམས་ལ་བདེ་བ་སྟེར་གྱུར་ཅིག །ཉོན་མོངས་ཚ་བ་སེལ་བར་བྱེད་པ་ཡི། །དབང་བསྐུར་ཟླ་བའི་ཟླ་འོད་གསལ་བར་བརྗོད། །དབང་བསྐུར་མདོར་བསྟན་པའི་བརྗེད་བྱང་འདི་ནི་དཔལ་དུས་ཀྱི་འཁོར་ལོ་པ་པཎྜི་ཏ་རྣམ་པར་རྒྱལ་བ་དབང་པོའི་ཞབས་ཀྱིས་མཛད་པའོ།། །།གཞུང་གི་ཚད་ནི་ཚིགས་སུ་བཅད་པ་བདུན་ཅུ་རྩ་བདུན་གྱིས་ལྷག་པའི་བརྒྱ་ཕྲག་བཞིའོ། །ལོ་ཙཱ་བའི་མིང་ཙམ་འཛིན་པ་དཔང་དཔལ་ལྡན་བློ་གྲོས་བརྟན་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པ་ཞེས་བྱ་བ།
ཤཱཀྱཤྲཱིས་མཛད།


DTG015_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། བཛྲ་པཱ་ད་གརྦྷ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པ་ཞེས་བྱ་བ། བཅོམ་ལྡན་འདས་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཇི་ལྟ་བུ། །དེ་ལྟར་སློབ་དཔོན་གཟུགས་ཉིད་དེ། །སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །ཕལ་པའི་གཟུགས་ཀྱིས་གནས་པ་


DTG015_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡི། །ཡང་དག་ཡེ་ཤེས་སྣང་བ་པོ། །སྒྲུབ་པས་བླ་མ་མངོན་ཕྱག་འཚལ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །རྫོགས་པ་ཡི་ཡང་རིམ་པ་ཉིད། །ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །དང་བོར་གཅིག་ནི་བསྒོམ་པར་བྱ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །དེ་ཡོངས་ཤེས་པས་གྲོལ་བ་ཡིན། །དངོས་པོ་བསྒོམ་འགྱུར་ཤེས་རབ་ཅན། །དངོས་པོ་མེད་པ་ཡོངས་ཤེས་པས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་ཚོགས་སྤངས་པའོ། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ལས། །དེ་ཉིད་བཅོམ་ལྡན་ཤེས་རབ་མ། །དྲི་དང་རོ་དང་མྱང་ལས་འདས། །ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན། །ཆོས་དབྱིངས་ཤིན་ཏུ་རྣམ་དག་མ། །དེ་ཉིད་དཀྱིལ་འཁོར་བདག་པོ་ང༌། །དེ་ཉིད་བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང༌། །དངོས་གྲུབ་འདོད་པས་མི་གནས་སོ། །བརྩེ་བས་དངོས་གྲུབ་དོན་དུ་ཡང༌། །ཟླ་བ་གཅིག་ཏུ་ཡོངས་སུ་རྟོགས། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་པ་ཡིས། །ཉི་མ་གཅིག་ཏུ་མཆད་པར། །བསྒོམས་པས་ཡོངས་སུ་བརྟག་པར་གྱིས། །ཡང་ན་ཧེ་རུ་ཀ་དཔལ་གཟུགས། །རྣལ་འབྱོར་མ་ནི་རྣམ་པར་བསྒོམ། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །རིག་མ་ལྷན་ཅིག་གོམས་བྱས་པས། །འཕྲལ་དུ་མངོན་དུ་བྱེད་པ་ཉིད། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡི་འདི་ནི་བྱིན་བརླབས་ཡིན། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །སྒོམ་པ་པོ་མེད་སྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར།


DTG015_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་པས། །སྒོམ་པ་ཉིད་ནི་བསྒོམ་པ་མིན། །དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་ཉིད། །འདིས་ནི་མཆོག་ཏུ་བདེ་ཆེན་ཉིད། །དང་པོར་གོམས་པར་བྱེད་དུས་ཀྱི། །གནས་ནི་བཟང་པོ་ངེས་པར་བརྟག །རང་གི་ཁྱིམ་མམ་མཚན་དུས་སུ། །དབུ་མར་རངས་པའི་ལྟ་སྟངས་ཉིད། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །དངོས་དང་དངོས་མེད་བདག་ཉིད་མཆོག །དེ་ཉིད་ཡི་གེ་དམ་པ་ཡིན། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །འདི་ལ་ཐབས་དང་ཤེས་རབ་མེད། །ཡང་དག་དེ་ཉིད་སྣང་བ་པོ། །བསྒོམ་པ་རོ་གཅིག་མཉམ་པ་ཉིད། །དང་པོར་སྤྲིན་དང་འདྲ་བ་ཡིན། །དང་པོ་དུ་བ་ལྟ་བུ་སྟེ། །གཉིས་པ་སྨིག་རྒྱུའི་རྣམ་ཉིད་ཆུ། །གསུམ་པ་མེ་ཁྱེར་རྣམ་པའོ། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་ལྟ་བུ་ཉིད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་མཚོན་པའོ། །གྲུབ་པ་སྒྱུ་མ་ལྟ་བུར་འགྱུར། །ཉལ་དང་ལོག་པའི་ཁྱད་པར་ལས། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། །རང་རིག་ཡེ་ཤེས་ཉིད་དུ་འགྱུར། །དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཕྱག་རྒྱའི་རྣལ་འབྱོར་པ་ཡིས་འགྲུབ། །རློམ་སེམས་མེད་པའི་རང་བཞིན་བདག །ཤིང་གཅིག་དང་ནི་དུར་ཁྲོད་དང༌། །ཡང་ན་དབེན་པའམ་བས་མཐའ་རུ། །བསྒོམ་པ་བཟང་བར་བརྗོད་པར་བྱ། །ནམ་མཁའི་ཁམས་ཀྱི་པདྨ་ལ། །བྷ་ག་ཞེས་བྱ་ཡེ་ཤེས་བརྗོད། །བསྒོམ་པ་ཞེས་བྱ་སྙོམས་འཇུག་ཉིད། །དེ་ཡི་བདེ་བ་འཁོར་ལོར་བརྗོད། །རིག་པ་ཇི་བཞིན་རང་རིག་ཉིད། །ལྷ་ཞེས་བྱ་བ་བྱང་ཆུབ་སེམས། །ཇི་ལྟར་འབྱུང་བ་ཁུ་བ་ཡིན། །བདེ་བ་གནག་ཅིང་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་གུ་བདེ་བ་སྔོ། །བདེ་བ་རྒྱུ་དང་མི་རྒྱུ་ཀུན། །བདེ་བ་དངོས་དང་དངོས་མེད་བདེ། །


DTG015_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །ཇི་ལྟར་བར་མའི་སྲིད་ཡིན་པ། །རྟག་ཏུ་གོམས་པའི་སྦྱོར་བ་ལས། །དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །བཙུན་མོ་བྷ་གའི་བདེ་ཅན་དུ། །ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །བཟའ་དང་བཏུང་དང་བླུགས་པ་དང༌། །ཉལ་དང་ལོག་དང་སེམས་པ་ན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །དེ་ནས་མངོན་དུ་འགྲོ་བར་འགྱུར། །བརྟན་དང་གཡོ་བའི་དངོས་པོ་གང༌། །རྩ་ལྕུག་འཁྲིལ་ཤིང་ལ་སོགས་པ། །བདག་གིས་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །དེ་རྣམས་དམ་པ་གཅིག་ཡོད་མིན། །རང་རིག་བདེ་བ་ཆེན་པོ་ཉིད། །རང་རིག་ནས་ནི་བྱང་ཆུབ་འགྱུར། །རང་རིག་ཕྱིར་ན་བསྒོམ་པ་ཉིད། །གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ལྷན་ཅིག་སྐྱེས་པར་གང་སྐྱེས་པ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །ཕྱག་རྒྱའི་རྒྱུ་དང་བྲལ་བ་ལས། །ཡོ་གི་སྙིང་རྗེ་ཐབས་སུ་འགྱུར། །སྟོང་དང་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཀུན་རྫོབ་ཀུནད་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་མ། །ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །གཅིག་དང་དུ་མ་བྲལ་བ་དེ། །སྐད་ཅིག་གཅིག་ལ་མཆོག་དགའ་བ། །རང་གི་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་བརླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །རང་བཞིན་གདོད་ནས་མ་སྐྱེས་པའི། །བརྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས་། །མཆོག་དགར་བསྒོམ་པ་མེད་ཅིང་སྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་ཅིང་གཟུང་བ་མེད་ཅིང་འཛིན་པའང་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤང་དང་གཅི་བ་འང་མེད། །སྐྱུག་བྲོ་རྨོངས་མེད་གཙང་སྦྲ་མཆོད་ཕྱིར་ཐོགས་མེད་


DTG015_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། རློམ་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་དང་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དཀྱིལ་འཁོར་ཉིད། །མདོར་བསྡུས་པས་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཡིད་ནི་བརྟན་ནམ་གཡོ་འམ་ཅི། །རང་གི་སེམས་ལ་སོ་སོར་བརྟག །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །རྟོག་མེད་དངོས་གྲུབ་སྦྱིན་པ་པོ། །གསུམ་ལ་ལྷན་ཅིག་སྐྱེས་པ་མེད། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །དེས་ན་བཞི་པ་བསྒོམ་པར་བྱ། །ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་ལྷན་ཅིག་ཐབས་དང་བཅས། །ཐབས་དང་ཤེས་རབ་རང་བཞིན་ལས། །སྒྱུ་མའི་གཟུགས་ཀྱིས་ཡང་དག་གནས། །ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ཀུན་གྱིས་རྣམ་པར་སྤངས། །རོ་མཉམ་དེ་ཉིད་བསྒོམས་པ་ཡིས། །འདི་ཀུན་མཉམ་པ་ཉིད་དུ་བལྟ། །དབུ་མ་གཉིས་ཀྱིས་སྤངས་པ་ཉིད། །བསྒོམ་པ་རོ་གཅིག་མཉམ་པ་ཉིད། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ནས་སངས་རྒྱས་འགྱུར། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་མི་རྙེད་དེ། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །དངོས་ང་དངོས་པོ་ང་མ་ཡིན། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །ལྷན་ཅིག་སྐྱེས་དགའི་རང་བཞིན་ང༌། །གང་ཞིག་ལེ་ལོས་བསྣུན་པ་དང༌། །རྨོངས་པ་གང་གིས་ང་མི་ཤེས། །མུན་པ་ལ་ནི་མར་མེ་ལྟར། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བས་


DTG015_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟུགས་མེད་པས། །ཆགས་དང་འཇིག་པ་དག་གིས་ཀྱང༌། །ཐབས་དང་ཤེས་རབ་གནོན་མི་འགྱུར། །དེས་ན་རབ་འཇིག་ཡོད་མ་ཡིན། །དེ་ཉིད་ལ་ནི་ཆགས་པ་མེད། །ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་ཀུན་ཁྱབ་པ་ཉིད། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་ལས། །བདག་གི་བསོད་ནམས་ལས་ཤེས་བྱ། །ཆུ་བོའི་རྒྱུན་ནི་རབ་འབབ་དང༌། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་གཞག །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །སྤྱན་ལ་སོགས་པ་ཡང་བསྲེགས་པས། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །རང་གི་གཡས་དང་ལག་གཞན་གྱིས། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །དེ་ལས་ཅི་ཞིག་སྐྱེ་ཞེ་ན། །གཞོན་ནུའི་དགའ་བ་ཇི་ལྟ་བ་འམ། ལྐུགས་པའི་རྨི་ལམ་ཇི་ལྟ་བའོ། །བོ་ལའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེའི་སྐྱེ་མཆེད་ཐམས་ཅད་ཉིད། །འདི་ནི་གསང་བའི་སྙོམས་འཇུག་པས། །ཕྱི་རོལ་གཉིས་གཉིས་བསྟན་པ་མེད། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །དེ་ཡི་ཕྱག་རྒྱ་བདེ་བ་ཆེ། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །ཐམས་ཅད་ལུས་ལ་རྣམ་པར་གནས། །མཆོག་གི་མཐའ་དང་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ །རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཇི་ལྟར་པ་ལས་བདེ་ཐོབ་པ། །དེ་ཡི་བདེ་བ་རང་གིས་བཟའ། །བདེ་བ་གང་གིས་འཆིང་བ་འདིར། །དེ་ཡི་བདེ་བ་བསམ་གཏན་བརྗོད། །དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །བདེ་ཆེན་བཟང་པོའི་རྣལ་འབྱོར་མ། །དེ་ནི་མེ་ལོང་ཡེ་ཤེས་གཟུགས། །མཉམ་ཉིད་ཡེ་ཤེས་དངོས་པོ་ཅན། །ཡང་དག་གྱུར་པས་སོ་སོར་རྟོག །དེ་ཉིད་བྱ་བ་ནན་ཏན་ཏེ། །ཆོས་དབྱིངས་ཤིན་ཏུ་རྣམ་དག་མ། །མཉམ་པར་བཞག་པས་དངོས་གྲུབ་ཐོབ། །ཅེས་པ་རྡོ་རྗེའི་ཚིག་སྔ་མ་དང་ཕྱི་མ་བསྡེབས་


DTG015_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ནི། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པའི་བཞེད་པའོ། །རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའོ།།

རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པ་ཞེས་བྱ་བའི་དཀའ་འགྲེལ།
ཤཱཀྱཤྲཱིས་མཛད།


DTG015_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། བཛྲ་པཱ་ད་གརྦྟ་སཾ་གྲ་ཧ་ནཱ་མ་པཉྩི་ཀཱ། བོད་སྐད་དུ། རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པ་ཞེས་བྱ་བའི་དཀའ་འགྲེལ། བཅོམ་ལྡན་འདས་དཔལ་དགྱེས་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་དེ་ཉིད་རབ་རྟོགས་པ། །སངས་རྒྱས་ཀུན་གྱི་སྤྲུལ་པ་མཆོག །འབྱུང་བ་ལྔ་ཡི་བདག་ཉིད་མགོན། །དཔལ་ལྡན་བླ་མར་བདག་ཕྱག་འཚལ། །སྒྱུ་མ་ལྟ་སོགས་དཔེ་ཡིས་ནི། །རང་བཞིན་གང་ཞིག་རྟོགས་པར་བྱ། །དེ་ནི་མ་ལུས་བསྒོམས་པ་ཡི། །ཕྱག་རྒྱ་ཆེན་པོར་བདག་ཕྱག་འཚལ། །སྨིན་མཚམས་རྡོ་རྗེ་རིན་ཆེན་མཐར། །དགའ་བ་ལ་སོགས་རབ་ཏུ་གང༌། །གང་མཐའ་སྐྱེས་པ་གང་གྱུར་པ། །ལྷ་མོ་དེ་ལ་བདག་ཕྱག་འཚལ། །འདིར་རེ་ཞིག་དཔལ་ལྡན་དང་པོ་མཆོག་གི་སངས་རྒྱས་རྒྱུད་ཀྱི་རིམ་པ་དང༌། རྡོ་རྗེ་སྙིང་པོ་ལ་སོགས་དཔལ་ལྡན་ཕྱག་ན་རྡོ་རྗེའི་གསུང་རབ་དང་རྒྱུད་ཕན་ཚུན་ལེགས་པར་གསུངས་པ་མ་ལུས་པ་ཉེ་བར་བསྡུས་ཏེ། ཕྱག་རྒྱ་དང་དཀྱིལ་འཁོར་དང་སྔགས་དང་སྦྱིན་སྲེག་དང་ལས་ཀྱི་ཚོགས་ལ་སོགས་པ་རྒྱ་ཆེ་བ་ཟབ་ཅིང་རྟོགས་པར་དཀའ་བས་སྐྲག་པ་དག་ལུང་དུ་མ་ནས་གསུངས་པ། ཅུང་ཟད་ཅིག་ཡང་དག་པར་བསྡུས་ཏེ་དགྱེས་པའི་རྡོ་རྗེའི། རྡོ་རྗེའི་ཚིག་ངེས་པར་བྱ་བ་ནི། བླ་མ་དམ་པ་དག་ལས་ཐོབ་ཅིང་མན་ངག་གི་རིམ་པ་རྙེད་པས་ན་རང་ཉིད་དྲན་པར་བྱ་བ་དང༌། སློབ་མ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཡང་དག་པར་བཟུང་སྟེ་བྲི་བར་བྱའོ། །ད་ནི་སྦྱོར་བ་ཡན་ལག་དྲུག་བསྒོམ་པ་ཞེས་པ་ལ་སོགས་པ་འདིའི་དོན་རྒྱུད་ཕན་ཚུན་ནས་རྟོགས་པར་བྱ་བ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ་རྒྱུད་གཞན་དག་ནས་ཀྱང་གསུངས་པ་དེས་སྦྱོར་བའི་ཡན་ལག་དྲུག་པོ་འདི་ཉིད་བསྒོམ་པར་བྱ་སྟེ། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དང་ནི་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་འཛིན་རྣམས། །སྦྱོར་བའི་ཡན་ལག་དྲུག་ཏུ་འདོད། །འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི། མིག་ལ་སོགས་པའི་དབང་པོ་དང༌། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་


DTG015_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡུལ་ལ་མི་འཇུག་ཅིང༌། མཆོག་ཏུ་གྱུར་པའི་མིག་ལ་སོགས་པའི་དབང་པོ་དང༌། མཆོག་ཏུ་གྱུར་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས། ནང་གི་བདག་ཉིད་ཀྱི་ཡུལ་ལ་རབ་ཏུ་འཇུག་པ་ཞེས་པ་སྟེ། ནང་གི་བདག་ཉིད་ནི་སྟོང་པ་ཉིད་ལ་དམིགས་པས་དངོས་པོ་ཐམས་ཅད་རྟོག་པ་མེད་པར་གཟིགས་པ་གཞོན་ནུ་མ་ལ་མེ་ལོང་བསྟན་པ་ལྟ་བུ་སྟོང་པ་ཉིད་སོ་སོར་སྣང་བ་འདི་ནི་ཁམས་གསུམ་རྣམས་སངས་རྒྱས་ཀྱི་གཟུགས་བརྙན་སོ་སོར་མཐོང་བས་ན་སོ་སོར་སྡུད་པའི་ཡན་ལག་ཅེས་བརྗོད་དོ། །དེ་ནས་བསམ་གཏན་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བ་ཡིན་ལ། ཤེས་རབ་ཅེས་པ་ནི། དེ་ལ་སེམས་རབ་ཏུ་ཞུགས་པའོ། །རྟོག་པ་ཞེས་པ་ནི། དངོས་པོ་འཛིན་པའི་སེམས་སོ། །རྣམ་པར་དཔྱོད་པ་ཞེས་བྱ་བ་ནི། དངོས་པོ་དེ་ཉིད་ཀྱི་དོན་རབ་ཏུ་དཔྱོད་པའོ། །དགའ་བ་ཞེས་པ་ནི་དངོས་པོ་ཐམས་ཅད་ལ་བདེ་བར་གྱུར་པའོ། །བདེ་བ་མི་གཡོ་བ་ཞེས་པ་ནི། དངོས་པོ་ཐམས་ཅད་ཡང་དག་པའི་བདེ་བར་རིག་པ་ཞེས་པ་སྟེ། རྣམ་པ་ལྔ་པོ་དེས་བསམ་གཏན་གྱི་ཡན་ལག་ཏུ་བརྗོད། །དེ་ནས་སྲོག་དང་རྩོལ་བ་ཞེས་པ་ནི། རྐྱང་མ་དང་རོ་མ་གཡས་དང་གཡོན་པའི་ལམ་འགོག་པས། དབུས་མ་ཨ་ཝ་དྷཱུ་ཏཱིའི་ལམ་དུ་རྟག་ཏུ་རྩོལ་བ་རབ་ཏུ་འཇུག་པའོ། །དབྱུང་བ་དང་བུམ་པ་ཅན་དང༌། དགང་བའི་སྦྱོར་བས་བྱ་བ་འདི་ནི་སྲོག་རྩོལ་གྱི་ཡན་ལག་ཏུ་བརྗོད། དེ་ལ་འཛིན་པ་ཞེས་པ་ནི། སྲོག་གིས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་དཀྱིལ་འཁོར་རྣམས་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་པ་དང༌། གཙུག་ཏོར་དུ་རབ་ཏུ་ཞུགས་པས་ཕྱི་རོལ་དུ་མི་རྒྱུ་ཞིང༌། ཐིག་ལེ་ལ་རླུང་རབ་ཏུ་ཐིམ་པ་འདི་ནི་འཛིན་པའི་ཡན་ལག་ཏུ་བཤད་དོ། །དེ་ལ་རྗེས་སུ་དྲན་པ་ཞེས་པ་ནི། རྟོག་དང་བྲལ་ཞིང་གཟུགས་བརྙན་གྱི་རྣམ་པ་ཅན་དུ་རང་གི་ཡི་དམ་གྱི་ལྷ་མཐོང་བ་དེ་ལས་འོད་ཟེར་དུ་མ་འཕྲོས་ཏེ་འོད་ཀྱི་དཀྱིལ་འཁོར་སྤྲོས་པ་དེར་ཁམས་གསུམ་གྱི་གཟུགས་ཀྱི་རྣམ་པ་དུ་མ་འཕོ་བ་འདི་ནི་རྗེས་སུ་དྲན་པའི་ཡན་ལག་ཏུ་བཤད་དོ། །དེ་ནས་ཏིང་ངེ་འཛིན་ཞེས་པ་ནི། ཡི་དམ་གྱི་ལྷ་རྣམས་དང་རྗེས་སུ་ཆགས་པ་གང་ཞིག་ལས་མི་གཡོ་བའི་བདེ་བ་ཐོབ་པ་དེས་སེམས་ཀྱི་གཟུང་བ་དང་འཛིན་པ་


DTG015_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤང་ཞིང༌། གཅིག་ཏུ་བྱེད་པའི་སེམས་དེ་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་དེ་བཞིན་གཤེགས་པས་བརྗོད་དེ། འདིར་ནི་སྦྱོར་བའི་ཡན་ལག་དྲུག་བསྡུས་ནས་བཤད་ལ། རྒྱ་ཆེར་འབུམ་ཕྲག་གཅིག་བའམ། དང་པོའི་སངས་རྒྱས་མཆོག་དང་བླ་མའི་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་འགྲུབ་ཅེས་པ་ནི་དཔལ་དང་པོའི་སངས་རྒྱས་ནས་གསུངས་པ། སོ་སོར་སྡུད་པས་རྣལ་འབྱོར་ཡུལ་རྣམས་བྲལ་ཞིང་མ་ལུས་སྔགས་ཀྱིས་ལྷག་པར་གནས། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར་པ་མི་བདག་བསམ་གཏན་སྦྱོར་བས་རྣམ་པར་དག །སྲོག་རྩོལ་རྣམ་པར་དག་པས་རི་བོང་ཅན་ཉིད་སྦོང་ལ་བྱང་ཆུབ་སེམས་དཔས་མཆོད། །ཉོན་མོངས་བདུད་སོགས་བསད་ནས་སྟོབས་བཅུ་དག་ལ་བསམ་གཏན་སྟོབས་ཀྱིས་འཇུག་པ་ཡིན། །ཡང་དག་འོད་ཀྱི་དཀྱིལ་འཁོར་ཡེ་ཤེས་གཟུགས་བརྙན་དྲི་མེད་དུ་ཡང་རྗེས་སུ་དྲན་པར་འགྱུར། །དེ་ཕྱིར་བསམ་གཏན་དག་པས་ཉིན་མཚན་འགའ་ཞིག་གིས་ནི་ཡེ་ཤེས་ལུས་ཉིད་འགྲུབ་པར་བྱེད། །ཅེས་སོ། །སྙན་དངགས་ཚིག་གི་བཀོད་པ་མེད། །མུ་སྟེགས་ཀྱིས་བཤད་མ་ཡིན་ཚད། །ཀུན་མཁྱེན་གསུང་གིས་བཤད་པས་ན། །དེ་ཕྱིར་མཁས་པས་བཟོད་པར་རིགས། །ཁ་ཆེའི་པཎྜི་ཏ་ཆེན་པོས་མཛད་པ་རྫོགས་སོ། །པཎྜི་ཏ་དེ་ཉིད་ཀྱི་དྲུང་དུ་དཔྱལ་ལོ་ཙཱ་བས་བསྒྱུར་པའོ།། །།སོ་སོར་སྡུད་པའི་མཚན་མའི་དབྱེ་བ་རྣམ་པ་བཅུ་སྟེ། དུ་བ་དང༌། སྨིག་རྒྱུ་དང༌། མཁའ་གསལ་དང༌། མར་མེ་དང༌། འབར་བ་དང༌། ཟླ་བ་དང༌། ཉི་མ་དང༌། སྒྲ་གཅན་དང༌། དུས་མེ་དང༌། ཐིག་ལེ་མཐོང་བའི་དབྱེ་བས་མ་བརྟགས་པའི་ཡེ་ཤེས་ཀྱི་ཕུང་པོའོ། །རྡོ་རྗེ་སྙིང་པོའི་འགྲེལ་པ་ནས། རྒྱལ་བས་མ་ལུས་རྒྱུད་ཀྱི་ངེས་དོན་སྟོན་གྱི་དྲང་བའི་དོན་ནི་མ་ཡིན་ནོ། །རྟོགས་ཕྱིར་གལ་ཏེ་འགྲེལ་པས་དྲང་དོན་གསལ་བྱེད་དེས་དོན་བརྫུན་དུ་གྱུར་པའོ། །ཡང༌། ནད་གཞན་ཡིན་ཞིང་སྨན་འདི་གཞན་ཏེ་ནད་ནི་རབ་ཏུ་འཇོམས་པའི་ཕྱིར་དུ་འགྱུར་རམ་ཅི། །ཐུབ་པའི་དོན་ལ་སོགས་རྟོན་རྣམ་བཞིར་ཡིན་གྱི་གསལ་བྱེད་ལ་སོགས་རྟོན་པ་མིན། །ཞེས་སོ། །མེ་ལོང་དང་ནི་པྲ་ཏི་སེ་ན་དང་འདྲ་དུས་གསུམ་ཡང་དག་རིག་བྱེད་འདི། །དངོས་དང་དངོས་


DTG015_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མིན་རྟོག་པའི་དྲ་བ་དང་བྲལ་ཡེ་ཤེས་གང་ཞིག་གཉིས་མེད་པའོ། །ཞེས་སོ། །ཞལ་དང་ཕྱག་ཏུ་བརྟགས་པའི་སངས་རྒྱས་འདི་རྣམས་ངེས་པར་སངས་རྒྱས་མིན། །ཞེས་སོ།།

དཔལ་དུས་ཀྱི་འཁོར་ལོའི་རབ་ཏུ་གནས་པའི་ཆོ་ག་ཞེས་བྱ་བ།
དུས་འཁོར་ཞབས་ཀྱིས་མཛད།


DTG015_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙ་ཀྲ་སུ་པྲ་ཏིཥྛོ་པ་ཡི་ཀ་བིདྷི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་རབ་ཏུ་གནས་པའི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ནས་གསུངས་པའི་དཀྱིལ་འཁོར་རམ་བྲིས་སྐུ་ལ་སོགས་པའི་དཀྱིལ་འཁོར་ལ་མཆོད་པ་ལ་སོགས་པ་སྔོན་དུ་སོང་བས། ལུགས་མ་ལ་སོགས་པ་རབ་ཏུ་གནས་པར་བྱ་བ་ནི། སྟོང་པའི་ངང་ལས་ས་བོན་ལ་སོགས་པ་ལས་ཡོངས་སུ་རྫོགས་པའམ། སྐད་ཅིག་གིས་དམ་ཚིག་སེམས་དཔའི་གཟུགས་ཐུགས་ཀར་ས་བོན་དང་བཅས་པ་བསམས་ལ། ན་བཟའ་གསར་པ་དམར་པོ་ལ་སོགས་པ་བསྐོན་པ་དང༌། དེ་ནས་ཡོན་བདག་མེ་ཏོག་དང་བཅས་པ་དེ་ཉིད་གཟུགས་བརྙན་དང་མེ་ཏོག་དང་བཅས་པར་དམིགས་ཏེ། ཡོན་བདག་ལུགས་མ་ལ་སོགས་པ་དང་བཅས་པས་སློབ་མ་ཇི་ལྟ་བ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པ་སྟེ། སློབ་དཔོན་གྱིས་ཀྱང་ལུགས་མ་ལ་སོགས་པའི་ལྷག་པའི་ལྷའི་མཚན་མའམ། དེའི་རིགས་ཀྱི་མཚན་མ་ལ་དེའི་མེ་ཏོག་གི་ཕྲེང་བ་དབུལ་དུ་གཞུག་གོ །ཡང་ན་མེ་ཏོག་དོར་བ་སྤངས་ཏེ་ལུགས་མ་ལ་སོགས་པ་དཀྱིལ་འཁོར་མཐོང་བ་ཙམ་གྱིས་འཇུག་པར་བྱའོ། །དེ་ཡང་དཀྱིལ་འཁོར་གྱི་ཁང་བའི་ཕྱི་རོལ་གྱི་ཤར་ཕྱོགས་སམ་བྱང་ཤར་མཚམས་སུ་ཁྲུས་ཀྱི་གདན་གྱི་སྣམ་བུ་ཆུ་དང་ཞེང་དུ་ཇི་ལྟར་འཚམ་པར་བྱས་པའམ། ཇི་ལྟ་བ་བཞིན་དུ་ས་གཞི་ལ་བྱུག་པ་ལ་སོགས་པ་བྱས་པ་ལ་བདུད་རྩི་ལྔ་དང་བཅས་པའི་རྣམ་ལྔས་བྱུགས་ཏེ། ཕྱོགས་མཚམས་ལ་བུམ་པ་བརྒྱད་བཀོད་པ་དང༌། མེ་ཏོག་ལ་སོགས་པ་དང་གདུགས་དང་རྒྱལ་མཚན་དང༌། བ་དན་དང༌། དྲིལ་བུ་དང༌། གར་དང་གླུ་དང་སྒྲ་ལ་སོགས་པ་ཇི་ལྟར་ནུས་པ་ཡིད་དུ་འོང་བར་བྱས་ལ། དགེ་བའི་ཚེས་ལ་སོགས་པ་ལ་སློབ་དཔོན་རྒྱན་ལ་སོགས་པ་བཏགས་ཏེ། རྡོ་རྗེ་སེམས་དཔའི་རིག་མ་དང་བཅས་པའི་ང་རྒྱལ་གྱིས། སྟེགས་བུ་དེའི་དབུས་སུ་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚད་ཀྱི་གྲུ་བཞི་པ་རྟ་


DTG015_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བབས་དང་བྲལ་བའི་ནུབ་ཀྱི་སྒོ་དང་ལྡན་པ་སྣ་ཚོགས་པདྨ་འདབ་མ་བརྒྱད་བའོ། །ཕྱོགས་དང་མཚམས་རྣམས་ལ་དོན་ཡོད་གྲུབ་པ་ལ་སོགས་པའི་མཚན་མ་རྣམས་རྡུལ་ཚོན་གྱིས་བྱའོ། །དེའི་སྟེང་དུ་སྣ་མ་བུ་ལ་པདྨ་འདབ་མ་བརྒྱད་པ་བྲིས་ལ་ལུགས་མ་ལ་སོགས་པ་བསྐྱོང་པར་ནུས་པ་རྣམས་ཤར་དུ་ཕྱོགས་པས་བཞུགས་སུ་གསོལ་ལོ། །ལྷ་ཁང་དང་མཆོད་རྟེན་དང་དྲིའི་གཙང་ཁང་དང༌། ལུགས་མ་ཆེན་པོ་རྣམས་ལྔ་མ་ལྟར་དམ་ཚིག་པ་བསྐྱེད་ལ། དཀྱིལ་འཁོར་དུ་བཞུགས་པར་བསམས་ཏེ། དེ་རྣམས་ལ་ཁྲུས་ཀྱི་སྣ་མ་བུ་དགོས་པ་མེད་པས་ན་དེ་ལྟར་བྱེ་བྲག་གཉིས་སོ། །དེ་ཡང་ནུབ་མོའི་དུས་སུ་ལུགས་མ་ལ་སོགས་པ་སྔོན་དུ་བཞུགས་པ་དང༌། དེ་ལ་བདག་ཉིད་མངོན་པར་ཕྱོགས་ཏེ། ཞབས་བསིལ་ལ་སོགས་པ་སྔོན་དུ་སོང་བས། ནིང་མན་ཚན་བྱ་བ་ནི། ཨོཾ་ཨཱཿ་ཧཱུཾ་ཧོ་ཧཾ་ཀྵཿ་ཞེས་པའི་སྔགས་ཀྱིས་གྲུབ་པའི་ཡུངས་ཀར་ཆང་བ་གཡས་གཡོན་དུ་བཟུང་ལ་སོ་སོར་ལན་གཉིས་སུ་གཡོན་དུ་བསྐོར་ཞིང༌། ཨོཾ་སརྦ་པཱ་པཾ་ད་ཧན་བཛྲཱ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཞེས་པ་བཟླས་ཏེ་ཡུངས་ཀར་མེ་ལ་བརྡེག་པར་བྱའོ། །དེ་ལྟར་གཡས་སུ་བསྐོར་ཞིང་གཡོན་པས་ཀྱང་ངོ༌། །དེ་ལྟར་ཆུས་གང་བའི་ཁམ་བོར་དང་དཱུར་བ་དང་བཅས་པའི་བ་ལང་གི་ལྕི་བ་ཆང་བར་བཅངས་པ་དང༌། ཆད་ཟན་དང་བསིལ་ཡབ་རས་རྣམས་ཏེ། འོན་ཀྱང་ཁམ་ཕོར་ལ་སོགས་པ་མེ་རུ་བསྒྱུར་པར་མི་བྱའོ། །དེ་ནས་ལུགས་མ་ལ་སོགས་པ་ལ་ལག་པས་རེག་ལ། གཙོ་བོའི་སྔགས་དང་བཅས་པའི་ལུགས་མ་ལ་སོགས་པ་ལ་ཇི་ལྟར་རིགས་པ་ལྟར། དངོས་སུའམ་མེ་ལོང་གཟུགས་བརྙན་ལ་དྲི་ནི་ཐུགས་ཀར་བྱུག་གོ །མེ་ཏོག་ནི་དབུ་ལའོ། །ཡོན་ཆབ་མདུན་དུའོ། །མར་མེ་བསྐོར་བཞིན་བས་སོ། །མར་དང་སྤོས་དཀར་ཡི་གེ་དྲུག་པ་ལན་བདུན་བཟླས་ཏེ་བདུག་བར་བྱའོ། །འདི་ནི་ནིར་མན་ཆ་ནའི་ཆོ་གའི་རིམ་པའོ། །དེ་ནས་ཡི་གེ་དྲུག་པ་བཟླས་ཤང་དཱུར་བའི་པིར་གྱིས་ཟངས་ཀྱི་སྣོད་དུ་གནས་པའི་ཞོ་དང་འོ་མ་དང་མར་དང་སྦྲང་རྩི་དང་ཀ་ར་རྣམས་ཏེ་བདུད་རྩི་ལྔའི་བདག་ཉིད་དང༌། གཞན་ཡང་ཞོ་དང་འོ་མ་དང་མར་དང་བ་ལང་གི་ལྕི་བ་དང་ཆུ་རྣམས་ཀྱིས་ལུགས་མ་ལ་སོགས་པ་སྐུ་ཁྲུས་


DTG015_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསོལ་དུ་བཏུབ་པ་རྣམས་ལ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ་ཨཿ་ཞེས་པའི་སྔགས་ཀྱིས་བྱུག་པར་བྱའོ། །བྲིས་སྐུ་དང་པོ་ཏི་ལ་སོགས་པ་རྣམས་མེ་ལོང་གི་གཟུགས་བརྙན་ལའོ། །དེ་ནས་ཡི་གེ་དྲུག་པ་བཟླས་ཤིང་ཆུ་གཙང་མ་དང་དྲི་ཞིམ་པོས་ཁྲུས་བྱའོ། །དེ་ནས་ཁར་བའི་སྣོད་དུ་འདག་ཆལ་བླུགས་པས་དག་པར་བྱ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པས་སོ། །མེ་དང་ཉི་མས་སྨིན་པའི་དྲིའི་མར་གྱིས་བྱུགས་ལ་འདག་ཆལ་གྱིས་སོ། །སྐྱུར་པོས་བྱུགས་ལ་དེ་ལྟར་ཁྲུས་བྱས་ཏེ། ཁར་བའི་སྣོད་ཀྱི་ཡུང་བས་བྱུགས་ནས་ཡང་ཁྲུས་བྱའོ། །དེ་ནས་ཙནྡན་དང་གུར་གུམ་དང༌། ག་བུར་དང་གླ་རྩི་ལ་སོགས་པས་མཉམ་པར་བྱུགས་ཏེ། སྙིང་གའི་འོད་ཟེར་གྱིས་སྤྱན་དྲངས་པའི་བུམ་པས་ཁྲུས་བྱེད་པར་བསམ་ཞིང་བཀྲ་ཤིས་ཀྱི་གླུ་དང་བཅས་པས་བུམ་པ་རྣམས་ཀྱི་ཆུས་ཁྲུས་བྱ་བ་ནི་སྔོན་གྱི་བརྗོད་པའི་ཚིགས་སུ་བཅད་པས་སོ། །དེ་ཉིད་ལ་ཆགས་པའི་ཆུ་རས་འཇམ་པོས་དབྱི་བར་བྱས་པ་དང༌། དེ་ལ་ཇི་ལྟར་ནུས་པའི་ན་བཟའ་དབུལ་བར་བྱའོ། །དེ་ནས་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་རྣམས་མདུན་དུ་སྤྱན་དྲངས་ལ་ཞབས་བསིལ་དང་ཡོན་ཆབ་རྣམས་སྔོན་དུ་སོང་བས་པུས་མོ་གཡས་པ་ས་ལ་བཞག་སྟེ། ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང༌། གཡས་པས་སྤོས་སྣོད་ཀྱིས་བདུག་ཅིང༌། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕེ་དང་ལྡན་པས། །བཅོམ་ལྡན་དུས་ཀྱི་འཁོར་ལོ་ཉིད། །ཅེས་པས། བདག་ནི་རྡོ་རྗེ་ཆེ་གེ་ཉིད། །ཅེས་པར་བསྒྱུར་པས་བསྟོད་དེ། ཕྱག་བྱས་ནས་ཨོཾ་བཛྲ་པུ་ན་རཱ་གཱ་མ་ན་ཡཱ་མུཿ་ཞེས་པས་གཤེགས་སུ་གསོལ་ལོ། །ཁྲུས་བྱས་པའི་ལུགས་མ་ལ་སོགས་པ་རྣམས་ཀྱི་གནས་ལྔ་རྣམས་ལ་དྲིས་བྱུགས་ལ་མཆོད་དེ་ཡི་གེ་དྲུག་དང་བཅས་པའི་གཡས་ཀྱི་རྡོ་རྗེས་ལན་གསུམ་དུ་རེག་ནས། དེ་དང་དེའི་སྔགས་བཟློས་ཏེ། དེ་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་དབུལ་ལོ། །ཞེས་སོ། །གང་ཞིག་སེམས་བརྟན་ན་ལྷག་པར་གནས་པ་མེད་ཀྱང་རབ་ཏུ་གནས་པར་བྱ་བ་ནི་གསུངས་པར་གྱུར་པའི་ཆོ་ག་རྣམས་ཀྱིས་ཉི་མ་གཅིག་ལ་བྱའོ། །ཡོན་བདག་ལ་འབྱོར་པ་ཡོད་ན། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་


DTG015_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷག་པར་གནས་པར་བྱའོ། །འདི་ནི་ལྷག་པར་གནས་པའི་ཆོ་གའི་རིམ་པའོ། །དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱིས་གཞི་ལ་སྒོ་བཞི་པ་རེ་ཁཱ་ལྔ་དང་བཅས་པ་བྱས་ལ། དབུས་སུ་པདྨ་འདབ་མ་བརྒྱད་པའོ། །ཕྱོགས་དང་མཚམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་མཚན་མ་རྣམས་དགོད་དོ། །དེ་ནས་ལུགས་མ་ལ་སོགས་པ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་དེ་རུ་བཞུགས་པ་དང༌། རྒྱུད་དང་སྒྲུབ་ཐབས་ལ་སོགས་པར་ལྷ་བསྐྱེད་པའི་བྱེ་བྲག་སློབ་དཔོན་གྱིས་གོ་བར་བྱས་པ་སྟེ། མཆོད་རྟེན་ལ་སོགས་སྟོང་བའི་ངང་ལས་རིམ་པས་སམ། སྐད་ཅིག་གིས་དམ་ཚིག་སེམས་དཔའི་གཟུགས་བསྒོམ་མོ། །པོ་ཏི་རྣམས་ནི་སྟོང་པ་ལས་ཨཱཿ་དེ་ལས་འོད་དཔག་ཏུ་མེད་པ་རིག་མ་དང་བཅས་པ་པདྨ་དང་ཉི་མའི་སྟེང་དུའོ། །དེ་དག་ཡོངས་སུ་གྱུར་པ་ལས་ཡི་གེའི་ཚོགས་གཟུགས་བརྙན་གྱི་བདག་ཉིད་འོད་དཔག་མེད་ཀྱི་གཟུགས་ཀྱི་དམ་ཚིག་སེམས་དཔའ་རུ་བསྒོམ་མོ། །ལྷ་ཁང་དང་མཆོད་རྟེན་དང་དྲིའི་གཙང་ཁང་ལ་སོགས་པ་རྣམས་པདྨ་དང་ཟླ་བ་ལ་གནས་པ་ཨོཾ་ལས་བྱུང་བའི་རྣམ་པར་སྣང་མཛད་སྤྱན་མ་ལ་འཁྱུད་བ་ཡོངས་སུ་གྱུར་པ་ལས། ལྷ་ཁང་ལ་སོགས་པའི་གཟུགས་བརྙན་གྱི་བདག་ཉིད་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱི་དམ་ཚིག་སེམས་དཔའ་རུ་བསྒོམ་མོ། །གཞན་ཡང་སྟོང་པའི་རང་བཞིན་དུ་ནི་བྱས་ནས་རྒྱལ་བ་མཆོག་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཞེས་པས་སྒྲུབ་ཐབས་སུ་གསུངས་པའི་ཆོ་གས་བདག་ཉིད་དུས་ཀྱི་འཁོར་ལོར་བསྒོ་མས་ལ། ལྷ་ལ་སོགས་པ་རྣམས་ཀྱང་སོ་སོའི་ས་བོན་ལས་བྱུང་བའི་སོ་སོའི་གཟུགས་སུ་རྣམ་པར་བསྒོམས་ལ། ཟླ་བ་དཀར་པོ་ལ་སོགས་པ་ནས་རྣམ་ཤེས་དཀྱིལ་འཁོར་ལྗང་གུའི་བར་དཔྲལ་བ་ལ་སོགས་པ་འཁོར་ལོ་གསང་པའི་བར་དུ་བཀོད་ལ། ཨོཾ་ནས་ཀྵའི་བར་བསྒོམ་པར་བྱའོ། །ལྷ་རྣམས་ཀྱང་འདིར་རང་གི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། ཞབས་བསིལ་ལ་སོགས་པས་མཆོད་ལ། ཛཿ་ཧཱུཾ་བཾ་ཧོཿ་ཞེས་པ་བརྗོད་དེ་ལྕགས་ཀྱུའི་ཕྱག་རྒྱ་ལ་སོགས་པས་ཁྲོ་བོ་བཞིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བ་རྣམས་རིམ་པ་བཞིན་


DTG015_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་བྱའོ། །དེ་ནས་ལུགས་མ་ལ་སོགས་པ་རྣམས་སྙིང་གའི་པདྨ་དང་ཉི་མ་དང་ཟླ་བ་ཁ་སྦྱོར་གྱི་ནང་དུ་ས་བོན་གྱི་ཡི་གེ་དགོད་པར་བྱའོ། །དེ་ནས་ཆུ་ལ་སོགས་པའི་དབང་རྣམས་སྔོན་དུ་གསུངས་པའི་སློབ་མ་ལ་དབང་བསྐུར་བ་ཇི་ལྟ་བ་བཞིན་ནོ། །ཡང་ན་བསྒོམ་པས་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་དབང་བསྐུར་བ་སྤངས་ལ་ཐུགས་ཀར་ས་བོན་བཀོད་པ་དང༌། ལྷའི་གཟུགས་བརྙན་གྱི་གཟུགས་སུ་ངེས་པར་བསྟན་ལ་རང་རང་གི་སྔགས་སམ་སྔགས་འདིས། ཨོཾ་ཨཱཿ་བཛྲ་ཝཱ་ས་སེ་ཧཱུཾ་སྭཱ་ཧཱ། ཞེས་པ་དང༌། དེ་ལྟར་ཨོཾ་ཨཱཿ་བཛྲ་དང་པོར་བརྗོད་ཅིང་ཧཱུཾ་སྭཱ་ཧཱ། མཐའ་མར་བྱས་པའི་སྔགས་རྣམས་ཀྱིས། མེ་ཏོག་དང་བདུད་སྦོས་དང་མར་མེ་དང་དྲི་དང་ལྷ་བཤོས་དང་རྒྱན་ལ་སོགས་པ་དབུལ་ལོ། །ཨོཾ་ཨཱཿ་སརྦ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པས་ནི་འབྲས་བུ་ལ་སོགས་པ་དག་པར་བྱས་པའི་སྔགས་སོ། །ཨོཾ་ཛཾ་སྭཱ་ཧཱ། ཞེས་པ་ནི་འབྲས་བུ་འདྲེན་པའི་སྔགས་སོ། །དེ་ནས་དམ་ཚིག་གི་རྫས་བྱིན་ལ། ཨོཾ་བཛྲ་ཨ་ཞེས་པའི་སྔགས་ཀྱིས་མེ་ལོང་བསྟན་ནོ། །དེ་ནས་སྦྱིན་སྲེག་གིས་མཉེས་པར་བྱ་བ་ནི། ཡོན་བདག་གི་འབྱོར་བའི་བྱེ་བྲག་གིས་ལུགས་མ་ལ་སོགས་པའི་གཟུགས་ཀྱི་བྱེ་བྲག་ལ་སྟེ། ཞི་བ་ལ་སོགས་པ་སངས་རྒྱས་ཀྱི་བར་འདོད་པའི་དོན་ནི་དགོད་བའོ། །གསེར་གྱི་ཐུར་མས་དངུལ་ལ་སོགས་པའི་སྣོད་དུ་སྦྲང་རྩི་བཞག་པ་ལས་བླངས་ཏེ། ཨོཾ་ཙཀྵུ་ས་མ་ནྟ་ཙཀྴུ་བི་ཤོ་དྷ་ནི་སྭཱཧཱ་ཧཱ། ཞེས་བརྗོད་ཅིང་ལུགས་མའི་སྤྱན་ལ་བྱུག་ཅིང་དབྱེ་བར་བྱའོ། །པུ་ཏི་ལ་སོགས་པ་རྣམས་ནི་མེ་ལོང་གི་གཟུགས་བརྙན་ལ་སྟེ་དེ་ལྟར་བྱའོ། །དེ་ནས་ཐབ་ཁུང་གི་མེའམ་མེ་གཞན་ལ་འོ་མ་དང༌། འབྲས་མ་ཉམས་པ་དང་མར་དང༌། སྦྲང་དང་ཀ་ར་རྣམས་ཧོམ་གཟར་རམ་པི་པི་ལིང་གི་ལོ་མས་སྒྱེད་པུའི་སྟེང་གི་སྣོད་དུ་བླགས་སོ། །གཙོ་བོའི་སྔགས་བརྗོད་ཅིང་ཚོས་པར་བཙོ་བར་བྱའོ། །ཐུབ་པ་དེ་ཉིད་ཨོཾ་དི་བྱན་ནཾ་ས་མ་དྷི་དྷྱཱ་ན་པྲི་ཎ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང་ལུགས་མ་ལ་སོགས་པ་ལྷའི་གཟུགས་བརྙན་དུ་བསམས་ལ་དྲང་བར་བྱའོ། །ཞལ་བསིལ་དྲི་ཞིམ་པོའི་སྲང་རྩི་དང་བཅས་པ་དབུལ་ལོ། །དེ་ནས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ་ཨཿ་ཞེས་པས་དམ་ཚིག་ཉན་དུ་གཞུག་གོ །པུ་ཏི་རྣམས་ལ་འོད་དཔག་མེད་ཤེས་རབ་


DTG015_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་བཅས་པ་བསྟིམས་པས་བྱང་ཆུབ་སེམས་དཔའ་རྣམས་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུའི་རང་བཞིན་དབྱངས་དང་གསལ་བྱེད་དུ་བསྒོམ་མོ། །ལྷ་ཁང་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་ཤེས་རབ་དང་བཅས་པ་ཐིམ་པས་རང་བཞིན་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་དང་དེའི་ཆོས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་རྟེན་ཏིང་ངེ་འཛིན་སྣ་ཚོགས་ཀྱི་འབྱུང་ཁུང་དུ་བསམ་པར་བྱའོ། །མཆོད་རྟེན་ལ་དེ་ལྟར་རྣམ་པར་སྣང་མཛད་ཤེས་རབ་དང་བཅས་པ་ཐིམ་པས། དེའི་དབུས་སུ་པདྨའི་ལྟེ་བའི་སྟེང་དུ་ཟླ་བ་ལ་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ། ཤར་ལ་སོགས་པའི་འདབ་མ་རྣམས་ལ་རལ་གྲི་དང་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་རྣམས་བསམ་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ནས་ཐལ་མོ་སྦྱར་ཏེ། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །དགའ་ལྡན་གནས་སུ་དེས་བཞུགས་ནས། །སྒྱུ་མ་ལྷ་མཛེས་ལྷུ་མས་བལྟམས་ལྟར། །དེ་ལྟར་གཟུགས་བརྙན་འདི་ཉིད་ལ། །མགོན་པོ་དྲག་པར་དྲག་བཞུགས་ནས། །བྱང་ཆུབ་སེམས་ནི་འཕེལ་དོན་དུ། །མཆོད་པ་ལ་སོགས་འདི་དག་རྣམས། །ཆེ་གེའི་དོན་དུ་བཞེས་པར་མཛོད། །ཅེས་པས་འདི་ཇི་སྲིད་པར་བཞུགས་པར་གསོལ་བ་གདབ་པའི་དོན་དུའོ། །ཡི་གེ་དྲུག་པ་བཟླས་ཤིང་ལུགས་མ་ལ་སོགས་པའི་སྟོད་དང་དབུས་དང་སྨད་ཀྱི་ཆ་རྣམས་ལ་ལག་པ་གཡས་པའི་རྡོ་རྗེས། ལན་གསུམ་དུ་བསྐོར་བས་བརྟན་པར་བྱ་སྟེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པས་བསྟོད་ལ་ལྷག་པ་དང་ཆད་པའི་སྐྱོན་སྤང་བའི་དོན་དུ་ཡི་གེ་བརྒྱ་པ་གདོན་ནོ། །དེ་ནས། མེ་དང་མི་ཤེས་མ་གུས་པས། །གང་ཞིག་ཆད་དང་ལྷག་པར་བྱས། །དེ་རྣམས་མ་ལུས་ཐུགས་རྗེ་ཅན། །ཁྱེད་ལ་བདག་ནི་བཟོད་པར་གསོལ། །ཞེས་པས་བཟོད་པར་གསོལ་ལ། །སངས་རྒྱས་རྣམས་དང་ལྷ་མོར་བཅས། །དེ་སྲས་ཚངས་པ་ཀླུ་ལ་སོགས། །མ་ལུས་ཆོ་ག་ཆད་ལ་སོགས། །དེ་རྣམས་བཟོད་པར་གསོལ་བར་རིགས། །མེ་དང་ས་དང་ཆུ་དང་རླུང༌། །རྣམས་ལས་ལུགས་མ་ལ་སོགས་སྐྱོབས། །


DTG015_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོན་གྱི་བདག་ལ་ཞི་བ་དང༌། །རྒྱས་དང་བཀྲ་ཤིས་རྒྱུན་དུ་མཛོད། །དེ་ཡིས་བུ་སོགས་སློབ་མ་དང༌། །བདག་ཀྱང་དེ་མཚུངས་མཉེས་མཛོད་ལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འདིར་ནི་འབྱོན་པར་མཛོད། །ཅེས་པ་ལན་གསུམ་བརྗོད་དེ། ཕྱོགས་སྐྱོང་དང་འབྱུང་པོ་ལ་གཏོར་མ་སྦྱིན་ནོ། །ཡོན་གྱི་བདག་པོས་ཀྱང་ལུགས་མ་ལ་སོགས་པ་ལ་བསྐོར་བ་དང་མཆོད་བ་དང་ཕྱག་རྣམས་བྱས་ལ། སློབ་དཔོན་ལ་ཡོན་ཕུལ་ཏེ་ཡང་དག་པར་མཉེས་པར་བྱའོ་ཞེས་སོ། །འོད་དཔག་མེད་ཀྱི་འཁོར་དུ་པུ་ཏི་རྣམས་སོ། །རྣམ་པར་སྣང་མཛད་དུ་ལྷ་ཁང་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་གཙོ་བོར་བྱས་པར་སྐུའམ་གཟུགས་བརྙན་དུ་མ་ཤེས་པ་རྣམས་སོ། །གལ་ཏེ་ལུགས་མའམ་གཟུགས་བརྙན་དུ་མ་ཤེས་པ་དེ་དང་དེའི་རིགས་སུ་ཤེས་ན་རིགས་ཀྱི་བདག་པོ་དེ་དང་དེའི་དཀྱིལ་འཁོར་དུའོ། །གང་དག་ཏུ་ཡང༌། །གཟུགས་བརྙན་རབ་ཏུ་གནས་པ་ནི། །རྒྱུད་ཉིད་གང་དུ་བཞུགས་པ་ལྟར། །དེ་ཉིད་ཀྱི་ནི་དཀྱིལ་འཁོར་བྱ། །འོན་ཏེ་སློབ་དཔོན་རང་ཉིད་ཀྱིས། །ལྷ་ཡི་བདག་ཉིད་གྱུར་པ་ལྟར། །དེ་ཡི་དགེ་བ་ཤེས་པར་བྱ། །ཞེས་པ་དེའི་ཕྱིར་དང་རྒྱུད་དུ་བཞུགས་པའི་ལྟར་ཡང་མཆོག་གི་བླ་ན་མེད་པ་འདིའི་དགོངས་པས་རབ་ཏུ་གནས་པར་རིག་གོ་ཞེས་བྱའོ། །ཚེགས་ཆུང་བའི་རབ་ཏུ་གནས་པ་ནི། ལུགས་མ་ལ་སོགས་པ་སྟོང་པའི་ངང་ལས་སྐད་ཅིག་གིས་དེ་ཉིད་ཀྱི་ས་བོན་ལས་རྫོགས་པའི་དམ་ཚིག་སེམས་དཔའ་ལ། རང་གི་སྙིང་གའི་ས་བོན་ཀྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ། །རང་གི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་དང་རང་ཉིད་ཀྱིས་ཀྱང་བུམ་པའི་ཆུས་དབང་བསྐུར་ལ། ཡང་དག་པར་མཆོད་ནས་དེ་ཉིད་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །འདི་ནི་ལུགས་མ་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། །བསྲུང་བའི་འཁོར་ལོའི་རབ་ཏུ་གནས་པ་ནི། རྡོ་རྗེ་འཛིན་པའི་ང་རྒྱལ་དང་ལྡན་པའི་སློབ་དཔོན་གྱིས། བསྲུང་བ་གང་དང་གང་གིས་དམ་ཚིག་སེམས་དཔའ་ལ་དེ་དང་དེ་མཐུན་པའི་ཡེ་ཤེས་སེམས་དཔའི་ཆོ་ག་ཇི་ལྟ་བ་བཞིན་གཞུག་ཅིང་བསྒོམ་པར་བྱ་བ་ནི་དེ་ལྟར་བསྒྲུབ་བྱའི་བྱེ་བྲག་གི་དེ་དང་དེ་ལ་སྟེ། དེ་ཡང་བསྲུང་བའི་འཁོར་གྱི་


DTG015_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཙོ་བོའི་སྔགས་དང༌། སྒྲུབ་པ་པོའི་མིང་ལ་བཞུགས་པར་བསྒོམ་པ་དང༌། སྲུང་འཁོར་ཚང་བའི་བུ་གའམ་ཁ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ལས་ལྷ་མོའི་པདྨར་བབས་པ་ལས། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་དེ་ལྟར་ཞུགས་ནས་དབང་བསྐུར་བ་དང༌། ཡང་བདག་ཉིད་ཀྱི་བུམ་པའི་ཆུས་སོ། །དེ་ནས་བསྲུང་བའི་གཙོ་བོའི་སྙིང་པོ་སྔགས་བརྒྱ་རྩ་བརྒྱད་པས་བཟླས་སོ། །དེ་ནས་རྡོ་རྗེ་འཛིན་པའི་ང་རྒྱལ་དང་ལྡན་པའི་སློབ་དཔོན་གྱིས་ལག་པ་གཡས་པའི་མཐིལ་དུ་སྐད་ཅིག་གིས་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ་དེ་རུ་ཨ་ཡིག་ལས་ཉི་མ་ཨ་ཡིག་གིས་བྱིན་གྱིས་བརླབས་པའོ། །གཡོན་པ་སྐད་ཅིག་གིས་པདྨའི་འདབ་མའི་རྣམ་པ་ལ་ཨ་ཡིག་ལས་ཟླ་བ་ཨ་ཡིག་གིས་བྱིན་གྱིས་བརླབས་པའོ། །དེ་དག་གི་དབུས་སུ་བཞག་པའི་ཕྲེང་བའི་དབུས་ཀྱི་སྐུད་པ་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །ཕྱོགས་དང་མཚམས་ཀྱི་སྐུད་པ་རྣམས་པདྨའི་ཕྱག་གི་དང༌། བྱམས་པ་དང༌། ནམ་མཁའ་མཛོད་དང༌། ཀུན་དུ་བཟང་པོ་དང༌། ཕྱག་ན་རྡོ་རྗེ་དང༌། འཇམ་དཔལ་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། སའི་སྙིང་པོ་རྣམས་ཀྱི་བདག་ཉིད་དོ། །རྡོག་པོ་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ནོ། །མདོ་འཛིན་སྟོབས་ལ་སོགས་པའི་ཆོས་ཀྱི་རང་བཞིན་དུ་སྐད་ཅིག་གིས་རྣམ་པར་བསམ་མོ། །སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཇི་ལྟ་བ་བཞིན་དུ་གཞུག་པར་བྱའོ། །ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཱཾ་སརྦ་བུདྡྷ་མ་ཧཾ་བྷ་ཝེ་ཏ་ཧཱུཾ་ཧཱུཾ་ཧཱུཾ་ཧོཿ་ཧོཿ་ཧོཿ་ཨ་ཁཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། བུམ་པའི་ཆུས་དབང་བསྐུར་ལ་མཆོད་དོ། །ཆོགས་ཆུང་བར་བྱ་ནི་ཕྲེང་བའི་སྐད་པ་རྡོ་རྗེ་སེམས་དཔའ་དང་རོ་གཅིག་པར་བསམས་ལ། དེ་ཉིད་ཡོངས་སུ་གྱུར་པ་ལས་ཕྲེང་བའི་རྣམ་པར་བསམ་པར་བྱའོ། །དབང་བསྐུར་ལ་གསུང་རྡོ་རྗེའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་སོ། །ཡང་ན་དེ་ཉིད་སྟོང་པའི་དད་ལས་རྡོ་རྗེ་འཛིན་པའི་ང་རྒྱལ་བྱས་པའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡི་གེ་ཧཱུཾ་རྣམས་སྤྱན་དྲངས་ལ་མདོ་འཛིན་དང་རྡོག་པོ་གཞན་རྣམས་ལ་མཚན་དང་དཔེ་བྱད་ཀྱི་བདག་ཉིད་གཞུག་གོ །དེ་ལྟར་


DTG015_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དྲིལ་བུ་ལ་ཨ་ལ་སོགས་པའི་དབྱངས་ཡིག་སུམ་ཅུ་རྩ་གཉིས་སོ། །རྡོ་རྗེ་ཀ་ལ་སོགས་པའི་གསལ་བྱེད་བརྒྱད་ཅུས་སོ། །མཆོད་ཕྱིར་ཐོགས་དང་ཚངས་སྐུད་ཀྱིའོ། །འདི་སྲུང་འཁོར་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། །ཡེན་བདག་ནུས་པ་དང་ལྡན་པའི་དོན་དུ་རྣམ་པར་སྣང་མཛད་ཀྱིས་གཙོ་བྱས་པའི་དཀྱིལ་འཁོར་རྫིང་བུའི་འགྲམ་དུ་བཞེངས་ལ་འཁོར་ལོའི་གཙོ་བོའི་རྣལ་འབྱོར་དང་ལྡན་པས། རྫིང་བུའི་ཕྱོགས་དང་མཚམས་སུ་གཏོར་མ་བཏང་བ་དང༌། ཆུ་སྟོང་པའི་དད་ལས་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་བྷྲཱུཾ་དང་བཅས་པ་ལས་རྣམ་པར་སྣང་མཛད་སྤྱན་མ་དང་བཅས་པའོ། །དེ་ལས་རྡོ་རྗེ་ཆུ་བདག་དཀར་པོ་མིའི་གདོང་པ་ཅན། གདེངས་ཀ་བདུད་དང་ལྡན་པ་ཕྱག་གཡོན་པ་ན་སྤྲུལ་གྱི་ཞགས་པ་དང་བཅས་པས་ཡུམ་པ་ལ་འཁྱུད་དེ་རོལ་པས་གནས་པ། གཡས་པས་ཨུཏྤལ་སྔོན་པོ་བསྣམས་པ། ལྟེ་བ་མན་ཆད་སྤྲུལ་གྱི་རྣམ་པའི་དམ་ཚིག་སེམས་དཔའི་རྣམ་པར་བསྒོམས་ལ། བདག་ཉིད་ཀྱི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་ཏེ་རྣམ་པར་སྣང་མཛད་སྤྱན་དྲངས་ནས་ཞབས་བསིལ་ལ་སོགས་པ་སྔོན་དུ་སོང་བས། ཨོཾ་ས་མ་ཨ་སྟྭཱཾ་ཞེས་བརྗོད་པས་གཞུག་པར་བྱའོ། །དབང་བསྐུར་ཏེ་མེ་ཏོག་ལ་སོགས་པས་མཆོད་ནས། དེ་ཉིད་ཡོངས་སུ་གྲུབ་པ་ལས་གཟུགས་བརྙན་དང་བཅས་པའམ། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དྲི་ཞིམ་པ་རོ་དང་ལྡན་པ་ཡང་བ་དང་གྲང་བ་འཇམ་པ་མགྲིན་པ་དང་གསུས་པ་ལ་ནད་མི་བྱེད་པའི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ས་འོག་གི་བར་དུ་སྟེ། ཀླུ་བརྒྱད་དང་ལྡན་པ་ཕྱོགས་བཞི་རུ་རླབས་ཀྱིས་འགྲོ་བ་དེ་ཉིད་ཀྱི་ཤར་ལ་སོགས་པའི་ཕྱོགས་རྣམས་ལ་དགའ་བོ་དང༌། པདྨ་དང་འཇོག་པོ་དང་ཆུ་བདག་རྣམས་སོ། །མཚམས་སུ་དུང་སྐྱོང་དང་ཀརྐོ་ཊ་དང་རིགས་ལྡན་དང་པདྨ་ཆེན་པོ་རྣམས་རིམ་པ་བཞིན། གསེར་དང༌། ར་གན་དང། ཟངས་དང་དངུལ་དང་ཞ་ཉེ་དང༌། འཁར་བ་དང་ལྕགས་དང༌། གཤའ་ཚེ་རྣམས་ལས་བྱས་པ་བསྒོམ་པ་སྟེ། སྐད་ཅིག་གིས་དམ་ཚིག་སེམས་དཔའི་གཟུགས་སུ་བསམས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་ལ་ཡེ་ཤེས་པ་བསྟིམས་ལ་ཐ་མི་དད་པར་


DTG015_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་པར་བྱའོ། །དེའི་དབུས་སུ་མཆོད་སྡོང་དེའི་དཔངས་ཀྱི་ཉིས་འགྱུར་དང་ལྡན་པའི་གཟུགས་སོ། །དེའི་དབུས་སུ་ཆུ་བདག་གོ །དེ་ལ་སྦྲང་རྩི་ཆུ་དང་བཅས་པ་དང་བདུད་རྩི་ལྔ་བླུགས་པར་བྱའོ། །མེ་ཏོག་ལ་སོགས་པས་དེ་ཉིད་ཡང་དག་པར་མཆོད་ནས་སྦྱིན་སྲེག་བྱའོ། །དེའི་འགྲམ་དུ་བ་ལང་གི་ལྕི་བས་བྱུགས་ལ་གྲང་བའི་དྲིས་མཎྜལ་བྱས་ལ། རང་གི་སྙིང་གའི་ས་བོན་གྱི་འདོ་ཟེར་གྱིས་སྤྱན་དྲངས་ལ་མཎྜལ་གྱི་པདྨའི་ལྟེ་བ་ལ་རྡོ་རྗེ་ཆུ་བདག་གོ །ཤར་ལ་སོགས་པའི་ཕྱོགས་དང་མཚམས་སུ་དགའ་བོ་ལ་སོགས་པའོ། །ཕྱི་རོལ་གྱི་ཕྱོགས་ཐམས་ཅད་དུ་ཀླུ་རྣམས་རྣམ་པར་བསམ་པར་བྱའོ། །ཨོཾ་ཨཱཿ་བཛྲ་བྲུ་ཎཱ་ཡ་ཧཱུཾ་སྭཱ་ནཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿ་ཨ་ནནྟཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་པས་དེ་ལྟར་རང་གི་མིང་དང་ལྡན་པའི་སྔགས་རྣམས་ཀྱིས་མེ་ཏོག་དཀར་པོས་རྣམ་པར་མཆོད་ལ་ཀླུའི་ཕྱག་རྒྱ་དང་ལྡན་པས། ཨོཾ་ཨ་ནནྟཱ་བཱ་སུ་ཀི་ཏ་ཀྵ་ཀ་ཀརྐོ་ཊ་ཀ །པདྨ་མ་ཧཱ་པདྨ་ཤཾ་ཁ་པཱ་ལ་ཀོ་ལི་ཀ །དེ་ཝ་ཏི་མ་ཧཱ་དེ་ཝ་ཏི་སོ་མ་ཤི་ཁི་མ་ཧཱ་ཤི་ཁི། དཎྜ་དྷ་ར་མ་ཧཱ་དཎྜ་དྷ་ར་ཨ་པ་ཨཱ་ལ་ཧུ་ཀུནྟ། ནནད་ཨུ་པ་ནནད་སཱ་ག་ར་མ་ཧཱ་སཱ་ག་ར། ཏཔྟ་མ་ཧཱ་ཏཔྟ་ཤྲཱི་ཀཱ་ནྟི་མ་ཧཱ་ཀཱནྟི། རཏྣ་ཀྰྣིཏ་སུ་རཱུ་པ་མ་ཧཱ་སུ་རཱུ་པ་བྷ་དྲཱ་ཧི་ཀ །མ་ཧོ་ད་ར་སི་ལི་མ་ཧཱ་སི་ལི། ཨོཾ་བྷཀྴ་བྷཀྴ་ཨཱ་གཙྪ་ཨཱ་གཙྪ། མ་ཧཱ་ནཱ་ག །ཨ་དྷི་པ་ཏི་སརྦ་བྷུར་བྷུ་ཝ་ཕྲུཾ་ཕུཿ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་འོ་མའི་གཏོར་མ་སྦྱིན་ནོ། །དེ་ནས་ཇི་སྲིད་དུ་བཞུགས་པའི་དོན་དུ་ཡི་གེ་བརྒྱ་པ་བཟླས་ནས་བྱིན་གྱིས་བརླབས་པའི་གཏོར་མ་ཕྱོགས་བརྒྱད་དུ་བཏང་ཞིང་དེའི་ཕྱིར་རོལ་དུ་ཡང་ངོ༌། །གཞན་མ་མཉེས་པར་བྱ་བ་སྟེ། འདི་ནི་རྫིང་བུ་དང་ཁྲུས་གནས་དང༌། ཁྲོན་པ་རྣམས་རབ་ཏུ་གནས་པའི་ཆོ་གའོ། །དེ་ནས་ལྗོན་ཤིང་དང་སྐྱེད་མོས་ཚལ་ལ་སོགས་པ་ལ་རབ་ཏུ་གནས་པ་ནི། ཕྱོགས་རྣམས་སུ་གཏོར་མ་བྱིན་ལ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱི་སློབ་དཔོན་གྱིས་ཤིང་རྣམས་ཀྱི་གཙོ་བོ་སྟོང་པའི་དང་ལས་རྣམ་པར་སྣང་མཛད་དུ་བསམས་ཏེ། དེ་ལ་ཡེ་ཤེས་སེམས་དཔའ་ཡོན་ཚབ་ལ་སོགས་པ་སྔོན་དུ་སོང་བས་གཞུག་པར་བྱ་སྟེ། བུམ་པའི་ཆུས་དབང་བསྐུར་བ་དང༌། དེ་ཉིད་ཡོངས་སུ་གྱུར་པ་ལས་ལྗོན་ཤིང་ངོ༌། །དེའི་དུས་སུ་ལྗོན་ཤིང་གཞན་ཡག་དེ་ལྟར་ལྷག་པར་མོས་པར་བྱའོ། ལྗོན་ཤིང་གི་


DTG015_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཙོ་བོ་དེ་ཉིད་ལ་གནས་པའི་ལྷ་ལ་ཡང་མེ་ཏོག་ལ་སོགས་པས་མཆོད་དོ་གཞན་གྱི་བྱ་བ་བྱེད་ཅིང་ཇི་སྲིད་དུ་བཞུགས་པར་གསོལ་བ་གདབ་ཅིང་ཕྱོགས་རྣམས་སུ་གཏོར་མ་བཏང་བ་འདི་ནི་སྐྱེད་མོས་ཚལ་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། །དཔལ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་རབ་ཏུ་གནས་པ། སློབ་དཔོན་དུས་ཀྱི་འཁོར་ལོའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཝཱ་གཱི་ཤྭ་ར་དང་ཆོས་རབ་ཀྱིས་བསྒྱུར་པའོ།།

དཔལ་དུས་ཀྱི་འཁོར་ལོའི་ཚོགས་འཁོར་གྱི་ཆོ་ག་ཞེས་བྱ་བ།
དུས་འཁོར་ཞབས་ཀྱིས་མཛད།


DTG015_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། སྲཱི་ཀཱ་ལ་ཙཀྲ་ག་ཎ་ཙཀྲོ་པཱ་ཡི་ཀཱ་བི་དྷི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་ཚོགས་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ཡང་ཚོགས་ཀྱི་འཁོར་ལོ་ནི་རིགས་སུམ་ཅུ་སོ་དྲུག་གི་དཔའ་བོ་དང༌། དཔའ་མོའི་དབང་ཕྱུག་རྣམས་ཀྱི་རིགས་ཀྱི་དཀྱིལ་འཁོར་དུ་བྱ་སྟེ། དེ་ཡང་དང་པོར་གདན་བཤམ་པ་ནི། དབུས་སུ་བ་ལང་དང་ཕག་གི་པགས་པའི་སྟན་ལ། ཤེས་རབ་དང་བཅས་པའི་གཙོ་བོ་སྟེ། སློབ་དཔོན་བསྡད་ཅིང་མིའི་པགས་པའི་སྣོད་དོ། །དེའི་གཡས་ཕྱོགས་སུ་མིའི་པགས་པའི་སྟེང་དུ་གཡུང་མོའོ། །ཕྱོགས་རྣམས་ལ་ཁྱི་དང་རྟ་དང་བ་ལང་དང༌། གླང་པོའི་པགས་པའི་སྟན་རྣམས་ལ་དམངས་རིགས་མ་དང། རྒྱལ་རིགས་མ་དང་བྲམ་ཟེ་མ་དང༌། རྗེའུ་རིགས་མ་རྣམས་དང༌། མཚམས་རྣམས་ཀྱི་བྱང་ཤར་ནས་དྲི་ཆུ་དང་དྲི་ཆེན་དང་ཁྲག་དང་རྐང་རྣམས་ཀྱི་སྣོད་རྣམས་སོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་ཡོངས་སུ་བསྐོར་བའི་ཕྱོགས་རྣམས་སུ་ལུག་དང་ནགས་ཀྱི་ཁྱི་དང་རྔ་མོ་དང་འདམ་སེང་གི་པགས་པ་རྣམས་ལ་འཁར་མགར་མ་དང༌། ཨུ་མ་པའི་སྟེང་དུ་གར་བྱེད་མ་དང༌། ནོར་བུ་བྱེད་མ་དང༌། ཁྲོན་པ་བྱེད་མ་རྣམས་སོ། །མཚམས་རྣམས་ལ་ར་དང་རི་དགས་དང་བོང་བུ་དང་ཕག་པའི་པགས་པའི་སྟན་རྣམས་ལ་ཐ་ག་མ་དང༌། ཆང་འཚོང་མ་དང༌། གསེར་མགར་མ་དང༌། ཕྲེང་བ་མ་རྣམས་སོ། །དེ་ནས་གསུམ་པ་གསུང་གི་འཁོར་ལོའི་གནས་ལ་ཕྱོགས་དང་ཕྱོགས་མཚམས་ལ་ཆུ་སྲིན་དང༌། ཀུམ་བྷི་ར་དང༌། འགྲོན་བུའི་ཕུང་པོ་དང༌། ཉ་སྐམ་དང༌། ཆུ་སྲིན་དང༌། སྦལ་པ་དང༌། རུས་སྦལ་ཁོག་པ་དང༌། དུང་གི་གདན་རྣམས་ལ་


DTG015_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤན་པ་མ་དང༌། བུམ་པ་བྱེད་མ་དང༌། ཁུར་བ་བྱེད་མ་དང༌། སྨད་འཚོད་མ་དང༌། ཁྱོགས་མཁན་མ་དང༌། ཉ་བ་མ་དང༌། གར་མ་དང༌། ཁྲུས་མཁན་མ་རྣམས་སོ། །དེ་ནས་བཞི་པའི་ཡོངས་སུ་བསྐོར་བའི་ཕྱོགས་རྣམས་སུ་བསེ་དང་སྟག་དང་དྲེད་དང་སྲེ་མོང་རྣམས་ཀྱི་པགས་པ་ལ་ལྕགས་མ་གར་མ་དང༌། རྒྱ་སྐྱེགས་མཁན་མ་དང༌། སྲིན་བལ་མཁན་མ་དང༌། མར་ཁུ་མཁན་མ་རྣམས་སོ། །མཚམས་རྣམས་སུ་མེའི་མཚམས་ནས་འབྲི་དང་ཅེ་སྤྱང་དང༌། སྲམ་དང༌། བྱི་ལའི་པགས་པ་རྣམས་ལ་སྨྱུག་མཁན་མ་དང༌། ཤིང་མཁན་མ་དང༌། ཀོ་ལྤགས་མཁན་མ་དང༌། འབྲེག་མཁན་མ་རྣམས་སོ། །ཡོངས་སུ་བསྐོར་བ་ལྔ་པ་ལ། གོ་ཏ་པ་དང༌། བྱི་བ་དང༌། ས་ལི་ཛ་ཏ་ཀ་དང༌། སྦྲེའུ་རྣམས་ལ་ཀླ་ཀློ་མ་དང༌། མི་གཙང་ཕྱག་མ་དང༌། དུར་ཁྲོད་གནས་མ་དང༌། ཚོན་རྩི་མ་རྣམས་སོ། །མཚམས་ཀྱི་མེ་མཚམས་ནས་རི་བོང་དང་གཟུགས་མོ་དང༌། ཨི་ཤུ་ཀ་པ་ཤུ་དང༌། སྦལ་པ་རྣམས་ལ་ཀོ་སྐྱ་མ་དང༌། མཐུ་མ་དང༌། མི་རྒོད་མ་དང༌། རི་ཁྲོད་མ་རྣམས་སོ། །པགས་པ་འདི་རྣམས་མེད་ན་ཤར་དང་མེར་ཁྱིའི་པགས་པའོ། །ལྷོ་དང་བདེན་བྲལ་དུ་རྟའི་པགས་པའོ། །ནུབ་དང་རླུང་དུ་གླང་པོ་ཆེའི་པགས་པའོ། །བྱང་དང་དབང་ལྡན་དུ་བ་ལང་གི་པགས་པའོ། །དབུས་སུ་མིའི་པགས་པའོ། །རྣལ་འབྱོར་མ་འདི་རྣམས་མ་ལུས་པ་གོས་དང་བྲལ་བ། སྐྲ་གྲོལ་བ་ཕྱག་རྒྱ་ལྔ་དང་ལྡན་པ། མེ་རྣམས་ཀྱི་གཡས་རྣམས་སུ་དཔའ་བོ་ཡང་དེ་རྣམས་དང་མཉམ་པར་ཕྱག་རྒྱ་ལྔ་དང་ལྡན་པས། དེ་རྣམས་ལ་པགས་པའི་གདན་སྦྱིན་པར་བྱའོ། །དེ་ནས་བཏུང་བའི་སྣོད་ནི་ཤར་དང་མེར་ཉ་ཕྱིས་སོ། །ལྷོ་དང་ལྷོ་ནུབ་ཏུ་ན་རི་ཀེ་ལའི་སྣོད་དོ། །ནུབ་དང་རླུང་དུ་ཁམ་ཕོར་རོ། །བྱང་དང་དབང་ལྡན་དུ་མིའི་ཐོད་པའོ། །དབུས་སུ་ཤིང་གི་ཕོར་པ་རྣམས་སོ། །དེ་ནས་དམ་ཚིག་གི་རྫས་རྣམས་ནི་ལྷ་མོ་རྣམས་ཀྱི་རང་བཞིན་ཏེ། གདན་གྱི་སྲོག་ཆགས་སུམ་ཅུ་སོ་དྲུག་གི་སྟོབས་རྣམས་དང༌། ཆུ་ལ་སྤྱོད་པའི་དམ་ཚིག་གོ །ཡ་ཙ་ཏ་ཀ་དང༌། ནེ་ཙེ་དང༌། ཁུ་བྱུག་དང༌། ས་རི་ཀ་དང༌། བྱ་ཝང་དང༌། ཕུག་རོན་དང༌། སོ་བྱ་དང༌། མཆིལ་བ་དང༌། ངུར་བ་དང༌། ངང་བ་དང༌། བྱ་ལོང་དང༌།


DTG015_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁུ་བྱུག་དང༌། མིག་དང༌། ར་མ་ཛ་ཀ་དང༌། བ་ཀ་བི་ཏ་དང༌། པོ་ཏ་ཀི་དང༌། སྲེག་པ་དང༌། བཞད་དང༌། ཆུ་བྱ་དང༌། ཆུ་སྐྱར་དང༌། ཁྭ་ཏ་དང༌། བྱ་རྒོད་དང༌། འུག་པ་དང༌། ཧོར་པ་དང༌། རྨ་བྱ་དང༌། ཁྱིམ་བྱ་དང༌། ཁྲ་དང༌། འོལ་བ་དང༌། བྱན་ལག་དང༌། ཤིང་གི་དགྲ་དང༌། མིག་སྔོན་དང༌། ཙ་ཀོ་ར་དང༌། གོ་བོ་དང༌། པགས་པའི་བྱ་ཆེན་པོ་དང༌། དཱ་ཏུ་ཧ་དང༌། པ་དོར་དང༌། ས་ཧི་དང༌། ཉ་ཟ་དང༌། ཁྲུང་ཁྲུང་དང༌། ཨཾ་པ་རི་ཀ་རྣམས་ཀྱི་སྟོབས་ཏེ་འདི་རྣམས་ནི་མཁའ་ལ་སྤྱོད་པའི་དམ་ཚིག་གི་རྫས་སུམ་ཅུ་སོ་དྲུག་གོ །དེ་ནས་ཡང་སོ་དང༌། སྐྲ་དང༌། པགས་པ་དང༌། ཤ་དང༌། ཆུ་བ་དང༌། རུས་པ་དང༌། གྲོད་པ་དང༌། བག་དང༌། ཤིག་དང༌། བ་སྤུ་དང༌། སྲིན་བུ་དང༌། གློ་བ་དང༌། རྒྱུ་མ་དང༌། མཚན་མ་དང༌། བད་ཀན་དང༌། མཁྲིས་པ་དང༌། ཆུ་སེར་དང༌། ཁྲག་དང༌། རྡུལ་དང༌། ཚིལ་བུ་དང༌། མཆིལ་མ་དང༌། སྣབས་དང༌། དྲི་ཆུ་དང༌། ཞག་དང༌། རྣག་རྣམས་ཏེ་ཁ་དོག་སྣ་ཚོགས་དང༌། དྲི་སྣ་ཚོགས་དང༌། ཕྱིས་དང༌། ལྕེ་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ཁུ་བ་དང༌། རྡུལ་རྣམས་ཏེ་འདི་རྣམས་ནི་སེམས་ཅན་རྣམས་ཀྱི་ལུས་ཀྱི་དམ་ཚིག་གོ །ཁུ་བ་དང༌། དྲི་ཆུ་དང༌། བཤང་བ་དང༌། རྐང་མར་དང༌། ཤ་དང༌། མཆེར་པ་དང༌། མཁྲིས་པ་དང༌། ཁྲག་དང༌། རྒྱུ་མ་དང༌། པགས་པ་རྣམས་དང༌། ཆུ་དང༌། ཡོན་ཆབ་དང༌། བདུག་སྤོས་དང༌། མེ་ཏོག་དང༌། འབྲས་བུ་དང༌། འབྲུ་མ་ཉམས་པ་དང༌། མར་མེ་དང༌། ལྷ་བཤོས་རྣམས་ནི་སྣོད་དུ་བཞག་སྟེ་ཕྱོགས་འཚམས་བརྒྱད་དུ་གཞག་གོ །དེ་ནས་སློབ་དཔོན་གྱིས་སྲུང་བའི་འཁོར་ལོ་བསྒོམ་པ་སྔོན་དུ་སོང་བས་སྟོང་པ་ཉིད་ཀྱི་རྗེས་སུ་བདག་ཉིད་ཀྱི་ས་བོན་གྱི་འོད་ཟེར་ལས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་མཆོད་པ་སྔོན་དུ་སོད་བས། ཐུགས་ལ་སོགས་པའི་དཀྱིལ་འཁོར་ལ་གཞུག་པར་བྱའོ། །དེ་རྣམས་ཀྱང་ལྷའི་གཟུགས་སུ་བསྒོམས་ལ། དེ་ནས་སློབ་དཔོན་གྱིས་སྔོན་དུ་སོང་བའི་དམ་ཚིག་གི་རྫས་དང༌། སྟོབས་དང༌། མྱོས་བྱེད་དང༌། ཟན་ལ་སོགས་པ་སྔོན་དུ་བཞག་ལ་གཏོར་མ་སྦྱང་བར་བྱའོ། །སྦྱང་ལུགས་ནི། ཨོཾ་བཛྲ་ཀྲོ་དྷི་ཤྭ་རི་སརྦ་དྲ་བྱ་ནི་བི་ཤྭ་དྷ་ཡ་ཧཱུཾ་ཕཊ་ཅེས་པས་བདུད་རྩི་ལྔ་མྱོས་བྱེད་ཀྱིས་བཞུ་བར་བྱ་སྟེ་བསང་གཏོར་བྱའོ།


DTG015_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྲིན་ལག་གིས་བླངས་ནས། གྲུ་གསུམ་བྱས་པའི་དབུས་སུ་མཎྜལ་ཟླུམ་པོ་བྱས་པ་དང༌། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་ངོ༌། །དེ་ནས་སྲིན་ལག་གིས་བླངས་ནས། སྔོན་དུ་སོང་བའི་སྔགས་ཀྱིས་ཡང་དག་པར་མཉེས་པར་བྱའོ། །དེ་ནས་སྡིག་བ་བཤགས་པ་ལ་སོགས་པ་བྱ་སྟེ། འདོད་བའི་དོན་ལ་གསོལ་བ་གདབ་པ་བྱས་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཞིང་སྐྱོང་རྣམས་ལ་སྔོན་དུ་སོང་བའི་སྔགས་ཀྱིས་གཏོར་མ་སྦྱིན་ལ། དེ་ནས་ཨོཾ་ཧ་རི་ཏི་པི་ཎྜ་ཀཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་དཱུ་ཏི་ཀི་ཨ་གྲཱ་སཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་པས་འཕྲོག་མ་དང༌། པོ་ཉ་དག་ལ་ཆང་ཟན་དང་བུད་ཡི་གེ་གསུམ་མངོན་པར་བཟླས་ཏེ་ས་ལ་བཞག་ནས་བཟའ་བ་ཟོས་པ་དང་སྦྱིན་ནོ། །དེ་ནས་ཡོན་བདག་གིས་མཎྜལ་བྱས་ཏེ་ཅི་བདེ་བར་གསོལ་བར་ཞུ་ཞེས་སོ། །དེ་ནས་ལས་ཀྱི་རྡོ་རྗེས་བླ་མ་ལ་གུས་པས། བག་ཡོད་པ་དང་དམ་ཚིག་གི་རྫས་དེ་རྣམས་གུས་པ་དང་བཅས་པས་དབུལ་བར་བྱའོ། །མྱོས་བྱེད་ཀྱི་སྣོད་པདྨའི་ཕྱག་གིས་དྲང་བར་བྱ་ཞིང༌། ལེན་བས་ཀྱང་པདྨའི་ལག་ཀོར་གྱིས་སོ། །སློབ་དཔོན་ལ་ཐམས་ཅད་ཉིས་འགྱུར་དུ་དྲང་བར་བྱའོ། །དེ་རྣམས་ཀྱི་མྱོས་བྱེད་ཀྱི་ཕུད་དང་པོར་སློབ་དཔོན་ལ་ཕུལ་ཏེ་ཕྱག་བྱས་ལ་བཏུང་བར་བྱའོ། །གནང་བ་མ་བྱིན་བར་དུ་མྱོས་བྱེད་ས་ལ་མི་གཞག་ཅིང༌། ས་ལ་བཞག་ན་གཅིག་ལ་གཅིག་པདྨའི་ལག་པས་བླང་བར་བྱའོ། །དེ་ལྟར་སྟོབས་དང་མྱོས་བྱེད་ལ་སོགས་པ་དང་ལྡན་པ་བཏུང་བ་དང་བཟའ་བ་དང་བཅའ་བ་རྣམས་འདྲེན་པའི་དུས་སུ་དི་དག་གིས་བརྗོད་པ། ཆོས་རྣམས་རང་བཞིན་རྣམ་བར་དག །དེ་ལ་ཐེ་ཚོམ་མ་བྱེད་པར། །བྲམ་ཟེ་ཁྱི་དང་གདོལ་བ་རྣམས། །རང་བཞིན་གཅིག་ཏུ་བཟའ་བར་གྱིས། །བདེ་གཤེགས་ཆོས་རྣམས་ཟག་པ་མེད། །ནམ་མཁའ་དང་མཚུངས་དྲི་མ་མེད། །གཟུང་དང་འཛིན་པ་རྣམས་དང་བྲལ། །འདི་ལ་འཁྲུལ་པ་མེད་པར་གྱིས། །ཞེས་སོ། །གཞན་ཡར། །འཁོར་ལོའི་གཙོ་བོས་མ་གནང་བར། །ཚོགས་ཀྱི་འཁོར་ལོ་བྱ་བ་མིན། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །བྱ་བ་ཐམས་ཅད་དལ་གྱིས་བྱ། །གཞན་དུ་རྣམ་པར་གཡེང་བར་འགྱུར། །འགྲོ་བར་འདོད་ན་འཁོར་ལོའི་གཙོ་བོ་ལ་སོགས་པ་ལ་ཕྱག་བྱས་ནས་གནང་བ་ཞུ་བའོ། །


DTG015_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇུག་པའི་དུས་སུ་ཕྱག་བྱས་པའོ། །དེ་ལྟར་མཉམ་པར་བཞག་པས་ལོངས་སྤྱོད་དོ། །སྟོབས་དང་མྱོས་བྱེད་ལ་སོགས་པས་ཤེས་པ་བཏེག་ན་བླ་མ་ལས་རྗེས་གནང་ཐོབ་པ་དང་ཡིད་དུ་འོང་བའི་རྡོ་རྗེའི་གླུ་ཅུང་ཟད་སྨད་ལ་བླང་བ་ནི། ལྷ་དེ་དང་དེའི་ཕྱག་རྒྱ་དང་གར་དང་བཅས་པས་སོ། །དེ་ནས་སྟོབས་དང་མྱོས་བྱེད་ལ་སོགས་པ་བཟའ་བ་དང་བཏུང་བ་ལ་སོགས་པ་བྱས་ནས་དང༌། སོ་སོའི་གནས་ན་གནས་པའི་རྣལ་འབྱོར་མ་རྣམས་དང༌། ཟུར་གྱི་མིག་གིས་སྡུག་པའི་ལྟ་བས་བལྟ་བར་བྱ་ཞིང༌། མཐོལ་མཁྲེགས་པའི་ནུ་མ་དང་པདྨ་ལག་པའི་པདྨས་རེག་ཅིང་མཆུ་གཞིབ་ཅིང་འཁྱུད་པ་ལ་སོགས་པའི་ཀར་ནའི་བྱེ་བྲག་བྱའོ། །འདིར་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་ཀྱིས་ཐ་སྙད་ཀྱི་ངོ་ཚ་དང་རིགས་དང་རིགས་མིན་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་ཏེ། སོ་སོའི་གནས་ན་གནས་པའི་སྲིང་མོ་ལ་སོགས་པ་སྣ་དང་རྣ་བ་དང༌། མཆུ་ལ་སོགས་པ་ཆད་པ་དང་གཟུགས་ངན་པ་ལ་སོགས་པ་རྣམས་དེ་རུ་འདུས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་མི་བྱའོ། །རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ངོ༌། །དེ་ཡང་ལང་ཚོ་མ་གང་ཞིག་ཨུཏྤལའི་སྤྱན་དང་ལྡན་པས་སློབ་དཔོན་དང་དཔའ་བོ་རྣམས་དང་བཅས་པའི་རྡོ་རྗེ་ལ་མཆོད་པ་བྱེད་ན། དེའི་བསོད་ནམས་ཀྱིས་གཞི་དང༌། གླང་པོ་ཆེ་དང་རྟ་དང་བུ་མོ་ལ་སོགས་པ་དཔག་ཏུ་མེད་པ་ཕུལ་བས་ཀྱང་མཆོག་ཏུ་འགྱུར་རོ། །འདིར་རྣལ་འབྱོར་པ་རྣམས་ཀྱིས་ཕྱག་དང་མཚན་མ་དང་རིགས་ཀྱི་དབྱེ་བ་ལ་སོགས་པ་གཞུང་ཆེས་ཀྱིས་དོགས་ནས་མ་བྲིས་སོ། །དེ་ནས་སྟོབས་དང་མྱོས་བྱེད་ལ་སོགས་པ་ལ་ལོངས་སྤྱོད་པ་འདི་ལྟར་ཐམས་ཅད་བྱ་སྟེ། རྫོགས་པ་དང༌། ཟོས་པ་དང་འཐུངས་པའི་ལྷག་མ་སློབ་དཔོན་གྱིས་སྡུད་དུ་བཅུག་ལ། མདུན་དུ་བཞག་ལ་སླར་ཡང་མྱོས་བྱེད་ལ་སོགས་པ་བླུགས་ཏེ་སྔགས་གསུམ་གྱིས་མངོན་པར་བྱིན་གྱིས་བརླབས་པའི་ཆང་གིས་ཁ་ཕྲུ་བཏབ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨུ་ཙྪིཥྚ་བྷཀྵ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལྷག་མའི་གཏེར་མ་ལ་སྟེ། མར་མེ་དང་བཅས་པས་ཕྱི་རོལ་དུ་གཏོང་དུ་གཞུག་གོ །དེ་ནས་གོས་ཟུང་དང་ལག་གདུབ་དང་རྣ་རྒྱན་ལ་སོགས་པ་དང་དྲི་ཞིམ་པོ་དང་བཅས་པའི་སོ་རྩི་ལ་སོགས་པ་གཙོ་བོ་དང་དཔའ་བོ་དང་དཔའ་མོ་རྣམས་ལ་དབུལ་ལོ། །དེ་ནས་མཎྜལ་བྱས་ཏེ་


DTG015_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྗོད་པ། བསོད་ནམས་འདི་ཡིས་སེམས་ཅན་གྲངས་མེད་ཁམས་གསུམ་ལ་གནས་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཤོག །ཅེས་པས་ཡོན་གྱི་བདག་བོ་ལ་སྨོན་ལམ་གདབ་པར་བྱའོ། །དེ་ནས་ལྷག་མ་ལུས་པ་དོང་དུ་སྦ་བར་བྱའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་ས་བདག་རྒྱལ་པོའམ་གཞན་གྱིས་བྱ་བའོ། །དེ་ལས་གཞན་པ་ནི་ཚོགས་པའི་བྱེ་བྲག་ཇི་ལྟར་རྙེད་པའི་ཐ་མ་ལ་པའི་བུད་མེད་དམ་སྐྱེས་པ་རྣམས་ལས། ལྔའམ་བཅུ་གསུམ་མམ་ཉི་ཤུ་རྩ་གཅིག་གམ་རྩ་དགུའམ་ཡོངས་སུ་རྫོགས་པ་ལ་སྙན་གསན་ཕབ་སྟེ། ཇི་ལྟར་རྙེད་པའི་གདན་ལ་སོགས་པ་ལ་དེ་ལྟར་ཐམས་ཅད་བྱའོ། །དེ་ནས་དཔའ་བོའི་སྟོན་མོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་མེད་ན་དབུས་སུ་བ་ལང་གི་ལྕི་བས་གྲུ་བཞི་པ་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ལ་སོགས་པ་སློབ་དཔོན་གྱིས་སྔ་མ་ལྟར་བྱས་ལ། དེ་ཡང་ཚོགས་ཀྱི་གཙོ་བོ་ཤར་དུ་ཕྱོགས་པའོ། །དེའི་གཡོན་དུ་ཕྱག་རྒྱ་གཅིག་ཡོན་བདག་གིས་དབུལ་བར་བྱའོ། །གཞན་དུ་ན་ཕྱག་རྒྱ་དང་བྲལ་བའི་ཆང་བཏུང་བ་བཀག་པའི་ཕྱིར་རོ། །དེའི་གཡས་ཕྱོགས་སུ་སློབ་དཔོན་དགེ་སློང་རྣམས་ཀྱི་གྲལ་ཤར་དུ་ཁ་ཕྱོགས་པས་སོ། །བདེན་བྲལ་དུ་སློབ་དཔོན་དགེ་ཚུལ་རྣམས་བྱང་དུ་ཁ་ཕྱོགས་པས་སོ། །དེའི་དབང་ལྡན་དུ་སློབ་དཔོན་ཁྱིམ་པ་རྣམས་ལྷོར་ཁ་ཕྱོགས་པས་སོ། །དེ་ལྟར་དགེ་སློང་མ་དང་དགེ་ཚུལ་མ་དང་དགེ་བསྙེན་མ་རྣམས་ཀྱིའོ། །ཚོགས་ཀྱི་གཙོ་མོའི་གཡོན་དུ་དཔའ་བོ་གཅིག་ཡོན་བདག་གིས་དབུལ་བར་བྱའོ། །གཞན་དུ་ན་ཐབས་དང་བྲལ་བའི་སྟོབས་ཀྱིས་བཟའ་བ་བཀག་པའི་ཕྱིར་རོ། །ལྷག་མ་སྔ་མ་དང་མཚུངས་སོ། །འདི་ནི་དཔའ་བོའི་སྟོན་མོ་དང་བཅས་པའི་ཚོགས་ཀྱི་འཁོར་ལོའི་ཆོ་གའི་རིམ་པའོ། །ཚོགས་ཀྱི་འཁོར་ལོའི་མཆོད་པ་སློབ་དཔོན་དུས་འཁོར་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཝཱ་གཱི་ཤྭ་ར་དང་ཆོས་རབ་ཀྱིས་བསྒྱུར་པའོ།། །།

དཔལ་དུས་ཀྱི་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ།
དུས་འཁོར་ཞབས་ཀྱི་མཛད།


DTG015_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙ་ཀྲ་ཧོ་མ་བ་པཱ་ཡི་ཀ་བི་དྷི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ད་ནི་དབང་དང་རབ་ཏུ་གནས་པ་ལ་སོགས་པ་ཐམས་ཅད་ལ་སྦྱིན་སྲེག་སྔོན་དུ་འགྲོ་བར་


DTG015_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་པས་ཀུན་རྫོབ་ཀྱི་སྦྱིན་སྲེག་འདིར་བརྗོད་པར་བྱའོ། །ཉིན་མོའི་ཐུན་དང་པོ་ལ་སོགས་པ་ལ་ཞི་བ་ལ་སོགས་པའི་ལས་བྱ་སྟེ། དེ་ལྟར་མཚན་མོ་ལ་ཡང་ངོ༌། །དེ་ལྟར་ཐུན་ཕྱེད་རྣམས་སམ་ཐུན་རྣམས་ལ་སྟ། ལས་ཐམས་ཅད་པ་ཞི་བ་དང༌། རྒྱས་པ་དང༌། གསད་པ་དང༌། དབྱེ་བ་དང། དབང་དང༌། དགུག་པ་དང༌། རྨོངས་པ་དང༌། རེངས་པ་རྣམས་གྲོང་ཁྱེར་གྱི་དབུས་དང༌། གཤིན་རྗེ་དང༌། བདེན་བྲལ་དང༌། ཆུ་བདག་དང༌། རླུང་དང་གནོད་སྦྱིན་དང༌། དབང་ལྡན་དང༌། ཤར་དང༌། མེ་མཚམས་རྣམས་སུ་སྟེ། དབང་བསྐུར་བའི་དུས་སུ་རྡུལ་ཚོན་མེ་རིའི་ཕྱིར་རོལ་ཁྲུ་དོ་སྤངས་པའི་གནོད་སྦྱིན་ནམ། དྲག་པོ་རུ་ཟླུམ་པོ་དང༌། གྲུ་བཞི་དང༌། གཞུའི་རྣམ་པ་དང༌། ཟུར་ལྔ་དང༌། བདུན་དང་གསུམ་དང་དྲུག་དང་བརྒྱད་རྣམས་དང་ལྡན་པའོ། །ཁྲུ་གང་བ་དང༌། ཁྲུ་དོ་པ་དང༌། ཁྲུ་གང་གི་ཕྱེད་དང༌། ཟུམ་པོ་དང་མཚུངས་པ་དང༌། སོར་བཞི་བཅུ་དང༌། ཉི་ཤུ་དང༌། སུམ་ཅུ་དང༌། དྲུག་ཅུ་རྣམས་སོ། །ཐབ་ཁུང་རྣམས་ཀྱི་རྒྱའི་ཕྱེད་གཏིང་དུའོ། །ཐབ་ཀྱི་ཁ་ཁྱེར་དུ་ཐད་ཀར་དཔངས་ཀྱི་དྲུག་ཆའོ། །དེ་དག་གི་ཉིས་འགྱུར་སྟེགས་བུ་ལའོ། །དེའི་ཉིས་འགྱུར་ཁ་ཁྱེར་ཆེན་པོ་ལའོ། །ཡང་ཆུ་དང་མཉམ་པའི་ཕྱི་རུ་ཁ་ཁྱེར་བྱའོ། །སྟེང་དུ་ཉི་མ་དང་ཟླ་བ་དང་མཎྜལ་སྔོན་པོ་དང༌། དམར་པོ་དང༌། དུ་བའི་མཎྜལ་དང༌། མཎྜལ་སེར་པོ་དང་རི་རབ་གཉིས་རྣམས་ཀྱིས་མཚན་མའི་ཐབ་བྱའོ། །སྟེགས་བུ་ཆ་ལྔ་རུ་བྱས་པའི་ལོགས་གཉིས་ཀྱི་ཆ་གཉིས་སྤངས་ཏེ་ཆ་གསུམ་ལ་འོག་ནས་བྱུང་བའི་མཚན་མ་རྣམས་ཀྱིས་རིམ་པ་བཞིན་བསྐོར་རོ། །གལ་ཏེ་ས་ཡིས་བྱེད་ན་ཆུའི་ཕྱེད་ཀྱིས་སོ། །རྡུལ་ཚོན་གྱིས་ཕྱེད་ན་ངོས་པ་མེད་དོ། །དེའི་ཕྱི་རོལ་དུ་གཉིས་ལ་པདྨའི་འདབ་མ་དང༌། གཉིས་ལ་སོར་མོ་དང་བཅས་པའི་ལག་མཐིལ་དང༌། ཁྲའི་མཇུག་སྒྲོ་གཉིས་ལ་ཤིང་ཨརྒའི་འདབ་མ་དམར་པོ་དང༌། ཤིང་ཨརྒའི་འདབ་མ་སེར་པོ་རྣམས་ཀྱི་ཕྲེང་བས་བསྐོར་རོ། །དེའི་ཕྱི་རོལ་དུ་གཉིས་ལ་ཀུ་ཤ་དང༌། ཤི་བའི་སྐྲ་དང༌། ཡི་དགས་ཤིང་གི་ལོ་མ་དང༌། གཉིས་ལ་མེ་ཏོག་དམར་པོ་དང༌། གཉིས་ལ་མེ་ཏོག་སེར་པོ་རྣམས་ཀྱིས་བསྐོར་རོ། །ཐབ་ཀྱི་ཚད་ཀྱིས་པདྨའི་འདབ་མའོ། །བཅུ་


DTG015_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་ཀྱི་ཆ་ཡིས་གཙོ་བོའི་ལྟེ་བ་ལའོ། །དེ་ལ་རྡོ་རྗེ་ནག་པོ་དང་པདྨ་དམར་པོ་དང༌། འཁོར་ལོ་དཀར་པོ་དང༌། གྲི་གུག་ནག་པོ་དང༌། རལ་གྲི་ནག་པོ་དང༌། མདའ་དམར་པོ་དང༌། རྡོ་རྗེ་ལྕགས་ཀྱུ་དམར་པོ་དང༌། སྦྲུལ་ཞགས་སེར་པོ་དང༌། རྡོ་རྗེ་ལྕགས་སྒྲོག་སེར་པོ་རྣམས་དགོད་པར་བྱའོ། །ལས་ཐམས་ཅད་པའི་ཐབ་ཁུང་ལ་ཤར་ལ་སོགས་པའི་པདྨའི་འདབ་མ་རྣམས་ལ་རལ་གྲི་དང༌། རིན་པོ་ཆེ་དང༌། འཁོར་ལོ་དང༌། པདྨ་རྣམས་སོ། །མཚམས་རྣམས་ལ་ནི་གྲི་གུག་ནག་པོ་དང༌། ལྕགས་ཀྱུ་དམར་པོ་དང༌། རྡོ་རྗེ་ཞགས་པ་སེར་པོ་དང༌། རྩེ་གསུམ་དཀར་པོ་རྣམས་སོ། །དེ་ལྟར་ཞི་བ་ལ་ཡང་ངོ༌། །རྒྱས་པ་ལ་ཕྱོགས་རྣམས་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་དང༌། མཚམས་རྣམས་སུ་གྲི་གུག་ནག་པོ་ལ་སོགས་པའོ། །དེ་ལྟར་བསད་པ་ལ་ཤར་དུ་ཕྱོགས་པའི་དཀྱིལ་འཁོར་ཏེ། གསད་པ་དང་དབྱེ་བ་ལ་རལ་གྲི་ལ་སོགས་པས་མཚན་པའོ། །དབང་དང་དགུག་པ་ལ་ལྷོར་ཁ་ཕྱོགས་པས་ཕྱོགས་རྣམས་ལ་རིན་པོ་ཆེ་རྣམས་སོ། །མཚམས་རྣམས་སུ་ལྕགས་ཀྱུ་དམར་པོ་ལ་སོགས་པའོ། །རྨོངས་པ་དང་རེངས་པ་ལ་ནུབ་ཏུ་ཁ་ཕྱོགས་པས་ཕྱོགས་དང་ཕྱོགས་བྲལ་རྣམས་ལ་འཁོར་ལོའོ། །ཞགས་པ་སེར་པོ་ལ་སོགས་པའོ། །ཐབ་ཁུང་ལས་ཁྲུ་དོ་སྤངས་པར་རྡུལ་ཚོན་དཀར་པོ་དང་དམར་པོ་དང་ནག་པོ་རྣམས་ཀྱིས་ར་བ་གསུམ་པ་བྱས་ཏེ། བྱང་ལ་སོགས་པར་ཁ་ཕྱོགས་པའི་ར་བའི་ནང་གི་རྒྱའི་བརྒྱད་ཆ་སྒོའོ། །དཀྱིལ་འཁོར་གྱི་སྒོ་དང་མཚུངས་པའི་རྟ་བབས་དང་བཅས་པ་ཐབ་ཁུང་ཀུན་ལ་བྱའོ། །ཐབ་ཁུང་གི་མདུན་དུ་ཁྲུ་དོ་སྤངས་པའི་གནས་སུ་ཞི་བ་ལ་སོགས་པའི་དབྱེ་བས་དབྱིབས་དང་ལྡན་པ་ལ་སྔ་མ་ལྟར་པདྨ་དང་མཚན་མའི་བྱེ་བྲག་བཀོད་པའི་ཁྲུ་གར་པ་རང་རང་གི་ཕྱོགས་སུ་གཞག་གོ །ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་ཆོས་འབྱུང་དུ་ཆུད་པས་མཚན་པའོ། །དེ་ལྟར་སྦྱིན་སྲེག་གི་དགང་གཟར་ལ་སོགས་པའི་གདན་དང༌། ཡོན་ཆབ་ཀྱི་གདན་གཡོན་དང་གཡས་སུའོ། །གདན་དེ་ལ་རིམ་པ་ཇི་ལྟ་བ་བཞིན་གནས་པར་བྱ་སྟེ། རྐང་པ་གཡས་པ་གཡོན་པའི་པུས་མོའི་འོག་ཏུ་བཞག་པ་པདྨའི་འདུག་སྟངས་སོ། །རྐང་པ་གཡས་པ་གཡོན་པའི་བརླ་སྟེང་དུ་བཞག་ཅིང་གཡོན་པ་


DTG015_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཡས་པའི་བརླ་སྟེང་དུ་བཞག་པ་རྡོ་རྗེའི་འདུག་སྟངས་སོ། །ལྷ་མ་ཡིན་གྱི་འདུག་སྟངས་ནི་ལུས་བསྐུམ་སྟེ་རུས་སྦལ་ལྟར་གནས་པའོ། །རྐང་པའི་ལོང་མོ་གཉིས་གཤིབས་ཏེ་ཙོས་པོ་ཆེ་འཕོངས་དང་སྦྱར་ནས་པུས་མོ་གཉིས་བསླང་བ་ནི་ཙོག་བུའི་འདུག་སྟངས་སོ། །རྐང་པ་གཡོན་པ་སྐྱིལ་ཀྲུང་དུ་གནས་ནས་གཡས་པ་ཙོག་པུ་སྟེ་ཅུང་ཟད་བརྐྱང་བ་སྐྱིལ་ཀྲུང་ཕྱེད་པའོ། །དེ་ལས་བཟློག་པ་ནི་བྱེ་བྲག་གཉིས་པའོ། །རྐང་པ་གཡོན་པའི་རྟིང་པ་བཤད་ལམ་དུ་གནས་ཏེ་གཡས་པ་ཙོག་པུར་གནས་པ་རྐང་པ་བཤད་ལམ་ལ་གནས་པའོ། །དེ་ལས་བཟློག་པ་རྣམས་སོ། །དེ་ནས་རིམ་པ་བཞིན་དུ་ཤེལ་དང༌། མུ་ཏིག་དང༌། བའི་སོ་དང༌། བོ་དེ་ཙེ་དང༌། པདྨའི་ས་བོན་དང༌། ཙནྡན་དམར་པོ་དང༌། ལུང་ཏང་དང༌། རུ་དྲཱ་ཀཥི་ཕྲེང་བ་རྣམས་སོ། །དེ་ནས་པད་སྣོད་འདབ་མ་དང༌། ལྟེ་བ་རྣམས་ལ་སོར་བཅུ་གཉིས་པ་ཤེལ་དང་དངུལ་དང་ཐོད་པ་དང་ལྕགས་དང༌། གསེར་དང་ཟངས་དང་ཤིང་དང་ས་ལས་བྱས་པའི་ཡོན་ཆབ་ཀྱི་སྣོད་རྣམས་སོ། །དེ་ནས་དགང་གཟར་ནི། རྡོ་རྗེས་མཚན་པའི་ཁྲུ་གང་བའི་ཡུ་བ་ལ་སྟེ་ཐལ་མོ་སྦྱར་བའི་རྣམ་པའོ། །དེའི་ནང་དབུས་སུ་གྲུབ་བཞི་པ་པདྨས་མཚན་པ་སོར་བཞི་པ་དང་ལྡན་པའོ། །དེའི་རྩེ་མོ་རྡོ་རྗེ་རྩེ་ལྔ་པའོ། །ར་དབུས་མ་ནས་བཅུད་འགྲོ་བའི་གནས་དང་ལྡན་པའོ། །དེ་ནས་ཅུང་ཟད་ཕྲ་ལ་ཆུང་བ་སྲིད་དུ་མཚུངས་པ་སྟེང་གི་ཆ་པདྨ་དང་མཚུངས་པའི་བླུགས་གཟར་རོ། །དེ་ལྟར་ཞི་བ་ལ་སོགས་པའི་ལས་གཉིས་གཉིས་ཏེ། ཨུདུམྦཱར་དང༌། བྱང་ཆུབ་ཤིང་དང༌། ནྱ་གྲོ་དྷ་དང༌། པརྐ་ཌི་དང༌། རྒུན་འབྲུམ་ཤིང་རྣམས་ཀྱི་ཡམ་ཤིང་ལྔ་བརྒྱའོ། །མིའི་རུས་པ་མཐེ་ཆུང་གི་རྣམ་པ་ལྔ་བརྒྱ་དང༌། དེ་ལྟར་ཁྲའི་མཇུག་སྒྲོ་ཡང་ངོ༌། །དེ་ལྟར་སེང་ལྡེང་ངམ་པ་ལ་ཤ་ལས་བྱུང་བ་དང༌། དེ་ལྟར་བི་ལོ་ལས་བྱུང་བ་ལྔ་བརྒྱ་སོར་བཅུ་གཉིས་པའོ། །དེ་ལྟར་རྫས་རྣམས་ནི་ཞི་བ་ལ་བའི་འོ་མ་དང་དཱུར་བའོ། །རྒྱས་པ་ལ་མར་དང་དཱུར་བའོ། །གསད་པ་ལ་ཤ་དང་དུག་གོ །བསྐྲད་པ་དང་དབྱེ་བ་ལ་མིའི་ཞག་དང་བཅས་པའི་རཱ་ཛི་ཀ་དང་ཚྭའོ། །དབང་ལ་རྡུལ་དང་ཀ་ར་བཱི་ར་ལ་སོགས་པའི་མེ་ཏོག་དམར་པའོ། །དགུག་པ་ལ་དྲི་ཆུ་དང་ཤིང་ལེའི་འདབ་མ་དང་འབྲས་བུའོ། །རེངས་པ་ལ་མཆིལ་མ་དང་མེ་ཏོག་རྙིང་པའོ། །རྨོངས་པ་ལ་ཚྭ་དང་ཐང་ཕྲོམ་གྱི་འདབ་མའོ། །དེ་ལྟར་


DTG015_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་གཉིས་ཏེ། མེ་ཏོག་དྲི་ཞིམ་པ་ལ་དཀར་བ་དང༌། ཚ་བ་ལ་ཚེར་མ་དང་ལྡན་པའི་ནག་པོ་དང༌། དམར་པོ་དང་སེར་པོ་རྣམས་སོ། །དེ་ལྟར་དྲང་བའི་བདུག་སྤོས་ནི་ཨ་ག་རུ་དང༌། སིཧླ་དང༌། ག་བུར་དང༌། སྦྲང་རྩི་ཀར་རྣམས་ཀྱིས་སོ། །དེ་ལྟར་ཤིན་ཏུ་བདུག་པའི་སྤོས་ནི་བཤང་བ་དང་ཤ་དང་ཁྲག་རྣམས་ཀྱིས་སོ། །དེ་ལྟར་དྲི་ཆེ་བར་གྱུར་པའི་སྤོས་ནི་གུ་གུལ་དང་རྒྱ་སྐྱེགས་དང༌། སྤོས་དཀར་དང༌། ཀུན་དུ་རུ་དང༌། ཤྲི་བ་ས་དང༌། བུ་རམ་རྣམས་སོ། །དེ་ལྟར་བསྐ་བའི་སྤོས་ཨ་རུ་རའི་ཕྱེ་མ་དང༌། བུ་རམ་དག་གིས་སོ། །ཡང་ན་རིམ་པ་ཇི་ལྟ་བ་བཞིན་ནོ། །འོ་མའི་ཟན་དང་ཞོ་དང་བཅས་པའི་ཟན་དང་གྲོད་པ་དང༌། མར་དང་བཅས་པའི་ཟན་དང༌། ཏིལ་དང་བཅས་པའི་ཟན་དང༌། སྲན་མ་ཙན་ཀ་དང་ཤ་དང་བཅས་པའི་ཟན་རྣམས་སོ། །དེ་ལྟར་གཉིས་གཉིས་ལ་ཙནྡན་དཀར་པོ་དང༌། ཁྲག་དང༌། སོལ་བ་དང༌། གུར་ཀུམ་དང༌། གི་ཝང་ངམ་ཙནྡན་དམར་པོ་དང༌། ཡུང་བ་དང༌། བ་བླ་རྣམས་རྣམ་པར་བླུགས་སོ། །དེ་ལྟར་མར་དང་མིའི་ཞག་དང་ཏིལ་མར་དང༌། ཛྱོ་ཏི་སྨའི་མར་དང༌། བལླ་ཏ་ཀའི་མར་རྣམས་ཀྱི་མར་མེའོ། །དེ་ལྟར་འབྲས་སཱ་ལུ་དང༌། ར་ཙི་ཀ་དང༌། ཡུངས་ཀར་དང༌། སྲན་ཆུང་རྣམས་ཀྱིས་མ་ཉམས་པའོ། །དེ་ལྟར་ན་ན་བཟའ་དཀར་པོ་ལ་སོགས་པར་བགོ་བར་བྱའོ། །དེ་ནས་སློབ་དཔོན་ཇི་ལྟར་གསུངས་པའི་གདན་ལ་ཇི་ལྟར་གསུངས་པའི་འདུག་སྟངས་ཀྱིས་གནས་ནས་ལས་ཐམས་ཅད་ལ་ལྗང་གུའོ། །ཞི་བ་ལ་སོགས་གཉིས་གཉིས་ཏེ། ཞི་ཞིང་དཀར་བ་དང༌། ཁྲོ་ལ་གནག་པ་དང༌། ཆགས་པ་དང་བཅས་པའི་དམར་པོ་དང༌། རེངས་ཤིང་སེར་བ་སྟེ། སྔོན་དུ་གསུངས་པའི་དུས་ཀྱི་འཁོར་ལོའི་ཆ་བྱད་རྣམ་པར་བསྒོམས་ཏེ། སྲུང་བའི་འཁོར་ལོ་བྱས་ནས་སྔོན་དུ་གསུངས་པའི་ཆོ་གའི་རིམ་པ་བཞིན་དུ་ཨུདུམྦཱརའི་དང་བ་ཊ་དང་མྱ་ངན་མེད་དང་རུས་པ་དང་ལྕགས་དང་སེང་ལྡེང་དང་ས་ཀོ་ཊ་དང༌། བི་ལོ་རྣམས་ལས་བྱུང་བའི་ཕུར་པས་ཕྱོགས་བཅུ་རུ་བཏབ་ལ། ཨོཾ་ཨཱཿ་ཧཱུཾ་ཧྲཱིཿ་ཕཊ། ཅེས་པའི་སྔགས་ཀྱིས་ཀུ་ཤའི་ཡོན་ཆབ་ནས་བླངས་ཏེ་བསང་གཏོར་བྱའོ། །དེ་ནས་ལས་ཐམས་ཅད་པ་དང་ཞི་བ་ལ་སོགས་པ་ལ་ཙནྡན་ལ་སོགས་པ་དྲི་ཞིམ་པ་དང༌། འོ་མ་ཅན་གྱི་ཤིང་


DTG015_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། ཙནྡན་དམར་པོ་ལ་སོགས་པ་དང༌། བསྐ་བའི་ཤིང་རྣམས་བརྩིགས་ཏེ། ལྷ་ཁང་དང༌། བྲམ་ཟེ་དང༌། དམངས་རིགས་དང༌། གདོལ་པ་དང༌། རྒྱལ་རིགས་དང༌། རྗེ་རིགས་རྣམས་ཀྱི་ཁྱིམ་ནས་མེ་བླངས་ཏེ་དེར་བཅུག་ལ་རླུང་གཡབ་ཀྱིས་སྦར་བར་བྱའོ། །དེ་ནས་སྔགས་འདིས་མེ་ལྷ་སྤྱན་དྲང་བ་ནི། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བྀ་ར་ཥི་དྭི་ཛ་ས་ཏ་མ། གྲྀ་ཧི་ཏྭཱ་ཡུ་དྷ་མ་ཧཱར་ཨ་སྨིན་ས་ནྣི་ཧི་ཏོ་བྷ་བཱ་བཛྲ་དྷ་ར་ཨ་ཛྙཱ་པ་ཡ་ཏི་སྭཱ་ཧཱ་ཞེས་བརྗོད་དེ། རང་གི་སྙིང་ག་དང་ཕྱིའི་ཐབ་ཁུང་དུ་ལས་ཀྱི་བྱེ་བྲག་གིས་ཟླ་བ་འམ་ཉི་མ་ལ་རཾ་ལས་བྱུང་བའི་མེའི་ལྷའི་རྣམ་པ་བསྒོམས་ཏེ། ཛཿ་ཧཱུཾ་བཾ་ཧོཿ། བརྗོད་ཅིང་ལྕགས་ཀྱུའི་ཕྱག་རྒྱས་དགུག་གོ །རྡོ་རྗེའི་ཕྱག་རྒྱས་གཞུག་གོ །ཞགས་པའི་ཕྱག་རྒྱས་བཅིང་ངོ༌། །དྲིལ་བུའི་ཕྱག་རྒྱས་དབང་དུ་བྱའོ། །དེ་ནས་ཡང་ལས་ཐམས་ཅད་པ་ལ་སྐུ་མདོག་ལྗང་གུ་གཡས་པའི་ཕྱག་དག་གིས་རྡོ་རྗེ་དང་ཕྲེང་བའོ། །གཡོན་པའི་ཕྱག་དག་གིས་དྲིལ་བུ་དང་པདྨའོ། །ན་བཟའ་དང་སྤྱན་དང་སྦུ་སྐྲ་རྣམས་དམར་ལ་སེར་བ། མི་བསྐྱོད་པས་རྒྱས་བཏབ་པའོ། །ཞི་བ་ལ་དཀར་པོ་གཡས་པ་དག་གིས་པདྨར་དང་ཤེལ་གྱི་ཕྲེང་བའོ། །གཡོན་པ་དག་གིས་སྤྱི་བླུགས་དང་དུང་ངོ༌། །རྒྱས་པ་ལ་གཡས་པ་དག་གིས་འཁོར་ལོ་དང་མུ་ཏིག་གི་ཕྱེ་མའོ། །གཡོན་པ་དག་གིས་པདྨ་དང་སྤྱི་བླུགས་སོ། །འོད་དཔག་མེད་ཀྱིས་རྒྱས་བཏབ་པའོ། །གསད་པ་ལ་ལག་པ་གཡས་པ་དག་གིས་གྲི་གུག་དང་རྩེ་གསུམ་པའོ། །གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་གའོ། །དོན་ཡོད་གྲུབ་པས་རྒྱས་བཏབ་པའོ། །བསྐྲད་པ་དང་དབྱེ་བ་ལ་གཡས་པ་དག་གིས་རལ་གྲི་དང་རྩེ་གསུམ་པའོ། གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་གའོ། །དབང་དུ་བྱ་བ་ལ་གུར་གུམ་གྱི་ཁ་དོག་གོ །གཡས་པ་དག་གིས་མདའ་དང་རིན་པོ་ཆེའོ། །གཡོན་པ་དག་གིས་གཞུ་དང་མེ་ལོང་དོ། །རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པའོ། །དགུག་པ་ལ་གཡས་པ་དག་གིས་རྡོ་རྗེ་ལྕགས་ཀྱུ་དང་རིན་པོ་ཆེའོ། །གཡོན་པ་དག་གིས་རྡོ་རྗེ་ཞགས་པ་དང་མེ་ལོང་ངོ༌། །རྨོངས་པ་དག་ལ་གཡས་པ་དག་གིས་སྦྲུལ་དང་དབྱུག་པའོ། །གཡོན་པ་དག་གིས་འཁོར་ལོ་དང་ཐོད་པའོ། །རེངས་པ་དང་ཕུར་བུས་གདབ་པ་དག་ལ་


DTG015_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེར་པོ་གཡས་པ་དག་གིས་ལྕགས་སྒྲོག་དང་ཐོ་བའོ། །གཡོན་པ་དག་གིས་འཁོར་ལོ་དང་ཕུར་བ་དག་གིས་སོ། །རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པའོ། །ཞི་བ་ལ་སོགས་པ་རང་རང་གི་ཁ་དོག་དང་མཚུངས་པའི་ན་བཟའོ། །དེ་ནས་ཨོཾ་པྲ་ཝར་ས་ཏ་ཀཱ་ར་མ་ཧཱ་རཱ་སྨིན་པྲ་ཏཱི་ཙྪ་སྭཱ་ཧཱ་ཞེས་པས་ཡོན་ཆབ་སྦྱིན་ནོ། །དེ་ནས་ཨོཾ་བྫྲ་དང་པོར་རོ། །པུཥཾཔ་ལ་སོག་ས་བར་དུའོ། །སྭཱ་ཧཱ་ཞེས་པ་མཐའ་སྦྱར་བའི་པུ་ཤཾཔ་དང༌། དྷཱུ་བཾ་དང༌། གནྡྷཾ་དང༌། དཱི་པཾ་དང༌། ཨཀྵ་ཏཾ་དང༌། ནཻ་བི་དྱཾ་དང༌། ལཱ་སྱཾ་དང༌། ཧ་སྱཾ། བཱ་དྱཾ་དང༌། ནྲྀ་ཊྱཾ་དང༌། སཱི་ཏྱཾ་དང༌། ཀཱ་མཾ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་མེ་ལྟའི་ཞལ་གདངས་པར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཨགྣེ་བྫྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱ་ཧཱ་ཞེས་པས། ལས་ཐམས་ཅད་པ་ལ་སོག་སས་སྲེག་བླུགས་ལེན་པར་སྤྱན་དྲང་བའི་གསང་བ་ལ་སོགས་པར་ཨོཾ་བྫྲ་ཨགྣི་སརྦ་བྷཱུ་ཏ་ན་ཛྭ་ལ་ཡ་སརྦ་ནཾ་བྷ་སྨི་ཀུ་རུ་སརྦ་དུཥྚཱ་ན་སྭཱ་ཧཱ་ཞེས་པས་སོ། །དེ་ནས་ཨོཾ་ཨཱཿ་ཧཱུཾ་ཧོ་ཧཾ་ཀྵཿ་སྭཱ་ཧཱ་ཞེས་པས་ཡམ་ཞིང་བརྒྱ་རྩ་བརྒྱད་ཀྱིས་བསྣུན་པར་བྱའོ། །ཨོཾ་ཧྲྰླྀཾ་ཧྲྀལ་ཧྲྀལཾ་ཧྲྀར་ཧྲཱཾ་སྭཱ་ཧཱ་ཞེས་པས་བརྒྱ་རྩ་བརྒྱ་དོ། །དེ་ནས་ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿ་སྭཱ་ཧཱ་ཞེས་པས་ཀྱང་དེ་ལྟར་རོ། །དེ་ནས་ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ་སྭཱ་ཧཱ་ཞེས་པས་ཀྱང་དེ་ལྟར་རོ། །དེ་ནས་ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧ་སྭཱ་ཧཱ་ཞེས་པས་ཀྱང་དེ་ལྟར་རོ། །དེ་ལྟར་བཞི་བཅུས་ལྷག་པའི་ལྔ་བརྒྱ་ལ་ལྔ་བརྒྱ་ཞེས་བརྗོད་དོ། །ཞི་བ་ལ་སོགས་པ་ལ་ཆུ་ཤེལ་དང་པུ་ཥུ་རཱ་ག་དང་བནྡྷུ་ཀ་དང་གསེར་ཞུན་མའི་ཁ་དོག་རྣམས་སོ། །མ་ལི་ཏ་དང༌། ག་བུར་དང༌། ཨ་ག་རུ་དང༌། ཙམ་པ་ཀའི་དྲི་རྣམས་སོ། །པི་ཝང་རྒྱུད་མངགས་དང༌། གླིང་བུ་དང༌། མྲྀ་དཾ་ག་དང༌། ཤིན་ཏུ་གྲགས་པའི་སྒྲ་རྣམས་སོ། །དཔལ་བེའུ་དང༌། གདུགས་དང༌། རལ་གྲི་དང༌། པདྨ་དང༌། བུམ་པ་ལ་སོགས་པའི་གཟུགས་རྣམས་སོ། །གཅིག་དང་གཉིས་དང་གསུམ་དང་བཞི་ལ་སོགས་པ་བཟང་ངོ༌། །ཤིན་ཏུ་གཡོ་བ་དང༌། ཐིག་ལེ་ནག་པོ་ཅན་དང༌། མེ་སྟག་འཕྲོ་བ་དང༌། རང་གི་ཕྱོགས་སུ་ཕྱོགས་པ་དང༌། གཡོ་ཞིང་འབར་བ་དང༌། ཁ་དོག་སྣ་ཚོགས་པ་དང༌། ཤིན་ཏུ་གནག་པ་དང༌། ཚེག་སྒྲ་དང༌། ཐོག་སྒྲ་རྣམས་ནི་གསད་པ་


DTG015_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་བཟང་ངོ༌། །དེ་ནས་འབྲུ་ལ་སོགས་པ་རྣམས་སྔོན་དུ་སྒོང་བའི་སྔགས་ཀྱི་ཆོགས་ཏེ། དགང་གཟར་ཡང་ངོ༌། །དེ་ཉིད་མེད་ན་ལག་པ་གཡོན་པ་གན་རྐྱལ་དུ་བྱས་ཏེ། ལག་པ་གཡས་པ་མཆོག་སྦྱིན་བྱས་པའི་མཐེ་བོས་བསྐྱོར་ཞིང་སྔོན་གྱི་རྫས་རྣམས་ལ་བསྣུན་བར་བྱའོ། །ཞི་བ་ལ་ནི་མའི་མཐའ་ཅན་ནོ། །རྒྱས་བ་ལ་སྭཱ་ཧཱ་མཐའ་ཅན་ནོ། །དགུག་པ་ལ་བོ་ཥ་ཊའོ། །གསད་པ་དང་བསྐྲད་པ་དང་དབྱེ་བ་རྣམས་ལ་ཧཱུཾ་ངོ༌། །དབང་ལ་ཝ་ཥཊ་ཅེས་པའོ། །ཕུར་བུས་གདབ་པ་དང༌། རེངས་པ་དང་རྨོངས་པ་རྣམས་ལ་ཕཊ་ཀྱི་མཐའ་རྟེན་དང་བཅས་པ་བརྗོད་ཅིང་བསྣུན་པར་བྱའོ། །དེ་ནས་ཧཱུཾ་ཧྐྵྨླྺྱཾ་ཞེས་པའི་སྔགས་ཀྱིས་མར་གྱིས་དགང་གཟར་བཀང་ལ་མཉམ་པར་གཞག་པའི་སློབ་དཔོན་དང་ལས་ཀྱི་རྡོ་རྗེས་མེ་ལྷ་ལ་དགང་བླུགས་དབུལ་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་སྔགས་ཀྱིས་ཕྱོགས་བཅུར་སྦྱིན་པ་ནི། ཨོཾ་བྷུར་བྷུ་ཝ་སྭཿ་ན་མོ་དེ་བེ་བྷྱ། སྭ་སྟི་པྲ་ཛཱ་བྷྱཿ། སྭ་ཧཱ་རཱ་ཛ་བྷྱཿ་སྭ་དྷ་པི་ཏྲྀ་བྷྱ། ཨ་ལཾ་བྷུ་ཏེ་བྷྱ།། ཝ་ཥ་ཌིཾ་ནྡྲཱ་ཡ་ཞེས་པས་སོ། །དེ་ལྟར་མེ་ལོང་ལ་སོགས་པ་དབུལ་ལོ། །ཨོཾ་ཨཱཿ་ཧཱུཾ་ཀཱ་ཡ་བཱ་ཀ་ཙིཏྟ་སྭ་བྷཱ་ཝ་ཤུདྡྷཿ་སྭཱ་ཧཱ་ཞེས་པས་ཞལ་བསིལ་དབུལ་ལོ། །དེ་ནས་ཨོཾ་ཛ།གཙྪ་མ་ཧཱ་ར་སྨི་སྭ་སྠ་ན་ས་ནིཏྲ་པྟོ་ཧོ། པུ་ན་རཱ་གཱ་མི་ཥུ་སི་ཡི་དེ་ཝ། ཧཱ་ན་ཡཱ་མི་སྭཱ་ཧཱ་ཞེས་པས་སྙིང་གའི་པདྨ་ལས་ཡེ་ཤེས་ཀྱི་མེ་ལྷ་གཤེགས་སུ་གསོལ་ཞིང༌། ཐབ་ཀྱི་མེ་ལྷ་ཡང་གཤེགས་སུ་གསོལ་ལོ། །འདི་ནི་སྦྱིན་སྲེག་གི་ཆོ་གའི་རིམ་བའོ། །དེ་ནས་སློབ་དཔོན་གྱིས་སྔ་མ་ལྟར་མཆོད་པ་བྱས་ལ། རྡོ་རྗེ་དང་དྲིལ་བུ་བཟུང་སྟེ་རྡོ་རྗེའི་འདུག་སྟངས་ལ་གནས་ནས། རང་གི་སྙིང་གའི་པདྨ་ལས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ནི་རིམ་པ་བཞིན་དུ། གཙུག་ཏོར་དང༌། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བའི་འཁོར་ལོ་རྣམས་སོ། །ཨ་ཨི་རྀ་ཨུ་ལྀ་ཧཾ། ཡི་གེ་རྣམས་སྟོང་པ་ལ་སོགས་པའི་ཟད་པ་རྣམས་དང༌། ཕྱོགས་སྐྱོང་རྣམས་དང། གཟའ་རྣམས་དང༌། ཀླུ་རྣམས་དང༌། འབྱུང་པོ་རྣམས་དང༌། ཁྲོ་བོའི་ཚོགས་རྣམས་གཤེགས་སུ་གསོལ་ལོ། །དེ་ནས་བུམ་པའི་གོས་ཟུང་རྣམས་བུམ་བ་བསྲུང་བའི་གཞོན་ནུ་མ་རྣམས་ལ་སྦྱིན་དུ་གཞུག་གོ །བྱང་ཆུབ་ཤིང་གེ་ལོ་མ་འམ། རང་གི་ལག་པ་འམ་རྡོ་རྗེས། ཚངས་པའི་ཐིག་


DTG015_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གི་ལམ་ནས་བདེ་བ་ཆེན་པོའི་འཁོར་ལོའི་བར་བཤིག་པར་བྱའོ། །དེ་ནས་རང་གི་སྤྱི་གཙུག་ཏུ་རྡུལ་ཚོན་ཅུང་ཟད་བཞག་སྟེ། པདྨ་ལ་སོགས་པ་བསྡུ་བར་བྱའོ། །དེ་ནས་རྡུལ་ཚོན་ཕྱགས་ཏེ་བུམ་པར་བླུགས་ནས་ཇི་ལྟར་འཛོམ་པ་ལྟར་གླང་པོ་ལ་སོགས་པའི་སྟེང་དུ་བཞག་སྟེ། གདུགས་དང་རྒྱལ་མཚན་ལ་སོགས་པ་དང་བཅས་པས་ཁྱེར་ལ། རྒྱ་མཚོ་ལ་འགྲོ་བའི་ཆུ་བོ་ལ་དོར་བར་བྱའོ། །བུམ་པ་དེ་ཉིད་ནས་བཀང་ལ། དཀྱིལ་འཁོར་གྱི་ཁང་བར་འོངས་ཏེ་གཏོར་ནས་བ་ལང་གི་ལྕི་བ་ལ་སོགས་པས་ཀྱང་བྱུགས་ཏེ། དེར་གནས་ནས་འོ་མ་ལ་སོགས་པའི་དཀར་བ་དང་མངར་བ་དང༌། རས་ཟུང་རྣམས་ཀྱིས་གཞོན་ནུ་མ་རྣམས་མཉེས་པར་བྱས་ནས་གཤེགས་སུ་གསོལ་བ་དང༌། མཚན་མོའི་དུས་སུ་སྔོན་གྱི་ཆོ་གས་དཔའ་བོའི་སྟོན་མོ་སྦྱིན་པར་བྱའོ། །འདིར་ནི་གཤེགས་སུ་གསོལ་བའི་ཆོ་གའི་རིམ་པའོ། །སེམས་ཅན་དོན་ཕྱིར་རབ་ཏུ་སྤྲོ་བར་མཛད་པའི་མངའ་བདག་དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །དཀྱིལ་འཁོར་ཆོ་གའི་ཡན་ལག་སྦྱིན་སྲེག་བྱས་པའི་དགེ་བར་གྱུར་པ་དཀར་བའི་འོད་ཟེར་དང་ལྡན་པས། འགྲོ་ཀུན་མ་རིག་མུན་པའི་སྒྲིབ་པ་ཟད་ནས་བླ་མེད་མཆོག་གི་ལམ་ལ་མྱུར་བར་བགྲོད་པར་ཤོག །དཔལ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་སྦྱིན་སྲེག་སློབ་དཔོན་དུས་འཁོར་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཝཱ་གཱི་ཤྭ་ར་དང་ཆོས་རབ་ཀྱིས་བསྒྱུར་པའོ།།

འཕགས་པ་མཚན་ཡང་དག་པར་བརྗོད་པའི་མདོར་བཤད་བདུད་རྩིའི་ཐིགས་པ་ཞེས་བྱ་བ།
ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།

དང་པོ། ཚིགས་སུ་བཅད་པ་བཅུ་དྲུག་གིས་གསོལ་བ་བཏབ་པ་གསུངས་པ།


DTG015_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཨ་མྲྀ་ཏ་ཀཱ་ཎི་ཀཱ་ནཱ་མ་ཨཱ་ཪྻ་ནཱ་མ་སཾ་གཱི་ཏི་ཌཱི་བྱ་ཎི། བོད་སྐད་དུ། འཕགས་པ་མཚན་ཡང་དག་པར་བརྗོད་པའི་མདོར་བཤད་བདུད་རྩིའི་ཐིགས་པ་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡུལ་དང་ཡུལ་ཅན་ནམ་མཁའ་ཀུན་སྦྱོར་རབ་ཏུ་འཇུག་པའི་རྒྱུ་མཚན་ཉིད། །ཉི་མ་ཟླ་བ་མུན་པའི་ལམ་བཟློག་རྩིབས་ཅན་མདའ་ཡི་བྱ་བ་གཡོ། །ཡེ་ཤེས་འོད་ཟེར་ཤིན་ཏུ་ཆེར་འཕྲོ་ཐོས་པ་ནོར་བུའི་རང་བཞིན་གྱི། །རི་བོ་ལ་གནས་ཟབ་མོའི་སྐྱོན་བྲལ་ས་མཆོག་བདག་པོར་ཕྱག་བགྱིའོ། །མཚན་ཡང་དག་པར་བརྗོད་པ་བདུད་རྩི་ཡི། །ཐིགས་པ་ལྟ་བུར་བླ་མའི་ཞབས་དྲིན་གྱིས། །གང་ཞིག་རྟོགས་པ་དེ་དག་མདོར་བསྡུས་ནས། །རང་ཉིད་དྲན་པར་བྱ་ཕྱིར་བྲི་བར་བྱ། །འདིར་ངེས་པར་དཔལ་ལྡན་འབྲས་ཕུང་རྒྱལ་སའི་


DTG015_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོད་རྟེན་ཆེན་པོར་སངས་རྒྱས་བཅོམ་ལྡན་འདས་དཔལ་ཤཱཀྱ་སེང་གེ་ཞེས་བྱ་བ་ལ་རྒྱུད་སྣ་ཚོགས་པ་ཉན་པར་འདོད་པ་རྣམས་ཀྱིས་གསོལ་བ་བཏབ་པས་དཔྱིད་ཟླ་འབྲིང་པོའི་ཉལ་དཔལ་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང༌། དེའི་སྟེང་དུ་རྒྱུ་སྐར་གྱི་དཀྱིལ་འཁོར་དང་པོའི་སངས་རྒྱས་རྣམ་པར་སྤྲོས་ནས། དེར་ཉི་མ་དེ་ཉིད་ལ་ལྷ་ལ་སོགས་པ་རྣམས་ལ་སངས་རྒྱས་ཀྱིས་དབང་བསྐུར་ནས་རྒྱས་པ་དང་བསྡུས་པའི་དབྱེ་བས་གསང་སྔགས་ཀྱི་ཚུལ་ཐམས་ཅད་བསྟན་ཏོ། །དེ་ཡང་དཔལ་དང་པོའི་སངས་རྒྱས་རྒྱས་པ་ལས། །སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །དེ་བཞིན་དཔལ་ལྡན་འབྲས་ཕུང་དུ། །ཆོས་བསྟན་གསང་སྔགས་ཚུལ་རབ་གསུངས། །ཞེས་གསུངས་སོ། །མཚན་ཡང་དག་པར་བརྗོད་པ་མཆོག་ཏུ་གཏིང་དཔག་དཀའ་བ་དོན་དམ་པ་སྙིང་པོའི་དབང་དུ་བྱས་པ་ཉིད་ཀྱི་གསང་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་འདི་ཡང་དེ་ཉིད་དུའོ། །འདིར་ཡང་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་གསུངས་པ་རིགས་དྲུག་གི་རྩ་དང་ལྡན་པའི་འཁོར་ལོ་དྲུག་ལ་གནས་པའི་རྩ་བརྒྱ་དྲུག་ཅུ་རྩ་གཉིས་འགོག་པའི་རྣམ་པར་དག་པས་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་དང༌། ལྷག་མ་ཕན་ཡོན་ལ་སོགས་པའོ། །དེ་ལ་རེ་ཞིག །དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་དྲུག་གིས་གསོལ་བ་འདེབས་པའི་ཟོལ་གྱིས་མཆོག་ཏུ་མི་འགྱུར་པ་དེ་ཉིད་གསུངས་པའོ། །དེ་ནས་ནི་འདིར་ཡི་གེ་ཨས་བདག་མེད་མཚོན་པར་བྱེད་པ་ཉིད་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང༌། ཡི་གེ་ཐས་ནི་མི་བསྐྱོད་པའི་རང་བཞིན་མཚོན་པའི་དམིགས་པ་མེད་པའི་སྙིང་རྗེ་གསུངས་སོ། །དེ་དག་ཀྱང་དགྱེས་པ་རྡོ་རྗེའི་འགྲེལ་པ་ཤིན་ཏུ་དད་པའི་ཁ་སྦྱོར་ལས་བཤད་དོ། །དེ་དག་གཉིས་སུ་མེད་པའི་ཕྱིར་ནོར་བུའི་རྩེ་མོའི་མཐར་གནས་པའི་ཁུ་བ་ལྷན་ཅིག་སྐྱེས་པའི་དགའ་བ་ཨེ་ཝཾ་གྱི་སྒྲའི་བརྗོད་བྱ་ལ་ཨ་ཐ་ཞེས་བརྗོད་པར་བྱའོ། །དེ་ཡང༌། ཨེ་ཡིག་དབུས་སུ་ཝཾ་ཡིག་སྟེ། །སངས་རྒྱས་ཀུན་གྱི་བདེ་བའི་གཞི། །ནམ་མཁའ་རྡོ་རྗེ་སེམས་དཔའ་འདི། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ལས། །


DTG015_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐིག་ལེ་ཟླ་བ་ཁུ་བ་སྐུ། །མེ་དང་རྡུལ་དང་ཉི་མ་གསུང༌། །མུན་པ་སེམས་ཀྱི་རྣམ་པར་བརྗོད། །ནམ་མཁའི་ཁམས་སུ་རྣམ་པར་གནས། །ཞེས་གསུངས་སོ། །དེ་ཉིད་ཀྱིས་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བདེ་བ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ནི་འདིའི་བདག་ཉིད་དུ་འཛིན་པས་ན་རྡོ་རྗེ་འཆང་ངོ༌། །རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་ཀུན་ནས་བསླང་པའི་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་བགེགས་ཀྱི་བདུད་རྣམས་ཀྱིས་དབྱེར་མི་ཕྱེད་པའི་ཕྱིར་རོ། །དེ་བས་ན་བདུད་ནི་རང་གི་སེམས་ཏེ་བདུད་གཞན་མེད་ཅེས་གསུངས་སོ། །ཡང་ན་ཕྱི་རོལ་དུ་དེ་མཚོན་པར་བྱེད་པའི་རྡོ་རྗེ་རྩེ་ལྔ་པ་དེ་དབང་དུ་གྱུར་པ་ཉིད་མཚོན་པའི་དོན་དུ་འཛིན་པས་ན་རྡོ་རྗེ་འཆང་སྟེ་བདག་གིས་ཞེས་པའི་དོན་ཏོ། །དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ཉམས་སུ་མྱོང་བའི་ཚུལ་ཉིད་ཀྱིས་དེའི་བདག་ཉིད་དུ་རྟག་ཏུ་ལྡན་པའི་དཔལ་ལྡན་དེ་ཐོས་པ་ཞེས་པའི་དོན་ཏོ། །དེ་སྐད་དུ་ཨེ་ཝཾ་རྡོ་རྗེ་ཆུ་སྐྱེས་ཀྱི། །ནོར་བུའི་ནང་གནས་རྡོ་རྗེ་ཅན། །ཐིག་ལེ་འཛིན་གནས་དེ་དབྱེར་མེད། །བདག་ཉིད་བདག་གིས་ཞེས་གསལ་བྱས། །བདེ་བ་ཞེས་པ་ཐོབ་པ་ཤེས། །བདག་གི་བདག་ཉིད་བདག་ཉིད་ཀྱིས། །ཞེས་གསུངས་སོ། །དཔལ་དང་པོའི་སངས་རྒྱས་ང་སྡུས་པ་ལས་ཀྱང༌། རྒྱུད་རྣམས་སུ་གང༌། འདི་སྐད་བདག་གིས་ཐོས་པའི་ཚིག་དེ་བདག་གིས་ཞེས་པ་ཁོ་ན་རྡོ་རྗེ་ཅན། །གང་ཞིག་ཟླ་བ་ཞུ་ནས་སྤྱི་བོ་མགྲིན་པ་སྙིང་གའི་པདྨ་ལྟེ་བ་དང་ནི་གསང་བ་དང༌། །རྡོ་རྗེ་བཙུན་མོའི་བྷ་ག་དང་ནི་དེ་མཆོག་པདྨ་ལ་སོན་ཐིག་ལེ་ཐར་པ་གསུམ་གྱིས་ནི། །སངས་རྒྱས་ཞིང་དུ་རབ་ཞུགས་དེ་འདིར་བཅོམ་ལྡན་འདས་དེར་རྣལ་འབྱོར་པ་རྣམས་བདག་གིས་རིག་པར་བྱ། །ཞེས་གསུངས་སོ། །འདིར་ཡང་རྡོ་རྗེ་འཆང་ནི་གཞན་མ་ཡིན་གྱི་སླར་ཡང་རྡོ་རྗེ་འཆང་ཆེན་པོ་ཁོ་ན་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་སྐད་ཅིག་ལ་འཛིན་པ་ལ་སོགས་པ་གཞན་གྱིས་མི་ནུས་པའི་ཕྱིར་རོ། །དེ་སྐད་དུ། འཆད་པ་པོ་པ་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པར། །འཇིག་རྟེན་སྟོན་པ་བསྒྲུབ་བྱང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །ལྷན་ཅིག་སྐྱེས་དགའི་རང་བཞིན་ང༌། །མཆོག་མཐའ་དགའ་བྲལ་དང་པོ་


DTG015_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན། །དངོས་པོ་ང་སྟེ་དངོས་མེ་དང༌། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །གང་ཞིག་ལེ་ལོས་བསྣུན་པ་དང༌། །རྨོངས་པ་གང་གིས་ང་མི་ཤེས། །མཆོག་གི་རྡོ་རྗེ་བཙུན་མོ་ཡི། །བྷ་ག་བདེ་བ་ཅན་དུ་གནས། །ཞེས་ཀྱང་གསུངས་སོ། །ཞུ་བ་པོ་དང་སྡུད་པ་པོ་ལ་སོགས་པ་སངས་རྒྱས་ཀྱི་ཟློས་གར་ནི་ལས་དང་པོ་པའི་སེམས་ཅན་གཞུག་པའི་ཕྱིར་རོ། །སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པས་འདུལ་བར་མི་ནུས་པའི་ཕྱིར་རོ། །རླུང་འབྱུང་རྔུབ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་རྣམས་ནི་གདུལ་དཀའ་བའོ། །དེ་རྣམས་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་ཀྱི་རོ་ཆེན་པོ་དང་ལྡན་པ་ཉིད་ཀྱིས་དེའི་ཚེ་ཚུལ་ཉེ་བར་འཇོམས་པས་ན་གདུལ་དཀའ་བ་འདུལ་བའོ། །མཆོག་ནི་ཁྱད་པར་དུ་འཕགས་པའོ། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་པ་འདིའི་དོན་ཡང་འདི་ཉིད་དོ། །དེ་བས་ན་དཔའ་བོའི་རིམ་པ་ཕྱི་རོལ་མ་ཡིན་ལུས་ལ་སྲོག་ཟད་པ་ནི་འདིར་བཤད་དོ་ཞེས་གསུངས་སོ། །དྲི་མ་མེད་པའི་འོད་དུ། རྣལ་འབྱོར་པས་གང་ཉིན་དང་མཚན་དུ་སྲོག་གཅད་པར་བྱ་བ་དེ་ཉིད་ནི་རང་གི་ལུས་ལ་སྲོག་ཉམས་པར་གསུངས་ཏེ། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཕྱིར་རོ། །ཕྱི་རོལ་དུ་སྲོག་གཅོད་པ་ནི་མ་ཡིན་ནོ། །འདིར་ཕྱི་རོལ་དུ་སྲོག་གཅོད་པ་གང་གསུངས་པ་དེ་ནི་རྣལ་འབྱོར་པས་གདུལ་བར་དཀའ་བ་འདུལ་བའི་ཕྱིར་དེ་རྣམས་ཀྱི་སྦྱོར་བའི་སྟོབས་ཀྱིས་བཀུག་ནས་སླར་ལུས་དེ་ཉིད་ལ་གཞུག་པར་བྱའོ་ཞེས་པའོ། །དེ་ལྟར་གདུལ་དཀའ་འདུལ་བ་པོ་ཡིན་གྱི་གདུལ་དཀའ་གསོད་པ་ནི་རྣལ་འབྱོར་པ་མ་ཡིན་ནོ་ཞེས་གསུངས་སོ། །གང་གིས་གཡོ་བ་བསྐྱོད་པའི་ཚུལ་དང་དབུགས་རླུང་དང་བྲལ་བ་དེ་དེ་བཞིན་ནོ། །འཇིག་རྟེན་གསུམ་ནི་ལུས་དང་ངང་དང་སེམས་ཀྱི་འཇིག་རྟེན་གསུམ་སྟེ་དེ་ལས་རྒྱལ་བ་དབང་དུ་བྱ་བ་ཡེ་ཤེས་དང་ལྷན་ཅིག་གཅིག་ཏུ་འདྲེས་པར་བྱེད་པའི་ངང་ཚུལ་གང་གི་ཡིན་པ་དེ་དེ་བཞིན་ནོ། །སངས་རྒྱས་བཞི་ཡི་གདན་ལ་བཞུགས། །རྡོ་རྗེ་པདྨར་ལེགས་པར་གནས། །རིམ་པ་ཁོ་ན་ཉམས་སུ་མྱོང༌། །དགའ་བ་བཞི་ཡི་མཚན་ཉིད་དག །ཅེས་གསུངས་སོ། །འདི་ལྟར་ཁྱབ་བྱ་ཁྱབ་བྱེད་ཀྱི་འབྲེལ་བ་ལུས་དང་སེམས་དང་ཡེ་ཤེས་ཀྱི་དབྱེ་བས་མཆོག་ཏུ་མི་འགྱུར་པའི་བདེ་བ་རྣམ་པ་བཞིའོ། །དེ་ལྟར། བྷ་གར་ལི་དག་བཞག་ནས་ནི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཁམས་གསུམ་


DTG015_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་ནི་མ་ལུས་པ། །སངས་རྒྱས་སྐུར་ནི་བསྒོམ་པར་བྱ། །ཞེས་གསུངས་སོ། །རྡོ་རྗེ་དབང་ཕྱུག་ནི་རྡོ་རྗེའི་རྩེ་མོའི་ནང་དུ་གནས་པ་དབང་ཕྱུག་ཉིད་ཀྱི་ཕྱིར་རོ། །གསང་བ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ལས། རྡོ་རྗེའི་ཐེག་པ་བླ་མ་འམ་ལུས་དང་ངག་དང་སེམས་དང་ཡེ་ཤེས་གཅིག་ཏུ་འདྲེས་པའོ། །དེར་བདེ་བ་ཆེན་པོའི་གཟུགས་ཉིད་ཀྱིས་རྒྱལ་བས་ན་གསང་བའི་རྒྱལ་ལོ། །ཡང་ན་གསང་བའི་རྒྱལ་པོ་ལྡས་རྒྱལ་བས་གསང་བའི་རྒྱལ་ཏེ། །ངང་པོའི་སངས་རྒྱས་བསྡུས་པ་ལས། །རྣལ་འབྱོར་པ་དག་སྲོག་གཅོད་ཉིན་དང་མཚན་མོ་བྱེད་པ་དེ་ནི་སྲོག་འཇིག་པ་རུ་གསུངས། །སྒྲ་གང་ཁ་དང་བྲལ་བ་སྙིང་ལ་ཡོད་པར་གྱུར་པ་དེ་ནི་བརྫུན་དུ་སྨྲ་བ་ཉིད། །ཀུན་མཁྱེན་ཡེ་ཤེས་སར་ནི་རྣལ་འབྱོར་པ་ཡིས་འཛིན་པ་གཞན་ཡང་མ་བྱིན་ལེན་པར་གསུངས། །བདེ་བའི་ཐིག་ལེ་མ་ལྷུང་གཞན་གྱི་བུད་མེད་བསྟེན་པར་འགྱུར་ཏེ་ཆགས་བྲལ་མིན་པ་ལས། །སྲོག་དང་རྩོལ་བའི་མེ་ཡིས་རི་བོང་ཅན་ཡང་ཞུ་བའི་བཏུང་བ་ཆང་གི་བཏུང་བའོ། །གཙུབ་ཏོར་དག་ཏུ་མཐེ་བོའི་ཚིགས་ནས་འགྲོ་སྟེ་ཉ་མཐར་རང་གི་སེམས། །གཙུག་ཏོར་ནས་ནི་མཐེ་བོང་རྣམས་སུ་སླར་ཡང་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་མཐར་ཐུག་པར། །རྣལ་འབྱོར་མ་ཡི་སྤྱོད་པ་དེ་ཉིད་ཉིན་ཞག་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་སྟེར། །ཞེས་གསུངས་སོ། །བརྟག་པ་གཉིས་ཀྱི་རྒྱལ་པོ་ལས་ཀྱང༌། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་ཀྱི་ཚིག་ཀྱང་སྨྲ་བར་བྱ། །ཁྱོད་ཀྱིས་མ་བྱིན་པ་ཡང་བླང༌། །ཕ་རོལ་བུད་མེད་བསྟེན་པར་བྱ། །སེམས་གཅིག་སྲོག་ཆགས་གསད་པར་ཏེ། །གང་ཕྱིར་སེམས་ནི་སྲོག་ཏུ་འདོད། །སེམས་ཅན་བསྒྲལ་བ་ཞེས་བྱ་བ། །བརྫུན་གྱི་ཚིག་ཏུ་རབ་ཏུ་བསྒྲགས། །བཙུན་མོའི་ཁུ་བ་མ་བྱིན་ལེན། །ཕ་རོལ་བུད་མེད་རང་མཚུངས་མཛེས། །ཞེས་གསུངས་སོ། །སྒྲ་ཇི་བཞིན་པའི་དོན་ནི་གཞན་དུ་ཡང་རྙེད་པར་སླ་བསམ་བརྗོད་དོ། །པདྨ་དཀར་པོ་རྒྱས་འདྲ་ནི་ནམ་མཁའི་ཁམས་གསལ་བར་གྱུར་པ་སྟེ་དེས་འདིའི་སྤྱན་ཡེ་ཤེས་ཆེན་པོ་དེ་ནི་དེ་བཞིན་ནོ། །ཡང་ན་པདྨ་དཀར་པོ་ནི་ཁུ་བས་གང་བའི་ཕྱིར་དཀར་པོའི་ཡོན་ཏན་དང་ལྡན་པའི་པདྨ་རྡོ་རྗེའི་རྩེ་སྟེ་རྒྱས་པ་ནི་ཁ་བྱེ་བའོ། །དེར་སྤྱན་དེ་སྤྱན་ལྔ་ལས་བྱུང་བའི་ཡེ་ཤེས་གང་གི་ཡིན་པ་དེ་དེ་བཞིན་


DTG015_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནོ། །ཡང་ན་པདྨ་དཀར་པོ་རྒྱས་འདྲ་ནི་རྣལ་འབྱོར་སེམས་དཔའ་རྣམས་ཀྱི་ཐུགས་ཏེ་དེར་སྤྱན་ནི་མི་འགྱུར་པའི་བདེ་བའི་ཡེ་ཤེས་དེའི་བདག་ཉིད་དུ་གང་གི་ཡིན་པ་དེ་དེ་བཞིན་ནོ། །རྡོ་རྗེ་ཤིན་ཏུ་བསྲུབས་པས་རྒྱས་པ་ཁ་བྱེ་བའི་པདྨ་རྡུལ་དང་ཁུ་བའི་སྦྱོར་བས་དམར་བ་དང་དཀར་བའི་ཡོན་ཏན་དང་ལྡན་པའི་བཙུན་མོའི་པདྨའོ། །དེར་ཞལ་ཡེ་ཤེས་གང་གི་ཡིན་པ་དེ་དེ་བཞིན་ནོ། །འདི་ལྟར་ཁྱབ་བྱ་ཁྱབ་བྱེད་ཀྱི་འབྲེལ་བས་ལུས་ངག་སེམས་དང་ཡེ་ཤེས་ཀྱི་རང་བཞིན་ཐིག་ལེ་བཞི་མཆོག་ཏུ་མི་འགྱུར་པའི་བདེ་བ་ཡེ་ཤེས་ཉིད་རང་དུ་བསྟན་ཏེ། །རང་གི་ལག་སྟེ་བདག་ཉིད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་འོད་ཟེར་སྤྲོས་པས་རྣམ་པ་འདི་ལྟ་བུའི་རྣམ་པར་མི་རྟོག་པ་མཆོག་ཏུ་མི་འགྱུར་པ་བདེ་བའི་ཡེ་ཤེས་ཀྱི་རྡོ་རྗེའི་མཆོག །ཡང་དང་ཡང་དུ་ལོག་པའི་ཀུན་རྟོག་སྐད་ཅིག་ཙམ་ཡང་མི་སྲིད་བའི་ཕྱིར་རོ། །འགྲོ་བའི་དོན་གྱི་རྒྱུ་ཉིད་ཀྱིས་གསོར་བར་བྱེད་པ་འབྱེད་པར་བྱེད་པའོ། །ཡང་ན་སྦྱོར་བ་དྲུག་གི་ཐ་མའི་རྟགས་ཀྱིས་བཟློག་ནས་འཁོར་ལོ་སོ་སོར་འབྱེད་པ་དགྱེས་པར་བྱེད་པ་སྟེ། རང་གི་ལག་པ་རྣམ་པར་མི་རྟོག་པ་བདག་གིས་རིག་པར་བྱ་བ་སྙིང་རྗེ་དང་གཉིས་སུ་མེད་པར་རྟོགས་པས་ན་གཙུག་ཏོར་གྱི་འཁོར་ལོ་འཐོབ་པར་འགྱུར་ཞེས་པའི་དོན་ཏོ། །ཁྲོ་གཉེར་དཔྲལ་བར་བསྐུམ་པ་སྟེ་དེས་སྨིན་མཚམས་ཀྱི་འཁོར་ལོ་བྱང་ཆུབ་ཀྱི་སེམས་རྒྱུ་བ་མཚོན་པའོ། །ཁུ་བ་དེའི་རིམ་པར་ལྡན་པ་རླབས་ཏེ་ལྷན་ཅིག་སྐྱེས་པའི་མངོན་ཞེན་གཡོ་བའི་ཕྱིར་རོ། །ཡུལ་དེ་ལ་མཆོག་གི་སྒོ་ཐབས་སྦྱོར་བ་ཡན་ལག་དྲུག་གི་མཚན་ཉིད་གང་རྣམས་ཀྱི་ཡིན་པ་དེ་དེ་བཞིན་ནོ། །རྡོ་རྗེ་མེ་ལོད་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་ལག་པས་དབང་དུ་གྱུར་པའི་ཕྱིར་དེའི་བདག་ཉིད་དུ་གང་ཡིན་པའི་ལག་ན་རྡོ་རྗེ་དེ་རྣམས་ཀྱིས་སོ། །དེ་བས་ན་མཐའ་གཉིས་དང་བྲལ་བ་མི་རྟོག་པའི་བདེ་བ་ཞེས་པའི་དོན་ཏོ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རྣ་པར་རྟོག་པ་རྣམས་བདེ་བ་ཆེན་པོའི་རང་བཞིན་ཉིད་དུ་སྟོན་པའི་ཕྱིར་གདུལ་དཀའ་འདུལ་བ་པའོ། །དེ་ཉིད་ཀྱིས་ན་དཔའ་བོ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པའོ། །ནམ་མཁའ་མི་ཟད་པ་ཉིད་ཀྱིས་འཇིགས་སུ་རུང་བ་དཔའ་བ་བྱང་ཆུབ་ཀྱི་སེམས་མི་འཕོ་བའི་ཕྱིར་རོ། །བྱད་ཅན་ཆགས་པ་ཆེན་པོའི་རང་བཞིན་དེའི་བདག་ཉིད་དུ་དེ་དང་ལྡན་པའི་ཕྱིར་འཇིགས་སུ་རུང་དང་དཔའ་བྱང་ཅན་རྣམས་སོ། །རྡོ་རྗེ་བདེ་བ་ཆེན་པོའི་གནས་ཀྱི་རྩེ་མོ་རྩེ་


DTG015_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོའི་ཆའོ། །བདེ་བ་ཆེན་པོའི་ཁུ་བ་རྡོ་རྗེ་པདྨའི་ལྟེ་བར་སོན་པ་ཉིད་ཀྱིས་རབ་ཏུ་འཕྲོ་བརྒྱད་པའོ། །རང་གཞན་གྱིས་རིག་པར་བྱ་བ་མ་ཡིན་པ་བདེ་བ་དགའ་བ་ཉམས་སུ་མྱོང་བའོ་ཞེས་པས་རང་གི་ལག་གིས་སོ། །གསོར་བྱེད་པ་ནམ་མཁའ་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་བདེ་བ་དང་ཆེན་པོ་ལ་སྔར་བརྗོད་པའི་རྡོ་རྗེ་མཆོག་འབྱེད་པར་བྱེད་པ་གང་ཡིན་པ་དེ་རྣམས་སོ། །ཤེས་རབ་ཆོས་ཐམས་ཅད་རྣམ་པར་རྟོག་པའི་རང་བཞིན་སྟོང་པ་ཉིད་དོ། །དང་པོའི་སངས་རྒྱས་བསྡུས་པ་ལས། ཉོན་མོངས་དག་དང་བཅས་སྙིང་ལས་ཀྱི་ཕྱག་རྒྱ་འདི་ནི་དེ་ལ་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་ནི། །གོས་པ་མེད་ཅིང་རྣམ་པར་འགྱུར་མེད་མཁའ་མཚུངས་མུན་བཅོམ་ཁྱབ་པ་རྣལ་འབྱོར་གྱིས་བགྲོད་བྱ། །ཕུང་པོར་གནས་མིན་ཡེ་ཤེས་གཟི་འོད་སྲིད་པའི་ཉོན་མོངས་འཕྲོག་བྱེད་དང་པོའི་སངས་རྒྱས་རྗེས་སུ་ལྡན། །རྒྱལ་བ་མཆོག་གིས་སྐྱེད་བྱེད་མཛེས་པའི་ཕྱག་རྒྱ་ཡང་དག་རྫོགས་པའི་བྱང་ཆུབ་རྒྱུར་བསྒོམས་བྱ། ཞེས་གསུངས་སོ། །དེ་ཁོ་ན་ཐབས་ཏེ་དེས་བསྒྲུབས་པའི་སྙིང་རྗེ་ཆེན་པོ་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་སོ། །དེ་སྤྲོས་པའི་མཚན་ཉིད་ཀྱིས་འགྲོ་བའི་དོན་བྱེད་པས་ན་འགྲོ་དོན་བྱེད་པའོ། །འཇིག་རྟེན་ལས་འདས་པའི་ཕྱིར་མཆོག་གོ །དགའ་བདེ་མ་ཐག་པའི་དགའ་བས་སོ། །མགུ་བ་རྗེས་སུ་འབྲེལ་བའི་བདེ་བས་སོ། །བསམ་པ་ཅན་ལུས་དང་ངག་དང་སེམས་གཅིག་ཏུ་འདྲེས་པར་གྱུར་པ་ལྷན་ཅིག་སྐྱེས་པའི་ལུས་གང་གི་ཡིན་པ་དེས་དགའ་ཞིང་མགུ་བའི་བསམ་པ་ཅན་ནོ། །དེ་བས་ན་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རངས་པའོ། །ཁྲོ་བོ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གསལ་བའི་དངོས་པོས་སམ། ཁྲོ་བོ་དགའ་བྲལ་གྱི་མཐའ་སྟེ་ཁྲོ་བོ་དགའ་བྲལ་གྱི་མཐའ་ཞེས་གདན་བཞིར་བཤད་པ་ལས་སོ། །འཛིན་པ་ཆགས་པ་དང་བྲལ་བ་སྟེ་དེའི་གཟུགས་ལྡན་པ་དེའི་རང་བཞིན་ཅན་ནོ། །དེ་བས་ན་སངས་རྒྱས་ཕྲིན་ལས་བྱེད་པ་སྟེ། རྣམ་པར་མི་རྟོག་པའི་བདེ་བ་སྤྲོ་བ་ཁོ་ནས་སེམས་ཅན་གྱི་དོན་བྱེད་པར་ནུས་པའི་ཕྱིར་རོ། །མགོན་པོ་རྣལ་འབྱོར་གྱི་དབང་ཕྱུག་བསྟེན་བྱའོ། །ལུས་བཏུད་རྣམས་ཏེ་བདེ་བ་ཆེན་པོར་ཐིམ་པའི་ལུས་དང་ངག་དང་ཡིད་ཀྱིས་སོ། །ལྷན་ཅིག་གཅིག་ཏུ་གྱུར་པའོ། །མགོན་པོ་བྱང་ཆུབ་ཀྱི་སེམས་མ་འཕོས་པ། རྫོགས་སངས་རྒྱས་བདེ་བ་རབ་ཏུ་རྒྱས་


DTG015_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ། བཅོམ་ལྡན་འདས་འདིར་དཔྲལ་བའི་འཁོར་ལོའི་དབུས་དང་གསང་བའི་ལྟེ་བར་སོན་པའི་ཡེ་ཤེས་ཀྱི་ཐིག་ལེ་དེ་ལས་བྱུང་བའི་འོད་གསལ་གྱི་ཡེ་ཤེས་བཅོམ་ལྡན་འདས་སོ། །དེ་བཞིན་ལྷན་ཅིག་སྐྱེས་པའི་བདེ་བའི་རྣམ་པས་གཙུག་ཏོར་གྱི་ལྟེ་བ་ནས་རྡོ་རྗེ་ནོར་བུའི་ལྟེ་བར་འོངས་ཏེ་སླར་ནོར་བུའི་ལྟེ་བ་ནས་ལོག་སྟེ་གཙུག་ཏོར་གྱི་འཁོར་ལོར་གཤེགས་པ་ནི་དེ་བཞིན་གཤེགས་པའོ། །བྱོན་པ་དང་ནི་གཤེགས་པ་ཡིས། །འགྲོ་བ་དག་ལ་ཁྱབ་པར་གནས་།གཤེགས་དང་བྱོན་པ་འགོག་པ་ཡང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་སོ། །ཕྱག་འཚལ་ནས་མངོན་དུ་བྱས་ནས་སོ། །ཐལ་མོ་སྦྱར་བ་བྱས་ནས་ནི་ཕྱི་རོལ་དུ་མ་སོན་པར་བྱས་པའམ་སྲོག་རྩོལ་གྱི་སྟོབས་ཀྱིས་སྦྱར་བར་བྱས་ནས་སྤྱན་སྔར་འདུག་སྟེ་ཏིང་ངེ་འཛིན་གྱི་རྗེས་སུ་འགྲོ་བས་ནོར་བུའི་ལྟེ་བའི་མཐར་འདུག་ནས་འདི་སྐད་རང་གི་རིག་པར་བྱ་བའི་བདེ་བ་གསོལ་བ་ཉམས་སུ་མྱོང་བའོ། །བདེ་བ་ཆེན་པོའི་རང་བཞིན་གྱི་འཇིག་རྟེན་གསུམ་ཁྱབ་པ་པོ་ཉིད་ཀྱི་ཁྱབ་བདག་ཅེས་བོད་པའོ། །བདག་ལ་སྨན་པ་རྡོ་རྗེ་ནོར་བུའི་ལྟེ་བར་ཉམས་སུ་མྱོང་བའི་བདེ་བ་རྗེས་སུ་འབྲེལ་བའི་ཆེད་དུའོ། །དེ་བས་ན་བདག་དོན་སེམས་ཅན་ཐམས་ཅད་ལ་བདེ་བ་བསྐྱེད་པའི་ཕྱིར་རོ། །དེ་བཞིན་ཉིད་ཀྱི་རང་བཞིན་གྱི་ཐ་མི་དད་པ་ཉིད་ཀྱིས་བདེ་བདེ་སྐྱེད་པ་ཁོ་ན་བདག་གི་དངོས་དོན་ནོ། །བདག་ལ་ཐུགས་བརྩེའི་ཕྱིར་རང་གཞན་རྣམས་ཀྱི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་བསལ་བའི་ཕྱིར་རོ། །ལུས་ཀྱི་དགའ་བ་ལ་སོགས་པ་ཐིག་ལེ་བཅུ་དྲུག་འགོག་པས་ཕྱོགས་གཅིག་པའི་དུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འགོག་པས་རྒྱུ་འཕྲུལ་དྲ་བ་བཞིན་ཏེ་མ་ཆགས་པའི་བདེ་བ་ཉིད་ཀྱི་འཇིག་རྟེན་གསུམ་གྱི་མངོན་པོར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་བྱེད་པ་དེ་ཐོབ་པ་དེའི་བདག་ཉིད་དུའོ། །དེ་བས་ན་བདག་ཨའི་རྣམ་པ་དང་གཾ་གི་རྣམ་པ་ཁ་སྦྱོར་ཉིད་ཀྱི་ཟུང་འཇུག་གི་རང་བཞིན་དུ་ཅི་ནས་བརྗོད་དོ། །དེ་ལྟར་མཚན་ཡང་དག་པར་བརྗོད་པ་ཤད་དུ་གསོལ་ཞེས་འབྲེལ་ཏོ། །མི་ཤེས་པ་མ་རིག་པའི་བག་ཆགས་ཏེ་དེ་ཉིད་འདམ་སྟེ་རྒལ་བར་དཀའ་བ་ཉིད་ཀྱིས་སོ། །དེར་བྱིང་བ་རྣམས་ལ་སྨན་པ་བདེ་བ་ཆེན་པོ་རྒྱས་པར་བྱེད་པའི་ཆེད་དུའོ། །ཉོན་མོངས་པ་འཕོ་པའི་སྡུག་བསྔལ་ལོ། །དེས་སེམས་དཀྲུགས་པ་འགྲོ་བ་དྲུག་ཏུ་


DTG015_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་བའི་ངང་ཚུལ་རྣམས་བླ་ན་མེད་པ་བརྗོད་བྱར་མེད་པ་རང་བཞིན་གྱིས་འོད་གསལ་བའི་བདེ་བ་ཆེན་པོའི་འབྲས་བུ་དེ་ཐོབ་པར་བྱ་བའི་ཕྱིར་ཆེད་དུ་བཤད་དུ་གསོལ་ཞེས་འཆད་པར་འགྱུར་པ་དང་འབྲེལ་ལོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་རྒྱས་པས་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ཕྱིར་རྫོགས་པའི་སངས་རྒྱས་སོ། །རྣམ་པ་ཐམས་ཅད་རྣམ་པ་མེད་པའི་སྟོང་པ་ཉིད་བཅོམ་ལྡན་དེ་དང་ལྡན་པས་བཅོམ་ལྡན་འདས་སོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་རྣམས་བདེ་བ་ཆེན་པོ་དང་ཐ་མི་དད་པ་ཉིད་དུ་བསྟན་པས་ན་སྟོན་པའོ། །དེ་བས་ན་འགྲོ་བ་དབུགས་རྣམས་སམ་ལུས་ངག་ཡིད་རྣམས་སོ། །བླ་མ་དེ་ཁོ་ན་ཉེ་བར་བསྟན་པའོ། །དམ་ཚིག་ཆེན་པོ་ཐིག་ལེ་བཞི་པ་དེའི་འམ་དེ་ཉིད་དེ་བདེ་བའི་ཡེ་ཤེས་སོ། །དེ་དེའི་བདག་ཉིད་དུ་མཁྱེན་པའི་དེ་བཞིན་ནོ། །དབང་པོ་མིག་ལ་སོགས་པ་རྣམས་གཟུང་བ་དང་འཛིན་པའི་ཁོངས་སུ་གཏོགས་པ་རྣམས་ཀྱང་བསམ་པ་བདེ་བ་རང་བཞིན་གྱིས་དབྱེར་མེད་པར་མཁྱེན་པས་ན་དབང་པོ་བསམ་པ་མཁྱེན་ཏོ། །དེ་བས་ན་མཆོག་སྟེ་འཇིག་རྟེན་ལས་འདས་པའོ། །བཅོམ་ལྡན་འདས་ནི་བོད་པའོ། །ཡེ་ཤེས་སྐུ་ནི་སྐུ་བཞི་པ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་དེའི་བྱང་ཆུབ་ཀྱི་སེམས་ཐིག་ལེ་མ་ལྷུང་བ་ཉིད་ཀྱིས་ལོག་ནས་སྟེང་དུ་སོན་བས་གཙུག་ཏོར་གྱི་གནས་སུ་གནས་པ་ཉིད་ཀྱི་ཕྱིར་གཙུག་ཏོར་ཆེན་པོའི་ཚིག་སྒྲ་སྟེ་ཡི་གེ་དྲུག་གི་བདག་ཉིད་ཨེའི་རྣམ་པ་བཞིའི་བདག་ཉིད་ཅན་ནོ། །དེའི་བདག་པོ་དྲུག་པ་ཝཾ་གྱི་རྣམ་པ་ཅན་རྡོ་རྗེ་འཆང་བ་བརྟན་པའི་རང་བཞིན་ནོ། །དེ་ལྟར་ཡང༌། སྟོང་པ་ཆེན་ཕྱི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་འཆད་པར་འགྱུར་པ་སྟེ་ཨེའི་རྣམ་པ་དང་ཝཾ་གྱི་རྣམ་པ་ཞེས་པའི་དོན་ཏོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཞེས་པ་ནི་ཆོས་ཀྱི་བརྡ་ཡིས་འཇམ་པའི་སྒྲས་རྡོ་རྗེ་རྩེ་མོ་རབ་ཏུ་རྒྱས་པའི་པདྨ་མཆོག་གོ །དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གནས་ཡིན་པའི་ཕྱིར་དཔལ་ལོ། །དེ་ལས་བྱུང་བའི་གཉིས་སུ་མེད་པའི་ཡེ་ཤེས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེའིའོ། །སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་གནས་པའི་ཕྱིར་ཡེ་ཤེས་ཀྱི་སྐུའོ། །རང་བདག་ཉིད་རྒྱུ་ལ་མི་ལྟོས་པར་འབྱུང་ཞིང་མངོན་སུམ་དུ་འབྱུང་བས་ན་རང་འབྱུང་བའོ། །ཡེ་ཤེས་དེ་


DTG015_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་ཡང་རུང་བས་མ་བྱས་ལ་གང་གིས་ཀྱང་མ་བྱིན་པ་རྣམ་པ་ཐམས་ཅད་ཀྱི་ནང་དུ་སོན་པ་མ་བཅོས་པ་ཉིད་ཀྱི་གཟུགས་ཐམས་ཅད་པ་རང་གིས་རིག་པར་བྱའོ། །དེ་སྐད་དུ། ལྷན་སྐྱེས་སུས་ཀྱང་སྦྱིན་མིན་ཞིང༌། །གང་ནས་ཀྱང་ནི་མ་འོངས་ལ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་སོ། །ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་གྱིས་བསྒྲུབ་བྱ་ཡིན་པའི་ཕྱིར་དོན་ཏོ། །མན་ངག་མ་རྙེད་པ་རྣམས་ཀྱིས་གཏིང་དཔག་པར་དཀའ་བའི་ཕྱིར་ཟབ་པའོ། །རྡོ་རྗེ་འཆང་ཉིད་གང་གི་མཐའ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་དོན་ནི་རྒྱ་ཆེ་ཞིང་ངོ༌། །ཕྱག་རྒྱ་ཆེན་པོའི་དབང་གིས་བསྒྲུབ་བྱ་ཡིན་པའི་ཕྱིར་དོན་ཆེན་ནོ། །ཉན་ཐོས་ལ་སོགས་པའི་ཡེ་ཤེས་དང་ཐུན་མོང་མ་ཡིན་པའི་ཕྱིར་མཚུངས་པ་མེད་དོ། །དུས་གསུམ་མཉམ་པ་ཉིད་ཀྱི་རྣམ་པར་འགྱུར་པ་མེད་པའི་ཕྱིར་རབ་ཞི་བའོ། །ཐོག་མ་བར་དང་མཐར་དགེ་བ། །ཞེས་པ་ནི་ཐོག་མ་དགའ་བའི་ཡེ་ཤེས་སོ། །བར་མ་མཆོག་ཏུ་དགའ་བའི་ཡེ་ཤེས་སོ། །མཐའ་མ་དགའ་བྲལ་གྱི་ཡེ་ཤེས་སོ། །དེ་རྣམས་ཀྱི་དགེ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་བསྟན་པ་སྟེ། དེ་བས་ན་མཆོག་སྟེ་དགའ་བ་གསུམ་དམིགས་སུ་མེད་པའི་རང་བཞིན་གྱི་ཕྱིར་རོ། །དེ་ལྟར་ཡང༌། དགའ་བ་གསུམ་གྱི་དབྱེ་བ་ཡིས། །དེ་ནས་བཞི་པ་མཚོན་པར་བྱ། །གསུམ་པོ་དམིགས་སུ་མེད་པའི་ཕྱིར། །དེས་ན་ལྷན་ཅིག་སྐྱེས་པར་བརྗོད། །ཐམས་ཅད་དགེ་བ་ཉིད་དུ་འགྲོ། །ཉི་མ་ཆུ་སྐྱེས་ཕྱེ་བ་ལས། ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །རྒྱུད་སྣ་ཚོགས་པ་ཉེ་འབར་མཚོན་པའི་བདེ་བ་ཆེན་པོའི་རྣམ་པ་ལྷན་ཅིག་སྐྱེས་པའི་དགའ་བ་བདེ་བ་ཆེན་པོའི་ཡེ་ཤེས་མཚན་ཡན་དག་པར་བརྗོད་པ་ལྷན་ཅིག་སྐྱེས་པའི་གཟུགས་ཀྱིས་དེ་གཟུང་བར་བྱ་བ་གཉིས་སུ་མེད་པའི་ངོ་བོར་བྱའོ་ཞེས་འཆད་པར་འགྱུར་པ་དང་འབྲེལ་ལོ། །མཚན་ཡང་དག་པར་བརྗོད་པ་གང་འདས་པའི་ཐོས་བསམ་དང་ལྡན་པ་རྣམས་ཀྱིས་གསུངས་པ་སྒྲ་བརྙན་གྱི་ངོ་བོས་ཁོང་དུ་ཆུད་པའོ། །མ་འོངས་པ་གོམས་པ་མཐར་ཕྱིན་པར་གྱུར་པ་གསུང་བར་འགྱུར་པ་དེ་ཁོ་ན་བཞིན་ཁོང་དུ་ཆུད་པར་འགྱུར་རོ། །ད་ལྟར་བྱུང་བས་


DTG015_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱང་ད་ལྟར་བའི་སྒོམ་པ་དང་ལྡན་པས་གསུང་བ་སྟེ་དེ་བཞིན་དུ་ཁོང་དུ་ཆུད་པའོ། །འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་བསྟན་ཏོ་ཞེས་པ་ཡང་མཚོན་པར་བྱེད་པར་འགྱུར་ཏེ། སྐལ་བ་དང་ལྡན་པའི་སེམས་ཅན་ལ་ལྟོས་ནས་ཐམས་ཅད་ཀྱིས་བསྟན་པ་ཉིད་ཀྱི་ཕྱིར་རོ། །སྒྱུ་འཕྲུལ་དྲ་བ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ལ་བཏུད་པར་བྱ་བསྐྱེད་པར་བྱ་བས་ན་རྒྱུད་དེ་ཆེན་པོ་ཡང་ཡིན་ལ་རྒྱུད་ཀྱང་ཡིན་པས་རྒྱུད་ཆེན་ནོ། །བདེ་བ་ཆེན་པོའི་ཡེ་ཤེས་ཞེས་པའི་དོན་ཏོ། །དེ་ཡང༌། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བརྒྱུད་དུ་འདོད་པ་ཡིན། །རྒྱུད་ནི་གསང་བ་གསང་ཆེན་ཞེས། །བླ་མ་རྒྱུད་དུ་བརྗོད་པར་བྱ། །ཞེས་གསུངས་སོ། །མཚན་ཡང་དག་པར་བརྗོད་པ་གང་གླུར་བླངས་པ་རང་ཉིད་ཀྱིས་རྟོགས་པའོ། །རྡོ་རྗེ་འཆང་ཆེན་ཡེ་ཤེས་ཀྱི་སྐུའི་བདག་ཉིད་གསང་སྔགས་འཆང་ཡེ་ཤེས་ལྔའི་བདག་ཉིད་ཀྱི་བདེ་བ་འཆང་ངོ༌། །དཔག་མེད་རྟོག་པའི་སྤྱོད་ཡུལ་མ་ཡིན་པ་དགའ་བཞིན་དུ་ལྷན་སྐྱེས་ཀྱི་རང་བཞིན་དུའོ། །དེ་འདི་དག་གིས་གཟུང་བར་བྱ་སྟེ་གཉིས་སུ་མེད་པའི་ངོ་བོར་བྱ་ཞེས་པའི་དོན་ཏོ། །དུས་ཇི་ཙམ་དུ་ཞེ་ན་ངེས་པར་འབྱུང་གི་བར་དུ་ཇི་སྲིད་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མཆོག་ཏུ་མི་འགྱུར་པའི་ཚད་མས་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་མ་གྱུར་པ་དེ་ཇི་སྲིད་ཀྱི་བར་དུ་ཞེས་པའི་དོན་ཏོ། །བསྟན་པ་སྙིང་པོར་མི་འཕོ་བ་བསམ་པ་བདེ་བའི་རང་བཞིན་གང་གི་ཡིན་པ་དེ་ནི་དེ་བཞིན་ནོ། །བདག་གི་དོན་ནི་བཤད་ཟིན་ཏོ། །རྫོགས་སངས་རྒྱས་ཀུན་གྱི་གསང་བ་མཆོག་ཏུ་མི་འགྱུར་པའི་ཐིག་ལེ་བཞི་པ་སྟེ་དེ་འཛིན་པ་དེ་བཞིན་ནོ། །འདི་ལྟར་ཐིག་ལེ་འཛིན་པར་གྱུར་ནས་སེམས་ཅན་སྐལ་བ་དང་ལྡན་པའི་བསམ་པའི་ཁྱད་པར་ལྷན་སྐྱེས་ཀྱི་རང་བཞིན་གྱིས་སོ། །ཇི་ལྟ་བ་བཞིན་དུ་བཤད་པར་འཚལ་བས་དེ་བཞིན་དུ་གསོལ་ཞེས་སྤྱན་སྔར་དང་འབྲེལ་ལོ། །ཉོན་མོངས་མ་ལུས་གསལ་བ་འཕོ་བའི་སྡུག་བསྔལ་ཐམས་ཅད་བཅད་པའི་ཕྱིར་དང༌། མི་ཤེས་མ་ལུས་སྤོང་བའི་ཕྱིར་ཏེ་རྣམ་པར་རྟོག་པའི་བག་ཆགས་སྤངས་པའི་ཕྱིར་རོ། །འདི་སྐད་ཨེ་ཝཾ་གྱི་རྣམ་པའི་ངོ་བོ་དེ་བཞིན་གཤེགས་པས་གསུངས་པའི་དོན་གསོལ་བ་མངོན་དུ་བྱས་ནས་སོ། །གསང་བ་སྐུ་དང་ངག་དང་སེམས་ཀྱི་དབང་ཕྱུག་ཐོབ་པའི་ལུས་བཏུད་པ་ལྷན་སྐྱེས་སུ་ལུས་ངག་ཡིད་རྣམས་


DTG015_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐིམ་པའོ། །གཞན་ནི་བཤད་ཟིན་ཏོ། །ཨ་ཝ་དྷཱུ་ཏཱི་ལ་བརྟེན་པའི་དགའ་བ་བཅུ་དྲུག་གི་རྣམ་པར་དག་པའི་ཚིགས་སུ་བཅད་པ་བཅུ་དྲུག་གིས་གསོལ་བ་བཏབ་པའི་ཕྱིར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཅུ་དྲུག་གོ །

གཉིས་པ། ཚིགས་སུ་བཅད་པ་བཅུ་དྲུག་གིས་གསོལ་བ་བཏབ་པ་གསུངས་པ།


DTG010_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསོལ་བ་བཏབ་པའི་དེ་མ་ཐག་ཏུ་ཚིགས་སུ་བཅད་པ་དྲུག་གིས་ལན་གསུངས་པའོ། །དེ་ནས་ཏེ་སེམས་ཅན་གྱི་དོན་གྱི་ཆེད་དུ་སངས་རྒྱས་རྣམས་ཀྱིས་གསུངས་པ་ལ་སོགས་པ་མི་འགལ་ཏེ། བྱིས་པའི་སྐྱེ་བོས་བརྟག་པར་མི་ནུས་པའི་ཕྱིར་རོ། །བཅོམ་ལྡན་ཕྱག་རྒྱ་ཆེན་པོ་ཤེས་རབ་ཆེན་པོ་དེ་དང་ལྡན་པས་བཅོམ་ལྡན་ནོ། །དཔལ་དགྱེས་པའི་རྡོ་རྗེ་ལས་ཀྱང༌། ཉོན་མོངས་ལ་སོགས་བདུད་བཅོམ་ཕྱིར། །འཇོམས་པ་བཅོམ་ལྡན་འདས་ཞེས་བྱ། །ཤེས་རབ་ཀྱིས་བཅོམ་ཉོན་མོངས་ཏེ། །དེ་ཕྱིར་བཅོམ་ལྡན་ཤེས་རབ་བརྗོད། །ཅེས་གསུངས་སོ། །ཤཱཀ་ཐུབ་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་འཛིན་པའོ། །ཇི་སྐད་དུ་དཔལ་རི་གི་ཨ་རལླིའི་རྒྱུད་ལས། །རྒྱལ་པོ་ཆེན་པོ་ཟས་གཙང་མ། །ཨ་རལླིར་ནི་ཡང་དག་བཤད། །དེར་ནི་རི་གི་སྒྱུ་མ་ཆེ། །འགྲོ་བ་ཤེས་རབ་ཐབས་བདག་ཉིད། །དོན་འགྲུབ་ཡང་ནི་རྡོ་རྗེ་སེམས། །མཆོག་ཏུ་དགའ་བ་བདེ་བ་ཆེ། །ཞེས་གསུངས་སོ། །གཙུག་ཏོར་ལ་སོགས་པའི་འཁོར་ལོ་དྲུག་ཏུ་ཡེ་ཤེས་ཀྱི་སྐུ་རྟོགས་པའི་ཕྱིར་རྫོགས་པའི་སངས་རྒྱས་སོ། །ཀུན་རྫོབ་དང་དོན་དམ་པའི་ཡེ་ཤེས་གཉིས་ཀྱི་རྐང་པ་གཉིས་ཀྱི་མཆོག་ཕུལ་དུ་བྱུང་བ་རྐང་གཉིས་མཆོག་གོ །ཡང་ན་རྐང་གཉིས་ཏེ་རྡོ་རྗེ་ནོར་བུའི་རྩེ་མོ་དང་གཙུག་ཏོར་དུ་མི་གནས་པ་དང་གནས་པ་གཉིས་ཀྱིས་མཆོག་ས་བཅུ་གཉིས་ཀྱི་དབང་ཕྱུག་གོ །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། ཞབས་གཅིག་རྡོ་རྗེ་ནོར་བུ་རྡུལ་དང་ཉི་མ་སྟེ། །སྤྱི་གཙུག་ཁུ་བ་རི་བོང་ཅན་ནི་གཉིས་པའོ། །རྟག་ཏུ་བཀོད་པ་མི་ཆོད་མི་ཕྱེད་འདོད་བདག་བོ། །འཇིག་རྟེན་གསུམ་གྱིས་མཆོད་ལ་སྤྱི་བོས་ཕྱག་འཚལ་ནས། །ཞེས་གསུངས་སོ། །ཉིད་ཀྱི་ཞལ་སྣ་ཚོགས་ལས་གཟུགས་དང་ཉིད་ཀྱི་ལྗགས་གཞོམ་དུ་མེད་པའི་རང་བཞིན་ཡེ་ཤེས་ཀྱི་ཨ་ཝ་དྷཱུ་ཏཱི། དེ་བས་ན་བཟང་བ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་པ་རིང་ཞིང་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཁྱབ་པ་རི་མོ་ནག་པོའི་རྣམ་པ་སྐྲའི་ཚད་ཙམ་ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་


DTG015_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཕྲོ་བའོ། །དེ་བས་ན་ཡངས་པ་སྟེ་དེ་ལྟར་ཡང་དང་པོའི་སངས་རྒྱས་རྒྱས་པ་ལས། དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། །སྒྲོན་མ་འབར་བཟླ་ཉི་མ། །མུན་པ་ཅན་དུས་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ཅན་འོད་གསལ་བ། །ཞེས་གསུངས་སོ། །བརྐྱང་ནས་བསྟན་པར་བྱས་ནས་སོ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་སྣང་བ་བྱེད་པའི་མཚན་ཉིད་དོ། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། ནོར་བུའི་ལྟེ་བའི་ནང་དུ་བརྟན་པ་ཐོབ་པས་རྣམ་པར་མི་རྟོག་པའི་གཟུགས་སོ། །དེ་ཉིད་ཀྱི་ཕྱིར། །རྡོ་རྗེའི་སྒོ་ཡི་ནང་དུ་ནི། །བདག་གིས་རྐུན་མོ་རྙེད་པར་གྱུར། །བདུད་ཀུན་ངེས་པར་བརླག་བྱས་ཏེ། །བདེ་བ་ཆེན་པོའི་དངོས་པོ་ལེན། །ཞེས་གསུངས་སོ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ་སྦྱོང་བར་བྱེད་པའི་འཁོར་ལོའི་རྒྱུ་དགའ་བ་དང་མཆོག་དགའ་དང་དགའ་བྲལ་ལུས་དང་ངག་དང་སེམས་ཀྱི་ཐིག་ལེ་རྣམས་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་དུ་རྟོགས་པས་རྣམ་པར་སྦྱོང་བར་བྱེད་པའོ། །འྫུམཾ་ལྷན་སྐྱེས་ཀྱི་གཏུམ་མོའི་འོད་ཟེར་སྣང་བའོ། །རབ་ཏུ་གསལ་བར་བསྟན་ནས་ཡང་དག་པར་སྤྲོས་ནས་སོ། །ཚངས་པར་བྱུང་གཞོམ་དུ་མེད་པའི་བདག་ཉིད་ཀྱི་གསུང་ནི་སྙན་པ་བདེ་བ་ཆེན་པོའི་བདག་ཉིད་ཀྱིས་འཇིག་རྟེན་གསུམ་པོ་ལུས་དང་ངག་དང་སེམས་ཀྱི་མཚན་ཉིད་ཀུན་བཀང་ནས་ཁྱབ་པར་བྱས་ནས། ལག་ན་རྡོ་རྗེ་སྟོབས་པོ་ཆེ། །སྟོབས་ཆེ་རྣམ་པར་རྟོག་པའི་རླུང་མཐའ་དག་སྣང་བ་མེད་པར་བྱེད་པའི་ནུས་པ་དང་ལྡན་པའོ། །གསང་དབང་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ཏེ་སླར་གསུངས་པ་སོ་སོར་ཉམས་སུ་མྱོང་བར་གྱུར་པའོ། །སྙིང་རྗེ་ཆེ་དང་ལྡན་གྱུར་པ། །ལྷུན་གྱིས་གྲུབ་པར་འགྲོ་དོན་སྒྲུབ་པ་དང་ལྡན་པས་འགྲོ་ལ་ཕན་པའི་དོན་དུ་ཁྱོད་སྔར་བཤད་པའི་རྣམ་པར་རྟོག་པའི་རླུང་བདེ་བ་ཆེན་པོ་ཉིད་དུ་རྟོགས་པར་བྱེད་པའི་ཆེད་དུ། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པར་ནི་ལྷན་སྐྱེས་ཀྱི་བདེ་བ་ཉམས་སུ་མྱོང་བའི་བདག་ཉིད་ཅན་དོན་ཆེ་བ་རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོ་ཉིད་ཀྱིས་བདེ་བའི་དོན་ཏོ། །དག་པར་བྱེད་ཅིང་སྤྲོས་པ་མཐའ་དག་དང་བྲལ་བའི་ཕྱིར་རོ། །སྡིག་སེལ་བར་འཇིག་རྟེན་པའི་མ་རིག་པ་དང་བྲལ་བར་བྱེད་པའི་ཕྱིར་སྡིག་བ་སེལ་བའོ། །ཡང་ན་འཇིག་


DTG015_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟེན་ལས་འདས་པ་རྣམ་པར་རྟོག་པའི་དཔེ་ལྷན་ཅིག་སྐྱེས་པའི་སྒྲིབ་པ་དང་བྲལ་བའི་རང་བཞིན་གྱི་ཕྱིར་དག་པར་བྱེད་ཅིང་ངོ༌། །ད་ལས་ཡེ་ཤེས་ཀྱི་སྐུ་ལས་ཉན་པར་མགྱོགས་པར་བརྩོན་པ་ནི་འཇུག་པའོ། །འགྲོ་བའི་དོན་བྱེད་པའི་ཕྱིར་ལེགས་སོ། །དཔལ་ལྡན་ནི་ནམ་མཁའི་ཁམས་མཐས་གཏུགས་པ་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་གྱི་ཕྱིར་རོ། །རྡོ་རྗེ་འཆང་གི་དོན་སྔར་བཤད་པའོ། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཁྱོད་བཟང་བོའོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ལྷན་སྐྱེས་ཀྱི་དགའ་བའི་རྟོགས་པ་དེ། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་རྣམ་པར་མི་རྟོག་པའི་བློ་ཡིས་ཉོན་ཉམས་སུ་མྱོང་བར་གྱིས་ཞེས་པའོ། །སྤྱི་གཙུག་ལ་སོགས་པའི་འཁོར་ལོ་དྲུག་གི་རྩའི་དབུས་ཀྱི་ལྟེ་བར་ནམ་མཁའི་བདེ་བ་ཉམས་སུ་མྱོང་བ་གསལ་བར་བྱེད་པའི་ཚིགས་སུ་བཅད་པ་དྲུག་ལན་ནོ། །ལན་གྱི་ཚིགས་སུ་བཅད་པ་དྲུག་གོ །

གུསྨ་པ། ཚིགས་སུ་བཅད་པ་གཉིས་ཀྱིས་རིགས་དྲུག་ལ་གཟིགས་པ་གསུངས་པ།


DTG010_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལན་གྱི་མཇུག་ཐོགས་སུ་རིགས་དྲུག་ལ་གཟིགས་པས་གསུངས་པ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཚིགས་སུ་བཅད་པ་འདི་གསུངས་པ། །ཞེས་གཞན་དང་འབྲེལ་ལོ། །གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །གསང་སྔགས་ཐེག་པ་ཆེན་པོ་གསང་སྔགས་ཏེ། དེ་ཡང་འཁོར་ལོ་དྲུག་ཏུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ནོ། །ཡིད་ཀྱི་སྐྱབས་སུ་གྱུར་པའི་ཕྱིར། །གསང་སྔགས་བདེ་བ་དག་ཏུ་བརྗོད། །ཅེས་སོ། །རིགས་ནི་གཉིས་སུ་མེད་པའི་ཕྱིར་རོ། །ཆེན་པོའི་སྒྲ་ཡིས་འཁོར་ལོ་དྲུག་གི་ལྟེ་བར་གནས་པའི་ཁྱབ་བྱེད་དངོས་པོ་ཐམས་ཅད་རོ་མཉམ་པར་གྱུར་པའི་བྱང་ཆུབ་ཀྱི་སེམས་རང་གི་རིག་བར་བྱ་བ་རང་བཞིན་གྱི་གཟུགས་སོ། །འདི་ཁོ་ནའི་རྣམ་པར་གཞག་པ་འཁོར་ལོ་དྲུག་གི་རིམ་པས་གསུངས་པ། གསང་སྔགས་རིག་སྔགས་འཆང་བའི་རིགས། །འབབ་པའི་དགའ་བ་ཁུ་བའི་ཚུལ་རྡོ་རྗེ་འཛིན་པའི་ཕྱིར་མི་བསྐྱོད་པ་རྣམ་པར་ཤེས་པའི་རང་བཞིན་ནོར་བུའི་ལྟེ་བའི་ནང་དུ་གནས་པའི་རྡོ་རྗེ་པདྨའི་ལྟེ་བ་ཟབ་མོའི་སྤྱོད་ཡུལ་ཅན་ཞེས་པའི་དོན་ཏོ། །གསང་སྔགས་འབར་བ་ལྷན་ཅིག་སྐྱེས་པའི་སྣང་བའི་རྣམ་པ་ཅན་གསང་སྔགས་པའི་སྦས་པའི་སྐད་ཀྱིས་ཞེས་པ་ཡང་འདོན་ཏོ། །དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་


DTG015_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐའ་དག་གི་རིག་སྔགས་སྤྲོས་པ་ཡེ་ཤེས་འཛིན་པའི་ཕྱིར་གསང་སྔགས་རིག་སྔགས་འཆང་བའོ། །རིགས་གསུམ་ཞེས་པ་ནི། སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོའོ། །དེས་ལྟེ་བའི་འཁོར་ལོར་གནས་པའི་རྡོ་རྗེ་གཟུགས་ཀྱི་རང་བཞིན་རྣམ་པར་སྣང་མཛད་ཆེན་པོ་དབུས་ཀྱི་རྩལ་གནས་པའི་ཡབ་ཀྱི་ལུས་ས་བོན་གྱི་ཐིག་ལེའོ། །རྣམ་པར་གཟིགས་རང་གི་ཉམས་སུ་མྱོང་བ་ཞེས་པའི་དོན་ཏོ། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །ཞེས་པ་འཇིག་རྟེན་འཇིག་རྟེན་གྱི་སྒྲ་ལུས་ངག་སེམས་ལ་བརྗོད་དོ། །དེ་ལས་འདས་པ་ཆོས་ཀྱི་འཁོར་ལོའོ། །དེར་བདེ་བ་ཆེན་པོ་དེ་མཚོན་བཞིན་པ་འོད་དཔག་མེད་ལྷན་སྐྱེས་འདུ་ཤེས་ཀྱི་རང་བཞིན་ནོ། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང༌། །ཞེས་པ་འཇིག་རྟེན་ནི་སྣང་བ་ལ་སོགས་པའོ། །དེ་རྣམས་ཀྱི་སྣང་བྱེད་འོད་གསལ་ལོ། །དེའི་རིགས་མགྲིན་པའི་འཁོར་ལོར་གནས་པའི་རིན་ཆེན་འབྱུང་ལྡན་བདེ་བ་ཆེན་པོ་རྟོགས་པར་བྱེད་པ་པོའི་ཕྱིར་རྡོ་རྗེ་ཚོར་བའི་རང་བཞིན་ནོ། །ཆེན་པོ་ཉིད་ཀྱང་སྟེ་འཁོར་ལོ་ལྔའི་ལྟེ་བའི་བྱང་ཆུབ་ཀྱི་སེམས་རབ་ཏུ་འབབ་པའི་ཕྱིར་གཉིས་སུ་མེད་པ་ཉིད་དོ། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང༌། །ཞེས་པ་ཕྱག་རྒྱ་ཆེན་པོའི་རིགས་དོན་ཡོད་གྲུབ་པ་དབྲལ་པའི་འཁོར་ལོར་གནས་པ་རང་གིས་རིག་པར་བྱ་བའི་རང་བཞིན་གྱི་རྡོ་རྗེ་འདུ་བྱེད་ཀྱི་རང་བཞིན་ནོ། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པ་གཙུག་ཏོར་གྱི་འཁོར་ལོར་གནས་པའི་རྡོ་རྗེ་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་ལྷན་སྐྱེས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ནོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས་ཀྱང། འབབ་པའི་དགའ་བ་ཁུ་བ་རྡོ་རྗེ་ཡང་ནི་དེ་འཛིན་པས་ན་ངེས་པར་རྡོ་རྗེ་འཛིན། །ལུས་ཀྱི་ས་བོན་ཁུ་བ་ཡབ་གཅིག་ལྟེ་བའི་འཁོར་ལོར་བདེ་བ་གང་ལས་ཛི་ན་ཛི་ཀ །མཚོན་ཆ་དེ་ནི་མཚོན་བཞིན་སྙིང་གར་མཆོག་གི་བདེ་བ་མགོན་པོ་ཨཱ་རོ་ལྀ་ཀ་ཉིད་དེ། །རིག་བྱ་དེ་ནི་གང་གིས་མགྲིན་པར་མི་གཡོ་བདེ་བཟུང་རིག་པ་པོ་དེ་རཏྣ་དྷྲྀ་ཀ །གང་གིས་དབྲལ་པ་དེར་ནི་ཁུ་བ་དྲི་བྲལ་བདེ་བ་འདི་ཉིད་བཟུང་བ་པྲ་ཛྙཱ་དྷྲྀ་ཀ །གཙུག་ཏོར་ཚངས་པའི་བུ་གར་མི་འགྱུར་མཆོག་གི་བདེ་བ་དགའ་བ་བཅུ་དྲུག་རྫོགས་པ་ནི། །ཤེས་རབ་གང་ཞིག་རང་བཞིན་མེད་པ་ཉ་ཡི་མཐའ་ཡི་མཆོག་གི་ཟླ་བའི་ཆ་


DTG015_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅུ་དྲུག །མཐའ་ཡས་དེ་ནི་གང་གི་རིག་པ་སྤྱི་བོའི་རྡོ་རྗེ་དེ་ནི་དྲུག་པ་རྡོ་རྗེ་སེམས། །ཞེས་གསུངས་སོ། །རིགས་དྲུག་པོ་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་རྣམ་པར་དག་པས་ཚིགས་སུ་བཅད་པ་ཉིད་ཀྱིས་འཁོར་ལོ་དྲུག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དུ་བསྟན་པའོ། །རིགས་དྲུག་ལ་གཟིགས་པའི་ཚིགས་སུ་བཅད་པ་གཉིས་སོ།། །།

བཞི་པ། ཚིགས་སུ་བཅད་པ་གསུམ་གྱིས་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་གསུངས་པ།


DTG010_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཚིགས་སུ་བཅད་པ་གསུམ་གྱིས་སྒྱུ་འཕྲུལ་དྲ་བ་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་གསུངས་པ། ཚིགས་སུ་བཅད་པ་གཉིས་ཡོད་ཀྱང་ཚིགས་སུ་བཅད་ཅེས་གཅིག་གི་ཚིག་ནི་བྱང་ཆུབ་སེམས་ཀྱི་ཆའི་ངོ་བོ་ཨཱ་ལི་བསྒྲུབ་བྱའི་གཙོ་བོ་ཉིད་དུ་བསྟན་པའི་དོན་དུའོ། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །ཞེས་པ། ཨོཾ་བཛྲ་ཏཱི་ཀྵྞཾ་ཞེས་པ་ལ་སོགས་པ་དྲུག་དང་ལྡན་པའོ། །གཉིས་སུ་མེད་པ་སྙིང་རྗེ་དང་སྟོང་པ་དབྱེར་མེད་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལས་བྱུང་བ་བདེ་བ་ཆེན་པོའི་རང་བཞིན་ནི་གསང་སྔགས་ཀྱི་ཚུལ་དུའོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ནི་བདག་དང་བདག་གི་བ་དང་གཟུང་བ་དང་འཛིན་པ་ལ་སོགས་པ་ཡིད་ཀྱི་སྤྲོས་པ་མཐའ་དག་དང་བྲལ་བ་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་སེམས་སོ། །དེ་འབྱུང་བ་ནི་དོན་གྱི་སྒོ་ལས་འབྱུང་བར་འགྱུར་པའི་ཕྱིར་རོ་ཞེས་གཉིས་སུ་མེད་པར་འབྱུང་བའོ། །མི་སྐྱེ་བའི་ཆོས་དེ་འདིའི་བརྗོད་བྱ་ཡིན་པའི་ཕྱིར་མི་སྐྱེ་བའི་ཆོས་ཅན་ནོ། །མི་སྐྱེ་བའི་ཚུལ་ཉིད་དེ་ཡང་འཐད་པ་ལས་ངེས་པར་བྱ་སྟེ། དེ་ལྟར་ཡང་དེ་ཁོ་ན་ཤེས་པའི་འབྲས་བུར་གྱུར་པའི་དེ་ཁོ་ན་ཤེས་པ་ཉིད་རྒྱུ་སྟེ། གཞན་ནི་ཕྱིན་ཅི་ལོག་གི་རང་བཞིན་གྱིས་འཁོར་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་ཁོ་ན་ཤེས་པ་དེ་ཡང་མི་སྐྱེ་བའི་རང་བཞིན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་གསང་སྔགས་ཀྱི་ཐེག་པའི་བདག་ཉིད་དུ་རྒྱུ་དང་འབྲས་བུའི་དངོས་པོས་ངེས་པར་བསྟན་པ་བླ་མའི་མན་ངག་གི་རིམ་པ་ལས་འོངས་པ་བརྗོད་པར་བྱ་སྟེ། བདེན་མིན་མི་བདེན་པ་ཡང་མ་ཡིན་གཉིས་ཀ་ཡང་མིན་གཉིས་ཀ་མིན་པའང་མིན། །བགྲང་བ་དང་བྲལ་རྣམ་པ་ཀུན་གྱི་མཆོག་གི་བདག་ཉིད་དབུ་མ་ཡི་ནི་བློ། །རྒྱལ་བ་སྟོན་པ་དེ་ཉིད་བརྟན་དང་གཡོ་བའི་འགྲོ་བའི་དེ་ཉིད་ཀྱང་ནི་དེ། །རང་གིས་ཡང་དག་རིག་པ་བདེ་བ་ལྷ་མོ་རྡོ་རྗེའི་མཛའ་མོར་གྱུར་


DTG015_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་རྒྱལ། །ཞེས་པ་སྟེ་དབུ་མའི་བློ། དབུ་མའི་རྟོག་པ་ཁོ་ནར་བྱང་ཆུབ་ཀྱི་ལམ་ཞེས་ཐེག་པ་ཆེན་པོ་བ་ཐམས་ཅད་ལ་གྲུབ་བོ། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ངོ་བོ་དག་གི་མཐའ་དག་ལ་རབ་ཏུ་མི་གནས་པའི་བློ་ནི་དབུ་མའི་བློའོ། །དེ་ནི་བདེན་མི་བདེན་པ་ཡང་མ་ཡིན། གཉིས་ཀ་ཡང་མིན། གཉིས་ཀ་མིན་པའང་མིན་པའི་མཐའ་བཞི་ལས་གྲོལ་བའི་རང་བཞིན་གྱི་ཡུལ་ཅན་གྱི་རྣམ་པའི་མཐའ་བཞི་ལས་གྲོལ་བའི་རང་བཞིན་གྱི་ཕྱིར་རོ། །ངེས་པར་གང་གང་དག་གི་ཡུལ་ཅན་དུ་བྱེད་པ་དེ་དེའི་རྣམ་པ་སྟེ། དཔེར་ན་སྔོན་པོའི་ཤེས་པ་ནི་སྔོན་པོའི་རྣམ་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་བགྲང་བ་དང་བྲལ་བ་སྟེ་བགྲང་བ་ཐམས་ཅད་ཀྱང་མཐའ་བཞི་ལ་བརྟེན་པའི་ཕྱིར་རོ། །འོ་ན་གལ་ཏེ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ངོ་བོ་དག་གི་མཐའ་དག་ལ་རབ་ཏུ་མི་གནས་པའི་བློ་དབུ་མའི་བློ་ཡིན་ནས་དེས་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད། ཡང་དེ་རྣམས་བྱང་ཆུབ་ཀྱི་རང་བཞིན་གྱི་སྡུག་བསྔལ་རྟོགས་པར་འགྱུར་ལ་བྱང་ཆུབ་ཀྱང་དབུ་མའི་བློའོ། །དེ་ཡང་དངོས་པོ་མེད་པའི་རང་བཞིན་ཡིན་ལ། སྦྱིན་པ་ལ་སོགས་པ་ཡང་དངོས་པོའི་ཆོས་ཅན་ཉིད་ཀྱིས་དངོས་པོའི་ངོ་བོ་ཉིད་དོ་ཞེས་དོགས་པ་བསུ་བ་རྣམ་པ་ཀུན་གྱི་མཆོག་གི་བདག་ཉིད་ཅེས་གསུངས་ཏེ། རྣམ་པ་ཀུན་གྱི་མཆོག་སྦྱིན་པ་ལ་སོགས་པའོ། །དེའི་བདག་ཉིད་ནི་དེའི་རང་བཞིན་ཏེ་དེ་རྣམས་འདི་ལྟར་སྦྱིན་པ་ལ་སོགས་པ་ཡང་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ངོ་བོས་རབ་ཏུ་མི་གནས་པ་དབུ་མའི་བློའི་རང་བཞིན་ཉིད་དོ། །དེ་ལྟར་ཡང་སྦྱིན་པ་ལ་སོགས་པ་དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་མ་ཡིན་ཏེ། ཡོད་པ་དང་མེད་པ་ལ་སོགས་པའི་ཚུལ་གྱིས་སྐྱེ་བ་དང་མི་ལྡན་པའི་ཕྱིར་རོ། །དངོས་པོའི་ཆོས་རྣམས་ཀྱང་རྒྱུ་ལ་རག་ལས་པའི་ཕྱིར་རོ། །རྒྱུར་མངོན་པར་འདོད་པས་ས་བོན་ལ་སོགས་པ་འགགས་པ་ལས་རྒྱུ་ཅན་འབྱུང་བར་མི་འགྱུར་ལ། མ་འགགས་པ་ལས་ཀྱང་མ་ཡིན་ཞིང་རྒྱུ་མེད་པ་ལས་ཀྱང་དངོས་པོའི་ཆོས་རྣམས་མ་ཡིན་ནོ། །དེ་ལྟར་མིན་ན་ཡུལ་དུས་ངེས་པ་དང་མི་ལྡན་པར་རྟག་ཏུ་ཐམས་ཅད་འབྱུང་བར་ཐལ་བའི་ཕྱིར་རོ། །དེ་ལྟར་སྦྱིན་


DTG015_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ལ་སོགས་པ་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཡང་གང་དག་བརྒྱ་ལམ་ན་ཡང་རང་བཞིན་གྱིས་དངོས་པོར་མ་གྱུར་པ་དེ་དངོས་པོ་མེད་པར་ཇི་ལྟར་འགྱུར་ཏེ་དངོས་པོ་མེད་པ་ནི་དངོས་པོ་ཆད་པའི་ཕྱིར་རོ། །དེའི་ཕྱིར་བླང་བྱའི་ཆོས་སྦྱིན་པ་ལ་སོགས་པའམ། དོར་བྱའི་ཆོས་འདོད་ཆགས་ལ་སོགས་པའམ། དེའི་འབྲས་བུར་གྱུར་པ་ཁྱད་པར་ཅན་མ་ཡིན་པའི་ལུས་དང་ལོངས་སྤྱོད་དང་གནས་ལ་སོགས་པ་ཐམས་ཅད་ཀྱང་དངོས་པོ་དང་དངོས་པོ་མེད་པ་དག་ཏུ་རབ་ཏུ་མི་གནས་པའོ། །དེ་རྣམས་དངོས་པོ་ལ་སོགས་པར་ཡོངས་སུ་བརྟགས་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་བརྟགས་པའོ། །དེ་ལྟ་བས་ན་དེ་དག་རྣམ་པ་ཀུན་གྱི་མཆོག་གི་བདག་ཉིད་དབུ་མའི་བློ་སྐྱེ་བ་མེད་པར་གནས་སོ། །ད་ནི་སྦྱིན་པ་ལ་སོགས་པ་འདི་རྣམས་ཁོ་ན་ལ་སློབ་བཞིན་པ་ན་ཆོས་ཉིད་འདི་ཁོ་ན་ལྷག་པར་མོས་ཤིང་སེམས་ཅན་གྱི་དོན་ལ་བརྩོན་པས་མྱུར་དུ་ཇི་ལྟར་ལྷའི་རྣལ་འབྱོར་གྱིས་ཕྱི་དང་ནང་ཡོངས་སུ་དག་པ་རྫོགས་པར་འགྱུར་བདེ་ལྟར་བརྗོད་པར་བྱ་སྟེ། སྲིད་བ་དང་མྱ་ངན་ལས་འདས་པ་དག་གི་རང་བཞིན་འོག་དང་སྟེང་གི་ལྷ་མོའི་དབུ་མའི་གནས་སུ་དབྱངས་དང་པོའི་རང་བཞིན་གྱི་བློ་བཅོམ་ལྡན་འདས་མ་བདག་མེད་མའི་ངོ་བོ་ནི་དབུ་མའི་བློའོ། །དེ་ནི་བདེན་མིན་མི་བདེན་པ་ཡང་མ་ཡིན། གཉིས་ཀ་ཡང་མིན། གཉིས་ཀ་མིན་པ་ཡང་མིན་ཏེ་ཤིན་ཏུ་རྣམ་པར་དག་པའི་གཟུགས་ལ་སོགས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱིས་མཐའ་བཞི་ལས་གྲོལ་བ་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་ཕྱིར་རོ། །དེ་ཉིད་རྣམ་པ་ཀུན་གྱི་མཆོག་གི་བདག་ཉིད་དེ། རྣམ་པ་ཀུན་གྱི་མཆོག་ལྷ་མོ་བཞི་ཤིན་ཏུ་རྣམ་པར་དག་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རང་བཞིན་དང༌། ལྷ་མོ་བཞི་ཤིན་ཏུ་རྣམ་པར་དག་པས་ལ་སོགས་པའི་རང་བཞིན་དང༌། ལྷ་མོ་བཞི་ཤིན་ཏུ་རྣམ་པར་དག་པ་གཟུགས་ལ་སོགས་པའི་ཡུལ་གྱི་རང་བཞིན་ནོ། །དེའི་བདག་ཉིད་ནི་དེ་དག་གི་རང་བཞིན་ནོ། །ཐམས་ཅད་ཀྱང་མཐའ་བཞི་ལས་རྣམ་པར་གྲོལ་བ་དབུ་མའི་བློའི་རང་བཞིན་གྱི་ཕྱིར་རོ། །བཅོམ་ལྡན་འདས་མ་དེ་བགྲང་བ་དང་བྲལ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་རང་བཞིན་བགྲང་བ་ཐམས་ཅད་གཅོད་པའི་


DTG015_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་རོ། །ལྷའི་གཟུགས་ཀྱིས་ཡོངས་སུ་དག་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ང་རྒྱལ་བསྐྱེད་ནས། ཐ་མལ་པའི་ང་རྒྱལ་སྤངས་ཏེ་རྣམ་པར་བརྟགས་པ་མ་ཡིན་པ་ལྔའི་རྣལ་འབྱོར་ལ་ཇི་ལྟར་གནས་པར་འགྱུར་པ་དེ་བཞིན་དུ་བརྗོད་པར་བྱ་སྟེ། སྲིད་པ་དང་མྱ་ངན་ལས་འདས་པ་དག་ལ་རབ་ཏུ་མི་གནས་པའི་སེམས་དབུ་མའི་བློའོ། །དེ་ཉིད་བཅོམ་ལྡན་འདས་མ་རྟག་ཆང་སྦངས་པ་གཟུང་བ་དང་འཛིན་པ་རབ་ཏུ་སྣང་བ་ཙམ་གང་ཞིག་ཨ་ཝ་དྷཱུ་ཏཱི་ཞེས་བརྗོད་པ་དབྱངས་དང་པོའི་རང་བཞིན་དེ་ཉིད་དབུ་མའི་བློ་སྟེ། སྐྱེ་བ་མེད་པའི་རང་བཞིན་ཁམས་གསུམ་པོ་རོ་མཉམ་པའི་ཚུལ་གྱིས་རྟོགས་པའི་ཕྱིར་རོ། །བཅོམ་ལྡན་འདས་མ་དེ་མཐའ་བཞི་ལས་གྲོལ་བ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་ལྷ་མོ་བཞི་ལ་སོགས་པ་རྣམས་སྤྲོ་བའི་ཕྱིར་རོ། །དེ་ལྟར་ཡང་གྲུབ་ཐོབ་དག་གིས། རང་གི་འཁོར་གྱིས་ཡོངས་བསྐོར་ནས། །སེམས་ཀྱི་རྒྱལ་པོ་གར་བྱེད་དོ། །ཞེས་གསུངས་སོ། །འདིས་ནི་འདི་ལྟར་བཤད་པ་ཡིན་ཏེ། ཇི་ལྟར་གནས་པ་རྣལ་འབྱོར་མའི་འཁོར་ལོ་ཁོ་ན་གློ་བུར་གྱི་མི་ཤེས་པ་ཙམ་སེལ་བའོ་ཞེས་པའོ། །རྒྱལ་བ་སྟོན་པ་དེ་ཉིད་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་འབྲས་བུར་གསུངས་སོ། །བདེ་བ་རྡོ་རྗེའི་མཛའ་མོར་གྱུར་པ་ནི་གསང་སྔགས་ཀྱི་ཐེག་པའོ། །བརྟན་དང་གཡོ་བའི་འགྲོ་བའི་དེ་ཉིད་ཀྱང་ནི་དེ་ཞེས་པ་ནི་གཉིས་ཀའི་ཡང་ངོ༌། །རང་གི་ཡང་དག་རིག་པ་ནི་རང་གིས་ཡང་དག་པར་རིག་ཅིང་ཉམས་སུ་མྱོང་བ་གང་གི་ཡིན་པ་དེ་ནི་དེ་དེ་བཞིན་ནོ། །འདི་ནི་དབུ་མའི་བློ་དེ་བླ་མས་སྨྲ་བར་བྱ་བ་མ་ཡིན་ཞིང་བྱ་བ་ལ་ཡང་མ་ཡིན་ཏེ། འོན་ཀྱང་བདག་ཉིད་ཁོ་ནས་ཉམས་སུ་མྱོང་བར་བྱ་བ་རང་བྱུང་གི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཞེས་དགོངས་པའོ། །ཨའི་རྣམ་པ་ལ་སོགས་པའི་དབྱངས་བཅུ་གཉིས་ཁོ་ན་འདིར་བསྟན་པ་ནི་རི་ལ་སོགས་པའི་ཡི་གེ་བཞི་མ་ནིང་ཡིན་པས་དོར་བའི་ཕྱིར་རོ། །གནས་དང་ཉེ་བའི་གནས་ལ་སོགས་པའི་གནས་བཅུ་གཉིས་ལུས་ལ་ཁྱབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆ་མཚོན་པར་བྱེད་པ་ཡི་གེ་ཨཱ་ལ་སོགས་པ་བཅུ་གཉིས་ནི་ཆ་བཅུ་གཉིས་བདེ་བ་ཆེན་པོའི་རྣམ་པའི་ཕྱིར་རོ། །དེ་ཡང༌། ཨ་ཡི་རྣམ་


DTG015_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་གནས་ཀྱི་མིང༌། །ཨཱ་ཡི་རྣམ་པ་ཉེ་བའི་གནས། །ཨི་ཡི་རྣམ་པ་ཞིང་གི་མིང༌། །ཨཱི་ཡི་རྣམ་པ་ཉེ་བའི་ཞིང༌། །ཨུ་ཡི་རྣམ་པ་ཚནྡོ་ཧ། །ཨཱུ་ཡི་རྣམ་པ་ཉེ་ཚན་དོ། །ཨེ་ཡི་རྣམ་པ་འདུ་བ་སྟེ། །ཨཻ་ཡི་རྣམ་པ་ཉེ་འདུ་བ། །ཨོ་ཡི་རྣམ་བ་དུར་ཁྲོད་ཉིད། །ཨཽ་ཡི་རྣམ་པ་ཉེ་དུར་ཁྲོད། །ཨཾ་གི་རྣམ་པ་འཐུང་གཅོད་ཉིད། །ཨ་ཡི་རྣམ་པ་ཉེ་འཐུང་གཅོད། །ཅེས་གསུངས་སོ། །གསང་བ་ལ་སོགས་པའི་འཁོར་ལོ་དྲུག་ཏུ་འཁོར་ལོ་རེ་རེས་རླུང་སུམ་སྟོང་དང་བརྒྱ་ཐམས་པ་ལ་སོགས་འགགས་པས་ཟུང་དག་ཉེ་བར་དམིགས་པ་མཚོན་བྱེད་བདེ་བ་ཆེན་པོ་རྒྱས་པའི་ངོ་བོ་ཨའི་རྣམ་པ་ལ་སོགས་པ་དྲུག་ཁ་སྦྱོར་ཉིད་ཀྱིས་སོ། །ས་བཅུ་གཉིས་ཀྱི་དབང་ཕྱུག་གི་ཕྱིར་རོ། །ས་དེ་ཡང༌། ཀུན་དུ་འོད་དང༌། བདུད་རྩི་འོད་དང༌། ནམ་མཁའི་འོད་དང༌། རྡོ་རྗེའི་འོད་དང༌། རིན་ཆེན་འོད་དང༌། པདྨའི་འོད་དང༌། ལས་ཀྱི་འོད་དང༌། དཔེ་མེད་དང༌། དཔེ་བྲལ་དང༌། ཤེས་རབ་འོད་དང༌། ཐམས་ཅད་མཁྱེན་པ་ཉིད་དང༌། སོ་སོར་རང་གིས་རིག་པར་བྱ་བ་ཞེས་བྱ་བའོ། །ཡང་ན་ཨ་ཨི་ཨུ་ཞེས་པ་ལུས་ངག་ཡིད་གསུམ་གཉིས་སུ་མེད་པ་ཉིད་ཀྱི་དགའ་བའོ། །ཨཱ་ཨཱི་ཨཱུ་ཞེས་པ་གསུམ་གཉིས་ཀྱི་ཚུལ་ཉིད་ཀྱིས་མཆོག་ཏུ་དགའ་བའོ། །ཨེ་ཨོ་ཨོཾ་གསུམ་ནི་དབྱངས་གཉིས་ཀྱི་བདག་ཉིད་ཅན་རྡོ་རྗེ་གསུམ་དགའ་བྲལ་ལོ། །ཨཻ་ཨཽ་ཨཿ་ཞེས་པ་གསུམ་ནི་རྡོ་རྗེ་གསུམ་དབྱེར་མེད་པ་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བའོ། །འདིས་ནི་དགའ་བ་བཞིའི་རང་བཞིན་བཅོམ་ལྡན་འདས་སྐྱེ་བ་མེད་པའི་ངོ་བོ་བཤད་པའོ། །ཨོཾ་བཛྲ་ཏཱི་ཀྵྞ་ལུས་དང་ངག་དང་སེམས་གཅིག་ཏུ་འདྲེས་པ་ལ་སོགས་པ་དེ་ཉིད་རྡོ་རྗེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེས་ན་རྣོན་པོ་སྟེ་རྣམ་པར་རྟོག་པའི་རླུང་མཐའ་དག་སྡུད་པའོ། །དེ་ཡང་རྡོ་རྗེ་ནོར་བུའི་ལྟེ་བར་གནས་པ་མི་འཛག་པའི་གནས་སྐབས་མི་བསྐྱོད་པའོ། །དུཿ་ཁ་ཙྪེ་ད། དེ་བཞིན་གཤེགས་པ་མཐའ་དག་གི་རྡོ་རྗེའི་སྐུ་ཉིད་ཀྱི་ཕྱིར་འགྱུར་པའི་སྡུག་བསྔལ་མེད་པས་སྡུག་བསྔལ་བཅད་དེ་ལྟེ་བར་གནས་པའི་རྣམ་པར་སྣང་མཛད་དོ། །པྲ་ཛྙཱ་ཛྙཱ་ན་མཱུ་རྟ་ཡི། ཤེས་རབ་ཡེ་ཤེས་ཁོ་ན་སྐུ་སྟེ་གང་གི་རང་བཞིན་ཡིན་པ་དེ་ཤེས་རབ་ཡེ་ཤེས་སྐུ་སྙིང་གར་གནས་པའི་འོད་དཔག་མེད་དོ། །ཛྙཱ་ན་ཀཱ་ཡ། ཡེ་ཤེས་བདེ་བ་ཆེན་པོའི་སེམས་ཁོ་ན་གང་གི་ལུས་


DTG015_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉེ་བར་བསགས་པའི་བདག་ཉིད་ཀྱི་ཕྱིར་རོ། །དེ་ཡང་མགྲིན་པའི་འཁོར་ལོར་གནས་པའི་རིན་ཆེན་འབྱུང་ལྡན་ནོ། །ཝཱ་གཱི་ཤྭར་ངག་དབྱངས་དང་གསལ་བྱེད་ཀྱི་བདག་ཉིད་རྣམས་ཀྱི་དབང་ཕྱུག་གཞོམ་དུ་མེད་པའི་རང་བཞིན་སྨིན་མཚམས་ཀྱི་འཁོར་ལོར་གནས་པའི་དོན་ཡོད་གྲུབ་པའོ། །ཨ་ར་པ་ཙ་ན་ཡ། ཨ་དང་ར་ཤེས་རབ་དང་ཐབས་དག །པ་ཙན་གང་གིས་གསལ་བའི་ངོ་བོ་དེ་གཙུག་ཏོར་གྱི་འཁོར་ལོར་གནས་པའི་རྡོ་རྗེ་སེམས་དཔའོ། །ཏེ་ན་མཿ་འདི་ལྟར་འཁོར་ལོ་དྲུག་ཏུ་གནས་པའི་རང་བཞིན་ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་རང་གིས་མངོན་སུམ་དུ་མཐོང་བའི་ཕྱིར་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བོས་པའོ། །འདི་ལྟར་ཕྱི་དང་ནང་གི་ངོ་བོས་ཁྱབ་བྱ་འགྲོ་བ་ལ་རྣམ་པར་གནས་པ་ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་རྡོ་རྗེ་བཞི་པའོ། །དེ་ཉིད་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་བདག་ཉིད་ལྟེ་བ་ལ་སོགས་པའི་འཁོར་ལོའི་དབུས་སུ་གནས་པ་སྙིང་གར་གནས་པ་བརྗོད་པར་བྱའོ། །དེ་ཡང༌། གང་དག་སངས་རྒྱས་ཀུན་གྱི་སྐུ། །སྣང་བ་མ་ཡིན་གསལ་བྱེད་མིན། །ཤེས་མིན་མ་བྱས་དག་པ་སྟེ། །དངོས་མེད་ལ་སོགས་རྣམ་པར་སྤངས། །མེ་ལོང་གཟུགས་བརྙན་ཡན་ལག་མཐའ་དང་ལྡན། །ཤིན་ཏུ་གསལ་གཟུགས་སྣང་འགྱུར་ཇི་ལྟ་བ། དེ་ལྟར་རྡོ་རྗེ་འཛིན་སྐུ་མཚན་དང་ནི། །དཔེ་བྱད་བརྒྱད་ཅུར་ལྡན་པ་ཁོ་ནའོ། །ཇི་ལྟར་དབང་པོའི་གཞུ་ཡི་བཀོད་པ་ཁ་དོག་དུ་མར་མཐོང་བ་དག །འཇིག་རྟེན་པ་ཡི་དགེ་བ་ལ་སོགས་བདག་སྟོན་པར་འགྱུར་པ་བཞིན། །དེ་ལྟར་རྡོ་རྗེ་འཛིན་པ་ཐོབ་ནས་དཀར་པོ་ལ་སོགས་ཁ་དོག་དག །མཚང་མེད་པ་ཡང་དག་སྐྱེད་བྱེད་ངེས་པར་ལས་ལ་དེ་བཞིན་ནོ། །ལུས་དང་ངག་དང་སེམས་གཅིག་ངོ་བོ་རྣལ་འབྱོར་ཆེན་པོ་སྡུད་བྱེད་ཚིགས་སུ་བཅད་པ་གསུམ་གྱིས་སྔར་བཤད་པའི་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པའི་རིམ་པ་མཚོན་པའི་ཕྱིར་དེ་ལྟར་བཤད་དོ། །

ལྔ་པ། ཚིགས་སུ་བཅད་པ་བཅུ་བཞིས་བྱང་སེམས་རྡོ་རྗེའི་རྣམ་པར་གཞག་པ་གསུངས་པ།


DTG010_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་སྒྲིབ་པ་མེད་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་འཁོར་ལོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་རྣམ་པ་ཐམས་ཅད་དབང་པོ་ཀུན་མི་འགྱུར་པའི་ཐིག་ལེའི་ངོ་བོ་སྒྱུ་འཕྲུལ་འཛིན་པ་བྱང་སེམས་རྡོ་རྗེའི་སྤྲོ་བ་གསུངས་པ། འདི་ལྟ་སྟེ། ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་བློ་དེ་དང་ལྡན་པས་སངས་རྒྱས་


DTG015_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་སོ། །ནོར་བུའི་ལྟེ་བར་གནས་པའི་ཁུ་བ་ཉིད་ཀྱིས་རྟག་ཏུ་རྒྱས་པའི་རྡོ་རྗེ་ཉིད་ཀྱི་ཕྱིར་རྫོགས་པའི་སངས་རྒྱས་སོ། །ཨཱི་རྣམ་པས་ནི་འདིར་རང་བཞིན་གྱིས་འོད་གསལ་བའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་གཟུགས་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བརྗོད་དོ། །དེ་ཡང་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་མེ་ལོང་གི་གཟུགས་བརྙན་དང་མཚུངས་པའོ། །དེ་ལས་བྱུང་བ་ན་ཨ་ལས་བྱུང་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ལྷན་སྐྱེས་ཀྱི་ལུས་ལ་བརྗོད་དོ། །ཨ་དེ་ཡང་ཡིག་འབྲུ་ཀུན་གྱི་མཆོག་སྟེ་གཞོམ་དུ་མེད་པའི་ཕྱིར་རོ། །སྒྲིབ་པ་དང་བྲལ་བ་ཉིད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཡུལ་གཅིག་ཏུ་འདྲེས་པའི་ཕྱིར་རོ། །དེ་ལྟར་ཡང༌། མར་མེ་ལྟ་བུར་འབར་བ་ནི། །སྙིང་གི་དབུས་སུ་གཞོམ་དུ་མེད། །མཆོག་ཏུ་མི་འགྱུར་ཕྲ་བ་སྟེ། །ཁྱབ་བདག་དོན་ཆེན་མཆོག་ཉིད་དོ། །ལྟེ་བར་ཕྱག་རྒྱ་ཆེན་པོ་གནས། །སྒྲོན་མ་འབར་བའི་རྩེ་མོ་འདྲ། །དབྱངས་ཡིག་དང་པོའི་རང་བཞིན་དེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བསྒྲགས། །ཞེས་གསུངས་སོ། །སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་སྟེར་བའི་ཕྱིར་དོན་ཆེན་ནོ། །དེ་ཉིད་ཀྱིས་ནི་ཡི་གེ་དམ་པ་སྐྱེ་འགག་དང་བྲལ་བའོ། །ཆོས་ཀྱི་རང་བཞིན་འོད་གསལ་འཕྲོ་བས་སྣ་བུག་གཡོན་པ་དང་གཡས་པ་དག་ཏུ་དཀྱིལ་འཁོར་བཅུ་རྒྱུ་བ་མེད་པའི་ཕྱིར་ཨ་ཝ་དྷཱུ་ཏཱིར་སོང་བའི་སྲོག་ཉིད་ཀྱིས་ནི་སྲོག་ཆེན་པོའོ། །རྡོ་རྗེ་འཛིན་པ་གཟུགས་བརྙན་གྱི་ལུས་སྒྱུ་མ་ལྟ་བུའི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སྐྱེ་བ་མེད་པ་རྣམ་པར་མི་རྟོག་པའི་དམིགས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །ནི་གང་ཕྱིར་གྱི་དོན་ནམ་ངེས་པར་གཟུང་བའོ། །ཚིག་ཏུ་བརྗོད་པ་ངག་གི་ཕྲེང་བ་འདོན་པ་སྟེ་དེ་དང་བྲལ་བའི་ཕྱིར་ཚིག་ཏུ་བརྗོད་པ་སྤངས་པ་མ་ནིང་གི་བཟླས་པའི་ངོ་བོ་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་འཇུག་པའི་དབྱིབས་ཀྱི་རླུང་གི་ཚུལ་ལོ། །བརྗོད་པ་ཀུན་ཏེ་དབྱངས་དང་གསལ་བྱེད་ཀྱི་བདག་ཉིད་རྣམས་ཀྱི་དང་པོའི་རྒྱུ་ཡིན་པས་བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་གོ །དེ་རྣམས་དོན་


DTG015_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམ་པར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྔགས་ལས་བྱུང་བའི་ཕྱིར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ཁོ་ན་སྟེ། དམིགས་པའི་གནས་ཀྱི་ཕྱིར་དབུ་མ་བདེ་བ་ཡང་དག་པར་རིག་པར་འབྱུང་བ་ཞེས་པའི་དོན་ཏོ། །ཚིག་ཀུན་འོད་གསལ་ཉིད་དུ་རྟོགས་པའི་ཕྱིར་ཚིག་ཀུན་རབ་ཏུ་གསལ་བར་བྱེད་དེ་མཆོག་ཏུ་མི་འགྱུར་པ་ཧའི་རྣམ་པའི་རང་བཞིན་ནོ། །མཆོད་པ་ཤེས་རབ་ཕྱག་རྒྱ་ཆེན་པོའོ། །དེ་ཆེན་པོ་གང་གི་ཡིན་པ་དེ་དེ་བཞིན་ནོ། །འདོད་ཆགས་ཆེན་པོ་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་གང་ཡིན་པ་དེ་དེ་བཞིན་ཏེ་ཕྱི་ནས་འཛིན་པའོ། །ཡང་ན་མཆོད་པ་དགའ་བ་སྟོན་ནོ། །ཆེན་པོ་འཇིག་རྟེན་ལས་འདས་པ་སྟེ་ལྷན་སྐྱེས་རྒྱས་པ་གང་ཡིན་པ་དེ་དེ་བཞིན་ནོ། །རྣམ་པ་དེ་ལྟ་བུའི་འདོད་ཆགས་ཆེན་པོ་མཆོག་ཏུ་མི་འགྱུར་པའི་བདེ་བ་ཆེན་པོ་རྫོགས་པ་དང་མ་རྫོགས་པའི་ཕྱིར་ཡན་ལག་མེད་པའི་རྡོ་རྗེ་སེམས་དཔའི་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སེམས་ཅན་ཐམས་ཅད་དགའ་བར་བྱེད་པའོ། །མཆོད་པ་ཆེན་པོ་ནི་སྔ་མ་བཞིན་ནོ། །ཞེ་སྡང་ཆེ་མི་བསྐྱོད་པའོ། །ཉོན་མོངས་ཀུན་དབུགས་འབྱུང་རྡུལ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་རྣམས་ཀྱི་དགྲ་ཆེན་པོ་འཇོམས་བྱེད་དེ་བདེ་བ་ཆེན་པོའི་རིག་པ་ཉིད་ཀྱིས་མི་གཡོ་བ་ཞེས་པའི་དོན་ཏོ། །མཆོད་པ་ཆེན་པོ་བཤད་ཟིན་ཏོ། །གཏི་མུག་ལས་ཤིན་ཏུ་འདས་པའི་ཕྱིར་གཏི་མུག་ཆེའོ། །དེ་བས་ན་གཏི་མུག་རྣམ་པར་མི་རྟོག་པའི་བློ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གང་གི་ཡིན་པ་དེ་དེ་བཞིན་ནོ། །གཏི་མུག་ཁུ་བ་འཕོ་བའོ། །དེ་སེལ་བ་ཟ་བའི་ཕྱིར་གཏི་མུག་སེལ་ལོ། །ཁྲོ་བ་ཆེ་རྣམ་པར་རྟོག་པ་དང་ཉོན་མོངས་པ་ཐམས་ཅད་བརླག་པའི་ཕྱིར་རོ། །ཁྲོ་བ་ལས་འདས་པའི་ཕྱིར་ཁྲོ་བ་ཆེན་པོ་དགའ་བྲལ་འགོག་པ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དགྲ་ཆེ་བ་ལུས་ངག་སེམས་ཀྱི་རྡོ་རྗེ་རྣམས་གཅིག་ཏུ་འདྲེས་པར་བྱེད་པའི་ཕྱིར་རོ། །འཕོ་བའི་ཆགས་པ་ལས་འདས་པས་མཆོད་པ་ཆེན་པོ་ཆགས་པ་ཆེ་སྟེ་མཆོག་ཏུ་མི་འགྱུར་པའི་ཐབས་ཀྱིས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཆགས་པ་ཐམས་ཅད་སེལ་བར་བྱེད་དེ་འགྱུར་པའི་བདེ་བའི་ཆགས་པ་སེལ་བར་བྱེད་ཅེས་པའི་དོན་ཏོ། །ལྷན་ཅིག་སྐྱེས་པའི་སྐུ་མངོན་པར་དགའ་བ་མཐར་ཐུག་པར་གྱུར་པ་ཉིད་ཀྱིས་སྨིན་མཚམས་ཀྱི་ཆུ་སྐྱེས་སོ། །


DTG015_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགའ་ཞིག་གི་འདོད་པས་ནོར་བུའི་རྩ་བར་འདོད་པ་ཆེན་པོའི་སྐུའི་དགའ་བ་ཞེས་པའི་དོན་ཏོ། །དེ་ཉིད་དུ་དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་གསུང་མངོན་པར་དགའ་བ་ཉིད་ཀྱིས་བདེ་བ་ཆེ་གསུང་གི་དགའ་བ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་དུ་ལྷན་ཅིག་སྐྱེས་པའི་ཐུགས་ཀྱི་མངོན་པར་དགའ་བ་ཉིད་ཀྱིས་དགའ་བ་ཆེན་པོ་ཐུགས་ཀྱི་དགའ་བ་ཞེས་བྱ་བའི་དོན་ཏོ། །དགའ་བ་ཆེན་པོའི་དགའ་བ་འདི་ཡིན་པས་མགུ་བ་ཆེ་སྟེ་དེར་དེ་ཁོ་ན་བཞིན་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་པར་དགའ་བ་ཉིད་ཀྱིས་ཡེ་ཤེས་ཀྱི་དགའ་བའོ། །འདིས་སད་པའི་གནས་སྐབས་བཅོམ་ནས་སྤྲུལ་བའི་སྐུའི་དགའ་བ་བཞིའི་དབྱེ་བས་བསྟན་པའོ། །རྣམ་པར་མི་རྟོག་བདེ་བ་ཆེ། །འདོད་པའི་མཚན་ཉིད་བདག་ཉིད་ཅན། །འདི་ནི་དགའ་བ་བདེ་བ་ཡི། །ཁྱིམ་གྱི་སྒོ་ཡི་ཐེམ་པ་འདྲ། །ཨེ་མ་ཧོ་བདེ་བ་བདེ་བ་ཆེ། །ཨེ་མ་ཧོ་ཇི་ལྟར་ཇི་ལྟར་བཟའ། །ཇི་ལྟར་འདོད་པ་མཆོག་སེམས་སུ། །དགའ་བ་སྣ་འདྲེན་ལྟ་བུའོ། །ད་ནི་མཆོག་ཏུ་དགའ་བའི་དབྱེ་བ་བསྟན་པར་བྱ་སྟེ། དེ་ལ་གཟུགས་ཆེ་ཞེས་པ་སྙིང་གའམ། ཁ་ཅིག་གི་བཞེད་པས་ནོར་བུའི་དབུས་སུ་གཟུགས་ཆེན་པོ་བདེ་བ་ཡང་དག་པའི་རྟོག་པ་རྒྱས་པ་གང་ཡིན་པ་དེ་དེ་བཞིན་ནོ། །བདེ་བ་ཆེན་པོའི་རང་བཞིན་ཉིད་ཀྱིས་ཁམས་གསུམ་སྤྱིའི་ཁྱབ་བྱེད་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་གི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་ལུས་ཀྱང་ཆེ་བ་འོད་གསལ་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི་ཕྱིར་སྐུའི་མཆོག་ཏུ་དགའ་བའོ། །ལོངས་སྤྱོད་རྫོགས་པའི་སྣང་བ་བྱེད་པའི་ཕྱིར་ཁ་དོག་ཆེ་བ་སྟེ་འཇིག་རྟེན་ལས་འདས་པའི་ཁ་དོག་ཅེས་པའི་དོན་ཏོ། །རང་བཞིན་གྱི་འོད་གསལ་བ་ཉིད་ཀྱིས་ལུས་པོ་ཆེ་སྟེ་ཁྱབ་བདག་ཅེས་པའི་དོན་ཏོ། །འདི་གཉིས་ཀྱི་གསུང་གི་མཆོག་དགའ་གསུངས་སོ། །མཆོག་ཏུ་གསང་ཆེན་ཉིད་ཀྱི་མིང་ཙམ་ལས་ཀྱང་འདས་པའི་ཕྱིར་མིང་ཡང་ཆེ་བའོ། །བདེ་བརྒྱ་ཆེ་བའི་ཕྱིར་རྒྱ་ཆེ་བའོ། །ཚིག་འདི་དག་གིས་ནི་ཐུགས་ཀྱི་མཆོག་དགའ་བརྗོད་པའོ། །དཀྱིལ་བདེ་བ་སྙིང་པོ་འཁོར་ལེན་པ་ཆེན་པོ་ཡངས་པ་ཤིན་ཏུ་རྒྱ་ཆེ་བས་ན་དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་ནོ། །སྒྱུ་མ་ལྟ་བུའི་འོད་གསལ་ཉིད་ཀྱིས་འགྲོ་བ་ལ་ཁྱབ་པའི་ཕྱིར་འདིས་ནི་ཡེ་ཤེས་ཀྱི་མཆོག་དགའོ། །འདི་ནི་རྨི་ལམ་གྱི་གནས་སྐབས་བཅོམ་པས་ལོངས་སྤྱོད་རྫོགས་པའི་སྐུའི་མཆོག་ཏུ་དགའ་


DTG015_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིའོ། །དངོས་རྣམས་དངོས་ཉིད་དུ་སྒྲོ་བཏགས། །སྟོང་པ་ཉིད་ཀྱིས་བརླབས་བྱས་ཕྱིར། །རང་བཞིན་མེད་པའི་སྦྱོར་བདག་ཉིད། །མཆོག་ཏུ་དགའ་བའི་ངོ་བོ་ཉིད། །ཅེས་ཀྱང་གསུངས་སོ། །ད་ནི་གཉིད་ལོག་པའི་གནས་སྐབས་ཟད་པས་ཆོས་ཀྱི་སྐུའི་རང་བཞིན་སྒྱུ་མ་ལྟ་བུའི་བདག་ཉིད་བྱིན་གྱིས་བརླབས་པ་ཉིད་ཀྱིས་དགའ་བྲལ་གྱི་དབྱེ་བ་བཞི་གསུངས་པ་ཤེས་རབ་ཆེན་པོ་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཀྱི་ཕྱིར་རོ། །དེའི་མཚོན་ལུས་ཀྱི་དགའ་བྲལ་སྟེ་ནོར་བུའི་རྩེ་མོའི་ནང་ངམ་ལྟེ་བའི་པདྨར་འཛིན་པའི་ཕྱིར་ཤེས་རབ་ཆེན་པོའི་མཚོན་འཆང་བའོ། །འདིས་སྐུའི་དགའ་བྲལ་གསུངས་སོ། །ཉོན་མོངས་རང་བཞིན་གྱི་འདོད་ཆགས་ལ་སོགས་པའོ། །དེ་རྣམས་ཀྱི་ལྕགས་ཀྱུར་གྱུར་པའི་ཕྱིར་ཉིན་མོངས་ལྕགས་ཀྱུ་ཆེ་བའོ། །དེ་ཡང་གསུང་གི་དགའ་བྲལ་ལོ། །དེ་བས་ན་མཆོག་སྟེ་ལྷན་ཅིག་སྐྱེས་པའི་དགའ་བ་འཐོབ་པའི་རྒྱུའི་ཕྱིར་རོ། །གྲགས་ཆེན་ལྷན་ཅིག་སྐྱེས་པ་གཞོམ་དུ་མེད་པ་རྒྱས་པའི་སྒྲས་འགྲོ་བ་སད་པར་བྱེད་པའི་ཕྱིར་རོ། །སྙན་གྲགས་ཆེན་པོ་སྟེ། བདེ་བ་ཆེན་པོས་ཐམས་ཅད་ཀྱི་དགའ་བ་བསྐྱེད་པའི་ཕྱིར་རོ། །ཚིག་འདི་ཉིད་ཀྱིས་ཐུགས་ཀྱི་དགའ་བྲལ་བརྗོད་དོ། །ཆོས་ཐམས་ཅད་ཀྱི་སྐྱེ་བ་དང་འགག་པ་རང་བཞིན་གྱིས་དྲི་མ་མེད་པའི་སྣང་བའི་ཕྱིར་སྣང་བ་ཆེན་པོའོ། །གཟུང་བ་དང་འཛིན་པའི་སྤྲོས་པ་དང་བྲལ་བའི་བདེ་བ་ཉམས་སུ་མྱོང་བ་གསལ་བར་བྱེད་པའི་ཕྱིར་གསལ་བ་ཆེ་བའོ། །ཚིག་འདི་དག་གིས་ཡེ་ཤེས་ཀྱི་དགའ་བྲལ་ཡང་དག་པར་བསྟན་ཏོ། །འདི་དག་གིས་ནི་འདི་ལྟར་གསུངས་པ་སྟེ། རྡོ་རྗེ་བླ་མའི་ཞལ་ནས་མ་རིག་པའི་གཉེན་པོའི་སྐད་ཅིག་བདེ་བ་གང་ཐོབ་པ་དེ་ཉིད་ཀྱི་གྲིབ་མ་ལྟར་ཅུང་ཟད་རྗེས་སུ་མཐུན་པའི་བདེ་བའི་དཔེས་ཇི་ལྟར་རི་མོའི་ཐང་སྐུ་མེ་ལོང་གི་ནང་དུ་ཉེ་བར་མཚོན་པ་ལྟར་དེ་ལྟ་བུ་ཁོ་ནའི་བདེ་བའི་རྣམ་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་འཆང་བ་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ལོངས་སྤྱོད་རྫོགས་སྐུ་ཤེས་པར་བྱའོ། །དེ་ལྟར་ཡང༌། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་ཅུས་སྤྲས། །བཙུན་མོའི་བ་ག་བདེ་ཆེན་དུ། །ཁུ་བ་ཞེས་བྱ་རྣམ་པར་གནས། །ཞེས་གསུངས་སོ། །ཡང༌། ཨེ་མ་ཧོ་ཤེས་ཏེ་ཨེ་


DTG015_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མའོ་ཤེས། །ཨེ་མའོ་འདི་དག་གསལ་བར་ཤེས། །འདི་ནི་མཆོག་ཏུ་འབད་པའི་སེམས། །དགའ་བྲལ་དགའ་བ་ཙམ་ཉིད་དོ། །ཞེས་གསུངས་སོ། །ད་ནི་བཞི་པའི་གནས་སྐབས་བཅོམ་པས་བདེ་བ་ཆེན་པོའི་སྐུར་གནས་པའི་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བའི་དབྱེ་བ་བཞི་པོ་གསུངས་པ། །ཆགས་པ་དང་ཆགས་བྲལ་མེད་པས་ཆགས་པ་ཆེན་པོའི་ངོ་བོ་སྒྱུ་འཕྲུལ་ཆེན་པོ་ཡེ་ཤེས་ཀྱི་ཕྱག་རྒྱའོ། །བརྗོད་དུ་མེད་པ་དེ་དེའི་བདག་ཉིད་དུ་འཛིན་པས་ན་སྒྱུ་འཕྲུལ་ཆེན་པོ་འཆང་ངོ༌། །དེ་ཉིད་ཀྱི་ཕྱིར་མཁས་པ་ནོར་བུའི་ལྟེ་བའི་ནང་དུ་མི་འཕོ་བའི་བདེ་བ་རིག་པའི་ཕྱིར་རོ། །འདིས་སྐུའི་ལྷན་སྐྱེས་ཀྱི་དགའ་བ་གསལ་པར་བྱས་སོ། །སྒྱུ་འཕྲུལ་ཆེན་པོ་ཕྱག་རྒྱ་ཆེན་པོ་སྟེ་དེའི་འཕྲོ་བས་འགྲོ་བའི་དོན་སྒྲུབ་པར་བྱེད་པའི་ཕྱིར་སྒྱུ་འཕྲུལ་ཆེན་པོའི་དོན་སྒྲུབ་པའོ། །འདིས་གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་རབ་ཏུ་བསྟན་ཏོ། །སྒྱུ་འཕྲུལ་ཆེན་པོའི་དོན་བཤད་པ་འདི་ཉིད་དོ། །དེའི་དགའ་བ་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བའོ། །དེར་དགའ་བ་ཐིམ་པ་སྟེ་བདེ་བ་ཆེན་པོ་གཅིག་ཏུ་འདྲེས་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་མཚོན་ཏོ། །སྒྱུ་འཕྲུལ་ཆེན་པོ་སངས་རྒྱས་ཀྱི་སྒྱུ་འཕྲུལ་མིག་འཕྲུལ་ཅན་མཆོག་གི་སྒྱུ་འཕྲུལ་ཅན་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་རྣམས་མཆོག་ཏུ་མི་འགྱུར་པ་ཉིད་ཐོབ་པས་འཁོར་ལོ་སོ་སོར་ས་གཉིས་གཉིས་སོ་སོར་དམིགས་པའི་རིམ་པས་རྡོ་རྗེ་ནོར་བུའི་རྩེ་མོ་ནས་སླར་བཟློག་ནས་གཙུག་ཏོར་ཀྱི་འཁོར་ལོའི་ལྟེ་བར་གནས་པའི་སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན་ནོ། །ནོར་བུའི་ལྟེ་བའི་ནང་དང་གཙུག་ཏོར་གྱི་གནས་ཏེ་གནས་གཉིས་སུ་གནས་པའི་ཕྱིར་རོ། །འདི་དག་གིས་ནི་དགའ་བ་བཅུ་དྲུག་གི་རང་བཞིན་བཅོམ་ལྡན་འདས་རབ་ཏུ་བསྟན་ཏོ། །དེ་ལྟར་ཡང་དྲི་མ་མེད་པའི་འོད་ལས། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །སད་པ་རྨི་གཉིད་བཞི་པ་ཡིན། །དབང་པོ་གཉིས་ཀྱི་བདེ་བ་


DTG015_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མིན། །ཡེ་ཤེས་ཐུགས་དང་གསུང་དང་སྐུ། །གནས་བཞི་རྣམས་སུ་ཡང་དག་གནས། །ལས་ཀྱི་ཕྱག་རྒྱ་ཡོངས་སུ་དོར། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེན་པོ་ལས་སྐྱེ་ཡི། །ལྷན་ཅིག་སྐྱེས་པ་གཞན་དག་མིན། །ཞེས་གསུངས་སོ། །གཞན་ཡང༌། དངོས་དང་དངོས་པོ་མེད་པ་དབེན་པ་ཉིད་བྲལ་གང་དུ་རང་ཉིད་མཛེས། །འཇམ་པའི་དགའ་བའི་བདག་ཉིད་རབ་རྒྱས་མཆོད་འོས་ནམ་མཁའི་མཐའ་ཁྱབ་བྱེད། །རྣམ་པ་སྣ་ཚོགས་རྣམ་རྒྱས་དྲི་མེད་ཉིད་ཀྱི་མེ་ལོང་དཀྱིལ་འཁོར་འཕྲོ། །ཕལ་ཆེར་བདེ་བའི་གཞི་དེ་ལྷན་ཅིག་སྐྱེས་དགའ་བཞི་པ་ཞེས་གྲགས་པ། །སྨིན་མཚམས་པདྨར་ལྷན་སྐྱེས་མངོན་པར་དགའ་བའི་དབའ་རླབས་སྙིང་གི་པད་ཁྱིམ་གྱི། །དཀྱིལ་དུ་བརྟགས་པའི་རྣམ་རྟོག་དུ་མའི་གནས་ཀྱི་བསྐྱོད་སེམས་རྣམ་པར་བཀྲ་བ་མཆོག །ལྟེ་བའི་པདྨར་གཟུང་བ་མཐའ་གཅིག་སྤྲོ་བ་ལུས་པ་མེད་པ་དབའ་རླབས་འབར། །རྡོ་རྗེ་མཚོ་སྐྱེས་ཆགས་བསྐལ་བཟང་གཉིས་མེད་བདེ་བའི་བདག་ཉིད་རྒྱལ་གྱུར་ཅིག །ནོར་བུའི་རྩ་བར་སེམས་ཀྱི་དགའ་བ་ཙམ་ནི་རབ་ཏུ་རྒྱས། །སླར་ཡང་ནོར་བུའི་དབུས་སུམ་ལུས་ཀུན་དུ་རྟོག་པ་འདྲེས། །དེ་ཡི་རྗེས་ལ་རྩེ་མོའི་ནང་དུ་ངལ་སོ་འཁྲུལ་རྟོག་མེད། །ལྷན་སྐྱེས་ལས་སྐྱེས་གང་ཡང་འདམ་སྐྱེས་ལ་གནས་རྒྱས་པར་འགྱུར། །ཞེས་པ་ནི་ཕྱོགས་གཞན་ནོ། །སྦྱིན་པ་ཆེན་པོ་ཕྱི་ནང་གི་དངོས་པོ་མཐའ་དག་ཡོངས་སུ་གཏོང་བ་དང་རྣམ་པར་རྟོག་པའི་སྤྲོས་པ་དང་ཡིད་ཀྱི་རྣམ་འཕྲུལ་གཏོང་བའོ། །དེའི་བདག་པོ་རྗེ་བོ་ལྷན་ཅིག་སྐྱེས་པའི་དགའ་བ་བཅོམ་ལྡན་འདས་ཀྱི་དབང་དུ་གྱུར་པའི་ཕྱིར་རོ། །དེ་བས་ན་གཙོ་བོ་དེ་འཇིག་རྟེན་པའི་སྦྱིན་བདག་དང་མི་མཉམ་པའི་ཕྱིར་རོ། །ཕྱི་རོལ་གྱི་ཕྱག་རྒྱ་དང་འགྲོགས་པའི་བྱང་ཆུབ་ཀྱི་སེམས་མི་འཕོ་བ་ཚུལ་ཁྲིམས་ཆེན་པོའོ། །དེ་དེའི་བདག་ཉིད་དུ་འཛིན་པས་ཚུལ་ཁྲིམས་ཆེན་པོ་འཆང་བའོ། །མཆོག་ནོར་བུའི་ལྟེ་བའི་མཐར་གནས་པའོ། །ཕྱི་རོལ་གྱི་སྒྲ་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པ་བཟོད་ཆེན་ཏེ་དེ་འཛིན་པས་བཟོད་ཆེན་འཆང་བའོ། །དེ་ཉིད་ཀྱི་ཕྱིར་བརྟན་པ་སྟེ་འདི་མཆོག་ཏུ་བརྟན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྣ་བུག་གཡས་གཡོན་གྱི་དཀྱིལ་འཁོར་བཅུའི་རླུང་བཅོམ་པས་ཨ་ཝ་དྷཱུ་ཏཱིར་འཇུག་པ་བརྩོན་འགྲུས་ཆེན་པོའོ། །དེ་ལས་བརྟུལ་


DTG015_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་བརྩོན་ཆེན་གང་ཡིན་པ་དེ་དེ་བཞིན་ནོ། །ལྷན་ཅིག་སྐྱེས་པའི་བདེ་བར་གནས་པའི་སེམས་བསམ་གཏན་ཆེན་པོའོ། །དེ་ཁོ་ན་ཉིད་ཏིང་ངེ་འཛིན་ཏེ། ཕྱི་རོལ་གྱི་རྣམ་པར་གཡེང་བ་མེད་པའི་ཕྱིར་རོ། །དེ་ལ་མི་གནས་པའི་སྦྱོར་བར་གནས་པས་དེ་དེ་ལྟར་གསུངས་སོ། །ཤེས་རབ་ཆེན་པོ་གཞོམ་དུ་མེད་པ་ཀུན་དུ་སོན་པས་གསུང་ཐམས་ཅད་པའོ། །དེ་ཉིད་ལུས་ཏེ་བྲག་ཅ་ལྟ་བུ་ལོངས་སྤྱོད་རྫོགས་པ་ཆེན་པོའི་ལུས་སུ་སྣང་བའི་ཕྱིར་རོ། །དེ་དེའི་བདག་ཉིད་འཛིན་པ་ནི་དེ་བཞིན་ནོ། །དོན་འདི་ཡང་དཔལ་དང་པོའི་སངས་རྒྱས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས་བཤད་པ། །ནོར་གཏོད་སྦྱིན་པ་བུད་མེད་འགྲོགས་ལས་ཡིད་ཀྱི་འཕོ་བ་མེད་པ་ཡང་ནི་ཚུལ་ཁྲིམས་ཏེ། །སྒྲ་ལ་སོགས་པ་མ་ཞེན་བཟོད་པ་གཉིས་ཀར་སོན་པའི་རླུང་ཉིད་ཉམས་པས་བརྩོན་འགྲུས་སོ། །བསམ་གཏན་དང་ནི་ཤེས་རབ་ལྷན་སྐྱེས་བདེ་བར་སོན་པའི་སེམས་དག་ཀུན་སོན་གསུང་ཐམས་ཅད། །ཅེས་སོ། །ཕ་རོལ་ཏུ་ཕྱིན་བ་དྲུག་རྣམ་པར་དག་པས་དགྱེས་པའི་རྡོ་རྗེ་ཕྱག་དྲུག་པའོ་ཞེས་ཁ་ཆེ་བའི་དགའ་འགྲེལ་རྒྱས་པ་ལས་ཀྱང་ངོ༌། །སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་སྲིད་པའི་མཐའི་ཡེ་ཤེས་སྟོབས་གཉིས་སུ་མེད་པ་དེ་དེ་གང་ཡིན་པ་བཞིན་ནོ། །ཆེ་བ་སྙིང་རྗེའི་ཁུ་བའི་སྟོབས་ཀྱིས་འགྲོ་བའི་དོན་ལ་སྦྱོར་བའི་ཕྱིར་ཐབས་ཆེ་བ་སྟེ། དངོས་པོའི་ཚོགས་རང་བཞིན་མེད་པ་མངོན་སུམ་དུ་བྱས་ཀྱང་བདེ་བ་ཆེན་པོ་མཐའ་གཅིག་པ་ཉིད་ཀྱིས་འཁོར་བའི་བར་དུ་འགྲོ་བའི་དོན་འཕྲོ་བའི་ཕྱིར་རོ། །མ་སྐྱེས་པ་ཉིད་ཐོབ་ནས་སྒྱུ་མ་དང༌། རྨི་ལམ་དང༌། དྲི་ཟའི་གྲོང་ཁྱེར་གྱི་རང་བཞིན་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་ནས་བྲག་ཅ་བཞིན་དུ་སངས་རྒྱས་ཀྱི་ཆོས་སྟོན་པ་ཉིད་ཀྱིས་ཀྱང་སྨོན་ལམ་གྱི་ཡེ་ཤེས་ང་རྒྱལ་མེད་པ་རྣམས་ཀྱི་རྒྱ་མཚོ་སྟེ་འབྱུང་གནས་སོ། །འདི་དག་གིས་ནི་ཐབས་དང༌། སྨོན་ལམ་དང༌། སྟོབས་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞིའོ། །དེ་ཡང་དེ་ཡི་འགྲོ་དོན་རྫུ་འཕྲུལ་སྲིད་པའི་མཐའ་མ་སྐྱེ་མེད་ཐོབ་པ་གཞན་ནི་བཞི་པོ་རྣམས། །ཞེས་གསུངས་སོ། །འདིར་འགྲོ་དོན་ཞེས་པ་ཐབས་སོ། །རྫུ་འཕྲུལ་ཞེས་པ་སྨོན་ལམ་མོ། །སྲིད་པའི་མཐའ་མ་ཞེས་པ་སྟོབས་སོ། །སྐྱེ་མེད་ཐོབ་པ་ཞེས་པ་ཡེ་ཤེས་སོ། །ཕ་རོལ་ཕྱིན་པ་བཞི་པོ་འདི་རྣམས་ཤེས་རབ་དེ་ཉིད་ཁོ་ནའི་གཞན་ཞེས་


DTG015_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཁྱད་པར་དུ་གྱུར་པའི་རྣམ་པའི་ངོ་བོ་ཉིད་དོ་ཞེས་པའི་དོན་ཏོ། །གཞན་དུ་ན་ཚིགས་བཅད་ནི་སྤྲེལ་བར་འོས་པའི་ཕྱིར་རོ། །ཤེས་བྱའི་དཀྱིལ་འཁོར་མཐའ་དག་བདེ་བ་ཆེན་པོའི་རྣམ་པ་ཉིད་ཀྱིས་འཇིག་རྟེན་ལས་འདས་པའི་བདེ་བ་ཡང་དག་པར་ལྡན་པ་འགྲོ་བ་ལ་འཕྲོ་བའི་ཕྱིར་བྱམས་ཆེན་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དཔག་ཏུ་མེད་དོ། །རྟག་པར་རྒྱུན་ཏུ་རང་དབང་དུ་གྱུར་པའི་བདེ་བ་ཆེན་པོ་ཉིད་ཀྱིས་འགྲོ་བ་སྡུག་བསྔལ་དང་བྲལ་བར་བསྒྲུབ་པའི་ཕྱིར་སྙིང་རྗེ་ཆེན་པོའོ། །དེ་བས་ན་བློའི་མཆོག་སྟེ་ནོར་བུའི་ལྟེ་བའི་རྩེ་མོར་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་ཕྱིར་རོ། །བདུད་དང་ཉོན་མོངས་སྙོམས་འཇུག་དང༌། །ཤེས་བྱའི་སྒྲིབ་པ་ཁོ་ན་ཡང༌། །ཁྲོ་བ་ཆེན་པོས་ངེས་པར་བསྲེགས། །སྟོབས་ཙམ་དག་ནི་བསྲུངས་པ་ཡིན། །ཞེས་ཀྱང་གསུངས་ཏེ། བྱམས་པ་ལ་སོགས་པའི་དབང་གིས་ཞེས་པའོ། །ཤེས་རབ་ཆེན་པོ་ཕྱག་རྒྱ་ཆེན་པོ་སྟེ་དེ་དེའི་བདག་ཉིད་དུ་གང་ལ་ཡོད་པ་དེ་ཤེས་རབ་ཆེན་པོའོ། །ཆེན་པོ་ཡང་ཡིན་ལ་ཤེས་རབ་ཀྱང་འདི་ཡིན་པས་ཤེས་རབ་ཆེན་པོ་སྟེ་ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་པའོ་ཞེས་པའི་དོན་ཏོ། །བློ་ཆེན་ལྡན་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཀྱིས་སེམས་ཅན་གྱི་དོན་མི་གཏོང་བའི་ཕྱིར་རོ། །དེ་བས་ན་མཁས་པ་ཆེན་པོ་སྟེ་འདོད་པའི་གནས་སྐབས་བཅུ་ཤེས་པའོ། །འདོད་པའི་གནས་སྐབས་བཅུ་ཡང་སོ་སོར་སྡུད་པའི་ཡན་ལག་དུ་བ་ལ་སོགས་པའི་མཚན་མ་བཅུའོ། །དེ་ལྟར་ཡང་དཔལ་དུས་ཀྱིས་འཁོར་ལོ་ལས། བསམ་པ་འདོད་པ་ཡན་ལག་ཚ་གདུང་མཆོག་གི་བྱད་བཞིན་པདྨ་སྐམ་ཞིང་གཞན་དུ་འཇུག ། འདར་དང་སྨྱོ་བ་འཐིབས་རྨུགས་ཡིད་འཁྲུགས་པ་དང་མི་བཟད་བརྒྱལ་བདག་ནི་རབ་ཏུ་འབྱུང༌། །དེ་རྣམས་རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་པ་རྣམ་བཅུ་རབ་གསལ་སྲོག་ཆགས་ཀྱི་ལུས་ལ། །འདོད་པའི་གནས་སྐབས་འཇིག་རྟེན་དུ་ནི་རྣམ་པ་རབ་གསལ་རྒྱལ་བ་གང་ཞིག་འདོད་པ་གང༌། །ཞེས་གསུངས་སོ། །ཏིང་ངེ་འཛིན་གྱི་ཡན་ལག་གསལ་བར་གྱུར་པས་ལྷན་ཅིག་སྐྱེས་པའི་དགའ་བ་བྱང་ཆུབ་སེམས་ཀྱི་ཉམས་ཀྱིས་རླུང་ཉི་ཁྲི་ཚིག་སྟོང་དྲུག་བརྒྱ་ལ་ཁྱབ་པའི་ཕྱིར་རྫུ་འཕྲུལ་ཆེན་པོའི་སྟོབས་དང་ལྡན་ནོ། །ཤུགས་ཆེན་བྱང་ཆུབ་ཀྱི་སེམས་འཕོས་པ་ཉིད་ཀྱིས་རྩ་ཐམས་ཅད་དུ་ཡང་དག་པར་


DTG015_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབབ་པའི་ཕྱིར་རོ། །ཀུན་རྫོབ་དང་དོན་དམ་པའི་རིམ་པས་ལུས་ཐམས་ཅད་ལ་ཁྱབ་པའི་ཕྱིར་མགྱོགས་པ་ཆེན་པོའོ། །བདེ་བ་ཆེན་པོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཕྱིར་རྫུ་འཕྲུལ་ཆེན་པོའོ། །དེ་བས་ན་དབང་ཆེན་གྲགས་པ་ཞེས་བྱ་སྟེ། དངོས་པོ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཕྱིར་འདོད་བྱར་འགྱུར་པས་ན་དབང་ཕྱུག་ཆེ་བ་ཞེས་གྲགས་པ་གང་ཡིན་པ་དེ་ཆེ་བར་གྲགས་པ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་པའི་དོན་ཏོ། །མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པའི་ལས་བྱེད་པ་རྣམས་ཀྱང་བདེ་བ་ཆེན་པོའི་མཐའ་གཅིག་ཏུ་བྱེད་པའི་ཕྱིར་སྟོབས་ཆེན་ཕ་རོལ་གནོན་པའོ། །གདོལ་པ་སྨྱིག་མ་མཁན་ལ་སོགས། །མཚམས་མེད་ལྔ་པོ་བྱེད་པ་དག །གསང་སྔགས་ཐེག་པ་སྤྱོད་པ་ཡིས། །ཚེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་ཀྱང་གསུངས་སོ། །སྲིད་པའི་འདོད་ཆགས་ལ་སོགས་ཉོན་མོངས་པའོ། །དེ་ཉིད་རི་བོ་སྟེ་མི་ཤེས་པའི་མཐའ་ཉི་ཤུའི་ཕྱིར་རོ། །བཤིག་པར་དཀའ་བའི་ཕྱིར་ཆེན་པོའོ། །དེ་འཇོམས་པ་ཆགས་པ་ཆེན་པོའི་རྗེས་སུ་ཆགས་པས་ཕྱིན་ཅི་མ་ལོག་པ་ཡང་དག་བའི་ཡེ་ཤེས་རྙེད་པའི་ཕྱིར་རོ། །བདེ་བ་ཆེན་པོའི་གནས་ཐོབ་པ། །ཞེས་བྱ་བའི་དོན་ཏོ། །སྣང་བ་དང་སྣང་བ་མཆེད་པ་དང༌། སྣང་བ་ཉེ་བར་ཐོབ་པ་དང༌། སྣང་བ་མེད་པའི་མཚན་ཉིད་ནི་རྡོ་རྗེ་ཆེན་པོ་འཛིན་པ་དེ་དེ་བཞིན་ནོ། །དེ་བས་ན་མཁྲེགས་པ་སྟེ་བདེ་བ་བར་མཚམས་མེད་པའི་ཕྱིར་རོ། །དྲག་པོ་གྱེན་རྒྱུ་དང་ཐུར་སེལ་གྱི་རླུང་སྟེ་གདུལ་བར་དཀའ་བའི་ཕྱིར་རོ། །དེ་ལས་འདས་པའི་ཕྱིར་དྲག་པོ་ཆེན་པོ་སྟེ། རླུང་ཐམས་ཅད་མཆོག་ཏུ་མི་འགྱུར་པའི་རོ་ཆེན་པོར་བསྒྱུར་པའི་ཕྱིར་རོ། །ཡུལ་དང་བདག་པོ་ལ་སོགས་པ་འཁོར་བའི་སྡུག་བསྔལ་སྟོར་བའི་ངོ་བོ་དག་བསྡུས་ནས་བདེ་བ་ཆེན་པོ་གཅིག་ཏུ་ཐིམ་པས་དྲག་ཤུལ་ཆེའོ། །འཇིགས་ཆེན་རྟག་པ་དང༌། ཆད་པའི་མཐར་ལྷུང་བ་སྟེ་དེའི་འཇིགས་པ་དངོས་པོ་མེད་པར་བྱེད་པས་ན་འཇིགས་ཆེན་འཇིགས་པ་བྱེད་པ་པོའོ། །རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །མགོན་པོ་རྗེ་བོ་རིགས་མཆོག་ཕྱག་རྒྱ་ཆེན་པོ་དེས་མཆོག་སྟེ་རྟག་ཏུ་རྗེས་སུ་འགྲོ་བའི་ཕྱིར་རོ། །བླ་མ་


DTG015_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞན་རྣམས་ལ་ཡང་བདེ་བའི་རང་བཞིན་ཉེ་བར་སྟོན་པའི་ཕྱིར་རོ། །གསང་སྔགས་ཆེ་བ་བདེ་བ་ཆེན་པོའི་ཡེ་ཤེས་དེས་མཆོག་སྟེ་ཁ་ན་མ་ཐོ་བ་མེད་པ་སྟེ་ཞེས་པའི་དོན་ཏོ། །ཐེག་པ་ཆེན་པོ་བདེ་བ་ཆེན་པོའི་ཡེ་ཤེས་སོ། །ཚུལ་འདིས་ཐོབ་པར་བྱ་བས་ན་ཐེག་པ་ཆེན་པོའི་ཚུལ་ལོ། །རྡོ་རྗེ་དང་པདྨའི་ལྟེ་བའི་རྩེ་མོའི་མཐར་གནས་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོའི་ཚུལ་བཤད་ཟིན་ཏོ། །མཆོག་བསམ་གཏན་བཞི་པའི་རྩེ་མོ་འཛིན་ཞེས་བྱ་བའི་དོན་ཏོ། །འདི་ནི་དཔལ་རྡོ་རྗེ་སེམས་དཔའི་སྒོ་ནས་གཙུག་ཏོར་དང༌། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་གནས་དང༌། ནོར་བུའི་རྩེ་མོར་འགྲོ་བ་དང་འོང་བ་མཚོན་པར་བྱེད་པའི་ཚིགས་སུ་བཅད་པ་བཅུ་བཞིས་བྱང་སེམས་རྡོ་རྗེའི་རྣམ་པར་གཞག་པ་བསྟན་ཏོ། །

དྲུག་པ། རྐང་པས་དམན་པའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔས་ཤིན་ཏུ་རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་བཤད་པ་གསུངས་པ།


DTG010_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེ་བ་ཆེན་པོ་རྒྱས་པའི་ཕྱིར་སངས་རྒྱས་སོ། །རྣམ་པར་སྣང་མཛད་ཀྱི་སྒྲས་རང་བཞིན་གྱིས་འོད་གསལ་བའི་རང་བཞིན་ཡེ་ཤེས་ཏེ། དེ་ཆེན་པོ་གང་གི་ཡིན་པ་དེ་དེ་ལྟར་བཤད་དེ། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཞེས་པའི་དོན་ཏོ། །བརྗོད་དུ་མེད་པའི་བདེ་བ་ཆེན་པོའི་བདག་ཉིད་ཀྱི་ལུས་ངག་ཡིད་རྣམས་ཐུབ་པའི་སྦྱོར་བས་ཐུབ་པ་ཆེན་པོའོ། །དེ་བས་ན་བདེ་བ་ཆེན་པོའི་རང་བཞིན་ཇི་ལྟ་བ་བཞིན་དུ་བྱེད་པས་ན་ཐུབ་ཆེན་ལྡན་ནོ། །ཡིད་ཀྱིས་སྐྱབས་སུ་གྱུར་པའི་ཕྱིར། གསང་སྔགས་བདེ་བ་བརྗོད་པར་བྱ། །ཞེས་པས་གསང་སྔགས་ཆེན་པོ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཉིད་ཚུལ་ཆེན་ཐོབ་པར་བྱ་ཞིང་དྲང་བར་བྱ་བ་སྟེ། དེ་ལས་བྱུང་བས་ན་གསང་སྔགས་ཚུལ་ཆེན་ལས་བྱུང་བ་ཉིད་ཀྱང་བདེ་བ་ཆེན་པོའི་རང་བཞིན་ནོ་ཞེས་བསྟན་པར་བྱ་བའི་དོན་དུ། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་གསུངས་སོ། །དེ་བས་ན། སྔགས་ཀྱི་དེ་ཉིད་གསལ་བ་འདི། །གསུང་གི་རྡོ་རྗེའི་སྒྲུབ་ཐབས་ཡིན། །ཡེ་ཤེས་གསུང་གི་རབ་དབྱེ་བས། །སེམས་ཙམ་ལ་ནི་ངེས་པར་སྦྱར། །ཞེས་གསུངས་སོ། །སླར་ཡང༌། རྣལ་འབྱོར་ཕྱི་ཡི་བཟླས་པ་དོར། །བར་དུ་གཅོད་པ་མི་འགྱུར་རོ། །སྔགས་


DTG015_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོན་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེའི་བདག་ཉིད་ཇི་ལྟར་བཟླས། །ཞེས་གསུངས་སོ། །ཡང་དཔལ་དང་པོ་མཆོག་གི་སངས་རྒྱས་ལས། །བདེ་བ་ཆེན་པོའི་རང་བཞིན་འདི། །གང་བའི་སྒྲ་ཡིས་བརྗོད་པར་བྱ། །གཞན་དངོས་བྱེ་བྲག་ཐམས་ཅད་ནི། །སྤྲོ་དང་སྡུད་པར་བྱེད་པ་པོ། །ཞེས་གསུངས་སོ། །ཆུ་ལ་སོགས་པ་སྔོན་དུ་འགྲོ་བས་འཇིག་རྟེན་ལས་འདས་པའི་དབང་སྦྱིན་པས་ན་སྦྱིན་པ་དང༌། པདྨ་དང་རྡོ་རྗེ་ཡང་དག་པར་སྦྱོར་བར་བྱང་ཆུབ་ཀྱི་སེམས་སྲུང་བས་ན་ཚུལ་ཁྲིམས་དང་ཆོས་ཐམས་ཅད་ནི་གང་དུ་ཡང་མི་གནས་པའོ་ཞེས་ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པ་ཁོང་དུ་ཆུད་པར་བཟོད་པའི་ཕྱིར་བཟོད་པ་དང༌། ཕྱག་རྒྱ་ཆེན་པོ་གསལ་བའི་ངོ་བོར་བརྩོན་པས་བརྩོན་འགྲུས་དང་བསམ་གཏན་བཞི་པར་ཐིམ་པས་བསམ་གཏན་དང༌། བླ་མའི་ཞལ་ལས་རྙེད་པར་བྱ་བ་ཕྱག་རྒྱ་མཆོག་གི་ཤེས་རབ་དང༌། ཏིང་ངེ་འཛིན་གྱི་ཡན་ལག་གསལ་བའི་དོན་དུ་བཙན་ཐབས་ཀྱི་སྦྱོར་བ་ཡང་ཐབས་སོ། །བཙན་ཐབས་ཀྱི་སྦྱོར་བ་ཡང་འདི་ལྟ་སྟེ། གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པས་གཟུགས་བརྙན་མཐོང་ནས་རླུང་ཐམས་ཅད་མ་བསྡམས་པ་ཉིད་ཀྱིས་མི་འགྱུར་པའི་སྐད་ཅིག་སྐྱེ་བར་མི་འགྱུར་ཏེ། དེའི་ཚེ་ནཱ་ད་གོམས་པར་བྱས་པས་ལྷན་ཅིག་སྐྱེས་པའི་དགའ་བ་གོམས་པའི་བཙན་ཐབས་ཀྱི་ཧཱུཾ་གི་རྣམ་པའི་སྒྲ་ཡིས་སྲོག་དབུ་མར་གཞུག་པར་བྱའོ། །འདི་ལྟར་ལེགས་པར་བསླབས་པའི་མཆོག་གི་འདོད་པ་མོ་རྒྱུད་ལས་གསུངས་པའི་ཡོན་ཏན་དང་ལྡན་པ་རྗེས་སུ་ཆགས་པ་མོའི་ཀཀྐོལར་བོ་ལ་ཆོ་ག་བཞིན་དུ་བཅུག་ལ་མི་འདར་བ་ཉིད་ཀྱིས་ངལ་བསོ་སྟེ། དེའི་ཟེའུ་འབྲུའི་ཁར་རྡོ་རྗེ་ནོར་བུ་བཙིར་ནས་ཤིན་ཏུ་དག་པའི་རོས་སྐད་ཅིག་ཙམ་མི་བསྒུལ་བར་བྱའོ། །དེ་ནས་དེ་འགྱུར་པའི་གནས་སྐབས་འབྱུང་བས་ན་ཧཱུཾ་གི་རྣམ་པ་བརྗོད་པ་སྔོན་དུ་འགྲོ་བས་བླ་མ་དམ་པའི་དྲིན་གྱིས་ཐོབ་པ་མངོན་དུ་བྱ་ཞིང་བཞི་བ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འགོག་པའོ། །དེ་ནས་མི་འགྱུར་པའི་སྐད་ཅིག་ཐོབ་པའོ། །འདི་ལྟར་ཡང་ཏིང་ངེ་འཛིན་གྱི་ཡན་ལག་གསལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །ཏིང་ངེ་འཛིན་གྱི་ཡན་ལག་གསལ་བས་སྐད་ཅིག་ལ་


DTG015_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མངོན་པར་བྱང་ཆུབ་པའི་སྐབས་སྐད་ཅིག་འབྱུང་བ་ན་རང་གཞན་གྱི་དོན་ཐམས་ཅད་རྫོགས་པའི་སྨོན་ལམ་དང༌། ནོར་བུའི་ལྟེ་བའི་ནང་ནས་བརྩམས་ཏེ་ལོག་ནས་གཙུག་ཏོར་གྱི་འཁོར་ལོའི་བར་གྱི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་འདི་དག་ཐོབ་པ་མངོན་སུམ་དུ་བྱས་པས་ན་ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་པོ་འདི་དག་ཁོ་ན་གང་གི་གནས་ཡིན་པ་དེ་ཕ་རོལ་ཏུ་ཕྱིན་པ་བཅུའི་གནས་པ་སྟེ། བདེ་བ་མཐའ་གཅིག་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་ཀྱི་གནས་ཡིན་པས་ཕ་རོལ་ཏུ་ཕྱིན་པ་བཅུའི་གནས་སོ། །རྟེན་དང་བརྟེན་པ་ཉིད་མེད་པས་དེའི་བདག་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་བཅུ་དག་པའོ། །དེ་ཡང༌། རྟེན་དང་བརྟེན་པའི་འཕེལ་པ་དག །ཇི་སྲིད་འགྱུར་པ་ཉིད་དུ་འགྲོ། །སེམས་ནི་འགྱུར་མེད་ཉིད་ཐོབ་པ། །རྟེན་དང་བརྟེན་པའི་མཚན་ཉིད་མེད། །ཅེས་གསུངས་སོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པ་བཅུའི་ཚུལ་ལམ་དབྱེ་བས་གང་གི་ཡིན་པ་དེ་དེ་བཞིན་ནོ། །མགོན་པོ་ཏིང་ངེ་འཛིན་གྱི་རྗེས་སུ་འགྲོ་བས་སེམས་ཅན་ཐམས་ཅད་ལྷུན་གྱིས་གྲུབ་པས་བྱིན་གྱིས་བརླབས་པའི་ཕྱིར་རོ། །རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་པོ་གནས་དང་ཉེ་བའི་གནས་ལ་སོགས་པ་ཉི་ཤུ་རྩ་བཞི་མཚན་ཉིད་ཀྱི་དབང་ཕྱུག་གཙོ་བོ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྣམ་པས་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །འདིའི་དོན་ནི་འདི་ལྟ་སྟེ། རྣལ་འབྱོར་སྦྱིན་པས་རབ་ཏུ་དགའ། །ཚུལ་ཁྲིམས་ལྡན་པས་དྲི་མེད་འགྱུར། །བཟོད་པས་འོད་བྱེད་བརྩོན་འགྲུས་ཀྱིས། །འོད་འཕྲོ་བ་འདི་བསོད་ནམས་ཅན། །བསམ་གཏན་གྱིས་དགའ་མངོན་དུ་གྱུར། །ཤེས་རབ་ཀྱིས་ནི་སྦྱང་དཀའ་བ། །ཐབས་ཆེན་པོས་ནི་རིང་དུ་སོང༌། །སྟོབས་དང་ལྡན་བས་མི་གཡོ་འགྱུར། །ལེགས་པའི་བློ་གྲོས་སྨོན་ལམ་གྱིས། །ཡེ་ཤེས་ལྡན་པས་ཆོས་ཀྱི་སྤྲིན། །རྒྱལ་བ་དེ་བཞིན་གཤེགས་པ་ནི། །སོ་སོ་རང་རིག་བཅུ་གཅིག་འགྱུར། །ཞེས་གསུངས་སོ། །དཔལ་ཀུན་དུ་གསང་ཆེན་ལས་ཀྱང༌། །སངས་རྒྱས་ཀུན་གྱི་བདོག་པ་ཀུན། །རང་གི་སེམས་ནི་ཆོས་བསྡུས་པ། །ཆོས་ཀྱི་བདག་མེད་སྦྱོར་བ་ཡིས། །འཆིད་བ་རང་


DTG015_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་གསད་པར་བྱ། །རང་སེམས་ཁོ་ན་གསད་བྱ་སྟེ། །སེམས་ཉིད་ཀྱིས་ནི་གསད་པར་བྱ། །རང་སེམས་ཁོ་ན་རྫོགས་སངས་རྒྱས། །སེམས་ཉིད་ཀྱིས་ནི་རྟོགས་པར་བྱ། །ཞེས་གསུངས་སོ། །ཡང༌། ས་བཅུ་པོ་ལས་འདས་ནས་ནི། །དེ་ནས་རྟགས་ནི་རེངས་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང༌། རང་ཉིད་རྟགས་ནི་རེངས་གྱུར་ན། །པདྨའི་སྟེང་དུ་བསྡད་ནས་སུ། །རྡོ་རྗེ་རྟགས་ནི་བྱིན་བརླབས་པས། །རྡོ་རྗེ་སེམས་དཔའ་དང་པོར་སྐྱེས། །ཞེས་སོ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་པས་བཅུ་པོ་ཁམས་བཅུ་རྣམས་བསྡུས་པའོ། །དེ་ཡང་རླུང་དང༌། སེམས་དང༌། བྱང་ཆུབ་ཀྱི་སེམས་དང༌། ཁྲག་དང༌། རྐང་མར་དང༌། རུས་པ་དང༌། རྒྱུས་པ་དང༌། ཤ་དང༌། དབང་པོ་དང༌། པགས་པའོ། །དེ་རྣམས་ཀྱི་བསྡུ་བ་རོ་མཉམ་པའི་དངོས་པོ་སྟེ། དེ་ལ་གནས་པ་པོ་ནམ་མཁའ་ཇི་སྲིད་པར་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་སོ། །འདིར་རྒྱུ་བླ་མའི་མན་ངག་གོ །དེ་གསུངས་པ། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཞེས་པ་སྟེ་དུ་བ་ལ་སོགས་པའི་རྟགས་བཅུ་ཤེས་པའོ། །དཔལ་དང་པོའི་སངས་རྒྱས་ལས། མཁའ་ལ་ཆགས་པའི་སེམས་ཀྱིས་མིག་དག་མི་འཛུམས་པས་ནི་རྡོ་རྗེའི་ལམ་དུ་ཞུགས་པ་ཡིས། །སྟོང་ལུས་དུ་བ་སྨིག་རྒྱུ་རབ་གསལ་དྲི་མེད་སྲིན་བུ་མེ་ཁྱེར་ཉིད་དང་སྒྲོན་མ་དང༌། །འབར་བ་ཟླ་བ་རྡོ་རྗེ་དང་ཡང་མཆོག་གི་ཆ་དང་ཐིག་ལེ་ཡང་ནི་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་སྐུ་ནི་ཡུལ་དང་རྣམ་བྲལ་ལོངས་སྤྱོད་རྫོགས་སྐུ་དུ་མའོ། །ཞེས་གསུངས་སོ། །དེ་ལ་ཡང་དང་པོ་བུག་མེད་པའི་ཁྱིམ་གྱི་ཕུག་ཏུ་ཡན་ལག་དྲུག་གོམས་པར་བྱ་སྟེ། ཡན་ལག་དྲུག་ཀྱང་འདིར། སོ་སོར་སྡུད་དང་བསམ་གཏན་དང༌། །དེ་བཞིན་སྲོག་རྩོལ་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །དེ་ལ་དུ་བ་ལ་སོགས་པ་བཅུ་ཡང་སོ་སོར་སྡུད་པའི་ཡན་ལག་ཏུ་གསུངས་སོ། །དེ་ཡང་སོ་སོར་སྡུད་པ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་འཇུག་པ་མེད་པའི་ལུས་ངག་སྟེ་ཞེས་གསུངས་སོ། །དེའི་བདག་ཉིད་དེ་རང་བཞིན་གང་ཡིན་པ་དེ་དེ་བཞིན་ཏེ་སྣ་ཚོགས་གཟུགས་མཐོང་བའི་ཕྱིར་རོ། །མིག་ལ་སོགས་པའི་དབང་


DTG015_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་གཟུགས་ལ་སོགས་པའི་ཡུལ་འཛིན་པ་ནི་འཁོར་བ་རྣམས་ཀྱི་བཟའ་བ་དེ་ཡོངས་སུ་དོར་བ་སོ་སོར་སྡུད་པ་སྟོང་པ་ཉིད་ཀྱི་གཟུགས་ཀྱིས་ཤ་ལ་སོགས་པའི་སྤྱན་གྱི་གཟུགས་བརྙན་འཛིན་པ་སྟེ་དུ་བ་ལ་སོགས་པ་ནས་ཐིག་ལེའི་བར་མཐོང་བའི་དབྱེ་བས་མ་བརྟགས་པའི་ཡེ་ཤེས་ཀྱི་ཕུང་པོ་ཇི་སྲིད་པའོ། །ཤེས་བཅུ་ཡུལ་དང་ཡུལ་ཅན་རྣམས་ཀྱི་རྣམ་པར་དག་པ་གཅིག་ཉིད་སྣ་ཚོགས་གཟུགས་སོ། །དེ་འཛིན་པས། ཤེས་པ་བཅུ་རྣམ་དག་འཆང་བ་པོ་སྟེ་སོ་སོར་སྡུད་པས་མཐོང་བའི་གཟུག་ས་བསམ་གཏན་གྱི་ཡན་ལག་གིས་དུས་གསུམ་དང་ཁམས་གསུམ་པའི་རབ་ཏུ་སྣང་བའི་བདག་ཉིད་སོ་སོ་རང་གིས་རིག་པར་བྱ་བ་ལ་རྣལ་འབྱོར་བའི་སེམས་རྒྱུན་དུ་གནས་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལྟར་ཡང་འཕགས་པ་ལྷའི་ཞལ་སྔ་ནས། རང་ཉིད་ཁོ་ན་བཅོམ་ལྡན་འདས་མ་སྲོག་མཆོག་བདག་མོ་འབྱུང་རྔུབ་ཀྱི། །ཚོགས་སུ་སོན་པ་རབ་ཏུ་ཞི་བ་སྲོག་རླུང་མནན་པར་ཐིམ་གྱུར་པར། །འོད་ཟེར་གང་ཞིག་ཆེར་རྒྱས་འོད་གསལ་རྣལ་འབྱོར་དབང་ཕྱུག་འདིའི། །རང་ལུས་ཉིད་ལས་འཐོན་ནས་མུན་བཅོམ་འཇིག་རྟེན་གསུམ་ལས་འདས། །ཞེས་གསུངས་སོ། །ས་ར་ཧའི་ཞབས་ཀྱིས་ཀྱང་གསུངས་ཏེ། །གློ་བུར་ཕྱིར་བྱུང་ཤ་བ་རི། །ནམ་མཁའི་འབྲས་བུ་ལེན་པར་མཛོད། །ལག་པས་བཟུང་དང་རིག་ཏུ་མེད། །ལྷན་ཅིག་མི་གནས་རྩེ་བར་བྱེད། །མིག་མི་འཛུམས་དང་མི་བསམ་དང༌། །བླ་མའི་གསུང་གིས་རླུང་ནི་དགག །ཅེས་སོ། །ཡང༌། རྟོག་པ་ཉམས་པས་བློ་ཉམས་ཤེས། །བློ་ངན་རྗེས་སུ་རྟོག་བྱེད་དྲག །བློ་ལྡན་འདི་ཉིད་ཁོ་ན་ལས། །ནམ་མཁའ་བས་ལྷག་ཅི་ཡང་འཆར། །ཞེས་གསུངས་སོ། །འདིས་ནི་བསམ་གཏན་གྱི་ཡན་ལག་གསུངས་སོ། །བསམ་གཏན་ཡང་ནི་ཤེས་རབ་རྟོག་དང་དཔྱོད་པ་དགའ་བ་མི་གཡོའི་བདེ་བ་རྩེ་གཅིག་སེམས། །ཞེས་གསུངས་ཏེ། བསམ་གཏན་མི་བསྐྱོད་པ་རྣམ་པར་ཤེས་པའི་ཕུང་པོའོ། །རྣམ་པ་བཅུ་པོ་ནམ་མཁའ་ལ་སོགས་པ་གཡོན་དང་གཡས་པའི་དཀྱིལ་འཁོར་རྣམས་འགགས་པས་རྣམ་པ་བཅུ་པོ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །དེ་ཡང་རལ་གྲི་ཅན་འདུ་བྱེད་ཀྱི་ཕུང་པོའོ། །འདིས་ནི་སྲོག་རྩོལ་གྱི་ཡན་ལག་གསུངས་སོ། །དེ་ཡང༌། སྲོག་གི་རྩོལ་བ་ལམ་གཉིས་ལྟུང་


DTG015_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ཡང་ནི་དབུ་མར་སྲོག་དག་འཇུག་པར་འགྱུར་པའོ། །ཞེས་གསུངས་སོ། །ད་ནི་འཛིན་པའི་ཡན་ལག་གསུངས་པ། དོན་བཅུ། སྲོག་དང༌། ཐུར་སེལ་དང༌། མཉམ་གནས་དང༌། གྱེན་དུ་རྒྱུ་བ་དང༌། ཁྱབ་བྱེད་དང༌། རླུང་དང༌། རུས་སྦལ་དང༌། རྩངས་པ་དང༌། ལྷ་སྦྱིན་དང༌། ནོར་ལས་རྒྱལ་ཞེས་བྱ་བའི་རླུང་རྣམས་སོ། །དེ་དོན་དུ་གཉེར་བར་མངོན་པར་འདོད་པ་སྟེ། ལྟེ་བ། སྙིང་ག །མགྲིན་པ། དཔྲལ་བ། གཙུག་ཏོར་གྱི་པདྨའི་ལྟེ་བར་འགྲོ་བ་དང༌། འོང་བའི་དབྱེ་བ་གང་གིས་དེ་དེ་བཞིན་ནོ། །འདིས་འཛིན་པའི་ཡན་ལག་གསུངས་ཏེ། དེ་ལྟར་ཡང༌། ཐིག་ལེར་སྲོག་གི་རབ་འཇུག་གཉི་གར་འགྲོ་བ་ཡང་བཅོམ་འཛིན་བར་ཡང་ནི་རྩེ་གཅིག་སེམས། །ཞེས་གསུངས་སོ། །དེ་ཕྱག་ན་རིན་ཆེན་ཚོར་བའི་ཕུང་པོའོ། །དེ་ཁོ་ན་ཐུབ་དབང་སྟེ་ལྷན་ཅིག་སྐྱེས་པའི་གཏུམ་མོ་གསལ་བའི་ནུས་པ་ཐོབ་པའི་ཕྱིར་རོ། །སྟོབ་ས་བཅུ་ནི་མཆོག་ཏུ་མི་འགྱུར་པར་བསྒྲུབ་པར་ནུས་པའི་ཕྱིར་སྔར་བཤད་པའི་འདོད་པའི་གནས་སྐབས་ཀྱི་མཚན་ཉིད་གང་གི་ཡིན་པ་དེ་སྟོབས་བཅུའོ། །ལྷན་ཅིག་སྐྱེས་པའི་གཏུམ་མོའི་སྣང་བས་འཇིག་རྟེན་གསུམ་དུ་ཁྱབ་པའི་ཕྱིར་ཁྱབ་བདག་གོ །དེ་ཉིད་ཀྱི་ཕྱིར་མ་ལུས་པ་ཀུན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་དོན་ལྷན་ཅིག་སྐྱེས་པའི་བདེ་བ་རབ་ཏུ་གསལ་བའི་མཚན་ཉིད་བྱེད་པས་ནི་ཀུན་ཀྱི་དོན་ནི་མ་ལུས་བྱེད་དོ། །འདིས་ནི་རྗེས་སུ་དྲན་པའི་ཡན་ལག་གསུངས་སོ། །དེ་ཡང༌། གཡུང་མོ་རྗེས་སུ་དྲན་པ་ཡང་ནི་པདྨ་འཛིན་པར་འགྱུར། །ཞེས་པས་འདུ་ཤེས་ཀྱི་ཕུང་པོ་རྣམ་པ་བཅུ་པོ་ཞེས་སོ། །རྗེས་སུ་དྲན་པ་གཡུང་མོ་རྩ་དབུ་མ་འདོད་པའི་གནས་སྐབས་བཅུའི་དབྱེ་བ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། གཏུམ་མོའི་སྣང་བ་གང་ཞིག་ལུས་ལ་ངེས་པར་གསལ་འགྱུར་ནམ་མཁར་རྗེས་སུ་དྲན་པར་འགྱུར། །ཞེས་གསུངས་སོ། །རྣམ་བཅུ་སྔར་བཤད་པའི་རླུང་འགོག་པའི་མཚན་ཉིད་ཀྱི་རྣམ་པ་གང་ཡིན་པ་དེ་དེ་བཞིན་ནོ། །འདིས་ནི་ཏིང་ངེ་འཛིན་གྱི་ཡན་ལག་གསུངས་ཏེ། དེ་ལྟར་ཡང༌། དཔལ་ལྡན་བསམ་གཏན་དག་ནི་འཁོར་ལོ་ཅན་ཏེ་རྣམ་སྣང་རྣམ་པ་བཅུ། །ཏིང་ངེ་འཛིན་རླུང་བཅུ་པོ་རྣམས་འགོག་པའོ་ཞེས་གསུངས་སོ། །འདི་ལྟར་བཅོམ་ལྡན་འདས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་


DTG015_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་རླུང་རྣམས་མི་རྒྱུ་བ་སྐྱེས་པའོ། །སླར་ཡང༌། ཤེས་རབ་ཐབས་ཀྱི་བ་དག་ཉིད་མི་འགྱུར་བདེ་བའི་དབང་ལས་ཡེ་ཤེས་སྐུ་ནི་ཏིང་ངེ་འཛིན། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དབང་ལྡན་ཏེ་རྣམ་པར་རྟོག་པའི་རླུང་མཐའ་དག་མཆོག་ཏུ་མི་འགྱུར་པའི་དེ་ཉིད་བདེ་བ་མི་ཕྱེད་པ་དབང་དུ་གྱུར་པའི་ཕྱིར་རོ། །ཆེ་བ་པོ་ལྷན་སྐྱེས་ཀྱི་གཟུགས་ཀྱིས་འཇིག་རྟེན་གསུམ་དུ་ཁྱབ་པའི་ཕྱིར་རོ། །འདི་ལྟ་བུ་ནི་འཇིག་རྟེན་ལས་འདས་པའི་དབང་སྟེ། དབང་བསྐུར་ནས་ནི་འདི་ཉིད་བསྟན། །ཞེས་པས་འཇིག་རྟེན་པའི་དབང་སྔོན་དུ་འགྲོ་བ་ནི་སྦྱོར་རབ་ཡན་ལག་དྲུག་གི་རྒྱུ་ཉིད་ཁོ་ནའོ། །སྦྱོར་བ་ཡན་ལག་དྲུག་པོ་དེ་ཡང་དུ་བ་ལ་སོགས་པའི་རིམ་པས་བསྒོམ་པར་བྱའོ། །དེ་ལྟར་ཡང༌། འདི་ཉིད་ཁོ་ནའི་སྒྲུབ་པའི་ཐབས། །རབ་ཏུ་སྣང་བ་བསམ་མི་ཁྱབ། །དུ་བ་ལ་སོགས་མཚན་མ་དེ། །ཤེས་རབ་གཟུགས་ནི་ནམ་མཁའ་མཉམ། །ཡོད་དང་མེད་ལས་རྣམ་པར་འདས། །རང་གི་སེམས་ཀྱི་རྐྱེན་གྱི་དོན། །རྡུལ་ཕྲན་ལས་སྐྱེས་ཚོགས་པ་དག །ཀུན་ནས་ཡོངས་སུ་དོར་བར་བྱ། །དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། །སྒྲོན་མ་འབར་མ་ཟླ་ཉི་མ། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ནི་འོད་གསལ་དག །ཅེས་གསུངས་སོ། །བཀབ་དང་མ་བཀབ་མིག་དག་གིས། །སྟོང་པར་འདིས་ནི་རྗེས་མ་བརྟགས། །རྨི་ལམ་ལྟ་བུར་གཟུགས་མཐོང་སྟེ། །གཟུགས་དེ་རྟག་ཏུ་བསྒོམ་པར་བྱ། །ཞེས་ཀྱང་གསུངས་སོ། །བཤད་པ་ཡང་འདི་ཉིད་ཁོ་ནའི་སྟེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་མེད་པའི་བུད་ཤིང་གི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེའོ། །སྒྲུབ་པའི་ཐབས་གསལ་བའི་ངོ་བོར་རྣལ་འབྱོར་པས་དུ་བ་ལ་སོགས་པར་བྱའོ། །ཇི་ལྟ་བུར་གྱུར་པས་ཤེ་ན། རྩ་བའི་རྒྱུད་དང༌། བསྡུས་པའི་རྒྱུད་དང༌། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ངེས་པའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་གྲགས་པས་སོ། །སྟོང་པ་ཉིད་ལས་གློ་བུར་དུ་རབ་ཏུ་སྣང་བའི་ཕྱིར་རབ་ཏུ་སྣང་བའོ། །རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །དེ་ཁོ་ན་ཉིད་ཀྱི་སྔོན་གྱི་ཚུལ་གྱི་ཕྱིར་མཚན་མའོ། །གཟུང་འཛིན་དང་བྲལ་བའི་རང་བཞིན་སྟོང་པའི་བློ་ནི་ཤེས་རབ་པོ། །དེའི་གཟུགས་ནི་རྣལ་འབྱོར་མངོན་སུམ་


DTG015_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་སྣང་བའོ། །ཕྱི་དང་ནང་གི་དྲི་མས་མགོས་པའི་ཕྱིར་ནམ་མཁའ་དང་མཉམ་པའོ། །ཡོད་པ་དང་མེད་པ་ལ་སོགས་པའི་རྣམ་པར་རྟོག་པའི་རྙོག་པ་དང་བྲལ་བའི་ཕྱིར་ཡོད་དང་མེད་ལས་རྣམ་པར་འདས་པའོ། །རྣལ་འབྱོར་པ་རང་གིས་རིག་པར་བྱ་བའི་ཕྱིར་རང་གི་སེམས་ཀྱི་རྐྱེན་གྱི་དོན་ཏོ། །རྣམ་པ་ཐམས་ཅད་ནས་མ་བཅོས་པ་རྨང་དུ་བྱུང་བ་རང་བཞིན་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རྒྱུ་ལས་སྐྱེས་པའི་ཚོགས་པ་ཀུན་ནས་ཡོངས་སུ་དོར་བའོ། །ཕྱི་ནང་མཐའ་དག་ཏུ་ཁྱབ་པའི་དུ་བ་དཀར་པོའི་རྣམ་པ་སྟོང་པའི་སྣང་བ་སྟེ། འདི་ཡང་སྤྲིན་ལྟར་སྣང་བའི་མཇུག་ཐོགས་སུ་སྐྱེས་པའོ། །ཇི་སྐད་དུ། དང་པོ་སྤྲིན་དང་འདྲ་བར་སྣང༌། །གཉིས་པ་དུ་བ་ལྟ་བུའོ། །ཞེས་གསུངས་སོ། །འདི་ལྟར་ཆུ་གཡོ་བའི་རྣམ་པ་སྨིག་རྒྱུའོ། །མེ་ཁྱེར་དང་སྒྲོན་མའི་རྣམ་པ་དག་གྲགས་པའོ། །མཚན་མ་བཞི་པོ་འདི་དག་ནི་བུ་ག་མེད་པའི་ཁྱིམ་དུ་མུན་པའི་རང་བཞིན་གྱི་ཕྱིར་མཚན་མའི་རྣལ་འབྱོར་དང་ནམ་མཁའི་རྣལ་འབྱོར་རོ། །དཔལ་འདུས་པ་ལ་སོགས་པ་ལས། ཇི་སྐད་དུ། དང་པོ་དང་གཉིས་པ་ལུགས་ལས་བཟློག་པས་རྡོ་རྗེར་སོན་པའི་སེམས་འགོག་པས་མཚན་མ་འཛིན་པ་སྐྱེས་པར་འགྱུར་ཏེ། དང་པོ་སྨིག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞིབ་སྒྲོན་མ་འབར་བ་སེ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་གསུངས་སོ། །དེ་ནས་སྤྲིན་མེད་ནམ་མཁའ་ལྟ་བུར་སྣང་བ་སྔོན་དུ་འགྲོ་བའི་མེའི་རྣམ་པ་སྟོང་པའི་སྣང་བས་འབར་བའོ། །ཟླ་བ་དང་ཉི་མར་སྣང་བ་ནི་གྲགས་པའོ། །མུན་པ་ཅན་ནི་སྒྲ་གཅན་གྱི་སྣང་བ་རིན་པོ་ཆེ་ནག་པོ་ལྟ་བུར་སྣང་བའོ། །ཆ་ཞེས་པ་གློག་ཏུ་སྣང་བའོ། །ཐིག་ལེ་ཆེ་ཞེས་པ་རྒྱུ་བ་དང་མི་རྒྱུ་བ་གསལ་བར་བྱེད་པ་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་སྣང་བའོ། །རྟགས་དྲུག་པོ་འདི་དག་ནི་སྤྲིན་མེད་པའི་ནམ་མཁའི་སྣང་བའི་ངོ་བོའི་ཕྱིར་ཉིན་མོའི་རྣལ་འབྱོར་དང་བླ་གབ་པའི་རྣལ་འབྱོར་རོ། །དེ་ནས་དེའི་དབུས་སུ་གནས་པ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་སངས་རྒྱས་ཀྱི་སྐུ་མཐོང་བ་དང་ལྷན་ཅིག་སྐད་ཅིག་གཅིག་ལ་ལག་པར་གནས་པའི་ཆུ་ལྟ་བུར་དངས་པའི་རྣམ་པ་བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བ་སྣ་ཚོགས་གཟུགས་ནི་འོད་


DTG015_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསལ་ལོ། །བཀབ་དང་མ་བཀབ་མིག་དག་གིས། །ཞེས་པ་བར་སྣང་ལ་དམིགས་པ་ཉིད་ཀྱིས་ཕྱེད་བཙུམས་པའི་མིག་དག་གོ །སྟོང་པ་ནམ་མཁར་གཟུང་བ་དང་འཛིན་པ་དང་བྲལ་བ་འདི་ནི་རྗེས་སུ་མ་བརྟགས་པ་རྨི་ལམ་ལྟ་བུའི་གཟུགས་རྣལ་འབྱོར་གྱི་མངོན་སུམ་མོ། །གཟུགས་དེ་སྣ་ཚོགས་གཟུགས་བསྒོམ་པར་བྱ་སྟེ། བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །རྒྱལ་བའི་ཡུམ་བར་མ་ལས། རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པ་ཐམས་ཅད་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཆད་པར་འགྱུར་པ་ཡང༌། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། གང་རྣམས་ཀྱི་བློ་ཡོད་མེད་ལས། །འདས་ཤིང་གནས་དང་བྲལ་བདེ། །ཟབ་མོ་དམིགས་པ་དང་བྲལ་བ། །རྐྱེན་གྱི་དོན་དུ་རྣམ་པར་བརྟགས། །ལ་བའི་ན་བཟའ་ཅན་གྱི་ཞལ་སྔ་ནས་ཀྱང༌། སྣང་བ་ཐོབ་པའི་རྣལ་འབྱོར་བས། །གཞན་དུ་རྟགས་ནི་ཤེས་བྱ་སྟེ། །གྲུབ་པ་བ་དག་ཏུ་མི་འཁྲུལ་དང། །མེ་དག་ལ་ནི་དུ་བ་བཞིན། །མིག་ངག་རེངས་པར་བྱེད་པར་འགྱུར། །མགོ་བོ་ཡང་ནི་འདུད་པ་དང༌། །སེམས་དང་སེམས་བྱུང་བརླན་པ་དང༌། །སྟོང་ཉིད་ལྟ་བའི་སྟོང་པ་ཉིད། །ཅེས་པ་ལ་སོགས་པ་གསུངས་སོ། །གཞན་གྱིས་ཀྱང༌། དྲི་མེད་ནམ་མཁའ་གང་དུ་མིག་ཕྱེད་སྤྲུལ་པ་ནས། །ཆེར་འཕྲོའི་ཐུགས་རྗེས་བརླན་པའི་སེམས་ཀྱིས་མེ་དག་ལས། །ཡོད་མེད་གཉིས་ཀ་དངོས་དང་དངོས་མེད་རྣམ་འབྱེད་པ། །གློ་བུར་དུ་སོགས་མཐའ་དག་རྗེས་འགྲོ་འཆར། །དེ་བཞིན་དུ། དང་པོར་ཐོག་མཐའ་ལས་གྲོལ་བ། །དབུ་མ་ཙམ་ལ་ཡང་དག་གནས། །དེ་སྟོང་གནས་འདོར་གང་དེ་ཡི། །སྣང་བ་བཅུ་ཡི་བདག་ཉིད་དོ། །འདིར་ནང་དུ་ཁོང་དུ་ཆུད་པ་ནི། བླ་མ་ཆེན་པོ་དག་གི་དྲིན་གྱིས་བསོད་ནམས་དང་ལྡན་པ་རྣམས་ལ་བརྗོད་དོ། །འདི་ཉིད་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་རྡོ་རྗེའི་གླུ་ཀུན་རྫོབ་དང་དོན་དམ་རབ་ཏུ་སྟེར་བ་དག་ཏུ་ཡང་རབ་ཏུ་གནས་ཏེ། དཔལ་


DTG015_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ས་ར་ཧ་པའི་ཞབས་ཀྱིས་ཀྱང་གསུངས་པ། རྨོངས་པ་ནམ་མཁའི་ཚད་མ་ནི། །གལ་ཏེ་ཤེས་ན་རྨོངས་ཚོགས་གཅོད། །དང་པོ་རྣམ་དག་ནམ་མཁའ་ལ། །ལྟ་ཞིང་ལྟ་བས་མིག་ནི་འགག །ཅེས་སོ། །དེ་བཞིན་དུ། །ཆོས་ཀྱི་ཚད་ནི་འདི་ཙམ་མཆོག །མང་པོ་སྨྲས་པས་ཅི་ཞིག་བྱ། །མིག་ནི་ཕྱེད་མིག་གྱེན་བཟློག་ནས། །མིག་ནི་བརྟན་པ་ཉིད་ཀྱིས་ཤེས། །ཞེས་སོ། །ཡང༌། ཡ་མཚན་ཅན་གཅིག་ནམ་མཁའི་དཀྱིལ་དུ་ཤར། །སྟོང་ཉིད་གཟུགས་མཛེས་ལྟོས་དང་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་ཤར་རོ་བྷུ་སུ་ཀུ། །རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང༌། །འདི་ནི་མེ་ཏོག་ཁ་དོག་སྣ་ཚོགས་ཅན། །དེ་ནི་སྟོང་ཉིད་དགོན་པར་མེ་ཏོག་རྒྱས། །ཞེས་སོ། །དེ་བཞིན་དུ། ནམ་མཁའི་མེ་ཏོག་ཤར་བའི་ཡུམ། །མི་གནས་པ་ཡི་རབ་ཏུ་ལྕི། །ཞེས་སོ། །ཡང༌། བལྟ་ཞིང་ལྟ་བས་མཚན་མོ་ནམ་ལངས་ཀྱང༌། །ཞི་བ་སྒྲོན་མ་སྦར་ནས་ལམ་འཚོལ་ལོ། །ཞེས་སོ། །དེ་བཞིན་དུ། སྐྱ་རེངས་ཤར་རོ་བྷུ་སུ་ཀུ། །ཞི་བས་སྨྲས་པ་ནམ་ལངས་ཐུན། །ཞེས་སོ། །ཡང༌། ཟླ་བ་གང་ལ་ཤར་མ་ཐག་ཉིད་དུ། །སེམས་ཀྱི་རྒྱལ་པོ་དེ་མ་ཐག་ཏུ་འགག །དགའ་དང་སྙིང་རྗེའི་ཌ་མ་རུ་ཡི་སྒྲ། །འཕགས་པའི་ལྷ་ཡི་སྟོང་པ་ཉིད་འདི་མཛེས། །ཞེས་སོ། །ལྷོ་དང་བྱང་གི་ཁྲལ་བ་ལས། །ནགས་པོས་གསུངས་པའི་བར་ལམ་མོ། །ཞེས་སོ། །ཡང༌། སེམས་ཉིད་རྗེས་རྟོགས་རིན་ཆེན་རབ་དགའ་བ། །རྣམ་གྲོལ་མིས་སྦས་རྨོངས་པ་རྣམས་ཀྱིས་སྨྲས། མེ་ཏོག་ལྔ་བྱུང་མེ་ཏོག་དེ་རུ་ཡལ། །རབ་ཏུ་དགའ་བའི་སེམས་ཉིད་ནམ་མཁའི་བྱིན། །ཞེས་སོ། །དེ་བཞིན་དུ། །ངོ་མཚར་ཆེ་བ་གང་ཞིག་མཐུན་ལས་བྱུང༌། །གང་གིས་ཉི་ཟླ་གཉིས་བཅིངས་མར་མེ་སྦར། ཞི་བར་ཉིད་དབང་བཞག་རང་ཉིད་དགོང༌། །ནམ་མཁའི་སྦྲུམ་མ་ལས་ནི་སྐྱེས་པ་མཐོང༌། །ཞེས་སོ། །ཡང༌། ཐ་ཤལ་རྨོངས་པ་ཟབ་མོའི་ཆོས་ཐོས་ཀྱང༌། །མུན་པའི་ནམ་ལ་ཅུང་ཟད་མཐོང་བ་མེད། །གལ་ཏེ་ནམ་མཁའི་རྩེ་མོར་མེ་ཏོག་ཤར། །ཞི་བས་སྨྲས་པ་དེ་ན་འཁྲུལ་པ་ཞིག །ཅེས་སོ། །གཞན་རྣམས་ཀྱིས་ཀྱང་གསུངས་ཏེ། ནམ་མཁའ་ལ་ནི་ཡིད་དང་རླུང་དང་མིག །དུས་གཅིག་ཏུ་ནི་ཡང་དག་ལེགས་སྦྱར་ན། །རྒྱལ་བའི་ཡོན་ཏན་རིན་ཆེན་ངེས་པར་སྐྱེ། །འདི་རྣམས་དེ་བཞིན་གཤེགས་པའི་


DTG015_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་རབ་པོ། །ཞེས་སོ། །ཡང་སྣ་ཚོགས་རྣམ་རྟོག་སྤོང་ཞིང་མི་སེམས་དང༌། །གལ་ཏེ་ནམ་མཁར་མིག་ནི་དབྱེ་བྱས་ན། །ཕྱོགས་བཅུའི་ལམ་རྣམས་ཉིད་ནི་ངེས་པར་ཤེས། །རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་འཐོབ། །ཅེས་སོ། །དེ་བཞིན་དུ། རང་གི་སེམས་ཀྱི་མཚན་ཉིད་མཐའ་དག་སྤངས། །མིག་ཕྱེད་གྱེན་དུ་ལྟ་ཞིང་ལྷན་ཅིག་ཏུ། །དབུས་སུ་རླུང་ནི་བུས་མ་ཐག་ཉིད་དུ། །དེ་རྗེས་རྡོ་རྗེའི་མེ་དང་དུ་བ་འབྱུང༌། །ཞེས་སོ། །དེ་ཕྱིར་ཐོག་མ་མེད་པ་ཐོག་མ་ནས་མ་སྐྱེས་པའོ། །སྤྲོས་མེད་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་སྦང་བའི་བདག་ཉིད་དམིགས་པ་མེད་པའི་རང་བཞིན་སེམས་མེད་པའི་སེམས་གང་གི་ཡིན་པ་དེ། ཐོག་མ་མེད་པ་སྤྲོས་མེད་བདག་སྟེ་སྣ་ཚོགས་གཟུགས་མཐོང་བ། །ཞེས་བྱ་བའི་མཐར་རོ། །འདིས་ནི་དང་པོ་ཉིད་དུ་རྣམ་པར་མི་རྟོག་པ་མངོན་དུ་བྱེད་པའོ། །ཞེས་རྒྱུ་གསུངས་སོ། །ཆགས་པ་ཆེན་པོའི་མེས་ཕུང་པོ་དང་ཁ་མེས་དང་སྐྱེ་མཆེད་མཐའ་དག་དང་སྒྲིབ་པ་དང་བྲལ་བར་བྱེད་པའི་ཕྱིར་དག་པའི་བདག་གོ །འདིས་ནི་བར་དུ་ཡང་རྣམ་པར་མི་རྟོག་པ་ཉིད་དོ། །བདེ་བ་ཆེན་པོའི་ཁུ་བས་བྱུགས་པ་ཉིད་ཀྱིས་དེ་བཞིན་ཉིད་བདག་ནོར་བུའི་རྩེ་མོའི་མི་འཕོ་བའི་ཁུ་བའི་རང་བཞིན་ནོ། །འདིས་ནི་མཐར་ཡང་རྣམ་པར་མི་རྟོག་པ་ཉིད་གསུངས་སོ། །བདེན་པ་ཕྱིན་ཅི་མ་ལོག་པའི་བདེ་བ་སྨྲ་བ་མངོན་སུམ་དུ་བྱ་བ་དེའི་ཚུལ་གྱིས་གསལ་བར་བྱ་བའི་ངང་ཚུལ་གང་གི་ཡིན་པ་དེ་དེ་བཞིན་ནོ། །མཚམས་མེད་ལྔ་བྱེད་པ་དང༌། སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པ་བདེ་བ་ཆེན་པོའི་ཚུལ་ཉིད་ཀྱིས་རབ་ཏུ་གསལ་བའི་ཚིག་འགྱུར་པ་མེད་པ་ཉམས་སུ་མྱོང་བ་བརྗོད་པའི་ཕྱིར་གང་ཡིན་པ་དེ་དེ་བཞིན་ནོ། །དུ་བ་ལ་སོགས་པའི་རྟགས་ལ་སོགས་པ་ཕྱིན་ཅི་མ་ལོག་པའི་སྒོ་ནས་བདེ་བ་ཆེན་པོ་ཞེས་ཇི་སྐད་སྨྲས་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་བདག་ཉིད་ཀྱིས་བྱེད་པའི་ཕྱིར་ཇི་སྐད་སྨྲས་པ་དེ་བཞིན་བྱེད་དོ། །འདི་ངག་གིས་ནི་འདི་ལྟར་བཤད་དེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ནི་གཞན་དུ་མ་ཡིན་ནོ་ཞེས་པའོ། །འོ་ན་ཇི་ལྟར་བྱིས་པའི་སྐྱེ་བོས་རྣམ་པར་བརྟགས་པ། དང་པོ་རྣམ་པར་རྟོག་པའི་བསྒོམ་པ། བར་དུ་དབང་པོ་གཉིས་ཀྱིས་བདེ་བ་བསྒོམ་པ། ཐ་མར་རྣམ་པར་མི་རྟོག་པ་བསྒོམ་པ་ནི་བདེ་བ་ཆེན་པོ་བསྒོམ་པ་ཡིན་ནམ་ཞེན། དེ་ནི་མ་ཡིན་


DTG015_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི། ཀུན་དུ་རྒྱུ་དང་འདྲ་བར་ནི། །འབྲས་བུ་ཐམས་ཅད་མཐོང་བར་འགྱུར། །ཀོ་ཏྲ་བ་ཡི་ས་བོན་ལས། །སཱ་ལུའི་འབྲས་བུ་འབྱུང་བ་མེད། །རྣམ་རྟོགས་བོན་ལས་བྱུང་བའི། །འབྲས་བུ་རྣམ་པར་རྟོག་བཅས་འགྱུར། །རྣམ་པར་རྟོག་མེད་ལས་བྱུང་བའི། །འབྲས་བུ་རྣམ་པར་རྟོག་མེད་འགྱུར། །དེའི་ཐོག་མར་དགེ་བ་རྣམ་པར་མི་རྟོག་པ་བསྒོམ་པ་སྟེ་བར་དང་ཐ་མར་ཡང་ངོ༌། །ཇི་ལྟར་ས་བོན་དེ་ལྟར་ཤིང༌། །དེ་ལྟར་ལྗོན་ཤིང་དེ་ལྟར་འབྲས། །འཇིག་རྟེན་ཀུན་དུ་མཐོང་བ་སྟེ། །དེ་ནི་རྟེན་ཅིང་འབྲེལ་འབྱུང་ཉིད། །ཅེས་སོ། །གཉིས་སུ་མེད་པ་བདེ་བ་དང་ཁུ་བ་གཉིས་སུ་མེད་པའི་ཚུལ་ལོ། །ཚུལ་དེ་དག་གསལ་བར་བྱེད་པའི་ཕྱིར་གཉིས་སུ་མེད་པར་སྟོང་པའོ། །ཡང་དག་པའི་ཡེ་ཤེས་ཇི་ལྟ་བའོ། །དེ་ཉམས་སུ་མྱོང་བའི་གནས་ནོར་བུའི་ལྟེ་བའི་མཐའ་རྩེ་མོ་སྟེ། དེར་རྣམ་པར་གནས་པ་དེ་མི་གནས་པར་ལེགས་པར་གནས་པའོ། །བདག་མེད་པ་ཆོས་ཐམས་ཅད་སྣང་བ་མེད་པའི་མཚན་ཉིད་སྣ་ཚོགས་གཟུགས་ཀྱི་རང་བཞིན་ནོ། །དེ་ཉིད་སེང་གེ་སྟེ་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །དེའི་ཕྱིར་སྒྲ་གཞོམ་དུ་མེད་པའི་སྒྲ་ཡང་དག་པར་བསྐྱོད་པ་གང་ཡིན་པ་དེ་བདག་མེད་སེང་གེའི་སྒྲ་དང་ལྡན་པའོ། །མུ་སྟེགས་ངན་པ་དེ་ཁོ་ན་ཉིད་མ་ཡིན་པ་ཤེས་པའི་ཐབས་སུ་གྱུར་པ་བདག་ལ་སོགས་པའི་ཤེས་པས་དེར་སྲིད་པ་མུ་སྟེགས་པ་སྟེ་གཟུང་བ་དང་འཛིན་པའི་སྤྲོས་པའོ། །དེ་ཁོ་ན་མི་བརྟེན་པའི་ཕྱིར་རི་དགས་དང་འདྲ་བས་རི་དགས་སོ། །དེ་རྣམས་གཞོམ་དུ་མེད་པའི་སྒྲ་དེ་ཁོ་ནས་འཇིགས་ཤིང་འཇིགས་པར་བྱེད་པ་དེ་ཉིད་དུ་ནུབ་པར་བྱེད་པས་མུ་སྟེགས་རི་དགས་ངན་འཇིགས་བྱེད་དོ། །དེ་ལྟར་ཡང་སྟོང་ཉིད་སེང་གེའི་སྒྲ་ཡིས་ནི། །རྒོལ་བ་ཐམས་ཅད་སྐྲག་པར་མཛད། །གང་དང་གང་དུ་ཞུགས་པ་དེ། །དེ་དང་དེ་རུ་སྟོང་པ་ཉིད། །ཅེས་སོ། །བདེ་བ་ཆེན་པོའི་རང་བཞིན་ཉིད་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཀུན་ལ་ཁྱབ་པའི་ཕྱིར་ཀུན་དུ་འགྲོ་བའོ་ཞེས་པ་དེ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་ཡོད་གཞོམ་དུ་མེད་པའི་སྟོབས་གང་ཡིན་པ་དེ་དོན་ཡོད་སྟོབས་སོ། །རྒྱུན་མི་འཆད་པ་གཞོམ་དུ་མེད་པའི་བདེ་བ་ཆེན་པོ་ཁུ་བ་འགྲོ་བ་དང་འོང་བའི་རང་བཞིན་ཞེས་པའི་དོན་ཏོ། །ཇི་ལྟར་རྡོ་རྗེ་ནོར་བུའི་ལྟེ་བའི་མཐར་བྱོན་པ་དེ་བཞིན་དུ་གཙུག་ཏོར་གྱི་འཁོར་ལོར་གཤེགས་པས་དེ་བཞིན་གཤེགས་པའོ། །བདེ་བ་ཆེན་པོ་


DTG015_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱས་པས་ཁམས་གསུམ་པོ་གནོན་པའི་ཤུགས་ཡིད་ལྟར་མགྱོགས་པ་སྟེ་དེ་དང་ལྡན་པས་ཡིད་ལྟར་མགྱོགས་པའོ། །ཕྱི་ནས་ལས་འཛིན་པའོ། །ཆགས་པ་དང་ཆགས་བྲལ་དང་དབུ་མའི་ཆགས་པ་ལས་རྒྱལ་བའི་ཕྱིར་རྒྱལ་བའོ། །མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་འགོག་པས་དགྲ་རྒྱལ་ལོ། །རྡོ་རྗེ་ནོར་བུའི་རྩེ་མོར་རྣམ་པར་རྟོག་པའི་རླུང་ཐམས་ཅད་ལས་རྒྱལ་བའི་ཕྱིར་རྣམ་པར་རྒྱལ་ལོ། །བདེ་བ་ཆེན་པོའི་ཐིག་ལེའི་ཚུལ་ཉིད་ཀྱིས་འཁོར་ལོ་དྲུག་ཏུ་བསྒྱུར་པའི་ངང་ཚུལ་གང་གི་ཡིན་པ་དེ་འཁོར་ལོས་སྒྱུར་པ་སྟེ། འཁོར་ལོ་དྲུག་ཏུ་བསྒྱུར་པ་ཞེས་པའི་དོན་ཏོ། །ཡན་ལག་བཞི་པ་དང་ཡན་ལག་དྲུག་གི་སྟོབས་ལས་རྒྱལ་བའི་ཕྱིར་སྟོབས་པོ་ཆེའོ། །ཚོགས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་ཁྱབ་པའི་བདག་པོ་ཉིད་ཀྱིས་མཆོག་ལྷན་ཅིག་སྐྱེས་པའི་དགའ་བ་ཁུ་བའི་རང་བཞིན་ནོ། །དགའ་བ་ངང་མཆོག་དགའ་དང་དགའ་བྲལ་གྱི་ཚོགས་ཀྱི་སློབ་དཔོན་ལྷན་ཅིག་སྐྱེས་པའི་གཟུགས་བརྙན་ཉེ་བར་སྟོན་པར་བྱེད་དོ། །ཕུང་པོ་ལྔ་ལ་སོགས་པའི་ཚོགས་ཀྱི་ལྷན་ཅིག་སྐྱེས་པའི་ཚུལ་ཉིད་བསྐྱེད་པས་མཆོག་གི་རྗེ་བོ་ཉིད་ཀྱི་ཕྱིར་ཚོགས་རྗེའོ། །ཚོགས་སྒྱུ་མ་ལྟ་བུའི་སྐུ་དེ་བཞིན་གཤེགས་པའི་རིགས་རྣམས་སམ་རང་བཞིན་ཏེ་དེ་རྣམས་ཀྱི་བདག་པོ་སྟེ་རྗེ་བོ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཕྱིར་འོད་གསལ་ལོ། །དེ་ཉིད་ཀྱི་ཕྱིར་དབང་དང་ལྡན་པ་སྟེ་དེ་དང་ངོ་བོ་ཡང་དག་པར་མཐོང་བའི་གཟུགས་ཐམས་ཅད་གསལ་བའི་ཕྱིར་ཞེས་སོ། །མཐུ་ཆེན་ནུས་པའམ་ཉམས་སུ་མྱོང་བ་མི་འཕོ་བའི་ཕྱིར་གང་ཡིན་པ་དེ་དེ་བཞིན་ནོ། །སྲོག་ལ་སོགས་པའི་རླུང་རྣམས་བདེ་བ་ཆེན་པོར་ཐིམ་པར་བྱེད་པའི་གཅེས་པ་འཛིན་པའི་ཕྱིར་གཅེས་པ་འཛིན་པ་སྟེའོ། །ཚུལ་ཆེན་དམིགས་པ་མེད་ཅིང་སྣང་བ་མེད་པའི་དུ་བ་ལ་སོགས་པའི་སྣང་བ་གང་གི་ཡིན་པ་དེ་དེ་བཞིན་ནོ། །ལྷན་ཅིག་སྐྱེས་པའི་ཚུལ་ཉིད་ཀྱིས་བླུན་པོ་ལ་སོགས་པས་དྲང་བར་མི་ནུས་པའི་ཕྱིར་གཞན་གྱི་དྲིང་མི་འཇོག་གོ །ཚིག་གི་རྗེ་བོ་སོ་སོར་སྡུད་པའི་ཡན་ལག་གསལ་བར་གྱུར་པས་མ་བཅིངས་པའི་ཚིག་ཉིད་ཀྱིས་མཆོག་སྦྱིན་པ་ལ་སོགས་པ་ནུས་པའི་ཕྱིར་རོ། །འདིས་ནི་དོན་སོ་སོ་ཡང་དག་པར་རིག་པ་ཐོབ་པར་གསུངས་སོ། །མི་འཕོ་བའི་ཁུ་བ་ཉིད་ཀྱིས་ཚིག་


DTG015_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག་སྟེ་གཞོམ་དུ་མེད་པའི་སྒྲའི་ཚུལ་ཉིད་ཀྱིས་ཚིག་ཏུ་བརྗོད་པ་སྤངས་པའི་ཕྱིར་རོ། །འདིས་ནི་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པ་གསུངས་སོ། །ཆོས་ཐམས་ཅད་བདག་མེད་པ་རབ་ཏུ་སྟོན་པའི་ཕྱིར་སྨྲ་མཁས་པའོ། །འདིས་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ཡང་གསུངས་སོ། །རྡོ་རྗེའི་བཟླས་པ་ལ་སོགས་པས་བདེ་བ་ཐོབ་པས་ཚིག་ལ་དབང་བའོ། །འདིས་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པ་གསུངས་སོ། །འདི་ལྟར་སོ་སོ་ཡང་དག་བར་རིག་པ་བཞི་ཐོབ་པ་ངག་ཚིག་མཐའ་ཡས་པ་གང་གི་ཡིན་པ་དེ་ཚིག་མཐའ་ཡས་ཏེ། སེམས་ཅན་ཐམས་ཅད་ལ་སྐལ་བ་ཇི་ལྟ་བར་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་འགོག་པའི་ཆོས་སྟོན་པའི་ཕྱིར་ཚིག་བདེན་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཡང་རང་བྱིན་གྱིས་བརླབས་པ་སྒྱུ་མ་ལྟ་བུའི་ལུས་ཏེ། དེའི་དག་པའི་རྒྱུ་དོན་དམ་པའི་བདེན་པ་འོད་གསལ་ལ་ཞེས་བྱའོ། །བདེན་པ་སྨྲ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་རང་གིས་རིག་པར་བྱ་བའི་རབ་ཏུ་སྟོན་བའི་ཕྱིར་རོ། །བདེན་པ་བཞི་ནི་སྟོན་པ་པོ་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པོ་ཉེ་བར་སྟོན་པའི་ཕྱིར་རོ། །འཁོར་ལོ་བཞིའི་ལྟེ་བར་གནས་པ་ཉིད་ཀྱིས་རླུང་བཞི་བརྒྱ་བཞི་སྟོང་ཆིག་ཁྲི་འགོག་པའི་ཕྱིར་ཕྱིར་མི་ལྡོག་པ་སྟེ་ས་མི་གཡོ་བ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །ཕྱིར་མི་འོང་ཉོན་མོངས་པ་དབང་དུ་གྱུར་པས་འཁོར་བ་བ་མིན་པའི་ཕྱིར་རོ། །རང་རྒྱལ་རྩ་མཐའ་དག་བདེ་བ་ཆེན་པོའི་ཚུལ་ཉིད་དུ་ཐོབ་པའི་འདྲེན་པ་རང་རྒྱལ་ལོ། །བསེ་རུ་ལྟར་བསེ་རུ་སྟེ་མི་འཕོ་བ་ཉིད་ཀྱིས་རྩ་ཐམས་ཅད་དུ་འཕོ་བའི་ཕྱིར་རོ། །ངེས་པར་འབྱུང་བ་རྣམ་པར་རྟོག་པ་ཉོན་མོངས་པ་སྡུག་བསྔལ་གང་ལས་ངེས་པར་འཐོན་པ་ནི་ངེས་འབྱུང་སྟེ་སྣ་ཚོགས་ཀྱང་ཡིན་ལ་ངེས་འབྱུང་ཡང་ཡིན་པས་ངེས་འབྱུང་སྣ་ཚོགས་ཏེ་འཁོར་ལོ་དྲུག་གི་པདྨའི་ལྟེ་བའོ། །དེ་རྣམས་སུ་ངེས་པར་བདེ་བ་ཆེན་པོའི་ཚུལ་ཉིད་དུ་བྱུང་བས་ན་ངེས་འབྱུང་སྣ་ཚོགས་ལས་བྱུང་བའོ། །འབྱུང་བ་ཆེན་པོ་ལྔ་བོ་རྣམས་ཀྱི་རྒྱུ་བྱེད་པ་གཅིག་པ་གཉིས་པ་མེད་པ་ནི་འབྱུང་བ་ཆེན་པོ་རྒྱུ་གཅིག་པའོ། །དེ་ལྟར་ཡང༌། འབྱུང་བ་ལྔ་པོ་ས་བོན་ནི། །གཟུང་སྟེ་རྒྱུ་རྐྱེན་ཚོགས་པས་སྐྱེ། །ས་སྲ་ཆུ་ནི་གཤེར་བ་སྟེ། །མེ་ནི་དྲོ་བ་ལས་


DTG015_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱེའོ། །རླུང་ནི་བགྲོད་པ་ནམ་མཁའ་བདེ། །ལྔ་པོས་ཡོངས་སུ་རྫོགས་འགྱུར་པའོ། །ལྷ་དང་ལྷ་མིན་མཐའ་དག་གི །སྐྱེད་བྱེད་སྟོན་པ་རྨོངས་པ་དག །ཅེས་གསུངས་སོ། །དེ་བཞིན་དུ། དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང༌། །བོ་ལ་ཀཀྐོལ་སྦྱོར་བས། །རེག་པས་སྲ་བའི་ཆོས་ཉིད་ཀྱིས། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་ཁུ་བའི་རྣམ་པ་ལས། །ཆུ་ཡི་ཁམས་ནི་ཡང་དག་འབྱུང༌། །བསྲུབས་པ་ལས་ནི་མེ་འབྱུང་སྟེ། །གཡོ་བ་རླུང་དུ་རབ་ཏུ་གྲགས། །བདེ་བ་ནམ་མཁའི་ཁམས་ཉིད་དེ། །ལྔ་པོ་དག་གིས་ཡོངས་སུ་བསྐོར། །ཞེས་གསུངས་སོ། །འདོད་ཡོན་ལྔ་ལ་ལོངས་སྤྱོད་ཀྱང་ཉོན་མོངས་པ་དང་བྲལ་བའི་ཕྱིར་དགེ་སློང་ངོ༌། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དབང་ལས་རྣམ་པར་རྟོག་པ་དང་ཉོན་མོངས་པའི་དགྲ་མཐའ་དག་བཅོམ་པས་ན་དགྲ་བཅོམ་པ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་སྦྱོར་བས་བསྐྱེད་པའི་དཔེའི་བདེ་ཅན་བརྗོད་དུ་མེད་པའི་དེ་ཁོ་ན་ཉིད་ཀྱི་བདེ་བ་ཉིད་ཀྱིས་དོན་ཐམས་ཅད་རྫོགས་པའི་ཕྱིར་རོ། །བླ་མ་དམ་པའི་གདམས་ངག་གིས་དབང་བཞི་པའི་སྐད་ཅིག་ལ་སློབ་མའི་བཞི་པའི་སྐད་ཅིག་འདས་པ་ཉིད་ཀྱིས་སྐད་ཅིག་དེ་ཉིད་ལ་ཤིན་ཏུ་དད་པའི་སྦྱོར་བས་མ་རིག་པ་མཐའ་དག་རབ་ཏུ་སྦངས་པའི་ཕྱིར་ཟག་པ་ཟད་པ་གང་གིའམ་གང་ལས་ཡིན་པ་དེ་དེ་བཞིན་ནོ། །འདོ་གསལ་དུ་ཞུགས་པས་རང་བཞིན་གྱི་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་ཕྱིར་འདོད་ཆགས་བྲལ་བའོ། །གཙུག་ཏོར་དང་ནོར་བུའི་རྩེ་མོར་བརྟེན་པ་ཉིད་ཀྱིས་དབང་པོ་དང་ཡུལ་ཐམས་ཅད་ཟིལ་གྱིས་ནོན་པའི་ཕྱིར་རམ། དབང་པོ་གཉིས་ཀྱིས་སྦྱོར་བ་ལས་མ་སྐྱེས་པའི་ཕྱིར་དབང་པོ་ཐུལ་ལོ། །འདོད་ཡོན་ལྔའི་ཉེ་བར་སྦྱོར་བ་ཉིད་ཀྱིས་སྔོན་མེད་པའི་བདེ་བ་ངོ་མཚར་བ་ཐོབ་པའི་ཕྱིར་བདེ་བ་རྙེད་པའོ། །མི་འཕོ་བའི་བདེ་བ་ཉིད་ཀྱིས་བདེ་བ་དེ་ཉམས་པའི་འཇིགས་པ་མེད་པའི་ཕྱིར་འཇིགས་མེད་ཐོབ་པོ། །ལྷན་ཅིག་སྐྱེས་པའི་དགའ་བའི་རྩི་ཆེན་པོ་དང་ལྡན་པ་ཉིད་ཀྱིས་ལུས་དང་ངག་དང་སེམས་ཀྱི་གཡེང་བའི་མེ་མཐའ་དག་རབ་ཏུ་ཞི་བའི་ཕྱིར་བསིལ་བར་གྱུར་པའོ། །ཧི་དོན་འདི་ལ་ཆགས་པ་དང་ཆགས་བྲལ་ལ་སོགས་པས་མ་གོས་པའི་ཕྱིར་རོ། །རྙོག་པ་མེད་པ་ཡེ་ཤེས་ཀྱི་སྐུའོ། །རིག་པ་ཤེས་རབ་ཡེ་ཤེས་ཆེན་པོའོ། །


DTG015_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེའི་རྐང་པ་དབང་བཞི་པར་ཐིམ་པའོ། །དེ་དང་ལྡན་པ་དེ་དང་གཉིས་སུ་མེད་པའི་ཚུལ་ཞེས་པའི་དོན་ཏོ། །ཆགས་པ་མེད་པའི་བདེ་བ་ལས་ཕུལ་དུ་བྱུང་བ་ལས་སླར་མི་ལྡོག་པའམ་ཇི་སྲིད་རྟོགས་པར་བྱ་བ་རྟོགས་པས་བདེ་གཤེགས་སོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཚུལ་གྱིས་འཇིག་རྟེན་བདེ་བ་ཆེན་པོ་ཉིད་དུ་རིག་པ་དེ་ནི་དེ་བཞིན་ནོ། །མཆོག་ནི་དགའ་བ་དང་མཆོག་དགའ་དང་དགའ་བྲལ་གྱི་མཆོག་གི་ཕྱིར་མཆོག་ཕུལ་དུ་བྱུང་བའོ། །བདག་དང་བདག་གི་བ་ལ་སོགས་པར་རྟོག་པ་རབ་ཏུ་ཉམས་པའི་ཕྱིར་བདག་གིར་མི་འཛིན་པ་སྟེ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅེས་པའི་དོན་ཏོ། །བདག་གིས་བདེ་བ་ལ་ལོངས་སྤྱོད་དོ་ཞེས་བདེ་བར་ངེས་པའི་ངར་འཛིན་པ་དང་བྲལ་བའི་ཕྱིར་ངར་འཛིན་ནོ། །ཇི་སྲིད་རྡོ་རྗེ་སེམས་དཔའི་ང་རྒྱལ་སྤང་མི་བྱ། །ཞེས་པའོ། །ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ལྟ་བུ་བདག་བྱིན་གྱིས་བརླབས་པའི་མཚན་ཉིད་དང༌། དོན་དམ་པའི་བདེན་པ་འོད་གསལ་ཡོངས་སུ་ཤེས་པ་སྟེ་འདི་དག་བདེན་པ་གཉིས་སོ། །དེ་ལྟར་ཡང་རང་བྱིན་གྱིས་བརླབས་པ་དང་སྟོང་པར་ཁམས་གསུམ་པོ་མཐོང་བ་ཞེས་བྱའོ་ཞེས་གསུངས་སོ། །དེ་ཉིད་ཚུལ་ཏེ་ལམ་མོ། །དེ་ལ་གནས་པ་དེ་མངོན་སུམ་དུ་བྱེད་པ་རླུང་འབྱུང་བ་དང་རྔུབ་པ་མཐའ་དག་འབྲོག་པར་བྱེད་པ་ཞེས་པའི་དོན་ཏོ། །ཡང་དག་པའི་སྙིང་པོ་འཁོར་བ་དགའ་བ་དང་མཆོག་དགའི་བདེ་བའོ། །དེའི་ཕ་རོལ་དགའ་བྲལ་གྱི་ཡེ་ཤེས་སོ། །དེའི་མཐའ་ལྷན་ཅིག་སྐྱེས་པའི་དགའ་བ་བདེ་བའི་ཡེ་ཤེས་སོ། །དེ་ལ་གནས་པས་ན་འཁོར་བའི་ཕ་རོལ་མཐར་སོན་པ་སྟེ་བསམ་གཏན་བཞི་པའི་རྩེ་མོ་འཛིན་ཞེས་པའི་དོན་ཏོ། །བྱ་བ་བྱས་པ་དབང་བཞི་པའི་ཡེ་ཤེས་གང་གི་ཡིན་པ་དེ་དེ་བཞིན་ནོ། །འདོད་ཡོན་ལྔ་ལ་ལོངས་སྤྱོད་པས་བསྒྲུབས་པའི་མྱ་ངན་ལས་འདས་པའི་བདེ་བ་སྐམས་ཏེ། མཆོག་ཏུ་བདེ་བའི་གནས་ཉིད་ཀྱི་ཕྱིར་རོ། །དེ་ལ་གནས་པར་མི་འགྱུར་པའི་ཡེ་ཤེས་ཀྱི་སྐུ་ཞེས་པའི་དོན་ཏོ། །ཡེ་ཤེས་འབའ་ཞིག་པ་དག་པ་གཉིས་སུ་མེད་པའི་ཆོས་ཀྱི་མཚན་ཉིད་ཆོས་ཀྱི་སྐུའི་བདག་ཉིད་དོ། །དེ་ལས་བྱུང་བ་ངེས་པར་འབྱུང་བ་མཆོག་ཏུ་མི་འགྱུར་པའི་རང་བཞིན་ཞེས་པའི་དོན་ཏོ། །ཤེས་རབ་སྣ་ཚོགས་གཟུགས་མཐོང་བའི་མཚན་ཉིད་དོ། །


DTG015_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཉིད་མཚོན་ཆེན་ཏེ་ཉོན་མོངས་པ་མཐའ་དག་སེལ་བའི་ཕྱིར་གང་གི་ཡིན་པ་དེ་དེ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་བླང་བ་དང་དོར་བའི་རྟོག་པའི་དྲ་བ་འཇོམས་པར་བྱེད་པས་རྣམ་པར་འཇོམས་པའོ། །དམ་པ་རླུང་སྟེ། བླ་མ་དམ་པའི་གདམས་ངག་གིས་རྙེད་པར་བྱ་བའི་ཕྱིར་རོ། །ཆོས་ནི་ཨེ་ཝཾ་གྱི་རྣམ་པ་སྟེ་བདེ་བ་རང་གི་མཚན་ཉིད་འཛིན་པའི་ཕྱིར་དམ་ཆོས་སོ། །དེ་ཡང༌། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་ཞེས་ནི་གྲགས་པ་དག །ཀུན་གྱི་གཞིར་གྱུར་ཕ་དང་མ། །ཡི་གེ་གཉིས་ནི་བདག་གིས་བཤད། །ཨེ་ཡི་རྣམ་པ་མ་ཡིན་ཏེ། །ཝཾ་གྱི་རྣམ་པ་ཕར་བརྗོད་དོ། །ཐིག་ལེ་དེར་ནི་རྣལ་འབྱོར་འགྱུར། །རྣལ་འབྱོར་དེར་ནི་རྨད་བྱུང་མཆོག །ཨེ་ཡི་རྣམ་པ་པདྨར་བརྗོད། །ཝཾ་གྱི་རྣམ་པ་རྡོ་རྗེ་ཉིད། །དེར་ནི་ཐིག་ལེས་བོན་འགྱུར། །འགྲོ་བ་གསུམ་པོ་དེ་ལས་སྐྱེས། །ཨེ་ཡི་རྣམ་པ་ཤེས་རབ་སྟེ། །ཝཾ་གྱི་རྣམ་པ་དགའ་བའི་བདག །ཐིག་ལེ་གཞོམ་མེད་དེ་ཉིད་དེ། །དེ་ལས་སྐྱེས་པར་མི་འགྱུར་པ། །དེ་ཉིད་ཤེས་པ་གང་ཞིག་གིས། །ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས། །ཤེས་ཏེ་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་འགྱུར། །ཞེས་གསུངས་སོ། །གཞན་དུ་ཡང༌། ཨེ་ནི་ནམ་མཁའི་སྣང་བ་སྟེ། །ཆོས་ཀྱི་དབྱིངས་སུ་རབ་ཏུ་གྲགས། །ཝཾ་གྱི་རྣམ་པ་བདེ་གཤེགས་ཚོགས། །ཨེ་ཡིག་རྣམ་པ་ཡང་དག་གནས། །ཨེ་དང་གསང་ཆེན་ནམ་མཁའི་ཁམས། །བྷ་ག་ཆོས་འབྱུང་ཆུ་སྐྱེས་དང༌། །སེང་གེའི་གདན་གནས་རྡོ་རྗེ་ཅན། །རྒྱུད་གཞན་དུ་ནི་བདག་གིས་བཤད། །ཝཾ་ནི་རྡོ་རྗེ་ཅན་རྡོར་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང། །ཧེ་རུ་ཀ་དང་དུས་འཁོར་དང༌། །དང་པོའི་སངས་རྒྱས་ཞེས་སོགས་ཀྱིས། །ཞེས་གསུངས་སོ། །གཞན་དུ་ཡང༌། བདག་གིས་ཨེ་ཝཾ་རྣམ་པར་རྟོགས། །མཐའ་དག་མ་ལུས་རྟོགས་པ་དང༌། །དེ་ནི་ཆོས་ཀྱི་ཟ་མ་ཏོག །རང་གི་གཙོ་བོའི་ཆ་ལུགས་ཏེ། །ཞེས་གསུངས་སོ། །ཆོས་ཀྱི་དབྱིངས་རང་བྱིན་གྱིས་རློབ་པའོ། །དེར་རམ་དེས་མཛེས་པས་ན་ཆོས་རྒྱལ་ལོ། །ལྷན་སྐྱེས་ཀྱི་སྣང་བའི་ཚུལ་གྱི་ཕྱིར་གསལ་བར་ལྡན་ཏེ། གསལ་བའི་ངང་ཚུལ་ལོ། །རྒྱུན་མ་ཆད་པར་སྣང་བ་མེད་པ་བསྒོམས་པས་དུ་བ་ལ་སོགས་པའི་རྟགས་བཅུ་དང༌། སངས་རྒྱས་ཀྱི་གཟུགས་མི་ཤེས་པའི་མུན་པས་


DTG015_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྒྲིབས་པའི་འཇིག་རྟེན་རྣམས་ཀྱི་སྣང་བ་བྱེད་པའོ། །མཆོག་ཕུལ་དུ་བྱུང་བ་རང་བཞིན་གྱིས་འོད་གསལ་ནོར་བུའི་ནང་དུ་སོན་པ་མཆོག་གི་བདེ་བ་ཆེན་པོའི་འོད་ཟེར་གྱི་ཚུལ་ཉི་མ་ལ་སོགས་པའི་སྣང་བྲ་ལས་མཆོག་ཏུ་འགྱུར་པའི་ཕྱིར་རོ། །ཆོས་ལྷན་ཅིག་སྐྱེས་པའི་དགའ་བ་བཞིའི་ཆོས་ཀྱི་དབང་ཕྱུག་འཇིག་རྟེན་གསུམ་གྱི་རྗེ་བོ་སྟེ་རྟག་ཏུ་བྱང་ཆུབ་སེམས་ཀྱི་རོ་མྱང་བ་ལས་དབང་ཕྱུག་ཉིད་ཀྱི་ཕྱིར་རོ། །ཆོས་བདེ་བ་ཆེན་པོ་རིན་པོ་ཆེའི་ཆར་གྱིས་འཇིག་རྟེན་སྒྱུར་པར་བྱེད་པའི་ཕྱིར་ཆོས་ཀྱི་རྒྱལ་པོའོ། །ལེགས་པའི་ལམ་བདག་བྱིན་གྱིས་བརླབ་པའི་མཚན་ཉེད་ཀྱིས་སྟོན་པ་པོ་གསལ་བར་མཛད་པའོ། །དོན་དམ་པར་ཆོས་ཐམས་ཅད་ཡེ་ཤེས་ཀྱི་རྣམ་པར་རབ་ཏུ་སྣང་བར་བྱེད་པའི་ཕྱིར་གྲུབ་པ་རྫོགས་པའོ། །ང་ལས་སམ་གང་གི་ཡིན་པ་དེ་དེ་བཞིན་ནོ། །བསམ་པ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་དེ་བཞིན་ནོ། །སངས་རྒྱས་རྡོ་རྗེ་འཆང་བསྐྱེད་པ་བསྒོམ་པ་སྒོམས་པས་འགྲུབ་པ་སྟེ། རྟག་ཏུ་མངོན་དུ་བྱས་པའོ། །དེའི་ཕྱིར་ཀུན་དུ་རྟོག་པ་ཐམས་ཅད་བདག་དང་བདག་གི་བར་འཛིན་པའི་མངོན་པར་ཞེན་པ་སྤངས་པ་གསལ་བའོ། །དབང་དང་དམ་ཚིག་དང་སྤྱོད་པ་ལ་སོགས་པའི་དོན་དུ་རྣམ་པར་མི་རྟོག་པའི་སེམས་ཀྱིས་ཐམས་ཅད་བྱེད་པའི་ཕྱིར་རྣམ་པར་མི་རྟོག་པའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་ཕྱིར་དབྱིངས་སོ། །འོད་གསལ་དུ་ངེས་པ་ཉིད་ཀྱིས་ཟད་པ་མེད་པའི་ཕྱིར་མི་ཟད་པའོ། །སྐུ་གསུམ་གྱི་བདག་ཉིད་བདེ་བ་ཆེན་པོའི་ཚུལ་གཅིག་གི་ཕྱིར་ཆོས་དབྱིངས་སོ། །རང་འབྱུང་ལྷན་ཅིག་སྐྱེས་པ་ཉིད་ཀྱི་ཕྱིར་དམ་པའོ། །མི་འགྱུར་པའི་ཕྱིར་ཟད་མི་ཤེས་པའོ། །འདིས་ནི་རྣམ་པར་མི་རྟོག་པ་བསྒོམ་པ་ཁོ་ན་ཕྱག་རྒྱ་ཆེན་པོ་འགྲུབ་པའི་རྒྱུའོ་ཞེས་བཤད་པའོ། །བསོད་ནམས་སྙིང་རྗེ་ཆེན་པོའི་ཆགས་པས་བསྒྱུར་པའི་སེམས་མེད་པའི་སེམས་ཀྱིས་ཏིང་ངེ་འཛིན་གྱི་ཡན་ལག་མངོན་དུ་བྱེད་པའི་བདེ་བ་སྟེ། དེའི་བདག་ཉིད་དུ་དེ་དང་ལྡན་པས་ན་བསོད་ནམས་ལྡན་པའོ། །དེ་ལྟར་ཡང༌། ཆགས་བྲལ་ལས་གཞན་སྡིག་མེད་དེ། །བདེ་བ་ལས་གཞན་བསོད་ནམས་མེད། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །འཕོ་བའི་བདེ་བ་རྣམ་པར་སྤངས། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཐབས་


DTG015_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་གྱུར་པའི་བདེ་བའི་ཡེ་ཤེས་ཀྱི་ཕྱིར་བསོད་ནམས་ཀྱི་ཚོགས་སོ། །དེ་ཡང༌། གང་ཞིག་རི་དབང་རྩེ་ནས་ལྷུང་བདེ། །འཕོ་བར་མི་འདོད་དེ་ལྟ་ན་ཡང་འཕོ། །བླ་མའི་དྲིན་གྱིས་གདམས་ངག་རྟོགས་པ་དེ། །གྲོལ་བར་མི་འདོད་དེ་ལྟ་ན་ཡང་གྲོལ། །ཞེས་གསུངས་སོ། །ཡེ་ཤེས་ཀྱི་ཚོགས་རྫོགས་པས་ན་ཡེ་ཤེས་ཏེ། ནོར་བུའི་ནང་དུ་སོང་བའི་དམིགས་སུ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་ཚུལ་གྱི་ཕྱིར་རོ། །བདེ་བ་སྣ་ཚོགས་ཀྱི་འབྱུང་གནས་ཀྱི་ཕྱིར་ཡེ་ཤེས་འབྱུང་གནས་སོ། །དེ་སྐད་དུ། ཀུན་ནས་ཞབས་དང་ཕྱག་ལྡན་པ། །ཐམས་ཅད་དུ་ནི་སྤྱན་དང་ཞལ། །ཀུན་དུ་དྲན་ལྡན་འཇིག་རྟེན་ནི། །ཀུན་ལ་ཁྱབ་པར་གནས་པའོ། །ཞེས་གསུངས་སོ། །ཆེ་བ་བཅུ་དྲུག་གི་ཚུལ་གྱི་ཕྱིར་རོ། །གཏུམ་མོའི་སྦྱོར་བས་རྣམ་པར་རྟོག་པའི་བུད་ཤིང་ཐམས་ཅད་བསྲེག་པ་ཉིད་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྟག་ཏུ་ལྡན་པས་ན་ཡེ་ཤེས་ལྡན་པའོ། །སྒྱུ་མ་ལྟ་བུ་བདག་བྱིན་གྱིས་བརླབ་པའི་དབང་དུ་བྱས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཉིད་ཀྱི་རབ་ཏུ་སྣང་བའི་ཕྱིར་དང༌། བརྫུན་གྱི་འཁྲུལ་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཡོད་མེད་ཤེས་ཏེ་རང་གིས་རིག་པར་བྱ་བ་ལྷན་ཅིག་སྐྱེས་པའི་ཚུལ་ཞེས་པའི་དོན་ཏོ། །བཤད་མ་ཐག་པའི་ཚོགས་གཉིས་དང་ལྡན་པའི་ཕྱིར། །ཚོགས་གཉིས་ཚོགས་ནི་བསགས་པ་པོ་སྟེ་བ་སྤུའི་ཁུང་བུའི་རྩེ་མོ་ནས་ནམ་མཁའ་ཁྱབ་པའི་སངས་རྒྱས་ལ་སོགས་པའི་ཀུན་ནས་འབྲོ་བའི་ཚུལ་གྱི་ཕྱིར་རོ། །འོད་གསལ་ངེས་པ་ཉིད་ཀྱིས་མི་འཕྲོ་བའི་བདེ་བའི་ཕྱིར་རྟག་བའོ། །སྣ་ཚོགས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ་དེར་བདེ་བའི་གཟུགས་ཀྱིས་མཛེས་པས་ན་ཀུན་རྒྱལ་ལོ། །ལུས་ངག་སེམས་གཅིག་ཏུ་བྱེད་པའི་རྣལ་འབྱོར་ཅན་ནོ། །དགའ་བ་བཞིའི་བདག་ཉིད་ཀྱི་ཕྱིར་བསམ་གཏན་ནོ། །རྣལ་འབྱོར་གྱི་དབང་ཕྱུག་གི་རྡོ་རྗེ་ནོར་བུ་དང་གཙུག་ཏོར་དུ་ཉམས་སུ་མྱོང་བར་བྱ་བ་ཉིད་ཀྱི་ཕྱིར་བསམ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་ཕྱིར་བློ་ལྡན་བདག་དྲུག་པ་རྡོ་རྗེ་འཆང་ངོ༌། །གཞོན་ནུ་མའི་དགའ་བའི་བདེ་བ་བཞིན་དུ་གཞན་གྱིས་རིག་པར་བྱ་བ་མ་ཡིན་པའི་ཕྱིར་སོ་སོ་རང་རིག་གོ །དེ་སྐད་དུ། གཞོན་ནུ་མ་ཡི་དགའ་བ་ནི། །མེད་པར་བདེ་བ་སྨྲ་མི་ནུས། །ལང་ཚོའི་དགའ་བ་རྙེད་


DTG015_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ན། །བདེ་བ་ཆེན་པོ་རང་ལས་རིག །དེ་བཞིན་ཏིང་ནེ་འཛིན་བྲལ་བའི། །བདེ་བ་བདེ་བར་མི་ནུས་ཏེ། །ཏིང་འཛིན་མི་འགྱུར་པ་ཐོབ་པའི། །རྣལ་འབྱོར་བས་ནི་རང་ལས་རིག །ཅེས་གསུངས་སོ། །རྣམ་པར་རྟོག་པའི་རླུང་ཆད་པའི་ཕྱིར་མི་གཡོ་བའོ། །རྡོ་རྗེ་སེམས་དཔའི་གཟུགས་ཀྱི་ཕྱིར་མཆོག་གི་དང་པོའོ། །ལྷན་ཅིག་སྐྱེས་པའི་དབུས་སུ་གནས་པའི་སྐུ་གསུང་ཐུགས་ཀྱི་ཕྱིར་སྐུ་གསུམ་འཆང་ངོ༌། །བདག་ཉིད་ཀྱི་བདེ་བ་རྟོགས་པའི་ཕྱིར་སངས་རྒྱས་སོ། །སད་པ་དང༌། རྨི་ལམ་དང༌། གཉིད་ལོག་པ་དང༌། བཞི་པ་དང༌། བཞི་པ་འདས་པ་ཉིད་ཀྱིས་སྐུ་ལྔའི་བདག་ཉིད་ཅན་ནོ། །ཁྱབ་བདག་ནི་བདེ་བའི་ངོ་བོས་བྱིས་པ་ལ་སོགས་པའི་གནས་སྐབས་ལ་ཁྱབ་པའི་ཕྱིར་རོ། །རིགས་ལྔའི་བདག་ཉིད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་ཀྱི་ཕྱིར་ཡེ་ཤེས་ལྔའི་བདག་གོ །དེ་ལྟར་ཡང༌། བོ་ལ་ཀཀྐོལ་སྦྱོར་བས། །རེག་བས་སྲ་བའི་བག་ཆགས་ཏེ། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་འདོད། །གང་ཕྱིར་བྱང་སེམས་གཤེར་བ་ལས། །གཤེར་བ་ཆུ་ཡི་ཁམས་སུ་འདོད། །ཆུ་ནི་མི་བསྐྱོད་རང་བཞིན་ཕྱིར། །ཞེ་སྡང་གཙོ་བོ་མི་བསྐྱོད་པའོ། །གཉིས་ཀྱིས་བསྲུབ་པའི་སྦྱོར་བ་ལས། །རྟག་ཏུ་དྲོད་ནི་སྐྱེ་བར་འགྱུར། །འདོད་ཆགས་མེ་ལས་བྱུང་བ་ཉིད། །འདོད་ཆགས་དཔག་མེད་རྡོ་རྗེར་འགྱུར། །ཀཀྐོལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །དོན་ཡོད་རླུང་ལས་བྱུང་བ་ཉིད། །ཕྲག་དོག་དོན་ཡོད་གྲུབ་པར་འགྱུར། །བདེ་བའི་འདོད་ཆགས་ཁྲག་ཏུ་འགྱུར། །ཁྲག་ནི་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །ཅེས་གསུངས་སོ། །ཡང་ན་ཕ་མའི་སྦྱོར་བ་ཡིས། །ཕའི་བྱང་ཆུབ་ཀྱི་སེམས་ས་བོན་ཟླ་བ་དྲི་མ་མེད་པའི་གཟུགས་ཀྱི་ཕྱིར་མེ་ལོང་ལྟ་བུའི་ངོ་བོ་ཉིད་དང༌། མའི་རང་བྱུང་གི་མེ་ཏོག་ཉི་མ་རིན་པོ་ཆེ་འབྱུང་ལྡན་ཆགས་པའི་ཕྱིར་མཉམ་པ་ཉིད་དང༌། །པདྨར་རྡོ་རྗེ་ཞུགས་པ་ཆགས་པ་ཆེན་པོའི་ས་བོན་གྱིས་འོད་དཔག་མེད་ཀྱི་བདེ་བའི་ཕྱིར་སོ་སོར་རྟོག་པ་དང༌། བསྐྱོད་པ་རླུང་གིས་ཉམས་སུ་མྱོང་བ་དོན་ཡོད་གྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་བྱ་བ་སྒྲུབ་པ་དང༌། བར་དོའི་རྣམ་ཤེས་ཞུགས་པས་འཕེལ་བ་དང༌། དེ་ནས་མའི་མངལ་ནས་ཐོན་པ་གཟུགས་རྫོགས་པ་ཤ་ནི་


DTG015_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྔར་བཤད་པའི་གཟུགས་མངོན་སུམ་དུ་བྱས་པས་སྒྲིབ་པ་མེད་པའི་ཕུང་པོ་ལྔ་འཕྲོ་བའི་ཕྱིར་སངས་རྒྱས་ལྔ་བདག་ཅོད་པན་ནོ། །སོ་སོར་སྡུད་པ་དང༌། བསམ་གཏན་དང༌། སྲོག་རྩོལ་དང༌། འཛིན་པ་དང༌། རྗེས་སུ་དྲན་པའི་ཡན་ལག་གསལ་བར་འགྱུར་པའི་ཕྱིར་སྤྱན་ལྔའོ། །ཏིང་ངེ་འཛིན་གྱི་ཡན་ལག་དང་ལྡན་པའི་ཕྱིར་ཆགས་པ་མེད་པ་འཆང་ངོ༌། །སེམས་ཀྱི་སྐད་ཅིག་བརྒྱད་ཁྲི་བཞི་སྟོང་གིས་སངས་རྒྱས་ཐམས་ཅད་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་སྐྱོད་པའི་ཕྱིར་སངས་རྒྱས་ཐམས་ཅད་སྐྱེད་པ་པོ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། རྡོ་རྗེ་རིན་པོ་ཆེའི་ནང་དུ་སོན་པའི་བདེ་བའི་སེམས་ཀྱི་ཕུང་པོ་ཞེས་པའི་དོན་ཏོ། །སྔར་བཤད་པའི་རྣམ་པས་རང་གི་སེམས་རབ་ཏུ་སད་པས་སངས་རྒྱས་སོ། །དེའི་སྲས་བདག་ལས་སྐྱེས་པའི་ལྷན་སྐྱེས་རང་ཉིད་ཡོངས་སུ་མཐོང་བ་ཉིད་ཀྱིས་མཆོག་ཏུ་སྡུག་པའི་གནས་སུ་གྱུར་པའི་ཕྱིར་རྣམ་པར་མི་རྟོག་པ་རབ་ཏུ་རྟོགས་པའི་ངེས་པར་འབྱུང་བ་ཞེས་བྱ་བའི་དོན་ཏོ། །དགའ་བ་གསུམ་ལས་འདས་པའི་ཕྱིར་དམ་པ་སྟེ་ལྷན་སྐྱེས་ཞེས་བྱ་བའི་དོན་ཏེ། རང་གི་ཉམས་སུ་མྱོང་བའི་ཕྱིར་མཆོག་གོ །ཤེས་རབ་སྣ་ཚོགས་ཏེ་དེ་ཁོ་ན་སྐྱེ་བའི་གནས་སོ། །དེ་ལས་བྱུང་བས་ན་ཤེས་རབ་སྲིད་འབྱུང་ནི་བདེ་བ་ཆེན་པོའི་རྣམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་སྐྱེ་གནས་ཉིད་དེ་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བའི་གནས་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཀྱི་སྐུའི་ཕྱིར་ཆོས་རྣམས་འབྱུང་བའོ། །སྲིད་པ་དགའ་བ་གསུམ་སེལ་བ་ལྷན་ཅིག་སྐྱེས་པའི་དགའ་བ་བྱེད་པས་སྲིད་པ་སེལ་ལོ། །གཅིག་པུ་གཉིས་སུ་མེད་པའི་ཕྱིར་རོ། །སྲ་བ་དབྱེར་མེད་པའི་ཕྱིར་དང༌། མཁྲེགས་པ་ལྷན་སྐྱེས་ཀྱི་བདེ་བ་ཉིད་ཀྱིས་བརྟགས་པའི་ཉོན་མོངས་པ་ཐམས་ཅད་མེད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་སྐུ་ཡིན་པས་དབྱེར་མི་ཕྱེད་པའི་ཕྱིར་རྡོ་རྗེའི་བདག་གོ །ཤིན་ཏུ་དད་པ་དང་ལྡན་པའི་སེམས་བླ་མའི་མན་ངག་བཤད་པ་ཙམ་གྱིས་སངས་རྒྱས་ཀྱི་གཟུགས་ཉིད་དུ་སྐྱེས་པའི་ཕྱིར་སྐྱེས་མ་ཐག་པའོ། །དེ་སྐད་དུ། དེ་ཉིད་རིམ་པས་སྙིང་རྗེ་ལ་སོགས་ཡོན་ཏན་གྱིས་སྦྱངས་པ། །དད་ལྡན་སྙིང་ལ་གོ་འཕང་རང་ཉིད་ཀུན་ནས་ལེན། །ཞེས་གསུངས་སོ། །འགྲོ་བའི་བདག་སྐྱེ་བོ་ཐམས་ཅད་ཀྱི་མ་དང་


DTG015_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་གནས་སུ་གྱུར་པ་འགྲོ་བའི་རྗེ་བོ་རྡོ་རྗེ་སེམས་དཔའི་རང་བཞིན་ཞེས་པའི་དོན་ཏོ། །ད་ནི་རང་བྱིན་གྱིས་བརླབ་པ་གསུངས་ཏེ། དེ་ཡང༌། ཀུན་རྫོབ་ཏུ་སྟོང་པ་མཐོང་བས་སོ་སོར་སྡུད་པའི་མཚན་མ་ཞེས་བྱ་བ་སྤྲིན་དང་དུ་བ་ལ་སོགས་པ་བཞིན་སྣང་བའོ། །དེ་ཡང་དང་པོ་སྟེ་སྒྲོན་མ་བར་དུ་མཐོང་བར་འགྱུར་རོ། །རྟགས་བཞི་པོ་དེ་ཡང་འདུས་པ་ལ་སོགས་པར་གསུངས་སོ། །འབར་བ་ལ་སོགས་པ་ནས་ཐིག་ལེའི་བར་གྱི་རྟགས་དྲུག་ནི་འདིར་ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་སོ། །སྔར་བཤད་པའི་སྤྲིན་མེད་པའི་ནམ་མཁའ་ལས་རབ་ཏུ་སྣང་བ་གང་ཡིན་པ་དེ་ནམ་མཁའ་ལས་བྱུང་བའོ། །རང་བྱུང་ནི་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེ་བས་ན་ཤེས་རབ་ཡེ་ཤེས་མེ་ཞེས་པ་སྟེ། འབར་བར་རབ་ཏུ་སྣང་བའོ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་པ་ཟླ་བའི་བར་དུ་སྣང་བའོ། །དེ་ཉིད་ཡེ་ཤེས་སྣང་བ་ལམ་མེ་བའོ། །འགྲོ་བའི་མར་མེ་ནི་ཉི་མའི་སྣང་བའོ། །ཡེ་ཤེས་སྒྲོན་ནི་སྒྲ་གཅན་གྱི་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་གི་རབ་ཏུ་སྣང་བའོ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །ཞེས་པ་ཐིག་ལེའི་སྣང་བའོ། །དེ་ཡང་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་རྣལ་འབྱོར་པས་ཁམས་གསུམ་གྱི་དངོས་པོའི་རྣམ་པ་ཐམས་ཅད་སྣང་བརྙན་སྒྱུ་མ་དང་རྨི་ལམ་གྱི་སྣང་བ་དང་མི་མཉམ་པ་མཐོང་བར་འགྱུར་ཞེས་པའོ། །བཤད་པ་ནི་ནམ་མཁའ་སངས་རྒྱས་ཀྱི་སྐུ་སྟེ་དེར་བྱུང་བས་ན་དེ་ལྟར་བཤད་དེ། །རང་བདག་ཉིད་དུ་བྱུང་བ་ནི་དེ་བཞིན་ནོ། །ཤེས་རབ་ཡེ་ཤེས་ལྷན་སྐྱེས་ཀྱི་གཏུམ་མོའི་ཡེ་ཤེས་སོ། །དེ་ཉིད་ཁོ་ན་མེ་དང་འདྲ་བས་མེ་གང་ཡིན་པ་དེ་དེ་བཞིན་ནོ། །ཀུན་དུ་ཁྱབ་པའི་ཕྱིར་ཆེན་པོའོ། །ཆེར་འབར་བ་འདིའི་ཡིན་པས་འོད་ཆེན་ནོ། །རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་རྣམ་པར་སྣང་བ་སྟེ་དེ་ཉིད་རྣམ་པར་སྣང་བར་བྱེད་པའོ། །ཡེ་ཤེས་ཁོ་ན་གང་གི་སྣང་བ་ཡིན་པ་དེ་ཡེ་ཤེས་སྣང་བའོ། །སྣང་བར་བྱེད་ཅིང་གསལ་བར་བྱེད་པས་ལམ་མེ་བའོ། །མར་མེ་ལྟར་འགྲོ་བའི་སྣང་བ་བྱེད་པའི་ཕྱིར་འགྲོ་བའི་མར་མེའོ། །ཡེ་ཤེས་ཁོ་ན་གང་གི་སྒྲོན་མ་ཡིན་པ་དེ་ཡེ་ཤེས་སྒྲོན་ནོ། །གཟི་བརྗིད་ཆེན་པོའི་སྣང་བ་གང་ཡིན་པ་དེ་གཟི་བརྗིད་ཆེན་པོའོ། །དེ་ཉིད་ཀྱི་ཕྱིར་འོད་གསལ་


DTG015_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ། །བདེ་བ་ཆེན་པོའི་གཙོ་བོ་ཉིད་ཀྱི་ཕྱིར་སྔགས་མཆོག་མངའ་བདག་གོ །རིག་སྔགས་ཕྱག་རྒྱ་ཆེན་པོའི་རྒྱལ་པོ་ཉིད་ཀྱི་ཕྱིར་རིག་སྔགས་རྒྱལ་ལོ། །དོན་དམ་པའི་གསང་སྔགས་རྒྱལ་པོ་ཉིད་ཀྱི་ཕྱིར་གསང་སྔགས་རྒྱལ་པོའོ། །བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་འཇིག་རྟེན་གསུམ་འཕྲོ་བའི་ཕྱིར་དོན་ཆེན་བྱེད་དོ། །ཆེན་པོ་ཡང་ཡིན་ཞིང་གཙུག་ཏོར་ཡང་འདི་ཡིན་པས་གཙུག་ཏོར་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐིག་ལེའོ། །ནམ་མཁའ་གཙུག་ཏོར་གྱི་རྣམ་པར་ཕུང་པོར་གྱུར་ཏེ་གནས་པའི་ཕྱིར་རོ། །གཙུག་ཏོར་ནས་བྱུང་བ་ཡེ་ཤེས་ཀྱི་ཐིག་ལེ་སྟེ། གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག་གོ །ཨོ་ཊྚའི་ལམ་ནས་གཟི་བརྗིད་ཕུང་པོའི་ཚུལ་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་གང་ཡིན་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ལས་འཐོན་ནས་སྤྱི་བོར་རྡོ་རྗེའི་རྣམ་པར་གནས་པའོ། །དེ་ལྟར་ཡང༌། གང་གི་ཡིད་བྱུང་རང་གི་རྡོ་རྗེར་དྲངས་ནས་རང་ཉིད་དཔྲལ་བར་བླངས། །ཤཱཀྱ་ཐུབ་པས་ཤེས་རབ་ཡེ་ཤེས་སྟོབས་ཀྱིས་རྡོ་རྗེ་གཙུག་ཏོར་ཆེན་པོར་སོན། །དམིགས་དང་བཅས་པར་སོན་ཏེ་སྟོང་པ་ཉིད་དང་སྙིང་རྗེ་དམིགས་པ་མེད་བྱ་བ། །ངེས་པར་ལྷ་མི་ལྷ་མིན་ལ་སོགས་བླ་མ་འགྲོ་བའི་སྟོན་པ་གཅིག་ཕྱག་འཚལ། །ཞེས་གསུངས་སོ། །ནམ་མཁའ་སྟོང་པ་ཉིད་ཀྱི་བདག་པོ་བདེ་བའི་བདག་པོ་ཞེས་པའི་དོན་ཏོ། །དེ་སྐད་དུ། སྣང་བ་མེད་པའི་སེམས་ཀྱིས་ནི། །གནས་པ་ནམ་མཁའི་མཚན་ཉིད་དོ། །ནམ་མཁའ་བསྒོམ་པ་འདི་ཉིད་ནི། །སྟོང་པ་ཉིད་ནི་བསྒོམ་པར་འདོད། །ཅེས་གསུངས་སོ། །སྣ་ཚོགས་རྣམ་པ་སྣ་ཚོགས་པ་རང་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་གྱིས་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པར་སྟོན་པའི་ངང་ཚུལ་གང་གི་ཡིན་པ་དེ་ནམ་མཁའི་བདག་པོ་སྣ་ཚོགས་སྟོན་ཏོ། །རྟག་པ་ལ་སོགས་པ་སངས་རྒྱས་ཀུན་གྱི་བདག་གི་ངོ་བོ་རང་གི་རིག་པར་བྱ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་དེས་ནམ་ཆོག་དམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཞེས་པའི་དོན་ཏོ། །འགྲོ་ཀུན་དགའ་བ་ལྷན་ཅིག་སྐྱེས་པའི་ཚུལ་དུ་མིག་དང་ལྡན་ཏེ་ལྟ་བར་བྱེད་ཅིང་ཉམས་སུ་མྱོང་བར་བྱེད་པས་ན་འགྲོ་ཀུན་དགའ་བའི་མིག་དང་ལྡན་ནོ། །བརྟན་པ་དང་གཡོ་བའི་དངོས་པོ་རྣམས་བདེ་བ་སྣ་ཚོགས་ཀྱི་


DTG015_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟུགས་སུ་མཐོང་བས་སྣ་ཚོགས་གཟུགས་ཅན་ནོ། །སྐལ་བ་དང་ལྡན་པ་ཇི་ལྟ་བ་བཞིན་དུ་སྔགས་དང་ཕྱག་རྒྱ་དང་མངོན་པར་རྟོགས་པར་དཀྱིལ་འཁོར་དབྱུང་བ་ལ་སོགས་ཐམས་ཅད་བྱེད་པས་སྐྱེས་པ་པོའོ། །ལྷན་སྐྱེས་ཀྱི་བདག་ཉིད་དུ་མཆོད་བྱ་ཡིན་པའི་ཕྱིར་མཆོད་ཅིང་ངོ༌། །རྟག་ཏུ་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཕྱག་རྒྱ་བསྙེན་པའི་ཟིལ་གྱིས་མནན་པར་བྱ་བ་མིན་པས་རྗེད་པའོ། །མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་ཀྱི་ཕྱིར་དྲང་སྲོང་ཆེའོ། །ལུས་དང་ངག་དང་སེམས་ཀྱི་དབྱེ་བས་རིགས་གསུམ་སྟེ། བདེ་བ་ཆེན་པོའི་ནང་དུ་ཐིམ་པ་ཉིད་དུ་འཆང་བ་དེ་ནི་དེ་བཞིན་ནོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་འཛིན་བའི་ཕྱིར་གསང་སྔགས་འཆང་ངོ༌། །དམ་ཚིག་ཆེན་པོ་གསང་སྔགས་ནི་བདེ་བ་དམ་པའི་མངོན་བར་རྫོགས་པའི་བྱང་ཆུབ་པའི་ཏིང་ངེ་འཛིན་པ་ནི་དེ་བཞིན་ནོ། །དཀོན་མཆོག་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ཞེས་བྱ་བ་ལྷན་ཅིག་སྐྱེས་པའི་གཟུགས་གཅིག་པུའོ། །དེ་འཛིན་པའི་ཕྱིར་དེ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གཙོ་བོ་སྟེ་ཐོག་མ་དང་ཐམ་མེད་པའི་ཕྱིར་རོ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །དགའ་བ་བཞི་པ་གསལ་བར་བྱེད་པ་པོའོ། །དེ་སྐད་དུ། ནམ་མཁའ་རྡོ་རྗེའི་དབྱིངས་དབུས་གནས། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པ་སྟེ། །ལུས་ངག་སེམས་ཀྱི་ང་རྒྱལ་ནི། །བསམས་ནས་དེ་ནི་བསྐལ་པར་གནས། །ཞེས་གསུངས་སོ། །དོན་ཡོད་བཅིང་དུ་མེད་པ་ཞགས་པ་དང་འདྲ་བ་སྟེ། སྦྱོར་བ་ཡན་ལག་དྲུག་གི་མཚན་ཉིད་གང་གི་ཡིན་པ་དེ་དོན་ཡོད་ཞགས་པ་སྟེ་བྱང་སེམས་རྡོ་རྗེ་གདུལ་བྱ་སེམས་ཅན་རྣམས་ལ་གཟུགས་མཐོང་བས་དེ་བཞིན་ཉིད་རབ་ཏུ་སྣང་བའི་ཕྱིར་རོ། །རྡོ་རྗེ་ལྟ་བུ་འཇིག་རྟེན་གསུམ་གྱི་ཏིང་ངེ་འཛིན་གྱི་རླུང་འགོག་པའི་ཕྱིར་རྣམ་པར་རྒྱལ་ལོ། །འཛིན་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྣམ་པར་མི་རྟོག་པའི་སྦྱོར་བས་མི་གཏོང་བ་གང་གི་ཡིན་པ་དེ་དེ་བཞིན་ནོ། །རྡོ་རྗེ་ཞགས་པ་དང་འདྲ་བས་ཞགས་པ་གང་ཡིན་པ་དེ་དེ་བཞིན་ཏེ། སྲོག་བཅིངས་པས་སེམས་ཀྱི་རྡོ་རྗེ་ཡང་བཅིངས་པའི་ཕྱིར་རོ། །རྡོ་རྗེ་ལྕགས་ཀྱུ་བཞིན་དུ་བདེ་བའི་ཏིང་ངེ་འཛིན་ཐམས་ཅད་འགུགས་པ་ཕྱིར་རྡོ་རྗེ་ལྕགས་ཀྱུའོ། །ཞགས་པའི་སྒྲ་ཡིས་ལྟེ་བའི་འོག་ཏུ་འཁྱིལ་པའི་རྣམ་པར་སྣང་བའི་ཀླུའི་རྣམ་པ་ནོར་རྒྱས་ཀྱི་བུ་ཞེས་བྱ་བ་རྩའི་བྱེ་བྲག་གོ །དེས་ཨ་ཝ་དྷཱུ་ཏཱིའི་ལམ་ནས་ཚངས་


DTG015_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་གནས་སུ་སོ་ན་ནས་བྱང་ཆུབ་ཀྱི་སེམས་བཀུག་པས་ཁམས་དང་སྐྱེ་མཆེད་རྣམས་རྒྱས་པར་བྱེད་པའི་ཕྱིར་ཞགས་པ་ཆེའོ། །འདི་ནི་སྙིང་གའི་རྩ་གཅིག་དང་བཅས་པའི་དཔྲལ་བ་དང༌། སྤྱི་བོ་དང༌། རྣ་བ་གཡས་པ་དང༌། རྒྱབ་གཞུང་དང༌། རྣ་བ་གཡོན་པ་དང༌། མིག་དང། སྨིན་མཚམས་དང༌། ཕྲག་པ་གཉིས་དང༌། མཆན་ཁུང་དང༌། ནུ་མ་གཉིས་དང༌། ལྟེ་བ་དང༌། སྣ་རྩེ་དང༌། ཁ་དང༌། མགྲིན་པ་དང༌། སྙིང་ག་དང༌། མདོམས་དང༌། གསང་བ་དང༌། བཤད་ལམ་དང༌། བྲལ་དང༌། བྱིན་པ་དང༌། རྐང་བའི་རྒྱབ་དང༌། སོར་མོ་དང༌། མཐེ་བོང་དང། པུས་མོ་གཡས་སུ་ཁྱབ་པའི་ལྷན་སྐྱེས་ཀྱི་དགའ་བ་བྱང་ཆུབ་ཀྱི་སེམས་རབ་ཏུ་མཚོན་པར་བྱེད་པ་ཉིད་ཀྱིས་སམ། བྱང་ཆུབ་སེམས་ཟླ་བའི་གནས་ཉི་ཤུར་ཙ་བཞིའི་རང་བཞིན་གྱི་རྣམ་པར་དག་པ་རྐང་པས་དམན་པའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བཤད་པ་འཇིག་རྟེན་ལས་འདས་པའི་རྣམ་པར་ཤེས་པ་མི་བསྐྱོད་པའི་རང་བཞིན་གྱི་བཤད་པའོ། །

བདུན་པ། རྐང་པ་དང་བཅས་པའི་ཚིགས་སུ་བཅད་པ་བཅུས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བཤད་པ་གསུངས་པ།


DTG010_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །རྐང་པ་དང་བཅས་པའི་ཚིགས་སུ་བཅད་པ་བཅུས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བཤད་པ་གསུངས་ཏེ། རྡོ་རྗེ་ཨ་ཝ་དྷཱུ་ཏཱིའོ། །དེའི་ནང་དུ་རླུང་བྷེ་རཾ་བྷའི་ཤུགས་གཞོམ་དུ་མེད་པ་ལ་བདེ་བའི་བདག་ཉིད་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་ཉིད་ཀྱི་བདེ་བ་ཆེན་པོའི་རང་བཞིན་གྱིས་གདུག་པའི་རྣམ་པར་རྟོག་པ་རྣམས་འཇིགས་པ་རང་བཞིན་མེད་པར་བྱེད་པའོ་ཞེས་པས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོ་དགའ་བྲལ་གྱི་མཇུག་ཐོགས་སུ་མཛེས་པས་ན་ཁྲོ་བོའི་རྒྱལ་པོ་བདེ་བ་ཆེན་པོའི་རང་བཞིན་འཇམ་དཔལ་གྱི་སྐུའོ། །གདོང་དྲུག་ནི་སོ་སོར་སྡུད་པ་ལ་སོགས་པ་ཐབས་སུ་གྱུར་པ་དྲུག་པོ་གང་ཡིན་པ་དེ་དེ་བཞིན་ནོ། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཉིད་ཀྱིས་འཇིགས་སོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དབང་པོ་རྣམས་མཐའ་དང་བྲལ་བའི་ཕྱིར་ནམ་མཁའ་ལྟར་དང་བ་ཉིད་ཀྱིས་མངོན་པར་ཤེས་པ་དྲུག་གི་རང་བཞིན་མིག་དྲུག་གང་གི་ཡིན་པ་དེ་མིག་དྲུག་གོ །ཡུལ་དྲུག་པོ་བདེ་བ་ཆེན་པོ་ཉིད་དུ་ལོངས་སྤྱོད་པས་ལག་དྲུག་གོ །ཆགས་པ་ཆེན་པོའི་བདག་ཉིད་ཅན་གྱི་ཡེ་ཤེས་སུ་ཕུང་པོ་ལ་སོགས་པ་བསྒྱུར་པར་ནུས་པའི་ཕྱིར་སྟོབས་དང་ལྡན་


DTG015_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནོ། །བདེ་བ་རྟོགས་པས་ན་ཀེང་རུས་སོ། །མཆེ་བ་གཏུམ་མོ་སྟེ་དེ་བླ་མའི་གདམས་ངག་གིས་འབར་བ་དག་རྩེ་མོར་གྱུར་པའི་ཕྱིར་གཙིགས་པ་པོའོ། །ཧ་ལ་ཧ་ལ་ནམ་མཁའི་ཡེ་ཤེས་ཉིད་ཀྱིས་རྡོ་རྗེའི་མཐའ་སྲོག་བསྡམ་པའོ། །དེས་རྩ་མཐའ་དག་ཏུ་སོན་པའི་བདེ་བ་ཉིད་ཀྱིས་གདོང་བ་བདེ་བའི་ཡེ་ཤེས་བརྒྱ་པ་མཐའ་ཡས་པ་གང་གི་ཡིན་པ་དེ་ཧ་ལ་ཧ་ལ་གདོང་བརྒྱ་པའོ། །གཤིན་རྗེ་བདག་གཞན་དུ་མངོན་པར་ཞེན་པ་གཉིས་སོ། །དེའི་གཤེད་པོ་ཟུང་འཇུག་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །བགེགས་ནི་བདུད་དེ། རང་གི་སེམས་རབ་ཏུ་འཇོམས་ཏེ་བདུད་ནི་རང་གི་སེམས་ཏེ་བདུད་གཞན་མེད་ཅེས་སོ། །དེ་བཅོམ་པས་མཛེས་པ་ནི་བགེགས་ཀྱི་རྒྱལ་ལོ། །རྡོ་རྗེ་ཡང་དག་པའི་ཡེ་ཤེས་ཀྱི་ཤུགས་ཆེན་རབ་ཏུ་འཕྲོ་བ་དེའི་ཚུལ་གྱི་ཕྱིར་དེ་བཞིན་ནོ། །ཐིག་ལེ་དང་ནཱ་ད་གཅིག་ཏུ་བྱེད་པས་རྣམ་པར་རྟོག་པ་མཐའ་དག་གདུལ་བའི་ཕྱིར་འཇིགས་བྱེད་པའོ། །དེ་མ་ཐག་ཏུ་བཤད་པའི་རིམ་པས་སྟོང་པ་ཉིད་དང༌། སྙིང་རྗེ་དག་དབྱེར་མེད་པའི་ཕྱིར་གཞོམ་དུ་མེད་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་གྲགས་པ་སྒྲ་ཆེན་པོ་རྡོ་རྗེ་དབྱེར་མི་ཕྱེད་པ་འདིའི་འམ་དེས་ན་དབྱེར་མེད་པ་དེ་དེ་བཞིན་ནོ། །ལྷན་སྐྱེས་ཀྱི་ལུས་ཀྱི་ཕྱིར་རྡོ་རྗེའི་སྙིང་ངོ༌། །སྒྱུ་འཕྲུལ་ཡིད་རྣམ་པར་བསྒྱུར་པ་རྡོ་རྗེ་དབྱེར་མི་ཕྱེད་པའི་ཕྱིར་ཏེ་གང་གི་ཡིན་པ་དེ་དེ་བཞིན་ནོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་དངོས་པོ་མཐའ་དག་ལ་འཁྱུད་པར་བྱེད་པའི་ཕྱིར་གསུས་པོ་ཆེའོ། །རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་ཀྱི་སྐྱེ་གནས་བསྐྱེད་པའི་གནས་ཏེ་ལྷན་ཅིག་སྐྱེས་པའི་དགའ་བ་ལས་སྐྱེས་པའི་ཕྱིར་དེ་བཞིན་ནོ། །རྡོ་རྗེའི་བདག་ཉིད་ཨོ་ཌི་ཡན་དང་ཛཱ་ལནྡྷ་རཱི་མིང་ཅན་གྱི་རྡོ་རྗེའི་བུག་གཉིས་ཀྱི་ནང་དུ་བདེ་བ་ཆེན་པོའི་རང་བཞིན་གྱི་བདག་པོ་ཉིད་ནི་དེ་བཞིན་ནོ། །ཕུལ་དུ་བྱུང་བའི་བདེ་བ་མྱོང་བའི་ངོ་བོའི་ཕྱིར་རྡོ་རྗེ་སྙིང་པོ་དབྱེར་མེད་པའི་སྙིང་པོའོ། །སྒྲིབ་པ་དང་བྲལ་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་མཁའ་འདྲ་བའོ། །སྲོག་གཡོ་བ་མེད་པར་གྱུར་པའི་ཕྱིར་མི་གཡོ་བའོ། །ཐམས་ཅད་རོ་མཉམ་པར་གྱུར་པའི་ཕྱིར་རལ་པ་གཅིག་མ་བཞིན་དུ་བསྒྱིངས་པ་སྟེ་བརྗིད་པ་གང་ཡིན་པ་དེ་དེ་བཞིན་ནོ། །མཆོག་གི་ཕྱག་རྒྱའི་སྦྱོར་བ་བདེ་བ་ཆེན་པོའི་གཟུགས་ཉིད་དུ་པགས་པའི་བར་དུ་སོན་


DTG015_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཁུ་བ་དཀར་པོ་གླང་ཆེན་ཀོ་བ་དེ་རློན་པ་ལྷན་སྐྱེས་ཉིད་ཀྱི་ཕྱིར་རོ། །དེའི་བདག་ཉིད་དུ་གྱོན་པ་ནི་དེ་བཞིན་ནོ། །སྒྲ་ཁྱད་པར་དུ་གྱུར་པའི་ངོ་བོ་ཉིད་ཀྱི་ཕྱིར་དྲག་པོའི་ལས་འདས་པས་དྲག་ཆེན་ནོ། །བདེ་བ་ཆེན་པོ་རྒྱས་པའི་སྒྲ་ཧ་ཧ་ཞེས་བྱེད་པའི་ཕྱིར་ཧ་ཧ་ཞེས་སྒྲོགས་པའོ། །སྔ་མ་འདི་བཞིན་དུ་བདེ་བའི་སྒྲའི་ངོ་བོ་ཉིད་ཀྱི་ཕྱིར་ཧི་ཧི་ཞེས་སྒྲོགས་པའོ། །བདེ་བ་ཆེན་པོ་རྡོ་རྗེའི་བུ་གར་གཞན་ཟིལ་གྱིས་གནོན་པའི་ཕྱིར་འཇིགས་པར་བྱེད་དོ། །མཆོག་གི་བཙུན་མོ་ལས་འཁྱུད་པའི་རྡོ་རྗེ་རྩའི་བདེ་བ་ཉིད་ཀྱི་ཕྱིར་གད་མོ་ཆེན་མོའོ། །ཕྱག་རྒྱ་ཆེན་པོའི་སྦྱོར་བས་ཤིན་ཏུ་དཔངས་མཐོ་བའི་ཧའི་རྣམ་པ་གད་རྒྱངས་ཅན་གྱི་གད་མོའི་ཚུལ་གྱི་ཕྱིར་གད་རྒྱངས་ཅན་ནོ། །རང་གི་རིག་པར་བྱ་བ་ཉིད་ཀྱིས་རྡོ་རྗེ་གད་མོ་ཡེ་ཤེས་ཀྱི་གད་མོའོ། །འཇིག་རྟེན་གསུམ་པོ་བདེ་བ་ཆེན་པོའི་སྒྲ་ནི་ཆེར་སྒྲོགས་པའོ། །བྱང་ཆུབ་ཀྱི་སེམས་དབྱེར་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཆུས་བཀང་ནས་རྒྱུན་མི་འཆད་པར་འབབ་པའི་ཡེ་ཤེས་ཀྱི་ཐིག་ལེའི་ངོ་བོ་ཉིད་ཀྱི་ཕྱིར་སེམས་དཔའ་ཆེའོ། །རྡོ་རྗེའི་ནང་དུ་བདེ་བ་ཆེན་པོ་ཉིད་དུ་མཛེས་པས་ན་རྡོ་རྗེ་རྒྱལ་པོའོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཆེ་སྟེ་རབ་ཏུ་མི་གནས་པའི་བདེ་བ་མྱ་ངན་ལས་འདས་པར་བགྲོད་པའི་ཕྱིར་ཤུགས་ཅན་གྱི་ཕྱིར་རྡོ་རྗེའི་ཤུགས་སོ། །ཡོད་པ་དང་མེད་པའི་ཕྱོགས་མེད་པས་མི་འཕོ་བའི་བདུད་རྩིའི་དགའ་བ་རྙེད་པས་དགའ་ཆེའོ། །རྡོ་རྗེ་ཧཱུཾ་མཛད་བྱང་ཆུབ་ཀྱི་སེམས་རྒྱལ་པོའི་ཧཱུཾ་གི་རྣམ་པ་བཞིའི་ངོ་བོ་དགའ་བ་བཞི་དང་བསམ་གཏན་བཞི་ཡི་ངོ་བོས་ཨོ་ཌི་ཡ་ན་དང༌། ཛཱ་ལན་དྷ་ར་དང༌། པུལླིར་མ་ལ་ཡ་དང༌། མ་རུར་རྒྱུ་བའི་ཕྱིར་རྡོ་རྗེ་ཧཱུཾ་མཛད་ཧཱུཾ་ཞེས་སྒྲོགས་སོ། །ཨ་ཝ་དྷཱུ་ཏཱི་རྡོ་རྗེའི་མདས་སྣ་བུག་གཉིས་སུ་འགོག་པའི་ཕྱིར་རྡོ་རྗེ་ཨ་ཝ་དྷཱུ་ཏཱིའོ། །དེ་ཁོ་ན་མཚོན་པ་མདའ་དེ་འཛིན་པའི་ཕྱིར་མཚོན་དུ་རྡོ་རྗེའི་མདའ་ཐོགས་པའོ། །བདེ་བ་ཆེན་པོའི་གཞི་ཉིད་ཀྱིས་རྡོ་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་རལ་གྲི་སྟེ་ཉོན་མོངས་པ་ཐམས་ཅད་གཅོད་པའི་ཕྱིར་རོ། །དེ་གང་གི་ཡིན་པ་དེ་དེ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་བག་ཆགས་མཐུག་པོ་གཅོད་པའི་ཕྱིར་གཅོད་དོ། །སྲོག་ལ་སོགས་པའི་རླུང་ཁ་དོག་ལྔ་ནི་རྡོ་རྗེ་ཀུན་ནོ། །དེ་སྐད་དུ། ཡེ་ཤེས་ལྔའི་བདག་ཉིད་རླུང༌། །འབྱུང་བ་ལྔ་ཡི་རང་བཞིན་ཅན། །པདྨའི་སྣ་རྩེར་བྱུང་ནས་ནི། །གོང་བུའི་ངོ་བོར་བརྟག་


DTG015_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱ། །ཁ་དོག་ལྔ་པའི་རིན་པོ་ཆེ། །སྲོག་དང་རྩོལ་བ་ཞེས་བྱར་གནས། །རང་སྔགས་སྙིང་གར་བསམ་ནས་ནི། །སེམས་ནི་ཐིག་ལེར་སོན་པར་དགོད། །སྣ་རྩེར་ཡུངས་འབྲུ་ཞེས་བྱ་བ། །སྲོག་དང་རྩོལ་པའི་བརྟག་པ་རྣམས། །སྲོག་དང་རྩོལ་བར་གནས་པའི་འོད། །འོད་ལྔ་སངས་རྒྱས་ཀྱིས་གསུངས་པ། །ཁ་དོག་ལྔ་ཡི་བདག་ཉིད་དབུགས། །སྲོག་དང་རྩོལ་བར་བརྟགས་པ་ནི། །སྣ་ཡི་རྩེ་མོར་འབད་པ་ཡིས། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །ཞེས་གསུངས་སོ། །དེ་ཡང་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དང༌། སྤྱན་མ་ལ་སོགས་པ་ལྔའི་རང་བཞིན་གཡས་གཡོན་གྱི་སྣ་བུག་གཉིས་སུ་རྒྱུ་བ་འཆང་བ་སྟེ་མི་གཡོ་བར་བྱེད་པས་རྡོ་རྗེ་ཀུན་འཆང་ངོ༌། །དུ་བ་དང་སྨིག་རྒྱུའི་རབ་ཏུ་སྣང་བ་ཉིད་ཀྱིས་དབྱེར་མེད་པའི་རྡོ་རྗེ་འཛིན་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཅན་ནོ། །གཉིས་གཉིས་ཀྱི་སྦྱོར་བས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱིར་རྡོ་རྗེ་གཅིག་པུའོ། །ལས་ཀྱི་ཕྱག་རྒྱའི་སྟ་ཟུར་གྱི་པར་དུ་རྣམ་པར་རྟོག་པའི་བདེ་བ་དགའ་བའི་གཡུལ་སེལ་བས་གཡུལ་སེལ་བའོ། །ཡེ་ཤེས་ཀྱི་གཏུམ་མོ་འབར་བའི་མེ་ལོང་གི་ཕྲ་དབབ་པ་དང་མི་མཉམ་པའི་རྡོ་རྗེ་འབབ་པ་ཉིད་ཀྱིས་མིག་ཤའི་མིག་ལ་སོགས་པ་མི་ཐད་པ་བརྩེགས་པས་བདེ་བ་ཆེན་པོ་མཐོང་བ་གང་གི་ཡིན་པ་དེ་བཞིན་ནོ། །རྡོ་རྗེ་འབར་བ་བཞིན་དུ་དབྱེར་མེད་པ་ཉིད་ཀྱི་སྤྱི་བོར་སྐྱེ་བས་ན་སྒྲ་ཡང་རྡོ་རྗེ་འབར་བ་སྟེ་བདེ་བ་ཆེན་པོ་ཉིད་ཀྱི་གཙུག་ཏོར་ནོན་པའི་ཕྱིར་རོ། །གྱེན་དུ་རྒྱུ་དང་ཐུར་སེལ་འགོག་པས་འདར་བ་དང་འཕགས་པ་ལ་སོགས་པ་འབེབས་པ་བྱིན་གྱིས་བརླབས་སོ། །དེ་དང་ལྡན་པས་རྡོ་རྗེ་འབེབས་པ་སྟེ། ཁམས་གསུམ་ལ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་སྟེར་བ་པོ་ཞེས་པའི་དོན་ཏོ། །བདེ་བ་ཆེན་པོ་ཉིད་ཀྱིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་ཕྱིར་འབེབས་པ་ཆེའོ། །ལྟ་བ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་རྟོགས་བྱ་ཕུལ་དུ་བྱུང་བའི་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་བའི་ཡེ་ཤེས་ཀྱི་ཕྱིར་མིག་བརྒྱ་པ་སྟེ། ཤ་ལ་སོགས་པའི་མིག་གི་སྣ་ཚོགས་མཐོང་བ་གཞོམ་དུ་མེད་པ་མཐོང་བའི་ཕྱིར་རྡོ་རྗེའི་མིག་གོ །བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞིའི་ནང་དུ་ཁུ་བ་འབབ་པའི་རྩ་རྣམས་ཀྱི་མྱུ་གུ་རང་བཞིན་གྱིས་སྣང་བའོ། །དེ་ཉིད་ལུས་ཏེ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གང་གི་ཡིན་


DTG015_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེ་ལུས་ནི་རྡོ་རྗེའི་བ་སྤུ་ཅན། རྡོ་རྗེ་དབྱེར་མེད་པའི་ཡེ་ཤེས་དེ་ཉིད་སྤུ་སྟེ་བར་མེད་པར་འཕགས་པའི་ཕྱིར་རོ། །གཅིག་པུ་གཉིས་སུ་མེད་པ་ལུས་གཟུགས་གང་ཡིན་པ་དེ་དེ་བཞིན་ནོ། །ལྷན་ཅིག་སྐྱེས་པ་ནམ་མཁའི་ལུས། །ཞེས་པའི་དོན་ཏོ། །རྡོ་རྗེའི་རྩེ་མོ་ལྟ་བུར་དམར་པ་དང་དཀར་བའི་ཡོན་ཏན་དང་ལྡན་པའི་ཕྱིར་སེན་མོ་ལྷན་ཅིག་སྐྱེས་པའི་དགའ་པའི་ཐིག་ལེ་སྟེ་དེས་བསྐྱེད་པས་ན་སེན་མོ་ལྷན་ཅིག་སྐྱེས་པ་རྡོ་རྗེའི་རྩེ་སྟེ་ཡེ་ཤེས་ཀྱི་སྐུ་ཞེས་པའི་དོན་ཏོ། །རྡོ་རྗེའི་སྙིང་པོ་རྣམ་པར་འགྱུར་པ་མེད་པའོ། །འཕྱད་བཞིན་པ་ཉིད་ཀྱིས་པགས་པ་སྟེ་རེག་བྱ་བདེ་བའི་བདག་ཉིད་ཅན་རྡོ་རྗེའི་ལྕེའི་རྩལ་ལོ། །མཁྲེགས་པ་རྒྱུན་མི་འཆད་པའི་བདེ་བ་ཉིད་གང་ཡིན་པ་དེ་དེ་བཞིན་ནོ། །གནས་དང་ཉེ་བའི་གནས་ལ་སོགས་པ་ལུས་ཀྱི་གནས་སུ་ཐིམ་པ་དང་ལོངས་སྤྱོད་པ་ལ་སོགས་པའི་རིམ་པས་ལྷན་སྐྱེས་སྐྱེད་པ་ནི་རྡོ་རྗེའི་ཕྲེང་བ་སྟེ། ལྷན་སྐྱེས་ཀྱི་ཐིག་ལེའི་ཕྲེང་བ་འཛིན་པས་ན་རྡོ་རྗེའི་ཕྲེང་ཐོགས་སོ། །དཔལ་དང་ལྡན་པ་གཉིས་སུ་མེད་པའི་ཡེ་ཤེས་ཅན་ནོ། །ལུས་ཐམས་ཅད་ཁྱབ་པའི་མཆོག་ཏུ་མི་འགྱུར་པའི་བདེ་བ་ཁུ་བ་ཉིད་ཀྱིས་རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེའོ། །བཙུན་མོ་མཆོག་ལ་འཁྱུད་པ་ལས་བྱུང་བའི་བདེ་བའི་སྒྲ་ཧ་ཧའི་གད་རྒྱངས་རབ་ཏུ་རྒྱས་པ་གང་གི་ཡིན་པ་དེ་དེ་བཞིན་ནོ། །སྒྲོགས་པ་ལས་ཕྱིར་འཐོན་པས་དེས་པར་སྒྲོགས་པ་སྟེ། ནང་གི་བདེ་བ་རང་བྱུང་གི་བདེ་བའི་སྒྲ་ཞེས་པའི་དོན་ཏོ། །དེ་ལྟར་ཡང༌། ནམ་མཁའི་གངྒཱའི་འགྲམ་དུ་ཉི་མ་ཟླ་བ་དག་གི་དབུས་གནས་པ། །བླ་མའི་བཀའ་ཡི་ཆ་ལས་རླུང་གཉིས་ཀུན་ནས་ཁ་སྦྱོར་ཆོ་ག་ཡིས། །ཇི་ལྟའི་གནས་སུ་སེམས་ཀྱི་ཉམས་མྱོང་བདེ་བ་མྱང་བ་དགའ་ཉམས་ཅན། །གང་ཞིག་ནང་དུ་ལྟ་བ་བདེ་བའི་ནཱ་ད་ཅི་ཞིག་དེ་ནི་རྒྱལ། །ཉི་ཟླའི་འོད་ཀྱི་ཁྲོ་བོར་བྱས་པའི་ཐུན་མཚམས་ཆེན་པོའི་རྗེས་འབྲེལ་དཔལ། གང་གིས་བླ་མེད་དུས་སུ་རོལ་པའི་འགྲོ་བ་དེ་ཡི་བདག་ཉིད་སྐྱེད། གང་ཡང་སྣང་པ་འདོད་མ་རོ་མཉམ་རྩེན་པའི་བདེ་བ་གཅིག་པུའི་སྒྲ། །ཡེ་ཤེས་བདག་ཉིད་ལུས་ཟད་རྒྱལ་བའི་ལོངས་སྤྱོད་རྫོགས་པའི་སྐུ་དེ་རྒྱལ། །གསལ་བྱེད་དེ་དང་སྒྲ་དེ་དང་ནི་དབྱངས་ནི་བཅུ་དྲུག་དེ་དག་ཀྱང༌། །གད་ལས་རྣམ་པར་སྤྲོ་ཞིང་ལྷུང་བ་དག་དང་ཀུན་ནས་ཐིམ་བཞིན་པའང༌། །ས་འོག་མཐིལ་ནས་འཐེན་ཞིང་ལྷང་ལྷང་ལོངས་སྤྱོད་


DTG015_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྫོགས་པའི་སའི་དབང་ཕྱུག །ཚངས་པའི་ཀ་བ་རྣམ་བསྒྱིངས་རྡོ་རྗེ་ནམ་མཁའི་རྔ་ཆེན་རྣམ་པར་གྱལ། །ཞེས་གསུངས་སོ། །འཁོར་ལོ་དྲུག་ཏུ་མི་འགྱུར་པའི་བདེ་བ་རིག་པའི་ཕྱིར་ཡི་གེ་དྲུག་བའོ། །ལུས་ལ་སོགས་པའི་ནམ་མཁའ་ཐམས་ཅད་ཁྱབ་པའི་བདེ་བ་ཆེན་པོའི་སྒྲ་ཉིད་ཀྱི་ཕྱིར་རྡོ་རྗེའི་སྒྲའོ། །འཁོར་ལོ་ཐམས་ཅད་དུ་བྱོན་པའི་ཐིག་ལེ་དང་སྲོག་འདྲེས་པས་ཡེ་ཤེས་དང་རྣམ་པར་ཤེས་པ་གཅིག་ཏུ་འདྲེས་པར་གྱུར་པའི་ནཱ་ད་ཉིད་ཀྱི་ཕྱིར་འཇམ་དབྱངས་སོ། །རྡོ་རྗེ་དང་པདྨའི་ལྟེ་བའི་ནམ་ཁར་སོན་པའི་བདེ་བའི་སྒྲའི་ངོ་བོ་ཉིད་ཀྱི་ཕྱིར་སྒྲ་ཆེ་བའོ། །འཇིག་རྟེན་གསུམ་ནི་སྣང་བ་ལ་སོགས་པ་རབ་ཏུ་སྣང་བ་གསུམ་སྟེ། སྟོང་པ་དང་ཤིན་ཏུ་སྟོན་པ་གཅིག་བུ་བྱེད་པ་འགོག་པའི་སྙོམས་འཇུག་གིས་གཅིག་པ་གཉིས་སུ་མེད་པ་དེ་ཁོ་ན་སྒྲ་སྟེ་ཐམས་ཅད་སྟོང་པ་འོད་གསལ་གང་ཡིན་པ་དེ་དེ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཆེ་བའོ། །མིག་ལ་སོགས་པ་རང་བཞིན་མེད་པ་ཉིད་ནམ་མཁའི་ཁམས་སོ། །དེ་ཉིད་མཐས་ཀླས་ཏེ་མཐར་ཕྱིན་པ་གང་ཡིན་པ་དེ་སྒྲ་སྒྲོགས་པ་བདེ་བའི་སྒྲ་གང་ཡིན་པ་དེ་དེ་བཞིན་ནོ། །ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་གོ །ནོར་བུའི་ལྟེ་བ་དང་གཙུག་ཏོར་དུ་གནས་པའི་བཅོམ་ལྡན་འདས་བདེ་བའི་ཐིག་ལེའོ། །འདི་ནི་སྙིང་གར་གནས་པའི་སྲོག་འབབ་པའི་རྩ་བདུན་དང༌། བཤང་བ་དང༌། གཅི་བ་དང༌། ཁུ་བ་དང་ཁྲག་འབབ་པའི་རྩ་བཞི་སྒྲིབ་པ་དང་བྲལ་བ་ཉིད་སྟོན་པར་བྱེད་པའི་ཚིགས་སུ་བཅད་པ་བཅུ་ཐམ་པ་རྐང་པ་དང་བཅས་པས་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་འཇིག་རྟེན་ལས་འདས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བཤད་པའོ།། །།

བརྒྱད་པ། ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་ཀྱིས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བཤད་པ་གསུངས་པ།


DTG010_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་དག་བདག་མེད་ཅེས་པ་ལ་སོགས་པ་ནས། ཡེ་ཤེས་མེ་ལྕེ་འོད་འབར་གསལ། །ཞེས་པའི་བར་གྱི་ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་རྣམ་པར་དག་པའི་འདུ་ཤེས་ཀྱི་ཕུང་པོ་འོད་དཔག་མེད་ཀྱི་སྒོ་ནས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བསྟོད་པ་གསུངས་སོ། །དེ་བཞིན་ཉིད་གཡོན་དང་གཡས་ཀྱི་རྒྱུ་བ་ཆད་ནས་ཨ་ཝ་དྷཱུ་ཏཱིར་རྒྱུ་བའོ། །དེ་ཡང༌། རྩ་རྣམས་ཀྱང་ནི་རང་བཞིན་གྱི། །ལྷ་རྣམས་དེ་ཉིད་དུ་མིན་ཉིད། །དེ་རྣམས་འདི་དག་མཆོག་ཏུ་དག །རང་བཞིན་རང་བཞིན་མེད་པ་ཉིད། །ཤེས་རབ་ཐབས་དག་གཅིག་པ་གང༌། །རྣམ་


DTG015_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་གཅིག་ཏུ་བསྡོམ་པའོ། །དེ་ནི་ཨ་ཝ་དྷཱུ་ཏཱི་རྣམ་བཅོམ་བདག །དབུ་མ་ཁོང་དུ་ཆུད་པར་འདོད། །ཐོག་མ་དབུས་མཐའ་ཀུན་རྟོག་གི །འབྲེལ་པ་མངོན་བར་མི་སེམས་པས། །དག་པ་ཤེལ་དང་མཚུངས་པ་ནི། །རབ་བྱེད་ཨ་ཝ་དྷཱུ་ཏཱི་སྟེ། །ཞེས་གསུངས་སོ། །དེ་ཁོ་ན་འབྱུང་བ་ས་ལ་སོགས་པ་རྣམས་ཀྱི་བདག་མེད་པ་སྟེ་བདག་དང་བདག་གི་བ་མི་དམིགས་པའོ། །དེ་ཁོ་ན་ཡང་དག་མཐའ་སྟེ། ཡང་དག་པ་ཇི་ལྟ་བའི་མཐའ་གང་ཡིན་པ་དེ་དེ་བཞིན་ཏེ། དེ་བདེ་བའི་རང་བཞིན་གྱི་མཐའ་ཞེས་པའི་དོན་ཏོ། །མི་འཕོ་བའི་སྙིང་རྗེའི་རོས་གང་བའི་ཕྱིར་ཡི་གེ་མེད་དེ་མི་འགྱུར་པའོ། །ངག་སེམས་འགོག་པས་རང་གི་རིག་པར་བྱ་བའི་བདེ་བ་ཐོབ་པ་སྟོང་པ་ཉིད་དེ་དེ་སྟོན་པའི་ཕྱིར་སྟོང་ཉིད་སྨྲ་བའོ། །བདུད་ཀྱི་དགྲ་ཐམས་ཅད་སེལ་བར་བརྩོན་བའི་ཕྱིར་ཁྱུ་མཆོག་གོ །ཡང་ན་ཚིག་གཅིག་གོ །ཟབ་ཅིང་རྒྱ་ཆེ་བ་སྟོང་བ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདེ་བའི་སྒྲ་སྒྲོགས་པས་རྒྱས་པ་གང་གི་ཡིན་པ་དེ་དེ་བཞིན་ནོ། །དེ་ལྟར་ཡང་དྲི་མ་མེད་པའི་འོད་ལས། སྡོང་བ་ཉིད་ཀྱི་དངོས་པོ་སྟོང་པ་ཉིད་དོ། །འདས་པ་དང་མ་འོངས་པའི་ཤེས་བྱ་སྟོང་པའོ། །དེས་མཐོང་བའི་དངོས་པོ་སྟོང་པ་ཉིད་ཟབ་ཅིང་རྒྱ་ཆེ་བ་འདས་པ་དང་མ་འོངས་པ་མེད་པའི་ཕྱིར་ཟབ་མོའོ། །འདས་པ་དང་མ་འོངས་བ་མཐོང་བའི་ཕྱིར་རྒྱ་ཆེ་བའོ་ཞེས་གསུངས་སོ། །ཆོས་འབྱུང་ལས་བྱུང་བའི་ཕྱིར་དང༌། སྒྲ་བརྙན་ལྟ་བུའི་ཆོས་སྟོན་པའི་ཕྱིར་ཆོས་དང༌། དུང་ལྟར་དྲི་མ་མེད་པའི་ཕྱིར་དུང་སྟེ་བདེ་བ་ཆེན་པོ་ཐིག་ལེའི་བདག་ཉིད་ཡིད་ཀྱི་རྒྱལ་པོའོ། །པདྨའི་བར་དུ་མི་ཡི་སྣང་ཅན་ལ། །རྡོ་རྗེ་ལས་བྱུང་འོ་མའི་རྒྱ་མཚོའི་གཟུགས། །ཡིད་བཞིན་ནོར་བུ་འགྲོ་ཀུན་རང་བཞིན་ཅན། །ཧེ་རུ་ཀ་དཔལ་རྒྱ་མཚོ་ཆེན་པོར་རིག །ཅེས་གསུངས་སོ། །སངས་རྒྱས་ཉིད་སྟེར་བ་པོ་རང་བཞིན་མེད་པའི་བདེ་བའི་སྒྲའི་ངོ་བོ་ཉིད་ཀྱི་ཕྱིར་སྒྲ་ཆེན་ལྡན་ནོ། །མཐའ་དག་བདེ་བའི་རང་བཞིན་དག་གི་རྡོ་རྗེའི་ཏིང་ངེ་འཛིན་རྣམ་པར་སྤྲོས་པ་ཆོས་ཐམས་ཅད་སྟོན་པ་པོ་ཆོས་ཀྱི་སྣང་བའི་ངོ་བོ་ཉིད་ཀྱི་ཕྱིར་ཆོས་ཀྱི་གཎྜཱིའོ། །དཔེ་མེད་པའི་བདེ་བའི་ཤེས་རབ་ཆོས་སྒྲོགས་པའི་སྒྲ་བོ་ཆེའོ། །དགའ་བྲལ་འཁོར་བའི་ཕྱིར་མི་གནས་པའོ། །ནོར་བུའི་རྩེ་མོ་ནས་ལྷུང་བའི་ཕྱིར་མྱ་ངན་ལས་འདས་པའོ། །དེ་མེད་པའི་ཕྱིར་གནས་པ་དང་མྱ་ངན་ལས་འདས་པ་


DTG015_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་མེད་པ་གང་གི་ཡིན་པ་དེ་དེ་བཞིན་ནོ། །བླ་ན་མེད་པའི་དགའ་བའི་ཆོས་ཀྱི་མཛོད་བདེ་ཞིང་དགེ་བ་སྟོན་པའི་ཕྱིར་ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། ནམ་མཁའི་མཐའ་ཉིད་ཀྱིས་སེམས་དང་སེམས་ལས་བྱུང་བ་དང་མ་རིག་པའི་སྣང་བ་ཐམས་ཅད་འགགས་པའི་ཕྱིར་རང་བཞིན་ལྷག་མ་མེད་པའི་རང་བཞིན་གང་ཡིན་པ་དེ་གཟུགས་མེད་དོ། །ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་གཅིག་ཏུ་གྱུར་པས་རྙོག་པ་མེད་པའི་གཟུགས་ཀྱི་ཕྱིར་གཟུགས་བཟང་ངོ༌། །སྙིང་བདེ་བར་བྱེད་པ་ཉི་མའི་དཀྱིལ་འཁོར་གྱི་གཞི་ཉིད་ཀྱིས་བདུད་ཐམས་ཅད་རབ་ཏུ་དཀྲུགས་པའི་ཕྱིར་དམ་པ་སྟེའོ། །རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་རང་བཞིན་གྱི་གཟུགས་ཀྱིས་བདེ་བ་ཆོས་ཀྱི་དབྱིངས་འབབ་པའི་གཟུགས་ཀྱི་ཕྱིར་སྣ་ཚོགས་གཟུགས་ཅན་ནོ། །སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་ཡིད་ལས་སྐྱེས་པའོ། །ཆགས་པ་དང་བྲལ་བ་ཉིད་ཀྱིས་ས་དང༌། ཆུ་དང༌། མེ་དང། རླུང་དང༌། ནམ་མཁའ་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ངག་དང༌། ཡིད་སོ་སོར་རང་གིས་རིག་པ་ཉིད་དུ་སྣང་བའི་ཕྱིར་གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་ལོ། །སྣ་ཚོགས་གཟུགས་མཐོང་བ་སིར་མོ་ནག་པོ་མཐའ་ཡས་ཤིང་མུ་མེད་པ་ཡེ་ཤེས་ཀྱི་སྐུ་དང་དབྱེར་མེད་པའི་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བའི་ཕྱིར་གཟུགས་བརྙན་མ་ལུས་འཆང་བ་པོའོ། །དེ་ལྟར་ཡང༌། གང་ཞིག་གསེར་དངུལ་ནོར་བུ་དུང་རྡོ་བྱི་རུ་དང༌། །བཻཌཱུཪྻ་ཟངས་ཉ་ཕྱིས་སོགས་ལ་གནས་པ་ཡང༌། །དེས་ནི་ནམ་མཁའི་ཁོངས་སུ་འཁོར་བའི་ལུས་ཅན་ནི། །ཟླ་བ་རེ་རེ་ཡང་ནི་སྣང་བ་ཇི་བཞིན་དུ། །འདི་ལྟར་མགོན་པོ་སེམས་ཀྱི་རྡོ་རྗེ་དེ་ངེས་པར། །སྲོག་ཆགས་ཚོགས་ལ་རྣམ་པ་སྣ་ཚོགས་སུ་གནས་ཏེ། །དེ་ཡང་ཟག་མེད་བདག་ཉིད་སྣ་ཚོགས་གཟུགས་ཅན་ཏེ། །སྒྱུ་མའི་བདག་ཉིད་འཇིག་རྟེན་མཐའ་དག་ལ་ཁྱབ་པ། །ཞེས་གསུངས་སོ། །རྣམ་པར་རྟོག་པ་ཐམས་ཅད་སྡུད་པར་བྱེད་པའི་ཕྱིར་ཚུགས་པ་མེད་ཅིང་ངོ༌། །གཉིས་སུ་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པའི་ངོ་བོ་ཉིད་ཀྱི་ཕྱིར་ཆེ་བར་གྲགས་པའོ། །ཁམས་གསུམ་པོ་ཆོས་དང་ལོངས་སྤྱོད་དང་སྤྲུལ་པ་ཞེས་བྱའོ། །དེར་དབང་ཕྱུག་ཆེན་པོ་ཡེ་ཤེས་ཀྱི་སྐུའོ། །


DTG015_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་འཕགས་པའོ། །བགྲོད་པར་བྱ་བས་ལམ་སྟེ་འཁོར་ལོ་དྲུག་གི་ལྟེ་བའོ། །ཤིན་ཏུ་མཐོ་བ་ཤིན་ཏུ་རིང་བའོ། །དེར་བདེ་བ་ཆེན་པོ་ཉིད་དུ་གནས་པས་ན་འཕགས་ལམ་ཤིན་ཏུ་མཐོ་ལ་གནས་སོ། །ཆོས་ཀྱི་བདེ་བ་གཉིས་སུ་མེད་པ་ཉིད་ཀྱིས་ནམ་མཁའི་ཁམས་གཞལ་དུ་མེད་པའི་སངས་རྒྱས་ཀྱི་སྐུ་དཔག་ཏུ་མེད་པ་སྣང་བའི་ཕྱིར་དར་བ་ཆེན་པོའོ། །ནོར་བུའི་ལྟེ་བར་ཉོན་མོངས་པ་མཐའ་དག་ལས་རྒྱལ་བའི་ཕྱིར་དང་ཆོས་དེ་ཁོ་ན་ཉིད་རིན་པོ་ཆེའི་ཏོག་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་ཆོས་ཀྱི་ཏོག་གོ །འཇིག་རྟེན་གསུམ་སྐུ་གསུམ་སྟེ། དེ་ཁོ་ན་གཞོན་ནུ་སྟེ་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་རྣམ་པར་འགྱུར་པ་མེད་པའི་ཕྱིར་རོ། །ལུས་འདི་ཐམས་ཅད་སྐྱེད་པའི་རྒྱུའོ། །དེ་གཅིག་སྟེ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་སྐུ་གང་ཡིན་པ་དེ་འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་སྟེ། ཕྱག་རྒྱ་མཆོག་ལས་བྱུང་བའི་བདེ་བའི་ངོ་བོ་ཞེས་པའི་དོན་ཏོ། །སྔར་བཤད་པའི་ཕྱག་རྒྱ་མཆོག་ཏུ་སོན་པའི་ཕྱིར་དང༌། དངོས་གྲུབ་ཐམས་ཅད་ཀྱི་ཐུ་བོ་ཡིན་པའི་ཕྱིར་གནས་བརྟན་ཞེས་བརྗོད་དོ། །ཏིང་ངེ་འཛིན་གྱི་རྒྱལ་པོའི་རིམ་པས་ཡེ་ཤེས་རྒན་པའི་བདག་ཉིད་ཀྱི་ཕྱིར་རྒན་པོའོ། །ཡེ་ཤེས་ཁོང་དུ་ཆུང་པས་བཞི་པ་འདས་པའི་འོད་གསལ་གྱི་བདག་ཉིད་ཡེ་ཤེས་ཀྱི་གཟུགས་ཉིད་དུ་སྲོག་ཆགས་ཐམས་ཅད་སྐྱེས་པའི་ཕྱིར་སྐྱེ་དགུ་སྲོག་ཆགས་ཐམས་ཅད་ཀྱེ་བདག་པོ་ནི་སྐྱེ་དགུའི་བདག་གོ །དཀར་པོའི་ཚེས་གཅིག་ལ་སོགས་པ་བཅོ་ལྔའི་ཆ་ལས་འདས་པའི་ཆ་བཅུ་དྲུག་དང༌། ནག་པོའི་ཚེས་གཅིག་ལ་སོགས་པ་བཅོ་ལྔའི་ཆ་ལས་འདས་པའི་ཆ་བཅུ་དྲུག་པ་གཉིས་མཚན་ཉིད་གཅིག་པའི་ངོ་བོ་ཉིད་ཀྱི་ཕྱིར་སུམ་ཅུ་རྩ་གཉིས་མཚོན་པར་བྱ་བས་ན་མཚན་ཏེ། དེ་འཛིན་པ་ནི་སུམ་ཅུ་རྩ་གཉིས་མཚན་འཆང་བའོ། །ཡང་ན་ཀུན་རྫོབ་དང་དོན་དམ་པའི་རིམ་པས་དགའ་བ་བཅུ་དྲུག་པོ་གཉིས་འཛིན་པའི་ཕྱིར་དེ་བཞིན་ནོ། །ཆོས་ཐམས་ཅད་རོ་གཅིག་པ་ཉིད་ཀྱི་སེམས་ཅན་ཐམས་ཅད་ཀྱིས་མངོན་པར་འདོད་པར་བྱ་བ་ཉིད་ཀྱི་ཕྱིར་སྡུ་གུའོ། །རང་བྱིན་གྱིས་བརླབ་པ་གསལ་བར་གྱུར་པས་བལྟ་བས་ཆོག་མི་ཤེས་པའི་ངོ་བོ་ཉིད་ཀྱི་ཕྱིར་འཇིག་རྟེན་གསུམ་སྐུ་གསུམ་གཅིག་པ་ཉིད་ཀྱིས་མཛེས་པའོ། །དེ་ལྟར་ཡང༌། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །ཁྱབ་བདག་


DTG015_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔེ་བྱད་བརྒྱད་ཅུ་ལྡན། །བཙུན་མོའི་བྷ་ག་བདེ་ཅན་དུ། །ཁུ་བ་ཞེས་བྱར་རྣམ་པར་གནས། །དེ་ཕྱིར་ཤིན་ཏུ་མཆོད་འོས་དེ། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །སུམ་ཅུ་རྩ་གཉིས་མཚན་འཛིན་པའི། །སྤྲུལ་པ་ཡི་ནི་སྐུ་དག་མཛད། །དེ་མེད་ན་ནི་བདེ་མི་འགྱུར། །བདེ་བ་སྦངས་ནས་དེ་མ་ཡིན། །ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །དེ་ནི་རང་སངས་རྒྱས་རྣམས་དང༌། །ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་མིན། །སངས་རྒྱས་སྲས་རྣམས་སྤྱོད་ཡུལ་ཏེ། །རྡོར་པད་ལས་བྱུང་གོ་འཕང་ངོ༌། །སླར་ཡང༌། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །མཆོག་གི་ཟློས་གར་རྣམ་པར་བཀྲ་བ་ལྟོས། །མཆོག་ཏུ་བདེ་བ་ཆེན་པོ་ཞེས་བྱ་གཅིག །གཅིག་འདི་དུ་མའི་རོ་ཡིས་གར་བྱེད་དོ། །ཞེས་གསུངས་སོ། །འཇིག་རྟེན་མིག་ལ་སོགས་པ་རྣམས་ཀྱི་ཤེས་པ་སྒྲིབ་པ་དང་བྲལ་བའི་སྣང་བའོ། །དེའི་ལེགས་པར་འདོད་ཡོན་ལྔ་ལ་ཉེ་བར་སྤྱོད་པས་འཁོར་བའི་སྐྱོན་གྱིས་མ་གོས་པའོ། །དེའི་སློབ་དཔོན་ཉེ་བར་འདོམས་པས་འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། སྐལ་བ་ཇི་ལྟ་བ་བཞིན་དུ་དབང་བཞི་པའི་བར་སྟེར་བས་འཇིག་རྟེན་སློབ་དཔོན་ནོ། །གཟུགས་སྣ་ཚོགས་པ་སྤྲོས་པས་འགྲོ་བའི་དོན་བྱེད་པའི་ཕྱིར་ངལ་བ་མེད་པས་འཇིག་པ་མེད་པ་སྟེ་མི་འཇིགས་པའོ། །དབྱེར་མེད་པའི་བདེ་བའི་ཡེ་ཤེས་ཤེས་པའི་དོན་ཏོ། །གཉིས་སུ་མེད་པའི་སྦྱོར་བས་ལེགས་པར་གནས་པའི་ཕྱིར་མགོན་ནོ། །སྐྱོབ་བྱེད་དོན་དམ་པའི་བདེན་པ་དང༌། བསྐྱབ་བྱ་ཀུན་རྫོབ་ཀྱི་བདེན་པ་གཅིག་གི་ངོ་བོ་ཉིད་ཀྱི་ཕྱིར་སྐྱོབ་པའོ། །རྣམ་པ་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་གསལ་བའི་ངོ་བོ་ཉིད་ཀྱིས་འཕོ་བའི་བདེ་བ་འཛིན་པས་གཟུང་བ་རྣམས་དྲི་མ་མེད་པའི་ཡེ་ཤེས་ཀྱི་གདམས་ངག་གི་ཆེད་དུ་གནས་པ་ཡང་འཇིག་རྟེན་གསུམ་དུ་ཡིད་གཅུགས་པ་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཀྱང་སྐྱོན་ཟད་པ་ནི་འཇིག་རྟེན་གསུམ་ཡིད་གཅུགས་སོ། །འབྱུང་བ་ལྔ་པོ་རྣམས་བདེ་བ་ཆེན་པོར་ངེས་པར་བྱེད་པའི་ཕྱིར་སྐྱབས་སོ། །སྐྱོབ་པ་བདེ་བའི་བདག་ཉིད་ཀྱིས་ཡེ་ཤེས་ཀྱི་རྒྱུན་ནོ། །དེ་རྒྱུན་མི་འཆད་པར་ལྡན་པའི་ཕྱིར་སྐྱོབ་པའོ། །རྟག་ཏུ་བཞི་པའི་སྐད་ཅིག་གི་ངོ་བོ་ཞེས་པའི་དོན་ཏོ། །འཇིག་རྟེན་གསུམ་གྱི་ཁྱབ་བྱེད་ལྷན་སྐྱེས་ཀྱི་དགའ་བའི་ཕྱིར་བླ་ན་མེད་དོ། །ནམ་མཁའ་ནི་པདྨ་དང་རྡོ་རྗེའི་སྦྱོར་བས་ཟེ་འབྲུའི་ནམ་མཁའི་


DTG015_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱོགས་སོ། །དེ་ཡི་མཐའ་རྒྱས་པའོ། །དེར་ཡང་དག་པར་ལོངས་སྤྱོད་པ་གཉིས་སུ་མེད་པའི་བདེ་བ་ལ་ལོངས་སྤྱོད་པ་གང་ཡིན་བ་དེ་ནམ་མཁའི་མཐའ་ལ་ལོངས་སྤྱོད་པའོ། །ལུས་ངག་ཡིད་སྤངས་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་རིན་པོ་ཆེའི་འབྱུང་གནས་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོའོ། །མ་རིག་པ་འཁོར་བའི་པག་ཆགས་སོ། །དེ་ཉིད་སྒོ་ངའི་སྦུབས་ཏེ་འགྲོ་བ་བསྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་བྱེད་བདེ་བ་ཆེན་པོ་གཅིག་ཉིད་རྟོགས་པའོ། །སྲིད་པ་ལུས་དང་ངག་དང་སེམས་ཀྱི་རང་བཞིན་ཡོངས་སུ་མི་ཤེས་པའོ། །དེ་ཁོ་ན་དྲ་བ་སྟེ་མི་མཐུན་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་འཇོམས་པར་བྱེད་པས་ན་སྲིད་པའི་དྲ་བ་འཇོམས་པའོ། །ཉོན་མོངས་པ་མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའོ། །གང་གི་ཞི་བྱེད་པ་སྒྲིབ་པ་མེད་པ་ཉིད་དུ་ངེས་པ་ནི་དེ་བཞིན་ནོ། །འདོད་ཡོན་ལྔ་ཡིད་དབང་དུ་གྱུར་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་འཁོར་བའོ། །དེ་ཁོ་ན་རྒྱ་མཚོ་སྟེ། འདོད་ཆགས་ལ་སོགས་པ་འཁྲུགས་པའི་ཕྱིར་རོ། །དེའི་ཕ་རོལ་སྒྲིབ་པ་མེད་པའི་ཕུང་པོ་ལ་སོགས་པ་སོ་སོར་སྣང་བའོ། །དེར་སོན་པས་ན་འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན་ནོ། །ཡེ་ཤེས་དགའ་བ་བཞི་པའོ། །དེ་ཁོ་ན་ལ་དབང་བསྐུར་བར་བྱ་བ་ཕུང་པོ་དང་ཁམས་ལ་སོགས་པ་སྒྲིབ་པ་མེད་པར་བྱ་བས་ན་དབང་བསྐུར་བཞི་པ་ཐིག་ལེའོ། །དེ་ཁོ་ན་ཅོད་པན་ཅན་གྱི་གཙུག་ཏོར་གང་ཡིན་པ་དེ་དེ་བཞིན་ནོ། །རྫོགས་པའི་སངས་རྒྱས་ཐིག་ལེ་དེ་ཉིད་འདིའི་རྒྱན་དུ་ཐོགས་པ་དེ་ནི་དེ་བཞིན་ནོ། །ཡང་ན་སངས་རྒྱས་རྣམས་ཀྱི་རྒྱན་དུ་ཐོགས་བདེ་དེ་བཞིན་ནོ། །འདིས་ནི་དབང་བཞི་པའི་ངོ་བོ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་སྐད་དུ། ལས་ཀྱི་ཕྱག་རྒྱའི་འབྲེལ་བ་ཡང༌། །ཡེ་ཤེས་ཕྱག་རྒྱ་རྗེས་ཆགས་པར། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པས་བསྲུང་བར་བྱ། །འདིས་ནི་བསྲུངས་པ་ཁོ་ན་ཡིས། །ཚེ་འདི་ལ་ནི་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡོངས་སུ་རྫོགས། །བསོད་ནམས་ཡེ་ཤེས་དང་ལྡན་པ། །ཕ་རོལ་ཕྱིན་བ་བཅུ་ཐོབ་པ། །དུས་གསུམ་བཞུགས་པའི་རྫོགས་སངས་རྒྱས། །འདིས་ནི་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རླུང་རྣམས་


DTG015_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདུས་བཞིན་པ་ཡིས་གློག་གི་མེའི་རྩེ་མོས་སྤྱི་བོའི་ཟླ་བ་བཞུ་བར་བྱ། །གང་གང་ཐིག་ལེ་ཞུ་བ་འདི་ལས་མགྲིན་པ་སྙིང་གར་སོན་པ་ལྟེ་བ་གསང་བར་འགོག །ཐིག་ལེ་བབ་པ་ཞུ་བ་གང་ཞིག་རྡོ་རྗེ་ནོར་བུར་སོན་པ་རྒྱལ་མཚན་རྩེ་མོར་འགོག །ཐིག་ལེའི་ཕྲེང་བ་མི་འཛག་པ་ཡིས་གལ་ཏེ་བདེ་སྟེར་ཤེས་རབ་ཡེ་ཤེས་སྐད་ཅིག་དེ། །སད་དང་རྨི་ལམ་རང་བཞིན་སླར་ཡང་གཞན་འདི་གཉིད་ལོག་པ་དང་བཞི་པའི་རང་བཞིན་ཏེ། །ལུས་ལ་གནས་པའི་དབུགས་ཐིམ་ཡུལ་ལ་རྣམས་པར་དཔྱོད་པའི་སེམས་ནི་གཡོ་བ་མེད་ཐིམ་པ། །ཡེ་ཤེས་ལ་གནས་བུད་མེད་སྤྱོར་ལས་བྱང་སེམས་ཞུ་བས་སྐད་ཅིག་ཙམ་ཡང་འགྱུར་པ་ཡིན། །སྦྲུལ་པ་ལ་སོགས་རིམ་པས་ངེས་པར་རབ་ཏུ་འགྱུར་པའི་ཐུགས་ཀྱི་རྡོ་རྗེ་དག་ནི་རྣམ་པ་བཞི། །འདི་ལྟར་སེམས་ནི་རྣམ་པ་བཞི་པོ་སྲིད་པ་གསུམ་སོན་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས། །ཞི་བའི་བདེ་འབྲས་སྟེར་བར་ཁྱབ་བྱེད་གྱུར་པའི་རྒྱུར་ནི་རྣལ་འབྱོར་དབང་པོས་བསྲུང་བར་བྱ། །མཆོག་ཏུ་བདེར་སོན་རྣལ་འབྱོར་རྣམས་ཀྱི་སྐྱེ་བའི་ས་བོན་ལྷུང་ན་ཐར་པ་ག་ལ་ཞིག །དེ་ཕྱིར་འདི་ནི་སྔོམ་བརྩོན་རྣམས་ཀྱིས་འཁོར་བའི་བདེ་བ་སྐད་ཅིག་དུས་ཀུན་དུ་ནི་དོར། །ཞེས་གསུངས་སོ། །འདུས་པར་ཡང༌། དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་བ་ན། །ཕུང་པོ་རྣམ་ཤིས་བརྒྱལ་བ་ལ། །མ་སྨད་དངོས་གྲུབ་ག་ལ་ཞིག །ཅེས་གསུངས་སོ། །དྲི་མ་མེད་པའི་འོད་ལས་ཀྱང༌། ཤེས་རབ་འདུས་པར་གང་གི་དཀར་པོ། །འཛག་ན་དེ་ཡི་བདེ་བ་ཅིས་འཕེལ། །དཔྱིད་ཀྱི་དུས་སུ་མེ་ཏོག་ཟུམ་པ། །ལྷུང་ན་ཨ་མྲའི་འབྲས་བུ་གང་གིས། །ཞེས་སོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣལ་འབྱོར་གྱི་རྒྱུད་ལས་ཀྱང༌། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་རབ་ཏུ་བསྔགས། །ཡེ་ཤེས་གསུམ་གྱི་དབྱེ་བ་འདི། །གསལ་བ་འདི་ཉིད་དུ་མཚོན་པས། །ཞེས་སོ། །གཞན་ཡང༌། སྣང་བ་མཚན་མོའི་ཆ་སྟེ་རབ་གསལ་ཉི་མའི་འོད་ཟེར་ཉིན་མོ་སྣང་བ་མཆེད་པར་འགྱུར། །ཐུན་མཚམས་སྣང་བ་ཐོབ་པ་རང་བཞིན་རྣམས་ཀྱི་རྟག་ཏུ་སྦྱར་བར་བྱ་སྟེ་རང་ཉིད་ཀྱིས། །མཚན་མོ་མ་ཡིན་ཐུན་མཚམས་མིན་ལ་ཉིན་མོ་ཡང་མིན་གང་ཞིག་རང་བཞིན་དང་བྲལ་བ། །དེ་ནི་བྱང་ཆུབ་སྐང་ཅིག་འདི་ནི་བླ་མ་མཆོག་གིས་བཤད་པའི་


DTG015_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣལ་འབྱོར་བགྲོད་བྱ་ཡིན། །གང་དུ་མཚན་མོའི་མུན་པ་རྣམ་པར་ཉམས་ཤིང་ཐུན་མཚམས་སྣང་བ་མཐའ་དག་ཀྱང་ནི་བྲལ། །ཇི་སྲིད་སྣང་བྱེད་མི་འཆང་སྐད་ཅིག་དྲི་བྲལ་འདིར་ནི་སློབ་མ་དག་ལ་ཡང་དག་མཐའ། །སློབ་དཔོན་གཙོ་བོ་ཕྱི་རོལ་རྫོགས་པའི་བྱང་ཆུབ་ལྟ་བྱེད་དག་གིས་རབ་རིབ་བཅོམ་པས་བསྟན། །ནང་གི་བདེ་བ་མཆོག་གི་གོ་འཕང་ཅི་ཞིག་སངས་རྒྱས་བྱང་ཆུབ་སྐད་ཅིག་གིས་ཐོབ་འགྱུར། །ཞེས་སོ། །གཞན་དུ་ཡང༌། རྣལ་འབྱོར་སྤྱོད་མངོན་རྫོགས་བྱང་ཆུབ། །ནོར་བུའི་ནང་དུ་བདེ་སྒྲུབ་པ། །དབུ་མའི་མངོན་པར་རྫོགས་བྱང་ཆུབ། །འཕོ་བའི་མཐའ་མར་མཚན་ཉིད་བྲལ། །ཞེས་གསུངས་སོ། །དེ་ལྟར་གཉིས་ཀ་དབྱེར་མེད་པ་གཅིག་ཏུ་འདྲེས་པ་མཆོག་ཏུ་མི་འགྱུར་པའི་བདེ་བ་མཚོན་པ་ལ་བཞི་པ་ཞེས་བརྗོད་དོ། །དེ་ལྟར་ཡང༌། སློབ་དཔོན་གསང་བ་ཤེས་རབ་དང༌། བཞི་པ་འབྲས་བུའི་ངོ་པོ་ལས། །དེ་དག་འདི་ནི་ཇི་ལྟར་ཞེས། །ཁྱད་ཆེར་ལོག་པར་རྟོག་པར་བྱེད། །མཆོག་དང་དགའ་བྲལ་གཉིས་དབུས་སུ། །གང་གིས་རབ་ཤེས་དེས་མཚོན་བྱའོ། །སྒྲ་ཡི་འཐད་པ་འབད་པ་ཡིས། །གལ་ཏེ་བྱེད་པ་ཡིན་ཞེ་ན། །འདིར་ནི་དེ་དག་གིས་དབང་འདི། །བཞི་པར་ཡང་ནི་མི་འཐད་དོ། །གསུམ་པ་འབྲས་བུའི་ངོ་བོའི་ཕྱིར། །རང་བཞིན་གྱིས་ནི་རྫོགས་ཤེ་ན། །འབྲས་བུ་དང་པོར་རྫོགས་ནས་འདིར། །བྱི་ནས་རྒྱུ་ཡིས་ཅི་ཞིག་བྱ། །དབང་འདི་ཇི་ལྟར་ཡིན་པ་འདི། །བསྒྲུབ་ཕྱིར་གཞན་གྱི་རྒྱུར་མ་ཡིན། །ཞེ་ན་སྔོན་དུ་དེ་གྲུབ་པས། །སླར་ཡང་དེ་ལ་དོན་གཅིག་ཡོད། །གལ་ཏེ་འབྲས་བུ་རྫོགས་པ་དང༌། །ཕྱི་ནས་དབང་བསྐུར་རྗོད་བྱེད་ན། །སངས་རྒྱས་རྡོ་རྗེ་འཛིན་པ་དག །དབུགས་དབྱུང་རབ་དབྱེ་འདི་ཇི་ལྟར། །སྔོན་དུ་རྡོ་རྗེ་འཛིན་དབུགས་དབྱུང༌། །སླད་ནས་སངས་རྒྱས་འགྱུར་ཞེ་ན། །འདི་ལྟར་རྒྱུ་དང་འབྲས་བུ་ཡང༌། །འཆོལ་པ་གང་གིས་ཟློག་པར་བྱེད། །གལ་ཏེ་ཚིགས་སུ་བཅད་པའི་ངོར། །གཉིས་ཀྱི་དབུས་སུ་ཡིན་ན་ནི། །མཚན་གཞི་ཉིད་མིན་དེ་ཉིད་དུ། །ཚིགས་སུ་བཅད་པའི་དོན་གཞན་ཕྱིར། །སླར་ཡང་མཚན་གཞིའི་ངོ་ཉིད་དུ། །ཚིགས་སུ་བཅད་པའི་དོན་སྦྱོར་ན། །ཚིགས་སུ་བཅད་པ་དག་གི་དོར། །མཚན་གཞི་གཞན་དུ་འདྲེན་པ་མེད། །དཔལ་ལྡན་བ་དང་དགྱེས་རྡོར་དང༌། །དེ་ཉིད་དུ་འདིར་


DTG015_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབྱེ་བ་མེད། །སྒྲུབ་པའི་ཐབས་ཀྱི་དབྱེ་བ་ཡིས། །དེ་དག་དབྱེ་བས་བརྗོད་པ་ཡིན། །དེར་དབང་རྣམ་བ་གསུམ་གསུངས་སོ། །ཞེ་ན་དེ་ཡང་འཇིག་རྟེན་པའོ། །འཇིག་རྟེན་ལས་འདས་དབང་བསྐུར་ནི། །གསུངས་ཀྱང་གསལ་བར་མ་མཛད་དོ། །ཤེས་རབ་ཡེ་ཤེས་དབང་བསྐུར་གྱིས། །དེ་ནི་བཞི་པར་ཤེས་པར་བྱ། །ཞེས་པ་འདི་ནི་ལེགས་ཤེས་པར། །འདོད་ན་བླ་མ་དམ་པ་བསྟེན། །དེ་འདིར་འཐད་པ་རེ་འགའ་བས། །དབུས་སུ་མཚོན་བྱར་གང་སྨྲ་ཡོད། །དེ་ལྟ་ན་ཡང་ལུང་རིགས་ཀྱིས། །ཐ་མ་ཉིད་དུ་ཐེ་ཚོམ་མེད། །ལྷན་སྐྱེས་ཐ་མར་གྱུར་པའི་ཕྱིར། །ཚིགས་བཅད་འཐད་པ་ཇི་ལྟར་བྱ། །ཞེ་ན་སྐྱོན་འདི་མི་འབྱུང་སྟེ། །ཚིགས་སུ་བཅད་པ་ཤིན་ཏུ་འཐད། །ལྷན་ཅིག་སྐྱེས་པ་དང་དགའ་བ་དག་གི་དབུས་སུ་མཆོག་དང་དགའ་བྲལ་ཡིན་པ་གང་གི་ཚེ་དགའ་བ་དང་ལྷན་སྐྱེས་ལ་ལྟོས་པའི་དབུས་སུ་མཆོག་དང་དགའ་བྲལ་དག་འགྱུར་པ་དེའི་ཚེ་མཆོག་དང་དགའ་བྲལ་ཞེས་ཞེ་ས་མེད་པའི་དྲུག་པའི་སྦྱོར་བའི་ཕྱིར་རམ། དེ་དག་ཞེས་མེད་པའོ་ཞེས་མཚོན་པར་བྱ་ཞེས་པ། བཞི་པར་བལྟ་བ་བརྟེན་པར་བྱོས་ཤིག །དཔལ་དགྱེས་པའི་རྡོ་རྗེའི་རྒྱུད་ཀྱི་ལེའུ་བརྒྱད་པ་ལས། དགའ་བྲལ་ཐ་མ་དེ་བཞིན་སླར། །ཞེས་གསུངས་པའི་ཕྱིར། དགའ་བྲལ་གྱི་ཐ་ན་ལྷན་ཅིག་སྐྱེས་པའོ་ཞེས་གསལ་བར་ཁོང་དུ་ཆུར་པར་བྱ་བ་ཉིད་དོ། །དེ་བཞིན་དུ། དགའ་བའི་དགའ་བ་མཐའ་དག་ངེས། །དེ་ནི་བདེ་བ་ཐབས་ཀུན་རིག །ཅེས་པ་ཤིན་ཏུ་འཐད་པ་ཁོ་ནའོ། །དགའ་བ་གསུམ་པོ་འདི་དག་ལྷན་སྐྱེས་ཀྱི་རྒྱུར་གྱུར་པ་དགའ་བའི་རང་བཞིན་ནོ། །དགའ་བ་གསུམ་པོ་དེ་ནི་བདེ་བའི་རང་བཞིན་ཐབས་རྒྱུར་ཏེ་རིམ་གྱིས་བརྒྱུད་ནས་མངོན་སུམ་དུ་ཀུན་རིག་པ་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་ཅན་ནོ། །དེ་ཡང༌། དགའ་བྲལ་དགའ་བ་ཆགས་བྲལ་འགྱུར། །ལྷན་སྐྱེས་དགའ་བ་ལྷག་མ་ཉིད། །ཅེས་གསུངས་སོ། །དགའ་བ་ཁྱད་པར་ཅན་ནི་ཆགས་བྲལ་ཏེ་སྣང་བའི་ངོ་བོ་ཉིད་ཉམས་སུ་མྱོང་བའི་བདེ་བ་རྣམ་པར་རྟོག་པའི་ངོ་བོ་ཞེས་པ་ཇི་སྲིད་དུའོ། །དེ་བཞིན་དུ། གསུམ་པ་འདོད་ཆགས་ཉམས་པའི་ཕྱིར། །དེས་ན་བཞི་པ་བསྒོམ་པར་བྱ། །དེ་བཞིན་མཆོག་དགའ་སྲིད་པར་གསུངས། །ཆགས་བྲལ་ལས་ནི་མྱང་འདས་ཉིད། །


DTG015_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུ་མ་དགའ་བ་ཙམ་ཉིད་དེ། །ལྷན་སྐྱེས་འདི་རྣམས་ཀྱིས་སྤངས་པ། །ཞེས་སོ། །མཆོག་དགའ་ཀུན་ནས་ཉོན་མོངས་པ་ཅན་གྱི་བདེ་བའི་ལོངས་སྤྱོད་ཀྱི་མཚན་ཉིད་ཀྱི་ཕྱིར་སྲིད་པ་འཁོར་བའོ། །མཆོག་དགའ་ཀུན་དུ་སྣང་བའི་བདག་ཉིད་ཀྱི་ཀུན་ནས་ཉོན་མོངས་པ་ཅན་གྱི་ཉམས་པའི་ཕྱིར་མྱ་ངན་ལས་འདས་པའི་ངོ་བོ་ཉིད་དོ། །དབུ་མ་དགའ་བ་ཙམ་ནི་དབུ་མ་སྟེ་བདེ་བ་ཐུན་མོང་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དགའ་བ་གསུམ་པོ་འདི་དག་གིས་སྤངས་པའི་ལྷན་ཅིག་སྐྱེས་པའི་འབྲས་བུ་ཞེས་པའི་དོན་ཏོ། །དེ་བཞིན་དུ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མ་དམིགས་སུ་མེད་པའོ། །འདོད་ཆགས་མཆོག་དགའ་སྟེ་ཞེན་པའི་མཚན་ཉིད་ཀྱི་ཕྱིར་རོ། །བདེ་བའི་རྣམ་རྟོག་ཉིད་ཀྱིས་ཁྱད་པར་དུ་འཕགས་པའི་ཕྱིར་ཆགས་བྲལ་དགའ་བྲལ་གྱི་དགའ་བའོ། །དབུ་མ་བར་མའི་བདེ་བ་ཙམ་ཉིད་ཀྱི་དགའ་བ་དང་པོའི་དམིགས་སུ་མེད་པའོ་ཞེས་པ་གསུམ་པོ་འདི་དག་དམིགས་སུ་མེད་པ་ལྷན་ཅིག་སྐྱེས་པ་ཉིད་ཀྱི་དོན་ཏོ། །དེ་ཡང་དགའ་བྲལ་དང་པོར་མཚོན། །དགའ་བ་གསུམ་པོ་རྣམ་སྤངས་པ། །ཞེས་པ་ནི་ལྷན་ཅིག་སྐྱེས་པ་དེ་ཡང་སྟེ་དགའ་བྲལ་དང་པོ་བ་གང་ཡིན་པའོ། །དེར་ལྷན་སྐྱེས་མཚོན་པར་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ། མཆོག་དགའ་དགའ་བྲལ་དབུ་མ་སྟེ། །སྟོང་དང་སྟོང་མིན་གྱི་ནི་རྒྱུ། །མཆོག་གི་མཐའ་ཁོ་ན་སྟེ་དབུ་མ་ཡང་མ་ཡིན་ལ་དགའ་བྲལ་ཡང་མ་ཡིན་པའི་ལྷན་སྐྱེས་ལ་ལྟོས་ནས་རྒྱུར་བརྗོད་དེ། སྟོང་དང་སྟོང་མིན་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་འབྲས་བུ་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །འགའ་ཞིག་གིས་ཁྱད་པར་གྱི་དགའ་བ་དགའ་བྲལ་ཆགས་པ་དང་བྲལ་བའི་མཚན་ཉིད་དུ་བརྗོད་ནས། མཆོག་དང་དགའ་བྲལ་དག་གི་དབུས་སུ་མཚོན་པར་བྱ་བ་ལྷན་ཅིག་སྐྱེས་པ་ཁོ་ནར་འདོད་པ་དེ་རྣམས་ཀྱི་འདོད་པ་ལ་ནི་དགའ་བ་བཞི་པོ་རིམ་བཞིན་སྦྱར་བའི་ཚིགས་སུ་བཅད་པ། །དང་པོ་དགའ་བ་ཙམ་ཉིད་དེ། །མཆོག་ཏུ་དགའ་བ་གཉིས་པར་གྲགས། །གསུམ་པ་ཁྱད་པར་ཞེས་བྱ་སྟེ། བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །དེ་བཞིན་དུ། །སྟོང་དང་ཤིན་ཏུ་སྟོང་པ་དང༌། །ཆེན་པོ་སྟོང་པ་གསུམ་པ་སྟེ། །བཞི་བ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་དབྱེ་བ་ལས། །སྣ་ཚོགས་དང་པོའི་དགའ་བ་སྟེ། །མཆོག་ཏུ་


DTG015_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགའ་བ་རྣམ་སྨིན་སྐྱེས། །ཁྱད་པར་དགའ་བ་རྣམ་ཉེད་པ། །ལྷན་སྐྱེས་དགའ་བས་ཚན་ཉིད་བྲལ། །སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་པ་དེ་ཡང་དེ་བཞིན་ཏེ། །དབང་ནི་བཞི་ཡི་གྲངས་ཀྱིས་སུ། །དགའ་བ་ལ་སོགས་རིམ་ཤེས་བྱ། །འདོད་པའི་དགའ་བ་འདར་བར་འགྱུར་པ་ཡང་སྟེ་བཞི་བ་དག་གི་སྦྱོར་པ་དེ་གཅིག་གོ །གང་བར་ནུས་པ་ལས་བྱུང་ངེས་པར་མཆོག་ཏུ་དགའ་བར་འགྱུར་པ་འདི་ལྟར་གཉིས་པའོ། །འབར་དང་ཐིག་ལེ་གཉིད་ཡུལ་སླར་ཡང་ཁྱད་པར་གྱི་ནི་དགའ་བ་འདི་ནི་གསུམ་པའོ། །ཨོཊྚ་ནཱ་ད་དག་དང་གཉིད་ནི་ལྷན་སྐྱེས་དགའ་བར་ཡང་འགྱུར་འདི་ནི་བཞི་པའོ། །ཞེས་བྱ་བ་ལ་སོགས་པ་འདི་ལྟ་བུ་རྣམས་ཀྱི་དོན་ཇི་ལྟར་འཆད་པར་བྱེད། ཕྱག་རྒྱ་བཞིའི་རྗེས་སུ་འགྲོ་བའི་གཞུང་སོ་སོའི་སྐྱེ་བོས་བྱས་པ་ནི་གནས་པར་བྱ་བ་མ་ཡིན་ནོ། །བུམ་པ་གསང་བའི་དབང་བསྐུར་དང༌། །ཤེས་རབ་ཡེ་ཤེས་རྗོད་བྱེད་ཅན། །སླར་ཡང་ཤེས་རབ་ཆེན་པོ་ཉིད། །དེ་ཡི་ཤེས་པའི་རྗོད་བྱེད་ཉིད། །འགྱུར་ཞིང་འགྱུར་པ་དེ་ནས་འབབ། །མི་འཛག་པ་ཡང་དེ་ནས་གཞན། །ལུས་ངག་ཡིད་ཀུན་རྣམ་དག་པས། །དབང་བསྐུར་གསུམ་ནི་རིམ་པ་བཞིན། །བཞི་པ་ཡེ་ཤེས་ཀུན་ནས་དག །ལུས་ངག་སེམས་ནི་སྤྱོད་བྱེད་པའོ། །བྱིས་པ་ལང་ཚོ་དེ་ནས་རྒན། །བཞི་པ་དག་ནི་སྐྱེ་དགུའི་བདག །ཤེས་རབ་བུ་མོ་ལུས་རེག་པས། །བྱང་སེམས་འཛག་པའི་བདེ་བ་ནི། །འོ་ཆུ་འཛིན་པའི་དབང་བསྐུར་བ། །གང་ལ་བདེ་དེ་བྱིས་པར་གསུངས། །གསང་བ་བསྐྱོད་ལས་མི་རིང་བར། །སྐྱེས་པའི་བྱང་སེམས་འཛག་བདེ་བ། །ལང་ཚོ་གསང་བས་དབང་བསྐུར་བ། །གང་ཕྱིར་གསང་བ་ལས་བདེ་འཐོབ། །གསང་བ་བསྐྱོད་ལས་རིང་ཞིག་ན། །སྐྱེས་བདེ་རྡོ་རྗེའི་རྩེར་བབ་པས། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །དེ་རྒན་འཇག་པར་གྱུར་གང་ལས། །ཕྱག་རྒྱ་ཆེན་པོའི་རྗེས་ཆགས་ལས། །གང་སྐྱེས་མི་འཛག་པ་ལས་བདེ། །ཤེས་རབ་ཆེན་པོའི་དབང་བསྐུར་དེ། །གང་ལས་མི་འཛག་པ་ཉིད་འགྱུར། །སྐྱེ་དགུའི་བདག་པོར་དེ་ཤེས་བྱ། །སྐྱོབ་པ་ཀུན་གྱི་སྐྱེད་བྱེད་ཉིད། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །བྱང་སེམས་གཉིས་མེད་མི་འགྱུར་པ། །འདི་ནི་དམ་ཚིག་སེམས་དཔར་འགྱུར། །རྡོ་རྗེ་རྣལ་འབྱོར་རྣམ་པ་བཞི། །འདིས་ཀྱང་དེ་བཞིན་


DTG015_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཤེགས་པ་ཡི། །ངེས་པར་ལྷན་ཅིག་སྐྱེས་པ་ཡི། །དགའ་བ་བཞི་པ་ཞེས་བྱ་བའོ། །ཞེས་ཀྱང་ངོ༌། །ཡང་ས་ར་ཧ་པའི་ཞལ་སྔ་ནས་ཀྱང༌། ལྷན་ཅིག་སྐྱེས་དགའ་བཞི་བ་སྟེ། །དེ་ཡང་བརྗོད་པར་མི་རུང་བའོ། །ཞེས་སོ། །རོལ་པའི་རྡོ་རྗེས་ཀྱང༌། ལྷན་སྐྱེས་དགའ་བ་བཞི་པའི་སྐད་ཅིག་ལ། །རང་གིས་ཡང་དག་རིག་པ་ཤེས་པར་འགྱུར། །ཞེས་སོ། །ལུས་ངག་ཡིད་གསུམ་ནི་རང་བཞིན་བརྒྱ་དྲུག་ཅུའི་གཞན་དབང་ཉིད་ཀྱིས་སྡུག་བསྔལ་གསུམ་མོ། །དེ་རྣམས་ཀྱི་སྡུག་བསྔལ་རང་བཞིན་ཁོང་དུ་མ་ཆུད་པའོ། །དེ་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཞི་བས་ཞི་བྱེད་དོ། །དེ་ཉིད་ཀྱི་ཕྱིར་གསུམ་སེལ་བཞི་པའོ། །མཐའ་ཡས་ནི་ཟུང་འཇུག་གི་བཞོན་པ་སྟེ་རྣམ་པར་རྟོག་པའི་རླུང་ཐམས་ཅད་འགགས་པས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་རོ། །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གསུམ་ལས་གྲོལ་བར་གྱུར་པས་ན་གྲོལ་གསུམ་ཐོབ་པ་སྟེ། སྒྲིབ་པ་ཀུན་ལས་ངེས་པར་གྲོལ་བར་ཡང་ངོ༌། །རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་མཁའ་ལྟར་མཉམ་པ་ཉིད་ལ་གནས། །སྣ་ཚོགས་གཟུགས་མཐོང་བས་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཉོན་མོངས་དྲི་མ་ཀུན་ལས་འདས་པའི་ཕྱིར། ཆོས་ཀྱི་དབྱིངས་མི་ཟད་པས་འདས་པ་དང་མ་འོངས་པ་དང༌། ང་ལྟར་བྱུང་བའི་དུས་གནས་པ་དང་བྲལ་བའི་ཕྱིར་དུས་གསུམ་དུས་མེད་རྟོག་པ་པོ། རྣམ་པ་ཐམས་ཅད་གཉིས་སུ་མེད་པ་མཐོང་བའི་ཕྱིར་སེམས་ཅན་ཀུན་གྱི་གཙོ་བོ་ཆེན་པོ་ཉོན་མོངས་པའི་གཡུལ་ཐམས་ཅད་ལས་རྒྱལ་བ་ཉིད་ཀྱིས་ཇི་སྙེད་རྟོགས་པའི་ཆོས་ཐོབ་པའོ། །ཡོན་ཏན་ཐོད་ནི་ནོར་བུའམ་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་རྣམས་ཀྱི་ཐོད་དཔལ་ལྷན་ཅིག་སྐྱེས་པའི་ཐིག་ལེའོ། །ཆོས་དང་ནོར་དང་འདོད་པ་དང་ཐར་པའི་རྣམ་པར་རྟོག་པས་མ་བརྟགས་པའི་ཕྱིར་སོ་སོར་སྡུད་པའི་ཡན་ལག་གསལ་བའི་དངོས་པོས་ཤ་ལ་སོགས་པའི་སྤྱན་གྱིས་རྣམ་པ་ཐམས་ཅད་སྟོང་པ་ཉིད་སྣ་ཚོགས་མཐོང་བའི་ཕྱིར་དང༌། གཞན་སེམས་ཅན་རྣམས་སྟོང་པ་ཉིད་མཐོང་བའི་དོན་ལ་དམུས་ལོང་ཉིད་ཀྱི་ཕྱིར་ལུས་ཀུན་ལས་ནི་རྣམ་གྲོལ་བའོ། །དེ་ཉིད་ཀྱི་ཕྱིར་ནམ་


DTG015_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁའི་ལམ་སྟོང་པ་ཉིད་ཀྱི་གཟུགས་སུ་རབ་གནས་པ་རྣམས་པར་རྟོག་པའི་ངོ་བོར་རྣམ་པར་གནས་པའོ། །དེ་ལྟར་ཡང༌། ནམ་མཁའ་སྒོམ་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའོ་ཞེས་གསུངས་སོ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་བན་ནི་མངོན་པར་འདོད་པའི་དོན་ཐམས་ཅད་གྲུབ་པ་སྟེར་བའི་ཕྱིར་ལྷན་ཅིག་སྐྱེས་པའི་ཐིག་ལེ་འཆང་བ་སྟེ་ལྷན་ཅིག་སྐྱེས་པ་རང་བཞིན་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཁྱབ་བདག་སྟེ་ཁྱབ་བྱེད་དོ། །ལུས་ངག་སེམས་ཀྱི་ཐིག་ལེ་རིན་པོ་ཆེ་ཀུན་གྱི་མཆོག་བླ་ན་མེད་པའི་དགའ་བ་སྟེ་རབ་པོ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་ལས་འདས་པ་མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་སྟེར་བའི་ཕྱིར་དཔག་བསམ་ཤིང་ཆེན་ཏེ་རྒྱས་པ་ཡང་དག་པར་རྒྱས་པའོ། །བུམ་པ་བཟང་པོ་ཁྱད་པར་ཅན་གྱི་ཕྱིར་བུམ་པ་བཟང་པོ་ཆེ་བའི་མཆོག་གོ །ལྷུན་གྱིས་གྲུབ་པ་སྟེ་སེམས་ཅན་ཐམས་ཅད་བདེ་བར་བྱེད་པའི་ཆོས་སྟོན་པའི་ཕྱིར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཀུན་དོན་བྱེད་དོ། །ཕན་པ་སྒྲུབ་ཅིང་བདེ་བ་སྟེར་བའི་དང་ཚུལ་གང་གི་ཡིན་པ་དེ་ཕན་འདོགས་སོ། །འགྲོ་བ་ལ་བུ་གཅིག་པ་ལྟར་བྱམས་པའི་ཕྱིར་སེམས་ཅན་མཉེས་གཤིན་པའོ། །བཟང་བ་དང་ངན་པ་ཡང་བདེ་བ་ཆེན་པོའི་ངོ་བོར་ཤེས་པས་ན་བཟང་ངན་ཤེས་ཤིང་ངོ༌། །དུས་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སྐད་ཅིག་ཤེས་པས་ན་དུས་ཤེས་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ལ་ཁྱབ་པའི་ངོ་བོ་ཉིད་ཀྱི་ཕྱིར་ཁྱབ་བདག་གོ །ལུས་དང་ངག་སེམས་དང་ཡེ་ཤེས་ཀྱི་བདག་ཉིད་དམ་ཚིག་རྣམ་པ་བཞི་ཤེས་པ་ནི་དེ་བཞིན་ནོ། །དེ་སྐད་དུ། དཔལ་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས། ཤེས་རབ་དང་འོ་བྱེད་པས་དགའ་བའི་སྐད་ཅིག་འབྱུང་བར་འགྱུར་རོ། །དེ་ནི་ལུས་ཀྱི་དམ་ཚིག་གོ །པདྨར་རྡོ་རྗེ་བཅུག་པས་མཆོག་དགའི་སྐད་ཅིག་སྟེ་ངག་གི་དམ་ཚིག་གོ །པདྨར་རྡོ་རྗེ་བསྐྱོད་པས་ཁྱད་པར་གྱི་དགའ་བའི་སྐད་ཅིག་སྟེ་སེམས་ཀྱི་དམ་ཚིག་གོ ། རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་ལྷགས་པས་ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་སྟེ་ཡེ་ཤེས་ཀྱི་དམ་ཚིག་བཞི་པའོ། །དེ་ཉིད་ཀྱི་ཕྱིར་དམ་ཚིག་ལྡན་ཏེ་དེའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ལྷུན་གྱིས་གྲུབ་པ་ཉིད་ཀྱིས་ཆོས་སྟོན་པ་ལ་སོགས་པའི་དུས་ཤེས་པ་ནི་དེ་བཞིན་ནོ། །ཐུང་པ་ཉིད་ནི་ག་ཙུག་ལ་ག་ཡིན་


DTG015_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཕྱིར་རོ། །དགའ་བ་བཞིའི་སྐད་ཅིག་ཟོས་པས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་ཤེས་པའི་ཕྱིར་སེམས་ཅན་དབང་པོ་ཤེས་སོ། །ལས་ཀྱི་ཀུན་རྟོག་མཆོག་གི་ཕྱག་རྒྱའི་སྒོ་ནས་ས་ལ་སྤྱོད་པ་དང་མཁའ་ལ་སྤྱོད་པ་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྣམ་གྲོལ་གསུམ་མོ། །དེ་ལ་མཁས་པ་པོ་རྟོག་པ་པོའོ། །ལྷན་ཅིག་སྐྱེས་པ་དབྱེར་མེད་པའི་རང་བཞིན་རྡུལ་མུན་པ་སྙིང་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་ཡོན་ཏན་དང་ལྡན་ཞིང་ངོ༌། །ལུས་དང་ངག་དང་སེམས་ཀྱི་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་ཡོན་ཏན་ཤེས་སོ། །འཇིག་རྟེན་ལས་འདས་པའི་ཆོས་བདེ་བ་ཆེན་པོ་མྱོང་བའི་ཕྱིར་ཆོས་ཤེས་སོ། །ཡང་དག་པའི་ཡེ་ཤེས་འཆང་བི་རིམ་པས་འགྲོ་བ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་བསྔགས་པ་སྟེ་ཡེ་ཤེས་ཀྱི་སྐུ་ཞེས་པའི་དོན་ཏོ། །འཇིག་རྟེན་ལས་འདས་པའི་བཀྲ་ཤིས་རྣམས་འདི་ལས་འབྱུང་བས་ན་བཀྲ་ཤིས་འབྱུང་ངོ༌། །བཀྲ་ཤིས་དགའ་བ་གསུམ་པོ་ཀུན་གྱི་ཡང་བཀྲ་ཤིས་པ་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་འོད་གསལ་ཉིད་ཀྱི་ཕྱིར་རོ། །རྟག་ཏུ་འཇིག་པ་མེད་པའི་བདེ་བ་གྲགས་པའི་ངོ་བོ་ཉིད་ཀྱི་ཕྱིར་གྲགས་སོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་བཀྲ་ཤིས་སོ། །རྣམ་པར་རྟོག་པ་ཡོངས་སུ་དོར་བ་ལས་བྱུང་བ་དྲི་མ་དང་བྲལ་བལ་འོད་གསལ་གྱི་སྙན་གྲགས་ཅན་གྱི་ཕྱིར་སྙན་གྲགས་སོ། །བདེ་བ་ཐམས་ཅད་བསགས་པའི་ངོ་བོ་ཉིད་ཀྱི་ཕྱིར་དགེ་བའོ། །སྲོག་རྩོལ་གསལ་བའི་དངོས་པོས་སྲོག་ཨ་ཝ་དྷཱུ་ཏཱིར་སོན་པ་ཉིད་ཀྱིས་འཇིག་རྟེན་ལས་འདས་པའི་དབུགས་ཀྱི་ཕྱིར་དབུགས་འབྱིན་ཆེན་པོའོ། །བདེ་བ་རྒྱུན་མི་འཆད་པའི་དགའ་སྟོན་ཉིད་ཀྱི་ཕྱིར་དགའ་སྟོན་ཆེའོ། །བརྗོད་དུ་མེད་ཅིང་གཉིས་སུ་མེད་པའི་ཆོས་ཀྱི་དགའ་བ་རབ་ཏུ་གསལ་བས་འགྲོ་བ་དགའ་བའི་ངོ་བོ་ཉིད་ཀྱི་ཕྱིར་དགའ་ཆེན་ནོ། །སེམས་ཅན་ཐམས་ཅད་བདེ་བ་ཆེན་པོས་ཚིམ་པའི་ཕྱིར་རོལ་པ་ཆེན་བོའོ། །བདེ་བ་ཆེན་པོའི་བདག་ཉིད་ཅན་ཡིན་པས་མཆོད་བར་འོས་པའི་ཕྱིར་བཀུར་སྟི་བྱང་སེམས་ཀྱི་ཁུ་བས་ལུས་ཀྱི་རྩ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་པའི་དོན་ཏོ། །དོན་དམ་པའི་དབང་རིམ་གྲོའི་ངོ་བོ་ཉིད་ཀྱི་ཕྱིར་རིམ་གྲོའོ། །རྒྱུན་མི་འཆད་པའི་


DTG015_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེ་བའི་གཞི་ཉིད་ཀྱི་ཕྱིར་ཕུན་སུམ་ཚོགས་པའོ། །ལུས་དང་ངག་དང་སེམས་བདེ་བ་མཆོག་ཏུ་དགའ་བ་དང་ལྡན་པའི་ཕྱིར་མཚོག་ཏུ་དགའ་བའོ། །བདེ་བ་དང་ཡིད་བདེ་བ་གྲགས་པའི་རྗེ་བོ་ཉིད་ཀྱིས་གྲགས་བདག་དཔལ་ཏེ་ཡེ་ཤེས་སྐུ་ཞེས་པའི་དོན་ཏོ། །རྣམ་པ་ཐམས་ཅད་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུའི་ཕྱིར་མཆོག་ལྡན་ཏེ་རབ་མཆོག་གོ །རྣམ་བར་མི་རྟོག་བའི་སེམས་ཅན་གྱི་བསམ་པ་ཡོངས་སུ་སྐོང་བའི་ཕྱིར་མཆོག་སྦྱིན་ཏེ་འོད་གསལ་མཆོག་ཏུ་སྦྱིན་པ་ཇི་སྲིད་པའོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་མཆོག་ཉིད་ཀྱི་ཕྱིར་གཙོ་བོའོ། །འོད་གསལ་གྱི་ཡེ་ཤེས་ཉེ་བར་བསྟན་པས་ཆགས་པ་ལ་སོགས་པ་སྲུང་བའི་ཕྱིར། ཆགས་པ་ཆེན་པོ་འཆར་བས་བདེ་བ་ཆེན་པོའི་ངོ་བོ་སྟོབས་པའི་ཕྱིར་སྐྱབས་ཀྱི་དམ་པའོ། །རྣམ་པར་རྟོག་པ་གཞན་དབང་དུ་གྱུར་པ་ཞན་པ་རྣམས་ཀྱི་སྐྱབས་ཀྱི་འོས་སོ། །འཁོར་བའི་བག་ཆགས་ཀྱི་འཇིགས་ཆེན་འཇོམས་པ་པོ་ཉིད་ཀྱི་ཕྱིར་འཇིགས་ཆེན་དགྲ་སྟེའོ། །དེ་ཉིད་ཀྱི་ཕྱིར་རབ་ཀྱི་མཆོག་གོ །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱིས་སྤྲོས་པའི་འཇིགས་པ་ཐམས་ཅད་འཇོམས་པའི་ཕྱིར་འཇིགས་པ་མ་ལུས་སེལ་བ་པོ་སྟེ་སེམས་ཅན་གྱི་བསམ་པའི་དབང་གིས་དག་པའི་སྐུའི་གཟུགས་སྣ་ཚོགས་པ་འཕྲོ་བ་ཞས་པའི་སྲིད་པའོ། །དེ་སྐད་དུ། །དེ་ཕྱིར་སྐྱེས་ཤིང་འཇིགས་མེད་སྲིད་པ་རྣམ་པ་གསུམ་སོང་རྒྱལ་བ་ཡི་ནི་དག་བའི་སྐུ། །ལས་ཀྱིས་གནོད་པར་གྱུར་ཀྱང་རྟག་ཏུ་སེམས་ཅན་དོན་དག་རྒྱལ་བའི་བདག་པོ་འདོར་མི་མཛད། །འདི་ལྟར་འཇིག་རྟེན་དབང་ཕྱུག་ཁོ་བོ་སྲིད་གསུམ་གནས་དང་ལས་ཀྱིས་ར་གནས་ཉི་མ་ཉིད། །སེམས་ཅན་རྣམས་ལ་ལམ་སྟེར་དམྱལ་བའི་འཇིགས་སེལ་ལྷ་གཞན་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །རྗེས་སུ་དྲན་པའི་ཡན་ལག་གསལ་བའི་དངོས་པོས་གཏུམ་མོ་འབར་བའི་རྩེ་མོ་དེ་དང་ལྡན་པས་གཙུག་ཕུང་ཅན་ནོ། །མའི་ཉི་མ་དང་འབྲེལ་བའི་པགས་པ་དང༌། ཤ་དང༌། ཁྲག་དང༌། ཕའི་ཟླ་བ་དང་འབྲེལ་པའི་རུས་པ་དང་རྒྱུས་པ་དང་ཁུ་བ་སྟེ་དེ་གཉིས་དང་ལྡན་པ་ཕུད་པུའོ། །དེ་སྒྲིབ་པ་མེད་པའི་སྦྱོར་བ་དང་ལྡན་པས་ཕུང་པོ་ཆན་ནོ། །རལ་པའི་ལྕང་ལོ་མཐའ་དག་བཅིངས་པའི་བཞིན་ཆོས་ཐམས་ཅད་རོ་གཅིག་པ་ཉིད་དུ་ལྡན་པའི་


DTG015_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་ལྕང་ལོ་ཅན་ནོ། །མཆོག་ཏུ་མི་འགྱུར་པའི་ངོ་བོ་ཉིད་དུ་དངོས་པོ་ཐམས་ཅད་ངོ་བོ་གཅིག་པས་རལ་པ་ཅན་ནོ། །ཉོན་མོངས་པའི་རྣམ་པར་རྟོག་པ་མཐའ་དག་བཞར་བའི་ཕྱིར་མགོ་ཟླུམ་མོ། །ཅོད་པན་གཙུག་ཏོར་ཆེན་པོའོ། །དེ་དང་ལྡན་པའི་ཕྱིར་ཅོད་པན་ཐོགས་སོ། །དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཆོས་ཀྱི་ཕུང་པོའི་ངོ་བོ་ཉིད་ཀྱི་ཕྱིར་སྒྲིབ་པ་མེད་པར་བྱས་པའི་སྲོག་ལ་སོགས་པའི་རླུང་ཉིད་ཀྱི་ཕྱིར་གདོང་ལྔ་སྟེ། རིགས་ལྔའི་རང་བཞིན་ཞེས་པའི་དོན་ཏོ། །སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཐོབ་པ་དང༌། འོག་གསལ་དང༌། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་གཙུག་ཕུད་ལྔ་གང་གི་ཡིན་པ་དེ་གཙུག་ཕུད་ལྔ་དང་ལྡན་ནོ། །སད་པ་དང༌། རྨི་ལམ་དང༌། གཉིད་ལོག་དང༌། བཞི་པ་དང༌། བཞི་པ་འདས་པའི་ཟུར་ཕུད་ལྔ་པའི་མེ་ཏོག་ཐོད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཟུར་ཕུད་ལྔ་པ་མེ་ཏོག་ཐོད་དོ། །མཽཉྫ་བྱང་ཆུབ་ཀྱི་སེམས་མི་འཛག་པའོ། །དེ་དང་ལྡན་པའི་ཕྱིར་མཽཉྫའོ། །ཕུང་པོ་དང༌། ཁམས་དང༌། དབང་པོ་ལ་སོགས་པ་རང་བཞིན་མེད་པར་བྱེད་པས་བརྟུལ་ཞུགས་ཆེན་པོའོ། །དེ་འཛིན་པ་ཉི་དེ་ཞིན་བཤད་དོ། །བྱང་སེམས་མི་འཛག་པ་ཉིད་ཀྱི་ཕྱིར་ཚངས་པར་སྤྱོད་པའོ། །དེ་ཉིད་ཀྱིས་བརྟུལ་ཞུགས་མཆོག་གོ ། མཆོག་ཏུ་བདེ་བས་གང་བའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་བྱེད་པའི་ཕྱིར་དཀའ་ཐུབ་མཐར་ཕྱིར་པ་གང་ཡིན་པ་དེ་དེ་བཞིན་ནོ། །རྟག་ཏུ་པདྨ་དང་རྡོ་རྗེ་ཡང་དག་པར་སྦྱོར་བ་གོམས་པས་ཐིག་ལེའི་དབུས་སུ་དབུགས་དྲུག་ཐིམ་པར་བྱེད་པས་ཐིག་ལེ་དེ་རྡོ་རྗེའི་ཁའི་བཟའ་བའི་མཚན་ཉིད་དཀའ་ཐུབ་ཆེན་པོ་གང་ཡིན་པ་དེ་དེ་བཞིན་ནོ། །སྦྱོར་ཡན་ལག་དྲུག་ཡོངས་སུ་རྫོགས་པ་བསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོའི་ཆུ་བོར་རྟག་ཏུ་བཀྲུས་པའི་ཕྱིར་གཙང་གནས་སོ། །ལྷན་ཅིག་སྐྱེས་པའི་དགའ་བའི་ཕྱིར་དམ་པའོ། །མཆོག་ཏུ་མི་འགྱུར་པའི་བདེ་བ་ཉིད་ཀྱི་ཕྱིར་གཽ་ཏ་མ་ཤཱཀྱ་ཐུབ་པ་དོན་གྲུབ་པོ། །ཡི་གེ་ལྔའི་ངོ་བོ་ཉིད་ཀྱི་ཕྱིར་ཧཾ་གི་རྣམ་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱི་བྲམ་ཟེའོ། །དེའི་ནཱ་ད་ཁོང་དུ་ཆུད་ནས་གང་ཞིག་སྤྱི་བོར་ཐིམ་པས་རྣམ་པར་རྟོག་པའི་རླུང་ཐམས་ཅད་རྒྱུ་བར་བྱེད་པས་ན་བྲམ་ཟེའོ། །ནམ་མཁའ་ལ་ཆགས་པའི་སེམས་ཅན་ཉིད་ཀྱི་སོ་སོར་སྡུད་པ་


DTG015_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པ་ཡན་ལག་དྲུག་བསྡུས་པས་ཚང་པའི་གནས་ཡན་ལག་བཞི་པ་བསམ་གཏན་བཞིའི་ཞལ་བཞིའི་རང་བཞིན་གྱི་ཕྱིར་ཚངས་པའོ། །རང་བཞིན་གྱིས་འོད་གསལ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེ་མེད་པའི་ཡེ་ཤེས་ནི་ཚངས་པའོ། །དེ་དེའི་བདག་ཉིད་དུ་རིག་པ་ཉམས་སུ་མྱོང་བས་ན་ཚངས་པ་ཤེས་སོ། །ཚངས་པའི་མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པ་ཚངས་པ་དགའ་བོ། །དགའ་བ་ཚངས་པའི་ངོ་བོ་ཉིད་ཅེས་པ་གསུངས་པའི་ཕྱིར་དེ་ཐོབ་པའོ། །སྟོང་པ་ཉིད་ཡང་དག་པར་ཉམས་སུ་མྱོང་བ་ཉིད་ཀྱིས་ནམ་མཁའ་ཇི་སྲིད་པར་འཇིགས་པ་མེད་པའི་བདེ་བར་སོན་པའི་ཕྱིར་ཐར་པ་བཞི་པའི་དོན་ཏོ། །ཡང་དག་པའི་ཡེ་ཤེས་ཀྱི་མེས་རྡུལ་མུན་པ་སྙིང་སྟོབས་ཐལ་བར་བྱས་པའི་ཕུང་པོ་ཉིད་ཀྱིས་རྣམ་གྲོལ་ཁོ་ན་ལུས་རང་བཞིན་གནས་ཡིན་པ་དེ་དེ་བཞིན་ནོ། །རང་བཞིན་གྱི་འདོད་ཆགས་ལ་སོགས་པ་འཆིང་བ་དང་བྲལ་བས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པས་ཆགས་པ་ཆེན་པོ་ཡང་དག་པར་ཡོངས་སུ་ཤེས་པ་ཐོབ་པའི་ཕྱིར་རྣམ་གྲོལ་བཅོམ་ལྡན་འདས་སོ། །དེ་ཡང༌། འཇིག་རྟེན་ཆགས་པས་འཆིང་འགྱུར་པ། །འདོད་ཆགས་ཉིད་ཀྱིས་རྣམ་པར་གྲོལ། །བཟློག་པའི་བསྒོམ་པ་དེ་དག་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །དུག་གི་དུམ་བུ་གང་ཉིད་ཀྱིས། །སྲོག་ཆགས་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འཇོམས་པར་བྱེད། །ཇི་ལྟར་མེ་ཡིས་ཚིག་པ་ནི། །སླར་ཡང་མེ་ཡིས་འཇོམས་པར་བྱེད། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་ཞི་བར་བྱེད། །གང་དང་གང་གིས་སྲོག་ཆགས་དག །དྲག་པོའི་ལས་ཀྱིས་འཆིང་འགྱུར་པ། །དེ་དག་ཐབས་ནི་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་སོ། །གཞན་ཡང༌། གལ་ཏེ་ཆེས་ཕྲའི་སེམས་ཀྱི་མྱུ་གུ་ལ། །དག་པའི་ཡུལ་གྱི་བཅུད་ཀྱིས་མ་བྲན་ན། །ནམ་མཁའ་ཁྱབ་པའི་འབྲས་བུ་སྟེར་བ་ཡི། །དཔག་བསམ་ལྗོན་ཤིང་ཉིད་ནི་ཇི་ལྟར་འཐོབ། །ཁ་ཅིག་ཡུལ་རྣམས་དག་ནི་སྤངས་ནས་ཏེ། །ཁ་ཅིག་ཡུལ་རྣམས་མ་བཀག་པར་བྱས་ནས། །ཁ་ཅིག་ཡུལ་རྣམས་ཁོ་ན་ཉིད་ཀྱིས་ཏེ། །མི་ཡི་ཁྱུ་མཆོག་རྣམས་ནི་བྱང་ཆུབ་བྱེད། །ཅེས་སོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་


DTG015_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་རང་བཞིན་གྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མེས་དཔའ་བསྒོམ་པ་བྱང་སེམས་ཞི་བ་སྟེ། ཞི་བ་རྟག་ཏུ་དགེ་བ་ཞེ་བ་སྟེ་ཞེས་སོ། །གཟུང་བ་དང་འཛིན་པ་ལ་སོགས་པ་སེམས་ཀྱི་གཡེང་བ་རྣམས་བཞི་བའི་ཕྱིར་ཞི་བ་ཉིད་དོ། །དེ་ཡང༌། ཞི་བ་མྱང་འདས་ཁམས་ཡིན་ནོ། །ཞེས་ཏེ། ལས་ཀྱི་ཕྱག་རྒྱ་བསྟེན་ཕྱིར་རོ། །གང་ཞིག་པ་ཡི་བདེ་ཐོབ་པ། །དེ་ཡི་བདེ་བ་རང་ཉིད་བཟའ། །གསད་པ་གང་གིས་ལུས་བདེ་ལ། །དེ་ཡི་བདེ་བ་བསམ་གཏན་བརྗོད། །ཅེས་གསུངས་སོ། །ཕྱི་རོལ་དུ་གྱུར་པ་རྣམས་མེད་པའི་ཕྱིར་དམིགས་པ་མེད་པ་སྟེ་དེ་ཙམ་ཞིག་དམིགས་པའི་ཕྱིར་མྱ་ངན་འདས་སོ། །མ་བཅོས་པའི་རང་གིས་རིག་པར་བྱ་བའི་ཕྱིར་ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་སྣང་བའི་ངོ་བོ་ཉིད་ཀྱི་ཕྱིར་ཞི་བའོ། །དངོས་པོ་དང་དངོས་མེད་མཆོག་ཏུ་བཟོད་པ་སྟོང་པ་ཉིད་ཀྱི་ཕྱིར་མྱ་ངན་འདས་སོ། །དེ་ཉིད་ཀྱི་ཕྱིར་ལེགས་སོ། །སངས་རྒྱས་ཐམས་ཅད་མྱ་ངན་ལས་འདའ་བས་ན་མྱ་ངན་འདས་པ་བདེ་བའོ། །རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་མཐར་ཕྱིན་པའི་བདེ་བའི་ཕྱིར་ཉེ་བའོ། །ཐབས་དང་ཤེས་རབ་དག་ལ་བདེ་སྡུག་གཉིས་མེད་པའི་ཕྱིར་བདེ་སྡུག་སེལ་བར་ཐར་གྱུར་པའོ། །དེ་སྐད་དུ། སྡིག་དང་བསོད་ནམས་གཉིས་ནི་གཟེགས་མ་ཕུབ་མར་སོང༌། །རང་གི་ཡིད་ནི་སྟོང་པ་ཉིད་གཏད་དོ། །ཞེས་སོ། །རང་བཞིན་གྱིས་ཆགས་པ་དང་བྲལ་བས་མི་འཛག་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་ཆགས་བྲལ་བཅོམ་ལྡན་འདས་ཉིད་དོ། །བག་ཆགས་དང་བྲལ་བས་ཆོས་སྟོན་པའི་སྒོ་ནས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ལུས་ལས་འདས་པ་པོའོ། །འོད་གསལ་ཉིད་ཀྱི་རྣམ་པར་རྟོག་པ་ལ་སོགས་པས་མི་ཐུབ་པས་ཐུབ་པ་མེད་པའོ། །ཆགས་པ་ཆེན་པོ་མི་འཛག་པ་ཉིད་ཀྱིས་བདེ་བ་ཐམས་ཅད་དཔེ་དང་བྲལ་བ་ནི་དཔེ་མེད་པའོ། །སྣང་བ་ལ་སོགས་པ་དང༌། བུད་མེད་ལ་སོགས་པའི་ངོ་བོ་ཉིད་མེད་པས་རང་བཞིན་མེད་པའི་ངོ་བོ་ཉིད་ནི་མི་མངོན་ནོ། །འོད་གསལ་གྱི་ཕྱིར་མི་སྣང་བའོ། །ཁུ་བ་དང་རྡུལ་མི་འཛག་པ་ཉིད་ཀྱིས་ནམ་མཁའ་ལྟར་གོས་པ་མེད་པའི་ཕྱིར་གསལ་བྱེད་མིན་ནོ། །ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔ་འདས་པས་མི་འགྱུར་པ་ཆ་ཤས་མེད་


DTG015_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །ཡེ་ཤེས་ནམ་མཁའི་ངོ་བོ་ཉིད་ཀྱི་ཕྱིར་ཀུན་འགྲོའོ། །བརྟན་པ་དང་གཡོ་བའི་རང་བཞིན་གྱི་ཕྱིར་ཁྱབ་པ་པོའོ། །ཡིད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཕྲ་ཞིང་ངོ༌། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ་སོ་རང་གིས་རིག་པར་བྱ་བའི་ཕྱིར་ཟག་མེད་དོ། །ལྷུན་གྱིས་གྲུབ་པར་བདེ་བ་ཐམས་ཅད་སྐྱེ་བའི་ཕྱིར་ས་བོན་ཉིད་དོ། །ཆགས་པ་དང་ཆགས་བྲལ་དང་དབུ་མའི་ཆགས་པའི་རྡུལ་མེད་པའི་ཕྱིར་རྡུལ་མེད་དེ་ཆགས་པ་ཆེན་པོ་བཞི་པའོ། །དེ་བཞིན་ཉིད་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་ཕྱིར་རྡུལ་བྲལ་ལོ། །གློ་བུར་གྱི་དྲུ་མ་མེད་པའི་ཕྱིར་དྲི་མ་མེད་པའོ། །རང་བཞིན་དང་བྲལ་བ་ཉེས་པ་སྤངས་པའོ། །ཕྱི་རོལ་གྱི་རྣམ་པར་གཡེང་བའི་ནད་ཟད་པའི་ཕྱིར་སྐྱོན་མེད་པའོ། །ཕྱིན་ཅི་མ་ལོག་པའི་འོད་གསལ་ཁོང་དུ་ཆུད་པའི་ཕྱིར་ཤིན་ཏུ་སད་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་རྣམས་ལྷན་སྐྱེས་ཉིད་ཀྱི་རང་བཞིན་དུ་རྟོགས་པའི་ཕྱིར་སད་པའི་བདག་གོ །ཆོས་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོ་ཡང་དག་པར་གཞག་པའི་ཕྱིར་ཀུན་ཤེས་སོ། །ལྷུན་གྱིས་གྲུབ་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཡོངས་སུ་ཤེས་པའི་ཕྱིར་ཀུན་རིག་གོ །དེ་ཉིད་ཀྱི་ཕྱིར་དམ་པ་པོའོ། །མིག་ལ་སོགས་པ་མེད་པས་ཀུན་གཞིའི་རྣམ་པར་ཤེས་པའི་ཆོས་ཉིད་དོ། །དེ་ལས་འདས་པ་རྒལ་བ་སྙིང་རྗེ་རབ་ཏུ་རྟོག་པས་སྟོང་པ་ཉིད་ཀྱི་བདག་ཉིད་ཅེས་པའི་དོན་ཏོ། །སྤྲོས་པ་ཐམས་ཅད་ལས་འདས་པའི་འོད་གསལ་གྱི་བདག་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཁོ་ན་ཡེ་ཤེས་སོ། །དེ་ཉིད་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཀྱི་ཕྱིར་གཉིས་མེད་ཚུལ་འཆང་བའོ། །དོན་དམ་པའི་ཡེ་ཤེས་ཀྱི་རྣམ་པར་རྟོག་པ་ཡང་མེད་པའི་ཕྱིར་རྣམ་པར་རྟོག་པ་མེད་དོ། །དེ་ཡང༌། དམ་པའི་དོན་གྱི་རྣམ་རྟོག་ཀྱང༌། །མཁས་པས་བླང་བར་མི་བྱའོ། །བཟང་བའམ་ངན་པའི་རྣམ་རྟོག་ཀྱང༌། །དབྱེ་བའི་རྣམ་པ་ཅི་ཞིག་ཡོད། །ཅེས་གསུངས་སོ། །ལྷུན་གྱིས་གྲུབ་པས་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པའི་བདེ་བའི་ཕྱིར་འབད་པ་རྣམ་པར་རྟོག་པ་དང་བྲལ་བ་གང་ཡིན་པ་དེ་དེ་བཞིན་ནོ། །དེ་ལྟར་ཡང༌། སྔོན་གྱི་སྨོན་ལམ་གྱིས་བཀྲུན་རྟག་ཏུ་ལྷུན་གྱིས་གྲུབ་པར་གཞན་དོན་ནོ། །ཞེས་གསུངས་སོ། །ཉིན་མོ་དང་མཚན་མོ་དང་ཐུན་མཚམས་


DTG015_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་ཏིང་ངེ་འཛིན་གསུམ་གྱི་དབྱེ་བས་དུས་གསུམ་དུ་ཡང་དག་པར་བྱུང་བའི་སྐུ་དང་གསུང་དང་ཐུགས་སྤྲུལ་པ་དང༌། ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ་ཞེས་བྱ་བ་སངས་རྒྱས་སོ། །དེ་རྣམས་ཀྱི་ལས་སེམས་ཅན་གྱི་དོན་གྱི་ངོ་བོ་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་བྱེད་པ་པོའོ་ཞེས་པ་ནི་དེ་བཞིན་ནོ། །དངོས་པོ་ཐམས་ཅད་མཉམ་པ་ཉིད་ཀྱི་ཁོང་དུ་ཆུད་པའི་ཕྱིར་སངས་རྒྱས་སོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཐོག་མ་དང་ཐ་མར་སྐྱེས་པ་དང་འགག་པ་དགའ་བྲལ་གྱི་སྐད་ཅིག་འཛག་པའི་སྐད་ཅིག་མེད་པ་གང་ཡིན་བ་དེ་དེ་བཞིན་ནོ། །ཀུན་ནས་ཉོན་མོངས་པ་ཅན་དང༌། རྣམ་པར་བྱང་བ་ཅན་གྱི་ཆོས་རྣམས་དོན་དམ་པར་ན་མེད་པས་ན་མེད་པ་ཨ་དགག་པའི་དོན་ཏོ། །དེས་ན་ཐོག་མ་མེད་པའི་སངས་རྒྱས་དང་པོའི་སངས་རྒྱས་ཏེ་སྐད་ཅིག་ལ་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་སྒྱུར་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཀྱི་བདེ་བ་ཐོག་མ་མེད་པའི་སངས་རྒྱས་ཞེས་པའི་དོན་ཏོ། །གང་གི་རྒྱུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་གཟུང་བ་དང་འཛིན་པའི་བདག་ཉིད་ཀྱི་ཆོས་སྤངས་པ་དེ་དེ་བཞིན་ནོ། །ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཏེ། ཆོས་ཐམས་ཅད་བདེ་བར་མཐོང་བའི་ཕྱིར་མིག་གོ །དེ་ཉིད་གཅིག་སྟེ་གཉིས་པ་མེད་པ་གང་གི་ཡིན་པ་དེ་དེ་བཞིན་ནོ། །རྣམ་པར་རྟོག་པ་མཐའ་དག་སྤངས་པའི་ཕྱིར་དྲི་མ་མེད་དོ། །ཡེ་ཤེས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ་དེ་ཉིད་ཀྱི་ལུས་ཅན་ནི་ལྷན་ཅིག་སྐྱེས་པའི་བདེ་བའི་སྣང་བ་འདིའི་ཡིན་པ་དེ་དེ་བཞིན་དུ་བཤད་དོ། །དེ་བཞིན་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་དེ་བཞིན་ཉིད་དོ། །དེར་གཤེགས་པ་དགའ་བ་ལ་སོགས་པ་བདེ་བའི་ཡེ་ཤེས་གང་གི་ཡིན་པ་དེ་དེ་བཞིན་གཤེགས་སོ། །གཞོམ་དུ་མེད་པའི་སྒྲ་ཀུན་ནས་རྒྱས་པས་སེམས་ཀྱི་སྐད་ཅིག་ཐམས་ཅད་ཀྱི་ངོ་བོ་སངས་རྒྱས་རྣམས་ཚིམ་པར་བྱེད་པའི་ཕྱིར་ངག་རྣམས་ཀྱི་དབང་ཕྱུག་ནི་ངག་གི་དབང་ཕྱུག་གོ །སྲུབ་དང་བསྲུབ་པའི་སྦྱོར་བས་རྟག་ཏུ་ཨའི་རྣམ་པ་ལས་རྒྱས་པའི་ཕྱིར་སྨྲ་བ་རྣམས་ཀྱིས་མཆོད་པར་བྱ་བའི་ཕྱིར་སྨྲ་བ་ཆེ་སྟེ། བསྲུབ་པར་བྱ་བ་རྩ་ཐམས་ཅད་དུ་བསྲུབ་པའི་ངོ་བོ་སྲོག་གི་རླུང་གི་སྤྱོར་བས་བྱང་ཆུབ་ཀྱི་སེམས་འཛིན་པ་ཉིད་ཀྱི་དབང་པོ་དང་ཁམས་ཐམས་ཅད་རྒྱས་པར་བྱེད་པའི་བར་དུའོ། །གཉིས་སུ་མེད་


DTG015_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་སྨྲ་བའི་ཕྱིར་སྨྲ་བའི་སྐྱེས་བུའོ། །ཕྱག་རྒྱ་མཆོག་གི་སྦྱོར་བས་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་བཟློག་པའི་ཕྱིར་སྨྲ་བའི་རྒྱལ་ལོ། །ཆོས་ཐམས་ཅད་ཡང་དག་པར་ཁོང་དུ་ཆུད་པའི་ཕྱིར་སྨྲ་བའི་དམ་པའོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བའི་བདེ་བའི་ངོ་བོའི་ཕྱིར་མཆོག་གི་གནས་སོ། །ལྷན་ཅིག་སྐྱེས་པ་ཡེ་ཤེས་ཀྱི་ཁམས་སྤྲོས་པས་སྣ་ཚོགས་ཀྱི་དོན་བྱེད་པའི་ཕྱིར་སྨྲ་བའི་སེང་གེའོ། །ལུས་དང་ངག་དང་སེམས་ཐམས་ཅད་གཅིག་ཏུ་གྱུར་པས་བྱང་ཆུབ་ཀྱི་སེམས་མི་འཛག་པ་ཉིད་ཀྱིས་གཞན་རྣམ་པར་རྟོག་པའི་རླབས་ཀྱིས་ཕམ་བ་མི་ནུས་པས་ན་ཆུགས་པ་མེད་དོ། །ཡང་སྔ་མ་ཕྱེད་ཀྱིས་རྒྱུ་ཉིད་གསུངས་ལ། ཕྱི་མ་ཕྱེད་ཀྱིས་དགའ་བ་བཞིའི་ངོ་བོ་འབྲས་བུ་གསུངས་སོ། །ཀུན་ནས་གཟིགས་པའི་དང་ཚུལ་གང་གི་ཡིན་པའི་ནི་ཀུན་དུ་ལྟ་བ་སྟེ་ཀུན་དུ་བཟང་པོའི་གཟུགས་ཀྱིས་དེའི་ཡེ་ཤེས་ཐོབ་པ་སྟེ། ཆགས་པས་འདུལ་བའི་སེམས་ཅན་ལ་ལྟོས་པས་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་ཚུལ་གྱིས་ཆགས་པ་ཆེན་པོའི་རྒྱུད་སྤྲོ་བའི་ཕྱིར་རོ། །བདེ་བ་ཆེན་པོ་འཛིན་པ་ཉིད་ཀྱིས་མཆོག་ཏུ་དགའ་བ་ཐོབ་པའི་ཕྱིར་མཆོག་ཏུ་དགའ་བའོ། །གཞི་བརྗིད་ཕྲེང་བ་ལྷན་སྐྱེས་ཀྱི་གཏུམ་མོའོ་འོད་ཀྱི་རྒྱུན་ནོ། །དེའི་བདག་ཉིད་དུ། དེ་དང་ལྡན་པས་གཟི་བརྗིད་ཕྲེང་ལྡན་ནོ། །བལྟ་ན་སྡུག་པ་ལྷན་སྐྱེས་ཀྱི་བདེ་བམ་ངོན་སུམ་དུ་བྱེད་པ་གང་གི་ཡིན་པ་དེ་དེ་བཞིན་ནོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཕྱིར་ཡེ་ཤེས་ཀྱི་རྒྱ་མཚོའི་ཞེས་པའི་དོན་ཏོ། །འོད་བཟང་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་འཕྲོ་བའི་བདག་ཉིད་གང་གི་ཡིན་བ་དེ་དེ་བཞིན་ནོ། །འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་ལ་སོགས་པའི་སྣང་བ་བྱེད་པའི་ཕྱིར་འབར་བའོ། །འགྲོ་བ་མཐའ་དག་སྐྱེད་པར་བྱེད་པ་གཞན་དང་ཐུན་མོང་མ་ཡིན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་བོན་བཀྲུན་པར་གྱུར་པ་དེ་བཞིན་གཤེགས་པའི་མཚན་ཉིད་དང་ལྡན་པའི་ཕྱིར་དཔལ་གྱི་བེའུའོ། །ལག་ན་འོད་བར་བ་འོད་ཀྱི་ཕུང་པོའི་གཟུགས་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའོ། །དེ་སྤྲོ་བའི་ཚུལ་གྱིས་སྣང་བ་པོ་སྟེ་ཁྲོ་བོ་དེས་གདུལ་བའི་སེམས་ཅན་ལ་སྣང་བ་པོ་གང་ཡིན་པ་དེའོ། །ཆགས་པ་དང་ཆགས་བྲལ་ལ་


DTG015_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པའི་ནང་ཐམས་ཅད་འཇོམས་པའི་ཕྱིར་སྨན་པ་ཆེའོ། །མཆོག་ནི་ཕྱིན་ཅི་མ་ལོག་པའི་གདམས་པའི་སྨན་སྟེར་བ་པོའོ། །བདག་ཉིད་ཀྱི་བདེ་བ་ཆེན་པོའི་རང་བཞིན་ལ་གཞན་རྣམས་སྦྱོར་བས་གཙོ་བོའོ། །རྣམ་པར་རྟོག་པའི་རླུང་ཟུག་རྡུ་ཐམས་ཅད་འཇོམས་པའི་ཕྱིར་ཟུག་རྡུ་འབྱིན་པའོ། །བརྗོད་དུ་མེད་པའི་བདེ་བའི་རང་བཞིན་གྱི་ཕྱིར་བླ་ན་མེད་དོ། །དཔག་བསམ་གྱི་ལྗོན་ཤིང་བཞིན་དུ་རྣམ་པར་རྟོག་པ་མེད་པའི་འགྲོ་བ་རྗེས་སུ་འཛིན་པ་འཕྲོ་བའི་ཕྱིར་སྨན་རྣམས་མ་ལུས་ལྗོན་པའི་ཤིང་ངོ༌། །ཉོན་མོངས་པ་མཐའ་དག་གི་གཉེན་པོའི་ཕྱོགས་རང་བཞིན་གྱིས་འོད་གསལ་བ་བདེ་བ་ཆེན་པོའི་རྣམ་པ་མངོན་སུམ་དུ་བྱེད་པ་པོ་ཉིད་ཀྱི་ཕྱིར་ནད་དོ་ཅོག་ཆགས་པ་དང་ཆགས་བྲལ་ལ་སོགས་པའི་མཚན་ཉིད་ཀྱི་དགྲ་ཆེ་བ་སྟེ་འཇོམས་བྱེད་དོ། །བདག་བྱིན་གྱིས་བརླབ་པའི་ངོ་བོའི་ཕྱིར་མཛེས་པ་སྡུ་གུའོ། །འཇིག་རྟེན་གསུམ་ལུས་ངག་སེམས་གཅིག་པ་ཉིད་དེ། དེའི་མཆོག་བདེ་བ་ཆེན་པོས་བརྒྱན་པ་ཉིད་ཀྱིས་ཐིག་ལེའི་ངོ་བོ་ཉིད་ཀྱི་ཕྱིར་འཇིག་རྟེན་གསུམ་གྱི་མཆོག་གོ །གཉིས་སུ་མེད་པའི་རང་བཞིན་དོན་དམ་པའི་དངོས་གྲུབ་ཀྱི་དཔལ་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །རང་གིས་རིག་པར་བྱ་བ་གསལ་བ་བདེ་བ་ཆེན་པོ་ཉིད་ཀྱི་ནམ་མཁར་རྒྱུ་སྐར་གྱི་དཀྱིལ་འཁོར་བཞིན་དུ་འཕོ་བའི་ཕྱིར་རྒྱུ་སྐར་དཀྱིལ་འཁོར་ཅན་ནོ། །ཡང་ན་གཙུག་ཏོར་དུ་བཞི་དང་དཔྲལ་བར་བཅུ་དྲུག་སྟེ། རྩ་ཉི་ཤུ་པོ་འདི་དག་ནི་བད་ཀན་གྱི་ཁམས་རབ་ཏུ་འཁྲུག་པ་པོའོ། །མགྲིན་པར་སུམ་ཅུ་རྩ་གཉིས་དང་སྙིང་གར་བརྒྱད་དེ་རྩ་བཞི་བཅུ་པོ་འདི་དག་མཁྲིས་པའི་ཁམས་འཁྲུག་པ་པོའོ། །ལྟེ་བར་རྩ་དྲུག་ཅུ་རྩ་བཞི་དང་གསང་བའི་པདྨའི་ཕྱི་རོལ་ཡོངས་སུ་བསྐོར་བ་བཅུ་དྲུག་སྟེ་རྩ་བརྒྱད་ཅུ་པོ་འདི་དག་རླུང་གི་ཁམས་འཁྲུག་པ་པོའོ། །འདི་ཉིད་ཀྱི་བར་གྱི་ཡོངས་སུ་འཁོར་བ་བཅུ་དང༌། དབུས་ཀྱི་དཀྱིལ་འཁོར་དུ་དྲུག་ནི་གྲངས་ཇི་ལྟ་བར་འདུས་པ་དང་འདུས་པ་རབ་ཏུ་འཁྲུག་པར་བྱེད་པ་དང་འཁོར་ལོ་དྲུག་འགོག་པའི་རང་བཞིན་ནོ། །འདི་ལྟར་རྩ་བརྒྱ་ལྔ་བཅུ་རྩ་དྲུག་པོ་རྣམས་བྱིས་པ་རྣམས་ལ་འཆི་བ་སྟེར་བ་པོ་ནི་རྣལ་འབྱོར་པ་རྣམས་ལ་བདེ་བ་སྟེར་བ་པོ་སྟེ། རིགས་དྲུག་གི་རྩ་དང་བཅས་པས་རྩ་བརྒྱ་དྲུག་ཅུ་


DTG015_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྩ་གཉིས་སོ། །རྩ་འདི་རྣམས་སུ་ཡང་རླུང་བཅུ་རྒྱུ་བས་ཕུང་པོ་དང་ཁམས་བཅུའི་རང་བཞིན་གྱི་རྩ་རེ་རེ་ཡང་རྣམ་པ་བཅུར་འགྱུར་རོ། །དེ་ལྟར་བཅུས་བསྒྱུར་པས་སྟོང་དྲུག་བརྒྱ་ཉི་ཤུར་འགྱུར་ཏེ་རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི་ཆུ་ཚོད་འཛིན་པའོ། །དེ་དག་འགགས་པའི་ཕྱིར་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན་ནོ། །ཕྱོགས་བཅུའི་ནམ་མཁར་འོད་གསལ་ཉིད་དེ་དེའི་མཐར་ཐུག་པ་གསལ་བའི་དངོས་པོ་སྟེ་དོན་དམ་པའི་ཐིག་ལེའི་ངོ་བོའོ། །དེ་ཉིད་ཚངས་པའི་གནས་སུ་སོན་པ་ཉིད་ཀྱིས་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་པ་གང་གི་ཡིན་པ་དེ་དེ་བཞིན་ནོ། །ཉོན་མོངས་པའི་གདུང་བ་མཐའ་དག་སེལ་བ་ཉིད་ཀྱིས་ལུས་དང་ངག་སེམས་གཅིག་ཏུ་འདྲེས་པའི་ངོ་བོ་འགྲོ་བ་ཉིད་གདུགས་ཏེ་རྒྱུན་ཆད་མེད་པའི་བདེ་བ་ཆེན་པོའི་རྒྱུན་གྱིས་གཏད་པའི་གཏུམ་མོའི་གསེར་གྱི་དབྱུག་པས་བཏེག་སྟེ་འཛིན་པ་ཉིད་ཀྱི་གཙུག་ཏོར་དུ་སོན་པ་བ་སྤུའི་ཁུང་བུའི་མཐར་ཐུག་པར་སོན་པ་ཉིད་ཀྱིས་ཡངས་པ་རྒྱ་ཆེ་བ་གང་གི་ཡིན་པ་དེ་དེ་བཞིན་ནོ། །འོད་ཀྱི་མཐུས་བྱམས་པ་དང་བྱང་ཆུབ་ཀྱི་སེམས་ཉིད་ཀྱིས་སྙིང་རྗེའོ། །དེ་གཉིས་ཀྱི་དཀྱིལ་འཁོར་སྙིང་པོ་ལེན་པ་དེ་ནི་དེ་བཞིན་ནོ། །བརྗོད་དུ་མེད་པའི་བདེ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱིར་པདྨ་གར་གྱི་བདག་པོ་རྡོ་རྗེ་པདྨ་བསྐྱོད་པའི་ཁྱབ་བདག་ཅེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དཔལ་ལྡན་ནོ། །དངོས་པོ་ཐམས་ཅད་ཀྱི་ངོ་བོའི་ཕྱིར་ཁྱབ་བདག་ཆེན་པོའོ། །གཏུམ་མོ་འབར་བའི་སྦྱོར་བས་རྡོ་རྗེ་རིན་པོ་ཆེ་ཆེན་པོའི་རྩེ་མོར་གནས་ནས་རྣམ་པར་རྟོག་པའི་གདུང་བ་མཐའ་དག་ཉེ་བར་འགོག་པའི་ཕྱིར་དང༌། ལུས་ཐམས་ཅད་བསིལ་བར་བྱེད་པའི་ཕྱིར་གདུགས་དང་འདྲ་བས་གདུགས་ཏེ་རིན་ཆེན་གདུགས་སོ། །སངས་རྒྱས་ཀུན་རྣམ་པར་སྣང་མཛད་ལ་སོགས་པའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཕྱིར་རོ། །སངས་རྒྱས་ཀུན་གྱི་བདག་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཁོ་ན་དངོས་པོ་མཆོག་གི་ངོ་བོ་དེ་འཛིན་པ་ནི་དེ་བཞིན་ནོ། །ཕུང་པོ་ལ་སོགས་པའི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གནས་པ་ཡིན་པའི་ཕྱིར་སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ་སྟེ་མཆོག་ཏུ་བདེ་བ་ཆེན་པོའི་རྣམ་པའི་ཏིང་ངེ་འཛིན་གྱི་ངོ་བོའོ། །ཕུང་


DTG015_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་དང་ཁམས་ལ་སོགས་པ་སངས་རྒྱས་ཀུན་གྱི་བསྟན་པ་བདེ་བ་ཉིད་དུ་རྫོགས་པར་བྱེད་པ་གཅིག་ཉིད་ཡིན་པ་དེ་དེ་བཞིན་ནོ། །རྡོ་རྗེ་རིན་ཆེན་དབང་བསྐུར་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བའོ། །དེ་ཉིད་དཔལ་ཏེ་བཅོམ་ལྡན་འདས་ནི་དེའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རིན་ཆེན་ཀུན་བདག་སངས་རྒྱས་ཀྱི་དབང་ཕྱུག་ཆེན་པོ་སྟེ་སྤྱི་བོར་འཆང་བའི་ཕྱིར་རོ། འཇིག་རྟེན་དབང་ཕྱུག་ཀུན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་གྱི་དབང་ཕྱུག་རྡོ་རྗེ་སེམས་དཔའོ། །དེ་ཉིད་བདག་པོ་སྟེ། དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ལུས་ལ་སོགས་པའི་ཐིག་ལེ་གསུམ་འཆང་བ་སྟེ་རྡོ་རྗེ་འཆང་བ་ཀུན་ནོ། །དེ་རྣམས་ཀྱི་རྗེ་བོ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཐིག་ལེ་བཞི་པའོ། །སངས་རྒྱས་ཀུན་གྱི་ཐུགས་ཀུན་ནས་མནར་སེམས་མེད་པ་ཉིད་ཀྱིས་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་དེ་བཞིན་ནོ། །སངས་རྒྱས་ཀུན་གྱི་ཐུགས་ལ་སེམས་མེད་པའི་སེམས་གནས་པ་ཐིམ་པ་དེའི་བདག་ཉིད་དུ་གང་གི་ཡིན་པ་དེ་དེ་བཞིན་དུ་བཤད་དོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་ཡེ་ཤེས་ཀྱི་སྐུའི་ཉིད་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པའི་ཕྱིར་སངས་རྒྱས་ཀུན་གྱི་སྐུ་ཆེ་བའོ། །སངས་རྒྱས་ཀུན་གྱི་སྐུ་དང་གསུང་དང་ཐུགས་ཀྱི་བདེ་བ་ཆེན་པོའི་བདུད་རྩི་རབ་ཏུ་འབབ་པར་ཐིམ་པའི་གཞི་བདེ་བ་ཆེན་པོའི་བདུད་རྩི་བསམ་གྱིས་མི་ཁྱབ་པའི་ཆུ་བོའི་ངོ་བོ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། རྟགས་བཟློག་པ་ནི་གཙུག་ལག་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་གསུང་གི་བདག་ཉིད་བསམ་གྱིས་མི་ཁྱབ་པའི་བདེ་བའི་ཆུ་བོ་གང་གི་ཡིན་པ་དེ་ཐམས་ཅད་དེ་བཞིན་དུ་འཐུང་བ་ཉིད་དོ། །རྡོ་རྗེ་ཉི་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྣང་བ་ཆེན་པོ་ཁམས་གསུམ་པོ་མཐའ་དག་སྣང་བ་ནོར་བུའི་ལྟེ་བའི་ནང་དུ་གནས་པའི་སེམས་ཀྱི་སྐད་ཅིག་གི་མཚན་ཉིད་གང་ཡིན་པ་དེ་ནི་རྡོ་རྗེ་ཉི་མ་སྣང་བ་ཆེའོ། །དེ་སྐད་དུ། རྡོ་རྗེ་ཉི་མའང་གང་ཞིག་སེམས། །ནོར་བུའི་ནང་དུ་སོན་པར་བལྟ། །ཡེ་ཤེས་དཀྱིལ་འཁོར་རྣམ་པ་ཡིས། །ཁམས་གསུམ་པོ་དག་སྣང་བ་ཉིད། །ཅེས་གསུངས་སོ། །མཐར་ལྷུན་གྱིས་གྲུབ་པས་གཉིས་སུ་མེད་པའི་སེམས་ཤེས་པའོ། །རྡོ་རྗེ་ཟླ་བ་ཡེ་ཤེས་ཀྱི་ཟླ་བ་བཟང་པོའོ། །དེ་དྲི་མ་མེད་པ་རྣམ་


DTG015_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་རྟོག་པ་མཐའ་དག་སྤངས་པའོ། །འོད་འཇིག་རྟེན་གསུམ་དུ་སྣང་བ་གང་གི་ཡིན་པ་དེ་དེ་བཞིན་ནོ། །རྐང་པ་གཉིས་ཀྱི་ཉི་མ་དང་ཟླ་བ་དང་སྒྲ་གཅན་དང་མེ་དང་རྡུལ་དང་ཁུ་བ་དང་སེམས་དང་ཡེ་ཤེས་གཅིག་པའི་སྦྱོར་བ་གསུམ་པོ་ཞེས་པའི་དོན་ཏོ། །ཆགས་བྲལ་འདོད་ཆགས་དང་བྲལ་བའི་མཚན་ཉིད་ཀྱི་སོགས་པ་ཆགས་པ་ཆེན་པོ་ལྷན་ཅིག་སྐྱེས་པའི་བདག་ཉིད་བཞི་པ་དེའི་བདག་ཉིད་དུ་གང་གི་ཡིན་པ་དེ་བཞིན་ནོ། །ཁ་དོག་སྣ་ཚོགས་པ་ཁ་དོག་དུ་མའི་འབར་བ་རྣམ་པར་རྟོག་པ་འཇིགས་པ་འཇོམས་པའི་འོད་གང་ཡིན་པ་དེ་ཁ་དོག་སྣ་ཚོགས་འབར་བའི་འོད་དོ། །འདི་ཡང་བླ་མའི་ཞལ་ནས་སོ། །དེ་སྐད་དུ་ཡང༌། སྐུ་མཐོང་ནས་ནི་ཉི་མ་རེ་རེའི་དུས་སུ་སྲོག་གི་རླུང་དག་དགག་པ་རབ་ཏུ་བྱ། །ཇི་སྲིད་ངེས་པར་འཁོར་བཞིན་རང་གི་ལུས་ལ་ཡོངས་འཁོར་འོད་ཟེར་འཁོར་ལོ་མཐོང་བར་འགྱུར། །ཟླ་བ་དྲུག་གིས་རེག་བྱ་དང་བྲལ་མཉམ་པའི་བདེ་བ་སྡོམ་བརྩོན་རྣམས་ཀྱི་ལམ་སེམས་འགྱུར། །ཆགས་དང་ཆགས་བྲལ་མཐའ་ཐོག་སོན་པའི་སྐད་ཅིག་ལ་ཡང་ཁྱབ་བདག་རླུང་གི་གྲངས་ནི་འཕེལ། །ཨོཊྚ་འབར་བའི་བར་དུ་ཁྱད་པར་དགའ་དང་ལྷན་སྐྱེས་དག་ནི་ཡེ་ཤེས་རྣམ་ཤེས་དབུས། །གཉིད་ལོག་གཉིད་ཡུར་མཚམས་སུ་རྡོ་རྗེ་པདྨ་དག་གི་གཉིས་གཉིས་སྦྱོར་བས་བདེ་བ་གང༌། །དེ་ནི་འཕེལ་བར་རབ་བྱ་བླ་མའི་ངེས་པའི་དབང་ལས་འདིར་ནི་འཕེལ་ལ་ངོ་མཚར་མེད། །ཉོན་མོངས་བདུད་རྣམས་བཅོམ་ནས་རྒྱལ་བའི་བདག་པོ་ལ་འཇུག་ལོ་ཡི་སྦྱོར་བས་རྣལ་འབྱོར་མཆོག །ཅེས་གསུངས་སོ། །དྲི་མ་མེད་པའི་འོད་ལས་ཀྱང༌། ཆགས་པ་བྱང་ཆུབ་ཀྱི་སེམས་ཀྱི་དཀར་པོའི་ཕྱོགས་ཆ་བཅོ་ལྔའོ། །ཆགས་བྲལ་ནག་པོའི་ཕྱོགས་ཀྱི་ཆ་བཅོ་ལྔའོ། །དེའི་དབུས་སུ་ལྷན་ཅིག་སྐྱེས་པའི་དགའ་བ་ཆ་བཅུ་དྲུག་པ་ཁམས་ཐམས་ཅད་ཀྱི་ཡང་དག་པར་སྡུད་པ་འདུས་པ་དང་སྔོམ་པའོ་ཞེས་སོ། །རྡོ་རྗེ་སྐྱིལ་ཀྲུང་གཡོན་དང་གཡས་པའི་བུ་གར་རྒྱུ་བ་ཆད་པས་རྫོགས་སངས་རྒྱས་རྡོ་རྗེའི་རྩེ་མོར་གནས་པ་གང་ཡིན་པ་དེ་དེ་བཞིན་ནོ། །སངས་རྒྱས་ཡང་དག་པར་བརྗོད་པ་ཁམས་གསུམ་དུ་ཁྱབ་པའི་གཞོམ་དུ་མེད་པའི་སྒྲའོ། །དེ་ཉིད་ཆོས་དེ་དེ་འཛིན་པའི་ཕྱིར་སངས་རྒྱས་ཡང་དག་


DTG015_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྗོད་པའི་ཆོས་འཛིན་ནོ། །ཡང་ན་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་འཛིན་པ་སྟེ། རྡོ་རྗེ་སྐྱིལ་ཀྲུང་ལས་སེམས་ནི། །ནོར་བུའི་ནང་དུ་སོན་པར་བལྟ། །ཞེས་གསུངས་པའི་ཕྱིར་རོ། །སངས་རྒྱས་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མས་མ་གོས་པའི་ཕྱིར་དང༌། བདེ་བ་ཆེན་པོའི་རྣམ་པའི་ཕྱིར། པདྨ་ཕྱག་རྒྱ་ཆེན་པོའོ། །དེ་ལས་སྐྱེས་པས་ན་སངས་རྒྱས་པདྨ་སྐྱེས་སོ། །དེ་ཉིད་ཀྱི་ཕྱིར་དཔལ་ལྡན་ནོ། །རྣམ་པ་ཐམས་ཅད་ཀྱི་བདག་ཉིད་རང་གིས་རིག་པར་བྱ་བའི་ཡེ་ཤེས་ནི་ཀུན་མཁྱེན་ཡེ་ཤེས་སོ། །དེ་ཉིད་མཛོད་དེ་ཆོས་ཐམས་ཅད་དེའི་ནང་དུ་ཆུད་པའི་ཕྱིར་རོ། །དེ་འཛིན་པས་ན་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པའོ། །ཡེ་ཤེས་ཀྱི་སྣང་བ་ཉིད་ཀྱིས་མཛེས་པས་ན་རྒྱལ་པོའོ། །བའི་རྣམ་པའི་སྟེང་དུ་རྡུལ་བའི་ཤད་ཚེག་དྲག་གི་ངོ་བོ་ཟླ་བ་ཕྱེད་པའི་སྟེང་གི་ཐིག་ལེའི་རང་བཞིན་བདེ་བ་བྱང་ཆུབ་ཀྱི་སེམས་གཞོམ་དུ་མེད་པའི་ངོ་བོ་ནཱ་ད་དང་ལྡན་བ་སྣ་ཚོགས་ཏེ་སྒྱུ་འཕྲུལ་འདོད་ཡོན་ལྔ་ཉེ་བར་ལོངས་སྤྱོད་པ་ལ་སོགས་པའི་ཚུལ་འཛིན་པ་ནི་དེ་བཞིན་ནོ། །སངས་རྒྱས་རིག་སྔགས་ཐིག་ལེ་བཞིའི་མཚན་ཉིད་འཛིན་པས་ན་སངས་རྒྱས་རིག་སྔགས་འཆང་བའོ། །དེ་ཉིད་ཀྱི་ཕྱིར་ཆེ་བའོ། །སྨིན་མཚམས་སུ་སོན་པའི་དྲི་མ་དང་བྲལ་བའི་ངོ་བོ་ཉིད་ཀྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རྡོ་རྗེ་རྣོན་པོའོ། །རྒྱུ་མཐུན་པའི་ངོ་བོ་ཉིད་ཀྱིས་རྣམ་པར་རྟོག་པ་གཅོད་པའི་ཕྱིར་རལ་གྲི་ཆེའོ། །རྣམ་པར་སྨིན་པའི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་རོ་གཅིག་པ་ཉིད་ཀྱི་ཕྱིར་ཡི་གེ་མཆོག་སྟེའོ། །སྐྱེས་བུ་བྱེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རྣམ་པར་དག་གོ །ཐེག་པ་ཆེན་པོའི་ལམ་གྱི་བདེན་པ་དེས་སྡུག་བསྔལ་གཅོད་པ་གང་གི་ཡིན་པ་དེ་དེ་བཞིན་ནོ། །རྡོ་རྗེ་ཆོས་ཡེ་ཤེས་ཀྱི་ཆོས་ཏེ་དེ་ཉིད་མཚོན་ཆ་ཆེན་པོ་གང་གི་ཡིན་པ་དེ་དེ་བཞིན་ནོ། །རྡོ་རྗེ་ཡང་དག་པའི་ཡེ་ཤེས་ཀྱི་ཟབ་མོ་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཤེས་རབ་ཀྱི་རང་བཞིན་གང་ཡིན་པ་དེ་དེ་བཞིན་ནོ། །ཛི་ན་མི་བསྐྱོད་པ་ལ་སོགས་པ་རྒྱལ་བའི་ཕྱིར་ཞེས་བྱ་བའི་ངེས་པའི་ཚིག་གི་ཛི་ན་ཛི་ཀ་སྟེ། དྲི་མ་དང་བྲལ་བ་སྣང་བ་མེད་པའི་སེམས་ཁོང་དུ་ཆུད་པའི་ངོ་བོ་ཞེས་པའི་དོན་ཏོ། །རྡོ་རྗེའི་


DTG015_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལམ་མི་འཛག་པ་ཉིད་ཀྱིས་རྡོ་རྗེ་བློ་གྲོས་སོ། འབྲས་བུའི་རང་བཞིན་གསལ་བར་གྱུར་པས་དོན་བཞིན་རིག་གོ །སྔར་ཡེ་ཤེས་ཀྱི་ཚོགས་བཤད་ནས། ད་ནི་བསོད་ནམས་ཀྱི་ཚོགས་བརྗོད་པར་བྱ་སྟེ། སྔར་བཤད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་རྫོགས་པར་བྱེད་པས་ཕ་རོལ་ཏུ་ཕྱིན་པ་ཀུན་རྫོགས་པའོ། །སྔར་བཤད་པའི་སའི་རྒྱན་གྱི་ཕྱིར། ས་རྣམས་ཀུན་གྱི་རྒྱན་དང་ལྡན་ནོ། །རྣམ་པར་དག་པའི་ཆོས་སོགས་རྟོགས་པའི་མཚན་ཉིད་ཀྱིས་བདག་མེད་ཆོས་སྣང་བ་མེད་པར་བྱེད་པ་ཆོས་ཉིད་ཀྱི་ངོ་བོ་རང་བཞིན་གྱིས་འོད་གསལ་བའོ། །དེས་ཡང་དག་པར་སྐྱེད་པ་ཡང་དག་ཡེ་ཤེས་ཟླ་བ་ལྷན་སྐྱེས་ཀྱི་དགའ་བའི་ཟླ་བ་དེ་ཡི་འོད་བཟང་བདེ་བ་ཆེན་པོའི་རྣམ་པ་གང་གི་ཡིན་པ་དེ་དེ་ལྟར་བཤད་དོ། །ཟླ་བ་དང་ཉི་མ་གཅིག་ཉིད་ཀྱིས་སྒྱུ་འཕྲུལ་དྲ་བ་འཇིག་རྟེན་གསུམ་བདེ་བ་ཆེན་པོར་གསལ་བའི་དངོས་པོར་ཡང་དག་པར་བརྩོན་པ་གང་ཡིན་པ་དེ་བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེའོ། །རྒྱུད་ཀུན་ནི་རྣལ་འབྱོར་གྱི་རྒྱུད་ལ་སོགས་པའི་རྒྱུད་ཆེན་པོ་རྣམས་སོ། །དེ་རྣམས་ཁོ་ནའི་བསྟན་བྱ་ཉིད་ཀྱི་ཕྱིར་རྒྱུད་ཀུན་གྱི་ནི་བདག་པོ་སྟེ་དེ་ཡང་མཆོག་གོ །སྲོག་དང་ཐུར་སེལ་ཉེ་བར་འགོག་པས་གཉིས་སུ་མེད་པར་གྱུར་པའི་ཏིང་ངེ་འཛིན་རྡོ་རྗེའི་རང་བཞིན་གྱི་གདན་མ་ལུས་པ་དང་ལྡན་པ་གང་གི་ཡིན་པ་འདི་རྡོ་རྗེའི་གདན་ནི་མ་ལུས་གདན་ནོ། །ལུས་པ་མེད་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་མཆོག་ཏུ་གཉིས་སུ་མེད་པར་གྱུར་པ་འཆང་བ་ནི་ཡེ་ཤེས་སྐུ་ནི་མ་ལུས་འཆང་ངོ༌། །དུ་བ་ལ་སོགས་པའི་རྟགས་གསལ་བའི་དངོས་པོས་ཀུན་དུ་བཟང་པོ་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་གང་ཡིན་པ་དེ་དེ་བཞིན་ནོ། །རྣམ་པར་རྟོག་པ་ཐམས་ཅད་མེད་པས་རྫོགས་པའི་བྱང་ཆུབ་ཐོབ་པ་ཉིད་ཀྱི་སྟོང་བ་ཉིད་ཀྱི་རྣམ་པའི་བྲོ་གྲོས་བཟང་པོ་གང་གི་ཡིན་པ་དེ་དེ་བཞིན་ནོ། །སའི་སྒྲས་འབྱུང་བ་ལྔ་ཉེ་བར་མཚོན་པའི་ཕྱིར་སའི་སྙིང་པོ་རྒྱུ་སྟེ། སའི་སྙིང་པོ་ལྷན་ཅིག་པའི་དགའ་བའི་ཐིག་ལེའོ། །དེ་ཉིད་ཀྱི་ཕྱིར་འགྲོ་བ་འཛིན་ཏེ། འགྲོ་བ་མཐའ་དག་གི་གཞིའོ། །སངས་རྒྱས་ཀུན་གྱི་སྟེ་དུས་གསུམ་དུ་བཞུགས་པའི་སྦྱོར་བ་ཡན་ལག་དྲུག་སྒོམ་པ་པོ་རྣམས་ཀྱི་སྐྱེ་བའི་རྒྱུ་ཡི་ཕྱིར་སངས་རྒྱས་ཀུན་གྱི་སྙིང་པོ་


DTG015_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེ་སྟེ། ལྷན་ཅིག་སྐྱེས་པའི་བྱང་སེམས་རྡོ་རྗེའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་སྤྲོ་བ་སྤྲུལ་པ་སྟེ། དེ་ཉིད་འཁོར་ལོ་སྣ་ཚོགས་པའི་དཀྱིལ་འཁོར་རོ། །དེ་འཛིན་པ་སྦྲུལ་པའི་འཁོར་ལོ་འཆང་སྟེ། ཁུ་བ་དང་རྡུལ་གཉིས་གཅིག་ཏུ་འདྲེས་པར་གྱུར་པ་ཕྱི་དང་ནང་གི་བདག་ཉིད་ཀྱི་ལུས་དང་ངག་དང་སེམས་འཆང་བ་ཞེས་པའི་དོན་ཏོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་དག་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུའོ། །དེ་ཡང་འདི་ཡིན་ལ་མཆོག་ཀྱང་ཡིན་པས། དངོས་པོ་ཀུན་གྱི་རང་བཞིན་མཆོག་གོ །ཆོས་དང་ལོངས་སྤྱོད་རྫོགས་པ་གཉིས་སུ་མེད་པར་གྱུར་པ་སྤྲུལ་པའི་མཚན་ཉིད་ཀྱི་དངོས་པོ་ཀུན་གྱི་རང་བཞིན་བདག་མེད་པ་འཛིན་པས་ན་དངོས་པོ་ཀུན་གྱི་རང་བཞིན་འཛིན་ཏོ། །སྐྱེ་མེད་རང་བཞིན་མེད་པ་དེ་ཁོ་ན་ཉིད་ཀྱི་ཆོས་གང་ཡིན་པ་དེ་དེ་བཞིན་ནོ། །སྣ་ཚོགས་ཀྱི་དོན་བསྒྲུབ་བྱ་མངོན་པར་འདོད་པར་བྱའོ། །ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པའི་ཆོས་ཀུན་གྱི་ངོ་བོ་ཉིད་ཡང་དག་བ་ཇི་ལྟ་བ་ཤེས་པ་འཆང་བས་ན་ཆོས་ཀུན་ངོ་བོ་ཉིད་འཆང་བའོ། །ཤེས་རབ་ཆེན་པོ་རླུང་ཉི་ཁྲི་ཚིག་སྟོང་དྲུག་བརྒྱ་བདེ་བ་ཆེན་པོ་གཅིག་ཏུ་ཐིམ་པའི་བློ་དང་ལྡན་ཞེས་པའི་དོན་ཏོ། སྐད་ཅིག་བཞི་པ་འདས་པའི་དགའ་བ་བཞི་གཅིག་ཏུ་གྱུར་པའི་སྐུ་ལྷན་ཅིག་སྐྱེས་པ་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་གཅིག་གཉིས་སུ་མེད་པ་དེ་ལའོ། །འདིས་ཀྱང་བཅོམ་ལྡན་འདས་དཔལ་འཇམ་དཔལ་དགའ་བ་བཞི་པའོ། དེ་སྐད་དུ། རྡོ་རྗེའི་ས་བོན་འབབ་པས་བཀྲུས་དག་པ། །ཆུ་སྦྱིན་འབྱུང་བའི་མྱུ་གུར་གྱུར་པ་རྒྱས། རབ་གསལ་བཞི་པ་མཁས་པ་ལ་ཡང་ཟབ། །བཞི་པ་ལོ་ཏོག་ཡོངས་སུ་སྨིན་པར་འགྱུར། །ཞེས་གསུངས་སོ། །ཆོས་ཀུན་ཏེ་དབུགས་ཀུན་ཁོང་དུ་ཆུད་པ་བདེ་བ་གཅིག་ཏུ་ཐིམ་པ་ཁོང་དུ་ཆུད་པར་འཆང་བས་ན་ཆོས་ཀུན་ཁོང་དུ་ཆུད་པ་འཆང་ངོ༌། །ཆོས་ཀུན་རྡུལ་མུན་པ་སྙིང་སྟོབས་རྣམས་མངོན་པར་རྟོགས་པར་མངོན་སུམ་དུ་བྱ་བ་སྟེ། ལྷན་སྐྱེས་ཟླ་བ་ལས་བྱུང་བ་ཉིད་ཀྱིས་གང་གི་ཡིན་པ་དེ་དེ་བཞིན་ནོ། །ཡང་དག་པར་བདེན་པ་བདེ་བཞིན་ཉིད་དོ། །དེའི་མཐའ་རབ་ཏུ་གྱུར་པའི་འབྲས་བུའི་གནས་སྐབས་སོ། །དེའི་ཐུབ་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པས་ཡང་དག་


DTG015_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐའི་ཐུབ་པའོ། །བློ་མཆོག་རྡོ་རྗེའི་རྩེ་མོར་བདེ་བ་ཁོང་དུ་ཆུད་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་བདེ་བས་ཚིམ་པར་བྱེད་བཞིན་པ་ཉིད་ཀྱི་ཕྱིར་མི་གཡོ་བའོ། །ཏིང་ངེ་འཛིན་གསལ་བའི་དངོས་པོས་མི་གཡོ་བའི་ཕྱིར་རབ་ཏུ་དང་བའི་བདག་ཉིད་རང་བཞིན་གང་གི་ཡིན་པ་དེ་དེ་བཞིན་ནོ། །རྡོ་རྗེ་ནོར་བུའི་ནང་དུ་སོན་པའི་སེམས་རྫོགས་པའི་སངས་རྒྱས་སོ། །དེའི་བྱང་ཆུབ་བདེ་བའི་ཡེ་ཤེས་སོ། །དེ་འཆང་བ་ནི་དེ་བཞིན་ནོ། །རང་གིས་རིག་པར་བྱ་བ་ལྷན་སྐྱེས་ཀྱི་ཡེ་ཤེས་སྡུ་གུ་མཆོག་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཀུན་གྱི་མངོན་སུམ་པའོ། །ཡེ་ཤེས་མེ་ལྕེ་རང་བཞིན་གྱིས་འོད་གསལ་བའི་དམིགས་སུ་མེད་པའི་ཡེ་ཤེས་ཀྱི་འོད་རབ་ཏུ་གསལ་བ་མཐའ་ཡས་མུ་མེད་པའི་སངས་རྒྱས་ཀྱི་ཞིང་རབ་ཏུ་གསལ་བར་བྱེད་པ་པོའོ། །འདི་ནི་གཙུག་ཏོར་ལ་སོགས་པ་ནས་ནོར་བུའི་རྩེ་མོའི་བར་གྱི་གནས་བདུན་དུ་སྒྲིབ་པ་མེད་པར་བྱས་པའི་ཕུང་པོ་དང༌། ཁམས་དང༌། དབང་པོ་དང༌། ཡུལ་དང༌། ལས་ཀྱི་དབང་པོ་དང༌། ལས་ཀྱི་དབང་པོའི་བྱ་བ་སྟེ་དྲུག་པོའི་རྣམ་པར་དག་པས་ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་ཀྱིས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བཤད་པའོ། །

དགུ་པ། ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བཤད་པ་གསུངས་པ།


DTG010_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་འདོད་པའི་དོན་སྒྲུབ་ཅེས་པ་ལ་སོགས་པས་སྒྲིབ་པ་མེད་པའི་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་གསུངས་ཏ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་པོ་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་ཀྱི་གཟུགས་ཀྱི་ཕྱིར་འདོད་པ་ཡང་འདི་ཡིན་ལ། དོན་ཡང་ཡིན་པས་འདོད་པའི་དོན་ཏོ། །དེའི་སྒྲུབ་བྱེད་རྫོགས་པར་བྱེད་པའོ། །རྡོ་རྗེ་དང་པདྨའི་ནང་དུ་ཆུད་པའི་ཐིག་ལེ་གསུམ་ལས་འདས་པའི་ཕྱིར་དམ་པ་སྟེའོ། །འཁོར་བའི་བག་ཆགས་ངན་སོང་ཐམས་ཅད་ཀྱི་རྣམ་སྦྱོང་བ་བདེ་བ་ཆེན་པོ་གཅིག་ཏུ་བྱེད་པའོ། །ལུས་དང་ངག་དང་སེམས་སེམས་ཅན་ཀུན་གྱི་མཆོག་ཡེ་ཤེས་ཀྱི་སྐུའོ། །དེ་ཉིད་ཀྱི་ཕྱིར་མགོན་མེད་པ་རྣམས་ཀྱི་མགོན་ནོ། །ཕྱག་རྒྱ་ཆེན་པོའི་པདྨ་རྒྱས་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་རབ་གྲོལ་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཉོན་མོངས་པ་རྣམས་ཡང་དག་པའི་ཡེ་ཤེས་ཀྱི་མཚོན་གྱིས་གཅོད་པའི་ཕྱིར་ཉོན་མོངས་གཡུལ་དུ་གཅིག་གཉིས་སུ་མེད་པའི་དཔའ་


DTG015_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བོའོ། །སྒྲ་གཞན་དུ་བཀོད་པ་ནི་གཙུག་ལག་ཡིན་པའི་ཕྱིར་རོ། །མི་ཤེས་པ་མ་རིག་པ་དེ་ཉིད་དགྲ་སྟེ། འཕོ་བའི་སྡུག་བསྔལ་སྟེར་བའི་ཕྱིར་རོ། །དེའི་དྲེགས་པ་ཕྱི་རོལ་དུ་རྣམ་པར་འཕོས་པའོ། །དེ་སྣང་བ་མེད་པར་བྱེད་པའི་ཕྱིར་མི་ཤེས་དགྲའི་དྲེགས་པ་འཇོམས་སོ། །སེམས་ཙམ་ཡང་སྤངས་པས་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་བློ་ལྡན་ནོ། །ཆོས་ཉིད་ཀྱི་བརྡས་སྒེག་བ་ལྷན་སྐྱེས་ཀྱི་དགའ་བའི་ཁུ་བའོ། །དེ་འཆད་བའི་ཕྱིར་དེ་བཞིན་ནོ། །གཙུག་ནས་འབབ་པའི་བྱང་ཆུབ་སེམས་ཀྱི་རྒྱུན་གྱིས་ལུས་ཐམས་ཅད་གཟི་མདངས་ཅན་དུ་བྱས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་དཔལ་ལྡན་ནོ། །ཐབས་ནི་སྙིང་རྗེའི་ཡན་ལག་གི་ཕྱིར་དཔའ་བོའི་ཉམས་ཉིད་དེ། ཤེས་རབ་ནི་སྟོང་པ་ཉིད་ཀྱི་ཡན་ལག་ཉིད་ཀྱི་སྡུག་པའི་ཉམས་ཉིད་དོ། །དེ་དག་གཉིས་སུ་མེད་པའི་ངོ་བོ་བདེ་བ་ཆེན་པོ་ནི་དཔའ་བོ་མི་སྡུག་གཟུགས་ཏེ་དེ་འཛིན་པ་ནི་དེ་དེ་བཞིན་ནོ། །ལག་པ་སྲོག་དང་ཐུར་སེལ་གྱི་རླུང་གི་རྒྱུད་གཉིས་སོ། །དེ་གཡོན་དང་གཡས་ཀྱི་སྣ་བུག་གི་དཀྱིལ་འཁོར་བཅུ་འཕོ་བའི་དབྱེ་བས་མཐའ་ཡས་པའི་ཕྱིར་རྒྱའོ། །དེ་བསྐྱོད་པ་བཅུག་པ་སྟེ་དབུ་མར་བཅུག་པས་བུམ་པ་ཅན་གྱི་གནས་སྐབས་ཀྱི་རླུང་གི་ཚོགས་སོ། །དེའི་གོམ་པས་བདེ་བ་ཆེན་པོའི་གོ་འཕང་སྟེ། སྟོབས་ཐིམ་པར་བྱེད་པའོ། །དེས་སམ་དེ་རུ་གར་བྱེད་པ་བདེ་བ་ཁ་བྱེ་བ་གང་གི་ཡིན་པ་དེ་དེ་བཞིན་ནོ། །མཆོག་ཏུ་མི་འགྱུར་པར་བསྒྱུར་པའི་རླུང་གི་ཚོགས་ཉིད་ཀྱི་དཔལ་ལྡན་ཏེ། རྒྱ་གཉིས་སུ་མེད་པའི་ཡེ་ཤེས་འཕོ་བ་མཐའ་མེད་པའོ། །དེ་ཟ་བར་བྱེད་པའི་དཔལ་ལྡན་ལག་པ་བརྒྱ་ཡེ་ཤེས་ཀྱི་སྐུའོ། །དེ་གང་བརྒྱ་ཆེ་བ་ཡོངས་སུ་རྒྱས་པ་འདིའི་ཡིན་པ་དེ་དེ་བཞིན་ནོ། །དངོས་པོ་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཆུད་པའི་ཕྱིར་ནམ་མཁའ་ཁྱབ་པར་ཏེ། ཁྱབ་པ་ཉིད་དེར་བདེ་བ་ཆེན་པོས་གར་བྱེད་པ་རབ་ཏུ་གནས་པ་གང་ཡིན་པ་དེ་དེ་བཞིན་དུ་བཤད་དོ། །སའི་དཀྱིལ་འཁོར་བཞིའི་ཁྱོན་ལྟེ་བའི་འོག་རྡོ་རྗེ་ནོར་བུའི་རྩེ་མོར་གནས་པ་རྡུལ་དང་བྱང་སེམས་གང་གི་ཡིན་པ་དེ་དེ་བཞིན་ནོ། །ཡི་གེ་ལ་ཕྱིས་ཏེ་བསྟན་པ་ནི་


DTG015_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཙུག་ལག་ཡིན་པའི་ཕྱིར་རོ། །ཡང་ནས་ནི་སྟོང་པ་ཉིད་དེ་ཁུ་བ་ས་བོན་འཛིན་པའི་ཕྱིར་དེའི་དཀྱིལ་འཁོར་སྙིང་པོ་ཞེས་སྦྱར་བར་བྱའོ། །རྐང་བ་ཡ་གཅིག་མཐིལ་གཉིས་སུ་མེད་པ་རབ་ཏུ་གནས་པའི་གཟུགས་ཀྱིས་མནན་ཏེ་བརྟན་པར་བྱས་པས་རྟོགས་པར་བྱས་པའོ། །རྐང་མཐེབ་སེན་མོ་བཟློག་པའི་རིམ་པས་གཙུག་ཏོར་དུ་སོན་པ་རྡོ་རྗེ་དང་འབྲེལ་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་གཉིས་སུ་མེད་པའི་སྦྱོར་བས་གནས་པ་ཁྱོན་ནོ། །ཚངས་པའི་ཡུལ་སའི་རྩེ་ཚངས་པའི་བུ་གའོ། །དེ་གནོན་པ་གང་ཡིན་པ་འདིའོ། །དེ་སྐད་དུ་ཡང༌། ཞབས་གཅིག་རྡོ་རྗེ་ནོར་བུའི་རྡུལ་ནི་ཉི་མ་སྟེ། །སྤྱི་གཙུག་ཁུ་བ་རི་བོང་ཅན་ནི་གཉིས་པའོ། །བཀོད་པ་རྟག་ཏུ་མི་ཕྱེད་དབྱེར་མེད་འདོད་བདག་པོ། །འཇིག་རྟེན་གསུམ་གྱིས་མཆོད་ལ་མགོ་བོས་ཕྱག་འཚལ་ལོ། །ཞེས་གསུངས་སོ། །བདག་པོ་བྱང་ཆུབ་ཀྱི་སེམས་རྡོ་ཇེ་དཔལ་དུས་ཀྱི་འཁོར་ལོའི་ངོ་བོའི་ཞབས་བགྲོད་པར་བྱ་བ་དང་རྟོགས་པར་བྱ་བས་ན་མི་འགྱུར་པའི་ཡེ་ཤེས་སོ། །དེ་བཀོད་པ་མ་རིག་པ་དགག་པའི་ཕྱིར་རྡོ་རྗེ་ནོར་བུར་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ས་རྡུལ་ཉི་མ་སའི་དཀྱིལ་འཁོར་བཞིའི་ཁྱོན་ཡེ་ཤེས་ཀྱི་ཁམས་སུ་གང་བསྐྲུན་པའི་གཡས་རྐང་པ་ཡ་གཅིག་མཐིལ་གྱིས་གནོན་ནོ། །གཙུག་ཏོར་ལས་བྱུང་བའི་བདེ་བ་འདས་པའི་ཁུ་བ་ཟླ་བ་རྐང་མཐེབ་སེན་མོ་སྔར་འདོད་པའི་ཆ་འཆར་བའི་བདག་ཉིད་རྣམ་པར་ཤེས་པའི་ཁམས་སུ་གཉིས་པ་གང་གཡོན་པ་ནི་ཚངས་པའི་ཡུལ་ས་རྩེ་ནས་གནོན་ནོ། །རྟག་ཏུ་དུས་གསུམ་དུ་ཉོན་མོངས་པའི་སྒྲིབ་པ་ལས་འདས་པའི་ཕྱིར། མ་རིག་པ་མི་ཤེས་པའི་གྲི་གུག་གིས་མི་ཆོད་པའོ། །རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར། གཟུང་བ་དང་འཛིན་པའི་རྩེ་མོས་དབྱེར་མེད་པའོ། །བདེ་བ་ཆེན་པོའི་ངོ་བོའི་ཕྱིར་འདོད་པའོ། །བྱ་བ་བྱས་པས་སྐམ་ས་ནོར་བུར་གནས་པའོ། །འཇིག་རྟེན་གྱི་སྤྱོད་པ་ལས་འདས་པའི་ཕྱིར། འཇིག་རྟེན་གསུམ་གྱི་མཆོད་པ་འཁོར་བའི་ཕ་རོལ་མཐར་གཙུག་ཏོར་དུ་གནས་པའོ། །དཔལ་དང་པོའི་སངས་རྒྱས་ལས་ཀྱང༌། སྲོག་དང་རྩོལ་བའི་མེ་ཡིས་རི་བོང་ཅན་ཡང་ཞུ་བའི་བཏུང་བ་ཆང་གི་བཏུང་བའོ། །གཙུག་ཏོར་དག་ཏུ་མཐེ་བོའི་ཚིགས་ནས་འགྲོ་སྟེ་ཚེས་ཀྱི་དབང་


DTG015_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གིས་ཉའི་མཐའ་ནི་རང་གི་སེམས། །གཙུག་ཏོར་ནས་ནི་མཐེ་བོང་རྣམས་སུ་སླར་ཡང་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་མཐར་ཐུག་བར། །རྣལ་འབྱོར་མ་ཡི་སྤྱོད་པ་དེ་ནི་ཉིན་ཞག་སོ་སོར་དུས་སུ་འདོད་པའི་དངོས་གྲུབ་སྟེར། །ཞེས་གསུངས་སོ། །དོན་དམ་པའི་ངོ་བོ་ཉིད་ཀྱི་དབྱེ་བ་མེད་པའི་ཕྱིར་དོན་གཅིག་གོ །ཟླ་བ་དང་ཉི་མ་དག་དབུ་མར་ཞུགས་པ་ལ་ཆོས་གཉིས་མེད་པའི་ཕྱིར་གཉིས་མེད་ཆོས་ཀྱི་ཡེ་ཤེས་ཀྱི་ཟླ་བ་རབ་ཏུ་རྒྱས་པའི་དོན་ཏོ། །དོགས་པ་ཐམས་ཅད་བཅོམ་པའི་ཕྱིར་དམ་པའི་དོན་ཏོ། །ནམ་མཁའ་དང་མཉམ་པའི་བསམ་གཏན་གྱི་ཐིག་ལེའི་ངོ་བོ་ཉིད་ཀྱི་ཕྱིར་འཇིགས་པ་མེད་དོ། །ནམ་མཁའ་བཞིན་དུ་ཆོས་ཉིད་ཀྱི་ངོ་བོས་ཀུན་གཞི་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་པའི་ངོ་བོ་དཔེ་མེད་པའི་ཆོས་ཀྱི་དོན་བཅོམ་ལྡན་འདས་མཐོང་བར་འགྱུར་པ་ནི་རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་ནོ། །རྣམ་པར་རྟོག་པའི་མུན་པ་ཐམས་ཅད་སངས་པ་ཉིད་ཀྱིས་སེམས་མེད་པའི་སེམས་སྙིང་རྗེའི་རྒྱུད་ཀྱི་ངོ་བོ་ཉིད་ཀྱི་སེམས་དང་རྣམ་ཤེས་རྒྱུད་དང་ལྡན་ནོ། །དངོས་པོ་མ་ལུས་པ་ཁོ་ན་གསལ་བར་གྱུར་པའི་ལྷན་སྐྱེས་ཉིད་ཀྱི་དོན་ཏེ། དེ་ལས་དགའ་བ་དཔེ་མེད་པའི་དགའ་བ་འདིའོ། །དེ་སྐད་དུ། ཁོ་བོ་ཡུལ་ནི་འདི་དེ་ཡིད་ཀྱི་འཇུག་པ་ལྔ་ཡི་སྐད་ཅིག་འདི་ཉིད་དང༌། །ཞེན་པ་དང་ལྡན་དབང་པོའི་སྟོབས་ནི་ཉོན་མོངས་རྒྱས་པའི་ས་བོན་འདི་ཉིད་ནི། །བླ་མ་དམ་པའི་ཞབས་རྡུལ་གང་ཞིག་རེག་པའི་དབང་གིས་རང་ཉིད་འདི་དག་ནི། །བདག་ལ་སྙིང་པོ་ཉིད་ནི་དེ་ཉིད་བདུད་རྩི་ཉིན་བཞིན་འབབ་འགྱུར་ཕྱག་བྱར་འོས། །ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ཁོང་དུ་ཆུད་པས་སྟོང་པ་ཉིད་དགའོ། །མཐའ་གཉིས་སུ་མ་ལྟུང་བའི་ཕྱིར་བློ་མཆོག་གོ །ཆགས་པ་དང་ཆགས་བྲལ་དང༌། དབུ་མའི་ཆགས་པ་དང་རང་བཞིན་གྱིས་བྲལ་བའི་ཕྱིར་སྲིད་པའི་འདོད་ཆགས་ལ་སོགས་སྤངས་པའོ། །སྲིད་གསུམ་ལུས་ངག་སེམས་གཅིག་ཏུ་འདྲེས་པའི་དངོས་པོའི་བདེ་བ་ཆེན་པོ་ཐ་མལ་པའི་དགའ་བའི་བདག་ཉིད་མ་ཡིན་པའི་དགའ་བ་ཆེན་པོ་འདིའི་ཡིན་པ་དེ་དེ་བཞིན་ནོ། །སྟོན་ཀའི་ཟླ་བ་ལྟར་དཀར་བའི་ཕྱིར་དང༌། དག་པ་ཁམས་ཐམས་ཅད་ཀྱི་ཁུ་བའི་ཕྱིར་སྤྲིན་དཀར་དག་པ་བཞིན་དུ་


DTG015_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀར་བའོ། །རྡོ་རྗེ་སེམས་དཔའི་རང་བཞིན་ཉིད་ཀྱིས་མ་རིག་པའི་དྲི་མ་དང་བྲལ་བའི་ཕྱིར་དག་པའོ། །བག་ཆགས་ཙམ་ཡང་མེད་པའི་ཕྱིར་སྟོན་ཀའི་ཟླ་བའི་འོད་ལྟ་བུའི་འོད་བཟང་བོ་གང་གི་ཡིན་པ་དེ་དེ་བཞིན་ནོ། །ཆགས་པ་ཆེན་པོ་རྡོ་རྗེས་སུ་ཆགས་པ་ལས། སྲོག་དང་ཐུར་སེལ་གཉིས་ཁ་སྦྱོར་གྱི་དབང་གིས་དེའི་བདག་ཉིད་ཀྱི་སེམས་ཉི་མ་འཆར་ཀ་ལྟ་བུར་སྣང་བས་ན། ཉི་མ་འཆར་ཀའི་དཀྱིལ་འཁོར་གྱི་མཛེས་པ་ཡིད་དུ་འོང་བ་གང་གི་ཡིན་པའམ། ལྷན་ཅིག་སྐྱེས་པའི་གཏུམ་མོའི་འོད་ཟེར་གྱིས་ཀུན་ནས་འཁྱུད་པའི་ཕྱིར་རོ། །བདེ་བ་ཆེན་པོས་རྐང་པའི་མཐེ་བོང་གི་སེན་མོའི་བར་དུ་ཁྱབ་པའི་ཕྱིར་སེན་མོའི་བར་དུ་ཤས་ཆེར་དམར་བའི་འོད་ཀྱི་སྣང་བ་བདེ་བས་ཁྱབ་པ་བྱང་སེམས་རྒྱལ་པོ་འདིའི་ཡིན་པ་དེ་དེ་བཞིན་ནོ། །ཤིན་ཏུ་རྣམ་པར་དག་པ་ལྷན་སྐྱེས་ཀྱི་མཐོན་ཀ་འཕོ་བའི་ཕྱིར་མཐོན་ཀ་བྱང་ཆུབ་ཀྱི་སེམས་སོ། །དེའི་རྩེ་མོ་བདེ་བ་ཆེན་པོའོ། །དེའི་ཅོད་པན་བཟང་པོ་མཆོག་ལྟ་བུའི་འོད་འདིའི་ཡིན་པ་དེ་དེ་བཞིན་ནོ། །འཁྱོག་པའི་རང་བཞིན་སྒྲིབ་པ་མེད་པར་བྱས་པ་ཉིད་ཀྱིས་སྐྲ་མཆོག་མཐོན་ཀ་ཆེན་པོ་ཅན་གཉིས་སུ་མེད་པའི་སེམས་རྡོ་རྗེ་འཆང་གིས་ལུས་ཐམས་ཅད་ཡོངས་སུ་གང་བ་སྙིང་གའི་རླུང་ལས་བྱུང་བས་མཐོན་ཀའི་ཕྱིར་གཙུག་ཏོར་དུ་འཆང་བ་ནི་དེ་བཞིན་ནོ། །ནམ་མཁའ་ཇི་སྲིད་པར་བདེ་བ་ཆེན་པོ་ཆོས་ལ་དམིགས་པ་བྱེད་དོ་ཞེས་པའི་དོན་ཏོ། །སའི་དཀྱིལ་འཁོར་ལས་བྱུང་བའི་ཕྱིར་ཆེར་དམར་བ་ཉིད་ཀྱང་སེར་བའི་ཕྱིར་ནོར་བུ་ཆེན་པོ་བཞིན་ནམ་སླར་བཟློག་སྟེ། ནོར་བུ་ཆེན་པོ་ལས་བྱུང་བའི་བདེ་བ་ཆེན་པོ་འོད་ཆགས་དཔལ་འདིའི་ཡིན་པ་དེ་དེ་བཞིན་ནོ། །དེ་ལྟར་ཡང༌། བདེ་བ་སེར་པོ་བདེ་བ་དམར། །བདེ་བ་ནག་པོ་བདེ་བ་དཀར། །བདེ་བ་ལྗང་གུ་བདེ་བ་ཀུན། །བདེ་བའི་རྣམ་པ་འགྲོ་བ་ཆེ། །ཞེས་གསུངས་སོ། །དེས་ནི་འཇིག་རྟེན་གསུམ་པོ་བདེ་བ་ཆེན་པོ་བཅོམ་ལྡན་འདས་ཀྱི་ངོ་བོ་ཞེས་གསུངས་སོ། །སངས་རྒྱས་སྤྲུལ་པ་ཆོས་ཐམས་ཅད་བདེ་བའི་རང་བཞིན་སངས་རྒྱས་ཀྱི་ངོ་བོ་ཉིད་སྤྲོ་བ་རྒྱན་ཆ་གང་གི་ཡིན་པ་དེ་དེ་བཞིན་ནོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་འཕོ་བས་འཇིག་རྟེན་ཁམས་བརྒྱ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ལ་རྗེས་


DTG015_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་བརྩེ་བའི་ངང་ཚུལ་འདིའི་ཡིན་པ་དེ་དེ་བཞིན་ནོ། །ནུའི་སྒྲ་མ་སྦྱར་བ་ནི་གཙུག་ལག་ཡིན་པའི་ཕྱིར་རོ། །ཆགས་པ་དང་ཆགས་བྲལ་འགོག་པས་སྐུ་གསུང་ཐུགས་ཡེ་ཤེས་འཕྲོ་བས་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན་ནོ། །དངོས་པོ་དང༌། དངོས་མེད་གཅིག་གི་ངོ་བོའི་དེ་ཁོ་ན་ཉིད་དང་ལྡན་པས་དེ་ཉིད་དེ་རྟག་ཏུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་ཐིམ་པ་ནི་དྲན་པ་ཆེན་པོའོ། །དེ་འཛིན་པའི་ཕྱིར་དྲན་པ་ཆེན་པོ་འཆང་ངོ༌། །དགོད་པ་དང༌། ལྟ་བ་དང༌། ལག་པ་བཅངས་པ་དང༌། གཉིས་གཉིས་འཁྱུད་པའི་ཏིང་ངེ་འཛིན་བཞིས་མཛེས་པའི་ཕྱིར། དྲན་པ་བཞི་པོ་ཏིང་ངེ་འཛིན་རྒྱལ་ལོ། །རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་དྲུག་པོ་རྣམས་བདེ་བ་ཆེན་པོ་དང་ལྷན་ཅིག་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱི་ལན་བདུན་གྱི་ངོ་བོའི་ཕྱིར་བཟའ་བ་དང་བཏུང་བ་ལ་སོགས་པའི་རོ་དྲུག་ཟོས་པ་དང༌། འཐུངས་པ་ལ་སོགས་པ་སྨིན་པ་ལས་རྒྱལ་བ་དང༌། འབབ་པ་ལ་སོགས་པས་སམ། བཅུད་དང༌། ཁྲག་དང༌། ཤ་དང༌། པགས་པ་དང༌། རྩ་དང༌། རུས་པ་དང༌། རྐང་མར་གྱི་ངོ་བོ་ཉིད་ཀྱིས་བདུན་དུ་བསྒྱུར་པའི་ངོ་བོ་ཉིད་ཀྱི་ཕྱིར་ཐིག་ལེ་བདུན་བྱང་ཆུབ་ཡན་ལག་མེ་ཏོག་ཅེས་བྱ་བའི་སྦོས་བདེ་བ་ཆེན་པོ་རྒྱས་པ་གང་གི་ཡིན་པ་དེ་དེ་བཞིན་ནོ། །ལན་བདུན་པ་ཡང་བཟའ་བར་བྱ། མི་འཛག་པར་བྱ་ཞེས་པའི་དོན་ནི་འདི་ཉིད་དོ། །དེ་སྐད་དུ། ཕུང་པོ་ཁམས་སོགས་ཅན་བསྲེགས་པ། །དཀྱིལ་འཁོར་ལྔ་ནི་རྒྱུ་བ་དང༌། །ཡུལ་དང་དབང་པོ་འགག་པ་དང༌། །དགའ་བ་ལ་སོགས་ཀུན་བསྐྱེད་པར། །སྤྱི་བོར་ཡང་དག་གནས་པ་ཡི། །ཧཾ་ཡིག་ཐིག་ལེ་ཟླ་བ་འཛག །དཔྲལ་བར་ཟླ་བ་ལས་ཉི་མར། །མགྲིན་པར་སྒྲ་གཅན་དེ་ནས་འོངས། །ལྟེ་བའི་གཏུམ་མོ་ངག་ཏུ་ཞུགས། །གསང་བའི་འཁོར་ལོར་དེ་ནས་སོན། །གསང་བའི་འཁོར་ལོ་འདིར་ལྷུང་བ། །འདི་ནི་ཕྱུགས་ཆེན་དག་བཤད་དེ། །རྩེ་གསུམ་པ་ཡི་འོག་གི་རྩ། །རྩ་གསུམ་འདབ་པའི་བུ་ག་བསྟན། །སྐྱེ་བ་བདུན་པ་ཉིད་དབང་ཕྱུག །མཁའ་སྤྱོད་དངོས་གྲུབ་སྟེར་བ་པོ། །རྒྱལ་བ་ནད་ནི་འཕྲོག་པར་བྱེད། །ཕུང་པོ་ཁམས་དག་


DTG015_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབར་གྱུར་པ། །འཁོར་ལོས་སྒྱུར་པ་ཉིད་སྟེར་བྱེད། །ཡུལ་དང་དབང་པོ་བསད་ནས་ནི། །ཡང་བ་ལ་སོགས་ཡོན་ཏན་ལྡན། །མཁའ་སྤྱོད་ཉིད་ནི་སྟེར་བར་བྱེད། །སད་པ་ལ་སོགས་རྗེས་འབྲེལ་པས། །སངས་རྒྱས་ཉིད་ནི་མྱུར་དུ་སྟེར། །ཇི་ལྟར་ཕྱི་རོལ་དངུལ་ཆུས་བཅིངས། །དེ་བཞིན་ཡེ་ཤེས་རོ་འདི་ཡང༌། །སྡུག་བསྔལ་ཐམས་ཅད་འཕྲོག་བྱེད་པའི། །དངོས་གྲུབ་ཡང་བ་སྟེར་བར་བྱེད། །འདི་ལྟར་ཚངས་པ་ཕྱུག་ཁྱབ་འཇུག །གསང་བའི་འཁོར་ལོར་ལྷུང་བ་ལས། །ཚེ་ནི་རྒྱ་ཆེན་སྟེར་འགྱུར་ཏེ། །ཇི་སྲིད་སྲེག་བླུགས་རབ་འབབ་པ། །སྟེང་ནི་སྒྲ་གཅན་ཕྱུགས་སུ་བརྗོད། །ཟླ་བ་ཉི་མ་ཕྱུགས་ཆེན་པོ། །ཚངས་པའི་བུ་ག་ནས་ལྷུང་བ། །ཟོས་པས་གྲོལ་བའི་འབྲས་རབ་སྟེར། །ཁྲག་དང་རྒྱུས་པ་དེ་བཞིན་དུ། །རྐང་མར་འབད་པས་དབྱུང་བར་བྱ། །འདི་ནི་ཕྱུགས་སུ་ཤེས་བྱ་སྟེ། །ལུས་ཅན་ཕྱི་རོལ་གཞན་དུ་མིན། །སྐྱེ་བ་བདུན་པོ་དག་ནི་ཕྱུགས། །ཀུན་གྱི་མཆོག་གི་དབང་ཕྱུག་གོ །ཇི་ལྟར་ལུས་ལ་སྐྱེ་བདུན་པ། །དེ་ལྟར་བཤད་བྱ་དེ་ཉོན་ཅིག །བཟའ་བ་བཏུང་བ་རོ་དྲུག་པོ། །ཐམས་ཅད་ཟོས་ཤིང་འཐུངས་པས་ནི། །སྨིན་པ་ལས་ནི་བཅུད་ཉིད་འགྱུར། །དེ་ཡི་སྐྱེ་བ་དང་པོ་དེ། །ཕྱི་ནས་ཁྲག་ཉིད་དུ་ནི་འགྱུར། །གསལ་བར་གཉིས་པར་འགྱུར་པ་ཡིན། །གསུམ་པ་ཤ་ཉིད་དུ་ནི་འགྱུར། །བཞི་པ་པགས་པ་ཉིད་དུ་འགྲོ། །རྩ་ཉིད་ལྔ་པར་འགྱུར་པ་སྟེ། །དྲུག་པ་རུས་པ་ཉིད་དུ་འགྱུར། །བདུན་པ་རྐང་མར་ཉིད་དུ་འགྱུར། །ལན་བདུན་བར་ནི་འགྱུར་པ་ཡིན། །ཞེས་གསུངས་སོ། །དེ་བཞིན་ཉིད་ནི་ཆོས་འབྱུང་ཨ་བ་དྷཱུ་ཏཱིའོ། །དེར་གཤེགས་པ་ཉིད་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར། སྲོག་ལ་སོགས་པའི་རླུང་རྣམ་པ་བཅུ་འགགས་པས་ས་བཅུ་དང༌། ཀུན་དུ་འོད་ཀྱི་མཐར་ཐུག་པའི་སའི་གཏིང་ཐོབ་པའོ། །དེ་ཉིད་ཡོན་ཏན་མཚོ་སྟེ། ས་ཐམས་ཅད་ལ་བརྟེན་པ་ཉིད་ཀྱི་སེམས་ཅན་གྱི་དོན་དེ་དང་དེ་བྱེད་པའི་ཕྱིར་རོ། །ནམ་མཁའི་དཀྱིལ་འཁོར་ནང་དུ་སོན་པ་ཉིད་ཀྱིས་གཡོན་དང་གཡས་པའི་སྣ་བུག་དག་ཏུ་སྲོག་རྒྱུ་བའི་དཀྱིལ་འཁོར་བརྒྱད་བོ་དེ་རྣམས་ལམ་དབུ་མར་ཞུགས་པའོ། །དེའི་ཚུལ་དེའི་གདམས་ངག་བླ་མས་བསྟན་པའི་སོ་སོར་སྡུད་པ་ལ་སོགས་པས་


DTG015_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིག་པ་ནི་དེ་བཞིན་ནོ། །ཡང་དག་སངས་རྒྱས་རང་འབྱུང་ཡེ་ཤེས་སོ། །དེའི་ལམ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་དེ་མངོན་དུ་བྱེད་པའི་ཕྱིར་དེ་བཞིན་ནོ། །ཆོས་ཀྱི་སྐུ་དང་ཐ་མི་དད་པའི་སྤྲུལ་བའི་སྐུས་སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར་སེམས་ཅན་ཀུན་ལ་སྨིན་པར་བྱེད་པ་ལ་སོགས་པས་ཤས་ཆེར་ཆགས་པ་གང་གི་ཡིན་པ་དེ་དེ་བཞིན་ནོ། །རྣམ་བར་རྟོག་པའི་སྤྲིན་དང་བྲལ་བས་ནམ་མཁའ་ལྟ་བུའོ། །སྟོང་པ་ཉིད་ཀྱི་རང་བཞིན་ཉིད་ཀྱིས་ཆགས་པ་མེད་དོ། །རང་བཞིན་གྱིས་འོད་གསལ་བ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་སེམས་ཅན་ཀུན་གྱི་ཡིད་ལ་འཇུག་པའི་ཕྱིར་དེ་བཞིན་ནོ། །སེམས་ཅན་ཀུན་ལ་རང་གི་མོས་པའི་དབང་གིས་རྡོ་རྗེ་འཆང་ལ་སོགས་པར་རབ་ཏུ་སྣང་བའི་ངོ་བོ་ཉིད་ཀྱི་ཕྱིར་སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས་སོ། །སེམས་ཅན་ཀུན་གྱི་དབང་པོ་རྟུལ་པོ་དང༌། འབྲིང་དང་རྣོན་པོའི་ཚུལ་དེ་རྣམས་ཀྱི་དོན་སྤྲོས་པ་དང་བཅས་པ་དང༌། སྤྲོས་པ་མེད་པ་དང༌། གཞོམ་དུ་མེད་པ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ཤེས་པ་ནི་དེ་བཞིན་ནོ། །སེམས་ཅན་ཀུན་གྱི་ཡིད་རྣམ་པར་རྟོག་པའི་སེམས་འཕྲོག་པ་རང་བཞིན་མེད་པར་བྱེད་པས་ན་སེམས་ཅན་ཀུན་གྱི་ཡིད་འཕྲོག་པའོ། །ཕུང་པོ་ལྔ་དོན་དེ་ཉིད་ནི་དོན་དམ་པའི་རྡོ་རྗེས་དེ་བཞིན་གཤེགས་པའི་ཚོགས་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་དུ་གཞུག་པའོ། །དེ་ཤེས་པའི་ཕྱིར་དེ་བཞིན་ནོ། །དེ་སྐད་དུ་ཡང༌། གཟུགས་ཀྱི་ཕུང་པོར་སོན་མེ་ལོང༌། །ས་ཁམས་མིག་གི་དབང་པོ་དང༌། །གཟུགས་ཀྱང་ལྔ་པར་གྱུར་པ་སྟེ། །ཁྲོ་བོ་བྱམས་པ་ཡང་དག་ལྡན། །ཞེས་པ་ལ་སོགས་པ་གསུངས་སོ། །འོད་གསལ་ལ་ལས་བཞེངས་པ་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་རྣམ་པར་དག་པའི་ཕུང་པོ་ལྔ་འཆང་བས་ན་རྣམ་དག་ཕུང་པོ་ལྔ་འཆང་བའོ། །དེས་འབྱུང་ཀུན་གྱི་མཐའ་ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་དེ་བཞིན་ནོ། །བརྗོད་དུ་མེད་པ་བདག་མེད་པའི་བདེ་བ་རྟོགས་པའི་ཕྱིར་ངེས་པར་འབྱུང་བ་ཀུན་ལ་མཁས་སོ། །བདེ་བ་ཆེན་པོ་རིན་པོ་ཆེ་ཉིད་ཀྱིས་ཆགས་པ་མེད་ཀྱང༌། ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་ཉན་ཐོས་ལ་སོགས་པའི་ལམ་


DTG015_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་གནས་པའི་ཕྱིར་ངེས་འབྱུང་ཀུན་གྱི་ལམ་ལ་གནས་སོ། །བདེ་བ་ཆེན་པོའི་སྐུའི་ཆོས་སུ་ཆོས་ཀྱི་དབྱིངས་ངེས་པར་འབྱུང་བ་ཀུན་ནོ། །དེ་སྟོན་པ་རྣམ་པར་རྟོག་པ་མེད་པས་སྟོན་པ་པོའོ། །མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་འགགས་པས་སམ། གནས་དང༌། ཉེ་བའི་གནས་ལ་སོགས་པའི་གནས་བདེ་བ་ཆེན་པོ་ཉིད་ཀྱིས་ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་ནོ། །དེ་སྐད་དུ་ཡང༌། གཞན་གྱི་གནས་ནི་ཤེས་རབ་ལ། །བདག་ཉིད་གནས་ནི་ཐབས་སུ་བརྗོད། །འདི་དག་གཉིས་མེད་དངོས་པོ་ནི། །རྣལ་འབྱོར་གནས་ཞེས་བྱ་བར་གནས། །དེ་ཉིད་གནས་ནི་དེ་ལས་སྐྱེས། །དེ་དང་བྲལ་བར་གང་གྱུར་པ། །ལྷན་སྐྱེས་ཞེས་ནི་མཉམ་པར་གྲགས། །ངག་གི་ལམ་འདས་སྤྱོད་ཡུལ་ལོ། །ཞེས་གསུངས་སོ། །གཞན་དུ་གནས་ནི་བུད་མེད་གསང་བའི་པདྨ་དམ་ཚིག་དག་ཏུ་རྡོ་རྗེ་ཁོ་ན་ཉེ་བའི་གནས་སུ་འགྱུར། །ཞིང་དང་བདུན་པ་དག་དང་འདུས་པ་རོ་བསྲེགས་ས་གཞི་དེ་བཞིན་འདི་ལྟར་མཐའ་དག་གི །ཡན་ལག་གཡོན་དང་ཤར་ནི་གནས་ཏེ་གཞན་པ་དེ་བཞིན་གཡས་པ་དག་ནི་ཉེ་བའི་གནས། །དེ་ལྟར་ཞིང་སོགས་ཐམས་ཅད་ལག་པ་རྐང་པར་གནས་པའི་སོར་མོའི་མཚམས་ལ་ཐུགས་པར་རོ། །ཞེས་སོ། །གཟུང་བ་དང་འཛིན་པའི་རྣམ་པས་དབེན་པའི་སྐྱེ་མཆེད་བཅུ་གཉིས་འཆང་བའི་ཕྱིར་དག་པ་རྣམ་པ་བཅུ་གཉིས་འཆང་ངོ༌། །ཐ་མལ་པའི་བརྟགས་པའི་བདེ་བ་སྡུག་བསྔལ་དང༌། བཞི་པའི་མཚན་ཉིད་ཀུན་འབྱུང་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ནང་དུ་སོན་པའི་ལུས་ངག་སེམས་ཀྱི་རང་བཞིན་འགོག་པ་དང༌། དམིགས་པ་དང་བྲལ་བ་རང་གི་སེམས་ཀྱི་སྣང་བ་ལ་འགྲོ་བ་སངས་རྒྱས་ཀྱི་སྐུར་མཐོང་བའི་ལམ་སྟེ་འདི་དག་ཐམས་ཅད་གཉིས་སུ་མེད་པ་གཉིས་ཀྱི་རྣམ་པ་ཅན་གང་གི་ཡིན་པ་དེ་དེ་བཞིན་ནོ། །རྣམ་པ་སྣ་ཚོགས་པ་རྣམ་པ་བཞི་དང༌། རྒྱུ་མཐུན་པ་ལ་སོགས་པ་རྣམ་པ་བཞིའི་དགའ་བ་ཆེན་པོའི་ཡེ་ཤེས་བརྒྱད་འཛིན་པའི་ཕྱིར་ཤེས་པ་བརྒྱད་པོ་རྟོགས་པ་འཆང་ངོ༌། །རྒྱུ་མཐུན་དང༌། རྣམ་པར་སྨིན་པ་དང༌། སྐྱེས་བུ་བྱེད་པ་དང༌། དྲི་བྲལ་གྱི་སྐད་ཅིག་རྣམས་རེ་རེ་ཞིང་སུམ་གྱུར་ལས། རྣམ་པ་བཅུ་གཉིས་པ་བཅུ་གཉིས་ཀུན་རྫོབ་དང་དོན་


DTG015_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམ་པའི་བདེན་པའི་དབྱེ་བས་དེ་དང་ལྡན་པའི་ཕྱིར་བདེན་དོན་རྣམ་པ་བཅུ་གཉིས་ལྡན་ནོ། །དེ་ལ་ལུས་དང༌། ངག་དང༌། སེམས་ཀྱི་དབེན་པའི་རྒྱུ་མཐུན་གྱི་དབྱེ་བས་དང་པོ་གསུམ་སྤྲུལ་པའི་སྐུའིའོ། །སྣང་བ་དང༌། སོ་སོར་སྣང་བ་དང༌། རང་བཞིན་གྱི་སྣང་བ་མེད་པའི་རྣམ་པར་སྨིན་པའི་དབྱེ་བས་གཉིས་པ་གསུམ་ལོངས་སྤྱོད་རྫོགས་པའི་སྐུའིའོ། །སེམས་དང་སེམས་ལས་བྱུང་བ་དང༌། མ་རིག་པའི་དྲི་མ་དང་བྲལ་བའི་རྣམ་པར་སྨིན་པའི་དབྱེ་བས་གསུམ་པ་གསུམ་ཆོས་ཀྱི་སྐུའིའོ། །དགའ་བ་གཉིས་དང༌། ཁྱད་པར་དང༌། ལྷན་སྐྱེས་ཀྱི་དགའ་བ་དྲི་བྲལ་གྱི་དབྱེ་བས་བཞི་པ་གསུམ་ཡེ་ཤེས་ཀྱི་སྐུའིའོ། །སྲོག་ཟད་པས་རྡུལ་འགགས་པའི་ཕྱིར་རམ། དགའ་བ་བཅུ་དྲུག་གི་ཆ་ཁུ་བ་འགགས་པས་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་ནི་དེ་བཞིན་ནོ། །ལུག་དང་གླང་ལ་སོགས་པའི་ཁྱིམ་བཅུ་གཉིས་འགགས་པ་ཉིད་ཀྱིས་སམ། ས་བཅུ་གཉིས་ཐོབ་པའི་ཕྱིར་བདེན་དོན་རྣམ་པ་བཅུ་གཉིས་ལྡན་ནོ། །འཁོར་བའི་ཆ་བཅུ་དྲུག་ཟད་པས་སམ། མི་འགྱུར་པའི་ཕྱིར་དེ་ཉིད་རྣམ་པ་བཅུ་དྲུག་རིག་གོ །སྦྱོར་བ་ཡན་ལག་དྲུག་བསྒོམས་པ་ཉིད་ཀྱི་རྣམ་པར་དག་པའི་ཨ་ཝ་དྷཱུ་ཏཱི་སྦྱངས་པ་ཉིད་ཀྱིས་ཕུང་པོ་ལྔ་དང༌། ཁམས་ལྔ་དང༌། དབང་པོ་ལྔ་དང༌། སྐྱེ་མཆེད་ལྔ་རྣམ་པར་དག་པའི་རྣམ་པ་ཁོང་དུ་ཆུད་པའི་ཕྱིར་རྣམ་པ་ཉི་ཤུས་བྱང་ཆུབ་པའོ། །མ་རིག་པ་འགགས་པའི་ཕྱིར་རྣམ་པར་སངས་རྒྱས་སོ། །དངོས་པོའི་ཚོགས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རང་བཞིན་དུ་རྟོག་པས་ཀུན་ནས་རིག་མཆོག་གོ །མྱ་ངན་ལས་འདས་པ་ཀུན་གཅིག་ཏུ་གྱུར་པ་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་དངོས་པོའི་གྲོང་ཁྱེར་རླུང་གི་ཚོགས་ཀྱི་བདེ་བ་ཆེན་པོ་ཉིད་དུ་སྐད་ཅིག་གཅིག་ལ་འགྱེད་པའི་ཕྱིར་དེ་བཞིན་ནོ། །འདིས་ནི་མཚན་མ་མེད་པ་གསུངས་སོ། །རླུང་ཐམས་ཅད་ཀྱི་རླུང་རེ་རེ་ཞིང་བདེ་བ་ཆེན་པོར་བསྒྱུར་པས་སྐད་ཅིག་ཐམས་ཅད་མངོན་རྟོགས་སོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྐད་ཅིག་རྣམ་པ་ཆེན་པོ་ཉིད་དུ་རིག་པའི་ཕྱིར་དེ་བཞིན་ནོ། །ཐེག་པ་སྣ་ཚོགས་ཐབས་ཚུལ་ཡན་ལག་བཞི་དང༌། ཡན་ལག་དྲུག་དང༌། ཐིག་ལེའི་སྦྱོར་བ་ལ་སོགས་པས་འགྲོ་བའི་དོན་ལ་བདེ་བ་ཆེན་པོ་ཉིད་དུ་རྟོགས་པར་


DTG015_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་འཕྲོ་བར་བྱེད་པས་ན་དེ་བཞིན་ནོ། །ཡེ་ཤེས་ཀྱི་སྐུ་ཉིད་ཀྱི་ལུས་ངག་སེམས་ངེས་པར་འབྱུང་བའི་ཕྱིར་ཐེག་པ་གསུམ་གྱི་ངེས་འབྱུང་བའོ། །ཐེག་པ་གཅིག་གཉིས་པ་མེད་པ་འབྲས་བུ་ཧའི་རྣམ་པ་སྟེ་དེར་གནས་པའོ། །མ་རིག་པ་རྣམ་པར་ཉམས་པའི་ཕྱིར་ཁམས་རྣམས་དག་པའི་བདག་ཉིད་གང་གི་ཡིན་པ་དེ་ཉོན་མོངས་ཁམས་རྣམས་དག་པའི་བདག་གོ །ཉོན་མོངས་པའི་ཁམས་དེ་ཡང་བཅོ་བརྒྱད་དེ། རུས་པ་དང༌། པགས་དང༌། ཤ་དང༌། ཁྲག་དང༌། རྒྱུས་པ་དང༌། རྐང་མར་དང༌། ཚིལ་དང༌། ཁུ་བ་དང༌། བད་ཀན་དང༌། བཤང་བ་དང༌། གཅི་བ་དང༌། མཆིལ་མ་དང༌། སྣབས་དང༌། མཆེར་པ་དང༌། མཆིན་པ་དང༌། རྣག་མ་དང༌། དྲི་མ་དང༌། བ་སྤུ་ཞེས་བྱ་བ་རྣམས་སོ། །བསོད་ནམས་དང་སྡིག་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་ལས་ཀྱི་ཁམས་རྣམས་ཟད་བྱེད་པའོ། །རང་བཞིན་ཐམས་ཅད་འགགས་པས་ཡེ་ཤེས་ཀྱི་ཕ་རོལ་ཏུ་སོན་པའི་ཕྱིར་ཆུ་བོའི་རྒྱ་མཚོ་ཀུན་ལས་རྒལ་ལོ། །རང་བཞེན་དེ་ཡང་ཆགས་བྲལ་དང་ཆགས་བྲལ་འབྲིང་པོ་དང༌། ཤིན་ཏུ་ཆགས་བྲལ་དང༌། ཡིད་གང་ཡིན་པ་དང༌། འགྲོ་འོད་དང༌། མྱ་ངན་དང༌། མྱ་ངན་འབྲིང་པོ་དང༌། ཤིན་ཏུ་མྱ་ངན་དང༌། ཞི་བ་དང༌། རྣམ་པར་རྟོག་པ་དང༌། འཇིགས་པ་དང༌། སྲེད་པ་དང༌། བར་མའི་སྲེད་པ་དང༌། ཤིན་ཏུ་སྲེད་པ་དང༌། ཉེ་བར་ལེན་པ་དང༌། དགེ་བྲལ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། ཚོར་བ་དང༌། མཉམ་པའི་ཚོར་བ་དང༌། ཤིན་ཏུ་ཚོར་བ་དང༌། རིག་བྱེད་རིག་པ་དང༌། འཛིན་པ་དང༌། གནས་དང༌། སོ་སོར་རྟོག་པ་དང༌། ངོ་ཚ་དང༌། སྙིང་རྗེ་དང༌། བྱམས་པ་དང༌། བྱམས་པ་འབྲིང་པོ་དང༌། ཤིན་ཏུ་བྱམས་པ་དང༌། ཚིམ་པ་དང༌། བསགས་པ་དང༌། སེར་སྣ་སྟེ་སུམ་ཅུ་རྩ་གསུམ་གྱི་སྐད་ཅིག་མ་རྣམས་ཤེས་རབ་ཡེ་ཤེས་ཀྱིའོ། །འདོད་ཆགས་དང༌། ཆགས་པ་དང༌། མགུ་བ་དང༌། མགུ་བ་འབྲིང་པོ་དང༌། ཤིན་ཏུ་མགུ་བ་དང༌། དགའ་བ་དང༌། རབ་ཏུ་དགའ་བ་དང༌། ངོ་མཚར་དང༌། དགོད་པ་དང༌། འཁྱུད་པ་དང༌། འོ་དང༌། གཞིབ་པ་དང༌། བརྟན་པོ་དང༌། བརྩོན་འགྲུས་དང༌། ང་རྒྱལ་དང༌། བྱེད་པ་དང༌། འཕྲོག་པ་དང༌། སྟོབས་དང༌། སྤྲོ་བ་དང༌།


DTG015_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱ་ཚོམ་འབྲིད་པོ་དང༌། གྱ་ཚོམ་མཆོག་དང༌། དྲག་ཤུལ་དང༌། སྒེག་པ་དང༌། ཁོན་དུ་འཛིན་པ་དང༌། དགེ་བ་དང༌། ངག་གསལ་བ་དང༌། བདེན་པ་དང༌། ངེས་པ་དང༌། ཉེར་ལེན་མེད་པ་སྦྱིན་པ་པོ་ཉིད་བསྐུལ་བ་དང༌། དཔའ་བ་དང༌། ངོ་ཚ་མེད་པ་དང༌། ཁྲམ་ཉིད་དང༌། མ་རུངས་པ་དང༌། གཡོ་དང༌། འཁྱོག་པ་སྟེ་སྐད་ཅིག་མ་བཞི་བཅུ་པོ་རྣམས་ཐབས་ཀྱི་ཡེ་ཤེས་ཀྱིའོ། །འདོད་ཆགས་འབྲིང་པོ་དང༌། བརྗེད་ངས་དང༌། འཁྲུལ་པ་དང༌། ཅང་མི་སྨྲ་བ་དང༌། ངལ་བ་དང༌། ལེ་ལོ་དང༌། བླུན་པ་ཉིད་དེ་སྐད་ཅིག་མ་བདུན་པོ་སྣང་བ་ཐོབ་པའི་ཡེ་ཤེས་ཀྱིའོ། །འདི་རྣམས་ཀྱང་ཉིན་མོ་ངང་མཚན་མོར་གནས་པའི་བརྒྱ་དྲུག་ཅུར་འགྱུར་རོ། །རྣམ་པར་རྟོག་པ་མཐའ་དག་བཟོད་པའི་ཕྱིར་སྦྱོར་བའི་དགོན་པ་ལས་བྱུང་བ་སྟེ། སྦྱོར་བ་ཡེ་ཤེས་ཀྱི་སྙོམས་པར་འཇུག་པ་ཙམ་སྟེ། དགོན་པ་རྟོགས་པར་དཀའ་བའི་ཕྱིར་རོ། །ཉོན་མོངས་ཉེ་བའི་ཀུན་ཉོན་མོངས་མ་རིག་པ་ལ་སོགས་པ་བག་ཆགས་དང་བཅས་པ་གཏན་སྤངས་པ་གང་གི་ཡིན་པ་དེ་དེ་བཞིན་ནོ། །སྦྱོར་བ་ཡན་ལག་དྲུག་གིས་བསྒྲུབས་པའི་ཕྱག་རྒྱ་ཆེན་པོ་ཤེས་རབ་སྟེ་དེ་དང་གཉིས་སུ་མེད་པར་གྱུར་པའི་སྙིང་རྗེ་ཆེན་པོ་དེས་དོན་ཡོད་བཅིང་དུ་མེད་ཅིང༌། གཞོམ་དུ་མེད་པའི་བདེ་བ་འགྲོ་བའི་དོན་བྱེད་པས་ན་དེ་བཞིན་ནོ། །སྙོམས་པར་འཇུག་པ་ལ་སོགས་པའི་འདུ་ཤེས་ཀྱང་མེད་པའི་ཕྱིར་འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་ངོ༌། །རྣམ་ཤེས་འཛིན་པ་དང་བྲལ་བ་དོན་ཕྱི་རོལ་ཡང་སྟེ་གང་གི་ཡིན་བ་དེ་དེ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གནས་མེད་པའི་ཆོས་ཉིད་ཙམ་གྱི་ཕྱིར་འགོག་པར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་ཡིད་རྣམ་པར་མི་རྟོག་པའི་སྦྱོར་བས་ཡང་དག་པར་འབྱུང་བའི་ཕྱིར་སེམས་ཅན་ཀུན་ཡིད་ཡུལ་དང་ལྡན་ནོ། །ཡང་ན་ཡུལ་མ་ཡིན་པ་སྤྱོད་ཡུལ་མ་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཀུན་གྱི་ཡིད་རིག་པའོ། །སེམས་ཅན་ཀུན་གྱི་ཡིད་ནང་དུ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་སྣང་བའི་ཕྱིར་གནས་པའི་ཞེས་པ་དེ་བཞིན་ནོ། །སེམས་ཅན་དེ་དག་གི་སེམས་དང་མཐུན་པ་དེ་བཞིན་ཉིད་ཀྱི་ངོ་བོར་འཇུག་པ་ཐོབ་པ་སྟེ། ཐམས་ཅད་ནི་ཆོས་ཉིད་ཀྱི་ངོ་བོར་ཁྱད་པར་མེད་པའི་ཕྱིར་རོ། །


DTG015_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིན་ཅི་ལོག་ལས་བཟློག་པ་ཉིད་ཀྱིས་བདེ་བ་ཆེན་པོའི་ཡེ་ཤེས་འཆར་བའི་ཕྱིར། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད་དོ། །ཟག་པ་མེད་པའི་བདེ་བའི་དགའ་བའི་ངོ་བོ་ཉིད་ཀྱི་ཕྱིར་སེམས་ཅན་ཀུན་གྱི་ཡིད་དགའ་བའོ། །ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་མཆོག་ཏུ་མཐར་ཕྱིན་པའི་ངོ་བོ་ཉིད་ཀྱིས་གྲུབ་པའི་མཐར་ཕྱིན་ནོ། །གང་ཟག་ལ་སོགས་པར་འཁྲུལ་པ་དང་བྲལ་བའི་ཕྱིར་འཁྲུལ་པ་མེད་དོ། །ཀུན་བརྟགས་དང༌། གཞན་དབང་དང༌། ཡོངས་གྲུབ་དང་བྲལ་བའི་ཕྱིར་ནོར་པ་ཐམས་ཅད་རྣམ་པར་སྤངས་སོ། །དོན་གསུམ་ཤེས་རབ་ཀྱི་དོན་བསྒྲུབ་བྱ་བདེ་བའི་རང་བཞིན་གྱི་དོན་གསུམ་མོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་མཐའ་ཡོངས་སུ་ཤེས་པས་སེམས་ཅན་རྣམས་ལ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་སྟོན་པའི་ཕྱིར་ཐེ་ཚོམ་མེད་པའི་བློའོ། །བརྟན་པ་དང་གཡོ་བའི་དངོས་པོ་མ་ལུས་པའི་ངོ་བོའི་ཕྱིར་ཀུན་དོན་ནོ། །སྒྲིབ་པ་མེད་པའི་རྡུལ་མུན་པ་སྙིང་སྟོབས་ཀྱི་ཡོན་ཏན་གཅིག་གི་རང་བཞིན་གྱི་ཕྱིར་ཡོན་ཏན་གསུམ་བྱི་བདག་གོ །སྦྱོར་བ་ཡན་ལག་དྲུག་གིས་རང་བྱིན་གྱིས་བརླབས་པ་གསལ་བར་གྱུར་པའི་ཕྱིར། ཕུང་པོ་ལྔའི་དོན་རྣམས་ནི་སངས་རྒྱས་ནི་ཕུང་པོ་ལྔ་དོན་ནོ། །རྟག་པ་ཉིད་ཀྱིས་དུས་གསུམ་དུའོ། །རྣམ་པར་རྟོག་པའི་རླུང་གི་སྐད་ཅིག་ཐམས་ཅད་བདེ་བ་ཆེན་པོར་བྱེ་བྲག་ཕྱེད་པས་སྒྱུར་པར་བྱེད་པ་ནི་དེ་བཞིན་ནོ། །བཞི་པའི་སྐད་ཅིག་ཁོ་ནས་དངོས་ཀུན་དང་ཐ་མི་དད་པ། ཀུན་དུ་བཟང་པོ་ཞེས་བྱ་བ་རྫོགས་པའི་སངས་རྒྱས་རིག་པ་པོའོ། །དེ་བས་ན། སངས་རྒྱས་ཀུན་གྱི་རང་བཞིན་འཆང་སྟེ་ལྷན་སྐྱེས་འཛིན་པ་ཞེས་པའི་དོན་ཏོ། །གཙུག་ཏོར་གྱི་ནོར་བུའི་འཁོར་ལོར་སོན་པ་ཉིད་ཀྱིས་ལུས་མེད་ནི་ཆོས་ཀྱི་དབྱིངས་རྡོ་རྗེའི་ལུས་མེད་དོ། །དེ་ཉིད་བདེ་བ་བསགས་པའི་ངོ་བོའི་ཕྱིར་ལུས་ཀྱི་མཆོག་གང་གི་ཡིན་པ་དེ་དེ་བཞིན་ནོ། །བདེ་བ་ཆེན་པོ་ཉིད་ཀྱིས་ལུས་ཀྱི་མཐའ་སྟོན་པར་བྱེད། སྤྲོ་བར་བྱད་པས་ན་ལུས་ཀྱི་མཐའ་ནི་སྟོན་པ་པོའོ། །དེ་ཉིད་ཀྱི་ཕྱིར་གདུལ་བྱའི་བསམ་པས་གཟུགས་རྣམས་སྣ་ཚོགས་ཀུན་དུ་སྟོན་ནོ། །ནོར་བུ་ཆེན་པོར་གནས་པའི་ཕྱིར་ནོར་བུ་ཆེན་པོའོ། །སྐྱེ་བོ་ཆེན་པོ་ཐམས་ཅད་སྒྱུར་པའི་དོན་དུ་


DTG015_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེ་བ་རིན་པོ་ཆེས་མཚན་པའི་ཏོག་ནི་རིན་ཆེན་ཏོག་གོ །འདི་ནི་ཡན་ལག་བཅུ་གཉིས་འགགས་པ་དང༌། ས་བཅུ་གཉིས་རབ་ཏུ་ཐོབ་པའི་རྣམ་པར་དག་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིའོ།། །།

བཅུ་པ། ཚིགས་སུ་བཅད་པ་བཅོ་ལྔས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བཤད་པ་གསུངས་པ།


DTG010_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་བཅོ་ལྔའི་སྒོ་ནས་སྒྲིབ་པ་མེད་པའི་འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པའི་ཚུལ་གྱིས་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་དེ་ཉིད་གསུངས་ཏེ། དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཀུན་གྱི་རྟོགས་པར་བྱ་བ་མངོན་སུམ་དུ་བྱ་བ་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དེ་ཉིད་འཇམ་དཔལ་ཡེ་ཤེས་ཀྱི་སྐུའོ་ཞེས་པའི་མཐར་རོ། །དེ་སྐད་དུ། ཁྱོད་ལ་རག་ལས་མངོན་བྱང་ཆུབ། །ཁྱོད་ནི་ཐམས་ཅད་གཟིགས་པའི་ཡབ། །ཁྱོད་ནི་འབྱུང་ཞིང་འབྱུང་འགྱུར་པ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན། །ཞེས་གསུངས་སོ། །ལུས་དང་ངག་དང་སེམས་ཀྱི་རང་བཞིན་ཁོང་དུ་ཆུད་པའི་ངོ་བོ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པའི་དཔལ་ཁོ་ན་སངས་རྒྱས་བྱང་ཆུབ་པོ། །མངོན་པར་རྫོགས་པར་བྱང་ཆུབ་པ་བཞི་པའི་ངོ་བོ་ཉིད་ཀྱི་ཕྱིར་བླ་ན་མེད་དོ། །ལྷན་སྐྱེས་ཀྱི་བསྒྲིགས་པ་ཉིད་ཀྱིས་འཇིག་རྟེན་པ་ལ་སོགས་པའི་གསང་སྔགས་ཀྱི་སྐྱེ་གནས་རྒྱུ་ཉིད་བཅོམ་ལྡན་ཁོ་ན་ཡིན་པའི་ཕྱིར་རོ། །བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་པ་མེད་བཞིན་པ་ཉིད་ཀྱི་ཆོས་ཀྱི་དབྱིངས་མཆོག་ཏུ་མི་འགྱུར་པའི་བདག་ཉིད་ནི་ཡི་གེར་མེད་པའོ། །གཟུགས་དང་ཡོན་ཏན་ལ་སོགས་པའི་བརྗོད་པ་ལས་འདས་པ་ཞེས་པའི་དོན་ཏོ། །འབྱིན་བྱེད་དང༌། འགེངས་བྱེད་དང༌། བུམ་པ་ཅན་མི་འགྱུར་པ་ཉིད་ཀྱིས་རང་གིས་རིག་པར་བྱ་བའི་ཕྱིར་གསང་སྔགས་ཆེན་པོའི་བདག་ཉིད་རིགས་གསུམ་པ་ལུས་དང་ངག་དང་སེམས་རྣམས་དགའ་བ་དང༌། མཆོག་དགའ་དང་ཁྱད་པར་གྱི་དགའ་བའི་ངོ་བོ་གང་གི་ཡིན་པ་དེ་དེ་བཞིན་ནོ། །ཞི་བ་དང་རྒྱས་པ་ལ་སོགས་པ་བརྗོད་པའི་མཚན་ཉིད་འཇིག་རྟེན་པའི་སྔགས་དང༌། མཆོག་ཏུ་མི་འགྱུར་པའི་སྦྱོར་བས་ཐིག་ལེ་དང་ནཱ་དའི་བདག་ཉིད་འཇིག་རྟེན་ལས་འདས་པའི་སྔགས་དེ་ཉིད་བསྒྲུབ་བྱ་ཡིན་པའི་ཕྱིར་དོན་ཏོ། །གསང་སྔགས་དོན་ཀུན་ཕྱག་རྒྱ་ཆེན་པོའི་དོན་ནི། དེ་སྐྱེད་པ་


DTG015_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་སྐྱེད་བྱེད་དོ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤཀྵ་ཨོཾ་གྱི་ཡི་གེ་སྡེ་ཚན་བཅུ་སྲོག་ལ་སོགས་པ་རླུང་བཅུ་པོ་རྣམས་དབུ་མར་རྒྱུ་བ་ཉིད་ཀྱི་གཅིག་ཏུ་གྱུར་པ་ལུས་ཐམས་ཅད་ལ་ཐིམ་པའི་ཕྱིར་ཐིག་ལེ་ཆེན་པོ་བཅོམ་ལྡན་འདས་ཏེ། དོན་དམ་པའི་ངོ་བོ་ཉིད་ཀྱི་ཕྱིར་ཡི་གེ་མེད་པ་མཆོག་ཏུ་མི་འགྱུར་པའི་བདེ་བའི་ཡེ་ཤེས་རྡོ་རྗེ་སེམས་དཔའོ། །དེ་སྐད་དུ་ཡང༌། རྩ་བའི་རྒྱུད་ལས། ལུས་ངག་སེམས་ཀྱི་ཁམས་རྣམས་ཀྱི། །གང་ཕྱིར་སྐྱབས་གྱུར་དེ་ཡི་ཕྱིར། །སྔགས་དོན་སྔགས་ཀྱི་སྒྲ་ཡིས་ནི། །སྟོད་ཉིད་ཡི་ཤེས་མི་འགྱུར་པ། །བསོད་ནམས་ཡེ་ཤེས་ལས་བྱུང་སྔགས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་དོ། །ཞེས་སོ། །དབུས་སུ་ཡེ་ཤེས་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོ་དང༌། ཡེ་ཤེས་ཀྱི་ཁམས་དང༌། ནམ་མཁའི་ཁམས་དང༌། ཡིད་དང༌། རྣ་བ་དང༌། སྒྲ་དང༌། ཆོས་ཀྱི་ཁམས་དང༌། མཆོག་གི་དབང་པོ་དང༌། བྷ་ག་དང༌། ཆུ་འཛག་པ་དང༌། ཁུ་བ་འཛག་པའི་ངོ་བོ་རྣམས་སྒྲིབ་པ་མེད་པ་ཉིད་སོ་སོར་རང་རང་གི་ཡུལ་འཛིན་པ་རྣམ་པར་སྤངས་པ་ཉིད་རོ་མཉམ་པར་འགྱུར་པ་གཅིག་ཏུ་འདྲེས་པར་གྱུར་པ་སྟོང་པའི་ཡི་གེ་དང་པོ་རྣལ་འབྱོར་པ་རང་གི་རིག་པར་བྱ་བ་ཐམས་ཅད་མེད་པ་མ་ཡིན་པའི་མཚན་ཉིད་དེ་ཉིད་གཞོམ་དུ་མེད་པ་ཨའི་ཡི་གེ་སྟོང་པར་མི་ཙམ་བརྗོད་དུ་མེད་པ་གྲི་གུག་གི་རྣམ་པའོ། །དབུ་མ་གཞོམ་དུ་མེད་པའི་མཚན་མ་ལས། ཤར་དུ་འདུ་བྱེད་ཀྱི་ཕུང་པོ་དང༌། རླུང་གི་ཁམས་དང༌། སྣ་དང༌། རེག་བྱ་དང༌། ངག་གི་དབང་པོ་དང༌། བཤང་བ་འཛག་པ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་སྟོང་པའི་ཡི་གེ་ཨེ་དབྱུག་པའི་རྣམ་པ་སྟོང་པའི་ཡི་གེ་གཉིས་པའོ། །དབུ་མ་གཞོམ་དུ་མེད་པའི་མཚན་མའི་གཡས་སུ་ཚོར་བའི་ཕུང་པོ་དང༌། མེའི་ཁམས་དང༌། མིག་དང༌། རོ་དང༌། ལག་པ་དང༌། འགྲོ་བ་རྣམས་སྒྲིབ་པ་མེད་པ་ཉིད་སྟོང་པའི་ཡི་གེ་རྀ་ཐིག་ལེ་གཉིས་ཏེ་སྟོང་པའི་ཡི་གེ་གསུམ་པའོ། །དབུ་མ་གཞོམ་དུ་མེད་པའི་མཚན་མའི་གཡོན་དུ་འདུ་ཤེས་ཀྱི་ཕུང་པོ་དང༌། ཆུའི་ཁམས་དང༌། ལྕེ་དང༌། གཟུགས་དང༌། རྐང་པ་དང༌། ལེན་པ་རྣམས་སྒྲིབ་པ་མེད་པ་ཉིད་སྟོང་པའི་ཡི་གེ་ཨུ་བརྗོད་དུ་མེད་པ་ཐིག་ལེ་གཅིག་གི་གཟུགས་སྟོང་པ་ཆེན་པོའི་ཡི་གེ་


DTG015_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་པའོ། །དབུ་མ་གཞོམ་དུ་མེད་པའི་མཚན་མའི་ནུབ་ཏུ་གཟུགས་ཀྱི་ཕུང་པོ་དང༌། སའི་ཁམས་དང༌། ལུས་ཀྱི་དབང་པོ་དང༌། དྲི་དང༌། བཤང་ཁུང་དང༌། སྨྲ་བ་རྣམས་རོ་མཉམ་པ་ཉིད་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཧ་ལའི་རྣམ་པ་སྟོང་པའི་ཡི་གེ་ལྀ་སྟོང་པའི་ཡི་གེ་ལྔ་པ་སྟེ། འདི་ལྟར་བཾ་གྱི་རྣམ་པ་ཡི་གེ་ལྔ་སྟོང་པ་ཆེན་པོ་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་ཅན་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་པྲ་ཕབ་པ་དང་མཉམ་པ་རྣལ་འབྱོར་པའི་རྟོགས་བྱའོ། །དེའི་རྟེན་དུ་གྱུར་པ་ཨེའི་རྣམ་པ་ཆོས་འབྱུང་གི་ཚུལ་རྣམ་པ་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཐིག་ལེ་སྟོང་པ་ཡི་གེ་དྲུག་གོ །དེ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོ་དང༌། ནམ་མཁའི་ཁམས་དང༌། རྣ་བ་དང༌། ཆོས་ཀྱི་ཁམས་དང༌། བྷ་ག་དང༌། ཁུ་བ་འཛག་པ་རྣམས་སྒྲིབ་པ་དང་བྲལ་བ་སྟོང་པ་ཉིད་སྔར་བཤད་པའི་དབུ་མ་གཞོམ་དུ་མེད་པའི་མཚན་མའི་སྟེང་དུ་ཀའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ཀ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་དང་པོའོ། །ཤར་གྱི་མཚན་མའི་ཤར་དུ་འདུ་ཤེས་ཀྱི་ཕུང་པོ་དང༌། རླུང་གི་ཁམས་དང༌། སྣའི་དབང་པོ་དང༌། རེག་བྱ་དང༌། ངག་དང༌། བཤད་བ་འཛག་པ་རྣམས་སྒྲིབ་པ་དང་བྲལ་བ་ཐམས་ཅད་སྟོང་པ་ཉིད་ཙའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ཙ་བརྗིད་དུ་མེད་པའི་ཐིག་ལེ་སྟོང་པ་ཉིད་པའོ། །གཡས་ཀྱི་མཚན་མའི་གཡས་སུ་ཚོར་བའི་ཕུང་པོ་དང༌། མེའི་ཁམས་དང༌། མིག་དང༌། རོ་དང༌། ལག་པའི་དབང་པོ་དང༌། འགྲོ་བ་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད། ཊའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ཊ་བརྗོད་དུ་མེད་པའི་ཐིག་ལེ་སྟོང་པ་གསུམ་པའོ། །གཡོན་གྱི་མཚན་མའི་གཡོན་དུ་འདུ་ཤེས་ཀྱི་ཕུང་པོ་དང༌། ཆུའི་ཁམས་དང༌། ལྕེ་དང༌། གཟུགས་དང༌། རྐང་པའི་དབང་པོ་དང༌། ལེན་པ་རྣམས་སྒྲིབ་པ་དང་བྲལ་བའི་སྟོང་པ་ཉིད་པའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་པ་བརྗོད་དུ་མེད་པའི་ཐིག་ལེ་སྟོང་པ་བཞི་པའོ། །ནུབ་ཀྱི་མཚན་མའི་ནུབ་ཏུ་གཟུགས་ཀྱི་མཚན་མའི་ཕུང་པོ་དང༌། སའི་ཁམས་དང༌། ལུས་ཀྱི་དབང་པོ་དང༌། དྲི་དང༌། འཇུག་པའི་དབང་པོ་དང༌། བརྗོད་པ་རྣམས་སྒྲིབ་པ་དང་བྲལ་བའི་སྟོང་པ་ཉིད་ཏའི་སྡེ་


DTG015_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ཏ་བརྗོད་དུ་མེད་པའི་ཐིག་ལེ་སྟོང་པ་ལྔ་པའོ། །དབུ་མ་གཞོམ་དུ་མེད་པའི་མཚན་མའི་འོག་ངོས་སུ་ཡེ་ཤེས་ཀྱི་ཕུང་པོ་དང༌། ཡེ་ཤེས་ཀྱི་ཁམས་དང༌། ཡིད་དང༌། སྒྲ་དང༌། མཆོག་གི་དབང་པོ་དང༌། ཆུ་འཛག་པ་རྣམས་རྣམ་པ་ཐམས་ཅད་སྒྲིབ་པ་དང་བྲལ་བ་སྟོང་པ་ཉིད་སའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་བརྗོད་དུ་མེད་པའི་ཐིག་ལེ་སྟོང་པ་དྲུག་པའོ། །དེ་ལྟར་ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་ཆོས་ཀྱི་འབྱུང་གནས་རྡོ་རྗེ་འཛིན་པ་ཨེའི་རྣམ་པ་སྟོང་པ་ཉིད་དམིགས་པ་དང་བཅས་པ་པྲ་ཕབ་པའི་རང་བཞིན་ཅན་ནོ། །དེ་དག་གི་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་དབྱངས་ཀྱི་ཚོགས་ཁུ་བ་དང་ཟླ་བ་ཞེས་བརྗོད་པར་བྱ་ཞིང༌། ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་གསལ་བྱེད་ཀྱི་ཚོགས་རྡུལ་དང་ཉི་མ་ཞེས་བརྗོད་དོ། །འདིར་ཡང་ཁུ་བ་དང་ཟླ་བ་ནི་བཾ་གྱི་རྣམ་པ་རྡོ་རྗེའོ། །རྡུལ་དང་ཉི་མ་ནི་ཨེའི་རྣམ་པ་པདྨའོ། །རྡོ་རྗེ་དང་པདྨ་འདི་དག་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །རྡོ་རྗེ་ནི་མཆོག་ཏུ་བདེ་བའི་ཡེ་ཤེས་ཁུ་བའོ། །སེམས་དཔའ་ནི་ཐམས་ཅད་ཀྱི་རྣམ་པ་ཤེས་རབ་ཀྱི་གཟུགས་ཞེས་བྱ་བ་སྟེ། ཡེ་ཤེས་དང་རྣམ་པར་ཤེས་པ་བྱིན་གྱིས་བརླབས་པ་སྒྲིབ་པ་དང་བྲལ་བ་གཅིག་ཏུ་གྱུར་པ་དེ་ཁོ་ན་ཉིད་འགྲོ་བའི་དོན་མཛད་པ་རྡོ་རྗེ་སེམས་དཔའོ། །དེ་དག་ཀྱང་རྒྱ་ཆེར་འགྲེལ་པ་དྲི་མ་མེད་པའི་འོད་ལས་གསུངས་པར་ཤེས་པར་བྱའོ། །རྣམ་པ་ཀུན་ལྡན་རྣམ་པ་མེད་ནི་རྒྱུ་གསུངས་པ་སྟེ། སོ་སོར་སྡུད་པས་བུམ་པ་ལ་སོགས་པའི་དངོས་པོ་གང་མཐོང་བ་ཕྲ་ཕབ་པ་དང་མཚུངས་པར་རབ་ཏུ་སྣང་བ་ནི་རྣམ་པ་ཀུན་ལྡན་ཏེ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་མངོན་སུམ་གྱིས་མཐོང་བའི་ཕྱིར་རོ། །རྣམ་པ་མེད་པ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་སྟེ་རྟོག་པ་དང་བྲལ་བའི་ཕྱིར་བཀབ་པ་དང་མ་བཀབ་པའི་མིག་གི་རྟོགས་བྱའོ། །འདི་ལྟར་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་རྒྱུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །དེ་ལས་སྐྱེས་པའི་འབྲས་བུ་མཆོག་ཏུ་མི་འགྱུར་པའི་བདེ་བ་ནི་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཆེན་པོ་ཞེས་བརྗོད་དོ། །


DTG015_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་སྐད་དུ་ཡང༌། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་རྒྱུ་ནི་དང་པོ་ནས། །དམིགས་པ་མེད་པར་བྱས་ནས་ཕྱིས། །འགྲོ་དོན་མཛད་པ་འབྲས་བུའོ། །ཞེས་སོ། །ཆ་བཅུ་དྲུག་པོ་རྣམས་ཀྱི་ཕྱེད་བརྒྱད་དེ། དེའི་ཕྱིར་ཐིག་ལེ་བཞིའོ། །ལུས་དང་ངག་དང་སེམས་དང༌། ཡེ་ཤེས་ཀྱི་མཚན་ཉིད་སད་པ་དང༌། རྨི་ལམ་དང༌། གཉིད་ལོག་པ་དང་བཞི་པའི་གནས་སྐབས་སྐྱེད་པ་པོ་དེ་འཛིན་པས་ན་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་ངོ༌། །དམ་ཚིག་བཞི་སྐྱོང་བ་པོ་རྡོ་རྗེ་སེམས་དཔའ་ཆགས་པ་ཆེན་པོ་ཞེས་པའི་དོན་ཏོ། །ཡན་ལག་མེད་པ་དཀར་པོའི་ཕྱོགས་ཀྱི་ཆ་བཅོ་ལྔ་དང་བྲལ་བ་སྟེ། དེ་རྣམས་ཀྱི་མཐར་གནས་པ་དཀར་པོའི་ཉའི་མཐར་རོ། །རྩིས་ལས་འདས་པ་ནི་རྩིས་ནག་པོའི་ཚེས་གཅིག་གོ །དེར་མི་འཇུག་པ་ནི་རྩིས་ལས་འདས་པ་སྟེ་ལྷན་ཅིག་སྐྱེས་པའི་དོན་ཏོ། །བསམ་གཏན་བཞི་པའི་རྩེ་མོ་ཅན། །ཞེས་པ་ནི་དགའ་བའི་བདེ་བའི་བསམ་གཏན་ནི་དང་པོའོ། །མཆོག་ཏུ་དགའ་བའི་བདེ་བའི་བསམ་གཏན་ནི་གཉིས་པའོ། །ཁྱད་པར་གྱི་དགའ་བའི་བདེ་བའི་བསམ་གཏན་ནི་གསུམ་པའོ། །ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བའི་བསམ་གཏན་ནི་བཞི་པའོ། །ཚེས་ལྔ་དང༌། ཚེས་བཅུ་དང༌། ཉ་དང༌། ཉའི་མཐར་ཐིག་ལེ་ལ་མཆོག་ཏུ་མི་འགྱུར་པའི་བདེ་བའི་བསམ་གཏན་གནས་པ་དེའི་རྩེ་མོ་མཆོག་གི་ཆ་བདེ་བ་ཡོངས་སུ་གང་བ་ཉིད་དེ། དེ་འཆང་བས་ན་བསམ་གཏན་བཞི་པའི་རྩེ་མོ་འཆང་ངོ༌། །ཤེས་བྱ་ཡེ་ཤེས་འཆར་རྟོག་པ། །དཔྱོད་པ་དེ་ཡི་སྦྱོར་བ་ཉིད། །གསུམ་པ་དགའ་བ་ལྟ་བུ་སྟེ། །བཞི་པ་བདེ་བ་བསྡུས་པ་སྟེ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་པ་བསམ་གཏན་གྱི་ཡན་ལག་ལྔ་ཀུན་ནས་ཤེས་པའི་ཕྱིར་བསམ་གཏན་ཡན་ལག་ཀུན་ཤེས་ཤིང་ངོ༌། །ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཚོགས་དང་སྟོབས་རིག་པའི་ཕྱིར་ཏིང་འཛིན་རིག་དང་རྒྱུད་རིག་པའོ། །ཏིང་འཛིན་ལུས་ཅན་ཆོས་ཀྱི་སྐུ་སྟེ། འདི་ཁོ་ན་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་དག་གི་མཆོག་གང་གི་ཡིན་པ་དེ་དེ་བཞིན་ནོ། །ཆོས་ཀྱི་སྐུ་དང་ཐ་མི་དད་པའི་ལོངས་སྤྱོད་རྫོགས་པའི་སྐུས་འཁོར་ཀུན་གྱི་དབུས་སུ་མཛེས་པས་ན་ལོངས་སྤྱོད་རྫོགས་སྐུ་


DTG015_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་གྱི་རྒྱལ་ལོ། །ལྷུན་གྱིས་གྲུབ་པ་དང་ལྡན་པའི་འགྲོ་བའི་དོན་སྣ་ཚོགས་པའི་རང་བཞིན་ཅན་གྱི་སྤྲུལ་པའི་སྐུ་ཁོ་ན་སྤྲུལ་པ་གཞན་རྣམས་ཀྱི་ནང་ན་མཆོག་གི་སྤྲུལ་པའི་སྐུ་སྟེ་སྐུའི་མཆོག་གོ །རང་བཞིན་དང་བཅས་པའི་རིགས་གསུམ་དང༌། རིགས་ལྔ་ལ་སོགས་པའི་རྒྱུད་འོད་གསལ་ཉིད་དུ་འཛིན་པའི་ཕྱིར་དེ་བཞིན་ནོ། །ཕྱོགས་བཅུར་སྦྲུལ་པ་སྣ་ཚོགས་འགྱེད་ཅིང་སྤྲོ་བ་གང་གིས་ཡིན་པ་དེ་དེ་བཞིན་ནོ། །རང་ཇི་ལྟ་བར་འགྲོ་བའི་དོན་བྱེད་པའི་ཕྱིར་ཇི་བཞིན་འགྲོ་བའི་དོན་བྱེད་པའོ། །འོད་གསལ་གའི་སེམས་རྡོ་རྗེ་ཉིད་ཀྱིས་ཁྱབ་འཇུག་གི་རང་བཞིན་གྱི་ཕྱིར་ལྷའི་དབང་པོའོ། །ཆགས་པ་ཆེན་པོའི་བདག་ཉིད་ཀྱི་ལུས་ཉིད་ཀྱིས་ཚངས་པའི་བདག་ཉིད་ཀྱི་ཕྱིར་ལྷའི་ལྷའོ། །ནོར་བུའི་ནང་དང་གཙུག་ཏོར་དུ་བགྲོད་པས་སྟོབས་ལྡན་གྱི་ངོ་བོའི་ཕྱིར་ལྷ་མིན་དབང་པོའོ། །དཔེ་མེད་པའི་གཉིས་སུ་མེད་པའི་དཔལ་གྱི་བདུད་རྩི་ཐོབ་པས་སྒྲ་གཅན་གྱི་རང་བཞིན་གྱི་ཕྱིར་ལྷ་མིན་བདག་གོ །བདག་མེད་པས་སྲུང་གི་བུ་ལ་གནས་པ་ཉིད་ཀྱིས་བརྒྱ་བྱིན་གྱི་རང་བཞིན་གྱི་ཕྱིར་འཆི་མེད་དབང་པོའོ། །ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པ་ཉིད་ཀྱིས་ཕུར་བུའི་རང་བཞིན་གྱི་ཕྱིར་ལྷའི་བླའོ། །བདེ་བ་ཆེན་པོའི་ཁུ་བ་མཆེ་བས་ཕྱོགས་གཅིག་པའི་ཕུང་པོ་ལ་སོགས་པའི་བགེགས་ཀྱི་ཚོགས་དབང་དུ་བྱས་པ་ཉིད་ཀྱིས་བགེགས་ཀྱི་བདག་པོའི་ཕྱིར་འཇོམས་བྱེད་དོ། །ལུས་དང་ངག་དང་ཡིད་གྲོལ་བའི་ངོ་བོ་སྤྱན་གསུམ་པའི་ངོ་བོའི་ཕྱིར་འཇོམས་བྱེད་དབང་ཕྱུག་པའོ། །སེམས་ཅན་ཐམས་ཅད་ལ་ཡང་དག་པའི་ཡེ་ཤེས་རབ་ཏུ་སྟོན་པ་པོ་ཉིད་ཀྱིས་སྲིད་པའི་དགོན་པ་ལས་རྒལ་བའོ། །སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་རྣམས་ལ་བདེ་བ་ཆེན་པོ་འབྱུང་བའི་སྟོན་པའི་ཕྱིར་སྟོན་པ་གཅིག་པུ་གཉིས་སུ་མེད་པའོ། །སྤྲོས་པ་ཐམས་ཅད་ཉེ་བར་ཞི་བས་རྣམ་པར་མི་གཡོ་བའི་བདེ་བའི་ཡེ་ཤེས་ལ་གནས་པའི་ཕྱིར་འགྲོ་བའི་བླ་མའོ། །འཇིག་རྟེན་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །ཕྱོགས་བཅུར་རབ་གྲགས་པ་ནི་བསོད་ནམས་ཀྱི་ཚོགས་ལ་སོགས་པས་རབ་ཏུ་གྲགས་པའོ། །དེ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་རབ་ཏུ་སྣང་བ་ཉིད་ཀྱིས་ཆོས་ཀྱི་སྦྱིན་བདག་གོ །ཆེ་བ་པོ་ནི་བརྟན་པ་དང༌། གཡོ་བའི་བདག་ཉིད་ཁྱབ་


DTG015_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བའི་སེམས་ཅན་ནི་བྱམས་པ་སྟེ། དེ་ཉིད་ལུས་ཐམས་ཅད་ལ་ཁྱབ་པའི་ཕྱིར་གོ་ཆའོ། །དེས་ཆས་པ་བཀབ་པའོ། །སེམས་ཀྱི་རྣམ་པར་གཡེང་བ་གསལ་བའི་ཕྱིར། སྔར་བརྗོད་པའི་སྙིང་རྗེའི་ཡ་ལད་ཀྱིས་བགོས་པ་བསྲུང་པའོ། །དྲི་མ་དང་བྲལ་བར་གྱུར་པ་ཕྱག་རྒྱ་ཆེན་པོ་ནི་ཤེས་རབ་སྟེ། དེ་རལ་གྲི་གང་གི་ཡིན་པ་དེ་དེ་བཞིན་ནོ། །མདའ་ཐིག་ལེ་དང༌། གཞུ་ནཱ་ད་དེ་གཉིས་སུ་མེད་པའི་ངོ་བོའི་ཕྱིར་དེ་བཞིན་ནོ། །ཆགས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་སྦྱོར་བས་འཛག་པའི་བག་ཆག་ཟ་བའི་ཕྱིར། ཉོན་མོངས་མི་ཤེས་གཡུལ་ངོ་སེལ་ལོ། །འོད་གསལ་རིན་ཆེན་གྱིས་ནོན་པའི་ལུས་ངག་སེམས་ཀྱིས་ཆགས་པ་ཉིད་ཀྱིས་བདུད་དགྲའོ། །རྡོ་རྗེའི་གདན་ཉིད་ཀྱིས་སྲོག་དང་ཐུར་སེལ་འགོག་པའི་ཕྱིར་བདུད་འདུལ་བ་སྟེ་མི་འཕམ་པའོ། །དེ་ཉིད་ཀྱི་ཕྱིར་དཔའ་བོའོ། །བྱམས་པ་ལ་སོགས་པའི་རང་བཞིན་གྱི་ཕྱིར་སད་པ་དང། རྨི་ལམ་དང༌། གཉིད་ལོག་པ་དང༌། བཞི་པ་མི་ཟད་པའི་ཕྱིར་བདུད་བཞིའི་འཇིགས་པ་སེལ་བར་བྱེད་དོ། །རང་བཞིན་གྱི་དྲི་མ་མེད་པའི་རང་བྱིན་གྱིས་བརླབ་པ་ཉིད་ཀྱིས་བདུད་ཀྱི་དཔུང་རྣམས་འཕམ་བྱེད་པའོ། །དཀྱིལ་འཁོར་དྲུག་གི་བདག་པོ་ཡིན་པའི་ཕྱིར་རྫོགས་པའི་སངས་རྒྱས་སོ། །སྲིད་པའི་འདོད་ཆགས་ཀྱི་སྲེད་པའི་དྲི་མ་སྤངས་པའི་ཕྱིར་འཇིག་རྟེན་འདྲེན་ནོ། །གྲུབ་མཐའ་ཐམས་ཅད་ཀྱི་ཕ་རོལ་དུ་སོན་པ་ཉིད་ཀྱིས་མཆོད་འོས་སོ། །གཞོམ་དུ་མེད་པའི་ནཱ་ད་ལ་བརྟེན་པའི་དམ་པའི་ཆོས་ཐམས་ཅད་གསུང་བ་ཉིད་ཀྱིས་མཆོད་པར་འོས་པའི་ཕྱིར་བསྟོད་འོས་སོ། །དགེ་བའི་སྟེགས་ཡེ་ཤེས་སུ་ཞུགས་པས་མ་རིག་པ་ལ་སོགས་པའི་དྲི་མ་བཀྲུས་པས་ལྷ་དང་བཅས་པའི་འཇིག་རྟེན་པ་རྣམས་ཀྱི་ཕྱག་བྱ་བར་འོས་པའི་ཕྱིར་ཕྱག་གི་གནས་སོ། །འདོད་པའི་ཡོན་ཏན་ལྔས་ཆོས་འབྱུང་གི་ནང་དུ་སོན་པ་ཉིད་ཀྱང་བྱང་ཆུབ་སྟེར་བ་པོ་ཉིད་ཀྱི་ཕྱིར་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་རྟག་ཏུ་རི་མོར་བྱ་བའི་འོས་སོ། །ཉོན་མོངས་པ་ལས་རྒྱལ་བ་ཉིད་ཀྱིས་ཡོན་ཏན་ཡོངས་སུ་རྫོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀུར་བར་འོས་པའི་མཆོག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཉིད་དུ་གཉིས་སུ་མེད་པའི་བདེ་བ་ཁོང་དུ་ཆུད་པའི་ངོ་བོ་


DTG015_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ཀྱི་ཕྱིར་རྗེད་པར་བྱ་བའི་མཆོག་གོ །གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་བདེ་བ་དམ་པའི་བདག་ཉིད་ཀྱི་ཕྱིར་ཕྱག་བྱར་འོས་པའོ། །སེམས་ཅན་ཐམས་ཅད་ལ་བདེ་བ་ཆེན་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སྙིང་པོ་ལ་གནས་པའི་ཕྱིར་བླ་མའི་རབ་པོ། །འཇིག་རྟེན་གསུམ་པོ་གོམ་གཅིག་གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པའི་དགའ་བའི་བགྲོད་པ་ཉམས་སུ་མྱོང་བ་འམ། དེས་བསྒྲོད་པ་ཁྱབ་པ་ནི་འདིའོ། །མཁའ་ལྟར་མཐའ་མེད་རྣམ་པར་གནོན་པ་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཀྱིས་རྩེན་པ་གང་གི་ཡིན་པ་དེ་དེ་བཞིན་ནོ། །སྣང་བ་མེད་པ་འཕོ་བའི་ངོ་བོ་ཞེས་པའི་མཐར་རོ། །རིག་པ་གསུམ་པོ་འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུག་པ་པོ་གང་གི་ཡིན་པ་དེ་དེ་ཉིད་གསུམ་རིག་གོ །ཐོས་པ་ཙམ་གྱིས་ཀྱང་མཆོག་ཏུ་བདེ་བར་བྱེད་པ་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཙང་མའོ། །བཞི་པའི་ངོ་བོས་རྟག་ཏུ་འབྱུང་བའི་ཕྱིར་དག་པ་ནི་དག་པའོ། །དེ་གཟུང་བ་དང༌། འཛིན་པ་གཅིག་པ་ཉིད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཅན་ཡིན་པའི་ཕྱིར་མངོན་ཤེས་དྲུག་ལྡན་ནོ། །འཁོར་ལོ་དྲུག་གི་ཏིང་ངེ་འཛིན་ལ་ཞུགས་པས་སྤྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་དྲན་པའི་ངོ་བོ་ཉིད་ཀྱི་ཕྱིར་རྗེས་དྲན་དྲུག་གོ །ཆོས་ཐམས་ཅད་ཆགས་པ་མེད་པ་ཐེག་པ་ཆེན་པོའོ། །དོན་ཁོང་དུ་ཆུད་པའི་ཕྱིར་བྱང་ཆུབ་སེམས་དཔའོ། །དཔག་ཏུ་མེད་པའི་སེམས་ཅན་ཚིམ་པར་བྱེད་པའི་ཕྱིར་སེམས་དཔའ་ཆེན་པོའོ། །བསམ་གྱིས་མི་ཁྱབ་པའི་འདོད་ཡོན་ལྔ་ལ་ཉེ་བར་སྤྱོད་པའི་བདེ་བས་སེམས་ཅན་འདོན་པའི་ནུས་པ་ཆེན་པོ་དང་ལྡན་པའི་ཕྱིར་རྫུ་འཕྲུལ་ཆེན་པོའོ། །འཇིག་རྟེན་པའི་ཀུན་དུ་རྟོག་པ་དང་བྲལ་བའི་ཕྱིར་འཇིག་རྟེན་འདས་སོ། །ཟླ་བ་བཟང་པོ་ཉིད་ཀྱིས་དམིགས་པ་དང་བྲལ་བའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པའི་མཐའོ། །ཤེས་རབ་ཀྱིས་ནི་དེ་ཉིད་ཕྱག་རྒྱ་ཆེན་པོའི་རང་བཞིན་ཐོབ་པ་རྙེད་པའོ། །སྤྲོས་པ་ཐམས་ཅད་ལས་འདས་པ་ཉིད་ཀྱིས་ནམ་མཁའི་ངོ་བོའི་ཕྱིར་བདག་རིག་གོ །རང་གཞན་དག་གཉིས་སུ་མེད་པར་ཁོང་དུ་ཆུད་པའི་ཕྱིར་གཞན་རིག་གོ །དངོས་པོ་མ་ལུས་པའི་རང་བཞིན་ཡང་དག་པར་མཐོང་བའི་ཕྱིར་


DTG015_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐམས་ཅད་པའོ། །དངོས་པོ་དང་དངོས་མེད་དག་གཉིས་སུ་བྱར་མེད་པ་རྟོགས་པས་ཕན་པའི་ཕྱིར་ཀུན་ལ་ཕན་པའོ། །བདེ་བ་ཆེན་པོའི་བདག་ཉིད་ཀྱིས་ཡེ་ཤེས་ཀྱི་སྐུའི་ཕྱིར་གང་ཟག་མཆོག་གོ །ཆོས་ཀྱི་སྐུ་དཔེ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་འཇིག་རྟེན་པའི་དཔེ་ལས་འདས་པའོ། །ལྷན་སྐྱེས་ཉིད་དུ་སོ་སོར་རང་གིས་རིག་པར་བྱ་བའི་ཕྱིར་ཤེས་པར་བྱའོ། །བདེ་བ་འཛིན་པ་པོ་ཉིད་ཀྱིས་ཡེ་ཤེས་ཀྱི་བདག་པོའི་ཕྱིར་ཤེས་པའི་བདག་པོའོ། །དེ་ཉིད་ཀྱི་ཕྱིར་མཆོག་གོ །སྣོད་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པའི་ཆོས་སྟེར་པའི་ཕྱིར་ཆོས་ཀྱི་སྦྱིན་བདག་སྟེ། ཡིད་ཀྱང་གཏོང་བའི་ཕྱིར་ཆོས་ཀྱིས་སྦྱིན་བདག་ཉིད་ཀྱི་གཙོ་བོའོ། །ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་གི་ཕྱག་རྒྱའི་དོན་སྟོན་པས་གསལ་བར་བྱེད་པའོ། །ཕྱག་རྒྱ་བཞི་པའི་དོན་སྟོན་པ་ཉིད་ཀྱི་ཕྱིར། ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི་ས་ལ་སྤྱོད་པ་དང༌། མཁའ་ལ་སྤྱོད་པ་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་དུ་གཉེར་བ་རྣམས་ལ་འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག་གོ །ཕྱག་རྒྱ་བཞིའི་ཉེ་བར་བསྟན་པ་གསུངས་པ་ཡང་འདི་ལྟ་སྟེ། ལས་དང་ཡེ་ཤེས་ཕྱག་རྒྱ་ཆེ། །དམ་ཚིག་ཅེས་གྲགས་འོད་གསལ་ཏེ། །རྒྱུ་དང་བསྒོམ་བྱ་དེ་བཞིན་དུ། །ཐོབ་བྱ་བཞི་པ་འཇིག་པ་མེད། །རྒྱུ་ཞེས་བྱ་བ་ནི། དང་པོ་ལས་ཀྱི་ཕྱག་རྒྱ་ལས་བྱུང་བའི་ལྷན་ཅིག་སྐྱེས་པ་མི་འཛག་པའི་བདེ་བ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱི་གསུང་རབ་ལས་གསུངས་པ་དེ་ཡང་བདེན་པ་ཉིད་དེ། འོན་ཀྱང་ཀུན་རྫོབ་འཇིག་རྟེན་པའི་དཔེས་མེ་ལོང་ལྟ་བུ་སྟེ། དོན་དམ་པར་ནི་མ་ཡིན་ནོ། །དེ་ཕྱིར་ལས་ཀྱི་ཕྱག་རྒྱ་དབང་པོ་རྣོན་པོའི་གཟུང་བྱ་མ་ཡིན་ནོ། །ལས་ཀྱི་ཕྱག་རྒྱ་ཡང་ནུ་མ་དང་སྨྲ་དང་ལྡན་པའི་འདོད་པའི་ཁམས་ཀྱི་བདེ་བའི་རྒྱུའོ། །ལས་ནི་འོ་བྱེད་པ་དང༌། འཁྱུད་པ་དང༌། གསང་བར་རེག་པ་དང༌། རྡོ་རྗེ་བསྐྱོད་པ་ལ་སོགས་པའི་བྱ་བའི་བདག་ཉིད་དེ། དེས་ཉེ་བར་མཚོན་པའི་ཕྱག་རྒྱ་ནི་རྐྱེན་བྱེད་པའོ། །འདིར་རྐྱེན་ནི་འགྱུར་པའི་བདེ་བའི་མཚན་ཉིད་དོ། །མུ་དྲ་ནི་བདེ་བའི་ཁྱད་པར་ཏེ། རཱ་ཏི་དགའ་བ་སྟེར་བར་བྱེད་པས་ན་མུ་དྲའོ། །བསྒོམ་བྱ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་ཡང་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་སྣ་ཚོགས་ཡུམ་ལ་སོགས་པའི་


DTG015_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷ་མོའི་རང་བཞིན་སྔར་ཉམས་སུ་མྱོང་བ་གཟུགས་ཀྱི་ཁམས་ཀྱི་བདེ་བའི་རྒྱུའོ། །ཡེ་ཤེས་དགོད་པ་དང་རྩེན་པ་ལ་སོགས་པའི་བསྒོམ་པའི་མཚན་ཉིད་དེ། །རྐྱེན་ནི་འདིར་འབབ་པའི་བདེ་བའི་མཚན་ཉིད་དོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ལྷའི་རྣམ་པ་སྦྱངས་ཏེ། ཆོ་ག་ཇི་ལྟ་བས་དཀྱིལ་འཁོར་འཁོར་ལོ་གསལ་བར་བྱས་ནས་བསྲུབ་ཅིང་བསྲུབ་པའི་སྦྱོར་བས་ཡེ་ཤེས་ཀྱི་མེ་རབ་ཏུ་སྤར་ལ། ཇི་སྲིད་བསྲེགས་པས་རི་བོང་ཅན་ཧཾ་འཛག་པ་དཔྲལ་བ་ནས་མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། རྡོ་རྗེ་པདྨའི་ལྟེ་བའི་རྩེ་མོར་ཏེ། བྱང་སེམས་ཀྱི་གཟུགས་ཀྱིས་ཡུལ་དང༌། དབང་པོ་མཐའ་དག་བདེ་བ་ཆེན་པོ་རྒྱ་མཚོའི་གནས་སུ་གཅིག་ཏུ་འདྲེས་པར་བྱས་ཏེ། དེའི་རང་བཞིན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་གནས་པར་བྱས་ཏེ། ཇི་སྲིད་དཔལ་ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར་པ་དེ་སྲིད་དུའོ། །ཐོབ་བྱ་ཞེས་པ་ཕྱག་རྒྱ་ཆེན་པོ་སྟེ། རྨི་ལམ་དང་མིག་འཕྲུལ་དང༌། ཡིད་ཀྱི་རང་བཞིན་ལྟ་བུ་ཆེན་པོ་ཡང་འདི་ཡིན་ལ། ཕྱག་རྒྱ་ཡང་ཡིན་པས་ཏེ། ཆེན་པོ་སླར་ཡང་འདི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉིད་དེ། ཕྱོགས་གཅིག་པ་མ་ཡིན་པ་དང༌། བྱང་སེམས་རྡོ་རྗེ་འདིས་རྒྱས་གདབ་པར་བྱ་བས་ན་ཕྱག་རྒྱའོ། །རྐྱེན་ནི་འདིར་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བས་དུ་བ་ལ་སོགས་པའི་མཚན་མ་སྔོན་དུ་འགྲོ་བ་ཅན་རང་གི་སེམས་ཀྱི་སྣང་བ་རྣལ་འབྱོར་པའི་བགྲོད་བྱ་པྲ་ཕབ་པ་ལྟ་བུའོ། །ཇི་སྲིད་དམ་ཚིག་གི་ཕྱག་རྒྱ་མངོན་སུམ་དུ་བྱ་བའི་བར་དེ་ལ་འཁྱུད་པར་བྱའོ། །འཇིག་པ་མེད་པར་མཆོག་ཏུ་མི་འགྱུར་པའི་རང་བཞིན་ཏེ། དེ་ཡང་འབྲས་བུའི་ངོ་བོ་ཕྱག་རྒྱ་ཆེན་པོའོ། །མུ་དྲ་མཆོག་ཏུ་མི་འགྱུར་པའི་བདེ་བའི་མཚན་ཉིད་ཀུན་ནས་བརྟེན་པ་དུས་ཐམས་ཅད་དུ་མི་གཡོ་བའི་སྦྱོར་བས་གང་བའི་གནས་སྐབས་ཀུན་ནས་ལེན་པས་ན་མུ་དྲའོ། །ཆེན་པོ་ཡང་འདི་ཡིན་ཏེ་སྤངས་པ་ཆེ་བ་ཉིད་དང༌། རྟོགས་པ་ཆེ་བ་ཉིད་ཀྱིས་སོ། །དེ་ལ་སྤངས་པ་ཆེ་བ་ནི། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་མཚན་ཉིད་ངོ་བོ་ཉིད་ཅེས་བྱ་བ་འོད་གསལ་མངོན་དུ་བྱེད་པའི་མཚན་ཉིད་དོ། །རྟོགས་པ་ཆེ་བཞི་ཡོངས་སུ་དག་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བདག་ཉིད་ཟུང་འཇུག་ཅེས་བྱ་བ་མངོན་སུམ་དུ་བྱེད་པའི་རང་བཞིན་ནོ། །གང་ཡང་


DTG015_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོན་ཀའི་ཉིན་གུང་གི་ནམ་མཁའ་དྲི་མ་མེད་པ་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་པའི་འོད་གསལ་མངོན་སུམ་དུ་བྱས་པ་ཁོ་ན་སངས་རྒྱས་ཀྱི་ཆོས་མཐའ་དག་རྟོགས་པ་སྟེ། འགྲོ་བ་མ་ལུས་པའི་དོན་སྒྲུབ་པའི་གཟུགས་ཀྱིས་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཆོས་རྣམས་ཀྱི་གནས་ནི་སྐུ་སྟེ། ཆོས་ཀྱི་སྐུའོ་ཞེས་འཆད་པ་དེ་ལ་ནི་མི་སྣང་བར་ཡང་རྟོགས་པའི་རྣམ་པར་གཞག་པ་ལ་བུམ་པ་སྣང་བར་སྣམ་བུ་ལ་སོགས་པ་རྟོགས་པར་ཐལ་བ་བཟློག་པར་དཀའོ། །འོ་ན་ནི་གྲངས་ཅན་པའི་ལྟ་བ་སྐྱོན་མེད་པར་འགྱུར་རོ། །གཞན་ཡང་བརྟགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྒྱུ་མ་དང༌། རྨི་ལམ་དང༌། དྲི་ཟའི་གྲོང་ཁྱེར་དང༌། ཕྲ་ཕབ་པ་བཞིན་དུ་མཐོང་བ་ནི་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་དང༌། རང་བྱིན་གྱིས་བརླབ་པ་ཞེས་བརྗོད་དོ། །ཀུན་རྫོབ་ཀྱི་བདེན་པ་ཁོ་ན་དོན་དམ་པའི་བདེན་པ་འོད་གསལ་ཡོངས་སུ་དག་པ་མེ་ལོང་ལ་སོགས་པའི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པ་བརྟེན་པ་ལྷའི་ཚོགས་དང༌། གཞལ་ཡས་ཁང་ལ་སོགས་པ་རྟེན་དཀྱིལ་འཁོར་ཏེ། དེ་ཉིད་ནི་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཉིད་དུ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་གསུངས་པ་ཉིད་དེ་སངས་རྒྱས་ཀྱི་ཆོས་མཐའ་དག་གི་རང་བཞིན་ཉིད་དུ་ཡང་ངོ༌། །བདེན་པ་གཉིས་པོ་དེ་ཉིད་རྣམ་པ་གཉིས་སུ་མེད་པའི་རང་བཞིན་ནི་ཟུང་འཇུག་ཅེས་བྱ་བར་བརྗོད་དེ། དེའི་ཕྱིར་ཟུང་འཇུག་གི་སྐུ་ཁོ་ན་ཆོས་ཀྱི་སྐུ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་དག་ལས་ཐ་དད་དུ་གྱུར་པ་རྣལ་འབྱོར་པས་སོ་སོ་རང་གིས་རིག་པར་བྱ་བའོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། གང་ཞིག་གཅིག་མིན་དུ་མ་མ་མིན་པ། །ཞེས་པ་ལ་སོགས་པས་ཆོས་ཀྱི་སྐུའི་མཚན་ཉིད་དང༌། འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ། །ཅེས་པ་ལ་སོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སེམས་ཅན་རྣམས་ནི་སྨིན་པར་བྱ་ཕྱིར། །ཞེས་པ་ལ་སོགས་པས་སྤྲུལ་པའི་སྐུ་དང༌། འཇིག་རྟེན་གསུམ་གྱི་ཀུན་སྤྱོད་ལས་གྲོལ། །ཞེས་པ་ལ་སོགས་པས་བདེ་བ་ཆེན་པོའི་སྐུའི་མཚན་ཉིད་གསུངས་སོ། །རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས་ཀྱང༌། གཟུགས་


DTG015_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་ནི་མཆོག །སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་སྐུ་རབ་ཏུ་གྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་སྐུ་མི་འགྱུར་མཆོག །ཅེས་གསུངས་སོ། །དེ་བཞིན་དུ་ཡང་ཆ་བཅུ་དྲུག་པ་ཁོང་དུ་ཆུད་པ་གཞན་གྱི་སེམས་ཤེས་པ། །སྒྲ་བརྙན་དང་མཚུངས་པ་སྒྲ་རྟོགས་པ་གཟུགས་མ་ལུས་པར་ཡང་དག་པར་མཐོང་བའི་ཡེ་ཤེས་ཀྱི་མཚན་ཉིད་སྐུ་བཞིའི་རང་བཞིན་དུ་རིག་པར་བྱ་སྟེ། དེ་སྐད་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་ཀྱང༌། ཤེས་རབ་མ་ཡིན་ཐབས་མིན་ལྷན་ཅིག་སྐྱེས་པའི་སྐུ་འདི་ཆོས་ཀྱི་སྐུར་ནི་འགྱུར་པ་ཡིན། །ཤེས་རབ་ཐབས་ཀྱི་རང་བཞིན་མུན་པ་རྣམས་དང་བྲལ་བ་ཡེ་ཤེས་རྣམ་ཤེས་དབྱེ་བ་ལས། །སྒྲ་བརྙན་དང་མཚུངས་སེམས་ཅན་དུ་མའི་དོན་དག་བྱེད་པོ་འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ། །སེམས་ཅན་རྣམས་ནི་སྨིན་པའི་རྒྱུ་རུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་སྐུར་འགྱུར། །ཞེས་གསུངས་སོ། །འདིས་ནི་ལུས་དང་ངག་དང་སེམས་དང༌། ཡེ་ཤེས་ཀྱི་རྣམ་པར་དག་པ་ཕྱག་རྒྱ་བཞི་གསུངས་སོ། །དཔལ་དང་པོའི་སངས་རྒྱས་ལས། །འགྱུར་ཞིང་འགྱུར་པ་དེ་ནས་འཛག །མི་འཛག་དྲི་མ་མེད་པ་གཞན། །པདྨར་རྡོ་རྗེ་བཅུག་པས་རྩེ་མོ་ཅན་དང་རླུང་ལས་ཐིགས་པ་ལྷུང་བ་གསུམ་པའོ། །རྣལ་འབྱོར་གསུམ་པོ་འདི་དག་ངེས་པ་ཁོ་ནར་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའོ། །ཆགས་དང་ཆགས་བྲལ་ཐོག་མཐར་སོན་པ་མཆོག་གི་བདེ་སྟེར་རྣལ་འབྱོར་བགྲོད་བྱ་བཞི་པའོ། །ཕྱག་རྒྱ་རྣམས་ཀྱི་མ་དེ་རྣམ་པ་བཅུ་པོར་འགྱུར་ཏེ་འདི་ནི་དཔལ་ལྡན་བླ་མའི་ཞལ། །ཞེས་གསུངས་སོ། །དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང༌། ལས་ཀྱི་ཕྱག་རྒྱ་མཉམ་བསྟེན་ནས། །ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསྒོམ། །དེ་ནས་གོང་དུ་ཕྱག་རྒྱ་ཆེ། །དེ་ཡི་དམ་ཚིག་འབྱུང་བར་འགྱུར། །ཞེས་གསུངས་པའོ། །གཞན་དུ་ཡང༌། ཐར་པ་དཔལ་མོ་མི་འཇིགས་བདེ་བ་དགེ །ལང་ཚོ་དགའ་མ་བཅོམ་ལྡན་མ་དེ་དོར། །ཕལ་ཆེར་སྔོན་དུ་བསགས་པའི་དྲག་ཤུལ་ལས། །གང་གི་བདུད་རྩི་དོར་ནས་དུག་འཐུང་བྱེད། །ཅེས་གསུངས་སོ། །དང་པོའི་


DTG015_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་ལས་ཀྱང༌། །ཕྱག་རྒྱ་བཞི་པོ་མི་འགྱུར་བདེ་བའི་འབྲས་བུ་སྟེར་བ་འདི་རྣམས་རྣལ་འབྱོར་པ་ཡིས་བསྒོམ། །ཀུན་དུ་དུས་ཀུན་དུ་ནི་དགའ་བའི་ཆགས་པ་ལ་གནས་འཇིག་རྟེན་ལམ་ལས་རབ་གྲོལ་བས། །གྲོང་དང་དགོན་པ་དུར་ཁྲོད་མ་དག་པ་དང་དག་པའི་གནས་དང་ཁྱིམ་དང་ལྷ་ཡི་གནས་དག་ཏུ། །རིགས་དང་རིགས་མིན་དང་བྲལ་ལུས་ཀྱི་སྟོབས་དང་བདེ་སྟེར་བཟའ་བཏུང་ལ་སོགས་དང་ལྡན་པས། །ཞེས་གསུངས་སོ། །དོན་གྱི་དམ་པའི་ཡེ་ཤེས་ཀྱི་རྣམ་དག་དཔལ་གཉིས་སུ་མེད་པའི་བློ་གང་གི་ཡིན་པ་དེ་དེ་བཞིན་ནོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཕྱིར་འཇིག་རྟེན་གསུམ་ན་སྐལ་བཟང་ངོ༌། །ཁྱབ་པའི་ཕྱིར་ཁྱབ་པའོ། །རྣལ་འབྱོར་མ་ཐམས་ཅད་ཀྱི་ཡིད་དུ་འོང་བའི་རིན་པོ་ཆེ་མི་འཛག་པའི་ཕྱིར་དཔལ་ལྡན་ནོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་འབྱོར་པ་ཀུན་བྱེད་པའོ། །ཆོས་ཐམས་ཅད་གཉིས་སུ་མེད་པའི་བདག་ཉིད་ཅན་གྱི་ཕྱིར་འཇམ་དཔལ་གཉིས་སུ་མེད་པའི་དཔལ་ཏེ་ཡེ་ཤེས་ཀྱི་སྐུ་ཉིད་ཀྱི་ཕྱིར་དཔལ་དང་ལྡན་པའི་མཆོག་གོ །འདི་ནི་སྒྲིབ་པ་མེད་པའི་ཆ་བཅོ་ལྔའི་རྣམ་པར་དག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དུ་གྱུར་པ་བྱ་བ་བྱེད་པའི་མཚན་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་བཅོ་ལྔ་བཤད་པའོ། །འདི་ལྟར་ཡང༌། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྒོ་ནས་སྐྱེ་བའི་རིམ་པ་ངེས་པར་བསྟན་ཏོ། །བར་བར་དུ་བཟློག་ནས་བསྟན་པ་ནི་མན་ངག་སྦ་བའི་དོན་དུའོ། །ཡང་གཞོམ་དུ་མེད་པའི་ནཱ་ད་རྒྱས་པ་ཉིད་ཀྱིས་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་དུ་སྣང་བས་སྡུད་པ་པོས་དེ་ཁོ་ན་བཞིན་དུ་བྲིས་པའོ།། །།

བཅུ་གཅིག་པ། ཚིགས་སུ་བཅད་པ་ལྔས་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཀྱི་བསྟོད་པ་གསུངས་པ།


DTG010_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་མཆོག་སྦྱིན་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས། བཅོམ་ལྡན་འདས་དེ་ཁོ་ན་ཡེ་ཤེས་ལྔའི་སྒོ་ནས་བསྟོད་པ་གསུངས་ཏེ། དེ་ལ་མཆོག་སྦྱིན་རྡོ་རྗེ་ལ་སོགས་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་སོ། །སངས་རྒྱས་ཆགས་པ་ལ་སོགས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །སངས་རྒྱས་འཛུམ་པ་ལ་སོགས་པས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་སོ། །མེད་པ་ལས་བྱུང་ཞེས་པ་ལ་


DTG015_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་སོ། །སྒྱུ་འཕྲུལ་དྲ་བ་ལ་སོགས་པས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་ཏེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པའི་རང་བཞིན་དུ་ཞེས་པའི་དོན་ཏོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་རྒྱུ་སྟེ། །ལྷག་མས་ནི་འབྲས་བུའོ། །དེ་བཞིན་དུ་ཡང་རྒྱུའི་ཡེ་ཤེས་དང༌། རྐྱེན་གྱི་ཡེ་ཤེས་དང༌། གདན་གྱི་ཡེ་ཤེས་དང༌། བསྒོམ་པའི་ཡེ་ཤེས་དང༌། གྲོལ་པའི་ཡེ་ཤེས་ཏེ་རྒྱུ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རྐྱེན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །གདན་སོ་སོར་རྟོག་པའི་ཡེ་ཤེས་སོ། །བསྒོམ་པའི་ཡེ་ཤེས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །འགྲོ་བའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་བཞིན་དུ་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མཚོན་ཏེ། དེས་ན་རྩ་བའི་རྒྱུད་དུ་ཡེ་ཤེས་རྣམ་པ་ལྔའི་བསྟོད་པའི་ཚིགས་སུ་བཅད་པ་ལྔས་རྣམ་པ་ལྔ་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། སྟོང་པར་དངོས་པོའི་ཚོགས་པ་ནི། །བརྟགས་པའི་གཟུགས་ནི་རྣམ་སྤངས་པ། །པྲ་ཕབ་ལྟ་བུར་མཐོང་འགྱུར་ཏེ། །མེ་ལོང་གཞོན་ནུ་མ་ཡི་བཞིན། །ཞེས་པ་འཇིག་རྟེན་ལས་འདས་པའི་བདེན་པ་གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དངོས་པོ་ཐམས་ཅད་མཉམ་གྱུར་ནས། །གཅིག་གི་དངོས་པོར་འགྱུར་མེད་གནས། །མི་འགྱུར་ཡེ་ཤེས་ལས་བྱུང་བ། །ཆད་པ་མ་ཡིན་རྟག་པ་མིན། །ཞེས་པ་ཚོར་བའི་ཕུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡི་གེ་འདུ་ཤེས་ཀུན་དག་ཉིད། །ཨ་ཡི་རྣམ་པའི་རིགས་ལས་བྱུང༌། །ཡི་གེ་ཆེན་པོའི་གོ་འཕང་ཐོབ། །འདུ་ཤེས་ཅན་མིན་འདུ་ཤེས་མིན། །ཞེས་པ་འདུ་ཤེས་ཀྱི་ཕུང་པོ་སོ་སོར་རྟོག་པའི་ཡེ་ཤེས་སོ། །མ་སྐྱེས་པ་ཡི་ཆོས་རྣམས་དང༌། །འདུ་བྱེད་དག་དང་བྲལ་རྣམས་སུ། །བྱང་ཆུབ་ཉིད་མིན་སངས་རྒྱས་མིན། །སེམས་ཅན་མ་ཡིན་འཚོ་བ་མིན། །ཞེས་པ་འདུ་བྱེད་ཀྱི་ཕུང་པོ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པ་རྙོག་པ་མེད། །རང་བཞིན་གྱིས་ནི་འོད་གསལ་ཆོས། །ཆོས་ཀྱི་དབྱིངས་ཀྱི་ཚུལ་རྟོགས་པ། །


DTG015_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་རྣམ་པར་ཤེས་པའི་ཕུང་པོ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་བཞིན་དུ་སྡུད་པའི་རྒྱུད་དུ་ཡང༌། །ཚིགས་སུ་བཅད་པ་བརྒྱ་དང་གཅིག་ལ་སོགས་པ་གསུམ་གྱིས་འཁོར་ལོ་ལ་སོགས་པའི་མཚན་མ་ལ་སོགས་པ་དེ་བཞིན་གཤེགས་པའི་ཕུང་པོའི་མཚན་ཉིད་གསུངས་པ་འདི་ལྟ་སྟེ། འཁོར་ལོ་ཀུན་ནས་གསལ་བ་སྲིད་གསུམ་བདེ་བ་རིན་ཆེན་འདི་ཡིས་ཆགས་པ་ཉིད་པདྨ། །ཉོན་མོངས་ཟད་པ་རལ་གྲི་དེ་ནས་རྡོ་རྗེ་ཡང་ནི་ཡེ་ཤེས་སྐུ་སྟེ་དབྱེར་མེད་པ། །མི་ཤེས་གཅོད་པ་གྲི་གུག་མཆོག་གི་རིགས་དྲུག་དག་ཀྱང་འདི་རྣམས་ཀྱིས་ནི་བསྐྱེད་པ་གང༌། །དེ་ཡང་འདི་ལྟར་རིག་པར་བྱ་སྟེ་མཁའ་བཞིན་རོ་མཉམ་ཕུང་པོ་ཁམས་དང་སྐྱེ་དབང་སོགས། །གང་དུ་ངེས་པ་རིགས་ཀྱི་གཟུགས་ནི་འཇིག་པར་འགྱུར་པ་དེ་ནི་གཟུགས་ཆེན་དག་ཏུ་གསུངས། །གང་གི་འཁོར་བའི་སྡུག་བསྔལ་འཇིག་པ་ཉིད་དུ་འགྱུར་པ་དེ་ནི་ཚོར་བ་ཆེན་པོར་གསུངས། །གང་གིས་འཁོར་བའི་འདུ་ཤེས་འཇིག་པ་ཉིད་དུ་འགྱུར་པ་དེ་ནི་འདུ་ཤེས་རྡོ་རྗེ་ཆེ། །གང་དུ་འཁོར་བ་འཕེལ་བ་འཇིག་པ་ཉིད་དུ་འགྱུར་པ་དེ་ནི་འདུ་བྱེད་རྡོ་རྗེ་ཉིད། །གང་དུ་སད་སོགས་གནས་སྐབས་འཇིག་པ་ཉིད་དུ་འགྱུར་པ་དེ་ཡང་རྣམ་པར་ཤེས་པར་གསུངས། །གང་དུ་མི་ཤེས་དངོས་པོར་འཇིག་པ་ཉིད་དུ་འགྱུར་པ་དེ་ནི་ཐུབ་པའི་ཡེ་ཤེས་ཉིད། །འདི་རྣམས་པར་རྣམ་པར་སྣང་མཛད་ལ་སོགས་རྒྱལ་མཆོག་དམ་པ་རྣམ་པ་དྲུག་རྣམས་རིགས་དྲུག་སྟེ། གཞན་ནི་ཁམས་དྲུག་དབྱེ་བས་དང་མེ་དང་ཆུ་དང་རླུང་དང་ནམ་མཁའ་ཞི་བ་རྣམས། །ཞེས་གསུངས་སོ། །དོན་ནི་དགའ་བ་བཞིའི་རང་བཞིན་གྱི་ཕྱིར་མཆོག་སྦྱིན་རྡོ་རྗེ་མཆོག་ཅེས་བོས་པའོ། །བདེ་བ་ལ་ལོངས་སྤྱོད་པའི་གཞི་ཡིན་པས་ཡང་དག་མཐར་འགྱུར་རོ། །བདེ་བ་སྟོང་པ་ལ་སོགས་པ་ཉིད་ཀྱིས་སྟོང་ཉིད་ལས་བྱུང་ངོ༌། །དཔེའི་ཚུལ་གྱིས་སངས་རྒྱས་བྱང་ཆུབ་པོ། །འོད་གསལ་དུ་ཞུགས་པ་འདུད་དོ། །ཆགས་པ་ཆེན་པོའི་ངོ་བོའི་ཕྱིར་སངས་རྒྱས་ཆགས་པའོ། །དགའ་བྲལ་ཉིད་ཀྱི་ཆོས་ཀྱི་སྐུའི་ཕྱིར་སངས་རྒྱས་སྐུའོ། །སངས་རྒྱས་འདོད་ལ་ཞེས་འདོན་པ་ནི་སངས་རྒྱས་ཀྱིས་འདོད་པར་བྱ་བས་སོ། །སྟོང་པ་ཉིད་ཀྱི་སྙིང་པོ་ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་ཉིད་


DTG015_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་སངས་རྒྱས་དགྱེས་པའོ། །གཉིས་སྤངས་པས་གཉིས་སུ་མེད་པའི་བདེ་བའི་དགའ་བ་རྙེད་པས་སངས་རྒྱས་རོལ་པ་སྟེ། འདི་དག་གིས་རྐྱེན་གྱི་ཡེ་ཤེས་གསུངས་སོ། །བདེ་བའི་བདག་ཉིད་ཀྱི་ཡེ་ཤེས་སྟོན་པའི་སྦྱོར་བ་ལས་སངས་རྒྱས་འཛུམ་པའོ། །ལྷན་ཅིག་སྐྱེས་པའི་གཏུམ་མོའི་སྣང་བས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ཁྱབ་པའི་ཕྱིར་སངས་རྒྱས་བཞད་པའོ། །ལས་ཀྱི་ཕྱག་རྒྱའི་སྒོ་ནས་ཀྱང་ཨ་ཝ་དྷཱུ་ཏཱིའི་གནས་ཐོབ་པའི་སྲོག་ལ་སོགས་པའི་རླུང་ཉིད་ཀྱིས་གཞོམ་དུ་མེད་པའི་ནཱ་ང་རྒྱས་པའི་ངོ་བོ་ཉིད་ཀྱི་ཕྱིར་སངས་རྒྱས་གསུང་ཉིད་དོ། །ཆོས་ཀྱི་སྐུ་དང་ཐ་མི་དང་པའི་ལོངས་སྤྱོད་རྫོགས་པ་ཉིད་ཀྱིས་སངས་རྒྱས་ཐུགས་སོ། །སྟོང་པ་ཉིད་ལས་བྱུང་བའི་སྐུ་བཞིའི་ཕྱིར་མེད་པ་ལས་བྱུང་ངོ༌། །ངོ་བོ་ཉིད་ཀྱི་ཕྱིར་སངས་རྒྱས་འབྱུང་བའོ། །རང་བྱུང་གི་ངོ་བོའི་ཕྱིར་ནམ་མཁའ་ལས་བྱུང་ངོ༌། །བཞི་ལས་འདས་ཤིང་ཡོད་པ་དང་མེད་པ་ལས་འདས་པའི་རང་གིས་རིག་པར་བྱ་བའི་ཕྱིར་ཡེ་ཤེས་ལས་བྱུང་ངོ༌། །སྒྱུ་འཕྲུལ་ཆེན་མོ་ལས་བྱུང་བའི་མཆོག་ཏུ་བདེ་བ་ཉིད་ཀྱི་ཕྱིར་སྒྱུ་འཕྲུལ་དྲ་བའོ། །ལྷན་སྐྱེས་ཀྱིས་ཁྱབ་པའི་བརྟན་གཡོའི་བདག་ཉིད་ཀྱི་ཕྱིར་སངས་རྒྱས་རོལ་སྟོན་ནོ། །ཐམས་ཅད་དུ་བོད་པའོ། །དགའ་བ་བཅུ་དྲུག་གི་ངོ་བོ་ཉིད་ཀྱིས་མང་པའི་ཕྱིར་ཐམས་ཅད་ཐམས་ཅད་དོ། །ཀུན་དུ་བཟང་པོའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུའི་གཙོ་བོའི་ཕྱིར་ཡེ་ཤེས་སྐུ་ཉིད་དོ། །དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་ལྔའོ།། །།

བཅུ་གཉིས་པ། ཕན་ཡོན་གྱི་ཚིག་རྐང་རྣམས་ཅུང་ཟད་བཤད་པ།


DTG010_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཕན་ཡོན་གྱི་ཚིག་རྐང་རྣམས་ཀྱང་ཅུང་ཟད་བཤད་པར་བྱ་སྟེ། འདི་ནི་ཞེན་པ་མངོན་སུམ་དུ་ཉམས་སུ་མྱོང་བཞིན་པའི་བདེ་བ་རྟོགས་པ་ཉིད་ཀྱིས་སོ། །འོད་གསལ་གྱི་ཕྱིར་ཡེ་ཤེས་ཀྱི་སྐུའོ། །མཚན་ཡང་དག་པར་བརྗོད་པ་འདི་ནི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའོ། །རྟག་ཏུ་ལྷན་སྐྱེས་དག་པའི་རང་བཞིན་ཉིད་ཀྱི་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཀྱང་ཉོན་མོངས་པ་དང་མ་འདྲེས་པའི་ཕྱིར་ཡོངས་སུ་དག་པ་མ་འདྲེས་པའོ། །ལམ་བླ་ན་མེད་པའི་ངོ་བོའི་ཕྱིར་དགའ་བ་བླ་ན་མེད་པའོ། །ཉམས་སུ་མྱོང་བཞིན་པའི་མཚན་ཉིད་ཀྱི་ཕྱིར་དང་པོའོ། །ཡིད་ཆེས་པ་བརྟན་པའི་ཕྱིར་མགུ་བ་ཆེན་པོ་བླ་ན་མེད་པའོ། །བྱང་


DTG015_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་རྡོ་རྗེའི་རང་བཞིན་ཉིད་ཀྱིས་ལུས་དང་ངག་དང་ཡིད་ཀྱི་གསད་པའོ། །དམ་པའི་ཆོས་ཀྱི་ཚུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཡང་དག་པར་གཟུང་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་ཉིད་རྟོགས་པའོ། །སྦྱོར་བ་ཡན་ལག་དྲུག་གི་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་བྱང་སེམས་རྡོ་རྗེ་རབ་ཏུ་བཤད་པའི་ཕྱིར་བསྟན་པ་ལ་སོགས་པའི་ཚིག་དྲུག་གོ །བྱིན་གྱིས་བརླབ་པ་ནི་བརྟན་པར་བྱེད་པའོ། །འཁོར་ལོ་དྲུག་ལ་གནས་པའི་ཕྱིར་རེ་ཞིག་འཁོར་ལོ་དང་པོའི་ཕན་ཡོན་ནོ། །རང་བཞིན་གྱི་འོད་གསལ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་བཞི་པའི་ཡེ་ཤེས་ཉམས་སུ་མྱོང་བའོ། །མངོན་པར་རྟོགས་པ་ནི་འོད་གསལ་སྣང་བ་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པའོ། །ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་པ་ནི་རྣམ་པ་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་རོ། །སྟོབས་བཅུའི་སྟོབས་ཉིད་ནི་དུ་བ་ལ་སོགས་པའི་མཚན་མ་བཅུའི་སྟོབས་དང་ལྡན་པའི་ཕྱིར་རོ། །བདེ་བ་ཆེན་པོ་ཉིད་དུ་འོང་བའི་ཕྱིར་ལུང་ངོ༌། །ལྷུན་གྱིས་གྲུབ་པ་རྟོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་ཡང་དག་པར་གྲུབ་པའོ། །སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་དྲི་མ་མེད་པའོ། །སྟོང་པ་ཉིད་ཀྱི་ཕྱིར་སྤྲུལ་པའི་སྐུའི་སངས་རྒྱས་ཀྱི་གཟུགས་མཐོང་བའི་སྐྱེ་གནས་སོ། །རྩའི་འཁོར་ལོ་ཡོངས་སུ་དག་པའི་དག་ཉིད་ཀྱི་ཕྱིར་ཞིང་ངོ༌། །འབྲས་བུའི་ངོ་བོ་གནས་པའི་ཕྱིར་གཞིའོ། །ཀུན་རྫོབ་ཐེག་པ་ཆེན་པོ་དང་དམ་པ་རྡོ་རྗེ་ཐེག་པའི་སྤྱོད་པ་མི་འགལ་བའི་ངོ་བོའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །མཐར་ཐུག་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་མཐའོ། །དེ་ཁོ་ན་ཉིད་བརྟག་པའི་གནས་ཡིན་པའི་ཕྱིར་བརྟག་པའོ། །ངེས་པར་འབྱུང་བ་ཁྱད་པར་དུ་འཕགས་པའི་ཐབས་ཡིན་པའི་ཕྱིར་སྐྱེ་བའི་གནས་སོ། །ལྷུན་གྱིས་གྲུབ་པས་དེ་བཞིན་གཤེགས་པའི་མཛད་པ་བྱེད་པའི་ཕྱིར་གདུང་མི་འཆད་པའོ། །འོད་གསལ་བྱིན་གྱིས་བརླབས་པའི་ཕྱིར་རབ་ཏུ་འཕེལ་བའོ། །ཁྱབ་བྱེད་ཡིན་པའི་ཕྱིར་སྡུད་པའོ། །བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་ཏོ། །ཤེས་རབ་ལ་སོགས་པས་བསམ་གཏན་རྣམ་པ་ལྔའི་ངོ་བོ་ཉིད་ཀྱི་ཕྱིར་བསམ་


DTG015_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཏན་ནོ། །ཡེ་ཤེས་ཙམ་ཉིད་གཞི་ཡིན་པའི་ཕྱིར་རྣལ་འབྱོར་རོ། །རྣམ་པར་རྟོག་པ་རྣམས་སྣང་བ་མེད་པའི་ཕྱིར་སྤོང་བའོ། །ཆགས་པ་ལ་སོགས་པའི་འཆིང་བ་དང་བྲལ་བའི་རྒྱུ་ཡིན་པའི་ཕྱིར་གྲོལ་བའོ། །ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ཕྱིར་ཐར་པའོ། །ལྷན་ཅིག་སྐྱེས་པའི་བདེ་བ་ལ་གནས་པའི་ཕྱིར་ཞི་བའོ། །འོད་གསལ་ཉིད་ཀྱི་འབྱུང་གནས་སོ། །རྒུད་པ་ཐམས་ཅད་ནི་སྐྱོན་ཐམས་ཅད་དོ། །ངན་སོང་གི་སྒོ་ཐམས་ཅད་དེ་དམྱལ་བ་དང༌། ཡི་དགས་དང༌། དུད་འགྲོ་སྟེ་ངན་འགྲོ་ཐམས་ཅད་དོ། །ཁ་གཅོད་དང་འདྲ་བའི་ཕྱིར་འགེབས་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡིན་པའི་ཕྱིར་ལམ་བཟང་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་འཆད་པའི་ཕྱིར་མི་འཇུག་པའོ། །སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱུ་ཡིན་པའི་ཕྱིར་བསྐོར་བའོ། །རྡོ་རྗེ་ཐེག་པ་ཉིད་ཀྱིས་ཉན་ཐོས་ལ་སོགས་པ་ལས་རྣམ་པར་རྒྱལ་བའི་ངོ་བོའི་ཕྱིར་གདུགས་དང༌། རྒྱལ་མཚན་དང༌། བ་དན་བསྒྲེང་བའོ། །རྣལ་འབྱོར་བརྟན་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་གནས་སོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་སྔགས་ཀྱི་ཚིག་ཀློག་པ་ལ་སོགས་པ་རྣམས་ཀྱིས་མྱུར་དུ་གྲུབ་པ་འཐོབ་པའོ། །མངོན་སུམ་དུ་བྱེད་པའི་ངོ་བོའི་ཕྱིར་བསྒོམ་པ་ལ་སོགས་པར་བརྩོན་པ་རྣམས་ཀྱིས་རྟོགས་པའོ། །སྟོང་པ་ཉིད་ཀྱི་བྱེ་བྲག་གྲུབ་པའི་མཐའི་ངོ་བོ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་སོ་སོར་རྟོགས་པའོ། །འབྲས་བུ་དང་རྒྱུའི་བདག་ཉིད་ཀྱིས་གཉིས་སུ་མེད་པ་སོ་སོར་རྟོག་པར་མངོན་པར་བརྩོན་བ་རྣམས་སོ། །རྣམ་པར་མི་རྟོག་པ་སོ་སོར་རྟོག་པའི་ངོ་བོ་ཉིད་ཀྱི་ཕྱིར་ཡོངས་སུ་དག་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱིར་ཆོས་ཐམས་ཅད་སེམས་རྩེ་གཅིག་གིས་རྟོགས་པའོ། །མཚན་མ་ངན་པ་འཆི་བའི་མཚན་མ་ལ་སོགས་པ་དང༌། ལྷའི་བུ་ལ་སོགས་པ་ཕག་པའི་མངལ་དུ་སྐྱེས་པའི་ཕྱིར་དྲི་ངན་པ་ལ་སོགས་པའི་ལྟས་ངན་པའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་བསྒོམས་པ་ཉིད་ཀྱིས་བདུད་ཀྱི་དགྲའི་ལས་རིང་དུ་སྤོང་བར་བྱེད་པའོ། །ཏིང་ངེ་འཛིན་ཐམས་ཅད་ཐོབ་པའི་ཕྱིར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཐམས་ཅད་


DTG015_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མི་སྐྱེ་བར་བྱེད་པའོ། །སྙེམས་པའི་སེམས་ཀྱི་སྤྱོད་པ་རྒྱགས་པའོ། །ཧ་ཅང་ང་རྒྱལ་ཆེ་བ་ནི་དྲེགས་པའོ། །བདག་གིར་འཛིན་པ་ནི་ངར་འཛིན་པའོ། །སྡུག་བསྔལ་ནི་ལུས་ཀྱིའོ། །ཡིད་མི་བདེ་བ་ནི་སེམས་ཀྱིའོ། །དེ་བཞིན་གཤེགས་པ་དེས་པར་འབྱུང་བའི་ཕྱིར་སྙིང་པོར་གྱུར་པའོ། །མཆོག་ཏུ་སྦ་བར་བྱ་བའི་ཕྱིར་གསང་བར་གྱུར་པའོ། །གསང་སྔགས་ཀྱི་ཚུལ་གྱི་རིམ་པ་ཁོ་ནས་བསྟན་པའི་ཕྱིར་གསང་ཆེན་དུ་གྱུར་པའོ། །ནམ་པར་རྟོག་པ་མེད་པའི་ལས་ཀྱི་ཕྱག་རྒྱལ་སོགས་པ་བསྟེན་པའི་རྒྱུའི་ཕྱིར་ཕྱག་རྒྱ་དང༌། གསང་སྔགས་ཐམས་ཅད་དུ་གྱུར་པའོ། །ནད་མེད་པ་ནི་ནད་དང་བྲལ་བ་ཉིད་དོ། །སྟོབས་ནི་ལུས་ཀྱི་ནུས་པའོ། །དབང་ཕྱུག་ནི་གླང་ཆེན་ལ་སོགས་པའོ། །ཕུན་སུམ་ཚོགས་པ་ནི་ནོར་དང་འབྲས་བུ་ལ་སོགས་པའོ། །དཔལ་ནི་གཉིས་སུ་མེད་པའི་ཕྱིར་རོ། །དགེ་བ་ནི་དགེ་བ་བཅུ་གཙོ་བོ་ཡིན་པའི་ཕྱིར་རོ། །ཞི་བ་ནི་རྣལ་འབྱོར་གོམས་པའི་ཕྱིར་རོ། །ལེགས་པ་ནི་ཐོག་མ་དང་བར་དང་ཐ་མར་བཀྲ་ཤིས་པའི་ཕྱིར་རོ། །གྲགས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་རབ་ཏུ་གང་བའི་ཕྱིར་རོ། །སྙན་པ་ནི་དབང་ལ་སོགས་པ་རབ་ཏུ་བསྟན་པའི་ཕྱིར་རོ། །ཚིགས་སུ་བཅད་པ་ནི་སངས་རྒྱས་ཉིད་སྟེར་བ་པོའི་ཕྱིར་རོ། །བསྟོད་པ་ནི་ལམ་སྟེར་བས་སོ། །ཤིན་ཏུ་རྣམ་པར་དག་པ་ནི་བསོད་ནམས་ཀྱི་ཚོགས་རྫོགས་པས་སྤྲོས་པའི་དྲི་མ་ཐམས་ཅད་བཀྲུས་པའི་ཕྱིར་རོ། །ཤིན་ཏུ་དག་བྱེད་ནི་ཡེ་ཤེས་ཀྱི་ཚོགས་བསགས་པ་ཉིད་ཀྱིས་སྙིང་གི་གནས་ངན་ལེན་གསལ་བའི་ཕྱིར་རོ། །མུ་སྟེགས་པ་ལ་སོགས་པའི་ཤེས་པ་ལ་སངས་རྒྱས་ཀྱི་ཆོས་འཇོག་པ་པོ་ཉིད་ཀྱི་ཕྱིར་ཤིན་ཏུ་བཀྲ་ཤིས་པའོ། །མགོན་མེད་པ་རྣམས་ཀྱི་སྐྱབས་སུ་གྱུར་པས་སྐྱབས་སོ། །དགའ་བའི་རྒྱུའི་ཕྱིར་གནས་སོ། །རང་རང་གི་ཆོས་ཀྱིས་སྐྱོབ་པར་འདོད་པ་རྣམས་བསྐྱབ་པའི་ཕྱིར་སྐྱོབ་པའོ། །ཡོངས་སུ་སྐྱོབ་བྱེད་དང་བྲལ་བ་རྣམས་ཀྱི་དཔུང་གཉེན་ནོ། །མྱ་ངན་ལས་འདས་པའི་གྲོང་ཐོབ་པའི་ཕྱིར་གྲིར་ངོ༌། །ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་ནི་ནད་ཐམས་ཅད་དོ། །རྣམ་པ་ཐམས་ཅད་རྣམས་པ་མེད་པའི་སྟོང་བ་ཉིད་སྟོན་པས་ཡེ་ཤེས་ཀྱི་སྣང་


DTG015_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའོ། །སྤྱན་ལྔ་ནི་ཤའི་སྤྱན་ལ་སོགས་པའོ། །གཟུང་བ་དང་འཛིན་པ་མེ་དཔའི་ཕྱིར་གཉིས་སུ་མེད་པའོ།། ཨ་ཝ་དྷཱུ་ཏཱིར་སོན་པ་ཉིད་ཀྱིས་སྒྲོ་འདོགས་ཐམས་ཅད་དང་བྲལ་བའི་ཕྱིར་ཆོས་ཉིད་དོ། །རང་བཞིན་མེད་པའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ཉིད་དོ། །གསང་སྔགས་ཀྱི་སྒོ་ནས་ཐོས་པ་དང༌། བསམ་པ་དང༌། བསྒོམ་པའི་སྤྱད་པ་སྤྱོད་པས་ན་དེ་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་རིགས་ལས་བྱུང་བ་རྣམས་མིང་ཁོ་ན་གཙུག་གི་ནོར་བུ་ནི་མིང་གི་གཙུག་གི་ནོར་བུའོ། །སངས་རྒྱས་ཀྱི་ཡོན་ཏན་མཚང་བ་མེད་པ་དང་ལྡན་པའི་ཕྱིར་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཆོས་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པས་མ་ཉམས་པའོ། །ལྷག་ཆད་མེད་པས་ཟིལ་གྱིས་ནོན་པར་མི་ནུས་པའོ། །གཞུང་དང༌། དོན་འཆང་བ་དང༌། དཀྱིལ་འཁོར་སྔོན་དུ་འགྲོ་བས་གླེགས་བམ་ཀློག་པ་དང༌། སེམས་པས་ཀུན་ཆུབ་པར་བྱེད་པ་དང༌། བསྒོམས་པས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །མདངས་དང༌། སྟོབས་དང༌། གཟི་བརྗིད་ཟིལ་གྱིས་མི་ནོན་པ་ཟིལ་གྱིས་མནན་པར་བྱ་བ་མ་ཡིན་པ་ཉིད་དོ། །གཟི་བརྗིད་ཟིལ་གྱིས་མི་ནོན་པ་ནི། །གཟི་བརྗིད་ནང་དུ་འཕྲོ་བ་ནོར་བུ་བདག་ཉིད་ཆེན་པོའོ། །ཕྱིར་བཟློག་པ་ནི་གཉེན་པོར་གྱུར་པའོ། །སྙིགས་མ་ལྔ་ནི་སེམས་ཅན་དང༌། །ལྟ་བ་དང༌། བསྐལ་བ་དང༌། ཚེ་དང༌། ཡོ་བྱད་ཀྱི་མཚན་ཉིད་དོ། །དྲི་ངས་དང༌། སྐུར་བ་དང༌། སྨད་པའི་ཚིག་སྔོན་དུ་འགྲོ་བས་མི་སྙན་པ་བརྗོད་པའོ། །ཡིད་དུ་འོང་བ་ནི་ཡིད་དུ་འཐད་པའོ། །ཕྱོགས་བཅུར་དམ་པའི་ཆོས་ཀྱི་རྔ་སྒྲ་རྒྱུན་མི་འཆད་པར་སྒྲོགས་པ་གང་ཡིན་པ་དེ་ལྟ་བུ་ཆོས་ཀྱི་རྒྱལ་པོ་ཞེས་པ་ཆོས་ཀྱི་རྒྱལ་སྲིད་ཀྱི་བདག་པོར་འགྱུར་རོ་ཞེས་འབྲེལ་བའོ། །

བཅུ་གསུམ་པ། སྔགས་བརྗོད་པ།


DTG010_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨོཾ་སརྦྦ་དྷ་རྨྨཱ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཨ་ཨཱ། ཨཾ་ཨཿ་པྲ་ཀྲྀ་ཏི་པ་རི་ཤུདྡྷཿ་སརྦྦ་དྷ་རྨྨཱཿ་ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་ད་ཡེ་ཏ་ཨཾ་ཨཱཿ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿ་བྷ་ག་བཱན་ཛྙཱ་ན་མཱུ་རྟི། བཱ་གཱི་ཤྭ་ར་མ་ཧཱ་བཱ་ཙ། སརྦྦ་དྷརྨྨ་ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷ་རྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ་འདི་ནི་དང་པོ་དང༌། བར་དང༌། ཐ་མར་བྱིན་གྱིས་བརླབ་པའི་སྔགས་སོ། །དེ་ལྟར་ཡང༌། ཨའི་རྣམ་པ་བྱང་


DTG015_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆུབ་ཀྱི་སེམས་སོ། །ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རང་བཞིན་ཨའི་རྣམ་པའོ། །སངས་རྒྱས་ཉིད་མཚོན་པ་ཨཾ་གི་རྣམ་པའོ། །མྱ་ངན་ལས་འདས་པ་ཆེན་པོ་གསལ་བར་བྱེད་པ་ཨའི་རྣམ་པའོ། །ཡེ་ཤེས་ཀྱི་སྐུ་བྱིན་གྱིས་རློབ་པ་པོ་ཨའི་རྣམ་པའོ། །ལུས་དང་སེམས་དང་ངག་བྱིན་གྱིས་རློབ་པ་པོ་ཨོཾ་ཧཱུཾ་ཧྲིའི་ཡི་གེའོ། །བརྟན་དང་གཡོ་བའི་ངོ་བོའི་དངོས་པོ་རྣམས་ཆོས་རྣམས་ཀྱི་དབྱིངས། ངག་གི་དབང་ཕྱུག་གི་བདག་ཉིད་ཅེས་པའོ་དོན་ཏོ། །ཆོས་ཀྱི་སྐུ་རྒྱས་གདབ་པའི་དོན་དུ་ཨཿའི་རྣམ་པ་ཐམས་ཅད་བརྗོད་དོ། །

བཅུ་བཞི་པ། རྗེས་སུ་ཡི་རང་བ་བརྗོད་པ།


DTG010_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཤེས་པ་དེ་མ་ཐག་ཏུའོ། །གང་གིས་དང་པོར་གསོལ་བ་བཏབ་པའི་དཔལ་ལྡན་རྡོ་རྗེ་འཆང་དེས། གསང་བསྟོད་ནས་ནི་ཚིག་འདི་གསོལ། །ཞེས་འབྲེལ་པའོ། །དེ་ཉིད་ཀྱི་ཚེ་བདེ་བ་སྐྱེས་པས་དགའ་ཞིང་ངོ༌། །སླད་ནས་དགའ་བ་སྐྱེས་པས་མགུ་ནས་སོ། །ཡང་དག་རྫོགས་པའི་བྱང་ཆུབ་ཐོབ་པའི་ལེགས་པའི་ལམ་སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་ཚུལ་བསྟན་ཅིང་བཤད་པའོ། །དོན་ཆེན་རང་བཞིན་གྱི་དོན་འབྱུང་བའི་རྒྱུན་ནོ། །ལམ་འདི་ཡང་སངས་རྒྱས་རྣམས་ཀྱི་ཡུལ་ཏེ་སྤྱོད་ཡུལ་ཡིན་གྱི་གཞན་གྱི་མ་ཡིན་ནོ་ཞེས་གནས་སོ། །རྡོ་རྗེས་མཚན་དཔལ་ཕྱག་ན་སྙིང་པོ་བཅོམ་ལྡན་འཇིག་རྟེན་དབང་ཕྱུག་འགྲེལ་ཆེན་རྗེས་སུ་འགྲོ། །ལེགས་བསྔགས་དོན་ཟབ་དག་ལ་བརྟེན་ཅིང་རྨད་བྱུང་ཁ་ཆེའི་དཀའ་འགྲེལ་རྒྱས་པ་དབང་པོར་ལྡན། །སྣ་ཚོགས་རྒྱུད་ཀྱི་གསང་ཆེན་རྣམ་པར་གཡོ་ལྡན་གདམས་པ་སྣ་ཚོགས་བདུད་རྩིས་རྒྱས་གྱུར་པ། །ཉི་མའི་དཔལ་གྱིས་མདོར་བཤད་འདི་ནི་དམ་པ་རྣམས་ཀྱི་སེམས་ལ་ཀུན་ནས་རྒྱས་གྱུར་ཅིག །མདོར་བཤད་བདུད་རྩིའི་ཐིགས་པ་མ་འཁྲུགས་ཤིང༌། །ཡིད་འོང་བརྩམས་ལས་བདག་གིས་བསོད་ནམས་ནི། །གང་ཞིག་ཐོབ་པ་དེ་ཡིས་འགྲོ་བ་རྣམས། །གཉིས་མེད་བདེ་བདག་དང་ལྡན་གྱུར་ཅིག །དཔལ་མཚན་ཡང་དག་པར་བརྗོད་པའི་མདོར་བཤད་བདུད་རྩིའི་ཐིགས་པ་ཞེས་བྱ་བ། དངོས་གྲུབ་བརྙེས་པའི་སློབ་དཔོན་པཎྜི་ཏ་ཆེན་པོ་གནས་བརྟན་ཉི་མའི་དཔལ་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ནོར་བུ་དཔལ་ཡེ་ཤེས་དང༌། བླ་མ་རྗེ་བཙུན་རྡོ་རྗེ་འཆང་


DTG015_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོ་དཔལ་ཉི་མའི་དབང་པོའི་འོད་ཟེར་གྱི་ཞལ་སྔ་ནས། ལོ་ཙཱ་བ་ཆག་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་བདུད་རྩིའི་ཐིགས་པ་སྒྲོན་མ་གསལ་བ་ཞེས་བྱ་བ།
ཨ་ནུ་པ་མ་རཀྵི་ཏས་མཛད།

ལེའུ་དང་པོ། ཚིགས་སུ་བཅད་པ་བཅུ་དྲུག་གིས་ཞུས་པའི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG015_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཨཱ་ཪྻ་མཉྫུ་ཤྲའི་ནཱ་མ་སཾ་གི་ཏི་ཨ་མྲྀ་ཏ་བིནྡུ་པྲ་ཏི་ཨཱ་ལོ་ཀ་བྲྀ་ཏྟི་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་བདུད་རྩིའི་ཐིགས་པ་སྒྲོན་མ་གསལ་བ་ཞེས་བྱ་བ། འཇམ་དཔལ་ལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡུལ་དང་ཡུལ་ཅན་མཁའ་འདྲ་རང་བཞིན་ཅན། །ཉི་ཟླ་མུན་པའི་ལམ་ཞུགས་མདའི་ཡིས་གཡོ། །ས་མཐའ་ལས་བྱུང་ཆུ་ཡིས་ཀུན་དུ་ཁྱབ། །བདེ་གཤེགས་འཇམ་དབྱངས་དེ་ལ་བདག་ཕྱག་འཚལ། །བླ་མའི་ཞལ་ལས་བརྒྱུད་པ་ཡི། །བདུད་རྩི་ཐིགས་པ་ལྟ་བུ་འདི། །དང་པོ་སངས་རྒྱས་ལེགས་འོངས་པ། །མཚན་བརྗོད་མན་ངག་བྲི་བར་བྱ། །དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དང༌། །སྣ་ཚོགས་རྒྱུད་དོན་གཉེར་བ་ཡི། །འཇིག་རྟེན་པ་དང་འཇིག་རྟེན་འདས། །ས་གའི་བཅོ་ལྔ་ལ་འདུས་སོ། །དེ་དུས་སྟོན་པས་འགྲོ་ཀུན་དུ། །ཆོས་དབྱིངས་ངག་གི་དབང་ཕྱུག་གི །དཀྱིལ་འཁོར་སྤྲོས་པ་འབྲས་སྤུངས་ཡིན། །དེ་ཡི་ཕྱི་དང་ནང་དག་ཏུ། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཆེ། །དང་པོ་སངས་རྒྱས་དཀྱིལ་འཁོར་སྤྲོས། །ལྷ་ལ་སོགས་པ་ཐམས་ཅད་ལ། །དབང་བསྐུར་བྱིན་ཏེ་རྒྱུད་སྡེ་བཞི། །སྙིང་པོའི་རྒྱུད་དང་ལྔ་པོ་དག །རྡོ་རྗེ་འཆང་གིས་རྒྱས་པར་གསུངས། །སྙིང་པོའི་སྙིང་པོ་འདི་ཡིན་ནོ། །བསྡུས་ཏེ་མཁའ་འགྲོ་མ་རྣམས་ཀྱིས། །རང་རང་གནས་སུ་རྒྱས་གདབ་པོ། །སྙིང་པོའི་སྙིང་པོ་འདི་དེ་ནི། །འགྲོ་བའི་དོན་དུ་འཛམ་བུའི་གླིང༌། །བྱེ་བ་ཕྲག་བརྒྱར་ཀླགས་གྲུབ་ཏུ། །རབ་ཏུ་གྲགས་སོ་འདི་ཡི་དོན། །ཟབ་ཅིང་གཏིང་དཔག་དཀའ་བ་ནི། །སུས་ཀྱང་ཤེས་པ་མ་ཡིན་ཏེ། །ཟླ་བ་བཟང་པོས་དྲི་མེད་བཤད། །དེ་དོན་རིགས་ལྡན་རྣམས་ལ་ནི། །བདག་གིས་རབ་ཏུ་དགྲོལ་བར་བྱ། །འདི་ལ་བཅུ་བཞིར་གསུངས་པ་ཡང༌། །བཅུ་གསུམ་དོན་ལྡན་སྒྲ་ཡི་དབྱིངས། །གཅིག་ནི་ཀུན་གྱིས་བསྔགས་པའོ། །དེ་ཉིད་ཕྱིར་ན་འདིར་མི་འཆང༌། །བཤད་པར་བྱ་བ་བཅུ་གསུམ་ནི། །ཞུས་དང་གསུངས་དང་གཟིགས་པ་དང༌། །


DTG015_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒྱུ་འཕྲུལ་དྲ་བས་རྡོ་རྗེ་དབྱིངས། །ཆོས་དབྱིངས་མེ་ལོང་སོ་སོར་རྟོག །མཉམ་ཉིད་བྱ་གྲུབ་རྒྱུད་བསྡུས་པ། །སྔགས་དང་རྗེས་སུ་ཡི་རང་དང༌། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །དེ་ལས་དང་པོ་ཐོག་མར་ནི། །ཞུས་པ་བཅུ་དྲུག་བསྟན་པར་བྱ། །འཐད་པ་སྟོན་པ་ཆོས་ཀྱི་སྐུ། །ཛཱ་ལནྡྷ་རའི་ཐ་ཡིག་ལས། །ཞུ་པོ་ཏྲི་ཤ་ཀུ་ནེ་ཡི། །ཨ་ཡིག་རྐྱེན་པས་ཆོས་ཀུན་འབྱུང༌། །ཨེ་ཝཾ་མ་ཡཱ་ཞེས་བཤད་པ། །དེ་ཉིད་རྡོ་རྗེའི་བཙུན་མོ་ཡི། །བྷ་ག་ལ་བཞུགས་དེ་ཉིད་དོ། །དེ་ཡང་བཤད་པ། དེ་ནས་རྡོ་རྗེ་འཆང་དཔལ་ལྡན། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །འཇིག་རྟེན་གསུམ་ལས་རྒྱལ་བས་དཔའ། །གསང་དབང་རྡོ་རྗེ་དབང་ཕྱུག་པོ། །ཞེས་པ། ཨ་ཡི་རྣམ་པ་བདག་མེད་པ། །རབ་ཏུར་མི་གནས་སྟོན་པ་ཉིད། །རྣམ་པ་ཐམས་ཅད་བྲལ་བའོ། །ཐ་ཡི་རྣམ་པ་མི་བསྐྱོད་པ། །དམིགས་མེད་སྙིང་རྗེ་ཆེན་པོ་ལ། །སྣ་ཚོགས་དངོས་རྣམས་སྣང་བའོ། །རྡོ་རྗེ་གཉིས་མེད་སྦྱོར་བ་དང༌། །སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །ཟག་གསུམ་འཛག་པ་མེད་པའོ། །འཆང་བ་ཟུང་འཇུག་དེ་ཉིད་ནི། །ལྷན་ཅིག་འཛིན་པས་འཆང་བར་བརྗོད། །དེ་ཡང་དུས་ཀྱི་འཁོར་ལོ་ལས། །བསམ་པ་ཐམས་ཅད་ཡོངས་བཏང་ནས། །སྟོང་པར་རྩེ་གཅིག་ཡིད་བྱེད་པ། །ཉི་མ་གཅིག་ཏུ་བརྟགས་ན་ཡང༌། །གལ་ཏེ་ཡིད་ཆེས་མ་གྱུར་ན། །དེ་ཚེ་ང་ཡི་བརྗུན་གྱི་ཚིག །ཅེས་པས་དམ་བཅའ་གསུངས་པའོ། །རྟགས་གསུམ་དང་པོ་བར་ཐ་མ། །དང་པོ་དུ་སོགས་ལྔ་ཐོབ་པ། །གཉིས་པ་སྟོང་དང་བརྒྱ་བརྒྱ་འགགས། །ཐ་མར་ཉི་ཁྲི་ཆིག་སྟོང་དང༌། །དྲུག་བརྒྱ་འགགས་པས་རྫོགས་སངས་རྒྱས། །དཔལ་ནི་དེ་ལས་རང་དོན་གཞན། །དམ་པ་གཉིས་ནི་འབྱུང་བའམ། །ཡང་ན་གཉིས་མེད་སྦྱོར་ལྡན་པས། །རིལ་བུ་བུམ་པ་མཆིལ་ལྷམ་དང༌། །ས་འོག་མཁའ་སྤྱོད་རྐང་མགྱོགས་དང། གནོད་སྦྱིན་མོ་དང་བཅུད་ཀྱིས་ལེན། །དེ་ལ་སོགས་པ་དཔག་མེད་མཆོག །གདུལ་དཀའ་ཡན་ལག་བཞི་པའི་དཔུང༌། ཁྱད་པར་ལྟ་བའི་ཚོགས་ཆེན་བོ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང༌། །སྟོང་དང་བརྒྱད་བརྒྱ་སུམ་བརྒྱ་དང༌། །དྲུག་ཅུའི་དམག་དཔུང་གདུལ་དཀའ་བའོ། །ཅི་


DTG015_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་ཉིན་མཚན་གནོད་བྱེད་ཕྱིར། འདུལ་བ་དྲུག་སོགས་དཔག་མེད་ཀྱང༌། །ཀུན་གྱིས་ཐུལ་བ་མ་ཡིན་ཏེ། །མཆོག་ཏུ་མི་འཛག་ཡེ་ཤེས་ཆེ། །འདུ་བྱེད་རྣམས་ཀྱི་མཆོག་ཡིན་ནོ། །དེ་ནི་གང་ལས་རྙེད་ཅེ་ན། །བུམ་པ་གཏུམ་མོ་ལྷན་ཅིག་སྐྱེས། །ཡན་ལག་དྲུག་གིས་ལུས་བཅིངས་པའོ། །དེ་ཡང་དུས་ཀྱི་འཁོར་ལོ་ལས། །བྱེད་དང་བཅིངས་པའི་སྦྱོར་བ་ཡིས། །ས་གསུམ་པོ་ཡང་འགྲུབ་པར་འགྱུར། །ཞེས་གསུངས་སོ། །འཇིག་རྟེན་གསུམ་གྱི་སྒོ་གསུམ་པོ། །རྒྱལ་བ་རང་ལུས་བདེ་སྟོང་རྒྱས། །ཁྲོ་རྒྱུ་ཅན་ལས་ཐག་བསྲིངས་པ། གསང་བ་གསང་བ་ལྔ་ཡིན་ཏེ། །དེ་ཡང་རྡོ་རྗེ་ཐེག་པ་ལས། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མ་བྱིན་པ་ཡང་བླང་བར་བྱ། །གཞན་གྱི་བུད་མེད་བསྟེན་པར་བྱ། །བརྫུན་གྱི་ཚིག་ནི་སྨྲ་བ་ཡིན། །མྱོས་པར་གྱུར་པའི་ཁུ་བ་བཏུང༌། །དེ་ལྟར་སྤྱད་ན་གྲོལ་བར་འགྱུར། །ཞེས་པ་རླུང་ནི་སྲོག་ཡིན་ལ། །དེ་འགོག་བྱེད་པ་སྲོག་ཆགས་གསོད། །གཞན་གྱི་བུད་མེད་རང་ལུས་མཛེས། །རང་གིས་གྲུབ་པ་རྣམ་པར་དག །མ་བྱིན་ཧཾ་ལས་ཐིག་ལེ་ལེན། །སེམས་ཅན་ཐམས་ཅད་བསྒྲལ་ལོ་ཞེས། །བརྫུན་གྱི་ཚིག་ནི་སྨྲ་བ་ཡིན། །བདེ་བ་ཕྱག་རྒྱའི་ཁུ་བ་ནི། །རྟག་ཏུ་བཏུང་བར་བྱ་བ་ཡིན། །དེ་ལྟར་མིན་པར་དངོས་སྤྱོད་པས། །རྡོ་རྗེ་དམྱལ་བར་ངེས་པར་འཚེད། །དགོངས་པའི་སྐད་ཀྱིས་བསྟན་པ་ཡིན། །དབང་པོ་དབང་པོ་ལྔ་ཡིན་ཏེ། །དད་པ་དྲན་པ་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་ལྡན་པ་ཡིས། །རྡོ་རྗེ་ཐེག་པའི་ལམ་བསྒྲུབ་པའོ། །རྡོ་རྗེ་གསང་ལྡན་དབང་ལྔ་ལྡན། །དེ་ཉིད་ཕྱིར་ན་དེ་དབང་ཕྱུག །རྣམ་པར་རྒྱས་པ་རྡོ་རྗེའི་ལུས། །མི་ཡི་འགྲོ་བ་མཆོག་ཡིན་ནོ། །པདྨ་རྩལ་དཀར་པོ་ནི། །ཐིག་ལེ་ནམ་མཁའི་ཁམས་གནས་པའོ། །སྤྱན་ནི་གསལ་བར་སྣང་བ་སྟེ། །རྟགས་དང་ཡེ་ཤེས་ནོར་བུ་བརྟན། །སྣ་ཚོགས་པདྨོ་རྩ་ཡི་དབྱིབས། །གདན་ལ་བཞུགས་ནི་སྐྱེ་མཆེད་དག །རང་གི་ལག་ནི་རོ་རྐྱང་གཉིས། །རྡོ་རྗེའི་མཆོག་ནི་གཉིས་མེད་མ། །རྣམ་གྲངས་མངལ་བརྟེན་ནས་ནི། །ཉམས་སུ་མྱོང་བར་བྱ་བའི་ཕྱིར། །གསོར་བར་བརྩོན་འགྲུས་གཉེན་པོ་ཡིས། །ཡང་དང་ཡང་དུ་བྱེད་ཅེས་པ། །ཉམས་སུ་མྱོང་བར་བྱེད་པའོ། །


DTG015_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྲོ་གཉེར་དཔྲལ་བའི་ཐིག་ལེ་ལ། །རིམ་པར་ལྡན་སོགས་བཅུ་དྲུག་ཕྱེད། །ཉམས་སུ་མྱོང་བས་ཡེ་ཤེས་འཕེལ། །ལག་ན་རྡོ་རྗེ་གཉེན་ཡེ་ཤེས། །ཐབས་ཆེན་མཐའ་ཡས་རྙེད་པ་ཡིས། །ཉོན་མོངས་རྣམ་དག་གདུལ་དཀའ་འདུལ། །དེ་འདུལ་དཔའ་བོ་རྣམས་ཀྱིས་ནི། །ཕྲིན་ལས་གཅིག་གོ་ཞེས་བརྗོད་པའོ། །དཔའ་བོ་དེ་འཇོམས་ཕྱིར་ན་དཔའ། །འཇིགས་སུ་རུང་བའི་ཉན་རང་སོགས། །འདོད་ཡོན་སྤྱོད་ལ་སྐྲག་པའོ། །གཟུགས་ནི་གནོད་སྦྱིན་དེས་མི་ཐུབ། །མི་ཐུང་བྱིས་པའི་ལུས་འཆང་བ། །ཞེ་སྡང་མི་བསྐྱོད་རྡོ་རྗེ་ཉིད། །ཅེས་གསུངས་སོ། །རྡོ་རྗེ་ལུས་ལ་རྩེ་མོ་ནི། །སྤྱི་བོའི་ཧཾ་དང་བུམ་པའི་ཨ། །རབ་འཕྲོ་བ་ནི་ཡར་མར་གཤེགས། །རང་གི་ལག་ནི་ཡན་ལག་དྲུག །གསོར་བྱེད་པ་ནི་སྲོག་རྩོལ་སོགས། །གོང་ནས་གོང་དུ་གོམས་བྱེད་པའོ། །དེ་ཡང་དགོས་པ་ཅིའི་ཕྱིར། །སྙིང་རྗེའི་དོན་ནི་བྱང་ཆུབ་སེམས། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། །ཇི་སྲིད་སེམས་ཅན་འཁོར་གནས་སུ། །གནས་པར་གྱུར་པའི་བར་དག་ཏུ། །དཔལ་མཆོག་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པ་ཡིན། །དེ་ཕྱིར་སེམས་དཔའ་དམ་པ་ནི། །སྲིད་པའི་ཞགས་པས་རྟག་མི་འཇིགས། །སྲིད་བདེ་སྨོན་པ་དགག་པའི་ཕྱིར། །རྟག་ཏུ་འདོད་ཆགས་རབ་མྱོས་པས། །རྟོགས་པ་རྒྱས་པས་སྨིན་པར་མཛད། །ཅེས་གསུངས་སོ། །ད་ལྟའི་རྣལ་འབྱོར་དབང་ཕྱུག་ཆེ། །ཤེས་རབ་མི་རྟོག་ཆོས་ཀྱི་དབྱིངས། །ཡང་ན་ལས་དང་ཡེ་ཤེས་གཉིས། །ལན་ནི་བཅོས་མ་ཡེ་ཤེས་མཆོག། དེ་ལྟའི་འཐད་པ་འདི་ཉིད་དེ། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །འདོད་ཆགས་ཆེན་པོ་རྗེས་ཆགས་པ་འམ། །སོ་སོར་སྡུད་དང་ལྷ་ཡི་ཡུམ། །དེ་ལ་བརྟེན་ནས་རྟོགས་པའོ། །དགའ་དང་བདེ་བའི་ཡེ་ཤེས་ཉིད། །མགུ་བ་མི་ངོམས་སྤངས་པའོ། །རངས་པ་དེ་ཡི་ལུས་སེམས་ཚིམ། །བཏང་སྙོམས་ཅན་ནི་ཐར་པ་འདོད། །འཁོར་བ་སྤོང་སོགས་གཉིས་རྟོག་མེད། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །ཞེས་པ་སྟོང་པ་ཁྲོ་བོ་ལ། །ཆགས་བྲལ་ཡེ་ཤེས་ལྷན་སྐྱེས་གཟུགས། །དེ་ཡང་སངས་རྒྱས་ཐོད་པ་ལས། །དངོས་པོ་ཐམས་ཅད་སྐྱེད་པར་བྱེད། །


DTG015_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོང་པས་བཤིག་པར་བྱེད་པས་ཏེ། །བཤིག་ཕྱིར་དྲག་པོ་ཁྲོ་བོའི་གཟུགས། །སླུ་བའི་རི་དགས་རྣམ་པར་སྤངས། །རང་བཞིན་སྟོང་པའི་ནམ་མཁའ་ནི། །དགོད་ཅིང་འཛག་པ་མ་ཡིན་ནོ། །ཞེས་གསུངས་སོ། །སངས་རྒྱས་མཆོག་གི་བདེ་བ་ལ། །ཕྲིན་ལས་བདེ་བ་སྤྲོ་བྱེད་པའོ། །དོན་ནི་རྣལ་འབྱོར་དབང་ཕྱུག་སོགས། །ལུས་བཏུད་ནས་ནི་མ་ཉམས་པ། །ལྷན་ཅིག་རྫོགས་པ་ཡང་དག་རྫོགས། །འདུད་ཅེས་པ་ནི་ཧཾ་ལའོ། །བཅོམ་ལྡན་འདས་ནི་ཡས་བྱོན་པས། །དེ་བས་རྟོག་པ་འཇོམས་པའོ། །དེ་བཞིན་གཤེགས་པ་མས་ལོག་པའོ། །དེ་ཉིད་གནས་སུ་གཤེགས་པའོ། །རྫོགས་པ་དུང་ཁང་རྫོགས་པ་ལ། །སངས་རྒྱས་སྤངས་བྱ་སྤངས་ཐོབ་པའོ། །ཕྱག་འཚལ་ཞེས་པ་དེ་ལ་འདུད། །ཐལ་མོ་རྩ་དང་རླུང་གཉིས་ལ། །སྦྱར་བྱས་ཐིག་ལེ་འཕྲོར་མི་སྟེར། །སྤྱན་སྔར་རྡོ་རྗེ་བུམ་པའི་ནང༌། །འདུག་སྟེ་འོད་འཕྲོ་ཐིག་ལེ་ལ། །འདི་སྐད་གསོལ་ནི་ལྟ་ཞིང་སྔོམ། །ཁྱབ་བདག་འཕེལ་སྡུག་ཐིག་ལེ་ལ། །བདག་ལ་སྨན་པ་མཆོག་བདེ་དང༌། །དཀར་པོའི་ཕྱོགས་ལ་ལུས་བདེ་བའོ། །གཞན་དོན་བདེ་བ་ཆེན་བོ་ལ། །རྗེས་སུ་སློབ་པར་འདོད་པའི་རྟན་། །ཐུགས་བརྩེ་བས་ནི་རང་ལུས་ཀྱི། །བྱང་ཆུབ་སེམས་ནི་མ་འཕྲོས་པར། །རྟག་ཏུ་མ་ཉམས་ལྡན་ཕྱིར་རོ། །སྒྱུ་འཕྲུལ་དགའ་བས་དགའ་བཅུ་དྲུག །མངོན་རྫོགས་དགའ་བ་རྣམས་ཐིམ་པའོ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །རྙེད་པར་མི་འགྱུར་ཡེ་ཤེས་ཏེ། །རང་བཞིན་ཆོས་དབྱིངས་རྣམ་དག་པ། །དེ་ནི་མངོན་སུམ་མཐོང་བར་མཛོད། །ཉོན་མོངས་པས་ནི་ཐིག་ལེ་ཉམས། །འཁོར་བ་རྒྱས་པར་བྱས་པ་ཡི། །སེམས་འཁྲུལ་པས་ནི་དེ་སྡུག་བསྔལ། །སྣ་ཚོགས་རྒྱས་པར་བྱས་པའོ། །མི་ཤེས་མ་རིག་བག་ཆགས་སྟོབས། །འདམ་དུ་བྱིང་བ་རྒལ་དཀའ་བ། །དེ་ཡང་མཁའ་འགྲོ་ཀུན་སྤྱོད་ལས། །མི་ཤེས་མུན་པས་ཁེབས་པ་དང༌། །ཁེངས་པ་ལ་ནི་རྟག་ཏུ་དགའ། །རྟག་ཏུ་གདུག་སེམས་ལྡན་ཀུན་གྱིས། །གསང་བའི་སྤྱོད་ཡུལ་འདི་མི་ཤེས། །ཞེས་གསུངས་སོ། །སེམས་ཅན་ཀུན་ལ་ཉི་ཁྲི་དང༌། །ཆིག་སྟོང་དྲུག་བརྒྱ་འགགས་པས་ན། །སྨན་པ་བདེ་ཆེན་དབྱེར་མེད་པའོ། །བླ་མེད་འབྲས་བུ་ལྷན་སྐྱེས་བདེ། །


DTG015_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཐོབ་བྱ་ཕྱིར་དགའ་བཞི་བསྒོམ། །རབ་ཏུ་གསལ་བ་རྫོགས་སངས་རྒྱས། །ཞེས་པ་རབ་གསལ་རང་བཞིན་ལ། །ཆོས་དང་གཟུགས་སུ་གསལ་བའོ། །དེ་ཉིད་རྫོགས་པའི་སངས་རྒྱས་སོ། །བཅོམ་ལྡན་ཟག་མེད་ཡེ་ཤེས་ལ། །སྟོན་པ་ཐིག་ལེ་བདེ་ཆེན་པོ། །འབྱུང་གནས་སྤྱི་བོའི་ཧཾ་ཡིག་ལ། །འགྲོ་བའི་རླུང་གི་ལས་རྣམས་སོ། །བླ་མ་ཐབས་མཆོག་མེ་རླུང་སྦོར། །གཉིས་མེད་འདྲེས་པ་བདེ་བ་ཆེ། །དམ་ཚིག་ཆེན་པོའི་བདེ་བ་བཞི། །དེ་ཉིད་མཁྱེན་པ་ཡེ་ཤེས་སོ། །དབང་པོ་བསམ་པ་སྒོ་ལྔ་ཡི། །ཡུལ་དང་ཡུལ་ཅན་སྣང་བའོ། །སོ་སོར་སྡུད་པས་རྟགས་ཐོབ་པ། །མཁྱེན་མཆོག་ཅེས་ནི་དེ་ལ་བྱ། །བཅོམ་ལྡན་འདས་ནི་རྟོགས་པའི་དོན། །ཡེ་ཤེས་སྐུ་ནི་བཞི་པའི་སྐུ། །ཉམས་པ་བཞི་པའི་སྐུ་མ་ཡིན། །གཙུག་ཏོར་བདེ་ཆེན་དཔྲལ་བའི་ཧཾ། །ཆེན་པོ་ཨེ་ཡི་རྣམ་པ་ཅན། །ཝཾ་ལས་ཀཱ་ལིའི་ཕྲེང་བ་ལ། །ཚིག་གི་བདག་པོ་ཞེས་བཤད་དོ། །ཡེ་ཤེས་གཙུག་ཏོར་ཐིག་ལེ་ཆེ། །རང་འབྱུང་བ་ནི་རྒྱུ་མི་ལྟོས། །བྱས་པ་མེད་ཅིང་རྣམ་པར་སྤངས། །རང་ཉིད་ཀྱིས་རིག་བསོད་ནམས་མཆོག །དཱ་རི་ཀ་པའི་ཞལ་སྔ་ནས། །སྐྱེ་བ་མེད་པའི་ཡེ་ཤེས་དེ། །རྡུལ་མེད་ནམ་མཁའི་དཀྱིལ་ལྟ་བུར། །ལུས་གནས་བདེ་བས་རྒྱས་པ་ལས། །དཱ་རི་ཀ་པས་ད་ལྟ་རྙེད། །ཅེས་གསུངས་སོ། །འཇམ་དཔལ་ནོར་རྩེའི་ཐིག་ལེ་ལས། །ཡེ་ཤེས་གཉིས་མེད་བདེ་བའི་རྟེན། །སེམས་དཔའ་ལིངྒཱ་རྒྱས་པའོ། །མིང་ནི་བདེ་ཆེན་ལྷན་སྐྱེས་ཏེ། །ཡང་དག་བརྗོད་པའི་རྒྱུད་མང་ལས། །མཆོག་གི་བསྒྲུབ་པ་དམ་པར་གསུངས། །དོན་ཟབ་རྟོགས་དཀའ་མི་འགྱུར་ཏེ། །རྡོ་རྗེ་ཐེག་པའི་བསྒྲུབ་བྱའང་དེའོ། །དོན་ནི་རྒྱ་ཆེན་ཞིང་ཞེས་པ། །ལྷན་སྐྱེས་དངོས་རྣམས་ཁྱབ་པའོ། །དོན་ཆེན་མཚུངས་མེད་བཞི་པ་ཡི། །དབང་གིས་ཐོབ་པའི་ཅིག་ཤོས་དེས། །རབ་ཞི་བ་ནི་ཕྱག་རྒྱ་ཆེ། །ཉན་རང་རྣམས་ནི་སྐྲག་འགྱུར་པའོ། །ཐོག་མ་དགའ་བས་དཔའ་བ་སྟེ། །བར་དང་མཆོག་དགའ་ཐ་མར་ནི། །དགའ་བྲལ་དགེ་བ་ལྷན་ཅིག་སྐྱེས། །འདས་པ་ཐོས་པའི་དུས་དག་ཏུ། །སངས་རྒྱས་རྣམས་ཀྱིས་གསུངས་པ་ནི། །བླ་མས་གསུངས་པ་ཐོས་ཉམས་མྱོང༌། །མ་འོངས་སྒོམ་


DTG015_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་དུས་དག་ཏུ། །རྣམས་ཀྱང་གསུངས་འགྱུར་ལ་བ་པ། །སྒོམ་པ་ཉམས་སུ་མྱོང་བའོ། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །བསམ་པས་དེ་དོན་རྟོགས་པའོ། །ཡང་དང་ཡང་དུ་གསུངས་པ་གང༌། །རྡོ་རྗེ་ཐེག་པ་ཉམས་སུ་མྱོང༌། །རང་ལ་རང་གིས་བསྟན་པའོ། །རྒྱུད་ཆེན་བདེ་ཆེན་རྒྱུན་ཆགས་པ། །སྤས་པ་དེ་ཁོ་ན་ཉིད་དོ། །སྒྱུ་འཕྲུལ་མངོན་པར་རྟོགས་པ་སྟེ། །དྲ་བརྩད་དང་ཐིག་ལེར་འབྲེལ། །རྡོ་རྗེ་འཆར་ཆེན་ཡེ་ཤེས་སྐུ། །གསང་སྔགས་འཛིན་ནི་བདེ་ཆེན་གྱི། །ཡེ་ཤེས་ལྔ་པོ་གསལ་བར་འཛིན། །དཔག་མེད་རྣམས་ནི་ལམ་བྱེ་བྲག །བཀའ་བཞིན་དུ་ནི་ཀུན་དུ་འོད། །མ་མཐོང་བར་དུ་རླུང་འགོག་མཆོག །གླུར་བདས་གང་ལགས་བཤད་དུ་གསོལ། །ཞེས་ནི་གླུ་ཡིས་ཡིད་ཚིམ་བྱེད། །དེ་ལྟར་རང་ཉིད་རྟོགས་ཤིང་བདེ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱིས། །མཆོག་ཏུ་མི་འགྱུར་ཡེ་ཤེས་ལ། །ཐིག་ལེ་བཞི་པའི་མཐའ་ཅན་ནོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྦྱོར་བའི་ཡན་ལག་དྲུག་ཡིན་ནོ། །འཛིན་པ་ཐིག་ལེ་འཛིན་པ་སྟེ། །དགའ་བཞི་ཡེ་ཤེས་རྒྱས་པར་བྱས། །ངེས་པར་འབྱུང་ནི་ཧཾ་ལས་སྐྱེས། །ལྟེ་བའི་དཀྱིལ་འཁོར་བར་དུ་ནི། །རབ་ཏུ་གསལ་བར་སེམས་ཅན་ལ། །ཇི་ལྟ་བར་ནི་བསྟན་པར་བྱ། །བདག་གི་རླུང་གཉིས་སྦྱོར་བ་ཡིས། །བསམ་པ་བརྟན་པོས་ཐིག་ལེ་བཟུང༌། །དེ་ལས་ཕྱག་རྒྱ་ཆེན་པོ་ཐོབ། །ཉོན་མོངས་ཉམས་པའི་སྡུག་བསྔལ་ལ། །མ་ལུས་བསལ་བར་གཅོད་པ་དང༌། །མི་ཤེས་རྣམ་པར་རྟོག་པའི་གཟུགས། །མ་ལུས་སྤངས་ཕྱིར་དངོས་པོ་བརྟེན། །བསམ་མི་ཁྱབ་པར་ཇི་བཞིན་དུ། །ཉོན་མོངས་བྱང་ཆུབ་ཡན་ལག་ལམ། །དེ་ཡངས་སངས་རྒྱས་ཐོད་པ་ལས། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་པས། །དེ་བས་འདོད་ལ་ནན་ཏན་དུ། །བུ་ཁྱོད་ཀྱིས་ནི་རྟག་ཏུ་གྱིས། །ཞེས་གསུངས་སོ། །སེམས་ཅན་ཐིག་ལེར་གནས་པའོ། །དེ་ཡང་སཾ་པུ་ཊ་ལས་ཀྱང༌། །འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །རྣམས་ལ་བཤད་པར་འཚལ་བར་སྟོན། །གསང་དབང་ནོར་བུའི་ཡན་ལག་ན། །


DTG015_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་ཡིས་ནི་མི་བསྐྱོད་པར། །དེ་སྐད་ཨེ་ཝཾ་ཐབས་ཤེས་རབ། །དེ་བཞིན་གཤེགས་པ་གྱེན་གཤེགས་པའོ། །བདེ་ཆེན་སེམས་ལ་གསོལ་མཛད་ནས། །ཐབས་ཤེས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་སྐར་མའི་སྦྱོར་བ་ལས། །སྤྱན་སྔར་འདུག་ནི་རྟོགས་པའོ། །དེ་ལྟར་དྷཱུ་ཏཱི་ལ་བརྟེན་ནས། །དགའ་བ་བཅུ་དྲུག་རྣམ་དག་པས། །ཞུས་པའི་ཚིག་བཅད་བཅུ་དྲུག་དག །ཞུས་པའི་ལེའུ་སྟེ་དང་པོའོ།། །།

ལེའུ་གཉིས་པ། ཚིགས་སུ་བཅད་པ་དྲུག་གིས་སླར་གསུངས་པའི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG010_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེའུ་གཉིས་པ་སླར་གསུངས་པ། །བྱིས་པའི་སྐྱེ་བོ་གདུལ་སླད་དུ། །སྟོན་པ་ལ་སོགས་མི་འགའ་ལ། །འདིར་ནི་ཆེན་པོའི་དོན་བཤད་པ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པས་ཤཱཀྱ་ཐུབ་པ་ནི། །རྡོ་རྗེ་འཛིན་པ་རྣམ་སྣང་ཆེ། །ཨ་ར་ལི་ལས་ཟས་གཙང་ཐབས། །སྒྱུ་མ་ཆེན་མོ་ཤེས་རབ་ལ། །དོན་གྲུབ་རྡོ་རྗེ་སེམས་དཔའོ། །མཆོག་ཏུ་དགའ་བ་བདེ་བ་ཆེ། །བཅོམ་ལྡན་འདས་ནི་ཕྱག་རྒྱ་ཆེ། །རྫོགས་པ་གཙུག་ཏོར་ཐིག་ལེ་རྫོགས། །སངས་རྒྱས་འཁོར་དྲུག་དག་ཡེ་ཤེས། །རྐང་གཉིས་མཆོག་ནི་བདེན་པ་གཉིས། །ཡང་ན་གཙུག་ཏོར་ནོར་བུ་གཉིས། །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །ཞེས་པ་ཡི་ནི་དོན་བཤད་པ། །འཇིག་རྟེན་ཀུན་དུ་ཁྱབ་པ་ཡི། །ཡེ་ཤེས་སྐྱེས་པས་ཡེ་ཤེས་ཀྱི། །དྷཱུ་ཏཱི་མཐོང་རྟགས་མཐར་ཐུག་པ། །རེ་ཁཱ་ནག་པོ་ཕྲ་བའི་ཕྲ། །ལོངས་སྐུ་འཕྲོ་བ་མཐོང་བའོ། །དེ་ཡང་དང་པོར་སངས་རྒྱས་ལས། །དུ་བ་སྨིག་རྒྱུ་སྲིན་བུ་མེ། །ཞེས་པ་རྟགས་བཅུ་བསྟན་པའོ། །རིང་ཞིང་རྣམ་པར་རྟོག་པ་ལས། །མཚན་རྟགས་ཐོབ་པས་བློ་ཡངས་པ། །ཉིན་མཚན་རབ་ཏུ་བརྐྱང་མཛད་དེ། །དེ་ཡང་འཁོར་ལོ་སྡོམ་པ་ལས། །གང་ཚེ་གོམས་པ་བརྟན་གྱུར་པ། །གསལ་སྣང་དངོས་སུ་མཐོང་བར་འགྱུར། །ལྕེ་རྩེར་ཕྱིར་པའི་སྦྱོར་བ་ཡིས། །ཇི་སྲིད་འདོད་པ་དེ་སྲིད་དུ། །ལྕེ་འཕེལ་བར་ནི་འགྱུར་བ་ཡིས། །དེ་ཚེ་ཁམས་གསུམ་པོ་ཡང་བལྟ། །ཞེས་གསུངས་སོ། །འཇིག་རྟེན་གསུམ་པོ་ལུས་ངག་ཡིད། །སྣང་བྱེད་ཀྱི་ནི་རྩ་གསུམ་ཉིད། །བདུད་བཞི་ཕུང་ཉོན་འཆི་ལྷ་བུ། །དགྲ་རྣམས་བདུད་སོགས་ཉོན་མོངས་རྣམས། །འདུལ་བྱེད་བདེ་རླུང་ཐིག་ལེ་ཁམས། །


DTG015_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཐུལ་སེམས་ཅན་རྣམས་ཀྱི་ལམ། །འོག་བལྟས་རྩ་གསུམ་ངན་སོང་གསུམ། །ཟག་པ་རྒྱས་པས་འཁོར་བ་འཁོར། །དེ་ནས་མི་འཛག་ཡེ་ཤེས་གསུམ། །སྦྱོང་བར་བྱེད་པའི་ལྷན་ཅིག་སྐྱེས། །འཛུམ་བསྟན་ནས་ནི་དགའ་བ་བཞི། །ཚངས་པ་དབུ་མའི་ལམ་ཡིན་ཏེ། །གསུང་ནི་གྱེན་རྒྱུའི་ལམ་ཡིན་ཏེ། །སྙན་པ་བདེ་རླུང་སིལ་སྒྲ་འབྱུང༌། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་པ་བཅུ་དྲུག་རྩ་རྒྱས་པས། །སྒོ་གསུམ་ལྷན་སྐྱེས་ཁྱབ་པའོ། །ལག་ན་རྡོ་རྗེ་བསམ་གཏན་ལ། །སྟོབས་པོ་ཆེ་ནི་ལྷན་སྐྱེས་བདེ། །རིམ་གྱིས་བྱོན་པས་དགའ་བཞི་རྒྱས། །གསང་དབང་རྡོ་རྗེ་ནོར་བུ་ལ། །སླར་གསུངས་པ་ནི་མཐར་ཐུག་ནས། །སླར་ཡང་གནས་སུ་གཤེགས་པའོ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །ཞེས་པ་ཐམས་ཅད་བདེ་ཆེན་ཁྱབ། །རང་སྣང་བཞིན་དུ་བཞིན་སྣང་བའོ། །འགྲོ་ལ་རྣམ་པར་རྟག་པའི་རླུང༌། །ཕན་པའི་དོན་དུ་འགོག་པར་བྱེད། །ཡུམ་ལྔས་ལོངས་སྤྱོད་ལྡན་པ་ཁྱོད། །ཡེ་ཤེས་ལུས་ནི་རྡོ་རྗེའི་ལུས། །འཇམ་དཔལ་ཐིག་ལེའི་ཁམས་ཡིན་ཏེ། །མིང་བརྗོད་དགའ་བ་སྐད་ཅིག་མ། །དོན་ཆེན་རྟོག་མེད་བདེ་བ་ཆེ། །དག་པར་བྱེད་པ་རྟོག་སྤྲོས་བྲལ། །བཅིང་གྲོལ་ཐམས་ཅད་དེ་བཞིན་ཉིད། །སྡིག་སེལ་བ་ནི་སྲོག་གཅོད་སོགས། །རྩབ་བཞི་དག་གོས་པ་མེད། །ཏི་ལོ་པ་ཡི་ཞལ་ནས་ཀྱང༌། །རི་རབ་གསེར་གྱི་ལེགས་ལ་གང་གནས་པ། །གང་གི་རང་བཞིན་བོར་ནས་གསེར་དུ་སྣང༌། །དེ་བཞིན་སྐྱེ་མེད་རྟོགས་པའི་རྣལ་འབྱོར་གྱིས། །དངོས་པོའི་རང་བཞིན་བོར་ནས་ཕྱག་རྒྱ་ཆེ། །ཞེས་གསུངས་སོ། །ང་ནི་མཆོག་མི་འགྱུར་ཡེ་ཤེས། །ཉན་པར་བརྩོན་པའི་རྣལ་འབྱོར་ནི། །དཔལ་ལྡན་རྡོ་རྗེ་འཆང་ཉིད་དོ། །ལེགས་སོ་ཉོན་མོངས་ཡེ་ཤེས་རྟོགས། །ལག་ན་རྡོ་རྗེ་སྦྱོར་གྲུབ་ལ། །ཁྱོད་ལེགས་སོ་ནི་བསྒོམ་པའོ། །གསང་བ་ཏོག་ནོར་བུའི་གནས། །བདག་པོ་ལྟེ་བར་བདེ་བ་འཛིན། །ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང༌། །དེ་ཕྱིར་གསུམ་པའི་དུས་སུ་ནི། །ང་ཡིས་ཁྱོད་ལ་རབ་ཏུ་བསྟན། །ཁྱོད་ནི་རྟོག་མེད་རྩེ་གཅིག་པས། །ཡིད་ཀྱིས་ཉོན་ལ་བསྒོམ་པར་གྱིས། །བཅོམ་ལྡན་བྷ་ག་བཙུན་མོའི་གནས། །དེ་ནི་སྐྱོན་ནུབ་པས་


DTG015_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེགས་ཞེས། །དེ་ཡང་ཧེ་ཡི་རྡོ་རྗེ་ལས། །ཤིན་ཏུ་བཞིན་བཟངས་མིག་ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་སྤྲས། །རང་གི་དབང་བསྐུར་སྙིང་རྗེ་ཆེ། །རྡོ་རྗེ་བུ་མོ་འདི་ཁྱེར་ལ། །སྤྱོད་པ་བྱེད་པར་རྟོགས་པར་བྱ། །ཞེས་གསུངས་སོ། །གྱེན་ལ་གཤེགས་པ་གསོལ་བའོ། །གཙུག་ཏོར་ཆེན་པོ་ལ་སོགས་པའི། །འཁོར་ལོ་དྲུག་རྩའི་རྣམ་དག་པས། །སླར་གསུངས་ཤློ་དྲུག་ཏུ་དག །སླར་གསུངས་པའི་རྒྱ་ཆེར་འགྲེལ་པ་ལེའུ་གཉིས་པའོ།། །།

ལེའུ་གསུམ་པ། ཚིགས་སུ་བཅད་པ་གཉིས་ཀྱིས་རིགས་དྲུག་ལ་གཟིགས་པའི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG010_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིགས་དྲུག་ལ་གཟིགས་ལེའུ་ནི། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པས་བཅོམ་ལྡན་བདེ་བ་ལ། །ཤཱཀྱ་སྟོང་པ་ཆེན་པོ་ཉིད། །ཐུབ་པ་ནོར་བུ་མི་འདའ་བའོ། །གང་གིས་གཟིགས་ན་དེ་ཡིས་གཟིགས། །གང་ལ་གཟིགས་ན་རིགས་དྲུག་ལ། །ཇི་ལྟར་གཟིགས་ན་འཁོར་ལོ་དྲུག །སངས་རྒྱས་དྲུག་ཏུ་གཟིགས་པའོ། །གསང་སྔགས་རིགས་ཆེན་ཐམས་ཅད་ནི། །འཁོར་ལོ་དྲུག་ལྟེར་ཁྱབ་པ་ཡིས། །འོད་གསལ་བ་ནི་བྱང་ཆུབ་སེམས། །ནོར་བུའི་ཁ་ནས་མི་འཕོ་བ། །མི་བསྐྱོད་རྡོ་རྗེ་ལྷན་སྐྱེས་དགའ། །བཛྲི་དྷྲྀ་ཀ་སྟེ་འཇིག་པ་མེད། །གསང་སྔགས་ལྟེ་རྩ་ཡི་གེའི་གཟུགས། །རིག་སྔགས་དཀྱིལ་འཁོར་འཁོར་ལོ་འཕྲོ། །འཆང་བའི་རིགས་ནི་ཕ་ཡིན་ཏེ། །ལྟེ་བའི་འཁོར་ལོ་ཛི་ན་ཛི་ཀ །རྣམ་པར་སྣང་མཛད་ཆེན་པོའོ། །རིགས་གསུམ་རྡུལ་མུན་སྙིང་སྟོབས་ཏེ། །རྣམ་པར་གཟིགས་ནི་མཚན་ཉིད་མེད། །དང་པོ་སངས་རྒྱས་བཅོམ་ལྡན་འདས། །འོད་དཔག་མེད་པ་ཨཱ་རོ་ལྀ་ཀ །འཇིག་རྟེན་ལྟེ་བའི་དཀྱིལ་འཁོར་ལ། འཇིག་རྟེན་འདས་པ་སྙིང་ག་ཉིད། །རིགས་ནི་རིན་ཆེན་འབྱུང་ལྡན་ལ། །མགྲིན་པའི་འཁོར་ལོ་རིན་འབྱུང་ཉིད། །རཏྣ་དྷྲྀ་ཀ་སྟེ་གསལ་བར་བྱེད། །འཇིག་རྟེན་ཞུ་བའི་ཁུ་བ་ལ། །སྣང་བྱེད་བདེ་ཆེན་སྣང་བའོ། །རིགས་ཆེན་དོན་གྲུབ་ཡེ་ཤེས་སྐུ། །ཧཾ་ལས་འབབ་པའི་ཕྲིན་ལས་བྱེད། །སྟོང་པས་བརྒྱན་པས་པྲཛྙཱ་དྷྲྀ་ཀ །ཕྱག་རྒྱ་ཆེན་པོ་རྡོ་རྗེ་སེམས། །རིགས་མཆོག་རིགས་བསྡུས་བདེ་ཆེན་གྲོལ། །ཐིག་ལེ་བཅུ་དྲུག་ཡོངས་རྫོགས་པ། །བཅོ་ལྔའི་མཐའ་ཅན་རྣམ་པར་དག །དེ་ཉིད་གཙུག་ཏོར་ཆེན་པོ་དང༌། །རིན་པོ་ཆེ་ཡང་དེ་ཉིད་དོ། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ། །དེ་ལ་


DTG015_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོན་པས་ཆེར་གཟིགས་པའོ། །གནས་དང་ཕུང་པོ་དགའ་བ་དང༌། །ལས་དང་ལྷ་དང་ཡེ་ཤེས་དང༌། །དྲུག་ལྡན་དེ་ལ་གཟིགས་པའོ། །ཐབས་དང་ཤེས་རབ་བདག་ཉིད་ཀྱིས། །ཤློཀ་གཉིས་དག་པའོ། །རིགས་དྲུག་ལ་གཟིགས་པའི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་གསུམ་པའོ།། །།

ལེའུ་བཞི་པ། ཚིགས་སུ་བཅད་པ་གསུམ་གྱིས་སྔགས་ཀྱི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG010_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྒྱུ་འཕྲུལ་དྲ་བ་ནི། །མངོན་པར་བྱང་ཆུབ་ལེའུ་ལ། །ཚིག་གི་བདག་པོ་སངས་རྒྱས་ཀྱིས། །ཚིགས་སུ་བཅད་པ་ཤློཀ །རྩ་ཡི་དྲ་བ་ཇི་སྙེད་པ། །བསྡུས་པས་འཁོར་ལོ་དྲུག་ཏུ་བསྡུས། །དེ་ཉིད་གསང་སྔགས་རྒྱལ་པོ་དྲུག །ལྡན་ཞིང་བཛྲ་དྷྲྀ་ཀ་སྣ་ཚོགས། །འཁོར་ལོ་དྲུག་ལ་ལྡན་པའོ། །གཉིས་སུ་མེད་པར་འབྱུང་བ་དང༌། །ཞེས་པ་ཀུན་རྫོབ་དོན་དམ་ལ། །ཀུན་རྫོབ་ཀུན་བརྟགས་གཞན་དབང་གཉིས། །དོན་དམ་ཡོངས་སུ་གྲུབ་པ་སྟེ། །མེད་པ་བདེན་པ་དབྱེར་མེད་ལ། །འབྱུང་བ་སྐུ་གསུམ་འབྱུང་བའོ། །ཡང་ན་མཐའ་བཞི་བྲལ་བ་ཡི། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ནང་དུ་གཉིས་ནི་རོ་རྐྱང་གཉིས། །དེ་ནི་རྟག་ཆད་མཐའ་ཡིན་པས། །མེད་པ་ཀུན་འདར་མ་ཉིད་དོ། །མ་སྐྱེས་རང་བཞིན་རོ་གཅིག་བར། །འབྱུང་བ་བདེ་ཆེན་མཆོག་མི་འགྱུར། །དེ་ཉིད་མི་སྐྱེ་ཆོས་ཅན་ནོ། །འདི་གསུངས་པ་ནི་བསམ་བརྗོད་མེད། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨོཾ་ཨཿ་ཞེས་པ་འདི་ཡི་དོན་བཤད་ན། མ་ནིང་བཞི་ནི་མ་བཤད་པ། །སྐྱེ་མེད་སྟོན་པའི་རྒྱུད་ཡིན་ཕྱིར། །ཡི་གེ་བཅུ་གཉིས་བསྟེན་པ་ནི། །ས་བཅུ་གཉིས་སུ་བསྟན་པ་ཡིན། །གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་དང་ནི། །ཚནྡོ་ཉེ་བའི་ཚནྡོ་དང༌། །འདུ་བ་ཉེ་བའི་འདུ་བ་དང༌། །འཐུང་གཅོད་ཉེ་བའི་འཐུང་གཅོད་དང༌། །དུར་ཁྲོད་ཉེ་བའི་དུར་ཁྲོད་དང༌། །ཐུང་དུ་དྲུག་ནི་དང་པོ་ལ། །རིང་བ་དྲུག་ནི་ཉེ་བའོ། །འཁོར་ལོ་དྲུག་ལ་འཇུག་པ་དང༌། །གནས་པ་ལོངས་སྤྱོད་ཐིམ་པ་དང༌། །བཞི་བཞིས་རླུང་འགགས་མཆོག་ཐོབ་པོ། །འོ་ན་ཐོབ་ལམ་ས་དེ་གང༌། །ཞེ་ན་ཨ་སོགས་བཅུ་གཉིས་ནི། །ཀུན་དུ་འོད་དང་བདུད་རྩི་འོད། །ནམ་མཁའ་འོད་དང་རྡོ་རྗེ་འོད། །རིན་ཆེན་འོད་དང་པདྨའི་འོད། །མེ་ཏོག་འོད་དང་དཔེ་མེད་འོད། །བླ་མའི་འོད་དང་ཤེས་རབ་འོད། །ཀུན་


DTG015_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁྱེན་དང་ནི་སོ་སོར་རིག །དང་པོའི་ཐུང་གསུམ་སྒོ་གསུམ་དགའ། །དང་པོ་རིང་གསུམ་མཆོག་ཏུ་དགའ། །གཉིས་པ་ཐུང་གསུམ་དག་འབྲལ་བ། །རིང་གསུམ་ལྷན་ཅིག་སྐྱེས་དགའོ། །དགའ་བཞིའི་རང་བཞིན་ཕ་རོལ་ཕྱིན། །མ་སྐྱེས་པ་ཡི་དོན་བཤད་པའོ། །དེ་ལ་སྐྱེ་བའི་རྣམ་འཕྲུལ་ནི། །སྠི་ཏོ་ཧྲྀ་དི་ཐིག་ལེ་ལ། །ཛྙཱ་ན་མཱུརྟྟི་བདེ་ཆེན་ཏེ། །ར་ཧཾ་བུདྡྟོ་སྦངས་རྟོགས་ལྡན། །བུདྡྷཱ་ནཱཾ་ནི་དྷཱུ་ཏཱིའོ། །ཏྱ་དྷྭ་བརྟྟི་ནཱཾ་ནི་རླུང་གསུམ་བསྒོམ། །ཨོཾ་བཛྲ་ཏཱི་ཀྵྞ་ཞེས་པ་ནི། །ནོར་བུ་མི་བསྐྱོད་རླུང་གཅོད་པའོ། །དུཿ་ཁ་སྲིད་པ་ཙྪེ་ད་ནི། །ལྟེ་བའི་ནང་གནས་རྣམ་སྣང་མཛད། །པྲཛྙཱ་ཤེས་རབ་འོད་དཔག་མེད། །ཛྙཱ་ན་མཱུརྟྟ་ཡེ་སྙིང་ག །ཛྙཱ་ན་ཀཱ་ཡ་དོན་གྲུབ་སྟེ། །དཔྲལ་བར་གནས་པ་ཐིག་ལེའི་ཁམས། །ཝཱ་གཱི་ཤྭ་ར་རིན་ཆེན་འབྱུང༌། །མགྲིན་པར་ཆོས་ཀྱི་ཕུང་པོ་གནས། །ཨ་ར་པ་ཙ་ན་རྡོར་སེམས། །གཙུག་ཏོར་གནས་པ་བཅོམ་ལྡན་འདས། །ཡ་ཏེ་ནམཿ་དེ་ཕྱག་འཚལ། །ཡང་ན་ཨ་ར་པ་ཙ་ན། །ཞེས་པའི་ཡི་གེ་དོན་བཤད་ན། །མི་འགྱུར་ཡེ་ཤེས་རྟོགས་པ་ཡིས། །འདོད་ཆགས་ལ་སོགས་སྨན་ཆེན་བསྟེན། །མི་འཆི་ལྔ་སྤྱད་དངོས་གྲུབ་ཐོབ། །གསང་སྤྱོད་རིགས་སྤྱོད་ཀུན་དུ་བཟང༌། །རྣལ་འབྱོར་རིག་པས་དཔྱད་པར་བྱ། །ཨིནྡྲ་བྷཱུ་ཏིའི་གསུང་ངག་ཡིན། །དེ་ལྟར་ཚིགས་བཅད་གསུམ་པོ་དེས། །ལུས་ངག་ཡིད་གསུམ་རྣམ་དག་པའོ། །སྔགས་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་བཞི་པའོ།། །།

ལེའུ་ལྔ་པ། ཚིགས་སུ་བཅད་པ་བཅུ་བཞིའི་རྡོ་རྗེ་དབྱིངས་ཀྱི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG010_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེའུ་ལྔ་པ་རྡོ་རྗེ་དབྱིངས། །དཀྱིལ་འཁོར་ཆེན་པོ་བཤད་པ་ནི། །ཕུང་ཁམས་དག་པ་ཆོས་ཀྱི་དབྱིངས། །འདི་ལྟར་ཕྱག་རྒྱ་ཆེན་པོ་ལ། །སངས་རྒྱས་བཅོམ་ལྡན་འདས་ལིངྒ། །རྟག་ཏུ་རྒྱས་བདེ་ཀུན་དུ་བཟང༌། །རྫོགས་པའི་སངས་རྒྱས་ནོར་རྒྱས་པའོ། །ཨ་ལས་འབྱུང་ནི་ཤེས་རབ་ཕྱིན། །འོད་གསལ་ཕྱག་རྒྱ་ཆེན་མོ་ལ། །གཟུགས་བརྙན་སྣང་བ་མ་མཱ་ཀཱི། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །མ་ནིང་རྡོ་རྗེའི་བཟླས་པ་ཡིན། །རླུང་འགོག་བཟླས་པ་མཆོག་སྒྲོལ་མ། །དོན་ཆེན་ཡི་གེ་ཡོན་ཏན་ལ། །དམ་པ་ཐམས་ཅད་སྟེར་བར་བྱེད། །ཁོང་ནས་འབྱུང་བ་གཏུམ་མོའི་མེ། །དེ་ཡང་ཧེ་ཡི་རྡོ་རྗེ་ལས། །ལྟེ་བར་གཏུམ་མོ་སྦར་བ་


DTG015_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་སོགས་ཡང་ནི་བསྲེགས་བྱས་ནས། །ཧཾ་ལས་རི་བོང་ཅན་འཛག་གོ །ཞེས་གསུངས་སོ། །སྲོག་ཆེན་རྫོགས་བྱེད་གོས་དཀར་མོ། །ཚིག་ཏུ་བརྗོད་པ་ཉམས་པའི་མཐའ། །སྤངས་པ་བདེ་ཆེན་བརྟན་སྤྱན་མ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །བདེ་སྟོང་དབྱེར་མེད་ཡེ་ཤེས་སོ། །ཚིག་ཀུན་རྩ་རླུང་ཡི་གེའི་གཟུགས། །གཏུམ་མོས་ཀླག་པས་བདེ་སྟོང་གསལ། །དེ་ཉིད་རྡོ་རྗེ་རྣལ་འབྱོར་མ། །ཉམས་སུ་མྱོང་བ་མཆོད་པ་སྟེ། །ཕྱི་རོལ་རྫས་རྣམས་རྒྱ་ཆེན་ཕུལ། །དམ་པ་གསུམ་གྱིས་བསྔོ་བྱས་ནས། །འདི་ཕྱིའི་ཡོན་ཏན་རྗེས་འབྲངས་པས། །ཐར་པའི་རྒྱུར་གྱུར་ཤིན་ཏུ་དཀའ། །ཐར་པའི་ཅི་སྨོས་ཁམས་གོང་མའི། །རྒྱུར་གྱུར་པ་ཡང་ཏིང་འཛིན་དང༌། །དེ་བྱེད་རྣམ་པར་གཡེངས་ཕྱིར་རོ། །དེ་ནས་མཆོད་ཆེན་མ་ཡིན་ནོ། །བདུད་རྩི་བསྟེན་སོགས་འདོད་ཡོན་སྤྱད། །དེ་ཡང་རྒྱུད་པའི་རྒྱུ་མིན་པས། །མཆོད་ཆེན་མ་ཡིན་མཆོད་ཆེན་ནི། །དུག་ལྔའི་དེ་ཉིད་རྟོགས་པ་དེའི། །གསུམ་པའི་ཡེ་ཤེས་གཅིག་པུ་ཡིན། །ཆེན་པོའི་ཤེས་རབ་ཡེ་ཤེས་སོ། །འདོད་ཆགས་གསུམ་དུས་ཡེ་ཤེས་ཆེ། །སེམས་ཅན་ལས་ཅན་སྐལ་བཟང་ལ། །སྒོ་གསུམ་དཔག་མེད་དགའ་བར་བྱེད། །མཆོད་པ་ཆེན་པོ་གོང་བཞིན་ལ། །ཞེ་སྡང་ཆེ་ནི་རླུང་འགོག་པའོ། །དེས་ནི་བདེ་གཡོས་རྟོག་མེད་པས། །སྦང་བྱ་ཉོན་མོངས་ཀུན་གྱི་སྒྲ། །ཆེ་བ་འདི་ལ་མི་བསྐྱོད་པའོ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །སྲོག་རྩོལ་དྷཱུ་ཏཱིའི་ལམ་ཞུགས་པས། །གཏི་མུག་བློ་ནི་ཤེས་རབ་ལ། །གཏི་མུག་སེལ་བ་སྣང་མཛད་པའོ། །མཆོད་པ་ཆེན་པོ་གོང་དང་མཚུངས། །ཁྲོ་བ་ཆེན་པོ་ཉམས་པ་འཇོམས། །ཡང་ན་དགའ་བྲལ་ཡེ་ཤེས་ལ། །ཁྲོ་བ་ཆེན་པོ་ལྷན་ཅིག་སྐྱེས། །དྲག་པོ་ཆེན་པོ་དོན་གྲུབ་པོ། །མཆོད་པ་ཆེན་པོ་འདོད་པ་ཆེ། །བདེ་བས་སེམས་བསྡུས་མི་རྟོག་རྒྱས། །དེ་ཡིས་འདོད་པ་ཐམས་ཅད་ཉིད། །སེལ་བར་བྱེད་ཕྱིར་རིན་པོ་ཆེ། །ཆགས་པ་ཉིད་ན་ཆགས་པ་མེད། །འདོད་སོགས་ལྔ་པོ་དབྱེར་མེད་པ། །དྲུག་པ་རྡོར་འཆང་དུས་འཁོར་ལོ། །འདོད་པ་ཆེན་པོ་ལུས་བདེ་བ། །བདེ་བ་ཆེན་པོ་གང་བདེ་བ། །དགའ་


DTG015_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ཆེན་པོ་སེམས་བདེ་བ། །མགུ་བ་ཆེ་ནི་ཡེ་ཤེས་བདེ། །དེ་ཡང་མ་ལོག་གཉིད་སོང་དང༌། །རྨི་ལམ་རྨི་ལམ་ཆེན་པོ་དང༌། །དེ་ཉིད་སྦྲུལ་ལོངས་སྤྱོད་བདེ་ཆེན། །དགའ་བ་དགའ་བཞིར་ཉམས་སུ་མྱོང༌། །གཟུངས་ཆེ་ཐིག་ལེས་ལིངྒ་རྒྱས། །ལུས་ཀྱང་འོད་གསལ་ཆེ་བ་སྟེ། །ལོངས་སྤྱོད་རྫོགས་སྐུ་ཡུལ་རྒྱས་པའོ། །དེ་ནི་ལུས་ཀྱི་དགའ་བ་མཆོག །ཁ་དོག་ཆེ་ཞིང་ཡོན་ཏན་རྒྱས། །ལུས་པོ་ཆེ་བ་དྷཱུ་ཏཱི་རྒྱས། །དེ་ནི་ངག་གི་མཆོག་དགའོ། །མིང་ཡང་ཆེ་ཞིང་མཆོག་གསང་ཐེག །རྒྱ་ཆེ་དེས་ཁྱབ་བདེ་སེམས་དགའ། །དཀྱིལ་ནི་བདེ་བ་སྙིང་པོ་ལ། །འཁོར་ནི་རྩ་ཐིག་རླུང་གིས་བསྐོར། །ཆེན་པོའི་ཆོས་ཉིད་ཡངས་པ་ཡིན། །སྒྱུ་མ་ལྟ་བུར་ཤར་བའོ། །དེ་ནི་ཡེ་ཤེས་མཆོག་དགའོ། །དེ་ནི་ལོངས་སྐུའི་དགའ་བཞིའོ། །ཤེས་རབ་མཚོན་ཆེན་སྟོང་པ་ཉིད། །འཆང་བ་དངོས་རྣམས་འཇོམས་པ་སྟེ། །ཉོན་མོངས་ཆེན་པོ་ལས་བརྒྱ་ཡི། །པདྨ་ལ་བརྟེན་སྐྱེས་པ་ཡི། །བདེ་མྱོང་ལུས་ཀྱི་དགའ་བྲལ་དགའ། །ལྕགས་ཀྱུའི་མཆོག་ནི་ཡེ་ཤེས་ཀྱི། །འདོད་པས་འཁྲིག་ཆགས་བཞི་བདེ་བ། །དེ་ནི་ངག་གི་དགའ་བྲལ་དགའ། །གྲགས་ཆེན་མེ་རླུང་སྒྲ་ཡིན་ལ། །སྙན་གྲགས་གསལ་སྣང་ཡེ་ཤེས་ཏེ། །སེམས་ཀྱི་དགའ་བྲལ་དགའ་བའོ། །སྣང་བ་ཆེན་པོ་རྡོ་རྗེ་ཐབས། །གསལ་བ་ཆེན་པོ་ཤེས་རབ་ཡུམ། །གཉིས་མེད་སྦྱོར་བས་བདེ་རྒྱས་པ། །ཡེ་ཤེས་དགའ་བྲལ་དགའ་བའོ། །མཁས་པ་བདེ་སྟོང་ཐབས་ལ་མཁས། །སྒྱུ་འཕྲུལ་སྣང་སྟོང་ཆེན་པོ་འཆང༌། །དེ་ནི་ལུས་ཀྱི་ལྷན་སྐྱེས་དགའ། །སྒྱུ་འཕྲུལ་ཆེན་པོ་ཕྱག་རྒྱ་བཞི། །འགྲུབ་པ་མེད་པས་དོན་གྲུབ་པའོ། །ངག་གི་ལྷན་ཅིག་སྐྱེས་དགའོ། །སྒྱུ་འཕྲུལ་ཆེན་པོ་བྷ་ག་ལ། །དགའ་བས་དགའ་ནི་བདེ་མྱོང་བའོ། །དེ་ནི་སེམས་ཀྱི་ལྷན་སྐྱེས་དགའ་བའོ། །སྒྱུ་འཕྲུལ་ཆེན་པོ་རྩ་འཁོར་ལོ། །མིག་འཕྲུལ་ཅན་ནི་ཞེན་པའོ། །དེ་ནི་ཡེ་ཤེས་ལྷན་སྐྱེས་དགའ། །གཙུག་ཏོར་རྡོ་རྗེ་ནོར་བུའི་བར། །དགའ་གསུམ་དགའ་བ་བཅུ་གཉིས་ལས། །མས་ཡར་དགའ་བ་དགའ་བཞི་སྟེ། །གཉིས་མཉམ་གཉིས་གནས་དབུས་དག་ན། །བདེ་དང་མི་རྟོག་མཚན་དང་བྲལ། །ལྷན་ཅིག་སྐྱེས་པའི་ཡུལ་ཅན་


DTG015_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ། །དགའ་བྲལ་རྟོག་ཞེས་བརྗོད་དུ་གསུངས། །དགའ་བ་རྣམ་པ་བཅུ་དྲུག་གོ །རྒྱས་པར་བཤད་པ་དྲི་མེད་ལྟོས། །སྦྱིན་བདག་ཆེན་པོ་ཕྱི་ནང་གཏོང༌། །གཙོ་བོ་སྒེག་མོས་ལྷན་སྐྱེས་སྟེར། །འཇིག་རྟེན་སྦྱིན་ལས་ཁྱད་པར་འཕགས། །ཚུལ་ཁྲིམས་ཆེན་པོ་བྱང་ཆུབ་སེམས། །འཆང་བ་མི་མཉམ་ནོར་བུ་ཡི། །རྩེ་མོར་ཕྲེང་བ་མཉམས་མཆོག །བཟོད་ཆེན་བདེ་བས་སེམས་བསྡུས་བླུས། །འཆང་བ་མི་འཕྲོ་བརྟན་པའོ། །བརྩོན་འགྲུས་ཆེན་པོ་གཡས་གཡོན་རླུང༌། །དྷཱུ་ཏཱིར་བརྟུལ་བ་འཕར་གཡོ་གར། །བསམ་གཏན་ཆེན་པོ་བདེ་སྟོང་ལ། །ཏིང་འཛིན་མེ་ཏོག་རྩེ་གཅིག་བལྟ། །ཤེས་རབ་ཆེན་པོ་སྟོང་པ་ཉིད། །ལུས་ནི་མ་རིག་མུན་པའི་དངོས། །འཆང་བ་གཉེན་པོའི་མར་མེ་འཛིན། །སྟོབས་པོ་ཆེ་ནི་རླུང་གྲུབ་པ། །མཁའ་ལ་འགྲོ་བའི་བདུག་སྤོས་ཅན། །ཐབས་ཆེ་བས་ནི་བདེ་འཕེལ་བས། །ལུས་རྣམས་ཀུན་ལ་ཁྱབ་པར་བྱུག །སྨོན་ལམ་ཁུ་བ་མཉམ་ཟ་བས། །ཆོས་རྣམས་དཔེ་བརྒྱད་ས་སྤྱོད་མ། །ཡེ་ཤེས་མེ་རླུང་རྒྱ་མཚོ་ནི། །བིནྡུ་དུང་ཁང་གནས་པ་སྟེ། །མཁའ་སྤྱོད་རྣམ་པར་དག་པའོ། །བྱམས་ཆེན་ཤེས་བྱ་བདེ་བར་ཤར། །རང་བཞིན་སྤྲོས་བྲལ་དཔག་མེད་རྟོགས། །སྙིང་རྗེ་ཆེན་པོ་ཆགས་བཅས་ལ། །བློ་ཡི་མཆོག་ནི་བདེ་སྟོང་མྱོང༌། །ཤེས་རབ་ཆེན་པོ་གང་དུ་ཡང༌། །དམིགས་སུ་མེད་པ་ཕྱག་རྒྱ་ཆེ། །བློ་ཆེན་ལྡན་ནི་དགའ་བཞིའོ། །མཁས་པ་ཆེན་པོ་ཞེས་པ་ནི། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །སེམས་དཔའ་རེག་པ་ཆགས་པ་རྒྱས། །ཤིན་ཏུ་ཆགས་ཆེན་འདར་བ་དང༌། །གཡོ་དང་འཁྲུག་དང་ཡིད་འཁྲུག་དང༌། །མྱོས་དང་བརྒྱལ་བ་བཅུ་རུ་འདོད། །དེ་ཉིད་ནང་དུ་སྦྱར་བ་ཡིས། །སོ་སོ་བསྡུ་བའི་མཚན་མ་བཅུ། །ཐབས་ཆེན་ཡུལ་ནི་ཉི་ཤུ་བཞིར། །བདེ་བས་ཁྱབ་པ་དཔའ་བོའོ། །རྫུ་འཕྲུལ་ཆེན་བོའི་སྟོབས་དང་ལྡན། །ཞེས་པ་རླུང་རྣམས་འཆུན་པའོ། །ཤུགས་ཆེན་བྱང་སེམས་མི་ཉམས་པ། །མགྱོགས་པ་ཆེན་པོ་རྩ་ཀུན་ཁྱབ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བདེ་བས་བདག་གཞན་བསྐུལ་ནུས་པའོ། །སྟོབས་ཆེན་མཚམས་མེད་ལྔ་སོགས་ལས། །ཕ་རོལ་གནོད་པ་དེས་མི་གོས། །དེ་ཡང་རྡོ་རྗེ་ཐེག་པ་ལས། །གདོལ་པ་སྨྱིག་མ་


DTG015_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁན་ལ་སོགས། །མཚམས་མེད་ལྔ་སོགས་བྱེད་པའི་མི། །གསོད་པ་དོན་དུ་གཉེར་བས་ཀྱང༌། །ཚེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་པའོ། །སྲིད་པའི་རི་བོ་འཇིག་ཚོགས་ཀྱི། །ལྟ་བ་དྲུག་ཅུ་རྩ་གཉིས་སོ། །ཆེན་པོ་གཞིག་པར་དཀའ་བའོ། །འཇོམས་ནི་བདེ་ཆེན་སྤྲོས་བྲལ་ལོ། །བདེ་ཆེན་ཐོབ་རྟགས་གང་ཞེ་ན། །མཁྲེགས་ཤིང་ནོར་བུའི་རྩ་གནས་ལ། །རྡོ་རྗེ་ཆེན་པོ་ལིངྒ་རྒྱས། །འཆང་བ་རྡོ་རྗེ་འཇིགས་བྱེད་དོ། །དེ་ཉིད་དྲག་པོ་ཆེན་པོ་སྟེ། །དྲག་ཤུལ་ཆེན་པོ་དུག་གསུམ་འཇོམས། །འཇིགས་ཆེན་རྟག་པ་འཇིགས་པར་བྱེད། །འཇིགས་པར་བྱེད་པ་ཆད་པ་འཇོམས། །མགོན་པོ་རིགས་མཆོག་ཕྱག་རྒྱ་ཆེ། །ཆེན་པོ་དེ་ལས་ལྷག་མེད་པའོ། །བླ་མ་བདེ་བ་ཆེན་པོ་ལ། །གསང་སྔགས་བདེ་བའི་དམ་ཚིག་བསྲུང༌། །ཆེ་བའི་མཆོག་ནི་ཐབས་མཆོག་གོ །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཞེས་པ་ཐབས་འདིས་འཇིག་རྟེན་འདི། །འདིར་འདེགས་པས་ན་ཚུལ་ལ་གནས། །དེ་ནས་ཐེག་པ་ཆེན་པོ་ཡི། །ཚུལ་ནི་ཧེ་རུ་བདག་མེད་མ། །མཆོག་ནི་རྡོ་རྗེ་པདྨར་སྦྱོར། །གཙུག་ཏོར་དཔྲལ་བ་མགྲིན་པ་སྙིང༌། །ལྟེ་བ་གསང་བ་ནོར་བུ་རྩེ། །འགྲོ་དང་བྱོན་པ་བཅུ་བཞི་ཡིས། །ཚིགས་བཅད་བཅུ་བཞི་རྣམ་པར་དག །རྡོ་རྗེའི་ལུས་ཉིད་རྡོ་རྗེ་དབྱིངས། །གནས་བདུན་བྱོན་གཤེགས་བདེ་མྱོང་བ། །ལྷའོ་དེས་ན་དཀྱིལ་འཁོར་ཏེ། །བརྒྱད་བརྒྱ་བཅུ་གཉིས་བཞུགས་པའོ། །རྡོ་རྗེ་དབྱིངས་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་ལྔ་པའོ།། །།

ལེའུ་དྲུག་པ། ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔས་རྣམ་པར་སྣང་མཛད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG010_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེའུ་དྲུག་པ་ཆོས་ཀྱི་དབྱིངས། །རྣམ་པར་སྣང་མཛད་དཀྱིལ་འཁོར་ནི། །སངས་རྒྱས་བདེ་ཆེན་གསོལ་བར་མཛད། །རྣམ་པར་སྣང་མཛད་འོད་གསལ་ཆེ། །ཐུབ་པ་ཆེན་པོ་མི་ཉམས་བདེ། །ཐུབ་ཆེན་ལྡན་བ་སྒོ་གསུམ་བརྒྱས། །གསང་སྔགས་ཚུལ་ཆེན་བདེ་སྟོང་ལ། །དེ་ལས་བྱུང་བ་འདོད་ཡོན་ལམ། །གསང་སྔགས་ཚུལ་ཆེན་དབང་བཞི་ལ། །རིག་པ་བཞི་ཡི་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཅེས་པ་བུམ་དབང་རྫས་བཅུ་སྟེར། །གསུམ་ལ་རྫས་གསུམ་སྟེར་སྦྱིན་པ། །གཉིས་སྦྱོར་བྱང་སེམས་བརྟན་འཛིན་པ། །ཚུལ་ཁྲིམས་རྟོག་བྲལ་བཟོད་པའོ། །བརྩོན་འགྲུས་བ་ཐག་ཙམ་མི་འཇིག །བདེ་སྟོང་མི་གཡོ་བསམ་གཏན་ནོ། །ཤེས་


DTG015_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རབ་ལྷ་མོའི་ཕྱག་རྒྱ་ལས། །བླ་མའི་ཞལ་ལས་རྙེད་པའོ། །ཐབས་ནི་གོང་གིས་མ་རྟོགས་ན། །ཀར་ན་བཅུ་ལ་བརྟེན་ནས། །འགོག་དང་ཟློག་དང་ཁྱབ་སོགས་ཐབས། །དེ་ཡང་སྔོམ་བརྒྱ་མཚོ་ལས། །ཀུན་དུ་ཙུམ་བ་ཀུཎྜ་ལི། །ན་ཁས་རྩེ་དང་ནཱ་དས་རྩེ། །ཡང་དག་སྦྱོར་དང་སྲིད་ཅེས་སྨྲ། །ཉེད་ཅིང་སྐྱེས་པ་ལྟར་བྱེད་པ། །བརྒྱད་ལ་བརྒྱད་བརྒྱད་དབྱེ་བ་ཡིས། །བྱེད་པ་དྲུག་ཅུ་རྩ་བཞིར་འགྱུར། །ཞེས་གསུངས་སོ། །སྨོན་ལམ་བདེ་ཆེན་མི་འབྲལ་བ། །སྟོབས་ནི་བཟློག་དཀའ་ཟློག་པའོ། །ཡེ་ཤེས་ལྷན་ཅིག་སྐྱེས་པའོ། །ཕྱིན་བཅུ་ཐོབ་པས་དབང་རྫོགས་པའོ། །དེ་ཡང་ཀམྦའི་ཞལ་སྔ་ནས། དུར་ཁྲོད་ཆེན་པོའི་དགོན་པར་རྣལ་འབྱོར་དབང་ཕྱུག་གིས། །གསེར་སྣོད་དག་ཏུ་སེང་གེའི་ཞོ་ལྡུགས་ཚེ་ན་ཕན་ཚུན་དུ། །དབུལ་བ་སེལ་དང་བསིལ་བ་ཐོབ་པས་དང་པོ་གཉིས། །རྗེས་ཆགས་ཁྲོ་མེད་ལེ་ལོ་མེད་པས་གཉིས་པས་གསུམ་དང་བཞི། །རྩེ་གཅིག་རྟོག་བྲལ་གསུམ་པས་ལྔ་པ་དྲུག་པ་དེ་བཞིན་གཞན། །འགོག་ལེན་ཁྱབ་བྱེད་གནས་པ་འཁྲུལ་འཁོར་རླུང་ཐབས་སྟོབས། །གནས་དང་ཉེ་གནས་ལ་སོགས་བཅུ་གཉིས་སྨོན་འདེབས་དེ་བཞིན་ཉིད། །བདེ་དང་ཅིག་ཤོས་དབྱེར་མེད་གནས་པ་གཞི་ནི་བཞི་པ་སྟེ། །བླ་མ་དམ་པའི་དྲིན་གྱིས་བདག་ལ་འདི་འདྲ་གསལ་བར་སྣང༌། །ཞེས་གསུངས་སོ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཞེས་པ་ཁམས་བཅུ་འཇོམས་པ་སྟེ། །རླུང་དང་སེམས་དང་བྱང་ཆུབ་སེམས། །ཁྲག་དང་རྐང་དང་རུས་པ་དང༌། །རུས་པ་ཤ་དང་དབང་པོ་དང༌། །པགས་པ་ལ་སོགས་བཅུ་པོ་དེ། །བདེ་བས་ཁྱབ་བརྟན་གནས་པའོ། །དེ་ཉིད་གནས་དང་དག་པར་འདོད། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཞེས་པ་ཡུལ་དང་ཡུལ་ཅན་དག །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་པ་ཀ་རན་བཅུ་ཡིས། །བདེ་སྟོང་སྐྱེས་པ་ཚུལ་ཆེན་ནོ། །མགོན་པོ་བདེ་ཆེན་ཧེ་རུ་ཀ །ས་བཅུ་གནས་དང་ཉེ་གནས་སོགས། །དབང་ཕྱུག་མི་འཛག་དགའ་ཡེ་ཤེས། །ས་བཅུ་ལ་ནི་གནས་པའོ། །ཞེས་པ་ཀར་ན་བཅུ་ལ། །སྦྱིན་སོགས་རེ་རེས་བརྒྱན་པའོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཞེས་པ་ལྟ་སྟངས་ཤེས་པ་ལས། །རྣམ་དག་ཐོབ་རྟགས་རྣམ་པ་བཅུ། །དུ་བ་སྨིག་རྒྱུ་སྲིན་བུ་མེ། །འབར་བ་ཟླ་སྔོན་མཁའ་དག་དང༌། །ཐིག་ལེ་རེ་ཁཱ་ནག་པོའོ། །


DTG015_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག་ཉིད་ཅན་ནི་སྣ་ཚོགས་པའོ། །ལོངས་སྐུ་མཐོང་བ་ཡིན་པར་འདོད། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་པ་བུག་མེད་ནམ་མཁའ་དག །བལྟས་ཏེ་དབང་པོ་ཡུལ་ཡུལ་ཅན། །གཅིག་ཏུ་གྱུར་པ་མཐོང་བ་ནི། །སྦྱོར་བ་ཡན་ལག་དྲུག་ཡིན་ཏེ། །རྟགས་རྟོགས་ལྡན་པ་འཆང་བ་ཡིན། །དཔལ་ལྡན་དང་པོའི་སངས་རྒྱས་ལས། །ནམ་མཁར་སེམས་གཏད་མིག་མི་འཛུམས། །རྡོ་རྗེ་ལམ་ཞུགས་རྟགས་བཅུ་མཐོང༌། །ཞེས་སོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཞེས་པ་རྣམ་བཅུ་གོང་རྟགས་ལ། །ཤ་ལ་སོགས་པ་སྤྱན་ལྔ་ཡིས། །ཡུལ་དང་ཡུལ་ཅན་མཐོང་བའོ། །ཐུབ་དབང་སྟོབས་བཅུ་ཞེས་པ་ནི། །གྱེན་ཐུར་མེད་ཁྱབ་སྲོག་དང་ནི། །ཀླུ་དང་རུས་རྩངས་ནོར་ལྷ་སྦྱིན། །ཁྱབ་པའི་བདག་ཉིད་བདེ་སྟོང་ངོ༌། །ཀུན་གྱི་ཉི་ཁྲི་ཆིག་སྟོང་ལ། །དོན་ནི་འགོག་ཅིང་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །མེ་དང་ཟླ་བ་ཉིད་མ་དང༌། །ཐིག་ལེ་ནག་པོ་ཐིག་ལེ་ཆེ། །སངས་རྒྱས་ལོངས་སྐུ་མཐོང་བའོ། །དེ་ཡང་དང་པོའི་སངས་རྒྱས་ལས། །ཚེ་ལས་ཡོ་བྱད་སྐྱེ་དང་ཆོས། །རྫུ་འཕྲུལ་མོས་སྨོན་སེམས་ཡེ་ཤེས། །རྟགས་བཅུའི་གྲུབ་པ་དབང་བཅུའོ། །ཞེས་གསུངས་སོ། །ཐོག་མ་མེད་པ་དགའ་བ་ལ། །སྤྲོས་མེད་བདག་ནི་མཆོག་དགའོ། །དེ་བཞིན་ཉིད་ནི་ལྷན་ཅིག་སྐྱེས། །དག་པའི་བདག་ནི་དགའ་བྲལ་ལོ། །བདེན་པར་རང་བཞིན་མྱོང་བཞིན་པ། །སྨྲ་ཞིང་རིགས་ལྡན་བུ་ལ་ནི། །ཚིག་མི་འགྱུར་ནི་དོན་དང་རྟགས། །བདེ་བ་ཆེ་ལ་སྦྱོར་བའོ། །ཤེས་རབ་བུ་ནི་བླ་མ་ཡིས། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་པ་འཛག་པ་སྤོང་བའོ། །གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་པ་འདི་ཡི་དོན་བཤད་ན། །དང་པོ་རྟོག་པ་བསྒོམ་པ་སྟེ། །དེ་ནས་རྟོག་མེད་སྐྱེ་བ་ཡིན། །ཟེར་བ་མི་འཐད་རྒྱུ་འདྲ་ལས། །འབྲས་བུ་འདྲ་བ་བྱུང་ཕྱིར་རོ། །སཱ་ལུ་ལས་ནི་ཁྲེ་མིན་ནོ། །དེས་ན་རྟོག་མེད་རྒྱུ་ལས་ནི། །འབྲས་བུ་རྟོག་མེད་ཡེ་ཤེས་སྐྱེ། །ཡང་དག་ཡེ་ཤེས་མཐའ་ནོར་བུ། །དེ་ལ་རྣམ་པར་གནས་པ་ནི། །མི་འཛག་ཡེ་ཤེས་དགའ་བའི་སེམས། །བདག་མེད་ཆོས་རྣམས་བརྗོད་དུ་མེད། །སེང་གེ་རིམ་གནོན་སྒྲ་ལྡན་པས། །མུ་སྟེགས་དེ་ཉིད་མི་ཤེས་པ། །སྟོང་སྒྲས་རི་དགས་ངན་འཇིགས་བྱེད། །ཀུན་དུ་འགྲོ་བ་བདེ་


DTG015_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོ། །དོན་ཡོད་སྟོབས་ནི་སྦྱོར་བས་བརྩོན། །ཇི་ལྟར་འབབ་པ་དེ་བཞིན་དུ། དུང་ཁང་གནས་སུ་སླར་གཤེགས་པའི། །བདེ་ཆེན་ཁྱབ་པ་ཡིད་ལྟར་མགྱོགས། །རྒྱལ་བ་འདོད་ཆགས་ལས་རྒྱལ་དགའ། །རྣམ་རྒྱལ་རླུང་རྒྱལ་དགའ་ཡེ་ཤེས། །དགྲ་ལས་རྒྱལ་བ་མ་རིག་སོགས། །རྟེན་འབྲེལ་ལས་རྒྱལ་ལྷན་སྐྱེས་སོ། །འཁོར་ལོ་དྲུག་ལ་སྒྱུར་པ་ནི། །རྩ་ལ་ཐིག་ལེས་བརྒྱན་པའོ། །སྟོབས་པོ་ཆེ་ནི་དཔུང་བཞི་སྟེ། །སྣང་བ་ཐོབ་དང་སྣང་བ་མཆེད། །བརྟན་དང་དེ་ཁོན་ཞུས་བཞིའོ། །ཚོགས་ཀྱི་སྟོང་ཕྲག་བདུན་ཅུ་གཉིས། །སློབ་དཔོན་ཤུ་ཀྲ་ཡེ་ཤེས་སོ། །ཚོགས་ཀྱི་དགའ་གསུམ་མཆོག་ལྡན་སྐྱེས། །ཚོགས་ནི་སྐད་ཅིག་གསུམ་ཡིན་ཏེ། །རྗེ་ནི་མཚན་མེད་སྐད་ཅིག་མ། །ཚོགས་ནི་ཕྱག་རྒྱ་གསུམ་ཡིན་ཏེ། །བདག་པོ་ཕྱག་རྒྱ་ཆེན་པོའོ། །ཆོས་ཅན་བཅོ་བརྒྱད་དེ་དག་ལ། །དབང་དང་ལྡན་པས་དབང་ལྡན་ནོ། །མཐུ་ཆེན་བདེ་ཆེན་གཅེས་པ་ལ། །རྟག་ཏུ་ཉམས་མེད་འཛིན་པ་སྟེ། །དེ་ཉིད་ཚུལ་ཆེན་རྟགས་བཅུ་ཐོབ། །གཞན་དྲིང་མི་འཇོག་བཅོས་མ་མེད། །ཚིག་རྗེ་དག་གིས་མཆོག་སྦྱིན་ནུས། །ཚིག་ནི་སོ་སོར་ཡང་དག་རིག །ཚིག་བདག་སྨྲ་མཁས་ཞེས་པ་ནི། །གྲུབ་ཆེན་བརྒྱད་སོགས་ཕྲིན་ལས་རྣམས། །ཚིག་གི་ནུས་པས་ངེས་ཚིག་རིག །ཚིག་ལ་དབང་བ་དོན་རིག་པའོ། །ཚིག་མཐའ་ཡས་པ་ཤེས་རབ་རྒྱས། །སྤོབས་པ་སོ་སོར་རིག་པའོ། །ཚིག་བདེན་ཀུན་རྫོབ་ལྷ་དཀྱིལ་འཁོར། །བདེན་པར་སྨྲ་བ་དོན་དམ་སྟེ། །རྫོགས་རིམ་རྣམ་པ་བཞི་ཡིན་ནོ། །དེ་ཡང་མཁའ་འགྲོ་ཀུན་སྤྱོད་ལས། །ཐམས་ཅད་བདེན་པ་གཉིས་ལ་ནི། །བརྟེན་པར་ངས་ནི་རྟག་བཤད་པ། །རྣལ་འབྱོར་བ་ཡི་དངོས་གྲུབ་ཕྱིར། །སྒོམ་པ་མངོན་དུ་གྱུར་པ་ཡིན། །རྒྱུད་རྣམས་ཀྱི་ནི་རྣལ་འབྱོར་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས་སོ། །བདེན་པ་བཞི་ནི་སྡུག་བསྔལ་སོགས། །སྟོན་པའི་ནི་དགའ་བཞིར་སྟོན། །ཕྱིར་མི་ལྡོག་པ་རླུང་གྲུབ་པས། །ཕྱིར་མི་འོང་བ་ཐིག་ལེ་བརྟན། །འདྲེན་པ་རང་གིས་རིག་གི་རླུང༌། །ཧཱུཾ་ཧས་བདེ་རླུང་འདྲེན་པའོ། །རང་རྒྱལ་དེ་ཡིས་ཁམས་རྒྱས་པ། །བསེ་རུ་ཨ་ཝ་དྷཱུ་ཏཱི་ཡིན། །ཚུལ་ནི་མྱ་ངན་འདས་པའོ། །ངེས་འབྱུང་རྫོགས་པའི་སངས་


DTG015_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱས་སོ། །སྣ་ཚོགས་ཐེག་པ་སྣ་ཚོགས་ལམ། །ལས་བྱུང་ཇི་ལྟར་དེ་ལྟར་སྣང༌། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་པ་འབྱུང་བ་ལྔ་ཡིན་ལ། །ཆེན་པོ་དེ་ལས་ཆོས་ཀུན་སྐྱེས། །རྒྱུ་ནི་རྒྱུ་དང་རྐྱེན་ཉིད་དོ། །གཅིག་པོ་ཆོས་དང་ཆོས་ཅན་གྱིས། །རྒྱུ་རྐྱེན་གྱུར་པ་འདི་ཉིད་ཡིན། །ཆོས་ནི་འབྱུང་ལ་ཆོས་ཅན་ནི། །རྣམ་པར་ཤེས་པ་དེ་ལ་དྲུག །ཤེས་པ་སྐྱེ་བའང་ཆོས་ཡིན་ཏེ། །ཤེས་པ་ཉིད་ན་ཅི་ཞིག་ཤེས། །ཤེས་མེད་སེམས་ནི་འོད་གསལ་བ། །དོན་དམ་དེས་ན་མྱ་ངན་འདས། །འདུ་ཤེས་མེད་འགོག་སྙོམས་འཇུག་ཡིན། །ཐེག་པ་ཆེན་པོའི་བསྒྲུབ་བྱ་ནི། །སྲིད་པ་གསུམ་ལ་དམིགས་ནས་ནི། །མིག་འཕྲུལ་ལྟ་བུའི་རྣམ་པ་ཡིས། །ལམ་ལ་ཐུབ་པའི་ཡོན་ཏན་ལེན། །ཀུན་རྫོབ་འཁོར་དང་མྱང་འདས་གཉིས། །འབྱུང་དང་འབྱུང་ལས་གྱུར་པའོ། །དེ་ཉིད་དོན་དུ་བདེན་འདོད་པ། །ཉན་ཐོས་ཕྱི་རོལ་པ་ཡི་ལུགས། །ཤེས་པ་སྣང་བ་ཡིན་ནོ་ཞེས། །གསལ་བ་དམ་པའི་དོན་འདོད་པ། །ཅིག་ཤོས་རྣལ་འབྱོར་དབང་ཕྱུག་རྣམས། །འཁོར་བ་དང་ནི་མྱ་ངན་འདས། །ཁྱད་པར་ཅུང་ཟད་ཡོད་མིན་པས། །ཀུན་རྫོབ་མིག་འཕྲུལ་ལྟ་བུར་སྣང༌། །དོན་དམ་རང་བཞིན་མེད་པ་ཉིད། །གཉིས་མེད་ཕྱག་རྒྱ་ཆེན་པོར་འདོད། །རྡོ་རྗེ་གསུམ་གྱི་བྱེད་པ་ལ། །འབྱུང་དང་འབྱུང་འགྱུར་ཆོས་རྣམས་གནས། །སྐུ་རྡོ་རྗེ་ལ་སྲ་བ་ས། །གཤེར་བ་ཆུ་སྟེ་དྲོ་བ་མེ། །བསྐྱོང་པ་རླུང་སྟེ་གོ་འབྱེད་མཁའ། །གསུང་རྡོ་རྗེ་ཡི་རྣམ་པ་ནི། །ཨཱ་ལི་ཤེས་རབ་ཡེ་ཤེས་ཁམས། །ཀཱ་ལི་ཐབས་ལས་ཁམས་ལྔ་འབྱུང༌། །ཀ་ཙ་ཊ་ཏ་པ་ལྔ་ས། །ཁ་ཚ་ཋ་ཐ་ཕ་ལྔ་ཆུ། །ག་ཛ་ཌ་ད་བ་ལྔ་མེ། །གྷ་ཛྷ་ཌྷ་དྷ་ཕ་ལྔ་རླུང༌། །ང་ཉ་ཎ་ན་མ་ལྔ་མཁའ། །ཀ་ཙ་ཊ་ཏ་པ་ཡེ་ཤེས། །མགྲིན་རྐང་སྤྱི་བོ་མཆུ་སོ་ལས། །འབྱུང་ཕྱིར་མཁའ་རླུང་མེ་ཆུ་ས། །ཨ་ཀུ་ཨེ་ཀཾ་ཧ་ལྔ་ནི། །མགྲིན་སྒྲ་ནམ་མཁའི་ཁམས་ཡིན་ནོ། །ཨི་ཙུ་ཀྵ་ཡ་ཤ་ལྔ་ནི། །རྐན་སྒྲ་རླུང་གི་ཁམས་ཡིན་ནོ། །རྀ་ཊུ་ར་ཥ་ཨ་ལྔ་ནི། །སྤྱི་བོའི་སྒྲ་སྟེ་མེ་ཡི་ཁམས། །ཨུ་པུ་པ་ཝ་ཨོ་ལྔ་ནི། །མཆུ་སྒྲ་ཆུ་ཡི་ཁམས་ཡིན་ནོ། །ལྀ་ཏུ་ལ་ས་ཨལ་ལྔ་ནི། །སོ་སྒྲ་ས་ཡི་ཁམས་ཡིན་ནོ། །འབྱུང་གནས་ལྔ་ལས་བྱུང་བ་ཡི། །འབྱུང་བའི་ནུས་


DTG015_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་མེ་ཏོག་ནི། །ཁ་དོག་ཡི་གེ་དུག་ལྔར་སྨིན། །ཡི་གེ་དང་པོའི་སྒྲ་བརྟག་པ། །དབྱངས་དགྲ་དབྱངས་ལ་གསལ་བྱེད་དགྲ། །གསལ་བྱེད་རང་ཉིད་ཡིན་པར་འདོད། །གསལ་དབྱངས་ཐབས་ཤེས་གནོད་པ་མེད། །དབྱངས་ཡིག་དགྲ་གྱུར་འཆི་བ་སྟེ། །གསལ་བྱེད་དགྲར་གྱུར་ནད་ཀྱིས་ཐེབས། །ཡན་ལག་དགྲར་གྱུར་དཔལ་འཕྲོག་བྱེད། །དབང་ཐང་མི་མཐུན་རྙེད་པ་མེད། །དེ་རྣམས་མཐུན་པར་གྱུར་པས་ན། །ཚེ་རིང་ནད་མེད་དཔལ་འབྱོར་ལྡན། །ཕལ་པས་བཏང་སྙོམས་འབྲས་གསལ་མིན། །ཆུ་དགྲ་རླུང་ལ་རླུང་དགྲ་ས། །ས་དགྲ་མེ་ལ་མེ་དགྲ་ཆུ། །ནམ་མཁའ་ཀུན་གྲོགས་མཐུན་པའོ། །ས་བཤེས་ཆུ་ལ་ཆུ་བཤེས་ས། །མེ་བཤེས་རླུང་ལ་རླུང་བཤེས་མེ། །རླུང་བྲན་ཆུ་ལ་མེ་བྲན་ས། །ཆུ་བྲན་མེ་ལ་ས་བྲན་རླུང༌། །དགྲས་གནོད་བཤེས་ཀྱིས་ཕན་པར་བྱེད། །བྲན་ནི་ཚུར་ཕན་ཕར་གནོད་པའོ། །ཕལ་པས་གསུམ་ཆར་མེད་པར་འདོད། །འབྱུང་ཆེན་སྲོག་ལ་འབྱུང་ཆུང་ལུས། །ཡན་ལག་དཔལ་ལ་རྐྱེན་དབང་ཐང༌། །གཅིག་པུར་གྱུར་ན་དེ་ཉིད་ཀྱིས། །བྱེ་བྲག་ལས་ནི་བཞིར་ཤེས་བྱ། །སྲོག་མཐུན་ཚེ་རིང་ལུས་མཐུན་པས། །ནད་མེད་དཔལ་མཐུན་དཔལ་དང་ལྡན། །དབང་ཐང་མཐུན་པས་ལོངས་སྤྱོད་འཕེལ། །མི་མཐུན་ཚེ་ཐུང་ནད་མང་ཞིང༌། །སེམས་མེད་དཔལ་མེད་ལོངས་སྤྱོད་འགྲིབ། །ཕལ་པས་ཕན་དང་གནོད་པ་མེད། །བྲན་གྱིས་གཅིག་གནོད་གཅིག་ལ་ཕན། །མཁའ་གཉིས་དབྱིངས་དང་ཡེ་ཤེས་བཟང༌། །གསུམ་ནི་དབྱེར་མེད་མཆོག་ཡིན་ཏེ། །བཞི་པས་བཤིག་པར་བྱེད་པ་ཡིན། །རླུང་གཉིས་སྲོག་རྩོལ་ངན་པ་སྟེ། །གསུམ་གྱི་ཡེ་ཤེས་བཟང་པོར་འགྱུར། །མེ་གཉིས་ཕན་པ་ཡུན་ཐུང་ཐབས། །གསུམ་ནི་སྡུག་བསྔལ་སྣ་ཚོགས་འཁྲུག །ཆུ་གཉིས་བཟང་པོ་གསུམ་ཡང་བཏུབ། །བཞི་པ་ཐམས་ཅད་གོང་དང་མཚུངས། །ས་གཉིས་བཟང་པོ་གསུམ་པ་བཏུབ། །བཞི་པ་བཟང་པོ་ལྔ་པ་སྤང༌། །ཕན་ཚུན་ཕན་གནོད་སྟོབས་ལས་ཤེས། །སྟོབས་མཉམ་དཔལ་དང་དབང་ཐང་སྲོག །གསུམ་གྱི་སྟོབས་ལས་ཕན་ཚུན་ཤེས། །དེ་ཉམས་ཀུན་དུ་འགྲན་པར་བྱོས། །ཕན་འདོགས་དེ་ཡི་གྲོགས་ཀྱིས་བྱ། །གནོད་བྱེད་དེ་


DTG015_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡི་དགྲ་ཡིས་བྱ། །ཚེ་དང་ནད་དང་དཔལ་དང་གྲོགས། །སྲོག་ལུས་དཔལ་དང་དབང་ཐོང་ལ། །དེ་དང་དེ་ཡི་གཉེན་པོས་བྱེད། །ས་ནི་སེར་པོ་ས་གྲུ་བཞི། །ཆུ་ནི་དཀར་པོ་ཆུ་ཟླུམ་པོ། །མེ་ནི་དམར་པོ་མེ་གྲུ་གསུམ། །རླུང་ནི་སྔོན་པོ་རླུང་ཟླ་གམ། །ནམ་མཁའ་ཀུན་གྲོགས་མདོག་དབྱིབས་བྲལ། །དེ་ཉིད་གཅིག་ཏུ་ཕན་གནོད་དཀའ། །འབྱུང་བ་རེ་ལ་ལས་དྲུག་སྟེ། །བསྣུན་དང་དབབ་དང་སྲེག་པ་དང༌། །ཚིམ་དང་གསོ་དང་དགྱེས་པའོ། །རེ་རེ་འང་ཐིག་ལེས་བརྒྱན་པར་བྱ། །སྒྲོན་མའི་མིང་ལ་མཚོན་བྱས་ན། །ཨོཾ་ཧྟཱཿཕཊ་ནི་བསྣུན་པའོ། །ཨོཾ་ཡཏཱཿཧཱུཾ་འབེབས་པའོ། །ཨོཾ་རྟཱཿབཽ་ཥ་ཊ་སྲེག་པའོ། །ཨོཾ་ཝྟཱཿན་མ་ཚིམ་པའོ། །ཨོཾ་ལྟཱཿསྭཱ་ཧཱ་གསོ་བའོ། །ཨོཾ་ཨྟཱཾ་བ་ཥ་ཊ་དགྱེས་པའོ། །འབྱུང་བ་དར་དང་རྒུད་དང་མཉམ། །གསོས་བཏབ་ཤེད་སྨད་གཉིས་གཉིས་ནས། །རེ་རེ་ལ་ཡང་ཤེས་པར་བྱ། །འབྱུང་ཆུང་ཉི་ཤུ་རྩ་ལྔ་ལ། །དབྱིབས་མདོག་ལས་ཀྱང་ཉི་ཤུ་ལྔ། །དུས་ཕྱོགས་ཉོན་མོངས་ཉི་ཤུ་ལྔ། །སྤོང་ཐོབ་འདོད་པས་ཤེས་པར་བྱ། །ཤམྦྷལ་དང་སིངྒ་གླིང༌། །འཛམ་བུ་གླིང་སོགས་དཔག་མེད་ན། །ཡི་གེ་གྲངས་དང་གོག་ས་དང༌། །མིང་མི་འདྲ་བ་གང་ཡོད་ཀྱང༌། །འབྱུང་གནས་ལྔ་ལས་བྱུང་ཤེས་པས། །དེ་ཡིས་སྒྲ་རྣམས་ཐམས་ཅད་ཤེས། །དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །སྔགས་ཀྱི་དེ་ཉིད་མི་ཤེས་པར། །གང་ཞིག་ལྷ་སྒྲུབ་ལས་བྱེད་པ། །ནམ་མཁའ་བཟའ་བར་འདོད་དང་མཚུངས། །དེ་ཕྱིར་སྔགས་པ་རྣམས་ལ་ནི། །ཕན་འདོད་དྲི་མེད་འོད་ཀྱི་དོན། །ཅུང་ཟད་བདག་གིས་འདིར་ནི་བླངས། །དེ་ཡང་དགྱེས་པ་རྡོ་རྗེ་ལས། །བོ་ལ་ཀཀྐོལ་སྦྱོར་བས། །རེག་པ་སྲ་བ་ས་ཡི་ཁམས། །གཤེར་བ་ཆུ་སྟེ་དྲོ་བ་མེ། །བསྐྱོད་པ་རླུང་ཁམས་བདེ་ནམ་མཁའ། །ལྔ་ཡིས་ཡོངས་སུ་བསྐོར་བ་ཡིན། །དགེ་སློང་ཉོན་མོངས་མེད་པའོ། །དགྲ་བཅོམ་འདོད་ཆགས་བདེ་འགྱུར་པ། །ཟག་པ་དྲི་ཆུ་ཁུ་ཟད་པའོ། །འདོད་ཆགས་འདོད་པའི་ཡོན་ཏན་ལྔ། །བྲལ་བས་དབང་གསུམ་ཡེ་ཤེས་ལ། །དབང་པོ་ཐུལ་བ་བཞི་པའི་དུས། །བདེ་བ་རྙེད་པས་མི་འཛག་པའོ། །འཇིགས་མེད་ཐོབ་ནི་འཁོར་བ་མེད། །བསིལ་བར་གྱུར་པ་ཆགས་པ་


DTG015_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟད། །རྙོག་པ་མེད་ནི་དངས་མའོ། །དེ་ཡང་འཁོར་ལོ་སྡོམ་པ་ལས། །འདོད་པའི་འདོད་ཆགས་རྣམ་པར་སྤངས། །གདུལ་བྱ་དེ་རྣམས་ཤེས་ནས་ཀྱང༌། །ཡི་གེ་ལས་བྱུང་རྣམ་པར་སྤངས། །ཚངས་པ་ཉིད་དུ་གྱུར་ནས་ཕྱིས། །ནམ་མཁའ་ལྟ་བུར་འགྱུར་པ་ཡིན། །ཞེས་གསུངས་སོ། །རིག་པ་དང་ནི་གསུམ་སྐྱེས་སྲི། །རྐང་པར་ཤེས་རབ་ཡེ་ཤེས་ལ། །ལྡན་པ་བཞི་པའི་ཡེ་ཤེས་སོ། །བདེ་གཤེགས་ཐིག་ལེ་འཇིག་རྟེན་རིག །ཉོན་མོངས་བྱང་ལམ་རྟོག་པའི་མཆོག །བདག་གིར་མི་འཛིན་དགའ་བ་སྟེ། །ལས་རྒྱ་ཡིན་ནོ་ངར་མི་འཛིན། །མཆོག་དགའ་ཡི་ནི་ཆོས་རྒྱའོ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་པ་ལྷན་སྐྱེས་དམ་རྒྱ་ལ། །འཁོར་བའི་ཕ་རོལ་མཐར་སོན་པ། །དགའ་བྲལ་དགའ་བ་ཕྱག་རྒྱ་ཆེ། །བྱ་བ་བྱས་པས་སྐམ་སར་གནས། །རིམ་གྱིས་བཞི་པར་གནས་པའོ། །ཤེས་པ་འབའ་ཞིག་ཆོས་རྣམས་ཏེ། །ངེས་གསལ་ལྷན་སྐྱེས་ཡེ་ཤེས་རྟོགས། །ཤེས་རབ་མཚོན་ཆ་སྟོང་ཉིད་ཀྱིས། །ཉོན་མོངས་ཉེ་ཉོན་རྣམས་འཇོམས་པའོ། །དམ་པ་བླ་མ་རྡོ་རྗེ་འཆང༌། །ཆོས་ནི་བརྒྱད་ཁྲི་བཞི་སྟོང་ལ། །ཆོས་རྒྱལ་ཨེ་བཾ་ཆོས་ཀུན་དང༌། །སངས་རྒྱས་ཀུན་གྱི་ཕ་མའོ། །གསལ་བར་ཀཱ་ལི་ལྡན་པ་ཨ། །དེ་ལས་ཆོས་རྣམས་ཐམས་ཅད་སྐྱེས། །དེ་ཡང་མཁའ་འགྲོ་རྒྱ་མཚོ་ལས། །ཨཱ་ལི་ཀཱ་ལི་མ་གཏོགས་པར། །གལ་ཏེ་རྡོ་རྗེའི་ཆོས་འདོད་པ། །འདིས་ནི་འབྲས་བུ་མ་ཡིན་ཏེ། །ཕུབ་མ་རྡུང་དང་བྱེད་དང་མཚུངས། །ཞེས་གསུངས་སོ། །འཇིག་རྟེན་མ་རྟོགས་ལོག་རྟོགས་སོ། །སྣང་བར་ཞེས་པའི་དེ་ཉིད་མཐོང༌། །མཆོག་ནི་ལྷན་སྐྱེས་ཡེ་ཤེས་སོ། །ཆོས་ཀྱི་དབང་ཕྱུག་ཧཾ་ལས་ནི། །རང་བྱིན་རློབ་པ་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་ཆགས་བཅས་པ། །སྤྱོད་ལམ་མི་སྤྱོད་སྣོན་པའོ། །དོན་གྲུབ་མཆོག་ཏུ་མི་འགྱུར་ཐོབ། །བསམ་པ་གྲུབ་པ་སྟེ་ཞེས་པ། །ལས་རྒྱ་སྡུག་བསྔལ་སྣོད་ཡིན་པས། །སྤངས་ཏེ་ཡེ་ཤེས་ཕྱག་རྒྱ་ལས། །རྡོ་རྗེ་སེམས་དཔའ་མངོན་བྱེད་པའོ། །ཀུན་དུ་རྟོག་པ་མི་མོ་ལ། །བརྟེན་པའི་བདེ་བ་ཐམས་ཅད་སྤང༌། །རྣམ་པར་མི་རྟོག་ཡན་ལག་དྲུག །ཕག་མོ་བདག་མེད་མ་


DTG015_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟེན་ཏེ། །དབྱིངས་མི་ཟད་པའི་ཡེ་ཤེས་ཐོབ། །འདི་ནི་རྡོ་རྗེ་འཆང་ཆེན་པོ། །དེ་ཡང་གསུངས་པ། །རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་ལ་གང་རྟོག་པ། །དེ་ཉིད་ཀུན་དུ་བརྟགས་པ་ཡི། །ངོ་བོ་ཉིད་མེད་དེ་མེད་དོ། །ཞེས་གསུངས་སོ། །འོ་ན་སྤང་བྱ་ཁོ་ནའམ། །ཞེ་ན་ཆོས་དབྱིངས་དམ་པ་ལ། །ཟད་མི་ཤེས་པའི་ཐབས་ཡོད་པས། །བློ་ངན་རྣམས་ལ་བསྟན་པ་ཡིན། །དེ་ཡང་ཀླུ་ལས་ཁྲོས་པ་ལས། །ཞི་བས་ཕན་པར་མ་གྱུར་ན། །དེ་བཞིན་གཤེགས་ཉིད་ཁྲོ་བོར་སྤྲུལ། །ཇི་ལྟར་ཇི་ལྟར་བཏུལ་གྱུར་པ། །འདི་ཡི་བྱེད་པ་རྡོ་རྗེ་སེམས། །ཞེས་གསུངས་སོ། །བསོད་ནམས་སྙིང་རྗེ་ཆེན་པོ་ལ། །ལྡན་པ་ཆགས་པའི་བླུན་པའོ། །བསོད་ནམས་མི་འཛག་བདེ་བའི་སེམས། །ཚོགས་ནི་ཕྱག་རྒྱ་ཆེན་པོའི་ཐབས། །དེ་ཡང༌། ལུས་ལ་ཡེ་ཤེས་ཆེན་པོར་གནས། །འདི་རྟོགས་གྲོལ་བར་ཀུན་འདོད་ལ། །དེ་རྟོགས་ཐབས་ནི་བསོད་ཡེ་ཤེས། །ཡིན་པར་ཀུན་མཐུན་ཐབས་མི་མཁས། །བསོད་ནམས་ཕྱིར་བསོག་ཡེ་ཤེས་ནི། །བློ་ཡིས་བྱས་པས་ཐར་པ་རིང༌། །འདིར་ནི་བསོད་ནམས་དཀྱིལ་འཁོར་ཆེ། །བཅུད་རྣམས་ཀྱིས་མཆོད་མཉེས་འཕེལ་བས། །བདེ་སྟོང་རྒྱས་པ་རྫོགས་སངས་རྒྱས། །འདི་འདྲའི་བསོད་ནམས་གང་ལ་སྲིད། །ཡེ་ཤེས་ཚོགས་རྣམས་དེ་ཉིད་དོ། །དེས་ན་རྒྱུད་རྣམས་ཀུན་ལས་ཀྱང༌། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །འདོད་པའི་ཡོན་ཏན་ལྔ་རྣམས་ལ། །ཅི་བདེ་བར་ནི་སྤྱད་པས་འགྲུབ། །ཅེས་གསུངས་སོ། །ཡེ་ཤེས་ནོར་བུ་དམིགས་མེད་བདེ། །ཡེ་ཤེས་ཧཾ་སྐྱེས་ཐིག་ལེའི་ཁམས། །འབྱུང་གནས་ཆེ་ནི་དེ་ཉིད་དོ། །དེ་ཡང་རྒྱུད་ལས་འདི་སྐད་གསུངས། །རླུང་བཅིངས་པ་ཡི་སྦྱོར་བ་ཡིས། །རྣམ་པར་རྟོག་པ་ཐམས་ཅད་བསྲེག །རྟོག་མེད་ཡེ་ཤེས་ལ་སྦྱོར་བ། །ལུས་ཀྱི་ཐབས་ལ་བརྟེན་པ་མཆོག །ཅེས་གསུངས་སོ། །རང་ལ་ཡེ་ཤེས་ལྡན་པ་ཡིས། །ཡོད་མི་ཤེས་པ་འདི་ཡིན་ཏེ། ཕ་རོལ་ཡེ་ཤེས་ཡོད་མེད་ཤེས། །ཡང་ན་མཐའ་བྲལ་རྟོགས་པའོ། །ཚོགས་གཉིས་ཚོགས་ནི་བསགས་པའོ། །ཞེས་པ་བ་སྤུའི་བུ་གནས། །སྤྲུལ་པ་སྤྲུལ་ཏེ་འགྲོ་དོན་ནུས། །འདི་


DTG015_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདྲའི་བདེ་སྟོང་སྙིང་རྗེའི་སེམས། །མེད་པར་དཀའ་ཐུབ་ཟས་སྤོང་སོགས། །རྒྱ་མཚོ་རུས་སྦལ་ཁོག་གཤོག་འདྲ། །རྟག་པ་མི་ཉམས་ཀུན་རྒྱལ་བ། །རྩ་སྟོང་པྲག་ནི་བདུན་ཅུ་གཉིས། །བདེ་ཆེན་རང་བཞིན་རྒྱས་པ་སྟེ། །རྣལ་འབྱོར་ཅན་ནི་སྒོ་གསུམ་དག །དེ་ཡང་ལུས་ལས་གསུངས་པ་ནི། །ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་དེ་བཤད་དོ། །ཞེས་སོ། །བསམ་གཏན་དགའ་བཞི་བསམ་བྱ་ནི། །རླུང་དང་རྩ་རྣམས་དྲན་པའོ། །ཡང་ན་སྙིང་ག་པདྨའི་གནས། །ཆ་མེད་དྲན་པ་བློ་ལྡན་མཆོག །སོ་སོར་རང་རིག་མི་གཡོ་བ། །ཞེས་པ་གཞོན་ནུ་ས་ཧ་ཛཱས། །རིག་ལ་སྨྲ་བར་མ་ནུས་པའོ། །མཆོག་གི་དང་པོ་ལྷན་ཅིག་སྐྱེས། །སྐུ་གསུམ་འཆང་བ་རྡོ་རྗེ་སེམས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་པ་མ་ལོག་ལོག་པ་དང༌། །རྨི་ལམ་རྨི་ལམ་ཆེན་པོ་དང༌། །སད་པ་གནས་སྐབས་ལྔ་པོ་ནི། །སངས་རྒྱས་སྐུ་ལྔའི་བདག་ཉིད་དོ། །ཁྱབ་བདག་ལྷན་ཅིག་སྐྱེས་པ་ལ། །ཡེ་ཤེས་ལྔ་ནི་གནས་སྐབས་ལྔ། །ཡེ་ཤེས་དག་དང་ལྡན་པའོ། །དེ་ཡང་ཧེ་ཡི་རྡོ་རྗེ་ལས། །བོ་ལ་ཀཀྐོལ་སྦྱོར་ནས། །ཞེས་པ་འདི་དུ་སྦྱོར་བ་ཡིན། །སངས་རྒྱས་ལྔ་བདག་རིགས་ལྔ་ལ། །ཅོད་པན་ལྔ་ཕུང་དག་རྟགས་སུ། །སྣ་ཚོགས་རྡོ་རྗེ་འཆང་བའོ། །སྤྱན་ལྔ་མཚན་མོའི་རྟགས་ལྔ་ལ། །བལྟས་པས་ཆགས་པ་མེད་པ་འཆང༌། །དེ་ཡང་དྲ་བ་སྡོམ་པ་ལས། །དང་པོ་རི་དགས་སྲིད་དུ་སྣང་བ་སྟེ། །མཚན་མ་གཉིས་པ་དུད་ཁའི་རྣམ་པ་ཅན། །གསུམ་པ་མེ་ཁྱེར་དང་འདྲ་བཞི་པ་ནི། །སྦྱིན་མེད་ནམ་མཁའ་མཚན་མ་ལྔ་པ་ནི། །ཤིན་ཏུ་འོད་གསལ་རང་གི་སྣང་བ་འཆར། །ཞེས་གསུངས་སོ། །སངས་རྒྱས་ཐམས་ཅད་སྐྱེད་པའོ། །ཞེས་པ་སྤྲུལ་ལོངས་སོགས་མཐོང་ལ། །ཉིན་མོའི་རྟགས་མཐོང་མངོན་ཤེས་དྲུག །སངས་རྒྱས་སྲས་པོ་བྱང་ཆུབ་སེམས། །དམ་པའི་མཆོག་ནི་བསྐྱེད་པའོ། །ཤེས་པ་སྲིད་འབྱུང་དཀྱིལ་འཁོར་ལ། །སྐྱེ་གནས་མེད་ནི་རྫོགས་པའི་རིམ། །དེ་ཡང་གསུངས་པ། བསྐྱེད་པའི་རིམ་ལ་རབ་གནས་ཤིང༌། །རྫོགས་པའི་རིམ་པ་སྒོམ་བྱེད་པ། །སངས་རྒྱས་ཐབས་དང་ལྡན་པ་ཡིས། །སྐས་ཀྱི་སེན་མོ་བཞིན་དུ་བཤད། །ཅེས་གསུངས་སོ། །ཆོས་


DTG015_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་འབྱུང་བ་བྷ་ག་ལ། །བཾ་གཞག་པ་ཡི་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །ཅེས་པ་ལྷན་སྐྱེས་ཡེ་ཤེས་སོ། །དངོས་དེ་སྐྱེས་མ་ཐག་ཏུ་ནི། །ཀུན་གྱི་དོན་གྲུབ་འགྲོ་བའི་བདག །སྨིན་ཅིང་འཁྲུལ་འཁོར་ལྡན་པ་ཡིས། །ནམ་མཁའ་ལས་བྱུང་རང་བྱུང་བ། །རྟགས་བརྒྱད་མཐོང་བ་འདི་ལྟ་སྟེ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །རང་སེམས་འབར་བའི་རྣམ་པ་ཅན། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །འོད་ཆེན་རྣམ་པར་སྣང་བའོ། །ཟླ་བའི་ཡེ་ཤེས་རྣམ་སྣང་མཛད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཉི་མའི་ཡེ་ཤེས་རིན་ཆེན་འབྱུང། །འགྲོ་བའི་ཡེ་ཤེས་མར་མེ་སྒྲོན། །རཱ་ཧུ་ཡེ་ཤེས་དོན་ཡོད་གྲུབ། །གཟི་བརྗིད་ཆེན་པོ་འོད་གསལ་བ། །གློག་གི་ཡེ་ཤེས་མཐའ་ཡས་ཉིད། །སྔགས་དྲག་མངའ་བདག་རིག་སྔགས་རྒྱལ། །ཐིག་ལེ་གནས་བའི་ཡེ་ཤེས་ཏེ། །རྡོ་རྗེ་སེམས་དཔའི་བདག་ཉིད་དོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཟླ་སྔོན་སྣང་བའི་ཡེ་ཤེས་ནི། །ཧེ་རུ་ཀ་དཔལ་ཉིད་དུ་འདོད། །གཙུག་ཏོར་ཆེན་པོའི་ལྟ་སྟངས་ཀྱིས། །རེ་ཁཱ་ནག་པོ་ཡེ་ཤེས་མཐོང༌། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །རྨད་འབྱུང་གཙུག་ནི་རྡོ་རྗེ་འཆང༌། །ཐམས་ཅད་མཐོང་བ་མཆོག་ཐོབ་པའོ། །ནམ་མཁའི་བདག་པོ་ཏ་ར་ན། །སྣ་ཚོགས་སྟོན་པ་ཡོན་ཏན་ནོ། །དེ་ཡང་དང་པོའི་སངས་རྒྱས་ལས། །ཏ་ར་ན་བཅིངས་ཡོན་ཏན་གྱིས། །སྲིད་པ་གསུམ་པོ་མ་གཡོས་པས། །ནམ་མཁའི་བདག་པོར་དེ་གྱུར་ཏེ། །རྟགས་བཅུ་ལ་སོགས་སྣ་ཚོགས་སྟོན། །ཞེས་གསུངས་སོ། །སངས་རྒྱས་ཀུན་གྱི་བདག་པོ་ནི། །རྟགས་རྣམས་སྣང་བས་དངོས་པོ་མཆོག །དེ་འདྲ་མཐོང་བའི་རྣལ་འབྱོར་ཏེ། །ཀུན་དགའ་ཆེན་པོ་མིག་དང་ལྡན། །ལྡན་ཆོས་ལྟ་སྟངས་བཞི་ཡིན་ཏེ། །སྣ་ཚོགས་གཟུགས་ཅན་རྟགས་མཚན་རྣམས། །བྱེད་པ་པོ་ནི་ཡན་ལག་དྲུག །མཆོད་ཅིང་བརྗོད་པ་བསྙེན་སྒྲུབ་བཞི། །དྲང་སྲོང་ཆེན་པོ་བཅོམ་ལྡན་འདས། །རིགས་གསུམ་གནས་དང་ཞིང་ཡེ་ཤེས། །འཆང་བ་དེ་ལ་བདེ་བ་ཡོད། །གསང་སྔགས་འཆང་ནི་རྣལ་འབྱོར་པ། །ཐིག་ལེ་མི་ཉམས་གསང་སྔགས་འཛིན། །དམ་ཚིག་ཆེན་པོ་རྟག་ཏུ་བདེ། །


DTG015_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཙོ་བོ་རྩ་གསུམ་དཀོན་མཆོག་གསུམ། །འཛིན་པ་དེ་ནང་ཐིག་ལེ་འཛིན། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་པ་ལྷན་སྐྱེས་ཡེ་ཤེས་རྟེན། །སྐལ་བ་དང་ནི་ཁྱོགས་གདུགས་སོ། །དོན་ཡོད་ཐིག་ལེ་ཞགས་པ་ནི། །རླུང་གིས་འབིགས་པས་རྣམ་པར་རྒྱལ། །འཛིན་པ་འཁོར་ལོ་དྲུག་ཏུ་ནི། །རླུང་འགོག་ཆེན་པོ་རྡོ་རྗེ་ཞགས། །རླུང་གིས་དེ་བླངས་རྡོ་རྗེ་ཡི། །ལྕགས་ཀྱུ་ཞགས་པ་ཆེ་ཞེས་བྱ། །ཡང་ན་ཞགས་པ་ཆེ་ཞེས་པ། །ལྟེ་བའི་འོག་རྩ་འཁྱིལ་བ་ནི། །ནོར་རྒྱས་མིང་ཅན་རླུང་དེ་ཡིས། །དྷཱུ་ཏཱི་ནས་འཕགས་བྱང་སེམས་འགུགས། །དེ་ལ་ཞགས་པ་ཞེས་བརྗོད་དོ། །ལུས་ནི་ཡུལ་ཆེན་ཉི་ཤུ་བཞི། །དཔྲལ་བ་ལ་སོགས་སྦྱར་བ་དང༌། །སྙིང་དབུས་པདྨའི་འདབ་མར་ལྡན། །གནས་གཙོ་ཡིན་ཏེ་རྩ་ལྔ་ཡི། །ཚིགས་བཅད་ཉི་ཤུ་རྩ་ལྔ་དག །རྣམ་པར་སྣང་མཛད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྒྱ་ཆེར་འགྲེལ་པའི་ལེའུ་སྟེ་དྲུག་པའོ།། །།

ལེའུ་བདུན་པ། ཚིགས་སུ་བཅད་པ་བཅུ་དང་ཚིག་རྐང་གཅིག་གིས་རྡོ་རྗེ་རིགས་ཀྱི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG010_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེའུ་བདུན་པ་རྡོ་རྗེའི་རིགས་ཚིགས་སུ་བཅད་པ་བཅུ་དང་གཅིག །དང་པོ་རྡོ་རྗེ་འཇིགས་བྱེད་ནི། །རྡོ་རྗེ་ཨ་ཝ་དྷཱུ་ཏཱ་ལ། །དེ་ནང་རླུང་ནི་འཇིགས་བྱེད་དོ། །འཇིགས་པར་བྱེད་ནི་དེ་རྟོག་བཤིགས། །ཁྲོ་བོའི་རྒྱལ་པོ་དགའ་བྲལ་མཐའ། །སོ་སོར་སྡུད་སོགས་གདེང་དྲུག་ལ། །འཇིགས་པ་དེས་ནི་རྟོག་པ་གཅོད། །མིག་དྲུག་མངོན་ཤེས་ལག་དྲུག་རྟགས། །སྟོབས་དང་ལྡན་ནི་འདོད་ཆགས་ཀྱིས། །ཆགས་པ་ཐམས་ཅད་འཇོམས་པའོ། །ཀེང་རུས་སྤྱི་བོའི་ཧཾ་དཀར་པོ། །མཆེ་བ་ཨ་ཤད་གཙིགས་པའོ། །བླ་མའི་གདམས་པས་གཏུམ་མོ་སྦྱོར། །ཧ་ལ་ཧ་ལ་མཁའ་ཡེ་ཤེས། །གདོང་བརྒྱ་རྩ་རླུང་སྟོང་པ་ཡིས། །ཡེ་ཤེས་མི་འདྲ་གདོང་བརྒྱའོ། །གཤིན་རྗེ་གཉིས་མེད་ཡེ་ཤེས་ཏེ། །གཤེད་པོ་དེ་ཡིས་གཉིས་སྣང་འཇོམས། །བགེགས་ཀྱི་རྒྱལ་ནི་བདུད་བཞི་རྒྱལ། །རྡོ་རྗེ་ཡང་དག་ཡེ་ཤེས་ལ། །ཤུགས་ཆེན་ཞེས་པས་འཇིགས་པར་བྱེད། །རྡོ་རྗེ་དྲག་པོ་ལུས་ངག་ཡིད། །གསང་བ་འདུས་སོགས་ལས་གསུངས་སོ། །རྡོ་རྗེ་སྙིང་པོ་ཆོས་ཀྱི་ཚུལ། །སྒྱུ་འཕྲུལ་མཱ་ཡཱ་ཨེ་དང་ཝཾ། །རྡོ་རྗེ་ལིངྒ་གསུས་པོ་ཆེ། །རྒྱས་ཤིང་ཤིན་ཏུ་རྒྱས་པའོ། །རྡོ་རྗེ་ལས་སྐྱེས་རྡོར་བུམ་ནང༌། །ཛཱ་ལནྡྷ་ར་དབུ་རྒྱན་པར། །བདེ་བས་གང་ལ་རྡོ་རྗེའི་


DTG015_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག །རྡོ་རྗེ་སྙིང་པོས་སྐུ་གསུང་ཐུགས། །མཁའ་འདྲ་གསང་གནས་ལས་སྐྱེས་བདེ། །མི་གཡོ་སྲོག་རྩོལ་གནས་པ་ལ། །རལ་པ་གཅིག་པ་རོ་གཅིག་གྲོལ། །བསྒྱིངས་པ་དེ་འདྲ་གང་ཡོད་པའོ། །གླང་ཆེན་བདེ་བ་ཀོ་རློན་ནོ། །ལུས་ཀུན་ཁྱབ་ཅིང་མཉེས་པར་བྱས། །དེ་ལྡན་པས་ན་གོས་སུ་གྱོན། །གྲགས་ཆེན་བདེ་བས་གང་བ་ལ། །ཧ་ཧ་ཞེས་སྒྲོགས་དཔའ་བོའི་གང༌། །ཧི་ཧི་ཞེས་སྒྲོགས་དཔའ་མོའི་གད། །འཇིགས་པར་བྱེད་པ་མངོན་བདེ་མྱོང༌། །གད་མོ་ཆེན་པོ་བདེ་ཆེན་ཐིག །གད་རྒྱངས་ཅན་ནི་ལྟུང་བའི་སྒྲ། །ཧ་བརྒྱད་བརྗོད་པ་རྡོ་རྗེའི་གད། །ཆེར་སྒྲོགས་པ་ནི་རྒྱུན་ཆད་མེད། །རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས། །སེམས་དཔའ་ཆེན་པོ་དབྱེར་མེད་བདེ། །རྡོ་རྗེ་ལ་རྒྱལ་པོ་ནི། །དེ་ཡི་ནང་ནས་བདེ་བ་ཆེ། །རྡོ་རྗེ་དྲག་པོ་སྟོང་པ་ཉིད། །རྟག་ཏུ་དེ་ལྡན་དགའ་བ་ཆེ། །རྡོ་རྗེ་ཧཱུཾ་ཞེས་སྒྲོགས། །ཞེས་པ་ཧཱུཾ་བཞིས་གནས་བཞིར་ནི། །དགའ་བཞི་ཉམས་སུ་མྱོང་བའོ། །རྡོ་རྗེ་ཨ་ཝ་དྷཱུ་ཏཱི་ལ། །མདའ་ཐོགས་པ་ནི་མཚོན་ཆ་ཅན། །གཡས་གཡོན་གཉིས་ཀྱི་རླུང་འགགས་པ། །མཚོན་ཆེན་དེ་ཡིས་རྣམ་རྟོག་གཅོད། །རྡོ་རྗེ་གཉིས་མེད་ཡེ་ཤེས་ཀྱི། །རལ་གྲིས་ཉོན་མོངས་མ་ལུས་གཅོད། །རྡོ་རྗེ་རླུང་རྣམས་ཀུན་འཆང་བ། །སྣ་ཡི་རྩེ་མོར་ཡུངས་འབྲུ་བསྒོམ། །དེ་ཉིད་ནོར་བུ་རྡོ་རྗེ་ཅན། །དེ་ཡང་དུས་ཀྱི་འཁོར་ལོ་ལས། །སྣ་རྩེར་ཡུངས་ཀར་ཞེས་བརྗོད་པ། །དེ་ཡང་སྲོག་དང་རྩོལ་བར་བརྗོད། །ཁམས་གསུམ་པ་ནི་མ་ལུས་ལ། །སྲིད་གསུམ་གཟུགས་བརྙན་མཐོང་བར་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་གཅིག་པུ་ལས་རྒྱལ། །དེ་བསྟེན་བདེ་བས་གཡུལ་སེལ་བའོ། །རྡོ་རྗེ་འབར་བ་ཙཎྜ་ལཱི། །མིག་མི་བཟང་ནི་རི་དགས་མིག །སྤྱི་བོར་རྡོ་རྗེ་འབར་བ་སྟེ། །ཞེས་པ་ཡར་རྩེ་མར་རྩེ་འབར། །རྡོ་རྗེ་འབེབས་པ་བཅུ་དྲུག་ལ། །དེ་ཡི་ཕྱེད་ཕྱེད་འབེབས་པ་ཆེ། །ཁམས་གསུམ་ཕྱག་རྒྱ་ཆེན་པོར་དབང༌། །མིག་བརྒྱ་པ་སྟེ་མངལ་བྱ། །རྡོ་རྗེའི་མིག་ནི་ཤ་ཡི་སྤྱན། །དེ་ཡིས་གཟུགས་བརྙན་མཐོང་བའོ། །ལུས་ནི་རྡོ་རྗེའི་པ་སྤུ་ཅན། །ཞེས་པ་སྤུ་བྱེ་ཕྱེད་བཞི། །ནང་དུ་ཐིག་ལེའི་ཁ་འབྲུའོ། །དེ་ཉིད་རྡོ་རྗེའི་སྤུ་ཡིན་ཏེ། །གཅིག་པུ་ལུས་ནི་རྒྱུན་ཆད་མེད། །སེན་མོ་དཀར་དམར་


DTG015_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདྲེས་པ་ལས། །སྐྱེས་པ་བདེ་སྟོང་རྡོ་རྗེའི་རྩེ། །མི་འཛག་རྟག་ཏུ་དགའ་བའི་ཡིད། །རྡོ་རྗེ་སྙིང་པོ་རྣམ་རྟོག་མེད། །བགས་པ་མཁྲེགས་ནི་སྐྱོན་མི་ཚུགས། །རྡོ་རྗེ་ཕྲེང་འཛིན་ཡུལ་རྩ་བཞིར། །ཐིམ་དང་ལོངས་སྤྱོད་འཇུག་པ་གསུམ། །ཉིན་མཚན་དུས་འདས་དཔལ་དང་ལྡན། །དེ་འདྲའི་བྱེད་གསུམ་རྡོ་རྗེ་རྒྱན། །རྣལ་འབྱོར་ལུས་ལ་བརྒྱན་པ་སྟེ། །ཀུན་ལ་བདེ་བའི་གད་རྒྱངས་ནི། །དགའ་ཆེན་ཧ་ཧ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་འཁོར་ལོ་དྲུག །རྡོ་རྗེའི་སྒྲ་ནི་ཨ་ཀྵ་རའོ། །འགྱུར་པ་མེད་པའི་ཡི་གེའོ། །འཇམ་དབྱངས་ཐིག་ལེ་ཆེན་པོ་ལ། །དེ་ནི་མི་འཕྲོ་སྒྲ་ཆེ་བ། །འཇིགས་རྟེན་གསུམ་ན་སྒྲ་གཅིག་པ། །ཞེས་པ་ཟག་པ་དགྲ་གཅིག་པུ། །དེ་འདུལ་ཐབས་ཆེན་སྟོང་གསུམ་གྱི། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པའོ། །སྒྲ་དང་ལྡན་པ་ཐེག་ཆེན་ཆོས། །སྣ་ཚོགས་ཐབས་ལམ་བསྟན་པ་ལས། །རྣམས་ཀྱི་མཆོག་གྱུར་འདི་ཉིད་དོ། །སྙིང་གའི་ཕྱི་ཡི་རྩ་བདུན་དང༌། །འོག་གི་རྩ་བཞི་དྲི་ཆེན་དང༌། །དྲི་ཆུ་ཁྲག་དང་ཁུ་བ་འབབ། །བཅུ་གཅིག་དག་པ་ཤློ་ཀ །བཅུ་དང་ཚིག་རྐང་གཅིག་དག་པའོ། །རྡོ་རྗེ་རིགས་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་བདུན་པའོ།། །།

ལེའུ་བརྒྱད་པ། ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་ཀྱིས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG010_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེའུ་བརྒྱད་པ་འོད་དཔག་མེད། །པདྨའི་རིགས་ཀྱི་ལེའུ་ལ། །ཚིགས་བརྒྱད་བཞི་བཅུ་རྩ་གཉིས་ཀྱིས། །སོ་སོར་རྟོག་པའི་ཡེ་ཤེས་བསྟན། །དེ་བཞིན་ཉིད་ནི་དྷཱུ་ཏཱིའོ། །ཡང་དག་བདག་མེད་གཡས་གཡོན་རླུང༌། །ཡང་དག་མཐའ་སྟེ་རླུང་གྲུབ་པ། །ཡི་གེ་མེད་ནི་རམ་རྟོག་མེད། །སྟོང་གཉིས་མི་འཛག་གང་བའི་སེམས། །སྨྲ་བ་ཨཱ་ལི་ཀཱ་ལི་ལ། །ཁྱུ་མཆོག་བདུད་རྣམས་འཇོམས་པ་སྟེ། །ཟབ་ཅིང་སྟོང་ཉིད་རྒྱ་ཆེན་སྣང༌། །དབྱེར་མེད་དབྱེར་མེད་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་ཆོས་འབྱུང་ན། །རྩ་ནི་བདེ་སྐྱེད་དུང་ཅན་མ། །བདེ་བ་དཔག་མེད་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜི་མགྲིན་པར་གནས། །བརྒྱད་ཁྲི་བཞི་སྟོང་ཆོས་སྟོང་པ། །སྒྲ་བོ་ཆེ་ནི་གསུང་རྡོ་རྗེ། །མི་གནས་ཕྱག་རྒྱ་ཆེན་པོ་ལ། །མྱ་ངན་འདས་པ་ཆོས་སྐུའོ། །ཕྱོགས་བཅུ་ཡུལ་དང་ཡུལ་ཅན་ཏེ། །ཆོས་ཀྱི་རྔ་ཆེན་རྩ་རླུང་ཕུབ། །གཟུགས་མེད་ཆོས་སྐུ་སྟོང་པ་ཉིད། །གཟུགས་བཟང་ལོངས་སྐུ་བདེ་བ་ཆེ། །དམ་པ་སྟེ་


DTG015_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་རྡོ་རྗེའི་སྐུ། །སྣ་ཚོགས་གཟུགས་ཅན་སྤྲུལ་སྐུའོ། །ཡིད་ནི་བདེ་ཆེན་སྤྲོས་བྲལ་ལས། །སྐྱེས་པ་སྐུ་ལྔའི་བདག་ཉིད་དོ། །གཟུགས་རྣམས་རྒྱུད་ལྔའི་འཁོར་བ་ལ། །ཐམས་ཅད་རྟེན་དང་བརྟེན་བཅས་ལ། །བརྟེན་ནས་སྐུ་བཞིའི་སྣང་བའི་དབལ། །གཟུགས་བརྙན་ཉིན་མཚན་རྟགས་བཅུ་བཞི། །མ་ལུས་འཆང་བ་ཐོབ་པའོ། །མཚུངས་པ་མེད་ནི་འདོད་ཡོན་ལྔས། །མི་གནོད་འཕེལ་ཞིང་ཆེར་གྲགས་པ། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །བསོད་ནམས་ཡེ་ཤེས་ཚོགས་མཐར་ཕྱིན། །ལམ་དང་འབྲས་བུ་གཉིས་ཡིན་ནོ། །འཕགས་པ་ཉམས་པ་མེད་པའོ། །ལམ་ནི་འཁོར་ལོ་དྲུག་ཡིན་ནོ། །ཤིན་ཏུ་མཐོ་བ་གཙུག་ཏོར་ལ། །ཐིག་ལེ་མི་ཉམས་གནས་པའོ། །ཆོས་ཀྱི་རྟོག་ནི་རྡོ་རྗེ་རྩེར། །རྒྱས་པ་པོ་ནི་བདེ་བས་གང༌། །འཇིག་རྟེན་གསུམ་ནི་ལུས་ངག་ཡིད། །གཞོན་ལུས་གཅིག་ནི་གསུམ་པའི་དུས། །གནས་བརྟན་སྤྲུལ་པའི་འཁོར་ལོ་ལ། །རྒན་པོ་ལྷན་སྐྱེས་ཡེ་ཤེས་སོ། །སྐྱེ་དགུའི་བདག་ནི་བུག་དགུ་བསྡམས། །དེ་ཡང་སྒྱུ་མ་ཆེན་མོ་ལས། །མིག་གཉིས་དང་ནི་རྣ་བ་གཉིས། །དེ་བཞིན་སྣ་དང་ཁ་དག་དང༌། །ཡིད་ཀྱི་སྙིང་པོ་དགག་པ་ནི། །སེང་གེ་རྣམ་གྲོལ་ཕྱག་རྒྱ་ཆེ། །རྣལ་འབྱོར་པ་ཡིས་བཅིང་བར་བྱ། །ཞེས་གསུངས་སོ། །དེ་ལས་སྐྱེས་པའི་བདེ་བའོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་པ་འཕེལ་འགྲིབ་བཅུ་དྲུག་གོ །སྡུ་གུ་གཏུམ་མོའི་ན་ཆུང་ལ། །འཁོར་གསུམ་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་མིག་ལ་སོགས་པ་ལ། །ཤེས་ལེགས་སྐྱོན་གྱིས་མ་གོས་པར། །སྟོན་པ་སློབ་དཔོན་ཞེས་བརྗོད་དོ། །འཇིག་རྟེན་འབྱུང་བ་ལྔ་ལྡན་ཀྵ། །སློབ་དཔོན་བཞི་པ་སྟེར་བ་སྟེ། །དེ་ལ་འཇིགས་པ་མེད་པ་མཆོག །གཉིས་མེད་སྤྱོར་བ་མགོན་སྐྱོབ་པ། །འཇིག་རྟེན་ཡིད་གཅུགས་དོན་དམ་དང༌། །ཀུན་རྫོབ་ཕན་ཚུན་མི་འགལ་བའོ། སྐྱབས་དང་འབབ་པ་སྐྱོབ་པ་ནི། །བཟློག་པས་ཡེ་ཤེས་བླ་ན་མེད། །ནམ་མཁའི་མཐའ་ནི་ཤེས་རབ་ལ། །ལོངས་སྤྱོད་པ་ནི་གཉིས་མེད་སྤྱོར། །ཐམས་ཅད་མཁྱེན་པ་སྤྱོར་དྲུག་གིས། །རྟགས་མ་ལུས་པ་ཐོབ་པ་


DTG015_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས། །ཡེ་ཤེས་མཚོ་ནི་ཟད་མི་ཤེས། །ཡོན་ཏན་ཆེན་པོས་གང་བའོ། །མ་རིག་རྟེན་འབྲེལ་བཅུ་གཉིས་ལ། །སྒོ་ངའི་སྦུབས་ནི་མི་ཤེས་གཏུམས། །འབྱེད་པ་གསུམ་པའི་ཡེ་ཤེས་སོ། །ཡང་ན་ལུས་ལ་སངས་རྒྱས་ནི། །ཡོད་པ་མ་རྟོགས་སྒོ་ངའི་སྦུབས། །འབྱེད་པ་བླ་མས་ཡེ་ཤེས་སྦྱོར། །འདི་དེ་ལམ་མཆོག་ཡིན་པར་གསུངས། །སྲིད་པའི་དྲ་བ་མི་ཤེས་བསྒྲིབས། །འཇོམས་པ་པོ་ནི་རྟོགས་པའོ། །ཉོན་མོངས་རྩ་བ་ཉེ་ཉོན་མོངས། །མ་ལུས་བཞི་བྱེད་དགའ་བ་བཞི། །དབང་བཞི་ལས་རྙེད་ཡེ་ཤེས་བཞིའོ། །འཁོར་བའི་རྒྱ་མཚོ་ལས་རྒྱ་སྟེ། །ཕ་རོལ་ཕྱིན་པ་ཡེ་ཤེས་རྒྱ། །རྒྱ་གྲམ་གཉིས་མེད་བདེ་ཆེན་པོ། །མཆོག་ཏུ་མི་འགྱུར་གང་རྙེད་པ། །དེ་ནི་ཡེ་ཤེས་དབང་བསྐུར་ཏེ། །ཅོད་པན་ཅན་ནི་གཙུག་ཏོར་སྨིན། །རྫོགས་པ་རྡོ་རྗེ་ནོར་བུ་རྩེ། །སངས་རྒྱས་བདེ་ཆེན་ཉམས་པ་མེད། །རྒྱན་དུ་ཐོགས་ནི་བདེ་ཆེན་དུ། །ཡེ་ཤེས་ལྔ་ལྡན་དབུ་རྒྱན་ནོ། །གསུང་ནི་ལུས་ངག་ཡིད་གསུམ་ལ། །སྡུག་བསྔལ་སྲོག་རྩོལ་འཚེ་བསྲེགས་མྱགས། །སྡུག་བསྔལ་ཞི་ནི་རྟོག་རླུང་འགགས། །གསུམ་སེལ་དུག་གསུམ་སེལ་བའོ། །མཐའ་ཡས་ལྷན་ཅིག་སྐྱེས་དགའ་བ། །གྲོལ་གསུམ་ཐོབ་ནི་སྐུ་གསུམ་མོ། །སྒྲིབ་པས་ཆུ་མེ་རླུང་མཁའ། །རགས་ཕྲ་རབ་ཕྲ་དོན་སྤྱི་དང༌། །སེམས་དཔའ་དང་ནི་བཅུ་པའོ། །ཀུན་ལས་ངེས་པར་གྲོལ་བ་ནི། །དུ་བ་ལ་སོགས་བཅུ་ཐོབ་པའོ། །དེ་དུས་ཙམ་ན་ནམ་མཁའ་ལྟར། །ལྷན་སྐྱེས་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་གོང་གི་བཅུ། །ཀུན་ལས་འདས་པ་མཐར་ཕྱིན་པའོ། །དེ་ཡི་དུས་ན་ལྷན་སྐྱེས་ངོར། །དུས་གསུམ་དུས་མེད་རྟོགས་པའོ། །དེ་ཉིད་ཕྱག་རྒྱ་ཆེན་པོར་འདོད། །སེམས་ཅན་ཀུན་གྱི་སྦང་བྱ་ལ། །ཀླུ་ཆེན་པོ་ནི་གཉེན་པོ་སྟེ། །དགའ་བཞི་རེག་དྲུག་ལ་སོགས་པ། །འདོད་སོགས་ཕམ་བྱས་ཀླུ་ཆེན་པོ། །ཡོན་ཏན་ཐེག་པ་ཆེན་པོ་ལ། །ཐོད་ཅན་རྣམས་ནི་གསང་སྔགས་ཏེ། །ཐོད་ཅེས་དེ་ཐོད་འདི་ཡིན་ནོ། །ཉོན་མོངས་ཀུན་ལས་ཞེས་པ་ནི། །སྤོང་དང་ཐར་པ་འདོད་པའོ། །རྣམ་པར་གྲོལ་ནི་བདེ་ཆེན་རྟོགས། །རྩོལ་བ་མེད་པར་ངང་གིས་གྲོལ། །ཤིང་ཐགས་


DTG015_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྲེགས་པའི་ཐལ་ཕུང་བཞིན། །མཁའ་ལྟར་མཐའ་མེད་བདེར་གནས་པ། །དེ་ཉིད་ཡིད་བཞིན་ནོར་བུ་ཆེ། །མི་འབྲལ་བདེན་པ་འཆང་བའོ། །རིན་ཆེན་ཟག་མེད་བདེ་བ་སྟེ། །ཀུན་མཆོག་ཕྱག་རྒྱ་ཆེན་པོ་ལ། །ཁྱབ་པའི་བདག་ནི་བརྟན་གཡོ་ལའོ། །དཔག་བསམ་ཤིང་ཆེན་དྷཱུ་ཏཱི་ལ། །རྒྱས་པ་རྩ་རྣམས་ཀུན་དུ་ནི། །རླུང་དང་ཐིག་ལེས་ཁྱབ་པའོ། །བུམ་པ་བཟང་པོ་ནོར་བུ་ལ། །ཆེ་བའི་མཆོག་ནི་མི་འཛག་བདེ། །དེ་ཡི་བྱེད་པ་ཅི་ཞེ་ན། །སེམས་ཅན་གདུལ་བྱ་ལ་དགོངས་ནས། །ཀུན་དོན་བྱེད་པ་བདེ་འཕེལ་བའོ། །ཕན་འདོགས་ཡོན་ཏན་བརྒྱད་ཐོབ་པས། །སེམས་ཅན་ཕན་པས་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཞེས་པ་ཕྱི་རོལ་དེ་བཞིན་ནང༌། །ཕྱི་རོལ་རྟེན་འབྲེལ་བཅུ་གཉིས་ཀྱིས། །སྐྱེ་དང་ལས་དང་ཕྱོགས་ངན་དང༌། །གཡོ་དང་རྐུན་པོ་དོན་རྣམས་དང༌། །ལྟས་དང་ཚེ་ཚད་ནད་རྣམས་དང། །ཀུན་གྱི་བྱ་བ་ཤེས་པར་འགྱུར། །ནང་དུ་གཡས་གཡོན་དཀྱིལ་འཁོར་ལྔ། །ཕྱི་ནང་དོན་རྣམས་གྲུབ་པའོ། །གཞན་ཡང་ཆུ་སྲིན་བུམ་པ་ཉ། །ལུག་དང་ཁྱུ་མཆོག་མེ་ཐུན། །ཀརྐ་སེང་གེ་བུ་མོ་སྲང༌། །སྡིག་པ་གཞུ་འཛིན་བཅུ་གཉིས་ཀྱིས། །ཉི་མ་ཟླ་བ་ཤེས་པའོ། །དེ་ཡི་རང་འབྱུང་ལ་སོགས་ཤིང༌། །དམ་ཤེས་ལུས་ངག་ཡེ་ཤེས་ཤེས། །དམ་ལྡན་ཤེས་རབ་མ་ལ་ནི། །བརྩེ་དང་ཤུགས་དང་དྲུད་པ་དང༌། །མི་འཛག་བདེ་བ་དམ་ཚིག་བཞིས། །ལུས་སེམས་ཀུན་དུ་ཁྱབ་པའི་བདག །བདུད་རྩི་འབྱུང་བ་ལས་གསུངས་པ། །མགལ་མེའི་འཁོར་ལོ་ལྟར་རྒྱུག་པའི། །རབ་ཏུ་རྒྱུག་ཅིང་འཕོ་བའི་སེམས། །རྣམ་རྟོག་ཡུལ་ལ་འཛག་པའི་སེམས། །བདེ་བར་གཟུང་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །སེམས་ཅན་དབང་ཤེས་རབ་འབྲིང་བཞིས། །དུས་ཤེས་དེ་ལ་དབང་བཞི་སྟེར། །བླ་མའི་དུས་ཐབས་བསྟེན་པས་ཤེས། །རྣམ་གྲོལ་གསུམ་དམ་ལས་ཡེ་ཤེས། །མཁས་པ་པོ་ནི་ས་འོག་སོགས། །དབང་ཐོབ་ནས་ནི་ཡོན་ཏན་གྱིས། །སྙིང་སྟོབས་རྡུལ་དང་མུན་པ་རྣམས། །ལྡན་ཞིང་དེ་ལ་ཡེ་ཤེས་ལྡན། །ཡོན་ཏན་ཡེ་ཤེས་དེ་ལ་བརྗོད། །ཆོས་ཤེས་བཀྲ་ཤིས་འཇིག་རྟེན་བདེ། །རབ་བཀྲ་


DTG015_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤིས་ན་འཇིག་རྟེན་འདས། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །དགའ་བ་རྣམ་བཅུ་དྲུག་པོ། །ཉམས་སུ་མྱོང་བས་གྲགས་པ་ཡིས། །བཀྲ་ཤིས་སྙན་གྲགས་དགེ་བ་ཐོབ། །ཆགས་སོགས་མ་སྤངས་དབུགས་འབྱིན་ཆེ། །ཚིམ་པར་བྱེད་པ་དགའ་སྟོན་ཆེ། །དགའ་ཆེན་ལྷན་སྐྱེས་རོལ་པ་ནི། །མིག་འཕྲུལ་ལྟ་བུའི་སྣང་བ་ལ། །ཆེན་པོ་དོན་དམ་ཕྱག་རྒྱ་ཆེ། །བཀུར་སྟི་ལུས་ལས་རྩོལ་བ་བྱེད། །རིམ་གྲོ་རླུང་ལས་ལེགས་སྦྱོར་བ། །ཕུན་སུམ་ཚོགས་པ་ཡོན་ཏན་ཐོབ། །མཆོག་ཏུ་དགའ་བ་འཇིག་རྟེན་ལས། །གྲགས་བདག་དཔལ་ནི་ལྷན་ཅིག་སྐྱེས། །མཆོག་ལྡན་ལྷན་སྐྱེས་ཡོད་པ་ལས། །མཆོག་སྦྱིན་བཞི་པའི་གཙོ་བོ་སྟེ། །དེ་ཉིད་སྐྱབས་ཀྱི་དམ་པ་དང༌། །གཉེན་པོར་ཆེ་བས་སྐྱབས་སུ་འོས། །འཇིག་རྟེན་དགྲ་ནི་དུག་གསུམ་སྟེ། །རབ་ཀྱི་མཆོག་ནི་བདེ་སྟོང་ངོ༌། །དེ་ཡིས་འཇིགས་པ་མ་ལུས་པ། །ཤིན་ཏུ་མེད་པས་སེལ་བའོ། །གཙུག་ཕུད་འཁོར་བའི་བདེ་བ་ལ། །ཕུད་པུ་དབང་གིས་རབ་ཏུ་བཅིངས། །ལྕང་ལོ་ཅན་ནི་གཞན་དོན་དུ། །མཛེས་ཤིང་རྒྱས་པར་འགེངས་པའོ། །རལ་པ་གཉིས་སུ་མེད་པར་སྡོམ། །ལེན་ཚར་ཅོད་པན་ཐོགས་ལྡན་པའོ། །གདོང་ལྔ་ཡེ་ཤེས་ལྔ་ཡིན་ཏེ། །གཙུག་ཕུད་ལྔ་དང་ལྡན་པ་ནི། རིགས་ལྔ་དག་དང་ལྡན་པའོ། །གནས་སྐབས་ལྔ་པོ་མེ་ཏོག་ཐོགས། །ཞེས་པ་གནས་སྐབས་ལྔ་པོ་ནི། །མ་ལོག་ལོག་དང་རྨི་ལམ་དང༌། །རྨི་ལམ་ཆེ་དང་སད་པའོ། །མེ་ཏོག་ཐོགས་པ་རྫས་འཛིན་པའོ། །མགོ་ཟླུམ་ཁ་ཁྲ་མུ་ཁ་ལ། །བརྟུལ་ཞུགས་རྙེད་དང་མ་རྙེད་པ། །བདེ་བ་ཆེན་པོ་འཛིན་པ་ནི། །ཚངས་པར་སྤྱོད་པ་མི་ཉམས་པ། །བརྟུལ་ཞུགས་མཆོག་ཀྱང་དེ་ཉིད་དོ། །དཀའ་ཐུབ་ཉན་ཐོས་མཐར་ཐུག་པ། །ཕ་རོལ་ཕྱིན་པ་དཀའ་ཐུབ་ཆེ། །རྡོ་རྗེའི་ཐེག་པ་ཉིད་ཡིན་ཏེ། །དེ་ཉིད་གསལ་བའི་རྒྱུད་ལས་སུ། །ཁ་ཆུ་ཙམ་ཞིག་ཟགས་པ་ན། །མཁའ་འགྲོ་མ་མོས་རྣལ་འབྱོར་པ། །བསྒྲལ་ཏེ་ཁྲག་ནི་འཐུང་བར་བྱེད། །དམྱལ་བ་ཞེས་པའང་དེ་ལས་འགྱུར། །ཞེས་སོ། །གཙང་གནས་དམ་པ་སྐྱོན་མེད་པ། །གཽ་ཏ་མ་རིགས་མ་ཉམས། །བྲམ་ཟེ་ཚངས་པ་རིག་བྱེད་ཡིན། །སྙན་དང་གས་སྲིད་སྲུང་ངེས་བརྗོད་དང༌། །མཆོད་སྦྱིན་བཞི་


DTG015_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་ཚངས་པས་ཤེས། །མྱ་ངན་འདས་ནི་དོན་དམ་པ། །ཚངས་པ་བྲལ་བ་ཐོབ་པའོ། །གྲོལ་བ་སྟོང་བ་ཐར་བ་ནི། །བདེ་ཆེན་སྤྲོས་བྲལ་རྣམ་གྲོལ་ལུས། །རྣམ་གྲོལ་ཕྱག་རྒྱ་ཆེན་པོ་ལ། །ཞི་བ་ཞི་བ་དགའ་བཞི་ཉིད། །དེ་ཡང་ཧེ་ཡི་རྡོ་རྗེ་ལས། །ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་དེ་ཉིད་ཀྱིས་བདུགས་ཏེ་འཚོ། །འདོད་ཆགས་མེ་ཡེས་ཚིག་པ་ལ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་བྱེད། །ཅེས་སོ། །མྱ་ངན་འདས་པ་ཆོས་ཀྱི་སྐུ། །མྱ་ངན་འགྲེལ་ནི་གཟུགས་ཀྱི་སྐུ། །རྣམ་པར་བཤད་པས་དེ་ལེགས་པར། །མྱ་ངན་འདས་པ་ཐོབ་པར་ཉེ། །དེ་ནི་མཐའ་བྲལ་ཡེ་ཤེས་སོ། །དེ་ཡིན་པ་ཡི་རྒྱུ་མཚན་ཡང༌། །བདེ་སྡུག་སེལ་བ་མཐར་གྱུར་པ། །ཞེས་པ་བདེ་བ་དགའ་མཆོག་དགའ། །སྡུག་པ་དགའ་བྲལ་དགོས་པ་སྟེ། །མཐར་གྱུར་ལྷན་སྐྱེས་ཡེ་ཤེས་སོ། །མི་འཛག་དགའ་བ་ཆགས་བྲལ་ལ། །ཡུལ་ཡུལ་ཀུན་ལས་འདས་པའོ། །ཐུབ་པ་མེད་པ་སྤང་བྱ་ལ། །རྒྱས་པར་བྱས་པ་དཔེ་མེད་པ། །མི་མངོན་དགའ་བ་འགྲོ་བར་མིན། །མི་སྣང་མཆོག་དགའ་ཆགས་པར་མིན། །གསལ་བྱེད་མིན་ནི་དགའ་བྲལ་ལ། །མི་འགྱུར་ལྷན་ཅིག་སྐྱེས་པ་སྟེ། །ཀུན་འགྲོ་ཁྱབ་པ་པོ་དེ་ཉིད། །ཕྲ་ཞིང་དྷཱུ་ཏཱི་ཟག་མེད་ཉམས། །ས་བོན་རྟོག་པའི་དྲི་མ་བྲལ། །རྡུལ་མེད་ཆགས་པའི་རྡུལ་མེད་ཅིང༌། །རྡུལ་བྲལ་དངོས་པོའི་ཞེན་པ་སྤངས། །དྲི་མ་མེད་པ་ཞི་བའི་དུས། །ཉེས་པ་སྤངས་པར་རང་བཞིན་རིག །སྐྱོན་མེད་པ་ནི་མ་བསྒྲིབས་པའོ། །ཤིན་ཏུ་སད་པ་དབང་དུས་སུ། །གོ་རྟོག་སྐྱེས་པ་དེ་ཡིན་ལ། །ལེགས་པར་སད་ནི་དེ་ཉིད་དང༌། །མ་བྲལ་རྟག་ཏུ་ལྡན་པའོ། །ཀུན་ཤེས་གཟུགས་སོགས་ཐམས་ཅད་ལ། །ལྷན་སྐྱེས་ཤེས་པ་ཀུན་རིག་པ། །དམ་པ་པོ་ནི་མཆོག་མི་འགྱུར། །རྣམ་པར་ཤེས་པ་ཀུན་གཞིར་གནས། །དེ་ཡང་མདོ་ལས་འདི་སྐད་དུ། །ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་འབྱུང་བ་ཡིན། །ཞེས་གསུངས་སོ། །བདུན་པོ་འགགས་པ་འདོགས་ལ་ཏེ། །འོད་གསལ་རྟོག་མེད་


DTG015_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆོས་ཉིད་འདས། །འདས་པ་གཉིས་མེད་ཡེ་ཤེས་དེ། །ཚིག་གི་ཡུལ་མིན་སྨྲ་བརྗོད་བྲལ། །དེ་ཡང་ཧེ་ཡི་རྡོ་རྗེ་ལས། །ངག་གི་ལམ་འདས་སྤྱོད་ཡུལ་བྲལ། །བླ་མའི་དུས་ཐབས་བསྟེན་པས་ཤེས། །ཚུལ་འཆང་བ་ནི་བླ་མ་ཡིན། །དུས་ཐབས་བསྟེན་པས་ལྷུན་གྲུབ་ཏུ། །རྣམ་པར་རྟོག་མེད་ཡེ་ཤེས་ནི། །གསུམ་པའི་དུས་སུ་ཉམས་སུ་མྱོང༌། །འཇིག་རྟེན་ཀུན་ལས་འདས་པའོ། །དུས་གསུམ་སངས་རྒྱས་རྟོག་པའང་དེ། །ལས་བྱེད་པ་ནི་དེ་འདྲ་བས། །རང་གཞན་གཉིས་ཀ་སྨིན་པའོ། །སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་པ་དོ་ནི་རྟོག་པའི་དོན། །སངས་རྒྱས་རང་གི་ངོ་གང་ལ། །ཐོག་མ་མཁའ་འདྲ་སྐྱེ་བ་མེད། །མཁའ་དང་འདྲ་བས་བར་དུ་ཡང༌། །གནས་དུས་ཉིད་ནས་མཁའ་དང་འདྲ། །དཔེར་ན་གཟུགས་བརྙན་སྣང་བ་བཞིན། །རྒྱུ་ལམ་འབྲས་བུ་རྣམ་དག་པས། །རེ་དོགས་ཀུན་དང་བྲལ་བའོ། །དེ་ལྟར་ཡིན་པའི་འཐད་པ་ཡང༌། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཞེས་པ་དུས་གསུམ་དག་པའོ། །དེ་ཐབས་གང་ལས་སྐྱེས་ཤེ་ན། །ཡེ་ཤེས་ལྷན་ཅིག་སྐྱེས་པ་ལ། །མིག་གཅིག་དྷཱུ་ཏཱི་ནང་ཡིན་ཏེ། །དྲི་མེད་དེ་རུ་རླུང་སེམས་ཞུགས། །ཡེ་ཤེས་ལུས་ཅན་བདེ་སྟོང་གང༌། །དེ་བཞིན་གཤེགས་པ་དེ་བཞིན་ཉིད། །མ་བསྟེན་རང་ལམ་བྱོན་གཤེགས་བྱེད། །ཚིག་གི་དབང་ཕྱུག་རླུང་གནས་པ། །སྨྲ་བ་ཆེ་ནི་གསུང་རྡོ་རྗེ། །སྨྲ་བའི་རླུང་ལ་དབང་ཕྱུག་ཐིག །སྨྲ་པའི་རྒྱལ་པོ་རྩར་སོན་པ། །སྨྲ་པའི་དམ་པ་གསུང་རྡོ་རྗེ། །མཆོག་གི་གསུང་ནི་གསུང་དག་པའོ། །རླུང་གྲུབ་སྨྲ་བའི་སེང་གེ་ཉིད། །ཉོན་མོངས་རྣམ་དག་མཚུངས་པ་མེད། །ཀུན་དུ་ལྟ་བ་སྤང་བླང་མེད། །མཆོག་ཏུ་དགའ་བ་ཡེ་ཤེས་སྣང༌། །གཟི་བརྗིད་གསུམ་མོ་ཡེ་ཤེས་ལ། །ཕྲེང་བ་རྒྱུད་འབྲེལ་གོམས་པ་ལ། །བལྟ་ན་སྡུག་ནི་ཡོན་ཏན་ཐོབ། །འོད་བཟང་འབར་བ་ས་བོན་ཏེ། །དཔལ་གྱི་བེའུ་བཀྲ་ཤིས་མཚན། །དགའ་བ་འཁྱིལ་པ་འཛིན་པ་ནི། །ལག་པས་ཉམས་སུ་བླངས་པ་ལས། །འོད་འབར་སྣང་བ་བདེ་བ་པོ། །དུག་ཆེན་པོ་ནི་དངོས་པོའི་གནོད། །འདོད་ཆགས་ལ་སོགས་གཅོད་ཆེན་པོ། །གཙོ་མཆོག་གི་ནི་སྟོང་བ་ཉིད། །ཟུག་རྔུ་རྟོག་


DTG015_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅས་རླུང་གཉིས་པོ། །འབྱིན་པ་རླུང་བསྒོམ་བླ་ན་མེད། །སྨན་རྣམས་མ་ལུས་གཉེན་པོའི་ཚོགས། །ལྗོན་པའི་ཤིང་ནི་དྷཱུ་ཏཱི་རྒྱས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ། །ནད་ནི་ཐོག་མེད་དེས་མནར་བའོ། །དེས་ན་དེ་ཉིད་དགྲར་ཆེ་བའོ། །འཇིག་རྟེན་གསུམ་ནི་སྒོ་གསུམ་སྟེ། །ཐིག་ལེ་དཀར་དམར་འདྲེས་པ་ནི། །ཡུངས་ཀར་སྦོམ་པོའི་ཚད་ཙམ་པ། །མཛེས་ནི་འབར་བ་བསྒོམ་པའོ། །དཔལ་ལྡན་བདེ་ཆེན་ཁམས་ཡིན་ཏེ། །རྒྱུ་སྐར་དཀྱིལ་འཁོར་ཅན་ཞེས་པ། །རྒྱུ་བ་རྩ་ལ་སྐར་མ་ཐིག །ལུས་ཀྱི་ཁམས་རྣམས་བསྐོར་བའོ། །དེ་ཡང་རྩ་ཐིག་དུ་ཞེ་ན། །གཙུག་ཏོང་བཞི་པ་དཔྲལ་བཅུ་དྲུག །ཉི་ཤུ་བད་ཀན་མགྲིན་སོ་གཉིས། །སྙིང་གར་བརྒྱད་དེ་བཞི་བཅུའོ། །མཁྲིས་པ་ལྟེ་བ་དྲུག་ཅུ་བཞི། །གསང་བ་བཅུ་དྲུག་བརྒྱད་ཅུ་པོ། །རླུང་ཁམས་ཆ་མཉམ་ནོར་བུའི་བར། །བཅུ་དྲུག་རིགས་དྲུག་ཉི་ཤུ་གཉིས། །རླུང་མཁྲིས་བད་ཀན་འདུས་པའོ། །རྩ་རེའི་ནང་ན་རླུང་བཅུ་སྟེ། །རླུང་ལ་བརྟེན་པས་ཐིག་ལེ་རེ། །དེ་ལྟར་རྩ་རླུང་ཐིག་ལེ་ལ། །རྐང་གྲངས་སུམ་སྟོང་སུམ་བརྒྱ་དང༌། །དྲུག་ཅུ་ཐམ་པ་ཡིན་པར་འདོད། །དེ་ཉིད་དཔའ་བོ་དཔའ་མོ་ནི། །སུམ་ཅུ་རྩ་བདུན་རྣམ་པར་དག །ཕྱོགས་བཅུ་ལུས་ཀྱི་ཉིང་ལག་ལ། །ནམ་མཁའི་མཐར་ཐུག་རླུང་ལྔའི་བར། །ཆོས་ཀྱི་རྒྱལ་མཚན་ཡེ་ཤེས་ཁམས། །མི་འཛག་བདེ་བ་ལེགས་པར་འཛུག་།དྷཱུ་ཏཱི་རྒྱས་པ་མཆོག་ཡིན་ནོ། །འགྲོ་ལ་རྩ་རླུང་བྱང་ཆུབ་སེམས། །གདུགས་བཞིན་བདེ་ཆེན་འཁོར་ལོ་ལ། །ཡངས་པ་མི་ཟད་མཛོད་ཡིན་ཏེ། །བདེ་བ་སྐྱོ་བ་ཕྱིར་གདུགས་ཞེས་བརྗོད། །དེ་ཡང་སྒྱུ་འཕྲུལ་དྲ་བ་ལས། །ཨེ་ཝཾ་ལས་ནི་འབྱུང་བ་དང༌། །ཐབས་མང་མྱུར་དང་བདེ་སྐྱོབ་དང༌། །འདོད་ཆགས་ཆེན་པོས་རྗེས་ཆགས་པ། །རྡོ་རྗེ་སེམས་དཔའ་རྒྱུན་དུ་འདོད། །ཅེས་གསུངས་སེ། །བྱམས་པ་དང་ནི་སྙིང་རྗེ་ཡི། །བདེ་ཆེན་དཀྱིལ་འཁོར་ཅན་བདག་ཉིད། །དཔལ་ལྡན་རྡོ་རྗེ་པདྨ་ནི། །ཀཀྐོལ་ཞེས་རབ་ཏུ་གྲགས། །གར་གྱི་བདག་ནི་སྦྱོར་ཐབས་ཀྱིས། །ཡན་ལག་དྲུག་ཅུ་རྩ་གཉིས་ཏེ། །དེ་ཡང་གཞན་གྱི་གཞུང་ལུགས་ཡིན། །ཁྱབ་བདག་ཆེན་པོ་ཐིག་ལེ་ལ། །རིན་ཆེན་གདུགས་ནི་ནོར་བུའི་རྩེར། །ཉོན་མོངས་ཐམས་ཅད་


DTG015_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསིལ་བའོ། །གཏུམ་མོ་ཆེ་ལས་སྐྱེས་པ་ཡི། །ཡེ་ཤེས་དེ་ལ་རབ་ཏུ་འཇུག །དེ་ཉིད་སངས་རྒྱས་ཀུན་གྱི་ལམ། །མཆོག་ཏུ་གྱུར་པས་རྒྱལ་པོ་ལ། །ལམ་དེས་སངས་རྒྱས་ཀུན་གྱི་སྐུ། །འབྲས་བུར་འཆང་བ་འདི་ཉིད་དོ། །སངས་རྒྱས་ཀུན་གྱི་ལམ་འབྲས་ལ། །སྦྱོར་བར་བྱེད་པས་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱིས་བསྟན་པ་ནི། །བསླབ་གསུམ་ཡིན་ལ་དེ་འདི་ལ། །ལྡན་པས་ལྷན་སྐྱེས་བསྟན་པ་གཅིག །འདི་ནི་དང་པོའི་དབང་བསྐུར་ཏེ། །རྡོ་རྗེ་མཐའ་ཡས་འདུ་ཤེས་དག །རིན་ཆེན་ཉི་མཚོར་བ་དག །དབང་བསྐུར་དཔལ་ནི་དོན་ཡོད་གྲུབ། །འདུ་བྱེད་རྣམ་དག་ཀུན་བདག་ནི། །རྣམ་པར་སྣང་མཛད་གཟུགས་ཕུང་དག །དབང་ཕྱུག་སྟེ་ནི་མི་བསྐྱོད་པ། །རྣམ་ཤེས་ཕུང་པོ་རྣམ་དག་པའོ། །འཇིག་རྟེན་དབང་ཕྱུག་རྡོ་རྗེ་འཆང༌། །རྡོ་རྗེ་བརྟུལ་ཞུགས་ཀུན་གྱི་བདག །དེ་ལྟར་སྒྲུབ་པའི་དབང་ཕྱུག་ཐོབ། །རྡོ་རྗེ་འཆང་བརྒྱུད་གསུམ་གྱི། །མཆོག་གམ་ཀུན་གྱི་རྗེ་བོའོ། །དེ་ཡང་གནས་རྫས་དག་དབང་དང༌། །ཡོན་ཏན་སྒྲུབ་པ་རྣམས་སྦྱར་རོ། །སངས་རྒྱས་ཀུན་གྱི་མཐུ་ཆེ་བ། །ཞེས་པ་སྣོད་དུ་གྱུར་པའོ། །རྡོ་རྗེའི་མིང་ནི་དབང་བསྐུར་བས། །སྐྱེ་བ་འདིར་ནི་སངས་རྒྱས་ཉིད། །ཅེས་པ་འདི་ཡི་དོན་བཤད་ན། །བུམ་པས་བསྐྱེད་རིམ་ལེགས་གནས་ཁྱོད། །ཁྱོད་ནི་འགྲོ་དྲུག་གང་མ་ཡིན། །དེ་ནི་ཀུན་བརྟགས་ཡིན་ཞེ་ན། །འདི་ཡང་ཀུན་བརྟགས་དེས་ན་ལྷ། །བླ་མའི་དྲིན་ལས་རྙེད་པ་ཡི། །ཅི་ཕྱིར་རིན་ཆེན་ཅེས་སྤྲས་མིན། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །རྗེས་སུ་འཛིན་ཅིང་སྐྱོང་བའོ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །དབང་དང་རབ་གནས་སྦྱིན་སྲེག་སོགས། །ལུས་ཀྱི་ཕྲིན་ལས་སློབ་དཔོན་ཆེ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པས་གསས་པའི་དབང་ཡིན་ཏེ། །བླ་མ་ཡང་ཡུམ་གཉིས་མེད་ལས། །ཡེ་ཤེས་དཀྱིལ་འཁོར་མངོན་སྤྲུལ་ལ། །རྡོ་རྗེ་ཉི་མ་མཐའ་ཡས་ལ། །དེ་ཡི་བདེ་བ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་མི་བསྐྱོད་པ། །ཡེ་ཤེས་འཕྲོ་འདུ་དྲི་མེད་འོད། །བུ་ཡི་ལྕེ་ལ་སྦྱིན་པར་བྱ། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་པ་གསུམ་པའི་དབང་ཡིན་ཏེ། །དགེ་སློང་རྡོ་རྗེ་འཛིན་རྣམས་ལ། །ཆགས་བྲལ་བླ་མས་མཚོན་པར་བྱ། །


DTG015_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་མིན་ན་བླ་མ་ཉམས། །སློབ་མ་ཤིན་ཏུ་འདོད་ན་ཡང༌། །སོ་སོར་ཐར་པ་སྤང་བར་བྱ། །ལམ་འདི་ལམ་མཆོག་ཐུབ་ཆེན་གསུངས། །གང་ཞག་རྣམས་ལ་དགེ་སློང་མཆོག །ལོངས་སྤྱོད་གནས་བསྡམས་ནམ་མཁའ་མཐོང༌། །ཁ་དོག་གཉིས་མེད་ལྷན་ཅིག་སྐྱེས། །ཆགས་པ་ཆེ་ནི་བུ་དེ་ལ། །དེ་ཡང་རྩ་བའི་རྒྱུད་ཆེན་ལས། །རིགས་ལྡན་ལོ་ནི་བཅུ་དྲུག་མ། །ལང་ཚོ་སོགས་ཀྱི་བརྒྱན་པ་ལ། །དང་པོ་ལེགས་པར་བསླབ་བྱ་སྟེ། །དཔྲལ་བ་ལ་སོགས་གནས་ལྔ་དགོད། །སངས་རྒྱས་སྐུར་ནི་བསྒོམ་པར་བྱ། །ཞེས་གསུངས་པའོ། །དེ་ཡི་ཆོ་ག་ཡང་གསུངས་པ། །དང་པོ་གསོ་སྦྱོང་སྦྱིན་པར་བྱ། །དེ་ནས་བསླབ་པའི་གནས་བཅུ་སྦྱིན། །དེ་ནས་བྱེ་བྲག་མདོ་སྡེ་བསྟན། །དེ་ནས་དབུ་མའི་ཚུལ་ལུགས་སྦྱིན། །དེ་རྗེས་དུས་ཀྱི་འཁོར་ལོ་སྦྱིན། །ཞེས་གསུངས་པས། ཀ་ར་ན་ཡི་བསྟན་བཅོས་ཀྱིས། །རྣལ་འབྱོར་མ་ཡང་རྣམ་པ་ལྔ། །བཟང་མོ་ཅོད་པན་དུང་ཅན་དང༌། །རི་མོ་ཅན་དང་གླང་པོ་ཅན། །གླ་རྩི་པད་རྩ་ཆུ་དྲི་དང༌། །ཉ་དང་རྣག་གི་དྲི་ཡིས་མཚོན། །ཕག་མོ་སྒྲོལ་མ་གོས་དཀར་མོ། །མཱ་མ་ཀཱི་སྤྱན་མ་ཡི་རིགས། །ལུས་རན་རྐེད་ཕྲ་རྐང་ལག་འཇམ། །ལྷུང་ཕྱེད་རྩེ་ལྡན་ཕག་མོ་ཡི། །ཅུང་ཟད་ལུས་ཕྲ་རིང་ཞིང་མིག །མི་གཡོ་སྐྲ་འཁྱིལ་པད་ཅན་སྒྲོལ། །འདོད་ཆེན་ངོ་ཚ་མེད་རྩོལ་དགའ། །ཐུང་བ་དུང་ཅན་གོས་དཀར་མོ། །རིང་ཞིང་ལུས་རྒྱས་སྐྲ་སྲབ་དང༌། །སོ་མཐོ་ཐིག་ལེ་ལྟ་བུར་སྣང༌། །རི་མོ་ཅན་ཏེ་མཱ་མ་ཀཱི། །སྦོམ་ཐུང་ལུས་མཁྲང་ཤིན་ཏུ་སྲ། །སྨྲ་བརྩོན་སྤྱན་མ་གླང་པོ་མ། །དེ་བཞིན་རྣལ་འབྱོར་ཕ་ཡང་ལྔ། །སེང་གེ་རི་དགས་རྟ་གླང་པོ། །མི་བསྐྱོད་དོན་གྲུབ་རིན་འབྱུང་དང༌། །འོད་དཔག་མེད་དང་སྣང་མཛད་དོ། །དྲི་ནི་སྔོན་དང་འདྲ་བ་ལ། །དཔེན་གནས་འཇིགས་མེད་ཡུལ་དང་བྲལ། །གཏོང་དང་སྡོམ་བརྩོན་མི་བསྐྱོད་རིགས། །མྱུར་དུ་འགྲོ་ཞིང་མྱུར་དུ་འཛག །སྐྲག་ཅིང་འཇིགས་པ་དོན་གྲུབ་པོ། །འདོད་ཆེན་གཏོང་ཕོད་གཞན་དོན་བརྩོན། །གཞན་དབང་འགྱུར་པ་ཉི་མའི་རིགས། །དལ་བུས་འགྲོ་ཞིང་མིག་མི་འགྱུར། །རང་བཞིན་བེམས་པོ་ཡི་ཡོན་ཏན། །ཉ་དྲི་


DTG015_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འོད་དཔག་མེད་པའི་རིགས། །ཤིན་ཏུ་རྨོངས་བཟང་སྨྲ་བ་ཉུང༌། །རྣག་དྲི་རྣམ་པར་སྣང་མཛད་རིགས། །དྲི་མེད་འོད་ལས་དེ་སྐད་གསུངས། །ཁ་དོག་སྣ་ཚོགས་འབར་བའི་འོད། །ཤེས་རབ་དེ་ལས་བྱུང་བ་དང༌། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །རྫོགས་སངས་རྒྱས་ཀྱི་སྐུ་བསྐྱེད་ལ། །སངས་རྒྱས་ཡང་དག་བརྗོད་ཆོས་ནི། །བུམ་པའི་སྦྱོར་བ་ཡན་ལག་ལྔ། །འདུས་བྱས་བསོད་ནམས་ཚོགས་ཀུན་གྱི། །རྡོ་རྗེ་འཆང་གི་འགྲན་མེད་གསུངས། །འཛིན་པ་དབུ་མ་མེ་ཏོག་ལྡན། །དཔལ་ལྡན་ཡེ་ཤེས་ཆེན་པོ་སྟེ། །སངས་རྒྱས་པདྨ་ལས་སྐྱེས་པའོ། །བཞི་པའི་དབང་བསྐུར་བྱས་པ་ཡིས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཕྱག་རྒྱ་ཆེན་པོ་དེ་རྙེད་པས། །རྗེས་ལ་རྟོག་པའི་སྣང་བ་ནི། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང༌། །ཞེས་པས་རྡོ་རྗེ་གཅོད་པ་ལས། །སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་པ་ཆུ་བུར་དང༌། །རྨི་ལམ་གློག་དང་སྤྲིན་དང་ནི། །སྒྲ་བརྙན་མགལ་མེ་གཟུགས་བརྙན་དང༌། །འདུས་བྱས་དེ་ལྟར་རྟོགས་པར་བྱ། །རྟོགས་པ་འཕགས་པའི་གང་ཟག་གོ །ཞེས་གསུངས་སོ། །ཆེ་བ་བཞི་པའི་ཡེ་ཤེས་ལ། །གསུམ་འཕགས་སངས་རྒྱས་རིག་སྔགས་རྒྱལ། །རྡོ་རྗེ་རྣོན་པོ་བཞི་པ་དེ། །རལ་གྲི་ཆེ་དེ་རྟོག་ཀུན་གཅོད། །ཡི་གེ་མཆོག་སྟེ་ཨ་ཡིན་ལ། །རྣམ་པར་དག་པ་འགྱུར་པ་མེད། །དབང་བཞི་དེ་ཡི་ཡོན་ཏན་ནི། །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །དེ་ཡང་མི་སྤོང་བརྟེན་པས་གཅོད། །མཚོན་ཆ་ཆེན་པོ་དེ་ཉིད་ལ། །རྡོ་རྗེ་ཆོས་ཞེས་གྲགས་པ་ཡིན། །རྡོ་རྗེ་ཟབ་མོ་སྐྱེ་མེད་ལ། །རྒྱལ་བ་དེ་རྟོགས་འཇིག་རྟེན་འདས། །ལས་རྒྱལ་དགྲ་བཅོམ་ཟིལ་མནན་བའོ། །དོན་ནི་དབང་བཞིའི་དོན་རྣམས་ལ། །རིགས་ནི་དེ་ཉིད་ལམ་མཆོག་རྟོགས། །དེ་ཉིད་རྡོ་རྗེ་བློ་གྲོས་ལ། ཡོན་ཏན་འདི་རྣམས་བཤད་བཞིན་ཐོབ། །ཕ་རོལ་ཕྱིན་པ་ཀུན་ནི་བཅུ། །རྫོགས་པ་དབང་བཞི་ལ་ལྡན་པ། །ས་རྣམས་ཀུན་ནི་ས་བཅུ་ལ། །རྒྱན་རྣམས་ལྡན་ནི་དབང་རེ་ཞིང༌། །དང་པོས་དབང་པོ་གཉིས་པས་བཞི། །གསུམ་པས་བཞི་དང་བཞི་པས་གཅིག །དེ་ཡང་གསང་བ་མཛོད་ལས་གསུངས། །རབ་ཏུ་དགའ་བ་ཆུ་ཡི་དབང༌། །གསང་བ་དྲི་མེད་འོད་འཕྲོ་བྱེད། །ཤེས་རབ་ཡེ་ཤེས་སྦྱང་དཀའ་སྟེ། །མངོན་


DTG015_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱུར་མི་གཡོ་རིང་སོང་བ། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས། །ལེགས་པའི་བློ་གྲོས་ཆོས་ཀྱི་དབྱིངས། །ཞེས་གསུངས་སོ། །རྣམ་པར་དག་བའི་ལམ་དེ་ཡིས། །བདག་མེད་ཆོས་ཉིད་རྡོ་རྗེ་འཆང༌། །ཡང་དག་ཡེ་ཤེས་བདེ་ཆེན་པོ། །ཟླ་འོད་བཟང་པོ་ཧཾ་ལས་ཐོབ། །བརྩོན་ཆེན་བུམ་པའི་སྦྱོར་བ་ཡིས། །སྒྱུ་འཕྲུལ་དྲ་བ་རྩ་རླུང་ཁྱབ། །རྒྱུད་ཀུན་གྱི་ནི་རྩ་རླུང་ཉིད། །བདག་པོ་ཐིག་ལེ་མཆོག་བདེ་སྟོང༌། །རྡོ་རྗེ་གདན་ནི་ལྟེ་བ་ལ། །མ་ལུས་ལྡན་ནི་རིགས་དྲུག་དང༌། །འཕྲོ་བ་ཆུ་ཚོད་དབྱུ་གུ་དང༌། །དཀྱིལ་འཁོར་ལྔ་ལྔར་ལྡན་པའོ། །ལྟ་སྟངས་ཡོན་ཏན་རླུང་གྲུབ་དུས། །ཡེ་ཤེས་སྐུ་ནི་མཚན་མ་ལ། །རྣམས་ནི་དུག་སོགས་བཅོ་ལྔ་ལ། །མ་ལུས་འཆང་ནི་རེ་ཁཱ་མཐོང༌། །བློ་གྲོས་བཟང་པོ་རྟོག་དཔྱོད་པ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཅན། །ཀུན་དུ་བཟང་པོ་མཉམ་པ་ཉིད། །ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ། །ས་ནི་ས་སོགས་འབྱུང་ལྔ་ཡི། །སྙིང་པོ་ཡེ་ཤེས་རླུང་གྲུབ་པའོ། །འགྲོ་བ་འཛིན་ནི་འགྱུར་པ་འགགས། །སངས་རྒྱས་ཀུན་ནི་གཤེགས་པའི་ལམ། །སྙིང་པོ་ཆེན་པོ་དྷཱུ་ཏཱིར་ཞུགས། །དུས་སྦྱོར་ལ་སོགས་བཅུ་གཉིས་ནི། །རིམ་གྱིས་རིམ་གྱིས་རྣམ་དག་པས། །སྤྲུལ་པའི་འཁོར་ལོ་རྒྱ་ལ་སོགས། །ཡོན་ཏན་སྣ་ཚོགས་འཆང་བའོ། །རྒྱས་པར་དྲི་མ་མེད་པར་བལྟ། །དངོས་པོ་ཀུན་གྱི་རང་བཞིན་མཆོག །མི་འགྱུར་འོད་གསལ་ཆོས་ཀྱི་དབྱིངས། །དངོས་པོ་ཀུན་གྱི་རང་བཞིན་ནི། །སྐྱེ་མེད་རྟོགས་པའི་ལྟ་བ་འཛིན། །སྐྱེ་མེད་ཆོས་ཏེ་དོན་དམ་པ། །སྣ་ཚོགས་དོན་ནི་ཀུན་རྫོབ་ལ། །ཆོས་ཀུན་ཐེག་པ་སྣ་ཚོགས་ལ། །ངོ་བོ་ཉིད་ནི་མཐར་ཐུག་པ། །འཆང་ནི་བདེ་སྟོང་དྲན་པས་སྐྱོང༌། །ཤེས་རབ་ཆེན་པོ་སྟོང་པ་ཉིད། །སྐད་ཅིག་ཚེ་གཅིག་འཇམ་དཔལ་མཐོང༌། །ཆོས་དང་འཁོར་དང་མྱ་ངན་འདས། །ཁོང་དུ་ཆུད་པ་རོ་གཅིག་འཆང༌། །ཆོས་ཀུན་ཁམས་གསུམ་རྟོག་པ་གསུམ། །རྡུལ་མུན་སྙིང་སྟོབས་བདེ་ཆེན་དུ། །མངོན་པར་རྟོགས་པ་མཆོག་ཡིན་ཏེ། །ཐུབ་པ་མི་འཛག་བློ་མཆོག་ནི། །རྣམ་གྲོལ་བདེ་སྟོང་འབྱུང་པོ་སེལ། །མི་གཡོ་རླུང་ལ་དེ་ཡིས་ནི། །རབ་ཏུ་དང་བའི་བདག་ཉིད་ཅན། །ཐིག་ལེ་བདེ་བས་བརྒྱན་པ་ལ། །སྤྲོ་དགའ་གནས་པ་རྫོགས་སངས་རྒྱས། །


DTG015_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟའི་རང་བཞིན་བྱང་ཆུབ་འཆང༌། །སངས་རྒྱས་ཀུན་གྱི་ཡེ་ཤེས་དེ། །རྣལ་འབྱོར་པ་ཡི་མངོན་སུམ་པ། །གཉེན་པོ་ཡེ་ཤེས་མེ་ལྕེ་ཅན། །དྷཱུ་ཏཱིར་འོད་འབར་གསལ་བས་ཐོབ། །གནས་པ་ལུས་ལ་འཁོར་ལོ་དྲུག །འབྱུང་བ་ཕུང་པོ་རྣམ་པ་ལྔ། །ཡོན་ཏན་དྲུག་དང་མཐའ་དྲུག་དང༌། །ལས་ཀྱི་དབང་ཕྱུག་བྱེད་དབང་དྲུག །ཞི་གནས་ལྷག་མཐོང་རྣམ་པ་གཉིས། །བཞི་བཅུ་རྩ་གཉིས་དག་པ་ཡིས། །ཚིགས་བཅད་བཞི་བཅུ་རྩ་གཉིས་དག །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་བརྒྱད་པའོ།། །།

ལེའུ་དགུ་པ། ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG010_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགུ་པ་རིན་ཆེན་འབྱུང་ལྡན་ནི། །མཉམ་ཉིད་ཡེ་ཤེས་ལེའུ་སྟོན། །འདོད་པ་མཆོག་གི་ཡེ་ཤེས་ལ། །དོན་གྲུབ་དེ་ནི་བདེ་བས་ཐོབ། །དམ་པ་སྟེ་ནི་རྩོལ་བ་མེད། །ངན་སོང་དགུ་ནི་དུག་གསུམ་ལ། །ཐམས་ཅད་ཉོན་མོངས་བརྒྱད་ཁྲི་སྟོང༌། །རྣམ་པར་སྦྱོང་བ་མ་རིག་པ། །ལྷན་སྐྱེས་ཡེ་ཤེས་ཆེན་པོ་རྟོགས། །མགོན་པོ་རྡོ་རྗེ་ཐེག་པ་འདི། །སེམས་ཅན་ཀུན་གྱི་ལམ་མཆོག་གོ །སེམས་ཅན་ཐམས་ཅད་མ་ལུས་པ། །ཕྱག་རྒྱ་ཆེན་པོར་རབ་སྒྲོལ་བྱེད། །འཁྲུལ་པའི་སྣང་བ་ཉོན་མོངས་གཡུལ། །སྟོང་ཉིད་གཅིག་པུས་འཇོམས་པས་དཔའ། །མི་ཤེས་བདེན་འཛིན་འདུ་བྱེད་རྣམས། །དེ་ཉིད་དགྲ་སྟེ་དྲེགས་པ་འཇོམས། །འཇོམས་པས་དཔལ་ལྡན་ཉིད་ཡིན་ལ། །བློ་ལྡན་ཆོས་ལྡན་ཆོས་དེ་ཡིས། །སྒེག་པ་འཆང་བ་ཡེ་ཤེས་ལྡན། །བརྟན་པོ་གཙུག་ཏོར་ཐིག་ལེ་བརྟན། །མི་སྡུག་སྟོང་བ་ཤེས་རབ་ལ། །གཟུགས་འཆད་པ་ནི་བདེ་སྟོང་ལྡན། །ལག་པ་གཡས་གཡོན་རླུང་གཉིས་སོ། །བརྒྱ་ཕྲག་ཀུན་ནི་ཉི་ཁྲི་དང༌། །ཆིག་སྟོང་དྲུག་བརྒྱའི་གྲངས་ཡིན་ལ། །བསྐྱོད་ཅིང་ཞེས་པ་རྣམ་ཤེས་རྟ། །འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས། །སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །འདི་ནི་ཤེས་རབ་ཞོན་པའོ། །རྩ་ལམ་དྷཱུ་ཏཱིར་འཇུག་པ་སྟེ། །གོམས་པའི་སྟབས་ཀྱིས་གར་བྱེད་ཅིང༌། །ཞེས་པ་ས་མ་ཧེ་དུ་སོགས། །སྐར་མ་དྲུག་ཅུ་རྩ་བཞིའོ། །དཔལ་ལྡན་དྷཱུ་ཏཱིར་ལག་པ་གཉིས། །བརྒྱས་གང་ལ་ནི་རླུང་རྩ་གང༌། །ནམ་མཁའ་སྟོང་པའི་རང་


DTG015_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་ལ། ཁྱབ་པར་སྟོང་པ་རླུང་དང་ནི། །ཐིག་ལེས་བརྒྱན་པ་གར་བྱེད་པའོ། །ཡ་བོ་གཅིག་གི་ཁྱོན་གྱིས་ནི། །ཞེས་པ་ཡ་བོ་སྟེར་རླུང་སྟེ། །ཁྱོན་ནི་ཐམས་ཅད་རྫོགས་པར་བླང༌། །ས་ཡི་དཀྱིལ་འཁོར་ཆོས་འཁོར་ལོ། །མཐིལ་དུ་གནོན་ནི་སྙིང་དབུས་ན། །ཆུ་ཤིང་མེ་ཏོག་ལྟ་བུ་ཡི། །དཔྱིད་ཀྱི་ཐིག་ལེར་ཐིམ་པའོ། །མིང་གཟུགས་གླང་བོ་ཅན་ཞེས་གྲགས། །ཚངས་པ་ཡི་ནི་སྒོ་ངའི་རྩེ། །ཞེས་པ་ཚངས་སྒོ་རྩ་འབྲས་གཉིས། །རྩེ་མོ་འོག་རླུང་འཐེན་པ་སྟེ། ཁྱོན་ནི་ལུས་ལ་རྐང་མཐེབ་ཀྱི། །སེན་མོ་མནན་པས་གཏུམ་མོ་འབར། །དཔྱིད་ཀྱི་ཐིག་ལེ་འབྱུང་བ་བཞིན། །ཁ་བ་བ་མོ་ལྟ་བུར་འཛག །དེ་ཡི་འཕེལ་གྲིབ་དཀར་ནག་ཕྱོགས། །རིམ་གྱིས་བིནྡུ་འཕེལ་བ་ཡིན། །ཚངས་པའི་སྒོ་ང་གཙུག་ཏོར་རྒྱལ། །རྩེ་ནས་རིམ་གྱིས་འགྲིབ་པ་ལས། །ནག་པོ་གཡོན་པའི་མ་རོལ་འབབ། །དོན་གཅིག་མི་འགྱུར་བྱང་ཆུབ་སེམས། །གཉིས་མེད་གཟུང་འཛིན་སྐྱེ་མཆེད་དྲུག །ཆོས་ཀྱི་དོན་ཞེས་གསུངས་པ་ནི། །ཆོས་ཀྱི་ཡུལ་དང་ཡུལ་ཅན་ལ། །མིག་ལས་སྙིང་གཟུགས་རྡོ་རྗེ། །རྣ་བ་ཕྱག་རྡོར་སྒྲ་རྡོ་རྗེ། །སྣ་ལ་འཇམ་དབྱངས་དྲི་རྡོ་རྗེ། །ལྕེ་ལ་སྤྱན་གཟིགས་རོ་རྡོ་རྗེ། །ལུས་ལ་སྒྲིབ་སེལ་རེག་རྡོ་རྗེ། །ཡིད་ལ་རྡོར་སེམས་ཆོས་རྡོ་རྗེ། །དབང་ཡུལ་བདེན་པར་གྲུབ་པ་མེད། །དཔེར་ན་ལྷ་སྦྱིན་གཅིག་ཉིད་ལ། །ཆགས་སྡང་གཏི་མུག་གསུམ་སྐྱེ་བ། །ཆུང་མ་དགྲ་དང་ཕལ་པས་ཕྱེ། །དེས་ན་ཡུལ་གྱིས་གནོད་པ་མེད། །དོན་ནི་བདེ་བ་ཆེན་སྤྲོས་བྲལ་ལོ། །དེ་ཉིད་དམ་པའི་དོན་ཡིན་ཏེ། །འཇིགས་པ་མེད་པ་ཕྱག་རྒྱ་ཆེ། །རྣམ་རིག་ཀུན་བརྟགས་ལོག་ཤེས་པ། །སྣ་ཚོགས་གཟུགས་ནི་གཞན་གྱི་དབང༌། །རྒྱུ་རྐྱེན་དངོས་པོའི་སྣང་བའོ། །དོན་ཅན་དམིགས་མེད་ཡོངས་སུ་གྲུབ། །སེམས་ནི་གསུམ་པོ་རང་སེམས་ཏེ། །རང་གི་ངོ་བོ་རྣམ་ཤེས་ནི། །འོད་གསལ་རྒྱུད་དང་ལྡན་པའོ། །དངོས་ནི་ཡུལ་ཏེ་དགའ་བ་ལས། །དོན་ནི་ཡུལ་ཅན་མཆོག་དགའ་ཉིད། །མ་ལུས་ཡུལ་དང་ཡུལ་ཅན་རྣམས། །དགའ་བ་གསུམ་འདུས་བཅད་ཐོབ་པ། །རེག་པ་ལྷན་སྐྱེས་ཡེ་ཤེས་སོ། །སྟོང་པ་ཉིད་དགའ་དགའ་བྲལ་བ། །མཆོག་གི་ཡེ་ཤེས་དབུ་མའི་ལམ། །ཡིད་ལ་མི་བྱེད་འདོད་ཆགས་བློ། །


DTG015_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འོ་ན་དངོས་པོར་འགྱུར་ཞེ་ན། །སྲིད་པའི་འདོད་ཆགས་སོགས་པ་ཡི། །དངོས་འཛིན་བྱེད་པ་སྤངས་པའོ། །སྲིད་གསུམ་ལུས་ངག་ཡིད་གསུམ་ལ། །དགའ་བ་ཆེན་པོ་ཡེ་ཤེས་ཁྱབ། །སྤྲིན་དཀར་དག་པ་རྡོ་རྗེ་སེམས། །དཀར་པོ་ཚོར་བདེ་གཉིས་སུ་མེད། །འོད་བཟང་བག་ཆགས་སྤོང་གཉེན་པོ། །སྟོན་ཀའི་ཟླ་བའི་འོད་འདྲ་བའི། །ཐིག་ལེ་བདེ་ཆེན་མཁའ་ལ་གནས། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །གཏུམ་མོ་ཡེ་ཤེས་མེ་འབར་བ། །དེ་བཞིན་གཤེགས་དང་ཡུམ་རྣམས་བསྲེགས། །སེན་མོའི་འོད་ལྟར་འདྲེས་པ་ཡི། །བྱང་སེམས་མེར་འདྲེས་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །གཙུག་ཏོར་གནས་པ་སྟོད་པར་བྱེད། །སྐྲ་མཆོག་མཐོན་ཀ་ཧཾ་ལས་ནི། །ཆེན་པོ་ཅན་ནི་བིནྡུ་གནས། །ནོར་བུ་ཆེན་པོ་བུམ་པར་ཞུགས། །འོད་ཆགས་དཔལ་ནི་བདེ་མི་རྟོག །སངས་རྒྱས་སྤྲུལ་བའི་རྒྱན་དང་ལྡན། །ཅེས་པའི་དོན་ནི་འདི་ཡིན་ཏེ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །དེ་ཡང་རྒྱུད་ལས་གསུངས་པ་ནི། །མངལ་གྱི་ཁྲུ་མ་ཆོས་གོས་ཏེ། །སྤྱི་བོར་ཐལ་མོ་སྦྱར་བ་ཕྱག །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །ཟླ་བ་བཅུ་གཉིས་ཁྲིམས་གྱི་གནས། །ཕ་དང་མ་ནི་མཁན་སློབ་ཉིད། །རང་བྱུང་སྐྱེས་པས་དགེ་སློང་ཉིད། །རྡོ་རྗེ་སེམས་དཔའ་འདུས་མ་བྱས། །སྲེད་པའི་ཆགས་པ་རྣམ་པར་དག །ཅེས་པའོ། །འཇིག་རྟེན་ལུས་ངག་ཡིད་གསུམ་ལ། །ཁམས་བརྒྱ་ཀུན་སྤྱོད་ཁྱབ་པའོ། །རྫུ་འཕྲུལ་རྐང་པ་ཕྱི་ནང་རླུང༌། །ཡོངས་སུ་རྫོགས་པ་ལེན་པར་བྱེད། །སྟོབས་ཆེན་ལྡན་ནི་བདེ་ཆེན་རྒྱས། །དེ་ཉིད་མི་འབྲལ་ལྡན་པ་ནི། །དྲན་པ་ཆེན་པོ་འཆང་བའོ། །དྲན་པ་བཞི་ནི་ཙུམ་བ་ན། །ཡུལ་བཞི་རྗེས་སུ་དྲན་པ་སྟེ། །གཉིས་གཉིས་འཁྱུད་དང་ལག་བཅངས་དང༌། །བལྟས་དང་བགད་པས་ཚིམ་པ་ནི། །རིམ་གྱི་དྲན་བཞིར་དབང་བཞི་སྦྱར། །མཆོག་ནི་བལྟས་པས་ཚིམ་པའོ། །བྱང་ཆུབ་ཡན་ལག་ཅེས་པ་ནི། །བྱང་ཆུབ་ཐིག་ལེ་འབྱུང་བའི་རྒྱུ། །ཟས་བད་མཁྲིས་དང་ཤ་ཁྲག་དང༌། །རུས་བ་ཀླད་པ་བདུན་ཡན་ལག །མེ་ཏོག་ཀུན་ད་སྤོས་གཏུམ་མོ། །དེ་ཡང་ལན་བདུན་བཟའ་བར་བྱ། །ཞེས་


DTG015_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་མི་ཉམས་ཟ་བའོ། །དེ་བཞིན་ཆོས་ཀུན་གཤེགས་པའམ། །ཡོན་ཏན་མཚོ་ནི་སྲིད་པ་སེལ། །ལམ་ནི་ཨ་ཝ་དྷཱུ་ཏཱི་ལ། །ཡན་ལག་མེ་རླུང་ཐིག་ལེའོ། །བརྒྱད་ནི་ཡས་འབབ་མས་བརྟན་པའོ། །ཚུལ་རིག་བླ་མའི་ངག་ལས་སོ། །ཡང་དག་རང་བྱུང་ཡེ་ཤེས་ལ། །སངས་རྒྱས་ལམ་ནི་ཟུང་འཇུག་པ། །མཐར་ཐུག་ལམ་དུ་རིག་པའོ། །དེས་ན་སེམས་ཅན་ཀུན་ལ་ནི། །སྒྱུ་མ་ལྟ་བུར་ཤས་ཆེར་ཆགས། །ཆགས་པ་འཁོར་བ་ཡིན་ཞེ་ན། །ནམ་མཁའ་ལྟ་བུར་ཆགས་བ་མེད། །ཆགས་པ་མེད་བཞིན་འགྲོ་དོན་དུ། །སེམས་ཅན་ཀུན་གྱི་ཡིད་ལ་ནི། །གང་འདུལ་སྐྱེ་བ་ལེན་ཅིང་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟ་བུར། །བརྩོན་འགྲུས་ཆེན་པོས་དོན་བྱེད་མ་གྱོགྶ་། །སེམས་ཅན་ཀུན་གྱི་དབང་དོན་ནི། །རབ་འབྲིང་ཆེན་པོ་མཆོག་རྣམས་ཤེས། །སེམས་ཅན་ཀུན་གྱི་དོན་བྱེད་ཚུལ། །ཡིད་འཕྲོག་པ་ཡི་འགྲོ་དོན་ནུས། །ཕུང་པོ་ལྔ་པོ་དོན་དམ་པ། །མྱ་ངན་འདས་ཤིང་མ་དམིགས་པས། །དེ་ཉིད་ཤེས་ནི་ཡེ་ཤེས་ལྔའོ། །རྣམ་དག་ཕུང་པོ་ལྔ་པོ་ནི། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་རྣམ་གྲོལ་ཡེ་ཤེས་མཐོང༌། །འཛིན་པ་མི་འཛག་དགའ་བའི་སེམས། །གང་ཡོད་དེ་ལ་ཕུད་ལྔ་ལྡན། །ངེས་འབྱུང་ཀུན་གྱི་བྱང་ཆུབ་གསུམ། །མཐའ་ལ་གནས་ནི་རྡོ་རྗེ་འཆང༌། །ངེས་འབྱུང་ཀུན་མཐའ་གོང་མ་ཉིད། །དེ་ལ་མཁས་པ་རྡོ་རྗེ་ཐེག །ངེས་འབྱུང་ཀུན་གྱི་ལམ་ལ་ནི། །ངོ་བོར་བདེ་ཆེན་ཡེ་ཤེས་གནས། །ངེས་པར་འབྱུང་བ་རྣམ་པ་ཀུན། །བཤད་ཅིང་སྤྱོད་པ་སྟོན་པའོ། །ཡན་ལག་བཅུ་གཉིས་མ་རིག་སོགས། །མ་བཀག་སྲིད་རྩ་འཁོར་བའི་རྒྱུ། །དེ་ལྟར་ཡིན་པར་བྱམས་པས་གསུངས། །སྒྲིབ་པའི་ཕྱིར་དང་འདེབས་ཕྱིར་དང༌། །འཁྲིད་དང་འཛིན་པའི་ཕྱིར་དང་ནི། །རྫོགས་བྱེད་གསུམ་འདུས་གཅོད་ཕྱིར་དང༌། །ཉེ་བར་སྤྱོད་དང་སྡུད་པའི་ཕྱིར། །སྦྱོར་བ་བྱེད་དང་མངོན་དུ་བྱེད། །སྡུག་བསྔལ་ཕྱིར་ན་འོག་ཉོན་མོངས། །ཞེས་གསུངས་སོ། །མཆོག་ཏུ་མི་འགྱུར་ཡེ་ཤེས་ཉིད། །རྟོགས་དང་མྱོང་བས་སྲིད་རྩ་བཏོན། །དེ་ཉིད་དག་པ་ཉིད་ཡིན་ལ། །རྣམ་པ་བཅུ་གཉིས་འཆང་ཞེས་པ། །རྟེན་འབྲེལ་དག་པས་


DTG015_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་ལ་སོགས། །བཅུ་གཉིས་ཀུན་དུ་སྤྱོད་པའོ། །བདེན་བཞི་ལྟེ་སྙིང་མགྲིན་དཔྲལ་བ། །ཚུལ་གྱི་རྣམ་པ་ཅན་ཞེས་པ། །སྡུག་བསྔལ་ཀུན་འབྱུང་ལམ་འགོག་པ། །གནས་བརྟན་ཕལ་ཆེན་མང་བཀུར་སྨྲ། །བདེན་པ་རེ་རེས་ལམ་འབྲས་བྱེད། །ཤེས་པ་བརྒྱད་པོ་ཞེས་པ་ནི། །སྣ་ཚོགས་རྣམ་སྨིན་རྣམས་མེད་དང༌། །ལྷ་སྔགས་ཡེ་ཤེས་དགའ་བཞི་བརྒྱད། །རྟོག་པ་འཆང་ནི་དེ་དག་པའོ། །བདེན་དོན་རྣམ་པ་བཅུ་གཉིས་ནི། །བྱེད་དབང་མྱོང་བ་རྣམ་པར་སྨིན། །འབྲས་བཞི་རེ་རེ་ཆེ་འབྲིང་གསུམ། །ལྡན་པ་རྡོ་རྗེའི་སྐུ་ཡིན་ནོ། །དེ་ཉིད་ཐིག་ལེ་ཆེན་པོ་ལ། །དགའ་བ་རྣམ་པ་བཅུ་དྲུག་རིགས། །རྣམ་པ་ཉི་ཤུ་ཕུང་ལྔ་དང༌། །འབྱུང་ལྔ་ཡབ་ལྔ་ཡུམ་ལྔ་ལ། །བྱང་ཆུབ་པ་ནི་བདེས་ཁྱབ་པའོ། །རྣམ་པར་མི་འདྲ་བ་ཡིན་ལ། །སངས་རྒྱས་ཀུན་གྱི་རང་འབྱུང་གི །ཡེ་ཤེས་ལྷན་ཅིག་སྐྱེས་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་བའི་སྐུ། །སྐྱེ་དང་ལས་དང་བཟོ་དང་མཆོག །དེ་ཉིད་དབབ་ཟློག་བསྐྱིལ་དགྲམ་པའོ། །བྱེ་བ་དཔག་མེད་རླུང་གིས་ནི། །ཐིག་ལེ་རྩ་མིག་འབྱེད་པའོ། །སྐད་ཅིག་དུས་མཐའི་སྐད་ཅིག་ལ། །ཐམས་ཅད་ལྷན་སྐྱེས་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་ལྷན་སྐྱེས་བདེ། །དོན་ཀུན་རིགས་ནི་བཞི་པའོ། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱི། །ཞེས་པ་ཐེག་གསུམ་གནས་པ་ནི། །སྦྱོར་བ་དགུ་ཡི་ཚུལ་གྱིས་ནི། །འགྲོ་བའི་སེམས་ཅན་སྣ་ཚོགས་པ། །དོན་བྱེད་ཇི་ལྟར་གདུལ་དོན་དུ། །སྟོན་པ་པོ་ནི་ཆོས་དོན་ངེས། །ཐེག་པ་གསུམ་ནི་དབང་གསུམ་གྱི། །བཞི་པ་ཁོ་ནའི་ངེས་འབྱུང་ལ། །བདེ་ཆེན་ཐེག་གཅིག་གིས་འབྲས་བུ། །བླ་མའི་དུས་ཐབས་ལྟ་བུར་གནས། །ཉོན་མོངས་ཁམས་རྣམས་དྲུག་གྱུར་པ། །དག་པའི་བདག་ཉིད་ཤུདྡྷ་སྟེ། །གཞན་དག་ཉོན་མོངས་སྤང་བའོ། །རྡོ་རྗེ་ཐེག་པས་རྟོག་པ་འཛོམས། །ཉོན་ཟད་རྟོག་མེད་མ་ཡིན་ཏེ། །རྟོག་བྲལ་ཅི་ཡང་གནས་པ་མེད། །དེ་ཡིས་དེ་ཉིད་རྙེད་པ་ཡིས། །དགེ་སྡིག་རྟོག་པ་ལས་ཀྱི་ཁམས། །བདེ་བ་ཆེན་པོ་ཟད་ཆེ་བའོ། །ཆུ་བོ་རྣམ་པ་ལྔ་ཡིན་ཏེ། །བདག་ལྟའི་ཆུ་བོ་རྫས་ཆུ་བོ། །ཞེ་སྡང་གཏི་མུག་ཆུ་བོ་དང༌། །འདོད་ཆགས་ཆུ་ཡི་རྒྱུན་ཕྱོགས་ཁྱེར། །དགའ་བཞིའི་གཟིངས་ཀྱིས་སྒྲོལ་


DTG015_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་པས། །རྒྱ་མཚོ་མ་ལུས་རྒལ་བའོ། །དེ་རྣམས་ཡོངས་སུ་དག་པ་ཡིས། །ཀུན་ལས་རྒལ་ཞེས་བརྗོད་པ་ཡིན། །སྦྱོར་བ་ཐབས་དང་ཤེས་རབ་ལ། །ཆགས་བྲལ་ཆགས་པ་མྱ་ངན་འདས། །བདེ་བ་ཚོར་བ་སྲེད་པ་འཛིན། །ངོ་ཚ་རྩེ་དང་ལྟ་རོལ་བ། །ཤེས་རབ་མ་ཡི་ཆོས་བརྒྱད་དོ། །ཆགས་དང་ཚིམ་དང་དགའ་བ་དང༌། །གྱ་ནོམ་པ་དང་རྩེ་བ་དང༌། །ཙུམ་བ་ཉེད་དང་སྒྲ་བརྗོད་དང༌། །བརྟན་དང་བརྩོན་དང་ཡིད་བྱེད་པ། །བཅུ་གཅིག་ཐབས་ཀྱི་བྱེད་པའོ། །དེ་ལྟའི་ཆོས་སྤངས་སེམས་ཅན་ནི། །ཡེ་ཤེས་རྙེད་དཀའ་དགོན་པར་འདོད། །དེ་ལས་བྱུང་བ་ཡེ་ཤེས་རྟེན། །དེ་འདྲའི་རྣམ་གྲོལ་ལམ་གྱིས་ནི། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །འཁྲུལ་པའི་ཁམས་རྣམས་རྟོག་པ་ཀུན། །བག་ཆགས་བཅས་པ་གཏན་སྤངས་པ། །དེ་ནི་ཐབས་ཆེན་དུག་ལ་བསྔགས། །བརྟུལ་བ་ལྟ་བུ་ཡོན་ཏན་ཐོབ། །སྔགས་མེད་དུག་གིས་འཆི་བར་བྱེད། །སྔགས་ནི་སྙིང་རྗེ་ཆེན་པོ་དང༌། །ཤེས་རབ་སྟོང་པར་རྟོགས་པ་ཡིས། །སྦྱོར་སྒྲོལ་བྱེད་པ་ཐབས་ཀྱི་མཆོག །དེ་ལྟར་ལས་རྣམས་དོན་ཡོད་པས། །བདེ་བས་འགྲོ་བའི་དོན་བྱེད་པས། །སྲིད་དང་ཞི་བར་མི་གནས་སྤའོ། །འདུ་ཤེས་མིང་དང་རྫས་དང་བརྡ། །ཀུན་གྱི་དོན་སྤངས་མཉམ་གཞག་ཅིང༌། །རྣམ་ཤེས་དོན་ནི་འོད་གསལ་བས། །བལྟས་པས་རྟོག་ཀུན་འགག་པར་བྱེད། །སེམས་ཅན་འགྲོ་བ་རིགས་དྲུག་ལ། །རྣམས་ཀྱི་ཡིད་ཡུལ་དུག་གསུམ་སོགས། །ལྡན་པ་ཆགས་སྡང་སེམས་སྐྱེས་པའོ། །དེ་འདྲ་སེམས་ཅན་ཀུན་གྱི་ཡིད། །རིག་པས་འཁྲུལ་སྤངས་གཉེན་ཡེ་ཤེས། །སེམས་ཅན་ཀུན་གྱི་ཡིད་ལ་ནི། །འོད་གསལ་ཆོས་དབྱིངས་རབ་ཏུ་གནས། །དེ་དག་དོན་བྱེད་ཡེ་ཤེས་ལ། །སེམས་དང་མཐུན་པར་འཇུག་ཅིང་བསྒྱུར། །སེམས་ཅན་ཀུན་ཡིད་གང་ཡོད་པ། །ཚིམ་པར་བྱེད་དེ་མ་སྤངས་གྲོལ། །སེམས་ཅན་ཀུན་གྱི་འཁོར་བའི་གནས། །ཡིད་དགའ་བ་ནི་ལམ་ཐོབ་པའོ། །གྲུབ་མཐའ་རང་རང་འདོད་པ་ལ། །འདོད་པ་མེད་པ་མཐར་ཕྱིན་པའོ། །འཁྲུལ་པ་མེད་དོ་དམ་པའི་དོན། །དེ་ཡང་དང་པོའི་སངས་རྒྱས་ལས། །ཇི་བཞིན་པ་ནི་རྟོག་དང་བྲལ། །བྱིས་པ་


DTG015_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་གཉིས་རྣམ་པར་རྟོག །རྟོག་བྲལ་རྒྱལ་བ་ཆོས་ཀྱི་སྐུ། །ལྷན་ཅིག་སྐྱེས་པའི་གཟུགས་ཅན་ཡིན། །ཞེས་གསུངས་སོ། །ནོར་པ་རྟག་ཆད་ལ་སོགས་པ། །ཐམས་ཅད་དེ་ལ་རྣམ་པར་སྤངས། །དོན་གསུམ་ཀུན་བརྟགས་གཞན་དབང་དང༌། །ཡོངས་གྲུབ་དེ་ཉིད་ཤེས་པ་ཡིས། །ཐེ་ཚོམ་མེད་པའི་བློ་ཐོབ་པའོ། །ཀུན་དོན་འགྲོ་བའི་བྱ་བ་ལ། །ཡོན་ཏན་གསུམ་གྱི་བདག་ཉིད་ཅན། །ཕུང་པོ་ལྔ་དོན་བདེ་ཆེན་དུ། །དུས་གསུམ་མཉམ་ཉིད་རྟོགས་པའོ། །སྐད་ཅིག་གཅིག་ལ་དབུ་མ་ཅན། །རླུང་རྣམས་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་དབུ་མར་ཚུད། །དེ་ལ་བདེ་སྟོང་རྫོགས་སངས་རྒྱས། །དེ་ཉིད་སངས་རྒྱས་ཀུན་གྱི་ནི། །རང་བཞིན་འཆང་ནི་ཡེ་ཤེས་འཛིན། །ཡན་ལག་མེད་པ་ཆོས་ཀྱི་སྐུ། །སྐུ་ནི་ལོངས་སྐུ་བདེ་བ་ཆེ། །ལུས་ཀྱི་མཆོག་ནི་སྤྲུལ་པའི་སྐུ། །མཚན་དཔེས་བརྒྱན་པ་དེ་ཡིན་ནོ། །ལུས་ཀྱི་མཐའ་ནི་སྐུ་གསུམ་དུ། །རྟོགས་པ་པོ་ནི་རྣལ་འབྱོར་པའོ། །དེ་ཡི་མཆོག་ཐོབ་དུས་དག་ཏུ། །སྣ་ཚོགས་གཟུགས་ནི་ཡོངས་སུ་སྟོན། །ཞེས་པ་མི་འདྲ་སྣ་ཚོགས་གཟུགས། །གང་ལ་གང་འདུལ་ཡོངས་སུ་སྟོན། །བསྒྲུབ་བྱ་ཡིན་པས་ནོར་བུ་ལས། །འདོད་དགུ་འབྱུང་བས་རིན་པོ་ཆེ། །ནུབ་པ་མེད་པས་ཏོག་ཅེས་བྱ། །དགག་ཕྱོགས་མ་རིག་ལ་སོགས་པ། །བཅུ་གཉིས་སྤངས་ཏེ་མཐུན་པའི་ཕྱོགས། །ས་བཅུ་གཉིས་ནི་ཐོབ་པ་ལས། །ཚིགས་བཅད་ཉི་ཤུ་རྩ་བཞི་དག །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་དགུ་པའོ།། །།

ལེའུ་བཅུ་པ། ཚིགས་སུ་བཅད་པ་བཅོ་ལྔས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG010_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེའུ་བཅུ་པ་དོན་ཡོད་གྲུབ། །བྱ་བ་ནན་ཏན་ཡེ་ཤེས་ལ། །ལས་ཀྱི་བྱ་བ་ཚེས་བཅོ་ལྔ། །དག་པ་ཤློཀ་བཅོ་ལྔ་བསྟན། །སངས་རྒྱས་ཀུན་ནི་དུས་གསུམ་བཞུགས། །རྟོགས་བྱ་བ་ནི་ཡེ་ཤེས་སྐུ། །དེ་ཡང་དེ་ཉིད་འདུས་པ་ལས། །ཁྱོད་ནི་ཐམས་ཅད་མཁྱེན་པའི་ཡབ། །འབྱུང་དང་འབྱུང་བར་གྱུར་པ་ཡིན། །སངས་རྒྱས་བྱང་ཆུབ་ཁྱོད་ལ་བརྟེན། །དེ་བཞིན་གཤེགས་རྣམས་ཁྱོད་ལ་བརྟེན། །ཞེས་གསུངས་སོ། །སངས་རྒྱས་བྱང་ཆུབ་ལྷན་ཅིག་སྐྱེས། །བླ་ན་མེད་པ་གོང་ན་མེད། །ཡི་གེ་མེད་ལས་གསང་སྔགས་འབྱུང༌། །ཞེས་པ་བྱང་ཆུབ་ཡི་གེ་མེད། །དེ་ལས་གསང་སྔགས་བྱུང་བ་ནི། །


DTG015_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་ཀུན་གྱི་མཐུ་ཡིན་ནོ། །གསང་སྔགས་ཆེན་པོ་རླུང་ཡིན་ཏེ། །རིགས་གསུམ་པ་ནི་འབྱུང་འཇུག་གནས། །དེ་ནི་རླུང་གི་བྱེད་པའོ། །གསང་སྔགས་དོན་ཀུན་བདེ་བ་སྟེ། །བདེ་མེད་རླུང་ནི་ཉན་ཐོས་ཡོད། །དེ་ནས་བདེ་བསྐྱེད་པའོ། །ཕྲིན་ལས་ཞི་རྒྱས་དབང་དྲག་བཞི། །འདི་ཡིས་ངེས་པར་སྒྲུབ་པའོ། །ཐིག་ལེ་ཆེ་ནི་དོན་དམ་པ། །བདེ་ཆེན་རྡོ་རྗེ་སེམས་དཔའ་ལ། །ཡི་གེ་མེད་པ་ཉིད་ཡིན་ནོ། །སྟོང་པ་ཡི་གེ་མེད་པ་ཉིད། །ཆེན་པོ་འབྱུང་ལྔ་ཕུང་པོ་ལྔ། །ཡི་གེ་ལྔ་ནི་འདི་ཡིན་ཏེ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ་ཁཾ་ལྔ་དང༌། །ལཾ་མཾ་པཾ་ཏཾ་བཾ་རྣམས་སོ། །ཐིག་ལེས་རྩ་རྣམས་ཡི་གེར་འགྱུར། །གྱུར་པས་བདེ་བ་སྣ་ཚོགས་འབྱུང༌། །རླུང་གིས་ཁམས་གསུམ་རྟོག་པ་རྒྱས། །སྟོང་པ་རང་གི་ངོ་བོས་སྟོང༌། །བདེ་བསྡུས་ཡི་གེ་དྲུག་པོ་ནི། །ཨཿ་ཧཾ་ཨོཾ་ཧཱུཾ་ཧོ་ཀྵཿ་དྲུག །རེ་རེར་བདེ་རླུང་འདུས་པ་ལས། །ལུས་ངག་ཡིད་ལ་མཚན་མ་འབྱུང༌། །ཡང་ན་སྙིང་དབུས་ཆ་དྲུག་པའི། །རྡོ་རྗེ་འཆང་ལ་ཧཱུཾ་དུ་འདོད། །ཀུན་རྫོབ་རྣམ་པ་ཀུན་ལྡན་ལ། །དོན་དམ་པར་ནི་རྣམ་པ་མེད། །དགའ་བ་དེ་ཉིད་དགའ་བཅུ་དྲུག །མགྲིན་པ་ལ་སོགས་ཕྱེད་ཕྱེད་འདྲི། །ཐིག་ལེ་གནས་ནས་ནོར་བུའི་རྩེར། །གཉིས་གནས་པ་ནི་དབུས་ནའོ། །དེ་ཉིད་ཤེས་རབ་ཡེ་ཤེས་སོ། །རྣམ་རྟོག་ཡན་ལག་མེད་པའོ། །གྲངས་བགྲང་བྱིས་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྟོག་དཔྱོད་དང༌། །དགའ་བདེ་བཞི་སྡེ་དགའ་བཞི་སྦྱར། །རྩེ་མོ་འཆང་ནི་གཙུག་ནོར་གཉིས། །མི་འཛག་བདེ་བ་འཆང་བའོ། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང༌། །ཐབས་དང་རྟོག་པ་ལས་རྒྱའི་ལས། །ཏིང་འཛིན་རིག་པར་བྱེད་པའི་དུས། །ཆོས་ཀྱི་ཕྱག་རྒྱར་རྒྱུད་རིག་པ། །གཞན་དབང་བསྐྱེད་པའི་རིམ་པ་སྟེ། །ཏིང་འཛིན་ལུས་ཅན་ཡིན་པར་འདོད། །ལུས་ཀྱི་མཆོག་ནི་དགའ་བའི་དུས། །ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་པའོ། །བདེ་བའི་དུས་སུ་ལོངས་སྤྱོད་རྫོགས། །དམ་ཚིག་ཕྱག་རྒྱ་ཀུན་གྱི་རྒྱལ། །ཕྲིན་ལས་བདེ་བ་ཆེན་པོ་བྱེད། །དེ་ཉིད་གནས་སྐབས་སྤྲུལ་སྐུ་སྟེ། །སྐུ་ཡི་མཆོག་ཏུ་ཐུབ་པས་གསུངས། །སངས་རྒྱས་སྤྲུལ་པའི་རྒྱུད་རིགས་ལྔ། །རིགས་གསུམ་ལྡན་པས་འཆང་བའོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་བརྒྱ་རུ། །སྤྲུལ་པ་སྣ་ཚོགས་འགྱེད་


DTG015_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །ཇི་བཞིན་མཆོག་གི་སྤྲུལ་པ་ཡིས། །འགྲོ་བའི་དོན་བྱེད་འདི་ལྟ་སྟེ། །ལྷ་ནི་ཨུ་མ་འདོད་ཆགས་དག །ལྷ་མཆོག་ཤེས་རབ་འོད་དཔག་མེད། །ལྷ་ནི་ཚངས་པ་ཁྱབ་འཇུག་ནི། །གཏི་མུག་རྣམ་དག་རྣམ་སྣང་མཛད། །ལྷ་མིན་ཁྱབ་འཇུག་དབང་ཕྱུག་ནི། །ཞེ་སྡང་རྣམ་དག་མི་བསྐྱོད་བ། །སྦྱིན་པ་ཛཾ་ལྷ་བདག་པོ་ནི། །སེར་སྣ་རྣམ་དག་རིན་འབྱུང་ངོ༌། །འཆི་མེད་དབང་ཕྱུག་དབང་ཕྱུག་ནི། །ཕྲག་དོག་རྣམས་ལ་དོན་ཡོད་གྲུབ། །ལྷ་ནི་བགེགས་བདག་བླ་མ་ནི། །ང་རྒྱལ་རྣམ་དག་རྡོ་རྗེ་སེམས། །འཇོམས་བྱེད་ཟླ་བ་ལྟ་བ་ལྔ། །རྣམ་པར་དག་བྱེད་ཕག་མོ་གཉིས། །འཇོམས་བྱེད་ཉི་མ་དབང་ཕྱུག་ནི། །ཐེ་ཚོམ་ཀུན་སེལ་ཧེ་རུ་ཀ །རྩ་བའི་ཉོན་མོངས་ལྷ་ཆེན་བརྒྱད། །སྲིད་གསུམ་དབང་བསྒྱུར་འཇོམས་མཛད་པའི། །བདེ་ཆེན་ཁྱོད་ལ་བདག་ཕྱག་འཚལ། །སྲིད་པ་ཁམས་གསུམ་དགོན་པ་ནི། །བདེ་སྟོང་དཀོན་པས་དགོན་པའོ། །ལས་རྒལ་བ་ནི་རྡོ་རྗེ་སེམས། །སྟོན་པ་གཅིག་པུ་དྷཱུ་ཏཱིའོ། །འགྲན་ཟླ་མེད་པས་གཅིག་པུའོ། །འགྲོ་བའི་བླ་མ་ཐིག་ལེའི་ཁམས། །འཇིག་རྟེན་ལུས་ངག་ཡིད་གསུམ་ལ། །ཕྱོགས་བཅུར་རབ་གྲགས་བདེ་རླུང་ཁྱབ། །ཆོས་ཀྱི་སྦྱིན་བདག་གཏུམ་མོ་ཆེ། །ཆེ་བ་པོ་ནི་འབར་བའོ། །བྱམས་པའི་དམ་ཚིག་བཞི་པ་བསྟེན་པའོ། །དེ་ཡང་སྤང་བླང་བསྲུང་སྤེལ་ལོ། །གོ་ཆས་ཆས་པ་དགའ་བའི་སེམས། །སྙིང་རྗེ་ཡིས་ནི་གཞན་དོན་སྤྱོད། །ཡ་ལད་བགོས་ནི་ཐབས་བསྟེན་པའོ། །ཤེས་རབ་ཕྱག་རྒྱ་ཆེན་མོ་ལ། །རལ་གྲི་དེ་ཡིས་རྟོག་ཀུན་བཅད། །མདའ་གཞུ་གཏུམ་མོ་ཐོགས་པ་ནི། །ཧཾ་གི་འབེན་ལ་རྡེག་པའོ། །ཉོན་མོངས་མི་ཤེས་འཛག་པ་རྣམས། །རབ་ཏུ་སྤང་བ་གཡུལ་ངོ་སེལ། །དགྲ་བོ་འདོད་ཡོན་མངོན་ཞེན་མཐའ། །བདུད་དགྲ་ཡེ་ཤེས་ཆེན་པོ་ཡིས། །བདུད་འདུལ་བ་ནི་གོས་པ་མེད། །བདུད་བཞི་འཇིགས་པ་དགའ་བཞི་ཡིས། །འགལ་ཕྱོགས་སྤོང་བ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་སྣ་ཚོགས་རྟོག །ཕམ་བྱེད་པ་ཡང་དེ་ཉིད་དོ། །རྫོགས་པ་ཐིག་ལེ་སངས་རྒྱས་བདེ། །འཇིག་རྟེན་འདྲེན་པ་རྣམས་ཀྱི་མཆོག །མཆོད་འོས་བཟའ་བའི་དམ་ཚིག་ཆེ། །བསྟོད་འོས་རིག་མའི་མཁའ་དབྱིངས་ཀྱི། །ཕྱག་གི་འོས་ནི་ཐལ་མོ་སྦྱོར། །རྟག་


DTG015_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་ཞེན་པ་སྤངས་པ་དང༌། །བླང་དོར་མེད་པའི་སེམས་ཀྱིས་ནི། །རིམ་གྲོར་བྱར་འོས་བྱང་སེམས་སྤེལ། །མི་འཛག་ལྡན་པའི་རྣལ་འབྱོར་པ། །ཉན་ཐོས་སོགས་པས་བཀུར་འོས་པའོ། །ཕ་རོལ་ཕྱིན་པའི་ཐེག་པ་པས། །ཡོན་ཏན་བརྗོད་པར་བྱ་བའི་མཆོག་རྣལ་འབྱོར་རྒྱུད་སོགས་ཕྱག་བྱར་འོས། །ཐབས་དང་ཤེས་རབ་ཐུན་མོང་གིས། །སྒྱུ་འཕྲུལ་དྲ་བ་བླ་མའི་རབ། །འཇིག་རྟེན་གསུམ་པོ་རྩ་གསུམ་ལ། །གོམ་གཅིག་བགྲོད་པ་རླུང་འཕོ་བ། །ལྔ་བཅུ་རྩ་དྲུག་བཞི་ཆའོ། །རླུང་དེ་རྒྱུ་དུས་ནམ་མཁའ་ལྟར། །རྟོག་པ་མཐའ་མེད་རྣམ་པར་གནོན། །གསུམ་རིག་རྒྱུ་བ་གསུམ་པོ་ལས། །དབུ་མ་རྐྱང་མ་དག་པ་སྟེ། །དེ་ཡི་ཡོན་ཏན་མངོན་ཤེས་དྲུག །ལྡན་ཞིང་རྗེས་དྲན་དྲུག་སོགས་ཐོབ། །ཕ་རོལ་ཕྱིན་པའི་ཐེག་པར་ནི། །བྱང་ཆུབ་སེམས་དཔའ་མཚན་ཉིད་པ། །སེམས་དཔའ་ཆེ་ཞེས་མཚན་གསོལ་བ། །དང་པོ་པ་དེ་འདིར་དབུ་མར། །ཞུགས་པས་རྫུ་འཕྲུལ་ཆེན་པོ་དང༌། །འཇིག་རྟེན་འདས་པའི་དངོས་གྲུབ་བོ། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །རྟོག་པའི་མཐའ་ཡང་དེ་ཉིད་དོ། །ཤེས་རབ་གསུམ་པའི་ཡེ་ཤེས་ཀྱི། །དེ་ཉིད་ཐོབ་ནི་སྐྲག་པ་མེད། །བདག་རིག་རང་ལུས་གཞན་རིག་པ། །ཤེས་རབ་ཐབས་ལས་ཐམས་ཅད་རིག །ཀུན་ལས་འཕགས་པས་ལྷན་ཅིག་སྐྱེས། །གང་ཟག་མཆོག་ནི་འདི་དེའི་ལམ། །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཞེས་པ་ཉམས་མྱོང་ལྷན་སྐྱེས་ཏེ། །བླ་མའི་ངག་ལས་བྱུང་བའོ། །ཤེས་དང་ཤེས་བྱ་ཡུལ་ཡུལ་ཅན། །བདག་པོ་མཆོག་ནི་གཉིས་མེད་རྟོགས། །གཙོ་བོ་དྷཱུ་ཏཱི་བྱང་ཆུབ་ལམ། །ཆོས་ཀྱི་སྦྱིན་བདག་འབར་འཛག་སྟེ། །ཕྱག་རྒྱ་བཞི་ཡི་ལས་ཆོས་དང༌། །ཕྱག་རྒྱ་ཆེ་དང་དམ་རྒྱ་སྟེ། །ཆོས་ཀུན་ཕྱག་རྒྱ་བཞི་ཡིས་བསྡུས། །དོན་སྟོན་པ་ནི་ལམ་དང་རྟགས། །གཉེན་པོ་འབྲས་བུ་རྣམས་ལ་སྦྱོར། །འགྲོ་བའི་བསྙེན་བཀུར་བདེ་བའི་རྒྱུ། །གནས་ཀྱི་མཆོག་ནི་ཀ་ར་ན། །བྱེད་པ་དྲུག་ཅུ་རྩ་གཉིས་སོ། །ངེས་འབྱུང་གསུམ་པོ་སྐུ་གསུམ་ལ། །མཚན་ནི་ཡང་དག་བརྗོད་ཆོས་འདི། །འགྲོ་དོན་ཞེས་ནི་ལམ་པའི་དུས། །


DTG015_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོན་གྱི་རྣམ་པ་ཕྱག་རྒྱ་ཆེ། །རྣམ་དག་དཔལ་ནི་བཞི་པའོ། །འཇིག་རྟེན་གསུམ་ནི་ལུས་ཕྱི་ནང༌། །བར་གསུམ་ཡིན་ལ་སྐལ་བཟང་ཆེ། །དཔྲལ་བའི་ཐིག་ལེ་བཅུ་དྲུག་གོ །དཔལ་ལྡན་འབྱོར་བ་དགའ་བཞི་སོགས། །ཀུན་བྱེད་པ་ནི་གཏུམ་མོའོ། །འཇམ་དཔལ་ཐིག་ལེ་ལྡན་པ་ནི། ཡེ་ཤེས་ཆེན་པོའི་མཆོག་ཡིན་ནོ། །དེ་ལྟར་ཤློཀ་བཅོ་ལྔ་ངོ༌། །བསྙེན་པ་ཉེ་བསྙེན་སྒྲུབ་པ་དང༌། །སྒྲུབ་ཆེན་ལས་སྦྱོར་ཁྱད་ལ་སྦྱོར། །ཕ་རོལ་ཕྱིན་རྒྱུད་རྣམ་དག་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་བཅུ་པའོ།། །།

ལེའུ་བཅུ་གཅིག་པ། ཚིགས་སུ་བཅད་པ་ལྔས་འདུད་ཀྱི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG010_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེའུ་བཅུ་གཅིག་པ་འདུད་ཀྱི་བརྗོད་བྱ་ཡེ་ཤེས་ལྔ་ལྡན་པའོ། །སངས་རྒྱས་སྐུ་ལྔ་ལ་བསྟོད་པའོ། །དང་པོ་སྤང་བྱ་ཁམས་གསུམ་རྟོགས། །ཉོན་མོངས་གཏི་མུག་གཉེན་པོ་ནི། །ཆོས་དབྱིངས་ཡེ་ཤེས་སྒོ་ལྔ་དག །གཟུགས་ཕུད་སྣང་མཛད་མིག་ལ་ནི། །གཏི་མུག་ཡེ་ཤེས་ས་སྙིང་པོ། །ལས་རྒྱ་སྣ་ཚོགས་བདག་དེ་ཉིད། །དགའ་བ་དང་པོ་བུམ་པའི་དབང༌། །བཞི་བ་བསྙེན་པ་ས་ཡི་ཁམས། །སྤྲུལ་པའི་སྐུ་དང་བཅོ་བརྒྱད་ལྡན། །དེ་ལྟའི་ཡེ་ཤེས་གཙུག་ཏོར་ལ། །དང་པོ་དགའ་བ་བཞིས་བསྟོད་པ། །མཆོད་སྦྱིན་རྡོ་རྗེའི་ལུས་ངག་ཡིད། །མཆོག་ཁྱོད་འདུད་པ་དགའ་བའི་དགའ། །བལྟས་པས་ཚིམ་པའི་བདེ་བ་ནི། །འཁོར་ལོ་དྲུག་རྩ་གསལ་བའོ། །ཡང་དག་མཐར་འགྱུར་དགའ་བའི་མཆོག །བགད་པས་ཚིམ་བ་རླུང་འཐན་པ། །ཁྱོད་ལ་འདུད་པ་གོམས་བྱེད་པའོ། །སྟོང་ཉིད་ལས་བྱུང་དགའ་བ་ཡིས། །ལྷན་སྐྱེས་ལག་བཅངས་རེག་བདེ་མྱོང༌། །མེ་རླུང་ལུས་ལ་ཁྱབ་པའོ། །ཁྱོད་ལ་འདུད་པ་གོང་དང་འདྲ། །སངས་རྒྱས་བྱང་ཆུབ་དགའ་བ་ཡི། །དགའ་བྲལ་འཁྱུད་པས་ཧཾ་ལས་ནི། །ཐིག་ལེ་བ་ཐག་འབབ་པས་བདེ། །ཁྱོད་ལ་འདུད་པ་མི་འཛག་བདེ། །རྐྱེན་མ་ལྟོས་པ་སྐྱོང་བའོ། །གཉིས་པའི་སྤང་བྱ་བདག་ཏུ་ཞེན། །ཉོན་མོངས་འདོད་ཆགས་གཉེན་པོ་ནི། །སོ་སོར་རྟོག་པ་ཉོན་ཡིད་འགྱུར། །འདུ་ཤེས་མཐའ་ཡས་ལྕེ་ལ་ནི། །འདོད་ཆགས་རྡོ་རྗེ་འཇིག་རྟེན་མགོན། །ཆོས་རྒྱ་མཚན་མེད་ལྷ་དེ་ཉིད། །དགའ་བ་གཉིས་པ་གསང་བའི་དབང༌། །རྒྱས་པར་བསྒྲུབ་པ་མེ་ཡི་ཁམས། །ལོངས་སྤྱོད་རྫོགས་པ་བཅོ་བརྒྱད་ལྡན། །


DTG015_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟའི་སྡུག་བསྔལ་གཅོད་པ་ལ། །མཆོག་དགའི་དགའ་བ་བཞི་བསྟོད་པ། །སངས་རྒྱས་ཆགས་པ་མཆོག་དགའི་དགའ། །རྡོ་རྗེ་པདྨ་ལས་སྦྱོར་བ། །སྣང་སྟོང་ཤེས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་པ་མཆོག་དགའི་མཆོག །བརྩོན་འགྲུས་བདེ་བ་ཆེར་འཕེལ་བ། །ཁ་སྦྱོར་རླུང་ནི་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་མཆོག་ལྷན་སྐྱེས། །ཕྱི་རོལ་ཡུལ་ལས་ལོག་པའི་སེམས། །བརྟན་པར་གནས་པ་དེ་ལ་འདུད། །སངས་རྒྱས་རོལ་པ་མཆོག་དགའ་བྲལ། །ཆགས་པ་རྣམས་ལས་ཆགས་མེད་བྱས། །ཚིག་འབྱེད་བྱེད་ལ་ཕྱག་འཚལ་འདུད། །གསུངས་པའི་སྤང་བྱ་མཐར་ཞེན་པ། །ཉོན་མོངས་ཞེ་སྡང་གཉེན་པོ་ནི། །མེ་ལོང་ཡེ་ཤེས་ཀུན་གཞི་དག །རྣམ་ཤེས་མི་བསྐྱོད་རྣ་བ་ལ། །ཞེ་སྡང་རྡོ་རྗེར་ཕྱག་རྡོར་ཉིད། །ཕྱག་རྒྱ་ཆེན་པོ་རྣམ་མེད་སྔགས། །དགའ་བ་གསུམ་པ་གསུམ་པའི་ངང༌། །དབང་དང་སྒྲུབ་ཆེན་ཆུ་ཡི་ཁམས། །ཆོས་ཀྱི་སྐུ་སྟེ་བཅོ་བརྒྱད་ལྡན། །དེ་ལྟའི་རྡོ་རྗེ་རྣོན་པོ་ལ། །ལྷན་སྐྱེས་དགའ་བ་བཞིས་བསྟོད་པ། །སངས་རྒྱས་འཛུམ་པ་ལྷན་སྐྱེས་དགའ། །བདེ་ཆེན་རྒྱས་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་པ་ལྷན་སྐྱེས་མཆོག །བདེ་སྟོང་བྲལ་བ་ཁྱོད་ལ་འདུད། །སངས་རྒྱས་གསུང་ཉིད་ལྷན་སྐྱེས་སྐྱེས། །སྨྲ་བརྗོད་འདས་པ་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ལྷན་སྐྱེས་བྲལ། །ཕྱག་རྒྱ་ཆེན་པོ་ཕྱག་འཚལ་འདུད། །བཞི་པའི་སྤང་བྱ་དགག་སྒྲུབ་པོ། །ཉོན་མོངས་ང་རྒྱལ་གཉེན་པོ་ནི། །མཉམ་མེད་ཡེ་ཤེས་ཡིད་རྣམས་ཤེས། །ཚོར་བ་རིན་འབྱུང་སྣ་ལ་ནི། །སེར་སྣ་རྡོ་རྗེ་འཇམ་པའི་དབྱངས། །དམ་རྒྱ་རྣམ་སྨིན་ཡེ་ཤེས་དང༌། །དགའ་བ་བཞི་པ་དབང་བཞི་པ། །དྲག་པོ་ཉི་གྲུབ་ནམ་མཁའི་ཁམས། །རྡོ་རྗེ་སྐུ་སྟེ་བཅོ་བརྒྱད་ལྡན། །དེ་ལྟའི་ངག་ནི་དབང་ཕྱུག་ལ། །དགའ་བྲལ་དགའ་བ་བཞིས་བསྟོད་པ། །མེད་པ་ལས་བྱུང་དགའ་བྲལ་དགའ། །དཔེ་བརྒྱད་རྟོགས་པ་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་དགའ་བྲལ་མཆོག །དགའ་ལ་ཞེན་མེད་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་དགའ་བྲལ་ལྡན། །སྤྲོས་བྲལ་བདེ་ཆེན་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་དགའ་བྲལ་བྲལ། །གཉེན་པོ་ཟད་པ་ཁྱོད་ལ་འདུད། །ལྔ་པའི་སྤང་བྱ་སྤང་


DTG015_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་མེད། །ཉོན་མོངས་ཕྲག་དོག་གཉེན་པོ་ནི། །བྱ་གྲུབ་ཡེ་ཤེས་རྣམ་ཤེས་བརྒྱད། །འདུ་བྱེད་དོན་གྲུབ་ལུས་ལ་ནི། །དབང་ཕྱུག་རྡོ་རྗེ་སྒྲིབ་རྣམས་སེལ། །སྣ་ཚོགས་བྱ་དགའ་དུས་མཐའ་བསྐྱིལ། །ཡེ་ཤེས་དགའ་བ་དབང་རྫོགས་པ། །མངོན་སྤྱོད་སྒྲུབ་བྱེད་རླུང་གི་ཁམས། །བདེ་ཆེན་སྐུ་སྟེ་བཅོ་བརྒྱད་ལྡན། །དེ་འདྲའི་ཡེ་ཤེས་སྐུ་ཅན་ལ། །ཡེ་ཤེས་དགའ་བ་བ་ཞིས་བསྟོད་པ། །སྒྱུ་འཕྲུལ་དྲ་བ་ཡེ་ཤེས་དགའ། །བདེན་འཛིན་མེད་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཡེ་ཤེས་མཆོག །མ་འགགས་གསལ་བ་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཡེ་ཤེས་ལྡན། །ཕྱག་རྒྱ་ཆེ་ལྡན་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཡེ་ཤེས་བྲལ། །སྒྲ་བློ་འདས་པ་ཁྱོད་ལ་འདུད། །དེ་ལྟར་སྐུ་ལྔ་བདག་ཉིད་ཅན། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ། །རྟག་ཏུ་འདུད་པ་རྡོ་རྗེའི་ལུས། །ཁམས་ལྔ་དག་པས་ཤློཀ །ལྔ་ཡི་རྣམ་པར་དག་པའོ། །འདུད་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་བཅུ་གཅིག་པའོ།། །།

ལེའུ་བཅུ་གཉིས་པ། ཚིགས་སུ་བཅད་པ་གསུམ་གྱིས་སྔགས་ཀྱི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG010_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེའུ་བཅུ་གཉིས་པ་སྔགས་ཀྱི། །སྐབས་ལ་དོན་དང་ཚིག་དང་ནི། །རྟགས་ཀྱི་སྔགས་དང་གསུམ་དུ་འདོད། །དང་པོ་སངས་རྒྱས་ཐུགས་ཡིན་ལ། །གཉིས་པ་ཨཱ་ལི་ཀཱ་ལིའོ། །གསུམ་པ་ལྷ་དང་ཡེ་ཤེས་དང༌། །ཕྲིན་ལས་བཞི་ལ་སྦྱོར་བ་ནི། །རྟགས་ཀྱི་སྔགས་སུ་འདོད་པ་ཡིན། །དེ་ཡང་བཤད་ན་འདི་ལྟ་སྟེ། །ཨོཾ་ནི་ཡེ་ཤེས་ལྔ་ཡིན་ལ། །སརྦ་དྷརྨ་འཁོར་འདས་གཉིས། །ངོ་བོས་སྟོང་པ་ཨ་བྷཱ་བ། །དེ་ཉིད་བླ་མའི་གདམས་པ་ཡིས། །སྟོང་པར་མྱོང་བ་སྭ་བྷཱ་བ། །དབྱེར་མེད་རྣམ་དག་བི་ཤུདྡྷ། །བཛྲ་གཉིས་མེད་ཡེ་ཤེས་ལ། །ཨ་ཨཱ་ཨོཾ་ཨཿ་དགའ་བ་བཞི། །པྲ་ཀྲྀ་ཏི་རྒྱུ་ལམ་འབྲས་བུའི་དུས། །བ་རི་ཤུདྡྷཿ་སྒྲིབ་མེད་པའོ། །སརྦ་དྷརྨ་ཀུན་མཁྱེན་པར། །ཡ་དུ་ཏ་སྣང་སྟོང་གཉིས་མེད་པའོ། །སརྦ་ཏ་ཐཱ་ག་ཏ་ནི། །དུས་གསུམ་བཞུགས་པའི་སངས་རྒྱས་ཉིད། །བདེ་ཆེན་ཛྙཱ་ན་ཀཱ་ཡ་ལ། །མ་ཉྫུ་ཤྲཱི་ནི་ཐིག་ལེའི་ཁམས། །པ་རི་ཤུདྡྷི་མི་འཛག་པ། །ཏཱ་ཞེས་དེ་ལས་མཆོག་མེད་པའོ། །མུ་པ་དཱ་ནི་ཟག་པའོ། །ཡེ་ཏི་ཨ་ནི་དེ་ལྟར་ན། །མི་འཛག་དགའ་བ་ལམ་མཆོག་གོ །ལམ་མཆོག་དེ་ཉིད་གང་ཞེ་ན། །ཤིན་ཏུ་བསྡུས་པའི་རྒྱུད་འདི་ཡིན། །རྒྱས་བསྡུས་གཉིས་སུ་ཇི་ལྟ་


DTG015_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར། །བཤད་ཚོད་འདི་ལ་ཡོད་པའོ། །ཨ་ཨཱ་མི་སྐྱེ་ལས་སྐྱེའོ། །སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། །ཧ་ར་ཧ་ར་ཞེས་པ་ནི། །སོ་སོར་སྡུད་པའི་རྟགས་མཐར་ཕྱིན། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །ཧ་ར་སོ་སོར་ཡོད་པ་སྟེ། །ཧ་རས་བསྡུས་པ་མཉམ་པ་ཉིད། །ཨོཾ་ཧཱུཾ་ཧྲཱིཿ་ནི་གནས་འབྱུང་འཇུག །བྷ་ག་བཱ་ན་ནི་ཉི་ཁྲི་དང༌། །བཞི་སྟོང་བཅོམ་པས་བཅོམ་ལྡན་འདས། །སྲོག་རྩོལ་ཡན་ལག་ཡིན་པར་འདོད། །ཛྙཱ་ན་མཱུརྟྟི་བསམ་གཏན་ཏེ། །རྗེས་ལ་བཱ་གཱི་ཤྭ་ར་ན། །མ་ཧཱ་པཱ་ཙ་འབྱུང་བའོ། །སརྦྦ་དྷ་རྨ་ག་ག་ན། ཏིང་ངེ་འཛིན་གྱི་ཡན་ལག་གོ །ཨ་མ་ལ་སུ་པ་རི་ཤུདྡྷ། ཞེས་པ་འཛིན་པའི་ཡན་ལག་གོ །དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ་ཞེས་པས་རྗེས་སུ་དྲན་པའོ། །སྔགས་ལ་ཤློཀ་གསུམ་གྱིས། །ཁམས་གསུམ་པོ་ནི་དག་པའོ། །སྔགས་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་བཅུ་གཉིས་པའོ། །

ལེའུ་བཅུ་གསུམ་པ། ཚིགས་སུ་བཅད་པ་ལྔས་རྗེས་སུ་ཡི་རང་གི་རྒྱ་ཆེར་འགྲེལ་པ་བསྟན་པ།


DTG010_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅུ་གསུམ་རྗེས་སུ་ཡི་རང་བ། །ས་མཆོག་བཅུ་གཉིས་དག་པ་ཡི། །ལེའུ་བཅུ་གཉིས་བཤད་པའི་རྗེས། །དེ་ནས་སྡུད་པ་པོ་ཆེན་པོས། །དཔལ་ལྡན་རྡོ་རྗེ་འཆང་ཆེན་པོ། །ཆོས་སྐུ་སྤྲོས་བྲལ་མི་འགྱུར་ཆེ། །ངག་ཏུ་དགའ་ཞིང་སེམས་མགུ་ནས། །ལུས་ཀྱིས་ཐལ་མོ་སྦྱར་བྱས་ཏེ། །མགོན་པོ་སངས་རྒྱས་བཅོམ་ལྡན་འདས། །རྟགས་སུ་ཤཱཀྱ་ཐུབ་པ་སྟེ། །དོན་དུ་ཧཾ་ལས་འབར་འཛག་ནི། །དེ་བཞིན་གཤེགས་ཞེས་བཤད་པའོ། །སྟོན་པ་རྫོགས་སངས་རྒྱས་དེ་ལ། །ཡན་ལག་སྨད་ལྔ་ལྟ་བུ་ཡིས། །སྒྲིབ་ལྔ་བསལ་ནས་དེ་ཉིད་རྟོགས། །རྟོགས་དོན་དེ་ལ་ཕྱག་འཚལ་ནས། །དེ་ནི་མགོན་པོ་སངས་རྒྱས་ལམ། །གསང་བའི་བདག་ཉིད་ལ་བཞུགས་པས། །བླ་མས་ལག་ན་རྡོ་རྗེ་ཡི། །བདེ་ཆེན་ཡེ་ཤེས་གཏད་པ་ཡིས། །ཁྲོ་བོ་སྤང་བྱ་ཉོན་མོངས་ལས། །རྒྱལ་པོ་ཆེན་པོར་དེ་གྱུར་ཏོ། །རང་འདྲའི་སྣ་ཚོགས་སྣོད་ལྡན་བརྟེན། །གཞན་ནི་འཁོར་བཞི་ལ་སོགས་པ། །སྨིན་ཅིང་ཆོ་ག་མ་ཉམས་པ། །ལྷན་ཅིག་འདུག་ལ་གསང་བའི་དོན། །ཡོན་ཏན་ཀུན་གྱིས་བསྟོད་ནས་ནི། །རབ་ཏུ་དགའ་མགུའི་ཚིག་འདི་སྐད། །ངག་ཏུ་བརྗོད་ཅིང་བརྟན་པར་བྱེད། །མགོན་པོ་བདེ་ཆེན་རྒྱལ་པོ་


DTG015_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ། །བདག་ཅག་རྣམས་ནི་ཡི་རང་ངོ༌། །ལེགས་སོ་གསང་སྔགས་དོན་སྤྱོད་པས། །ལེགས་སོ་ཁྲོ་རྒྱུ་སྤངས་པ་ལེགས། །ལེགས་པར་གསུངས་ནི་རང་སྤྱོད་ལྟར། །གཞན་ལ་སྟོན་པ་འཐད་པ་ཡིན། །རྣམ་གྲོལ་འབྲས་བུ་སྐུ་གསུམ་མོ། །འཚལ་བ་ཚེ་འདི་ཉིད་ལ་འདོད། །དགོས་པ་འགྲོ་བ་མགོན་མེད་པ། །ཉོན་མོངས་འདམ་དུ་བྱིང་རྣམས་དང༌། །བདག་ཅག་སྐལ་ལྡན་འདུས་པའི་འཁོར། །ཡང་དག་རྫོགས་པའི་བྱང་ཆུབ་ནི། །རྡོ་རྗེ་འཆང་ཆེན་ཐོབ་པ་ཡི། །ཐབས་སུ་འགྲོ་བའི་དོན་ཆེན་མཛད། །སྟོང་པ་བདེ་བའི་སྙིང་པོ་ཅན། །ཀུན་རྫོབ་སྒྱུ་འཕྲུལ་དྲ་བ་ཡི། །རྣམ་པ་རྟགས་ཙམ་ཚུལ་བསྟན་པ། །མཚན་བརྗོད་པ་ཡི་གསུང་རབ་འདི། །རྣམ་དག་ལེགས་པའི་ལམ་ཡིན་ནོ། །ཟབ་ཅིང་དོན་ལ་ཡངས་པ་ཐབས། །རྒྱ་ཆེན་དབྱེར་མེད་ཆོས་འདིའོ། །དོན་ཆེན་འགྲོ་བ་རིགས་ལྔ་ཡི། །དོན་བགྱིད་པ་ནི་གང་འདུལ་སྟོན། །སངས་རྒྱས་རྣམས་ཀྱི་དུས་གསུམ་གྱི། །ཡུལ་ལམ་གནས་སམ་ལམ་འདི་ནི། །མར་མེ་མཛད་སོགས་རྫོགས་པ་ཡི། །སངས་རྒྱས་དུས་གསུམ་བཞུགས་རྣམས་ཀྱིས། །བཤད་འཆད་འཆད་པར་འགྱུར་པ་ཡིན། །ད་ལྟ་འཆད་པ་ཤཱཀྱ་ཐུབ། །དེ་ཉིད་རྡོ་རྗེ་འཆང་ཆེན་པོ། །དུས་ཀྱི་འཁོར་ལོ་ཞེས་བྱ་ཡིན། །ཡང་ན་ཁར་ས་པཱ་ཎི་ཡིན། །སྐུ་གསུམ་ཕྲིན་ལས་གཉིས་དག་པས། །ཤློཀ་ལྔ་རྣམ་པར་དག །ཟབ་པའི་དོན་ལ་མོས་རྣམས་ལ། །གསང་དོན་མཐར་ཐུག་འདིར་བརྗོད་བྱས། །།སརྦ་པཱ་ཎི་བཟོད་པར་གསོལ། །དགེ་བ་འགྲོ་ལ་ཡོངས་སུ་བསྔོ། །འཕགས་པ་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་བདུད་རྩིའི་ཐིགས་པ་སྒྲོན་མ་གསལ་བ་ཞིབ་མོ་རྣམ་པར་འཐགས་པ་ཞེས་བྱ་བ། རྡོ་རྗེ་འཆང་གི་ཞབས་ཀྱི་རྡུལ་ལ་རེག་པའི་པཎྜི་ཏ་ཆེན་པོ་ཨ་ནུ་པ་མ་རཀྵི་ཏས་མཛད་པ་རྫོགས་སོ།། །།དཔལ་བྱང་རི་བཀྲ་ཤིས་ཀྱི་གཙུག་ལག་ཁང་དུ་ཁ་ཆེའི་མཁས་པ་སུ་ག་ཏ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་དྷ་རྨ་ཀཱི་རྟི་དང་དགེ་སློང་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །རྒྱལ་བ་རྣམས་ཀྱི་བགྲོད་པ་མཐར་ཐུག་པ། བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པའི་ལམ། །བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་ཆེན་པོའི་རྒྱུད། །གསུང་རབ་རྒྱ་མཚོའི་བཅུད་བསྡུས་རྡོ་རྗེའི་ཚིག །


DTG015_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟབ་ཅིང་རྟོགས་དཀའ་རྒྱལ་བའི་དགོངས་པ་མཆོག །མཚན་བརྗོད་གླུར་བླངས་ཡིད་བཞིན་ནོར་བུའི་གཞུང༌། །ཇི་ལྟར་འདོད་པ་དེ་ལྟར་སྣང་གྱུར་ཀྱང༌། །ཟབ་མོའི་དོན་མཆོག་ཀུན་གྱིས་མ་རྙེད་པས། །སྤྱན་རས་གཟིགས་དབང་དྲི་མ་མེད་པའི་འོད། །རྒྱ་ཆེར་འགྲེལ་པས་ཟབ་བའི་དོན་བཤད་པ། །དང་པོའི་སངས་རྒྱས་རྒྱུད་དོན་ལེགས་བཀྲོལ་ཡིན། །དེ་ལས་རབ་དགའ་མཚོ་ལས་འོ་ལེན་བཞིན། །ཟབ་དོན་བསྡུས་པའི་མན་ངག་བསྟན་བཅོས་འདི། །དཔེ་མེད་བསྲུངས་པས་སྣོད་ལྡན་སེམས་ཅན་དོན། །བདུད་རྩི་ཐིགས་པ་འཆི་མེད་གྲུབ་པ་བྲིས། །སྨོན་ལམ་མཐུ་ཡིས་ཁ་བ་ཅན་ལྗོངས་འདིར། །སུ་ག་ཏ་ཤྲཱི་ལྔ་བརྒྱའི་ཀུན་མཁྱེན་གྱིས། །སྐལ་བར་ལྡན་པའི་དགེ་སློང་རྡོར་རྒྱལ་ལ། །ལེགས་སྦྱར་སྐད་ཀྱིས་རྒྱས་པར་བཤད་པ་ལས། །ཚིག་དོན་ལོངས་པར་གྱུར་ཏེ་གསུང་སྒྲོས་དང༌། །མཐུན་པར་འགྲེལ་འདི་འབད་པ་ཆེན་པོས་བསྒྱུར། །སྒྲ་ཡི་བྱིངས་ལ་བྱང་བར་མ་གྱུར་པས། །ལེགས་བསྒྱུར་མཁས་རྣམས་རབ་ནོངས་བཟོད་པར་བཞེས། །གསང་བ་བསྒྲགས་པ་མཁའ་འགྲོས་བཟོད་པར་གསོལ། །ལེགས་བཤད་ལེགས་པ་སྒྱུར་དགེ་བ་འགྲོ་ལ་བསྔོ།། །།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྣམ་པར་བཤད་པ།
མིའི་དབང་པོ་གྲགས་པ།

དང་པོ། བརྗོད་བྱའི་ཁྱད་པར་ཇི་ལྟར་ཞུ་བ་གླེང་བ་བསྟན་པ།


DTG015_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཨཱ་ཪྻ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་བྱཱ་ཁྱ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྣམ་པར་བཤད་པ། འཕགས་པ་འཇམ་དཔལ་གཞེན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྔར་ཉིད་དོན་དམ་ཐུགས་སུ་ཆུད་ཀྱང་འགྲོ་བའི་དོན་དུ་མངལ་གནས་པ་ཡི་དཔལ་ལྡན་དང༌། །གནས་དང་གནས་པའི་ཚུལ་གྱིས་བཞུགས་ཤིང་འདོད་པའི་དོན་གྲུབ་བརྩོན་པ་མཆོག །ཕྱོགས་བཅུ་རྣམས་ན་འཚོ་ཞིང་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཞབས་ལ་དང་བ་ཡི། །རབ་ཏུ་བཏུད་དེ་ཇི་བཞིན་སྒྲ་སོགས་སྔམ་དང་མཚུངས་དེ་ཡི་བཀའ་བཞིན་བྲི་བར་འོས། །དེ་ལ་མཚན་ཡང་དག་པར་བརྗོད་པའི་དོན་མ་ལུས་པར་རྟོགས་པར་བྱ་བའི་ཕྱིར་མིའི་དབང་པོ་གྲགས་པ་ཞེས་བྱ་བས་དོན་གསལ་བར་བསྟན་པའི་ཕྱིར་གསུངས་


DTG015_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ། །གཞི་དང་དེ་རྐྱེན་ཤེས་བྱ་དང༌། །དྲུག་གི་རིགས་ལ་གཟིགས་པ་དང༌། །སྒྱུ་འཕྲུལ་དྲ་བ་མངོན་བྱང་ཆུབ། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་དང༌། །ཆོས་དབྱིངས་མེ་ལོང་ཡེ་ཤེས་དང༌། །ཀུན་རྟོག་མཉམ་ཉིད་བྱ་བ་སྒྲུབ། །བསྡུས་པ་རིགས་ལྔ་བསྟོད་ཕན་ཡོན། །སྔགས་དང་རྗེས་སུ་ཡི་རང་བ། །མངའ་བདག་གསུམ་གྱི་བདག་ཉིད་ནི། །གཞུང་དོན་རྟོགས་པར་སླ་བ་དང༌། །བློ་ཡི་སྤྱོད་ཡུལ་འགྱུར་པའི་ཕྱིར། །བསྡུས་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་འདི་དག་ལེགས་པ་ཉིད་དུ་གནས་པའི་ཕྱིར་དེའི་དོན་ལ་འཇུག་པར་བྱའོ། །དེ་ལ་རྒྱུད་འདི་ནི་སྐལ་བའི་རྒྱུད་དེ། །སྒྱུ་འཕྲུལ་དྲ་བ་ལས་བཏོན་པའི་ཕྱིར་རོ་ཞེས་ཁ་ཅིག་འདེད་དོ། །དེའི་གཞུང་ཚིག་ལ་ནི་ཕུན་སུམ་ཚོགས་པ་ཡང་འདོད་དེ། །རྣལ་འབྱོར་ཆེན་པོའི་རྒྱུད་ཁྲི་དྲུག་སྟོང་བར་འདི་སྐད་བདག་གིས་ཐོས་པ་ལ་སོས་པ་གླེང་བཞིའི་ཚིག་གསུངས་པའི་ཕྱིར་རོ། །དེ་བས་ན་འདི་ནི་གཞན་གྱི་མཐའ་དང་ལྡན་པ་སྟེ། དེ་ནས་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་ཀྱི་སྒྲ་ནི་ལྔ་པའི་ཚིག་སྟེ། སྡུད་པ་དང་འགྲེལ་པའི་སྒྲ་ལས་འདི་ནི་སྡུད་པའི་སྒྲར་ཤེས་པར་བྱའོ། །སྡུད་པ་ཡང་རྣམ་པ་གཉིས་ཏེ། དུས་སྡུད་པ་དང༌། དངོས་པོ་སྡུད་པའོ། །དེ་ལ་འདི་ནི་དུས་སྡུད་པ་སྟེ། བར་མཆད་པར་བསྡུ་བའི་ཚིག་གོ །དེའི་ཕྱིར། དཔེར་ན་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེ་ལ་དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །རྡོ་རྗེ་ནི་དེའི་མཚན་ཉིད་དོ། །དེ་བས་ན་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་ཞིང་རྡོ་རྗེའི་མཚན་ཉིད་འཛིན་པས་ན་འཆང་ཞེས་བྱའོ། །དེས་ཅི་བྱེད་སྙམ་པ་ལ། གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །ཅེས་གསུངས་ཏེ། གདུལ་བར་དཀའ་བ་འདུལ་བར་བྱེད། །ཅེས་སོ། །འདིར་འདུལ་བྱ་ཡང་རྣམ་པ་གཉིས་ཏེ། ཞི་བས་གདུལ་བར་བྱ་བ་དང༌། སྡུག་བསྔལ་མྱོང་བར་བྱས་ཏེ་གདུལ་བའོ། །འདིར་སྡུག་བསྔལ་མྱོང་བར་བྱས་ནས་གདུལ་བར་བྱ་སྟེ། ཉོན་མོངས་པ་རབ་ཏུ་ཆེ་བ་ཡང༌། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་དགོད་པར་བྱའོ་ཞེས་དགོངས་པའོ། །ཉོན་མོངས་པ་རབ་ཏུ་ཆེ་བ་གདུལ་བ་ལ་ཐབས་རྣམ་པ་དུ་མ་ཞིག་གསུངས་པ་ལས། འདི་ནི་མཆོག་ཏུ་མི་འགྱུར་པ་སྟེ། དེའི་ཕྱིར་རྣམས་ཞེས་པ་ནི་དེ་རྣམས་ཀྱི་ནང་ནས་འདི་མཆོག་ཏུ་


DTG015_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱུར་པའོ། །དེ་ཡང་སྐུས་འདུལ་བ་ལ་ནི་ཁྲོ་བོའི་རྣམ་པ་དང༌། གསུང་གིས་འདུལ་བ་ལ་ནི་རྡོ་རྗེ་ཐིག་པ་དང༌། ཐུགས་ཀྱིས་འདུལ་བ་ལ་ནི་བདེ་བའི་ཡེ་ཤེས་སོ། །དེ་སྐད་དུ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་བདེ་མཆོག་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཉེ་བར་མི་སྦྱོར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་པ་དང༌། ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་ཀྱང༌། དེ་ནས་འཇམ་པའི་དབྱངས་ཀྱིས་ནི། །ཁྲོ་བོའི་མིང་ནི་གཤིན་རྗེའི་གཤེད། །མཚོན་ཆ་མེ་ལྕེ་འབར་བས་འཁྲིགས། །དྲག་ལ་མཐུ་རྩལ་དྲག་དང་ལྡན། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀྱི་ནི་ལག་ཆ་འཆོར། །ཞེས་གསུངས་སོ། །དེ་བས་ན་གདུལ་བྱ་མ་རུངས་པ་གདུལ་བར་བྱ་བའི་ཕྱིར་རྡོ་རྗེ་འཆང་དེ་ཉིད་ཀྱི་མཚན་གྱི་ཁྱད་པར་གསུངས་པ། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་གསུངས་ཏེ། འདི་ལྟར་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་ནི་འཇིག་རྟེན་གསུམ་མོ། །རྒྱལ་བ་ནི་ཁམས་དེ་དག་ན་མཐུ་དང༌། སྟོབས་དང༌། ལོངས་སྤྱོད་དང༌། རིགས་དང༌། གནས་ཀྱིས་སེམས་ཁེངས་ཤིང་དྲེགས་པར་གྱུར་པ་སྟེ། དེ་དག་དྲག་ཤུལ་གྱི་སྤྱོད་པས་བཏུལ་ནས་རང་གི་འཁོར་དུ་བྱས་པ་ནི་རྒྱལ་བའོ། །དཔའ་བོ་ཞེས་བྱ་བའི་དོན་ཡང་དེ་ཉིད་དོ། །དེ་དག་གིས་ནི་རྡོ་རྗེ་འཆང་གི་བདག་གི་དོན་ཕུན་སུམ་ཚོགས་པ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང༌། བརྗོད་པར་བྱ་བ་དང་བརྗོད་བྱའི་དོན་དགོས་པ་བསྟན་པའོ། །ད་ནི་རྡོ་རྗེ་འཆང་དེའི་ཆེ་བ་བསྟན་པའི་ཕྱིར། རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །ཞེས་གསུངས་ཏེ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དབང་ཕྱུག་ནི་ཆོས་ཐམས་ཅད་ལ་དབང་དུ་སྒྱུར་པ་ཉིད་ཀྱི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་གསང་བའི་རྒྱལ་པོ་སྟེ། རྡོ་རྗེ་འཆང་གི་ཡོན་ཏན་དེ་འདྲ་ཞེས་པའི་དོན་ཏོ། །ད་ནི་སྐུ་ཁྲོ་བོས་འདུལ་བའི་རྒྱུན་དང་ཆ་ལུགས་བསྟན་པའི་ཕྱིར། པདྨ་དཀར་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀར་ནག་ཕྱེད་པ་དང་རྒྱས་པ་སྟེ། ཟླུམ་ལ་འཛུམ་པ་དང༌།


DTG015_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅས་པ་པདྨའི་འདབ་མ་ལྟ་བུའོ། །ལྷག་མ་གོ་སླའོ། །དེ་ལྟར་རྡོ་རྗེ་འཛིན་པ་ཉིད་ཀྱི་དོན་བསྟན་ནས་འཁོར་བསྟན་པའི་ཕྱིར། །ཁོར་གཉེར་རིམ་པར་ལྡན་ལ་སོགས། །ཞེས་བྱ་བ་ལ་སོགས་པ་གསུང་སྟེ། དེ་ལ་རང་རང་གི་རིགས་ཀྱི་མཚན་མ་འཛིན་ཅིང༌། །ལག་ན་རྡོ་རྗེ་ཞེས་བྱ་བའི་མིང་ཅན་གྲངས་མཐའ་ཡས་པས་ཉེ་བར་བསྐོར་ནས་གཙོ་བོའི་ཕྲིན་ལས་དང་མཐུན་པར་བྱ་བའི་ཕྱིར་དང་ག་ཐམས་ཅད་ཀྱང་ཁྲོ་བོའི་གཟུགས་དང་ལྡན་པར་སྟོན་ཏེ། །དེའི་ཕྱིར་ཁྲོ་བོའི་གཟུགས་དེ་ཡང་ཇི་ལྟ་བུ་ཞེ་ན། འཇིགས་སུ་རུང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆེ་བ་གཙིགས་པ་དང༌། ཁྲོ་གཉེར་བསྡུས་པ་དང༌། ཡན་ལག་རགས་པ་དང༌། སྤྱན་ཟླུམ་པ་དང༌། དུར་ཁྲོད་ཀྱི་རྒྱན་དང་ལྡན་པ་ལ་སོགས་པ་སྟེ་དེས་རང་གི་སྡེ་པ་ཉན་ཐོས་ལ་སོགས་པ་འཇིགས་ཤིང་སྐྲག་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དཔའ་བྱད་ཅན་ཞེས་བྱ་བ་ནི་གང་འཇིགས་རྟེན་ན་དཔའ་བོ་ཞེས་བྱ་བ་ནི་དགྲའི་དཔུང་ཕམ་པར་བྱས་ཏེ་མགོ་བཅད་ནས་འོང་བ་ལྟར་འདིས་ཀྱང་མ་རུངས་པ་རྣམས་ཀྱི་མགོ་བཅད་ནས་ཕྲེང་བ་བྱས་པ་དང༌། མགོ་བཅད་ནས་དབྱུགས་པ་ལ་བཙུགས་ཏེ་ལག་ཆ་བྱས་པ་དང༌། སྟག་གི་པགས་པས་སྨད་དཀྲིས་བྱས་པའོ། །དེ་ལྟར་ཁྲོ་བོ་རྣམས་ཀྱི་མཚན་དང༌། གྲངས་དང༌། ཆ་བྱད་བསྟན་ནས། དེ་དག་གི་ཕྲིན་ལས་བསྟན་པའི་ཕྱིར། གདུལ་དཀའ་འདུལ་ཞེས་བྱ་བ་གསུངས་ཏེ། གདུལ་བར་དཀའ་བ་ནི་ཚར་གཅད་པའི་ཡུལ་ལོ། །དེ་ཡང་གདུལ་བྱའི་སྣང་བ་ལ་སྐུ་ཁྲོ་བོའི་གཟུགས་སུ་བསྟན་ཏེ། རང་གི་རིགས་ཀྱི་གཙོ་བོའི་མཚན་མ་ཡེ་ཤེས་ཀྱི་རྡོ་རྗེ་བཟུང་ནས་གསོར་བར་བྱེད་ཅིང༌། རྡོ་རྗེའི་རྩེ་མོ་ལ་ཡང་བལྟ་བར་མི་བཟོད་པར་འཇིགས་ཤིང་དུས་ཀྱི་མེ་ལྟ་འབར་བའོ། །རྡོ་རྗེ་ཕྲ་མོ་དང༌། འཁོར་ལོ་དང༌། རལ་གྲི་ལ་སོགས་པ་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་རབ་ཏུ་སྤྲོས་ཏེ། གདུལ་བྱ་རྣམས་སྡུག་བསྔལ་ཉམས་སུ་མྱོང་བར་བྱས་ནས་རང་གི་མགོན་སྐྱབས་མེད་པར་ཤེས་ནས་རྡོ་རྗེ་འཆང་ལ་སྐྱབས་སུ་འོང་ཤིང་སེམས་བསྐྱེད་དེ་བསྟན་པ་ལ་འཇུག་པར་བྱེད་པ་ནི་སངས་རྒྱས་ཕྲིན་ལས་བྱེད་པ་ཞེས་བྱ་བ་དང་སྦྱར་རོ། །དེའི་ཚེ་ལ་ལ་ངག་འདི་སྙམ་དུ་གང་གི་ཚེ་གདུལ་བྱ་སྡུག་བསྔལ་བར་གྱུར་པ་དེའི་ཚེ་ལག་ན་རྡོ་རྗེ་སྡིག་པའི་བསམ་པ་དང་ལྡན་ནོ་སྙམ་པ་ལ།


DTG015_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྙིང་རྗེ་ཆེ་དང་ཤེས་རབ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེ་ནི་གདུལ་བྱ་མནར་མེད་པ་ལ་སོགས་པའི་སྡུག་བསྔལ་དང་བྲལ་བར་བྱ་བའི་བསམ་པ་དང༌། དེས་ཀུན་ནས་བསླང་བའི་ཁྲོ་བོ་ཆེན་པོའི་སྤྱོད་པའོ། །ཆེན་པོ་ནི་སྔར་བསྟན་པའི་མཐུ་དེ་ལྟ་བུ་དག་གིས་རློམ་སེམས་སུ་མི་བྱེད་པ་ཤ་སྟག་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ནི་རྣམ་པར་དཔྱོད་པ་སྟེ། གདུལ་བྱ་ཇི་ལྟར་འདུལ་བའི་རྣམ་པ་སྔོན་དུ་སོང་བའི་ཐ་ཚིག་གོ །དང་ཞེས་བྱ་བ་ནི་མཚུངས་པ་བསྡུ་བ་སྟེ་དོན་བྱེད་པ་མཚུངས་པའི་ཕྱིར་རོ། །གང་ཞེ་ན། ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །ཅེས་བྱ་བ་གསུངས་ཏེ། གང་སྙིང་རྗེ་དང༌། ཤེས་རབ་ཀྱིས་ཀུན་ནས་བསླང་བའི་དྲག་པོ་སྤྱོད་པ་ནི་ཐབས་སུ་རིག་པར་བྱ་སྟེ། འགྲོ་བ་མ་རུངས་པའི་དོན་བྱེད་པའི་ཕྱིར་རོ། །དེ་བས་ན་མཆོག་སྟེ། མ་རུངས་པ་རྗེས་སུ་འཛིན་པ་ལ་ཐབས་འདི་ལས་ལྷག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཙོ་བོས་སེམས་ཅན་གྱི་དོན་བྱེད་ཀྱང༌། འཁོར་གྱིས་སེམས་ཅན་གྱི་དོན་མི་བྱེད་པའོ། །བྱེད་ཀྱང་གཙོ་བོས་ནན་གྱིས་བྱེད་དུ་བཅུག་པའམ་སྙམ་པ་ལ། དགའ་མགུ་རངས་པའི་བསམ་པ་ཅན། །ཞེས་གསུངས་ཏེ། དགའ་བ་ནི་སྙིང་རྗེའི་བསམ་པ་ཅན་ནོ། །མགུ་བ་ནི་ཤེས་རབ་དང་ལྡན་པའོ། །ཡང་ན་མགུ་བ་ནི་སེམས་ཅན་གྱི་དོན་ལ་ཡི་རང་བའོ། །རངས་པ་ནི་འགྲོ་བའི་དོན་ལ་འཇུག་པ་སྟེ། ཁྲོ་བོའི་སྐུར་བསྟན་པ་ཡང་བསམ་པའི་ཁྱད་པར་འདི་ལྟ་བུ་དང་ལྡན་པའི་ཕྱིར་བསམ་པ་ཅན་ནོ། །དེ་བས་ན། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ཞེས་གསུངས་སོ། །དེའི་ཕྱིར་ལག་ན་རྡོ་རྗེ་དག་ལུས་ཁྲོ་བོའི་གཟུགས་དང་ལྡན་པ་ཡང་བསམ་པ་དགེ་བ་དང་ལྡན་པའི་ཕྱིར་སྡིག་པར་མི་འགྱུར་རོ་ཞེས་དགོངས་སོ། །འཁོར་འདུས་པ་དེ་དག་ཀྱང་སྟོན་པ་ལ་ལྟོས་པ་ཆེན་པོ་ཉིད་ཀྱི་ཕྱིར། ལུས་བཏུང་རྣམས་དང་ཞེས་གསུངས་ཏེ། ཀུན་མཚུངས་པར་གུས་པའི་ཚུལ་གྱིས་ལུས་བཏུད་པའོ། །ལྷན་ཅིག་ཏུ་ཞེས་པའི་སྒྲ་ཐབས་ཅིག་པ་སྟེ། འདི་ལྟར་ལག་ན་རྡོ་རྗེ་རང་གི་རིགས་ཀྱི་མཚན་མ་འཛིན་པ་གང་ཡིན་པ་དེས་བདག་དང་གཞན་གྱི་དོན་དུ་གཞུང་གི་དོན་གསོལ་བ་གདབ་པའི་ཕྱིར་ལུས་བཏུད་


DTG015_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་རྣམས་དང༌། ལག་ན་རྡོ་རྗེ་གཞན་དག་གཞུང་གི་དོན་ཉན་པར་བྱ་བའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་གྱི་དོན་དུ་གཞུང་གི་དོན་བསྟན་པར་བཞེད་པ་གནས་གཅིག་ན་ལྷན་ཅིག་ཏུ་བཞུགས་པ་དེའི་ཚེ་འདི་སྐད་ཅེས་གསོལ་ཏོ་ཞེས་འབྲེལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་གང་ཡིན་སྙམ་པ་ལས། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་གཤེགས་པ་དང༌། དེ་བཞིན་ཉིད་མཁྱེན་པ་དང༌། ཇི་ལྟ་བ་བཞིན་མཁྱེན་ཅིང་གསུངས་སོ་ཞེས་གཞན་དང་སྦྱར་རོ། །བཅོམ་ལྡན་འདས་ནི་སྤངས་པ་ཕུན་སུམ་ཚོགས་པ་དང༌། ཐོབ་པ་ཕུན་སུམ་ཚོགས་པའི་དོན་ཏོ། །ཚིག་གི་དོན་ནི་གཞན་ལས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །རྫོགས་པ་ཞེས་བྱ་བའི་དོན་ནི་རྒྱུའི་དུས་སུ་ཚོགས་གཉིས་རྫོགས་པ་དང༌། འབྲས་བུའི་དུས་སུ་བདག་དང་གཞན་གྱི་དོན་ཡོངས་སུ་རྫོགས་པའི་ཕྱིར་རོ། །སངས་རྒྱས་ཞེས་པ་ནི་བློ་བྱེ་ཞིང་རྒྱས་པའི་ཕྱིར་ཏེ། པདྨ་ལེགས་པར་བྱེ་ཞིང་རྒྱས་པ་བཞིན་ནོ། །ཡང་ན་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་པའི་ཕྱིར་སངས་རྒྱས་ཏེ། སྐྱེས་བུ་གཉིད་ལེགས་པར་སད་པ་བཞིན་ནོ། །དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་ལ་ཞེས་བྱ་བའི་དོན་ནི་དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བའི་དོན་ཏོ། །ཅི་ནས་གསོལ་བ་བཏབ་སྙམ་པ་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་གུས་པའི་ཚུལ་གྱིས་སྤྱན་སྔར་འདུག་སྟེ་ཞེས་པའོ། །དེ་ལ་ཕྱག་འཚལ་བ་ནི་ལུས་ངག་ཡིད་ཀྱིས་རབ་ཏུ་བཏུད་པ་སྟེ། གུས་པའི་ཚུལ་གྱིས་ཐལ་མོ་སྦྱར་བ་ནི་བརྡ་ཕྲད་པར་ཟད་དོ། །སྤྱན་སྔར་འདུག་ཅེས་པ་ནི་གཟིགས་པའི་ཡུལ་དུ་འདུག་པ་སྟེ། ལྐོག་ཏུ་གྱུར་ནས་གསོལ་བ་མ་བཏབ་ཅེས་པའི་དོན་ཏོ། །འདི་སྐད་ཅེས་པ་ནི་ཇི་སྐད་དུ་འོག་ནས་གསུངས་པའི་གཞུང་གི་དོན་དགོས་ཆེད་དང༌། བརྗོད་བྱ་དང༌། གསུངས་པའི་ཚུལ་བདག་ཉིད་སྣོད་དུ་རུང་བ་དང། མ་འོངས་པའི་དུས་སུ་ཇི་ལྟར་སེམས་ཅན་གྱི་དོན་བྱ་བའི་ཕྱིར་དེ་སྐད་གསོལ་བ་བཏབ་ན་ཞེས་པ་དང་སྦྱར་རོ། །དེ་དག་གིས་ནི་སྒྲ་ཇི་བཞིན་པར་བཤད་པའི་མན་ངག་གོ །ད་ནི་བླ་མའི་ཞལ་གྱི་མན་ངག་སྒྲ་ཇི་བཞིན་མ་ཡིན་པ་བྲི་བར་བྱ་སྟེ། དེ་ལ་ཁྱེད་ལྟང་ན་རྒྱུད་འདི་གཞན་གྱི་མཐའ་དང་ཡང་


DTG015_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་པར་ལྡན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་དགོངས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་བས་ན་འདི་ཉིད་དུ་ཕུན་སུམ་ཚོགས་པའི་གླེང་གཞིའི་ཚིག་གོ་བར་བྱའོ། །དེ་ཡང་ཚིག་གི་དོན་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང༌། གདུལ་བར་དཀའ་བ་འདུལ་བའི་དུས་ན་འཁོར་ལག་ན་རྡོ་རྗེ་ཞེས་བྱ་བའི་དཔའ་བོ་མཐའ་ཡས་པ་དང༌། ཁྲོ་གཉེར་ཅན་དང༌། སྒྲོལ་མ་ལ་སོགས་པ་ལུས་བཏུད་པ་རྣམས་དང་ལྡན་ཅིག་ཏུ་པདྨ་རྒྱས་པའི་གདན་ལ་བཞུགས་སོ། །དེ་བས་སྟོན་པ་དང༌། གནས་དང༌། དུས་དང༌། འཁོར་ཕུན་སུམ་ཚོགས་པ་དང་ལྷན་ཅིག་ཏུ་བཞུགས་པ་དེའི་ཚེ་ཆོས་ཕུན་སུམ་ཚོགས་པ་བརྗོད་པར་བྱ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །གལ་ཏེ་ཚིག་གི་དོན་དེ་ལྟར་སྟོན་དུ་ཟིན་ཀྱང་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གླེང་གཞི་ཚིག་སྒྲ་ཇི་བཞིན་དུ་སྟོན་པ་མེད་པའི་ཕྱིར་མི་འཐད་དོ་ཞེ་ན། དེ་ལྟར་རྟོགས་པར་མི་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་ཚིག་ལ་མི་དགྱེས་ཤིང་དོན་ལ་དགྱེས་པར་མཛད་པས་ན་བཅོམ་ལྡན་འདས་ཉིད་ཀྱིས་སོ་སོར་རྟོག་པ་བཞི་བཀའ་སྩལ་ཏེ། ཚིག་ལ་རྟོན་པར་མི་བྱ་ཞིང་དོན་ལ་རྟོན་པར་བྱ་བ་དང༌། གང་ཟག་ལ་རྟོན་པར་མི་བྱ་ཞིང་ཆོས་ལ་རྟོན་པར་བྱ་བ་དང༌། དྲང་བའི་དོན་ལ་རྟོན་པར་མི་བྱ་ཞིང་ངེས་པའི་དོན་ལ་རྟོན་པར་བྱ་བ་དང༌། རྣམ་པར་ཤེས་པ་ལ་རྟོན་པར་མི་བྱ་ཞིང་ཡེ་ཤེས་ལ་རྟོན་པར་བྱའོ་ཞེས་གསུངས་སོ། །དེ་བས་ན་དོན་གྱི་དབང་འདི་ལ་དགོངས་ནས་གཞན་དག་ནས་ཀྱང་སྒྲ་ཇི་བཞིན་པ་དང་སྦྱར་བ་མ་མཛད་དེ། ནམ་མཁའ་བེམས་བཅས་དང་བ་དང༌། །གོ་སྐབས་འབྱེད་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ། གསང་བ་མཆོག་གི་དགྱེས་པ་ན། །ཞེས་པ་ལ་སོགས་པ་དང༌། གཞན་ཡང༌། ཡེ་ཤེས་དབང་ཕྱུག་སྟོང་པ་ཅན། །གནས་གཙང་མ་ན་བཞུགས་ནས་སུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཀྱང་དོན་གྱི་དབང་འདི་ལ་དགོངས་ནས་གསུངས་པར་རིག་པར་བྱའོ། །ཇི་ལྟར་གཞོན་ནུ་མ་མཚོན་པ་ལ་ཆུང་དུ་དང༌། ལང་ཚོ་དང༌། སྐྲ་དང་ནུ་མ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་མཚོན་པའི་ཚིག་གོ །ཡང་འདི་སྐད་དུ་དེ་ལྟ་མོད་ཀྱི་དེ་ནས་ཞེས་བྱ་བའི་སྒྲས་བར་མ་


DTG015_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆད་པར་སྡུད་པར་བྱེད་པའི་ཚིག་སྟེ། སྔར་སྒྱུ་འཕྲུལ་དྲ་བར་ཞེས་བྱ་བའི་ཚིག་ལེའུར་བཤད་པ་དེ་མ་ཐག་པའི་དེ་ནས་གླུའི་ལེའུ་འདི་ཞུ་བ་བཤད་དོ་ཞེས་མཚམས་སྦྱར་བའི་ཕྱིར་དང༌། ཇི་སྐད་དུ་སྨོས་པའི་ལེའུ་ཁྲི་དྲུག་སྟོང་པར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གླེང་གཞིའི་ཚིག་གསུངས་པས་འདིར་ཡང་སྦྱར་བ་ནི་མི་འཐད་དོ་ཞེ་ན། དེ་ལྟ་མ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་གཅིག་ཏུ་མཚམས་སྦྱོར་བར་མ་ཟད་དེ། དེ་ཡང༌། ཡི་གེ་ཨོཾ་དང་དེ་ནས་སྒྲ། །དེ་དག་གཉིས་ནི་སྔོན་ཚངས་པའི། །མཁུར་བ་ཕུག་ནས་བྱུང་བས་ན། །དེ་དག་བཀྲ་ཤིས་སྒྲ་བརྗོད་དོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུད་འབྱུང་བའི་ཐོག་མར་ཤིས་པ་བརྗོད་པ་ཡིན་པས་ན་དེ་ནས་ཞེས་བྱ་བའི་སྒྲར་གསུངས་སོ། །ཡང་ན། དེ་ནས་ཀྱི་སྒྲ་ནི་ཨ་ཐ་སྟེ། །ཨ་ནི་ཨ་ནུཏྤ་ཏ་ཞེས་པ་སྟེ་ཤེས་རབ་པོ། །ཐ་ནི་པ་ཏ་ཡོ་ག་སྟེ་ཐབས་སོ། །དེ་ལྟ་བུའི་སྒྲའི་སྒོ་ནས་ཇི་ལྟ་བུ་ཡང་སྦྱར་དུ་བཏུབ་པས་སོ། །དེ་བས་ན་ཨ་ཐ་ཨེ་ཝཾ་སྟེ་ཐབས་ཤེས་རབ་པོ། །དེ་དག་གཉིས་སུ་མེད་པ་ནི་དཔལ་ལོ། །དེ་སྐད་དུ་ཡང༌། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་གསུངས་པའི་ཕྱིར་རོ། །ཚིག་གི་དོན་དུ་སྦྱར་ན་ཤྲཱི་ལ་ཨཱི་ཡོད་པས་ན་ཐབས་ཉེ་བར་སྦྱར་ནས་ཕྱིས་ཏེ། ཤ་ལར་ཨུ་ཏའི་རྐྱེན་བྱིན་པས་ཤྲུ་ཏའོ། དེ་ལྟ་ན་ཐོས་པའི་སྒྲ་ཏེ་། ཉམས་སུ་མྱོང་ཞེས་བྱ་བའི་ཐ་ཚིག་གོ །དེའི་བདག་ཉིད་ཅི་འདྲ་ཞེ་ན། རྡོ་རྗེ་འཆང་ཞེས་གསུངས་ཏེ། བདག་གི་ནི་དེ་ལྟ་བུའོ། །ད་མ་ཀཻ་ནི་ཨཻ་ཀཻ་སྒྲས་ཏེ། གདུལ་བར་དཀའ་བ་འདུལ་བའི་དུས་གཅིག་ན་ཞེས་པའི་དོན་ཏེ་དུས་ཀྱི་ཁྱད་པར་རོ། ཁ་ཅོམ་ལྡན་འདས་ནི། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་བྱ་བ་སྟེ། དེ་ཡང་འཇིག་རྟེན་གསུམ་ནི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའོ། །དེ་རྣམས་སུ་བདུད་བཞིའི་དཔུང་ཕམ་པར་བྱས་པའམ། དེ་གང་གིས་བཅོམ་པ་ནི་བཅོམ་ལྡན་འདས་ཏེ། ཟག་པ་མེད་པའི་ཤེས་རབ་པོ། །དེ་སྐད་དུ་ཡང༌། འདི་ཉིད་ལས། དཔའ་བོ་བདུད་དགྲ་བདུད་འདུལ་བ། །ཞེས་བྱ་བ་དང༌། ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་བྱ་བ་གསུངས་པའི་ཕྱིར་རོ། །དེ་ཉིད་ལ་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་དཔལ་ཕུན་སུམ་ཚོགས་པ་ནི་སྐལ་བ་དང་ལྡན་


DTG015_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་སྟེ་དབང་ཕྱུག་ལ་སོགས་པ་དྲུག་གི་ཡོན་ཏན་ཡོད་པའོ། །ཡང་འདི་ཉིད་ལས། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཞེས་གསུངས་པ་དང༌། གཞན་ཡང༌། མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་མཚན་ཉིད་དེ་དག་དང་ལྡན་པ་ལ་བཅོམ་ལྡན་འདས་ཞེས་པའམ། དཔའ་པོ་ཞེས་པའམ། དཔའ་མོ་ཞེས་པའམ། རྒྱལ་བ་ཞེས་བྱ་བ་ལ་སོགས་པའི་མཚན་གྱི་རྣམ་གྲངས་སུ་ཤེས་པར་བྱའོ། །དེ་གང་ན་བཞུགས་སྙམ་པ་ལ། རྡོ་རྗེ་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྡོ་རྗེའི་རིགས་ནི་རིགས་སོ། །གང་ཞེ་ན། །རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་དང༌། དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ནི་དེ་བཞིན་ཉིད་དུ་གཤེགས་པའི་ཕྱིར་དང༌། དེ་ཉིད་ལས་ཕྱེ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་ཀྱིས་དབང་བསྒྱུར་པའི་ཕྱིར་དབང་ཕྱུག་ཅེས་བྱའོ། །གསང་བའི་རྒྱལ་ཞེས་བྱ་བ་ནི་གསང་བ་ནི་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཞེས་བྱ་བའི་དོན་ཏོ། །རྒྱལ་བ་ནི་གཙོ་བོ་སྟེ་སྙིང་པོ་ཞས་བྱ་བའི་ཐ་ཚིག་གོ །དེ་དག་ཀྱང་གདུལ་བའི་སྣང་བ་ཙམ་ལ་བཙུན་མོ་ཉིད་དུ་བསྟན་པའི་ཕྱིར། པདྨ་དཀར་པོ་རྒྱས་འདྲའི་སྤྱན། །ཞེས་གསུངས་ཏེ། པདྨ་ནི་མོ་རྟགས་ཀྱི་སྒྲ་ཡིན་པའི་ཕྱིར་རོ། །རྒྱས་པ་ནི་ཁ་བྱེ་བ་སྟེ། འདི་ལྟ་བུ་དག་ནི་སྤྱན་ཞེས་བྱ་བ་སངས་རྒྱས་སྤྱན་ལ་སོགས་པའི་བྷ་ག་རྣམས་སོ། །པདྨ་རྒྱས་པའི་གདན་ལ་བཞུགས། །ཞེས་པ་ནི་པདྨ་ཡང་ཡིན་ལ་གདན་ཡང་ཡིན་པས་པདྨ་རྒྱས་པའི་གདན་ལ་སྟེ། དེ་ལྟར་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟར་དཀར་བ་དབྱེར་མི་ཕྱེད་པའི་ངོ་བོས་བཞུགས་ཏེ། བཞུགས་པ་ཞེས་བྱ་བ་ནི་གནས་ཞེས་པའི་དོན་ཏོ། །དེ་ཡང་བཅོམ་ལྡན་འདས་གདུལ་བྱ་རྣམས་ལ་སྤྱོད་ལམ་རྣམ་པ་བཞིས་བཞུགས་ཏེ། གཤེགས་དང་བཞུགས་དང་དེ་བཞིན་དུ་ནི་གཟིམས་པ་དང་ནི་འཆག་པའོ། །ཡང་ན་སྐུའི་སྤྱོད་ལམ་ནི་མ་རུངས་པ་འདུལ་བའི་ཕྱིར་ཁྲོ་བོའི་ཆ་ལུགས་ཀྱིས་བཞུགས་སོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ནི་ཞལ་དང་སྤྱན་གྱི་དབྱིངས་བསྟན་ནས། ཕྱེད་ཕྱི་མས་ཕྱག་མཚན་དང་ཕྲིན་ལས་བསྟན་པའི་ཕྱིར། རང་གི་ལག་གི་རྡོ་རྗེ་མཆོག །ཡང་དང་ཡང་དུ་


DTG015_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསོར་བྱེད་པ། །ཞེས་པ་སྟེ། རང་ནི་བཅོམ་ལྡན་འདས་སོ། །དེའི་ཕྱིར་ཕྱག་གི་རྡོ་རྗེ་ནི་རང་གི་རིགས་མཚོན་པའི་ཕྱག་རྒྱའོ། །མཆོག་ཅེས་བྱ་བ་ནི་ཕྱག་རྒྱ་དེའི་ཁྱད་པར་རོ། །དེས་ཅི་བྱེད་ཅེ་ན། གསོར་བར་བྱེད་པ་ཞེས་པ་སེ་མ་རུངས་པ་ཚར་བཅད་པའི་ཕྱིར་ནམ་མཁའི་ཁམས་སུ་ལན་དུ་མར་འཕེན་ཞིང་ཕྱག་དེ་ཉིད་ཀྱིས་འཛིན་ཞེས་བྱ་བའི་ཐ་ཚིག་གོ །གསུང་གི་སྤྱོད་ལམ་ནི་འཁོར་རྣམས་ལ་རྡོ་རྗེ་ཐེག་པའི་ཆོས་སྟོན་པའོ། །ཐུགས་ཀྱི་སྤྱོད་ལམ་ནི་གཉིས་སུ་མེད་པའི་ཚུལ་གྱིས་མཉམ་པར་གཞག་པའོ། །དེ་དག་གི་ནི་ཆོས་དང༌། འཁོར་དང༌། དུས་དང༌། སྟོན་པ་དང། གནས་ཕུན་སུམ་ཚོགས་པ་བསྟན་པ་སྟེ། ཐོག་མར་དགེ་བ་གླེང་གཞིའི་དོན་བཤད་ཟིན་ཏོ། །ད་ནི་འདུས་པ་ཕལ་པོ་ཆེ་དེ་དག་གི་མིང་དང༌། གྲངས་དང༌། མཚན་ཉིད་དང༌། བྱེད་པ་བསྟན་པའི་ཕྱིར། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་མིང་ཉེ་བར་བསྟན་པའི་ཕྱིར། འདི་ལྟར་ཁྲོ་གཉེར་ཅན་ཞེས་བྱ་བའི་མཁའ་འགྲོ་མ་དང༌། སྒྲོལ་མའི་མིང་ཅན་ལ་སོགས་པའི་མཁའ་འགྲོ་མ་མཐའ་ཡས་པ་དང༌། གཞན་ཡང་ལག་ན་རྡོ་རྗེ་ཞེས་བྱ་བའི་མིང་ཅན་གྱི་དཔའ་བོ་གྲངས་མཐའ་ཡས་པ་ལུས་བཏུད་རྣམས་དང་ལྷན་ཅིག་ཏུ་འདི་སྐད་ཅེས་གསོལ་ཞེས་པ་ནི་བསྡུས་པའི་དོན་ཏོ། །དེ་ལ་འཇིགས་སུ་རུང་བ་ལ་སོགས་པ་ནི་ཁྲོ་བོའི་མཚན་ཉིད་དོ། །སྙིང་རྗེ་ཆེ་ལ་སོགས་པ་ནི་བསམ་པའི་ཁྱད་པར་རོ། །སངས་རྒྱས་ཕྲིན་ལས་བྱེད་པ་ནི་ལས་ཀྱི་ཁྱད་པར་རོ། །ལུས་བཏུད་ཅེས་པ་ནི་ཐལ་མོ་སྦྱར་ནས་ཙོག་པུར་འདུག་པའོ། །རྣམས་ཞེས་པ་ནི་དཔའ་བོ་དང་དཔའ་མོ་གྲངས་མཐའ་ཡས་པ་རྣམས་སོ། །དང་ཞེས་པ་ནི་མཚུངས་པ་བསྡུ་པས་ཏེ། ཀུན་ཀྱང་གནས་དེར་འདུས་པས་ན་ལྷན་ཅིག་ཏུ་ཞེས་པའོ། །དེ་དག་གིས་ནི་གླེང་གཞི་བཤད་ཟིན་ཏོ། །ད་ནི་རྒྱུད་ཀྱི་དོན་རྣམ་པ་གསུམ་དུ་བསྡུས་ནས་གནས་པ་ལས་རྒྱུའི་རྒྱུད་ཀྱི་གླེང་གཞི་བཤད་པར་བྱ་སྟེ། དེ་ཡང་རྒྱུར་རྗེས་སུ་འགྲོ་ཞིང་འབྲས་བུ་སྐྱེད་པས་ན་རྒྱུད་དེ་ས་བོན་ཞེས་བྱ་བའི་དོན་ཏོ། །ས་བོན་ནི་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་འོད་གསལ་བའོ། །དེ་ཉམས་སུ་བླང་བར་བྱ་བའི་ཕྱིར་ཐབས་ཐུན་མོང་མ་ཡིན་པ་ནི་ཨ་ཐ་ཞེས་


DTG015_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་ཏེ། ཨ་ནི་སྲུབ་པ་དང་བསྲུབ་པར་བྱ་བ་སྟེ། ཤེས་རབ་པོ། ཐ་ནི་སྲུབ་པར་བྱེད་པ་སྟེ། ཐབས་སོ། །དེ་ལྟར་བསྲུབ་པ་དང་བསྲུབས་པ་ལས་བྱུང་བ་ནི་དཔལ་ལྡན་ཞེས་གསུངས་ཏེ། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང༌། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་གསུངས་སོ། །གཉིས་སུ་མེད་པ་དེ་ཉིད་ཇི་ལྟ་བུ་ཞེ་ན། རྡོ་རྗེ་འཆང་ཞེས་གསུངས་ཏེ། གཉིས་སུ་མེད་པའི་མཚན་ཉིད་ནི་རྡོ་རྗེ་ལྟར་གང་གིས་ཀྱང་མི་ཕྱེད་པའི་མཚན་ཉིད་དང་ལྡན་པས་ན་དེ་འཆང་བའོ། །དེ་སྐད་དུ་ཡང༌། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་དེས་ཅི་བྱ་ཞེ་ན། གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །ཅེས་གསུངས་ཏེ། འདི་ལྟར་འདུལ་བར་དཀའ་བ་ནི་ཐོག་མ་མེད་པའི་དུས་ནས་རྟོག་པའི་གཟུང་བ་དང་འཛིན་པའི་ཚོགས་ཏེ། དེ་འདུལ་བར་བྱེད་པ་ནི་གདུལ་དཀའ་འདུལ་བའོ། །གང་གིས་ཤེ་ན། མོས་པའི་དབང་དུ་མཛད་པའི་ཐེག་པ་གསུམ་གྱིས་ཀྱང་དེ་འདུལ་བའི་ཐབས་ཡིན་གྱི་དེ་རྣམས་ལས་མཆོག་ཏུ་གྱུར་པ་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཐབས་གང་གིས་སྐྱེད་པར་བྱེད་པ་ནི་མཆོག་གོ །དེ་ཡང་ཐུན་མོང་མ་ཡིན་པའི་ཐབས་དེས་གདུལ་བར་དཀའ་བ་རྩོད་པའི་དུས་ཀྱི་སེམས་ཅན་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཆེ་བས་ཀྱང་མྱུར་དུ་བྱང་ཆུབ་ཐོབ་པོ་ཞེས་དགོངས་པས་སོ། །གཞན་ཡང་ཡོན་ཏན་གྱི་ཁྱད་པར་ཅི་ལྟ་བུ་དང་ལྡན་སྙམ་པ་ལ། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་གསུངས་ཏེ། འཇིག་རྟེན་གསུམ་ནི་ལུས་ངག་ཡིད་དོ། །དེ་རྣམས་ཀྱི་ཐ་མལ་པའི་རྣམ་རྟོག་བཅོམ་སྟེ་སྐུ་གསུང་ཐུགས་རྡོ་རྗེ་འཛིན་པའི་ངོ་བོ་ཉིད་དུ་ལྡན་པར་བྱ་བས་ན་རྒྱལ་བའོ། །ཐ་མལ་པའི་རྣམ་པར་རྟོག་པ་འཛོམ་པའི་དུས་ན་རིམ་གྱིས་རྒྱལ་བར་བྱེད་པ་ལྟ་བུ་ནི་མ་ཡིན་ཏེ། སྐད་ཅིག་ལ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་དཔའ་བོ་ཞེས་བྱའོ། །ལུས་ངག་ཡིད་གསུམ་གྱི་རིགས་ཀྱི་དབྱེ་བ་སྤྲོ་བ་དང་བསྡུས་ཏེ་བསྟན་པའི་ཕྱིར། རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །ཞེས་གསུངས་ཏེ། རྡོ་རྗེ་ནི་རིགས་ཀྱི་སྒྲའོ། །དེ་བས་ན་ལུས་ངག་ཡིད་གསུམ་ལས་རྒྱས་


DTG015_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་སྤྲོ་བ་རིགས་ལྔ་སྟེ་ཕུང་པོ་ལྔའོ། །དེ་དག་ཀྱང་ཉེ་བར་བསྡུ་ན་གཅིག་ཁོ་ན་སྟེ་བྱང་ཆུབ་ཀྱི་སེམས་སོ། །དེས་དེ་རྣམས་ལ་ཁྱབ་ཅིང་དབང་སྒྱུར་པས་ན་དབང་ཕྱུག་གོ །དེ་ལྟར་ཤིན་ཏུ་སྤྲོས་པ་ནི་རིགས་བརྒྱའི་དབྱེ་བ་ལའང་རབ་ཏུ་འཇུག་གོ །དེ་ལྟར་རིགས་ཀྱི་དབྱེ་བ་གྲངས་དཔག་ཏུ་མེད་པ་དག་ཏུ་རབ་ཏུ་ཕྱེ་བ་ཡང་གསུམ་དུ་བསྡུས་པ་ཉིད་ཀྱི་ཕྱིར་གསང་བའི་རྒྱལ་པོ་སྟེ། སྐུ་གསུང་ཐུགས་ཞེས་བྱ་བའི་དོན་ཏོ། །རྒྱལ་པོ་ནི་གཙོ་བོ་སྟེ། གཞན་དུ་ན་སྙིང་པོ་ཞེས་བྱ་བའི་ཐ་ཚིག་གོ །སྙིང་པོ་དེ་ཉིད་ཤེས་རབ་ཀྱི་ངོ་བོ་དེ་བཞིན་གཤེགས་པ་རྣམས་སྐྱེད་ཅིང་རྟེན་དུ་བསྟན་པར་བྱ་བའི་ཕྱིར། པདྨ་དཀར་པོ་རྒྱས་འདྲའི་སྤྱན། །ཞེས་གསུངས་ཏེ། པདྨ་ནི་མོ་རྟགས་ཀྱི་བསྟན་པའོ། །སྤྱན་ནི་སངས་རྒྱས་སྤྱན་ལ་སོགས་པ་སྟེ། ས་ལ་སོགས་པ་ནི་ཁམས་བཞིའི་རང་བཞིན་ནོ། །འདྲ་ཞེས་བྱ་བ་བརྟེན་པ་དང་སྐྱེད་པར་བྱེད་པའི་ཕྱིར་མ་དང་འདྲ་ཞེས་ཉེ་བར་སྦྱར་བའི་དོན་ཏོ། །རྒྱས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་བཞུགས་པའི་གནས་ཏེ། བདེ་བ་རྒྱས་པའི་ཕྱིར་ཁ་བྱེ་བར་གནས་སོ། །དེའི་ཕྱིར་གསུངས་པ། པདྨ་རྒྱས་པའི་གདན་ལ་བཞུགས། །ཞེས་གསུངས་ཏེ། པདྨ་རྒྱས་པ་ཡང་ཡིན་ལ་གདན་ཡང་ཡིན་པས་པདྨ་རྒྱས་པའི་གདན་ནོ། །ན་ནའི་དོན་ནི་ཨཱ་ས་ན་སྟེ་འདིར་བཞུགས་པར་འདོད་དོ། །བཞུགས་ཞེས་པའི་དོན་ནི་ཤུགས་ཀྱིས་སྟོན་པའི་སྒྲ་སྟེ། ཇི་ལྟར་རྒྱལ་པོའི་ཕོ་བྲང་ཞེས་སྨོས་ན་རྒྱལ་པོ་བཞུགས་པར་རིག་པར་བྱ་སྟེ། གཞུང་ཁ་ཅིག་ལས་བི་ཛ་ཧཱ་ར་ཞེས་ཀྱང་འཆད་དོ། །འདིར་ཟབ་མོའི་ཚུལ་ལྟར་ན་ཐབས་ཀྱིས་བསྐུལ་བའི་ཤེས་རབ་ཀྱི་པདྨ་རབ་ཏུ་རྒྱས་པ་ལ་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟར་དཀར་བ་རྒྱུའི་རྒྱུད་ཀྱི་ངོ་བོས་བཞུགས་སོ། །དེ་དག་གི་རིགས་བསྟན་པར་བྱ་བའི་ཕྱིར་ན་རང་ནི་རང་གི་པའོ། །ལག་གི་ནི་བསྐུལ་བའི་ཕྱིར་ཏེ་མ་ལྟ་བུའོ། །རྡོ་རྗེ་ནི་དེ་དག་ལས་བྱུང་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཁམས་གསུམ་པོ་སྐྱེད་པར་བྱེད་པའི་ཕྱིར། ཡང་ནས་ཡང་དུ་གསོར་བྱེད་པ། །ཞེས་གསུངས་ཏེ། ཡང་ནས་ཡང་དུ་ཞེས་པའི་དོན་ནི་སྲིད་པའི་རྒྱ་མཚོར་ཞེས་པའི་དོན་ཏོ། །གསོར་ཞེས་པ་ནི་འཕེན་པར་བྱེད་པས་ཏེ། བྱ་བ་ལ་ལྟོས་ནས་བྱེད་པ་ཞེས་གསུངས་སོ། །དེའི་དོན་ནི་རྒྱུད་ཁྱད་པར་ཅན་སྨིན་པར་མ་བྱས་པ་


DTG015_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་དང་ཉོན་མོངས་པའི་ས་བོན་དུ་གྱུར་ཏེ། ལས་དང་འབྲས་བུ་ལ་ཉེ་བར་སྤྱོད་པར་བྱེད་ཅེས་དགོངས་སོ། །དེ་སྐད་དུ་ཡང༌། ཕ་དང་མ་ཡི་བདེ་ཤུགས་ལས། སྐད་ཅིག་དེ་ལས་ཁམས་གསུམ་སྐྱེད། །ཅེས་གསུངས་སོ། །དེ་དག་གི་རྒྱུད་ལ་གནས་པའི་འགྲོ་བདག་ཉེ་བར་བསྟན་པའི་ཕྱིར། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ཞེས་གསུངས་ཏེ། ཉེ་བར་མཚོན་པའི་ཁོང་ཁྲོ་བ་ལ་སོགས་པའི་ཉོན་མོངས་པ་རྣམས་དང་ཉེ་བར་ལྡན་ཞེས་པའི་དོན་ཏོ། །ལག་ན་རྡོ་རྗེ་མཐའ་ཡས་པ། །ཞེས་པ་ནས་གསོར་བྱེད་པ་ཞེས་པའི་བར་གྱི་རྒྱུད་དེ་ལ་གནས་པའི་རིགས་གདུལ་དཀའ་བའི་རིགས་བྱོལ་སོང་དང་ཡི་དགས་དང་དམྱལ་བ་ལ་སོགས་པ་འགྲོ་བ་དྲུག་སྤྲོ་བར་བྱེད་པའི་དོན་ཏེ་ཚིག་གི་དོན་ནི་གོ་བར་ཟད་དོ། །དེ་དག་གིས་ནི་རྒྱུའི་རྒྱུད་ཀྱི་གླེང་གཞིའི་དོན་མདོར་བསྡུས་ཏེ་བསྟན་པའོ། །ད་ནི་ཐབས་ཀྱི་རྒྱུད་ཀྱི་གླེང་གཞི་བསྟན་པར་བྱ་སྟེ། དེ་ཡང་ཉེ་བར་འགྲོ་བས་ན་ཐབས་ཞེས་བྱ་སྟེ། རྒྱུ་དེ་ཁྱད་པར་ཅན་དུ་འགྲོ་བའི་ཕྱིར་ཏེ། རྒྱུན་རྒྱས་པར་བྱེད་པའི་ཕྱིར་རོ། །དེ་ཡང་གང་ཞེ་ན། ཨ་ཐ་ཞེས་གསུངས་ཏེ། ཨ་ནི་ལྟེ་བར་གནས་པའི་ཨ་སྟེ་ཤེས་རབ་ཀྱི་ངོ་བོ་ཨེའོ། །ཐ་ནི་སྤྱི་བོ་ན་གནས་པའི་བཾ་ངོ། །ཨ་ཡོངས་སུ་འབར་བ་ལས་རྒྱུའི་རྒྱུན་ལ་གནས་པའི་བག་ཆགས་བསྲེགས་ཏེ། ཐབས་ཀྱི་ངོ་བོ་བཾ་ཡོངས་སུ་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱིས་སླར་གསོ་བར་མཛད་པ་ནི་དཔལ་ལྡན་ནོ། །དེའི་བདག་ཉིད་དབྱེར་མི་ཕྱེད་པས་རྡོ་རྗེའོ། །གདུལ་བྱ་ཡོངས་སུ་གདུལ་བར་བྱ་བའི་ཕྱིར་གསུངས་པ། གདུལ་དཀའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་རྒྱུ་བ་སྤྲེའུ་དང་འདྲ་བ་རྣམ་པར་ཤེས་པའི་ཚོགས་སོ། །དེ་གདུལ་བར་བྱེད་པ་བདེ་བ་ཆེན་པོ་སྟེ་ནང་དུ་དམིགས་པའི་ཡེ་ཤེས་སོ། །དེ་བས་ན་མཆོག་གོ །སྒོ་གསུམ་གྱི་དྲི་མ་ཡོངས་སུ་དག་པར་བྱ་བའི་ཕྱིར་གསུངས་པ། དཔའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གསུམ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་གསུམ་པ་ལ་སྤྱོད་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དེ་གསུམ་གྱི་མཚན་ཉིད་དང་བྲལ་བ་སྟེ་རྒྱལ་བའོ། །ལྷན་ཅིག་སྐྱེས་པའི་མཚན་ཉིད་


DTG015_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་མི་ཕྱེད་པའོ། །ལུས་དང་ངག་དང་ཡིད་གསུམ་ལ་དབང་སྒྱུར་པས་ན་དབང་ཕྱུག་སྟེ། ཐུན་མོང་མ་ཡིན་པའི་ཡེ་ཤེས་ཀྱི་ཕྱིར་གསང་བའི་རྒྱལ་པོའོ། །ད་ནི་དེ་དག་གི་དོན་གསལ་བར་བྱ་བའི་ཕྱིར། པདྨ་དཀར་པོ་རྒྱས་འདྲའི་སྤྱན། །ཞེས་པ་ལ་སོགས་པ་གསུངས་ཏེ། པདྨ་རྒྱས་འདྲ་བ་ནི་པདྨ་དང་འདྲ་བ་སྟེ། རྩའི་དབྱིབས་པདྨ་རྒྱས་པ་དང་འདྲ་བ་གང་ལ་ཡོད་པ་དེ་ལ་འང་དེ་སྐད་ཅེས་བྱའོ། །དེ་ཡང་བླ་མ་དམ་པའི་མན་ངག་གིས་རྩའི་དབྱིབས་དང་གྲངས་བརྗོད་པར་བྱ་སྟེ། གསང་གནས་ཡེ་ཤེས་ཀྱི་འཁོར་ལོ་ན་པདྨ་རྒྱས་པ་འདྲ་བའི་འདབ་མ་སུམ་ཅུ་སོ་གཉིས་སོ། །དེ་བཞིན་དུ་ལྟེ་བ་སྤྲུལ་པའི་འཁོར་ལོ་ན་དྲུག་ཅུ་རྩ་བཞིའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་ན་བརྒྱད་དོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་འདབ་མ་བཅུ་དྲུག་གོ །སྤྱི་བོ་བདེ་པ་ཆེན་པོའི་འཁོར་ལོ་ན་འདབ་མ་སུམ་ཅུ་རྩ་གཉིས་སོ། །གཙུག་ཏོར་གྱི་འཁོར་ལོ་ན་འདབ་མ་བརྒྱད་དོ། །དེ་དག་གི་རྣམ་པར་གཞག་པས་ཀྱང་ཅི་བྱ་སྙམ་པ་ལ། གདན་ལ་བཞུགས་ཞེས་བྱ་བ་གསུངས་ཏེ། པདྨ་ནི་མོ་རྟགས་ཏེ་བྷ་གའོ། །དེ་རྣམས་ལ་བཅོམ་ལྡན་འདས་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་སུ་བཞུགས་ཞེས་པའོ། །དེ་ལ་གང་ཟག་ཐ་མས་ནི་ལྷའི་སྐུར་བསྒོམ་མོ། །འབྲིང་པོས་ནི་ཡི་གེ་དགོད་པར་བསྒོམ་པའོ། །རབ་ཀྱིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཀོད་པར་བཞུགས་སོ། །དེ་ནས་ཉམས་སུ་བླངས་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། རང་གི་ལག་གི་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་གསུངས་ཏེ། བྱེད་པ་ནི་གཡོ་བ་འམ་རྩོལ་བར་བྱེད་པ་སྟེ། རླུང་གི་དཀྱིལ་འཁོར་རོ། །གསོར་བྱེད་པ་ནི་སྤྲོ་བར་བྱེད་པ་སྟེ་ཙཎྜ་ལཱིའོ། །དེས་མེ་རིའི་མཚམས་ཀྱི་བར་དུ་སྦར་ཏེ་ལྟེ་བ་སྦྲུལ་བའི་འཁོར་ལོར་བཏོན་ནས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྟོག་པ་རྣམས་བསྲེགས་ཏེ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལས་བྱུང་ནས་མཛོད་སྦུ་ནས་ཕྱོགས་བཅུར་སྤྲོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་སོན་པའི་དམ་ཚིག་གི་འཁོར་ལོར་གྱུར་པ་དཀྲུགས་ནས་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པ་རྡོ་རྗེ་མཆོག་ཏུ་གྱུར་པ་


DTG015_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་གི་ལག་གི་རྡོ་རྗེའི་འོད་ཀྱིས་བླངས་ཏེ། མཛོད་སྦུར་ཞུགས་ནས་གཙུག་ཏོར་གྱི་འཁོར་ལོར་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་ཏེ། འཁོར་ལོ་རྣམས་རིམ་གྱིས་གང་བར་བྱའོ། །དེའི་ཕྱིར་གསུངས་པ། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ཞེས་གསུངས་ཏེ། ཁྲོ་གཉེར་རིམ་པར་ནི་རིམ་གྱིས་འགེངས་པའི་དོན་ཏོ། གང་གི་ཚེ་བདེ་བ་ཆེན་པོའི་འཁོར་ལོ་གང་བར་གྱུར་པ་དེའི་ཚེ་རྟགས་ནམ་མཁའ་ལ་ཟླ་བ་ཤར་བ་ལྟ་བུ་དང༌། དེ་ནས་རིམ་གྱིས་ལོངས་སྤྱོད་ཀྱི་འཁོར་ལོ་ཁེངས་པར་གྱུར་པ་དེའི་ཚེ་རྟགས་ཉི་མ་ཤར་བ་ལྟ་བུ་དང༌། དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་ཁེངས་པར་གྱུར་པ་དེའི་ཚེ་སྔར་གྱི་བསྲེགས་པ་རྣམས་གསོས་ཏེ། རྟགས་རྣམས་སྨིག་རྒྱུ་ལྟ་བུ་དང༌། དེ་དག་རིམ་གྱིས་སྤྲུལ་པའི་འཁོར་ལོར་སོན་པ་དང༌། དེའི་ཚེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལུས་ཉིད་དུ་འགྱུར་ཏེ། མུན་པ་མུན་ནག་ལྟ་བུའི་རྟགས་འབྱུང་ངོ༌། །དེ་ནས་སླར་ཡང་གསང་གནས་ཡེ་ཤེས་ཀྱི་འཁོར་ལོ་ནས་བདེ་བ་བསྐྱོད་དེ། རིམ་གྱིས་སྟེང་གི་སྒོར་བསྐྱོད་དེ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སྲན་མ་ཙ་ན་ཀའི་ཚད་ཙམ་དུ་བཞུགས་པར་སྣང་བ་ཐབས་ཀྱི་རང་བཞིན་གཡོ་ཞིང་སྤྲོས་ཏེ་སླར་བསྡུ་བའི་དུས་སུ་ཇི་སྐད་དུ་སྔར་སྨོས་པ་བཞིན་དུ་ཐིག་ལེའི་ངོ་བོར་རྣམ་པར་རྟོག་པ་རིམ་གྱིས་འོག་གི་སྒོར་སྐྱེ་བར་འགྱུར་ཏེ། གང་གི་ཚེ་ལྟེ་བ་སྤྲུལ་པའི་འཁོར་ལོར་སོན་པ་དེའི་ཚེ་དངོས་པོ་དང་མཚན་མ་ལས་འདས་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གང་གི་ཚེ་སྤྲོ་བ་དང་བསྡུ་བ་དེའི་ཚེ་ཡོན་ཏན་འདི་དག་དང་ལྡན་ཏེ། ཕྱི་རོལ་གྱི་སྡུག་བསྔལ་ཐམས་ཅད་གཅོད་པ་དང༌། སྡིག་པའི་དངོས་པོ་མ་ལུས་པ་ཐམས་ཅད་སྲེག་པ་དང༌། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་ལྟ་བུ་འཕྲོ་བ་དང༌། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་གསུང་ལ་དབང་བྱེད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་པ་དང༌། ཡེ་ཤེས་ཀྱི་སྐུས་འགྲོ་བའི་དོན་མཛད་པ་དང་ལྡན་པའོ། །སོགས་ཞེས་བྱ་བའི་སྒྲས་ནི་ཡེ་ཤེས་རྣམ་པ་ལྔ་རིམ་པ་ཇི་ལྟ་བ་བཞིན་དུ་སྐྱེ་བའི་དོན་གཟུང་ངོ༌། །ལག་ན་རྡོ་རྗེའི་དོན་ནི་བཤད་ཟིན་ཏོ། །མཐའ་ཡས་པ་ཞེས་པ་ནི་དགའ་བ་སྟེ། ཇི་ལྟར་འཁོར་ལོ་བཞིར་དགའ་བ་བཞི་


DTG015_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱེ་བའི་རིམ་པའོ། །དེ་དག་གིས་ཅི་བྱེད་སྙམ་པ་ལ། གདུལ་དཀའ་འདུལ་བ་པོ་ཞེས་གསུངས་ཏེ། རྣམ་པར་རྟོག་པ་དང་བཅས་པའི་ཐ་མལ་པའི་ཤེས་པ་ནི་གདུལ་བར་དཀའ་བའོ། །དེ་ལྷན་ཅིག་སྐྱེས་པའི་ངང་དུ་ནུབ་པ་ནི་འདུལ་བའོ། །ཐབས་ཇི་ལྟ་བུ་སྙམ་པ་ལ། འཇིགས་སུ་རུང་དད་དཔའ་བྱད་ཅན། །ཞེས་གསུངས་ཏེ། ཆགས་བཅས་ཀྱི་ལམ་འདི་ལ་གཞན་སྐྲག་པའི་ཕྱིར་འཇིགས་སུ་རུང་བ་དང༌། ཇི་སྐད་སྔར་སྨོས་པའི་ཙཎྜ་ལཱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱང་སྲེག་པའི་ཕྱིར་འཇིགས་སུ་རུང་བའོ། །དཔའ་བའི་ཆ་བྱད་ཅན་ནི་མེ་ལྕེའི་བདག་ཉིད་ཅན་ནོ། །དེའི་མཚན་ཉིད་ཇི་ལྟ་བུ་ཡིན་སྙམ་པ་ལ། རྡོ་རྗེ་ཞེས་གསུངས་ཏེ། གཞན་གྱིས་མི་ཕྱེད་པའི་རྡོ་རྗེའི་རྩེ་མོའོ། །འཕྲོ་བ་ཞེས་པའི་དོན་ནི་བཤད་ཟིན་ཏོ། །སྤྲོ་བ་དང་བསྡུ་བའི་དོན་དག་ཐབས་དང་ཤེས་རབ་ཀྱི་ངོ་བོ་བསྟན་པའི་ཕྱིར། སྙིང་རྗེ་ཆེ་དང་ཤེས་རབ་དང༌། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །ཅེས་གསུངས་པ་སྟེ། སྙིང་རྗེ་ནི་སྤྲོ་བའི་དུས་སུ་ཐབས་ཀྱི་སྐུ་སྟེ་སྐྱེ་བའོ། །ཤེས་རབ་ནི་བསྡུ་བའི་དུས་སུ་སྟོང་པ་ཉིད་ཀྱི་ངོ་བོ་སྟེ་འཇིག་པའོ། །དེ་ལྟ་བུའི་ཚུལ་གྱིས་འགྲོ་བའི་དོན་བྱེད་པ་སྟེ། འགྲོ་བ་ཞེས་པ་ནི་ལམ་སོ་སོ་ནས་འགྲོ་བས་འགྲོ་བ་སྟེ། དབང་པོའི་ལམ་ནས་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ །དོན་བྱེད་པ་ནི་དམ་པའི་མན་ངག་གིས་ཉེ་བར་བརྒྱན་ནས་དབང་པོ་དང་དོན་སྦྱར་ཞིང་གཉིས་སུ་མེད་པའི་ཉམས་སུ་མྱོང་བར་འབྱུང་བའོ། །དེ་བས་ན་དེ་མཆོག་གོ །སྔར་སྨོས་པའི་དགའ་བ་རྣམས་གསལ་བར་བསྟན་པའི་ཕྱིར། དགའ་མགུ་རངས་པའི་བསམ་པ་ཅན། །ཞེས་བྱ་བ་གསུངས་ཏེ། དགའ་བ་ནི་དགའ་བའོ། །མགུ་བ་ནི་མཆོག་ཏུ་དགའ་བའོ། །རངས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །བསམ་པ་ཅན་ནི་དགའ་བྲལ་ལོ། །ཉོན་མོངས་པ་ཇི་ལྟར་འདུལ་བའི་ཐབས་སུ་བསྟན་པའི་ཕྱིར། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ཞེས་གསུངས་ཏེ། ཞེ་སྡང་ལ་སོགས་པའི་ཉོན་མོངས་པར་རབ་ཏུ་གྲགས་པ་ཡང་ལྷན་ཅིག་སྐྱེས་པའི་གཟུགས་ཀྱིས་འཇོམས་པར་བྱེད་ཅེས་པའི་དོན་ཏོ། །སངས་རྒྱས་ཕྲིན་ལས་དེ་ལྟ་བུས་འགྲོ་བ་འདྲེན་པ་ནི་མགོན་ནོ། །ད་ནི་སེམས་


DTG015_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་སེམས་ལས་བྱུང་བ་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་བསྟན་པར་བྱ་བའི་ཕྱིར། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །ཞེས་གསུངས་ཏེ། བཏུད་ཅེས་པའི་སྒྲས་ནི་གཞོལ་བ་དང༌། འབབ་པ་དང༌། བབ་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གིས་ནི་ཐོག་མར་དགེ་བའི་གླེང་གཞིའི་ཚིག་བླ་མའི་མན་ངག་བསྟན་པའོ། །ད་ནི་སྟོན་པ་ལ་གུས་པའི་ཚུལ་གྱིས་གླེང་བསླང་བའི་ཕྱིར། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་བཞིན་ཉིད་ཇི་ལྟ་བ་བཞིན་མཁྱེན་ཅིང་ཁོང་དུ་ཆུད་ནས་ཇི་ལྟ་བ་བཞིན་གསུངས་པ་ནི་དེ་བཞིན་གཤེགས་པའོ། །བདུད་བཞི་བཅོམ་པའི་མཚན་ཉིད་གོང་ལ་ཡོད་པ་དེ་ནི་བཅོམ་ལྡན་འདས་ཏེ། ཚིག་གི་དོན་ནི། དཔལ་དང་གྲགས་དང་ལ་སོགས་པ་གཞན་དང་སྦྱར་རོ། །གཞན་ཡང་མཚན་གྱི་ཁྱད་པར་གསུངས་པ། རྫོགས་སངས་རྒྱས་ཞེས་པ་སྟེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གོང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལ་ཞེས་པ་ནི་བདུན་པའི་དོན་ཏོ། །དེ་ལྟར་སྟོན་པའི་མཚན་ཉིད་ཁྱད་པར་དང་ལྡན་པ་ལ་ཡང་དང་ཡང་དུ་ཐལ་མོ་སྦྱར་ནས་ཕྱག་འཚལ་བ་ནི་ལུས་དང་ངག་དང་ཡིད་གུས་པའི་ཚུལ་གྱིས་ཡིན་པར་རིག་པར་བྱའོ། །སྤྱན་སྔར་འདུག་སྟེ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཟིགས་པའི་ཡུལ་ན་འདུག་པ་སྟེ། ལྐོག་ཏུ་གྱུར་པ་མ་ཡིན་པར་ཞེས་པའི་ཐ་ཚིག་གོ །དེ་ལྟར་གུས་པ་དང་སྤྱན་སྔར་འདུག་པ་ཅིའི་ཕྱིར་ཞེ་ན། འདི་སྐད་དུ་གསོལ་བ་འདེབས་པའི་ཕྱིར་རོ། །ཇི་སྐད་དུ་སྙམ་པ་ལ། ཁྱབ་བདག་ཅེས་པ་ལ་སོགས་པ་གསུངས་ཏེ། དེས་གསོལ་བ་བཏབ་པའོ། །དེ་ནས་གང་གི་ཆེད་དུ་གླེང་བསླང་བ་བསྟན་པའི་ཕྱིར། བདག་ལ་སྨན་པ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ནི་རང་ཉིད་དོ། །སྨན་པ་ནི་བདེ་བའི་རྒྱུར་འགྱུར་པའི་ཕྱིར་རོ། །དེ་རང་ཉིད་ཀྱིས་ཐོབ་པ་ནི་བདག་གི་དོན་ཏོ། །དེའི་ཕྱིར་བདག་ལ་ཐུགས་བརྩེ་བར་དགོངས་ཏེ། སྒྱུ་འཕྲུལ་དྲ་བ་ཞེས་བྱ་བའི་ཐབས་ཀྱི་སྒོ་ནས་ཕན་པའི་དོན་མངོན་པར་རྫོགས་པར་བྱང་ཆུབ་པ་བདག་གིས་ཐོབ་པར་མཛོད་ཅིག་ཅེས་པའོ། །དེ་ལྟར་བདག་གི་དོན་དུ་གསོལ་བ་བཏབ་ནས། ད་ནི་གཞན་གྱི་དོན་དུ་གསོལ་བ་གདབ་པའི་ཕྱིར། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང༌། །ཞེས་བྱ་བ་ལ་སོགས་པ་


DTG015_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་ཏེ། ཉོན་མོངས་པ་ནི་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། ཐེ་ཚོམ་ཞེས་བྱ་བ་རྩ་བའི་ཉོན་མོངས་པ་དང༌། ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། འཆབ་པ་དང༌། འཚིག་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། སྒྱུ་དང༌། གཡོ་དང། རྒྱགས་པ་དང༌། རྣམ་པར་འཚེ་བ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། རྨུགས་པ་དང༌། རྒོད་པ་དང༌། མ་དད་པ་དང༌། ལེ་ལོ་དང༌། བག་མེད་པ་དང༌། བརྗེད་ངས་པ་དང༌། རྣམ་པར་གཡེང་བ་དང༌། ཤེས་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ཉེ་བའི་ཉོན་མོངས་པ་ཉི་ཤུའོ། །སེམས་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བའོ། །དཀྲུགས་པ་ནི་གློ་བུར་གྱི་དྲི་མས་བསླད་པ་སྟེ། སྔ་མ་དེས་སོ། །ཇི་ལྟར་རླབས་ཀྱིས་བསྐྱོད་པའི་མཚོ་ལྟ་བུའོ། །དེ་བསལ་བར་བྱེད་པའི་ཐབས་དང་བྲལ་བ་བསྟན་པའི་ཕྱིར། མི་ཤེས་འདམ་དུ་བྱིང་བ་ཡི། །ཞེས་བྱ་བ་གསུངས་ཏེ། མ་རིག་པས་ཀུན་ནས་བསྒྲིབས་པས་གློ་བུར་གྱི་དྲི་མ་བསལ་བའི་ཐབས་མི་ཤེས་པའོ། །དཔེར་ན་འདམ་གྱི་ཚོགས་ཆེན་པོའི་ནང་དུ་ནུབ་པར་གྱུར་ན་ཐབས་མི་མཁས་པ་རྣམས་ནི་རང་གི་རྩོལ་བ་ཙམ་གྱིས་ཐར་བར་སེམས་པ་སྟེ། དེ་དག་གིས་ནི་དེའི་རྐྱེན་གྱིས་སླར་བྱིང་བར་འགྱུར་རོ། །དེ་གང་ཞེ་ན། སེམས་ཅན་ཀུན་ཞེས་བྱ་བ་ལ་སོགས་པ་ལ། སེམས་རྣམ་པར་རྟོག་པའི་ཚོགས་ཀྱིས་ཀུན་ནས་བསླང་བའི་སེམས་དང་གང་ལྡན་པ་དེ་ནི་སེམས་ཅན་ནོ། །ཀུན་ཞེས་པ་ནི་འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་མ་ལུས་པའོ། །སྔར་རང་གི་དོན་དུ་སྐབས་སུ་ཞུགས་པའི་ཐབས་ནི་སེམས་ཅན་ཀུན་ལ་ཕན་པའི་ཕྱིར་འདི་ཡང་ཞུས་པར་རིག་པར་བྱའོ། །སྨན་པ་ནི་མི་ཤེས་པ་ཤེས་པར་བྱ་བ་དང༌། འཁོར་བའི་འདམ་དུ་བྱིང་བ་ལས་གདོན་པར་བྱའོ། །དེ་ཉིད་འབྲས་བུ་ཁྱད་པར་ཅན་ལ་དགོད་པར་བྱ་བའི་ཕྱིར། བླ་མེད་འབྲས་བུ་ཞེས་གསུངས་ཏེ། བླ་མེད་ཅེས་པ་ནི་དེའི་བླའམ་གོང་ན་འབྲས་བུ་མཆོག་ཏུ་གྱུར་པ་གཞན་མེད་པ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་ཐོབ་པར་བྱ་བ་ནི་མངོན་དུ་གྱུར་པའོ། །ཕྱིར་ཞེས་པ་ནི་ཆེད་དུ་བྱ་བའི་དོན་ཏེ། དེ་ཅི་ནས་ཀྱང་ཐོབ་པར་མཛོད་ཅེས་པའི་ཐ་ཚིག་གོ །སྟོན་པའི་ཁྱད་


DTG015_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་གང་དང་ལྡན་པ་བསྟན་པའི་ཕྱིར། རྫོགས་པའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫོགས་པའི་དོན་ནི་ས་མཐར་ཕྱིན་པའི་དོན་ཏོ། །རྡོ་རྗེ་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ །ཚིག་གི་དོན་ནི་གོ་བླའོ། །འགྲོ་བའི་བླ་མ་ཞེས་པ་ནི་འགྲོ་བ་རྣམས་དང་ཆོས་མཐུན་པའི་ཚུལ་ཡིན་ཏེ། འདིར་འདོད་ཆགས་ལ་སོགས་པ་རྣམས་ཀྱི་ལམ་དེ་ཉིད་དུ་འཛུད་པའི་ཕྱིར་སྣང་བ་མཐའ་ཡས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་བས་ན་སྟོན་པ་པོ་ནི་རྡོ་རྗེ་འཆད་ཉིད་དོ། །དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། རིགས་དང་ཉོན་མོངས་པ་ལ་སོགས་པའི་དབྱེ་བ་ཇི་སྙེད་དུ་སྨོས་ཀྱང་རྡོ་རྗེ་འཆང་ཆེན་པོ་ལས་མི་འདའ་བས་ན་དེ་ཁོ་ན་ཉིད་གཅིག་ཏུ་མཁྱེན་པའི་ཕྱིར་ཆེན་པོ་སྟེ། དེ་ཉིད་མཁྱེན་ཞེས་པའི་དོན་ཀྱང་དེའོ། །དེ་ལྟར་དོན་དམ་པར་དེ་ཁོ་ན་ཉིད་དུ་མཁྱེན་ཅིང་ཐུགས་སུ་ཆུད་ཀྱང་ཀུན་རྫོབ་ཀྱི་དབྱེ་བས་ཅི་ཞེ་ན། དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་བྱ་བ་གསུངས་ཏེ། དབང་པོ་མཆོག་དང་མཆོག་མ་ཡིན་པའི་མཁྱེན་པ་དང༌། བསམ་པ་རྒྱ་ཆེ་བ་དང༌། ཆུང་བ་དང༌། ཚད་མར་གྱུར་པ་མཁྱེན་ཏེ། གདུལ་བྱའི་སྣོད་ཀྱི་རིམ་པ་མཁྱེན་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཅིག་ཅར་དུ་མཁྱེན་པ་ཉིད་ཀྱི་ཕྱིར་མཆོག་གོ །གིས་ཞེས་པ་ནི་གསུམ་པའི་ཚིག་སྟེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པར་མཁྱེན་པ་ཁྱོད་ཀྱིས་ཤེས་པའོ། །ད་ནི་བརྗོད་བྱའི་ཁྱད་པར་ཅན་ཇི་ལྟ་བུ་ཞུ་བའི་ཕྱིར་གསུངས་པ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱི་ཞེས་པ་ནི་མང་པོའི་ཚིག་མི་མངོན་པར་བྱས་པ་སྟེ། འདི་ལྟར་འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་མཁྱེན་པ་མཆོག་དང་ལྡན་པ་ཁྱེད་འབའ་ཞིག་གིས་མཁྱེན་གྱིས་ཞེས་ཚིག་སྔ་མར་འབྲེལ་ལོ། །དེ་བས་ན་ཡེ་ཤེས་ཀྱི་སྐུ་དེ་ནི་ཐུན་མོང་དུ་ལྟ་བར་མི་མངོན་པའི་ཕྱིར་ཏེ། ཇི་ལྟར་དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་བཞིན་ནོ། །དེའི་ཕྱིར་གསུངས་པ། གཙུག་ཏོར་ཆེན་པོ་ཞེས་པ་སྟེ། གཙུག་ཏོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་གཙུག་ཏོར་ཆེན་པོ་སྟེ། དེ་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ལས་ཀྱང་ཤིན་ཏུ་ཆེས་གསང་


DTG015_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་བརྗོད་པར་བྱ་བ་ཐུན་མོང་མ་ཡིན་པ་བསྟན་ཏོ། །ད་ནི་བརྗོད་པར་བྱེད་པ་གང་ཡིན་པ་དང༌། བརྗོད་བྱའི་རྣམ་གྲངས་ཡང་ཡིན་པ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། ཚིག་གི་བདག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་ནི་རྗོད་པར་བྱེད་པའོ། །དེ་གང་གིས་བརྗོད་པ་ནི་བདག་པོ་སྟེ། རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །འདིར་ཚིག་རྣམས་ལ་མ་ཐོབ་པས་བརྗོད་བྱ་ཐུན་མོང་མ་ཡིན་པ་བརྗོད་པར་མི་ནུས་སོ་ཞེས་དགོངས་སོ། །དེ་བས་ན་བརྗོད་བྱ་ཡེ་ཤེས་ཀྱི་སྐུ་སྟེ། དངོས་སུ་རང་བྱུང་ཞེས་གསུངས་ཏེ། འདིར་རང་བྱུང་ནི་རྒྱུ་དང་རྐྱེན་ལ་མ་ལྟོས་པའི་ངོ་བོ་ཉིད་ཅེས་སློབ་དཔོན་ཁ་ཅིག་འདོད་དོ། །རང་བྱུང་ནི་རང་ལས་བྱུང་བས་ན་རང་བྱུང་སྟེ། བརྗོད་པར་བྱ་བ་ཐུན་མོང་མ་ཡིན་པར་རང་ལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བའོ་ཞེས་གཞན་དག་ཟེར་རོ། །དེ་ཉིད་ཀྱི་མཚན་ཉིད་ཀྱི་རྣམ་གྲངས་གཞན་དུ་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཞེས་རྟགས་སོ། །དེ་ཡང་སྐྱེ་བ་དང་འགག་པ་ལ་སོགས་པའི་ཟུག་རྡུ་དང་བྲལ་བ་ཉིད་ཀྱི་ཕྱིར་འཇམ་པ་སྟེ། དོན་དམ་པར་རྟོགས་པར་བྱ་བ་དེ་ཞེས་སོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང་བས་ན་དཔལ་ཏེ། སྐུ་དང་ཡེ་ཤེས་ཀྱི་སྣང་བར་འབྱུང་བས་ན་དེ་ཡང་སྣང་བ་ཐ་དད་པར་འབྱུང་དུ་ཟིན་ཀྱང་ཡེ་ཤེས་རོ་གཅིག་པ་ཉིད་ཀྱི་ཕྱིར་ཡེ་ཤེས་སེམས་དཔའོ། །དེའི་མིང་གི་རྣམ་གྲངས་དུ་མར་བརྗོད་དུ་ཟིན་ཀྱང་དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱེད་པ་ནི་ཡང་དག་པར་བརྗོད་པ་སྟེ། དེའི་ཕྱིར་གསུངས་པ། མིང་ནི་ཡང་དག་བརྗོད་པའི་མཆོག །ཅེས་གསུངས་ཏེ། མི་ཟད་པ་དང་རྣམ་གྲངས་གཞན་ལ་འཇུག་པའི་ཕྱིར་མིང་ངོ༌། །ཡང་དག་བར་བརྗོད་པ་ནི་སྐྱོན་མེད་པར་བརྗོད་པ་སྟེ། རྣམ་གྲངས་ཕྱིན་ཅི་མ་ལོག་པར་སྟོན་ཅེས་བྱ་བའི་ཐ་ཚིག་གོ །དེ་བས་ན་མཆོག་ཀྱང་ཡིན་ལ། རྗོད་བྱེད་ཀྱང་ཡིན་པས་བརྗོད་པའི་མཆོག་གོ །དེ་དག་གིས་ནི་བརྗོད་པར་བྱ་བ་དང་བརྗོད་པར་བྱེད་པ་ཡང་བསྟན་པ་ཡིན་ཏེ། དེ་དག་གི་འབྲེལ་བ་ནི་ཐབས་དང་ཐབས་ལས་བྱུང་བར་རིག་པར་བྱའོ། །བརྗོད་བྱའི་དགོས་པ་ནི་བདག་དང་གཞན་གྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པའོ། །དེ་དག་གིས་ནི་སྟོན་པ་ལ་ཇི་ལྟར་ཞེས་པ་དང༌། ཞུས་པའི་དགོས་ཆེད་དང༌། སྟོན་པའི་ཁྱད་པར་དང༌། དགོས་འབྲལ་གྱི་དོན་སྒྲ་ཇི་བཞིན་པ་བཤད་ཟིན་


DTG015_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏོ། །ད་ནི་དེ་དག་གི་དོན་བླ་མ་དམ་པའི་མན་ངག་དང་ཉེ་བར་སྦྱར་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཧཾ་གི་གནས་ནས་གཤེགས་ཤིང་ཨེའི་གནས་སུ་གཉིས་སུ་མེད་པར་གྱུར་པ་སྟེ། སླར་རིམ་གྱིས་རང་གི་གནས་སུ་གཤེགས་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་སྐད་དུ་ཡང༌། མགོན་པོ་དེ་བཞིན་ཉིད་གཤེགས་ཤིང༌། །སླར་ཡང་དེ་བཞིན་གཤེགས་པས་ན། །དེ་བཞིན་གཤེགས་ཞེས་བརྗོད་པར་བྱ། །ཞེས་གསུངས་སོ། །དེ་ལྟར་གཤེགས་པ་དང་བྱོན་པའི་ཚེ་རགས་པ་དང་ཕྲ་བའི་རྟོག་པ་བཅོམ་ནས་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པ་ནི་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་དེ་ཧཾ་གི་གནས་དང༌། ཨེའི་གནས་སུ་བཞུགས་པའི་ཚེ་རྫོགས་པའི་སངས་རྒྱས་ཏེ་མཐར་ཕྱིན་པའི་ཐ་ཚིག་གོ །ཕྱག་འཚལ་བ་ནི་འདུད་པ་སྟེ། ཡང་དང་ཡང་དུ་གོམས་པར་བྱེད་པའོ། །ཐལ་མོ་སྦྱར་ཞེས་པ་ནི་ཁ་སྦྱར་བ་ཞེས་པའི་དོན་ཏོ། །ཇི་ལྟར་ན་ལུས་ལ་གནས་པའི་ཕྱིར། འཁོར་ལོ་བཞི་ཁ་སྦྱར་བར་གྱུར་པའོ། །དེ་ཡང་ཇི་ལྟར་ཞེ་ན། སྦྲུལ་པའི་འཁོར་ལོ་དང༌། ཆོས་ཀྱི་འཁོར་ལོ་ཐབས་དང་ཤེས་རབ་པོ། །ལོངས་སྤྱོད་ཀྱི་འཁོར་ལོ་དང༌། བདེ་བ་ཆེན་པོའི་འཁོར་ལོ་ཡང་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་ཁ་སྦྱར་བའོ། །ནས་ནི་ཞེས་པ་ནི་ལྔ་པའི་དོན་ལ་གཉིས་པ་སྦྱར་བའི་ཚིག་སྟེ། དེ་ཁ་སྦྱར་མ་ཐག་ཏུ་གང་ཟག་གིས་ཉམས་སུ་མྱོང་བ་འབྱུང་བའི་དོན་ཏོ། །དེ་ཡང་སྤྱན་སྔར་འདུག་སྟེ་ཞེས་པ་ལ། སྤྱན་སྔར་ནི་མངོན་སུམ་དུ་ཉམས་སུ་མྱོང་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་ཐབས་དང་ཤེས་རབ་ཀྱི་རྩ་བ་བསྟན་པའི་ཕྱིར། ཨེ་ཝཾ་ཨ་ཧཾ་ཞེས་གསུངས་ཏེ། ཨེ་ནི་ཤེས་རབ་བོ། །ཝཾ་ནི་ཐབས་སོ། །དེ་དག་ཀྱང་གནས་ཀྱིས་ཕྱེ་ན། ཨེ་ནི་འོག་སྒོའོ། །ཝཾ་ནི་སྟེང་སྒོའོ། །ཨ་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །ཧ་ནི་དེ་རྩོལ་བར་བྱེད་པའི་རླུང་ངོ༌། །དེ་ལྟ་བུའི་དོན་གྱིས་ཐམས་ཅད་དུ་ཁྱབ་པར་བསྟན་པའི་ཕྱིར། ཁྱབ་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་བོ་ཉིད་ཀྱིས་ཁྱབ་པའི་ཕྱིར་


DTG015_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྱབ་བདག་གོ །དེ་ཡང་གང་ལ་ཁྱབ་ཅེ་ན་ལུས་དང་ངག་དང་ཡིད་ལ་སོགས་པ་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ལ་ཁ་ཅིག་ནི་མ་རིག་པས་ཀུན་ནས་བསྒྲིབས་པས་གཉིས་སུ་ལྟ་ཞིང་དཔག་ཏུ་འཛིན་པ་ཡོད་དེ། དེ་ལྟ་བུ་དག་གིས་བདག་གི་བདག་མེད་པར་རྟོགས་པར་བྱ་བའི་ཕྱིར་ཚུལ་འདི་ལྟར་ཉམས་སུ་ལེན་པ་ནི་བདག་ལ་སྨན་པའོ། དོན་བདག་དོན་ཐམས་ཅད་རྣམ་པར་ལྟའོ། །དེ་དག་ལ་ཐུགས་བརྩེ་བ་དང་བདག་མེད་དོན་བདག་དོན་ཐམས་ཅད་རྣམ་པར་ལྟའོ། །དེ་དག་ལ་ཐུགས་བརྩེ་བ་དང་བདག་མེད་པར་རྟོགས་པར་བྱ་བའི་ཕྱིར་ཐབས་འདི་གསུངས་སོ། །དེ་ལྟར་བདག་མེད་པ་ཁོང་དུ་ཆུད་ནས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཅི་འདྲ་བར་རྟོགས་སྙམ་པ་ལ་སྒྱུ་འཕྲུལ་དྲ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་ནང་གི་དངོས་པོ་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་དཔེས་ཉེ་བར་མཚོན་པའི་བདག་མེད་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ། །དེས་ཅིང་འགྱུར་སྙམ་པ་ལ་མངོན་པར་རྫོགས་པའི་བྱང་ཆུ་ཐོབ་པར་བྱེད་པའོ། །གང་གིས་ཉམ་པ་ལ། བདག་གིས་བྱང་ཆུབ་ཅེས་པའི་ཐ་ཚིག་གོ །ཐབས་ཇི་ལྟར་སྙམ་པ་ལ། ཉོན་མོངས་པ་སེལ་བའི་ཐབས་ཏེ། དེའི་ཕྱིར། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང༌། །མི་ཤེས་འདམ་དུ་བྱིང་བ་ཡི། །ཞེས་པ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ནི་བདག་ཏུ་ལྟ་བ་ལ་བརྟེན་ནས་རྩ་བ་དང་ཉེ་བའི་ཉོན་མོངས་པ་གང་ཡིན་པ་སྟེ། རྣམ་པར་སྨིན་པའི་འབྲས་བུའོ། །པས་ཞེས་པ་ནི་གསུམ་པའི་ཚིག་སྟེ། དེ་རྣམས་ཀྱིས་རང་གི་ངོ་བོ་རྙོགས་ཤིང་མི་གསལ་བར་བྱེད་པའོ། །སེམས་ནི་ཆོས་ཉིད་ཀྱི་རྒྱུ་མཐུན་པའོ། །དེ་མི་གསལ་བར་བྱེད་པ་ནི་དཀྲུགས་པ་ཞེས་པའོ། །མི་ཤེས་པ་ནི་ཉོན་མོངས་པས་དཀྲུགས་པ་གསལ་བར་བྱེད་པའི་ཐབས་མི་ཤེས་པ་སྟེ། ཐབས་ལ་རྨོངས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་འདམ་དུ་བྱིང་བ་དང་འདྲ་བར་ཡུན་རིང་དུ་འཁོར་བར་གནས་པའི་ཕྱིར་བྱིང་བའོ། །དེ་ཡོངས་སུ་འདོན་པའི་ཕྱིར། སེམས་ཅན་ཀུན་ལ་སྨན་པ་དང༌། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་གསུངས་ཏ། སེམས་ཅན་ནི་ཡུལ་དང་དབང་པོ་ལ་བརྟེན་པའི་རྣམ་པར་ཤེས་པའི་ཚོགས་སོ། །


DTG015_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་ཅེས་པའི་སྒྲས་ནི་བརྒྱད་པོ་ཉེ་བར་བསྡུ་བའི་ཚིག་གོ །སྨན་པ་ནི་ཡེ་ཤེས་ལ་འཇུག་པའི་ཐབས་ཏེ། བླ་མ་དམ་པའི་གདམས་ངག་གོ །ཐབས་དེས་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱེད་པ་ནི་ཚེ་འདི་ཉིད་ལའོ། །གང་གི་ཚེ་འབྲས་བུ་ཐོབ་པའི་མཚན་ཉིད་ཅི་ཞེ་ན། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །རྫོགས་པའི་སངས་རྒྱས་ཀྱི་སྒྲ་ནི་ཕུན་སུམ་ཚོགས་པའི་དོན་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་སྤངས་པ་ཕུན་སུམ་ཚོགས་པ་བཅོམ་པའི་ཚུལ་གྱིས་སྤངས་པ་དང༌། ཐོབ་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཚུལ་གྱིས་ཐོབ་པའོ། །དེ་ཡང་གཞན་དོན་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། འགྲོ་བའི་བླ་མ་སྟོན་པ་པོ། །ཞེས་གསུངས་ཏེ། འགྲོ་བ་ནི་ལམ་སོ་སོ་ནས་འགྲོ་བ་ཞེས་བྱ་བའི་དོན་ཏོ། །བླ་མ་ནི་དེ་རྣམས་ཀྱི་གོང་མ་སྟེ། དེའི་གོང་ན་གཞན་མེད་ཅེས་བྱ་བའི་ཐ་ཚིག་གོ །སྟོན་པ་པོ་ཞེས་པ་ནི་གང་དང་གང་གིས་འདུལ་བར་འགྱུར་པའི་སྐུ་དང་གསུང་དང་ཐུགས་ཀྱི་སྣང་བ་སྟོན་ཅིང་འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱེད་པའོ། །དེ་ལྟར་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ནས། རང་དོན་ཕུན་སུམ་ཚོགས་པ་དེ་ཁོ་ན་ཉིད་དུ་མཁྱེན་པ་བསྟན་པའི་ཕྱིར། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་གསུངས་ཏེ། དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། ཤེས་བྱ་ཐམས་ཅད་དེ་ཁོ་ན་ཉིད་དུ་མཁྱེན་པའི་ཕྱིར་རོ། །དེ་ལྟར་དེ་ཁོ་ན་ཉིད་དུ་མཁྱེན་ཅིང་ཐུགས་སུ་ཆུད་དེ་ཇི་ལྟ་བ་བཞིན་དུ་གསུངས་པ་དང༌། གདུལ་བར་བྱ་བའི་གང་ཟག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་དང༌། བསམ་པ་རྒྱ་ཆེ་བ་དང་ཆུང་བ་མཁྱེན་པ་ནི་མཁྱེན་པའི་མཆོག་སྟེ། ཡེ་ཤེས་ཕུལ་དུ་ཕྱིན་པ་བརྙེས་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་སྔར་བསྟན་པའི་རྣམ་པར་ཤེས་པའི་ཚོགས་ཐ་མལ་པ་འདི་ཉིད་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་ཚོགས་སྟོན་པར་བྱེད་པས་ན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་


DTG015_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། །ལམ་སོ་སོ་ནས་འགྲོ་བའི་ཡུལ་དང་དབང་པོ་ལ་བརྟེན་པའི་ཤེས་པ་བླ་མ་དམ་པའི་མན་ངག་གིས་ལྷན་ཅིག་སྐྱེས་པར་སྟོན་པ་ནི་སྟོན་པའོ། །དེ་ཉིད་ཀྱི་ཕྱིར། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ནི་བརྡར་བྱས་པའོ། །དེ་ཡང་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་ལ་བདེ་བའི་ཕྱིར་མ་སྤངས་ཤིང་དེ་ཁོ་ན་ཉིད་དུ་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ །དབང་པོ་ནི་མིག་ལ་སོགས་པ་དྲུག་གོ །དེས་ཉེ་བར་མཚོན་པའི་ཡུལ་དྲུག་སྟེ། དེ་གཉིས་སུ་མེད་པ་ལས་རང་གི་བདེ་བ་སྔར་གྱི་ཡེ་ཤེས་ཁོང་དུ་ཆུད་པ་སྟེ། མཁྱེན་པ་ཞེས་པ་ནི་དེ་ལྟར་རྟོགས་ཞེས་པའི་དོན་ཏོ། །དེ་བས་ན་མཆོག་སྟེ། རབ་ཅེས་པ་དང༌། གྱ་ནོམ་པ་ཞེས་པ་དང༌། བླ་ན་མེད་པ་ཞེས་བྱ་བ་ནི་ཁྱད་པར་གྱི་མིང་གི་རྣམ་གྲངས་སོ། །རྟོགས་པའི་དོན་ཁྱད་པར་ཅན་དེ་ཉིད་ལ་མཚན་གྱི་རྣམ་གྲངས་གཞན་གྱིས་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་གང་ཡིན་པ་དེ་ནི་སྔར་རྟོགས་པའི་དོན་ཏོ། །དེ་ཐུན་མང་མ་ཡིན་པར་བསྟན་པར་བྱ་བའི་ཕྱིར། གཙུག་ཏོར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་བདག་གིས་ཐུན་མོང་དུ་བལྟར་མི་མངོན་པ་དེ་ལ་འདི་སྐད་ཅེས་གསུངས་སོ། །དེ་གང་གིས་རྟོགས་པར་ནུས་སྙམ་པ་ལ། ཚིག་གི་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་བདག་པོ་བླ་མ་དམ་པའོ། །རྟོགས་པའི་དོན་དེ་ཡང་ཅི་ཞིག་གང་ནས་འབྱུང་སྙམ་པ་ལ། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་ཡེ་ཤེས་ཀྱི་སྐུའོ། །དེ་ཡང་རང་ལས་བྱུང་བ་སྟེ། གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སྟེ། ཡང་དག་པའི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པ་རྣམས་རོ་གཅིག་ཏུ་གྱུར་པ་ལ་མཚན་གྱི་སྒྲས་བརྗོད་པར་བྱ་བའི་ཕྱིར། མིང་ནི་ཡང་དག་བརྗོད་པའི་མཆོག །ཅེས་གསུངས་ཏེ། མིང་ཕྱིན་ཅི་མ་ལོག་པར་བརྗོད་ནས། དོན་མཆོག་དང་ཕྲད་པ་ནི་བརྗོད་པའི་


DTG015_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་སྟེ། ངག་གི་སྐྱོན་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་དག་གིས་ནི་སྟོན་པ་ལ་གུས་པ་དང༌། གང་གི་ཆེད་དུ་བསྒོམ་པ་དང༌། ཁྱད་པར་གང་དང་ལྡན་པ་བསྒོམ་པ་དང༌། ཇི་ལྟར་བསྒོམ་པའི་ཚུལ་བླ་མ་དམ་པའི་གདམས་ངག་རྣམས་བཤད་ཟིན་ཏོ། །

གཉིས་པ། རྗོད་བྱེད་གང་གི་དོན་དུ་ཞུ་བ་གླེང་བསླང་བ་བསྟན་པ།


DTG010_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་དག་གིས་ནི་བརྗོད་བྱའི་ཁྱད་པར་ཇི་ལྟར་ཞུ་བ་གླེང་བ་བསྟན་ནས། ད་ནི་རྗོད་བྱེད་གང་གི་དོན་དུ་ཞུ་བ་གླེང་བསླང་བ་བསྟན་པའི་ཕྱིར། དོན་ཟབ་དོན་ནི་རྒྱ་ཆེ་ཞིང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྐུ་རང་བྱུང་ཡིན་ལ། དེ་སྟོན་པར་བྱེད་པའི་ཚིག་ཟབ་པ་སྟེ། ཐེག་པ་ཐུན་མོང་བས་རྟོགས་པར་དཀའ་བའོ། །རྒྱ་ཆེ་བ་ནི་དེ་སྟོན་པར་བྱེད་པའི་ཐབས་མང་བའོ། །ཡང་ན་སེམས་ཅན་གྱི་དོན་བྱེད་པའི་ཐབས་མང་བའོ། །ཆེ་བ་ནི་བདག་དང་གཞན་གྱི་དོན་གྲུབ་པའོ། །མཚུངས་པ་མེད་པ་ནི་ཐེག་པ་གཞན་དང་འགྲན་དུ་མེད་པའོ། །མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་རབ་ཏུ་ཞི་བའོ། །དེ་སྟོན་པར་བྱེད་པའི་ཚིག་གང་ཡིན་སྙམ་པ་ལ། ཐོག་མ་ཞེས་པ་ལ་སོགས་པ་གསུངས་ཏེ། ཐོག་མར་དགེ་བ་ནི་གླེང་གཞིའོ། །བར་དུ་དགེ་བ་ནི་གླེང་བསླང་བའོ། །ཐ་མར་དགེ་བ་ནི་ཡོངས་སུ་ཤེས་པར་བྱའོ། །དེ་ཡང་སྟོན་པ་འདི་ཉིད་ཀྱིས་གསུངས་པར་མ་ཟད་དེ། འདས་པའི་སངས་རྒྱས་མར་མེ་མཛད་ལ་སོགས་པའོ། །མ་འོངས་པ་ནི་བྱམས་པ་ལ་སོགས་པའོ། །ད་ལྟར་ནི་ཤཱཀྱ་ཐུབ་པའོ། །རྫོགས་པའི་སངས་རྒྱས་ནི་བཤད་ཟིན་ཏོ། །གསུངས་ཞེས་པ་ནི་དེ་དག་གིས་རྣམ་གྲངས་དུ་མར་གསུངས་ཀྱང་དོན་ཡེ་ཤེས་ཀྱི་སྐུ་རང་བྱུང་འབའ་ཞིག་སྟོན་པའོ། །ཡང་དང་ཡང་དུ་ཞེས་པ་ནི་དུས་གསུམ་དུ་གསུངས་པའི་ཕྱིར་རོ། །གསུངས་པའི་ཆོས་གང་སྙམ་པ་ལ། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཀྱི་དབྱེ་བ་ལ་སོགས་པ་ནི་སྔར་བཤད་དོ། །རྒྱུ་དང་ལམ་དང་འབྲས་བུ་གསུམ་འབྲེལ་པས་ན་དྲ་བའོ། །དེའི་སྟོན་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་འཁོར་རྡོ་རྗེ་འཆང་རྣམས་ལ་བསྟན་པས་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་འབྲས་བུ་རྡོ་རྗེ་འཆང་འབྱུང་བས་ན་འཆང་བའོ། །སུ་ལ་གསུངས་ན། དཔག་མེད་རྣམས་ལ་སྟེ། འཁོར་དེ་བཞིན་གཤེགས་པ་རྣམས་ལའོ། །དགའ་བཞིན་དུ་ཞེས་པ་


DTG015_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་བཅོམ་ལྡན་འདས་དགྱེས་པ་དང་བཅས་པ་སྟེ་གསུངས་འཚལ་ཞེས་པའོ། །ཡང་ན་དཀའ་ཐུབ་དང༌། དཀའ་སྤྱད་དང༌། དུས་ཚོད་དང༌། ཚེས་གྲངས་ལ་ནི་མི་ལྟོས་པས་དགའ་བཞིན་དུའོ། །དགྱེས་པ་ཉིད་གང་སྙམ་པ་ལ། གླུར་བླང་ཞེས་པ་སྟེ། གཞན་གྱི་རྒྱུད་ཚིམ་པར་བྱེད་པས་སོ། །བཤད་དུ་གསོལ་ཞེས་པ་ནི་བརྡ་ཕྲད་པར་ཟད་དོ། །ད་ནི་གཞུང་གི་དོན་བདག་དང་གཞན་གྱི་དོན་དུ་གཟུང་བར་དམ་བཅའ་བ་བསྟན་པའི་ཕྱིར། མགོན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མགོན་པོ་ཞེས་པ་ནི་བདག་དང་གཞན་གྱི་དོན་དུ་གྱུར་པ་སྟེ། རྡོ་རྗེ་འཆང་ཆན་པོའོ། །དེ་ལ་ཀྱེ་མགོན་པོ་ཞེས་བོས་ནས་རྫོགས་སངས་རྒྱས་ནི་བཤད་ཟིན་ཏོ། །ཀུན་ཞེས་པ་ནི་བསྐལ་པ་བཟང་པོ་འདིའི་སངས་རྒྱས་སྟོང་རྩ་གཅིག་གོ །གསང་འཛིན་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པ་ལག་ན་རྡོ་རྗེའོ། །ཅི་ནས་བདག་འགྱུར་ཕྱིར་ཞེས་པ་ནི་བསྐལ་པ་བཟང་པོའི་སངས་རྒྱས་དེ་དག་གི་ཐ་ཆུངས་ལག་ན་རྡོ་རྗེ་ཡིན་ལ། དེ་སངས་རྒྱས་དེ་དག་གི་གསུང་ངོ་ཅོག་གི་གསང་བ་འཛིན་པ་སྟེ། སྡུད་བ་པོ་བྱེད་པར་དམ་བཅའ་བའོ། །དུས་ནམ་གྱི་བར་དུ་སྙམ་པ་ལ། ངེས་པར་འབྱུང་བ་སྟེ། བདག་དང་གཞན་གྱིས་བླ་ན་མེད་པའི་བྱང་ཆུབ་མ་ཐོ་བ་ཀྱི་བར་དུའོ། །ཅིའི་ཆེད་དུ་ན། བདག་གི་དོན་དུའོ། །བསམ་པ་ནི་ཐོས་པ་དང་བསམ་པ་གཉིས་ཀྱིས་སོ། །བརྟན་པོ་ནི་མ་ནོར་བའོ། །འོན་ཏེ་བདག་འབའ་ཞིག་གི་དོན་དུ་འམ་ཞེ་ན། ཉོན་མོངས་མ་ལུས་བསལ་བ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཉོན་མོངས་པ་རྣམས་ཀྱིས་སེམས་དཀྲུགས་པ་བསལ་བ་དང༌། མི་ཤེས་པ་ནི་ཉོན་མོངས་པ་བསལ་བའི་ཐབས་མི་ཤེས་པ་དང༌། སྨིན་པར་བྱེད་པ་དང༌། གྲོལ་བར་བྱེད་པ་མི་ཤེས་པ་སྟེ། དེ་སྤང་བའི་ཕྱིར་གཟུང་བར་བྱའོ། །ལམ་གཉིས་ནི་འོག་ནས་སྟོན་ཏོ། །འོན་ཏེ་ཆོས་ཀྱི་སེར་སྣས་ཆུ་སྲིན་གྲེ་བར་མུ་ཏིག་སོང་བ་བཞིན་དུ་སླར་མི་འབྱུང་ངམ་ཞེ་ན། བསམ་པའི་ཁྱད་པར་ཇི་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་མཆོག་དང་མཆོག་མ་ཡིན་པའི་རིམ་པས་བསྐྱེད་པ་དང་རྫོགས་པའི་རིམ་པ་ལ་སྦྱོར་བར་བྱེད་པས་ན། སེམས་ཅན་རྣམས་ལ་བཤད་པར་འཚལ། །


DTG015_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པའོ། །དེ་དག་གི་མཇུག་ཉེ་བར་བསྡུ་བར་བྱ་བའི་ཕྱིར། གསང་དབང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་ནི་སྐུ་གསུང་ཐུགས་ཀྱི་གསང་བའོ། །དབང་པོ་ནི་བདག་པོ་སྟེ། གསང་བའི་བདག་པོ་ལག་ན་རྡོ་རྗེ་ཞེས་བྱ་བའི་སྡུད་པ་པོ་ཡིན་ལ། དེས་དེ་བཞིན་གཤེགས་པ་ནི་ཇི་ལྟ་བ་བཞིན་དུ་མཁྱེན་པ་ཐུགས་སུ་ཆུད་པ་གསུངས་པ་ཞེས་བྱ་བ་སྟེ། །རྡོ་རྗེ་འཆང་ཆེན་པོའོ། །དེ་སྐད་དུ་ཞེས་པ་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་མ་ལུས་པ་དེ་བསལ་བའི་ཐབས་ལམ་རྣམ་པ་གཉིས་སུ་གསུངས་ཞེས་གསོལ་བ་བཏབ་པའོ། །ཐལ་མོ་སྦྱར་ཞེས་པ་ནི་བརྡ་ཕྲད་པར་ཟད་དོ། །ལུས་བཏུད་པ་ནི་གུས་པའི་ཚུལ་གྱིས་ཙོག་པུར་འདུག་པའོ། །སྤྱན་སྔར་ཞེས་པ་ནི་གཟིགས་པའི་ཡུལ་དེ་ན་འདུག་པའོ། །དེ་ལྟར་ན། གནས་ཐུན་མོང་མ་ཡིན་པ་དག་ན། སྟོན་པ་རྡོ་རྗེ་འཆང་ཆེན་པོའོ། །ལག་ན་རྡོ་རྗེ་དང༌། ཀུན་དུ་བཟང་པོ་དང༌། ཆོས་ཀྱི་རྡོ་རྗེ་དང༌། ཟླ་བ་བཟང་པོ་ཞེས་བྱ་བའི་མིང་ཅན་གྱིས་སྡུད་པ་པོ་དང༌། གཞན་ཡང་ལག་ན་རྡོ་རྗེ་ཞེས་བྱ་བའི་མིང་ཅན་གྱི་དཔའ་བོ་མཐའ་ཡས་པ་དང༌། ཁྲོ་གཉེར་ཅན་དང༌། སྒྲོལ་མ་ཞེས་བྱ་བ་ལ་སོགས་པའི་དཔའ་མོ་མཐའ་ཡས་པ་དང་ཐབས་ཅིག་པ་དེའི་ཚེ་ལག་ན་རྡོ་རྗེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། དེ་ནས་བདག་དང་གཞན་གྱི་དོན་དུ་ལམ་སྒྱུ་འཕྲུལ་དྲ་བ་ལ་བརྟེན་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། འདིར་སྔར་སྨོས་པའི་ཚིག་གིས་གསོལ་བ་བཏབ་ནས་སོ། །འདུག་ཅེས་པ་ནི་སྡུད་པ་པོ་སྔར་གནས་པ་བཞིན་དུ་སྤྱན་སྔར་འདུག་གོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གིས་ནི་རྐྱེན་གླེང་བསླང་བ་བཤད་ཟིན་ཏོ། །

གསུམ་པ། རྒྱུད་ཀྱི་དངོས་པོ་ཡོངས་ཤེས་པར་བྱ་བི་ཕྱིར་ལན་གནང་བ་བསྟན་པ།


DTG010_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་སྣོད་དུ་རུང་བར་བྱ་བའི་ཕྱིར་བྱིན་གྱི་རླབས་ཀྱི་དོན་རྟགས་བསྟན་པར་བྱ་སྟེ། དེའི་ཕྱིར། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བར་གང་གིས་ཀྱང་མཆོག་དེ་གསོལ་བ་བཏབ་པའི་དེ་མ་ཐག་པའོ། །བཅོམ་ལྡན་འདས་ནི་སྤང་བར་བྱ་བ་དང་ཐོབ་པར་བྱ་བའི་ལས་བྱས་པའོ། །ཤཱཀྱ་ཐུབ་པ་ནི་རྡོ་རྗེ་འཆང་གི་མཚན་གྱི་རྣམ་གྲངས་


DTG015_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། བསྟན་པ་གཅིག་ལ་སྟོན་པ་གཉིས་ཀྱི་མཚན་གྱིས་འདོགས་པའི་ཕྱིར་རོ། །རྫོགས་པའི་ཞེས་པ་ནི་ས་དང་དབང་དང་མཚན་ཉིད་ཡོངས་སུ་རྫོགས་པའི་ཕྱིར་རོ། །སངས་རྒྱས་ཀྱི་དོན་ནི་བཤད་ཟིན་ཏོ། །རྐང་པ་ནི་འགྲོ་བའི་དོན་བྱེད་པའི་ཕྱིར་ཏེ་རྐང་པ་དང་འདྲ་བའོ། །གཉིས་ནི་རིགས་ལྔ་བདེ་བར་གཤེགས་པའི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་མཆོག་ནི་དྲུག་པ་རྡོ་རྗེ་འཆང་ངོ༌། །ཉིད་ཀྱི་ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཁོ་ནའི་ཞལ་གྱི་དཀྱིལ་འཁོར་ནས་ལྗགས་བཟང་པོ་བཀྲམ་པ་སྟེ་འཛུམ་པ་དང་སྦྱར་རོ། །ལྗགས་བཟང་བ་ཉིད་གང་ཡིན་སྙམ་པ་ལ། རིང་ཞིང་ཡངས་པ་བརྐྱང་མཛད་དེ། །ཞེས་གསུངས་ཏེ། རིང་བ་ནི་ལྗགས་ཀྱིས་ཞལ་གྱི་དཀྱིལ་འཁོར་ཁེབས་པའོ། །ཡངས་པ་ནི་སྲབ་པའོ། །བརྐྱང་ཞེས་པ་ནི་འོད་ཟེར་བཀྱེ་བར་མཛད་པའོ། །དེས་ཅི་བྱེད་སྙམ་པ་ལ། འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང༌། །ཞེས་གསུངས་ཏེ། འཇིག་རྟེན་གསུམ་ནི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའོ། །སྣང་བྱེད་ཅིང་ཞེས་པ་ནི་སྐུ་གསུང་ཐུགས་སྣང་བར་བྱེད་པ་སྟེ། དེ་བཞིན་གཤེགས་པ་རྣམས་སོ། །སྣང་བ་ནི་འོད་ཟེར་གྱིས་དེ་ལྟ་བུར་སྣང་བར་མཛད་པའོ། །སྣང་བར་མཛད་པ་དེས་ཅི་བྱེད་སྙམ་པ་ལ། བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོད་ཟེར་དེས་མཛད་པ་རྣམ་པ་གསུམ་མཛད་དེ། ཞིང་ཁམས་སྣང་བར་མཛད་པ་དང༌། བདུད་བཞི་འདུལ་བར་མཛད་པ་དང༌། ངན་སོང་སྦྱོང་བར་མཛད་པའོ། །དེ་ཉིད་གང་ཞེ་ན། འཇིག་རྟེན་གསུམ་པོ་སྣང་བར་བྱས་ནས་སེམས་ཅན་རྣམས་ཀྱི་ཞེས་པ་རང་གི་དེ་ཉིད་མ་རྟོགས་པར་ཡུན་རིང་དུ་འཁྱམས་པ་ནི་སེམས་ཅན་ནོ། །རྣམས་ཞེས་པ་ནི་འགྲོ་བ་རིགས་དྲུག་གོ །དེ་དག་གི་རྒྱུའི་རྒྱུན་ལ་ངན་སོང་གསུམ་གྱི་རྒྱུ་གནས་པ་སྦྱངས་པས་ན་བདུད་བཞིའི་དགྲ་འདུལ་བར་བྱེད་པ་སྟེ། བདུད་ཀྱང་ཡིན་ལ་དགྲ་ཡང་ཡིན་པས་བདུད་བཞིའི་དགྲ་སྟེ། ཕུང་པོའི་བདུད་ལ་སོགས་པའོ། །དགྲ་ཞེས་པ་ནི་ཐར་པའི་སྲོག་གཅོད་ཅིང་འཕགས་པའི་ནོར་བདུན་ཕྲོགས་པས་སོ། །དེ་དག་གི་རྒྱུ་མེད་པས་ནི་དམྱལ་བ་ལ་སོགས་པའི་འབྲས་བུ་མི་འབྱུང་ངོ༌། །སྦྱོར་བ་བྱེད་པ་


DTG015_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་ནི་སྦྱང་བར་བྱ་བ་དེ་དག་ཡིན་ལ། བྱེད་པ་ནི་སྟོན་པ་རྡོ་རྗེ་འཆང་དེས་འཁོར་རྣམས་ལ་འོད་ཟེར་བཀྱེ་བ་དང༌། གཟིགས་པ་དང་འཛུམ་པ་མཛད་པས་སོ། །དེ་ལྟར་སྣོད་དུ་རུང་བར་མཛད་ནས། ཚུལ་གང་གིས་ཆོས་གསུངས་སྙམ་བ་ལ། ཚངས་པའི་གསུངས་ནི་སྙན་པ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚངས་པ་ནི་ལྷ་ཚངས་པ་ལ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་ན་དེ་འདྲ་བར་གསུངས་སོ། །ཡང་ན་ཚངས་པ་ནི། བཅོམ་ལྡན་རྡོ་རྗེ་འཆང་ཉིད་དེ། །ཚངས་པ་མྱ་ངན་འདས་སངས་རྒྱས། །ཞེས་གསུངས་པས་བཅོམ་ལྡན་འདས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ལས་འདི་སྙན་པས་བཟུང་ངོ༌། །སྙན་པ་ཞེས་པ་ནི་ཤིན་ཏུ་སྡུག་བསྔལ་ཅན་གྱི་རྐྱེན་འཕྲོག་པར་བྱེད་པའོ། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་པ་ནི་དེ་བཞིན་གཤེགས་པའི་གསུང་གི་གསང་བ་སྟེ། སྐུ་གསུང་ཐུགས་ཀྱི་སྣང་བས་དེ་བཞིན་གཤེགས་པ་རྣམས་ལ་ཁྱབ་པར་ཆོས་གསུངས་པའི་ཕྱིར་རོ། །ཡང་ན་ཟབ་མོ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་བཤད་ཟིན་ཏོ། །རྫོགས་པའི་སངས་རྒྱས་ཞེས་པ་ནི་རྫོགས་པ་ནི་ཡོངས་སུ་རྫོགས་པའོ། །སངས་རྒྱས་ནི་བཤད་ཟིན་ཏོ། །རྐང་གཉིས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །ཡང་ན་སྐུ་གཉིས་སོ། །མཆོག་ནི་རྡོ་རྗེ་འཆང་ཆེན་པོའོ། །ཉིད་ནི་རྡོ་རྗེ་འཆང་ཁོ་ནའོ། །ཞལ་ཞེས་པ་ནི་བརྡ་དོན་རྣམ་པར་བཤད་པ་སྟེ། གསང་བའི་གནས་སོ། །ལྗགས་ནི་རྡོ་རྗེའོ། །བཟང་པ་ནི་བཟང་པོ་འབྱུང་བའི་རྟེན་ཡིན་པ་སྟེ། བྱང་ཆུབ་ཀྱི་སེམས་སོ། །རིང་བ་ནི་རྡོ་རྗེའོ། །ཡངས་པ་ནི་ཤེས་རབ་ཀྱི་བྷ་གའོ། །བརྐྱང་མཛད་ཅེས་པ་ནི་བྷ་གར་ལིངྒ་བརྐྱང་བ་སྟེ། སྙོམས་པར་ཞུགས་པ་ཞེས་བྱ་བའི་ཐ་ཚིག་གོ །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང༌། །ཞེས་པ་ནི་སྙོམས་པར་ཞུགས་པ་ལས་འོད་ཟེར་གྱིས་ཁམས་གསུམ་དུ་གཏོགས་པའི་འགྲོ་བ་རྣམས་དང༌། དེ་བཞིན་གཤེགས་པ་རྣམས་བཀུག་སྟེ་བདག་གི་ཚངས་པའི་བུ་ག་ནས་ཞུགས་ཏེ། གསང་བའི་གཞལ་ཡས་ཁང་དུ་འཁོར་ལོ་གསུམ་གྱི་ལྷར་གྱུར་པར་བྱ་ཞིང༌། དེ་དག་ཀྱང་རིམ་གྱིས་དབང་དང་ལྡན་པར་བྱ་


DTG015_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། ཕྱིར་སྤྲོས་ནས་འཁོར་ལོ་གསུམ་གྱི་བདག་ཉིད་དུ་གནས་པ་ནི་འཇིག་རྟེན་གསུམ་མོ། །སྣང་བར་བྱེད་པ་ནི་ཐབས་ཀྱི་ཁྱད་པར་ངེས་སོ། །དེས་ཅི་བྱེད་སྙམ་པ་ལ། བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་ཀྱང་ཡིན་ལ་དགྲ་ཡང་ཡིན་པས་བདུད་བཞིའི་དགྲ་སྟེ། ཕུང་པོའི་བདུད་ལ་སོགས་པའོ། །ཡང་ན་སྐྱེ་བ་ལ་སོགས་པའི་ཆུ་བོ་བཞི་ཐབས་དེས་བཏུལ་བའོ། །སེམས་ཅན་ནི་རང་གི་དེ་ཉིད་མ་རྟོགས་པས་འཁོར་བར་ཡུན་རིང་དུ་འཁྱམས་པའོ། །རྣམས་ཞེས་པ་ནི་མང་པོ་སྟེ་ཁམས་གསུམ་པའོ། །ངན་སོང་གསུམ་ཞེས་པ་ནི་རྒྱུའི་རྒྱུན་ལ་གནས་པའི་བག་ཆགས་ཏེ། འདོད་ཆགས་ལ་སོགས་པའོ། །ཡང་དེ་རྣམས་ལས་རྣམ་པར་སྨིན་པ་དམྱལ་བ་ལ་སོགས་པ་སྟེ། རྒྱུ་དང་འབྲས་བུར་བཅས་པ་ཐབས་གོང་མས་སྦྱོར་བར་བྱེད་ཅེས་པའི་ཐ་ཚིག་གོ །ཐབས་གང་གིས་སྙམ་པ་ལ། དེ་ཉིད་གསལ་བར་བཤད་པའི་ཕྱིར། འཛུམ་བསྟན་ནས་ཞེས་གསུངས་ཏེ། རང་གི་ཤེས་རབ་ལ་བལྟ་བ་དང༌། འཛུམ་པ་དང༌། ཙུམྦ་ན་དང༌། ཨངྒི་ཀ་དང༌། ན་ག་པྲ་ཧ་ར་དང༌། སྙོམས་པར་འཇུག་པ་ལ་སོགས་པ་སྔར་བསྟན་པའི་དོན་ཏོ། །ཚངས་པའི་གསུང་ནི་སྔ་མ་བཞིན་ནོ། །འཇིག་རྟེན་གསུམ་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོའོ། །ཀུན་བཀང་ནས་ཞེས་པ་ནི་ཀུན་ལ་གསུང་གིས་མ་ཁྱབ་ཅིང་མ་ཐོབ་པ་མེད་པ་དང༌། ནས་ཞེས་པ་ནི་གསུང་དེས་འོག་ནས་འབྱུང་བའི་རྒྱུད་ཀྱི་དངོས་པོ་རྒྱས་པར་གསུངས་པའོ་ཞེས་བྱ་བའི་ཐ་ཚིག་གོ །ད་ནི་བདག་དང་གཞན་གྱི་དོན་ཕྱིན་ཅི་མ་ལོག་པར་ཞུས་པའི་ལེགས་པར་གནང་བ་བསྟན་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་སྟོབས་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལག་ན་རྡོ་རྗེ་ནི་བཤད་བྲིན་ཏོ། །སྟོབས་པོ་ཆེ་ནི་དེའི་མཐུ་སྟོབས་གཞན་གྱིས་ཟིལ་གྱིས་མི་གནོན་པ་སྟེ། ཇི་ལྟར་སྔོན་གྱི་དུས་སུ་འཁོར་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་བསྟན་པར་མཛད་པའི་ཕྱིར་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པར་མཛད་དོ། །དེ་ནས་འཁོར་རྣམས་ལ་བཀའ་སྩལ་བ། ངའི་སེང་ལྡེང་གི་ཚལ་པ་སུས་འབྱིན་པར་ནུས་ཞེས་བཀའ་སྩལ་པ་དང༌། རྫུ་འཕྲུལ་ཅན་གྱི་


DTG015_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་ལ་སོགས་པ་གང་གིས་ཀྱང་འབྱིན་པར་མ་ནུས་སོ། །དེ་ནས་ལྷའི་གནས་སུ་གཤེགས་ཏེ་སྔར་ཇི་བཞིན་བཀའ་སྩལ་པས་སུས་ཀྱང་འབྱིན་པར་མ་ནུས་སོ། །གཞན་ཡང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པས་ཀྱང་འབྱིན་པར་མ་ནུས་སོ། །འོན་ཀྱང་དེ་དག་གིས་འཇིག་རྟེན་གྱི་ཁམས་འདི་འགུལ་ནུས་པ་ཙམ་བྱུང་ངོ༌། །དེའི་ཚེ་ལག་ན་རྡོ་རྗེ་ལ་ཁྱོད་ཀྱིས་འདི་ཕྱུང་ཞིག་ཅེས་གསུངས་པ་དང༌། ལག་ན་རྡོ་རྗེས་རེག་པ་ཙམ་གྱིས་ཐོན་པར་གྱུར་ཏོ། །དེ་ནས་འཁོར་རྣམས་ངོ་མཚར་དུ་གྱུར་ཏེ་ལག་ན་རྡོ་རྗེ་ལ་འདི་ཙམ་གྱི་སྟོབས་ཡོད་པ་ཞེས་གཅིག་ལ་གཅིག་སྨྲས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཀྱི་མཐུ་སྟོབས་འཁོར་འདི་དག་ལ་སྟོན་ཅིག་ཅེས་གསུངས་པ་དང༌། ལག་ན་རྡོ་རྗེ་རང་གི་སྲིན་ལག་གི་རྩེ་མོ་ལ་རིགས་ཀྱི་མཚན་མ་ཤིན་ཏུ་ཆུང་བའི་རྡོ་རྗེ་ཡོད་པས་ལ་བཞག་སྟེ། གང་སྟོབས་དང་ལྡན་པ་གཅིག་གིས་འདི་ལོང་ཅིག་ཅེས་གསུངས་པ་དང༌། རྡོ་རྗེ་གང་རྫུ་འཕྲུལ་དང་སྟོབས་ཀྱིས་རློམ་པ་དག་གིས་ནི་བསྒུལ་བར་ཡང་མ་ནུས་སོ། །དེ་ནས་སླར་ཡང་རང་གི་སྲིན་ལག་གིས་བླངས་ཏེ་ལན་དུ་མར་ནམ་མཁའ་ལ་གསོར་ཞིང༌། ཀླད་ལ་ལན་གསུམ་དུ་བསྐོར་ནས་ནམ་མཁའ་ལ་མཐའ་ཡོད་མེད་བརྟགས་པའི་ཕྱིར་འཕགས་ནས་ད་དུང་མ་ལོག་གོ་ཞེས་སྙན་དངགས་ལས་གྲགས་སོ། །གསང་དབང་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པའོ། །སླར་གསུངས་པ་ཞེས་པ་དེ་དག་གིས་སྣོད་དུ་དུང་བར་བྱས་པ་དེ་དག་ལའོ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །ཞེས་པ་ནི་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་ནས་རང་དང་གཞན་གྱི་དོན་དུ་ཞུས་པའོ། །འགྲོ་ལ་ཞེས་པ་ནི་ལམ་སོ་སོ་ནས་འགྲོ་བ་སྟེ། འགྲོ་བ་རིགས་དྲུག་གོ །ཕན་པའི་དོན་དུ་ཞེས་པ་ནི་ཕན་པ་དང་བདེ་བའི་རྒྱུར་གྱུར་པའོ། །ཁྱོད་ཅེས་པ་ནི་ཁྱོད་ཀྱིས་ཞེས་པའོ། །ཡེ་ཤེས་ལུས་ཅན་ཞེས་པ་ནི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ལུས་ཞེས་པ་ནི་འདུས་པའི་ཕྱིར་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་བཞི་དེར་འདུས་པས་སོ། །འཇམ་དཔལ་ཞེས་པ་ནི་ཟུག་རྡུ་དང་བྲལ་བ་གཉིས་སུ་མེད་པ་སྟེ། མིང་གི་ཁྱད་པར་འབྱུང་ཞེས་བྱ་བ་སྔར་བསྟན་


DTG015_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དེ་དག་ཚིག་གི་སྒོ་ནས་བསྟན་པ་དེའོ། །མིང་བརྗོད་པ་ཞེས་པ་ནི་མིང་ངམ་ཚིག་གི་སྒོ་ནས་བསྟན་པར་བྱ་སྟེ། དོན་ཆེ་བ་ཞེས་པ་སྟེ། མིང་དམ་ཚིག་གི་སྒོ་ནས་ཡེ་ཤེས་ཀྱི་སྐུ་སྟོན་པར་བྱེད་པ་སྟེ། དེ་རྟོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཚིག་དེས་དོན་དེ་རྟོགས་པ་ལ་དགོས་པ་ཅི་ཡོད་སྙམ་པ་ལ། དག་པར་བྱེད་ཅིང་ཞེས་གསུངས་ཏེ། ཤེས་བྱའི་སྒྲིབ་པ་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའི་ཚུལ་གྱིས་དག་པར་བྱེད་པ་སྟེ། མི་ཤེས་པ་ཤེས་པར་བྱས་པ་ཞེས་པའི་དོན་ཏོ། །སྡིག་སེལ་བ་ཞེས་པ་ནི་ཉོན་མོངས་པའི་སྒྲིབ་པ་སེལ་བ་སྟེ། སྨིན་པར་བྱེད་པའི་ལམ་གྱིས་ཞེས་པའི་དོན་ཏོ། །དེ་ལྟ་བུ་དེ། ང་ལས་ཉན་པར་བརྩོན་པ་ནི། །ཞེས་པ་ལ། ང་ཞེས་པ་ནི་རྡོ་རྗེ་འཆང་ངོ༌། །ཉན་པར་བརྩོན་པ་ཞེས་པ་ནི་གསོལ་བ་བཏབ་ནས་ལེ་ལོ་མ་བྱས་པར་དགའ་བ་དང་གུས་པར་བྱས་པ་ཞེས་པའོ། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ནི་དཔལ་ལྡན་རྡོ་རྗེ་འཆང་ནི་བཤད་ཟིན་ཏོ། །དེ་ལ་བོས་ནས་རང་གི་དོན་དུ་ལེགས་པར་ཉན་པ་ནི་ལེགས་སོ་ཞེས་པའོ། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་པ་ནི་གཞན་གྱི་དོན་དུ་ཞུས་ཤིང་ལེགས་པར་ཉན་པ་ནི་ལེགས་སོ་ཞེས་བྱ་བ་གཉིས་པ་གསུངས་ཏེ། ཞུས་པའི་དོན་ལེགས་པ་ཉིད་དུ་གནས་པའོ། །ད་ནི་གུས་པ་དང་བཅས་པས་ལེགས་པར་ཉོན་ཅིག་པར་གདམས་པ་བསྟན་པར་བྱ་བའི་ཕྱིར་གསང་བའི་བདག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པ་སྟེ། དེ་ལ་ཀྱེ་གསང་བའི་བདག་པོ་ཞེས་བོས་ནས། དེའི་ཕྱིར་ཞེས་པ་ནི་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་དེ་བསྟན་ཅིང་རྟོགས་པ་ལ་དགོས་པ་དེ་ཡོད་པའི་ཕྱིར་ཞེས་པའོ། །ཁྱོད་ཅེས་པ་ནི་སྡུད་པ་པོའོ། །ཤུགས་ཀྱིས་འཁོར་རྣམས་ཀྱང་བསྡུ་བར་བྱའོ། །ལེགས་པར་ཞེས་པ་ནི་མ་ནོར་བའོ། །བསྟན་པར་བྱ་ཞེས་པ་ནི་དོན་དེ་ཚིག་གི་སྒོ་ནས་སོ་ཞེས་པའོ། །ཁྱོད་ཅེས་པ་ནི་སྡུད་པ་པོའོ། །རྩེ་གཅིག་པའི་ཡིད་ཀྱིས་ཞེས་པ་ནི་ཐེ་ཚོམ་མེད་པར་ཞེས་པའི་དོན་ཏོ། །ཡང་ན་སྣོད་ཁ་སྦུབ་པ་དང༌། ཞབས་རྡོལ་དང༌། མི་གཙང་བ་ཞེས་བྱ་བའི་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་ཉོན་


DTG015_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅིག་པའི་ཐ་ཚིག་གོ །དེ་ལྟར་སྐྱོན་རྣམས་སྤངས་ཏེ་མཉན་ནས་ཀྱང་ལེགས་པ་ཉིད་དུ་ཟུང་ཤིག་ཅེས་གནང་བའོ། །བཅོམ་ལྡན་འདས་དེ་ནི་ལེགས་ཞེས་གསོལ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་དོན་ནི་བཤད་ཟིན་ཏོ། །དེ་ལྟ་བུ་དེ་ལ་བོས་ནས་བདག་ཅག་གིས་ཁྱོད་ལ་དོན་དང་ཚིག་སུ་བཅད་པ་ཞུས་པས་གནང་བས་སྐུ་དྲིན་ཆེའོ་ཞེས་པའི་ཐ་ཚིག་གོ །དེ་དག་གིས་ནི་རྒྱུད་ཀྱི་དངོས་པོ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ལན་གནང་བ་བཤད་ཟིན་ཏོ། །

བཞི་པ། རིགས་དྲུག་ལ་གཟིགས་པ་བསྟན་པ།


DTG010_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་རིགས་དྲུག་ལ་གཟིགས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་ཤཱཀྱ་ཐུག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་བར་གང་གིས་ཀྱང་མ་ཆོད་ཅེས་པའོ། །བཅོམ་ལྡན་འདས་ཞེས་པ་ནི་བཤད་ཟིན་ཏོ། །ཤཱཀྱ་ཐུབ་ཅེས་པ་ནི་བསྟན་པའི་མངའ་བདག་ཡིན་པའི་ཕྱིར་དང༌། བསྟན་པ་གཅིག་ལ་སྟོན་པ་གཉིས་ཀྱི་མཚན་མི་གདགས་པ་སྟེ། དངོས་སུ་རྡོ་རྗེ་འཆང་ཆེན་པོའོ། །དེ་ཐེག་པའི་རིགས་མང་ཞིག་ཏུ་གནས་ན་ཡང་རིགས་གསུམ་དུ་གཟིགས་ནས་གསུངས་ཏེ། དེ་གང་སྙམ་པ་ལ། གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །ཞེས་བྱ་བ་གསུངས་ཏེ། གསང་སྔགས་ཀྱང་ཡིན་ལ་རིགས་ཆེན་པོ་ཡང་ཡིན་པས་གསང་སྔགས་རིགས་ཆེན་ཏེ། དབང་པོ་ཡང་རབ་ཀྱི་སྤྱོད་ཡུལ་ལོ། །དེའི་ཕྱིར་ཐེག་པ་ཡང་རབ་བླ་ན་མེད་པའི་ཐེག་པའོ། །ཐམས་ཅད་དང་ཞེས་པ་ནི་མ་ལུས་པའི་སྒྲ་སྟེ། དེ་གང་སྙམ་པ་ལ། གསང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ལས་ཁྱད་པར་ནི་གསུམ་སྟེ། གསང་བ་དང༌། རིག་པ་དང༌། གཟུངས་སོ། །དེ་ལ་གསང་བ་ནི་གནས་བྷ་ག །སྟོན་པ་རྡོ་རྗེ་འཆང༌། བསྟན་པ་གསང་སྔགས་ཀྱི་ཐེག་པ། དམ་ཚིག་བཟའ་བའི་དམ་ཚིག་དང་ལྡན་པ་ནི་གསང་བའོ། །རིག་པ་ནི་ཉོན་མོངས་པའི་དགྲ་འཇོམས་པར་བྱེད་པས་སོ། །འཆང་བ་ནི་དྷ་ར་སྟེ་བཟུང་བས་སོ། །ད་ནི་ལམ་ལོག་པ་ལས་འཛིན་པས་ན་དེ་སྐད་ཅེས་བྱའོ། །སྤྱིའི་མཚན་ཉིད་ནི་གསང་སྔགས་ཞེས་བྱ་བ་སྟེ། ཡིད་སྐྱོབ་པར་བྱེད་པས་སོ། །དེ་ལྟར་ན་ནི། རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་གསུངས་ཏེ། ཐེག་པའི་བྱེ་བྲག་དཔག་ཏུ་མེད་པས་གནས་ཀྱང་གསང་སྔགས་ཀྱི་ཐེག་པ་ནི་གསུམ་ཁོ་ནའོ་ཞེས་དགོངས་པའོ། །རིགས་


DTG015_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་གསུམ་ལ་གཟིགས་ནས་འདི་གསུངས་པའོ་ཞེས་པའི་ཐ་ཚིག་གོ །དེས་ནི་ཐེག་པའི་རིགས་གསུམ་བསྟན་ནས། ད་ནི་གང་ཟག་གི་རིགས་གསུམ་བསྟན་པར་བྱ་བའི་ཕྱིར། །འཇིག་རྟེན་རྟེན་འདས་པའི་རིགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པའི་རིགས་ཞེས་པ་ནི་འཇིག་རྟེན་འདི་ཙམ་དོན་དུ་གཉེར་བ་སྟེ། ཇི་སྙེད་དུ་བསྒྲུབ་ཀྱང་འཇིག་རྟེན་ལས་མི་འདའ་བ་སྟེ། ཕྱི་རོལ་པའོ། །འཇིག་རྟེན་ལས་འདས་པ་ནི་ཉན་ཐོས་དང་རང་རྒྱལ་བ་སྟེ། རང་གི་དོན་གྱི་མྱ་ངན་ལས་འདས་པའི་དོན་དུ་གཉེར་བའོ། །འཇིག་རྟེན་སྣང་བར་བྱེད་པ་ནི་ཐེག་བ་ཆེན་པོ་སྟེ། གཞན་གྱི་དོན་དུ་མྱ་ངན་ལས་འདས་པའི་དོན་དུ་གཉེར་བའོ། །རིགས་ཞེས་པ་ནི་རྟགས་ཏེ། དེ་ཉིད་ལ་རང་རང་གང་མོས་པ་དེ་ནི་རིགས་སོ། །ཡང་ན་འཇིག་རྟེན་པ་ནི་བསྐྱེད་པའི་རིམ་པ་འབའ་ཞིག་གི་རིལ་བུ་དང་མིག་སྨན་ལ་སོགས་པ་དོན་དུ་གཉེར་བའོ། །འཇིག་རྟེན་ལས་འདས་པ་ནི་རྫོགས་པའི་རིམ་པ་སྟོང་པ་འབའ་ཞིག་དོན་དུ་གཉེར་བར་བྱེད་པའོ། །འཇིག་རྟེན་སྣང་བྱེད་ཙམ་པ་ནི་དེ་གཉིས་ཟུང་དུ་འཇུག་པས་བདག་དང་གཞན་གྱི་དོན་དུ་གཉེར་བར་བྱེད་པའོ། །རིགས་ནི་རྟགས་ཏེ་དེ་དང་དེ་ལ་དགའ་བའོ། །རིགས་ཆེན་ཞེས་པ་ནི་རིགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་རིགས་ཆེན་པོ་སྟེ། གཉིས་སུ་མེད་པ་ལ་ཆེད་དུ་བྱེད་པའོ། །ད་ནི་རིགས་མཆོག་གང་ལ་གཟིགས་པ་བསྟན་པར་བྱ་བའི་ཕྱིར། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང༌། །ཞེས་པ་ལ་སོགས་པ་གསུངས་ཏེ། འདིར་ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཕྱག་རྒྱ་ཆེན་པོ་སྟེ། མི་འདའ་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་རྒྱལ་པོའི་བཀའ་རྟགས་ཀྱིས་བཏབ་པ་བཞིན་ནོ། །རིགས་ཀྱི་ཁྱད་པར་གྱི་རྟགས་དད་པ་དང༌། བརྟུལ་ཞུགས་ཆེ་བ་དང༌། རྟོག་པ་མེད་པ་དང༌། དབང་དང་ལྡན་པའོ། །མཆོག་ཅེས་པ་ནི་དེ་རྣམས་ལས་འདི་ལྟ་བུ་མཆོག་གོ་ཞེས་པའི་ཐ་ཚིག་གོ། རིགས་ཆེན་ཞེས་པ་ནི་རིགས་དེ་དག་ལས་མཆོག་ཏུ་གྱུར་པས་ནི་རིགས་ཆེན་ཏེ། གཙུག་ཏོར་དང་འདྲ་བའི་ཕྱིར་རོ། །ཡང་ན་གཙུག་ཏོར་ནི་གཉིས་སུ་མེད་པའི་སྐུ་ཡིན་ལ། རིགས་དེ་ལྟ་བུ་དག་འདིའི་སྣོད་དུ་གྱུར་པས་དེ་ལ་གཟིགས་ཞེས་པའི་དོན་ཏོ། །

ལྔ་པ་སྒྲུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་བཤད་པ།


DTG015_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རིགས་དྲུག་ལ་གཟིགས་པ་བསྟན་ནས། ད་ནི་སྒྱུ་འཕྲུལ་དྲ་བ་བསྟན་པར་བྱ་བའི་ཕྱིར། ཚིག་གི་བདག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་བྱུང་གི་ཚིག་གི་བདག་པོ་ནི་བཅོམ་ལྡན་འདས་སོ། །ད་ལྟར་ནི་ཨ་སྟེ། ཐམས་ཅད་ཀྱི་སྲོག་ཡིན་པས་སོ། །ད་ལྟར་ན་ཨས་མཚོན་པའི་དབྱངས་དང་གསལ་བྱེད་ལས་བྱུང་བས་ན་ཚིག་གི་བདག་པོའོ། །དེ་ཉིད་ལས་ཚིག་ལྷུག་པའམ་འཐེང་པོའི་སྒོ་ནས་གསུངས་སམ་སྙམ་པ་ལ། ཚིགས་སུ་བཅད་ཅེས་གསུངས་ཏེ། ཚེག་པར་བདུན་པར་ཚིགས་སུ་བཅད་ནས་གསུངས་པའོ། །དེ་ཉིད་གང་སྙམ་པ་ལ། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །ཞེས་གསུངས་ཏེ། གསང་སྔགས་ནི་འོག་ནས་སྟོན་པའི་དྲུག་པོ་ཉིད་དོ། །རྒྱལ་པོ་ཞེས་པ་ནི་ཇི་ལྟར་འཁོར་ལོས་སྒྱུར་པའི་རྒྱལ་པོ་ནི་དེ་ཐམས་ཅད་ལ་ཁྱབ་པ་དང༌། ཐམས་ཅད་དེའི་ངོ་བོར་འདུས་པ་སྟེ། དེ་ལྟར་འདི་ཉིད་ཀྱིས་བསྐྱེད་པའི་ལྷའི་རྣལ་འབྱོར་དང། རྫོགས་པའི་ཆོས་ཉིད་ཀྱི་རྣལ་འབྱོར་གཉིས་ཀའི་དོན་སྟོན་ཅིང་འདིར་འདུས་པས་ན་རྒྱལ་པོའོ། །དྲུག་ལྡན་ཞིང་ཞེས་པ་ནི་བཛྲ་ཏཱི་ཀྵྞ་ལ་སོགས་པའི་གྲངས་རྣམས་སོ། །དེ་གང་ལས་འབྱུང་སྙམ་པ་ལ། གཉིས་སུ་མེད་པར་འབྱུང་བ་དང༌། །ཞེས་གསུངས་ཏེ། སྔགས་འདི་དག་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་འབྱུང་བ་འམ་བཏུ་བར་བྱའོ། །དེའི་དོན་ནི་སའི་ཆ་གྲུ་བཞི་པའི་རྣམ་པ་ལྔ་དང༌། ཙནྡན་ལ་སོགས་པ་དྲྭིའི་ཁྱད་པར་ཅན་གྱིས་ཉེ་བར་བྱུགས་ཤིང་གཟུགས་འཛིན་དུ་རུང་བར་བྱས་ལ། དེ་ལ་ཤེས་རབ་དང་ལྡན་པས་ཐོད་ལེ་ཀོར་གྱིས་ཤེས་རབ་ཀྱི་རང་བཞིན་ཨེའི་རྣམ་པར་བྲིའོ། །དེར་ཐབས་ཀྱི་རྣམ་པ་ཝཾ་གྱི་ངོ་བོ་ཟླུམ་པོ་རེའུ་མིག་དགུ་དང་ལྡན་པ་བྲིས་ཏེ། དབུས་ཀྱི་རེའུ་མིག་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཡི་གེ་རྣམས་ཀྱི་མཆོག་བྲི་བར་བྱའོ། །ཤར་གྱི་རེའུ་མིག་ལ་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། དེའི་འདབ་མ་རེ་རེ་ལ་ཡན་ལག་གཉིས་གཉིས་བསྐོར་བར་བྱ་སྟེ། རིམ་པས། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨི་ཨཿ། ཞེས་དགོད་དོ། །རེའུ་མིག་ལྷག་མ་རྣམས་ལ་པདྨ་འདབ་མ་བཞི་པ་ལྟེ་བ་དང་བཅས་པ་ལ་གོ་རིམས་ཀྱིས་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཐ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན།


DTG015_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཞེས་དགོད་པར་བྱའོ། །དེའི་ཕྱིར་གྲ་གསུམ་ལ་སྔགས་བསྡུ་བར་བྱའོ། །དེ་ནི་གཉིས་སུ་མེད་པ་ལས་སྔགས་དྲུག་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་ལུས་དང་སྲོག་དང་ཡན་ལག་གཉིས་སུ་མེད་པ་ལས་འདི་དག་འབྱུང་བའོ། །ད་ནི་ཞུས་པའི་སྐབས་སུ། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་གསུངས་པ་དེ་བཤད་པར་བྱ་བའི་ཕྱིར། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་པ་སྟེ། ཡེ་ཤེས་ཀྱི་སྐུ་ནི་ཨའོ། །རང་བྱུང་ཞེས་པ་ནི་ཨ་ནུཏྤནྣ་སྟེ་སྐྱེ་བ་མེད་པའོ། །ཡང་ན་ཆོས་ཉིད་སྐྱེ་བ་མེད་པ་ཡིན་ལ་ཆོས་ཅན་ཨའོ། །འདི་ཞེས་པ་འཆད་པ་ལ་རག་ལས་པ་སྟེ་འོག་མ་རྣམས་སོ། །གསུངས་པ་ཞེས་པ་ནི་འོག་མ་རྣམས་ཏེ་གོ་སླའོ། །སྔགས་བཏུ་བའི་ཕྱིར་ལེ་ཚེ་ལ་བཀོད་པའི་ཡི་གེ་གསུངས་པ་ནི་ཨ་ཨཱ་ལ་སོགས་པའོ། །འདིར་རས་ཆོད་ཅན་མགོ་རྨོངས་པར་བྱ་བའི་ཕྱིར་རྀ་རཱྀ་ལྀ་ལཱྀ་དང༌། ལུས་ཀྱི་ཡི་གེ་གོ་རིམས་སུ་མ་བཀོད་དེ། ལུས་ནི་འོག་མ་ནས། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་པའོ། །སྔར་བཤད་པའི་ཡེ་ཤེས་ཀྱི་སྐུ་གང་ན་བཞུགས་པ་དང༌། ཚུལ་ཇི་ལྟར་བཞུགས་པ་བསྟན་པར་བྱ་བའི་ཕྱིར། སྠི་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྠི་ཏོ་ནི་ཡེ་ཤེས་ཀྱི་སྐུ་སྟེ། བཞུགས་ཞེས་པའོ། །གང་ན་བཞུགས་ན་ཧྲྀ་དི་སྟེ་ཐུགས་ཀ་ནའོ། །ཅིའི་ཚུལ་དུ་བཞུགས་ན། ཛྙཱ་ན་མཱུ་རྟི་ནི་ཡེ་ཤེས་ཀྱི་ལུས་ཀྱིས་སོ། །དེ་ཡང་མ་རྟོགས་པའི་གནས་སྐབས་ན་ར་ཧཾ་བུདྡྷོ་སྟེ། །ང་འམ་བདག་གི་བློར་གནས་ལ། རྟོགས་པའི་གནས་སྐབས་ན་བུ་དྡྷཱ་ནཱཾ་ཞེས་པ་སྟེ། སངས་རྒྱས་རྣམས་ཀྱིའོ། །སངས་རྒྱས་གཅིག་གི་འམ་ཞེ་ན། ཏྲྱ་དྷྭ་བརྟི་ནཱཾ་ཞེས་པ་སྟེ། དུས་གསུམ་གྱིས་སངས་རྒྱས་ཀྱི་ཐུགས་ཀ་ན་ཞུགས་ཞེས་པའི་དོན་ཏོ། །དེ་ལྟར་དུས་གསུམ་གྱིས་སངས་རྒྱས་ཀྱི་ཐུགས་ཀ་ན་ཡེ་ཤེས་ཀྱི་སྐུ་དེ་བཞུགས་ཏེ། རྟོགས་པའི་གནས་སྐབས་སོ། །མ་རྟོགས་ནང་བདག་གི་བློར་གནས་པ་སྟེ། དེ་ཅི་གནས་ཀྱང་རྟོགས་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །ད་ནི་འཁོར་ལོས་སྒྱུར་པ་དྲུག་གི་སྔགས་བསྟན་པར་བྱ་བའི་ཕྱིར། །དེ་ལྟར་དང་པོར་སྔགས་བསྟན་པའི་རིམ་པས་སྔགས་ཀྱི་ལུས་དང་ཡན་ལག་རྫོགས་པར་བྱ་བའི་ཕྱིར་སྔགས་བཏུ་


DTG015_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་བྱ་སྟེ། དང་པོར་ཡི་གེའི་དབང་ཕྱུག་གཞག །ལྔ་པ་ཡི་ནི་གསུམ་པ་དང༌། །གཉིས་པ་ཡི་ནི་གསུམ་པ་ལ། །མེ་ཡིས་བོན་སྦྱར་བར་བྱ། །བཞི་པ་ཡི་ནི་དང་པོ་ལ། །ང་རོ་བཞི་པ་ལྡན་པར་བར་བྱ། །དང་པོའི་དང་པོའི་ཡི་གེ་ལ། །མཐར་གནས་དང་པོ་ལྡན་བྱས་ཏེ། །གསུམ་པའི་མཐའ་དང་ལྡན་པར་བྱ། །དབྱངས་མཐའ་ཉེ་བར་སྦྱར་བར་བྱའོ། །བཞི་པ་ཡི་ནི་གསུམ་པ་ལ། །དབྱངས་ལྔར་ལྡན་པ་དབྱངས་མཐའ་སྦྱར། །རྗེས་སུ་དང་པོའི་གཉིས་པ་སྦྱར། །གཉིས་པའི་དང་པོ་ལ་གཉིས་སྦྱར། །ང་རོ་བཅུ་གཅིག་དྲོ་བའི་གཉིས་པ་ཡིན་པ་ལ་མཐར་གནས་དང་པོ་ཞེས་པ་ནི་བྲིས་ནོར་ཡི་ནཾ་སྙམ་མོ། ལྡན་བྱས་ཏེ། །རྗེས་སུ་བཞི་པའི་གསུམ་ལེགས་སྦྱར་བྱིངས་སྒྲུབ་ལྟར་ན་འདིར་རྟགས་དོན་སི་རྣམ་དག་མི་སྦྱོར་ཞིང༌། ལག་ལེན་བྲིས་ཆ་ལ་ཡང་མེད་བཞིན་དབྱངས་མཐར་སྦྱར་ཞེས་བྱུང་བ་འོག་ཏུ་དགོས་རྒྱུ་འདིར་བཅུག་གམ་སྙམ་མོ།། པའོ། །ལྔ་པའི་དང་པོ་མེ་དང་ལྡན། །གཉིས་པའི་གསུམ་པ་དེ་མཐར་གཞག །རླུང་དང་སྦྱར་བའི་ཡི་གེ་ལ། །ང་རོ་གཉིས་ལྡན་གཉིས་འགྱུར་བྱ། །བཞི་པའི་མཐའ་བཅས་ལྔ་མཐའ་ལ། །ང་རོ་དྲུག་ལྡན་མེ་དང་ལྡན། །རྗེས་སུ་བཞི་པའི་དང་པོ་ལ། །རླུང་ལ་ནམ་མཁའ་རབ་ཏུ་སྦྱར། །གཉིས་པའི་གསུམ་པ་དེ་མཐར་ལྡན། །རླུང་ལ་ང་རོ་གཉིས་ལྡན་བྱ། །དེ་རྗེས་བཞི་པའི་མཐའ་བཅས་པའོ། །དང་པོའི་དང་པོ་གཉིས་པར་བཅས། །དེ་ལྟར་རླུང་ནི་གཞག་པར་བྱ། །ལྔ་པ་ཡི་ནི་གསུམ་པ་དག །དབྱངས་ཡིག་གཉིས་པ་སྦྱར་ནས་ནི། །དང་པོའི་གསུམ་པ་བཞི་པས་བརྒྱན། །མཐར་གནས་ཆུ་དང་བཅས་པ་སྟེ། །དེ་མཐར་མེ་དང་ལྡན་པའོ། །མི་འགྱུར་མེ་དང་ལྔ་དང་པོའོ། །རྗེས་སུ་གཉིས་པའི་དང་པོ་སྟ། །བཞི་པའི་ལྔ་པ་གཉིས་པར་ལྡན། །ཡང་བ་ཉིད་དང་བཞི་དང་པོ། །དབྱངས་བཅུ་གཅིག་གིས་མཛེས་པར་བྱ། །དེ་རྗེས་བཞི་དང་ལྔ་མཐའ་སྟེ། །འཁོར་འདི་ཡང་དྲོ་བར་བརྗོད་ན་འཐད་སྙམ། ལོས་སྒྱུར་རྒྱལ་གསང་སྔགས་ཆེ། །དངོས་གྲུབ་ཐམས་ཅད་བྱེད་པའོ། །ཞེས་པས་ནི་དེ་དག་བསྡུས་པ་སྟེ། །ལྷག་པ་དང་ཆད་པའི་ཉེས་པར་མི་འགྱུར་པའོ། །དེས་ཅི་བྱེད་སྙམ་པ་ལ། །བཛྲ་ཏཱིཀྵྞ་ནི་རྣོན་པོ་སྟེ། །འདིར་དབྱངས་མཐའ་སྦྱར་དགོས་རྒྱུ་ལམ་བྱུང་བ་བྲིས་མཁན་སྔ་མ་ཞིག་གི་སྐྱོན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་སོ། །དེས་དུཿ་


DTG015_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁ་ཙྪེ་ད་སྟེ་སྡུག་བསྔལ་གཅོད་པར་བྱེད་པའོ། །དེ་ཡང་རྒྱུའི་རྒྱུན་ལས་དེའི་རྒྱུ་གནས་པ་དང༌། འབྲས་བུར་བཅས་པ་རྒྱུན་གཅོད་པའོ། །བཅད་པས་ཅི་འགྱུར་སྙམ་པ་ལ། །པྲཛྙཱ་ཛྙཱ་ན་མཱུ་རྟ་ཡེ་ཞེས་གསུངས་ཏེ། ཤེས་རབ་ཡེ་ཤེས་ཀྱི་ལུས་སུ་གནས་པར་འགྱུར་པའོ། །དེ་ཉིད་སླར་གསུངས་པ་ཛྙཱ་ན་ཀཱ་ཡ་སྟེ། ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་སྟེ་ཐམས་ཅད་ཀྱི་མཆོག་གོ །དེས་གཞན་གྱི་དོན་མཛད་པ་ནི། བཱ་གཱི་ཤྭ་ར་སྟེ་དོན་ཡེ་ཤེས་ཀྱི་སྐུ་སྟེ། ཚིག་གི་སྒོ་ནས་སྟོན་པར་མཛད་པས་སོ། །དེ་ལྟར་གཉིས་སུ་མེད་པའི་ཡེ་ཤེས་དེས་སྡུག་བསྔལ་ཐམས་ཅད་ཤེས་རབ་ཡེ་ཤེས་ཀྱི་སྐུར་གནས་འགྱུར་པའི་ཡེ་ཤེས་ཀྱི་སྐུ་དེ་དག་གམ་ཚིག་གི་སྒོ་ནས་བསྟན་ནས་བསྒོམས་པ་ལས་ཅི་བྱད་སྙམ་པ་ལ། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ་ཞེས་པ་ནི། སྡིག་པ་ཐམས་ཅད་སྲེག་པར་བྱེད་པའོ་ཞེས་པའི་དོན་ཏོ། །དེ་དག་གིས་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་བཤད་ཟིན་ཏོ། །

དྲུག་པ། བྱང་ཆུབ་སེམས་ཀྱི་རྡོ་རྗེ་བཤད་པ།


DTG010_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བའི་ཕྱིར། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཞེས་པ་ནི་སྔགས་བཏུ་བ་འདི་ལྟར་རོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྔགས་དང་ལྷ་ལ་ཐ་དད་མེད་པས་ན་སྔགས་ཀྱི་རྒྱལ་པོ་དྲུག་ནི་སངས་རྒྱས་བཅོམ་ལྡན་འདས་དྲུག་གོ །རྫོགས་པའི་སངས་རྒྱས་ནི་སྔགས་དེས་བསྐྱེད་པའི་ལྷ་དྲུག་སྟེ། རྡོ་རྗེ་རྣོན་པོ་ལ་སོགས་པའོ། །ཡང་ན་སངས་རྒྱས་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཨའི་ངོ་བོ་ཡིན་ལ། དེ་ལས་འབྱུང་བའོ། །དེ་ནས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་ཏེ། མི་འགྱུར་ཞིང་མི་ཟད་པས་ན་ཨ་དེ་ཡི་གེའོ། །འབྲུ་ཀུན་ཞེས་པ་ནི་ཡི་གེ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་ཡི་གེ་འབྲུ་ཀུན་ཏེ་དབྱངས་དང་གསལ་བྱེད་དོ། །མཆོག་ཅེས་པ་ནི་ཡི་གེ་གང་བརྗོད་ཀྱང་དེ་ཁོ་ན་གཙོ་བོའོ། །དོན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས། དོན་ཆེན་ཡི་གེ་དམ་པ་སྟེ། །ཞེས་གསུངས་ཏེ། བདག་དང་གཞན་གྱི་དོན་འགྲུབ་པར་བྱེད་པས་ན་དོན་ཆེན་པོའོ། །ཡི་གེ་ཞེས་པ་ནི་མི་འགྱུར་པ་སྟེ། ཡི་གེ་ཨའི་ངོ་བོ་སྟེ། མི་སླུ་བས་ན་དམ་པའོ། །སྲོག་ཆེན་པོ་སྟེ་ཞེས་པ་ནི་ཡི་གེ་གང་བརྗོད་ཀྱང་དེ་ཁོང་ནས་འབྱུང་བས་ན་དེའི་ཕྱིར། སྐྱེ་བ་མེད་པ་སྟེ། རྒྱུ་དང་རྐྱེན་ལ་མ་ལྟོས་པར་བྱུང་བས་རང་བྱུང་


DTG015_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱའོ། །དེའི་ཕྱིར། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་གསུངས་ཏེ། ཉམས་སུ་མྱོང་བར་བྱའོ་ཞེས་བྱ་བའོ། །ད་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བའི་ཕྱིར། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་རྗོད་པར་བྱེད་པ་ཐམས་ཅད་ཀྱི་རྒྱུ་ནི་ལུས་ཀྱི་ཡི་གེ་དང་ཡན་ལག་དང་སྲོག་སྟེ། འདིར་གསལ་བྱེད་གཙོར་བཟུང་བས་ན། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་ཏེ། ཚིག་ཀུན་ཞེས་པ་ནི་གང་བརྗོད་ཀྱང་ཞེས་པའོ། །གསལ་བ་ནི་ཚིག་ཏུ་གྱུར་པ་སྟེ། ཨ་ལ་སོགས་པ་མ་ཡིན་ཏེ། ན་མཿ་ཨཀྵོ་བྷྱ་ཞེས་པ་ལ་སོགས་པ་གསལ་བར་བྱེད་པ་སྟེ་གསལ་བྱེད་རྣམས་སོ། །ཡང་ན། བརྗོད་པ་ཀུན་ནི་རྒྱུ་ཡི་མཆོག །ཅེས་པ་ནི་སྔགས་ཀྱི་རྒྱལ་པོ་དྲུག་ལ་ཞི་བ་ལ་སོགས་པའི་མཐའ་དང་ལྡན་པར་བྱ་བའི་དོན་ཏོ། །གཞན་སྔ་མ་བཞིན་ནོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་དྲི་མ་ཉོན་མོངས་པ་བསལ་བའི་ཐབས་བསྐྱེད་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། མཆོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་མཆོད་པ་ནི་མཉེས་པར་བྱེད་པ་སྟེ། འདི་ལྟར་ཉོན་མོངས་པ་ཆུང་དུ་ཆེན་པོས་བཅོམ་ནས་གནས་གྱུར་པ་དེ་ལྟར་གྱུར་པའི་མཉེས་པ་སྟེ། མཆོད་པའོ་ཞེས་ཀུན་ལ་གསལ་བར་ཤེས་པར་བྱའོ། །འདོད་ཆགས་ཆེ་ཞེས་པ་ནི་གཟུགས་ལ་སོགས་པ་ལ་ཆགས་པ་སྟེ། དེས་འདོད་པར་བྱེད་པའོ། །འདོད་ཆགས་ཉིད་ཀྱིས་འདོད་ཆགས་ཆུང་དུ་དེ་བཏུལ་ཏེ་འོད་དཔག་ཏུ་མེད་པའི་སྒོ་ནས་སོ། །འདི་ནི་ཆགས་བྲལ་ལས་ཁྱད་པར་དུ་བྱས་པའོ། །དེའི་ཕྱིར། ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་གསུངས་ཏེ། གང་དུ་འདོད་ཆགས་དང་ལྡན་པ་ཡང་དགའ་བར་བྱེད་པ་དང༌། ཐ་ན་གླུ་དང་གར་ལ་སོགས་པས་ཀྱང་དགའ་བར་བྱེད་པའོ། །ཞེ་སྡང་ཞེས་པ་ནི་ཉོན་མོངས་པས་ཀུན་ནས་བསླང་ནས་ཞེ་སྡང་བའོ། །ཆེ་ཞེས་པ་ནི་ཕྱིའི་མཐུ་དང་སྟོབས་ཀྱིས་དྲེགས་པ་ལ་སོགས་པ་ཚར་གཅོད་པ་དང༌། ནང་དུ་ཞེ་སྡང་ཆུང་དུ་དང༌། གསང་སྔགས་ལས་གཞན་པའི་སྡུག་བསྔལ་དང་ལྡན་པའི་ལམ་དུ་ཞུགས་པ་དག་བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་ནག་པོར་གནས་གྱུར་པས་ན། ཉོན་མོངས་ཀུན་གྱི་དགྲ་


DTG015_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེ་བ། །ཞེས་གསུངས་ཏེ། གཏི་མུག་ཅེས་པ་ནི་རྒྱུ་དང་འབྲས་བུ་མི་ཤེས་པ་སྟེ། ཆད་པར་ལྟ་བ་ནི་རྒྱུའི་དུས་སོ། །འབྲས་བུའི་དུས་སུ་ནམ་མཁའི་སྤྲིན་དེངས་པ་ལྟར་སྐུ་དང་ཡེ་ཤེས་འགོག་པ་ནི་གཏི་མུག་གི་བློ་སྟེ། རྣམ་པར་སྣང་མཛད་སྐུ་མདོག་དཀར་པོར་གྱུར་ཏེ། སྐུ་དང་ཡེ་ཤེས་ཀྱི་སྣང་བས་འཇོམས་པས་གཏི་མུག་ཆེན་པོའོ། །ཁྲོ་བ་ཆེ་ཞེས་པ་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་པ་སྟེ། ཐེག་པ་གཞན་ལ་ཞུགས་ཤིང་ལམ་གཞན་ལ་ཞུགས་པ་ལ་ཕྲག་དོག་པ་ནི་ཁྲོ་བ་ཆེན་པོ་སྟེ། ཉི་ཚེ་བའི་ལམ་ལ་ཞུགས་པའི་དགྲ་ཆེན་པོའོ། །དེ་གནས་གྱུར་པ་ནི་དོན་ཡོད་གྲུབ་པའམ་རྟ་མཆོག་ཅེས་པ་སྐུ་མདོག་ལྗང་གུའོ། །ཆགས་པ་ཆེ་ཞེས་པ་ནི་རང་གི་དོན་ཕུན་སུམ་ཚོགས་པ་ལ་ཆགས་ནས་གཞན་ལ་སེར་སྣ་བྱེད་པ་ལ་སོགས་པའམ། རང་གི་བདེ་བ་ཆུང་དུ་ཙམ་ལ་ཆགས་ནས་ང་རྒྱལ་བྱེད་པའོ། །གནས་གྱུར་ནས་རྡོ་རྗེ་ཉི་མ་སྐུ་མདོག་སེར་པོར་གྱུར་པས་འཇོམས་པས་ན་ཆགས་པ་ཐམས་ཅད་སེལ་བར་བྱེད་པའོ། །དེ་ལྟར་གཙོ་བོ་བསྐྱེད་པ་བསྟན་ནས། ད་ནི་འཁོར་བསྐྱེད་པ་བསྟན་པར་བྱ་སྟེ། འདོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་པ་ཆེན་པོ་ཞེས་པ་ནི་འདོད་པར་བྱེད་པ་སྟེ། མིག་ལ་སོགས་པའོ། །གཏི་མུག་རྡོ་རྗེ་དང༌། ཞེ་སྡང་རྡོ་རྗེ་དང༌། སེར་སྣ་རྡོ་རྗེ་དང༌། འདོད་ཆགས་རྡོ་རྗེ་དང༌། ཕྲག་དོག་རྡོ་རྗེ་དང༌། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེའོ། །ཡང་ན་འདོད་པ་ཞེས་པ་ནི་འདོད་པར་བྱ་བའི་ཡུལ་ཏེ། དེ་དག་ནི་གཟུགས་རྡོ་རྗེ་དང༌། སྒྲ་རྡོ་རྗེ་དང༌། དྲི་རྡོ་རྗེ་དང༌། རོ་རྡོ་རྗེ་དང༌། རེག་རྡོ་རྗེ་དང༌། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེའོ། །ཆེན་པོ་ཞེས་པ་ནི་འདོད་པར་བྱེད་པ་དང་འདོད་པར་བྱ་བ་དག་ལྷར་བྱས་པས་བདེ་བ་ཆེན་པོ་ཞེས་པའི་དོན་ཏོ། །དེས་ཅིར་འགྱུར་སྙམ་པ་ལ། དགའ་བ་ཆེན་པོ་ནི་རང་གི་དོན་ཏོ། །མགུ་བ་ཆེན་པོ་ནི་གཞན་དོན་འབྱུང་བས་སོ། །ད་ནི་རྟེན་གཞལ་ཡས་ཁང་བསྒོམ་པ་བསྟན་པར་བྱ་བའི་ཕྱིར། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཀྱང་ཡིན་ལ་ལུས་ཀྱང་ཡིན་པས། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། བཾ་སེར་པོ་ལས་སྐྱེས་པའི་སའི་དཀྱིལ་འཁོར་མདོག་སེར་པོ་གྲུབ་ཞི་པ་ཟུར་བཞིར་རྡོ་རྗེས་མཚན་པའོ། །དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ་རིན་པོ་ཆེ་ལས་གྲུབ་པ་དེའི་སྟེང་དུ་མཚན་ཉིད་


DTG015_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐམས་ཅད་དང་ལྡན་པའི་གཞལ་ཡས་ཁང་བྷཱུཾ་ལས་གྲུབ་པ་བལྟ་བར་བྱའོ། །དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཉི་མ་དང་བླ་བ་ཁ་སྦྱར་བའི་གདན་དང་ལྡན་པའོ། །དེའི་འོག་ཏུ། ཁ་དོག་ཆེ་ཞིང་ལུས་བོང་ཆེ། །ཞེས་པ་ནི་ཁ་དོག་ཆེ་བ་ནི་དཀར་བའོ། །ལུས་བོང་ཆེ་ཞེས་པ་ནི་རྔམས་མཐུག་པའོ། །ཡང་ན་ས་བས་ཆེ་བར་གྱུར་པས་སོ། །དེ་ཡང་བཾ་དཀར་པོ་ལས་བྱུང་བ་ཁ་དོག་དཀར་པོ་བུམ་པས་མཚན་པ་ཟླུམ་པོ་ཅན་ནོ། །མིང་ཡང་ཆ་ཞིང་རྒྱ་ཆེ་བ། །ཞེས་པ་ནི་མིང་ཡང་ཞེས་པ་ནི་མེ་ལ་མིང་གི་རྣམ་གྲངས་མང་བས་སོ། །རྒྱ་ཆེ་ཞེས་པ་ནི་ཆུ་བས་ཆེ་བའོ། །དེ་ཡང་རཾ་དམར་པོ་ལས་བྱུང་བ་འབར་བ་བདུན་གྱིས་མཚན་པ་བྷ་གའི་དབྱིབས་ཅན་ནོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པ་ནི་དཀྱིལ་འཁོར་ཞེས་པ་འདིས་ནི་གོང་མ་ཡང་ཤེས་པར་བྱ་སྟེ། ཁ་དོག་དང་དབྱིབས་དང་མཚན་མ་བསྟན་ཏོ། །ཡངས་པ་ནི་མེའི་དཀྱིལ་འཁོར་བས་རྒྱ་ཆེ་བར་གྱུར་པ་སྟེ། །ཡཾ་སྔོན་པོ་ལས་བྱུང་བ་གཞུའི་དབྱིབས་ཅན་པ་དན་གྱིས་མཚན་པ་བསྒོམ་པར་བྱའོ། །ད་ནི་བསྲུང་བའི་བཀའི་འཁོར་ལོ་བསྒོམ་པ་བསྟན་པར་བྱ་སྟེ། དེའི་ཕྱིར། ཤེས་རབ་མཚོན་ཆེན་འཆག་བ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྗེས་ལ་རཾ་ལས་བྱུང་བའི་ཉི་མའི་སྟེང་དུ་ཐུགས་ཀྱི་ཡི་གེ་ལས་མཚོན་པ་སྟེ། རལ་གྲིའི་ཆང་གཟུངས་ལ་ཧཱུཾ་གིས་མཚོན་པ་ཅན་ནོ། །དེ་ལས་ཧཱུཾ་མཛད་སྐུ་མདོག་སྔོ་ཞིང་ཞལ་གཅིག་པ་ཕྱག་གཉིས་པ་ལྟའོ། །དེའི་ཕྱག་མཚན་གསུངས་པ། ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་མཚན་ཉིད་ཤེས་རབ་ཡིན་ལ་མཚན་པ་རལ་གྲི་སྟེ། དེའི་ཕྱག་གཡས་པར་བྱིན་པར་བྱའོ། །དེའི་ཕྱག་གཡོན་པར། ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །ཅེས་པས་ལྕགས་ཀྱུ་བྱིན་ནོ། །ཉོན་མོངས་པ་འདྲེན་པར་བྱེད་པས་སོ། །དེའི་མདུན་དུ་རཾ་ལས་བྱུང་བའི་ཉི་མ་ལ་ཧཱུཾ་ལས་བྱུང་བའི་གནོད་མཛེས་ཞལ་གཅིག་ཕྱག་གཉིས་པ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་ཅན་བསྐྱེད་ལ། གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །ཞེས་གསུངས་ཏེ། གྲགས་ཆེན་ནི་ཧཱུཾ་མཛད་ཀྱིས་གནོད་མཛེས་ལ་བཀའ་བསྒོ་བའོ། །གནོད་མཛེས་ཀྱི་སྔགས་


DTG015_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་པོ་བརྗོད་པས་ཤར་ཕྱོགས་ཀྱི་ཁྲོ་བོ་ལ་སོགས་པ་བཞི་བསྐྱེད་དེ། དེས་མཚམས་བཞིར་ལྷུན་གྱིས་གྲུབ་པར་བྱའོ། །དེ་ཡང༌། ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། །ཞེས་པ་ལྟ་བུའོ། །དེ་ནས་ཁྲོ་བོ་དེ་དག་གིས་ནི་མི་དགེ་བ་བཅུ་ལས་སྐྱེས་པའི་ཕྱོགས་སྐྱོང་བཅུ་བཀུག་སྟ་ཁྲོ་བོ་བཅུའི་མདུན་དུ་གཞག་གོ །སྙན་གྲགས་ནི་ཨོཾ་གྷ་གྷ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བསྐུལ་ཏེ། ཕྱོགས་སྐྱོང་བཅུ་ལ་ཕུར་པ་བཏབ་ནས་ཨཱ་ཀོ་ཊའི་སྔགས་ཀྱིས་སྐུ་གསུང་ཐུགས་ཀྱི་ཕུར་བུས་བཏབ་པས་ལུས་ངག་ཡིད་གསུམ་གྱི་རྟོག་པ་དང་བྲལ་བར་བྱས་ཏེ་བསྟན་པའི་འགྲོགས་སུ་བྱས་པས་སོ། །ཡང་ན་གྲགས་ཆེན་ནི་འོད་ཟེར་ཕྱོགས་བཅུར་སྤྲོས་ནས་ཕྱོགས་སྐྱོང་བཅུ་བཀུག་སྟེ་བཏུལ་བའོ། །སྙན་གྲགས་ནི་མི་དགེ་བ་བཅུ་སྤངས་ཏེ་དགེ་བ་བཅུ་ལ་བཀོད་པའོ། །སྣང་བ་ཆེན་པོ་ཞེས་པ་ནི་དེས་གནོད་མཛེས་ཀྱི་མདུན་དུ་ཉི་མ་ལ་ཡི་གེ་རཾ་བལྟས་ཏེ་ཞབས་ཀྱིས་བརྫིས་པས་རྡོ་རྗེ་ས་གཞི་དང་རབ་དང་གུར་དང་མདའི་དྲ་བ་བསམ་མོ། །གསལ་བ་ཆེ་ཞེས་པ་ནི་དེའི་ཕྱི་རོལ་དུ་མེའི་འོབས་གསལ་བར་བསྒོམ་མོ། །ད་ནི་བསྐྱེད་པའི་རིམ་པའི་མཚན་ཉིད་ཇི་ལྟར་བསྒོམ་པ་བསྟན་པའི་ཕྱིར། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་འཕྲུལ་ཆེན་པོ་འཆང་ཞེས་པ་ནི་སྒྱུ་མ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཡིན་པས་དེ་ལ་འཕྲུལ་པ་ནི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རོ། །ཡང་ན་སྒྱུ་འཕྲུལ་ནི་ཇི་ལྟར་སྒྱུ་མ་མཁན་གྱིས་རྡེའུ་དང་ཤིང་བུ་ལ་སོགས་པ་ལ་རྟ་དང་གླང་པོ་དང་ཁང་བཟངས་ལ་སོགས་པ་མི་བདེན་པའི་དངོས་པོ་སྣང་བ་ལྟར་འདིར་ཡང་ཞེན་པ་མེད་པར་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྒོམ་པར་བྱེད་པས་ན་མཁས་པའོ། །དངོས་པོ་ལ་མངོན་པར་ཞེན་པས་བསྒོམ་པ་ནི་མི་མཁས་པའོ་ཞེས་པའི་དོན་ཏོ། །འོ་ན་མི་བདེན་པའི་དངོས་པོ་སྣང་བ་ནི་དོན་དམ་པ་མ་ཡིན་པ་སྣང་བ་སྟེ་དེ་ལྟ་བུ་བསྒོམས་པས་དོན་གྲུབ་པ་མ་ཞེ་ན། དེའི་ཕྱིར། སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །ཞེས་གསུངས་ཏེ། སྒྱུ་འཕྲུལ་ནི་བཤད་ཟིན་ཏོ། །དོན་ནི་གཉིས་ཏེ། བདག་དང་གཞན་གྱི་དོན་ཏོ། །ཡང་ན་དངོས་གྲུབ་གཉིས་སོ། །གཞན་ཡང་འབྱུང་བ་རིམ་བརྩེགས་ཀྱིས་ཟད་པར་དང་ཟིལ་གནོན་འབྱུང་བས་དེ་སྐད་ཅེས་བྱའོ། །དེ་ཉིད་གསལ་བར་


DTG015_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟན་པའི་ཕྱིར། སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །ཞེས་གསུངས་ཏེ། དགའ་བས་ཞེས་པ་ནི་བདག་གི་དོན་ཏོ། །དགའ་ཞེས་པ་ནི་གཞན་གྱི་དོན་འབྱུང་བ་སྟེ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་མིང་གི་རྣམ་གྲངས་བསྟན་པར་བྱ་བའི་ཕྱིར་རོ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །ཞེས་གསུངས་ཏེ། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་དང་འདྲ་བར་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །གལ་ཏེ་དེ་ལྟ་མ་ཡིན་ཏེ་ཞེ་ན། དེ་ཉིད་དང་བྲལ་བས་བསོད་ནམས་བྱས་པར་འགྱུར་རོ། །དངོས་པོ་དང་ཞེན་པ་དང་མ་བྲལ་པས་ནི་གནོད་སྦྱིན་བྱས་པར་འགྱུར་རོ། །ད་ནི་མངོན་རྟོགས་ཀྱིས་སྔོམ་ཕ་རོལ་ཏུ་ཕྱིན་པ་བཅུ་བསྟན་པར་བྱ་བའི་ཕྱིར། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་ཞེས་བྱ་བ་གཞན་དག་མགོ་གཏོང་བ་དང་མིག་གཏོང་བ་ལ་སོགས་པ་ཡིན་ལ། དེ་ཡངས་དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་རྫོགས་པར་འདོད་པ་ལ་མི་ལྟོས་ཏེ། འདིར་གནས་ཁྱད་པར་ཅན་དུ་སྟན་བདེ་བ་ལ་འདུག་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བས་སྐད་ཅིག་གིས་ལྷའི་ང་རྒྱལ་ཅན་དུ་བྱས་ཏེ་སྙི་གར་ཉི་མ་ལ་ཐུགས་ཀྱི་ཡི་གེ་བལྟ་བར་བྱའོ། །དེ་ནས་མདུན་དུ་སྣ་ཚོགས་པདྨའི་སྟེང་དུ་བླ་མ་དང་སངས་རྒྱས་སྲས་དང་བཅས་པ་དགུག་པའམ་དེ་ཉིད་དུ་བལྟ་བར་བྱ་སྟེ། དེ་ལ་དངོས་པོ་ཀུན་གྱི་ཕྱག་བྱ་བ་དང༌། ཕྱི་དང་ནང་ལ་སོགས་པའི་མཆོད་པས་མཉེས་པར་བྱ་བ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། ལོངས་སྤྱོད་གཏང་བ་དང༌། རང་གི་ལུས་དབུལ་བ་ནི་ལུས་གཏང་བ་དང༌། དེ་ལྟར་དགེ་བའི་རྩ་བ་བསྔོ་བ་ནི་དགེ་བའི་རྩ་བ་གཏང་བ་དང༌། དེའི་རྗེས་ལ་འོག་ནས་སྟོན་པའི་ཚངས་པའི་གནས་བཞི་དྲན་པར་བྱ་སྟེ། སྔགས་སམ། རིག་པ་དང༌། ཏིང་ངེ་འཛིན་གྱིས་སྟོང་པ་ཉིད་དུ་སྒོམ་པར་བྱེད་པ་ནི་སྦྱིན་པའོ། །བདག་པོ་ནི་རྣལ་འབྱོར་པ་སྟེ། ཐུན་མོང་གི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་བཅུའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་སྤངས་པ། ཁྱད་


DTG015_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་གྱི་མཚན་ཉིད་དབང་དང་དམ་ཚིག་དང་ལྡན་པའོ། །ཆེན་པོ་ཡང་ཡིན་ལ་གཙོ་བོ་ཡང་ཡིན་པས་ཆེན་པོའི་གཙོ་བོ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་གྱུར་པའོ་ཞེས་པའི་དོན་ཏོ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །ཅེས་པ་ནི་ཚུལ་ཁྲིམས་ལ་སོགས་པ་འདི་དག་གཞི་གཅིག་ཏུ་བསྡུ་བ་ནི་ཀུན་ལ་ཤེས་པར་བྱའོ། །ཚུལ་ཁྲིམས་ནི་དེའི་མི་མཐུན་པའི་ཕྱོགས་སྤོང་བར་བྱེད་པ་སྟེ། འདིར་ཡང་རྣལ་འབྱོར་པའི་མི་མཐུན་པའི་ཕྱོགས་བར་ཆད་སྤོང་བར་བྱེད་པ་སྟེ། ཇི་ལྟ་བའི་རིམ་པ་ནི་སྔ་མ་བཞིན་ནོ། །འཆང་བའི་མཆོག་ནི་དེ་ལྟར་བསམ་གཏན་དུ་བྱེད་པ་དེའོ། །བཟོད་ཆེན་ནི་སྡུག་བསྔལ་དང་དུ་ལེན་པ་སྟེ། བསྲུང་བའི་ཁང་པའི་ནང་དེར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཆོས་ཀྱི་འབྱུང་གནས་ཨེ་ལས་བྱུང་བར་བལྟའོ། །དེར་ཡམ་རཾ་བཾ་ལཾ་མཾ་རྣམས་ལས་འབྱུང་བ་བཞི་རི་རབ་དང་བཅས་པར་ལྟ་ཞིང་དེར་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་དང་ལྡན་པ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དང་ལྡན་པའི་གདན་ཅན་ནོ། །བརྟེན་པ་ནི་རྟེན་ནོ། །བརྩོན་འགྲུས་ནི་ལེ་ལོ་ལ་མི་གནས་པར་ལྷའི་སྐུར་ལྡང་བ་སྟེ། དེར་དབྱངས་དང་གསལ་བྱེད་ལས་བྱུང་བའི་ཉི་མ་དང་ཟླ་བ་ཀུན་ནས་ཁ་སྦྱར་བའི་བར་དུ་ཁམས་གསུམ་པའི་ངོ་བོ་ཨོཾ་ཨཱཿ་ཧཱུཾ། ཞེས་པར་བསམས་ཏེ། དེ་རྣམས་གོང་བུ་གཅིག་ཏུ་གྱུར་པ་ལས་ཐུགས་ཀྱི་རང་བཞིན་ཧཱུཾ་དང་ལྡན་པའི་རྡོ་རྗེའོ། །དེ་ལས་རྡོ་རྗེ་འཆང་རང་གི་ཤེས་རབ་དང་གཉིས་སུ་མེད་པར་བཞེངས་པའོ། །བརྟུལ་པ་ཡིན་ཞེས་པ་ནི་བཏང་སྙོམས་ལ་མི་བཞུགས་པར་བཞེངས་པའོ། །བསམ་གཏན་ཆེན་པོ་ནི་རྟོག་པ་དང་དཔྱོད་པ་ལས་འདས་ཏེ། དགའ་བ་དང་བདེ་བའི་ངོ་བོ་གནས་པ་སྟེ། དེ་ཡང་ཁམས་གསུམ་མ་ལུས་པ་ཡི་གེ་གསུམ་དུ་བསྡུས་པ་སྟེ། ཧོ་དམར་པོ་གཉིས་ཀྱི་བར་ན་གནས་པ་ནམ་མཁའ་ལ་བལྟས་ཏེ། སྐར་མདའ་འཕྲོ་བའི་རིམ་པས་བདག་ལ་ཐིམ་པས་ཡབ་ཡུམ་ཆགས་པའི་མེ་འབར་བས་སྙོམས་པར་ཞུགས་ཏེ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཐིག་ལེའི་ངོ་བོར་ཞུ་བ་ནི་ཏིང་ངེ་འཛིན་དུ་གནས་པའོ། །ཤེས་རབ་ཆེན་པོའི་ལུས་འཆང་བ་ནི་དེ་ལས་ལྷ་མོ་བཞི་ཆད་དེ། སྔོན་གྱི་ཐུགས་དམ་མ་བརྗེད་པར་སྟོང་པ་ལ་བཞུགས་པར་སེམས་ཅན་གྱི་དོན་ལ་བཞེངས་ཞེས་པའི་གླུས་བསྐུལ་བས་ཟུང་དུ་འཇུག་


DTG015_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་སྐུར་བཞེངས་པའོ། །སྟོབས་པོ་ཆེ་ཞེས་པ་ནི་སྟོབས་དང་ལྡན་པར་བྱ་སྟེ། དེའི་གནས་གསུམ་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པར་བྱའོ། །ཐབས་ཆེ་བ་ཞེས་པ་ནི་དབང་དང་ལྡན་པར་བྱ་བ་སྟེ། འདི་སྐད་གསུངས་པའི་རིམ་པས་དབང་བསྐུར་བ་དང་རིགས་ཀྱི་བདག་པོས་རྒྱས་བཏབ་པའོ། །དེའི་རྗེས་སུ་མིག་ལ་སོགས་པའི་མངོན་པར་ཤེས་པ་དང་ལྡན་པར་བྱ་བའི་ཕྱིར་གཏི་མུག་རྡོ་རྗེ་ལ་སོགས་པ་དགོད་པའོ། །སྨོན་ལམ་ཞེས་པ་ནི་སྨོན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ། སྤྲོ་བ་དང༌། བསྡུ་བ་དང༌། མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བ་དང༌། ངག་གིས་བཟླས་པ་བྱ་བ་རྣམས་སོ། །ཡེ་ཤེས་ཞེས་པ་ནི་ཐིག་ལེ་དང་ཕྲ་མོ་བསྒོམ་པ་སྟེ། གཞལ་ཡས་ཁང་ལ་རྡོ་རྗེའི་བསྲུང་བ་བསྡུས། དེ་འཁོར་གྱི་ལྷ་ལའོ། །དེ་ཡུམ་ལ་བསྡུས་ཏེ་བདག་ཤེས་རབ་དང་བཅས་པས་ཟབ་མོའི་དོན་སྒོམ་པར་བྱེད་པའོ། །གལ་ཏེ་ལྡང་བར་འདོད་ན་ཇི་སྐད་བཤད་པའི་གཏོར་མས་མཉེས་པར་བྱ་བ་སྟེ། ཡི་གེ་བརྒྱ་པས་བཟོད་པར་གསོལ་བར་བྱ་སྟེ། དེ་དག་གསུམ་གྱི་མཐར་བཞག་པས་གཤེགས་པར་བྱས་ཏེ་སྤྱོད་ལམ་གར་བདེ་པས་གནས་པར་བྱའོ། །ད་ནི་བསོད་ནམས་ཀྱི་ཚོགས་ཀྱིས་རྒྱས་གདབ་པ་དང༌། ཚད་མེད་བཞི་ཇི་ལྟར་བསྒོམ་པ་བསྟན་པར་བྱ་བའི་ཕྱིར། བྱམས་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་བྱམས་པ་ཆེན་པོ་ཞེས་བྱ་བ་ནི་བདེ་བའི་རྒྱུ་དང་སེམས་ཅན་ཐམས་ཅད་དང་ལྡན་པར་འདོད་པའོ། །རང་བཞིན་ཞེས་བྱ་བ་ནི་འདི་བཞི་ཆར་གྱི་རང་བཞིན་ཏེ། དམིགས་པ་དང༌། རྣམ་པའོ། །དཔག་ཏུ་མེད་ཅེས་པ་ནི་ཚད་མེད་པའི་ཚིག་བཟུང་ངོ༌། །སྙིང་རྗེ་ཆེན་པོ་ཞེས་པ་ནི་སྙིང་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་སྙིང་རྗེ་ཆེན་པོ་སྟེ། དམིགས་པ་དང་རྣམ་པའི་སྒོ་ནས་སྡུག་བསྔལ་དང་དེའི་རྒྱུ་དང་བྲལ་བར་འདོད་པས་སོ། །བློའི་མཆོག་ཅེས་པ་ནི་དེ་ལྟ་བུ་སྒོམ་པ་པོ་དེ་ནི་ཤེས་རབ་ཆེན་པོ་དང་ལྡན་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ་དམིགས་པ་དང་རྣམ་པའི་སྒོ་ནས་དགའ་བ་དང་བཏང་སྙོམས་ཀྱང་ཤེས་པར་བྱའོ། །འདིས་ནི་སྒོམ་བཞི་ཤེས་པར་བྱའོ། །ཡང་ན་མཆོག་ཅེས་པ་ནི་ཉན་ཐོས་དང་རངས་སངས་རྒྱས་


DTG015_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་ཁྱད་པར་དུ་བྱས་པའོ། །ད་ནི་རྡོ་རྗེ་ཐེག་པའི་ཐབས་ཀྱི་ཆེ་བའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཤེས་རབ་ཆེན་པོ་བློ་ཡི་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཆེན་པོ་ཞེས་པ་ནི་དེ་ལྟར་སྒོམ་པའི་གང་ཟག་དེའི་ཕྱིར་འདི་དང་ཕ་རོལ་གཉིས་ཀར་སེམས་ཅན་གྱི་དོན་བྱེད་པས་ན་ཤེས་རབ་ཆེན་པོའོ། །སྐུ་གསུམ་ལམ་དུ་བྱེད་པ་ནི་བློའི་མཆོག་སྟེ་གང་ཟག་གི་ཆེ་བའོ། །མཁས་པ་ཆེན་པོ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ཏེ། དངོས་གྲུབ་གཉིས་སྒྲུབ་པའི་ཐབས་ལ་མཁས་པའོ། །ཐབས་ཆེ་བ་ཞེས་པ་ནི་ཐབས་མང་བའམ། ཡང་ན་ཉོན་མོངས་པ་ཉིད་ལམ་དུ་བྱེད་པའི་ཕྱིར་ཏེ་ཐབས་ཆེ་བའོ། །རྫུ་འཕྲུལ་ཆེན་པོའི་སྟོབས་དང་ལྡན། །ཞེས་པ་ནི་རྫུ་འཕྲུལ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་བས་ན་རྫུ་འཕྲུལ་ཆེན་པོ་སྟེ། དེ་ལྟར་བླ་མ་དང་སློབ་མའི་ནུས་པས་ཉོན་མོངས་པ་སྐད་ཅིག་ལ་སྤོང་བ་དང་ཡེ་ཤེས་སྐད་ཅིག་ལ་སྐྱེ་བས་ན་རྫུ་འཕྲུལ་ཆེན་པོའོ། །ཡང་ན་བསྐྱེད་པ་དང་རྫོགས་པ་སེམས་ཀྱི་རྣམ་པར་འཕྲུལ་པ་ལ་སྤྱོད་པ་དང༌། རྫུ་འཕྲུལ་ཆེན་པོས་སེམས་ཅན་གྱི་དོན་བྱེད་པས་སོ། །སྐད་ཅིག་གིས་ནི་བདག་དང་གཞན་འཁོར་བ་ལས་འདོན་པས་སྟོབས་དང་ལྡན་པའོ། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །ཞེས་པ་ནི་ཤུགས་ནི་རྩལ་ཏེ་ཉོན་མོངས་པ་གཅོད་པའོ། །མགྱོགས་པ་ནི་ཚེ་གཅིག་གིས་འབྲས་བུ་ཐོབ་པ་སྟེ། ལམ་མྱུར་བའི་ཆེ་བའོ། །འབྲས་བུའི་ཆེ་བ་བསྟན་པའི་ཕྱིར། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །ཞེས་གསུངས་ཏེ། དེ་ལྟ་བུའི་ལམ་ཁྱད་པར་ཅན་གྱིས་འབྲས་བུ་མྱུར་བར་འབྱིན་པས་ན་རྫུ་འཕྲུལ་ཆེན་པོའོ། །གྲགས་པ་ཞེས་པ་ནི་རང་དང་གཞན་གྱི་གྲུབ་མཐའ་ལ་གྲགས་པའོ། །སྟོབས་ཆེན་ཞེས་པ་ནི་འབྲས་བུ་ལྷའི་རྣལ་འབྱོར་གྱི་སེམས་ཅན་རྗེས་སུ་འཛིན་པའོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཟིལ་གྱིས་གནོན་པའོ། །ཡེ་ཤེས་སྟོབས་ཆེ་བར་བསྟན་པའི་ཕྱིར། སྲེད་པའི་རི་བོ་ཆེན་པོ་འཇོམས། །ཞེས་གསུངས་ཏེ། སྲིད་པ་ནི་སྲིད་པ་གསུམ་སྟེ་རི་བོ་དང་འདྲ་བས་རི་བོའོ། །ཇི་ལྟར་རི་བོ་ཆེན་བོས་ནོན་པ་རྣམས་ནི་ཐར་པ་མེད་པའོ། །ཡང་ན་སྲིད་པ་ནི་ཆུ་བོ་བཞི་སྟེ། ཟབ་པ་དང༌། རྒྱ་ཆེ་བ་དང༌། རྒྱུན་མི་འཆད་པ་དང༌། རྒལ་བར་དཀའ་བ་ཞེས་བྱ་བའི་དོན་ཏོ། །དེ་འཇོམས་པས་ན་འཇོམས་པའོ། །དཔེ་ཇི་ལྟ་བུ་སྙམ་པ་ལ།


DTG015_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁྲེགས་ཤིང་ཞེས་པ་ནི་སྲ་བ་དང༌། བརྟན་པ་ལ་སོགས་པ་ཆོས་བདུན་དང་ལྡན་པའོ། །དེ་གང་སྙམ་པ་ལ། རྡོ་རྗེ་ཆེན་པོ་སྟེ། རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་ཆེན་པོ་སྟེ་རྡོ་རྗེ་ཐེག་པའོ། །དེས་ན་སྲ་ཞིང་མཁྲེགས་པའི་རྡོ་རྗེ་ཐེག་པ་དེས་སྲིད་པའི་རི་བོ་ཆེན་པོ་འཇོམས་པའོ། །དྲག་པོ་ཞེས་པ་ནི་རུ་དྲ་ཡིན་ལ། ཆེན་པོ་དྲག་ཤུལ་ཆེན་ཞེས་པ་ནི། ཞལ་བཞི་ཕྱག་བཅུ་གཉིས་པ་ལ་སོགས་པའི་སྐུའི་ཁྲོ་བོ་ཕྱག་མཚན་དང༌། བཞུགས་ཚུལ་ཤིན་ཏུ་མི་བཟད་པ་དེས་འཇོམས་པའོ། །ཇི་ལྟར་མེ་དང་ཤིང་གི་ཕུང་པོ་བཞིན་ནོ། །འཇིགས་ཆེན་ཞེས་པ་ནི་དམྱལ་བ་ལ་སོགས་པ་སྟེ། དེ་དག་གི་ཚེའི་ཚད་དང་ལུས་དང་སྡུག་བསྔལ་དག་ཐོས་པ་འམ་བྲིས་པ་དག་མཐོང་ཡང་འཇིགས་པར་འགྱུར་ན། དེ་ཉིད་ཐོབ་ན་ཅིའི་ཕྱིར་འཇིགས་པར་མི་འགྱུར་ལ། དེའི་ཕྱིར་དེའི་རྒྱུ་དང་འབྲས་བུར་བཅས་པ་ནི་འཇིགས་པ་སྟེ། དེ་འཇོམས་པར་བྱེད་པའོ། །མགོན་པོ་ནི་རྡོ་རྗེ་ཐེག་པ་སྟེ། གང་གིས་དེ་རིག་པ་ནི་མཆོག་ཆེན་པོའོ། །ཡང་ན་མགོན་པོ་ནི་འབྲས་བུའོ། །རིག་པ་ནི་རྟེན་གྱི་གང་ཟག་གོ །མཆོག་ནི་རྡོ་རྗེ་ཐེག་པ་སྟེ་ལམ་མོ། །ཆེན་པོ་ཞེས་པ་ནི་དེའི་མཐུ་སྟེ། དེས་དེ་སྤྱད་པས་དེ་འབྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་གང་སྙམ་པ་ལ། བླ་མ་གསང་སྔགས་ཆེ་བའི་མཆོག །ཅེས་གསུངས་ཏེ། འདིའི་གོང་ན་ལམ་ཁྱད་པར་ཅན་གཞན་མེད་པས་བླ་མའོ། །དེའི་ཕྱིར་གསང་སྔགས་ཆེ་བའི་མཆོག་གོ །ཡང་ན་བླ་མ་ནི་བླ་མའོ། །དེ་ལས་རག་ལས་པའི་སྒོ་ནས་འབྱུང་བས་ན་དེ་སྐད་ཅེས་བྱའོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤང་བྱ་ཡིན་ནམ་སྙམ་པ་ལ། ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཞེས་གསུངས་ཏེ། གོང་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་མིང་མི་འགལ་བར་གསུངས་པས་ནའོ། །འོན་ཀྱང་འདི་ནི་བགྲོད་པའི་ཆོས་སོ། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་གཞི་གཅིག་ཏུ་དུས་གཅིག་ལ་སྤྱོད་པས་ན་ལྡན་པའི་ཆོས་ཏེ་མཆོག་ཅེས་བྱའོ། །ཅིག་ཤོས་ལྟར་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པས་ནི་མ་ཡིན་ནོ། །དེ་དག་གིས་ནི་བྱང་སེམས་རྡོ་རྗེ་བཤད་ཟིན་ཏོ། །

བདུན་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བཤད་པ།


DTG010_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་དེ་ལྟར་ཐབས་ཆེ་བས་འབྲས་བུ་གཟུགས་ཀྱི་སྐུའི་ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །


DTG015_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ལ་སོགས་པ་མི་མཐུན་པ་རྣམས་ནི་སྤངས་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་སོགས་པ་ཡེ་ཤེས་རྣམ་རྒྱས་པའི་ཕྱིར་སངས་རྒྱས་སོ། །ཇི་སྐད་བཤད་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་མཚན་དང་དཔེ་བྱད་དང་ལྡན་པའི་རྣམ་པར་སྣང་མཛད་ཡེ་ཤེས་གང་ཆེན་མཚོ་ཞེས་བྱ་བའི་མིང་ཅན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཡིན་ལ། ཁོ་བོ་ཅག་གི་རྣམ་པར་ཤེས་པ་ནི་གསལ་བ་སྟེ། འོད་གསལ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཡིན་ལ། སྣང་བྱེད་ཅེས་པ་ནི་དེར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་དུ་རུང་བ་ནི་ཆེན་པོ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཁྱད་པར་དུ་གྱུར་པ་དབྱེར་མེད་པའི་སྐུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རྣམ་པར་སྣང་མཛད་པའོ། །སྤྲུལ་པའི་སྐུའི་ཁྱད་པར་ཇི་ལྟ་བུ་སྙམ་པ་ལ། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་གསུངས་ཏེ། ཐུབ་པ་ཆེན་པོ་ཞེས་པ་ནི་སྤྲུལ་པའི་སྐུར་གྲགས་པས་ཆགས་བྲལ་གྱི་གཟུགས་འཛིན་པ་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ཅན་ནོ། །འདིར་ནི་ཐུབ་པ་ཆེན་པོ་སྟེ། སྤྲུལ་སྐུ་ཁྱད་པར་དུ་གྱུར་པ་དྲེགས་པ་ཅན་ཚར་གཅད་པའི་ཕྱིར་རྣམ་པ་སྐུའི་ཁྲོ་བོ་ཞལ་བཞི་ཕྱག་བཅུ་གཉིས་པ་ལ་སོགས་པ་རང་གི་ཤེས་རབ་དང་གཉིས་སུ་མེད་པ་སྐུ་མདོག་ཕྱག་མཚན་དང་བཞུགས་ཚུལ་ལ་སོགས་པ་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ་སྤྲུལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་སྤྲུལ་པ་དག་གོ །ངོ་བོ་ནི་ཟུང་དུ་འཇུག་པའི་སྐུའོ། །གལ་ཏེ་རྡོ་རྗེ་ཐེག་པའི་གཞུང་འདིར་ཐུབ་པ་དང་ཐུབ་པ་ཆེན་པོ་ཞས་གསུངས་སུ་ཟིན་ཀྱང༌། རང་གི་གཞུང་ལ་དེ་ལྟ་བུ་མ་གྲགས་སོ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་དུ་ལས། ཨོཾ་ཏ་དྱ་ཐཱ། མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་གསལ་པོ་ཉིད་དུ་གསུངས་པའི་ཕྱིར་རོ། །ད་ནི་ལམ་གྱི་ཁྱད་པར་བསྟན་པའི་ཕྱིར། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཞེས་པ་ལ་སོགས་པ་གསུངས་ཏེ། གསང་བ་ཞེས་པ་ནི་གསང་སྔགས་སུ་བྱེད་པ་སྟེ། གནས་དང་སྟོན་པ་དང་ཆོས་དང་རྫས་ལ་སོགས་པ་སྐལ་བ་དང་མི་ལྡན་པ་ལ་གསང་བའི་ཕྱིར་རོ། །སྔགས་ཞེས་པ་ནི་ཡིད་སྐྱོབ་པ་སྟེ། དེ་བས་ན་དེའི་ཚུལ་


DTG015_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལམ་ལུགས་སམ་ལམ་ལས་དེ་ལྟ་བུ་འབྱུང་བའི་ཕྱིར་ཆེན་པོའོ། །ལས་བྱུང་བ་ཞེས་པ་ནི་གཉིས་སུ་མེད་པ་ལས་འབྲས་བུ་གཉིས་སུ་མེད་པ་འབྱུང་ཞེས་པའི་དོན་ཏོ། །དེའི་ཕྱིར། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་གསུངས་ཏེ། ལམ་དང་འབྲས་བུ་གཉིས་སུ་མད་པ་ལས་བྱུང་བས་ན་བདག་ཉིད་ཅན་ཏེ་བདག་ཉིད་གཅིག་པ་ཞེས་བྱ་བའི་ཐ་ཚིག་གོ །ལྷག་མ་ནི་སྔ་མ་བཞིན་ནོ། །ད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྒྲ་དོན་རྣམ་པར་བཤད་པར་བྱ་སྟེ། དེའི་ཕྱིར། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕ་རོལ་ཕྱིན་བཅུ་ནི་འདི་ལྟ་སྟེ། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཐབས་དང༌། སྟོབས་དང༌། སྨོན་ལམ་དང༌། ཡེ་ཤེས་སོ། །ཐོབ་པ་ཞེས་པ་ནི་ཐོབ་པ་འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ཞེས་བྱ་བ་ལ་སོགས་པ་འོག་ནས་སྟོན་ཏོ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཞེས་པ་ནི་བརྗོད་ཟིན་ཏོ། །གནས་པ་ཞེས་པ་ནི་གནས་པ་ལམ་སྟེ། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་བྱ་བ་ལ་སོགས་པ་ལམ་བསྐྱེད་པའི་རིམ་པ་བསྟན་ཏེ། སྔར་བཤད་ཟིན་ཏོ། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཞེས་པ་ནི་དག་པ་རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པའོ། །དག་པ་དེ་ཇི་ལྟར་སྙམ་པ་ལ། ཇི་སྐད་བཤད་པའི་ཕ་རོལ་ཏུ་ཕྱིན་པར་ལམ་ལྔ་དང་ས་བཅུ་བགྲོད་པས་འབྲས་བུ་སྐུ་གསུམ་ཞེས་བཤད་པ་དེ་འདིར་དག་པ་འམ་ལྡན་པ་སྟེ། རིག་པའི་ཕོ་ཉ་མོ་འམ། དབྱངས་ཀྱི་ཕོ་ཉ་མོ་ལ་བརྟེན་ནས་དག་པས་ཏེ། སྐུ་གསུམ་གྱི་ངོ་བོ་ཉིད་ཀྱིས་རང་བཞིན་གྱིས་འཁོར་ལོ་བཞི་འམ་དྲུག་ལུས་ལ་གནས་ཏེ། སྤྱི་བོ་གཙུག་ཏོར་གྱི་འཁོར་ལོར་རྩ་འདབ་མ་བརྒྱད་པའོ། །བདེ་བ་ཆེན་པོ་འཁོར་ལོར་ཕྱིའི་འདབ་མ་སུམ་ཅུ་རྩ་གཉིས་པ་ནང་འདབ་མ་བརྒྱད་དོ། །ལོངས་སྤྱོད་ཀྱི་འཁོར་ལོར་ཕྱིའི་འདབ་མ་བཅུ་དྲུག་པ་ནང་འདབ་མ་བརྒྱད་པའོ། །ཆོས་ཀྱི་འཁོར་ལོར་ཕྱིའི་འདབ་མ་བརྒྱད་དང་ནང་གི་འདབ་མ་བརྒྱད་པའོ། །སྤྲུལ་པའི་འཁོར་ལོར་ཕྱི་འདབ་མ་དྲུག་ཅུ་རྩ་བཞི་ནང་འདབ་མ་བརྒྱད་པའོ། །དེ་ལ་བླ་མ་དམ་པའི་ཞལ་གྱི་གདམས་ངག་གིས་རིག་པའི་ཕོ་ཉའི་


DTG015_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིམ་པའམ། དབྱངས་ཀྱི་ཕོ་ཉའི་རིམ་པས་བྱང་ཆུབ་ཀྱི་སེམས་སྤེལ་བ་དང་སྤྲོ་བ་བྱས་ཏེ། སླར་བསྡུས་ཏེ་བདེ་བ་ཆེན་པོས་བཀང་ནས་སྐུ་གསུམ་གྱི་ངོ་བོ་འཁོར་ལོ་གསུམ་གྱི་ནང་འདབ་མ་ཁེངས་པར་བྱེད་པའི་རིམ་པས་དག་པའམ་ལྡན་པའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ལོངས་སྤྱོད་ཀྱི་འཁོར་ལོའི་ནང་གི་ཤར་དང་བྱང་ཁེངས་པས་ནི་སྦྱིན་པ་ལ་སོགས་པ་དག་པའོ། །ནུབ་དང་ལྷོ་གང་བས་ནི་ཚུལ་ཁྲིམས་ལ་སོགས་པའོ། །དེ་ནས་ཆོས་ཀྱི་འཁོར་ལོའི་ཤར་དང་བྱང་གང་བས་ནི་བཟོད་པ་ལ་སོགས་པའོ། །ནུབ་དང་ལྷོ་གང་བས་ནི་བརྩོན་འགྲུས་ལ་སོགས་པའོ། །ཤར་དང་ལྷོ་དང་ནུབ་གང་བས་ནི་བསམ་གཏན་ལ་སོགས་པའོ། །ནུབ་དང་ཤར་དང་བྱང་གི་ནི་ཤེས་རབ་ལ་སོགས་པའོ། །སྤྲུལ་པའི་འཁོར་ལོའི་ཤར་དང་བྱང་གི་ནི་སྟོབས་ལ་སོགས་པའོ། །ལྷོ་དང་ནུབ་ནི་ཐབས་ལ་སོགས་པའོ། །ཤར་དང་ལྷོ་དང་ནུབ་ཀྱི་ནི་སྨོན་ལམ་ལ་སོགས་པའོ། །ནུབ་དང་བྱང་དང་ཤར་གྱི་ནི་ཡེ་ཤེས་ལ་སོགས་པ་དག་པའམ་ལྡན་པའོ། །གཞན་ཡང་དེའི་ནུས་པས་ལུས་རྗེས་སུ་དྲན་པ་དང༌། ཚོར་བ་རྗེས་སུ་དྲན་པ་དང༌། ཆོས་དང༌། སེམས་དང༌། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། བརྩོན་འགྲུས་དང༌། དཔྱོད་པ་དང༌། སེམས་དང༌། དགེ་བའི་ཆོས་མ་སྐྱེས་པ་སྐྱེས་པ་དང༌། སྐྱེས་པ་འཕེལ་བར་བྱེད་པ་དང༌། མི་དགེ་བའི་ཆོས་སྐྱེས་པ་སྤོང་བ་དང༌། མ་སྐྱེས་པ་མི་སྐྱེད་པ་རྣམས་ནི་ཚོགས་ཀྱི་ལམ་མོ། །དད་པའི་དབང་པོ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་དང༌། དད་པའི་སྟོབས་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་སྟོབས་རྣམས་ནི་སྦྱོར་བའི་ལམ་མོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཆོས་རྣམ་པར་འབྱེད་པ་དང༌། དྲན་པ་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མཐོང་བའི་ལམ་མོ། །ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། བརྩོན་འགྲུས་དང༌། ལས་ཀྱི་མཐའ། འཚོ་བ། རྩོལ་བ། དྲན་པ། ཡང་དག་པའི་ཏིང་ངེ་འཛིན་རྣམས་ནི་བསྒོམ་པའི་ལམ་དུ་བསྡུའོ། །སྐུ་གསུམ་ནི་མཐར་ཕྱིན་པའི་ལམ་ལ་བསྡུའོ། །དེ་ལྟར་ན་དག་པ་རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །


DTG015_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་པ་ནི་ཚུལ་མན་ངག་གི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །མགོན་པོས་བཅུའི་དབང་ཕྱུག་ནི། །བྱང་ཆུབ་ཀྱི་སེམས་སོ། །དེ་གར་གནས་སྙམ་པ་ལ། ས་བཅུ་ལ་ནི་གནས་པ་པོ། །ཞེས་གསུངས་ཏེ། ས་བཅུ་ནི་རབ་ཏུ་དགའ་བ་དང༌། དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་དང༌། སྦྱང་དཀའ་བ་དང༌། མངོན་དུ་གྱུར་པ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་ཞེས་བྱ་བ་རྣམས་སོ། །གནས་པ་པོ་ཞེས་བྱ་བ་ནི་ཇི་ལྟར་འཁོར་ལོའི་རིམ་པ་ནི་ས་བཅུ་ཡིན་ལ། བདེ་བ་ཆེན་པོའི་འཁོར་ལོར་ཧཾ་གི་རྣམ་པར་གནས་པ་ནི་གནས་སོ། །ཤེས་བཅུ་ཞེས་པ་ནི་སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། ལམ་དང༌། འགོག་པ་དང༌། ཟད་པ་དང༌། མི་སྐྱེ་བ་དང༌། ཆོས་དང༌། རྗེས་སུ་རྟོགས་པ་དང༌། ཀུན་རྫོབ་དང༌། སྒྲ་ཇི་བཞིན་མ་ཡིན་པ་ཤེས་པ་རྣམས་སོ། །རྣམ་དག་ནི་བྱང་ཆུབ་སེམས་འགེངས་པའི་རིམ་པས་སོ། །བདག་ཉིད་ཅན་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་ན་ཤེས་པ་བཅུ་རྣམ་པར་དག་པ་ནི་འཁོར་ལོ་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱས་ཤིང་གང་བས་འཆང་བའམ་འཛིན་པའོ། །དེས་ནས་བཅུ་ནི་བཤད་པ་དང༌། འཆད་པའོ། །དོན་བཅུའི་དོན་ནི་དེ་དག་ཀུན་བྱང་ཆུབ་སེམས་སུ་དག་པས་དོན་ཏོ། །ཐུབ་པའི་དབང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་མཁྱེན་པ་དང༌། ཁམས་སྣ་ཚོགས་མཁྱེན་པ་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང༌། བསམ་གཏན་དང་བསམ་གཏན་མ་ཡིན་པ་མཁྱེན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་དང༌། འཆི་འཕོ་བ་དང༌། སྐྱེ་བའི་གནས་མཁྱེན་པ་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །དེ་དག་མངའ་བ་དེ་དག་ལ་ཡང་བྱང་ཆུབ་ཀྱི་ཁྱབ་པས་ན་བདག་ཉིད་དོ། །དེས་ཅི་བྱེད་སྙམ་པ་ལ། ཀུན་གྱི་དོན་ནི་མ་ལུས་བྱེད། །ཅེས་གསུངས་ཏེ། ཀུན་ཞེས་པ་ནི་རྣམ་པ་དེ་རྣམས་སོ། །དོན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །མ་ལུས་ཞེས་པ་ནི་བཤད་པ་དང་འཆད་པའི་རྣམ་པས་སོ། །བྱེད་པ་ནི་གཉིས་སུ་མེད་པར་ཞེས་


DTG015_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་དོན་ཏོ། །རྣམ་བཅུ་དབང་ལྡན་ཞེས་པ་ནི་ཚེ་ལ་དབང་བ་དང༌། སེམས་ལ་དབང་བ་དང༌། ཡོ་བྱད་དང༌། ལས་དང༌། སྐྱེ་བ་དང༌། རྫུ་འཕྲུལ་དང༌། མོས་པ་དང༌། སྨོན་ལམ་དང༌། ཡེ་ཤེས་དང༌། ཆོས་ལ་དབང་བ་རྣམས་སོ། །ཆེ་བ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཆེ་བ་བསྟན་པ་རྣམས་སོ། །དེ་ནས་དེ་དག་གི་ངོ་བོ་བསྟན་པའི་ཕྱིར། ཐོག་མ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མ་ནི་སྔ་མ་སྟེ་རྣམ་པའོ། །དེའི་ཐོག་མ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལས་ཐོག་མར་གྱུར་པ་མེད་པའི་ཕྱིར་ཐོག་མ་མེད་པའོ། །གལ་ཏེ་ཡོད་ན་སྤྲོས་པར་འགྱུར་པས་དེའི་ཕྱིར་དེ་ལ་སྤྲོས་མེད་བདག་ཅེས་གསུངས་སོ། །དེ་བཞིན་ཉིད་བདག་ཅེས་པ་ནི་སྔ་མ་བཞིན་ཏེ་དག་པའོ། །བདག་ཉིད་ཅེས་པ་ནི་རྣམ་པ་དང་དག་པ་ནི་མར་མེ་དང་སྣང་བ་ལྟ་བུ་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཡང་ན་ཐོག་མ་ཐ་མ་མེད་པ་ཞེས་པ་ནི་སྐྱེ་བ་འགག་པ་གནས་པ་གསུམ་མེད་པས་ན་དེ་སྐད་ཅེས་བྱའོ། །ཡང་ན་ཐོག་མ་ནི་རྒྱུ་ཡིན་ལ་དེ་དག་པ་སྣང་བ་ལྷའི་དཀྱིལ་འཁོར་གྱི་བདག་ཉིད་དོ། །ད་ནི་དག་པ་བསྒོམ་པའི་ཕན་ཡོན་བསྟན་པའི་ཕྱིར། བདེན་པར་སྨྲ་ཞེས་པ་ལ་སོགས་པ་གསུངས་ཏེ། དག་པ་ཁོང་དུ་ཆུད་པ་དེས་ལུང་སྟོན་པ་ན་ཡང་སྡུག་བསྔལ་མེད་ལ། གཞན་དག་གིས་ཀྱེ་མ་ཁྱོད་ལུས་བཏང་བའི་སྡུག་བསྔལ་འདིས་འགྱོད་པར་མ་གྱུར་ཏམ་ཞེ་ན་མ་གྱུར་ཅེའོ། །འོ་ན་ཁྱོད་ལ་ཚད་མ་ཅི་ཡོད་ཅེ་ན། དེ་ལྟར་ན་སྡུག་བསྔལ་བར་འགྱུར་ལ། གལ་ཏེ་ཚིག་དོན་བདེན་ན་ནི་དེའི་མཐུས་སྔ་མ་བཞིན་དུ་གྱུར་ཅིག་ཅེས་བརྗོད་མ་ཐག་ཏུ་འགྱུར་པའོ། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་པ་ནི་ཇི་ལྟར་ཤཱནྟིཾ་ཀུ་རུ་ལ་སོགས་པས་ཞི་བ་ལ་སོགས་པར་འགྱུར་བ་ལྟར་རོ། །གཉིས་མེད་ཅེས་པ་དག་པའི་སྒོ་ནས་གདུལ་བྱ་བཏུལ་བའོ། །གཉིས་སུ་མེད་པར་སྟོན་ཅེས་པ་ནི་དེ་དག་ཀྱང་དག་པ་ལ་འཛུད་པ་སྟེ། ཇི་ལྟར་བརྡ་ལ་ཤེད་མ་བྱེ་བའི་བྱིས་པ་དག་ལ་བརྩེ་བའི་སེམས་ཀྱིས་ཕ་མས་བུ་རམ་སྦྱིན་པར་འདོད་པས་ཁར་བུ་རམ་བཅུག་ཀྱང་ཟ་བར་མི་བྱེད་ལ། དེའི་རོ་མྱང་བར་བྱ་བའི་ཕྱིར་དྲག་ཤུལ་ཀྱིས་འཇུག་པར་བྱའོ། །དེས་དེའི་རོ་མྱང་ནས་དེ་ལ་རྩོལ་བ་མ་བྱས་པར་དཔྱོད་པ་བཞིན་ནོ། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་པ་ནི་གནས་ནས་ཕྱིར་རྒོལ་བ་རྣམས་ཚར་གཅོད་པར་བྱེད་ནུས་ཞེས་པའོ། །ཡང་ན་རང་བཞིན་དག་པ་དེ་ཁོང་དུ་ཆུད་ནས་ཡང་དག་པའི་


DTG015_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐའ་ལ་གནས་པའོ་ཞེས་བྱ་བའི་དོན་ཏོ། །དེས་ཅི་བྱེད་སྙམ་པ། བདག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཟག་དང་ཆོས་ཀྱི་བདག་མེད་པ་ནི་བདག་མེད་པ་སྟེ་དག་པའོ། །དེའི་སྒྲ་བསྒྲགས་ན་བདག་ཏུ་ལྟ་བ་ཅན་མུ་སྟེགས་ལ་སོགས་པ་ཚར་གཅོད་པར་བྱེད་ཅིང་དེའི་སྟོབས་ཀྱིས་རང་གི་བསྟན་པ་ལ་དགོད་པའོ། །དེའི་མཐུན་པའི་དཔེ་བསྟན་པར་བྱ་བའི་ཕྱིར། སེང་གེ་ཞེས་བྱ་བ་ལ་སོགས་ཏེ་གོ་སླའོ། །ཀུན་དུ་འགྲོ་བའི་དོན་ཡོད་སྟོབས། །ཞེས་པ་ནི་ཕྱོགས་ཀུན་དུ་འགྲོ་བ་ཉིད་དོ། །དོན་ཡོད་ཅེས་པ་ནི་འགྲོ་བ་ཡང་དག་པ་དང་མི་བྲལ་ཞིང་དེའི་ངོ་བོ་ཉིད་དེ། །ཡང་ན་དག་པ་དང་ལྡན་པ་དེ་ལུས་དང་ངག་དང་ཡིད་ཀུན་དུ་འགྲོ་བ་ཡང་འགྲོ་ལ་དོན་མེད་པ་མ་ཡིན་ཏེ། དོན་ཡང་ཡོད་པས་ན་དོན་ཡོད་སྟོབས་སོ། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །ཞེས་པ་ནི་སྟོབས་ཞེས་པ་གོམས་པའི་འགྲོས་ཏེ། དེ་བཞིན་གཤེགས་པའི་མཐུ་ལྟར་མགྱོགས་པའོ། །དེ་བཞིན་གཤགས་པའི་ཐུགས་ནི་མཁྱེན་པའི་སྐད་ཅིག་ལ་ཀུན་མཁྱེན་པས་ན་མགྱོགས་ཞེས་པའོ། །རྒྱལ་བ་ཞེས་པ་ནི་དག་པ་དེས་ཉོན་མོངས་པ་བཅོམ་པས་སོ། །རྣམ་པར་རྒྱལ་ཞེས་པ་ནི་ཉོན་མོངས་པ་ཉིད་ལམ་དུ་བྱས་པའོ། །དེའི་ཕྱིར་དགྲ་ལས་རྒྱལ་ཞེས་བྱའོ། །དེའི་མཐུན་དཔེ་གསུངས་པ། འཁོར་ལོས་སྒྱུར་པ་སྟོབས་པོ་ཆེ། །ཞེས་པ་ནི་འཁོར་ལོས་སྒྱུར་པའི་རྒྱལ་པོས་གླིང་བཞི་པོ་ཀུན་བཏུལ་ནས་རང་གི་འབངས་སུ་བྱས་པས་ན་སྟོབས་ཆེ་བའོ། །དཔེའི་རྣམ་གྲངས་གཞན་བསྟན་པ། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཅེས་གསུངས་ཏེ། ཚོགས་ནི་མིའི་ཚོགས་སོ། །དེའི་སློབ་དཔོན་ཞེས་པ་ནི་དེ་རྣམས་བཏུལ་ནས་རང་གི་སློབ་མར་བྱས་པས་ན་ཚོགས་ཀྱི་མཆོག་གོ །ཡང་ན་ཚོགས་ནི་སྣང་བའོ། །དེའི་སློབ་དཔོན་ནི་དག་པ་སྟེ་འདུལ་ཞིང་འཇོམས་པའི་ཕྱིར་རོ། །དེས་ན་ཚོགས་ཀྱི་མཆོག་གོ །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །ཞེས་པ་ནི་རྗེ་བོ་དང༌། བདག་པོ་དང༌། དབང་ཕྱུག་ནི་མིང་གི་རྣམ་གྲངས་སོ། །མཐུ་ཆེན་གཅེས་པ་འཛིན་པ་སྟེ། །ཞེས་པ་ནི་ཉོན་མོངས་པ་སྐད་ཅིག་ལ་འཇོམས་པ་ན་མཐུ་ཆེ་བའོ། །གཅེས་པ་ནི་དག་པ་སྟེ་གནོད་བྱེད་ཡིན་ཞེས་པའི་དོན་ཏོ། །ཡང་ན་རང་ལ་མི་ཚུགས་ཤིང་གཞན་ཟིལ་གྱིས་གནོན་པས་ན་མཐུ་ཆེན་ཞེས་


DTG015_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའོ། །འཛིན་པ་ནི་དག་པ་དང་ལྡན་པའི་རྣལ་འབྱོར་པའོ། །དེའི་ཕྱིར། ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཅེས་གསུངས་ཏེ། རྡོ་རྗེ་ཐེག་བའི་ཚུལ་འདིར་དག་པ་དང་ལྡན་པའི་ཐེག་བ་གཞན་ལ་རག་མི་ལུས་པ་སྟེ། ཚུལ་མན་ངག་དང་དག་པའི་རང་བཞིན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཕྱིར་བསྐལ་པ་གྲངས་མེད་པར་ས་དང་ལམ་བགྲོད་པ་མི་དགོས་ཞེས་བྱ་བའི་ཐ་ཚིག་གོ །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཞེས་བྱ་བ་ནི་ཚིག་རྣམས་ཀྱི་རྗེ་བོ་དང་བདག་པོ་ནི་དག་པ་ཡིན་ཏེ། དེ་ལས་བྱུང་བའི་ཕྱིར་རོ། །སྨྲ་མཁས་པ་ནི་དག་པ་སྟེ་སྨྲས་པས་སེམས་ཅན་དབུགས་འབྱིན་པའོ། །ཚིག་ལ་དབང་བ་ནི་གང་སྨས་པ་དེ་འགྲོ་བ་གཞན་ཉན་པའོ། །ཚིག་མཐའ་ཡས་ཞེས་པ་ནི་གང་ལ་གང་བསྟན་པར་འོས་པའི་ཚིག་སྟེ། ཉན་ཐོས་ལ་སོགས་པ་ལ་བདེན་པ་བཞི་ལ་སོགས་པ་སྟོན་པའོ། །ཚིག་བདེན་པར་སྨྲས་པས་དོན་བདེན་པར་གྱུར་པ་ན་ཚིག་བདེན་པར་སྨའོ། །ཚིག་མཐའ་ཡས་ཞེས་པ་དེ་ཉིད་གང་སྙམ་པ་ལ། བདེན་པ་བཞི་ནི་སྟོན་པ་པོ། །ཞེས་བྱ་བ་གསུངས་ཏེ། བདེན་པ་བཞི་ནི་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མོ། །སྟོན་པ་པོ་ཞེས་པ་ནི་དག་པ་དང་ལྡན་པ་དེས་ཉན་ཐོས་ལ་སོགས་པ་རྣམས་ལའོ། །དེས་ཅིར་འགྱུར་ན། ཕྱིར་མི་ལྡོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ཀྱི་འབྲས་བུ་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཞེས་བྱ་བའི་འབྲས་བུ་འབྱིན་པའི་ཕྱིར་རོ། །དེ་འབའ་ཞིག་གམ་སྙམ་པ་ལ། འདྲེན་པ་རང་རྒྱལ་ཏེ། འོག་ནས་སྟོན་པའི་ཡན་ལག་བཅུ་གཉིས་བསྟན་པས་དེའི་འབྲས་བུ་བསེ་རུ་ལྟ་བུ་དང༌། ཚོགས་ནི་སྤྱོད་པ་འབྱུང་བའོ། །དེར་མ་ཟད་དེ། ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །ཞེས་གསུངས་ཏེ། མདོར་ན་ཐེག་པ་གསུམ་གྱིས་བསྡུས་པའི་ངེས་འབྱུང་སྣ་ཚོགས་སོ། །ལས་འབྱུང་བ་ཞེས་པ་ནི་རྣམ་པར་དག་པ་འདི་ལས་བྱུང་བའོ་ཞེས་བྱ་བའི་དོན་ཏོ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་པ་ལ། འབྱུང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་འབྱུང་བ་ཆེན་པོ་སྟེ། ས་དང་ཆུ་དང་མེ་དང་རླུང་ངོ༌། །རྒྱུ་གཅིག་པོ་ཞེས་པ་ནི་རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་སོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །ཅེས་བྱ་བ་ལ། དགེ་སློང་ཞེས་པ་ནི་བཏགས་པའི་


DTG015_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགེ་སློང་དང་དམ་བཅས་པའི་དགེ་སློང་དང༌། སློང་བའི་དགེ་སློང་དང༌། དོན་དམ་པའི་དགེ་སློང་འདི་ནི་དོན་དམ་པའི་དགེ་སློང་སྟེ། རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་ཉིད་ཉོན་མོངས་པའི་དགྲ་སྟེ། དེས་འཕགས་པའི་ནོར་བདུན་འཕྲོག་པའི་ཕྱར་རོ། །ཟགས་པ་ནི་ཡུལ་དང་དབང་པོ་ལ་བརྟན་པའི་རྟོག་པའོ། །ཟད་པ་ནི་ཡུལ་དང་དབང་པོ་ལྷ་དང་ལྷ་མོ་གཉིས་སུ་མེད་པར་བསྒོམ་པའོ། །ཡང་ན་འདོད་པའི་ཟག་པ་ནི་ཡུལ་དང་ཡུལ་ཅན་དུ་རྟོག་པ་དང་སྲིད་པའི་ཟག་པ་ནི་སྐྱེ་རྒ་ན་འཆི་དང༌། མ་རིག་པའི་ཟག་བ་ནི་འཁོར་བར་འཁོར་བར་བྱེད་པའོ། །ལྟ་བའི་ཟག་པ་ན་བདག་དང་བདག་གིར་འཛིན་པ་སྟེ། དེ་དག་དགེ་སློང་དེས་ཟད་པར་བྱས་པའོ། །ཟད་པ་དེ་ཉིད་གང་ཞེ་ན། འདོད་ཆགས་བྲལ་བས་དབང་པོ་ཐུལ། །ཞེས་གསུངས་ཏེ། འདོད་ཆགས་ནི་ཡུལ་ལ་འདོད་ཅིང་ཆགས་པ་སྟེ། དེ་དང་བྲལ་བས་སོ། །དབང་པོ་ཐུལ་ཞེས་པ་ནི་ལུས་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་ལས་སོ། །ཡང་ན་དབང་པོའི་སྤྱོད་ལམ་དུལ་བའོ། །ཐུལ་བ་ཙམ་མམ་ཞེ་ན། དེའི་སྟེང་དུ། བདེ་བ་རྙེད་ཅེས་གསུངས་ཏེ། འདོད་པའི་ཡོན་ཏན་ལྔ་ལ་བརྟེན་ནས་རྙེད་པའོ། །འཇིགས་མེད་ཅེས་པ་ནི་ཡུལ་གང་ལ་སྤྱོད་ཀྱང་འཇིགས་པ་འམ། ཡང་བ་མེད་པའོ། །ཡང་ན་ཡུལ་གང་ལ་སྤྱོད་ཀྱང་འཁོར་བའི་འཇིགས་པ་དང་བྲལ་བའོ། །ཐོབ་པ་ཞེས་པ་ནི་དེའི་སྒོ་ནས་དེ་ཁོ་ན་ཉིད་རྙེད་པའོ། །མྱ་ངན་ལས་འདས་པ་ལའང་འདོད་པའི་གདུང་བ་མེད་པས་ན་བསིལ་བར་གྱུར་པའོ། །རྙོག་བ་ནི་རྟོག་པའི་རྦ་རླབས་མེད་པས་སོ། །དེ་ལྟ་བུ་གང་གིས་རྙེད་སྙམ་པ་ལ། རིག་པ་དང་ནི་རྐང་པར་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་མའི་མན་ངག་ནི་རིག་པ་སྟེ། མིག་དང་འདྲ་བས་རྟོགས་པར་བྱ་ཞིང་ཉམས་སུ་མྱོང་བ་རྐང་པ་དང་འདྲ་བས་བགྲོད་པར་བྱའོ། །ཡང་ན་རིག་པ་ནི་ལྟ་བ་སྟེ་མིག་དང་འདྲ་བའོ། །དེ་བླ་མའི་ཞབས་ལ་གུས་པར་བྱས་པས་དེ་ཐོབ་པར་བྱ་སྟེ། ཡང་སྤྱོད་པ་ཡང་རྐང་པ་དང་འདྲ་བར་སྤྱད་པར་བྱའོ། །དེ་ལ། བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །ཅེས་བྱ་བ་སྟེ། འཇིག་རྟེན་ན་གནས་ཀྱང་བདེ་བར་གཤེགས་པར་རིག་པར་བྱའོ། །ཡང་ན་འཇིག་རྟེན་ནི་གཟུགས་ལ་སོགས་པ་ཡིན་ལ། དེ་རྣམ་


DTG015_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་དག་པ་གཉིས་སུ་མེད་པར་རིག་པ་ནི་བདེ་བར་གཤེགས་པའི་མཆོག་གོ །རིག་པ་དེ་ཅི་འདྲ་སྙམ་པ་ལ། བདག་གིར་མི་འཛིན་ངར་མི་འཛིན། །ཞེས་གསུངས་ཏེ། བདག་དང་བདག་གི་ཞའམ་ང་དང་ངའི་ཞེས་པར་མི་འཛིན་པའོ། །འོན་ཀྱང༌། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་པ་ནི་དོན་དམ་པ་དང་ཀུན་རྫོབ་གཉིས་ཀྱི་ཚུལ་གྱིས་གནས་ཏེ། མངོན་སུམ་རྟོགས་པ་མེད་ཅེས་པའི་དོན་ཏོ། །དེ་ནི་འཁོར་བའི་ཕ་རོལ་མཐར་སོན་བའོ། །བྱ་བ་བྱས་པས་སྐམ་སར་གནས། །ཞེས་པ་སྟེ། མི་སློབ་པ་ཞེས་བྱ་བའོ། །འོན་ཀྱང་ལས་དང་པོ་པ་ལ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་གོང་དུ་བསྟན་པ་ལྟར་འཇུག་པའོ། །དེའི་ཕྱིར་བྱ་བ་བྱས་པ། །བྱེད་པ་བྱས་པ། ཁུར་བོར་བ་ཞེས་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །དེ་ལྟ་བུ་ནི་ཡེ་ཤེས་འབའ་ཞིག་ངེས་བསལ་བ་སྟེ། དཔེར་ན་རིན་པོ་ཆེའི་གླིང་དུ་ཕྱིན་ན་ས་དང་རྡོ་ལ་སོགས་པའི་མིང་ཡང་མི་གྲག་པ་བཞིན་དུ་འདིར་ཡང་གཞན་གྱི་གོ་སྐབས་གང་ཡང་མི་འབྱེད་དོ། །དེས་ནི་ཉོན་མོངས་པའི་མགོ་ལྟུང་བར་བྱེད་པས། ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །ཞེས་བྱ་བའོ། །ད་ནི་རྒྱུ་དང་ལམ་དང་འབྲས་བུ་གསུམ་གྱི་ཆོས་བསྟན་པར་བྱ་བའི་ཕྱིར། དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན་ལ། ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །ཆོས་ཀྱི་རྒྱལ་པོ་ནི་དེ་ལས་རྣམ་པར་ཕྱེ་བ་སྟེ། གསང་བ་བླ་ན་མེད་པའོ། །གསལ་བ་ཞེས་པ་ནི་འོད་གསལ་བ་སྟེ། དེ་སྟོན་པས་ན་ལྡན་པའོ། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཅེས་པ་འཇིག་རྟེན་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ། དེ་དག་ལ་གནས་པ་ནི་མུན་པ་དང་འདྲ་བ་ཞེས་པའི་དོན་ཏོ། །སྣང་བ་ནི་འོད་གསལ་བ་སྟེ། དེ་སྣང་བར་བྱེད་པ་ནི་འོད་གསལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབང་ཕྱུག་ནི་ཆོས་རྣམས་ལ་དབང་སྒྱུར་པའོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་གསང་སྔགས་སོ། །ཡང་ན་ཆོས་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཡིན་ལ། དེ་ལས་རྒྱལ་བས་ན་རྒྱལ་བའོ། །ལམ་གྱི་ཆོས་བསྟན་པར་བྱ་བའི་ཕྱིར། །ལེགས་པའི་ལམ་ནི་སྟོན་པ་པོ། །ཞེས་གསུངས་ཏེ། ལེགས་པ་ནི་


DTG015_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐུ་བཞི་ཡིན་ལ། དེ་ཐོབ་པར་བྱེད་པའི་ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་བཤད་ཟིན་པ་དེ་དག་སྟོན་པས་སྟོན་པའོ། །འབྲས་བུའི་ཆོས་བསྟན་པར་བྱ་བའི་ཕྱིར་དོན་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ནི་ཟུང་དུ་འཇུག་པའི་སྐུའོ། །གྲུབ་པ་ནི་མངོན་དུ་བྱས་པའོ། །བསམ་པ་གྲུབ་ཅེས་པ་ནི་བདག་དང་གཞན་གྱི་བསམ་པ་གྲུབ་པར་བྱེད་པའི་ཕྱིར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་སྟོན་པར་བྱེད་པའོ། །དེ་ལྟར་སྟོན་པ་ལ་རློམ་སེམས་ཡོད་པས་སམ་ཞེ་ན། ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་གསུངས་ཏེ། ཀུན་དུ་རྟོག་པ་ཞེས་པ་ནི་སྲེ་བར་བྱེད་པའི་ཤེས་པ་སྟེ། སྔ་ཕྱི་བསྲེ་བ་ལ་སོགས་པའོ། །ཐམས་ཅད་ཅེས་པ་ནི་མ་ལུས་པའོ། །སྤངས་ཞེས་པ་ནི་སྤངས་པའི་ཕྱིར་བདག་དང་གཞན་གྱི་དོན་གྲུབ་ཀྱང་རློམ་སེམས་མེད་དོ་ཞེས་པའི་དོན་ཏོ། །ད་ནི་དབྱིངས་བསྟན་པར་བྱ་བའི་ཕྱིར། རྣམ་པར་མི་རྟོག་དབྱིངས་མི་ཟད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་མི་རྟོག་པ་ནི་རྟོག་པ་དང་བྲལ་བ་ཙམ་མོ། །ཆོས་ཀྱི་དབྱིངས་མི་ཟད་པ་ཞེས་པ་ནི་གྲངས་ཅན་ལ་སོགས་པས་དཔག་པར་མི་ནུས་པའོ། །ཡང་ན། རྣམ་པར་མི་རྟོག་དབྱིངས་མི་ཟད། །ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལུགས་ཀྱིས་སངས་རྒྱས་མྱ་ངན་ལས་འདས་པ་དང༌། བསྟན་པ་ནུབ་པར་འདོད་པ་དེས་གསལ་བར་བྱ་བའི་ཕྱིར་དེ་སྐད་ཅེས་གསུངས་སོ། །སྔགས་ཀྱི་བཞེད་བས་ནི། །སངས་རྒྱས་མྱ་ངན་མི་འདའ་ལ། །ཆོས་ཀྱང་ནུབ་པར་མི་འགྱུར་རོ། །ཞེས་པའོ། །དེ་ཉིད་ཀྱི་དོན་གསལ་བར་བསྟན་པའི་ཕྱིར། ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་གསུངས་ཏེ། ཆོས་དབྱིངས་ནི་འོད་གསལ་བའོ། །དམ་པ་ཞེས་པ་ནི་ཆོས་དབྱིངས་དེ་ལས་སྐུ་གསུང་ཐུགས་ཀྱི་སྣང་བ་འབྱུང་སྟེ། དེ་ཟད་མི་ཤེས་པའོ། །དེའི་ཕྱིར་གཞན་དག་ནི་ཆུ་ཤིང་གི་འབྲས་བུ་བཞིན་ནོ། །འདིར་ནི་རྒྱ་མཚོ་ཆེན་པོ་ལ་མཆིལ་མ་དོར་བ་བཞིན་ནོ། །ད་ནི་ཡེ་ཤེས་ཀྱི་ཁྱད་པར་བསྟན་པའི་ཕྱིར། བསོད་ནམས་ལྡན་པས་བསོད་ནམས་ཚོགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསོད་ནམས་ལྡན་པ་ནི་སྔོན་གྱི་བསོད་ནམས་ཡོད་པའོ། །དེའི་བསོད་ནམས་ཚོགས་ཞེས་པ་ནི་བསོད་ནམས་ཆུང་དུ་སྟེ། ཐ་ན་བསྐྱེད་པའི་རིམ་པ་ཅིག་ཙམ་བྱས་ཀྱང་ཚོགས་ཤིན་ཏུ་ཆེ་བར་འགྱུར་པའོ། །དེ་ལས་ཅིར་འགྱུར་སྙམ་པ་ལ། ཡེ་ཤེས་ཞེས་


DTG015_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཡེ་ཤེས་ཁྱད་པར་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པ་བཞི་དེར་འདུས་པའི་ཕྱིར་རོ། །དེའི་ཕྱིར། ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་ཡོད་པ་སྟེ་མངོན་སུམ་པ་དང། མེད་པ་སྟེ་ལྐོག་ཏུ་གྱུར་པ་མཁྱེན་པའོ། །དེ་ཅི་ལས་བྱུང་ན། ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་གསུངས་ཏེ། ཚོགས་གཉིས་ལས་ནི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ནི་དམ་པ་ཞེས་པའི་མིང་ཅན་ཟད་མི་ཤེས་པ་འབྱུང་བར་འགྱུར་པའོ། །དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་སྤྲ་དོན་བསྟན་ནས། རྣམ་པར་སྣང་མཛད་ཀྱི་སྒྲ་དོན་བསྟན་པར་བྱ་བའི་ཕྱིར། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལ་ལ་འབྲས་བུའི་དུས་སུ་གཟུགས་སྐུ་ནི་མི་འདོད་དེ། ཆོས་སྐུ་འབའ་ཞིག་ཏུ་གནས་སོ་ཞེས་འདོད་ལ། ལམ་གྱི་དུས་སུ་བསོད་ནམས་ཀྱི་ཚོགས་མི་དགོས་སོ་ཞེས་ཆད་པར་ལྟ་བའི་ཕྱོགས་དང་མཐུན་པའི་གཏི་མུག་ཅན་དེ་བསལ་བར་བྱ་བའི་ཕྱིར་རྟག་པ་ཞེས་ཀྱང་བྱའོ། །རྒྱལ་བ་ཀུན་ཞེས་པ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱི་སྐུའི་སྣང་བ་ནི་རྣམ་པར་སྣང་མཛད་དོ། །རྣལ་འབྱོར་ཅན་ནི་དེ་ལྟ་བུ་ཉམས་སུ་བླང་བར་བྱ་བའི་དོན་ཏོ། །ད་ནི་བསམ་གཏན་དུ་བྱེད་པ་པོ་བསྟན་པའི་ཕྱིར། བསམ་གཏན་བསམ་བྱ་བློ་ལྡན་མཆོག །ཅེས་གསུངས་ཏེ། དེ་ལ་བསྐྱེད་པ་ལྷའི་རྣལ་འབྱོར་དུ་བསམ་གཏན་དུ་བྱ་བ་དང༌། རྫོགས་པ་ཡེ་ཤེས་སུ་བསམ་གཏན་དུ་བྱ་བའོ། །བསམ་བྱའི་བློ་ལྡན་ཞེས་པ་ནི་དེ་ལྟར་བསམ་པར་བྱེད་པའི་གང་ཟག་དེ་ནི་བློ་དང་ལྡན་པའི་མཆོག་ཅེས་བྱའོ། །བསམ་གཏན་རང་གི་ངོ་བོ་བསྟན་པར་བྱ་བའི་ཕྱིར། སོ་སོ་རང་རིག་མི་གཡོ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གཏན་དེ་གཞན་གྱིས་རིག་པར་བྱ་བ་མ་ཡིན་པས་ན་རང་རིག་གོ །དེ་ཡང་སེམས་ལས་གཞན་དུ་མ་གྱུར་པས་ན་མི་གཡོ་བའོ། །དེ་དག་གི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། མཆོག་གི་དང་པོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ཏེ། མཆོག་ནི་མཆོག་གི་དངོས་གྲུབ་སྟེ་སྐུ་གསུམ་ཡིན་ལ། དེའི་དང་པོ་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་བའི་སྐུ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་སྐུ་ལྔའི་


DTG015_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག་ཉིད་ཅེན་། །ཞེས་གསུངས་ཏེ། སངས་རྒྱས་ཀྱང་ཡིན་ལ་སྐུ་ཡང་ཡིན་པས་སངས་རྒྱས་སྐུ་ལྔ་སྟེ། འདི་ལྟར་རྣམ་པར་སྣང་མཛད་ཀྱི་སྐུ་དང༌། མི་བསྐྱོད་པའི་སྐུ་དང༌། རིན་ཆེན་འབྱུང་ལྡན་གྱི་སྐུ་དང༌། འོད་དཔག་མེད་ཀྱི་སྐུ་དང༌། དོན་ཐམས་ཅད་ཡོངས་སུ་གྲུབ་པའི་སྐུ་རྣམས་སོ། །བདག་ཉིད་ཅེས་པ་ནི་སངས་རྒྱས་དང་སྐུ་དེ་ཉིད་གཅིག་པའོ། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་པ་ནི། །ཡེ་ཤེས་ལྔས་བདག་དང་གཞན་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་པས་ན་ཁྱབ་བདག་གོ །ཡེ་ཤེས་ལྔ་ཞེས་པ་ནི། འདི་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱའོ། །བདག་ཅེས་པ་ནི་བཤད་མ་ཐག་པའི་སྐུ་ལྔ་དང༌། འདི་ཉིད་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་བདག་ཉིད་དོ། །དེའི་ཕྱིར། སངས་རྒྱས་ལྔ་བདག་ཅོད་པན་ཅན་སྟེ། དེ་བཞིན་གཤེགས་པ་རེ་རེ་ཡང་དེ་བཞིན་གཤེགས་པ་ལྔ་ལྔའི་ཅོད་པན་ཅན་ནོ། །དེ་དག་ནི་ཡེ་ཤེས་ཡིན་ལ། ད་ནི་དབྱིངས་བསྟན་པའི་ཕྱིར། སྤྱན་ལྔ་ཆགས་པ་མེད་པ་འཆང༌། །ཞེས་གསུངས་ཏེ། སྤྱན་ཞེས་པ་ནི་སངས་རྒྱས་སྤྱན་ནོ། །ལྔ་ཞེས་པ་ནི་མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་དང༌། ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་རྣམས་སོ། །དེས་ཅི་བྱེད་སྙམ་པ་ལ། ཆགས་པ་མེད་པ་འཆང་ཞེས་གསུངས་ཏེ། ཆགས་པ་མེད་པའི་ཚུལ་གྱིས་དེ་དག་དང་སྙོམས་པར་ཞུགས་པའོ། །དེ་ནི་དབྱིངས་ཡིན་ལ་དེས་དེ་བཞིན་གཤེགས་པ་རྣམས་འཁྲུངས་པར་མཛད་ཅེས་བྱ་བའི་དོན་ཏོ། །དེ་ནས་སྐྱེ་གནས་གཏན་ལ་དབབ་པ་བསྟན་པར་བྱ་པའི་ཕྱིར། སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ནི་དུས་དང་ཕྱོགས་དང་རིགས་ཀྱིས་བསྡུས་པ་སྟེ། སངས་རྒྱས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སོ། །སྐྱེད་པ་པོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྤྱན་ལྔ་ལས་སོ། །བསྐྱེད་པ་ཉིད་གང་ཞེ་ན། སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་གསུངས་ཏེ། སངས་རྒྱས་ཀྱང་ཡིན་ལ་སྲས་པོ་ཡང་ཡིན་པས་སངས་རྒྱས་སྲས་པོའོ། །འདི་ལྟར་སངས་རྒྱས་ཉིད་སྲས་པོ་སྟེ། ཆོས་ཀྱི་


DTG015_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབྱིངས་ལས་བལྟམས་པའི་ཕྱིར་རོ། །དེའི་ཕྱིར་དམ་པ་དང་མཆོག་གོ །ཤེས་པ་ཞེས་པ་ནི་ཚིག་དབུ་མ་མི་མངོན་པར་བྱས་པ་སྟེ། ཤེས་རབ་པོ། །དེ་ལས་སྐྱེས་པ་ནི་སྲིད་འབྱུང་སྐྱེ་གནས་མེད་པ་སྟེ། སྲིད་པའི་འབྱུང་གནས་སམ་སྐྱེ་གནས་བཞི་སྟེ། མངལ་དང༌། སྒོང་དང༌། དྲོད་གཤེར་དང༌། རྫུས་ཏེ་སྐྱེ་བར་བྱེད་པའོ། །མེད་ཅེས་པ་ནི་དེ་དག་ལས་སྐྱེ་བ་མེད་པའོ། །ཡང་དེ་ཉིད་གསལ་བར་བསྟན་པའི་ཕྱིར་གསུངས་པ། ཆོས་ལས་འབྱུང་བ་སྲིད་པ་སེལ། །ཞེས་པ་ནི་ཆོས་ཞེས་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་ལས་འབྱུང་བ་སྐྱེད་པ་སྟེ། དེའི་ཕྱིར། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་པ་ཡང་དེ་ཉིད་ལས་དགོངས་པའོ། །དེས་སྲིད་པ་སེལ་ཏེ་སྐྱེ་གནས་བཞི་ལས་བྱུང་བ་བསལ་ལོ། །དེའི་ཕྱིར་དེ་ནི། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །ཅེས་གསུངས་ཏེ། གཅིག་བུ་ཞེས་པ་ནི་རང་བྱུང་གི་སྐུ་དེའོ། །གཞན་གྱིས་གཞིག་ཅིང་གཞོམ་དུ་མེད་པའི་ཕྱིར་རྡོ་རྗེ་དང་འདྲ་བ་ལ་དེ་སྐད་ཅེས་བྱའོ། །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་པ་ནི་ཆོས་ཀྱི་དབྱིངས་ལས་སྐྱེས་མ་ཐག་ཏུ་སྐྱེ་གནས་བཞིས་བསྡུས་པ་ཐམས་ཅད་རྗེས་སུ་འཛིན་ཅིང་དབང་བསྒྱུར་པ་ས་ན་འགྲོ་བའི་བདག་པོའོ། །ཡང་ན་ཆགས་བྲལ་གྱི་སྐུ་སྟེ། སྐྱེ་གནས་བཞི་ལ་སྐྱེ་བར་མཛད་པ་དེ་འགྲོ་བ་དང་མཐུན་པར་མཛད་པས་ན། སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་བྱའོ། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་པ་ནི། ནམ་མཁའ་ཞེས་པ་ནི་ནམ་མཁའ་དང་ཆོས་མཐུན་པ་སྟེ་ཆོས་ཀྱི་དབྱིངས་སོ། །དེ་ལས་བྱུང་བ་ནི་རང་བྱུང་བའི་སྐུ་ཞེས་བྱའོ། །དེ་དག་གིས་ནི་ཡེ་ཤེས་ཀྱི་སྐུ་རང་བྱུང་བ་ཞེས་པ་དེའི་དབང་དུ་བྱས་པའོ། །སྤྲུལ་པའི་སྐུ་ནི་སྐྱེ་གནས་བཞི་ཀ་འདུལ་བའི་ཕྱིར། འགྲོ་བ་དང་མཐུན་པར་བྱ་བའི་དོན་དུ་དེ་ཉིད་ཀྱང་སྐྱེ་གནས་བཞི་ཀ་ལས་སྐྱེ་བར་མཛད་པའོ། །ད་ནི་སྣང་བའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་དང་ཡེ་ཤེས་གཉིས་སུ་མེད་པ་ནི་མེ་དང་འདྲ་བ་སྟེ། གསལ་བ་དང་སྲེག་པར་བྱེད་པ་སྟེ་ཉོན་མོངས་པའི་ཚོགས་སོ། །འོད་གསལ་བ་ལས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བས་ན་འོད་ཆེན་རྣམ་པར་སྣང་བར་མཛད་པའོ། །རང་བཞིན་གྱིས་སྣང་བ་ཡིན་པས་ན་ཡེ་ཤེས་སྣང་བའོ། །ལམ་མེ་བ་ཞེས་བྱ་བ་ནི་གསལ་བའོ། །


DTG015_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་པ་ནི། འགྲོ་བ་མུན་པ་དང་འདྲ་བ་འོད་གསལ་བ་ལས་སྐུ་དང་མེ་དང་འདྲ་བས་སྣང་བར་མཛད་པ་སྟེ། ཡེ་ཤེས་སྒྲོན་མའོ། །དེ་ཉིད་སླར་བཤད་པ། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་གསུངས་ཏེ། གཡོགས་པ་འམ། བར་དུ་ཆོད་པ་ལྟ་བུ་མ་ཡིན་པས་ན་གཟི་བརྗིད་ཆེན་པོའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ལ་ཁྱབ་པས་ན་འོད་གསལ་བའོ། །ད་ནི་མཛད་པའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུ་དེ་ཡང་སྔགས་ཀྱི་ལུགས་ལ་ཡིན་གྱི་གཞན་གྱི་ལུགས་ལ་མ་ཡིན་པས་ན་སྔགས་མཆོག་གོ །མངའ་བདག་རིག་སྔགས་རྒྱལ་ཞེས་པ་ནི་དེ་ལྟ་བུའི་རྡོ་རྗེ་འཆང་ཡིན་པས་སོ། །ཡང་ན་སྔགས་མཆོག་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། ཡིད་སྐྱོབ་པས་སྔགས་སོ། །དེའི་ཕྱིར་མངའ་བདག་རིག་སྔགས་རྒྱལ་པོའོ། །སྐུ་དང་ཡེ་ཤེས་ཀྱི་སྣང་བས། སེམས་ཅན་གྱི་དོན་མཛད་པས། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་བྱ་བའོ། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ཞེས་བྱ་བ་ལ། གཙུག་ཏོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་གཙུག་ཏོར་ཆེན་པོ་སྟེ། ཆོས་ཀྱི་དབྱིངས་སོ། །དེ་ལས་བྱུང་བར་མཛད་པས་རྨད་དུ་བྱུང་བའི་གཙུག་ཏོར་རོ། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ཞེས་གསུངས་ཏེ། ནམ་མཁའི་བདག་པོ་ནི་ནམ་མཁའ་དང་ཆོས་མཐུན་པས་བདག་ཉིད་དོ། །སྣ་ཚོགས་སྟོན་ནི་དེ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྐུའི་སྣང་བ་ལས་སྐུ་དང་ཡེ་ཤེས་སྣ་ཚོགས་པ་མི་ཟད་པར་འབྱུང་བར་མཛད་པའོ། །སངས་རྒྱས་ཀུན་ཞེས་པ་ནི་སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སངས་རྒྱས་ཀུན་ཏེ་དེ་དུས་གསུམ་གྱིས་བསྡུས་པའོ། །སྐུ་ཡི་མཆོག་ཅེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཇི་སྲིད་དུ་འབྱུང་བ་དེ་སྲིད་དུ་སྐུའི་སྣང་བ་མཛད་པའོ། །འགྲོ་ཀུན་ཞེས་པ་ནི་འགྲོ་བ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་འགྲོ་བ་ཀུན་ཏེ་རིས་དྲུག་གོ །དགའ་བའི་མིག་ཅེས་པ་ནི་གང་མོས་པའི་གཟུགས་འཛིན་པ་སྟེ། འགྲོ་བ་ཀུན་གྱི་མིག་དགའ་བར་བྱེད་ཅེས་བྱ་བའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། སྣ་ཚོགས་


DTG015_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟུགས་ཅན་སྐྱེད་པ་པོ། །ཞེས་གསུངས་ཏེ། འགྲོ་བ་ཀུན་གང་ལ་མོས་པ་དེའི་གཟུགས་སྣང་བར་མཛད་པས་ན་སྐྱེད་པ་པོ་ཞེས་གསུངས་ཏེ། དེ་ལྟ་བུ་དེ་ལ་དྲང་སྲོང་སྐྱེ་དགུ་ཞེས་པ་ནི་སེམས་དྲང་ཞིང་ངག་གསོང་བོར་སྨྲ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །མཆོད་ཅིང་རྗེད་པ་ཞེས་པ་ནི་གཉིས་སུ་མེད་པའི་འོད་གསལ་བ་རྣམ་པར་སྣང་མཛད་ཅེས་བྱ་བའི་མིང་ཅན་དེ་ལ་བསྔགས་པ་མཛད་པའམ་ཆེ་བ་བརྗོད་པའོ། །རིགས་གསུམ་ནི་གསང་སྔགས་དང༌། རིག་སྔགས་དང༌། གཟུངས་སྔགས་དང༌། ཡང་ན་སྐུ་གསུང་ཐུགས་ཀྱི་རིགས་ལས་རིགས་བརྒྱ་ལ་སོགས་པ་འབྱུང་བས་འཆད་པའོ། །གསང་སྔགས་ལ་འཆང་བ་འདིའི་ཚུལ་ཡོད་ཀྱི་གཞན་ལ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །ཞེས་པ་ལ། དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། མི་འདའ་བའི་ཕྱིར་རོ། །དེ་ཡང་དང་པོ་འགྲོ་བའི་དོན་བྱེད་པའི་སེམས་བསྐྱེད་པའི་ཕྱིར་དེ་སྐད་ཅེས་བྱ་བའོ། །གསང་སྔགས་ཀྱི་ཚུལ་ལ་ཡོད་པའི་ཡིད་སྐྱོབ་པར་བྱེད་ཅིང་གཉིས་སུ་མེད་པར་ཟུང་འཇུག་གི་སྐུ་འཛིན་པའོ། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཞེས་པ་ལ། གཙོ་བོ་ཞེས་པ་ནི་གཉིས་སུ་མེད་པ་ཡིན་ལ། དེ་བཟུང་བས་ན་དཀོན་མཆོག་གསུམ་འཛིན་པའོ། །དེ་ཡང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་དུ་ཡིད་ནི་སྒོམ་བྱེད་ན། །དེ་ནི་སངས་རྒྱས་དང་ནི་ཆོས། །དགེ་འདུན་ཉིད་དུ་དེ་བསྟན་ནོ། །ཞེས་པ་དེ་ལྟ་བུའོ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་པ་ནི་ཐེག་པ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ཐེག་པ་མཆོག་སྟེ་རྡོ་རྗེ་ཐེག་པའོ། །གསུམ་ནི་གསང་སྔགས་དང༌། རིག་སྔགས་དང༌། གཟུངས་སྔགས་ཏེ། དེ་སྟོན་པ་ནི་ཡེ་ཤེས་ཀྱི་སྐུའོ། །དེའི་མིང་ནི། དོན་ཡོད་ཞགས་པ་རྣམ་པར་རྒྱལ། །ཞེས་པ་ལ་སོགས་པ་རྣམས་གསུངས་ཏེ། རླུང་ངམ་ནམ་མཁའ་ལ་འདེབས་པ་བཞིན་དོན་མེད་པ་མ་ཡིན་ནམ་སྙམ་པ་ལ། དོན་ཡོད་པ་སྟེ། འགྲོ་བ་རྣམས་རྗེས་སུ་འཛིན་པས་ན་ཞགས་པའོ། །གང་གི་ཞགས་པ་ཡིན་ན་རྡོ་རྗེ་ཐེག་པའི་ཡིན་པས་སོ། །དེས་ཉོན་མོངས་པ་ལས་རྣམ་པར་རྒྱལ་བའོ། །འཛིན་པ་ཡང་ཡིན་ལ་ཆེན་པོ་རྡོ་རྗེ་ཞགས་པ་ཡང་ཡིན་པས་འཛིན་པ་ཆེན་པོ་རྡོ་རྗེ་ཞགས་པ་སྟེ། ཐེག་


DTG015_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་གཞན་གྱི་ལམ་དུ་མི་གཏོང་བས་ན་འཛིན་པ་ཆེན་པོའོ། །རྡོ་རྗེ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པས་སེམས་ཅན་རྗེས་སུ་འཛིན་པས་ཞགས་པའོ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པ་ནི་ཞགས་པ་དང་ལྕགས་ཀྱུ་ཡིན་ལ། དེའི་མཚན་ཉིད་རྡོ་རྗེ་ཡིན་པ་ལས་རྡོ་རྗེ་ལྕགས་ཀྱུ་ཞགས་པ་སྟེ་འདྲེན་པའི་རྣམ་གྲངས་སོ། །དེ་དག་གིས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བཤད་ཟིན་ཏོ། །

བརྒྱད་པ། མེ་ལོང་ལྟ་བུའི་ཡེ་ཤེས་བཤད་པ།


DTG010_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ལོང་ལྟ་བུའི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་མཉམ་གཞག་ཡིན་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྗེས་ཐོབ་སྟེ། རྗེས་ལ་སྐུ་ཁྲོ་བོའི་རྣམ་པར་བསྟན་པ་ནི་མི་བསྐྱོད་པ་ཞེས་བྱ་བའི་མིང་ཅན་ནོ། །འདིར་གདུལ་བྱ་ཞེ་སྡང་ཅན་རྣམས་ནི་སྐུ་ཁྲོ་བོ་མ་ཡིན་པས་མི་འདུལ་བས། དེའི་ཕྱིར་སྐུ་མདོག་དང་ཕྱག་མཚན་དང་རྒྱན་དང་ཆ་ལུགས་ལ་སོགས་པ་རྣམ་པ་དང་མཚན་ཉིད་གཉིས་སུ་རྟོགས་པར་བྱའོ། །མཚན་ཉིད་ནི་རྡོ་རྗེའོ། །ཡང་བཤད་པར་བྱ་བ་ལྔ་ཡིན་ཀྱང་གཅིག་གི་ཡོན་ཏན་གྱི་བྱེ་བྲག་ཏུ་རྟོགས་པར་བྱའོ། །དེའི་ཕྱིར་དང་པོ་མཛད་པའོ། །ཕྲིན་ལས་ཀྱིས་མི་བསྐྱོད་པ་བསྟན་ཏེ། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེས་འཇིགས་བྱེད་ཅེས་པ་ནི་འགྲོ་བ་རྣམས་འཇིགས་པར་བྱེད་པ་བདུད་བཞི་འམ་ཉོན་མོངས་པ་རྣམ་པར་འཇོམས་པར་བྱེད་པས་འཇིགས་པར་བྱེད་པའོ། །དེ་གང་གི་སྙམ་པ་ལ། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །ཞེས་གསུངས་ཏེ། སྐུའི་རྣམ་པ་ཁྲོ་བོ་སྟེ་མཆེ་བ་གཙིགས་པ་ལ་སོགས་པའི་མཚན་ཉིད་ཅན་འཆད་པར་འགྱུར་པའོ། །རྒྱལ་པོ་ནི་འཇིག་རྟེན་ལས་འདས་པ་ཁྱད་པར་དུ་གྱུར་པའོ། །གདོང་དྲུག་ནི་རྟོགས་པར་བླའོ། །མིག་དྲུག་ནི་མི་མཉམ་པའི་སྤྱན་མངའ་བས་སོ། །ཡང་ན་རིག་པར་བྱེད་པས་ན་མིག་སྟེ་གསུམ་གཟུང་ངོ༌། །ལག་དྲུག་ནི་གཡས་པ་མཚོན་ཆ་སྟེ། གཡོན་པ་ཞར་ལ་འཆད་པའོ། །སྟོབས་དང་ལྡན་ཞེས་པ་ནི་མ་རུངས་པ་འདུལ་བའི་སྟོབས་ཡོད་པའོ། །ཀེང་རུས་མཆེ་བ་ནི་ཀེང་རུས་ཤིན་ཏུ་དཀར་པོ་དང་འདྲ་བའི་མཆེ་བ་དཀར་པོ་བཞིའོ། །གཙིགས་པ་ནི་གཞན་དག་གིས་གསལ་བར་མཐོང་བ་སྟེ། འདིར་ནི་སྨིན་མ་ནག་པོ་ཆར་སྤྲིན་ལྟ་


DTG015_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བུ་ལས་འོད་གློག་ལྟ་བུ་འཕྲོ་བ་དང༌། ཤངས་ནས་ཧཱུཾ་ཞེས་བརྗོད་པ་འབྲུག་གི་སྒྲ་ལྟ་བུ་དང༌། མཆེ་བ་བཞི་རྩེ་སྤྲད་པའི་བར་ནས་ལྗགས་འདྲིལ་བ་ལས་རྡོ་རྗེ་ཕྲ་མོ་ཐོག་དང་སེར་བ་ལྟར་འདྲིལ་བའོ་ཞེས་པའི་དོན་ཏོ། །ཆ་ལུགས་དེར་མ་ཟད་དེ། ཧ་ཧ་ལ་གདོང་བརྒྱ་པ། །ཞེས་པ་ནི་དྲུག་ཡིན་ལ། སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ཞལ་བརྒྱར་སྤྲུལ་ནས་དེ་གསོལ་བར་བྱེད་པས་དེ་སྐད་ཅེས་བྱའོ། །དེའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར་གཤིན་རྗེའི་གཤེད་པོ་ཞེས་གསུངས་ཏེ། གཤིན་རྗེ་ནི་ཉོན་མོངས་པ་འབྲས་བུ་དང་བཅས་པ་ཡིན་ལ། གཤེད་ནི་འཇོམས་པར་བྱེད་པ་སྟེ་དེ་ཉིད་དོ། །བགེགས་ནི་བི་ནཱ་ཡ་ཀའོ། །ཡང་ན་ལམ་ལོག་པར་འདྲེན་པས་ན་བགེགས་ཏེ། མི་དགེ་བའི་བཤེས་གཉེན་ལ་སོགས་པའོ། །རྒྱལ་བ་ནི་དེ་ལས་རྒྱལ་བར་བྱེད་པ་སྟེ། གོང་མ་ཉིད་དོ། །དེ་ལྟ་བུའི་སྟོབས་ཅི་སྙམ་པ་ལ། རྡོ་རྗེ་ཤུགས་ཅན་ནོ། །རྡོ་རྗེ་ལྟ་བུའི་ཤུགས་ཐོག་ལྟ་བུའོ། །དེས་འཇིགས་པར་བྱེད་པས་ན་འཇིགས་བྱེད་དོ། །ད་ནི་རང་བཞིན་ཐུགས་ཀྱི་མི་བསྐྱོད་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་གྲགས་པ་རྡོ་རྗེ་སྙིང༌། །ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་སྲ་བ་བརྟན་པ་ཞེས་བྱ་བ་ལ་སོགས་པ་ཆོས་བདུན་དང་ལྡན་པར་རང་དང་གཞན་གྱི་གྲུབ་མཐའ་ལས་གྲགས་པས་དེའི་ཐུགས་རྡོ་རྗེ་ལྟར་གཉིས་སུ་མེད་པ་སྟེ། རྡོ་རྗེ་མི་ཕྱེད་ཅེས་བྱའོ་ཞེས་པ་ལྟ་བུའོ། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ཞེས་པ་ནི་འགྲོ་བ་འདུལ་བའི་དོན་དུ་འདི་ལྟ་བུར་མཛད་པའོ། །སྲིད་པ་གསུམ་ཡང་དེའི་ལྟོ་བ་ན་ཡོད་པས་གསུས་པོ་ཆེའོ། །ད་ནི་ཡོན་ཏན་སྤྲུལ་པའི་མི་བསྐྱོད་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ལས་སྐྱེས་ཞེས་པ་ནི་རྡོ་རྗེ་ནི་སྟོང་བའོ། །དེ་ལས་སྐྱེས་པའི་ཕྱིར་སྐུ་དེ་ལྟ་བུ་དེ་ཡང་རྡོ་རྗེའི་བདག་ཉིད་དོ། །རྡོ་རྗེའི་སྙིང་པོ་མཁའ་འདྲ་བ། ཞེས་པ་ནི། སྙིང་པོ་ནི་གཉིས་སུ་མེད་པ་སྟེ་རྡོ་རྗེའོ། །མཁའ་འདྲ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ཆོས་ཀྱི་དབྱིངས་གཉིས་སུ་མེད་པ་ནམ་མཁའ་དང་འདྲ་བ་ཀུན་ལ་ཁྱབ་ཅིང་ཀུན་དེའི་ཁོང་སུ་གཏོགས་པའོ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །ཞེས་པ་ནི་གོང་དུ་བསྟན་པ་དེ་དག་མི་གཡོ་བ་ནི་མི་བསྐྱོད་པ་སྟེ། དེ་ལས་མ་གཡོས་པར་བསྟན་ཏོ། །རལ་པ་གཅིག་གིས་བསྒྱིངས་


DTG015_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་ནི་ཇི་ལྟར་རལ་པ་འམ། སྐྲ་མང་པོ་ཡོད་ཀྱང་དར་གཅིག་གིས་གཅིག་ཏུ་བཅིངས་པ་ལྟར་སྣང་བའི་བྱེ་བྲག་མང་པོ་ཡོད་ཀྱང་གཉིས་སུ་མེད་པ་མི་བསྐྱོད་པར་བསྡམས་པའོ། །ཡང་ན་རིགས་ཀྱི་དབྱེ་བ་མང་པོར་ཕྱེ་ཡང་མི་བསྐྱོད་པའམ། རྡོ་རྗེའི་རིགས་སུ་བསྡུས་པའོ། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་པ་ནི་ཤིན་ཏུ་གདུལ་བར་དཀའ་བའི་གདུག་པ་ཅན་བཏུལ་ནས་དེའི་པགས་པ་གྱོན་པ་ཞེས་པ་འམ། ཡང་ན་གཏི་མུག་ཅན་གདུལ་བའི་རྟགས་སུ། ན་བཟའ་དེ་མན་བས་པའོ། །དེ་ནི་ཉེ་བར་མཚོན་པ་སྟེ། དུར་ཁྲོད་ཀྱི་རྒྱན་གཞན་གྱིས་ཀྱང་བརྒྱན་པའོ། །ད་ནི་གདུལ་བྱ་གསུང་གི་མི་བསྐྱོད་པ་བསྟན་པར་བྱ་བའི་ཕྱིར། དྲག་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། གསུང་གི་སྒོ་ནས་གདུལ་བྱ་སྐྲག་ཅིང་ཚར་གཅད་པར་བྱ་བའི་ཕྱིར། མ་རུངས་པའི་གད་མོ་ཤིན་ཏུ་དྲག་ལ་ཆེ་བར་ཧ་ཧ་ཞེས་དགོད་པའོ། །དེ་ཡང་བཞིན་ཁྲོས་པ་དང་བཅས་པས་བགད་པ་ནི་མ་རུངས་པའི་གད་མོ་སྟེ། ཚར་གཅད་པར་བྱ་བའི་ཕྱིར་རོ། །བཞིན་མདངས་ཕྱུང་ནས་དགོད་པ་ནི། རངས་པའི་དགོད་པ་སྟེ། གདུལ་བྱ་རྗེས་སུ་གཟུང་བའོ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །ཅེས་པ་ནི་ཧཱི་ཧཱི་ཞེས་སྒྲོགས་པའི་ཚེ་གནས་དང་མཐུ་ལ་སོགས་པ་དྲེགས་པར་བྱེད་པའི་མ་རུངས་པ་རྣམས་འཇིགས་པར་མཛད་པའོ། །དོན་ཆེན་པོ་དང་ལྡན་པའི་ཕྱིར་གད་མོ་ཆེན་པོའོ། །གད་རྒྱངས་ནི་ལྟེ་བ་ནས་ཡོངས་སུ་བསྐྱོད་པའོ། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །ཞེས་པ་ནི་རྡོ་རྗེ་ལྟར་ཐོགས་པ་མེད་པའི་གསུང་གི་སྒོ་ནས་གདུལ་བྱ་འདུལ་བར་མཛད་པས་ན་དེ་སྐད་ཅེས་བྱའོ། །འོ་ན་དེ་ལྟར་མི་བསྐྱོད་པ་དེས་གདུལ་བྱ་ཉེ་བར་འདུལ་བ་དེ་རློམ་སེམས་ཀྱི་མ་ཡིན་ནམ་སྙམ་པ་ལ་དེའི་ཕྱིར། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྐུ་གསུངས་ཐུགས་ཀྱི་མཛད་པ་མང་དུ་མཛད་ཀྱང་གཉིས་སུ་མེད་པ་གཉུག་མ་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་ཕྱིར་གང་ལྟར་ནང་དང་ཕྱི་རོལ་ཚ་ཞེས་པ་ལ་སོགས་པའི་དོན་ཏེ། དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །ཞེས་པ་མང་ན་ཡང་གཉིས་སུ་མེད་པའི་རྡོ་རྗེ་འདི་ཐམས་ཅད་ཀྱི་ནང་ན་རྒྱལ་པོ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཉིད་བདེ་བ་ཆེན་པོ་སྟེ། དེ་ལྟར་


DTG015_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་གདུལ་བྱ་རྣམས་བཏུལ་ནས་བདེ་བ་ཆེན་པོ་ལ་འགོད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །ཞེས་པ་ནི་རྡོ་རྗེ་ནི་གསུང་དེས་གདུལ་བྱ་རྣམས་དགའ་བ་ཆེན་པོ་སྟེ། གཉིས་སུ་མེད་པའི་ལམ་ལ་འཇོག་པའོ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། །ཞེས་པ་ནི་རྡོ་རྗེ་ནི་རང་གི་རིགས་ཡིན་ལ། དེ་སྐྱེད་པར་བྱེད་པ་རིགས་ཀྱི་ས་བོན་ཧཱུཾ་སྟེ་དེ་འདོན་ཅིང་སྒྲོགས་པའོ། །དེའི་ཕྱིར་བསྐྱེད་པའི་རིམ་པ་ཡང་ཆོ་ག་ཡན་ལག་གསུམ་གྱིས་བསྐྱེད་པའོ། །ད་ནི་དྲག་པོ་སྐུའི་མི་བསྐྱོད་པ་བསྟན་པར་བྱ་བའི་ཕྱིར། མཚོན་དུ་རྡོ་རྗེ་མདའ་ཐོགས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་ཕྱག་དྲུག་སྨོས་པའི་ཕྱག་མཚན་བསྟན་པ་སྟེ། རྡོ་རྗེའི་མདའ་ནི་ཐོགས་པ་མེད་པར་འབིགས་པར་བྱེད་པའི་མདའོ། །འདི་དག་ལ་རྣམ་པ་དང་མཚན་ཉིད་གཉིས་གཉིས་སུ་ཤེས་པར་བྱའོ། །རྡོ་རྗེ་རལ་གྲི་ཞེས་པ་ནི་རྡོ་རྗེ་ལྟར་ཐོགས་པ་མེད་པར་གཅོད་པའི་རལ་གྲི་སྟེ། ཤེས་རབ་ཆེན་པོའོ། །གཅོད་པ་ནི་ཉོན་མོངས་པ་མངོན་དུ་རྒྱུ་དང་བག་ལ་ཉལ་བ་མ་ལུས་པ་སེལ་བར་བྱེད་པའོ། །དེས་ནི་འཇམ་པའི་རྡོ་རྗེའི་ཕྱག་གཡས་གཉིས་སྨོས་པ་སྟེ། གཡོན་གཉིས་ན་ཨུཏྤལ་དང༌། གཞུ་འཛིན་པའོ། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །ཞེས་པ་ནི་སྣ་ཚོགས་རྡོ་རྗེའོ། །འཆང་བ་ནི་འཛིན་པའོ། །རྡོ་རྗེ་གཅིག་པུ་ནི་རྡོ་རྗེ་རྩེ་གཅིག་པ་སྟེ། རྣམ་པ་ཐམས་ཅད་ཀྱང་མཚན་ཉིད་རྡོ་རྗེའི་རིགས་སུ་གཅིག་པས་དེ་སྐད་ཅེས་བྱའོ། །གཡུལ་ནི་ཉོན་མོངས་དང་གཡུལ་འགྱེད་པའི་ཚེ་དེས་སེལ་བའོ། །དེ་དག་གི་ཕྱག་མཚན་བསྟན་ནས། ད་ནི་སྤྱན་ལ་སོགས་པའི་མཚན་ཉིད་བསྟན་པར་བྱ་སྟེ། དེའི་ཕྱིར། རྡོ་རྗེ་འབར་བ་མིག་མི་བཟད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འབར་བ་ཞེས་པ་ནི་མེ་སྟེ། རེག་བྱ་ཚ་བ་དང་ཁ་དོག་དམར་བའི་མཚན་ཉིད་དང་ལྡན་བས་གདུལ་བྱ་མ་རུངས་པ་རྣམས་གཟིགས་པས། རྡོ་རྗེ་ལྟར་ཐོགས་པ་མེད་པར་སྲེག་པའོ། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་པ་ནི་སྐྲའི་ཁ་དོག་མེ་འབར་བ་ལྟར་གྱེན་ལ་འགྲེང་བ་དང༌། མདོག་དམར་སེར་གྱི་མེ་ལྟ་བུ་དེས་ནམ་མཁའ་འམ་སྟེང་གི་ཕྱོགས་ན་གནས་པའི་གདུག་པ་ཅན་རྡོ་རྗེ་ལྟར་ཐོགས་པ་མེད་པར་འདུལ་བར་བྱེད་པའོ། །རྡོ་རྗེ་འབེབས་པ་ཞེས་པ་ནི་སྐུ་དབྱར་གྱི་ཆར་སྤྲིན་ལྟར་སྨིན་མའི་བར་ནས་གློག་ལྟ་བུའི་འོད་འབྱུང་


DTG015_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་དང༌། མཆེ་བ་གཙིགས་པའི་བར་ནས་ལྗགས་འདྲིལ་བས་ཞལ་དང་ཚེམས་ཀྱི་བར་ནས་རྡོ་རྗེའི་ཐོག་འབེབས་པའོ། །འབེབས་པ་ཆེ་ཞེས་པ་དེ་དག་གི་བ་སྤུ་ནས་ཀྱང་རྡོ་རྗེ་ལྟར་ཐོགས་པ་མེད་པར་རྡོ་རྗེ་ཕྲ་མོའི་ཚོགས་འབེབས་པའོ། །མིག་བརྒྱ་པ་ཞེས་པ་ནི་གདོང་པ་བརྒྱ་ལ་མི་མཉམ་པའི་མིག་བརྒྱ་ཡོད་པའི། །རྡོ་རྗེའི་མིག་ཅེས་པ་ནི། རེག་བྱ་ཚ་ཞིང་ཁ་དོག་དམར་བའི་མིག་གིས་གདུལ་བྱ་རྣམས་ལ་བལྟས་པས་རྡོ་རྗེ་ལྟར་ཐོགས་པ་མེད་པར་སྲེག་བའོ། །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །ཞེས་པ་ནི་བ་སྤུ་གསུམ་རྩེ་མོ་འདུས་པའི་རྡོ་རྗེ་རྩེ་མོ་ཅན་ནོ། །རྡོ་རྗེའི་སྦུ་ནི་གཅིག་པུའི་ལུས། །ཞེས་པ་སྟེ། ཤིན་ཏུ་རྙི་ཞིང་ཆ་ཕྲ་བའི་ལུས་ཀྱང་རྡོ་རྗེ་ལྟར་ཐོགས་པ་མེད་པར་གདུལ་བྱ་འདུལ་བར་བྱེད་པས་ལུས་ཁྱབ་པས་ན་ལུས་སོ། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །ཞེས་པ་ནི་སེན་མོའི་རྩེ་རྡོ་རྗེ་ལྟར་རྣོ་བས་གདུལ་བྱ་རྣམས་ཀྱི་པགས་པ་ཕུག་ན་ས་མེ་འབར་བར་བྱེད་པའོ། །རྡོ་རྗེ་སྙིང་པོ་ཞེས་པ་ནི་ཐུགས་རྡོ་རྗེ་སྟེ་ཐོགས་པ་མེད་པའོ། །དེ་ལ་གཡོས་པའི་པགས་པ་ཡང་རྡོ་རྗེ་དང་འདྲ་བ་སྟེ། དེའི་ཕྱིར་རྡོ་རྗེ་གོ་བགོ་བ་ཞེས་བྱ་བའོ། །མཁྲེགས་ཞེས་པ་ནི་མཚོན་པ་སྟེ། རྡོ་རྗེའི་ཆོས་བདུན་དང་ལྡན་པའོ། །རྡོ་རྗེའི་ཕྲང་ཐོགས་དཔལ་དང་ལྡན། །ཞེས་པ་ནི་རྡོ་རྗེའི་མཚན་ཉིད་དང་ལྡན་པའི་ཐོད་པའི་ཕྲེང་བས་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་དོ་ཤལ་ཅན་ནོ། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པ་ནི་རུས་པ་ལ་རྡོ་རྗེའི་རྣམ་པ་ལྟར་བྱས་པའམ། དེ་ལྟར་སྲ་བའི་རྒྱན་ཆ་བདུན་དང་ལྡན་པའོ། །ད་ནི་གསུང་གི་རྣམ་པ་བསྟན་པར་བྱ་བའི་ཕྱིར་རོ། །གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞུམ་པ་མེད་པའི་སེམས་ཀྱིས་ཧཱ་ཧཱ་ཞེས་སྒྲོགས་པས་རང་ལས་གཞན་པ་རྣམས་ཤིན་ཏུ་སྐྲག་པར་མཛད་པའོ། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་པ་ནི་གཞན་དག་གི །ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་པ་ལ་བཞེད་དོ། །ལ་ལ་ཡི་གེ་དྲུག་པ་ནི་འཁོར་ལོས་སྒྱུར་པ་དྲུག་གི་སྔགས་སོ་ཞེས་བཞེད་དོ། །འདིར། ཞལ་དྲུག་དྲིལ་བུའི་སྒྲ་དང་ལྡན། །ཞེས་གསུངས་ཏེ། ཞལ་ནས་ཤིན་ཏུ་མྱུར་བར་ཧཱུཾ་དྲུག་བརྗོད་པའམ། གདུལ་བྱར་བསྒྲག་པར་བྱ་བའི་ཕྱིར་ཨ་ལ་ལ་ལ་ལ་ལ་ཞེས་བརྗོད་པའོ། །ཕྱིར་ཇི་ལྟར་བསྒྲགས་ཀྱང་ནང་དུ་གཉིས་སུ་མེད་པའི་རང་ལས་མ་གཡོས་པས་ན་འཇམ་


DTG015_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབྱངས་ཆེན་པོའི་སྒྲ་ཆེ་བའོ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ཞེས་པ་ནི་འཇིག་རྟེན་གསུམ་ནི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་སོ། །དེ་ནི་ཟིན་པ་དང་མ་ཟིན་པའི་སྒྲ་ཇི་སྙེད་དུ་གྲགས་ཀྱང་གཉིས་སུ་མེད་པའི་འཇམ་དབྱངས་ཀྱི་སྒྲ་གཅིག་པུ་འདི་མཆོག་གོ །ཡང་ན་ལུས་ངག་ཡིད་གསུམ་དབྱེར་མེད་གཅིག་གི་སྒྲ་སྒྲོགས་པའོ། །ཇི་ཙམ་དུ་ཁྱབ་སྙམ་པ་ལ། ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །ཞེས་པ་འདིས་ནི་བཟླས་པའི་ཕན་ཡོན་ཀྱང་བཤད་པའོ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པ་ནི་སྒྲ་ནི་ཟིན་པ་དང་མ་ཟིན་པའི་སྒྲ་རྣམས་ལས་འདིར་མཆོག་གོ །ཕུལ་ལོ། །གྱ་ནོམ་པའོ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །དེ་དག་གིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་བཤད་ཟིན་ཏོ། །

དགུ་པ། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་བཤད་པ།


DTG010_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་བསྟན་པར་བྱ་སྟེ། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པ་ནི་མ་ནོར་བའོ། །དེ་ནི་མི་སླུ་བའོ། །དེ་ནི་ཡིད་ཀྱིས་ཕྲད་པར་འདོད་པའོ། །ཕྲད་པ་ནི་ཡོད་ན་ཕྲད་ཅིང་མེད་ན་དེ་ལྟར་མ་ཡིན་སྟེ། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་ཡིད་ལ་ཕྲད་པར་གྱུར་པ་སྟེ། དེ་ལ་མི་ཕྲད་པ་ནི་རི་བོད་གི་རྭ་ལྟ་བུ་མ་ཡིན་པའོ། །བདག་མེད་པ་ནི་ཆོས་དང་གང་ཟག་གི་བདག་གིས་དབེན་པའོ། །དེའི་མཚན་ཉིད་ནི་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། ཆོས་ཉིད་དང་ཞེས་པ་ལ་སོགས་པ་རྣམ་གྲངས་སོ། །ཡི་གེ་མེད་ཅེས་པ་ནིར་ཏོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། བླ་མ་དམ་པའི་ཞབས་ཀྱི་པདྨ་ལ་གུས་པའི་སྤྱོད་ཡུལ་ལོ་ཞེས་པའི་དོན་ཏོ། །དེས་ནི་ཐུགས་ཀྱི་སྣང་བ་སྒྲོ་འདོགས་དང་བྲལ་བས་བསྟན་པའོ། །ད་ནི་གསུང་གི་སྣང་བ་སོ་སོར་དབྱེ་བ་བསྟན་པར་བྱ་བའི་ཕྱིར། སྟོང་ཉིད་སྨྲ་བའི་ཁུ་མཆོག་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་བ་ལང་རྣམས་ཀྱི་ནང་ན་ཁྱུ་མཆོག་མཆོག་ཏུ་གྱུར་པ་ཡིན་ལ། འདི་ཡང་སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་ཞེས་པ་ལ་སོགས་པ་དེ་སྨྲ་བ་མཆོག་སྟེ། གཞན་གྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོགས་པ། །ཞེས་པ་ནི་ཟབ་པ་ནི་བཤད་མ་ཐག་པ་ཡིན་ལ། དེ་སྟོན་པར་བྱེད་པའི་སྒྲ་སྒྲོགས་པར་བྱེད་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །རྒྱ་ཆེ་


DTG015_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ནི་ཐབས་མང་བ་དང༌། ཐབས་ཆེ་བའི་སྒོ་ནས་སོ། །ད་ནི་བརྗོད་པའི་སྔགས་སོ། །ཆོས་ཀྱི་དུང་སྟེ་ཞེས་པ་ལ་སོགས་པ་གསུམ་ནི་སྟོན་པར་བྱེད་པའི་བརྡ་ཡིན་པས་བརྡའི་སྔགས་སོ། །དངོས་པོ་འདི་གསུམ་གྱི་སྒོ་ནས་ཡང་དག་པའི་མཐའ་སྟོན་པར་བྱེད་པའོ། །མི་གནས་མྱ་ངན་འདས་པ་པོ། །ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལས་མི་གནས་པ་སྟེ། ཡེ་ཤེས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འདི་ལྟ་བུའི་ལམ་ལ་སྐུལ་བར་བྱེད་དོ་ཞེས་པའོ། །ད་ནི་སྐུའི་སྣང་བ་མཆོག་ཏུ་བསྟན་པར་བྱ་བའི་ཕྱིར། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་མེད་ཅེས་པ་ནི་ཡུལ་དཔྱད་པས་གཟུགས་སུ་ཡོད་པ་དང༌། རེག་པས་གཟུགས་སུ་ཡོད་པ་ཞེས་བྱ་བ་ལ་སོགས་པ་མེད་པའོ། །གཟུགས་བཟང་ཞེས་པ་ནི་ཆུའི་ནང་དུ་སྐྱེས་པའི་གྲིབ་མ་སྣང་བ་ལྟ་བུར་སྣང་དུ་རུང་བའི་ཕྱིར་རོ། །དམ་པ་སྟེ་ཞེས་པ་ནི་ཚོགས་གཉིས་ལས་བྱུང་བའི་ཕྱིར་རོ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་པ་ནི་ཕྱོགས་གཅིག་ལ་གསལ་བ་ཡིན། ཁ་དོག་སྣ་ཚོགས་དང༌། གཟུགས་སྣ་ཚོགས་དང༌། རེག་པ་སྣ་ཚོགས་པའི་གཟུགས་སུ་སྣང་བ་ཅན་ནོ། །ཡིད་ལས་སྐྱེས་པ་ནི་འགྲོ་བ་རྣམས་ཀྱི་ཡིད་སྦྱང་བར་བྱ་བའི་ཕྱིར་རོ། །ཡིད་དགའ་བར་བྱེད་པ་དང༌། ཡིད་ཚིམ་པར་བྱེད་པ་དང༌། ཡིད་འཕྲོག་པར་བྱེད་པ་དེ་སྐད་ཅེས་བྱ་བའོ། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །ཞེས་པ་ནི་སྐུའི་མཚན་ཉིད་ཐམས་ཅད་དུ་སྣང་བ་སྟེ། གང་ལ་གང་གིས་འདུལ་བའི་སྐུའོ། །དཔལ་ཞེས་པ་ནི་བདག་དང་གཞན་གྱི་དོན་འབྱུང་བས་སོ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པ་ལ། གཟུགས་ཞེས་པ་ནི་སྣང་དུ་རུང་བའོ། །བརྙན་ཞེས་པ་ནི་དངོས་པོ་མ་ཡིན་ཏེ། ཆུའི་གཟུགས་བརྙན་ལྟ་བུའོ། །མ་ལུས་ཞེས་པ་ནི་ཆེ་བ་དང་ཆུང་བ་དང་མང་བ་དང་ཉུང་བ་ལ་སོགས་པ་སྟེ། འཆང་བ་ནི་དེ་ལྟ་བུའི་གཟུགས་འཛིན་པའོ། །ཡང་ན་གཟུགས་ནི་གསུམ་སྟེ། འཇའ་ཚོན་ལྟ་བུ་དང༌། པདྨ་ལྟ་བུ་དང༌། རྣམ་པར་སྨིན་པ་ལས་བྱུང་བའོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཞེས་པ་ལ། འཇའ་ཚོན་ལྟ་བུའི་སེམས་དེ་ལ་འབྱུང་བ་བཞིའི་གནོད་པས་མི་ཚུགས་པས་དེ་སྐད་ཅེས་


DTG015_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའོ། །དེ་ལྟ་བུ་ལ་སྐུ་ཆེན་པོ་ཞེས་རང་དང་གཞན་གྱི་གྲུབ་པའི་མཐའ་ལས་གྲགས་སོ། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །ཞེས་པ་ནི་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་ཁམས་གསུམ་མོ། །དེ་ལ་དབང་སྒྱུར་པ་ནི་དབང་ཕྱུག་སྟེ། ཚངས་པ་དང༌། ཁྱབ་འཇུག་དང༌། དབང་ཕྱུག་ཆེན་པོ་ཡིན་ལ། དེ་རྣམས་ཀྱི་ཡང་ཆེན་པོ་ནི་གཉིས་སུ་མེད་པའི་སྐུའོ། །འཕགས་ལམ་ཤིན་ཏུ་མཐོལ་གནས། །ཞེས་པ་ནི་ལམ་རྣམས་ལས་ཁྱད་པར་འཕགས་པ་སྟེ་རྡོ་རྗེའི་ཐེག་པའོ། །ལམ་ཤིན་ཏུ་མཐོ་བ་ནི་རྣམ་པ་གཉིས་ཏེ། དེ་ལས་བསྐྲུན་པའི་ཡེ་ཤེས་ཀྱི་སྐུའོ། །དར་བ་ཆེན་པོ་ཆོས་ཀྱི་ཏོག །ཅེས་པ་ནི་ཆོས་དར་ལ་ཁྱད་པའི་སྔ་ལྟས་སུ་བརྟགས་ཏེ། སྐུ་འདི་ལྟ་བུ་འབྱུང་བའོ་ཞེས་གསུངས་སོ། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པ་ནི་འཇིག་རྟེན་གསུམ་ནི་འདོད་པ་དང༌། གཟུགས་དང་གཟུགས་མེད་པའོ། །གཞོན་ལུས་གཅིག་ཅེས་པ་ནི་དེར་གནས་པའི་སེམས་ཅན་འགྲོ་བ་རྣམས་ཀྱི་དོན་མཛད་ཀྱང་དེ་དག་གི་ཉེས་པས་མ་གོས་པས་ན་དེ་སྐད་ཅེས་བྱའོ། །ཡང་ན་ཟབ་མོ་ལྟར་ན་འཇིག་རྟེན་གསུམ་ནི་དགའ་བ་དང༌། མཆོག་ཏུ་དགའ་བ་དང༌། དགའ་བྲལ་ལོ། །གཞོན་ལུས་གཅིག་ནི་ལྷན་ཅིག་སྐྱེས་པ་སྟེ། དེས་དགའ་བ་གསུམ་ལ་རྒྱས་འདེབས་པས་ན་དེ་སྐད་ཅེས་བྱའོ། །གནས་བརྟན་རྒན་པོ་ཞེས་པ་ནི་གདོད་མ་ནས་ལྷུན་གྱིས་གྲུབ་པས་ན་རྒན་པོའོ། །སྐྱེ་དགུའི་བདག་ནི་སྐྱེས་སོ་ཅོག་གི་དོན་མཛད་པ་སྟེ། དག་པ་དང་མ་དག་པ་བསྡུས་པའོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་པ་ནི་མཚན་དང་དཔེ་བྱད་དང་ལྡན་པའོ། །སྡུ་གུ་འཇིག་རྟེན་གསུམ་ན་མཛོས་། །ཞེས་པ་ནི་ལྟ་བས་ཆོག་མི་ཤེས་པའི་སྐུ་ཞེས་བྱའོ། །ཡང་ན་ཟབ་མོ་ལྟར་སུམ་ཅུ་རྩ་གཉིས་ནི་རྩའོ། །མཚན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེས་ཁྱབ་པའོ། །འཆང་ཞེས་པ་ནི་བདེ་བ་དང་ལྡན་པའོ། །སྡུ་གུ་ཞེས་པ་ནི་བལྟ་བས་ཆོག་མི་ཤེས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ཕོ་ཉའོ། །འཇིག་རྟེན་གསུམ་ནི་དེ་དང་གཉིས་སུ་མེད་པ་ལས་བྱུང་བའི་དགའ་བ་གསུམ་མོ། །མཛེས་ཞེས་པ་ནི་དེ་དག་གི་ནང་ན་ལྷན་ཅིག་སྐྱེས་པ་མཆོག་གོ་ཞེས་པའོ། །ད་ནི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། འཇིག་


DTG015_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟེན་ཤེས་ལེགས་སློབ་དཔོན་ཏེ། །ཞེས་པ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ཞེས་པ་ཚུ་རོལ་མཐོང་བ་རྣམས་ཀྱིས་སྔར་བཤད་པའི་སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་དེ་ལྟ་བུ་མཐོང་བའི་སྐལ་བ་མེད་པ་ལ་རྡོ་རྗེ་འཆང་གཉིས་པ་ལ་འཇིག་རྟེན་འདི་ན་བཞུགས་པ་དེས་ཤེས་པ་སྟེ། ཕྱིན་ཅི་མ་ལོག་པའི་ལམ་སྟོན་པ་དང་ལེགས་པ་སྟེ། བྱང་ཆུབ་གསུམ་ལ་སྦྱོར་བར་བྱེད་པའི་ལམ་སྟོན་པར་བྱེད་པའི་ཕྱིར་སློབ་དཔོན་ཏེ། དེ་ཁོ་ན་ཉིད་བཅུ་དང༌། ཚུལ་བདུན་ལ་སོགས་པ་དང་ལྡན་པའོ། །དེ་ལྟ་བུ་དེ་ནི་འཇིག་རྟེན་ན་བཞུགས་ཀྱང་འཇིགས་པ་མེད་དེ། ཆུ་བོ་བཞི་དང་ངན་སོང་གསུམ་གྱི་རྒྱུ་དང་འབྲས་བུ་ལས་གྲོལ་བར་མཛད་པའི་ཕྱིར་སློབ་དཔོན་དུ་འོས་པས་ན། འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །ཅེས་བྱའོ། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། །ཞེས་བྱ་བ་ལ། བླ་མ་དེ་ནི་སློབ་མ་རྣམས་ཀྱི་མགོན་ཡིན། སྐྱོབ་པ་ཡིན་ཏེ་འཁོར་བ་ལས་སོ། །འཇིག་རྟེན་ནི་འཇིག་རྟེན་པའི་སློབ་པ་རྣམས་སོ། །ཡིད་གཅུགས་པ་ཞེས་པ་ནི་སློབ་མ་རྣམས་ཀྱིས་སེམས་བརྩེ་ཞིང་མཐུན་པར་བྱ་བར་འོས་པའོ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་བྱ་བ་ནི་སེམས་ཅན་གྱི་སྐྱབས་དང་དཔུང་གཉེན་དུ་གྱུར་པ་སྟེ། དཀོན་མཆོག་གསུམ་གྱི་ངོ་བོའོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་ལ་བ་སྙེན་བཀུར་སྔོན་དུ་འགྲོ་བས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་གནས་དང་ཡོ་བྱད་ཇི་ལྟ་བུ་རྣམས་ཚོགས་ཤིང་འབྱོར་རམ་ཞེས་དྲི་བར་བྱའོ། །དེའི་ཚེ་ཁས་ལེན་ན་དེ་ནས་བསྙེན་པ་ལ་འཇུག་པར་བྱ་སྟེ། གྲངས་དང་དུས་དང་མཚན་མའོ། །བསྙེན་པའི་ལས་ནི་དང་པོར་བཤད། །ཅེས་བྱའོ། །དེ་ནས་དང་པོ་ས་བརྟག་པ་ལ་སོགས་པའི་ཆོ་ག་རྫོགས་པར་བྱའོ། །དེ་ནས་སའི་ལྷ་མོ་དང༌། ལྷག་པའི་ལྷ་དང༌། བུམ་པ་དང༌། སློབ་མ་རྣམས་སྟ་གོན་དུ་བྱའོ། །དེ་ནས་ཐིག་དང་ཚོན་གྱི་མན་ངག་ཤེས་པར་བྱས་ཏེ། དཀྱིལ་འཁོར་བྲིས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགོད་པ་དང༌། ཕྱི་ནང་གི་རྒྱན་དང༌། མཆོད་པ་དགྲམ་པ་དང༌། དཀྱིལ་འཁོར་སླར་བཤད་པའི་ཚོགས་དཀྱིལ་འཁོར་བསྐྱེད་པ་དང༌། མཉེས་པར་བྱ་བའི་ཁྱད་པར་རྣམས་ཀྱིས་དཀྱིལ་འཁོར་མཆོད་པ་བྱས་


DTG015_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། སློབ་མ་གཞུག་པར་བྱ་བའི་ཕྱིར་ཁྲུས་དང༌། གདོང་རས་བཅིང་བ་དང༌། མེ་ཏོག་གཏོང་བ་དང༌། འདོད་པ་དྲི་བ་དང༌། བགེགས་བསྐྲད་པ་དང༌། དམ་ཚིག་བསྒྲགས་པ་དང༌། ཡོལ་བ་བསལ་བ་དང༌། ཕྱག་བཞི་བྱ་བ་དང༌། གྲལ་ལ་དགོད་པ་དང༌། དམ་ཚིག་བསྒྲག་པ་དང༌། ཡེ་ཤེས་དབབ་པ་དང༌། སྣང་བ་བརྟག་པ་དང༌། མེ་ཏོག་དོར་བ་དང༌། མེ་ཏོག་མགོ་ལ་གདགས་པ་དང༌། གདོང་གཡོགས་བླང་ཞིང་མིག་དབྱེ་བ་དང༌། ལྷ་དང་དཀྱིལ་འཁོར་བསྟན་པ་རྣམས་ནི་འཇུག་པའི་ཆོ་གའོ། །དེའི་ཕྱིར། ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཞེས་པའི་ཚིགས་གཉིས་པོ་འདི་བཤད་པ་དང་འཆད་པར་འགྱུར་པ་གཉིས་ཀའི་དོན་སྟོན་པར་བྱེད་པའོ། །དེ་ལ་བཤད་པའི་དབང་དུ་བྱས་ནས་བླ་མའི་མཁྱེན་པའི་ཡོན་ཏན་དང༌། སེམས་ཅན་རྗེས་སུ་བཟུང་བའི་ཐབས་ནམ་མཁའི་མཐའ་དང་མཉམ་པར་མཁྱེན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་པ་ནི་ཇི་ལྟར་རྒྱ་མཚོ་ལས་ནོར་བུ་འབྱུང་བ་ལྟར་ཐམས་ཅད་མཁྱེན་པ་ཡང་བླ་མ་ལས་འབྱུང་བའོ། །འཆད་པ་ལྟར་ན་དབང་ཡོངས་སུ་རྫོགས་པ་ལ་ནམ་མཁའ་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་པ་ནི་གཟུགས་སྐུ་གཉིས་ཀྱིས་སེམས་ཅན་རྗེས་སུ་འཛིན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྐུ་གསུམ་མོ། །མཚོ་ཞེས་པ་ནི་རིན་པོ་ཆེ་འབྱུང་བར་བྱེད་པ་སྟེ། དབང་བསྐུར་བ་ལས་བདག་དང་གཞན་གྱི་དོན་འབྱུང་བའི་ཕྱིར་རོ། །ད་ནི་མ་རིག་པ་རིག་པར་བྱ་བའི་ཕྱིར་རིག་པའི་དབང་བསྐུར་བ་བསྟན་པར་བྱ་བའི་ཕྱིར། མ་རིག་སྒོ་ངའི་སྦུབས་འབྱེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པ་ཞེས་པ་ནི་ཁམས་དུ་མ་འདུས་པ་ལ་བདག་ཏུ་འཛིན་པས་ན་མ་རིག་པས་ཡིན་ལ། དེའི་སྦུབས་སམ་ཤུབས་ཞེས་བྱ་སྟེ། སྒོ་ང་དང་འདྲ་བ་རིག་པའི་སྲུབས་མེད་པའོ། །དེ་གང་གིས་འབྱེད་ན་སྔར་བཤད་པའི་བླ་མས་སོ། །ཐབས་གང་གིས་ན། དབང་གསུམ་པས་སོ། །ཡང་ན་མ་རིག་པ་ནི་རིག་པའི་ཡེ་ཤེས་ལམ་ཀུན་ནས་སྒྲིབ་པར་བྱེད་པ་སྟེ། དཔེར་ན་སྦུབས་སམ་སྒོ་ང་དང་འདྲ་བས་སོ། །དེ་འབྱེད་པས་ན་བླ་མས་སོ། །ཐབས་གང་ཞེ་ན། རིག་པའི་དབང་ལྔ་སྟེ། དེའི་དོན་ནི་རིག་པའི་དབང་ལྡས་གཟུགས་ལ་སོགས་པ་ལྔ་རྣམ་པ་སྣང་མཛད་ལ་སོགས་པ་ལྔ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ཅན་བྱ་སྟེ།


DTG015_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཏི་མུག་ལ་སོགས་པ་ནི་ཡེ་ཤེས་ལྔའི་རང་བཞིན་དང༌། གཞན་ཡང་ཁམས་དང་སྐྱེ་མཆེད་རྣམས་ཀྱང་ལྷར་བྱིན་གྱིས་བརླབ་པོ། །དེས་ཅི་བྱེད་སྙམ་པ་ལ། སྲིད་པའི་དྲ་བ་འཇོམས་པ་པོ། །ཞེས་བྱ་བ་གསུངས་ཏེ། སྲིད་པ་ན་འཁོར་བ་ཉོན་མོངས་པ་དང་བཅས་པའོ། །དེ་འདྲ་བ་འམ་རྒྱ་དང་འདྲ་བའོ། །འཇོམས་པ་ནི་དབང་གིས་ཏེ། ཆུ་དང་ཞེ་སྡང་ནི་མི་བསྐྱོད་པ་ལ་སོགས་པའི་དོན་ཏོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །ཞེས་པ་ནི་དེ་ཉིད་དོ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཞེས་པ་ནི་འཁོར་བ་ནི་འཁོར་བར་བྱེད་པ་སྟེ། སྐྱེ་བ་ལ་སོགས་པའོ། །རྒྱ་མཚོ་ནི་མཚོ་དང་འདྲ་བའོ། །ཕ་རོལ་ཏུ་ཕྱིན་པ་ནི་ཇི་ལྟར་གཟིངས་དང་མཉན་པ་དང༌། སྐྱེ་བའི་སྒོ་ནས་ཕྱིན་པར་བྱེད་པ་སྟེ། བླ་མ་དང་དབང་གི་མན་ངག་གིས་ཤེས་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ནི་འབྲས་བུ་མངོན་དུ་བྱས་པའོ། །ཡང་ན་ལུང་བསྟན་པ་དང་དབུགས་དབྱུང་བ་བསྡུས་པའོ། །ཡེ་ཤེས་དབང་བསྐུར་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་རིགས་ལྔའི་རྫས་ཀྱི་དབང་བསྐུར་བའོ། །ཅོད་པན་ཅན་ཞེས་པ་ནི་ཕུང་པོ་ལ་སོགས་པའི་རྟོག་པ་གསལ་བར་བྱ་བའི་ཕྱིར་ལྷར་བྱས་ལ། དེ་ཉིད་ཀྱི་རྟོག་པ་གསལ་བར་བྱ་བའི་ཕྱིར་ཅོད་པན་ལ་རིགས་ལྔས་རྒྱས་གདབ་པོ། །ཡང་ན་ཅོད་པན་ཞེས་པས་ནི་ཅོད་པན་ཉིད་བཟུང་ལ། དེས་ནི་དབང་གི་རྫས་བཞི་པོ་ཡང་གཟུང་ངོ༌། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །ཞེས་པ་ནི་བཤད་མ་ཐག་པ་དེ་ཉིད་དོ། །ཡང་ན་མེ་ཏོག་གང་ལ་འབབ་པ་དེ་ཉིད་དེ་ལ་སྦྱིན་པར་བྱ་སྟེ། མི་འབྲལ་བར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་རིག་པ་གྲོལ་བར་བྱ་བའི་དབང་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་གསུང་ནི་རིག་པའི་དབང་གི་ལྟར་ན་འགྱུར་པ་ལ་སོགས་པའི་སྡུག་བསྔལ་གསུམ་མམ། ལུས་ངག་ཡིད་གསུམ་དུ་གཏོགས་པའི་སྡུག་བསྔལ་ཞི་བའམ་བསལ་བའོ། །གསུམ་པ་ལྟར་ན་སྡུག་བསྔལ་ནི་དགའ་བ་དང་པོ་གསུམ་སྟེ། རྟོག་པ་དང་བཅས་པའི་ཕྱིར་རོ། །དེའི་ཕྱིར་སྡུག་བསྔལ་བསལ་ནས་ཞི་བ་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཟུང་ངོ༌། །དེ་ཉིད་སླར་བཤད་པ་དང༌། གསུམ་སེལ་ཞེས་པ་སྟེ། རྟོག་པ་དང་བཅས་པའི་དགའ་བ་གསུམ་མི་འཛིན་པས་སོ། །གསུམ་གང་ཞེ་ན། མཐའ་ཡས་ཞེས་


DTG015_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་སྟེ། མཐའ་ཡས་པ་ནི་ཨ་ནནྟ་སྟེ་དགའ་བའོ། །འགྲོལ་བ་ནི་ལྷན་ཅིག་སྐྱེས་པ་མངོན་དུ་བྱས་པའོ། །གསུམ་ཐོབ་ཅེས་པ་ནི་སྐུ་གསུམ་ཐོབ་པའོ། །སྒྲིབ་པ་ཀུན་ཞེས་པ་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་རྟོགས་པ་རྣམས་སོ། །ངེས་པ་ནི་གདོན་མི་ཟ་བར་འགྲོལ་བའོ། །མཁའ་ལྟར་མཉམ་ཞེས་པ་ནི་གཉིས་འདས་ནས་ནི་གཉིས་མཉམ་པ་ཞེས་པ་སྟེ། ལྷན་ཅིག་སྐྱེས་པའི་མཚན་ཉིད་དོ། །ཆགས་པ་ནི་བཅས་པའི་མཚན་ཉིད་དེས་སླར་ཉོན་མོངས་པར་མི་འགྱུར་རམ་སྙམ་པ་ལ། ཉོན་མོངས་དྲི་མ་ཀུན་ལས་འདས། །ཞེས་པ་སྟེ། ཉོན་མོངས་པ་ཡང་ཡིན་ལ་དྲི་མ་ཡང་ཡིན་པས་ཉོན་མོངས་པ་དྲི་མ་སྟེ་དགའ་བ་གསུམ་མོ། །འདས་པ་ནི་དེ་ལས་འདས་པ་སྟེ། ལྷན་ཅིག་སྐྱེས་པའོ། །དུས་གསུམ་ནི་སྐད་ཅིག་མ་གསུམ་མོ། །དུས་མེད་ཅེས་པ་ནི་གཉིས་སུ་མེད་པ་སྟེ། མཚན་ཉིད་དང་བྲལ་བའོ། །རྟོགས་པ་ནི་རྟོགས་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་དེ་དག་གི་ཕན་ཡོན་མདོར་བསྡུས་པ་སྟེ་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཀུན་གྱི་གཙོ་བོ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཀུན་གྱིས་དེ་ལྟར་དབང་ཐོབ་པ་དེ་དག་གོ །གཙོ་བོ་ནི་སེམས་ཅན་གཞན་གྱི་གཙོ་བོར་གྱུར་པ་ཞེས་པའི་དོན་ཏོ། །ཡོན་ཏན་ནི་དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་དོ། །དེ་ཉིད་བཀུར་བར་འོས་པས་ཐོད་དོ། །རྣམས་ཀྱི་ཐོད་ཅེས་པ་ནི་དེ་བས་ཀྱང་ཆེས་བླ་མའི་མན་ངག་གུས་པར་གཟུང་བར་བྱའོ། །ལུས་ཀུན་ལས་ནི་རྣམ་གྲོལ་བ། །ཞེས་པ་ནི་བསྒོམ་པར་བྱ་བ་སྟོན་པ་སྟེ། རིག་པའི་དབང་དང་ལྡན་ནས་ཕུང་པོ་ལྔ་ལ་སོགས་པ་རིགས་ལྔ་ལ་སོགས་པར་བསྒོམ་པའོ། །གཉིས་པས་ནི་སྐུར་འཛིན་པ་ལས་གྲོལ་ཏེ། འཁོར་ལོ་དྲུག་ལ་བཀོད་པའི་ཡིག་འབྲུ་བསྒོམ་པའོ། །གསུམ་པ་ནི་ཡིག་འབྲུ་བསྒོམ་པའི་རྟོག་པ་ལས་གྲོལ་ཏེ། ཐིག་ལེ་བྱང་ཆུབ་སེམས་སུ་བསྒོམ་པའོ། །བཞི་པ་ནི་དེ་དག་ཐམས་ཅད་གཉིས་སུ་མེད་པར་བསྒོམ་པའོ། །ཡང་ན་ལུས་ཀུན་ཞེས་པ་ནི་གསུམ་སྟེ། ལས་ཀྱི་ལུས་དང༌། རྣམ་པར་སྨིན་པའི་ལུས་དང༌། བག་ཆགས་ཀྱི་ལུས་སོ། །དེ་དབང་གསུམ་གྱིས་སྦྱོར་བར་བྱེད་པ་སྟེ། ཡེ་ཤེས་ཀྱི་ལུས་སུ་གྱུར་པས། ནམ་མཁའི་ལམ་ལ་རབ་གནས་པ། །ཞེས་གསུངས་ཏེ། ནམ་མཁའ་


DTG015_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་འདུས་མ་བྱས་ཏེ། ཆོས་ཀྱི་སྐུ་མངོན་དུ་བྱེད་པའོ། །གནས་པ་ནི་ལོངས་སྤྱོད་པ་དང༌། སྤྲུལ་པ་སྟེ། དེས་སེམས་ཅན་རྗེས་སུ་འཛིན་པར་མཛད་པས་སོ། །ཡང་ན་ནམ་མཁའ་ནི་གོ་བླའོ། །དེ་ལ་གནས་པ་ནི་མཁའ་འགྲོ་མ་རྣམས་ཏེ། དེ་དག་དང་མི་གཉིས་པར་མཁའ་སྤྱོད་དུ་འགྱུར་པའོ། །ད་ནི་རློམ་སེམས་མེད་པར་དཔེ་གསུམ་གྱི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་བསྟན་པའི་ཕྱིར། ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནམ་མཁའི་ལམ་ལ་གནས་ནས་སེམས་ཅན་རྗེས་སུ་འཛིན་པ་ནི་ཡིད་བཞིན་ནོར་བུ་ལྟར་རྟོག་པ་མེད་པ་འཇུག་པའོ། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག་ནི། བཏང་སྙོམས་སུ་བྱེད་པས་དེ་སྐད་ཅེས་བྱའོ། །མཆོག་ནི་མཆོག་གི་དངོས་གྲུབ་སྩོལ་བར་མཛད་པའོ། །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །ཞེས་པ་ནི་དཔག་བསམ་གྱི་ཤིང་ལས་དགོས་པ་འབྱུང་བ་ནི་ཤིང་གི་ལྕུག་མའམ་ཤིང་གས་པ་ལས་མི་འབྱུང་ལ། རྒྱས་པ་ཁོ་ན་ལས་འབྱུང་གི་མ་རྒྱས་པ་ལས་མ་ཡིན་པ་ལྟར་སྐུ་གསུམ་ཆར་ལས་སེམས་ཅན་གྱི་དོན་འབྱུང་གི་ཆོས་སུ་འབའ་ཞིག་ལས་མ་ཡིན། ཡང་ན་དགའ་བ་དང་མཆོག་དགའ་ནི་མྱུ་གུ་སྟེ་དེ་ལས་མ་ཡིན་ལ། དགའ་བྲལ་ནི་སྐམས་པ་ལྟ་བུ་ཡིན་པས་དེ་ལས་མ་ཡིན་གྱི། ལྷན་ཅིག་སྐྱེས་པ་ནི་རྒྱས་པ་ཡིན་ལ་དེ་ལས་འབྲས་བུ་སྐུ་གསུམ་འབྱུང་བའོ། །བུམ་པ་བཟང་པོ་ཆེ་བའི་མཆོག །ཅེས་པ་ནི་གྲུབ་པའི་བུམ་པ་ལས་དགོས་པ་འབྱུང་བ་ལྟར་འདིར་ཡང་སེམས་ཅན་རྗེས་སུ་གཟུང་བར་ནུས་པའོ། །ཆེ་བའི་མཆོག་ཅེས་པ་ནི་མཆོག་གིས་དངོས་གྲུབ་སྩོལ་བའོ། །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཅེས་པ་ནི་སྙོམས་པར་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་ཉིད་གང་ཞེ་ན། ཕན་འདོགས་སེམས་ཅན་མཉེས་གཤིན་པ། །ཞེས་གསུངས་ཏེ། དོན་དུ་གཉེར་བར་བྱ་བས་ན་ཕན་འདོགས་པ་སྟེ། སེམས་ཅན་རྣམས་ནི་གྲུ་ཞིག་པའམ་གཡང་ས་ཆེན་པོའི་ཁ་ན་འདུག་པ་འམ། གསལ་ཤིང་ལ་བསྐྱོན་པ་ལྟ་བུའམ། ངན་སྐྱུགས་ཀྱི་ནང་དུ་གང་བ་དེ་དག་ལ་སྙོམས་པར་བདེ་བའི་རྒྱུ་དང་འབྲས་བུ་ལ་བཀོད་པ་དེ་སྐད་ཅེས་བྱའོ། །མཉེས་གཤིན་པ་ཞེས་པ་ནི་རྟག་ཏུ་མི་བརྗེད་པར་བྱེད་པའོ། །ད་ནི་ཤེས་རབ་ཁྱད་པར་ཅན་གྱི་སྒོ་ནས་སེམས་ཅན་གྱི་དོན་


DTG015_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་བསྟན་པར་བྱ་བའི་ཕྱིར། བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཞེས་གསུངས་ཏེ། བཟང་པོའི་དུས་ཤེས་པ་དང༌། ངན་པའི་དུས་ཤེས་པར་བྱ་བའི་ཕྱིར་ནང་གི་སྒོ་ནས་སེམས་ཅན་རྗེས་སུ་འཛིན་པའོ། །ནང་གི་དབང་དུ་བྱས་ནས་རླུང་གི་རྒྱུ་བ་སོ་སོར་རྟོགས་པར་བྱེད་ལ། ཕྱིའི་དབང་དུ་བྱས་ནས་དུས་སྦྱོར་བཅུ་གཉིས་ཀྱིས་སོ་སོར་རྟོགས་པར་བྱེད་དེ། དེས་ན་རྣལ་འབྱོར་གྱི་གཙུག་ལག་ལ་མཁས་པར་བྱའོ། །ཁྱབ་བདག་ཅེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ལ་ཁྱབ་པའོ། །དམ་ཤེས་ཞེས་པ་ནི་མི་སླུ་བ་སྟེ། རྣལ་འབྱོར་གྱི་གཙུག་ལག་གིས་མི་སླུ་བའོ། །དམ་ཚིག་ལྡན་ཞེས་པ་ནི་དམ་ཚིག་དང་ལྡན་པས་སེམས་ཅན་གྱི་དོན་ལ་འཇུག་པའོ། །དེ་ལྟ་བུའི་རྩིས་ཀྱིས་བཟང་བ་དང་ངན་པ་དང་སྐྱེ་བ་དང་འཆི་བ་ལ་སོགས་པ་ཤེས་པ་ནི་དུས་ཤེས་པའོ། །དབང་པོ་ཞེས་པ་ནི་མཆོག་དང་མཆོག་མ་ཡིན་པ་ཤེས་པའོ། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་བྱ་བ་ལ། རྣམ་གྲོལ་ནི་གྲོལ་བར་བྱེད་པ་སྟེ་ཐེག་པའོ། །གསུམ་ནི་ཉན་ཐོས་དང༌། རང་རྒྱལ་དང༌། ཐེག་པ་ཆེན་པོའོ། །མཁས་པ་པོ་ནི་བཤད་མ་ཐག་པའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ལ་ཅི་རིགས་པར་སྟོན་པ་ལ་དེ་སྐད་ཅེས་བྱའོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཞེས་བྱ་བ་ལ། དེ་ལྟར་གཙུག་ལག་གི་སྒོ་ནས་ཡོན་ཏན་དང་ལྡན་པ་དང་མི་ལྡན་པ་ཡང་ཤེས་པར་བྱའོ། །ཡང་ན་གཙུག་ལག་ནི་རང་གི་དོན་ཡོན་ཏན་ཤེས་པ་ཡིན་ལ། དེའི་སྒོ་ནས་གཞན་དོན་ཡོན་ཏན་དང་ལྡན་པར་ཤེས་པར་བྱའོ། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང༌། །ཞེས་བྱ་བ་ལ། ཆོས་ཤེས་པ་ནི་རྩིས་སོ། །དེས་བཟང་ན་ནི་བཀྲ་ཤིས་པ། ངན་ན་ནི་བཀྲ་མི་ཤིས་པ་སྟེ། བཟློག་པར་བྱའོ། །ཡང་ན་རྩིས་དེ་ཤེས་པས་བྱ་བ་ཅི་བྱས་ཀྱང་བཀྲ་ཤིས་པའོ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་བཀྲ་ཤིས་པའོ། །དེ་ཉིད་བཤད་པ། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །ཞེས་གསུངས་ཏེ། བཀྲ་ཤིས་པ་ཉིད་དུ་སྙན་གྲགས་པའོ། །དབུགས་འབྱིན་ནི་ལྟ་བ་ལོག་པ་མངོན་པར་ཤེས་པ་ཅན་ཡང་རྩིས་འདིའི་སྒོ་ནས་དབུགས་འབྱིན་པར་བྱེད་པའོ། །ཆེན་པོ་ནི་དེ་ལྟར་དབང་ཐོབ་པས་དབུགས་འབྱིན་ཅིང་ངལ་སོལ་པའོ། །དགའ་བ་དང་བདེ་བ་ཆེན་


DTG015_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོས་ཚིམ་པར་བྱེད་པས་དགའ་སྟོན་ཆེ་ཞེས་པའོ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །ཞེས་པ་ནི་ཐམས་ཅད་ཕྱག་རྒྱ་ཆེན་པོ་ལ་བཀོད་པས་སོ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །ཞེས་བྱ་བ་ལྷ་དང་མིའི་ཕུན་སུམ་ཚོགས་པའི་གཞི་ཡིན་པས་དབང་ལ་འཇུག་པར་བྱའོ་ཞེས་པའི་དོན་ཏོ། །མཆོག་ཏུ་དགའ་བ་གྲགས་བདག་དཔལ། །ཞེས་བྱ་བ་ལ། མཆོག་ཏུ་དགའ་བ་གཉིས་སུ་མེད་པའོ། །དེ་གང་ལ་ཡོད་པ་ན་གྲགས་བདག་དཔལ་ཏེ། འཇིག་རྟེན་པའི་དཔལ་བདག་གི་དོན་ཏོ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །ཞེས་པ་ནི་རང་མཆོག་དང་ལྡན་པས་གཞན་ལ་མཆོག་སྦྱིན་པར་ནུས་པ་དེ་ནི་གཙོ་བོ་རབ་ཕུལ་གྱ་ནོམ་པ་ཞེས་བྱ་བ་སྟེ། དེའི་ཕྱིར། སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །ཞེས་པ་སྟེ། འདི་དང་ཕ་རོལ་གྱི་འཇིགས་པ་ཅན་རྣམས་ཀྱི་སྐྱབས་སུ་གྱུར་པའོ། །ད་ནི་བརྟུལ་ཞུགས་ཀྱི་ཆ་ལུགས་བཟུང་ནས་སེམས་ཅན་གྱི་དོན་བྱེད་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། འཇིགས་ཆེན་དགྲ་སྟེ་རབ་ཀྱི་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིགས་ཆེན་ཡང་ཡིན་ལ་དགྲ་ཡང་ཡིན་པས་འཇིགས་ཆེན་དགྲ་སྟེ། ཆུ་བོ་བཞི་དང༌། བདུད་བཞི་དང༌། ངན་སོང་གསུམ་དང༌། གཉིས་སུ་འཛིན་པའི་རྟོག་པ་སྟེ། དེའི་དགྲ་ནི་བརྟུལ་ཞུགས་སོ། །དེ་དག་ལས་གྲོལ་བས་ན་རབ་དང་མཆོག་དང་གཙོ་བོ་ཞེས་བྱའོ། །འཇིགས་པ་མ་ལུས་སེལ་བ་པོ། །ཞེས་པ་ནི་འཇིགས་པ་བརྒྱད་དོ། །མ་ལུས་པ་ནི་འཇིགས་པའི་བྱེ་བྲག་སྟེ། ཅུང་ཟད་ཙམ་ཡང་མ་ལུས་པར་བརྟུལ་ཞུགས་ཀྱིས་སེལ་བའོ། །ད་ནི་བརྟུལ་ཞུགས་ཀྱི་ཆ་ལུགས་དངོས་པོ་བསྟན་པར་བྱ་བའི་ཕྱིར། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཉམ་པར་གཞག་པའི་དུས་སུ་ནི་ཧེ་རུ་ཀའི་རྒྱན་དང་ཆ་ལུགས་འདི་འདྲ་བར་བསྒོམས་ལ། རྗེས་ལ་ཐོབ་པའམ་བསྐྱེད་རྫོགས་ལ་ནུས་པ་ཐོབ་ནས་སྤྱོད་པ་བྱེད་པའམ། ཡུལ་ཉི་ཤུ་རྩ་བཞིར་རིགས་ལྡན་ཚོལ་བའི་དུས་སུ་འདི་དག་བྱ་བ་སྟེ། །རྒྱལ་ཚབ་ཧེ་རུ་ཀའི་སྤྱོད་པ་ཞེས་བྱའོ། །དེའི་ཕྱིར་གཙུག་ཕུད་ནི་ཐོད་པའི་དུ་མ་བུ་སོར་ལྔ་པའི་ཚད་ལ་འཁོར་ལོའི་གཟུགས་སུ་བྲིས་ཏེ། དེའི་བུག་པ་ནས་སྐྲ་རྣམས་དྲངས་ཏེ་སྤྱི་ཁབ་བྱ་བའི་གཙུག་ཕུད་དོ། །འཁོར་ལོའི་སྟེང་དུ་རུས་པའི་ཟླ་བ་ཕྱེད་པ་


DTG015_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། སྣ་ཚོགས་རྡོ་རྗེ་བྱས་པ་ནི་ཕུད་བུའོ། །ལྕང་ལོ་ནི་རྐུན་མའམ་དཔའ་བོ་བསད་པའི་སྐྲ་ལས་བྱས་པའི་ལན་བུ་ཕྲ་མོ་གཉིས་ལྡན་པ་གཡས་གཡོན་དུ་འཕྱང་བའོ། །རལ་པ་མུཉྫ་ཅོད་པན་ཐོགས་ནི། སྐྲ་གྱེན་དུ་བརྫེས་ནས་དར་གྱིས་བཅིངས་ནས་རལ་པའི་ཚོགས་ཐུར་དུ་འཛག་པའོ། །མུཉྫ་ནི་སྐྲའམ་རྩ་ལས་ལྷས་མ་ལེགས་པར་བྱས་པའི་མཆོད་ཕྱིར་ཐོགས་འཆང་བའོ། །གདོང་ལྔ་ནི་རུས་པའམ་བསོ་ལས་ཐོད་པ་སྐམ་པོའི་དབྱིབས་བྱས་པ་ལྔ་མགོ་ལ་འཇོག་པའོ། །དེའི་ཁ་ནས་རུས་པ་ལས་བྱས་པའི་མུ་ཏིག་ཧ་རའི་གཟུགས་ཆེ་ཆུང་དུ་བྱས་པ་ལས་རིང་ཐུང་བྱས་པའི་རིམ་པ་གསུམ་དང་ལྡན་པས། ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །ཅེས་བྱ་བའོ། །གཙུག་ཕུད་ལྔ་དང་ལྡན་ཞེས་པ་ནི་གདོང་ལྔ་པོ་རེ་རེའི་སྟེང་དུ་རུས་པ་ལས་བྱས་པའི་རྡོ་རྗེ་རེ་རེ་ཕྲེང་བའོ། །མགོ་ཟླུམ་ནི་སྐྲ་བརྫེས་པས་འཛུམ་པར་སྣང་བའོ། །བརྟུལ་ཞུགས་ཆེན་པོ་འཆང་ཞེས་པ་ནི་ལག་པ་ལ་སོགས་པ་ཡང་རུས་པའི་རྒྱན་གྱིས་རྫོགས་པར་བྱས་ཏེ། གཡོན་པའི་གྲུ་མོས་རྣལ་འབྱོར་གྱི་ལྷུང་བཟེད་གཟུང༌། ལག་པས་ཁ་ཊྭཱཾ་ག་གཟུང༌། ལག་པ་གཡས་པ་ཌ་མ་རུ་དང་ལྡན་པར་བྱས་པ། ལྷུང་བཟེད་དང་ཁ་ཊྭཱཾ་ག་དུར་ཁྲོད་ཀྱི་རས་ཀྱིས་གཡོགས་ནས་སྤྱོད་པའོ། །ཚངས་པར་སྤྱོད་པ་ནི་ཕྱི་ནང་གི་བྱང་ཆུབ་ཀྱི་སེམས་ལྷུང་བར་མི་བྱའོ། །དེ་ལྟ་བུའི་བརྟུལ་ཞུགས་ནི་བརྟུལ་ཞུགས་རྣམས་ཀྱི་ནང་ན་མཆོག་གོ །དེ་ནི་དཀའ་ཐུབ་མཐར་ཕྱིན་པ་སྟེ་ཐ་མལ་བའི་རྟོག་པ་བཅོམ་པའོ། །དཀའ་ཐུབ་ཆེ་ཞེས་པ་ནི་དེ་ལྟ་བུའི་དཀའ་ཐུབ་ཀྱིས་མཆོག་གི་དངོས་གྲུབ་སྒྲུབ་པའོ། །དེ་ལྟ་བུའི་སྤྱོད་པས་ནི་ནང་གི་དྲི་མ་བཀྲུས་པས་ན་གཙང་གནས་ཏེ་གཙང་སྦྲ་ཅན་ནོ། །གཽ་ཏ་མ་ནི་སྐད་སོར་བཞག་པ་སྟེ། དམ་པ་ཞེས་པའམ་མཆོག་ཅེས་པའོ། །གཙང་སྦྲ་དེ་ཡོད་པ་ནི་ནང་གི་བྲམ་ཟེའོ། །ཆངས་པ་ཚངས་པ་ཤེས་པ་ནི་དྲི་མ་དག་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། མྱ་ངན་ལས་འདས་པ་ཞེས་པ་ནི་ཐོབ་པའོ་ཞེས་པའོ། །གྲོལ་བ་ནི་རྟོགས་པ་ལས་སོ། །ཐར་པ་ནི་བཅིངས་པ་ལས་སོ། །དེའི་ལུས་གཉིས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའོ། །རྣམ་གྲོལ་ཞི་བ་ནི་ཉན་ཐོས་ཀྱི་ཆགས་བྲལ་གྱི་ལུས་སོ། །ཞི་བ་ཉིད་ནི་ཆགས་བཅས་ཀྱི་ལུས་ཏེ་རྡོ་རྗེ་འཆང་གི་སྐུའོ། །ཡང་ན་


DTG015_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་གྲོལ་ཞི་བ་ནི་འཁོར་བ་ལ་མི་གནས་པའོ། །ཞི་བ་ཉིད་ནི་མྱ་ངན་ལས་འདས་པ་ལ་མི་གནས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །མྱ་ངན་འདས་ཞི་མྱ་ངན་འདས། །ཞེས་པའོ། །ལེགས་པར་མྱ་ངན་འདས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། གཞན་ནི་མ་ལེགས་པའིའོ། །ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཚན་ཉིད་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། བདེ་སྡུག་སེལ་བ་མཐར་གྱུར་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ནི་དགའ་བ་དང་མཆོག་དགའ་སྟེ་བདེ་བ་ཉིད་ཀྱི་ཕྱིར་རོ། །སྡུག་པ་ནི་དགའ་བྲལ་སྟེ། འདོད་པའི་ཕྱིར་རོ། །སེལ་བ་ནི་ལོག་པར་རྟོག་པ་སེལ་པ་སྟེ། གནས་ལ་སོགས་པའོ། །མཐར་གྱུར་པ་ནི་ལྷན་ཅིག་སྐྱེས་པ་སྟེ། མཆོག་མཐའ་ཞེས་གསུངས་པའི་ཕྱིར་རོ། །མཐར་གྱུར་པ་ཞེས་པས་དགའ་བྲལ་དུ་ལོག་པར་རྟོག་པ་བསལ་པའི་ཕྱིར་རོ། །ཆགས་བྲལ་ལུས་ལས་འདས་པའོ། །ཞེས་གསུངས་ཏེ། ཆགས་བྲལ་ནི་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་སྟེ། དེ་དང་མཐུན་པའི་དགའ་བྲལ་ལས་འདས་པ་སྟེ། ཐུབ་པ་མེད་པ་དཔེ་མེད་པ། །ཞེས་པ་ནི་དགའ་བ་གསུམ་གྱིས་མི་ཐུབ་པའོ། །དཔེ་མེད་པ་དེ་སྐར་མ་དང་ཟླ་བ་ལྟ་བུའོ། །མི་མངོན་པ་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། མི་སྣང་བ་ནི་སྤྱོད་ཡུལ་མ་ཡིན་པའོ། །གསལ་བྱེད་མིན་པ་ནི་གསལ་བྱེད་གཞན་ལ་མི་ལྟོས་པའོ། །མི་འགྱུར་པ་ནི་རྟག་པའི་ཕྱིར་རོ། །གལ་ཏེ་མི་རྟག་ན་སངས་རྒྱས་ཀྱི་ཡེ་ཤེས་མ་ཡིན་པར་འགྱུར་པའི་ཕྱིར་རོ། །ཀུན་འགྲོ་ཞེས་པ་ནི་ཕྱོགས་ཆ་མེད་པའི་ཕྱིར་རོ། །ཁྱབ་པ་པོ་ཞེས་པ་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། ནམ་མཁའ་བཞིན་ནོ། །ཁྱབ་དང་རྡོ་རྗེ་བདག་ཉིད་དང༌། །འགྱུར་མེད་དུས་ནི་ཐམས་ཅད་པའོ། །ཞེས་གསུངས་ཏེ། ཤིན་ཏུ་ལེགས་པ་ཉིད་དུ་འགྱུར་རོ། །ཡང་ན་ཆོས་ཀྱི་སྐུ་རོ་གཅིག་པའི་ཕྱིར་མི་འགྱུར་རོ། །དེའི་མིང་ཀུན་འགྲོ་ཞེས་བྱ་བ་སྟེ། ཁྱབ་པའི་ཕྱིར་རོ། །ཁྱབ་པ་ནི་ཁམས་གསུམ་མམ་དབང་པོ་དྲུག་པའོ། །ཇི་ལྟར་འབྱུང་བ་བཞི་ལ་ནམ་མཁའ་ཁྱབ་པ་བཞིན་ནོ། །ཕྲ་བ་ནི་རྟོགས་པར་དཀའ་བའོ། །ཟག་པ་མེད་པ་ནི་ཡུལ་དང་ཡུལ་མ་ཡིན་པས་སྲིད་པར་མི་འཁོར་བའི་ཕྱིར་རོ། །ས་བོན་བྲལ་ཞེས་པ་ནི་རྒྱུ་འབྲས་ཐ་མི་དད་པའི་ཕྱིར་ཟག་བཅས་


DTG015_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ས་བོན་དང་བྲལ་བའོ། །ཡང་ན་ཟག་བཅས་ཀྱི་ས་བོན་དང་བྲལ་བས་ཟག་པ་མེད་པའོ། །རྡུལ་མེད་ཅེས་པ་ནི་རྡུལ་ནི་དྲི་མ་ཡིན་ལ། དེ་ནི་དགའ་བ་གསུམ་གྱི་དྲི་མ་དང་བྲལ་བས་སོ། །དྲི་མ་མེད་པ་ནི་ལྷན་ཅིག་སྐྱེས་པའོ། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཞེས་པ་ནི་ལྷན་ཅིག་སྐྱེས་པའི་སྐྱོན་དུ་འགྱུར་པ་ཀུན་ཞེས་པའོ། །ཤིན་ཏུ་སད་པའི་བདག །ཅེས་པ་ནི་ཉམས་སུ་མྱོང་བའི་དུས་སུ་གཉིད་སད་པ་ལྟ་བུ་སྟེ། སངས་ཞེས་པའི་དོན་ཏེ་སངས་རྒྱས་ཞེས་པའོ། །ཀུན་ཞེས་པ་ནི་ཀུན་མཁྱེན་པ་སྟེ། འཁོར་འདས་ཀུན་གཉིས་སུ་མེད་པར་ཤེས་ཤིང་རིག་པ་སྟེ། མི་སླུ་བས་ནད་མ་པའོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཞེས་པ་ནི་ཤེས་བྱ་ལས་འདས་པའོ། །དེའི་མཚན་ཉིད་ཇི་ལྟ་བུ་སྙམ་པ་ལ། ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་ཏེ། ཤེས་པ་དང་ཤེས་བྱ་གཉིས་སུ་མེད་པའི་ཚུལ་འཆང་བའོ། །དེས་སེམས་ཅན་གྱི་དོན་མཛད་པའི་ཚུལ་གསུངས་པ། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་པ་སྟེ། སྔོན་གྱི་སྨོན་ལམ་གྱིས་མཛད་པ་ལྷུན་གྱིས་གྲུབ་པའོ། །དེས་ཅི་བྱེད་སྙམ་པ་ལ། དུས་གསུམ་སངས་རྒྱས་ལས་བྱེད་པ། ཞེས་གསུངས་སོ། །དུས་གསུམ་གྱི་སངས་རྒྱས་ཇི་ལྟ་བུ་ཞེན། སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་གསུངས་ཏེ། ཐོག་མ་ཞེས་པ་ནི་སྔོན་དུ་འགྲོ་བ་སྟེ་རྒྱུའོ། །ཐ་མ་ཞེས་པ་ནི་འགག་པ་སྟེ་རྐྱེན་གྱིས་མི་འཇིག་པའོ། །མེད་ཅེས་པ་ནི་སྐྱེ་བའི་རྒྱུ་དང་འགག་པའི་རྐྱེན་ཏེ། རང་བྱུང་བ་ཞེས་པའི་དོན་ཏོ། །དེ་ཉིད་གསུངས་པ། དང་པོ་སངས་རྒྱས་རྒྱུ་མེད་པ། །ཞེས་གསུངས་ཏེ། ཉན་ཐོས་རྡུལ་ཕྲ་རབ་རྒྱུར་འདོད་པ་དེ་མེད་པའོ། །དེས་ན་རྒྱུ་ནི་སྔོན་དུ་འགྲོ་བ་ཡིན་ལ། དེ་ཡང་བདག་གི་བྱ་བ་ལ་སོགས་པའོ། །འབྲས་བུ་སྔོན་དུ་རྒྱུ་བའི་ཚེ་རྒྱུ་དེ་དང་འབྲས་བུ་བདག་ཉིད་གཅིག་ལ་སོགས་པ་ཡོད་དམ། འོན་ཏེ་མེད། ཡོད་དོ་ཞེ་ན། རྒྱུ་འགགས་པ་ལས་འབྲས་བུ་འབྱུང་ངམ། འོན་ཏེ་མ་འགགས་པ་ལས་འབྱུང༌། འགགས་པ་ལས་འབྱུང་ངོ་ཞེ་ན། འགགས་པའི་ཕྱིར་འབྲས་བུ་གང་ལས་འབྱུང༌། མི་འགགས་ན་རྒྱུ་དང་འབྲས་བུ་དུས་གཅིག་པར་འགྱུར་པས་ན་འདི་ནི་བདག་མེད་པའོ། །དེ་གང་གིས་མཐོང་སྙམ་པ་ལ། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་གསུངས་ཏེ། ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་སོ། །མིག་གཅིག་དྲི་མ་མེད་པ་ནི་མིག་དང་འདྲ་བས་སོ། །ཡེ་ཤེས་


DTG015_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལུས་ཅན་དེ་བཞིན་གཤེགས། །ཞེས་པ་ནི་དེ་ལྟ་བུ་གང་གི་མཐོང་བ་དེ་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཞེས་བྱའོ། །ད་ནི་དབང་བཞི་པའི་མཚན་ཉིད་གཏན་ལ་དབབ་པའི་ཕྱིར། ཚིག་གི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཐོབ་པར་བྱེད་པ་བླ་མ་ལ་ལྟོས་དགོས་པས་དང་པོ་བླ་མ་མཉེས་པར་བྱ་བའི་ཕྱིར་མཎྜལ་དང་ཚོགས་ཀྱི་མཆོད་པ་སྔོན་དུ་འགྲོ་བས་ཚིག་འདིས་བསྟོད་པར་བྱ་སྟེ། གསུམ་པར་ངོས་བཟུང་བ་དེ། འདིས་ཉམས་སུ་བླང་བར་བྱའོ། །ཚིག་དབང་ཐོབ་པས་ན་ཚིག་གི་དབང་ཕྱུག་སྟེ། སྣང་བ་མཐའ་ཡས་ཞེས་བྱའོ། །སྨྲ་བ་ཆེ་ཞེས་པ་ནི་སྨྲ་བ་རྣམས་ཀྱི་ནང་ན་བཞི་པ་མཆོག་ཡིན་པས་སོ། །སྨྲ་བའི་སྐྱེས་མཆོག་ནི་བཞི་པ་སྨྲ་བས་སོ། །སྨྲ་བའི་རྒྱལ་པོ་ནི་གཞན་ཀླན་ཀ་ཚོལ་བས་ཟིལ་གྱིས་མི་ནོན་པས་སོ། །སྨྲ་བའི་དམ་པ་ནི་འདིའི་སྒོ་ནས་གཞན་རྟོགས་པས་སོ། །མཆོག་གི་གནས་ནི་དངོས་གྲུབ་ཀྱི་གནས་སོ། །སྨྲ་བའི་སེང་གེ་ནི་ལྟ་བ་ངན་པ་ཚར་གཅོད་པས་སོ། །ཚུགས་པ་མེད་པ་ནི་གཞན་གྱི་ཀླན་ཀས་སོ། །དེ་ལྟར་ན་ཀྱེ་ཞེས་སྔོན་དུ་སོང་བས་ཕྱག་འཚལ་བསྟོད་ཅེས་བྱའོ། །ད་ནི་བཞི་པའི་མཚན་ཉིད་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། ཀུན་དུ་ལྟ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྟེན་དང་བཅས་པ་དང། རྟེན་མེད་པ་གཉིས་ཏེ། རྟེན་བཅས་ཀྱི་དབང་དུ་བྱས་ཏེ། ཀུན་ཞེས་པ་ནི་རྒྱལ་རིགས་ལ་སོགས་པའོ། །ལྟ་བ་ནི་ལས་རྒྱལ་ཡེ་ཤེས་ཀྱིས་རྒྱས་བཏབ་པ་སྟེ། སངས་རྒྱས་སྤྱན་ལ་སོགས་པའི་རང་བཞིན་གནས་ལྔར་ཡི་གེ་དགོད་པའོ། །དེ་ལ་བརྟེན་ནས་མཆོག་ཏུ་དགའ་བ་སྟེ། ཕྱག་རྒྱ་ཆེན་པོ་འབྱུང་བས་དེ་སྐད་ཅེས་བྱ་བའོ། །གཟི་བརྗོད་ཕྲེང་བ་ནི་འོད་ཟེར་ཏེ། སྤྱན་ལ་སོགས་པ་བཀུག་ནས་བསྟིམས་ཏེ་དེར་བྱ་བའོ། །བལྟ་ན་སྡུག་པ་ཞེས་ནི་ལྟར་བསྟན་སྡུག་པ་བྱས་ནས་དེ་སྐད་ཅེས་བྱའོ། །འོད་བཟད་འབར་བ་དཔལ་གྱི་བེའུ། །ཞེས་པ་ནི་སྙིང་གར་ཉམས་སུ་མྱོང་བའོ། །ལག་ན་འོད་འབར་སྣང་བ་པོ། །ཞེས་པ་ནི་ལག་པས་རྫས་ལ་སོགས་པ་ལེན་པ་ལྟར་ཕོ་ཉ་འདིས་ཀྱང་གཉིས་སུ་མེད་པ་ལེན་པར་བྱེད་པའོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཞེས་པ་ནི་ཐབས་ཀྱིས་ཟུག་རྡུ་འབྱིན་པའོ། །དེ་ཉིད་བཤད་པ། ཟུག་རྡུ་འབྱིན་པ་བླ་ན་མེད་པ་སྟེ། ཆུང་ཡང་སྡུག་བསྔལ་སྐྱེད་པར་བྱེད་པས་སོ། །ཡང་ན་ཡེ་ཤེས་ཀྱི་ཕྱག་རྒྱའི་དབང་


DTG015_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་བྱས་ནས་ཀུན་ཞེས་པ་ཡུལ་ལྔ་གཟུགས་རྡོ་རྗེ་མ་ལ་སོགས་པར་ལྟའོ། །ཡེ་ཤེས་ལ་ལས་ཀྱི་ཕྱག་རྒྱ་གདབ་པ་སྟེ། བདེ་བ་སྐྱེ་བའི་རྟེན་རུང་བར་ལྟ་སྟེ། ཙུམྦ་ན་དང༌། ཨཱ་ལིངྒ་དང༌། ན་ཁ་བྲ་ཧ་ར་ལ་སོགས་པ་བྱའོ། །གཟི་བརྗིད་ཕྲེང་བ་བལྟ་ན་སྡུག་ཅེས་པ་ནི་འོད་ཟེར་གྱི་ཕྲེང་བས་རེག་རྡོ་རྗེ་མ་ལ་སོགས་པ་སྤྱན་དྲང་བ་དང་དེར་བྱ་བ་སྟེ། བལྟ་ན་སྡུག་པ་ནི་ལས་དང་འདྲ་བར་རོ། །ལྷག་མ་ནི་གོང་མ་བཞིན་ནོ། །སྨན་པ་ནི་ཉོན་མོངས་པའི་ནད་གསོ་སྟེ་ཟུག་རྡུ་ཞེས་བྱའོ། །ཆོས་ཀྱི་ཕྱག་རྒྱ་ལྟར་ན་ཀུན་དུ་ཞེས་པ་ལུས་ཀུན་དུ་སྟེ། སྤྱི་བོ་ལ་སོགས་པའོ། །བལྟ་ན་སྡུག་ཅེས་པ་ནི་གནས་དེར་འཁོར་ལོ་ལྟ་བ་སྟེ། བདེ་བ་ཆེན་པོ་ལ་སོགས་པའོ། །གཟི་བརྗིད་ནི་གཏུམ་མོའོ། །ཕྲེང་ནི་འཁོར་ལོ་བཞི་རིམ་པས་བསྲེག་པ་སྟེ། ལྟེ་ཨི་ཨའོ། །དཔལ་བེའུ་ནི་སྙིང་གར་བག་ཆགས་བསྲེག་པའོ། །ལག་ན་འོད་འབར་ནི་དེས་ཡེ་ཤེས་ཀྱི་བདུད་རྩི་བླངས་པའོ། །སྨན་པ་ནི་སྔར་བསྲེགས་པ་གསོ་བར་བྱེད་པའོ། །ཟུར་རྡུ་ནི་བདག་ཏུ་ལྟ་བའོ། །ད་ནི་དེ་དག་གི་མཐུན་པའི་དཔེ་བསྟན་པར་བྱ་བའི་ཕྱིར། སྨན་རྣམས་མ་ལུས་ལྗོན་པའི་ཤིང༌། །ཞེས་པ་ལ། སྨན་གྱི་ལྗོན་པའི་ཤིང་ནི་སྡོང་བུ་དང་མེ་ཏོག་དང་ཡལ་ག་དང་ལོ་མ་ལ་སོགས་པ་ཐམས་ཅད་སྨན་དུ་འགྱུར་པ་ལྟར་ཕོ་ཉ་དེ་དག་ལ་བལྟས་པ་དང་མཐོང་བ་ལ་སོགས་པས་ཉིས་སུ་མེད་པའི་གྲོགས་སུ་འགྱུར་པས་སོ། །ནད་དོ་ཅོག་གི་དགྲ་ཆེ་བ། །ཞེས་པ་ནི་ཉོན་མོངས་པའི་ནད་རྣམས་རྩད་ནས་གཅོད་པས་ན་ནད་ཀྱི་དགྲ་བོ་ཆེན་པོའོ། །སྡུ་གུ་ཞེས་པ་ནི་དེ་ལྟར་བྱིན་གྱིས་བརླབས་པ་དེའོ། །འཇིག་རྟེན་གསུམ་གྱི་མཆོག་ནི་གཉིས་སུ་མེད་པ་རྟོགས་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་གཞན་མེད་པས་དེ་སྐད་ཅེས་བྱའོ། །དཔལ་ལྡན་ཞེས་པ་ནི་བདག་དང་གཞན་གྱི་དོན་འབྱུང་བས་སོ། །རྒྱུ་སྐར་དཀྱིལ་འཁོར་ཅན་ནི་ཡེ་ཤེས་དེས་ཉོན་མོངས་པ་ཟིལ་གྱིས་ནོན་པ་སྟེ། ཇི་ལྟར་ཟླ་བའི་དཀྱིལ་འཁོར་གྱིས་སྐར་མའི་ཚོགས་ཟིལ་གྱིས་གནོན་པ་བཞིན་ནོ། །དེ་ཇི་ཙམ་དུ་སྙམ་པ་ལ། ཕྱོགས་བཅུ་ནམ་མཁའི་མཐར་ཐུག་བར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་གསུངས་ཏེ། ཕྱོགས་བཅུ་ནི་ཡུལ་དང་དབང་པོའོ། །ཆོས་ཀྱི་རྒྱལ་མཚན་ནི་ཡེ་ཤེས་སོ། །འཛུགས་པ་ནི་བསྟན་པ་སྟེ་གསུམ་པའི་ཡེ་ཤེས་སོ། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །ཞེས་པ་ནི་འགྲོ་བ་དྲུག་གོ །


DTG015_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གདུགས་ནི་གདུགས་དང་འདྲ་བ་སྟེ་ཚ་བའི་གདུང་བ་སེལ་པར་བྱེད་ཅིང་སྐྱོབ་པའི་ཕྱིར་རོ། །ཡངས་པ་ནི་ཁྱབ་པའོ། །གང་གི་གདུགས་ཤེ་ན། བྱམས་དང་སྙིང་རྗེ་དཀྱིལ་འཁོར་ཅན། །ཞེས་གསུངས་ཏེ། རྒྱུ་བྱམས་པ་དང་སྙིང་རྗེ་ཡིན་ལ། རྣམ་པ་ལྷའི་དཀྱིལ་འཁོར་གྱི་སྣང་བ་སེམས་ཅན་རྗེས་སུ་འཛིན་པར་མཛད་པར་གདུགས་སོ། །མཚན་ཉིད་གང་ཞེ་ན། །དཔལ་ལྡན་པདྨ་གར་གྱི་བདག །ཅེས་གསུངས་ཏེ། གར་མཁན་དང་གླུ་མཁན་ལ་སོགས་པ་ཤིན་ཏུ་དམན་པའི་འགྲོ་བ་ཡང་དག་པར་འཛིན་པས་ན་གར་གྱི་དབང་ཕྱུག་གོ་ཞེས་བྱའོ། །དེ་ལྟར་ན་རློམ་སེམས་མངའ་འམ་ཞེ་ན། ཁྱབ་བདག་ཆེན་པོ་ཞེས་གསུངས་ཏེ། བྱམས་པ་དང་སྙིང་རྗེས་མཆོག་དང་དམན་པའི་དོན་མཛད་པའི་ཕྱིར་རོ། །འདོད་པ་འབྱུང་བའི་ཕྱིར་རམ། ལྷའི་དཀྱིལ་འཁོར་གྱིས་གདུལ་བྱ་རྗེས་སུ་འཛིན་པས་ན་རིན་ཆེན་གདུགས་སོ། །དེ་ལྟར་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ལ་སོགས་པའི་ཕན་ཡོན་རྒྱས་པར་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཐམས་ཅད་སངས་རྒྱས་ཀུན་ཞེས་གཞི་གཅིག་ལ་བསྡུ་བར་ཤེས་པར་བྱའོ། །དེ་ལྟར་དབང་ཐོབ་པའི་གང་ཟག་སྟེ། སངས་རྒྱས་ཀུན་ནི་རིགས་ལྔའི་དེ་བཞིན་གཤེགས་པའོ། །དེའི་གཟི་བརྗིད་དམ་པ་མཆོག་ཏུ་གྱུར་པ་རྡོ་རྗེ་འཆང་པོ་སྟེ་དེ་ལྟར་འགྱུར་པའོ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་མི་གཉིས་པར་འགྱུར་པའོ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སུ་དེ་ཉམས་སུ་ཞེས་པ་སྟེ། དེ་དང་ལྡན་པ་དེ་ཡང་དེ་ལྟར་འགྱུར་རོ་ཞེས་བྱའོ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་པ་ནི་བསྟན་པའི་ངོ་བོ་ཕྱག་རྒྱ་ཆེན་པོ་སྟེ་དེ་ཉིད་དུ་འགྱུར་པའོ། །དེ་གང་གི་མཐུ་ཡིན་སྙམ་པ་ལ། རྡོ་རྗེ་ཆེན་དབང་བསྐུར་དཔལ། །ཞེས་གསུངས་ཏེ། རྡོ་རྗེ་ནི་བུམ་པ་ལྟར་ན་རྡོ་རྗེ་དངོས་སོ། །དེས་མཚོན་པའི་དྲིལ་བུའི་ཡང་ངོ༌། །རིན་ཆེན་ནི་ཅོད་པན་ནོ། །དེ་བཞིན་དུ་ཆུ་དང༌། མིང་ཡང་གཟུང་ངོ༌། །དབང་བསྐུར་བ་ནི་བཤད་པ་ལྟར་རོ། །དཔལ་ནི་བཤད་པ་རྣམས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་སྟེ་ཆེ་བའོ། །གསང་བ་ལྟར་ན་


DTG015_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་ནི་བླ་མའོ། །རིན་ཆེན་ནི་ཕོ་ཉའོ། །དབང་བསྐུར་བ་ནི་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་སློབ་མའི་ལྕེ་ལ་འཇོག་པའོ། །དཔལ་ནི་དེས་དེའི་དག་གི་སྒྲིབ་པ་ཟད་པར་བྱེད་པའོ། །གསུམ་པ་ལྟར་ན་རྡོ་རྗེ་ནི་སློབ་མའོ། །རིན་པོ་ཆེ་ནི་དེ་ལ་བྱིན་པའི་ཕྱག་རྒྱའོ། །དབང་བསྐུར་བ་ནི་བླ་མའི་མན་ངག་གིས་ལྷན་ཅིག་སྐྱེས་པ་བསྟན་པའོ། །དཔལ་ནི་དེའི་ཡིད་ཀྱི་སྒྲིབ་པ་ཟད་པའོ། །བཞི་པ་ལྟར་ན་རྡོ་རྗེ་ནི་སློབ་དཔོན་ནོ། །རིན་པོ་ཆེ་ནི་སློབ་མའོ། །དེ་ལ་དེས་ཚིག་དབང་རིན་པོ་ཆེ་སྦྱིན་པའོ། །དཔལ་ནི་ཡེ་ཤེས་ཀྱི་སྒྲིབ་པ་ཟད་པར་བྱེད་པའོ། །ད་ནི་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་བསྟན་པར་བྱ་བའི་ཕྱིར། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རིན་ཆེན་ཀུན་ཞེས་པ་ནི་གསེར་ལ་སོགས་པའོ། །དབང་ཕྱུག་ནི་ཡིད་བཞིན་གྱི་ནོར་བུའོ། །དེ་ལྟར་དང་པོ་དང་གཉིས་པ་ནི་རིན་པོ་ཆེའོ། །གསུམ་པ་ནི་ཡིད་བཞིན་གྱི་ནོར་བུའོ། །འཇིག་རྟེན་དབང་ཕྱུག་ནི་འཁོར་ལོས་སྒྱུར་པའི་རྒྱལ་པོའོ། །བྱེ་བྲག་ནི་ཤར་གྱི་ཡུལ་འཁོར་སྐྱོང་ལ་སོགས་པ་སྟེ། བདག་ཅེས་པ་ནི་དེ་རྣམས་ཀྱི་བདག་པོ་དབང་དང་ལྡན་པར་དེ་འགྱུར་རོ། །ཡང་ན་འཇིག་རྟེན་དབང་ཕྱུག་ལ་སོགས་པ་དེ་དག་གིས་བསྲུང་བ་དང་སྦེད་པ་ལ་སོགས་པར་འགྱུར་པ་སྟེ། ཕན་ཡོན་ལས་ཀྱང་གསལ་བར་བསྟན་ཏོ། །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །ཞེས་པ་ལ་རྡོ་རྗེ་འཆང་བ་ནི་བྱང་ཆུབ་སེམས་དཔའོ། །ཡང་ན་གནོད་སྦྱིན་ལག་ན་རྡོ་རྗེའོ། །རྗེ་ཞེས་པ་ནི་དེ་རྣམས་ལ་དབང་བྱེད་པར་དེ་འགྱུར་པའོ། །ད་ནི་དབང་དང་ལྡན་པ་དེས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བར་འགྱུར་པ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་གསུམ་པོ་འདི་གྲངས་ཅན་ལ་སོགས་པའི་རྟོག་གེ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། ཆགས་བྲལ་གྱི་དེ་བཞིན་གཤེགས་པས་རྟོག་པར་དཀའ་བའོ། །དེ་ལྟར་གསང་བ་གསུམ་དང༌། དབང་དང་ལྡན་པ་དེའི་ལུས་ངག་ཡིད་གསུམ་དབྱེར་མེད་པར་འགྱུར་པའོ། །སངས་རྒྱས་ཀུན་ནི་རིགས་ལྔའོ། །ཐུགས་ནི་ཐུགས་ཀྱི་གསང་བའོ། །དེའི་ལྷག་མ་ནི་གོ་སླའོ། །ད་ནི་བསྐྱེད་པའི་རིམ་པ་མདོར་བསྡུས་ཏེ་ཉམས་སུ་བླང་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཉི་མ་སྣང་བ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་སྐད་ཅིག་མས་སྐྱེད་པར་བྱེད་པའོ། །རྡོ་རྗེ་ཉི་མ་ནི་ཆོས་


DTG015_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐུན་པ་སྟེ། མདོག་དམར་བ་དང་སྡུག་བསྔལ་སྐྱེད་པ་དང༌། རེག་བྱ་ཚ་བའི་ཕྱིར་ཁྲག་གོ །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ་ནི་ཁ་དོག་དཀར་བ་དང༌། བདེ་བ་སྐྱེད་པ་དང༌། བསིལ་བ་སྟེ་བྱང་ཆུབ་ཀྱི་སེམས་སོ། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་པ་ནི་གནས་སྐབས་ལྔའི་རང་བཞིན་ཏེ། ཡི་གེ་དང༌། ཕྱག་མཚན་ནོ། །ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་པ་ནི་འོད་ཟེར་སྤྲོ་བ་དང་བསྡུ་བའོ། །རྡོ་རྗེ་སྐྱིལ་ལ་ཀྲུང་རྫོགས་སངས་རྒྱས། །ཞེས་པ་ནི་བུ་སྐྱེས་པ་སྟེ། མངལ་ནས་སྐྱེད་པའི་དོན་ཏོ། །བྱང་ཆུབ་པ་ལྔའི་དབང་དུ་བྱས་པ། རྡོ་རྗེ་ཉི་མ་སྣང་བ་ཆེ། །ཞེས་པ་ནི་ཚོགས་གཉིས་སྔོན་དུ་སོང་བས་བསྲུང་བ་རྡོ་རྗེ་ར་བ་དང༌། དེར་ཆོས་ཀྱི་འབྱུང་གནས་དང༌། གཞལ་ཡས་ཁང་གདན་དང་བཅས་པའི་ནང་དུ་ཀཱ་ལི་ཚར་གཉིས་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་ལ་ཡང་ཀཱ་ལིས་བརྒྱན་པ་སྟེ། ཇི་ལྟར་བྱི་རུ་ལ་མུ་མེན་གྱི་འཕྲ་བཀོད་པ་ལྟ་བུར་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ་ནི་ཨཱ་ལི་ཟུང་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རྒྱས་པ་ལ་དབྱངས་ཀྱིས་བརྒྱན་པ་ནི་ཇི་ལྟར་དུང་ལ་མུ་ཏིག་བཀོད་པ་ལྟ་བུ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའོ། །དེར་ཡི་གེ་ཧཱུཾ་ནག་པོ་བསམ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོའོ། །དེ་གཉིས་ལས་འོད་ཟེར་ཕར་སྤྲོ་ཞིང་བསྡུས་པ་ལས་རྡོ་རྗེ་ཧཱུཾ་དང་ལྡན་པ་ནི་བྱ་བ་ནན་ཏན་གྱི་རང་བཞིན་ནོ། །ཆགས་བྲལ་ཞེས་པ་ནི་སྤྲུལ་བའི་སྐུ་སྟེ། ཡུམ་མེད་པའི་ཡབ་བམ། །ཡབ་མེད་པའི་ཡུམ་བསྒོམ་པ་སྟེ་ཁྲོ་བོའོ། །ཡང་ན་འཇམ་པའི་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་གཡས་ན་རལ་གྲི་དང༌། མདའ། གཡོན་ཨུཏྤལ་དང་གཞུ་འཛིན་པའོ། །སོགས་ཞེས་པ་ནི་ལོངས་སྤྱོད་པའི་སྐུ་སྟེ། ཆགས་པ་ཆེ་ཞེས་པ་ནི་ཡབ་ཡུམ་ཁ་སྦྱོར་ཁྲོ་བོ་རྣམ་པར་བསྒོམ་པའོ། །ཁ་དོག་སྣ་ཚོགས་ཞེས་པ་ནི་དཀར་པོ་ལ་སོགས་པ་གང་འདོད་པའོ། །འབར་བའི་འོད་ཅེས་པ་ནི་དཀར་པོ་ཡང་ཤིན་ཏུ་དཀར་བ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་པ་ནི་བཞུགས་སྟབས་ཏེ་ཇི་ལྟ་བུའི་ཡང་ཞེས་པའི་དོན་ཏོ། །དེ་དག་ནི་བསྡུས་པ་ལ་དགའ་བའི་དབང་དུ་མཛད་ནས་བསྐྱེད་པའི་རིམ་པ་གསུངས་པའོ། །ཡང་ན་ཀློག་པའི་དབང་དུ་བྱས་ནས་ཚོགས་སོགས་


DTG015_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་སྔོན་དུ་སོང་བས་སེང་གེའི་གདན་གྱི་སྟེང་དུ་ཟླ་བ་ལ་མུཾ་བལྟ་སྟེ། དེ་ལས་བྱུང་བའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆགས་བྲལ་གྱི་སྐུ་བསམས་ཏེ། སེམས་ཅན་སྣོད་ཀྱི་དབང་གི་སྣོད་དུ་རུང་བར་བྱས་ལ། དེ་དག་ལ་དཀྱིལ་འཁོར་དྲུག་ལ་བསྟོད་པའི་རིམ་པས་ཀློག་པ་ནི་ཀློག་པའི་མན་ངག་གོ །ད་ནི་འགྲོ་བ་དང་མཐུན་པར་སྐྱེས་པས་ཀྱང་འགྲོ་བའི་ཉེས་པའི་སྐྱོན་གྱིས་མ་གོས་པར་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །ལ་སོགས་པ་གསུངས་ཏེ། འགྲོ་བའི་ཆོས་ནི་ཕ་མས་བུ་སྐྱེས་པ་ལྟར་ན་ཁྲག་དང་ཁུ་བ་དང་གནས་སྐབས་ལྔའི་ཚུལ་ལོ། །འཛིན་པ་ནི་མཐུན་པ་སྟེ། དེ་ལྟར་ན་ཡང་དེའི་ཉེས་པས་མི་གོས་པར་བསྟན་པར་བྱ་བའི་ཕྱིར། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཞེས་གསུངས་ཏེ། བདག་དང་གཞན་གྱི་དོན་འབྱུང་བ་ནི་དཔལ་ལྡན་ནོ། །སངས་རྒྱས་ནི་དེ་ལྟར་བསྐྱེད་པའོ། །པདྨ་ཞེས་པ་ནི་ཇི་ལྟར་པདྨ་འདམ་ལས་བྱུང་ཡང་འདམ་གྱིས་མ་གོས་པ་ལྟར། འདིར་ཡང་འགྲོ་བ་དང་ཆོས་མཐུན་ཡང་དེའི་ཉེས་པས་གོས་པ་ནི་མ་ཡིན་ནོ། །ད་ནི་ལམ་གྱི་ཆེ་བ་མདོར་བསྡུས་ཏེ་བསྟན་པར་བྱ་བའི་ཕྱིར། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ཞེས་པ་ནི་ཡོད་པ་དང་མེད་པའི་དངོས་པོ་སྟེ། དེ་མཁྱེན་པ་ནི་ཀུན་མཁྱེན་ནོ། །ཡེ་ཤེས་མཛོད་འཛིན་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པའོ། །དེ་གང་གི་མཐུ་ཡིན་ཞེ་ན། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང༌། །ཞེས་པ་སྟེ། རྒྱལ་པོ་ནི་རྡོ་རྗེ་འཆང་ངོ༌། །སྒྱུ་འཕྲུལ་ཞེས་པ་ནི་སྒྱུ་འཕྲུལ་དང་འདྲ་བ་སྟེ། སྐུ་ཆེ་བ་དང་ཆུང་བ་དང༌། མང་བ་དང་ཉུང་བ་དང༌། ཆགས་པ་དང་བྲལ་བ་དང་བཅས་པའི་སྐུ་སྣ་ཚོགས་པར་བསྐྱེད་ཅིང་སྤྲུལ་པའོ། །དེ་ལྟར་ན་ཡང་རློམ་སེམས་ཡོད་དམ་ཞེ་ན། སྒྱུ་འཕྲུལ་སྣ་ཚོགས་འཆང་ཞེས་ཀྱང་གསུངས་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་དུ་དེ་བཞིན་གཤེགས་པ་འཁོར་རྣམ་བཞི་དང་བཅས་པ་སྤྲུལ་ཞིང༌། དེ་ཡང་དེ་དག་ལ་ཆོས་གསུང་བར་མཛད་པ་སྤྲུལ་བ་ཡང་དེ་དང་དེ་དག་ལ་རློམ་སེམས་སུ་མི་བྱེད་དོ། །དེ་བཞིན་དུ་ཆེ་བ་སངས་རྒྱས་རིག་སྔགས་རྒྱལ། །ཞེས་གསུངས་ཏེ། འབྲས་བུའི་དུས་སུ་སངས་རྒྱས་ཀྱི་མཐུ་མི་ཉམས་པར་འགྱུར་པ་ནི་བསྐྱེད་པའི་རིམ་པ་དང༌། སྔགས་བཟླས་པ་


DTG015_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། འོད་ཟེར་སྤྲོ་བསྡུ་ལ་སོགས་པའི་མཐུ་སྟེ། རིག་སྔགས་རྒྱལ་ཞེས་པ་རྡོ་རྗེ་ཐེག་པའི་ལུགས་ལས་བྱུང་བ་སྟེ་དེའི་ཆེ་བའོ། །ད་ནི་རྫོགས་པའི་རིམ་པ་མདོར་བསྡུས་ལས། ཡི་གེ་རབ་མཆོག་གི་རྣལ་འབྱོར་པ་ལས་དང་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཞེས་པ་ལ་སོགས་པ་གསུངས་ཏེ། རང་འདོད་པའི་ལྷར་བསྐྱེད་པ་སྔོན་དུ་སོང་བའི་ལུས་ལ་འཁོར་ལོ་བལྟས་པའི་སྤྲུལ་པར་རྡོ་རྗེ་དང་ལྡན་པའི་རལ་གྲི་བསམ་པ་སྟེ། རྣམ་པ་ནི་རྡོ་རྗེའོ། །མཚན་ཉིད་ནི་རྣོན་པོའོ། །མཐུན་པའི་དཔེ་རལ་གྲི་ཞེས་བྱ་བ་ནི་དེའི་རྩེ་མོ་ལ་ཡི་གེ་ཨ་བསམ་པ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་གསུངས་ཏེ། ཡི་གེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། ཨ་སྟེ་རལ་གྲིའི་རྩེ་མོར་བལྟའོ། །རྣམ་པར་དག་ཅེས་པ་ནི་འོག་ནས་རིག་པར་བྱའོ། །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །ཅེས་པ་ནི་ཐེག་པ་ཆེན་པོ་ནི་རྡོ་རྗེའི་ཐེག་པ་ཆེན་པོའོ། །དེའི་ལུགས་དེས་རྡོ་རྗེ་སྡུག་བསྔལ་གཅོད་པ་སྟེ། སྙིང་ག་ཆོས་ཀྱི་འཁོར་ལོ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ངོ་བོ་ཕུང་པོ་ལྔ་དང་འབྱུང་བ་ལྔའི་རང་བཞིན་གྱི་ཡི་གེ་གནས་པ་དེ་གཅོད་པ་དང་ཆོས་མཐུན་པར་སྲེག་པའོ། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །ཞེས་པ་ནི་དེ་ལྟར་ཉོན་མོངས་པ་གཅོད་པས་མཚོན་ཆ་སྟེ་རལ་གྲིའོ། །ཆོས་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་སྟེ། དེ་ནས་ལཾ་བྱུང་ནས་ཧཾ་གནས་སུ་འགྲོ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡི་གེ་ཨ་གནས་པ་ནི་རྡོ་རྗེ་ཆོས་སོ། །རྡོ་རྗེ་ཟབ་མོ་ཛི་ན་ཛི་ཀ །ཅེས་པའི་ཟབ་མོ་ནི་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའོ། །ཛི་ན་ཛི་ཀ་ནི་རྒྱལ་བ་འཛིན་པ་སྟེ། རྒྱལ་བ་ནི་བདེ་བ་ཆེན་པོའོ། །དེས་བཟུང་བ་ནི་ཧཾ་ངོ༌། །དེ་ལྟར་བསྒོམ་པའི་སྒྲུབ་པ་པོ་ནི་རྡོ་རྗེ་བློ་གྲོས་ཅན་ནོ། །དོན་བཞིན་རིག་ཅེས་པ་ནི་བདེ་བ་ཆེན་པོ་ནས་རྣ་བ་གཡས་ནས་ཕྱིར་བྱུང་སྨིན་མའི་དབུས་ནས་ཞུགས་ཏེ་ཚངས་པའི་བུ་གནས་སོང་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ན་གནས་པའི་དམ་ཚིག་གི་འཁོར་ལོ་དཀྲུགས་ཏེ། དེ་བྱང་ཆུབ་ཀྱི་སེམས་བཀུག་སྟེ་སྤྱི་བོ་ནས་ཞུགས་ཏེ་སྔར་བསྲེགས་པ་རྣམས་གསོས་ནས་འགེངས་པ་རིམ་གྱིས་འཆད་ལ། རིག་པ་རྣམས་རྣམ་པར་དག་པ་ནི་


DTG015_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོན་བཞིན་རིག་པ་སྟེ་བསྒོམ་པའོ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ཞེས་བྱ་བ་ལ་སོགས་པ་ནི་སྔར་བསྟན་པར་ཟད་དོ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །ཞེས་པ་ནི་རང་གི་ལུས་ལ་སོགས་པ་རྣམས་རྒྱན་དང་འདྲ་བས་གནས་པས་དེ་སྐད་ཅེས་བྱའོ། །རྣམ་པར་དག་པ་བདག་མེད་ཆོས། །ཞེས་པ་ནི་རྣམ་པར་ཤེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དག་པ་ནི་རོ་གཅིག་པ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ལས་སོ། །བདག་མེད་ཅེས་པ་ནི་བཤད་མ་ཐག་པ་སྟེ། དེ་ཉམས་སུ་བླང་བར་བྱ་བའི་ཆོས་སོ། །ད་ནི་རྩ་དང་ཐིག་ལེ་སྒྱུ་འཕྲུལ་དྲ་བའི་ཚུལ་དུ་བསྒོམ་པ་བསྟན་པར་བྱ་བའི་ཕྱིར། ཡང་དག་ཡེ་ཤེས་ཟླ་འོད་བཟང༌། །ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡང་དག་ཅེས་པ་ནི་དོན་ཕྱིན་ཅི་མ་ལོག་པ་སྟེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །ཟླ་བ་འོད་བཟང་ཞེས་པ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟ་བུ་ལ་བརྟེན་ནས། ཡེ་ཤེས་སྐྱེ་བས་ན་བཟང་པོ་ཞེས་བྱའོ། །དེ་ཉིད་ཐབས་གང་ཡིན་སྙམ་པ་ལ། བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྩོན་ཆེན་ནི་རླུང་ངོ༌། །སྒྱུ་འཕྲུལ་ཞེས་པ་ནི། སྔར་བསྟན་པའི་བྱང་ཆུབ་ཀྱི་སེམས་དེ་བསྒྲུབ་ཅིང་སྲུབ་པའི་སྦྱོར་བས་ཞུ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་འཕྲུལ་པར་བྱེད་པས་དེ་སྐད་ཅེས་བྱའོ། །དྲ་བ་ཞེས་པ་ནི་རྩ་སྟེ། སྤྲུལ་པའི་འཁོར་ལོ་ལ་སོགས་པར་བྱང་ཆུབ་ཀྱི་སེམས་འཛིན་པའོ། །རྒྱུད་ཅེས་པ་ནི་རྒྱུའི་རྒྱུད་ལ་གནས་པ་སྟེ་ས་བོན་ཞེས་པའོ། །ཀུན་ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མ་ལུས་པའི་ས་བོན་ནོ། །བདག་པོ་མཆོག་ཅེས་པ་ནི་རྒྱུ་ལས་གཞན་མེད་པའི་ཕྱིར་རོ། །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཞེས་པ་ནི་དེ་བཞིན་གཤེགས་པ་བཞུགས་པའི་གནས་རྡོ་རྗེ་གདན་ཡིན་པ་ལྟར་དོན་དམ་པ་དང་ཀུན་རྫོབ་གཉིས་སུ་མེད་པ་ནི་དེ་བཞིན་གཤེགས་པ་འབྱུང་བའི་གནས་སོ། །ཡེ་ཤེས་སྐུ་ནི་གཉིས་སུ་མེད་པའོ། །རྣམས་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །མ་ལུས་འཆང་ཞེས་པ་ནི་རྡོ་རྗེའི་གདན་དེ་ལ་བཞུགས་ཞེས་པའི་དོན་ཏོ། །ཀུན་དུ་བཟང་པོ་བློ་གྲོས་བཟང༌། །སའི་སྙིང་པོ་འགྲོ་བ་འཛིན། །ཞེས་གསུངས་ཏེ། ཡེ་ཤེས་ཀྱི་སྐུ་ཅན་གྱི་དེ་བཞིན་གཤེགས་པ་རྣམས་རྡོ་རྗེའི་གདན་ལ་བཞུགས་པར་མ་ཟད་


DTG015_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བཞུགས་ཞེས་བསྟན་པའི་ཕྱིར་རྟོགས་པ་ཕུལ་དུ་ཕྱིན་པས་ན་ཀུན་དུ་བཟང་པོའོ། །སའི་སྙིང་པོ་འགྲོ་བ་འཛིན། །ཞེས་པ་ནི་ཡོན་ཏན་ཐམས་ཅད་བསྐྱེད་པས་སོ། །སྙིང་པོ་ནི་དེ་རྣམས་ཀྱི་སྙིང་པོ་སྟེ་སྐུ་གསུམ་མོ། །དེས་ཅི་བྱེད་སྙམ་པ་ལ། འགྲོ་བ་འཛིན་ཞེས་གསུངས་ཏེ། དག་པ་དང་མ་དག་པའི་འགྲོ་བ་རྗེས་སུ་འཛིན་པའོ། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཞེས་པ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་སྟེ་རྒྱུའོ། །ད་ནི་སྤྲུལ་པའི་འཁོར་ལོ་ལ་ཆོས་ཐམས་ཅད་རོ་གཅིག་པར་བྱ་བའི་ཕྱིར། སྤྲུལ་པའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲུལ་པའི་འཁོར་ལོ་ལ་ཡི་གེ་སྡེ་ཚན་རེ་རེ་ལ་ཡང་ཁ་དོག་ལྔ་ལྔར་བཀོད་པ་ནི་སྣ་ཚོགས་འཆང་ཞེས་ཟེར་རོ། །ཡང་ན་སྣ་ཚོགས་ནི་ལས་དགེ་བ་དང་མི་དགེ་བ་ལས་གྲུབ་པའི་འཁོར་བ་སྣ་ཚོགས་སྤྲུལ་པའི་ཨ་ལས་འབྱུང་བའོ་ཞེས་ཟེར་རོ། །འདིར་རང་གི་འདོད་པ་ཉམས་སུ་བླང་བའི་རིམ་པའོ། །སྤྲུལ་པའི་འཁོར་ལོ་ཉིད་སྣ་ཚོགས་ཏེ། འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའོ། །དེ་ཉིད་བསྟན་པ། དངོས་པོ་ཀུན་གྱི་རང་བཞིན་མཆོག །ཅེས་གསུངས་ཏེ། དངོས་པོ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་དངོས་པོ་ཀུན་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་འབྱུང་ཞིང་འཇིག་པ་དང་དོན་བྱེད་ནུས་པའི་ཆོས་རྣམས་སོ། །རང་བཞིན་མཆོག་ནི་དེ་དག་ཡིན་པས་སོ། །དངོས་པོ་ནི་སྔ་མ་བཞིན་ནོ། །རང་བཞིན་འཛིན་ཅེས་པ་ནི་སྣང་བ་དང་སྟོང་པ་ཐ་མི་དད་པའི་རང་བཞིན་འཛིན་པའོ། །སྐྱེ་མེད་ཆོས་དེ་སྣ་ཚོགས་དོན། །ཞེས་པ་ནི་སྣ་ཚོགས་པའི་དོན་སྐྱེ་བ་མེད་པ་ཞེས་བྱའོ། །དེ་བས་ན། ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཞེས་བྱའོ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང༌། །ཞེས་པ་ནི་དེ་ལྟར་ན་ལམ་དེ་ཁོང་དུ་ཆུད་པ་ནི་ཤེས་རབ་ཆེན་པོ་སྟེ། སྐད་ཅིག་གིས་ཆོས་ཐམས་ཅད་རོ་གཅིག་པར་ཁོང་དུ་ཆུད་པ་སྟེ། ལམ་མྱུར་པ་ཞེས་བྱའོ། །དེ་ལྟར་ན་སྐད་ཅིག་གིས་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་རྟོགས་ལ། ཚེ་གཅིག་གིས་རྡོ་རྗེ་འཆང་འཐོབ་པ་ནི་གསང་སྔགས་ཀྱི་ལམ་ཆེ་བའི་ཁྱད་པར་རོ། །དེ་ལྟར་ན་ཚེ་གཅིག་གིས་ཆོས་ཀུན་སྐད་ཅིག་གཅིག་ལ་མངོན་པར་རྟོགས་པ་སྟེ། དེས་ན།


DTG015_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུབ་པ་བློ་མཆོག་ཡང་དག་མཐའ། །ཞེས་གསུངས་ཏེ། འཁོར་བ་ཟློག་པ་ཐུབ་པ་སྟེ་རྡོ་རྗེ་འཆང་ཞེས་བྱའོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དང༌། བདེ་བར་གཤེགས་པ་དང༌། རྒྱལ་བ་ཞེས་བྱའོ། །ཡང་ན་དེ་ལྟར་རྟོགས་པ་སྟེ་ཐུབ་པའི་བློ་དང་མཉམ་པ་སྟེ། ཡང་དག་པའི་མཐར་ཐུག་པ་ཞེས་བྱའོ། །མི་གཡོ་རབ་ཏུ་དང་བའི་བདག །ཅེས་བྱ་བ་ལ། མི་གཡོ་བ་ནི་ཐེ་ཚོམ་མི་ཟའོ། །རབ་ཏུ་དང་བ་ནི་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱས་པར་འགྱུར་པའི་བདག་ཉིད་དོ། །རྫོགས་པའི་སངས་རྒྱས་ནི་དུས་གསུམ་གྱིའོ། །བྱང་ཆུབ་ནི་གཉིས་སུ་མེད་པ་སྟེ་དེ་ཙམ་གཅིག་ཏུ་ཟད་དོ། །སངས་རྒྱས་ཀུན་ཞེས་པ་ནི་དུས་གསུམ་གྱིའོ། །མངོན་སུམ་ཞེས་པ་ནི་སངས་རྒྱས་ཀུན་གྱི་མངོན་སུམ་དུ་མཛད་ཅིང་ཕྱག་བྱ་བ་དང༌། དེ་ལྟར་བདག་གིས་མངོན་སུམ་དུ་བྱས་སོ་ཞེས་པའི་དོན་ཏོ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པ་ནི་ཉོན་མོངས་པ་མ་ལུས་པར་བསྲེག་ནས་འོད་གསལ་བར་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ནི་སོ་སོར་རྟོག་པའི་ཡེ་ཤེས་བཤད་ཟིན་ཏོ། །

བཅུ་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་བཤད་པ།


DTG010_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཆགས་བཅས་ལམ་གྱི་སྤྱོད་པ་ལ་འཇུག་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་འདོད་པའི་སྒོ་ནས་དོན་གྲུབ་པ་ནི་གཉིས་ཏེ། ངན་སོང་སྦྱོང་བ་དང༌། གྲོལ་བར་བྱེད་པའོ། །དེ་གང་གིས་འགྲུབ་པར་བྱེད་སྙམ་པ་ལ། འདོད་པ་ཞེས་གསུངས་ཏེ། འདོད་པ་ནི་གཟུགས་ལ་སོགས་པ་ལྔའོ། །དེས་གཟུགས་རྡོ་རྗེ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷའི་བདག་ཉིད་ཀྱི་དོན་གྲུབ་པ་དེ་གང་ཞེ་ན། ངན་སོང་ཐམས་ཅད་རྣམ་སྦྱོང་བ། །ཞེས་བྱ་བ་ལ་སོག་སྤ་གསུངས་སོ། །གཞན་དག་ནི་འདོད་པའི་ཡོན་ཏན་གྱིས་ངན་སོང་གསུམ་དུ་འགྲོ་བར་འགྱུར་རོ་ཞེས་ཟེར་ཏེ། འདིར་དེ་ཉིད་ཀྱིས་སྦྱོང་བའོ། །མགོན་པོ་ཞེས་པ་ནི་དེ་ཉིད་ལ་བྱའོ། །སེམས་ཅན་ཀུན་གྱི་མཆོག་ཅེས་པ་སྟེ། དེ་ལྟ་བུའི་གང་ཟག་དེ། ལས་དང་པོ་པའི་ས་པ་ཡིན་ན་ཡང་ཐེག་པ་གསུམ་གྱི་གང་ཟག་གི་ནང་ནས་དེ་མཆོག་གོ །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཅེས་པ་ནི་ལམ་འདིའི་སྒོ་ནས་བཅིངས་པ་ལས་མཉམ་སྙམ་དུ་གྲོལ་བར་བྱེད་ཅེས་པའི་དོན་ཏོ། །ཡང་ན་འདོད་པ་ནི་ཐབས་ཁྱད་པར་ཅན་ཚོགས་ཀྱི་མཆོད་པ་ལ་བརྟེན་ནས་དོན་གཉིས་


DTG015_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་མེད་པ་ཡིན་ལ། དེ་ཉིད་ལ་འགོ་ནས་འབྱུང་བའི་ཕོ་ཉ་དང་སྙོམས་པར་འཇུག་པས་ནི་དེ་སྐད་ཅེས་བྱའོ། །དེས་ཅིང་འགྱུར་ཞེ་ན། ངན་སོང་ཐམས་ཅད་རྣམ་སྦྱོང་བ། །ཞེས་གསུངས་ཏེ་སྔ་མ་བཞིན་ནོ། །ད་ནི་དཔའ་བོ་དང་རྟེན་གྱི་གང་ཟག་གི་སྒྲ་འཇུག་པའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཁྱད་པར་རྣམ་པ་བཞིར་འགྱུར་ཏེ། ཉོན་མོངས་པ་དང་གཡུལ་འགྱེད་པའི་ཚེ་དཔའ་བ་སྟེ། ཉོན་མོངས་པ་རྩད་ནས་གཅོད་པའི་བསམ་པ་གཅིག་བུ་ཡོད་པ་སྟེ་དང་པོའོ། །མི་ཤེས་པ་ནི་ཉོན་མོངས་པ་བསལ་བའི་ཐབས་མི་ཤེས་པ་ཉིད་དགྲ་ཡིན་པས་དེ་ཤེས་པར་བྱེད་པ་ནི་འཛོམས་པ་སྟེ་གཉིས་པའོ། །བློ་ལྡན་ནི་དཔའ་བོའི་བློ་སྟེ་སྔར་གྱི་བློ་དང་ལྡན་པའོ། །སྒེག་འཆང་ཞེས་པ་ནི་ལུས་ཆ་གསུམ་དུ་འཁྱོག་པའམ་གྲིམ་ཞེས་སྟོན་པའོ། །དཔལ་དང་ལྡན་ཞེས་པ་ནི་བདག་དང་གཞན་དོན་འབྱུང་བར་བྱ་བའི་བསམ་པ་ཅན་ཏེ་གསུམ་པའོ། །བརྟན་པོ་ནི་ཉོན་མོངས་པ་ལས་རྒྱལ་བར་བྱེད་པའི་དུས་སུ་བློ་བརྟན་པ་སྟེ། ཐེག་པ་གཞན་ལ་འདོད་པ་དང་བྲལ་བ་སྟེ་བཞི་པའོ། །ད་ནི་དེའི་ཆ་ལུགས་བསྟན་པར་བྱ་བའི་ཕྱིར། མི་སྡུག་གཟུགས་འཆང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་སྡུག་པ་ནི་ལུས་དང་རྒྱན་ཏེ། ལུས་ནི་ནམ་མཁའི་གོས་གྱོན་པས་སོ། །རྒྱན་མི་སྡུག་པ་ནི་རུས་པའི་རྒྱན་འཆང་བའི་ཕྱིར། ལག་པ་བརྒྱ་པོ་ཞེས་པ་ནི་གར་བྱེད་པ་དང་འབྲེལ་ཏེ། གར་གྱི་རིགས་བརྒྱ་བྱེད་པའོ། །ཀུན་བསྐྱོད་ཅིང་ཞེས་པ་ནི་གོམ་པའི་སྟབས་ཞེས་བྱ་བ་དང་འབྲེལ་ཏེ། རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པས་གཡས་དང་གཡོན་དང་དབུས་དག་ཏུ་གར་བྱེད་ཅིང་ལག་པ་གཉིས་དཀུར་གནས་ཏེ། རྐང་པས་ས་ལ་ཆོས་ཀྱི་འབྱུང་གནས་མཐེ་བོང་གིས་བྲི་བར་བྱའོ། །དེ་བཞིན་དུ་ལག་པས་གར་བྱེད་ཅིང་གྲུ་གསུམ་དུ་བྱས་ཏེ་རྐང་པས་སྣ་ཚོགས་རྡོ་རྗེ་བྲི་བར་བྱའོ། །དེ་གནས་གཅིག་ཅིག་གི་ནང་དུ་གཅིག་བྱས་ཏེ། དེ་ནས་ཟིལ་གྱིས་གནོན་པ་དང༌། མཆོད་པ་དང་རིགས་མཚོན་པར་བྱེད་པའི་གར་རྣམས་བྱེད་པ་ནི། དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ཞེས་པའི་དོན་ཏོ། །ད་ནི་སྦྱོར་ཐབས་བརྡས་བསྟན་


DTG015_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་བཤད་པར་བྱ་བའི་ཕྱིར། ས་ཡི་དཀྱིལ་འཁོར་གཞིའི་ཁྱོན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཚོགས་ཀྱི་འཁོར་ལོའི་གནས་སྐབས་འདིར་གནས་ཁྱད་པར་ཅན་དུ་སྟེང་འོག་སྐྱང་ནུལ་བྱས་ཏེ་དཀྱིལ་འཁོར་གྱི་ཐིག་བཏབ་ལ། དེར་དཀྱིལ་འཁོར་གཅིག་པའི་དཔའ་བོ་དང༌། རིགས་ལྡན་དགུག་པ་དང༌། བརྡ་འདྲི་བ་དང༌། དབྱེ་བསལ་བྱས་ཏེ་དཀྱིལ་འཁོར་གྱི་རིམ་པས་གྲལ་ལ་བཀོད་དེ། འདོད་པའི་ཡོན་ཏན་ལྔས་ཚུལ་ཇི་ལྟ་བར་མཆོད་དེ། རེག་རྡོ་རྗེའི་གནས་སྐབས་འདིར་ནི་ཇི་ལྟར་ས་ལས་ཁྲི་ཤིང་དང་ལོ་མ་དང་མེ་ཏོག་ལ་སོགས་པ་འབྱུང་བ་ལྟར། འདིས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འབྱུང་བར་བྱེད་པས་དེ་སྐད་ཅེས་བྱའོ། །དཀྱིལ་འཁོར་ཞེས་པ་ནི་དེའི་ལུས་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་རླབས་ཤིང་དེ་ལས་སྙིང་པོ་ལེན་པས་སོ། །རྐང་པ་ཡ་གཅིག་ཅེས་པ་ནི་དཔའ་བོའིའོ། །མཐིལ་གྱིས་གནོན་ཞེས་པ་ནི་རིམ་གྱིས་དབང་བའོ། །རྐང་མཐེབ་ཅེས་པ་ནི་རྐང་པའི་བྱེ་བྲག་སྟེ། ཨེ་ཀ་ཨཾ་གུ་ལི་སྟེ་སོར་མོ་གཅིག་མཚོན་པ་ནོར་བུའོ། །སེན་མོ་ནི་དེ་ལས་བྱུང་བ་སྟེ་བྱང་ཆུབ་ཀྱི་སེམས་སོ། །ཁྱོན་ཞེས་པ་ནི་དེའི་ནུས་པའོ། །ཚངས་པ་ཞེས་པ་ནི་ཧཾ་གི་གནས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་སྤྱན་དྲང་ཞིང་གཤེགས་སུ་གསོལ་བ་ནི་དུ་མའི་གྲངས་སུ་བྱ་ཞིང་མྱ་ངན་ལས་མི་འདའ་བར་བྱ་བའི་ཕྱིར་རྩེ་ནས་གནོན་ཞེས་གསུངས་ཏེ། ནོར་བུའི་རྩ་ནས་བཟློག་སྟེ་གཤེགས་པར་བྱའོ། །ད་ནི་གཉིས་སུ་མེད་པའི་དོན་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། དོན་གཅིག་གཉིས་མེད་ཅེས་གསུངས་ཏེ། དེས་ཅིར་འགྱུར་སྙམ་པ་ལ། དོན་ཞེས་པ་ནི་གཉིས་སུ་མེད་པ་ཡིན་ལ། དེ་ཡང་ཀུན་རྫོབ་ཀྱི་ཀུནད་དུང་ལྟ་བུ་དང༌། ཉི་མ་དང༌། དེའི་བདེ་བ་ཐ་མི་དད་པར་དཔའ་བོ་དང་ཕོ་ཉས་ཉམས་སུ་མྱོང་བའོ། །ད་ནི་ཆོས་ཀྱི་དོན་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། ཆོས་ཀྱི་དོན་ཞེས་གསུངས་ཏེ། ཆོས་ཀྱི་ཞེས་པ་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དོ། །དེའི་དོན་ནི་གཉིས་སུ་མེད་པ། འདོད་པར་བྱ་བ་ནི་བསླུ་བ། ཕྲད་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །ད་ནི་དམ་པའི་དོན་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། དམ་པའི་དོན་དེ་འཇིགས་པ་མེད། །ཅེས་གསུངས་ཏེ།


DTG015_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་འདོད་པར་བྱ་བ་ནི་དོན་དམ་པ་སྟེ། མི་སླུ་བའི་ཕྱིར་རོ། །འཇིགས་པ་མེད་ཅེས་པ་ནི་འཇིགས་པ་ཅན་ནི་ཉན་ཐོས་ལ་སོགས་པ་ཡིན་ལ། འདིར་ཐབས་དེ་ལྟ་བུ་ལ་འཇིགས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ད་ནི་རྣམ་པར་རིག་པའི་དོན་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པ་དེ་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་སྣང་བ་སྟེ། དེ་དག་གནས་གྱུར་པ་ནི་ཡེ་ཤེས་ལྔའོ། །དེས་ན་དེ་ལ་རྣམ་རིག་ཅེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །སྣ་ཚོགས་ཞེས་པ་ནི་སྒོ་ལྔའི་རྣམ་པར་ཤེས་པའོ། །གཟུགས་དོན་ཅན་ཞེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །སེམས་དང་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །རྣམ་ཤེས་རྒྱུད་དང་ལྡན་ཞེས་པ་ནི་ཀུན་གཞི་རམ་པར་ཤེས་པ་སྟེ། འདིར་བི་ཛྙཱ་ན་ནི་བི་ཛ་སྟེ་ས་བོན་ཞེས་བྱ་སྟེ། དེ་རྒྱས་པ་ནི་རྒྱུན་ཡིན་ཏེ། དེའི་རིགས་འཛིན་པ་སྟེ། ཡེ་ཤེས་སྐུའི་མིང་ཅན་ཡེ་ཤེས་ལྔ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །ད་ནི་དངོས་པོ་མ་ལུས་པའི་དོན་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། དངོས་དོན་མ་ལུས་རྣམས་ལ་དགའ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐབས་ཁྱད་པར་ཅན་གྱི་སྒོ་ནས་དངོས་པོ་རྣམས་ལ་དགའ་བ་དང་བདེ་བ་ལ་བསྟན་ཏེ་དོན་དམ་པ་དེ་རྟོགས་པའོ། །ཡང་ན་དངོས་དོན་མ་ལུས་རྣམས་ལ་དགའ་བར་བྱའི་སྤང་བར་མི་བྱའོ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཕོ་ཉ་དང་དེ་ཁོ་ན་ལ་དགའ་བ་དང༌། སེམས་ཅན་གྱི་དོན་ལ་འདོད་ཅིང་ཆགས་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་ན་འདོད་ཆགས་ཀྱིས་ཉེས་པར་མི་འགྱུར་ཞེ་ན། དེའི་ཕྱིར། །སྲིད་པའི་འདོད་ཆགས་རྣམ་སྤངས་པ། །ཞེས་གསུངས་ཏེ། སྲིད་པ་གསུམ་གྱི་ཐ་མལ་པའི་འདོད་ཆགས་ལ་སོགས་པའི་སྐྱོན་ལྔ་སྤངས་པའོ། །སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་པ་ནི་གོང་དུ་སྨོས་པ་དེ་དག་ལུས་ངག་ཡིད་གསུམ་གྱི་དེ་ཁོ་ན་ཉིད་དུ་བསྒྱུར་པའོ། །ད་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། སྤྲིན་དཀར་དག་པ་བཞིན་དུ་དཀར། །ཞེས་བྱ་བ་ལ། སྲིད་པའི་སྐྱོན་གྱིས་མ་གོས་པ་དང༌། དེའི་མདོག་བསྟན་པའོ། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །


DTG015_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅེས་པ་ནི་རེག་བྱ་བསིལ་བ་དང༌། མདོག་དཀར་བ་དང༌། བདེ་བར་བསྐྱེད་པར་ཆོས་མཐུན་ཏེ། ཐབས་ཀྱི་བྱང་ཆུབ་ཀྱི་སེམས་སོ། །ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བ་ནི། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །ཞེས་གསུངས་ཏེ། མདོག་དམར་བ་དང༌། རེག་བྱ་ཚ་བ་དང༌། སྡུག་བསྔལ་བསྐྱེད་པར་མཐུན་པའོ། །སེན་མོའི་འོད་ནི་ཤས་ཆེར་དམར། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ལྟུང་བར་བྱེད་པའི་གནས་རྩ་གསུམ་འདུས་པ་སྟེ། དེའི་མདོག་ཀྱང་དེ་འདྲའོ། །ད་ནི་དཔའ་མོའི་ལུས་དང་ཡན་ལག་གི་མཚན་ཉིད་བསྟན་པར་བྱ་སྟེ། ཅོད་པན་བཟང་པོ་མཐོན་ཀའི་རྩེ། །ཞེས་པ་ལ་སོགས་པ་གསུངས་ཏེ། འདིར་གཟུགས་དང་ལང་ཚོའི་མཚན་ཉིད་སྟོན་པ་སྟེ། ལོའི་གྲངས་ནི་ཡན་ལག་བཅུ་གཉིས་ཞེས་འོག་ན་གསལ་བའོ། །ཡང་ན། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །ཞེས་པས་བསྟན་ཏོ། །ཅོད་པན་ནི་སྐྲ་བཅིངས་པའི་དར་དབྱངས་སོ། །མཐོན་ཀ་ནི་ནག་པོའོ། །དེའི་རྩེ་མོ་ནི་ལི་བའོ། །དེའི་སྐྲ་མཆོག་ཏུ་མཐུག་པ་དང༌། གནག་པ་དང་ལི་བའོ། །མཐོན་ཀ་ཆེན་པོ་འཆང༌། །ཞེས་པ་ནི་སྐྲའི་མདོག་གོ །ནོར་བུ་ཆེན་པོ་འོད་ཆགས་དཔལ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ལྟུང་བའི་གནས་སོ། །འོད་ཆགས་དཔལ་ཞེས་པ་ནི་པདྨ་རཱ་གའི་མདོག་ཅན་ནོ། །ད་ནི་དེའི་རྒྱན་དང་ཆ་ལུགས་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ལ་དབུ་རྒྱན་དང་སྙན་ཆ་ལ་སོགས་པ་མངའ་བ་ལྟར་འདི་ལ་ཡང་དེ་ལྟར་བརྒྱན་པར་བྱའོ། །སྤྲུལ་པ་ཞེས་པ་ནི་ཆགས་བྲལ་ཏེ་དེ་ལ་རང་བཞིན་གྱི་རྒྱན་ཤངས་ཀྱི་དབྱིབས་མཐོ་བ་དང༌། སྤྱན་ཡངས་པ་དང༌། ཚེམས་དཀར་བ་དང༌། ཚངས་དམ་པ་དང༌། མ་གས་པ་དང་ལྡན་པའོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །ཞེས་པ་ནི་འཇིག་རྟེན་གྱི་ཁམས་ན་གནས་པའི་དཔའ་བོ་བརྒྱའི་སེམས་དུས་གཅིག་ཏུ་བསྐྱོད་པར་ནུས་པའམ། ཡང་ན་རྩ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀུན་བསྡུས་པའི་ནུས་པ་དེ་སྨིན་པའོ། །དེ་ནས་ཚོགས་ཀྱི་འཁོར་ལོའི་གནས་སྐབས་འདིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འདུས་པར་བྱ་སྟེ། དེ་ལ་ཚོགས་ཀྱི་ལམ་གྱི་ཆོས་བཅུ་གཉིས་བསྟན་པར་


DTG015_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བའི་ཕྱིར། རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མགྱོགས་པར་བསྐྱོད་པས་ན་རྫུ་འཕྲུལ་གྱི་རྐང་པ་སྟེ། ཆགས་བཅས་ཀྱི་ལམ་མྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཞི་སྟེ། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང༌། བརྩོན་འགྲུས་ཀྱི་དང། འདུན་པའི་དང༌། དཔྱོད་པའི་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱི་རྐང་པའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སེམས་པ་སྟེ། དོགས་པ་མེད་པའི་སེམས་ཀྱིས་སྐད་ཅིག་གིས་རྡོ་རྗེ་འཆང་ཐོབ་པར་འདོད་པའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་ལེ་ལོ་ལ་མི་གནས་པར་བདག་དང་གཞན་གྱིས་སྐད་ཅིག་གིས་སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་སྟེ། ཕོ་ཉའི་ལུས་སྤྱན་མ་ལ་སོགས་པའི་རང་བཞིན་དུ་སྒོམ་པའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་སྐད་ཅིག་གིས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་འདོད་པའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་བླ་མའི་མན་ངག་ལ་ཐེ་ཚོམ་མི་ཟ་བར་འཇུག་པས་རྟོགས་པར་བྱའོ། །སྟོབས་ནི་འགྲོ་བ་སྟེ། གོང་ནས་གོང་དུ་འགྲོ་བས་ན་ཆེན་པོའོ། །དེ་ཉིད་ཅེས་པ་ནི་བཤད་མ་ཐག་པའོ། །དེ་ཉིད་དྲན་པ་ཆེན་པོ་འཆང༌། །ཞེས་པ་ནི་དེ་ལྟ་བུའི་མན་ངག་མི་བརྗེད་པར་བྱ་བའོ། །ཡང་ན་དྲན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་སྟེ། དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །ཞེས་པ་ལ། ལུས་དྲན་པ་ཉེ་བར་གཞག་པ་ནི་ལྷར་ལྟ་བ་སྟེ་ཕུང་པོ་ལ་སོགས་པའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་དེ་ལ་བརྟེན་ནས་སྐྱེ་བའི་ཕྱིར་བདེ་བ་ཆེན་པོར་ལྟའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་བླ་མའི་མན་ངག་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པར་རོ་གཅིག་པར་ལྟའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་སེམས་ཕྱག་རྒྱ་ཆེན་པོའི་ངོ་བོར་གཅིག་ཏུ་དྲན་པར་བྱའོ། །དེ་དག་བསྒོམ་བྱ་ཡིན་པས་ཏིང་ངེ་འཛིན་ཅེས་བྱའོ། །འདིར་ཡང་དག་པར་སྤོང་བ་བཞི་བལྟ་བར་བྱ་སྟེ། དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་ནི་གསུམ་པའོ། །སྐྱེས་པ་འཕེལ་བ་ནི་བཞི་པ་རིན་པོ་ཆེ་ཚིག་དབང་ངོ༌། །མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་ནི་དམ་ཚིག་གོ །སྐྱེས་པ་སྤོང་བ་ནི་དེ་སྤོང་བ་སྟེ། དེ་དག་ཀྱང་གསལ་བར་བྱས་སོ། །དེ་དག་ནི་ཚོགས་ཀྱི་ལམ་གྱི་ཆོས་སོ། །ད་ནི་སྦྱོར་བའི་ལམ་བསྟན་པར་བྱ་སྟེ། །དད་པའི་དབང་པོ་ནི་རྡོ་རྗེ་ཐེག་པ་ལ་མོས་པའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་བླ་མའི་མན་ངག་


DTG015_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེན་པ་ལ་བརྩོན་པའོ། །དྲན་པའི་དབང་པོ་ནི་དེ་ལ་ཤེས་བཞིན་དུ་བྱེད་པའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་དེ་གོམས་པར་བྱེད་པ་སྟེ་བསྒོམ་པའོ། །ཤེས་རབ་ཀྱི་དབང་པོ་ནི་དེ་དག་གི་གནས་ཡིན་པའི་ཕྱིར། རིགས་ལྡན་བསྟེན་པར་བྱ་བའོ། །དེ་དག་ཁྱད་པར་དུ་བྱ་བའི་སྟོབས་ལྔ་སྟེ། འདི་ལྟར་འདོད་པའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། དྲན་པའི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་ཞེས་བྱའོ། །ད་ནི་མཐོང་བའི་ལམ་གྱི་ཆོས་བསྟན་པར་བྱ་སྟེ། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །ཞེས་གསུངས་ཏེ། བྱང་ཆུབ་ཐོབ་པར་བྱེད་པའི་ཡན་ལག་བདུན་ནོ། །དེ་ཡང་ལོངས་སྤྱོད་དུ་བྱ་བ་དང་རྒྱན་དུ་བྱ་བའོ། །ལོངས་སྤྱོད་དུ་བྱ་བ་ནི། མེ་ཏོག་སྤོས་ཞེས་པ་སྟེ་སྤོས་དངོས་སོ། །ཡོན་ཆབ་དང༌། མར་མེ་དང༌། དྲི་དང༌། ཞལ་ཟས་དང༌། སྒྲ་ཞེས་པ་བདུན་ནོ། །རྒྱན་དུ་བྱ་བ་ནི་མེ་ཏོག་གི་རྒྱན་ནམ་རིན་པོ་ཆེའི་རྒྱན་ཏེ་མགུལ་རྒྱན་དང༌། རྣ་རྒྱན་དང༌། དཔུང་རྒྱན་དང༌། ལག་གདུབ་དང༌། དོ་ཤལ་དང༌། སྐེ་རགས་དང༌། རྐང་གདུབ་པོ། །སྤོས་ཞེས་པ་ནི་དེའི་ལུས་ལག་པུར་ལ་སོགས་པ་བཅང་བར་བྱའོ། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ཞེས་པ་ནི་མཐར་ཕྱིན་པའི་ལམ་སྟེ། དེ་བཞིན་གཤེགས་པ་ནི་རིགས་ལྔའོ། །ཡོན་ཏན་ནི་སྟོབས་དང་མི་འཇིགས་པ་དང༌། གཟུངས་དང༌། ཏིང་ངེ་འཛིན་ལ་སོགས་པའོ། །མཚོ་ཞེས་པ་ནི་ཡོན་ཏན་འབྱུང་བའི་ཕྱིར་རོ། །ཡང་ན་དེ་བཞིན་གཤེགས་པའི་ཡོན་ཏན་ནི་འདོད་པའི་ཡོན་ཏན་ལྔ་སྟེ་ཡུམ་མོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཅེས་པ་ནི་ལམ་ནི་འཕགས་པའི་བདེན་པའོ། །ཡན་ལག་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་བརྒྱད་དོ། །ཚུལ་ཞེས་པ་ནི་ཐེག་པ་ཆེན་པོར་གསུངས་པ་དང༌། མིང་དང་གྲངས་མཐུན་པས་དེ་སྐད་ཅེས་བྱའོ། །རིག་ཅེས་པ་ནི་རྡོ་རྗེ་ཐེག་པས་དེའི་དོན་སྟོན་པའི་ཕྱིར་ཡང་དག་པའི་ལྟ་བ་ནི་རང་གི་ལྷའི་རྣལ་འབྱོར་རོ། །ཡང་དག་པའི་རྟོག་པ་ནི་དེ་ཉིད་ལ་ངེས་པར་རྟོག་པའོ། །ཡང་དག་པའི་དག་ནི་རྡོ་རྗེའི་བཟླས་པ་ལ་སོགས་པའོ། །ཡང་དག་པའི་དྲན་པ་ནི་ལུས་ལྟར་དྲན་པ་དང༌། ཚོར་བ་བདེ་བར་དྲན་པ་དང༌། ཆོས་སྐྱོན་མེད་པར་དྲན་པ་དང༌། སེམས་ཕྱག་རྒྱ་ཆེན་པོར་དྲན་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ལྷན་ཅིག་སྐྱེས་པ་ལ་དམིགས་པའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་སེམས་ཅན་གྱི་དོན་བྱེད་པའོ། །ཡང་དག་པའི་རྩོལ་བ་ནི་རྡོ་རྗེའི་ཐེག་པ་ལ་རྩོལ་བར་བྱེད་པའོ། །ཡང་དག་པའི་ཚོར་བ་ནི་


DTG015_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤ་ལྔ་བདུད་རྩི་ལྔས་འཚོ་བའོ། །ཡང་དག་སངས་རྒྱས་ལམ་རིག་པ། །ཞེས་པ་ལ་ཡང་དག་པ་ནི་མི་སླུ་བའོ། །གང་གིས་ན་སངས་རྒྱས་ཏེ། ཡང་དག་པའི་རྫོགས་པའི་སངས་རྒྱས་དུས་གསུམ་དུ་བཞུགས་པའོ། །དེ་དག་སྐྱེད་པར་བྱེད་པ་སྟེ་ཕོ་ཉའོ། །ལམ་རིག་པ་ཞེས་པ་ནི་ཕོ་ཉ་ལ་བརྟེན་ནས་དེ་ལྟར་རིག་པ་སྟེ་བསྒོམ་པའི་ལམ་གྱི་ཆོས་སོ། །ད་ནི་ཆགས་བཅས་ཀྱི་ལམ་གྱི་ཕན་ཡོན་རྒྱས་པར་བཤད་པར་བྱ་བའི་ཕྱིར། སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སེམས་ཅན་ཀུན་ཏེ་འགྲོ་བ་དྲུག་གོ །ཤས་ཆེར་ཆགས་པ་ནི་གཉིས་ཏེ། ཉོན་མོངས་པ་ལྷག་པར་ཆེ་བ་ལ་ཆགས་པ་དང༌། སྙིང་རྗེའི་སྒོ་ནས་ཆགས་པ་ལས་འདི་ནི་ཉོན་མོངས་པ་ལྷག་པར་ཆེ་བ་ལ་ཆགས་པ་སྟེ། འདོད་ཆགས་ཅན་རྗེས་སུ་བཟུང་ནས་སྣང་བ་མཐའ་ཡས་འཛུད་པ་ལ་སོགས་པའོ། །སྙིང་རྗེའི་སྒོ་ནས་ཆགས་པ་ནི་ཉན་ཐོས་ཀྱི་རིགས་ཅན་ལ་བདེན་པ་བཞི་སྟོན་པ་ལ་སོགས་པའོ། །ཡང་ན་རྒྱུའི་གནས་སྐབས་ན་ཕོ་ཉ་ལ་སོགས་པ་ལ་ཆགས་པ་ནི་སེམས་ཅན་ཀུན་ལ་ཤས་ཆེར་ཆགས་པའོ། །འབྲས་བུའི་དུས་ན་སེམས་ཅན་གྱི་དོན་ལ་ཆགས་པས་དེ་སྐད་ཅེས་བྱའོ། །དེ་ལྟར་ན་དེ་གཉིས་ཀ་ཉོན་མོངས་པ་ཅན་དུ་མི་འགྱུར་རམ་སྙམ་པ་ལ། གསུངས་པ། ནམ་མཁའ་ལྟ་བུར་ཆགས་པ་མེད། ཅེས་གསུངས་ཏེ། དེ་ལྟར་ཆགས་ཀྱང་དེ་སྐྱོན་གྱིས་མི་གོས་ཏེ། ནམ་མཁའ་དང༌། བུམ་པ་དང༌། ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་བཞིན་དུའོ། །དེ་ལྟར་ན་སེམས་ཅན་གྱི་དོན་ཇི་ལྟ་བུ་སྙམ་པ་ལ། སེམས་ཅན་ཀུན་གྱི་ཡིད་ལ་འཇུག །ཅེས་གསུངས་ཏེ། སེམས་ཅན་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སེམས་ཅན་ཀུན་ཏེ་འགྲོ་བ་དྲུག་གོ །ཡིད་ལ་འཇུག་ཅེས་པ་ནི་ཡིད་དང་ཇི་ལྟར་མཐུན་པའོ། །ཡང་ན་སེམས་ཅན་ཀུན་ནི་སློབ་མའོ། །ཡིད་ལ་འཇུག་པ་ནི་གཉིས་ཏེ། བླ་མའི་བྱིན་རླབས་དང༌། སློབ་མའི་རྩོལ་བ་དང༌། དེའི་སྒོ་ནས་གཉིས་སུ་མེད་པའི་ཡེ་ཤེས་ལ་འཇུག་པ་སྟེ། བླ་མའི་ངག་ལས་སོ། །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །ཞེས་པ་ནི་རིམ་གྱིས་མ་ཡིན་ཏེ། །སྐད་ཅིག་གིས་མཛད་པས་དེ་སྐད་ཅེས་བྱའོ། །ལུང་ལས་ཀྱང༌། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང༌། །ཤེས་བྱའི་དཀྱིལ་འཁོར་


DTG015_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་ཁྱབ་ཅན། །ཞེས་པ་ལྟ་བུའོ། །དེ་ལྟ་བུ་ཡང་རིགས་ལྡན་དེས་སྟེར་བའོ། །ད་ནི་ཡེ་ཤེས་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཀུན་གྱི་དབང་དོན་ཤེས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་ཤེས་པ་ནི་མཆོག་དང་མཆོག་མ་ཡིན་པའོ། །དོན་ཤེས་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་ཡིན་པར་ཤེས་པར་འགྱུར་རོ། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཞེས་པ་ནི་སྤྱི་དང་བྱེ་བྲག་ཏུ་འཕྲོག་པའོ། །ཆགས་བཅས་ཀྱི་ལམ་གྱིས་སྤྱིར་རྟོག་པ་དང་བཅས་པ་དང༌། རྟོག་མེད་དུ་འཕྲོག་པའོ། །བྱེ་བྲག་ཏུ་འཕྲོག་པ་ནི་རྣལ་འབྱོར་པའི་ཡིད་གཉིས་སུ་མེད་པ་སྟེ་ཨ་ཝ་དྷཱུ་ཏཱིར་འཕྲོག་པའོ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །ཞེས་བྱ་བ་ལ། ཕུང་པོ་ལྔ་ནི་གཟུགས་ལ་སོགས་པའོ། །དེའི་དོན་ཤེས་པ་ནི་ཡེ་ཤེས་ལྔ་གཉིས་སུ་མེད་པར་ཤེས་པའོ། །རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་བྱ་བ་ལ། རྣམ་པར་དག་པ་ནི་ཁམས་དང་སྐྱེ་མཆེད་དེ་རྣམས་གཏི་མུག་རྡོ་རྗེ་ལ་སོགས་པ་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པའོ། །ཕུང་པོ་ལྔ་ཡེ་ཤེས་ལྔའི་རང་བཞིན་བདེ་བར་གཤེགས་པ་ལྔའོ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ཞེས་བྱ་བ་ལ། ངེས་འབྱུང་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ངེས་འབྱུང་ཀུན་ཏེ། འབྲས་བུ་ངེས་པར་འབྱུང་བའི་ཐབས་ཏེ་ཐེག་པ་གསུམ་མོ། །མཐའ་ཞེས་པ་ནི་དེ་རྣམས་ཀྱི་མཐར་ཐུག་པ་ཆགས་བཅས་ཀྱི་ལམ་མོ། །ངེས་པར་འབྱུང་བ་ཀུན་ལ་མཁས། །ཞེས་པ་ནི་ཆགས་བཅས་ཀྱི་ལམ་འདིར་རྟོགས་པར་བྱ་བའོ། །གཞན་ཡང་དྲན་པར་བྱ་བའི་ཕྱིར། ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་པ་ནི་ཆགས་བཅས་ཀྱི་ལམ་འདིར་ལྡན་པར་སྟོན་པའོ། །ད་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་པ་ལ་སོགས་པ་གསུངས་ཏེ། ཡན་ལག་ཀྱང་ཡིན་ལ་བཅུ་གཉིས་ཀྱང་ཡིན་པས་ཡན་ལག་ཅུ་གཉིས་ཏེ། འདི་ལྟར་མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་ཞེས་བྱ་བ་རྣམས་སོ། །དེ་རྣམས་ནི་སྲིད་པའི་ཡན་ལག་དང་རྩ་བའོ། །བཏོན་ཞེས་པ་ནི་འདི་རྣམས་ཤེས་པས་སྲིད་པའི་རྩ་བའོ་ཞེས་བྱའོ། །དེ་ལ་འདི་


DTG015_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ཤེས་པར་བྱེད་པའི་ཚུལ་ཀྱང་གཉིས་ཏེ། རྒྱ་ཆེ་བ་དང༌། ཟབ་པའི་ལུགས་གཉིས་སོ། །དེ་ལ་རྒྱ་ཆེ་བ་ནི་ལུགས་དང་མཐུན་པ་དང༌། ལུགས་ལས་བཟློག་པ་སྟེ། དེ་ཤེས་པས་སྲིད་པའི་རྩ་བ་བཏོན་པའོ། །ཟབ་པ་ནི་རྡོ་རྗེ་ཐེག་པའི་ཚུལ་ཞེས་བྱའོ། །དེ་ཡང་གཉིས་ཏེ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །དེ་ལ་བསྐྱེད་པའི་རིམ་པས་སྲིད་པའི་རྩ་བ་འཇོམས་པ་ནི་འདི་ལྟ་སྟེ། མ་རིག་པ་ཞེས་པ་ནི་བདག་ཏུ་འཛིན་པ་ལ་བྱ་སྟེ། འདི་ལྟར་ཁམས་དྲུག་འདུས་པ་ལས་བདག་དང༌། བདག་གིར་འཛིན་པ་འབྱུང་བའོ། །དེ་ལ་ཁམས་དྲུག་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་སོ། །དེ་རྣམས་འདུས་པ་ནི་ཚོགས་པ་གཅིག་གི་བདག་ཉིད་དོ། །དེ་རྣམས་ཀྱི་ནུས་པའི་རྩལ་གྱི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་བསྐྱེད་པའོ། །དེ་ནས་གཅིག་ལ་བདག་ཏུ་བཟུང་བས་ལྷག་མ་ལ་བདག་གིར་འཛིན་པའོ། །དེའི་ཕྱིར་མ་རིག་པ་ཞེས་བྱའོ། །དེ་ཡོངས་སུ་དག་པར་བྱ་བའི་ཕྱིར་སེམས་སྦྱོང་སྟེ། འདི་ལྟར་དམ་པའི་བཀའ་དྲིན་གྱིས་འབྲེལ་བའི་སྐྱེས་བུ་གནས་དབེན་པར་མཆོད་པའི་རྟེན་དང་ཡོ་བྱད་ལྟ་གོན་བྱ་ཞིང་ལུས་དང་ངག་གི་བྱ་བ་བྱ་ཞིང་ཚོགས་བསགས་ནས་ཕྱི་དང་ནང་གི་རྟེན་འབྲེལ་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ་ཞིང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷོ་ཞེས་བྱ་བས་སྟོང་པ་ཉིད་དུ་བསྒོམ་ཞིང༌། ཨར་ན་ཨ་ཙིཏྟ་ནི་ཨ་ནུ་ཏ་པ་ཏ་སྟེ། ཨ་ཀཱ་རོ་ལ་སོགས་པའི་སྔགས་ཀྱིས་སོ། །དེའི་ཕྱིར་མ་རིག་པ་སྐྱེ་བ་མེད་པར་ཡོངས་སུ་དག་པའོ། །དེ་ལ་སྒྲ་མཐར་བསམ་ཞིང་ཡོངས་སུ་བསྲུང་བར་བྱའོ། །ར་བ་དང་གུར་གྱི་ནང་དུ་ནམ་མཁའི་ཁམས་རྣམ་པར་དག་པའི་ཆོས་འབྱུང་བ་བསྐྱེད་དེ། དེའི་ནང་དུ་ཡཾ་ལས་བྱུང་བའི་རླུང་གི་ཁམས་གཞུ་ལྟ་བུའོ། །བཾ་ལས་བྱུང་བའི་ཆུའི་ཁམས་ཟླུམ་པོའོ། །དེར་རཾ་ལས་བྱུང་བའི་མེའི་ཁམས་གྲུ་གསུམ་མོ། །དེར་ལཾ་ལས་བྱུང་བའི་སའི་ཁམས་རྣམ་པར་དག་པ་གྲུ་བཞི་བའོ། །དེ་རྣམས་ཀྱི་ས་བོན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམ་པར་དག་པ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་ཕྱི་རོལ་གྱི་དོན་གྱིས་བསྐྱེད་པ་ནི་མ་ཡིན་གྱི། རང་གི་རྣམ་པར་ཤེས་པ་ལས་བྱུང་བ་སྟེ། གཟུང་འཛིན་གྱིས་སྟོང་པའི་སེམས་ཙམ་དུ་ཤེས་པར་བྱའོ། །དེ་ནས་དེ་དག་གི་ཁྱད་པར་འདུས་པ་ལས་ཡི་གེ་ཨོཾ་དུ་བསམ་ཞིང་རྣམ་པར་སྣང་མཛད་ཀྱི་


DTG015_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པར་གྱུར་པ་ལས་གཞལ་ཡས་ཁང་ངོ༌། །དེ་ཡང་རང་གི་སེམས་ཀྱི་སྣང་བ་ཙམ་སྟེ། དེ་ལྟ་བས་ན་སེམས་གཟུང་འཛིན་གྱིས་སྟོང་པ་ཉིད་མ་རིག་པ་རིག་པར་བྱེད་པ་སྟེ། བདག་དང་བདག་གི་འཛིན་པ་ལས་གྲོལ་བའོ། །འདུ་བྱེད་རྣམ་པར་དག་པ་ནི་འདི་ལྟ་སྟེ། དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཁམས་དྲུག་པོ་ཉིད་ལས་བདག་ཏུ་བཟུང་ནས་བདག་ནི་སྐྱེས་པའོ། །བདག་ནི་བུད་མེད་དོ་སྙམ་དུ་བདག་དང་གཞན་དུ་རྟོག་པའོ། །དེའི་དབང་གིས་གཅིག་ལ་གཅིག་ལྷག་པར་ཆགས་ཏེ། མངོན་པར་འདུ་བྱེད་པའོ། །འདིར་ཁམས་དྲུག་པོ་ཉིད་སྐྱེས་པ་དང༌། བུད་མེད་མ་ཡིན་ཏེ། སེམས་ནི་ཕོ་མོར་མ་གྲུབ་སྟེ་རིག་པ་ཙམ་མོ། །རིག་པ་དེ་ཉིད་ཡི་གེའི་ངོ་བོ་སྟེ་ཨཱ་ལི་དང་ཀཱ་ལིའོ། །དེ་ལས་ཟླ་བ་དང་ཉི་མའོ། །དེ་དག་ནི་མངོན་པར་འདུ་བྱ་བ་ཡིན་ཏེ་འདུ་བྱེད་དོ། །འདུ་བྱེད་དེ་ཉིད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སྟེ། རང་གི་ལྷའི་ཕྱག་རྒྱ་དང་ས་བོན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་སྟེ། རང་གི་ལྷའི་སྐུ་འོད་ཀྱི་གོང་བུའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་སྐྱེ་མཆེད་དྲུག་སྟེ། དེ་ལས་སྐུ་ཡོངས་སུ་རྫོགས་པ་ནི་སྐྱེ་མཆེད་དྲུག་གོ །དེ་ལྟར་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་སྟེ། འདོད་ཆགས་ཆེན་པོས་རྗེས་སུ་ཆགས་ཤིང་ཡབ་ཡུམ་གཉིས་རེག་པ་ལས་ཞུ་བའི་ངོ་བོ་ཉིད་ལ་གནས་ཏེ། རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ནི་བདེ་བ་ཞེས་བྱའོ། །ཚོར་བ་བདེ་བའི་རྐྱེན་གྱིས་སྲེད་པ་ནི་ཡབ་ཡུམ་ཁ་སྦྱོར་དུ་བཞེངས་པའོ། །སྲེད་པའི་རྐྱེན་གྱིས་ལེན་པ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་སེམས་དཔའ་བསྟིམ་པ་དང༌། དབང་བླང་བ་དང༌། སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བ་དང༌། སྔགས་བཟླས་པ་ནི་གཞན་ལ་རག་ལས་པའི་ཚུལ་གྱིས་ལེན་པའོ། །ལེན་པའི་རྐྱེན་གྱིས་སྲིད་པ་ནི་སྐུ་སྤྲོ་བ་དང་བསྡུ་བ་མངོན་དུ་མཛད་པའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་ཉིད་ནི་ལྷའི་འཁོར་ལོ་ཐུན་མོང་བ་རྣམས་སོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ནི་དཀྱིལ་འཁོར་བསྡུ་ཞིང་མི་དམིགས་པར་སྤྱན་དྲང་ཞིང་གཤེགས་སུ་གསོལ་བའོ། །དེ་ནི་བསྐྱེད་པའི་རིམ་པའི་ཚུལ་གྱི་གདམས་ངག་གོ །རྫོགས་པའི་རིམ་པའི་ཚུལ་ནི་བླ་མ་དམ་པའི་ཞལ་ལ་ལྟོས་པར་བྱའོ། །ཡང་ན་ཡན་ལག་བཅུ་གཉིས་ནི་ཕོ་ཉའི་ལོ་གྲངས་སུ་


DTG015_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་པར་བྱའོ། །དེ་ལྟར་ན་དག་པ་རྣམ་པ་བཅུ་གཉིས་འཆང་བའོ། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཞེས་པ་ནི་ཇི་སྐད་དུ་བཤད་པའི་ཐེག་པ་ཆེན་པོར་བདེན་པ་བཞི་ནི་སྡུག་བསྔལ་ཤེས་པར་བྱེད་པ་དང༌། ཀུན་འབྱུང་སྤང་པར་བྱ་བ་དང༌། ལམ་རྒྱུད་ལ་བརྟེན་པར་བྱ་བ་དང༌། འགོག་བ་ནི་འབྲས་བུ་མངོན་དུ་བྱ་བར་འདོད་པའོ། །འདིར་ནི་རྣམ་པ་དེ་དག་མི་འདོད་དེ། མིང་དང་གྲངས་མཐུན་ལ་དོན་ནི་དགའ་བ་བཞི་རྟོགས་པར་བྱ་བའོ། །ཤེས་པ་བརྒྱད་པོ་ཞེས་པ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་དེ། ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང༌། སྒོ་ལྔའི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་བརྒྱད་དོ། །རྟོགས་པ་འཆང་ཞེས་པ་ནི་ཀུན་གཞིག་ནས་གྱུར་པ་སྤྲུལ་པའི་སྐུ། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་ཆོས་ཀྱི་སྐུ། སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ། ཡིད་ཀྱི་རྣམ་བར་ཤེས་པ་གནས་གྱུར་པ་སྐུ་གསུམ་ངོ་བོ་ཉིད་ཀྱི་སྐུ་སྟེ། དེས་ན་དེ་སྐད་ཅེས་བྱའོ། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་པ་སྟེ་བདེན་པ་ནི་མི་སླུ་བ་སྟེ། དོན་རྣམ་བ་བཅུ་གཉིས་ལྡན་པ་སྟེ། གང་ཞེ་ན། དང་པོ་དབང་བཞི་ལས་སྐད་ཅིག་མ་བཞི་དང༌། དེ་ལ་བརྟེན་ནས་དགའ་བར་ཞི་སྐྱེ་བས་དེ་སྐད་ཅེས་བྱའོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་པ་ནི་རྒྱུ་མཐུན་པ་དང༌། རྣམ་པར་སྨིན་པ་དང༌། སྐྱེས་བུ་བྱེད་པ་དང༌། དྲི་མ་མེད་པ་དང༌། འབྲས་བུ་བཞི་སྟེ་བཅུ་དྲུག་གོ །རྣམ་པ་ཉི་ཤུས་བྱང་ཆུབ་པ། །ཞེས་པ་སྟེ། རྣམ་པ་ནི་སྔར་བསྒྲགས་པ་དེ་ཉིད་དང༌། ཉི་ཤུ་ནི་དེར་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་སྟེ། བཞི་བསྣན་པས་དེ་སྐད་ཅེས་བྱའོ། །དེ་དག་རིག་པས། རྣམ་པ་སངས་རྒྱས་ཀུན་རིག་མཆོག །ཅེས་སྦྱར་རོ། །བྱང་ཆུབ་པ་ཞེས་པ་ནི་ཆགས་བཅས་ཀྱི་ལམ་དེ་ལྟ་བུ་ལ་བརྟེན་ནས་བྱང་ཆུབ་ཟོབ་པའོ་ཞེས་པའི་དོན་ཏོ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག ། ཅེས་བྱ་བ་ལ། རྣམ་པ་ནི་སྔར་བཤད་པ་ཉི་ཤུ་པོ་སྟེ་ལམ་མོ། །སངས་རྒྱས་ནི་འབྲས་བུའོ། །ཐབས་གང་སྙམ་པ་ལ། ཀུན་རིག་མཆོག་སྟེ་སྔ་མ་དེ་དག་རིག་པ་ནི་ཐབས་ཀྱི་མཆོག་གོ །དེ་ལྟར་ན་ཇི་སྐད་དུ་བཤད་པའི་ཐེག་པ་ཆེན་པོར་ནི་བགྲོད་པའི་ལམ་དུ་གསུངས་ལ། འདིར་ནི་ལྡན་པའི་ཆོས་སོ་ཞེས་


DTG015_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་སོ། །ད་ནི་ཐུན་མོང་མ་ཡིན་པའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སངས་རྒྱས་ཀུན་ཏེ། དེ་དག་སྐྱེད་པར་བྱེད་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཕོ་ཉའོ། །དེའི་ཕྱིར་ཕོ་ཉའི་ཆེ་བ་ཡིན་པར་རིག་པར་བྱའོ། །དེའི་གྲངས་ཇི་ཙམ་སྙམ་པ་ལ། བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་གསུངས་ཏེ། ཐེག་པ་ཆེན་པོར་ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་ཞིང་གྲངས་བྱེ་བ་བརྒྱར་འགྱེད་པར་འདོད་ལ། འདིར་ནི་གཉིས་སུ་མེད་པའི་འོད་གསལ་བ་ལས་འབྱུང་ཞིང་སྐུ་ཁྲོ་བོའི་རྣམ་པ་དཔག་ཏུ་མེད་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་སྟེ། འདིར་ནི་ཇི་སྐད་དུ་བཤད་པའོ། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་པའི་དོན་གསལ་བར་བསྟན་པའོ། །ད་ནི་ལམ་ཉེ་བར་རྟོགས་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐད་ཅིག་མ་ནི་བཞི་སྟེ། ཆོས་ཐམས་ཅད་མངོན་པར་རྟོགས་པའི་སྐད་ཅིག་མ་དང༌། སེམས་ཅན་གྱི་དོན་རིག་པའི་སྐད་ཅིག་མ་དང༌། བྱེ་བྲག་འབྱེད་པའི་སྐད་ཅིག་མ་དང༌། མངོན་པར་རྫོགས་པར་སངས་རྒྱས་པའི་སྐད་ཅིག་མ་དང༌། གཞན་དུ་ནི་མཚན་ཉིད་དང་བྲལ་བ་དང༌། རྣམ་པར་སྨིན་པ་དང༌། རྣམ་པ་སྣ་ཚོགས་པ་དང༌། རྣམ་པར་ཉེད་པ་ཞེས་བྱ་བའི་མིང་ཅན་ཏེ། ལམ་མྱུར་བ་དང༌། ཐོབ་བྱ་དགའ་བ་བཞི་ཡུན་ཐུང་བས་སྐད་ཅིག་མ་ཞེས་བྱའོ། །ཐམས་ཅད་ཅེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་སོ། །མངོན་པར་རྟོགས་པ་ཞེས་བྱ་བ་ནི་གཉིས་སུ་མེད་པར་མངོན་སུམ་དུ་རྟོགས་པའོ། །དེས་ན་རྟོགས་པར་བྱ་བ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དུས་དང་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་རྟོགས་པའོ། །ཡང་ན་དུས་གང་གིས་ན་སྐད་ཅིག་གཅིག་ལ། གང་རྟོགས་ན་ཆོས་ཐམས་ཅད་ཚུལ་ཇི་ལྟར་རྟོགས་པ་མངོན་སུམ་དུ་ལྷན་ཅིག་སྐྱེས་པའོ། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཅེས་པ་ནི་སེམས་ཀྱི་ཞེས་པ་ནི་མཆོག་དགའ་སྟེ། གཟུང་བ་དང་འཛིན་པས་སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་ལྟ་བུར་རིག་པ་སྟེ། སེམས་ཙམ་དུ་རིག་བའོ། །འདིར་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པ་ཡིན་ལ།


DTG015_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་དགར་འཇུག་པ་རྣམས་བློ་བགམ་པར་བྱ་བའི་ཕྱིར་འདི་དང་ཕྱི་མར་དཀྲུགས་ཏེ་བསྟན་པའོ། །དེའི་ཕྱིར་སྐད་ཅིག་ལ་རྟོགས་ཤིང་ཚེ་གཅིག་གིས་སངས་རྒྱས་པར་བྱེད་པའི་ལམ་ནི་རྡོ་རྗེ་ཐེག་པའོ། །དེ་ལྟ་ན་སེམས་ཅན་ཐམས་ཅད་ལ་ལམ་འདི་མ་བསྟན་པ་ཅིའི་ཕྱིར་ཞེ་ན། ཐེག་པ་སྣ་ཚོགས་ཐབས་ཀྱི་ཚུལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐེག་པ་ནི་གསུམ་སྟེ་ཉན་ཐོས་ལ་སོགས་པའོ། །སྣ་ཚོགས་ཐབས་ཀྱི་ཚུལ་ཞེས་པ་ནི་ཐབས་སྣ་ཚོགས་གསུམ་བསྟན་པ་སྟེ། དེ་ཡང་སྐད་ཅིག་མ་རྟོགས་པར་བྱེད་པའི་ཐབས་སུ་རིག་པར་བྱ་སྟེ། འདིར་ནི་རེ་ཞིག་པ་སྟི་གནས་ཙམ་དུ་རིག་པར་བྱའོ། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་བྱ་བ་ནི་ལས་དང་པོ་པ་ལ་འགྲོ་བ་དྲང་བའི་དོན་ལ་དགོངས་ནས་གསུངས་པ་སྟེ། དེའི་ཕྱིར། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཞེས་བྱ་བ་ནི་ཐེག་པ་གསུམ་ནི་གོ་བླའོ། །ངེས་པར་འབྱུང་བ་ནི་འབྲས་བུ་སྟེ། དགྲ་བཅོམ་པ་ལ་སོགས་པ་ཡིན་ལ་དེའི་ལམ་ནི་དེ་དག་གོ །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ་ནི་བཞི་པ་རྡོ་རྗེའི་ཐེག་པའོ། །འབྲས་བུར་གནས་ཞེས་པ་ནི་འབྲས་བུ་སྐུ་གསུམ་ལམ་དུ་བྱེད་པ་སྟེ། འཁོར་ལོ་གསུམ་དུ་ཉམས་སུ་མྱོང་བའོ། །དེ་ཡང་མགྲིན་པར་ལོངས་སྤྱོད་རྫོགས་པའོ། །སྙིང་གར་ཆོས་ཀྱིའོ། །ལྟེ་བར་སྤྲུལ་པའི་སྐུའོ། །དེ་བཞིན་དུ་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་རྣམས་ནི་ལོངས་སྤྱོད་རྫོགས་པའོ། །བྱ་བ་ནན་ཏན་ནི་སྤྲུལ་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་ཆོས་ཀྱི་སྐུའོ། །དེ་བཞིན་དུ་ཡང་རྒྱུ་མཐུན་བ་ནི་སྤྲུལ་པའོ། །རྣམ་པར་སྨིན་པ་ནི་ཆོས་སོ། །སྐྱེས་བུ་བྱེད་པ་ནི་ལོངས་སྤྱོད་དོ། །དྲི་མ་མེད་པ་ནི་བདེ་བ་ཆེན་པོའི་ཚུལ་གྱིས་གནས་པས་ན་དེ་སྐད་ཅེས་བྱའོ། །ད་ནི་སྤང་བྱ་སྤངས་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། ཉོན་མོངས་ཁམས་རྣམས་དག་པའི་བདག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་ཁམས་ནི་རྩ་བ་དང་ཉེ་བའི་ཉོན་མོངས་པའོ། །རྣམས་ཞེས་པ་ནི་ཁམས་གསུམ་གྱི་ཉོན་མོངས་པའོ། །དག་པ་ནི་འདིར་སྐད་ཅིག་གིས་སོ། །གཞན་ནི་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པའོ། །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཞེས་བྱ་བ་ལ། དགེ་བ་དང་མི་དགེ་བའི་ལས་ལས་སྐྱེས་པའི་ཁམས་གསུམ་


DTG015_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་བག་ཆགས་རྣམས་སྐད་ཅིག་གིས་ཟད་པར་བྱེད་པའོ། །ཆུ་བོ་རྒྱ་མཚོ་ཀུན་ལས་རྒལ། ཞེས་པ་ནི་གངྒཱ་དང༌། སིནྡྷུ་ལ་སོགས་པ་ནི་ཆུ་བོ་ཡིན་ལ། །དེ་རྣམས་གཅིག་ཏུ་འདུས་པ་ནི་རྒྱ་མཚོའོ། །དེ་བཞིན་དུ་སྐྱེ་བ་ལ་སོགས་པ་ནི་རྒྱུན་མི་འཆད་པའི་ཕྱིར་ཆུ་བོ་ཡིན་ལ། དེ་རྣམས་གཅིག་ཏུ་འདུས་པ་ནི་རྒྱ་མཚོ་སྟེ། སྲིད་པའི་རྒྱ་མཚོ་དེ་ལས་ཀྱང་སྐད་ཅིག་གིས་སོ། །དེ་བཞིན་དུ། སྦྱོར་བའི་དགོན་པ་ལས་བྱུང་བ། །ཞེས་བྱ་བ་ལ། འདིར་མུ་གེའི་དགོན་པ་དང༌། གཅན་གཟན་གྱི་དགོན་པ་དང༌། ལམ་རིང་ཞིང་ཡང་བའི་དགོན་པ་དེ་ན་ཆུ་དུག་ཅན་ལ་སོགས་པའི་དགོན་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་འཁོར་བའི་དགོན་པ་འདི་ན་ཡང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཡང་བ་ལས་འབྱུང་བར་བྱེད་པ་ནི་ཆགས་བཅས་ཀྱི་ལམ་འདིའི་ཕན་ཡོན་ནོ། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །ཞེས་བྱ་བ་ལ། འདོད་ཆགས་དང་ཁོང་ཁྲོ་བ་ལ་སོགས་པ་དྲུག་རྩ་བའི་ཉོན་མོངས་པ་དང༌། ཁྲོ་བ་དང་ཁོ་ན་དུ་འཛིན་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་དང༌། ཞེ་སྡང་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང༌། བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་བྱ་བ་ལ། བག་ཆགས་ས་བོན་ཙམ་ཡང་མ་ལུས་པར་སྤངས་ཏེ། གང་གིས་ཤེ་ན། ལམ་གོང་མ་དེས་སོ། །ད་ནི་ཐོབ་བྱ་ཐོབ་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་སྙིང་རྗེ་ཆེན་པོ་ནི་རྒྱུའི་གནས་སྐབས་སུ་དམིགས་པ་མེད་པའི་སྙིང་རྗེ་དང༌། ཤེས་རབ་ཅེས་བྱ་བ་གཉིས་སུ་མེད་པ་རྫོགས་པའི་རིམ་པ་དང༌། ཐབས་ཞེས་བྱ་བ་བསོད་ནམས་ཀྱི་ཚོགས་དང༌། བསྐྱེད་པའི་རིམ་པ་བསྒོམ་པའོ། །དོན་ཡོད་འགྲོ་བའི་དོན་བྱེད་པ། །ཞེས་བྱ་བ་ལ། སྔར་བསོད་ནམས་ཀྱི་ཚོགས་བསགས་པ་དོན་ཡོད་ཀྱང་ཡོད་ལ་བྱེད་ཀྱང་བྱེད་པ་སྟེ་སྐུ་གཉིས་པའོ། །གང་དི་དོན་བྱེད་སྙམ་པ་ལ། འགྲོ་བ་སྟེ། དེ་དག་གིས་བསྡུས་པ་རྣམས་སོ། །འགྲོ་བ་རྣམས་ཀྱི་དོན་བྱེད་པའི་དུས་ན་རློམ་སེམས་ཡོད་དམ་སྙམ་པ་ལ། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང༌། །ཞེས་བྱ་བ་ལ། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པ་སྟེ། རྟག་པ་དང་ལྡན་པ་ནི་སྐྱེས་པ་ཞེས་པ་ལ་སོགས་པའོ། །དོན་སྤངས་ཞེས་པ་ནི་ད་ནི་བདག་གིས་ལྷ་ལ་སོགས་པ་ཐབས་འདིའི་སྒོ་ནས་འདི་བྱའོ་སྙམ་


DTG015_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་ཤེས་དོན་ནི་འགག་པར་བྱེད། །ཅེས་བྱ་བ་ལ། འདིར་ཤེས་པ་དད་ཤེས་བྱ་གཉིས་མེད་ཅེས་བྱའོ། །དེའི་ཕྱིར། སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །ཞེས་གསུངས་ཏེ། སེམས་ཅན་ཡང་ཡིན་ལ་ཡུལ་ཡང་ཡིན་པས་སེམས་ཅན་ཀུན་ཡིད་ཡུལ་ཏེ་དག་པ་དང་མ་དག་པའོ། །ཡིད་ནི་ཡུལ་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པའི་བྱེ་བྲག་གིས་རྡོ་རྗེ་འཆང་དང༌། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུའི་བྱེ་བྲག་གིས་རྗེས་སུ་འཛིན་ཅིང་སྣང་བའོ། །སེམས་ཅན་ཀུན་གྱི་ཡིད་རིག་པ། །ཞེས་པ་ནི་དེ་དག་གིས་དབང་པོ་མཆོག་དང་མཆོག་མ་ཡིན་པའོ། །མཁྱེན་པ་དེས་ཅི་མཛད་སྙམ་པ་ལ། སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཞེས་གསུངས་ཏེ། ཇི་ལྟར་མོས་པ་བཞིན་དོན་སྒྲུབ་པའོ། །དེ་དག་སེམས་དང་མཐུན་པར་འཇུག །ཅེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་སེམས་ཅན་དེ་དག་གོ ། དེ་དག་གི་སེམས་དང་རྗེས་སུ་མཐུན་པར་འཇུག་པ་སྟེ། ཇི་ལྟར་ཆུས་རྗེས་སུ་བཀང་པའི་སྣོད་ཤིན་ཏུ་མང་པོར་ཟླ་བ་ཤར་བ་ན་ཟླ་བ་མང་པོ་མ་ཡིན་པ་ལྟར་འདིར་ཡང་གང་ལ་གང་མོས་པར་འཇུག་པའོ། །ཞུགས་ནས་ཅི་བྱེད་སྙམ་པ་ལ། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །ཅེས་བྱ་བ་གསུངས་ཏེ། དེ་དག་ནི་རང་རང་གི་དགའ་བ་དང་བདེ་བས་ཚིམ་པར་བྱེད་པའོ། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་དགའ་བ། །ཞེས་གསུངས་ཏེ། དེ་དག་ཆོས་ལ་ཞུགས་ནས་ཀྱང་སྤྱོད་པར་བྱེད་པའོ་ཞེས་པའི་ཐ་ཚིག་གོ །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ཅེས་བྱ་བ་ལ། འཁྲུལ་པ་མེད་པ་ནི་རྒྱུ་རྟེན་གྱི་གང་ཟག་དང་ལམ་འཁྲུལ་པ་མེད་པས་སྒྲུབ་པ་མཐར་ཕྱིན་པ་སྟེ། བྱས་པ་དོན་ཡོད་པའོ། །དེ་ཅི་ལས་བྱུང་ཞེ་ན། ནོར་བ་ཐམས་ཅད་རྣམ་པར་སྤངས། །ཞེས་གསུངས་ཏེ། ནོར་བ་ནི་ལྟ་བ་དང་སྤྱོད་པ་ཟུང་དུ་མ་འབྲེལ་པའོ། །ཇི་ལྟར་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་རེས་འཇོག་ཏུ་བསྒོམ་པ་ལྟ་བུའོ། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཞེས་པ་ནི་རྒྱུ་དང་ལས་དང་འབྲས་བུ་ལ་ཐེ་ཚོམ་དང་བྲལ་བའོ། །དེས་ཅི་འགྱུར་སྙམ་པ་ལ། ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཅེས་གསུངས་ཏེ། ཀུན་ཞེས་པ་ནི་འགྲོ་བ་དག་པ་དང་མ་དག་


DTG015_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །ཡོན་ཏན་གསུམ་ནི་སྐུ་གསུམ་སྟེ། དེའི་བདག་ཉིད་དུ་འགྱུར་རོ་ཞེས་པའོ། །ཕུང་པོ་ལྔ་ཞེས་པ་ནི་དཔའ་བོ་དང་དཔའ་མོའོ། །དེའི་དོན་ནི་ཕུང་པོ་ལྔ་ལ་སོགས་པ་ལྷ་དང་ལྷ་མོར་བསྐྱེད་པའོ། །དུས་གསུམ་ཞེས་པ་ནི་སྐྱེ་བའི་དུས་དང༌། གནས་པའི་དུས་དང༌། འགག་པའི་དུས་སོ། །སྐྱེ་པའི་དུས་ནི་བྱང་ཆུབ་པ་ལྔའི་དོན་ཏེ། ཀུནད་ལྟ་བུ་དང༌། རང་བྱུང་སྟེ། ཉི་ཟླ་ཞེས་བྱ་བའི་མིང་ཅན་ལ་སོགས་པ་མངལ་ནས་སྐྱེ་བའོ། །གནས་པའི་དུས་ནི་སྐྱེས་ཟིན་ནས་སེམས་ཅན་གྱི་དོན་ལ་སྐུ་སྤྲོ་བ་དང་བསྡུ་བ་མངོན་པར་མཛད་པའོ། །འགག་པའི་དུས་ནི་གཙོ་བོ་འཁོར་གཉིས་སུ་མེད་པར་བསྡུ་བའོ། །དེ་ནས་འབྲས་བུའི་དུས་སུ་ཡང་སྐུ་དང་ཡེ་ཤེས་ཀྱི་སྣང་བས་སེམས་ཅན་གྱི་དོན་མཛད་པའོ། །སྔར་བསྟན་པའི་སྐད་ཅིག་མ་གཉིས་ཀྱི་འཕྲོར་གྱུར་པ་བསྟན་པར་བྱ་བའི་ཕྱིར། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་གསུངས་ཏེ། སྐད་ཅིག་ནི་སྔར་བཤད་ཟིན་ཏོ། །ཐམས་ཅད་ཅེས་བྱ་བ་ནི་བྱ་བ་མང་བ་སྟེ། ལྟ་བ་དང༌། འཛུམ་པ་དང༌། ཨཱ་ལིང་ག་དང༌། ཙུམ་བ་ན་དང༌། ན་ཁ་པྲ་ཧ་ར་ལ་སོགས་པའོ། །བྱེ་བྲག་ཕྱེད་ཅེས་བྱ་བ་ནི་དགའ་བ་བཞིའི་བྱེ་བྲག་ཤེས་པར་བྱ་བའི་ཐ་ཚིག་གོ །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་བྱ་བ་ནི་རྫོགས་པ་ནི་ཀུན་ཐོབ་པར་རྫོགས་པའོ། །སངས་རྒྱས་ནི་བཞི་པའི་དུས་སུ་འདི་གཟུང་བར་བྱའོ། །སངས་རྒྱས་ཀུན་གྱི་རང་བཞིན་འཆང༌། །ཞེས་བྱ་བ་ལ། སྔར་གྱི་དེ་ཉིད་གསལ་བར་སྟོན་པ་སྟེ། སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སངས་རྒྱས་ཀུན་ཏེ། ཕུང་པོ་ལྔ་པོ་གནས་གྱུར་པའི་དེ་བཞིན་གཤེགས་པ་ལྔའོ། །དེ་ཡང་རྒྱུའི་གནས་སྐབས་སུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་བཞིན་གཤེགས་པ་སྲས་དང་བཅས་པར་བསྐྱེད་ཅིང་སྤྲོ་བ་དང་བསྡུ་བའི་སྐུ་མངོན་དུ་བྱས་པས་འབྲས་བུའི་དུས་སུ་སེམས་ཅན་གྱི་དོན་དུ་སྐུ་དང་ཡེ་ཤེས་ཀྱི་སྣང་བར་མཛད་པ་ལ་དེ་སྐད་ཅེས་བྱའོ། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས་བྱ་བ་ལ། ཏིང་ངེ་འཛིན་ལས་བྱུང་བའི་ལུས་ཡེ་ཤེས་ཀྱི་སྐུ་ཡིན་པས་ལུས་མེད་པའོ། །ལུས་ཏེ་ཞེས་པ་ནི་སྔ་མ་བཞིན་ནོ། །ལུས་ཀྱི་མཆོག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་སྣང་བར་མ་འགགས་པར་རྒྱུ་ལ་སྣང་བས་ལུས་ཀྱི་མཚོག་གོ །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །ཞེས་བྱ་བ་


DTG015_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ། ལུས་ཅན་ཐམས་ཅད་ཀྱི་ནང་ན་མཐར་ཐུག་པའི་ལུས་འདི་ཡིན་པས་རྟོགས་པའམ། སངས་རྒྱས་པའོ། །འོ་ན་དེ་གཞན་ལ་སྣང་བར་མི་འགྱུར་རམ་ཞེ་ན། གཟུགས་རྣམས་སྣ་ཚོགས་ཀུན་དུ་སྟོན། །ཞེས་གསུངས་ཏེ། ཇི་ལྟར་ནོར་བུ་དག་རས་ཀྱིས་འགྱུར་པ་ལྟར་འདིར་སེམས་ཅན་གྱི་དབང་པོའི་བྱེ་བྲག་གིས་སྐུ་མདོག་སྣ་ཚོགས་པ་དང༌། ཕྱག་མཚན་དང༌། བཞུགས་ཚུལ་དང༌། ཞི་བ་དང༌། ཁྲོ་བོ་ལ་སོགས་པར་སྣང་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེའི་ཕྱིར། ནོར་བུ་ཆེན་པོ་རིན་ཆེན་ཏོག །ནོར་བུ་ཆེན་པོ་ཞེས་པ་ནི་ནོར་བུའི་ཁ་དོག་རས་ཀྱིས་འགྱུར་པའམ། དེ་ལས་འདོད་དགུ་འབྱུང་བར་བྱེད་པས་སོ། །དེའི་མཚན་ཉིད་ཅི་སྙམ་པ་ལ། རིན་ཆེན་ཏོག་ཅེས་བྱ་བ་སྟེ། རིན་ཆེན་འབྱུང་ལྡན་ཞེས་བྱ་བའོ། །དེ་དག་གིས་མཉམ་པ་ཉིད་ཀྱི་ཡེ་ཤེས་བཤད་ཟིན་ཏོ། །

བཅུ་གཅིག་པ། བྱ་བ་གྲུབ་པའི་ཡེ་ཤེས་བཤད་པ།


DTG010_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས་བཤད་ནས། ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་གསུངས་སོ། །སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སངས་རྒྱས་ཀུན་ཏེ་དུས་གསུམ་གྱིའོ། །རྟོགས་པར་བྱ་བ་ནི་རྡོ་རྗེ་འཆང་ངོ༌། །དེས་ནི་བྱ་བ་གྲུབ་པའོ། །ད་ནི་གསང་སྔགས་ཀྱི་དོན་ཐམས་ཅད་བསྐྱེད་པར་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་བྱང་ཆུབ་བླ་ན་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་སོ། །དེའི་བྱང་ཆུབ་ནི་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་འཆང་ཆེན་པོའོ། །དེས་ན་མཆོག་གོ །གང་གིས་གྲུབ་ན། གསང་སྔགས་ལས་བྱུང་ཡི་གེ་མེད། །ཅེས་གསུངས་ཏེ། ཡི་གེ་མེད་བ་ནི་འོག་ནས་འཆད་པར་བྱེད་དོ། །གསང་སྔགས་ཆེན་པོ་རིགས་གསུམ་པ། །ཞེས་བྱ་བ་ལ་གསང་སྔགས་ཆེན་པོ་ནི་རྡོ་རྗེ་འཆང་ངོ༌། །དེ་ལས་ཕྱེ་བ་ནི་རིགས་གསུམ་སྟེ་སྐུ་གསུང་ཐུགས་སོ། །ཡང་ན་རིག་སྔགས་གསང་སྔགས་གཟུངས་སྔགས་ལ་དེ་སྐད་ཅེས་བྱའོ། །གསང་སྔགས་དོན་ཀུན་བསྐྱེད་པ་པོ། །ཞེས་བྱ་བ་ལ། གསང་སྔགས་ཀྱི་དོན་ཀུན་ནི་དངོས་གྲུབ་གཉིས་སོ། །སྐྱེད་པར་བྱེད་པ་ནི་གྲུབ་པར་བྱེད་པ་སྟེ། དེའི་དོན་གྲུབ་པ་ཞེས་བྱའོ། །ད་ནི་ཐོབ་པར་བྱེད་པའི་ཐབས་ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར། ཐིག་ལེ་ཆེན་པོ་ཡི་གེ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།


DTG015_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔར་གྱི་ཡི་གེ་མེད་ཅེས་གསུངས་པ་དེ་གསལ་བར་སྟོན་པ་སྟེ། ཐིག་ལེ་ཆེན་པོ་ནི་ཕྱག་རྒྱ་ཆེན་པོས་ཏེ། །དེ་ལ་གཉིས་ཀྱི་རྟོགས་པ་ཐམ་ཅད་སྤངས་ནས་ཡི་གེ་མེད་པའོ། །དེ་ལ་མིང་ངམ་ཐ་སྙད་འདོགས་ན་སྟོང་པ་ཞེས་བྱ་བ་སྟེ། དེ་ཉིད་སྐུ་གསུམ་ཡེ་ཤེས་ལྔའི་སྣང་བས་སེམས་ཅན་གྱི་དོན་བྱེད་པས་ན་ཆེན་པོ་ཡི་གེ་ལྔ་ཞེས་བྱའོ། །ཡང་ན་རེག་པ་སྲ་བ། བསྐྱོད་པ་རླུང༌། དྲོ་བ་མེ། བྱང་ཆུབ་ཀྱི་སེམས་ཆུ་སྟེ། འབྱུང་བ་བཞི་ལས་གྲུབ་པའི་ལུས་ཏེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་ཆགས་པའོ། །དེ་ལས་རྩ་དང་རླུང་དང་ཐིག་ལེའི་དབྱེ་བས་གནས་པ་ནི་བཤད་པ་དང་འཆད་པའི་དོན་ཏོ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་བྱ་བ་ལ། ཕུང་པོ་དང༌། ཁམས་དང༌། རིགས་དང༌། ཡེ་ཤེས་ལྔ་ལས་བྱེ་བྲག་རེ་རེ་ལ་ཡང་ལྔ་ལྔར་ཕྱེ་བས་རིགས་བརྒྱར་འགྱུར་པ་དེ་སྐད་ཅེས་བྱའོ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་བྱ་བ་ནི་རིགས་ཀྱིས་དབྱེ་བ་དེ་རྣམས་འགྲིབ་པར་བསྡུས་པས་ནི་རྣམ་པ་མེད་པ་སྟེ། གཉིས་སུ་མེད་པར་ཐམས་ཅད་དང་བྲལ་བར་ཞེས་བྱའོ། །ཡང་ན་ཀུན་རྫོབ་བམ་ཐ་སྙད་ཙམ་དུ་རྣམ་པ་དེ་དག་དང་ལྡན་ལ། དོན་དམ་པར་རྣམ་པ་མེད་པ་ཞེས་བྱའོ། །དེ་ཚུལ་ཇི་ལྟར་ཤེས་པར་བྱ་སྙམ་པ་ལ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་གསུངས་སོ། །རྡོ་རྗེ་དང་པདྨ་གཉིས་མཉམ་པ་ལ་གཉིས། ཀུན་རྫོབ་ཀུནད་དང༌། དོན་དམ་པ་བདེན་པ་གཉིས་ཏེ། གཞིར་གནས་པ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་གཉིས་འདས་ནས་གཉིས་མཉམ་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཅི་འདྲ་སྙམ་པ་ལ། ཡན་ལག་མེད་པའི་རྩིས་ལས་འདས། །ཞེས་གསུངས་ཏེ། འདིར་ནི་ལྷན་ཅིག་སྐྱེས་པའི་མཚན་ཉིད་དེ། ཡན་ལག་ཅེས་པ་ནི་སྤྲོས་པ་སྟེ་དེ་མེད་པའོ། །རྩིས་ལས་འདས་ཞེས་པ་ནི་བཅུ་དྲུག་ཕྱེད་ཕྱེད་ལ་སོགས་པའི་གྲངས་ལ་འདས་པའོ། །བསམ་གཏན་བཞིའི་རྩེ་མོ་ཅན། །ཞེས་བྱ་བ་ལ། དགའ་བ་དང༌། བདེ་བ་དང༌། རྟོག་པ་དང༌། དཔྱོད་པ་ནི་བསམ་གཏན་བཞི་པའོ། །དེ་དང་གྲངས་མཐུན་པ་ནི་བསམ་གཏན་བཞི་སྟེ་དགའ་བ་བཞིའོ། །རྩེ་མོ་ཞེས་པ་ནི་མཛེས་པའི་སྤྱི་བོ་ཅན་ཞེས་པ་ནི་བདག་མེད་པའི་ཆ་སྟེ། གཉིས་ཀྱི་བར་གྱི་ཆ་ལ་གནས་པ་སྟེ། དཔྱོད་པ་ནི་བསམ་གཏན་བཞི་ལྷན་ཅིག་


DTG015_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱེས་པའོ། །དེའི་དང་པོ་ནི་དབང་གི་དུས་སོ། །གཉིས་པ་ནི་རྩེ་མོ་གསུམ་གྱི་རྩེ་མོ་ཉིད་ཡིན་པའི་ཕྱིར་རོ། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང༌། །ཞེས་པ་ནི་ཕྱག་རྒྱ་བཞི་དང༌། སྐད་ཅིག་མ་བཞི་དང༌། དགའ་བ་བཞི་ནི་བསམ་གཏན་གྱི་ཡན་ལག་གམ་ཐབས་བྱ་སྟེ། དེས་ངེས་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཐབས་ཁྱད་པར་ཅན་གྱི་དེའི་སྒོ་ནས་ལོངས་སྤྱོད་རྫོགས་པའི་སྐུ་སྒྲུབ་པ་བསྟན་པར་བྱ་སྟེ། དེའི་ཕྱིར། ཏིང་འཛིན་རིག་དང་རྒྱུད་རིག་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུ་ཏིང་ངེ་འཛིན་ཡིན་ལ། དེ་ཉིད་རིག་ཞེས་བྱ་སྟེ། ཏིང་ངེ་འཛིན་ལས་བྱུང་བའི་སྐུ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཅེས་བྱ་བ་ནི་རྒྱུན་ཡིན་ལ་དེ་ཉིད་ཀུན་རྫོབ་དང་དོན་དམ་པ་རང་བཞིན་ཅན་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ཅེས་གསུངས་སོ། །ཏིང་འཛིན་ལུས་ནི་དེ་ལས་བྱུང་བའོ། །ལུས་ཅན་རྣམས་ལས་མཆོག་ཏུ་གྱུར་པ་ཡིན་པས་ལུས་ཀྱི་མཆོག་སྟེ། ཆུ་ནང་གི་གཟུགས་བརྙན་ལྟ་བུའོ། །དེ་གང་གི་ལུས་ཡིན་ཞེ་ན། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །ཞེས་གསུངས་ཏེ། སྐུ་དེ་ནི་ཐིག་ལེ་ཆེན་པོ་ཡང་འདོད་པས། དེའི་ཁྱ་པར་བསྟན་པ་ནི་ཀུན་གྱི་རྒྱལ་ཞེས་གསུངས་སོ། །དེ་ནི་གཞན་དོན་དུ་སྐུ་དེ་ལྟ་བུའི་རྣམ་པར་སྣང་བའོ། །ཡང་ན་རྡོ་རྗེ་ནོར་བུའི་ཆལ་གནས་པའི་བདེ་བའི་ལོངས་སྤྱོད་པ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱའོ། །ད་ནི་སྤྲུལ་པའི་སྐུའི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། སྤྲུལ་པའི་སྐུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་གཅིག་ཏུ་མ་ངེས་ཏེ། གདུལ་བྱའི་སྣོད་ཀྱི་རིམ་པ་ལ་དེ་དང་དེར་སྟོན་པ་ཞེས་གཞན་དག་འདོད་པ་ལ་དེ་སྐད་ཅེས་བྱའོ། །འདིར་ནི་སྐུའི་མཆོག་སྟེ། ཁྱད་པར་དུ་གྱུར་པ་ཆགས་བཅས་ཁྲོ་བོའི་སྐུར་སྣང་བར་མཛད་ཅིང་སྐུར་ཡང་སྟོན་པས་དེ་དག་ཅེས་བྱའོ། །སངས་རྒྱས་སྤྲུལ་བའི་རྒྱུད་འཆང་བ། །ཞེས་པ་ལ། རྒྱུད་ནི་རྡོ་རྗེ་འཆང་སྟེ། དེའི་རྒྱུད་ནི་དེ་ལྟར་སྣང་བར་འགྱུར་པའོ། །ཡང་ན་རྒྱུད་ནི་རྒྱུན་ཏེ། རྒྱུན་མི་འཆད་པར་གདུལ་བྱ་རྗེས་སུ་འཛིན་པར་མཛད་པའོ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་བྱ་བ་ལ། ཇི་ལྟར་ནགས་ལ་མེ་མཆེད་ན་ལ་ལར་ནི་བདོ་བའོ། །ལ་ལར་ནི་བདོ་ཡོལ་ལོ། །ལ་ལར་ནི་མགོ་ཟུག་གོ །ལ་ལར་ནི་


DTG015_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་བ་འཐུལ་ལོ། །ལ་ལར་ནི་ཤི་བའོ། །དེ་བཞིན་དུ་ཕྱོགས་ལ་ལར་ནི་ཡུམ་གྱི་ལྷུམས་སུ་ཞུགས་པའོ། །ལ་ལར་ནི་བལྟམ་མོ། །ལ་ལར་ནི་རོལ་རྩེད་མཛད་དོ། །ལ་ལར་ནི་ཁབ་བཞེས་སོ། །ལ་ལར་ནི་རབ་ཏུ་འབྱུང་ངོ༌། །ལ་ལར་ནི་དཀའ་ཐུབ་མཛད་དོ། །ལ་ལར་ནི་བསོད་སྙོམས་མཛད་དོ། །ལ་ལར་ནི་བདུད་འདུལ་བར་མཛད་དོ། །ལ་ལར་ནི་མངོན་པར་སངས་རྒྱས་སོ། །ལ་ལར་ནི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ལ་ལར་ནི་མྱ་ངན་ལས་འདས་པར་མཛད་དེ་དེས་ན་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་སྤྲུལ་ནས་ཀྱང་ཅི་མཛད་ཅེ་ན། ཇི་བཞིན་འགྲོ་བའི་དོན་མཛད་པ། །ཞེས་བྱ་བ་ལ། གང་ལ་གང་གིས་འདུལ་བའི་གཟུགས་དང་ཁ་དོག་དང་སྤྱོད་པ་རྣམས་དང་ཆ་མཐུན་པར་མཛད་པ་སྟེ། ཇི་ལྟར་སྔོན་གྱི་དུས་ན་ཁྱིམ་བདག་ཀུ་སུ་ལི་ཞེས་བྱ་བ་ལུས་བོང་མཚོན་གང་བ་ཅིག་ཡོད་པར་གྱུར་པ་ལ། དེ་ལ་ཁང་པ་དཔངས་སོར་ལྔ་པའི་ཚད་ཙམ་ཅིག་ཏེ། དེར་བཅོམ་ལྡན་འདས་འཁོར་རྣམ་བཞི་དང་བཅས་པ་གདུགས་ཚོད་ལ་བྱོན་བར་ཞུས་སོ། །དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་དོ། །དེའི་ཚེ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་རྒྱུ་དང་རྐྱེན་ཞུས་སོ། །བཅོམ་ལྡན་འདས་ཁྱིམ་བདག་འདི་ལ་ཁང་པ་སོར་ལྔ་པ་ལས་མེད་པ་འདིར་བཅོམ་ལྡན་འདས་འཁོར་རྣམ་བཞི་དང་བཅས་སྤྱན་དྲང་བ་ལ་ཅིའི་ཕྱིར་འཛུམ་པ་མཛད་ཅེ་ན། བཀའ་སྩལ་པ་ཁྱིམ་བདག་འདིའི་ཁང་པར་ནི་ད་ལྟར་ང་སྤྱན་འདྲེན་ཅིང་འགྲོ་བར་མ་ཟད་དེ། འདས་པའི་སངས་རྒྱས་གྲངས་མེད་པ་རྣམས་ཀྱང་སྤྱན་དྲངས་ཤིང་བྱོན་ལ་བསོད་སྙོམས་ཀྱང་གསོལ་བར་མཛད་དོ། །ཕྱིས་ཀྱང་མཛད་པར་འགྱུར་རོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་སྐུ་ཆུང་བར་མཛད་པ་མ་ཡིན་པར་དེར་གཤེགས་ཤིང་བསོད་སྙོམས་ཀྱང་གསོལ་ལོ། །དེ་དག་དེར་བཞུགས་པ་དེའི་ཚེ་ཤིན་ཏུ་ཡངས་པར་བཞུགས་པར་མཛད་པས་དེའི་ཚེ་ཀུན་དགའ་བོ་ལ་སོགས་པ་ངོ་མཚར་དུ་གྱུར་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་ངོ་མཚར་དུ་བྱར་མེད་དེ། རྔུལ་ཕྲ་མོ་གཅིག་གི་སྟེང་ན་སངས་རྒྱས་བཅོམ་ལྡན་འདས་རྡུལ་སྙེད་ཀྱི་དྲངས་ཀྱིས་ཀྱང་བཞུགས་པར་མཛད་དོ་ཞེས་བཀའ་སྩལ་པས། ཀུན་དགའ་བོ་ལ་སོགས་པའི་འཁོར་ཐམས་ཅད་ཡི་རང་བར་གྱུར་ཏོ། །དེའི་ཕྱིར་གསུངས་པ་དང༌།


DTG015_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷ་དང་ལྷ་དབང་ལྷ་ཡི་ལྷ། །ཞེས་གསུངས་ཏེ། ལྷ་དང་ཞེས་པ་ནི་འཁོར་ལ། ལྷ་དབང་ཞེས་པ་ནི་གཙོ་བོ་སྟེ་བརྒྱ་བྱིན་ནོ། །དེའི་ཕྱིར་ལྷའི་ལྷ་ནི་བརྒྱ་བྱིན་དེ་ཉིད་དོ། །དེས་ན་ལྷའི་བདག་པོའོ། །ལྷ་མིན་བདག་ཅེས་པ་ནི་ལྷ་མིན་གྱི་གཙོ་བོའོ། །འཆི་མེད་དབང་པོ་ལྷ་ཡི་བླ། །ཞེས་བྱ་བ་ལ། འཆི་མེད་དབང་པོ་ནི་ལྷ་མ་ཡིན་གྱི་རྒྱལ་པོའི་བྱེ་བྲག་གི་མིང་ངོ༌། །ལྷའི་བླ་ཞེས་པ་ནི་ལྷ་མ་ཡིན་རྣམས་ཀྱི་བླ་མར་གྱུར་པ་སྟེ། གཙོ་བོ་ཞེས་བྱའོ། །དེ་བཞིན་དུ་མི་ལ་སོགས་པ་ལ་སྦྱར་རོ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །ཞེས་བྱ་བ་ལ། འཇིག་རྟེན་པ་རྣམས་ཀྱི་འཇོམས་བྱེད་ནི་བདུད་བཞི་དང༌། ཆུ་བོ་བཞི་ཡིན་ལ། དེ་འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་ནི་སྐུའི་ཁྲོ་བོ་རྣམ་པར་སྣང་བའོ། །སྲིད་པའི་དགོན་པ་ལས་རྒལ་བ། །ཞེས་བྱ་བ་ལ། སྲིད་པ་གསུམ་ནི་དགོན་པ་སྟེ། ཇི་ལྟར་འབྲོག་དགོན་པར་མུ་གེ་དང༌། གཅན་གཟན་དང༌། ལ་མཉམ་ང་བ་ལ་སོགས་པ་ཡོད་པ་ལྟར། འདིར་ཡང་སྐྱེ་བ་ལ་སོགས་པའི་ཆུ་བོ་དང༌། འདོད་ཆགས་ལ་སོགས་པ་མང་པའི་ཕྱིར་དེ་སྐད་ཅེས་བྱའོ། །ལས་རྒལ་བ་ཞེས་པ་ནི་དེ་ལས་རྒལ་བར་གྱུར་པས་ན་རྒལ་བ་ཞེས་བྱའོ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །ཞེས་བྱ་བ་ལ། འགྲོ་བ་ནི་དྲུག་གོ །དེ་རྣམས་ཀྱི་སྟོན་པ་ནི་སྤྲུལ་པའི་སྐུ་སྟེ། བརྒྱ་བྱིན་ལ་སོགས་པ་རེ་རེ་ནི་གཅིག་པུའོ། །དེའི་ཕྱིར་འགྲོ་བ་རྣམས་ཀྱི་བླ་མའོ། །ད་ནི་ཆེ་བ་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ནི་གསུམ་སྟེ། དེ་ཕྱོགས་བཅུའི་ལྷའི་སྐད་དང་ཀླུ་དང་གནོད་སྦྱིན་གྱི་སྐད་ལ་སོགས་པར་ཆོས་སྒྲོགས་པར་བྱེད་པའམ། ཡང་ན་སྤྲུལ་པའི་སྐུར་གྲགས་པའོ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །ཞེས་བྱ་བ་ལ། སེམས་ཅན་རྣམས་ལ་ཆོས་ཀྱི་ཆར་ཆེན་པོ་འབེབས་པས་ན་ཆོས་ཀྱི་སྦྱིན་བདག་གོ །ཆོས་ཀྱི་སྦྱིན་པ་ནི་མཚོན་པ་སྟེ། ཟང་ཟིང་ལ་སོགས་པ་ཡང་ངོ༌། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཞེས་བྱ་བ་ལ། རྒྱུ་བྱམས་པ་དང་སྙིང་རྗེ་ལས་བྱུང་བའི་གོ་ཆའམ། དེ་ཉིད་གོམས་པ་ནི་གོ་ཆ་དང་འདྲ་བའོ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཞེས་བྱ་བ་ལ། ཤེས་རབ་གསུམ་ནི་རལ་གྲི་དང་འདྲའོ། །མདའ་ནི་སྙིང་རྗེའོ། །གཞུ་ནི་སྟོང་པ་ཉིད་དོ། །དེ་ལྟར་ན་སེམས་ཅན་གྱི་དོན་གྱི་གནས་


DTG015_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐབས་འདིར་རློམ་སེམས་ཀྱི་དོན་གྱིས་རྣམ་པར་དབེན་པའོ། །ཡང་ན་སྔར། ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་གསུངས་པའི་ཕྱིར་ཕྱག་མཚན་དུ་རིག་པར་བྱ་སྟེ། གཡས་རལ་གྲི་དང་མདའ། གཡོན་ཨུཏྤལ་དང་གཞུ་འཛིན་པའི་འཇམ་པའི་རྡོ་རྗེ་བསྒོམ་པར་བྱའོ། །དེས་ཅི་ཕྱེད་ཅེ་ན། ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །ཞེས་གསུངས་ཏེ། ཤེས་རབ་ཆེན་པོ་མི་ཤེས་པའི་གཡུལ་ལས་རྒྱལ་བར་བྱེད་ཅིང་ཉོན་མོངས་པའི་མགོ་ལྷུང་བར་བྱེད་པའོ། །དེའི་ཕྱིར། དཔའ་བོ་བདུད་དགྲ་བདུད་འདུལ་བ། །ཞེས་གསུངས་སོ། །འདིར་འགྲོ་བའི་བདུད་ཀྱང་ཡིན་ལ་དགྲ་ཡང་ཡིན་པས་བདུད་དགྲ་སྟེ། ཉོན་མོངས་པ་རྣམས་སོ། །དེ་སེལ་ཅིང་དེ་ལས་རྒྱལ་བར་བྱེད་པ་ནི་སྤྲུལ་པའི་སྐུ་སྟེ། དཔའ་བོ་ཞེས་བྱའོ། །བདུད་ཉིད་གང་ཞེ་ན། བདུད་བཞིའི་འཇིགས་པ་གང་ཞེས་གསུངས་ཏེ། ལྷའི་བུ་དང༌། འཆི་བདག་དང༌། ཉོན་མོངས་པ་དང༌། ཕུང་པོའི་བདུད་དོ། །ཡང་ན་བདུད་ནི་ཆུ་བོ་ཆེན་པོ་བཞིའོ། །དེ་སེལ་བར་བྱེད་པ་ནི་ཇི་ལྟར་གྲུ་ཞིག་པ་ལྟ་བུ་འམ། གཡང་ཁ་ལ་འདུག་པ་ལྟ་བུའི་སེམས་ཅན་སྐྱབས་དང་དཔུང་གཉེན་མེད་པ་དག་འདོན་པར་བྱེད་པའོ། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །ཞེས་བྱ་བ་ལ། དེའི་འཁོར་བཞི་དང༌། དེའི་དམག་གི་དཔུང་རྣམས་ཕམ་པར་བྱེད་པའོ། །དེ་དག་གིས་ཕམ་པར་བྱེད་ཅེ་ན། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །ཞེས་གསུངས་སོ། །ཐབས་དང་ཤེས་རབ་རྫོགས་པའམ་གཉིས་སུ་མེད་པ་ལས་བྱུང་བ་ནི་སངས་རྒྱས་ཏེ་སྤྲུལ་པའི་སྐུའོ། །དེས་འཇིག་རྟེན་གྱི་འགྲོ་བ་འདྲེན་པར་མཛད་པ་སྟེ། འཇིག་རྟེན་འདྲེན་པའི་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དེ་ལ་དྲིན་ལན་ལན་གྱིས་བླན་པར་བྱ་བར་འོས་པ་སྟེ། དེའི་ཕྱིར། མཆོད་འོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲིན་ཆེ་བས་ན་མཆོད་པར་འོས་པའོ། །དགའ་བའམ་ཡི་རང་བས་བསྟོད་པ་ལ་འོས་པའོ། །གུས་པར་བྱ་བས་ན་ཕྱག་གི་གནས་སོ། །རྟག་ཏུ་བསྟེན་པར་བྱ་བས་ནི་རི་མོར་བྱ་བར་འོས་པའོ། །དེ་ཉིད་རྒྱལ་པོ་དང་འདྲ་བས་ན་བཀུར་བར་འོས་པའོ། །དེའི་གོང་ན་གཞན་མེད་པས་འདི་འབའ་ཞིག་བསམས་པས་གཞན་བརྗོད་པས་ན་དེ་སྐད་ཅེས་བྱའོ། །བླ་མ་དང་འདྲ་བའི་ཕྱིར་ཕྱག་བྱ་བར་འོས་


DTG015_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །བླ་མ་ཞེས་བྱ་བ་ནི་དེའི་གོང་ན་གཞན་མེད་པའོ། །རབ་ཅེས་པ་ནི་མཚོན་པ་སྟེ་ཕུལ་ལོ། །གྱ་ནོམ་པའི་མཆོག་གོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཁྱད་པར་གཞན་གསུངས་པ། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །ཅེས་བྱ་བ་ལ། འཇིག་རྟེན་གསུམ་ནི་སྔར་བསྟན་པར་ཟད་དོ། །དེ་ནི་རྒྱ་མཚོ་དང་འདྲ་བ་སྟེ། གོམ་པ་གཅིག་ནི་ཚེ་གཅིག་གིས་བགྲོད་པར་བྱེད་པའོ། །དེའི་ཆེ་བའི་ཁྱད་པར་གཞན་གསུངས་པ། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །ཞེས་གསུངས་སོ། །འདིར་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་དང་འདྲ་བ་རྟོག་གེ་པ་དང། གྲངས་ཅན་ལ་སོགས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་རྟོགས་པར་མི་ནུས་པ་ཡང་ཚེ་གཅིག་གིས་རྟོགས་པར་བྱེད་པའོ། །ཡང་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་གོམ་པ་གཅིག་གིས་བགྲོད་བར་བྱེད་པའོ། །གསུམ་རིག་གཙང་མ་དག་པ་སྟེ། །ཞེས་པ་ལ། ཡེ་ཤེས་སྒྲིབ་པ་མི་མངའ་བས་དུས་གསུམ་རིག་པ་སྟེ། གཙང་མ་དག་པ་ཞེས་བྱ་བ་འོད་གསལ་དུ་རིག་པའོ། །ཡང་ན་སྐད་ཅིག་ཙམ་གྱིས་སྒྲིབ་པ་གཉིས་དག་པར་བྱེད་པའོ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །ཅེས་བྱ་བ་ལ། རིམ་པ་དང་པོའི་གནས་སྐབས་སུ་སྐྱེ་མཆེད་བྱིན་གྱིས་བརླབས་པ་ས་མངོན་ཤེས་དྲུག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་འམ། གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་མིང་ཅན་དུ་གྱུར་པའོ། །རྗེས་དྲན་དྲུག་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དག་པའི་རང་བཞིན་སྤྱི་གཙུག་ལ་སོགས་པ་དྲུག་རྣམ་པར་དག་པ་སྟེ། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ་ཞེས་པ་ལ་སོགས་པར་འགྱུར་རོ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཞེས་བྱ་བ་ལ། འདིར་རྫུ་འཕྲུལ་ནི་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་རྫུ་འཕྲུལ་ནི་སྔོན་སེམས་དང་ཆུ་ལ་སོགས་པར་བསྐྱེད་པས་འབྲས་བུའི་གནས་སྐབས་སུ་ནམ་མཁའ་དང་ཆུ་ལ་ཡང་ས་ལ་བྱ་བ་བཞིན་དུ་འགྱུར་པ་ལ་སོགས་པ་ནི་ཟང་པ་དང༌། འདིར་དཀར་པོ་ལ་སོགས་པའི་ཁ་དོག་ལྔ་ཟིལ་གྱིས་གནོན་པར་བྱེད་པའོ། །འཇིག་རྟེན་པའི་རྫུ་འཕྲུལ་ཡང་འཇིག་རྟེན་


DTG015_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟེན་འདིར་སྟོབས་དང་མཐུ་དང་ལྡན་ཡང་ཟིལ་གྱིས་གནོན་པ་དང༌། ཉི་ཟླ་ལག་གིས་ལེན་པ་དང༌། སྟོད་ནས་མེ་འབར་ཞིང་སྨད་ནས་ཆུ་འབབ་པ་ལ་སོགས་པ་འབྱུང་བར་ནུས་པའོ། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཞེས་བྱ་བ་ལ། ལམ་དང་གཞུང་དང་འཕྲས་བུ་གསུམ་དང་ལྡན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་མཐར་ཐུག་པ་ནི་མིའི་གཟུགས་ལ་སོགས་པར་གནས་པའི་ཕོ་ཉས་ཤེས་པའོ། །དེས་ཅི་འགྱུར་ཞེ་ན། ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །ཅེས་བྱ་བ་གསུངས་ཏེ། དེ་ལ་ཡང་དེ་ཁོ་ན་ཉིད་ཐོབ་སྟེ། བདེ་བ་ཆེན་པོའི་མཆོག་འདི་ལ། །བདག་དང་གཞན་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟ་བུའོ། །བདག་རིག་གཞན་རིག་ཐམས་ཅད་པ། །ཞེས་པ་ནི། བདག་རིག་པ་ཞེས་པ་བདག་གི་དོན་རིག་པའོ། །གཞན་རིག་པ་ཞེས་པ་ནི། གཞན་དོན་ལྷུན་གྱིས་གྲུབ་པ་སྟེ། དེའི་ཕྱིར་དོ་ཡོད་གྲུབ་པ་ཞེས་བྱའོ། །བདག་དང་གཞན་གྱི་དོན་གྲུབ་པས་ཅི་བྱ་སྙམ་པ་ལ། ཀུན་ལ་ཕན་པའི་གང་ཟག་མཆོག །ཅེས་བྱ་བ་གསུངས་ཏེ། ཀུན་ཞེས་པ་ནི་ས་མ་པ་ཐ་སྟེ། མཉམ་པར་བྱེད་པ་ཞེས་བྱའོ། །དེ་ལྟ་བུ་དེ་ནི་གང་ཟག་རྣམས་ཀྱི་ནང་ན་མཆོག་ཏུ་འགྱུར་པའོ། །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཞེས་བྱ་བ་ལ། ཕོ་ཉ་ལས་ཐོབ་པའི་དེ་ཁོ་ན་ཉིད་དེ་ནི་དཔེར་བྱ་བ་ཐམས་ཅད་ལས་འདས་པའོ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་བྱ་བ་ལ། ཡུལ་དང་ཡུལ་ཅན་དུ་གྱུར་པ་ཐམས་ཅད་དེ་ལས་བྱུང་བའམ། དེའི་བདག་ཉིད་ཡིན་པའམ། བདག་པོའོ། །མཆོག་ཅེས་པ་ནི་གཉིས་སུ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཞེས་པ་ལ། གཙོ་བོ་ཞེས་བྱ་བ་ནི་འབྲས་བུའོ། །ཆོས་ཤེས་པ་ནི་ལམ་སྟེ། ལམ་དང་འབྲས་བུ་གཉིས་སུ་མེད་པར་སྟོན་པས་ན་ཆོས་ཀྱི་སྦྱིན་བདག་གོ །དེ་ཉིད་གང་ཞེ་ན། ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །ཞེས་གསུངས་སོ། །རྡོ་རྗེ་ཐེག་པའི་ལམ་ནི་ཕྱག་རྒྱ་བཞིའི་དོན་དུ་བསྡུས་པའོ། །ཕྱག་རྒྱ་བཞི་ནི་ལས་ཀྱི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་གི་ཕྱག་རྒྱའོ། །དེའི་དོན་ནི་སྐད་ཅིག་མ་བཞི་སྟེ། སྔར་བསྟན་པ་བཞིན་ནོ། །དེའི་ཕྱིར་འདི་ལ་འགྲོ་བ་རྣམས་ཀྱི་བསྙེན་


DTG015_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཀུར་བྱ་བར་འོས་པ་སྟེ་འཆད་པར་འགྱུར་རོ། །ད་ནི་དོན་རྣམ་པར་དག་པ་དེས་གཞན་གྱི་དོན་བྱེད་པར་བསྟན་པར་བྱ་བའི་ཕྱིར། འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱའི་དོན་སྟོན་པར་བྱེད་པ་དེ་འགྲོ་བ་རྣམས་ཀྱིས་བསྙེན་བཀུར་བྱ་བའི་གནས་སུ་གྱུར་པས་མཆོག་གོ །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་ཞེས་བྱ་བ་ལ། ངེས་པར་འབྱུང་བ་ནི་འབྲས་བུ་སྟེ། ཉན་ཐོས་དང༌། རང་རྒྱལ་བ་དང༌། བྱང་ཆུབ་སེམས་དཔའོ། །བགྲོད་པར་བྱ་བ་ནི་ལམ་ཡིན་ལ། དེ་དག་རྣམས་ཀྱི་གཙོ་བོར་དོན་གྱི་དམ་པ་འདི་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་དག་དཔལ་ཞེས་གསུངས་ཏེ། རྣམ་པར་དག་པ་ནི་འདི་ལ་དེ་དག་ལྡན་པ་སྟེ། དེའི་ཕྱིར་དཔལ་ཞེས་བྱའོ། །དཔལ་ཞེས་པ་ནི་གཉིས་སུ་མེད་པ་བདག་དང་གཞན་གྱི་དོན་ཐམས་ཅད་འབྱུང་བའོ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །ཞེས་པ་ནི་ལྷ་དང་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་འདི་ལས་ལྷག་པ་མེད་པས་སྐལ་བ་བཟང་པོའོ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །ཞེས་བྱ་བ་ནི་འདིས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པ་དེ་སྐད་ཅེས་བྱའོ། །དེ་གང་ཞེ་ན། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་བྱ་བ་གསུངས་ཏེ། གཉིས་པ་ཐམས་ཅད་ཀྱི་ཟུག་རྡུ་མེད་པས་འཇམ་པའོ། །བདག་དང་གཞན་གྱི་དོན་ཐམས་ཅད་འབྱུང་བས་དཔལ་དང་ལྡན་པའི་མཆོག་ཅེས་བྱའོ། །བྱ་བ་གྲུབ་པའི་ཡེ་ཤེས་བཤད་ཟིན་ཏོ། །

བཅུ་གཉིས་པ། རིགས་ལྔ་ལ་བསྟོད་པ་བཤད་པ།


DTG010_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་བཞིན་གཤེགས་པ་མི་བསྐྱོད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པར་བསྟན་པར་བྱ་སྟེ། དེ་ཅིའི་ཕྱིར། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ནི་རྡོ་རྗེའི་མཚན་གྱི་རྣམ་གྲངས་ཡེ་ཤེས་ཀྱི་སྐུ། རང་བྱུང་འཇམ་དཔལ། ཡེ་ཤེས་སེམས་དཔའ། དཔལ་དང་ལྡན་པའི་མཆོག་ཅེས་བྱ་བའི་མིང་ཅན་ཏེ། རང་ཡང་མཆོག་དང་ལྡན་པ། གཞན་ལ་ཡང་མཆོག་དང་ལྡན་པ་སྦྱིན་པར་བྱེད་པ་རྡོ་རྗེ་ལྟར་བརྟན་ལ་སྲ་བ་གཉིས་སུ་མེད་པ་དེ་གུས་པས་ཉམས་སུ་བླང་བར་བྱ་བ་ལ།


DTG015_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་སྐད་ཅེས་བྱའོ། །ཡང་དག་མཐར་གྱུར་ཅེས་པ་ལ། ཡང་དག་པ་ནི་ཐེག་པ་གསུམ་མོ། །མཐར་གྱུར་པ་ནི་རྡོ་རྗེ་ཐེག་པའོ། །ཡང་ན་དེ་དག་གཉིས་སུ་མེད་པའི་རྡོ་རྗེ་འཆང་བ་ཆེན་པོའོ། །སྟོང་ཉིད་ལས་བྱུང་ཞེས་བྱ་བ་ལ། །སྟོང་ཉིད་ནི་གཉིས་སུ་མེད་པ་སྟེ། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུའོ། །ཡང་ན་སྟོང་ཉིད་ནི་ཕོ་ཉའོ། །དེ་ལས་བྱུང་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །སངས་རྒྱས་བྱང་ཆུབ་ཅེས་པ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རྟོགས་པར་བྱ་བ་ཡིན་པས་བྱང་ཆུབ་པོ། ཡང་ན་སངས་རྒྱས་ནི་སྒྲུབ་པ་པོའི་ཕུང་པོ་ལ་སོགས་པའོ། །བྱང་ཆུབ་ནི་རྟོགས་པར་བྱ་བ་སྟེ། འདུད་ཅེས་པ་ནི་རྟོགས་ནས་ཉམས་སུ་བླང་བར་བྱའོ། །ད་ནི་རྣམ་པར་སྣང་མཛད་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པར་བྱ་སྟེ། དེའི་ཕྱིར། སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་དུས་གསུམ་དང་ཕྱོགས་ཀྱིས་བསྡུས་པའོ། །ཆགས་པ་ནི་སེམས་ཅན་གྱི་དོན་ལ་ཆགས་པའོ། །ཡང་ན་དམན་པའི་འགྲོ་བ་གར་མཁན་ལྟ་བུ་ཡང་རྗེས་སུ་འཛིན་པའོ། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །ཅེས་པ་ནི་སེམས་ཅན་རྣམས་སངས་རྒྱས་རྣམས་ཐོབ་པར་འདོད་པའི་ཕྱིར། སངས་རྒྱས་དགྱེས་པ་ནི་སངས་རྒྱས་པར་འདོད་པའི་རིགས་ཀྱི་བུ་ལ་དགྱེས་པའམ། ཡང་ན་སེམས་ཅན་གྱི་དོན་ལ་དགྱེས་པར་མཛད་དོ། །སངས་རྒྱས་རོལ་ལ་ནི་སེམས་ཅན་གྱི་དོན་མཛད་པ་བཅུ་གཉིས་ཀྱིས་རོལ་པ་སྟོན་པའོ། །ཡང་ན་ཕོ་ཉའི་བྷ་གར་ལིངྒ་གཞག་པའོ། །དེ་ལྟ་བུ་ལ་ཕྱག་འཚལ་བ་ནི་གུས་པའི་ཚུལ་གྱིས་སོ། །ད་ནི་སྣང་བ་མཐའ་ཡས་ལ་སོ་སོར་ཀུན་དུ་རྟོག་པའི་སྒོ་ནས་བསྟོད་པར་བྱ་བའི་ཕྱིར། སངས་རྒྱས་འཛུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་དོན་དུ་ཆོས་གསུངས་པ་ལ་འཛུམ་མདངས་ཕྱུང་ནས་ཚེམས་མཆེ་བ་མངོན་པར་འཛུམ་པ་མཛད་པའོ། །སངས་རྒྱས་བཞད་ལ་ཞེས་པ་ནི་འདིའི་གསུང་སྣང་བ་མཐའ་ཡས་ཡིན་ལ། སེམས་ཅན་ལ་གསུང་གིས་ཆོས་བསྟན་པས་རྗེས་སུ་འཛིན་པས་སོ། །སངས་རྒྱས་གསུང་ཉིད་ཅེས་པ་ནི་ཆོས་རྣམ་པ་གསུམ་


DTG015_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་ཆར་འབེབས་པའོ། །སངས་རྒྱས་ཐུགས་ཞེས་པ་ནི་གཉིས་སུ་མེད་པ་ལས་མི་བསྐྱོད་པས་ན་ཐུགས་རྣམ་པར་མི་རྟོག་པ་ལ་མཉམ་པར་གཞག་པའོ། །ད་ནི་རིན་ཆེན་འབྱུང་ལྡན་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པར་བྱ་བའི་ཕྱིར། མེད་པ་ལས་བྱུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་མེད་པ་ལས་བྱུང་ཞིང་སྒྱུ་མའི་དཔེ་བཅུ་གཉིས་དང་འདྲ་བས་སེམས་ཅན་གྱི་དོན་མཛད་པའམ། ཡང་ན་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བས་རིན་ཆེན་འབྱུང་ལྡན་ཏེ། ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །སངས་རྒྱས་འབྱུང་བ་ཞེས་པ་ནི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཟད་མི་ཤེས་པ་འབྱུང་བ་སྟེ། སངས་རྒྱས་ཀྱི་ཡོན་ཏན་ནོ། །ནམ་མཁའ་ལས་བྱུང་ཞེས་པ་ནི་སྐྱེ་གནས་ཀྱི་ཆོས་ཀྱིས་མགོས་པའོ། །ཡེ་ཤེས་ལས་བྱུང་ཞེས་པ་ནི་མཉམ་པ་ཉིད་ཀྱི་མིང་ཅན་ཡེ་ཤེས་ལྔ་གཅིག་ཏུ་གྱུར་པ་སྟེ། རིན་ཆེན་འབྱུང་ལྡན་ཞེས་བྱའོ། །ད་ནི་དོན་ཡོད་གྲུབ་པ་ལ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པར་བྱ་བའི་ཕྱིར། སྒྱུ་འཕྲུལ་དྲ་བཞེས་གསུངས་ཏེ། སེམས་ཅན་གྱི་དོན་མཛད་པའི་དུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་སྒྱུ་འཕྲུལ་དྲ་བ་མཛད་པ་སྟེ། རློམ་སེམས་མེད་པས་ཞེས་བྱ་བའི་ཐ་ཚིག་གོ །སྒྱུ་འཕྲུལ་དྲ་བ་དེ་ཉིད་ཇི་ལྟ་བུ་སྙམ་པ་ལ། སངས་རྒྱས་རོལ་སྟོན་ཏེ། སེམས་ཅན་རྣམས་ལ་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་སྟོན་པར་མཛད་པའོ། །ཐམས་ཅད་ཐམས་ཅད་ཅེས་པ་ནི་འཁོར་བ་ཐམས་ཅད་དང་སྒྱུ་འཕྲུལ་དྲ་བ་ལྟ་བུར་ཁྱོད་ལས་བྱུང་ཞིང་མཁྱེན་པ་སྟེ། མདོར་ན་རིགས་ལྔར་མ་ཟད་པར་སྒོམ་དང་མཚམས་མ་ཡན་ཆད་ལ་བསྟོད་པའོ། །ཡེ་ཤེས་སྐུ་ཉིད་ཅེས་པ་ནི་ཞུས་པའི་སྐབས་སུ། ཡེ་ཤེས་སྐུ་སྟེ་རང་བྱུང་བ་ཞེས་པའི་ལན་གསུངས་པ་དང༌། གཞུང་གི་བརྗོད་བྱ་བ་ལ་བསྟོད་པའོ། །ཡེ་ཤེས་ཀྱི་སྐུ་རྣམ་འཕྲུལ་དུ་འབྱུང་པའི་སྐུ་སྟེ། རང་བྱུང༌། དཔལ། ཡེ་ཤེས་སེམས་དཔའ། རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་མིང་ཅན་དེ་ལ་གུས་པའི་ཚུལ་གྱིས་ཕྱག་བྱ་བར་འོས་པ་བསྟོད་པར་འོས་པས་དེ་སྐད་ཅེས་བྱའོ། །རིགས་ལྔ་ལ་བསྟོད་པ་བཤད་ཟིན་ཏོ། །

བཅུ་གསུམ་པ། ཆོས་ཐམས་ཅད་རྣམ་པར་དག་པའི་སྔགས་བསྟན་པར་བྱ་བ་བཤད་པ།


DTG010_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་སྔགས་བསྟན་པར་བྱ་བའི་ཕྱིར། ཨོཾ་


DTG015_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ནི་ཤིས་པ་བརྗོད་པར་བྱ། སརྦ་དྷརྨཱ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོ། །དེ་རྣམ་པར་དག་པའི་རང་བཞིན་ཏེ། ཇི་ལྟ་བུ་ཞེས་ན། ཨ་བྷ་ཝ་སྟེ་དངོས་པོ་མེད་པ་ཆུའི་ཟླ་བ་ལྟ་བུར་སྣང་བའོ། །དེའི་གློ་བུར་དུ་མ་ཡིན་ཏེ། སྭ་བྷཱ་ཝ་ནི་རང་བཞིན་གྱིས་དག་པ་སྟེ། བི་ཤུདྡྷ་ཞེས་པ་དང་འབྲེལ་ལོ། །རང་བཞིན་དག་པ་དེ་དག་གང་གིས་མཐོང་ཞིང་རྟོགས་སྙམ་པ་ལ། བཛྲ་ཙཀྵུ་ཞེས་གསུངས་ཏེ། སྣང་བ་དང་སྟོང་པ་དབྱེར་མེད་པའི་རྡོ་རྗེ་དེ་སྐད་དུ་བཤད་པའི་སངས་རྒྱས་སྤྱན། ལ་སོགས་པའི་ཐབས་ཀྱི་ཕྱེད་པར་གྱིས་མཐོང་བའམ་རྟོགས་པའོ། །ཚུལ་ཇི་ལྟར་སྙམ་པ་ལ། ཨ་ཞེས་པ་ཐབས་དང༌། ཨཱ་ཞེས་པ་ཤེས་རབ་གཉིས་ལས་བྱུང་བའི་ཨཾ་སྟེ་ཐིག་ལེ་ཀུན་རྫོབ་ཀྱི་ངོ་བོ་དང༌། ཨཿ་ཞེས་པ་དོན་དམ་པ་སྐྱེ་བ་མེད་པ་བདེ་བའི་རྣམ་པར་རྟོགས་པ་སྟེ། མདོར་ན་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་དངོས་པོ་མེད་པ་སྟེ། ཐབས་ཀྱི་ཁྱད་པར་གྱིས་གཉིས་སུ་མེད་པའི་བདེ་བར་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་རང་བཞིན་རྣམ་པར་དག་པའི་སྔགས་བསྟན་པར་བྱ་བའི་ཕྱིར། པྲ་ཀྲྀ་ཏི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་རང་བཞིན་རྣམས་བཅོས་པའོ། །པ་རི་ཤུདྡྷཱཿ་ཞེས་པ་ནི་ཡོངས་སུ་དག་པའོ། །རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། ཡང་གཞན་དུ་མི་ལྟ་སྟེ། འཁོར་བ་འདི་ཉིད་དག་པ་སྟེ། དེ་གང་ཞེ་ན། སརྦ་དྷརྨཱ་སྟེ། འཁོར་བའི་ཆོས་ཐམས་ཅད་དོ། །དེ་ཡང་རེས་འགའ་བ་ཡིན་ནམ་ཞེ་ན། ཡང་དུ་ལྟ་སྟེ། ཇི་སྲིད་དུ་དག་པ་དེ་ཡང་གཟུགས་ལ་སོགས་པའོ། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། སརྦ་ཏ་ཐཱ་ག་ཏེ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཛྙཱ་ན་ཀཱ་ཡ་ཏེ། ཡེ་ཤེས་ཀྱི་སྐུའོ། །མཉྫུ་ཤྲཱི་ནི་འཇམ་དཔལ་ལོ། །པ་རི་ཤུདྡྷཱི་ཏཱ་ནི་ཡོངས་སུ་དག་པའོ། །མུ་པཱ་ནི་ལུས་སོ། །དཱ་ཡེ་ཏི་ཨ་ཞེས་པ་ནི་གོ་འཕང་ངོ༌། །ཨ་ནི་ཐབས་ལ། ཨཿ་ནི་ཤེས་རབ་བོ། །དེའི་དོན་ནི་ཇི་སྲིད་དུ་ཆོས་ཐམས་ཅད་ཡོངས་སུ་དག་པ་མ་བཅོས་པ་


DTG015_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་ལ་ཡོད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ། ཡོངས་སུ་དག་པ་འཇམ་དཔལ་གྱི་མིང་ཅན་དེའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྟན་པར་བྱ་བའི་ཕྱིར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་རྒྱུན་དུ་བགྲང་བར་བྱ་བའི་སྙིང་པོར་ཤེས་པར་བྱའོ། །སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །ཧྲྀ་ད་ཡ་ནི་སྙིང་པོ་སྟེ་ཡེ་ཤེས་ཀྱི་སྐུའོ། །དེས་ན་ཡེ་ཤེས་ཀྱི་སྐུ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པ་དེ་རྟོགས་པས་ཅི་བྱེད་ཅེ་ན། ཧ་ར་ཧ་ར་སྟེ་ཐ་མལ་པའི་ལུས་དང༌། ངག་དང༌། ཡིད་ཀྱི་ཉོན་མོངས་པ་ཐམས་ཅད་འཕྲོག་པར་བྱེད་པའོ། །འཕྲོག་པས་ཅིར་འགྱུར་ཞེ་ན། དེ་གང་གི་སྙིང་པོ་ན། སྐུ་གསུང་ཐུགས་ཀྱི་སྙིང་པོའོ། །དེས་ལས་ཅི་བྱེད་ན། ཁམས་གསུམ་གྱི་རྟོགས་པ་འཕྲོག་ཅིང་འཇོམས་པར་བྱེད་པའོ། །ཨོཾ་ཧཱུཾ་ཧྲཱི། ཞེས་གསུངས་ཏེ། སྐུ་གསུང་ཐུགས་སུ་འགྱུར་པའོ། །གང་གི་ཡིན་ན། བྷ་ག་ཝཱ་ན་ཏེ་བཅོམ་ལྡན་འདས་ཀྱིའོ། །མཚན་གྱི་ཁྱད་པར་གསུངས་པ། ཛྙཱ་ན་མཱུརྟི་ཞེས་གསུངས་ཏེ། ཡེ་ཤེས་ཀྱི་ལུས་ཞེས་བྱ་བར་འགྱུར་རོ། །དེ་ཚིག་གི་སྒོ་ནས་སྟོན་པར་བྱེད་པས་ན། ཝཱ་གཱི་ཤྭ་ར་སྟེ། ངག་ལ་དབང་བྱེད་པས་ན་ངག་གི་དབང་ཕྱུག་གོ །ཚིག་གི་སྒོ་ནས་བསྟན་པས་ཅིར་འགྱུར་སྙམ་པ་ལ། མ་ཧཱ་ཝཱ་ཙ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུར་འཚེད་ཅིང་ཁ་དོག་སྒྱུར་པར་བྱེད་དོ། །གང་ན། སརྦ་དྷརྨཱ་སྟེ་ཆོས་ཐམས་ཅད་དོ། །ཅི་དང་ཅི་འདྲ་བར་ན། ག་ག་ན་སྟེ་ནམ་མཁའ་དང་འདྲ་བར་རོ། །ཨ་མ་ལ་ནི་དྲི་མ་མེད་པའོ། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། སུ་པ་རི་ཤུདྡྷཱ་སྟེ་ཤིན་ཏུ་ཡོངས་སུ་དག་པའོ། །དེ་ཐམས་ཅད་གར་བསྡུ་ན། དྷརྨ་དྷཱ་ཏུ་སྟེ་ཆོས་ཀྱི་དབྱིངས་དང༌། ཛྙཱ་ན་གརྦྷ་སྟེ་ཡེ་ཤེས་ཀྱི་སྙིང་པོ། ཨཿ་སྟེ་སྐྱེ་བ་མེད་པར་ཐིམ་པའོ། །དེའི་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་བཞུགས་པའི་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་དེ་


DTG015_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚིག་གི་སྒོ་ནས་བསྟན་པས། ཁམས་གསུམ་གྱི་ལུས་ངག་ཡིད་ཀྱི་ཉོན་མོངས་པ་འཕྲོག་པར་བྱེད་པའོ། །དེའི་མཚན་ཉིད་ཀྱི་ཁྱད་པར་བསྟན་པ་ནི། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་དྲི་མ་མེད་པར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དེས་རྣམ་པར་རྟོག་པ་ཐམས་ཅད་དེ་ཉིད་དུ་འགྱུར་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གིས་རྒྱུད་ཀྱི་དངོས་པོ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། ལན་གནང་བ་བཤད་ཟིན་པ་སྟེ་རྫོགས་ཞེས་བྱ་བའི་ཐ་ཚིག་གོ །

བཅུ་བཞི་པ། བཅོམ་ལྡན་འདས་ཀྱི་བཀའ་ལ་རྗེས་སུ་ཡི་རང་བ་བསྟན་པ་བཤད་པ།


DTG010_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ལ་རྗེས་སུ་ཡི་རང་བའི་ཚུལ་གྱིས་གུས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བར་གང་གིས་ཀྱང་མཆོད་པ་སྟེ། ཞུས་པའི་ལན་གསུངས་པའི་དེ་མ་ཐག་པའོ། །དཔལ་ལྡན་རྡོ་རྗེ་འཆང་ནི་སྡུད་པ་པོ་སྟེ། ཚིག་གི་དོན་བཤད་ཟིན་ཏོ། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །ཞེས་བྱ་བ་ལ། སྡུད་པ་པོ་ཆོས་ཐོས་པས་དགའ་བ་སྟེ་མདངས་ཕྱུང་ཞེས་པའོ། །མགུ་ནི་རྗེས་སུ་ཡི་རང་བའོ། །ཐལ་མོ་སྦྱར་བ་ནི་གུས་པའི་དོན་ཏོ། །ཡང་ན་དགའ་ཞིང་མགུ་བ་ནི། བདེ་བ་རྒྱས་པའོ། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །ཞེས་པ་ནི་བདག་དང་གཞན་གྱི་མགོན་མཛད་པ་ལ་དེ་སྐད་ཅེས་བྱའོ། །དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་སྟེ། མིང་གཞན་ཤཱཀྱ་ཐུབ་པ་ཞེས་བྱའོ། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཞེས་པ་ནི་རང་གི་སྟོན་པའི་ཞབས་ལ་སྤྱི་བོས་གཏུགས་པའོ། །དེ་ནི་ཞེས་པ་ནི་རྡོ་རྗེ་འཆང་ངོ༌། །བདག་དང་གཞན་གྱི་མགོན་དུ་གྱུར་པས་སོ། །གསང་བའི་བདག་པོ་ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ་ཞེས་པ་ལ། སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པ་སྟེ་བཤད་ཟིན་ཏོ། །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །ཞེས་པ་ནི་དེའི་མིང་ཅན་གྱི་འཁོར་རྣམས་སོ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །ཞེས་བྱ་བ་ལ། སྒྲོལ་མ་དང་ཁྲོ་གཉེར་ཅན་ལ་སོགས་པའི་དཔའ་མོ་རྣམས་ནི་སྣ་ཚོགས་པའོ། །གཞན་ཞེས་པ་ནི་སྡུད་པ་པོ་ལས་གཞན་དུ་གྱུར་པའི་འཁོར་རྣམས་སོ། །ལྷན་ཅིག་ཅེས་པ་ནི་དེ་རྣམས་དང་མཉམ་པོར་ཞེས་པའི་དོན་ཏོ། །གསང་བསྟོད་ནས་


DTG015_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ཚིག་འདི་གསོལ། །ཞེས་བྱ་བ་ལ། སྐད་གསང་ལ་ཆེ་བས་འོག་ནས་འབྱུང་བ་རྣམས་གསོལ་བའོ། །ད་ནི་དོན་ཆེན་པོའི་ཕྱིར་རྗེས་སུ་ཡི་རང་བ་བསྟན་པར་བྱ་བའི་ཕྱིར། མགོན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀྱེ་མགོན་པོ་ཞེས་པོས་ནས་བདག་ཅག་ཅེས་པ་ནི་འཁོར་རྣམས་སོ། །ཡི་རང་བ་ནི་མགུ་བའོ། །ལེགས་སོ་ཞེས་བྱ་བ་ནི་བདག་གི་དོན་དུ་ཆོས་སྣང་བའོ། །ཡང་ལེགས་སོ་ཞེས་བྱ་བ་ནི་གཞན་དོན་དུའོ། །ཡང་ན་ལྷག་མ་མ་ལུས་པའོ། །ལེགས་པར་གསུངས་ཞེས་བྱ་བ་ནི་སྒྲ་ལ་སྐྱོན་མེད་དེ། ཐོག་མ་དང༌། བར་དང། མཐར་དགེ་བར་གསུངས་པའོ། །རྣམ་པར་གྲོལ་བའི་འབྲས་བུ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུའོ། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཅེས་བྱ་བ་ནི་ཇི་ལྟར་རྒྱ་མཚོ་གྲུ་བཞི་པ་ལ་སོགས་པ་ལྟ་བུའོ། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །ཅེས་པ་ནི་ཉན་ཐོས་དང༌། རང་རྒྱལ་བ་ལ་སོགས་པའི་ལམ་ལ་མ་བཀོད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པར་མཛད་པ་བཀའ་དྲིན་ཆེན་ཞེས་པའི་དོན་ཏོ། །ཐབས་གང་གི་སྒོ་ནས་ཤེ་ན། སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །ཞེས་གསུངས་ཏེ། བསྐྱེད་པ་ལྷའི་རྣལ་འབྱོར་དང༌། རྫོགས་པ་ཡེ་ཤེས་ཀྱི་རྣལ་འབྱོར་ནི་སྒྱུ་འཕྲུལ་དྲ་བ་སྟེ། དེའི་ལམ་གྱི་སྒོ་ནས་ཤེས་པའོ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་ལམ་འདི་ནི་བདེ་བས་བདེ་བར་སྒྲུབ་པའི་ཕྱིར། རྣམ་པར་དག་པ་ལེགས་པའི་ལམ་སྟེ། དུས་གསུམ་གྱི་བདེ་བར་གཤེགས་པའི་གཤེགས་ཤུལ་འདི་བཀོད་པ་ལ་རྗེས་སུ་ཡི་རང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ད་ནི་ཟབ་མོ་སངས་རྒྱས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་བ་བསྟན་པར་བྱ་བའི་ཕྱིར། ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐེག་པ་ནི་ཟབ་སྟེ། རྟོགས་པར་དཀའ་པའི་ཕྱིར་རོ། །ཡངས་པ་ནི་འདིར་ཀུན་ཤང་པའོ། །རྒྱ་ཆེ་བ་ནི་འདིར་ཀུན་འདུས་ལ་ཐེག་པ་གཞན་དུ་འདི་མ་འདུས་པའི་ཕྱིར་རོ། །དོན་ཆེ་བ་ནི་བདག་གིའོ། །འགྲོ་བའི་དོན་ནི་གཞན་དོན་ཏེ། དེ་བྱེད་པ་ལ་དེ་སྐད་


DTG015_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅེས་བྱའོ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །ཞེས་བྱ་བ་ལ། འདི་ནི་ཉན་ཐོས་དང༌། རང་རྒྱལ་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོ་འབའ་ཞིག་གི་ཡུལ་ཡིན་ནོ་ཞེས་པའི་དོན་ཏོ། །དེའི་ཕྱིར། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་པ་ནི། དེ་དག་གི་ཕྱིར་རྗེས་སུ་ཡི་རང་ངོ་ཞེས་བྱའོ། །དེ་ལྟར་བདག་ཅག་རྣམས་ཀྱང་ཡི་རང་བའོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་བཀའ་ལ་རྗེས་སུ་ཡི་རང་བ་བཤད་ཟིན་ཏོ། །ཐོག་མ་བར་མཐའ་སྒྲའི་གཙོ་བོ་དང་ལྡན་རྒྱུད་ཀྱི་རྒྱལ་པོ་འགྲོ་བའི་དོན་མཛད་གསང་བ་ཟབ་མོའི་དོན། །ཟབ་ཅིང་རྒྱ་ཆེར་གྱུར་པས་འདི་དོན་ལེགས་པར་ཤེས་པའི་སྐྱེ་བོས་སྦྲང་རྩི་འཐུང་བ་ཤིན་ཏུ་དཀོན། །ཡི་གེ་རིག་བྱེད་པ་ཡི་མིང་ཅན་དེ་ཡིས་ཉེ་བར་བཟུང་ཞིང་འཆི་མེད་མང་འཐུངས་སྒྲ་ངན་ཆེན་པོ་དེའི། གདམས་པ་ལ་བརྟེན་བདག་གི་ཁེ་དང་གྲགས་པ་ལ་སོགས་དོན་གཉེར་མིན་ཞིང་རང་གི་བློ་གྲོས་རློམ་པས་མིན། །དེ་ཡིས་གསུངས་པ་གློ་རྡོལ་བུམ་པ་ལྟ་བུར་གྱུར་པས་འཇིགས་ཤིང་བདག་དང་གཞན་དོན་གྲུབ་པ་མིན་པས་དེ་བཞིན་དུ། འདི་བྲིས་པ་ལས་བསོད་ནམས་ཅི་ཡོད་དེས་ནི་ཉོན་མོངས་མ་ལུས་སྤངས་དང་དེ་ཡི་ཐབས་ལ་མཁས་པར་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་འཇམ་དཔལ་གྱི་སྦྲུལ་པ་མེའི་དབང་པོ་གྲགས་པས་མཛད་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་བཀའ་བརྒྱུད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་བྷ་ཡ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་སྦལ་རྡོ་རྗེ་རྒྱལ་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ།
རྒྱལ་པོ་པདྨ་དཀར་པོས་མཛད།


DTG015_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱི་ནཱ་མ་སངཱི་ཏི་ཏཱི་ཀཱ་བི་མ་ལ་པྲ་བྷཱ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་དང་ཟད་པ་


DTG015_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད། །ཤེས་དང་ཤེས་བྱ་གཅིག་པའི་ལུས། །དང་པོའི་སངས་རྒྱས་ལ་ཕྱག་འཚལ། །རྣམ་པ་དང་བཅས་རྣམ་བ་མེད་པའི་བཅོམ་ལྡན་འདས་མ་ཤེས་རབ་མ་དེས་རབ་ཏུ་འཁྱུད། དགོད་པ་ལ་སོགས་སྒེག་དང་འཇིགས་པའི་འདོད་པའི་བདེ་བ་རྣམ་པར་སྤངས་པའི་མི་འགྱུར་བདེ། །སྐུ་གསུམ་དང་ལྡན་དུས་གསུམ་ཡང་དག་མཁྱེན་པའི་སངས་རྒྱས་རྣམས་ནི་རབ་ཏུ་སྐྱེད་བྱེད་པ། །ཐམས་ཅད་མཁྱེན་བ་དང་པོ་མཆོག་གི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ། །སྟོང་ཉིད་ཡེ་ཤེས་ཡང་དག་པ། །རྣམ་དག་ཡེ་ཤེས་མི་གཡོ་བ། །མཚན་མེད་ཡེ་ཤེས་ཡང་དག་ཅིང༌། །ཆོས་ཀྱི་བདག་ཉིད་གཉིས་མེད་སེམས། །སྨོན་པའི་ཡེ་ཤེས་དག་པ་ཡི། །གསུང་གི་སྔགས་ནི་མི་ཟད་དབྱངས། །དེ་བཞིན་མངོན་པར་འདུ་མི་བྱེད། །ཡེ་ཤེས་དག་ཕྱིར་རྙོག་པ་མེད། །སྐུ་ཡི་རྣམ་པས་རྫུ་འཕྲུལ་གཤེགས། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཚེ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་སེམས་དཔས་གསུངས་པ་གང༌། །དངོས་དང་དངོས་མེད་ཟད་པའི་བདག །ཐོག་མ་ཐ་མ་མེད་ཞི་བ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སྤྲུལ་པ་པ་ཡི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་ཏུ་སྦྱོར་བ་རྫོགས། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་ཏུ་སྦྱོར་བ་སྔོམ། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་ཏུ་སྦྱོར་བ་སྔོམ། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་ཏུ་སྦྱོར་བ་སྔོམ། །སད་པའི་རྨི་ལམ་གཉིད་སྟུག་དང༌། །བཞི་པ་དབང་པོ་གཉིས་སྐྱེས་བདེ། །ཡེ་ཤེས་ཐུགས་གསུང་སྐུ་ཡི་ནི། །གནས་བཞི་རྣམས་སུ་མི་གནས་ཏེ། །ལས་ཀྱི་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེན་པོ་ལས་བྱུང་བ། །ལྷན་སྐྱེས་གཞན་དང་ལྷན་ཅིག་མིན། །རྣམ་རྟོག་བསྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པའི་རྣམ་པ་ཡི། །རྟོག་པ་བརྗོད་པ་རྣམ་པར་སྦངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང༌། །ཕྲ་རྣམས་ཀྱི་ནི་རང་བཞིན་དུ། །


DTG015_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐབས་དང་ཤེས་རབ་རང་བཞིན་སྦྱོར། །ཨེ་ཝཾ་ཡི་གེ་ལ་ཕྱག་འཚལ། །དེ་བཞིན་གང་ཞིག་རྡོ་རྗེ་རྣལ་འབྱོར་བདེ་གཤེགས་དཔག་ཏུ་མེད་པ་དང་ནི་བསྟན་པ་དེ་བཞིན་འདི། །བྱང་ཆུབ་སེམས་དཔའ་མཆོག་གི་རྡོ་རྗེ་འཆང་བས་གསང་སྔགས་མ་ལུས་པ་རྣམས་རིག་པས་ཡང་དག་བསྡུས། །བླུན་པོ་བདག་གིས་རྣལ་འབྱོར་མཆོག་ཏུ་མི་འགྱུར་བདེ་བ་དུས་འཁོར་མཚན་བརྗོད་གཉིས་དོན་བཤད་པར་འདོད། །ནམ་མཁའ་ལ་ནི་མགྱོགས་པར་འགྲོ་བའི་ནམ་མཁའི་བདག་པོ་འགྲོ་ཞེས་ཅིའི་ཕྱིར་གཞན་དག་ལ་མི་འགྲོ། །སྟོན་པ་རང་གི་ལུང་བསྟན་གང་ཞིག་རྒྱལ་བའི་བདག་པོ་བདེ་སྟེར་རྡོ་རྗེ་ཐེག་པ་མ་ལུས་པའི། །སྡུད་པར་བྱེད་པ་མཆོག་གི་རྡོ་རྗེ་འཛིན་པར་རྒྱ་ཆེར་འགྲེལ་བྱེད་བདག་འདྲའི་བྱང་ཆུབ་སེམས་དཔའ་སྟེ། །དེ་ཕྱིར་སངས་རྒྱས་ཀྱི་མཐུས་ལྷ་དང་ཀླུ་དང་མི་རྣམས་ཀུན་ནི་སྨིན་པར་བྱ་བའི་དོན་དུ་གསུངས། །གང་དག་མངོན་ཤེས་ལྔ་མེད་དེ་ནི་བརྫུན་པའི་ཚིག་གིས་བདག་ནི་རྒྱལ་བའི་དབང་པོ་ཡིན་ཞེས་སྨྲ། །སྣ་ཚོགས་ཀླུ་ཡིས་མ་འོངས་དུས་སུ་རྟག་ཏུ་རྟོག་གེ་ལ་སོགས་བསྟན་བཅོས་ཀྱིས་དྲེགས་པའི། །སངས་རྒྱས་པ་རྣམས་གཞན་གྱི་རྟོག་གེའི་སྟོབས་ཀྱི་དབང་གིས་ལོག་པར་ཡང་ནི་སྨྲ་བ་འབྱུང༌། །རྟོག་གེའི་དྲེགས་པའི་ཚུལ་གང་གིས་ནི་རྒན་པའི་ཡུལ་གང་སྟོན་པར་བྱེད། །བློ་ངན་དེ་དག་ཁོ་ནའི་ཉེས་པ་འཇོམས་པའི་རྒྱ་ཆེར་འགྲེལ་པ་བདག་གིས་བྲི་བར་བྱ། །མཆོག་ཏུ་མི་འགྱུར་བཞི་པ་དང༌། །དེ་བཞིན་ཤེས་རབ་ཡེ་ཤེས་གང༌། །སངས་རྒྱས་དེ་ཡང་དེ་བཞིན་འདིར། །ཕྱག་རྒྱ་ཆེན་པོ་རྒྱལ་བས་གསུངས། །དཔྱིད་ཀྱི་དུས་སུ་ཕྲད་པའི་མྱུ་གུ་ནི། །ལྟུང་འགྱུར་ཨ་མྲའི་འབྲས་བུ་ཅི་ཕྱིར་འབྱུང༌། །ཤེས་རབ་འདུས་པས་གང་གི་ཁུ་བ་འཛག །འདི་ནི་དེ་ཡི་བདེ་བ་གང་གིས་འཕེལ། །གང་གིས་འཛག་པ་མེད་པ་མ་ཐོབ་པར། །དེ་འཛག་བདེ་བ་འདོད་པ་སྡུག་བསྔལ་ཡིན། །ཆུ་ནི་ཀུན་གྱི་འཆོ་བ་བྱེད་པ་ནི། །ཙ་ཊ་ཀ་སྐོམས་ཡ་ཆུ་མི་འཐུང༌། །འཁོར་བ་བདེ་བ་མི་རྟག་པ། །མ་


DTG015_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐོབ་འདོད་པ་རྨོངས་ཆེན་པོ། །མཁས་པ་མཐར་ཕྱིན་སྤངས་བྱས་ལ། །ཡང་དག་རྒྱལ་བའི་བདེན་སྟོན་ཏོ། །རི་དགས་རྒྱལ་པོ་རི་དགས་ཟས་ཟ་བ། །ལོ་གཅིག་ནང་དུ་གལ་ཏེ་འཁྲིག་པར་སྤྱོད། །གསེག་མ་ཕྲ་མོ་ཟས་སུ་ཟ་བ་ཡི། །ཕུག་རོན་རྟག་ཏུ་འདོད་པ་སྤྱོད་པ་ཡིས། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །རེས་འགའ་རྟག་ཏུ་ཁུ་འཛག་གང་ཇི་བཞིན། །དེ་བཞིན་འདོད་ལྡན་ནང་ནི་དཀའ་ཐུབ་པ། །སད་དང་རྨི་ལམ་ན་ནི་འཛག་པའི་ཕྱིར། །ཇི་ལྟར་གཉིད་ལོག་སྤྲུལ་གྱིས་སོས་བཏབ་པ། །མི་འཚོ་ཁུ་བ་བསྡུས་པ་མེད་པ་ལྟར། །དེ་བཞིན་དུ་ནི་སོ་ཡིས་བཏབ་པ་ཡི། །དཀའ་ཐུབ་དང་ནི་བྱིས་པའི་སྐྱོན་རྣམས་སོ། །ཇི་ལྟར་རྡོ་སོགས་སྐུད་པ་ལས་བྱས་གོས། །དེ་ཉིད་མེར་བསྲེགས་དག་པར་འགྱུར་པ་ལྟར། །དེ་ལྟར་སྐྱེས་བུའི་ཤེས་རབ་ཡེ་ཤེས་སེམས། །ཇི་ལྟར་དངུལ་ཆུ་མེ་ལ་བསྲེགས་ན་རབ་ཏུ་འབྲེལ་ཏེ་གཡོ་བར་མི་འགྱུར་ལྟར། །དེ་བཞིན་སྐྱེ་གནས་དང་ནི་རེག་པ་ཁུ་བ་རྟག་ཏུ་འཕོ་བ་ཡིན། །ཇི་ལྟར་སྨན་ལ་སོགས་པའི་སྟོབས་ཀྱིས་གཡོ་བ་ཡང་ནི་མེ་དང་ཕྲད་ན་དེ་འཆིང་ལྟར། །དེ་བཞིན་ཤེས་རབ་ཡང་དག་ཕྲད་པས་ཁུ་བའི་བློ་ཡིས་སྦྱངས་པས་སོ། །རྒྱུད་འདི་དག་གི་རྒྱ་ཆེར་འགྲེལ། །དེ་བཞིན་གཤེགས་པས་ལུང་བསྟན་པའི། །འཇམ་དཔལ་གྱིས་ནི་བསྐུལ་ནས་ནི། །འཇིག་རྟེན་མགོན་པོས་བྲིས་པ་ཉིད། །བྱིས་པ་མཁས་དང་རྨོངས་རྣམས་ལ། །རྒྱུད་ཀྱི་གསང་བ་གསལ་བྱེད་དོ། །མ་ཉིད་བུ་རྣམས་ལ་ཕན་པ། །བདེ་འདོད་ལུས་ཅན་ཐམས་ཅད་ལ། །ལམ་བཟང་རྡོ་རྗེ་སེམས་དཔའ་ཡི། །བདག་གིས་རིག་པའི་རྣལ་འབྱོར་པ། །དེ་ཕྱིར་དེ་ནི་མྱུར་དུ་བྲི། །འདིར་དང་པོར་རེ་ཞིག་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་དང༌། འབྲེལ་པ་དང༌། དགོས་པ་དང༌། །དགོས་པའི་ཡང་དགོས་པ་མངོན་པར་གཟིགས་ནས། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པ་དེ་ཉིད་ཀྱི་སྐྱེ་བ་འདིར་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ། བདེ་བ་ཆེན་པོ་ལ་གནས་པའི་དང་པོ་མཆོག་གི་སངས་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སེང་གེའི་


DTG015_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གདན་ལ་བཞུགས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་དང༌། ལྷ་དང༌། ཀླུ་དང༌། ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཁམས་གསུམ་གྱིས་ཞབས་ཀྱི་པདྨ་ལ་ཕྱག་འཚལ་བ། ལོ་ཀ་གསུམ་པས་གཅིག་ཏུ་འཁོར་ལོས་སྒྱུར་པའི་དང་པོ་མཆོག་གི་སངས་རྒྱས་རྒྱུ་མེད་པའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལ་ཟླ་བ་བཟང་པོས་གསོལ་བ་བཏབ་པས། སྟོང་ཕྲག་བཅུ་གཉིས་པ་དང༌། དང་པོ་མཆོག་གི་སངས་རྒྱས་རྒྱུ་མེད་པའི་དུས་ཀྱི་འཁོར་ལོ་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་སྐུའི་དབང་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་པ་དང་ལྡན་པ། རྒྱུད་རྣམས་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་གི་དབང་དུ་གྱུར་པ། རྒྱུད་གཞན་གྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །སངས་རྒྱས་ཀྱི་རིན་པོ་ཆེའི་ཟ་མ་ཏོག་ཁ་བྱེ་བ། ལོ་ཀ་དང་ལོ་ཀ་ལས་འདས་པའི་བདེན་པ་ལ་བརྟེན་པ་མངོན་པར་བྱང་ཆུབ་པ་བཞི་དང༌། རྡོ་རྗེ་བཞི་ཡོངས་སུ་དག་པ་དང༌། སྐུ་བཞི་དང༌། རིགས་དྲུག་དང༌། བདེན་པ་བཅུ་གཉིས་དང༌། དེ་ཁོ་ན་ཉིད་བཅུ་དྲུག་དང༌། སྟོང་པ་ཉིད་བཅུ་དྲུག་དང༌། སྙིང་རྗེ་བཅུ་དྲུག་གི་བདག་ཉིད་དང༌། ལོ་ཀ་པའི་དབང་བཅུ་དང༌། ལོ་ཀ་ལས་འདས་པའི་དབང་བཅུ་གཅིག་པ་གསལ་བར་དབང་བསྐུར་བ་དང༌། དམ་ཚིག་གི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོས་ལོ་ཀ་དང་ལོ་ཀ་ལས་འདས་པའི་སྒྲུབ་པ་ནི། མཚན་ཡང་དག་པར་བརྗོད་པའི་ལེའུ་བཅུ་བཞིར་གནས་པ་ནི་བརྗོད་པར་བྱའོ། །འདིར་རྗོད་པར་བྱེད་པ་ནི་ལེའུ་བཅུ་བཞིའི་ཚིག་དང་ཡི་གེའི་ཚོགས་སུ་གནས་པའོ། །ཡང་བརྗོད་པར་བྱ་བ་ནི་དང་པོ་སངས་རྒྱས་རྒྱུ་མེད་པའོ། །རྗོད་པར་བྱེད་པ་ཡང་དེ་སྐད་བརྗོད་པའོ། །ཡང་ན་བརྗོད་པར་བྱ་བ་ནི་ཡེ་ཤེས་ཀྱི་སྐུ། རྗོད་པར་བྱེད་པ་ནི་དེའི་ཚིག་གེ་ཚོགས་སོ། །བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་ཀྱི་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པའོ། །འདིར་དང་པོ་དཀྱིལ་འཁོར་དུ་འཇུག་པ་དང༌། ལོ་ཀ་པའི་དབང་བྱིན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཆོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་པའོ། །ཤེས་རབ་ཆེན་པོ་བཞི་པ་ལོ་ཀ་ལས་འདས་པའི་དབང་བསྐུར་ནས་རྒྱུ་མེད་པའི་ཕྱག་རྒྱ་


DTG015_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་བའི་ཡང་དགོས་པའོ། །དེ་དག་གིས་ནི་དེ་ཉིད་བརྗོད་པར་བྱ་བའི་མཚན་ཉིད་དུ་ཡང་དག་པར་གཟིགས་ནས། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ཀྱི་སེམས་ཞེས་བྱ་བ་ནི་ངེས་པའི་ཉན་ཐོས་ཀྱི་སྡོམ་པ་ལ་བྱ་སྟེ། འདོད་པའི་ལོངས་སྤྱོད་ལྔ་ལ་ངེས་པར་ལོངས་སྤྱོད་པ་དང་བྲལ་བའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཞེས་བྱ་སྟེ། དེ་དང་བྲལ་བ་ནི་ངེས་པ་དང་བྲལ་བའོ། །དེ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པ་ནི་ངེས་པའི་ལོངས་སྤྱོད་ལ་ངེས་པར་འདོད་པའོ། །དེ་བཞིན་དུ་དབང་པོ་གཉིས་ཀྱི་བདེ་བ་ཆེན་པོ་འདོད་པའི་རང་གི་སེམས་ཀྱི་བསམ་པ་ནི་ངེས་པ་དང་བྲལ་བ་ཞེས་བྱའོ། །རང་གི་སེམས་ཀྱི་བསམ་པས་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཀྱི་འབྲས་བུ་སྟེར་བས་ཞེས་བྱ་སྟེ། འདིར་སྐྱེ་བ་ནི་མིའི་སྐྱ་བ་འདི་ཉིད་ལ་སངས་རྒྱས་སྟེར་བ་རྒྱུད་ཀྱི་རྒྱལ་པོར་རོ། །ལྷ་ལ་སོགས་པའི་འགྲེ་བ་ལྔའི་སྐྱེ་བ་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་མེད་པའི་སར་སྐྱེས་པའི་ཕྱིར་རོ། །འདིར་ལྷ་ལ་སོགས་པ་རྣམས་ཀྱིས་ཀྱང་མིར་སྐྱེ་བ་ཐོབ་ནས་སངས་རྒྱས་ཉིད་ཀྱི་འབྲས་བུ་ངེས་པར་ཐོབ་པར་འགྱུར་ཞེས་བཅོམ་ལྡན་འདས་ཀྱི་ངེས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཁམས་དྲུག་གི་བདག་ཉིད་ཀྱི་སྐྱེས་བུ་ཆེན་པོའི་གང་ཟག་གིས་ཤེས་བཞིན་དུ་ལས་ངན་པའི་སྐྱེ་བ་འདིར་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་འགྱུར་པ་ནི་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །དེས་ན་འདིར་སྔགས་ཀྱི་ཐེག་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། རིགས་དན་སྨྱིག་མ་མཁན་ལ་སོགས། །མཚམས་མེད་ལྔ་པོ་བྱེད་པ་དག །སྔགས་ཀྱི་སྤྱོད་པ་རྗེས་སྤྱང་པས། །ཚེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་གསུངས་པ་ནི་བདེན་ཏེ། གང་སྔོན་དུ་བྱས་པའི་མཚམས་མེད་པ་ལ་སོགས་པ་མ་རུངས་པའི་ལས་ཏེ། སྐྱེ་བ་འདིར་སྔགས་ཀྱི་ཐེག་པའི་ཕྱིར་ཕྱག་རྒྱ་ཆེན་པོ་མི་འགྱུར་པའི་བདེ་བའི་དོན་གྱིས་བཅོམ་པ་ཉིད་དེ། གཞན་གློ་བུར་གྱི་མི་དགེ་བ་ལ་མི་འཇུག་པའི་ཕྱིར་རྡོ་རྗེ་ཆོས་


DTG015_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱུང་གྱི་ཁང་པར་བདུད་བཞིའི་བགེགས་ལ་སོགས་པ་འཇུག་པའི་སྒོ་རྣམས་སུ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ལ་སོགས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་སྒོ་གླེགས་བཅུག་ནས། དེར་རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ཕྱིར། ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་པའི་མཚམས་མེད་པ་བྱས་པ་ཡང༌། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཀྱི་འབྲས་བུ་རྙེད་པར་འགྱུར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བཀའི་ངེས་པའོ། །ཡང་སྔགས་ཀྱི་ཐེག་པར་ཞུགས་པ་ཙམ་གྱིས་ནི་མཚམས་མེད་པ་ལྔ་ལ་སོགས་པ་མ་རུངས་པའི་ལས་བྱས་པ་ཡང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རྙེད་པར་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་མ་ཡིན་ནོ། །འདིར་བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་གྱི་དོན་མི་ཤེས་པར་གསུངས་པ། ཐེག་པ་གསུམ་ནི་བཅོམ་ལྡན་འདས་ཀྱིས་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བར་གསུངས་སོ། །སྔགས་ཀྱི་ཐེག་པར་ཞུགས་ནས་སྡིག་པ་མི་བྱེད་པ་ནི་སངས་རྒྱས་ཉིད་ཀྱི་འབྲས་བུ་རྙེད་པར་འགྱུར་རོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །སྔགས་པས་ཤ་མི་བཟའ་བའོ། །ཟ་བ་ཡོད་ན་གསོད་པ་ཡོད་པས་སོ། །རིན་གྱིས་ཉོས་ན་ཡང་དེའི་དོན་དུ་གསོད་པའི་ཕྱིར་ན་ཤ་སྔགས་པས་བཟའ་བར་མི་བྱའོ། །རྣལ་འབྱོར་པ་རྣམས་ཤ་མ་བཀག་པ་ནི་ཁ་ན་མ་ཐོ་བ་མེད་པའི་བ་ལང་དང་ཁྱི་ལ་སོགས་པ་རང་གི་ལས་ཀྱིས་ཤི་བ་རྣམས་སོ། །གོ་ཀུ་ལ་སོགས་པ་ལྔ་དང་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་རྣམས། ཡུངས་ཀར་གྱི་ཚད་ཙམ་ཉིན་རེ་བཞིན་དུ་དམ་ཚིག་གི་དོན་དུ་བསྟེན་པར་བྱའོ། །རྟག་ཏུ་ཁ་ན་མ་ཐོ་བ་མེད་པའི་བུད་མེད་དང་ཆང་ནི་བསྒོམ་པ་མ་རྨོངས་པའི་ཆོས་སུ་གསུངས་སོ། །རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། ལྷ་ནོར་འཛིན་དང་ཕ་མ་དང༌། །ཡིད་འདོད་སྒྲུབ་དོན་འཚོང་བ་གང༌། །སེམས་ཅན་སྐྱོན་མེད་བསད་པ་གང༌། །གདུག་པ་སྡིག་པ་བྱེད་རྣམས་ཀྱིས། །ཁ་ན་མ་ཐོ་བྱས་པའི་ཤ །ཉོས་ནས་ཤ་དང་འདོད་བཅས་ལས། །མ་བླངས་སྣོད་དུ་ལྷུང་བ་དང༌། །ཁ་ན་མ་ཐོ་མེད་ཉིད་ཕྱིར། །སྲོག་ཆགས་གཅིག་ཅིག་གི་ནི་ཤ་།མང་


DTG015_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་ཟོས་པ་མཆོག་ཡིན་ཏེ། །སྲོག་ཆགས་དུ་མ་ཡི་ནི་ཤ །མི་གཅིག་གིས་ནི་མི་བཟའ་བའོ། །སྙིང་རྗེ་བསྐྱེད་པར་བྱ་བའི་ཕྱིར། །རྣལ་འབྱོར་ལྡན་པས་བཟའ་བར་བྱེད། །རྣམ་པར་མི་རྟོག་པ་ཡི་སེམས། །ཁ་ན་མ་ཐོ་མེད་གཞན་མེད། །རིགས་ཀྱི་ཞེན་པ་བཟློག་པའི་ཕྱིར། །བཟའ་བ་བཏུང་བ་ཐམས་ཅད་སྦྱིན། །རིགས་ངན་བོ་ལ་བགྲོད་པ་བརྗོད། །རྡོ་རྗེ་འཆང་གི་ངེ་ཉིད་བསྟན། །ཅེས་པས་ཐེག་པ་གསུམ་གྱི་དོན་ཤེས་པར་བྱ་སྟེ་འདིར་མང་པོ་མ་སྤྲོས་སོ། །རྒྱས་པར་འགྲེལ་པ་ཆེན་པོ་ལས་ཤེས་པར་བྱའོ། །དེ་རྣམས་ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཐེག་པ་རྣམས་སུ་མཆོག་ཏུ་མི་འགྱུར་པ་ནི། སྙིང་པོར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་མཚན་ཡང་དག་པར་བརྗོད་པར་དེ་བཞིན་གཤེགས་པས་གསུངས་པ། དེའི་དོན་མི་ཤེས་པའི་བླ་མ་དམ་པ་མ་ཡིན་པ་ཉམས་པ་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་ཉམས་པ་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་ཏེ། སེམས་ཅན་ཉམས་པར་བྱེད་པ་སྟེ་ཉམས་པར་བྱེད་པའི་ཕྱིར་རྩ་བའི་རྒྱུད་དུ་རྣམ་པ་ལྔའི་ཡེ་ཤེས་ཀྱི་བསྟོད་པར་ཚིགས་སུ་བཅད་པ་ལྔས་ཡེ་ཤེས་ལྔ་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། སྟོང་པའི་དངོས་པོ་དངོས་འདི་ལ། །བརྟག་པའི་གཟུགས་ནི་སྤངས་པ་སྟེ། །གཞོན་ནུ་མ་ཡིས་མ་ལོང་དུ། །གཟུགས་བརྙན་ཉིད་དུ་མཐོང་བ་བཞིན། །ཞེས་པ་བེམས་པོ་མེད་པའི་འཇིག་རྟེན་ལས་འདས་པའི་བདེ་བའོ། །གཟུགས་ཕུང་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དངོས་པོ་ཐམས་ཅད་མཉམ་པར་འགྱུར། །གཅིག་ནི་རང་བཞིན་གཡོ་མེད་གནས། །གཡོ་མེད་ཡེ་ཤེས་ཡང་དག་འབྱུང༌། །ཆད་པ་མིན་དང་རྟག་མིན་པའོ། །ཞེས་ཚོར་བའི་བུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཐམས་ཅད་འདུ་ཤེས་བདག་ཉིད་བདོག །ཨ་ཡི་ཡི་གེ་རིགས་ལས་བྱུང༌། །གཡོ་མེད་ཆེན་པོ་གོ་འཕང་རྙེད། །ཤེས་པ་མེད་ཅིང་ཤེས་བྱ་འང་མེད། །ཅེས་འདུ་ཤེས་ཀྱི་ཕུང་པོ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །སྐྱེ་བ་མེད་པའི་ཆོས་རྣམས་ལ། །འདུ་བྱེད་སྤངས་པ་རྣམས་ལ་ཡང༌། །བྱང་ཆུབ་མེད་ཅིང་སངས་རྒྱས་མེད། །སེམས་ཅན་སྲོག་


DTG015_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱང་མེད་དོ་ཞེས། །འདུ་བྱེད་ཀྱི་ཕུང་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྣམ་པར་ཤེས་པའི་ཆོས་ལས་འདས། །ཡེ་ཤེས་དག་པ་དྲི་མ་མེད། །རང་བཞིན་འོད་གསལ་བ་ཡི་ཆོས། །ཆོས་ཀྱི་དབྱིངས་སུ་མངོན་པར་སོན། །ཞེས་རྣམ་པར་ཤེས་པའི་ཕུང་པོ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་བཞིན་དུ་ཉུང་ངུའི་རྒྱུད་དུ་ཡང་གསུངས་ཏེ་མ་སྤྲོས་སོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོར་གྱུར་པ། །དེ་བཞིན་གཤེགས་པས་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་སུ་བསྟན་པ་ལ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ལ་སོགས་པ་ནས། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཅུ་དྲུག་གིས་ཞུ་བ་བསྟན་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ནས། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་དྲུག་གིས་ལན་བསྟན་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ནས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་གཉིས་ཀྱིས་རིགས་དྲུག་ལ་གཟིགས་པ་བསྟན། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །ཞེས་བྱ་བ་ལ་སོགས་པ་ནས། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ། །ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་གསུམ་གྱིས་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་བྱ་བ་ནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཅུ་བཞིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་བསྟོད་པ་གསུངས་སོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་རྐང་པ་གཅིག་གིས་མཆོག་ཉི་ཤུ་རྩ་ལྔས་ཤིན་ཏུ་རྣམ་པར་དག་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་བསྟན་ཏོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ནས། །


DTG015_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒྲ་དང་ལྡན་བ་རྣམས་ཀྱི་མཆོག །ཅེས་བྱ་བའི་བར་རྐང་པ་གཅིག་གིས་ལྷག་པའི་ཚིགས་སུ་བཅད་པ་བཅུས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བསྟོད་པ་བསྟན་ཏོ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་བྱ་བ་ལ་སོགས་པ་ནས། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཞི་ཅུ་རྩ་གཉིས་ཀྱིས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ལ་བསྟོད་པ་བསྟན་ཏོ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་ཉི་ཤུ་བཞིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བསྟོད་པ་བསྟན་ཏོ། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་བྱ་བ་ལ་སོགས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཅོ་ལྡས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བསྟོད་པ་བསྟན་ཏོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་བྱ་བ་ལ་སོགས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་ལྡས་དེ་བཞིན་གཤེགས་པ་ལྔ་ལ་ཡེ་ཤེས་ཀྱི་བསྟོད་པའོ། །ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་པ་འདི་དག་ནི་ཐེག་པ་ཐམས་ཅད་ལས་བཏོན་ནས་བསྡུས་པ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྙིང་པོའོ། །ཀུན་དུ་བཟང་པོ་མཆོག་ཏུ་མི་འགྱུར་པའི་བདེ་བ་ཆེན་པོ་ནམ་མཁའི་ཁམས་ཐམས་ཅད་ཀྱི་མཐར་ཐུག་པ་སོན་པ་སྣང་བར་བྱེད་པའི་ཡེ་ཤེས། རྣམ་པར་དག་པའི་ཚོགས་ཡང་དག་པར་བསྡུས་པ། ཟབ་ཅིང་རྒྱ་ཆེ་བའི་གཟུགས་ཀྱི་མཆོག །རང་བཞིན་གྱིས་འོད་གསལ་བ། །ཐོག་མ་དང་ཐ་མ་རྣམས་ཀྱི་བདག་དང་བདག་གི་གཟུང་བ་དང་འཛིན་པ་ལ་སོགས་པའི་དྲི་མ་སྤངས་པ། དུས་ཐམས་ཅད་དུ་ཉོན་མོངས་པའི་ཚོགས་ཐམས་ཅད་ཀྱི་རང་བཞིན་ཤེས་པ། འཁོར་བའི་བག་ཆགས་ལས་རྣམ་པར་གྲོལ་བ། །འགྲོ་བ་དང་འོང་བ་རྣམ་པར་སྤྲོས་པ་མེད་པའི་གཟུགས་རང་གི་ངང་གིས་རབ་ཏུ་འཇུག་པ། རྨུགས་པ་དང་རྣམ་པ་སྣ་ཚོགས་པ་ལས་གོལ་བ། ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི་རྟེན། བུམ་པ་བཟང་པོ་དང་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་


DTG015_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན། སེམས་ཅན་གྱི་བསམ་པ་ཡོངས་སུ་སྐོང་བ། ཐུབ་པ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ། སེམས་གྱི་ཕུང་པོ་ཆེན་པོ་མཆོག་ཏུ་ཞི་བར་བྱེད་པ། སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་གཟུགས་བརྙན་ལྟ་བུ་སྒྲ་བརྙན་ལྟ་བུ་དེ་བཞིན་དུ་དུས་གསུམ་གྱི་ངེས་པ་ཆེན་པོའོ། །རྣལ་འབྱོར་པ་རྣམས་ཀྱི་རང་རིག་པ་མཆོག་ཏུ་མི་འགྱུར་པའི་བདེ་བ། །རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་མི་བྱ་ཞེས་དེ་བཞིན་གཤེགས་པའི་ངེས་པ་འདི་བསྒོམ་པར་བྱའོ། །རྩ་བའི་རྒྱུད་ཀྱི་རྒྱལ་པོར་ཡེ་ཤེས་ཀྱི་ལེའུ་ར་གསུངས་པ་འདི་ལྟ་སྟེ། །དུ་བ་ལ་སོགས་བསྒོམ་པ་ཉིད། །སེམས་ནི་མི་གཡོ་བ་རུ་བྱས། །དབུ་མ་དག་པར་བྱས་ནས་ནི། །མཆོག་ཏུ་མི་འགྱུར་བདེ་བ་བསྒོམ། །རྡོ་རྗེ་པདྨར་རབ་གཞག་ལ། །སྲོག་ནི་ཐིག་ལེར་གཞག་པར་བྱ། །ཐིག་ལེ་འཁོར་ལོའི་ཐིག་ལེ་རྣམས། །རྒྱུ་མཐུན་རྡོ་རྗེ་དགག་པས་ནི། །རྣལ་འབྱོར་དེ་ལ་རྟག་ཏུ་འཁྱུད། །སྟེང་དུ་ས་བོན་རྟག་ཏུ་བྱ། །ཕྱག་རྒྱ་ཆེ་ལ་རབ་སྦྱངས་པས། །རྡོ་རྗེ་འབེབས་པས་བྱིན་གྱིས་རློབ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི། །མཆོག་ཏུ་མི་འགྱུར་སྐད་ཅིག་ལ། །རྒྱལ་པོ་ཆེན་པོ་ཡོངས་མཁྱེན་ནས། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །ཞེས་པས་སོ། །དེ་བཞིན་དུ་ཉུང་ངུའི་རྒྱུད་དུ་ཡང་གསུངས་པས་འདིར་མ་སྤྲོས་སོ། །ལག་ན་རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་ནས། །ཕྱོགས་བཅུར་དམ་པ་ཆོས་ཀྱི་རྔ་སྒྲ་ཆེན་པོ་རྒྱུན་མི་འཆད་པར་སྒྲོགས་པའི་ཆོས་ཀྱི་རྒྱལ་པོར་འགྱུར་རོའི་བར་གྱི་ཕན་ཡོན་བསྟན་ཏོ། །ཨོཾ་སརྦ་དྷརྨཱ་ཞེས་བྱ་བ་ལ་སོགས་པ་ནས། ཛྙཱན་གརྦྷ་ཨཱ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་སྔགས་ཀྱི་ལེའུ་བསྟན་ཏོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་བྱ་བ་ལ་སོགས་པ་ནས། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་པའི་བར་གྱིས་རྗེས་སུ་ཡི་རང་བ་བསྟན་ཏོ། །དེ་ལྟར་ལེའུ་བཅུ་བཞིའི་དོན་བརྗོད་པར་བྱའོ། །ལེའུ་བཅུ་བཞིའི་ཚིག་ནི་རྗོད་པར་བྱེད་པའོ། །དེ་སྟོན་པར་བྱེད་པའི་སྟོང་པ་དང༌། ཞུབ་པོའི་འབྲེལ་པ་ནི་འདིར་བརྗོད་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་ས་བཅུ་གཉིས་ཀྱི་དབང་ཕྱུག་སྟེ། །སྔོན་དུ་སངས་རྒྱས་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང༌། སྨོན་ལམ་གྱི་དབང་


DTG015_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གིས་སྤྲུལ་བའི་སྐུས་སེམས་ཅན་གྱི་དོན་བྱེད་པར་སྣང་སྟེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །ཞེས་པས། འཕགས་པའི་ཡུལ་ལུམྦིའི་ཚལ་དུ་ཤཱཀྱའི་རིགས་མིའི་དབང་པོ་ཟས་གཙང་གི་ལྷ་མོ་སྒྱུ་འཕྲུལ་མ་ཆེན་མོའི་ལྷུམས་ནས་ཡང་དག་པར་འབྱུང་བའི་དོན་གྲུབ་གཞོན་ནུ་ཞེས་བྱའོ། །དེས་དཀའ་བ་རྣམ་སྤྱད་ནས་ས་བཅུ་གཉིས་ཕྱིས་མངོན་དུ་མཛད་ཅེས་བྱའོ། །དེ་བཞིན་དུ་ཤམྦྷལའི་ཡུལ་ཀ་ལཱ་པའི་གྲོང་ཁྱེར་དུ་ལྷ་མོ་ཉི་མིའི་འོད་རྣམ་པར་རྒྱལ་མའི་མངལ་ནས་ཡང་དག་པར་བྱུང་བའི་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོ་ཞེས་བྱའོ། །ཆུ་བོ་སི་ཏའི་བྱང་ཕྱོགས་སུ་ཟླ་བ་བཟང་པོའི་གདུལ་བྱ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་གྲོང་ཁྱེར་ན་གནས་པ་རྣམས་དང་པོ་མཆོག་གི་རྒྱུད་ཀྱི་རྒྱལ་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་རྒྱལ་པོ་ཟླ་བ་བཟང་པོར་གྱུར་ཏོ། །འདི་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གིས་སྟོན་པ་པོ་དང་ཞུ་བ་པོའི་འབྲེལ་བ་སྤྲུལ་པའི་སྐུ་འམ་ལོངས་སྤྱོད་པའི་སྐུས་ཀྱང་རུང་སྟེ་སྔ་མ་དང་ཕྱི་མ་ལ་འགལ་བ་མེད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་པ་ལ་སེམས་ཅན་གྱིས་བརྟག་པར་མི་བྱའོ། །འཕགས་པའི་ཡུལ་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་དཔལ་འབྲས་ཕུང་གི་གཙུག་ལག་ཁང་དུ་རིགས་གསུམ་མགོན་པོ་ལ་སོགས་པར་སྣང་ངོ༌། །ཡུལ་ཤམྦྷལར་རྒྱལ་པོ་ཟླ་བ་བཟང་པོས་བྲམ་ཟེ་དྲང་སྲོང་རྣམས་ལ། །རྡོ་རྗེའི་ཚིག་གསལ་བར་མཛད་པ་རྡོ་རྗེའི་ཚིག་གསལ་བར་བྱེད་པའི་སྟོང་ཕྲག་བཅུ་གཉིས་པ་དང་པོ་མཆོག་གི་སངས་རྒྱས་ཡང་དག་པར་བསྟན་ཏོ། །དེ་ལས་བསྡུས་པའི་རྒྱུད་སྡུད་པར་བྱེད་པའི་ཕྱིར། འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་གྲགས་པ་མིའི་དབང་པོ་ལུང་བསྟན་ཏོ། །པདྨ་དཀར་པོ་བདག་ཀྱང་རྒྱ་ཆེར་འགྲེལ་པ་བྱེད་པ་རྩོད་པའི་དུས་གཉིས་པར་ལུང་བསྟན་ཏོ། །དེ་ནས་བདག་གི་རྗེས་ལ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ལུང་བསྟན་ཏོ་ཞེས་བྱའོ། །རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། དང་པོའི་ལོ་ནས་དྲུག་བརྒྱའི་ལོ། །


DTG015_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤམྦྷལ་ཞེས་བྱ་བ་འབྱུང༌། །དྲང་སྲོང་རྣམས་ནི་སྨིན་དོན་ཕྱིར། །འཇམ་དཔལ་གྲགས་པའི་དབང་པོ་སྟེ། །སྒྲོལ་མ་ལྷ་མོ་ཆེན་མོ་འདིར། །སྲས་པོ་པད་འཆང་འཇིག་རྟེན་དང༌། །ཟླ་བ་བཟང་པོ་དེ་རིགས་བདག །ཤཱཀྱའི་རིགས་ལས་ཡང་དག་འབྱུང༌། །ངག་གི་དབང་ཕྱུག་དེ་རིགས་དག །དེ་ནས་གྲགས་པ་རྡོ་རྗེའི་རིགས། །རིགས་བཞི་པོ་ནི་རིགས་གཅིག་སྟེ། །རྩོད་དུས་བྲམ་ཟེའི་རིགས་མ་ཡིན། །ཞེས་གསུངས་པས་དོན་དམ་པར་ན་བཅོམ་ལྡན་འདས་ཉིད་སྟོན་པ་དང་སྡུད་པ་དང་འགྲེལ་བ་བྱེད་པ་དང་ཐ་མི་དད་པར་གྲུབ་པོ། །དམ་པ་དང་པོ་བཅོམ་ལྡན་འདས་ཀྱིས་གསུངས། ཕྱག་ན་རྡོ་རྗེས་བསྡུས་པ་ལྷ་སྟེང་ཕྲག་དྲུག་བརྒྱ་ཉི་ཤུ་ལ་ཉུང་ངུའི་རྒྱུད་ཀྱི་ལྷ་རྣམས་འཁོར་ལོ་སྡོམ་པ་ཆེ་ཆུང་གཉིས་དང༌། རྣལ་འབྱོར་རིག་པའི་ལྷ་ཚོགས་འདུས་པ་དྲུག་སྒྱུ་འཕྲུལ་དྲ་བ་གསུམ་གྱི་ལྷ་རྣམས་སོ། །དེ་ལ་དཔལ་རྒྱུ་སྐར་གྱི་དཀྱིལ་འཁོར་ཅན་ཞེས་པའོ། །དེ་རྣམས་ཕྱག་ན་རྡོ་རྗེས་གླེགས་བམ་དུ་བྲིས་སོ། །སེམས་ཅན་རྣམས་ཐེ་ཚོམ་མེད་པར་བྱ་བའི་ཕྱིར། སྔགས་ཀྱི་ཐེག་པ་ཐམས་ཅད་ལས་བསྡུས་ནས། མཚན་ཡང་དག་པར་བརྗོད་པ་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཡང་དག་པར་བསྟན་ཏོ། །དེས་ན་གང་དང་པོ་མཆོག་གི་སངས་རྒྱས་ཀྱི་ཐེག་པ་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་ནི་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་འཁོར་བ་སྟེ་ཐམས་ཅད་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་ལམ་དང་བྲལ་བས་སོ། །དེས་ན་དང་པོ་མཆོག་གི་སངས་རྒྱས་ཐར་པའི་དོན་དུ་སློབ་མ་མཆོག་རྣམས་ཀྱིས་མཉན་པར་བྱའོ། །བླ་མ་དམ་པས་ཀྱང་བཤད་པར་བྱའོ། །

ལེའུ་དང་པོ། ཞུས་པས་བཤད་པ།


DTG010_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ལེའུ་དང་པོ་ཞུས་པས་བཤད་པར་བྱ་སྟེ། སྡུད་པ་པོ་དང༌། དེའི་གྲོགས་རྡང༌། ཞུ་བའི་ཚུལ་ཇི་ལྟར་དང༌། དགོས་པ་གང་གི་ཆེད་དུ་དང༌། ཡུལ་གང་ལ་ཞུས་པ་དང༌། ཆོས་གང་ཞུས་པ་དང༌། གཟུང་བར་ཁས་བླངས་པ་གསལ་བར་བྱ་སྟེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །


DTG015_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་ལ། འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་མེད་པར། དེ་ནས་ཞེས་པ་ཇི་ལྟར་ཡིན་ཞེ་ན་བཤད་པར་བྱ་སྟེ། ཚིག་གི་རྗེས་སུ་འབྲང་བ་ན་རྩ་བའི་རྒྱུད་ཁྲི་དྲུག་སྟོང་བའི་སྒྱུ་འཕྲུལ་དྲ་བ་སྔར་གསུངས་པའི་རྗེས་ཡིན་པས་ན་དེ་ནས་ཞེས་བྱའོ། །ཡང་འདི་སྐད་བདག་གིས་ཐོས་པ་ལ་བརྟགས་ཏེ། སངས་རྒྱས་ཀྱིས་ཐོས་པ་ཡིན་ན་སངས་རྒྱས་མིན་ཏེ་གཞན་ལ་རག་ལས་བས་སོ། །སྡུད་པ་པོ་ཡིན་ན་བཀའ་བསླད་པའི་ཕྱིར་རོ། །དེ་ཡང་རྩ་བའི་རྒྱུད་ལས་གསུངས་པ། །འདི་སྐད་བདག་གིས་ཐོས་པ་འདིར། །དྲང་སྲོང་རྣམ་ལ་ཆོས་བསྟན་པ། །གཞན་ལས་ཐོས་ཕྱིར་ཀུན་མཁྱེན་མིན། །ཞེས་པས་སོ། །དོན་གྱི་རྗེས་སུ་འབྲང་ན་སྟོན་པ་དང་སྡུད་པ་དང་འགྲེལ་བར་བྱེད་པ་ཐ་མི་དད་པ་དང་གང་དུ་རྡོ་རྗེའི་རིགས་སུ་ཡང་གསུངས་ལ། རྒྱུད་གཞན་དང་གཞན་དུ་ཡང་གསལ་ལོ། །འདིར་བརྗོད་བྱའི་དོན་ལ་ཡང་འཇུག་སྟེ། ཨ་ཐ་ཤྲཱི་བཛྲ་དྷ་ར་ཞེས་པས་རྒྱུ་དང་ལམ་དང་འབྲས་བུར་སྦྱར་ཏེ་ཐོག་མ་བར་དང་མཐར་དགེ་བའོ། །རྒྱུ་ལས་ཀྱི་སར་སྐྱེས་པ་རྣམས་ལ། དེ་ལ་ཨ་ཐ་ནི་ཤེས་རབ་ཀྱི་རང་བཞིན་མའི་ལུས་སོ། །ཐས་ཐབས་ཀྱི་རང་བཞིན་ཕའི་ལུས་སོ། །ཤྲཱི་ནི་ཡི་གེ་གསུམ་དུ་འགྲོ་སྟེ། ཤ་ཤུ་ཀྲའི་སྒྲས་ཕའི་ཁུ་བའོ། །རརྐྟའི་སྒྲས་མའི་ཁྲག་ཡིན་ནོ། །གུ་གུ་ཨི་ཡིན་པས། ཨི་པ་ཞེས་པ་ཝཾ་ཡིན་ནོ། །བ་ན་བཱ་ཡུ་ཡིན་པས་རླུང་སྟེ་ཀུན་གཞི་རྣམ་ཤེས་དང་བཅས་པའོ། །དེ་བཞིན་ཚོགས་པའི་སྒྲའི་སྐད་དུ་དཔལ་དུ་འགྲོ་སྟེ་མིའི་ལུས་སུ་གྲུབ་པས་སོ། །བཛྲ་ནི་རྡོ་རྗེ་ཡིན་ཏེ་མིའི་ལུས་ལ་གནས་ནས་ནམ་མཚོའི་བར་དུ་དབྱེར་མི་ཕྱེད་པས་རྡོ་རྗེའོ། །དྷ་ར་ནི་འཛིན་པ་འམ་ཡང་ན་འཆང་བར་འགྲོ་བས་ཁམས་དྲུག་དང་ལྡན་པའི་མིའི་ལུས་སྐྱེ་བ་འདི་རྣམས་སངས་རྒྱས་པའི་རྒྱུའི་ལུས་སེམས་སུ་འགྲུབ་པའོ། །བར་དུ་དགེ་བའི་ལམ་ཡིན་བས། ཨ་ནི་གཏུམ་མོའི་ལྟེ་བ་ལས་ཡེ་ཤེས་ཀྱི་མེ་འབར་བའོ། །ཐ་ནི་སྤྱི་བོ་བྱང་ཆུབ་ཀྱི་སེམས་འཛག་པའོ། །ཤྲཱི་ནི་དཔལ་ཏེ་བདེ་བ་རིམ་གྱིས་སྐྱེས་པའོ། །བཛྲ་ནི་དབྱེར་མི་ཕྱེད་པས་བདེ་བ་དང་སྟོང་པའོ། །དྷ་ར་ནི་འཛིན་པ་ཡིན་པས་སངས་རྒྱས་པའི་བར་དུའོ། །ཐ་མར་དགེ་


DTG015_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ནི་སངས་རྒྱས་ཀྱི་ས་བཅུ་གཉིས་པ་སྟེ། ཨ་ནི་རྣམ་པར་ཐར་བ་བཞི་སྟོང་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །ཐ་ནི་སྙིང་རྗེ་མཐར་ཕྱིན་པའི་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པའོ། །ཤྲཱི་ནི་དཔལ་ཏེ་བདག་དང་གཞན་གྱི་དོན་དུ་སྐུ་བཞི་ཐོབ་པའོ། །བཛྲ་ནི་སྐུ་བཞི་ཐ་དད་པ་མ་ཡིན་པའོ། །དྷ་ར་ནི་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་ཆེན་པོ་འཆང་བས་ན་རྡོ་རྗེ་འཆང་ཞེས་བྱའོ། །ཚིག་གི་རྗེས་སུ་འབྲང་ན་དེ་ནས་ཞེས་སྔར་བཤད་ནས། དཔལ་ལྡན་རྡོ་རྗེ་འཆང་ཞེས་པ་ལ་འདི་ནི་སྡུད་པ་པོ་ཕྱག་ན་རྡོ་རྗེའོ། །སེམས་ཅན་ཐམས་ཅད་ཀྱི་སྐད་གཞན་གྱིས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་རྣམ་ཀྱི་སྡུད་པ་པོ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙན་དུ་གྱུར་པས་ན་གསང་བའི་བདག་པོའོ། །གསང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས། བླ་ན་མེད་པའི་རྡོ་རྗེའི་ཐེག་པ་ཉིད་སྡུད་པའི་ཕྱིར་གསང་བའི་བདག་པོའོ། །དེ་བཞིན་དུ་ཕྱི་རུ་འཇིག་རྟེན་པའི་ཀུན་རྫོབ་ཏུ་གསང་བའི་སྒྲས་ནི་གནོད་སྦྱིན་ཏེ། དེའི་བདག་པོ་ནི་གསང་བའི་བདག་པོའོ། །ལྕང་ལོ་ཅན་གྱི་གནས་ནི་ཕྱིའི་ལྕང་ལོ་ཅན་གྱི་སྒྲ་ནི་སྲོག་ཉམས་པའི་རོའི་ཚོགས་ཏེ། དེ་འདི་ལ་ཡོད་པ་ནི་དུར་ཁྲོད་ཀྱི་ལྕང་ལོ་ཅན་ནོ། །གནོད་སྦྱིན་ཆེན་པོ་ངེས་སེམས་ཅན་རྣམས་འཚེ་བའི་བགེགས་དུ་མ་བྱེད་དོ། །དེ་དག་གི་གནོད་པ་བྱེད་པས་ལྕང་ལོ་ཅན་གྱི་གནས་ཏེ། ནགས་སུ་རི་དགས་ཀྱི་བདག་པོ་བཞིན་དུ་ལྕང་ལོ་ཅན་གྱི་གནས་སུ་གནོད་སྦྱིན་ཆེན་པོ་བདག་པོ་ཞེས་བྱའོ། །ནང་གི་ལྕང་ལོ་ཅན་ཞེས་བྱ་བ་ལ་དྲུག་བརྒྱས་ལྷག་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་དབྱུང་བ་དང་རྔུབ་པ་རྣམས་ལས་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གིས་མ་གང་བ་འགོག་པ་འདི་ལ་ཡོད་པ་ནི་ཆོས་ཀྱི་སྤྲིན་གྱི་ས་སྟེ། དེའི་གནས་ལྕང་ལོ་ཅན་གྱི་གནས་ཏེ་བདུད་དང་ཉོན་མོངས་པ་དང་ཤེས་བྱ་དང༌། སྙོམས་པར་འཇུག་པའི་སྒྲིབ་པ་དེ་གང་ཟད་པར་གནོད་པར་བྱེད་པ་སྟེ། །གནོད་སྦྱིན་གྱི་བདག་པོའོ། །དེ་བཞིན་གཤེགས་པས་ཆོས་སྟོན་པས་སེང་གེའི་སྒྲས་སེམས་ཅན་རྣམས་ལ་ཆོས་སྟོན་པ་ལ། ཕྱག་ན་རྡོ་རྗེས་གསོལ་བ་བཏབ་ཅེས་བྱའོ། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག།


DTG015_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅེས་པ་ལ་གདུལ་དཀའ་བ་ནི་ཕྱི་རུ་གནོང་སྦྱིན་ཡིན་ཏེ། ནང་དུ་ནི་བདུད་དང་ཉོན་མོངས་པ་ལ་སོགས་པའོ། །འདུལ་བ་རྣམས་ཀྱི་མཆོག་ནི་ས་བཅུའི་དབང་ཕྱུག་གོ །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་པ་དཔའ་བོ་ནི་སྐུ་གསུང་ཐུགས་གཞན་གྱིས་བརྫི་པ་དང་བག་ཚབ་མི་མངའ་བའོ། །དེས་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའོ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །ཞེས་པ་རྡོ་རྗེ་ནི་རྡོ་རྗེའི་ཐེག་པ་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་སོ། །དེ་ལ་དབང་སྒྱུར་པའི་མངོན་དུ་གྱུར་པས་ན་དབང་ཕྱུག་པའོ། །གསང་བ་ནི་ཟབ་པ་སྟེ། ཉན་ཐོས་ལ་སོགས་པ་རྟོགས་པར་དཀའ་བའོ། །དེ་ལ་ལོངས་སྤྱོད་པས་རྒྱལ་བའོ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་འདྲའི་ཞལ་མངའ་བ། །ཞེས་པས་ཕྱི་རུ་སྤྱན་དང་ཞལ་གྱི་མདངས་ལེགས་པར་ཀུན་གྱིས་བཀུར་བ་དང་མཆོད་པའི་གནས་སུ་གྱུར་པའོ། །ནང་དུ་ནི་པདྨའི་སྒྲས་སྟོང་པ་ཉིད་ཀྱི་དོན་ལ་རྟག་ཏུ་གནས་པ་སྟེ། འདིར་རྩ་བའི་རྒྱུད་ལས་གསུངས་པ། ཨེ་དང་པདྨ་ནམ་མཁའི་དབྱིངས། །བྷ་ག་ཆོས་འབྱུང་ཆུ་སྐྱེས་ཀྱི། །སེང་གེའི་གདན་བཞུགས་རྡོ་རྗེ་འཆང༌། །རྒྱུད་གཞན་དུ་ནི་ང་ཡིས་བཤད། །ཅེས་པའོ། །རང་གི་ལག་གིས་རྡོ་རྗེ་མཆོག། ཡང་དང་ཡང་དུ་གསོར་བྱེད་པ། ཞེས་པ་ཕྱི་རུ་སེམས་ཅན་རྣམས་ཀྱི་དོན་དུ་སྐུའི་ཕྲིན་ལས་ཀྱི་གདུག་པ་ཅན་འདུལ་བའོ། །ནང་དུ་ནི་རང་གི་ལག་གིས་ནི་རང་གི་དཔལ་ལོ། །དེ་གང་ཞེ་ན་རྡོ་རྗེ་མཆོག་སྟེ། །སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་བའི་བདེ་བ་ཆེན་པོའོ། །ཡང་དང་ཡང་དུ་གསོར་བྱེད་པ། །ཐུགས་རྡོ་རྗེ་ལྟ་བུས་སེམས་ཅན་གྱི་དོན་འབྱུང་བའོ། །དེ་ལྟར་སྡུད་པ་པོ་བཤད་ནས་དེ་དང་ལྷན་ཅིག་པའི་གྲོགས་བཤད་པར་བྱ་སྟེ། ལྷན་ཅིག་ཏུ་ཞེས་བྱ་བར་སྦྱར་རོ། །ཚུལ་ཇི་ལྟར་ན་ལུས་བཏུད་རྣམས་དང་ངོ༌། །དེ་ཡང་གང་ཞེ་ན། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །ཞེས་སོ། །ཁྲོ་གཉེར་ནི་སྨིན་མ་བསྡུས་པ་དང་མཆེ་བ་གཙིགས་པ་ལ་སོགས་པའི་ཁྲོ་བོ་ཆ་བྱད་དང་ལྡན་པའོ། །སོགས་ནི་གཙོ་བོ་གྲངས་ལྔ་བརྒྱའོ། །མཐའ་ཡས་པ་ནི་ལྔ་པོ་དེ་རེ་རེ་ལ་ཡང་མཐའ་ཡས་པ་དང་ལྡན་པའོ། །དཔའ་བོ་གདུལ་


DTG015_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀའ་འདུལ་པ་པོ། །ཞེས་པ་སྔར་བཤད་དོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །ཞེས་པ་འཇིགས་སུ་རུང་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཉམས་དགུ་དང་ལྡན་པའོ། །དཔའ་བྱད་ཅེས་པ་མདོར་བསྟན། །རྒྱས་པར། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །ཞེས་སྦྱར་རོ། །ཤིན་དུ་གདུག་པར་གྱུར་རྣམས་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་པས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཅེས་པས་གདུག་པ་ཅན་ཚར་གཅོད་པའི་ཕྱིར་སྐུ་ཆེ་བ་བྱིན་པ་སྨིན་པ་གསུས་པ་ཆེ་བ་མཆེ་བ་གཙིགས་པ་ཞལ་རྔམ་པ། དབུ་སྐྲ་གྱེན་དུ་བརྫེས་པའོ། །དེ་ལྟར་མཛད་པའི་དགོས་པ་སངས་རྒྱས་ཕྲིན་ལས་ཞེས་པ་སངས་རྒྱས་ཀྱི་ཕྲིན་ལས་ཀྱིས་སེམས་ཅན་འཁོར་བ་ལས་སྒྲོལ་བའོ། །དེ་རྣམས་ཀྱི་ཕྱག་མཚན་ནི། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །ཞེས་པའོ། །རྡོ་རྗེ་ནི་རྟགས་ཀྱིའོ། །རབ་འཕྲོ་བ་ནི་སེམས་ཅན་གྱི་དོན་དུའོ། །ཉོན་མོངས་པ་དང་བཅས་པ་ཡིན་ནམ་ཞེ་ན། སྙིང་རྗེ་ཆེ་དང་ཤེས་རབ་དང༌། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །ཅེས་པས་སྙིང་རྗེ་གསུམ་དང་ཤེས་རབ་གསུམ་གྱིས་སེམས་ཅན་གྱི་དོན་བྱེད་པའི་ཐབས་ལ་མཁས་པས་དོན་བྱེད་པའོ། །དགའ་མགུ་རངས་པའི་བསམ་པ་ཅན། །ཞེས་པ་ནས། དགའ་བ་ནི་སེམས་ཅན་གྱི་དོན་བྱེད་པའོ། །མགུ་བ་དང་རངས་པ་ནི་གཞན་མ་གུས་པ་མེད་པར་རོ། །དེ་ལྟར་ཞུ་བའི་གྲོགས་བཤད་ནས་སུ་ལ་ཞུ་བའི་ཚུལ་ཇི་ལྟར་བཤད་ན། སུ་ལ་ན། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ལ་ཞེས་པ། །མཛེས་པ་དང་གང་བ་དང་ཕྱིན་ཅི་མ་ལོག་པར་གཤེགས་པ་སྟེ། བག་ཆགས་དང་བཅས་པའི་དྲི་མ་སྤངས་པས་མཛེས་པར་གཤེགས་པའོ། །དཔེར་ན་རིམས་ན་དབྱང་པ་ལྟ་བུའོ། །གང་བ་ནི་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའོ། །ཕྱིན་ཅི་མ་ལོག་པར་གཤེགས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་གནས་པའོ། །བཅོམ་ལྡན་འདས་ནི་བྷ་ག་བཱ་ན་ཏེ་བཅོམ་པ་དང་ལྡན་པའོ། །བདུད་བཞི་བཅོམ་པ་དང༌། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པའོ། །སྤངས་པ་ནི་སྤང་བྱ་མ་ལུས་པ་སྤངས་པས། རྫོགས་པ་དང་རྒྱས་པས་ནི་


DTG015_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐོབ་བྱ་མ་ལུས་པ་ཐོབ་པའོ། །ཕྱག་འཚལ་བ་ནི། ཐལ་མོ་སྦྱར་བར་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་པ་ནི་ཞུ་བ་ལ་གུས་པར་བྱེད་པའི་ཚུལ་ཏེ་གོ་སླའོ། །དེ་ལྟར་ཞུ་ཚུལ་བསྟན་ནས། དགོས་པ་གང་གི་ཆེད་དུ་བཤད་པར་བྱ་སྟེ་ཁྱབ་བདག་བདག་ལ་སྨན་པ་དང༌། བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །ཞེས་པ། ཁྱབ་བདག་ནི་བཅོམ་ལྡན་འདས་ཏེ། ཐུགས་རྗེས་སེམས་ཅན་ཐམས་ཅད་མཉམ་པར་ཁྱབ་པའོ། །དེས་ན་ཐུགས་བརྩེ་བའི་ཕྱིར་ཞེས་པའོ། །བདག་ལ་སྨན་པ་ནི་རང་གི་དོན་དུ་ཞུས་པ་དང༌། བདག་དོན་བདག་ལ་ནི་གཞན་གྱི་དོན་དུ་ཞུས་པའོ། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་པ་སྒྱུ་འཕྲུལ་དྲ་བ་ནི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ལ་བཞི་བཞི་བཅུ་དྲུག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་ཞུས་པ་སྟེ། འོག་ནས་དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་པས་ལན་འདེབས་པས་འདིར་མ་སྤྲོས་སོ། །དེས་བྱང་ཆུབ་ཐོབ་པར་ཞུས་པ་ནི་དགོས་པའོ། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང༌། །ཞེས་པ་ཉོན་མོངས་པ་ནི་དྲུག་ལྔའམ་གསུམ་མོ། །སེམས་དཀྲུགས་པ་ནི་དེའི་བག་ཆགས་ཀྱི་དབང་གིས་སོ། །མི་ཤེས་པ་ཞེས་པ་རང་དང་པོའི་སངས་རྒྱས་སྐུ་བཞིའི་ངོ་བོར་གནས་པ་མ་ཤེས་པའོ། །འདམ་དུ་བྱིང་པ་དེ་མ་ཤེས་པའོ། །སེམས་ཅན་རྣམས་ནི་འཁོར་བ་ན་གནས་པ་རྣམས་སོ། །ཇི་ལྟར་འཁོར་བ་ན་ཆོས་དང་ལོངས་སྤྱོད་དང༌། སྤྲུལ་པ་དང༌། ཡེ་ཤེས་སྐུ་ལ་བག་ཆགས་དྲི་མ་གློ་བུར་བས་བསྒྲིབས་ནས་གཉིད་དང་རྨི་ལམ་དང་སད་པ་དང༌། བཞི་པའི་གནས་སྐབས་ཀྱི་དུས་སད་པར་བྱེད་དེ། དེ་རྣམས་ལ་སྨིན་པར་བྱ་བའི་ཕྱིར་ན། བླ་མེད་འབྲས་བུ་ཐོབ་པ་ནི་གཞན་ལ་ཕན་པའི་དགོས་པའོ། །ཉོན་མོངས་མ་ལུས་བསལ་བ་དང༌། །མི་ཤེས་མ་ལུས་སྤངས་པའི་ཕྱིར། །ཞེས་པ་སྦྱོར་རོ། །ཉོན་མོངས་མ་ལུས་ནི་དྲུག །རྩ་བའི་ཉོན་མོངས་པ་ལ་སོགས་པའོ། །མི་ཤེས་མ་ལུས་ནི་ཇི་ལྟ་བ་དང་ཇི་སྙེད་པ་མི་ཤེས་པའོ། །བསལ་བ་དང་མང་བ་ནི་ལམ་མོ། །དེའི་ཕྱིར། བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་


DTG015_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་བཤད་པར་འཚལ། །ཞེས་པ་བསམ་པའི་རིམ་པ་ཐུན་མོང་ཐེག་པ་གསུམ་དང་ཁྱད་པར་དུ་ཡང་གསང་སྔགས་ཀྱི་ཡང་རིམ་པའི་ལམ་རྣམས་ཞུས་སོ། །དེ་ལྟར་དགོས་པ་བསྟན་ནས་ཡུལ་གང་ལ་ཞུ་བ་བཤད་པར་བྱ་སྟེ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཞེས་པའི་འབྲས་བུ་གོང་དུ་བཤད་དོ། །འགྲོ་བའི་བླ་མ་སྟོན་པ་པོ། །ཞེས་པ་འགྲོ་བ་སེམས་ཅན་རིགས་དྲུག་ཏུ་འཁོད་པའོ། །བླ་མ་ནི་སངས་རྒྱས་ཆོས་སྟོན་པའོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །ཞེས་པ་དང་པོ་སེམས་བསྐྱེད་ནས་རང་དོན་ཆོས་སྐུ་ཐོབ་པ་དང༌། གཞན་དོན་གཟུགས་སྐུས་དོན་འབྱུང་བས་དམ་ཚིག་གོ །དམ་ཚིག་ནི་དེ་ཉིད་མཁྱེན་པ་ནའོ། །ཡང་ན་གདུལ་བྱའི་བསམ་པ་མཁྱེན་པས་ནའོ། །དབང་པོ་བསམ་པ་མཁྱེན་མཆོག་གིས་བཤད་དུ་གསོལ་ཞེས་སྦྲེལ་ཏོ། །དེ་ཡང་དབང་པོ་བསམ་པ་ནི། རབ་དང་འབྲིང་དང་ཐ་མ་དང་འཚམ་པར་ཆོས་སྟོན་པའོ། །དེ་ལྟར་ཞུ་བའི་ཡུལ་བསྟན་ནས་ཆོས་གང་ཞུས་པ་བཤད་དེ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཞེས་པ་བཅོམ་ལྡན་འདས་ནི་དུས་གསུམ་གྱི་སངས་རྒྱས་སོ། །དེའི་སྐུ་ནི་ཡེ་ཤེས་ཀྱི་སྐུའོ། །དེ་སྟོན་པར་བྱེད་པས་ན་སངས་རྒྱས་གྱི་དབུའི་གཙུག་ཏོར་དང་འདྲ་བས་བཅོམ་ལྡན་འདས་སོ། །དེ་ཉིད་ཚིག་ཐམས་ཅད་ཀྱི་བདག་པོས་བཤད་དུ་གསོལ་ཞེས་སྦྱར་རོ། །གང་ཞེ་ན་ཡེ་ཤེས་ཀྱི་སྐུའོ། །དེ་རྡུལ་ཕྲ་རབ་ལས་གྲུབ་པ་ནི་མ་ཡིན་ཏེ་རང་རིག་པའི་སྣང་བས་སོ། །རང་རིག་དོན་དུ་འདོད་དམ་ཞེ་ན་མ་ཡིན་ཏེ། རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ལྷན་ཅིག་སྐྱེས་པ་རང་བཞིན་གྱིས་འོད་གསལ་བ། མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་དང་པོའི་སངས་རྒྱས། ཕྱག་རྒྱ་ཆེན་པོའི་ཞེས་རྣམ་གྲངས་སོ། །རང་བྱུང་བ་ཞེས་པ་རྒྱུ་མེད་དེ་ཐབས་ལས་མ་བྱུང༌། ཐ་དད་པ་ལས་མ་བྱུང༌། དེས་ན་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བྱུང་གི་སྐུ་སྟེ། དེའི་ཕྱིར་རྩ་བའི་རྒྱུད་ལས་གསུངས་པ། རྣལ་འབྱོར་ཐབས་ཀྱི་ཚུལ་གྱིས་མིན། །ཤེས་རབ་གཅིག་པུ་ཡང་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་


DTG015_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་པས་སོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཞེས་པ་དེའི་རང་བཞིན་ནི་དེ་ཡིན་པའི་ཕྱིར་རོ། །མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང༌། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཞེས་པ་མིང་གི་ཡེ་ཤེས་ཀྱི་སྐུ་དེའིའོ། །ཡང་དག་བརྗོད་པའི་མཆོག་ནི་སྐུའི་སྣང་ལུགས་ཏེ། ཕྱི་དང་ནང་གཞན་དུ་སྣང་བར་བརྗོད་དོ། །དོན་ཟབ་ཅེས་པ་མི་འགྱུར་པའི་ཡེ་ཤེས་སོ། །དོན་རྒྱ་ཆེ་བ་ནི་ཐེག་པ་གསུམ་མོ། །དོན་ཆེན་མཚུངས་མེད་ཅེས་པ་གསང་སྔགས་ཀྱི་ལམ་དང་འབྲས་བུའོ། །རབ་ཞི་བ་ཞེས་པ་ཐེག་པ་དེ་རྣམས་དང་གསང་སྔགས་ཀྱི་འབྲས་བུ་ཟག་པ་མེད་པའི་ཡེ་ཤེས་སུ་ཞི་བའོ། །ཐོག་མ་བར་དང་མཐར་དགེ་བ། །ཞེས་པ་རྒྱུ་དང་ལམ་དང་འབྲས་བུར་གོ་བར་བྱའོ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུངས་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང༌། །ཞེས་པ་དང་པོའི་སངས་རྒྱས་དེ་ཐོག་མ་མེད་པའི་དུས་སུ་ཐོག་མ་མེད་པའི་སངས་རྒྱས་ཀྱིས་གསུངས་སོ། །མ་འོངས་པ་རྣམས་ཀྱང་གསུང་བར་འགྱུར་པ་དང༌། ད་ལྟར་ཡང་དེ་བཞིན་གཤེགས་པས་སོ། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང༌། །དཔག་མེད་རྣམས་ཀྱི་བཀའ་བཞིན་དུ། །གླུར་བླངས་གང་ལགས་བཤད་དུ་གསོལ། །ཞེས་པ་དམ་པ་དང་པོར་སྒྱུ་འཕྲུལ་དྲ་བ་གསུམ་རྒྱས་པར་བསྟན་ཏེ། སུས་བཤད་ན་རྡོ་རྗེ་འཆང་གིས་སོ། །གང་བཤད་ན་གསང་སྔགས་དེ་བརྟག་དཀའ་བས་སོ། །རྡོ་རྗེ་འཆང་གཅིག་པུར་མ་ངེས་ཏེ་དཔག་ཏུ་མེད་པ་རྣམས་ཀྱི་བཀའ་བཞིན་དུའོ། །གླུར་བླངས་ནི་ཚིག་གང་དུ་བླངས་པ་ནི་མིན་ཏེ་གླུའོ། །དེ་མ་གོ་བ་ཤེས་པར་འདོད་པས་རྒྱུད་ཕྱི་མ་འདི་བཤད་དུ་གསོལ་ཞེས་ཞུས་པའོ། །དེ་ལྟར་ཆོས་གང་ཞུས་པ་བསྟན་ནས། གསུང་བར་ཁས་བླངས་པ་བཤད་པར་བྱ་སྟེ། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་


DTG015_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི། །བདག་གི་བསམ་པ་བརྟན་པོས་གཟུང༌། །ཞེས་པ་མགོན་པོ་ནི་སེམས་ཅན་གྱིའོ། །དེ་སངས་རྒྱས་ཡིན་པས་སོ། དེས་གསུངས་པ་སྡུད་པ་པོ་བདག་ཉིད་ཕྱག་ན་རྡོ་རྗེའོ། །སེམས་ཅན་ཐམས་ཅད་འཁོར་བ་ལས་ངེས་པར་མ་བྱུང་གི་བར་དུ་བདག་གི་བསམ་པ་ནི་སེམས་བསྐྱེད་པ་ལས་མ་ཉམས་པར་བྱ་བའི་ཕྱིར་རོ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པ་མཇུག་བསྡུས་པ་སྟེ་གོ་སླའོ། །དེ་ལྟར་ལེའུ་དང་པོའི་བཤད་པའོ།། །།

ལེའུ་གཉིས་པ། ལན་བཤད་པ།


DTG010_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་གཉིས་པ་ལན་བཤད་པར་བྱ་སྟེ། སྟོན་པ་དང་སྐུའི་ཆོ་འཕྲུལ་དང༌། གསུང་གི་ཆོ་འཕྲུལ་དང༌། སྡུད་པ་པོ་ལེགས་པར་བརྗོད་པ་དང༌། ཆོས་སྟོན་པ་ལ་གདམས་པ་དང༌། སྡུད་པ་པོས་གུས་པར་བྱ་བ་གསལ་བར་བྱའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག ། ཅེས་པ་སྟོན་པ་སྟེ་དེ་ནས་ནི་ཞུ་བ་སོང་བས་སོ། །བཅོམ་ལྡན་འདས་ནི་སྔར་བཤད། ཤཱཀྱ་ནི་རིགས་ཕུན་སུམ་ཚོགས་པའོ། །ཐུབ་པ་ནི་སྐུ་གསུང་ཐུགས་ཐུབ་པས་མཉམ་པ་ལ་གནས་པ་ནི་ཐུགས་ཀྱི་ཆོ་འཕྲུལ་ལོ། །རྫོགས་པའི་སངས་རྒྱས་དེ་ལྷ་དང་མི་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་རྐང་གཉིས་མཆོག་གོ །དེས་འཁོར་གུས་པར་བྱ་བའི་ཕྱིར་སྐུའི་ཆོ་འཕྲུལ་མཛད་པ། ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པར་བརྐྱང་མཛད་དེ། །ཞེས་པ་ཟབ་མོའི་ཆོས་གསུང་པའི་རྟགས་སུ་ལྗགས་བཟང་བ་དང༌། རིང་བ་དང་མཐའ་ཡས་པའི་ཚོགས་ལ་གསུངས་པའོ། །འཇིག་རྟེན་གསུམ་པོ་སྣང་པོ་བྱེད་ཅིང༌། །ཞེས་པ་ཞལ་གྱི་སྒོ་ནས་འོད་ཟེར་འཕྲོས་པས་སོ། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །ཞེས་པ་ཉོན་མོངས་པ་དང་འཆི་བདག་དང་ཕུང་པོ་དང་ལྷའི་བུའི་བདུད་དོ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཞེས་པ་ལྷ་དང་མི་རྣམས་ཀྱི་ངན་སོང་གི་རྒྱུ་དང་ངན་སོང་གསུམ་གྱི་འབྲས་བུ་ལ་གནས་པ་སྦྱོང་བའི་ཞལ་འཛུམ་པར་སྣང་བའོ། །ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་པ་འཇིག་རྟེན་པ་ལྷ་ཚངས་པ་གདོང་བཞི་ནས་རིག་བྱེད་བརྗོད་པ་ནི་མ་ཡིན་ཏེ། དེ་


DTG015_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་གཤེགས་པ་ནི་སེམས་ཅན་རྣམས་འཁོར་བ་ལས་ཐར་བའི་ཆོས་ཀྱི་སྒྲ་སྒྲོགས་པ་ནི་ཚངས་པའི་གསུང་ངོ༌། །སྙན་པ་ནི་རང་རང་གི་སྐད་དུ་གོ་བའོ། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་པ་འདོད་པ་དང་གཟུགས་དང་གཟུགས་མེད་པའོ། །ཀུན་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་ན་གནས་པའོ། །བཀང་ནས་ཞེས་པ་གསུང་གཅིག་གསུངས་པས་དུས་གཅིག་ལ་རང་རང་གི་སྐད་དུ་གོ་བ་ནི་གསུང་གི་ཆོ་འཕྲུལ་ལོ། །དེ་ནས་སྡུད་པ་པོ་ལ་ལེགས་པར་བརྗོད་པ་ནི། ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །ཞེས་པ་ལ་སོགས་པ་སྟེ། ལག་ན་རྡོ་རྗེ་ནི་དབྱིབས་དང་ཆོས་སུ་གོ་བར་བྱའོ། །སྟོབས་པོ་ཆེ་ནི་བདུད་དང་ཉོན་མོངས་པ་བཅོམ་པའོ། །གསད་དབང་ནི་སྔགས་ཀྱི་སྡུད་པ་པོའོ། །སླར་གསུངས་པ་ནི་ལེན་ནོ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །ཞེས་པ་སྡུད་པ་པོའི་ཡོན་ཏན་ནོ། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཅེས་པ་དགོས་པའོ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང༌། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་སྦྱར་ཏེ། །ང་ལས་ཉན་པར་བརྩོན་པ་ནི། །ཞེས་བྱ་བ་ཕྱག་ན་རྡོ་རྗེ་ལ་ལེ་ལོ་མེད་ཀྱང་གཞན་དོན་དུ་བརྩོན་པར་མངོན་པའོ། །ལེགས་སོ་གཅིག་ནི་ཉན་པ་ལ་བརྗོད་ལ་གཅིག་བརྩོན་འགྲུས་དང་ལྡན་པའོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཞེས་པ་ཉན་པར་འདོད་པ་དང་བརྩོན་འགྲུས་དང་ལྡན་པས་ན་དེའི་ཕྱིར་རོ། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཞེས་པ་ནི་སྣོད་ཀྱི་རིམ་པས་དོན་རིམ་པར་བསྟན་པར་བྱ་ཞེས་ཞལ་གྱིས་བཞེས་པའོ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་པས་ཕྱག་ན་རྡོ་རྗེ་ལ་ཐུགས་ཡེང་བ་མེད་ཀྱང་མ་འོངས་པ་རྣམས་ལ་གདམས་པའོ། །དེ་ལྟར་ཆོས་སྡུད་པ་ལ་གདམས་ནས་བརྗོད་བྱའི་ཆོས་བསྟན་པ་ནི། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པ་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ཞེས་པ་གང་དུ་ཡེ་ཤེས་ཀྱི་སྐུ་ཞུས་པའོ། །དེ་ལྟ་བའི་ལུས་ནི་འཇམ་དཔལ་གྱི་སྐུའོ། །མིང་ལ་བརྟེན་ནས་དོན་ཁོང་དུ་ཆུད་པས་ན་དོན་ཆེ་བའོ། །དོན་དེས་དག་པར་བྱེད་པས་ན་སྤང་པ་ཕུན་སུམ་ཚོགས་པའོ། །སྡིག་པ་སེལ་བས་ན་ཡེ་ཤེས་ཕུན་སུམ་ཚོགས་པའོ། །སྡུད་པ་པོས་གུས་པར་བྱ་བ་ནི། །


DTG015_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་པ་གུས་པས་སེམས་ལ་འཛིན་པའོ། །དེ་ལྟར་ལེའུ་གཉིས་པའི་བཤད་པའོ།། །།

ལེའུ་གསུམ་པ། རིགས་ཀྱི་དབྱེ་བ་བརྗོད་པ།


DTG010_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་རིགས་ཀྱི་དབྱེ་བ་བརྗོད་པར་བྱ་སྟེ། རིགས་ལ་གང་གིས་གཟིགས་པ་དང༌། རིགས་གཅིག་པ་དང་གཉིས་པ་དང་གསུམ་དང་ལྔ་དང་དྲུག་དང་སུམ་ཅུ་དང༌། དྲུག་ཅུ་དང༌། སུམ་བརྒྱ་དྲུག་ཅུ་དང༌། སྟོང་བརྒྱད་ཅུར་ཕྱེ་བས་གསལ་བར་བྱའོ། །རིགས་དེ་རྣམས་ལ་གང་ལ་གང་གིས་གཟིགས་ན། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ། །ཅེས་པ་ནས་ཆེར་གཟིགས་པ་ཞེས་པར་འབྲེལ་ཏེ་ཐམས་ཅད་མཁྱེན་པས་སོ། །གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །ཞེས་པས་གསང་སྔགས་ནི་མནྟྲ་ཡིན་པས། མན་ནི་ཡིད་ཡིན། ཏྲ་ནི་སྐྱོབ་པས་ཡིད་སྐྱོབ་པའི་རིགས་ཏེ། ཐུགས་ཀྱི་བདག་པོའི་རིགས་གཅིག་གོ །གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་པ་གསང་སྔགས་འཆང་བ་ཐབས་ཀྱི་རིགས་དང༌། །རིག་སྔགས་འཆང་བ་ཤེས་རབ་ཀྱི་རིགས་ཏེ། །ཐབས་དང་ཤེས་རབ་ཀྱི་རིགས་གཉིས་སོ། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་པ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་མོ། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང༌། །ཞེས་པ་མི་བསྐྱོད་པ་ལ་སོགས་པ་རྒྱས་འདེབས་པའི་རིགས་ལྔའོ། །རིགས་མཆོག་དང་ཞེས་པ་རིགས་ཀྱི་བདག་པོ་དཔལ་རྡོ་རྗེ་འཆང་དང་རིགས་དྲུག་གོ །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །ཞེས་པས་རིགས་དྲུག་རེ་རེ་ལ་ཡང་ལྔ་ལྔར་ཕྱེ་བས་རིགས་སུམ་ཅུ་སྟེ་འཇིག་རྟེན་པའི་རིགས་སོ། །འཇིག་རྟེན་ལས་འདས་པའི་རིགས་ནི་རིགས་སུམ་ཅུ་ལས་ཐབས་དང་ཤེས་རབ་ཀྱི་ཕྱེ་བས་རིགས་དྲུག་ཅུའོ། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང༌། །ཞེས་པ་རིགས་དྲུག་ཅུ་ལ་ཕ་ལས་ཐོབ་པའི་རིགས་གསུམ་དང༌། མ་ལས་ཐོབ་པའི་རིགས་གསུམ་དང༌། དྲུག་གིས་ཕྱེ་བས་རིགས་སུམ་བརྒྱ་དྲུག་ཅུའོ། །རིགས་ཆེན་དང་ཞེས་པ་ནི་རིགས་སུམ་བརྒྱ་དྲུག་ཅུ་ལ་སྐུ་དང་གསུང་དང་ཐུགས་ཀྱི་རིགས་གསུམ་དང་ཕྱེ་བས་རིགས་སྟོང་བརྒྱད་ཅུར་འགྱུར་རོ། །དེ་ལྟར་རིགས་ཀྱི་དབྱེ་བ་མང་ན་ཡང༌། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པ་འདིར་རིགས་དྲུག་གཙོར་གཟུང་ངོ༌། །དེ་ལྟར་ལེའུ་གསུམ་པའི་བཤད་པའོ།། །།

ལེའུ་བཞི་པ། སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་བརྗོད་པ།


DTG015_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་བརྗོད་པར་བྱ་སྟེ། ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །ཞེས་པ་ལ་སོགས་པ་གང་གིས་གསུང་པ་གང་གསུང་པ་དེའི་ངོ་བོ་དང་དབྱངས་ཡིག་དང་མཚམས་སྦྱར་བའི་དོད་དང་སྔགས་ཀྱི་རྒྱལ་པོ་དྲུག་རྣམས་ཀྱིས་གསལ་བར་བྱའོ། །དེ་ལ་ཚིག་གི་བདག་པོ་ནི་དེ་བཞིན་གཤེགས་པའོ། །ཚིགས་སུ་བཅད་ཅེས་པ་ཚེག་པར་བདུན་པར་འཆད་པ་དང༌། །རིགས་མང་ཡང་དྲུག་ཏུ་ངེས་པར་ཚིགས་སུ་བཅད་པའོ། །དེ་ནི་གང་གིས་བསྡུས་པའོ། །གང་གསུང་ན། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །ཞེས་པ་གསང་སྔགས་ནི་བརྗོད་བྱའི་དོན་ཏེ། །ཕྱི་རུ་ནི་འཇིག་རྟེན་ཁམས་སོ། །ནང་དུ་ནི་མིའི་ལུས་སོ། །གཞན་ནི་ལམ་དང་འབྲས་བུའི་ཚུལ་དུའོ། །རྒྱལ་པོ་དྲུག་ལྡན་ཞིང་ཞེས་པ་ཕྱིར་འབྱུང་བ་ལྔ་ཡེ་ཤེས་ཀྱི་ཁམས་དང་དྲུག་ལས་སྣོད་ཀྱི་འཇིག་རྟེན་གྱི་ཁམས་དང་བཅུད་རིགས་དྲུག་གི་སེམས་ཅན་ནོ། །ནང་དུ་ནི་མིའི་ལུས་ཁོ་ན་སྟེ་ཕུང་པོ་དྲུག་དང་ཁམས་དྲུག་དང༌། །དབང་པོ་དྲུག་དང༌། ཡུལ་དྲུག་དང༌། ལས་ཀྱི་དབང་པོ་དྲུག་དང༌། ལས་ཀྱི་དབང་པོའི་ཡུལ་དྲུག་དང་ལྡན་པས་སོ། །གཞན་ལམ་དང་འབྲས་བུ་ལ་ནི་སྤང་བྱ་ཉོན་མོངས་པ་ལྔ། ཆ་མཉམ་པ་གཅིག་དང་དྲུག །དེའི་གཉེན་པོ་དཀྱིལ་འཁོར་དྲུག་དབྱིབས་ལྷ་དྲུག་དང་གསང་སྔགས་རླུང་དང༌། ཆོས་སྟེང་དང༌། འོག་གི་རྩ་དྲུག་དང༌། འཁོར་ལོ་དྲུག་དང༌། ཁམས་དྲུག་དང༌། དེ་བཞིན་སྦྱོར་བའི་ཡན་ལག་དྲུག་གོ །འབྲས་བུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་རྒྱལ་བ་རིགས་དྲུག་ཏུ་ངེས་པར་བྱས་པའོ། དེ་ནི་དེ་རྣམས་ཀྱི་ངོ་བོར་བརྗོད་པར་བྱ་སྟེ། གཉིས་སུ་མེད་པར་འབྱུང་བ་དང༌། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་པ་རྒྱུ་དང་རྐྱེན་མེད་པ་དང༌། །སྐྱེ་བ་དང་སྐྱེ་བ་མེད་པ་གཉིས་ཀ་མེད་པར་རང་བྱུང་བ་སྟེ། སེམས་ཅན་རྣམས་ལ་བག་ཆགས་ཀྱི་སྟོབས་ཀྱིས་སོ། །ལམ་ལ་གནས་པ་ནི་དེའི་ལམ་མོ། །འབྲས་བུ་ལ་གནས་པ་རྣམས་འབྲས་བུའི་ཚུལ་དུའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། སྒྱུ་མ་ཆེན་པོ་གྲགས་ཆེན་མོ། །འབྱུང་བ་མེ་རྣམས་སྡུད་བྱེད་མ། །རང་ཉིད་བྱེད་ཅིང་རང་ཉིད་འཕྲོག །རང་ཉིད་རྒྱལ་པོ་རང་ཉིད་


DTG015_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཙོ། །ཞེས་བྱ་བ་སྟེ་དོན་དམ་པར་བརྫུན་པ་ཉིད་དེ། །བྱེད་པ་པོ་མེད་པས་ན་འབྱུང་བ་དང་ཞེས་བྱའོ། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་པ་འོག་ཏུ་འབྱུང་བའི་ཨ་རྣམས་སོ། །དབྱངས་ཡིག་རྣམས་བསྟན་པ་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ་ཞེས་པ་གོང་དུ། དོན་ཟབ་དོན་ནི་རྒྱ་ཆེ་ཞིང༌། །ཞེས་པ་ཞུས་ལན་གྱི་ཚིགས་སུ་བཅད་པ་སྟེ། ཨ་ནི་བརྡའི་རང་བཞིན་ཏེ་གཉིས་སོ། །དེ་བཞིན་ཉིད་ཀྱི་བརྡ་དང་ངག་གིས་བརྗོད་པའི་བརྡའོ། །ཨ་དེས་སྤྲོས་པ་དང་གྲགས་པ་དང་བྲལ་བའི་ཆོས་ཉིད་མ་བཅོས་པ་མི་འགྱུར་པའི་ཡ་ཤེས་སུ་གོ་བས་ཟབ་པའི་ལམ་བསྟན་པའོ། །དེ་ཡང་འོག་ན། ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །ཅེས་འབྱུང་ངོ༌། །ངག་ཏུ་བརྗོད་པའི་བརྡ་ནི་མཆུ་དང་རྐན་ལ་སོགས་པའི་སྒྲ་ལ་བརྟེན་ནས་དོན་མཚོན་པ་སྟེ་རྒྱ་ཆེ་བའི་ལན་ནོ། །དེ་ཡང་ཡི་གེ་འདི་རྣམས་ཀྱིས་ཐེག་པ་ཐུན་མོང་པ་གསུང་དང་ཁྱད་པར་པའི་ཐེག་པའི་གསང་སྔགས་རྣམས་སུ་གནས་ཏེ། འོག་ནས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་པའོ། །ཐེག་པ་གསུམ་གྱི་དོན་མི་ཤེས་པ་ནི་བྱང་ཆུབ་མི་ཐོབ་པས་ཉན་ཐོས་ཀྱི་ཐེག་པ་མི་དགེ་བ་ལས་ལྡོག་པ་དང༌། །འདོད་པའི་ཡོན་ཏན་ལྔ་ལ་ཆགས་པའི་དབང་གིས་ལོངས་སྤྱོད་པ་ལས་ལྡོག་པའོ། །དེ་མེད་ན་བྱང་ཆུབ་མེད་པས་ན་དང་པོ་ལ་ཉན་ཐོས་ནི་ཕྱི་རོལ་ན་རྡུལ་ཕྲ་མོ་རྫས་སུ་གྲུབ་པར་འདོད་ལ། ནང་དུ་གང་ཟག་གི་བདག་མེད་པའི་ཆོས་བདག་རྟག་པ་དང༌། མི་རྟག་པར་ཁས་ལེན་པར་ཁུར་ཁུར་བ་ཡོད་པར་འདོད་པས་ན། རྡུལ་ཕྲ་རབ་འདུས་པ་ལས་སྣོད་དང་བཅུད་ཀྱི་འཇིག་རྟེན་འབྱུང་བ་བཤད་པར་བྱ་སྟེ། ཨ་ཨཱ་དང་པོ་ནམ་མཁའ་སྟོང་བར་རོ། །ཨི་ཨཱི་ནི་རླུང་གི་རྡུལ་ཕྲ་མོ་འདུས་པ་ལས་རླུང་གི་དཀྱིལ་འཁོར་རྒྱ་ཆེན་པོའོ། །ཨེ་ཨཻ་ནི་མེའི་རྡུལ་ཕྲ་མོ་འདུས་པ་ལས་མེའི་ཁོར་ཡུག་གོ །དེའི་སྟེང་དུ་ཨོ་ཨཽ་ལས་སའི་རྡུལ་ཕྲ་རབ་འདུས་པ་ལས་སའི་ཁོར་ཡུག་གོ །དེའི་དབུས་སུ་ཨཾ་ཨཿ་ནི་ཡེ་ཤེས་ཀྱི་ཁམས་རི་རབ་དང་རི་གཞན་རྣམས་སོ། །དེ་ནས་སྠི་ཏོ་ནི་གནས་དེ་ན། ཧྲྀ་དི་ནི་སྙིང་པོ་སྟེ་བཅུད་སེམས་ཅན་ནོ། ཛྙཱ་ན་མཱུ་རྟི་ནི་གདོད་ནས་ཡེ་ཤེས་ཅན་ནོ། །དེ་སུའི་ཡིན་ན་ར་ཧཾ་ནི་ངའི་ཡིན་པའོ། །བུདྡྷོ་


DTG015_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བུདྡྷཱ་ནཱཾ་ནི་སངས་རྒྱས་ཀྱི་སྙིང་པོ་ཅན། ཏྲྱ་དྷྭ་བརྟི་ནཱཾ་ནི་དུས་གསུམ་དུ་བདེ་བར་གཤེགས་པའི་སྙིང་པོ་དང་མ་བྲལ་བར་གནས་སོ། །བཛྲ་ཏཱི་ཀྵྞ་ལ་སོགས་པའི་སྔགས་དྲུག་ནི་རིགས་དྲུག་གི་སེམས་ཅན་ནོ། །ཡང་དབྱངས་ཡིག་བཅུ་གཉིས་ནི་དུམ་བུ་བཅུ་གཉིས་སོ། །གནམ་ལ་ཡང་ཁྱིམ་བཅུ་གཉིས་ཏེ། །ཉི་ཟླ་དང་གཟའ་སྐར་གྱིས་བརྒྱན་པའོ། །དེར་ཡང་ཟབ་པའི་དོན་ཅིར་ཡང་མ་གྲུབ་པ་ལས་རྒྱ་ཆེ་བ་ཅིར་ཡང་སྣང་དུ་རུང་བར་ཤར་བ་དོན་དམ་པར་ན་རྡོ་རྗེ་འཆང་གི་སྐུའོ། །དེ་ཡང་དུས་འཁོར་ལས་གསུངས་པ། དུས་ལས་སྟོང་པ་ལས་ནི་རླུང་དང་མེ་དང་ཆུ་དང་ས་དང་གླིང་དང་རྒྱ་མཚོ་དང༌། །རྒྱུ་སྐར་ཟླ་བ་ཉི་མ་སྐར་མའི་ཚོགས་དང་དྲང་སྲོང་རྣམས་དང་འབྱུང་པོ་ཀླུ་རྣམས་དང༌། །བྱོལ་སོང་སྐྱེ་གནས་རྣམ་བཞི་སྣ་ཚོགས་ས་ཡི་སྟེང་ན་མི་རྣམས་དང་ནི་དམྱལ་བ་རྣམས། །སྟོང་པའི་དབུས་ནས་ཡང་དག་འབྱུང་བ་ཆུ་ལས་ལན་ཚྭ་བཞིན་དུ་སྒོ་ངའི་ནང་ནས་སྐྱེས་པ་རྣམས། །སྐུ་དང་ཡེ་ཤེས་ནམ་མཁའ་ངེས་པར་རླུང་མེ་ཆུ་ས་རྣམས་ཏེ་བརྟན་པ་རྣམས་དང་གཡོ་བ་དང༌། །མཐོང་བ་མེད་པར་སྐྱེས་པའི་ལྷ་སྟེ་རྣམ་པ་བཅུ་པོ་ས་ཡི་སྟེང་དུ་རྡོ་རྗེའི་སྐུར་གསུངས་པ། སྔགས་ཀྱི་སྐྱེ་གནས་ལས་ནི་སྐྱེ་བར་འགྱུར་པ་མི་ཡི་བདག་པོ་སླར་ཡང་འདི་དག་འཇིག་པར་འགྱུར། །དེ་ལྟར་གང་གིས་ཡང་དག་ཀུན་དུ་རྟོགས་པས་གྲོལ་ཞིང་ཕྱུགས་ཀྱི་སེམས་སུ་མི་འགྱུར་རོ། །ཞེས་པས་གསལ་ལོ། །དེ་ནས་རང་རྒྱལ་བའི་ཐེག་པ་ནི་སློབ་དཔོན་མི་འདོད་པས་སངས་རྒྱས་མེད་པའི་ཞིང་དུ་སྨོན་ལམ་བཏབ་ནས། དེར་སྐྱེས་པ་དང་དུར་ཁྲོད་དུ་ཕྱིན་ནས་རོལ་བརྟགས་པས། སྐྱེ་བ་ལས་བྱུང་དེ་སྲིད་པ་ལས་བྱུང༌། དེ་ཡང་དེ་བཞིན་དུ་གོང་མ་གོང་མ་ལས་བྱུང་བས། མ་རིག་པ་ལས་བྱུང་བར་ཤེས་པས་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལས་བཟློག་པས་སངས་རྒྱས་ཐོབ་པས་ན་དབྱངས་བཅུ་གཉིས་ནི་རྟེན་འབྲེལ་བཅུ་གཉིས་སོ། །དེ་ལ་བརྟེན་ནས་སངས་རྒྱས་པས་བསེ་རུ་ལྟ་བུར་གཅིག་ཏུ་གནས་པས་ན་བུདྡྷོ་བུདྡྷཱའོ། །སྔགས་དྲུག་ནི་ནེ་ཙོ་ལྟར་ཁྱུ་ལྡིང་བའོ། །ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ནི་དང་པོ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལོངས་སྤྱོད་པས་ས་བཅུ་གཉིས་རིམ་གྱིས་བགྲོད་ནས་སངས་རྒྱས་པའི་དོན་མཚོན་ཏེ་


DTG015_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབྱངས་བཅུ་གཉིས་ས་བཅུ་གཉིས་ཏེ་ཨ་སྦྱོར་བའི་ལམ། ཨཱ་རིང་པོ་ཚོགས་ཀྱི་ལམ། ཨི་མཐོང་བའི་ལམ་ས་དང་པོའོ། །དེ་ནས་རིམ་གྱིས་བགྲོད་ནས་ས་བཅུ་འདས་ནས་གནས་འོག་མིན་དུ་སངས་རྒྱས་པའི་བུདྡྷོ་བུདྡྷཱའོ། །སྔགས་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པའི་སྐུ་དང་ཡེ་ཤེས་སོ། གཞན་ཞེས་བྱ་བ་སྔགས་ཀྱི་ལམ་འབྲས་བུ་དང་སྦྱོར་བས། དང་པོ་སྦྱར་བྱ་གློ་བུར་གྱི་དྲི་མ་དྲུག་ནི། ཨ་ཨཱ་ནི་ནམ་མཁའི་ཁམས་ཞེ་སྡང་ངོ༌། ཨི་ཨཱི་ནི་རླུང་གི་ཁམས་ཕྲག་དོག་གོ །ཨུ་ཨཱུ་ནི་ཆུའི་ཁམས་འདོད་ཆགས་སོ། །ཨེ་ཨཻ་ནི་ལུས་རླུང་ཡིན་དང་བསམ་པ་མེའི་ཁམས་ང་རྒྱལ་ལོ། །ཨོ་ཨཽ་ནི་ལུས་ཆུ་ཡིན་དང་བསམ་པ་སའི་ཁམས་གཏི་མུག་གོ །ཨཾ་ཨཿ་ནི་ཡེ་ཤེས་ཀྱི་ཁམས་ཉོན་མོངས་པ་ཆ་མཉམ་པའོ། །དེ་ཉིད་གཉེན་པོར་དཀྱིལ་འཁོར་དྲུག་ནི། ཨ་ཨཱ་ནི་མེ་ལོང་ལྟ་བུ་ཡེ་ཤེས་མི་བསྐྱོད་པའི་ལྷའི་དཀྱིལ་འཁོར་རོ། ཨི་ཨཱི་ནི་བྱ་བ་གྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པའི་ལྷ་དང་དཀྱིལ་འཁོར་རོ། །ཨུ་ཨཱུ་ནི་སོ་སོར་རྟོག་པའི་ཡེ་ཤེས་སྣང་བ་མཐའ་ཡས་ཀྱི་ལྷ་དང་དཀྱིལ་འཁོར་རོ། །ཨེ་ཨཻ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་ལྷ་དང་དཀྱིལ་འཁོར་རོ། །ཨོ་ཨཽ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་ལྷ་དང་དཀྱིལ་འཁོར་རོ། །ཨཾ་ཨཿ་ནི་ཡེ་ཤེས་ལྔའི་ངོ་བོ་ཉིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་རྡོ་རྗེ་འཆང་གི་སྐུའོ། །སྠི་ཏོ་ཧྲྀ་དི་ནི་ལྷ་རྣམས་ཀྱི་ཐུགས་ཀའོ། །ཛྙཱ་ན་མཱུ་རྟི་ནི་ཡེ་ཤེས་པའོ། །ར་ཧཾ་ངའོ། །བུདྡྷོ་བུདྡྷཱ་ནཱཾ་ནི་སངས་རྒྱས་སོ། །ཏྲྱ་དྷྭ་བརྟི་ནཱཾ་ནི་དུས་གསུམ་སངས་རྒྱས་སོ། །བཛྲ་ཏཱི་ཀྵྞ་ནི་སྣང་བ་མཐའ་ཡས་ཐུགས་ཀར་རྡོ་རྗེ་རྣོན་པོ། དུཿ་ཁཙྪེ་ད་ནི་མི་བསྐྱོད་པའི་ཐུགས་ཀར་སྡུག་བསྔལ་ཀུན་གཅོད་དོ། །པྲཛྙཱ་ཛྙཱ་ན་ནི་རྣམ་སྣང་གི་ཐུགས་ཀར་ཤེས་རབ་ཡེ་ཤེས་སོ། །ཛྙཱ་ན་ཀཱ་ཡ་ནི་དོན་ཡོད་གྲུབ་པའི་ཐུགས་ཀར་ཡེ་ཤེས་ཀྱི་སྐུ་ཅན་ནོ། །པཱ་གཱི་ཤྭ་རི་ནི་རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀར་ངག་གི་དབང་ཕྱུག་གོ །ཨ་ར་པ་ཙ་ན་ཞེས་པ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཡེ་ཤེས་བསྡུས་པ་བསྒོམ་མོ། །སྔགས་འདི་རྣམས་བརྡ་ཡིན་པས་དོན་རྣམས་མཚོན། །ས་བོན་ཡིན་པས་ལྷ་རྣམས་བསྐྱེད། སྲོག་བསྐུལ་བ་ཡིན་པས་སྙིང་པོ་ཟློས། བསྒོམ་བྱ་ཡིན་པས་


DTG015_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུགས་ཀར་གནས་པའོ། །དེའི་དབྱིབས་ཀྱི་རྣལ་འབྱོར་རོ། །ད་ནི་སྔགས་ཀྱི་རྣལ་འབྱོར་ལ། ལྟེ་བའི་འཁོར་ལོ་ལ་ཁྱིམ་བཅུ་གཉིས་ནས་འཕོ་བ་བཅུ་གཉིས་སུ་ཉིན་མཚན་བཅུ་གཉིས་ཕྲུགས་གཅིག་ལ་རྒྱུ། །གྲངས་ཉི་ཁྲི་ཚིག་སྟོང་དྲུག་བརྒྱ་རྒྱུ། དབྱུ་གུ་དྲུག་ཅུ་ཐམ་པའོ། །དེ་ལ་ཨ་ནི་རྩ་གཡས་ནས་ནམ་མཁའི་རླུང་སྟོང་བརྒྱད་བརྒྱ་རྒྱུ། ཨཱ་ནི་རྩ་གཡོན་ནས་ནམ་མཁའི་རླུང་སྟོང་བརྒྱད་བརྒྱ་རྒྱུ། ཨི་ཨཱི་ནི་རྩ་གཡས་དང་གཡོན་ནས་རླུང་གི་རླུང་སྟོང་བརྒྱད་བརྒྱ་བརྒྱད་བརྒྱ་རྒྱུ། །ཨུ་ཨཱུ་ནི་རྩ་གཡས་དང་གཡོན་ནས་ཆུའི་རླུང་སྟོང་བརྒྱད་བརྒྱ་བརྒྱད་བརྒྱ་རྒྱུའོ། །ཨེ་ཨཻ་ནི་རྩ་གཡས་དང་གཡོན་ནས་མེའི་རླུང་སྟོང་བརྒྱད་བརྒྱ་བརྒྱད་བརྒྱ་རྒྱུའོ། །ཨོ་ཨཽ་ནི་རྩ་གཡས་དང་གཡོན་ནས་སའི་རླུང་སྟོང་བརྒྱད་བརྒྱ་བརྒྱད་བརྒྱ་རྒྱུའོ། །ཨོཾ་ཨཿ་ནི་རྩ་གཡས་དང་གཡོན་ནས་གོང་གི་གྲངས་རྣམས་ཀྱི་ཁ་ནས་འཕོ་བའི་བར་དུ་ལྔ་བཅུ་རྩ་དྲུག་དང་རྐང་པ་རེ་རེ་ཡེ་ཤེས་ཀྱི་རླུང་རྒྱུ་བས། སྤྱིར་བསྡམས་པས་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་ནི་ཉིན་ཞག་གཅིག་པའོ། །སྠི་ཏོ་ནི་གནས་ཡིན་པས་རྩ་དབུས་མར་རོ། །ཧྲྀ་དི་ནི་སྙིང་པོ་ཡིན་པས་དབུ་མའི་གཟུགས་སོ། །ཛྙཱ་ན་མཱུ་རྟི་ནི་དེས་ཡེ་ཤེས་སྐྱེ་བས་བུདྡྷོ་བུདྡྷཱ་ནཱཾ་སངས་རྒྱས་སོ། །ཏྲྱ་དྷྭ་བརྟི་ནཱཾ་ནི་རྩ་དབུས་མར་སྡོམ་པའོ། །དེ་འཁོར་ལོ་དྲུག་ན་གནས་པས་སྔགས་ཏེ་ཡེ་ཤེས་སེམས་དཔའ་དྲུག་གོ །ད་ནི་ཆོས་ཀྱི་རྣལ་འབྱོར་ལ་འཁོར་ལོ་དྲུག་ནི། ཨ་ཨཱ་ནི་སྤྱི་བོར་ནམ་མཁའི་འཁོར་ལོ། ཨུ་ཨཱུ་ནི་དཔྲལ་བ་ཆུའི་འཁོར་ལོ། ཨེ་ཨཻ་ནི་མགྲིན་པ་མེའི་འཁོར་ལོ། ཨི་ཨཱི་ནི་སྙིང་ག་རླུང་གི་འཁོར་ལོ། །ཨོ་ཨཽ་ནི་ལྟེ་བ་སའི་འཁོར་ལོ། །ཨཾ་ཨཿ་ནི་གསང་གནས་ཡེ་ཤེས་ཀྱི་འཁོར་ལོའོ། །དེ་ལ་སྟེང་འོག་གི་རྩ་དྲུག་ནི་ཨཾ་ཨཿ་སྟེང་གི་རྩ་དབུས་མའོ། །ཨེ་ཨཻ་གཡས་ཀྱི་རྩ་རོ་མའོ། །ཨི་ཨཱི་ནི་གཡོན་གྱི་རྩ་བརྐྱང་མའོ། །འོག་གི་གསུམ་ལ་ཨོ་ཨཽ་ནི་གཡས་བཤད་པ་འབབ་པའོ། །ཨུ་ཨཱུ་ནི་གཡོན་དྲི་ཆུ་འབབ་པའོ། །ཨཾ་ཨཿ་ནི་དབུས་དུང་ཅན་མ་བྱང་ཆུབ་ཀྱི་སེམས་འབབ་པའོ། །ཁམས་དྲུག་ནི་ས་དང་མེ་དང་རླུང་དང་ནམ་མཁའ་དང༌། ཡེ་ཤེས་ཀྱི་ལམ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནས་འབབ་པ། འཁོར་ལོ་དྲུག་


DTG015_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་འཛིན་པ་ནི་སངས་རྒྱས་ཡིན་ཏེ་ཡེ་ཤེས་སེམས་དཔའ་དྲུག་གོ །དེ་བཞིན་ཉིད་སྦྱོར་བའི་ཡན་ལག་དྲུག་ཏུ་སྦྱར་ནས། ཨཾ་ཨཿ་ནི་སོ་སོར་བསྡུས་པའོ། །ཨ་ཨཱ་ནི་བསམ་གཏན་ནོ། །ཨི་ཨཱི་ནི་སྲོག་རྩོལ་ལོ། །ཨེ་ཨཻ་ནི་འཛིན་པའོ། །ཨུ་ཨཱུ་ནི་རྗེས་སུ་དྲན་པའོ། །ཨོ་ཨཽ་ནི་ཏིང་ངེ་འཛིན་ཏོ། །དེ་ལས་འབྲས་བུ་འབྱུང་བ་ནི་ནམ་མཁའ་ཆོས་ཀྱི་འབྱུང་གནས་སུ་ཐུགས་རྡོ་རྗེ་རབ་ཏུ་བཞག་ནས། བསྙེན་པས་དུས་ཀྱི་ཐོག་མར་སོ་སོར་བསྡུས་པ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་བཤད་པས། དེས་ས་བཅུ་གཉིས་པ་རིམ་གྱིས་བགྲོད་པའི་བརྡར་དབྱངས་ཡིག་བཅུ་གཉིས་སྔར་བཤད་དོ། །འདི་ལ་མཚན་མ་ཡང་རྣམ་པ་གསུམ་སྟེ། དང་པོའི་མཚན་མ་དང༌། བར་མའི་མཚན་མ་དང༌། ཐ་མའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་མཚན་མ་སྟེ། །ཡན་ལག་དྲུག་གི་སྦྱོར་བ་ལས་གཟུགས་ཡོངས་སུ་རྫོགས་པར་མི་འགྱུར་པའི་སྐད་ཅིག་མ་ཐོབ་པའོ། །བར་མའི་མཚན་མ་ནི་ལུགས་ལས་བྱུང་བས་མཆོག་ཏུ་མི་འགྱུར་པའི་སྐད་ཅིག་ལ་རླུང་བརྒྱ་ཕྲག་བཅོ་བརྒྱད་འགགས་པས་ས་དང་པོ་ཐོབ་བོ། །མངོན་པར་ཤེས་པ་ལྔས་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་འཇིག་རྟེན་པའི་དངོས་གྲུབ་ཐོབ་པ་ཞེས་བྱའོ། །ཐ་མའི་མཚན་མ་ནི་འཁོར་ལོ་རེ་རེ་ལ་ས་གཉིས་གཉིས་རིམ་གྱིས་ཐོབ། རླུང་བརྒྱ་ཕྲག་སུམ་ཅུ་སོ་དྲུག་འགགས་ནས་སངས་རྒྱས་རྡོ་རྗེ་འཆང་ཉིད་མཆོག་ཏུ་མི་འགྱུར་པའི་སྐད་ཅིག་གིས་ས་བཅུ་གཉིས་ཐོབ་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་བྱའོ། །དེ་ལྟར་ལེའུ་བཞི་པའི་བཤད་པའོ།། །།

ལེའུ་ལྔ་པ། རྡོ་རྗེ་དབྱིང་ཀྱི་དཀྱིལ་འཁོར་ཆེན་པོ་བརྗོད་པ།


DTG010_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བརྗོད་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་པ་གང་དུ་དབྱངས་ཡིག་ལ་དབྱིབས་ཀྱི་རྣལ་འབྱོར་དང༌། སྔགས་ཀྱི་རྣལ་འབྱོར་དང༌། ཆོས་ཀྱི་རྣལ་འབྱོར་དང༌། དེ་བཞིན་ཉིད་ཀྱི་རྣལ་འབྱོར་མདོར་བསྟན་པ་ལས་འདིར་ཇི་ལྟར་འབྱུང་བ་སྙམ་པའི་རྣམ་པར་རྟོག་པ་དང་ལྡན་པའི་འཁོར་རྣམས་ལ་འདི་ལྟ་སྟེ་ཞེས་པའོ། །སངས་རྒྱས་ཞེས་པ་སྤངས་པ་དང་ཐོབ་པ་གཉིས་ཡོད་པའོ། །


DTG015_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འོ་ན་སངས་རྒྱས་ཀྱི་མཆོག་པ་ལ་བཅོམ་ལྡན་འདས་ཅིས་ཤེ་ན། སངས་རྒྱས་ནི་ཉན་ཐོས་དང་རང་སངས་རྒྱས་ལ་ཡང་ཡོད་པས། དེ་ལས་ཁྱད་པར་དུ་བཅོམ་ལྡན་འདས་ནི་རྣམ་པ་ཐམས་ཅད་མཁྱེན་པའོ། །ཡང་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ན་རྫོགས་པའི་སངས་རྒྱས་ཞེས་པ་ཟློས་སོ་སྙམ་པ་རིགས་ལྔའི་དེ་བཞིན་གཤེགས་པ་ལས་ཁྱད་པར་དཔལ་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཁོ་ནའོ། །དེ་གང་ན་ཨ་ལས་བྱུང་ཞེས་པས་ཨེའི་རྣམ་པ་ཆོས་འབྱུང་ངོ༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པ་བཾ་ཡིག་གོ ། དོན་ཆེན་ཡི་གེ་དམ་པ་ཡིན། ཞེས་པ་ཨ་ཀྵ་ར་སྟེ་མི་འགྱུར་པའོ། །དེ་ལྟར་ཡང་སྟོང་ཕྲག་དྲུག་ཅུ་པ་སྒྱུ་འཕྲུལ་དྲ་བའི་ཏནྟྲ་ལས་གསུངས་པ། སྔགས་ཀྱི་སྐྱེ་གནས་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག ། ཅེས་པ་ལ་འདི་བརྡ་རྣམ་པ་གཉིས་ཏེ་གཅིག་ནི་ངག་གི་བརྡ་དང༌། གཉིས་པ་ནི་དེ་བཞིན་ཉིད་ཀྱི་བརྡའོ། །སྔགས་ཀྱི་བརྡ་ནི་ངག་གི་བརྗོད་པ་སྟེ་འཇིག་རྟེན་པའོ། །དེ་བཞིན་ཉིད་ཀྱི་བརྡ་ནི་དོན་དམ་པ་སྟེ་བརྗོད་པ་དང་བྲལ་བའོ། །བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཐེག་པ་ལས་གསུངས་སོ། །དེ་ལྟར་ན་མྱ་ངན་ལས་འདས་པ་ཡེ་ཤེས་ཀྱི་ཁམས་གཞལ་དུ་མེད་ཅིང་བརྗོད་དུ་མེད་པ་སྟེ། དབྱངས་དང་གསལ་བྱེད་ཀྱི་མཚན་ཉིད་བརྗོད་དུ་མེད་པ་ཞེས་བྱའོ། །ནམ་མཁའི་ཁམས་ལ་སོགས་སྔགས་ཀྱི་བརྡས་ནི་ངག་གི་བརྗོད་པའི་མཚན་ཉིད་མགྲིན་པ་ལ་སོགས་པ་ནས་བརྗོད་པའི་ཆོས་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་ལ་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་རྣམ་པར་ཤེས་པའི་ཁམས་ཨ་གྲི་གུག་ལྟ་བུ་དབུས་སུའོ། །སྟེང་དུ་འདུ་བྱེད་རླུང་གི་ཁམས་ཨ་དབྱུག་པ་ལྟ་བུའོ། །གཡས་སུ་ཚོར་བ་མེའི་ཁམས་ཨ་ཚེག་དྲག་ལྟ་བུའོ། །གཡོན་དུ་འདུ་ཤེས་ཆུའི་ཁམས་ལས་ཐིག་ལེ་ལྟ་བུའོ། །འོག་ཏུ་གཟུགས་སའི་ཁམས་ཨ་ཐོང་གཤོལ་ལྟ་བུའོ། །དེ་ལྟར་ལྔ་ནི་བཾ་ཡིག་རྡོ་རྗེ་སེམས་དཔའི་རང་བཞིན་མཚོན་པར་བྱེད་པའི་བརྡའོ། །སྔར་གྱི་མཚན་མ་ལྔའི་སྟེང་དུ་རྣམ་པར་ཤེས་པ་ལ་སོགས་པ་མཚོན་པར་བྱེད་པའི་གསལ་བྱེད་ཀའི་


DTG015_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྡེ་ཚན་ནམ་མཁའི་ཁམས་སོ། །ཤར་དུ་འདུ་བྱེད་ལ་སོགས་པ་མཚོན་པར་བྱེད་པ་ཙའི་སྡེ་ཚན་རླུང་གི་ཁམས་སོ། །ལྷོ་རུ་ཚོར་བ་ལ་སོགས་པ་མཚོན་པར་བྱེད་པ་ཊའི་སྡེ་ཚན་མེའི་ཁམས་སོ། བྱང་དུ་འདུ་ཤེས་མཚོན་པར་བྱེད་པའི་སྡེ་ཚན་ཆུའི་ཁམས་སོ། །དེའི་ནུབ་ཏུ་གཟུགས་ལ་སོགས་པ་མཚོན་པར་བྱེད་པ་ཏའི་སྡེ་ཚན་སའི་ཁམས་སོ། །འོག་ཏུ་ཡེ་ཤེས་ཁམས་ལ་སོགས་པ་མཚོན་པར་བྱེད་པ་སའི་སྡེ་ཚན་ཡེ་ཤེས་ཀྱི་ཁམས་སོ། །དེ་རྣམས་གཅིག་ཏུ་གྱུར་པ་ནི་ཨེ་ཡིག་ཆོས་ཀྱི་དབྱིངས་སོ། །འདི་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་དབྱངས་ཡིག་གི་ཚོགས་ཏེ་ཁུ་བ་དང་ཟླ་བ་ཞེས་བྱའོ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་གསལ་བྱེད་འདུས་པ་སྟེ་ཁྲག་དང་ཉི་མ་ཞེས་བྱའོ། །འདིར་ཁུ་བ་དང་རྡོ་རྗེ་ནི་ཝཾ་ཡིག་སྟེ་རྡོ་རྗེའོ། །ཁྲག་དང་ཉི་མ་ནི་ཨེ་ཡིག་སྟེ་པདྨའོ། །རྡོ་རྗེ་དང་པདྨ་ནི་འདི་དག་གི་ངག་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ། །དེ་མི་འགྱུར་པས་ན་ཨ་ཀྵ་རའོ། །དབྱངས་དང་གསལ་བྱེད་ཀྱི་དང་པོ་དང༌། ཐ་མ་འདུས་པས་གཉིས་སུ་མེད་པའོ། །རྡོ་རྗེ་སེམས་དཔའ་དེ་ཡང་གཉིད་དང་རྨི་ལམ་དང༌། སད་པ་དང་བཞི་པའི་གནས་སྐབས་བཞི་དག་པའི་སྐུ་བཞི་སྟེ། །སྐུ་བཞི་ལ་དག་བྱ་གནས་སྐབས་བཞི། དག་བྱེད་རྣལ་འབྱོར་བཞི། དག་པ་མངོན་བྱང་བཞི། ངག་པའི་འབྲས་བུ་མཁྱེན་པ་བཞི། ངག་པའི་མཚན་ཉིད་རྣམ་ཐར་བཞི། དག་པའི་ངོ་བོ་རྡོ་རྗེ་བཞིའོ། །ལྷན་ཅིག་སྐྱེས་པའི་སྐུ་དེ་ཉིད་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་དང༌། །ཡོངས་སུ་དག་པའི་ཡེ་ཤེས་རྡོ་རྗེ་དང༌། ཐམས་ཅད་མཁྱེན་པ་དང༌། ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྣམ་པར་དག་པའི་རྣལ་འབྱོར་ཞེས་བྱའོ། །ཆོས་ཀྱི་སྐུ་དེ་ཉིད་མཚན་མ་མེད་པའི་རྣམ་པར་ཐར་པ་དང༌། རྣམ་པར་དག་པའི་ཐུགས་རྡོ་རྗེ་དང༌། ཡེ་ཤེས་ཀྱི་སྐུ་དང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་རྣལ་འབྱོར་ཞེས་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་སྨོན་པ་མེད་པ་རྣམ་པར་ཐར་པ་དང༌། རྣམ་པར་དག་པའི་གསུང་རྡོ་རྗེ་དང༌། ཉི་མའི་སྐུ་དང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་སྔགས་ཀྱི་རྣལ་འབྱོར་ཅེས་བྱའོ། །སྤྲུལ་པའི་སྐུ་དེ་ཉིད་མངོན་པར་འདུ་བྱེད་པ་མེད་པའི་རྣམ་པར་ཐར་པ་དང༌། །ཡོངས་སུ་


DTG015_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་པའི་སྐུ་རྡོ་རྗེ་དང༌། པདྨའི་འདབ་མ་བཞིན་དུ་ཡངས་པའི་སྤྱན་དང༌། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དབྱིབས་ཀྱི་རྣལ་འབྱོར་ཞེས་བྱ་བར་གསུངས་སོ། །དེ་ལ་ཨེ་ཝཾ་གྱི་དོན་ནི་དབྱིབས་དང་སྔགས་དང༌། །ཆོས་དང་དེ་བཞིན་ཉིད་དང་བཞི་ལ་འཇུག་སྟེ། གཞུང་དཀྱིལ་འཁོར་དྲུག་རྣམས་བརྗོད་བྱ་འདི་རྣམས་ལ་ལ་ནི་རྒྱས་པར་སྟོན། །ལ་ལ་ནི་བསྡུས་པར་སྟོན། ལ་ལ་ནི་ཤིན་ཏུ་བསྡུས་པར་སྟོན་ཏོ། །དེ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདི་དང་པོ་ལ་དབྱིབས་ཀྱི་རྣལ་འབྱོར་རྒྱས་པར་བསྟན་ཏོ། །ཨེ་ནི་གཞལ་ཡས་ཁང་ཡིན་ལ། ཝཾ་ཎི་རིགས་དྲུག་གི་ལྷ་རྣམས་སོ། །དེ་ཇི་ལྟར་གྲུབ་ཅེ་ན་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པ། འཁོར་ལོའི་སྙིང་པོར་གྱུར་པ་མི་ཡི་བདག་པོ་དཀྱིལ་འཁོར་གྱི་ནི་ངེས་པར་སུམ་ཆའོ། །ཕུང་པོ་ཁམས་ཀྱི་ལྷག་པའི་ལྷ་དང་སླར་ཡང་སྣམ་བུ་ཕྱི་མར་རྡོ་རྗེ་སྒྲ་མ་ལ་སོགས་བརྒྱད། །ཕྱི་རིམ་འཁོར་ལོར་གནས་པ་ངེས་པར་ཕྱོགས་བཅུར་འཁོད་པ་ཉི་མར་བཞུགས་པའི་ཁྲོ་བོའི་ཚོགས་རྣམས་སོ། །དེ་ཡི་རྩིག་པ་ར་བ་ལ་ནི་ཆུ་གཏེར་བཞི་ཡིས་བསྐུར་བའི་བྱང་ཆུབ་སེམས་དཔའ་མ་ལུས་པ། །སྒྱུ་འཕྲུལ་དྲ་བས་རྣམ་པ་གསུམ་སྟེ་ལུས་ཀྱི་དབྱེ་བས་ལྷ་ནི་ཞལ་གསུམ་པ་ལ་ཕྱག་དྲུག་པ། །རྨོངས་པའི་སེམས་ཀྱི་དབང་ལས་གཡོན་གྱི་ཞལ་ནས་ཆོ་ག་ལ་སོགས་མ་ལུས་པ་རྣམས་སྤྲོ། །ཞེས་པ་དེ་བསྒོམ་བར་བྱ་བའི་རིམ་པ་ནི་དང་པོའི་སྦྱོར་བ་ནི་འདི་ལྟ་སྟེ། གནས་ཁང་ལ་སོགས་སྔོན་དུ་འགྲོ་བས་ནམ་སྨད་གཉིད་སད་པ་དང༌། བདག་ཐུན་མཚམས་ཀྱི་རྡོ་རྗེ་འཆང་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པ་ཅིག་ཏུ་བསམ། ཁྲུས་བྱས་སྟན་བདེ་བ་ལ་འདུག་ལ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པ་ཨཱཿ་དམར་པོ། །སྙིང་གར་ཧཱུཾ་མཐིང་ནག །ལྟེ་བར་ཧོ་སེར་པོ། གསང་བར་ཀྵ་སྔོན་པོ། སྤྱི་གཙུག་ཏུ་ཧཾ་ལྗང་གུ་རྣམས་བསམས་ལ་འཁོར་ལོ་རྩ་བའི་གྲངས་བཞིན་དུ་རྡོ་རྗེ་ཁ་དོགས་དྲུག་ཏུ་གྱུར་ནས་པ་སྤུའི་བུ་ག་རྣམས་ནས་འཐོན་ནས་གནོད་པར་བྱེད་པ་རྣམས་ཕྱིར་དེད་ནས། དཔག་ཚད་མང་པོར་བསྒྲལ། དེ་ནས་རྡོ་རྗེ་རབ་དང་ས་གཞི་དང་གུར་དུ་གྱུར་ནས་འདུས་པ་ལས་ལུས་ལ་བ་སྤུའི་བུ་ག་རེ་རེ་ཡང་རྡོ་རྗེ་རེ་རེར་གྱུར་པ་ནི་


DTG015_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྲུང་བ་བྱ་བ་དང་ལུས་དག་པ་རྡོ་རྗེར་བྱའོ། །ཨོཾ་སརྦ་དྷརྨཱ་བྷཱ་ཝ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཙཀྵུ་ཨཾ་ཨཿ་ཞེས་ལན་ཅིག་བརྗོད་པས་དག་དག་གཉིས་དང་གསུམ་བཟླས་པས་སེམས་དག་པར་བྱའོ། །དེ་ནས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་སྒྱུ་འཕྲུལ་དྲ་བའི་ལྷ་རྣམས་དང་བླ་མ་དང་བཅས་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ་ལྷ་མོ་རྣམས་ཀྱིས་མཆོད་པར་བྱའོ། །ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་སོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དགེ་བ་བྱས་པ་ལ་རྗེས་སུ་ཡི་རང་བར་བྱའོ། །ལྷ་དེ་དག་ལ་སྐྱབས་སུ་འགྲོ་བར་བྱའོ། །བདག་གི་དངོས་པོ་དབུལ་བའོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་ཀྱི་ལམ་བསྟེན་ཏོ། །ཚད་མེད་པ་བཞི་བསྒོམ་མོ། །ཨོཾ་སརྦ་དྷརྨཱ་ལ་སོགས་པ་ལན་གསུམ་བཟླས་པས་དངོས་པོ་ཐམས་ཅད་སྟོང་པར་བསམ་མོ། །དེའི་རྗེས་ལ་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། །སྨོན་པ་མེད་པ་དང༌། མངོན་པར་འདུ་མི་བྱེད་པར་བསམ་པར་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་ལ། དེ་ནས་སྟོང་པ་ཉིད་ལས་འཇིག་རྟེན་ལས་འདས་པའི་ཕུང་པོ་གཟུང་བར་བྱ་བའི་ཕྱིར་འབྱུང་བ་རིམ་བརྩེགས་བསྐྱེད་པ་ནི་ནམ་མཁའ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་ནམ་མཁའ་ཁྱབ་པར་བསམ་པར་བྱའོ། །རྣམ་པར་ཤེས་པ་ནཱ་དའི་ཚུལ་དུ་གནས་པ་ལས་ཡཾ་ནག་པོ་ཅིག་འོག་ཏུ་ཆད་པས་དེ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་བ་ཕྱེད་པ་ལྟ་བུ་རྒྱ་ཆེན་པོ་ལ་སྟེང་དན་འོག་ཏུ་རྡོ་རྗེ་གཉིས་དང༌། མཐའི་རྩེ་མོ་ལ་རླུང་གི་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་དམར་པོ་ཅིག་ཆད་པས་དེ་གྱུར་པ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རྒྱ་ཆེན་པོ་ཅིག་བསམ་སྟེ། སྟེང་འོག་ཏུ་སྣ་ཚོགས་རྡོ་རྗེ་གཉིས་དང༌། མཐའ་མའི་ཟུར་གསུམ་ལ་གཡུང་དྲུང་རིས་དམར་པོས་མཚོན་པའོ། །དེའི་སྟེང་དུ་བཾ་དཀར་པོ་ཅིག་ཆད་པས་དེ་གྱུར་པ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་རྒྱ་ཆེན་ཅིག་བསམ། སྟེང་དང་འོག་ཏུ་སྣ་ཚོགས་རྡོ་རྗེ་གཉིས་དང་མཐའ་མར་པདྨ་དཀར་པོ་འདབ་མ་ལྔས་མཚན་པའོ། །དེའི་སྟེང་དུ་ལཾ་སེར་པོ་ཅིག་ཆད་པས་དེ་གྱུར་པ་ལས་སའི་དཀྱིལ་འཁོར་སེར་པོ་རྒྱ་ཆེ་བ་ལ་སྟེང་དང་འོག་ཏུ་སྣ་ཚོགས་


DTG015_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་གཉིས་དང་ཟུར་བཞི་ལ་རྡོ་རྗེ་རྩེ་མོ་ལྔ་པས་མཚན་པའོ། །དེའི་སྟེང་དུ་མཾ་སྣ་ཚོགས་པའི་མདོག་ཅན་ཅིག་ཆད་པ་དེ་གྱུར་པ་ལས་དབུས་ཀྱི་རི་རབ་ཤར་ནག་པོ། །ལྷོ་དམར་པོ། ནུབ་སེར་པོ། །བྱང་དཀར་པོ། དབུས་མཐིང་ག་ཟླུམ་པོ་དཔངས་སུ་དཔག་ཚད་འབུམ་ཕྲག་གཅིག་པ། །འོག་གི་རྒྱལ་དཔག་ཚད་སྟོང་ཕྲག་བཅུ་དྲུག་པ། སྟེང་གི་རྒྱ་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་པ། སྟེང་གི་ཕྱོགས་བཞིན་ལྕོག་བཞིས་མཚན་པའོ། །དེའི་སྟེང་དུ་ཀྵ་ཡིག་ཆད་པས་དེ་གྱུར་པ་ལས་སྣ་ཚོགས་པདྨ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་གཅིག་བསམ་པར་བྱའོ། །དེའི་སྟེང་དུ་ཧཾ་དཀར་པོ་ལ་ཟླ་བའི་དཀྱིལ་འཁོར་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་པ་ཅིག་བསམ་མོ། །དེའི་སྟེང་དུ་ཚེག་དྲག་དམར་པོ་ལས་ཉི་མའི་དཀྱིལ་འཁོར་དམར་པོ་ཟླ་བའི་དཀྱིལ་འཁོར་དང་རྒྱ་མཉམ་པའོ། །དེའི་སྟེང་དུ་ཐིག་ལེ་སྔོན་པོ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་སྔོན་པོ་ཉི་ཟླ་དང་རྒྱ་མཉམ་པའོ། །དེ་ལས་ཨཾ་ཧཾ་ཡཾ་རཾ་བཾ་ལཾ་བཛྲ་ཨཱ་ཀཱ་ཤ་བཱ་ཡུ་ཏེ་ཛ་ཨུ་ད་ཀ་པྲྀ་ཐི་བཱི་བཛྲ་སྭ་བྷཱ་བ་པ་ཉྩ་དྷཱ་ཏྭོ་བཛྲ་མཎྜལ་ནི་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་བརྟན་པར་བྱའོ། །དེའི་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ར་བ་དང་གུར་དང་ས་གཞིར་གྱུར་པར་བསམ་མོ། །དེའི་སྟེང་དུ་བྷྲཱུཾ་མམ་ཡང་ན་ཨོཾ་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ་སྒོ་གཉིས་བརྩེགས་པ། རྟ་བབས་དང་སྣམ་བུ་དང་དྲ་བ་ཕྱེད་པ་དང༌། །དྲིལ་བུ་དང༌། རྔ་ཡབ་དང༌། རྒྱལ་མཚན་དང༌། རི་དགས་ཀྱིས་མཚན་པ། གཞལ་ཡས་ཁང་གི་ཕྱི་རོལ་རྡོ་རྗེ་ར་བའི་ནང་དུ་དུར་ཁྲོད་བརྒྱད་དང་བཅས་པ་རིན་པོ་ཆེའི་རྩིག་པ་ལྔས་ཕྱི་རིམ་དཀྱིལ་འཁོར་ལ་ཡོད་པ་ནང་ཕོ་བྲང་དཀྱིལ་འཁོར་གྲུ་བཞི་ལ་ལེ་ཚེ་དགུ་པ་ཀ་བ་བཅུ་དྲུག་རྒྱན་དང་ལྡན་པ་སུམ་ཆ་ལ་གཙོ་བོའི་གདན་ནི་པཾ་ལས་གྱུར་པའི་གདན་འདབ་མ་བརྒྱད་པ། །དེའི་སྟེང་དུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་གདན་དང་བཅས་པར་བསམ་པར་བྱའོ། །དེ་ནས་ཡབ་ཡུམ་བསྐྱེད་པ་ནི། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་པ་ཕུང་པོ་ལྔ་དང་ཁམས་ལྔ་དང་ལྔ་ལྔ་ཆ་མཉམ་པའི་དྲུག་པ་


DTG015_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་ཡབ་ཡུམ་བསྐྱེད་པ་གདན་ཐོག་ཏུ་མཚན་སུམ་ཅུ་རྩ་གཉིས་ཀྱི་ས་བོན་དུ་ཨཱ་ལི་བཅུ་དྲུག་ཉིས་སྐོར་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པ་མེད་ལོང་ལྟ་བུའི་ཡེ་ཤེས་སོ། །དཔེ་བྱད་བཟང་པོའི་ས་བོན་དུ་ཀཱ་ལི་སོ་བཞི་ཉིས་སྐོར་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་བར་དུ་ཧཱུཾ་སྔོན་པོ་ཅིག་བསམ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཧཱུཾ་དེ་འཕྲོས་འདུས་པ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པའོ། །དེ་ལས་འཕྲོས་འདུས་པ་ལས་ཧཾ་སྔོན་པོ་ཅིག་ཏུ་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལས་འོད་འཕྲོས་འདུས་པ་གཅིག་ཏུ་གྱུར་པ་ལས་ཡབ་ཡུམ་གྱི་སྐུར་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །དེ་ཡང་གདན་པདྨ་དང་ཉི་མ་དང་ཟླ་བ་དང་དུས་མེའི་སྟེང་ན་དྲག་པོ་དང་འདོད་པའི་ལྷ་མནན་པ། དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ་ཞལ་གསུམ་པ་ཕྱག་དྲུག་པ་ཞལ་དབུས་སྔོ་བ་གཡས་དམར་བ་གཡོན་དཀར་པོ། །ཕྱག་གཡས་དང་པོ་རྡོ་རྗེ། བར་པ་གྲི་གུག །ཐ་མ་དགྲ་སྟྭ། གཡོན་ན་དྲིལ་བུ་དང༌། །ཐོད་པ་དང༌། ཚངས་པའི་མགོ་བོའོ། །དབུ་ལ་རལ་པའི་ཐོར་ཚུགས་དང་སྣ་ཚོགས་རྡོ་རྗེའི་སྟེང་ན་མི་བསྐྱོད་པ་བཞུགས་པ། གཡོན་གྱི་ཕྱོགས་ན་ཟླ་བ་ཕྱེད་པ་ཅན་ནོ། དབུ་ལ་ཐོད་པ་ལྔས་བརྒྱན་པ། ཐོད་པ་རློན་པའི་ཕྲེང་བས་སེ་རལ་ཁར་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་མནབས་པ་ཞབས་གཡས་བརྐྱང་བས་བཞུགས་པའོ། །ཡུམ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་སྐུ་མདོག་དང་ཕྱག་མཚན་ཡབ་དང་མཐུན་པས་ཡབ་ལ་འཁྱུད་ནས་ཞབས་གཡོན་བརྐྱང་བའོ། །ཡབ་ཀྱི་ཐུགས་ཀ་ན་ཉི་མའི་དཀྱིལ་འཁོར་ལ་ཨ་ར་པ་ཙ་ན་ཞེས་བྱ་བ་ཡེ་ཤེས་ལྔ་བསྡུས་པའི་ངོ་བོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཐུགས་ཀ་ན་འཁོར་ལོ་རྩིབས་བཅུ་ལ་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ་གནས་པའོ། །དེའི་ལྟེ་བ་ལ་ཨ་སྔོན་པོའོ། །ཡབ་ཀྱི་སྐུ་ལ་འཁོར་ལོ་དྲུག་གི་ལྟེ་བ་ལ་ཧཾ་ཨོཾ་ཨཱཿ་ཧཱུཾ་ཧོ་ཀྵ། །ལྗང་གུ་དང༌། དཀར་པོ་དང༌། དམར་པོ་དང༌། ནག་པོ་དང༌། སེར་པོ་དང༌། །སྔོན་པོ་རྣམས་རིམ་གྱིས་གནས་པའོ། །ཨ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་བསྡུས་ནས་ཡབ་


DTG015_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ཞལ་དུ་ཞུགས་ནས་རྩ་དབུས་མ་ནས་ཡུམ་གྱི་པདྨར་ཞུགས་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་དེ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལ་ཐིམ་པར་བསམ་མོ། །ཨ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས་ཡབ་ཀྱི་ཞལ་དང་དབུ་མ་དང་ཡུམ་གྱི་པདྨར་ཞུ་བ་དེ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལ་ཐིམ་པར་བསམ་མོ། །དེ་ནས་འཁོར་བསྐྱེད་པ་ནི་སྐྱེ་བའི་རིམ་པས་དབྱུང་བར་བྱ་སྟེ། རྣམ་ཤེས་ཕུང་པོ་དག་པ་མི་བསྐྱོད་པ་ནི། མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་པ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་ཨ་ཅིག་རྣ་བ་གཡས་ནས་འཐོན་ནས་མདུན་གྱི་ནམ་མཁའ་ལ་མི་བསྐྱོད་པ་སྐུ་མདོག་དང་ཞལ་ཕྱག་ལ་སོགས་པ་གཙོ་བོ་དང་མཐུན་པ་ཅིག་ཏུ་གྱུར་ནས་དབུའི་སྟེང་གི་མི་བསྐྱོད་པ་ལ་ཐིམ་མོ། །དེ་ནས་ཤར་ལ་སོགས་པའི་ཕྱོགས་ཀྱི་ལེ་ཚེ་བཞི་ལ་ཡབ་ཀྱི་གདན་པདྨ་དང་ཉི་མའི་སྟེང་དུ་སྤྲོས་པ་ལས་འདུ་བྱེད་ཀྱི་ཕུང་པོ་དག་པ་དོན་ཡོད་གྲུབ་པ་ནི། མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །ཞེས་པ་ནི་ཨ་ལས་ཨ་ཨ་ཅིག་སྣ་གཡས་པ་ལས་འཐོན་ནས་ཤར་གྱི་ལེ་ཚེའི་གདན་ཐོག་ཏུ་དོན་ཡོད་གྲུབ་པར་གྱུར་ནས་ཞལ་གསུམ་ལ་ཕྱག་དྲུག་པ་སྐུ་དང་རྩ་བའི་ཞལ་ནག་པོ་གཡས་དམར་བ་གཡོན་དཀར་བ། ཕྱག་གཡས་ན་རལ་གྲི་དང༌། གྲི་གུག་དང༌། རྩེ་གསུམ་པ་གཡོན་ཕུབ་དང་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པའོ། །ཚོར་བའི་ཕུང་པོ་དག་པ་རིན་འབྱུང་ནི། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་པས་ཨ་ལས་རཾ་ཅིག་མིག་གཡས་ནས་འཐོན་ནས་ལྷོའི་གདན་ཐོག་ཏུ་རིན་ཆེན་འབྱུང་ལྡན་ཞལ་གསུམ་ཕྱག་དྲུག་པ། སྐུ་དང་རྩ་བའི་ཞལ་དམར་པོ། །གཡས་དཀར་པོ། གཡོན་ནག་པོ། གཡས་ན་མདའ་དང་ལྕགས་ཀྱུ་དང༌། །ཅང་ཏེའུ་དང་གཡོན་ན་གཞུ་དང༌། ཞགས་པ་དང༌། ནོར་བུ་དྲི་མ་མེད་པའོ། །རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའོ། །འདུ་ཤེས་ཀྱི་ཕུང་པོ་དག་པ་སྣང་བ་མཐའ་ཡས་ནི། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པ་ཨ་ལས་ཨུ་ཅིག་ལྕེ་ཟུར་གཡས་ནས་འཐོན་ནས་བྱང་


DTG015_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གི་ལེ་ཚེའི་གདན་ཐོག་ཏུ་སྣང་བ་མཐའ་ཡས་སུ་གྱུར་ནས་ཞལ་གསུམ་པ་ཕྱག་དྲུག་པ་སྐུ་དང་རྩ་བའི་ཞལ་དཀར་པོ་གཡས་ནག་པོ་གཡོན་དམར་པོ། །ཕྱག་གཡས་ན་ཐོ་བ་དང་མདུང་དང༌། རྩེ་གསུམ་པ། གཡོན་ན་པདྨ་དཀར་པོ་འདབ་མ་བརྒྱད་པ་དང༌། མེ་ལོང་དང༌། བགྲང་ཕྲེང་ངོ༌། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །གཟུགས་གྱི་ཕུང་པོ་དག་པ་རྣམ་པར་སྣང་མཛད་ནི། མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་ཏེ་གཏི་མུག་སེལ། །ཞེས་པ་ཨ་ལས་ལྀ་ཅིག་བཤང་ལམ་གཡས་ཟུར་ནས་འཐོན་ནས་ནུབ་ཀྱི་ལེ་ཚེའི་གདན་ཐོག་ཏུ་རྣམ་པར་སྣང་མཛད་ཞལ་གསུམ་པ་ཕྱག་དྲུག་པ། སྐུ་དང་རྩ་ཞལ་སེར་པོ་གཡས་དཀར་པོ་གཡོན་ནག་པོ། །གཡས་ན་འཁོར་ལོ་དང་དབྱུག་པ་དང་རྡོ་རྗེ། གཡོན་ན་མདུང་དང༌། ལྕགས་ཀྱུ་དང༌། དྲིལ་བུའོ། །རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའོ། །ནམ་མཁའི་ཁམས་དག་པ་རྡོ་རྗེ་དབྱིངས་ཕྱུག་མ་ནི། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པ་ཡང་ཨ་ལས་ཨ་ཅིག་རྣ་བ་གཡོན་ནས་འཐོན་ནས་མདུན་གྱི་ནམ་མཁའ་ལ་རྡོ་རྗེ་དབང་ཕྱུག་མ་མི་བསྐྱོད་པ་དང་འདྲ་བ་ཅིག་ཏུ་གྱུར་ནས་དེ་ནས་རྩ་བའི་ཡུམ་ལ་ཐིམ་མོ། །མཚམས་བཞིའི་ལེ་ཚེའི་སྟེང་དུ་གདན་པདྨ་དང་ཟླ་བའི་སྟེང་དུ་ཡུམ་རྣམས་པདྨའི་བཞུགས་སྟངས་ཀྱིས་གནས་ཏེ། རླུང་གི་ཁམས་དག་པ་སྒྲོལ་མ་ནི། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ་ཨ་ལས་ཨི་སྣ་གཡོན་པ་ནས་མེའི་མཚམས་ཀྱི་གདན་ཐོག་ཏུ་སྒྲོལ་མར་གྱུར་ནས་སྐུ་མདོག་ལ་སོགས་པ་ནི་དོན་ཡོད་གྲུབ་པ་བཞིན་ནོ། །མེའི་ཁམས་དག་པ་གོས་དཀར་མོ་ནི། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པ་ཨ་ལས་རྀ་ཅིག་མིག་གཡོན་པ་ནས་འཐོན་ནས་བདེན་བྲལ་དུ་གོས་དཀར་མོར་གྱུར་ཏེ་རིན་འབྱུང་བཞིན་ནོ། །ཆུའི་ཁམས་དག་པ་མཱ་མ་ཀཱི་ལ་ཨ་ལས་ཨུ་ཅིག་ལྕེ་ཟུར་གཡོན་ནས་དབང་ལྡན་གྱི་མཚམས་སུ་མཱ་མ་ཀཱི་ར་གྱུར་ནས་སྣང་བ་མཐའ་ཡས་བཞིན་ནོ། །སའི་ཁམས་དག་པ་སངས་རྒྱས་སྤྱན་ནི། སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཅེས་པ་ཨ་ལས་ལྀ་ཅིག་བཤང་ལམ་ནས་འཐོན་ནས་རླུང་གི་མཚམས་སུ་སངས་རྒྱས་སྤྱན་དུ་གྱུར་ནས་རྣམ་པར་སྣང་མཛད་བཞིན་དུ། ཡུམ་རྣམས་པདྨའི་བཞུགས་སྟངས་ཀྱིས་


DTG015_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་པའོ། །དེ་རྣམས་ཕུང་པོ་དྲུག་དང་ཁམས་དྲུག་བསྡུས་པས་ལྷའི་དབུས་ཀྱི་ཕོ་བྲང་ནི་ཡེ་ཤེས་ཀྱི་འཁོར་ལོའོ། །དེའི་ཕྱི་རོལ་ལྷ་རྣམས་ཀྱི་ཐུགས་ཀྱི་འཁོར་ལོ་ལ། སེམས་དཔའ་བཅུ་དྲུག་སྤྲོས་ཏེ། ཡང་ཨ་ལས་ཨ་བཞི་སྣའི་སྒོ་ནས་ཤར་གྱི་སྣམ་བུ་ལ་རིམ་པས་སེམས་དཔའ་བཞིར་གྱུར་ཏེ། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །ཞེས་པ་དང་པོ་སྙིང་གའི་འཁོར་ལོ་དག་པ་རླུང་གི་ཁམས་རྡོ་རྗེ་ལས་སོ། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །ཞེས་པ་དེའི་འོག་སྣའི་དབང་པོ་དག་པོ་རྡོ་རྗེ་ལས་སོ། །རླུང་གི་ཁམས་དག་པ་རྡོ་རྗེ་སྲུང་བའོ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །ཞེས་པ་དེའི་འོག་རེག་བྱ་དག་པ་རླུང་གི་ཁམས་གནོད་སྦྱིན་ནོ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །ཞེས་པ་ཐ་མལ་ཡུལ་སྒྲ་ནམ་མཁའི་ཁམས་དག་པ་རྡོ་རྗེ་ཁུ་ཚུར་རོ། །དེ་བཞིན་དུ་སྐུ་མདོག་ལ་སོགས་པ་དོན་ཡོད་གྲུབ་པ་བཞིན་ནོ། །ཡང་ཨ་ལས་ཨ་བཞི་མིག་ནས་འཐོན་ནས་ལྷོ་ཕྱོགས་ཀྱི་གདན་ཐོག་ཏུ་སེམས་དཔའ་བཞིར་གྱུར་ཏེ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། ཞེས་པ་སྟེ་དང་པོ་མགྲིན་པ་མེའི་འཁོར་ལོ་དག་པ་མེའི་ཁམས་སེམས་དཔའ་རྡོ་རྗེ་རིན་ཆེན་ནོ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །ཞེས་པ་དེའི་འོག་མིག་གི་དབང་པོ་དག་པ་མེའི་ཁམས་རྡོ་རྗེ་ཉི་མའོ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །ཞེས་པ་དེའི་འོག་རོའི་ཁམས་དག་པ་རྡོ་རྗེ་རྒྱལ་མཚན་ནོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པ་ཐ་མ་ཡིན་ནམ་མཁའི་ཁམས་དག་པ་རྡོ་རྗེ་བཞད་པའོ། །དེ་བཞིན་རིན་ཆེན་འབྱུང་ལྡན་བཞིན་ནོ། །ཡང་ཨ་ལས་ཨུ་ཅིག་ལྕེ་ལས་འཐོན་ནས་བྱང་ཕྱོགས་ཀྱི་གདན་ཐོག་ཏུ་གྱུར་སྤྲོས་པས་སེམས་དཔའ་བཞིར་གྱུར་ཏེ། ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཞེས་པ་དང་པོ་དཔྲལ་བ་ཆུའི་འཁོར་ལོ་དག་པ་རྡོ་རྗེ་ཆོས་སོ། །ཉོན་མོངས་ཆེན་པོ་ལྕགས་ཀྱུའི་མཆོག །ཅེས་པ་དེའི་འོག་ཡུལ་གཟུགས་དག་པ་ཆུའི་ཁམས་རྡོ་རྗེ་རྣོན་པོའོ། །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །ཞེས་པ་དེའི་འོག་ལྕེའི་དབང་པོ་དག་པ་ཆུའི་ཁམས་རྡོ་རྗེ་རྒྱུའོ། །སྣང་བ་ཆེན་པོ་གསལ་བ་ཆེ། །ཞེས་པ་ཐ་མ་ཁུ་བ་ཆོས་དག་པ་ནམ་མཁའི་ཁམས་རྡོ་རྗེ་སྨྲ་བའོ། །དེ་བཞིན་སྣང་བ་མཐའ་ཡས་བཞིན་ནོ། །ཡང་ཨ་ལས་


DTG015_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨཱ་ལི་བཞི་བཤང་བའི་སྒོ་ནས་འཐོན་པ་ནུབ་ཕྱོགས་ཀྱི་གདན་ཐོག་ཏུ་སེམས་དཔའ་བཞིར་གྱུར་ཏེ། འདོད་པ་ཆེན་པོ་ཞེས་པ་དང་པོ་ལྟེ་བའི་སའི་འཁོར་ལོ་དག་པ་རྡོ་རྗེ་སེམས་དཔའོ། །བདེ་བ་ཆེན་པོ་ཞེས་པ་དེའི་འོག་ལུས་ཀྱི་དབང་པོ་དག་པ་སའི་ཁམས་རྡོ་རྗེ་རྒྱལ་པོ། དགའ་བ་ཆེན་པོ་ཞེས་པ་དེའི་འོག་ཏུ་ཡུལ་དྲི་སའི་ཁམས་དག་པ་རྡོ་རྗེ་ལེགས་པའོ། །མགུ་བ་ཆེན་པོ་ཞེས་པ་ཐ་མ་རྣ་བའོ། །དབང་པོ་དག་པ་ཡེ་ཤེས་ཀྱི་ཁམས་རྡོ་རྗེ་ཆགས་པའོ། །དེ་བཞིན་རྣམ་པར་སྣང་མཛད་པ་བཞིན་ནོ། །སེམས་དཔའ་ཐམས་ཅད་གདན་པདྨ་དང་ཉི་མའི་སྟེང་ན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །དེ་ཐུགས་ཀྱི་འཁོར་ལོའོ། །དེའི་སྒོ་གཡས་གཡོན་གྱི་འདོད་པའི་ཡོན་ཏན་གྱི་སྣམ་བུ་ལ་མཆོད་པའི་ལྷ་མོ་བརྒྱད་སྤྲོས་ཏེ། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་པ་ཡང་ཨ་ལས་སྣ་གཡོན་ནས་ནི་གཅིག་འཕྲོས་པས་ཤར་གྱི་སྒོའི་གཡས་ཀྱི་གདན་ཐོག་ཏུ་པགས་པ་རླུང་གི་ཁམས་དག་པ་གར་མ་སྔོན་མོ་གར་བསྒྱུར་པའོ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །ཅེས་པ་ཨ་ལས་མཱ་ཅིག་མིག་གཡོན་ནས་འཐོན་ནས་ལྷོའི་སྒོའི་གཡས་སུ་འཕྲོས་པ་ལས་ཁྲག་མེའི་ཁམས་དག་པ་མཱ་ལེ་དམར་མོ་ཕྲེང་བ་འཛིན་པའོ། །བཟོད་ཆེན་འཆང་བ་བརྟན་པ་པོ། །ཞེས་པ་ཨ་ལས་གཱི་ཅིག་ལྕེ་ཟུར་གཡོན་ནས་འཐོན་ནས་བྱང་སྒོའི་གཡས་སུ་འཕྲོས་པས་རྡུལ་ཆུའི་ཁམས་དག་པ་གཱི་ཏི་དཀར་མོ་པི་ཝང་གིས་གླུ་ལེན་པའོ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་པ་ཨ་ལས་ཨ་ཅིག་བཤང་ལམ་གཡོན་ཟུར་ནས་ནུབ་སྒོའི་གཡས་སུ་སྤྲོས་པས་རུས་པ་སའི་ཁམས་དག་པ་ལཱ་སྱེ་སེར་མོ་འགྱིང་བའི་ཚུལ་བྱེད་པའོ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་པ་ཨ་ལས་གཅིག་སྣ་སྒོ་གཡོན་ནས་འཐོན་ནས་སྒོ་གཡོན་དུ་འཕྲོས་པས་ཤ་རླུང་གི་ཁམས་དག་པ་དྲི་ཆབ་མ་ནག་མོ་དྲི་ཐོགས་པའོ། །ཤེས་རབ་ཆེན་པོ་ལུས་འཆང་བ། ཞེས་པ་ཨ་ལས་མིག་གཡོན་ནས་དུ་ཅིག་འཐོན་ནས་ལྷོ་སྒོའི་གཡོན་དུ་འཕྲོས་པས་ཆུ་སེར་མེའི་ཁམས་དག་པའི་མེ་ཏོག་མ་དམར་མོ་མེ་ཏོག་ཐོགས་པའོ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །ཞེས་པ་ཨ་ལས་ལྕེ་ཟུར་གཡོན་ནས་ཨ་ཅིག་འཐོན་ནས་བྱང་སྒོའི་གཡོན་དུ་འཕྲོས་པས། གཅི་


DTG015_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ཆུའི་ཁམས་དག་པ་མར་མེ་མ་མར་མེ་ཐོགས་པའོ། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཞེས་པ་ཨ་ལས་བཤང་ལམ་གྱི་གཡོན་དུ་དྷུ་ཅིག་འཕྲོས། ནུབ་སྒོའི་གཡོན་དུ་སྤྲོས་པས་རྐང་པ་དག་པ་སའི་ཁམས་བདུག་སྦོས་མ་སེར་མོ་སྦོས་ཐོགས་པའོ།།ལྷ་མོ་བརྒྱད་པོ་ཞལ་གཅིག་ཕྱག་གཉིས་མ་ཞི་བའི་ཚུལ་དུ་པདྨ་དང་ཟླ་བའི་གདན་ལ་བཞུགས་པའོ། །དེ་ནི་གསུང་གི་འཁོར་ལོའོ།། །།དེ་ནས་སྐུའི་འཁོར་ལོ་ལ་ཁྲོ་བོ་བཅུ་སྤྲོས་ཏེ། རྫུ་འཕྲུལ་ཆེན་པོའི་སྟོབས་དང་ལྡན། །ཞེས་པ་ཨ་ལས་ཡ་ཅིག་སྣ་གཡོན་པ་ནས་འཐོན་ནས་ཤར་གྱི་རྩིབས་ལ་སྤྲོས་པས་ངག་གི་དབང་པོ་རླུང་གི་ཁམས་དག་པ་བགེགས་མཐར་བྱེད་ནག་བོའོ། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །ཞེས་པ་ཨ་ལས་མིག་གཡོན་པ་ནས་ར་ཅིག་འཐོན་ནས། ལྷོའི་རྩིབས་ལ་སྤྲོས་པས་ལག་པའི་དབང་པོ་མིའི་ཁམས་དག་པ་ཤེས་རབ་མཐར་བྱེད་དོ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །ཞེས་པ་ཨ་ལས་ལྕེའི་ཟུར་གཡོན་ནས་ཝ་ཅིག་འཐོན་ནས། བྱང་ཕྱོགས་ཀྱི་རྩིབས་ལ་སྤྲོས་པས་རྐང་པའི་དབང་པོ་ཆུའི་ཁམས་དག་པ་ཁྲོ་བོ་པདྨ་མཐར་བྱེད་པའོ། །སྟོབས་ཆེན་ཕ་རོལ་གནོན་པ་སྟེ། །ཞེས་པ་ཨ་ལས་བཤང་བའི་ལམ་ནས་ལ་ཅིག་འཐོན་ནས་ནུབ་ཀྱི་རྩིབས་ལ་སྤྲོས་པས་བཤང་བའི་དབང་པོ་སའི་ཁམས་དག་པ་ཁྲོ་བོ་གཤིན་རྗེ་མཐར་བྱེད་པའོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་པ། ཨ་ལས་མིག་གཡས་པ་ནས་ཨ་ཅིག་འཐོན་ནས། མེའི་རྩིབས་ལ་སྤོས་པས་འདུས་པ་རླུང་གི་ཁམས་དག་པ་དབྱུག་སྔོན་ཅན་ནོ། །མཁྲེགས་ཤིང་རྗེ་རྗེ་ཆེན་པོ་འཆང༌། །ཞེས་པ་མིག་གཡས་པ་ནས་ར་ཅིག་འཐོན་ནས། བདེན་བྲལ་གྱི་རྩིབས་ལ་སྤྲོས་པས་མེའི་ཁམས་དག་པ་ཁྲོ་བོ་འདོད་པའི་རྒྱལ་པོའོ། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །ཞེས་པ་ཨ་ལས་ཆུའི་ལམ་ནས་ཝ་ཅིག་སྤྲོས་པས། དབང་ལྡན་གྱི་རྩིབས་ལ་རྡུལ་ཆུའི་ཁམས་དག་པ་ཁྲོ་བོ་མི་གཡོ་བའོ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་པ་ཨ་ལས་གཙུག་ཏོར་ནས་ལ་ཅིག་འཐོན་ནས། རླུང་གི་རྩིབས་ལ་སྤྲོས་པས་བད་ཀན་སའི་ཁམས་དག་པ་ཁྲོ་བོ་སྟོབས་པོ་ཆེའོ། །ཤར་དང་མེའི་ཁྲོ་བོའི་ཞལ་ཕྱག་ནི་དོན་གྲུབ་བཞིན་ནོ། །ལྷོ་


DTG015_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་བདེན་བྲལ་ནི་རིན་འབྱུང་བཞིན་ནོ། །བྱང་དང་དབང་ལྡན་ནི་སྣང་མཐའ་བཞིན་ནོ། །ནུབ་དང་རླུང་མཚམས་ནི་རྣམ་སྣང་བཞིན་ནོ། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །ཞེས་པ་རྣ་བ་གཡོན་པ་ནས་ཧ་ཅིག་འཐོན་ནས། སྟེང་གི་རྩིབས་ལ་དབང་པོ་མཆོག་ཡེ་ཤེས་དག་པ་ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་པ་སྐུ་མདོག་གཙོ་བོ་དང་མཐུན་པའོ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཅེས་པ་ཨ་ལས་རྣ་བ་གཡས་པ་ནས་ཧ་ཅིག་འཐོན་ནས་འོག་གི་རྩིབས་ལ་གཅི་བའི་དབང་པོ་ནམ་མཁའི་ཁམས་དག་པ་ཁྲོ་བོ་གནོད་མཛེས་སོ། །ཞལ་ཕྱག་ལ་སོགས་མི་བསྐྱོད་དང་མཐུན་པའོ། །ཁྲོ་བོ་རྣམས་ཉི་མའི་གདན་ལ་གཡས་བརྐྱང་བས་བཞུགས་པའོ། །དེ་ནི་སྐུའི་འཁོར་ལོའོ། །ལྷ་བཞི་བཅུ་གསུམ་གྱི་སྒྱུ་འཕྲུལ་དྲ་བའོ། །ཞེ་ལྔའི་སྒྱུ་འཕྲུལ་དྲ་བ་ནི། ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཞེས་པ་ཡེ་ཤེས་འཁོར་ལོའི་སྟེང་དུ་རྡོ་རྗེ་སེམས་དཔའ་བཞུགས་པའོ། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་པ་ཡེ་ཤེས་འཁོར་ལོའི་འོག་ཏུ་རྡོ་རྗེ་དབང་ཕྱུག་མ་གདན་པདྨ་དང་ཟླ་བ་ལ་གནས་པ་སྟེ་ཞེ་ལྔའི་སྒྱུ་འཕྲུལ་དྲ་བའོ། །ཞེ་དགུ་པའི་སྒྱུ་འཕྲུལ་དྲ་བ་ནི་དེའི་སྟེང་དུ། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅས་པས་ཨ་ལས་སྣ་ནས་ཧོཿ་ཅིག་ཤར་སྒོར་འཕྲོས་པས་སྒོ་བ་དྲིལ་བུའོ། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་པ་ཨ་ལས་མིག་ནས་ཧཱུཾ་ཅིག་འཕྲོས་པས། ནང་གི་ལྷོའི་སྒོར་སྒོ་བ་ཞགས་པའོ། །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །ཞེས་པ་ཨ་ལས་ལྕེ་ལས་བཾ་ཅིག་འཐོན་ནས། བྱང་གི་ནང་སྒོར་འཕྲོས་པས་སྒོ་བ་ལྕགས་སྒྲོག་མའོ། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་པ་ཨ་ལས་བཤད་ལམ་ནས་ཛཿ་ཅིག་འཐོན་ནས། ནུབ་ཀྱི་ནང་སྒོར་འཕྲོས་པས་སྒོ་བ་ལྕགས་ཀྱུའོ། །སྐུ་མདོག་གི་རིགས་གོང་མ་བཞིན་དུ་བསམས་པས་ཞེ་དགུ་པའི་སྒྱུ་འཕྲུལ་དྲ་བའོ། །ད་ནི་ལས་རྒྱལ་མཆོག་བརྗོད་པར་བྱ་སྟེ། ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་རང་བཞིན་གྱི་གནས་ནས་སྒྱུ་འཕྲུལ་དྲ་བའི་ལྷ་ཚོགས་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པ་ལ་ལྷ་མོ་བརྒྱད་ཀྱིས་བསྟོད་པ་བྱ། འདུད་ཀྱིས་བསྟོད་ལ་དེ་ནས་ཁྲོ་བོ་བགེགས་མཐར་བྱེད་ཀྱིས་ཛཿ་ཞེས་བརྗོད་པས་དགུག །ཁྲོ་བོ་ཤེས་རབ་མཐར་བྱེད་ཀྱིས་ཧཱུཾ་


DTG015_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བརྗོད་པས་གཞུག །ཁྲོ་བོ་གཤིན་རྗེ་མཐར་བྱེད་ཀྱིས་བཾ་ཞེས་བརྗོད་པས་བཅིངས། ཁྲོ་བོ་པདྨ་མཐར་བྱེད་ཀྱིས་ཧོཿ་ཞེས་བརྗོད་པས་དགྱེས་པར་བྱའོ། །དེས་དམ་ཚིག་པ་ཡེ་ཤེས་སེམས་དཔའི་རང་བཞིན་དུ་བྱས་སོ། །དེ་ནས་སྤྱི་གཙུག་དང་དཔྲལ་བ་དང་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བ་རྣམས་སུ། ཧཾ་ཨོཾ་ཨཱཿ་ཧཱུཾ་ཧོཿ་ཀྵ་ཁ་དོག་སོ་སོར་འོད་ཟེར་འཕྲོས་འདུས་པ་ལས་རིགས་དྲུག་གི་དེ་བཞིན་གཤེགས་པ་དྲུག་ཏུ་གྱུར་པས་གཙོ་བོ་ལ་བྱིན་གྱིས་བརླབས། འཁོར་རྣམས་ལ་སྐུ་གསུང་ཐུགས་ལས་ཨོཾ་ཨཱཿ་ཧཱུཾ་ལས་རིགས་གསུམ་དུ་གྱུར་པས་བྱིན་གྱིས་བརླབ་པོ། །དེ་ནས་དབང་བསྐུར་བ་ནི་ཐུགས་ཀའི་ཨ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ལྷའི་ཚོགས་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པ་ལ། མཆོད་པ་རྣམ་པ་སྣ་ཚོགས་པས་མཆོད་ནས། བདག་ལ་དབང་བསྐུར་ཅིག་པར་གསོལ་བ་བཏབ་པས། རིགས་ལྔའི་དེ་བཞིན་གཤེགས་པ་ཡབ་ཡུམ་གྱི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་ལྷ་རྣམས་ཀྱི་སྤྱི་བོ་ནས་བླུགས་པས་ལུས་ཀྱི་སྒྲིབ་པ་རྣམས་དག་ནས། ཆུ་ཐིགས་པ་རེ་རེ་སྤྱི་བོར་གསལ་བ་ལས། གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པས་རྒྱས་བཏབ་པའོ། །དོན་གྲུབ་དང་སྒྲོལ་མ་ལ་དོན་གྲུབ་ཀྱིས། རིན་འབྱུང་དང་གོས་དཀར་མོ་ལ་རིན་འབྱུང་གིས། སྣང་མཐའ་དང་མཱ་མ་ཀཱི་ལ་སྣང་མཐས། རྣམ་སྣང་དང་སངས་རྒྱས་སྤྱན་ལ་རྣམ་སྣང་གིས། འཁོར་ཤར་ཕྱོགས་པ་ལ་སྤྱི་བོར་རལ་གྲི་རེ། ལྷོ་ཕྱོགས་པ་ལ་རིན་པོ་ཆེ་རེ། ནུབ་ཕྱོགས་པ་ལ་འཁོར་ལོ་རེ། བྱང་ཕྱོགས་པ་ལ་པདྨ་རེ་རེས་རྒྱས་བཏབ་པའོ། །དེ་ནས་མཆོད་པ་བྱས་གསང་བའི་དབང་བསྐུར་བར་གསོལ་བ་བཏབ་པས། རིགས་ལྔ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་གྱི་ཆུ་རྒྱུན་ངག་ལ་བབ་པས་ངག་གི་སྒྲིབ་པ་དག་གོ །ཡང་མཆོད་པ་བྱས་ནས་གསོལ་བ་བཏབ་པས། མི་བསྐྱོད་པ་ཡབ་ཡུམ་དེར་ཞུགས་ནས་གཞན་རིགས་བཞི་པོ་ཡུམ་བཞི་ལ་སྟེང་གི་ཡབ་བཞི་ཞུགས་ནས་འཁྱུད། ཡབ་བཞི་ལ་སྟེང་གི་ཡུམ་བཞི་ཞུགས་ནས་འཁྱུད་ནས་སྙོམས་པར་ཞུགས་པ་ལས་དགའ་བ་བཞི་ལ་བཞི་བཞི་བཅུ་དྲུག་ཉམས་སུ་མྱོང་བས་སེམས་ཀྱི་དྲི་མ་དག་པ་ནི་དབང་གསུམ་པའོ། །དེ་ནས་མི་བསྐྱོད་པ་ཡབ་ཡུམ་གྱི་དབང་བཞི་པ་མི་འགྱུར་པའི་ཡེ་ཤེས་དང་བརྟན་


DTG015_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བསམ་མོ། །ད་ནི་གཞན་ལུས་སྔགས་ཀྱི་རྣལ་འབྱོར་དང༌། རང་ལུས་ཆོས་ཀྱི་རྣལ་འབྱོར་འོག་ནས། རྡོ་རྗེ་ཉི་མ་སྣང་བ་ཆེ། ལ་སོགས་པ་དང༌། སྟོང་པ་ཆེན་པོ་ཡི་གེ་ལྔ། །ལ་སོགས་པར་འགྱུར་རོ། །འདིར་དག་པ་དེ་བཞིན་གྱི་རྣལ་འབྱོར་ནི། དག་པ་རྣམ་ཐར་བཞི་དང༌། དག་བྱེད་ཡེ་ཤེས་ལྔ་དང༌། འབྲས་བུ་སྐུ་བཞི་དང༌། ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། སྐུ་བཞིའི་མཛད་པའོ། །དེ་ལ་དག་པ་རྣམ་ཐར་བཞི་ནི། སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ་མིའི་ལུས་ཁམས་དྲུག་དང་ལྡན་པ་ལ་སྐུ་བཞི་རང་བཞིན་གྱིས་གནས་པ་གློ་བུར་གྱི་དྲི་མ་གཉིད་དང་རྨི་ལམ་དང༌། སད་པ་དང་བཞི་པའི་བག་ཆགས་ཀྱི་དྲི་མས་གཡོགས་པའོ། །སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཅེས་པ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་སྟེ། ཕྱི་ནང་གི་དངོས་པོ་ཐམས་ཅད་གཅིག་དང་དུ་མས་དཔྱད་ན་ཅིའི་ངོར་ཡང་མ་གྲུབ་པའི་ཕྱིར་ན་སྟོང་པའོ། །སྟོང་པ་ཉིད་བསྒོམས་པས་རང་བཞིན་གྱིས་དག་པ་ལ་གློ་བུར་གྱི་དྲི་མ་ཡོད་པ་དག་ནས་ཡེ་ཤེས་སུ་དག་པའོ། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པ་མཚན་མ་མེད་པ་སྟེ་སྟོང་པ་ཉིད་དེ་ཡང་རྒྱུ་དང་མཚན་མས་སྟོང་པའི་ཕྱིར་ན་མཚན་མ་མེད་པའོ། །དེ་བསྒོམས་པས་གཉིད་མཐུག་པོའི་དྲི་མ་དག་པ་ནས་སེམས་ཆོས་སྐུར་དག་པའོ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་པ་སྨོན་པ་མེད་པ་སྟེ། མཚན་མ་མེད་པ་དེ་ཡང་གློ་བུར་དུ་གཉིད་དུ་འཆར་བའི་ཕྱིར་ན་སྨོན་པ་མེད་པ་སྟེ། དེ་བསྒོམས་པས་རྨི་ལམ་གྱི་དྲི་མ་དག་ནས་ངག་ལོངས་སྐུར་དག་པའོ། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ་མངོན་པར་འདུས་མ་བྱས་པའོ། །གློ་བུར་བ་དེ་ཡང་བྱེད་པ་པོ་ལ་ལ་མ་ལྟོས་པར་རང་བཞིན་འབྱུང་བའི་ཕྱིར་ན་མངོན་པར་འདུས་མ་བྱས་པའོ། །དེ་བསྒོམས་པས་སད་པའི་གནས་སྐབས་དག་ནས་ལུས་སྤྲུལ་པའི་སྐུར་དག་པའོ། །དེ་ཡང་རྩ་བའི་རྒྱུད་ལས། སེམས་དང་ངག་དང་ལུས་དབྱེ་བས། །གཉིད་ལོག་རྨི་ལམ་སད་པ་དང༌། །བཞི་པའི་དེ་ཉིད་ཅེས་སུ་གྲགས། །རྨོངས་པ་བླ་མའི་བཀའ་ཡིས་ནི། །སེམས་དང་ངག་ལུས་ཡང་དག་འཁྲུགས། །ལུས་ཅན་རྣམས་ཀྱི་ཁུ་བ་ཤོར། །


DTG015_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པའོ། །ཡང་དེ་ཉིད་ནས། ཆགས་སེམས་དྲི་མ་ཅན་གྱི་སེམས། །འཛག་པས་འཁོར་བར་བྱེད་པ་སྟེ། །དེ་ཡི་རྣམ་དག་སྦྱོར་བ་ཡིས། །དག་པའི་རང་བཞིན་དྲི་མ་མེད། །ཅེས་པའོ། །དག་བྱེད་ཡེ་ཤེས་ལྔ་ནི། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ལ་སོགས་ཏེ་ཉོན་མོངས་པ་ལྔ་ལྷ་ལྔ་རུ་དག །ལྷ་ལྔ་ཡེ་ཤེས་ལྔར་དག་པ་འོག་ཏུ་ཡེ་ཤེས་ལྔ་ལ་བསྟོད་པའི་ལེའུ་ལྔའི་མདོར་བསྟན་པ་ཡིན་ཏེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པ་འདོད་ཆགས་དག་པས་སོ་སོར་རྟོག་པའི་ཡེ་ཤེས་ཏེ། སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་ནི་འདོད་པའི་ལོངས་སྤྱོད་ལྔ་ལ་མངོན་བར་ཞེན་ལ་འདོད་ཆགས་ཆེ་ཞེས་པས་མི་འགྱུར་པའི་ཡེ་ཤེས་ཆགས་པ་ཆེན་པོས་ཐ་མལ་པའི་ཆགས་པ་དང་བྲལ་བའོ། །དེ་ཀ་ཐུན་མོང་མ་ཡིན་པའི་མཆོད་པ་ཡིན་པས་ཆེ་བའོ། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་པ་ཞེ་སྡང་དག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ཐ་མལ་པའི་ཆགས་པ་དང་བྲལ་བ་ནི་ཞེ་སྡང་སྟེ་རང་བཞིན་གྱིས་འོད་གསལ་བའོ། །དེ་ནས་ཉོན་མོངས་པའི་དགྲ་ཆེན་པོའོ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་པའོ། །གཏི་མུག་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་འོད་གསལ་ལོ། །དེ་གཟུང་འཛིན་གནས་སུ་དག་པས་གཏི་མུག་ཆེན་པོ་སྟེ། དེ་ལ་གནས་པ་ནི་གཏི་མུག་བློ་སྟེ་དེ་མི་ཤེས་པའི་གཏི་མུག་བྲལ་བ་ནི་སེལ་བའོ། །མཆོད་པ་ཆེན་པོ་ཁྲོ་བོ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །ཕྲག་དོག་རྣམ་པར་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། གཏི་མུག་དེ་ལ་འདུ་བྱེད་ཀྱི་རྣམ་རྟོག་མི་གནས་པས་ན། ཕྲག་དོག་དག་པ་སྟེ་དེས་ན་ཁྲོས་པའོ། །ཁྲོས་པ་ཆེན་པོ་དེས་ཁྲོ་བ་བཅོམ་པའོ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་པ་སེར་སྣ་དག་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཟག་མེད་ཀྱི་ཆགས་པ་ཆེན་པོ་དེས། སེར་སྣའི་ཆགས་པ་སེལ་བར་བྱེད་པའོ། །དེས་ན་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག་པ་ལ་མཆོད་པ་ཆེན་པོའོ། །འབྲས་བུ་སྐུ་བཞི་ལ་ལྷན་ཅིག་སྐྱེས་པའི་སྐུ་ནི། འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །ཞེས་པ་འདོད་པ་ཆེན་པོ་ནི་རང་བཞིན་ལྷན་ཅིག་


DTG015_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱེས་པའོ། །དེ་མི་འཛག་པས་ན་བདེ་བའོ། །དེ་མི་འགྱུར་པས་ན་དགའ་བ་ཆེན་པོའོ། །དེ་ལ་གནས་པས་མགུ་བ་ཆེན་པོའོ། །དེ་ལ་ཆོས་ཀྱི་སྐུ་ནི། ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །ཞེས་པ་ཆོས་སྐུ་བསྟན་པ་སྟེ། །ཤེས་རབ་ཆེན་པོ་ནི་ཇི་ལྟ་བ་དང་ཇི་སྙེད་པ་ཤེས་པའོ། །འཆང་བ་ནི་ས་བཅུ་པ་ལ་གནས་པའོ། །ཤེས་རབ་ཀྱི་ལྕགས་ཀྱུ་དེས་ཉོན་མོངས་འཇོམས་པ་ནི་དཔེ་གླང་པོ་ཆེའི་སྣ་ལ་ལྕགས་ཀྱུས་བཏབ་པ་དང་འདྲ་བས་སོ། །དེ་ཆོས་སྐུའི་ངང་ལ་བཞུགས་ཀྱང་གྲགས་པ་དང་སྙན་པ་ཆེན་པོས་འཇིག་རྟེན་ཁམས་ལ་ཁྱབ་པས་སོ། །དེ་ཡེ་ཤེས་ཀྱི་སྣང་བ་ལ་གནས་པས་སྣང་བ་ཆེན་པོ་གསལ་བ་ཆེ་བའོ། །དེ་ལ་ལོངས་སྐུ་ནི། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཁམས་རྣམས་དག་པ་ཡེ་ཤེས་ལྔའི་སྐུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བར་འགྱུར་པ་ལོངས་སྐུ་ཡིན་པས་གཟུགས་ཆེ་བའོ། །ལུས་ཆེ་བ་རྒྱུས་མ་བསྐྱེད་པའོ། །ཁ་དོག་ཆེ་བ་གཅིག་ཏུ་མ་ངེས་པའོ། །ལུས་བོང་ཆེ་བ་དབྱིབས་ཆེ་བའོ། །མིང་ཆེ་བ་དེ་བཞིན་གཤེགས་པར་བརྟག་པའོ། །རྒྱ་ཆེ་བ་གཙོ་བོ་དང་འཁོར་ལོའོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པ་རིགས་བསྡུས་པ་དང་བྱེ་བྲག་པའོ། །དེ་ལ་སྤྲུལ་པའི་སྐུ་ནི། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །ཞེས་པ་ཚོགས་ལམ་སྦྱོར་ལམ་པའི་སྣང་བར་གྱུར་པ་དང་གང་ལ་གང་གིས་འདུལ་བར་སྣང་བའི་སྐུ་སྟེ། མཁས་པ་ནི་སེམས་བསྐྱེད་པའོ། །སྒྱུ་འཕྲུལ་ཆེན་པོ་འཆང་བ་ནི་དེ་འབྲས་བུ་ལས་འབྱུང་བའོ། །དེས་སེམས་ཅན་གྱི་དོན་བྱེད་པས་དོན་གྲུབ་པའོ། །དེས་དོན་བྱེད་པ་ལ་སེམས་ཅན་དགའ་བ་ཡིན་ལ། དེ་ལ་དགྱེས་པར་སྣང་བས་དགའ་བས་དགའ་བའོ། །མིག་འཕྲུལ་ཅན་ནི་སྒྱུ་མའི་མཁན་པོས་མིག་སྔགས་བཏབ་པ་ལ་རྟ་དང་གླང་པོ་ལ་སོགས་པ་མེད་བཞིན་དུ་སྣང་བའོ། །ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་ནི།


DTG015_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་པ་ཐུན་མོང་བ་ལ་ཆོས་དང་ཟང་ཟིང་མི་འཇིགས་པ་སྐྱབས་ཀྱི་ཡིན་ལ། ཆེན་པོ་དང་གཙོ་བོར་ནི་ནོར་ལ་ཡོངས་སུ་འཛིན་པས་སྤངས་པའོ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །ཅེས་པ་ཚུལ་ཁྲིམས་ཐུན་མོང་བ་མི་དགེ་བ་ལས་ལོག་པ་ཡིན་ལ། ཆེན་པོ་འཆང་བའི་མཆོག་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་མི་འཛག་པའོ། །བཟོད་ཆེན་འཆང་བ་བརྟན་པ་པོ། །ཞེས་པ་བཟོད་པ་ཐུན་མོང་བ་ཇི་མི་སྙམ་པའི་བཟོད་པ་དང་ཆོས་ལ་ངེས་པར་སེམས་པ་ཡིན་ལ་ཆེན་པོ་འཆང་བ་བརྟན་པ་ནི་ཡུལ་ལྔ་ཡུལ་ཅན་ལ་ཐིམ་པའོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་པ་བརྩོན་འགྲུས་ཐུན་མོང་དགེ་བའི་ལས་ལ་བརྩོན་པ་ཡིན་ལ། ཆེན་པོ་བརྟུལ་བ་ནི་གཡས་གཡོན་གྱི་རླུང་རྩ་དབུས་མར་གནས་པའོ། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཞེས་པ་བསམ་གཏན་ཐུན་མོང་པ་སེམས་རྩེ་གཅིག་ཏུ་གནས་པ་ཡིན་ལ། ཆེན་པོ་ནི་ཏིང་ངེ་འཛིན་ཟག་པ་མེད་པའི་བདེ་བ་ལ་གནས་པའོ། །ཤེས་རབ་ཆེན་པོའི་ལུས་འཆང་བ། །ཞེས་པ་ཤེས་རབ་ཐུན་མོང་པ་ཐོས་བསམ་བསྒོམ་གསུམ་པ་ཡིན་ལ་ཆེན་པོའི་ལུས་འཆང་བ་ཞེས་པ་ནི་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་ཀྱི་སྐུའོ། །སྟོབས་པོ་ཆེ་ཞེས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཟིལ་གྱིས་གནོན་པའོ། །ཐབས་ཆེ་བ་ནི་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག་པའོ། །སྨོན་ལམ་རྒྱ་མཚོ་ནི་སེམས་ཅན་ལ་ཚད་མེད་པའི་ཐུགས་རྗེས་ཁྱབ་པའོ། །ཡེ་ཤེས་རྒྱ་མཚོ་ནི་མི་འགྱུར་པའི་ཡེ་ཤེས་དེ་ལ་ཚད་གཟུང་བ་མེད་པའོ། །ད་ནི་སྐུ་བཞིའི་མཛད་པ་བརྗོད་པར་བྱ་སྟེ། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་པ་སྤྲུལ་སྐུའི་མཛད་པ་སྟེ། སྤྲུལ་སྐུ་དེའི་བྱམས་པར་བྱ་བ་ནི་སེམས་ཅན་ནོ། །ཡུལ་ཚད་མེད་པ་ལ་བྱམས་པའི་ཐུགས་རྗེ་ཚད་མེད་པས་ན། །ཆེན་པོ་དང་དཔག་ཏུ་མེད་པའོ། །སྙིང་རྗེ་ཆེན་པོ་ནི་སེམས་ཅན་གྱི་སྡུག་བསྔལ་ལ་དགོངས་པའོ། །བློ་ཡི་མཆོག་ནི་སྡུག་བསྔལ་དེ་ཐུགས་ཀྱིས་མི་བཟོད་པར་སྣང་བའོ། །འོ་ན་སྤྲུལ་སྐུས་དོན་བྱ་བའི་རྣམ་རྟོག་ཡོད་དམ་ཞེ་ན། ལན་ནི། ཤེས་རབ་ཆེན་པོ་བློ་ཆེན་


DTG015_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན། །ཞེས་པའོ། །དམིགས་པ་མེད་པའི་སྙིང་རྗེའོ། །དེས་བློ་དང་ལྡན་པའོ། །མཁས་པ་ཆེན་པོ་ནི་སྤྲུལ་པའི་སྐུའོ། །ཐབས་ཆེ་བ་ནི་གང་ལ་གང་གིས་འདུལ་བའི་ཐབས་མཁྱེན་པས་སོ། །ད་ལོངས་སྐུའི་མཛད་པ་ལ། རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་པ་ལོངས་སྐུ་དེ་རྫུ་འཕྲུལ་ཆེ་བས་མང་པོར་སྣང་བའོ། །སྟོབས་དང་ལྡན་པ་ནི་རྡུལ་གཅིག་གི་སྟེང་དུ་རྡུལ་སྙེད་ཀྱི་སངས་རྒྱས་བཞུགས་པའོ། །ཤུགས་ཆེ་བ་དང་མགྱོགས་པ་ནི་ལག་པ་བརྐྱང་བསྐུམ་གྱིས་སྟོང་གསུམ་གྱི་སྟོང་ན་བཞུགས་པར་སྣང་བའོ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ་ནི་གསུང་གི་སྒྲ་གསུང་དབྱངས་དྲུག་ཅུས་ཆོས་སྟོན་པའོ། །སྟོབས་ཆེན་ཕ་རོལ་གནོན་པ་པོ་ནི་ཉན་ཐོས་དང་རང་རྒྱལ་བའི་སངས་རྒྱས་པས་སྟོབས་དེས་ཁྱད་པར་དུ་བྱས་པའོ། །ད་ནི་ཆོས་སྐུའི་མཛད་པ་ལ། སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང༌། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་པ་ལ་སྲིད་པའི་རི་བོ་ཆེན་པོ་ནི། །མ་རིག་པ་ནས་རྒ་ཤིའི་བར་དུའོ། །དེ་འཇོམས་པས་ཆོས་སྐུ་ཐོབ་པས་སོ། །ཆོས་སྐུའི་རང་བཞིན་ནི་དབྱེར་མི་ཕྱེད་པས་མཁྲེགས་པའི་རྡོ་རྗེ་ཆེན་པོ་འཆང་བ་སྟེ། དྲག་པོ་ཆེན་པོ་ནི་ཆོས་སྐུ་ཡིན་ལ། དེ་ཉོན་མོངས་པ་དང་ལྷན་ཅིག་མི་གནས་པས་དྲག་ཤུལ་ཆེ་བའོ། །འཇིགས་ཆེན་ནི་ལས་དང་ཉོན་མོངས་པ་ཡིན་ལ། འཇིགས་པར་བྱེད་པ་ནི་དེ་སྤངས་པའམ་བཅོམ་པས་སོ། །ད་ནི་ལྷན་ཅིག་སྐྱེས་པའི་སྐུའི་མཛད་པ་ལ། མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པ་ལ་མགོན་པོ་ནི་ལྷན་ཅིག་སྐྱེས་པའི་སྐུ་མི་འགྱུར་པའི་ཡེ་ཤེས་སོ། །རིགས་མཆོག་ཆེན་པོ་ནི་རིགས་བཞིའི་རང་བཞིན་སྐུ་བཞིའི་མཆོག་ཏུ་གྱུར་པའོ། །བླ་མ་ནི་གོང་ན་མེད་པའོ། །གསང་སྔགས་ནི་རྣལ་འབྱོར་གྱི་རྒྱུད་མན་ཆད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའོ། །སྔགས་ཆེ་བའི་མཆོག་ནི་རྣལ་འབྱོར་བླ་ན་མེད་པའི་སྤྱོད་ཡུལ་དུ་གྱུར་པ་ཡེ་ཤེས་ཀྱི་སྐུའོ། །ཐེག་པ་ཆེན་པོའི་ཚུལ་ལ་


DTG015_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་པ་ནི་ཉན་ཐོས་དང་རང་རྒྱལ་མ་ཡིན་པའི་ཐེག་པ་ཆེན་པོའོ། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལས་ཀྱང་ཁྱད་པར་དུ་གྱུར་པ་གསང་སྔགས་བླ་ན་མེད་པའི་ཐེག་པ་ལ་གནས་པའོ། །དེ་ལྟར་ལེའུ་ལྔ་པའི་བཤད་པའོ།། །།

ལེའུ་དྲུག་པ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བརྗོད་པ།


DTG010_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པ་བརྗོད་པར་བྱ་སྟེ། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་པ་ལ་དང་པོ་དབྱིངས་ཀྱི་རྣལ་འབྱོར་ནི་དཀྱིལ་འཁོར་དྲུག་རིམ་གྱིས་བསྒོམ་པ་ལྟར་ན། སྔར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔས་གཙོ་བོ་བྱས་པ་དེ་འཕོ་བ་སྟེ། མི་བསྐྱོད་པ་ནུབ་ཀྱི་ལེ་ཚེ་ལ་བཞུགས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རླུང་གི་མཚམས་ཀྱི་ལེ་ཚེ་ལ་བཞུགས། དབུས་ཀྱི་ལེ་ཚེ་ལ་རྣམ་པར་སྣང་མཛད་དང་ཡུམ་སངས་རྒྱས་སྤྱན་ཞལ་སྦྱོར་དུ་བཞུགས་པ་སྐུ་མདོག་དང་ཕྱག་མཚན་ནི་རང་གི་སྔར་བཞིན་ནོ། །ཡབ་ཀྱི་ཐུགས་ཀའི་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་ཤེས་རབ་ཡེ་ཤེས་ཞེས་བྱ་བ་ཞལ་གཅིག་པ་ཕྱག་གཉིས་པ་སྐུ་མདོག་སེར་པོ། གཡོན་འཁོར་ལོ་དང༌། གཡས་ན་རལ་གྲི་བསྣམས་པ་རྡོ་རྗེ་སྐྱིལ་ཀྲུང་དུ་ཞུགས་པ་དེའི་ཐུགས་ཀ་ནས་འཁོར་ལོ་རྩིབས་བཅུ་པ་ལ། ཨོཾ་པྲཛྙཱ་ཛྙཱ་ན་མཱུ་རྟ་ཡེ་ན་མཿཞེས་པ་གནས་པའོ། །དེའི་ལྟེ་བ་ལ་ཨ་སེར་པོ་གནས་པར་བསམ་མོ། །ནུབ་ཀྱི་འཁོར་སྔར་སེར་པོ་ཡིན་པ་ལ་མི་བསྐྱོད་པའི་རིགས་ལྗང་གུར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་ནི་རིགས་སོ་སོ་ལ་ཐིམ་པའོ། །དཀྱིལ་འཁོར་དྲུག་རང་རྐྱང་པར་བསྒོམ་ན་དང་པོ་གནས་སྲུང་བ་ནས་ཐ་མ་དབང་བསྐུར་བ་ཡན་ཆད་གོང་བཞིན་བསྒོམས་པ་ལ་འོག་ཏུ། མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་པ་དང་སྦྱར་རོ། །འཇིག་རྟེན་པའི་དབང་བཅུ་རྣམ་དག་དད་བཅས་པ་དང༌། །འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པ་དང༌། དབང་བསྐུར་སློབ་མའི་མཚན་ཉིད་དང་སློབ་དཔོན་གྱི་མཚན་ཉིད་དང༌། ཐེག་པ་གསུམ་དང༌། དབང་བཞི་ཐུན་མོང་དུ་བསྟན་པ་དང༌། འབྲས་བུ་སྐུ་བཞིའི་མཚན་ཉིད་དང༌། སྦྱོར་བའི་ཡན་ལག་དྲུག་


DTG015_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟན་པའོ། །དེ་རྣམས་ལ་དང་པོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་པ་སངས་རྒྱས་ནི་རིགས་ལྔའི་ནང་ནས་སྐུའི་རིགས་སོ། །འོག་མིན་དུ་ལྷ་བཞི་བཅུ་ཞེ་གསུམ་མམ་ཞེ་ལྔའམ་ཞེ་དགུའི་སྒྱུ་འཕྲུལ་དྲ་བའི་ངོ་བོར་བཞུགས་པའོ། །ཐུབ་པ་ཆེན་པོ་ནི་སྐུ་གསུང་ཐུགས་ཐུབ་པའོ། །ཐུབ་ཆེན་ལྡན་ནི་འགྱུར་པའི་ཡེ་ཤེས་མངའ་བས་སོ། །དེའི་རྒྱུ་གང་ཞེ་ན། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉི་ཅན། །ཞེས་པས་གསང་སྔགས་ཚུལ་ཆེན་ལས་བྱུང་བ་ནི་དབང་བཅུ་སྟེ། ཆུ་དང་ཅོད་པན་དང་དར་དབྱངས་དང་རྡོ་རྗེ་དྲིལ་བུ་དང་བརྟུལ་ཞུགས་དང་མིང་དང་རྗེས་གནང་དང་བདུན་སློབ་མའི་དབང་ངོ༌། །བརྒྱད་པ་བུམ་པའི་དབང་སློབ་དཔོན་གྱིའོ། །དགུ་པ་གསང་བའི་དབང་ངོ༌། །བཅུ་པ་ཤེས་རབ་ཡེ་ཤེས་ཏེ་འཇིག་རྟེན་པའི་དབང་ངོ༌། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན་ནི་འཇིག་རྟེན་ལས་འདས་པའི་དབང་ནི་བཅུ་གཅིག་པ་བཞི་པ་ཞེས་བྱའོ། །དབང་བཞི་པ་བུམ་པ་ལ་སོགས་པའི་དབང་ནི་འཕགས་པའི་ཡུལ་ན་གནས་པ་རྣམས་ལ་སྦས་ནས་གསལ་བར་མཛད་དོ། །དེ་ཅིས་ཤེ་ན། སྣོད་མིན་པ་ལ་ནོར་ལ་བལྟས་ནས་ཆོས་སྟོན་པ་དང༌། །ནོར་མེད་ན་མི་དགེ་བ་བཅུ་སྲུང་བ་རྣམས་ལ་མི་སྟེར་བའི་ཕྱིར་དབང་གསལ་བར་མ་མཛད་དོ། །དབང་གསུམ་པ་ཤེས་རབ་ཡེ་ཤེས་ནི། དེ་ལྟར་དེ་བཞིན་བཞི་པའི་ཡེ་ཤེས་ལ་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ཏེ། རྒྱུ་དང་འབྲས་བུ་ཐ་དད་མེད་པར་བྱེད་པའི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ་ཞེས་སྨྲ་བར་གྱུར་ཏོ། །དེའི་ཕྱིར་འདི་རྣམ་པར་དག་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་དང་པོ་མཆོག་གི་སངས་རྒྱས་ལས་རབ་ཏུ་གསལ་བར་བྱེད་པ་གླེགས་བམ་དུ་བྲིས་པ་སྟེ། ཆུ་བོ་སི་ཏའི་བྱང་ཕྱོགས་སུ་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་མོས་པ་མཁྱེན་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་དང༌། ཕྱག་ན་རྡོ་རྗེས་གླེགས་བམ་དུ་བྲིས་སོ། །མཚན་ཡང་དག་པར་བརྗོད་པ་ཚད་མར་བྱས་ཏེ། གང་གིས་སེམས་ཅན་ཐེ་ཚོམ་མེད་པར་གྱུར་པ་དེས་སྔགས་ཀྱི་ཐེག་པ་ཐམས་ཅད་ཀྱི་ངེས་པའི་དོན་སྔགས་ཀྱི་ཐེག་པ་ལས་མཚན་ཡང་དག་པར་བརྗོད་པ་བཅོམ་ལྡན་འདས་ཀྱིས་ཕྱག་


DTG015_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་རྡོ་རྗེ་ལ་བསྟན་ཏོ། །དེས་ན་བདག་གི་གནས་སྐབས་གསུམ་སྟེ། བཏགས་པ་བ་ཆ་མཐུན་པ་མཚན་ཉིད་པའོ། །ལས་དང་པོ་སྐྱེ་བར་སྐྱེས་པ་ལ་བཏགས་པ་ཙམ་མོ། །ཚོགས་དང་སྦྱོར་བ་ཕུན་སུམ་ཚོགས་པ་ལ་དབང་ཆ་མཐུན་པ་ཙམ་མོ། །ས་དང་པོ་ནས་བཅུ་པའི་བར་དུ་འཇིག་རྟེན་པའི་དབང་ཡིན་ཏེ་དབང་མཚན་ཉིད་པའོ། །ས་བཅུ་གཅིག་པ་ནི་འཇིག་རྟེན་ལས་འདས་པའི་དབང་ངོ༌། །དེས་ན་དབང་ལ་མཚན་ཉིད་པ་ནི་དབང་བདུན་བསྐུར་བའི་ཆུའི་མིང་ཅན་བྱིན་གྱིས་བརླབས་པས་ས་བདུན་པར་ལུང་བསྟན་ལ་དགེ་བསྙེན་དུ་བརྗོད་དོ། །དགེ་ཚུལ་དུ་བུམ་པའི་དབང་བསྐུར་བས་སངས་རྒྱས་ཀྱི་སྲས་གཞོན་ནུ་ཞེས་ས་བརྒྱད་པ་མི་གཡོ་བར་ལུང་བསྟན་ཏོ། །གསང་བའི་དབང་བསྐུར་བས་དགེ་སློང་དུ་གྱུར་ཏེ་རྒྱལ་ཚབ་གཞོན་ནུ་ཞེས་ས་དགུ་པ་ལེགས་པའི་བློ་གྲོས་སུ་ལུང་བསྟན་པས་གནས་བརྟན་ཞེས་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་སློབ་མ་སྡུད་པར་བྱེད་པར་འགྱུར་ཏེ། ས་བཅུ་པ་ཆོས་ཀྱི་སྤྲིན་དུ་ལུང་བསྟན་པའི་ཕྱིར་སངས་རྒྱས་གཉིས་པ་བཞིན་ནོ། །དེའི་ཕྱིར་ན་རིག་མ་བཅུ་ཁྱིམ་པའི་སློབ་མ་ལ་སློབ་དཔོན་གྱིས་གཏད་པར་བྱའོ། །འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཚ་མོ་དང་ནི་སྲིང་མོ་དང༌། །དེ་བཞིན་སྲིང་མོའི་སྐྱེད་བྱེད་མ། །དེ་ལྟར་ཆུང་མའི་སྐྱེད་བྱེད་མ། །མ་མོ་དེ་བཞིན་བུད་མེད་རྣམས། །ཕ་ཁུ་སྤུན་གྱི་ཆུང་མ་དང༌། །དེ་བཞིན་ཚ་མོ་སྐྱེད་བྱེད་མ། །རང་གི་མ་དང་ཚ་མོ་དང༌། །རང་གི་ཆུང་མ་མཆོག་གི་གཟུགས། །སྒྲོལ་མ་ལ་སོགས་ཆོས་ཀྱི་ཁམས། །རིག་མ་བཅུ་པོ་རང་རིག་སྐྱེས། །དབང་གི་དུས་སུ་རབ་ཏུ་སྦྱིན། །ཐར་པ་འདོད་པས་གཟུང་བར་བྱ། །ཞེས་པས་རིག་མ་བཅུས་དབང་བསྐུར་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། ས་བཅུ་དང༌། ཤེས་པ་བཅུ་དང༌། སྟོབས་བཅུ་དང༌། ཡི་གེ་བཅུའི་བརྡའོ། །སྣ་ཚོགས་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པ་བརྡ་ཡིན་ཏེ། །ཧྐྵྨླྺྲྱཾ་འདི་ལ་ཕྱི་དང་ནང་དང་གཞན་དུ་བཤད་པ་ཡོད་པ་འདིར་མ་སྤྲོས་ཏེ། འགྲེལ་པ་ཆེན་པོར་ཤེས་པར་བྱའོ། །འདིར་དབང་རྣམ་དག་དང་བཅས་པའི་ཕྱིར་བཀོང་པའོ། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་པ་རིག་མ་བཅུ་ལ་བརྟེན་ནས་དབང་བཅུ་ཐོབ་པས་ཕ་རོལ་ཏུ་ཕྱིན་པ་བཅུར་དག་པས་


DTG015_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐོབ་པའོ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཞེས་པ་དབང་དང་པོ་ཐོབ་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་དབང་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་རེ་རེ་དག་ནས་སློབ་དཔོན་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གསང་དབང་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཕ་རོལ་ཏུ་ཕྱིན་བཅུ་དག་པ་སྟེ། དེ་ཀ་ལ། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དག་པའོ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་རབ་ཏུ་གནས། །ཞེས་པ་དབང་བཅུ་ཐོབ་པས་ས་བཅུ་ཐོབ་པ་སྟེ། ཆུ་དབང་གིས་ནི་རབ་ཏུ་དགའ་བའི་སའོ། །དེ་བཞིན་དུ་རིམ་པ་ཇི་ལྟར་དྲི་མ་མེད་པ་དང་འོད་བྱེད་པ་དང༌། འོད་ཟེར་འཕྲོ་བ་དང༌། སྦྱང་དཀའ་བ་དང༌། མངོན་དུ་གྱུར་པ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་རྣམས་ཐོབ་པའོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཞེས་པ་རིག་མ་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུར་ཤེས་པར་བྱ་བ་དང་ས་བཅུར་ཤེས་པར་བྱའོ། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་པ། ཤེས་རབ་ཡེ་ཤེས་ལ་བརྟེན་ནས་མི་འཛག་པའི་ཡེ་ཤེས་ཐོབ་པར་འཆང་བའོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཞེས་པ་དེ་སེམས་ཅན་གྱི་དོན་བྱེད་པའོ། །དོན་གང་གིས་བྱེད་ན། ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཅེས་པ་སྟོབས་བཅུ་ནི། བསམ་པའི་སྟོབས་དང༌། ལྟ་བའི་སྟོབས་དང༌། སྦྱོར་བའི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་དང༌། སྨོན་ལམ་གྱི་སྟོབས་དང༌། ཐེག་པའི་སྟོབས་དང༌། སྤྱོད་པའི་སྟོབས་དང༌། རྣམ་པར་འཕྲུལ་པའི་སྟོབས་དང༌། བྱང་ཆུབ་པའི་སྟོབས་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྟོབས་སོ། །སྟོབས་རྣམས་ཐོབ་པར་བྱེད་པ་ནི་དབང་བཅུ་ཡིན་ཏེ། སྣ་ཚོགས་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པ་འཇིག་རྟེན་པའི་དབང་བཅུའི་བརྡ་གང་དུ་ཡི་གེ་བཅུ་བརྩེགས་པའོ། །བསྐུར་བའི་དབང་བཅུ་བསྐུར་པས་ཐག་པའི་དབང་བཅུ་ནི་བྱང་ཆུབ་སེམས་དཔའི་དབང་བཅུར་འགྱུར་ཏེ། ཚེ་ལ་དབང་བ་དང༌། ལས་ལ་དབང་བ་དང༌། ཤིན་ཏུ་མོས་པ་ལ་དབང་པ་དང༌། ཡོད་བྱད་ལ་དབང་བ་དང༌། སྨོན་ལམ་ལ་དབང་བ་དང༌། རྫུ་འཕྲུལ་ལ་དབང་བ་དང༌། ཆོས་ལ་དབང་བ་དང༌། སེམས་ལ་དབང་བ་


DTG015_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང༌། སྐྱེ་བ་ལ་དབང་བ་དང༌། ཡེ་ཤེས་ལ་དབང་བའོ། །བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་གནས་སྐབས་གསུངས་པ་རྣལ་འབྱོར་པ་དང་པོ་སེམས་བསྐྱེད་ལ། ཕྱིས་བྱིས་པར་གྱུར་པ་དེ་ནས་གཞོན་ནུར་གྱུར་པའོ། །ལས་དང་པོའི་སྦྱོར་བ་སྐྱེས་པ་སྦྱོར་བ་ཕུན་སུམ་ཚོགས་པ། བསམ་པ་ཕུན་སུམ་ཚོགས་པ། ཕྱིར་མི་ལྡོག་པའི་དབང་བསྐུར་ཐོབ་པ། སྐྱེ་བ་གཅིག་ཏུ་ཐོགས་པ་ཞེས་སོ། །དེ་ལྟར་འཇིག་རྟེན་པའི་དབང་བཅུ་བསྟན་ནས། ད་ནི་འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པ་བརྗོད་པར་བྱ་སྟེ། ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །ཅེས་པ་ནས། གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་སྦྱར་རོ། །ཐོག་མ་མེད་པ་ནི་མ་སྐྱེས་པའི་རང་བཞིན་ནོ། །སྤྲོས་པ་ནི་རྟག་ཆད་དང་བྲལ་བ་དམིགས་པ་དང་བྲལ་བའོ། །དེ་བཞིན་ཉིད་ནི་མ་བཅོས་པའོ། །དེའི་བདག་པོ་ནི་དག་པའི་བདག་ཅེས་དག་པ་ནི་གློ་བུར་གྱི་དྲི་མ་དང་བྲལ་བའོ། །གཉིས་སུ་མེད་པ་དང་ནི་ཡུལ་དང་ཡུལ་ཅན་ནམ་དབྱིངས་དང་ཡེ་ཤེས་སོ། །དེས་ན་ལྷན་ཅིག་སྐྱེས་པའི་དོན་ལ་གནས་པས་ན་གཉིས་མེད་སྟོན་པའོ། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་པ་ཡང་དག་པ་མ་ནོར་བ་ཐོབ་པར་བྱ་བའི་ཕྱིར་དོན་ཐོབ་པས་མངོན་དུ་གྱུར་པའོ། །དེ་ལྟར་དབང་བཅུ་གཅིག་བསྟན་ནས་དབང་བསྐུར་བར་བྱ་བའི་སློབ་མ་ནི། བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་པ་སྟེ་བདེན་པར་སྨྲ་བ་ནི་སྣོད་ཀྱི་དྲི་མ་དག་པ་གཡོ་དང་སྒྱུ་སྤངས་པའོ། །ཚིག་མི་འགྱུར་པ་ནི་དམ་བཅས་པ་ལས་མི་འདའ་བའོ། །ཇི་སྐད་སྨྲས་པ་ནི་སློབ་དཔོན་ཀྱི་བཀའོ། །དེ་བཞིན་བྱེད་པ་ནི་སློབ་མའི་བཀའ་ཡིན་ཏེ། དབང་བདུན་པ་ཐོབ་པས་བསྐྱེད་པའི་རིམ་པ་བསྒོམ་པ་དང༌། བརྒྱད་པ་ཐོབ་པས་གཞན་གྱི་དོན་དབང་དང་རབ་གནས་དང་སློབ་མ་བསྡུ་བར་བྱའོ། །གསང་བ་ཐོབ་པས་བདེ་བ་ཆེན་པོ་བསྒོམ་པ་དང༌། ཤེས་རབ་ཡེ་ཤེས་ཐོག་པས་བདེ་བ་སྟོང་པར་གོ་བ་དང༌། དབང་བཅུ་གཅིག་པ་ཐོབ་པས་ལྷན་ཅིག་སྐྱེས་པ་བསྒོམ་པ་དང༌། དེ་རྣམས་ཀྱི་དམ་ཚིག་ལ་གནས་པས་དེ་བཞིན་བྱེད་པའོ། །དེ་ལྟར་སློབ་མ་བསྟན་ནས། །སློབ་དཔོན་གྱི་ཚད་དམ་མཚན་ཉིད་ནི་ལམ་


DTG015_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་ལ་གནས་པ་དང༌། དོན་གང་གིས་བྱ་བའོ། །དང་པོ་ལྟར་ན། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཅེས་པ་བདག་མེད་པ་ལ་གཉིས་ཏེ། གང་ཟག་གི་བདག་མེད་པས་མུ་སྟེགས་ལས་ཁྱད་པར་དུ་བྱས་པས་དཔེར་ན་སེང་གེའི་སྒྲས་རི་དགས་བཞིན་ནོ། །ཆོས་ཀྱི་བདག་མེད་པས་ཉན་ཐོས་ལས་ཁྱད་པར་དུ་བྱས་པས་དཔེ་གོང་མ་བཞིན་ཏེ། དེ་ནི་ཚོགས་ལམ་དང་སྦྱོར་བའི་ལམ་ལ་གནས་པའི་སློབ་དཔོན་ནོ། །ཀུན་དུ་འགྲོ་བའི་དོན་ཡོད་སྟོབས། །ཞེས་པ་ཀུན་དུ་འགྲོ་བ་ནི་སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོར་རོ། །དོན་ཡོད་པའི་སྟོབས་ནི་སེམས་ཅན་གྱི་དོན་དུ་སྟེ་ས་དང་པོ་ནས་བདུན་པའི་བར་དུའོ། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །ཞེས་པས་ཉན་ཐོས་སུ་ཕྱིར་མི་ལྡོག་པས་དེ་བཞིན་གཤེགས་པ་དང་འདྲ་བའམ་ཆ་མཐུན་པ་བརྒྱད་པའོ། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །ཞེས་པ་ལས་དང་ཉོན་མོངས་པ་ལས་རྒྱལ་བས་ས་བཅུ་སྐྱེ་བ་གཅིག་གིས་ཐོབ་པའོ། །འཁོར་ལོས་སྒྱུར་པ་སྟོབས་པོ་ཆེ། །ཞེས་པ་ས་བཅུ་གཉིས་པ་དེ་བཞིན་གཤེགས་པའོ། །དེ་ལྟར་ལམ་གང་ན་གནས་པ་བསྟན་ནས། དོན་གང་གི་བྱ་བ་ལ། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཅེས་བྱ་བ་ལ་སོགས་ཏེ། ཚོགས་ཀྱི་ནི་ཚོགས་ལམ་མན་ཆད་པའི་སེམས་ཅན་རྣམས་ལའོ། །སློབ་དཔོན་ནི་དེའིའོ། །ཚོགས་ཀྱི་མཆོག་ནི་སྦྱོར་བའི་ལམ་མོ། །ཡང་ཚོགས་རྗེ་ནི་སྦྱོར་ལམ་པའོ། །ཚོགས་བདག་ནི་མཐོང་ལམ་པའོ། །དབང་དང་ལྡན་ནི་ས་དང་པོ་པ་དེས་དབང་མཚན་ཉིད་པ་ཐོབ་པས་སོ། །མཐུ་ཆེན་ནི་ས་དང་པོ་པ་དེའོ། །དེའི་སློབ་དཔོན་ནི་ཞེས་པ་འཛིན་པ་སྟེ། ཕྱིར་མི་ལྡོག་པ་ལ་གནས་པའི་ས་བརྒྱད་པའོ། །ཚུལ་ཆེན་ནི་ས་བརྒྱད་པ་སློབ་མའོ། །གཞན་གྱི་དྲིང་མི་འཇོག་པ་ནི་སངས་རྒྱས་ཁོ་ནའོ། །དེ་ལ་ཚིག་གི་རྗེ་ནི་དོན་ལ་མཁས་པས་རྗེའོ། །དེས་ནི་ཚིག་བདག་ཆོས་གསུངས་པའི་གསུང་ལ་དབང་ཐོབ་པའོ། །སྨྲ་མཁས་པ་ནི་དོན་ཕྱིན་ཅི་མ་ལོག་པར་བསྟན་པའོ། །དེས་ན་ཚིག་ལ་དབང་བ་ཚིག་མཐའ་ཡས། ཞེས་པ་གསུང་གཅིག་གསུངས་ཀྱང་དུ་མར་གོ་བའོ། །ཚིག་བདེན་པ་དང་བདེན་པར་སྨྲ། །ཞེས་པས་རང་རང་གི་སྐད་དུ་དོན་གོ་བ་དན་དོན་ངེས་པར་སྟོན་པར་གོ་བའོ།


DTG015_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་སློབ་དཔོན་གྱི་མཚན་ཉིད་བསྟན་ནས་ད་ནི་ཐེག་པ་གསུམ་དང་དབང་བཞི་ཐུན་མོང་དུ་བསྟན་པ་ནི། དེ་ལ་ཐུན་མོང་གི་ཐེག་པ་ལས་ཉན་ཐོས་ཀྱི་ནི། བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པར་ཕྱིར་མི་འོང༌། །ཞེས་པ་བདེན་པ་བཞི་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པའོ། །སྟོན་པ་པོ་ནི་བཅོམ་ལྡན་འདས་ཏེ་ཉན་ཐོས་རྣམས་ལའོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་བ་ནི་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའོ། །དེ་ལྟར་ཟུང་བཞི་དང་ཡ་བརྒྱད་དེ་ཉན་ཐོས་རྣམས་སོ། །རང་རྒྱལ་ནི། འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་པས་རང་རྒྱལ་བ་ནི་སྔོན་དུ་བསྐལ་བ་མང་པོར་ཚོགས་བསགས་ནས། འཁོར་བའི་སྐྱོན་ལ་བསམས་ནས་སློབ་དཔོན་མེད་པའི་ས་ཕྱོགས་སུ་སངས་རྒྱས་པར་སྨོན་ལམ་བཏབ་ནས་དེར་སྐྱེས་པས་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམས་པས་རང་རྒྱལ་བར་གྱུར་པའོ། །དེ་ལ་འདྲེན་པ་ནི་ནེ་ཙོ་ལྟར་ཁྱུང་ལྡིང་པའི་རང་རྒྱལ་ལོ། །བསེ་རུའི་ཚུལ་ནི་གཅིག་པུར་གནས་པའི་རང་རྒྱལ་བའོ། །དེ་གང་གི་དབང་གིས་ན་ངེས་འབྱུང་ཞེས་པ་སྔར་འཁོར་བ་ལས་བློ་ལོག་པའོ། །སྣ་ཚོགས་པ་ནི་སྔར་ཚོགས་བསགས་པས་སོ། །ལས་འབྱུང་བ་ནི་དེའི་འབྲས་བུའོ། །འབྱུང་བ་ཆེན་པོ་ནི་རང་རྒྱལ་བའི་བྱང་ཆུབ་པོ། །རྒྱུ་གཅིག་པོ་ནི་རྒྱུ་དཀར་པོ་དང་ནག་པོ་འདྲེས་པ་མ་ངེས་པས་དགེ་བའི་ལས་ཁོ་ན་ལས་གྲུབ་པའོ། །ཐེག་པ་ཆེན་པོ་པ་ནི། དགེ་སློང་དགྲ་བཅོམ་ཟག་པ་ཟད། །ཅེས་པ་ལ་སོགས་པ་ནི་དགེ་སློང་ནི་དགེ་བའི་ཆོས་ལ་འདུན་པ་ཡིན་པས་ཐེག་པ་ཆེན་པོའི་རྟེན་ནོ། །དགྲ་བཅོམ་པ་ནི་ལམ་སྟེ་བདག་མེད་པ་གཉིས་ཀྱིས་ཉོན་མོངས་པའོ། །ཟག་པ་ཟད་པ་ནི་འབྲས་བུ་སྟེ། འཁོར་བར་གནས་པའི་རྒྱུད་ཟད་པས་སངས་རྒྱས་སོ། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །ཞེས་པ་ཡུལ་ལ་ཆགས་པ་དང་བྲལ་བས་དབང་པོ་རྣམས་རང་ཞི་བའོ། །བདེ་བ་རྙེད་པ་ནི་ཆགས་པ་དང་བྲལ་བའི་འབྲས་བུའོ། །དེས་ན་བདུད་དང་ཉོན་མོངས་ལས་མི་འཇིགས་པ་ཐོབ་པའོ། །བསིལ་བར་གྱུར་པ་ནི་ཞེ་སྡང་ལ་སོགས་པའི་བྱེད་ལས་སོ། །རྙོག་


DTG015_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་མེད་པ་ནི་ཆོས་ཉིད་རང་བཞིན་གྱིས་དངས་པ་ལ་གློ་དུར་གྱི་དྲི་མ་དང་བྲལ་བའོ། །ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་དབང་དང་སྦྱར་ན། །བདེན་པ་བཞི་ནི་སྟོན་པ་པོ། །ཞེས་པ་སྟོན་པ་བོ་ནི་གོང་དུ་བཤད་པའི་སློབ་དཔོན་དེའོ། །བདེན་བ་ནི་མི་སླུ་བ་སྟེ་དོན་དམ་བར་རོ། །བཞི་ནི་དབང་སྟེ་བུམ་པ་དང༌། གསང་བ་དང་ཤེས་རབ་ཡེ་ཤེས་དང་བཞི་པ་སྟེ་མདོར་བསྟན་པའོ། །རྒྱས་པ་ལས། ཕྱིར་མི་ལྡོག་པ་ཕྱིར་མི་འོང༌། །ཞེས་པ་དབང་བདུན་པ་རིམ་གྱིས་ཐོབ་པའི་རྗེས་ལ་བརྒྱད་པ་བུམ་པའི་དབང་བསྐུར་བས་བརྒྱད་པའོ། །འདྲེན་པ་རང་རྒྱལ་ནི་སློབ་མའི་ཚོགས་སྡུད་པས་འདྲེན་པའི་རང་རྒྱལ་ལོ། །བསེ་རུའི་ཚུལ་ནི་སློབ་མ་མང་པོ་ཡང་སློབ་དཔོན་གཅིག་གིས་གྲོལ་བར་བྱེད་པའོ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་པ་གསང་བའི་དབང་སྟེ། ངེས་འབྱུང་སྣ་ཚོགས་ནི་སློབ་དཔོན་དང་སློབ་མ་རིག་པའི་ཁམས་སྣ་ཚོགས་པ་རྣམས་ངེས་པར་རྩའི་ལམ་ནས་བྱུང་ནས་སློབ་མའི་ངག་ལ་བསྐུར་བའོ། །འབྱུང་བ་ནི་ས་ལ་སོགས་པ་ལྔའོ། །ཆེན་པོ་ནི་ཡེ་ཤེས་ཀྱི་ལམ་མོ། །ཀུན་རྫོབ་བྱང་ཆུབ་སེམས་ལ་བརྟེན་ནས་དོན་དམ་པའི་བྱང་ཆུབ་ཐོབ་པའི་རྒྱུ་ཡིན་པས་རྒྱུ་གཅིག་བུའོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །ཞེས་བ་དབང་གསུམ་པ་སྟེ་དགེ་སློང་ནི་ཐིག་ལེ་མི་འཛག་པས་སོ། །དགྲ་བཅོམ་པ་ནི་ཐིག་ལེ་འཛིན་པའི་ཁྲག་འཛག་པ་ཡིན་པས་དེ་ནི་དགྲ་བཅོམ་པ་ཟག་པ་ཟད་པའོ། །འདོད་ཆགས་བྲལ་བ་ནི་འཛག་པའོ། །དེས་ན་དབང་པོ་རྣམས་ཐུལ་བའོ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པས་རྙོག་པ་མེད། །ཅེས་པ་དབང་བཞི་པ་སྟེ་བདེ་བ་རྙེད་པ་ནི་མི་འགྱུར་པའི་ཡེ་ཤེས་སོ། །དེས་འཛག་པའི་འཇིགས་པ་མེད་པའོ། །བསིལ་བར་གྱུར་པ་ནི་ས་བཅུ་གཅིག་པའི་ཡེ་ཤེས་སོ། །དེ་ལ་འཇིག་རྟེན་པའི་རྙོག་པ་མེད་པས་མེད་པའོ། །ད་ནི་སྐུ་བཞི་ལ་དེའི་རྒྱུ་ལམ་དང་ངོ་བོ་དང་མཇུག་བསྡུས་པའོ། །དང་པོ་ཐོབ་པའི་རྒྱུ་ནི། བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་པ་བདག་གིར་མི་འཛིན་པ་ནི་ཡུལ་རྣམས་ལའོ། །ངར་མི་འཛིན་པ་ནི་འཛིན་པའི་སེམས་སྟོང་པར་རྟོགས་པའོ། །བདེན་པ་གཉིས་ནི་སྣང་བ་དང༌། །ལྷ་ཀུན་རྫོབ་ཀྱི་བདེན་པ་


DTG015_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་བཞིན་མེད་པ་དོན་དམ་པའོ། །དེ་སུ་ལ་ཡོད་ན་ས་དང་པོ་ལ་ཡོད་པས་ཤེས་པ་འབའ་ཞིག་ལས་བྱུང་བ་ཞེས་པ་གཉིས་ཏེ་ཤེས་པ་ནི་ས་དང་པོ་པའོ། །ཤེས་རབ་མཚོན་ཆེན་རྣམས་འཇོམས་པ། །ཞེས་པས་ས་དང་པོའོ། །ཤེས་རབ་དེས་ཉོན་མོངས་པ་མངོན་དུ་གྱུར་པ་རྣམས་བཅོམ་པའོ། །དེས་ས་བཅུ་རིམ་གྱིས་བརྒྱུད་ནས་སངས་རྒྱས་པས། འཁོར་བའི་ཕ་རོལ་མཐར་སོན་པ། །ཞེས་པས་ས་བཅུ་པ་ཡང་ལས་དབང་མིན་ཏེ། སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་ལ་བཞུགས་ལ་སངས་རྒྱས་དེའི་མཐར་སོན་པའོ། །བྱ་བ་ནི་སེམས་ཅན་དོན་ཡིན་ལ་བྱས་པ་ནི་བསྐལ་པ་གྲངས་མེད་པ་གསུམ་དུའོ། །དེ་བྱས་ནས་སྐམ་ས་ནི་ས་བཅུ་གཉིས་སོ། །ས་བཅུ་གཉིས་པའི་ངོ་བོ་ལ་སྐུ་བཞི་སྟེ། དང་པོ་སྤྲུལ་པའི་སྐུ་ནི། རིག་པ་དང་ནི་རྐང་བར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །ཅེས་པ་རིག་པ་ནི་སེམས་ཅན་གྱི་དོན་བྱ་བ་ལ་རིག་ཅིང་མཁས་པའོ། །རྐང་པ་ནི་སྐུའི་ཁྱད་པར་ཡིན་ལ་ལྡན་པ་ནི་སྤྲུལ་པའི་སྐུའོ། །བདེ་བར་གཤེགས་པ་ནི་འཇིག་རྟེན་ནི་སྟོང་གསུམ་གྱི་སྟོང་ཆེན་པོའོ། །རིག་པའི་མཆོག་ནི་དེ་ན་གནས་པའི་དོན་ཏོ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དམ་ཆོས་ནི་བསྟན་པའི་ཆོས་སོ། །ཆོས་རྒྱལ་གསལ་བར་ལྡན་ནི་ཞི་བའི་ཆོས་སོ། །འཇིག་རྟེན་ནི་མ་རིག་པའི་སྣང་བའོ། །སྣང་བར་བྱེད་པའི་མཆོག་ནི་ཡེ་ཤེས་ཏེ་དེས་གསལ་བར་བྱེད་པའོ། །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། །ཆོས་ཀྱི་དབང་ཕྱུག་དང་ཆོས་ཀྱི་རྒྱལ་པོར་འགྱུར་པའོ། །དེས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་པས་ན། ལེགས་པའི་ལམ་ནི་སྟོན་པ་པོ། །ཞེས་པའོ། །ཆོས་ཀྱི་སྐུ་ནི། དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་པ་དོན་གྲུབ་ནི་སེམས་ཅན་གྱིའོ། །བསམ་པ་གྲུབ་པ་ནི་སངས་རྒྱས་ཉིད་ཀྱིའོ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས་པ་ནི་ཆོས་ཀྱི་སྐུ་ལས་སོ། །རྣམ་བར་མི་རྟོག་


DTG015_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཆོས་ཀྱི་སྐུའི་རང་བཞིན་ནོ། །དབྱིངས་མི་ཟད་པ་ནི་ངོ་བོའོ། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཅི་ཞེ་ན། ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་པ་ཆོས་ཀྱི་སྐུ་ལ་སྐྱེ་བ་མེད་པས་ཟད་པ་ཡང་མེད་པའོ། །ཡེ་ཤེས་སྐུ་ནི། བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མི་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་པ་བསོད་ནམས་ལྡན་པ་ནི་སྔར་བྱས་པའི་འབྲས་བུའོ། །བསོད་ནམས་ཚོགས་ནི་ཐབས་དགེ་བའི་ལས་སོ། །ཡེ་ཤེས་ནི་སྔར་སྟོང་པ་ལས་མོས་པར་བྱས་པའོ། །དེ་ཕྱིས་འབྱུང་བའི་ཡེ་ཤེས་ཀྱི་འབྱུང་བའི་གནས་སོ། །དེའི་འབྲས་བུ་ནི་ཡེ་ཤེས་ཆེ་ཞེས་པ་མི་འགྱུར་པའི་ཞེས་སོ། །ཡེ་ཤེས་ལྡན་པ་ནི་དེའི་ངོ་བོའོ། །ཡོད་མེད་ཤེས་པ་ནི་དེའི་རང་བཞིན་ནོ། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་པ་ནི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་མཇུག་བསྡུ་བ་ནི། མཆོག་གི་དང་པོ་སྐུ་གསུམ་འཆང། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང༌། ཞེས་པ་མཆོག་གི་དང་པོ་ནི་ཡེ་ཤེས་ཀྱི་སྐུའོ། །དེ་ལ་གཞན་སྐུ་གསུམ་དང་བཞི་རུ་གནས་པས་ན་འཆང་ཞེས་པའོ། །སྐུ་བཞི་དང་ལྡན་བའི། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་པ་རྡོ་རྗེ་རིགས་ལ་སོགས་པ་རིགས་ལྔའི་དེ་བཞིན་གཤེགས་པའོ། །ཁྱབ་བདག་ནི་རིགས་ལྔའོ། །ཡེ་ཤེས་ལྔ་ཡི་བདག་ཅེས་པ་རིགས་ལྔ་ལ་ཡེ་ཤེས་ལྔས་ཁྱབ་པའོ། །སངས་རྒྱས་ལྔ་བདག་གཅོད་པན་ཅན་ནི་རིགས་མཚོན་པར་བྱེད་པའི་རིགས་གནས་པའོ། །སྤྱན་ལྔ་ནི་ཤའི་སྤྱན་དང༌། །ལྷའི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་དང༌། ཆོས་ཀྱི་སྤྱན་དང༌། ཡེ་ཤེས་ཀྱི་སྤྱན་ནོ། །ཆགས་པ་མེད་པར་འཆང་བ་ནི་དེ་ལྟར་ཡུལ་རྣམས་གཟིགས་ཀྱང་དངོས་པོར་མི་འཛིན་པ་དང་མ་ཆགས་པའོ། །ད་ནི་སྦྱོར་བའི་ཡན་ལག་དྲུག་བརྗོད་པར་བྱ་སྟེ། ཡེ་ཤེས་ཀྱི་སྐུའི་གྲུབ་པའི་རྟེན་དང༌། ཡན་ལག་དྲུག་སོ་སོའི་མཚན་ཉིད་དང༌། རྟགས་དང་ཡེ་ཤེས་ཀྱི་སྐུའི་ངོ་བོའོ། །ཕྱག་རྒྱ་ཆེན་པོའི་ལམ་འདི་སྣོད་དག་མི་ལྡན་པ་བླ་མའི་བཀའ་དང་མི་ལྡན་པར་རང་ཞུགས་སུ་གཞན་ལ་སྟོན་པ་མ་འོངས་པའི་དུས་སུ་འབྱུང་བའི་ཕྱིར་


DTG015_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྲུགས་ནས་བསྟན་ཏོ། །རྟེན་ནི། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །ཞེས་སྦྱར་རོ། །སངས་རྒྱས་ཐམས་ཅད་སྐྱེད་པ་ནི་དམ་ཚིག་དང་སྡོམ་པ་དང༌། །ཐེག་པ་གསུམ་ཀ་འཛིན་པ་སྒྲུབ་པ་ལ་བརྩོན་པའོ། །སྐྱེད་པ་པོ་ནི་སྒྲུབ་པ་པོའོ། །སངས་རྒྱས་སྲས་ནི་ས་དང་པོའོ། །དམ་པ་ནི་ས་བརྒྱད་པའོ། །མཆོག་ནི་ས་བཅུ་པའོ། །རྟག་པ་ནི་མི་འགྱུར་པ་སྟེ་ཡེ་ཤེས་ཀྱི་སྐུའོ། །ཀུན་རྒྱལ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལས་སོ། །རྣལ་འབྱོར་ནི་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ཏེ་ཉིན་མོ་དང་མཚན་མོའི་སྟེ་དེ་སུ་ལ་ཡོད་པ་ནི་ཅན་ནོ། །ཡན་ལག་དྲུག་ལ་གྲངས་ངེས་པ་དང༌། གོ་རིམས་ངེས་པ་ནི་དཔལ་འདུས་པ་ཕྱི་མ་ལས་གསུངས་པ། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་འཛིན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་བཤད། །ཅེས་པའོ། །དང་པོ་སོ་སོར་སྡུད་པ་ལ། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ཞེས་པ་གཙུག་ཏོར་འཁོར་ལོས་སྒྱུར་པའི་ལྟ་སྟངས་ཏེ་སྟེང་དུ་ལྟ་བ་ཡིན། ཆེན་པོ་ནི་སྒྲུབ་པ་པོ་ཡང་དོན་ཆེན་པོའི་རྨད་དུ་འབྱུང་བའི་ལྟ་སྟངས་སྤྱི་བོའི་གཙུག་ཏུའོ། །དེ་ཡང་སྤྲིན་མེད་པའི་ནམ་མཁའ་ལ་ལྟ་བས་ནམ་མཁའི་བདག་པོའོ། །སྣ་ཚོགས་ཏོན་པས་ན་རྟགས་རིམ་པ་སྣང་བའོ། །གོང་དུ། སོ་སོར་རྣག་རིག་མི་གཡོ་བ། །ཞེས་སྦྱར་རོ། །སོ་སོ་ནི་ཡུལ་གཟུགས་ལ་སོག་སྤའོ། །རང་རིག་ནི་ཡུལ་ཅན་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །མི་གཡོ་བ་ནི་ཡུལ་ལ་ཡུལ་ཅན་མི་འཇུག་པར་གནས་སོ། །དེ་ནས་བསམ་གཏན་ནི། བསམ་གཏན་པས་མ་བྱ་བློ་ལྡན་མཆོག །ཅེས་པ་བསམ་གཏན་ནི་སེམས་རྩེ་གཅིག་པའོ། །བསམ་བྱ་ནི་བཞི་སྟེ། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བའོ། །བློ་ལྡན་མཆོག་ནི་མི་གཡོ་བའི་དོན་ཏོ། །དེ་ལ་སྲོག་རྩོལ་ནི། རིགས་གསུམ་འཆང་བ་གསང་སྔགས་འཆང༌། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །ཞེས་པ་རྩ་གསུམ་ན་རླུང་གསུམ་གནས་པ་ནས་རྒྱུ་བ་སྟེ། གཡོན་ཟླ་བ་སྟེ་སྐུ། གཡས་ཉི་མ་སྟེ་གསུང༌། དབུས་སྒྲ་གཅན་ཏེ་ཐུགས་ཀྱི་རིགས་ཏེ་རིགས་གསུམ་མོ། །དེ་སྒྲུབ་


DTG015_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་པོའི་ལུས་ལ་གནས་པས་ན་འཆང་བའོ། །གསང་སྔགས་འཆང་ནི་རླུང་འབྱུང་བ་དང་འཇུག་པ་དང་གནས་པའོ། །དམ་ཚིག་ཆེན་པོ་ནི་དེ་བསྒོམ་པའོ། །གསང་སྔགས་འཛིན་ནི་རླུང་འཇུག་པ་ཨོཾ། འབྱུང་བ་ཧཱུཾ། གནས་པ་ཨཱཿ་།དེ་འཛིན་པས་ན་གསང་སྔགས་འཛིན་པའོ། །འཛིན་པ་ནི། དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པར་སྦྱར་རོ། །འདི་ལ་ཕྱི་དང་ནང་དུ་སྦྱར་ཏེ། ཕྱི་ནི་བསྐྱེད་རིམ་ལ་ཡེ་ཤེས་པ་སྤྱན་འདྲེན་པའི་སྒོ་བ་བཞི་ལ། དོན་ཡོད་ཞགས་པ་རྣམ་པར་རྒྱལ་ནི་ལྷོ་རུ་ཞགས་པ། ནང་དུ་མེའི་རླུང༌། འཛིན་པ་ཆེན་པོ་ནི་བྱང་དུ་ལྕགས་སྒྲོག །ནང་དུ་ཆུའི་རླུང༌། རྡོ་རྗེ་ཞགས་ནི་ཤར་དུ་རྡོ་རྗེ་དྲིལ་བུ། ནང་དུ་རླུང་གི་རླུང༌། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ནི་ནུབ་ཏུ་ལྕགས་ཀྱུ། ནང་དུ་སའི་རླུང་ངོ༌། །ཕྱི་རུ་ནི་སྒོ་བ་བཞིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དགྱེས་པར་བྱ་བའོ། །ནང་དུ་ནི་སྤྱི་བོའི་ཁམས་རླུང་བཞིས་འཁོར་ལོ་རིམ་པར་དགུག་གཞུག་བྱས་ནས། འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །ཞེས་སོ། །རྗེས་སུ་དྲན་པ་ནི། གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཞེས་པ་ཕྱི་རུ་ནི་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ཡིན་ལ། །ནང་དུ་དཀོན་མཆོག་གསུམ་ནི་ཕའི་ཆ་དང་མའི་ཆ་དང་རྣམ་པར་ཤེས་པ་དང་གསུམ་མོ། །དེ་གསུམ་རླུང་གི་སྟོབས་ཀྱིས་གཅིག་ཏུ་ཚོགས་པ་ནི་དཀོན་པའི་མཆོག་གོ །དེ་ལས་བདེ་བ་སྐྱེས་པས་ཐེག་པ་གསུམ་མཆོག་གོ །སྟོན་པ་པོ་ནི་མངོན་དུ་རྟོགས་པའོ། །དེ་ལ་ཏིང་ངེ་འཛིན་ནི། སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་ཅིང་རྗེད་པ་དྲང་སྲོང་ཆེ། །ཞེས་པ་སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག་ནི་ཡེ་ཤེས་ཀྱི་སྐུའོ། །འགྲོ་ཀུན་དགའ་བའི་མིག་དང་ལྡན་ནི་ཡེ་ཤེས་ཀྱི་སྤྱན་གྱིས་ཐམས་ཅད་མཁྱེན་པའོ། །སྣ་ཚོགས་གཟུགས་ཅན་ནི་ནམ་མཁའ་དག་པའི་འོད་ཀྱི་ལུས་དངས་མའི་རང་བཞིན་ནོ། སྐྱེད་པ་པོ་ནི་ཏིང་ངེ་འཛིན་ནོ། །མཆོད་ཅིང་རྗེད་པ་དང་དྲང་སྲོང་ཆེ་ནི་གཡས་དང་གཡོན་གྱི་རླུང་བཅུ་འགགས་པས་དྲང་སྲོང་ཆེན་པོ་ཀུན་གྱིས་མཆོད་པའི་གནས་སུ་གྱུར་པའོ། །དེའི་རྟགས་ནི། ནམ་མཁའ་ལས་བྱུང་རང་བྱུང་བ། །


DTG015_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་ལ་སོགས་པ་སྟེ། ནམ་མཁའ་ལས་བྱུང་ནི་གཟུགས་བརྙན་ཡིན་བས་རང་བྱུང་བ་ནི་རྒྱུ་མེད་པའོ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ་ནི་མེ་འབར་བའོ། །འོད་ཆེན་རྣམ་པར་སྣང་མཛད་ཆེ་ནི་ཟླ་བ་ལྟ་བུའོ། །ཡེ་ཤེས་སྣང་བ་ལམ་མེ་བ་ནི་ཉི་མ་ལྟ་བུའོ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན་ནི་རྡོ་རྗེ་སྲ་གཅན་ལྟ་བུའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་ལྟ་བུའོ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ་ནི་ཐིག་ལེ་སྟོང་པ་སྟེ་ཉིན་མོའི་རྟགས་དྲུག་གོ །དེའི་ནང་དུ་རྟགས་ཅན་ཡེ་ཤེས་སྐུ་ནི། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པའོ། །དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཡེ་ཤེས་སྐུའི་ངོ་བོ་ནི། ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཅེས་པ་ལ་སོགས་ཏེ། ཤེས་པས་ནི་ལྷན་ཅིག་སྐྱེས་པའོ། །སྲིད་འབྱུང་ནི་འཁོར་བ་ལས་ཡིད་འབྱུང་བའོ། །སྐྱེ་གནས་པར་ནི་འཁོར་བར་རོ། །ཆོས་ལས་འབྱུང་བ་ནི་ཟག་མེད་བདེ་བའོ། །སྲིད་པ་སེལ་བ་ནི་དེ་འཁོར་བའོ། །གཅིག་པུ་སྲ་མཁྲེགས་ནི་གཅིག་པུ་ནི་ཡེ་ཤེས་སྐུ་ཡིན་ལ། སྲ་མཁྲེགས་ནི་འདུས་མ་བྱས་པའི་རྡོ་རྗེའི་བདག་ཉིད་དོ། །སྐྱེས་མ་ཐག་བ་ནི་མི་འགྱུར་པའི་ཡེ་ཤེས་སོ། །འགྲོ་བའི་བདག་ཉིད་ནི་ས་བཅུ་གཉིས་པའོ། །དེ་ལྟར་ལེའུ་དྲུག་པའི་བཤད་པའོ།། །།

ལེའུ་བདུན་པ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་བརྗོད་པ།


DTG010_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་བརྗོད་པར་བྱ་སྟེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ལ་སོགས་པ། རྣལ་འབྱོར་བཞི་པོ་དང་པོ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་དང་པོར་རྐྱང་བར་བསྒོམ་ན། དང་པོ་སྲུང་བ་ནས་དབང་བསྐུར་ཡན་ཆད་རྫོགས་པར་བྱ། རིམ་གྱིས་པར་བསྒོམ་པ་ལ་གཙོ་བོ་འཕོ་བ་ནི། སྔར་མི་བསྐྱོད་པ་ཡབ་ཡུམ་ནུབ་དང་རླུང་གི་མཚམས་སུ་བཞུགས་པ་དབུས་ཀྱི་ལེ་ཚེ་ལ་ཞལ་སྦྱོར་དུ་བཞུགས་པའོ། །རྣམ་སྣང་ནུབ་ཏུ། སངས་རྒྱས་སྤྱན་རླུང་གི་མཚམས་སུ་བཞུགས་པའོ། །མི་བསྐྱོད་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཡེ་ཤེས་སེམས་དཔའ་སྡུག་བསྔལ་ཀུན་གཅོད་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་ལྗང་གུ་གཡོན་རྡོ་རྗེ་གཡས་རལ་གྲི་བསྣམས་པའོ། །རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའོ། །དེའི་ཐུགས་ཀ་ནས་འཁོར་ལོ་རྩིབས་བརྒྱད་པ་ལ་ཨོཾ་དུཿ་ཁ་ཙྪེ་ད་ཡ་ཏེ་ན་མཿ་གནས་པ། དེའི་ལྟེ་བ་ལ་ཨ་ལྗང་གུ་གནས་པའོ། །གཞན་


DTG015_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་དབྱིངས་བསྒོམ་པ་དང་འདྲའོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་དེ་ལ་དོན་དམ་པའི་སྒོ་ནས་བསྟོད་པ་ལ། སྐུའི་སྒོ་ནས་བསྟོད་པ་དང༌། གསུང་གི་དང༌། ཐུགས་ཀྱི་དང༌། ཕྲིན་ལས་ཀྱི་དང༌། ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །དེ་ལ་སྐུའི་སྒོ་ནས་བསྟོད་པ་ལ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ལ་སོགས་ལ་རྡོ་རྗེ་ནི་སྟོང་བ་དང་སྙིང་རྗེ་དབྱེར་མི་བྱེད་པའི་ལྷན་ཅིག་སྐྱེས་པའི་སྐུའོ། །དེ་ནི་འཇིགས་པར་བྱེད་པ་ཡིན་ཏེ་སུ་འཇིགས་ན་འཇིགས་པར་བྱེད་ཅེས་པ་རྟག་ཆད་དུ་ལྟ་བ་འཇིགས་པར་བྱེད་པའོ། །དེ་ནས་ཁྲོ་བོའི་རྒྱལ་པོའོ། །རྡོ་རྗེ་དྲུག་འཇིགས་ཞེས་པ་ལྷན་ཅིག་སྐྱེས་པ་དེ་ཡང་རིགས་དྲུག་ཏུ་གནས་པའོ། །དེས་མིག་དྲུག་དང་ལག་དྲུག་རིགས་སོ། །སྟོབས་དང་ལྡན་པའི་སྐུའོ། །ཀེང་རུས་མཆེ་བ་གཙིགས་པ་ནི་དྲུག་རྩ་བའི་ཉོན་མོངས་པ་འཛོམས་པའོ། །ཧ་ལ་ཧ་ལ་གདོང་བརྒྱ་པ་ནི་རིགས་ཀྱི་དབྱེ་བ་ཡིན་ཏེ། རྩ་བའི་རིགས་ལྔ་ལ་རིགས་རེ་རེ་ལ་ལྔ་ལྔར་ཕྱེ་བས་རིགས་ཉེར་ལྔའོ། །དེ་ལ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ལྔ་བཅུ། དེ་ལུས་ཀྱི་དབང་དུ་བསམ་པའི་དབང་གིས་ཕྱེ་བས་རིགས་བརྒྱའོ། །གཤིན་རྗེ་ནི་འཇིག་རྟེན་པ་ཡིན་ལ། གཤེད་པོ་ནི་དེའི་གཤེད་ཡེ་ཤེས་པ་ཡིན་ལ་དེས་ན་བགེགས་ཐམས་ཅད་ཀྱི་རྒྱལ་པོར་གྱུར་ཏེ། །རྡོ་རྗེ་དེ་ཅིལ་ཡང་ཐོགས་པ་མེད་པས་ཤུགས་ཆེ་བ་སྟེ། གཞན་འཇིགས་པར་བྱེད་པས་འཇིགས་བྱེད་པའོ། །རྡོ་རྗེ་གྲགས་པ་ནི་རྡོ་རྗེ་རྫས་ཀྱི་ར་གྲགས་ཀྱང་དོན་སྟོང་པ་ཉིན་པས་རྡོ་རྗེ་སྙིང་པོ་ཅན་ནོ། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ་ནི་མིའུ་ཐུང་གི་ཚུལ་དུ་གནས་པའོ། །རལ་པ་གཅིག་གིས་བསྒྱིངས་ཞེས་པ་སྦྱར་ཏེ་རལ་པ་ཐོར་ཚུགས་དང་ལྡན་པའོ། །གླང་ཆེན་རློན་གོས་སུ་གྱོན་པ་ནི་འཁོར་བ་ལ་ཉམ་ང་མེད་པའོ། །དེ་ལྟར་སྐུའི་སྒོ་ནས་བསྟོད་ནས། གསུང་གི་སྒོ་ནས་བསྟོད་པ་ལ། །གྲགས་ཆེན་ཧ་ཧ་ཞེས་སྒྲོགས་པ་ནི་དགྱེས་པའི་སྒྲ་གྲགས་པར་སྒྲོགས་པའོ། །ཧི་ཧི་ཞེས་སྒྲོགས་པ་ནི་གསུང་གི་སྒྲའོ། །དེས་གཞན་ལ་བསྡིགས་པར་བྱེད་པ་ནི་འཇིགས་པར་བྱེད་པའོ། །དེས་ན་གད་མོ་ཆེན་པོའོ། །གང་རྒྱངས་ཅན་ནི་སྟོང་གསུམ་སྒྲས་ཁྱབ་པའོ། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ་ནི་སྟོང་པ་ཉིད་ཀྱི་གད་མོ་དེས་ཁམས་གསུམ་པ་དགའ་བར་བྱེད་པའོ། །དེའི་ཕྱིར། རྡོ་རྗེ་ཧཱུཾ་སྟེ་


DTG015_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཧཱུཾ་ཞེས་སྒྲོགས། །ཞེས་པ་དང༌། །གད་རྒྱངས་ཧ་ཧ་ངེས་པར་སྒྲོགས། །ཞེས་པ་དང་སྦྱར་རོ། །དེ་ལྟར་གསུངས་ལ་བསྟོད་ནས། ཐུགས་ཀྱི་སྒོ་ནས་བསྟོད་པ་ནི། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །ཅེས་པ་ནི་རྡོ་རྗེ་ལས་སྐྱེས་པ་ནི་སྟོང་པ་ཉིད་ཀྱི་ལས་སོ། །རྡོ་རྗེའི་བདག་ནི་སྟོང་པ་ལ་གནས་པའོ། །དེའི་རྡོ་རྗེ་སྙིང་པོ་མཁའ་དང་འདྲའོ། །དེས་ནི་མི་གཡོ་ཞེས་པ་གང་གིས་ཐུགས་བསྐྱོད་པར་མི་ནུས་པའོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་པར་སྦྱར་ཏེ། སེམས་དཔའ་བདག་དོན་ཡིན་ལ་སེམས་དཔའ་ཆེན་པོ་ནི་གཞན་གྱི་དོན་དུའོ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ་ནི་ཟག་པ་མེད་པའོ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །ཞེས་པ་མི་འགྱུར་པའི་བདེ་བའོ། །དེ་ལྟར་ཐུགས་ལ་བསྟོད་ནས། ཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ལ། མཚོན་དུ་རྡོ་རྗེ་མདའ་ཐོགས་པ། །ཞེས་པ་ནི་དོན་སྟོང་པ་ཉིད་མདའ་དེས་ཉོན་མོངས་པ་ལ་བསྣུན་པའོ། །རྡོ་རྗེ་རལ་གྲི་མ་ལུས་གཅོད་པ་ནི་སྤང་བྱ་ཐམས་ཅད་དོ། །རྡོ་རྗེ་ཀུན་འཆང་ནི་ཡེ་ཤེས་ལྔའིའོ། །རྡོ་རྗེ་ཅན་ནི་དེ་དང་ལྡན་པའོ། །དེ་ལ་རྡོ་རྗེ་གཅིག་པུས་གཡུལ་སེལ་བ་ནི་འཁོར་བའི་གཡུལ་ལས་རྒྱལ་བའོ། །རྡོ་རྗེ་འབར་བ་མིག་མི་བཟང་ནི་ཕྱི་རུ་ཡེ་ཤེས་ལ་སྤྱན་འདྲེན་པའོ། །ནང་དུ་ལྟ་སྟངས་ཀྱིས་ཡེ་ཤེས་སྐྱེ་བའོ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ་ནི་ཡེ་ཤེས་སོ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ཅེས་པ་མིག་བརྒྱ་པ་རིགས་ཡིན། རྡོ་རྗེའི་མིག་ནི་ཡེ་ཤེས་སྐྱེ་བའི་ལྟ་སྟངས་སོ། །དེ་ལྟར་ཕྲིན་ལས་སྤྱིའི་སྒོ་ནས་བསྟོད་པ་ནི། སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །ཞེས་པར་འབྲེལ་ཏེ། །རྡོ་རྗེའི་སྐུ་དེ་ལ་ཡོན་ཏན་གྱི་ཁྱད་པར་ནི་ལུས་དང་སྐྲ་དང་སྤུ་དང་པགས་པ་དང༌། སེན་མོ་རྡོ་རྗེར་བྱས་པས་ཤིན་ཏུ་སྲ་བ་དང་མཁྲེགས་པའོ། །དེས་ན། རྡོ་རྗེ་ཕྲིང་ཐོགས་དཔལ་དང་ལྡན། །ཞེས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །དེས་ན་རྡོ་རྗེ་རྒྱན་གྱིས་བརྒྱན་པའོ། །ཡི་གེ་དྲུག་པ་ནི་ཕྱིའི་སྐྱེ་མཆེད་ཡུལ་དྲུག་དང༌། ནང་གི་སྐྱེ་མཆེད་དབང་པོ་དྲུག་རྡོ་རྗེ་སྟེ་དབྱེར་མི་ཕྱེད་པའོ། །འཇམ་དབྱངས་ཆེན་པོ་ནི་ཡུལ་ཐམས་ཅད་བདེ་བར་སྣང་བས་ན་འཇམ་པའི་དབྱངས་སོ། །སྒྲ་ཆེ་བ་ནི་ཅི་སྣང་བ་དེ་ལས་མ་འདས་པའོ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ་ནི་


DTG015_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྲིད་པ་གསུམ་དང་དེ་ལས་མ་འདས་པའོ། །ནམ་མཁའི་མཐའ་ལས་སྒྲ་སྒྲོགས་པ་ནི་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྐུ་དེས་ཀུན་ལ་ཁྱབ་པའོ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པ་ལྷན་ཅིག་སྐྱེས་པའི་སྒྲ་དེ་སྒྲ་ཐམས་ཅད་ཀྱི་མཆོག་གོ །དེ་ལྟར་ལེའུ་བདུན་བའི་བཤད་པའོ།། །།

ལེའུ་བརྒྱད་པ། སོ་སོར་རྟོགས་པའི་ཡེ་ཤེས་ལ་བསྟོད་པ་བརྗོད་པ།


DTG010_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པ་བརྗོད་པར་བྱ་སྟེ། །དང་པོ་དབྱིབས་ཀྱི་རྣལ་འབྱོར་ནི་རང་རྐྱང་པར་བསྒོམས་ནས། དང་པོ་སྲུང་བ་ནས་དབང་བསྐུར་བ་ཡན་ཆད་རྫོགས་པར་བྱའོ། །རིམ་པར་བསྒོམ་བ་གཙོ་བོ་འཕོ་བ་སྟེ། སྔར་གྱི་སྣང་བ་མཐའ་ཡས་ཡབ་ཡུམ་བྱང་དང་དབང་ལྡན་གྱི་ལེ་ཚེ་ལ་བཞུགས་པའི་དབུས་ཀྱི་ལེ་ཚེ་ལ་བཞུགས་པའོ། །དེ་ལ་མི་བསྐྱོད་པ་བྱང་དུ། རྡོ་རྗེ་དབྱིངས་ཕྱུག་མ་དབང་ལྡན་གྱི་མཚམས་སུ་བཞུགས་པའོ། །སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་པའི་རྡོ་རྗེ་རྣོན་པོ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོ་གཡས་ན་རལ་གྲི་གཡོན་ན་པདྨ་བསྣམས་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །དེའི་ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་པ་ལ་ཨོཾ་བཛྲ་ཏཱི་ཀྵ་ཡ་ཏེ་ན་མཿ་ཞེས་པའོ། །དེའི་ལྟེ་བ་ལ་ཨ་དཀར་པོ་གནས་པར་བསམ་མོ། །བྱང་ཕྱོགས་པའི་ལྷ་གཞན་དང་མི་བསྐྱོད་པ་གཞན་སྐུ་མདོག་དང་ཕྱག་མཚན་དུ་གྱུར་པ་བསམ་མོ། །དེ་ལྟར་དབྱིབས་ཀྱི་རྣལ་འབྱོར་བཤད་ནས། དེ་རྣལ་འབྱོར་གཞན་ལམ་འབྲས་བུ་དང་བཅས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་བོ་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་བསྒོམ་པ་དང༌། དབང་བཞི་དང༌། དེའི་འབྲས་བུའོ། །ཡང་དག་བདག་མེད་ཡི་གེ་མེད། །ཡང་དག་མཐའ་སྟེ་ཡི་གེ་མེད། །ཅེས་པ་འདི་ལྟར་བསྒོམ་པ་ནི་གཉིས་ཏེ། རྗེས་དཔག་དང༌། མངོན་སུམ་དུ་བསྒོམ་པའོ། །དང་པོ་ནི་རྟོག་པ་དང་བཅས་པ་སྔར་ཤི་བའི་མི། རང་གིས་མ་མཐོང་བ། གཞན་གྱིས་བཤད་ནས་བསྒོམ་པའོ། །མངོན་སུམ་དུ་བསྒོམ་པ་ནི། ནམ་མཁའ་ལ་དུ་བ་ལ་སོགས་པ་རིམ་གྱིས་མངོན་སུམ་དུ་མཐོང་བའོ། །ཡང་དག་པ་ནི་ཡང་དག་པར་རམ་དོན་དམ་པའོ། །བདག་མེད་པ་ནི་གང་ཟག་དང་ཆོས་གཉིས་སོ། །དེ་བཞིན་ཉིད་ནི་དེའི་རྣལ་འབྱོར་ཡིན་མ་བཅོས་པའི་རང་བཞིན་ནོ། །


DTG015_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་དག་པའི་མཐའ་སྟེ་ནི་ཐོབ་པར་བྱ་བའི་འབྲས་བུ་ཡང་དག་པའི་དོན་ཏོ། །ཡི་གེ་མེད་པ་ལ་སྐྱེད་པར་བྱེད་པའི་ཡི་གེ་ཧཱུཾ་ལ་སོགས་པའི་ས་བོན་མེད་པར་བྱེད་པའོ། །དེ་མེད་པས་དེ་བསྐྱེད་པའི་ལྷའི་ཞལ་དང་ཕྱག་དང་སྐུ་མདོག་དང་ཕྱག་མཚན་མེད་པའོ། །ཡི་གེ་མེད་པ་དེ་རྩ་བའི་རྒྱུད་ལས་གསུངས་པ། མི་འཛག་པ་དང་མི་གཡོ་བ། །གཞན་གྱི་གནས་སུ་མི་འགྲོ་བས། །ཡི་གེའི་སྒྲ་ནི་དབྱངས་སུ་བརྗོད། །ཅེས་མི་གཡོ་བའི་སྒྲ་ནི་མི་གཡོ་བའི་ཡེ་ཤེས་ལ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་བཞིན་དུ་ཡིད་སྐྱོབ་པར་འགྱུར་པའི་ཕྱིར། སྔགས་ཀྱི་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་ལ་བརྗོད་དོ། །དེ་བཞིན་དུ་ནང་གི་བདག་ཉིད་ཅན་གྱི་རིག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། རང་གི་འོད་གསལ་བ། ཕྱག་རྒྱ་ཆེན་པོ། །ལྷན་ཅིག་སྐྱེས་པ་དགའ་བའི་གཟུགས། །ཞེས་རྒྱལ་བ་རྣམས་ཀྱིས་བརྗོད་དོ། །དེ་བསྒོམ་པའི་མན་ངག་ནི་ཉིན་མོ་དང་མཚན་མོའི་རྣལ་འབྱོར་ཏེ། འོག་ནས། ནམ་མཁའི་ལམ་ལ་རབ་གནས་པ། །ཞེས་པ་ཉིན་མོའི་རྣལ་འབྱོར་ཡིན་ཏེ་དེའི་རྣལ་འབྱོར་ལ་མེ་འབར་བ་ལ་སོགས་པའི་རྟགས་དྲུག་གོང་དུ་བཤད་པ་དང་འབྲེལ་ཏེ། ཐིག་ལེའི་ནང་དུ་ཡེ་ཤེས་ཀྱི་གཟུགས་བརྙན་སྣང་བ་སྟེ། རྟགས་དྲུག་ནི་ཤའི་སྤྱན་གྱིས་མཐོང་ངོ༌། །ལྷའི་སྤྱན་གྱིས་ཡེ་ཤེས་ཀྱི་གཟུགས་བརྙན་མཐོང་སྟེ། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པ་ནི་གཟུགས་མེད་པ་ནི་རྡུལ་ཕྲ་རབ་འདུས་པའི་གཟུགས་མེད་པ་སྟེ། །གཟུགས་བཟང་བ་ནི་འཇའ་ཚོན་ལྟ་བུའི་ཁ་དོག་དང་གཟུགས་སུ་ལྡན་བའོ། །སྣ་ཚོགས་གཟུགས་ཅན་ནི་ཁ་དོག་དྲུག་དང་ལྡན་པའོ། །ཕ་རོལ་ནི་ཡུལ་གྲུབ་པ་མེད་པས་ཡིད་ལས་བསྐྱེད་པའོ། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །ཞེས་པ་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་བཞུགས་པའོ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། སྤྲུལ་པའི་སྐུ་ཞེས་བྱའོ། །དེ་ཡང་འབྱུང་བ་ལས་འབྱུང་བ་མ་ཡིན་ཏེ་རང་བྱུང་བའི་སྐུའོ། །དེ་ཡང་དུས་ཀྱི་འཁོར་


DTG015_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་ལས་གསུངས་པ། སྲ་བ་མིན་པར་སའི་རྣམ་པ་དང་ནི་གཤེར་བ་མེད་པའི་ཆུ་ཡི་ལུས་ཏེ་ཆུ་མ་ཡིན། །མེ་མ་ཡིན་པ་མེ་ཡི་རྣམ་པ་གང་ཞིག་གཡོ་བ་མེད་པའི་རླུང་གི་ལུས་ཏེ་རླུང་མ་ཡིན། །མཐོང་བའི་སྟོང་བའི་རྣམ་པ་དང་ནི་མདོག་མེད་པ་ཡི་དཀར་པོ་ལྗང་གུ་སྣ་ཚོགས་ཆེན་པོ་རྣམས། །ཀུན་གྱི་རྣམ་པ་ཡང་ནི་རང་གི་སེམས་ཀྱི་རྙོག་མ་ཉོན་མོངས་བདུད་ཀྱི་མཐུ་ཡིས་མཐོང་མ་ཡིན། །ཞེས་པས་སོ། །གཟུགས་བརྙན་དེ་ལས་ལྷའི་རྣ་བས་ཆོས་ཐོས་པར་འགྱུར་ཏེ། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཞེས་པ་སྟོང་པ་ཉིད་ལས་འབྱུང་བའི་གཟུགས་དེ་ཆོས་སྨྲ་བའི་ཁྱུ་མཆོག་སྟེ། ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཞེས་པ་ཟབ་པ་ནི་མི་འགྱུར་པའི་ཡེ་ཤེས་སོ། །རྒྱ་ཆེ་བ་ནི་ཐེག་པ་གསུམ་གྱི་ཆོས་ཀྱི་སྒྲ་སྒྲོགས་པའོ། །དེ་ཆོས་ཀྱི་དུང་དང་གཎྜཱི་དང༌། ཆོས་ཀྱི་རྔ་བོ་ཆེའི་སྒྲ་སྒྲོགས་པའོ། །དེ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་སྐུའོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཞེས་པར་སྦྱར་ཏེ། ཚུགས་པ་མེད་པ་ནི་གཟུགས་སྐུ་གསུང་བ་ལ་བདུད་དང་མུ་སྟེགས་ཀྱིས་སོ། །ཆེ་བར་གྲགས་པ་ནི་བསོད་ནམས་ཟད་མི་ཤེས་པའོ། །དེས་ཁམས་གསུམ་ལ་དབང་སྒྱུར་པས་དབང་ཕྱུག་ཆེན་པོའོ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དར་བ་ཆེན་པོ་ནི་སྐུ་བཞི་ལས་གཟུགས་སྐུར་སྣང་བ་དར་ཕྱར་བར་རིན་པོ་ཆེའི་ཏོག་གཙུགས་པ་ལྟ་བུའོ། །དེ་ལྟར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་བསྒོམ་པ་ལ་སྔོན་དུ་དབང་དགོས་པས་དབང་བསྟན་པ་ལ། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པ་ལ་འཇིག་རྟེན་གསུམ་ལུས་ངག་ཡིད་གསུམ་དག་པར་བྱེད་པའི་དབང་གསུམ་མོ། །གཞོན་ལུས་གཅིག་ནི་ཆུའི་ལ་སོགས་བདུན་བསྐུར་ནས་བུམ་པའི་རྡོ་རྗེ་སློབ་དཔོན་རྒྱལ་ཚབ་གཞོན་ནུ་ཞེས་བྱ་སྟེ་ལུས་དག་པའོ། །དེ་ནི་ས་བརྒྱད་པའོ། །གནས་བརྟན་རྒན་པོ་ནི་གཞོན་ནུ་ལས་གོང་མར་གྱུར་པས་རྒན་པོ་སྟེ་གསང་བའི་དབང་གིས་གང་བའི་སྐྱེ་དགུའི་བདག་པོ་ས་དགུ་པའོ། །།སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ། རྩ་སུམ་ཅུ་རྩ་གཉིས་ནས་བྱང་ཆུབ་སེམས་རིམ་གྱིས་གསང་གནས་སུ་འབབ་པའི་བདེ་བ་ལྷན་ཅིག་སྐྱེས་


DTG015_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་རྟོག་པས་ས་བཅུ་པ་ཤེས་རབ་ཡེ་ཤེས་དབང་ངོ༌། །སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པ་དབང་བཞི་པ་གཟུགས་སྐུ་མངོན་དུ་སྣང་བའི་དོན་དེ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའོ། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །ཞེས་པ་འཇིག་རྟེན་པ་ཐམས་ཅད་ལ་ལེགས་པ་སྟོན་པའི་སློབ་དཔོན་ཆེན་པོའོ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །ཅེས་པ་ཆོས་གསུང་པ་ལ་ཐུགས་མ་ཞུམ་པ་ལྟར་དུ་སྣང་བའོ། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། །ཞེས་པ་སེམས་ཅན་ལ་མཛའ་བོ་དང་འདྲ་བར་དོན་མཛད་པའོ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་པ་སྐྱབས་ནི་ཚེ་འདི་ལའོ། །སྐྱོབ་པ་བླ་ན་མེད་པ་ནི་བྱང་ཆུབ་མ་ཐོབ་པར་དུའོ། །དེ་ལྟར་དབང་བསྟན་ནས། དེའི་མཇུག་བསྡུ་བ་དང་དབང་རྟགས་ནི། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་སྦྱར་ཏེ། ཡེ་ཤེས་དབང་བསྐུར་ནི་དབང་བཅུ་པའོ། །ཅོད་པན་ཅན་ནི་དར་དབྱངས་ལ་སོགས་པའི་དབང་བསྡུས་པའོ། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས་པ་ནི་རིགས་ལྔའི་སངས་རྒྱས་ཀྱིས་རྒྱས་བཏབ་པའོ། །དབང་བཞི་ནི་ནམ་མཁའི་མཐའ་ལ་ལོངས་སྤྱོད་པ་ལ་སོགས་ཏེ། ནམ་མཁའ་ནི་དབང་པོ་རྣལ་འབྱོར་གཉིས་ཏེ་ཉིན་མོ་དང་མཚན་མོའིའོ། །མཐའ་ལ་ལོངས་སྤྱོད་པ་ནི་སངས་རྒྱས་ཀྱི་བར་དུའོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །མཚོས་ནི་དཔེར་ན་ནོར་བུ་རིན་པོ་ཆེ་རྒྱ་མཚོ་ལས་བྱུང་བ་བཞིན་རྣལ་འབྱོར་གཉིས་ལས་ཡེ་ཤེས་ཀྱི་སྐུ་བྱུང་བའོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །ཞེས་ཡེ་ཤེས་ཀྱིས་མ་རིག་པ་སེལ་བའི་སྒོ་ངའི་ནང་ན་བྱ་ཡོད་པ་སྒོ་ངའི་ཤུན་གྱིས་བསྒྲིབས་པ་བཞིན་དུ་རང་ལ་སངས་རྒྱས་ཡོད་པ་མ་རིག་པས་བསྒྲིབས་པ་བླ་མའི་གདམས་ངག་གིས་བསྟན་ཏོ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཞེས་པ་སྲིད་པ་ནི་འཁོར་བའོ། །དེས་དྲ་བ་དང་འདྲ་བ་དེ་འཇོམས་པ་ནི་ཡེ་ཤེས་དེས་སོ། །དེས་ན་ཉོན་མོངས་པ་མ་ལུས་པ་ཞི་བར་བྱེད་པའོ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཞེས་པ་འབྲས་བུ་མཐར་ཕྱིན་པའོ། །འབྲས་བུ་སྐུ་བཞི་ལས་ཆོས་སྐུ་མཛད་པ་དང་བཅས་པ་ནི། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །ཞེས་པ་ཆོས་སྐུ་ཐོབ་པས་སྡུག་བསྔལ་གསུམ་ནི། སྡུག་བསྔལ་བའི་སྡུག་


DTG015_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་འགྱུར་པའི་སྡུག་བསྔལ་གསུམ་ཞི་བའོ། །གསུམ་སེལ་ནི་ཆོས་སྐུའོ། །མཐའ་ཡས་གྲོལ་གསུམ་ཐོབ་ནི་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་མཐའ་ཡས་པའི་ཆོས་སྐུའོ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ལས་སོ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་པ་ཆོས་ཀྱི་སྐུ་ནམ་མཁའ་དང་འདྲ་བའི་ཆོས་ཉིད་ལ་གནས་པའོ། །ཉོན་མོངས་དྲི་མ་ཀུན་ལས་འདས། །ཞེས་པ་དྲུག་རྩ་བའི་ཉོན་མོངས་པ་ལ་སོགས་པའོ། །དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་པས་འདས་པའི་དུས་འདས་པའི་དུས་ཀྱིས་སྟོང༌། །ད་ལྟར་བའི་དུས་ད་ལྟར་པས་སྟོང༌། མ་འོངས་པ་མ་འོངས་པས་སྟོང་པའོ། །སེམས་ཅན་ཀུན་གྱི་གཙོ་བོ་སྟེ། །ཞེས་པ་ཆོས་དང་ཐོས་པས་སོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད་ནི་བྱང་ཆུབ་སེམས་དཔའ་ཡིན། དེ་ཡང་བཀུར་བའི་གནས་ཐོད་ཅན་གྱི་ཐོད་ནི་སངས་རྒྱས་སོ། །དེ་ཡང་ལུས་ཀུན་ལས་ནི་རྣམ་པར་གྲོལ་བ་ནི་གཟུགས་སྐུ་མ་ཡིན་པའི་ཆོས་སྐུའོ། །ནམ་མཁའི་ལམ་ལ་རབ་གནས་པ་ནི་གོང་དུ་བཤད་དོ། །ཆོས་སྐུ་དེའི་མཛད་པ་ནི། ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །ཞེས་པ་ནོར་བུ་ལ་མཆོད་པ་དང་བྱི་དོར་བྱས་ན་བསམ་པ་མེད་ཀྱང་དགོས་འདོད་འབྱུང་བའོ། །ཁྱབ་བདག་ནི་ཆོས་སྐུའོ། །རིན་ཆེན་ཀུན་ནི་ནོར་བུ་རིན་པོ་ཆེའོ། །མཆོག་ནི་ནོར་བུ་ལས་ཆོས་སྐུ་མཆོག་གོ །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །ཞེས་པ་འབྲས་བུ་དང་ལོ་མ་ལ་སོགས་པས་སེམས་ཅན་ལ་ཕན་འདོགས་པའོ། །བུམ་པ་བཟང་པོ་ཆེ་བའི་མཆོག་ནི་བུམ་པ་ལ་རིག་པ་མེད་ཀྱང་རྣལ་འབྱོར་པས་བསྒྲུབས་པའི་སྟོབས་ཀྱིས་གཞན་དོན་འབྱུང་བའོ། །དེས་ན། བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཅེས་པས་ཆོས་སྐུས་སོ། །འོ་ན་ཆོས་སྐུ་རྟོག་མེད་དེ་སེམས་ཅན་གྱི་དོན་འོད་ངོ་སྙམ་ན། ཆོས་སྐུ་ལ་སེམས་ཅན་གྱི་སྣང་ངོ་ལ་དང་པོ་སེམས་བསྐྱེད་པས་སྤྲུལ་སྐུ་འབྱུང་སྟེ། ཕན་འདོགས་ནི་སེམས་ཅན་ལའོ། །སེམས་ཅན་མཉེས་གཤིན་པ་ནི་འཁོར་བ་མ་སྟོངས་པར་དུ་དོན་འབྱུང་བའོ། །བཟང་ངན་ཤེས་པ་ནི་དགེ་བ་དང་མི་དགེ་བའི་དོན་ཏོ། །འདུ་ཤེས་པ་ནི་འདུལ་བའི་དུས་ལ་བབ་པ་དང་མ་བབ་པའི་དུས་སོ། །ཁྱབ་བདག་


DTG015_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་སྤྲུལ་སྐུའོ། །དམ་ཤེས་ནི་དང་པོ་སེམས་ཅན་དོན་དུ་དམ་བཅས་པའོ། །དམ་ཚིག་ལྡན་ནི་དོན་བྱེད་པའོ། །དུས་ཤེས་ནི་གདུལ་བའི་དུས་སོ། །སེམས་ཅན་དབང་པོ་ཤེས་པ་ནི་སེམས་ཅན་དབང་པོ་རབ་འབྲིང་གི་དོན་ཏོ། །རྣམ་གྲོལ་གསུམ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །མཁས་པ་པོ་ནི་ལམ་གསུམ་སོ་སོར་སྟོན་པ་ལ་མཁས་པའོ། །ལོངས་སྤྱོད་རྫོགས་སྐུ་འཆར་ཚུལ་ནི། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཞེས་པ་ཡོན་ཏན་ལྡན་པ་ནི་སངས་རྒྱས་སོ། །ཡོན་ཏན་ཤེས་པ་ནི་མཚན་དང་དཔེ་བྱད་དང་སྟོབས་དང་མི་འཇིགས་པའོ། །ཆོས་ཤེས་པ་ནི་དགེ་བ་དང་མི་དགེ་བའོ། །བཀྲ་ཤིས་ཞེས་པས་ངན་སོང་དུ་མི་སྐྱེ་བའོ། །བཀྲ་ཤིས་འབྱུང་ནི་བདེ་འགྲོ་ལྷ་དང་མི་ཐོབ་པའོ། །བཀྲ་ཤིས་ཀུན་ནི་མི་དང་ལྷའོ། །ཀུན་གྱི་བཀྲ་ཤིས་པ་ནི་དེ་ལས་ཚོགས་ལམ་ལ་གནས་པའོ། །གྲགས་པའི་བཀྲ་ཤིས་ནི་སྦྱོར་ལམ་པའོ། །དེའི་ཡོན་ཏན་ནི་སྙན་གྲགས་དགེ་བའོ། །དབུགས་འབྱིན་ཆེན་པོ་ནི་མཐོང་ལམ་པའོ། །དགའ་སྟོན་ཆེན་པོ་ནི་ཟག་མེད་ཀྱི་བདེ་བ་ཐོབ་པའོ། །རླུང་སུམ་སྟོང་དྲུག་བརྒྱ་འགགས་པས་ས་གཉིས་ཐོབ་པའོ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །ཞེས་པ་ཟག་མེད་ཀྱི་བདེ་བ་དེས་ཐ་མལ་པའི་གནས་སྐབས་དག་ནས་ཡེ་ཤེས་སྐུ་ཐོབ་པ་ས་བཞི་བའོ། །བཀུར་སྟི་རིམ་གྲོ་ནི་ལམ་དེ་ཉམས་སུ་ལེན་པའོ། །ཕུན་སུམ་ཚོགས་པ་ནི་ལམ་ལ་མཐུན་རྐྱེན་འཛོམ་པའོ། །མཆོག་ཏུ་དགའ་བའི་གྲགས་བདག་དཔལ་ནི་ལམ་དེས་གཉིད་མ་ཐུག་པོ་དག་ནས་ཆོས་སྐུ་ཐོབ། རླུང་སུམ་སྟོང་དྲུག་བརྒྱ་འགགས་པས་ས་དྲུག་པ་ཐོབ་པའོ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །ཞེས་པ་རྨི་ལམ་གྱི་གནས་སྐབས་དག་ནས་ཆོས་སྐུ་ཐོབ་པའོ། །རླུང་སུམ་སྟོང་དྲུག་བརྒྱ་འགགས་པས་ས་བརྒྱད་པ་ཐོབ་པའོ། །སྐྱབས་ཀྱི་དམ་པ་སྐྱབས་ཀྱི་འོས། །ཞེས་པ་སད་པའི་གནས་སྐབས་དག་ནས་སྤྲུལ་པའི་སྐུ་ཐོབ་པའོ། །རླུང་སུམ་སྟོང་དྲུག་བརྒྱ་འགགས་པས་ས་བཅུ་ཐོབ་པའོ། །དེ་ལྟར་དྲི་མ་དང་བཅས་པའི་སྐུ་བཞི་དག་པའི་ཆ་མཐུན་པའི་སྐུ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔར་གྱུར་ཏོ། །འཇིག་རྟེན་དག་སྟེ་རབ་ཀྱི་མཆོག །ཅེས་པ་འཇིག་རྟེན་དགྲ་ནི་དགྲ་དང་གླང་ཆེན་


DTG015_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེང་གེ་ལ་སོགས་པ་བཅུ་དྲུག་གོ །རབ་ཀྱི་མཆོག་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པ་སྒྱུ་འཕྲུལ་དྲ་བ་ལས་མངོན་པར་བྱང་ཆུབ་པས་ས་བཅུ་གཉིས་པ་ལ་གནས། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་དཔལ་རྡོ་རྗེ་འཆང་ངོ༌། །དེས་ན། འཇིགས་པ་མ་ལུས་སེལ་བ་པོ། །ཞེས་པའོ། །དེ་ལྟར་མདོར་བསྟན་པ་དང་རྒྱས་པར་བཤད་པ་ལ། ས་དང་པོ་དབང་ལ། གང་གི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་དབང་མཚན་ཉིད་པ་བསྐུར་བ་ཡིན་ཏེ། དང་པོ་བུམ་པའི་དབང་ལ་གཙུག་བུད་ནི་བསྐུར་བའི་གནས་སྤྱི་བོའོ། །གཙུག་པུད་ལྕང་ལོ་ཅན་ནི་རྩ་རྣམས་འདུས་པའི་གནས་ལྕང་ལོ་ཅན་གྱོན་པ་དང་འདྲ་བའོ། །མགོ་ལ་རལ་པའི་ཅོད་པན་ཅན་ནི་རྩ་ལྔ་རིགས་ལྔའི་བུམ་པ་དང་འདྲ་བ་ལ་རྩའི་མུ་ཁྱུད་ཀྱི་ཅོད་པན་དང་འདྲ་བར་བཅིངས་པའོ། །གདོང་ལྔ་ནི་འབྱུང་བ་ལྔའི་རྩ་འདབ་ལྔའོ། །ཟུར་ཕུད་ལྔ་དང་ལྡན་པ་ནི་འབྱུང་བའི་རླུང་རྒྱུ་བའོ། །ཟུར་ཕུད་ལྔའི་རྩེ་མོ་ཅན་ནི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་སུམ་སྟོང་དྲུག་བརྒྱའི་ལྷག་མ་འགགས་ནས་དེ་གཙུག་ཏོར་གྱི་འཁོར་ལོ་ནས་རྒྱུའོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་བུམ་པའི་དབང་ངོ༌། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཞེས་པ་མགོ་ཟླུམ་ནི་ས་བཅུ་པ་དེ་དགེ་སློང་ཡིན་པའོ། །བརྟུལ་ཞུགས་ཆེན་པོ་པ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་དབང་སྟེ། རྩ་གཞན་རླུང་རྒྱུ་བ་བརྟུལ་ནས་རྩ་དབུ་མར་ཞུགས་པའོ། །ཚངས་པར་སྤྱོད་པ་ནི་མི་འཛག་པས་སོ། །དེས་ན་བརྟུལ་ཞུགས་རྣམས་ཀྱི་མཆོག་གོ །དེས་དཀའ་ཐུབ་མཐར་ཕྱིན་པ་དཀའ་ཐུབ་ཆེན་པོའོ། །གཙང་གནས་དམ་པ་ནི་དེས་ཉོན་མོངས་པ་རྣམས་དག་པའོ། །དེ་སུ་ཡིན་ན་གཽ་ཏ་མ་སྟེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །བྲམ་ཟེ་ཚངས་པ་ནི་གཙང་སྦྲ་ཅན་ལ་བྱ་སྟེ། དེ་བས་ཀྱང་གཙང་བ་ནི་ཚངས་པ་ཤེས་ཞེས་པ་ཉོན་མོངས་པའི་དྲི་མ་དག་པའོ། །མྱ་ངན་འདས་པ་ཚངས་པ་ཐོབ་པ་ནི་ཚངས་པ་བས་ཆེས་ལྷག་པའི་ཚངས་པ་ཐོབ་པའོ། །འགྲོ་བ་ནི་འཁོར་བ་ལས་སོ། །ཐར་པ་ནི་བཅིངས་པ་ལས་སོ། །རྣམ་གྲོལ་ལུས་ནི་བདེ་བ་ཆེན་པོའི་སྐུའོ། །རྣམ་པར་གྲོལ་བའི་མཆན་ཉིད་ནི་ཞི་བ་བཞི་པ་སྟེ་ཆོས་སྐུའོ། །


DTG015_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དབང་བསྟན་ནས་འབྲས་བུ་ལ་དང་པོར་མདོར་བསྟན་པ་ནི། མྱ་ངན་འདས་ཤིང་ནི་ཉན་ཐོས་ཀྱི་ཕྱིར་མི་འོང་བའོ། །མྱ་ངན་འདས་པ་ནི་དགྲ་བཅོམ་པའོ། །ལེགས་པར་མྱ་ངན་འདས་དང་ཉེ་བ་ནི་རང་རྒྱལ་བའོ། །བདེ་སྡུག་བསྔལ་སེལ་པ་མཐར་གྱུར་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཆགས་བྲལ་ལུས་ནི་ཉན་ཐོས་སོ། །ལུས་དེ་ལས་འདས་པ་ནི་སངས་རྒྱས་ལྷན་ཅིག་སྐྱེས་པའི་སྐུའོ། །ད་ནི་རྒྱས་པར་བཤད་པ་ལ་ཆོས་སྐུ་རྒྱས་པ་ལ། ཐུབ་པ་མེད་པ་ནི་གཞན་གྱི་དབང་དུ་མི་འགྱུར་པའོ། །དཔེ་མེད་པ་ནི་མཚན་པའི་དཔེ་མེད་པའོ། །མི་མངོན་པ་ནི་ལྷ་རུ་མེད་པའོ། །མི་སྣང་བ་གཟུགས་སུ་གྲུབ་པ་མེད་པའོ། །གསལ་བྱེད་མིན་ནི་རང་བཞིན་གྱིས་འོད་གསལ་བ་ལས་གཞན་གྱིས་མ་བྱས་པའོ། །མི་འགྱུར་ནི་རྐྱེན་གྱིས་སོ། །ཀུན་འགྲོ་ནི་སེམས་ཅན་ནས་སངས་རྒྱས་ཀྱི་བར་རོ། །ཁྱབ་པ་པོ་ནི་ཆོས་ཀྱི་དབྱིངས་སོ། །ཕྲ་བ་ནི་རྡུལ་དང་བྲལ་བའོ། །ཟག་པ་མེད་པ་ནི་རྒྱུས་མ་བསྐྱེད་པས་ས་བོན་དང་བྲལ་བའོ། །རྡུལ་མེད་པ་ནི་དང་པོ་ནས་སོ། །རྡུལ་དང་བྲལ་བ་ནི་གློ་བུར་གྱི་དྲི་མ་དང་བྲལ་བ་ཡང་མེད་པའོ། །ཉེས་པ་སྤངས་པ་ནི་འདོད་ཆགས་ལ་སོགས་པའོ། །སྐྱོན་མེད་པ་ནི་ཤེས་བྱའི་སྒྲིབ་པ་ཡང་སྤངས་པའོ། །ཤིན་ཏུ་སད་པ་ནི་ས་བཅུ་གཅིག་པའི་ཡེ་ཤེས་སོ། །སད་པའི་བདག་ནི་ས་བཅུ་གཅིག་པའི་ཡེ་ཤེས་སོ། །ཀུན་ཤེས་ནི་ཇི་ལྟ་བའོ། །ཀུན་རིག་དམ་པ་པོ་ནི་ཇི་སྙེད་པ་ཤེས་པའི་ཡེ་ཤེས་ཡིན་པས་དམ་པའོ། །འོ་ན་རང་རིག་དོན་དམ་པར་འདོད་དམ་ཞེ་ན། རྣམ་པར་ཤེས་པའི་ཆོད་ཉིད་འདས། །ཞེས་པ་རང་རིག་པ་མ་ཡིན་ཏེ། རང་རིག་པའི་ཆོས་ཉིད་ལས་འདས་པའོ། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག་ཏུ་མི་འགྱུར་པའོ། །རྣམ་པར་རྟོག་མེད་ནི་ཡེ་ཤེས་དེའི་མཚན་ཉིད་དོ། །ལྷུན་གྱིས་གྲུབ་པ་ནི་ཡེ་ཤེས་དེའི་རང་བཞིན་ནོ། །དུས་གསུམ་སངས་རྒྱས་ལས་བྱེད་པ་ནི་ཡེ་ཤེས་དེའི་ལས་ཡིན་ཏེ་འདས་མ་འོངས་ད་ལྟར་བ་མཁྱེན་པའོ། །དེ་ལྟར་ཆོས་སྐུ་རྒྱས་པར་བཤད་ནས། །དེ་ལ་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་ནི། སངས་རྒྱས་ཐོག་མ་མེད་པ་ནི་ཐོག་མ་མེད་པ་ནས་རང་བྱུང་བའོ། །ཐ་མ་མེད་པ་ནི་མི་འགག་པའོ། །དེས་ན་དང་པོ་རང་ནས་སངས་


DTG015_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱས་པའོ། །རྒྱུ་མེད་པ་ནི་ཐབས་ལས་བྱུང་བ་ཡང་མིན། ཤེས་རབ་ལས་བྱུང་བ་ཡང་མིན་པའོ། །ཡེ་ཤེས་མིག་གཅིག་ནི་བསྒྲུབ་པའི་དུས་ཀྱི་ལྟ་སྟངས་ཀྱིས་ཡེ་ཤེས་ཀྱི་སྐུ་མཐོང་བའོ། །དྲི་མ་མེད་པ་ནི་བསྒྲུབས་པའི་འབྲས་བུ་ཡེ་ཤེས་ཀྱི་སྤྱན་དངོས་པོ་ཐོབ་པའོ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཀྱི་སྐུ་ནམ་མཁའ་ན་བཞུགས་པ་མཐོང་བའོ། །དེ་བཞིན་གཤེགས་པ་ནི་སྤྲུལ་པའི་སྐུ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་ལྟར་དུ་སྣང་བའོ། །གཟུགས་བརྙན་དེ་ལས་ཆོས་ཀྱི་སྒྲ་འབྱུང་བ་ལྷའི་རྣ་བས་ཐོས་ཏེ། ཚིག་གི་དབང་ཕྱུག་ཅེས་པས་ཆོས་ཐམས་ཅད་ལ་དབང་སྒྱུར་པའོ། །སྒྲ་ཆེ་བ་ནི་ཟབ་པའི་ཆོས་སོ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ་ནི་འགྲན་ཟླ་མེད་པའོ། །སྨྲ་བའི་དམ་པ་ནི་ཆོས་སོ། །མཆོག་གི་གནས་ནི་གསང་སྔགས་སོ། །སྨྲ་བའི་སེང་གེ་ནི་སངས་རྒྱས་ཁོ་ནའོ། །ཚུགས་པ་མེད་པ་ནི་བདུད་དང་མུ་སྟེགས་ཉན་ཐོས་རང་རྒྱལ་རྣམས་ཀྱིས་སོ། །དེ་ལྟར་གསུང་ལ་བསྟོད་ནས། སྤྲུལ་པའི་སྐུ་མཛད་པ་ལ་བསྟོད་པ་ནི། ཀུན་དུ་ལྟ་བ་ནི་ཤེས་རབ་ཀྱི་མྱ་ངན་ལས་འདས་པ་ལ་ལྟ་བ་དང་སྙིང་རྗེས་འཁོར་བ་ལྟའོ། །མཆོག་ཏུ་དགའ་ནི་དེ་ཉིད་ལ་མ་ཆགས་པའོ། །གཟི་བརྗིད་ཕྲེང་བ་ནི་སྐུ་ལ་རྒྱན་སྣ་ཚོགས་མངའ་བས་ལྟ་ན་སྡུག་པའོ། །འོད་བཟང་འབར་བ་ནི་སྐུ་ལ་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོ་བའོ། །དཔལ་གྱི་བེའུ་ནི་ཐུགས་ཀ་ནའོ། །དེ་ཡང་ཡེ་ཤེས་སེམས་དཔའ་ཐུགས་ཀ་ན་བཞུགས་པའི་ཕྱག་ན་བསྣམས་པ་ལག་ན་འོད་འབར་སྣང་བ་པོ་ཞེས་སོ། །སྨན་བ་ཆེ་མཆོག་ནི་སེམས་ཅན་ཉོན་མོངས་པའི་ནད་གསོ་བར་བྱེད་པའོ། །གཙོ་བོ་ནི་མཆོག་ཏུ་གྱུར་པ་སྟེ། །ཟུག་རྔུ་འབྱིན་པ་ནི་སྡུག་བསྔལ་གསུམ་གྱིའོ། །བླ་ན་མེད་པ་ནི་གང་ན་མེད་པའི་ཡང་གོང་མར་གྱུར་པའོ། །སྨན་རྣམས་མ་ལུས་ལྗོན་པའི་ཤིང༌། །ཞེས་པ་ལོ་ཀ་ལས་སྨན་གྱི་ལྗོན་ཤིང་ལས་ནད་གསོ་བའི་སྨན་སྐྱེ་བ་བཞིན་འཁོར་བའི་སྡུག་བསྔལ་གསོ་བའི་མི་འགྱུར་པའི་ཡེ་ཤེས་སྟོན་པའོ། །དེས་ནད་དང་ཉོན་མོངས་པ་གསོ་བས་ན། ནད་དོ་ཅོག་གི་དགྲ་ཆེ་བའོ། སྡུ་གུ་ནི་ཉོན་མོངས་པ་གསོ་བའོ། །འཇིག་རྟེན་གསུམ་ནི་ཁམས་གསུམ་སྟེ་དེ་ན་གནས་པ་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །དེ་ལྟར་སྤྲུལ་པའི་སྐུ་མཛད་པ་དང་བཅས་པ་བཤད་ནས། དཔལ་


DTG015_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་པ་ལ་སྤྲུལ་པའི་སྐུ་དེ་ཡང་གཞན་དོན་དུ་སྣང་ལུགས་གསུམ་སྟེ། ཕྱི་དང་ནང་དང་གཞན་དུའོ། །ཕྱི་འཇིག་རྟེན་གྱི་ཁམས་ལྟར་སྣང་སྟེ། དཔལ་ལྡན་ནི་རི་རབ་གླིང་བཞིའོ། །རྒྱུ་སྐར་ནི་ཉི་ཤུ་རྩ་བདུན་ནོ། །དཀྱིལ་འཁོར་ནི་ཁྱིམ་བཅུ་གཉིས་སོ། །ཅན་ནི་ཉི་མ་དང་ཟླ་བ་གཟའ་རྣམས་སོ། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པ་ནི་ཁྱིམ་དེར་འཁོར་བར་རོ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཇུགས་ནི་སེམས་ཅན་ལ་ཉིན་ནུབ་དང་ནམ་ཟླ་དང་གྲང་དྲོ་དང་སྟོན་དཔྱིད་ཀྱི་སྒོ་ནས་དོན་བྱེད་པའོ། །འགྲོ་ན་ནི་ཕྱོགས་རྣམས་སུ་འཁོར་བའོ། །གདུགས་གཅིག་ནི་ཉིན་ཞག་གཅིག་གོ །ཡངས་པ་ནི་ཀུན་ལ་ཁྱབ་པར་འཁོར་བའོ། །ནང་དུ་ནི་དཔལ་ལྡན་ནི་བསྒྲུབ་པའི་ལུས་སྔར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བའོ། །རྒྱུ་སྐར་ནི་སྣ་གཡས་ནས་བྱུང་བའི་ཉི་མའི་རླུང་དང༌། གཡོན་ནས་རྒྱུ་བའི་ཟླ་བའི་རླུང་ངོ༌། །དཀྱིལ་འཁོར་ནི་ལྔ་སྟེ། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའི་རླུང་སྟེ། ཅན་ནི་ཡེ་ཤེས་ཀྱི་རླུང་དབུ་མ་ནས་རྒྱུ་བའོ། །ཕྱོགས་བཅུ་ནི་གཡས་དང་གཡོན་གྱི་དཀྱིལ་འཁོར་གྱི་དབང་བཅུའོ། །ནམ་མཁའི་མཐར་ཐུག་པ་ནི་བ་སྤུའི་མཐར་ཐུག་པར་རླུང་རྒྱུ་བའོ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ནི་རླུང་དེས་དོན་དམ་པར་བྱང་ཆུབ་ཀྱི་སེམས་ཀྱི་རྟེན་ཀུན་རྫོབ་བྱང་ཆུབ་སེམས་བཟུང་ནས་གནས་པའོ། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །རླུང་དང་བྱང་ཆུབ་སེམས་དབུ་མར་ཚུད་པར་བདེ་བ་ཆེན་པོ་སྐྱེས་པའོ། །གཞན་ནི་ལྷ་སྟེ་དཔལ་ལྡན་ནི་དཔལ་འབྲས་སྤུངས་ཀྱི་གཙུག་ལག་ཁང་སུམ་ཐོག་ཏུ་གནས་པ། ཡང་ཐོག་ན་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞུགས་པ། བར་ཁང་ན་ཡོ་གའི་ལྷ་ཚོགས་བཞུགས་པ། འོག་ཁང་ན་འཇིག་རྟེན་པའི་ལྷ་ཚོགས་བཞུགས་པས་སོ། །རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི་དབྱུ་གུའི་གྲངས་ཀྱིས་ལྷ་སྟོང་ཕྲག་བརྒྱ་ཉི་ཤུའོ། །ཅན་ནི་དང་པོའི་སངས་རྒྱས་ལ་བྱ་སྟེ། །དེ་ནས་སངས་རྒྱས་བསྟན་པ་གནས་ཀྱི་བར་དུ་གནས་པ་ནང་ན་མཚན་ཡང་དག་པར་བརྗོད་པའི་སྒྲ་རང་སྒྲོགས་པས་ཕྱོགས་བཅུར་ནམ་མཁའི་མཐར་ཐུག་པར་སྒྲས་ཁྱབ་པ། དེ་ནས་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་པའོ། །འགྲོ་ན་ནི་སེམས་ཅན་དོན་ལའོ། །གདུགས་གཅིག་ཡངས་པ་


DTG015_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་དཔེར་ན་འཇིག་རྟེན་པ་གདུགས་ཀྱིས་ཚང་པ་ལས་སྐྱོབ་པ་བཞིན་དུ། ཆོས་ཀྱི་སྒྲས་དེས་སེམས་ཅན་རྣམས་ལ་སྐྱོབ་པའོ། །དེ་ལྟར་དཔལ་རྒྱུ་སྐར་གྱི་དཀྱིལ་འཁོར་དེ་སེམས་ཅན་རྣམས་ལ་བྱམས་པ་དང་ནི་བུ་གཅིག་པའི་མ་བཞིན་ནོ། །སྙིང་རྗེ་ཡང་དེ་བཞིན་ནོ། །དཀྱིལ་འཁོར་ཅན་ནི་གཟུགས་སྐུ་ལ་ལྡན་པའོ། །དཔལ་ལྡན་ནི་ལྷའི་འཁོར་ལོའོ། །པདྨ་ནི་འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པའོ། །གར་ནི་སྙིང་རྗེས་སེམས་ཅན་ལ་གཡོ་བའི་བདག་གོ །ཁྱབ་བདག་ཆེན་པོ་ནི་དེ་བཞིན་གཤེགས་པའོ། །རིན་ཆེན་ནི་དམ་པའི་ཆོས་སོ། །གདུགས་ནི་ཆོས་དེས་སེམས་ཅན་ལ་སྐྱོབ་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །ཞེས་པ་སངས་རྒྱས་ཀུན་ནི་དུས་གསུམ་གྱི་སངས་རྒྱས་སོ། །གཟི་བརྗིད་ནི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའོ། །དེས་ན་སངས་རྒྱས་ཀུན་གྱི་སྐུ་འཆང་བའོ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །ཞེས་པ་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་ཐུགས་ལ་གནས་པའོ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་པ་མི་འགྱུར་པ་དེའི་བརྗོད་བྱ་གཅིག་པའོ། །དེ་ལྟར་རྒྱས་པར་བཤད་ནས། །ད་ནི་མཇུག་བསྡུ་བ་ལ། དབང་གི་མཇུག་བསྡུ་བ་ནི། རྡོ་རྗེ་རིན་ཆེན་ནི་ཆུ་ལ་སོགས་པའི་དབང་བདུན་ནོ། །དབང་བསྐུར་དཔལ་ནི་སློབ་དཔོན་གྱི་དབང་སྟེ་ས་བརྒྱད་པ་ཕྱིར་མི་ལྡོག་པའོ། །རིན་ཆེན་ཀུན་བདག་ནི་བྱང་ཆུབ་ཀྱི་སེམས་དཀར་དམར་རོ། །དབང་ཕྱུག་ནི་གསང་དབང་སྟེ་སློབ་མའི་ལྕེ་ལ་གཞག་པའོ། །འཇིག་རྟེན་དབང་ཕྱུག་ནི་ས་བཅུ་པའོ། །ཀུན་གྱི་བདག་ནི་ཤེས་རབ་ཡེ་ཤེས་སོ། །རྡོ་རྗེ་འཆང་བ་ཀུན་གྱི་རྗེ་ནི་འཇིག་རྟེན་ལས་འདས་པའི་དབང་བཞི་པའོ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བས་ནི་དབང་བཞི་པས་སྐུ་གསུང་ཐུགས་དག་པའི་ཡེ་ཤེས་རྡོ་རྗེར་བྱས་པའོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས་ནི་ཤེས་རབ་ཡེ་ཤེས་ཀྱི་ཐུགས་ལ་རྡོ་རྗེར་བྱས་པའོ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །ཞེས་པ་བུམ་པའི་དབང་བསྐུར་བས་སྐུ་རྡོ་རྗེར་བྱས་པའོ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པ་གསང་བའི་དབང་བསྐུར་བས་གསུང་རྡོ་རྗེར་བྱས་པའོ། །ད་ནི་རྣལ་འབྱོར་ལམ་བསྡུ་བ་ལ་དབྱིབས་དང༌། སྔགས་དང༌། ཆོས་དང༌།


DTG015_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགའ་བ་བཞི་ཡོད་པ་ལས་དབྱིབས་ཀྱི་རྣལ་འབྱོར་གང་དུ་བཤད་ནས། ད་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཞེས་བྱ་སྟེ། སྔགས་གྱི་རྣལ་འབྱོར་ལ་སྦྱར་ན། རིག་མ་མཚན་ཉིད་དང་ལྡན་པས་སློབ་དཔོན་གྱིས་སྦྱངས་པ་སློབ་མ་ལ་གཏད་པ་ལ། རྡོ་རྗེ་ཉི་མ་སྣང་བ་ཆེ་ནི་ཤེས་རབ་རིག་མ། རྡོ་རྗེ་ཟླ་བ་དྲི་མེད་དེ་ནི་ཐབས་སྒྲུབ་པ་པོ། །ཆགས་བྲལ་དང་པོ་ཆགས་པ་ཆེ་ནི་སྙོམས་པར་ཞུགས་པ་ལས་དགའ་བ་བཞིའི་ཡང་ལྷན་ཅིག་སྐྱེས་པའི་དགའ་བའོ། །ཁ་དོག་སྣ་ཚོགས་འབར་བའི་དོན་འོད་ནི་ཡེ་ཤེས་ཀྱི་སྣང་བ། རྡོ་རྗེ་སྐྱིལ་ཀྲུང་ནི་གསང་བའི་གནས་ན་རྩ་གསུམ་ལྕགས་སྒྲོག་བཅིངས་པ་འདྲའོ། །རྫོགས་སངས་རྒྱས་ནི་ལྷན་སྐྱེས་ཀྱི་ཡེ་ཤེས། སངས་རྒྱས་ནི་གོང་མ་དེའོ། །གསུང་གི་ཆོས་འཛིན་པ་རླུང་མི་རྒྱུ་བས་བྱང་ཆུབ་སེམས་བཟུང་བའོ། །དཔལ་ལྡན་ནི་བདེ་བ་དང་སྟོང་བར་ལྡན་པའོ། །པདྨ་སྐྱེས་ནི་ཤེས་རབ་མའི་ལས་སོ། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་ནི། སངས་རྒྱས་ཐམས་ཅད་ཡེ་ཤེས་སྐྱེས་པའི་མཛོད་ལྟ་བུ་འཛིན་པའོ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཛིན་ནི་ཀ་ར་ནིའི་སྦྱོར་ཐབས་སོ། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ་ནི་བདེ་བ་དེས་རྣམ་པར་རྟོག་པ་གཅོད་པའོ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་པ་ཨ་ཀྵ་ར་སྟེ་མི་འགྱུར་པའི་ཡི་གེའོ། །ད་ནི་མཚོན་བྱ་དོན་གྱི་ཡེ་ཤེས་ཞེས་པ། རང་ལུས་ཆོས་ཀྱི་རྣལ་འབྱོར་ལ་སྦྱར་ན། རྡོ་རྗེ་ཉི་མ་ནི་ལྟེ་བའི་ཨ་ཤད་གཏུམ་མོའོ། །སྣང་བ་ཆེ་བ་ནི་ཁ་དོག་དམར་ལ་རེག་བྱ་ཚ་བའོ། རྡོ་རྗེ་ཟླ་བ་ནི་སྤྱི་བོའི་བྱང་ཆུབ་སེམས་དཔའོ། །དྲི་མ་འོད་ནི་ཁ་དོག་དཀར་པོ་རེག་བྱ་བསིལ་བའོ། །དེ་ལ་བླ་མའི་མན་ངག་བཞི་བསྒོམས་པས། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཞེས་པ་རང་ལུས་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་དོན་གྱི་ཡེ་ཤེས་སྐྱེའོ། །དེ་མན་ཆད་ནི་གོང་བཞིན་ནོ། །ད་ནི་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་ཞེས་བྱ་བ། །དག་པ་ཆེན་པོ་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ལ་སྦྱར་ན། རྡོ་རྗེ་ཉི་མ་ནི་ཁྲག །རྡོ་རྗེ་ཟླ་བ་ནི་ཁུ་བ། རྡོ་རྗེ་སྣང་བ་ཆེ་ནི་སེམས། རྡོ་རྗེ་དྲི་མེད་འོད་ནི་ཡེ་ཤེས་སོ། །དེ་བཞི་ཚོགས་པ་ལས་ཡེ་ཤེས་སྐྱེ་ཏེ། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཞེས་སྦྱར་རོ། །པད་ནི་བུད་མེད་ཀྱི་སྐྱེ་གནས་དང༌། ནམ་མཁའ་དང༌། ཆོས་ཀྱི་དབྱིངས་དང༌། མེ་ཏོག་ལ་འགྲོ་སྟེ་འདིར་


DTG015_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནམ་མཁའ་ལ་བཟུང་སྟེ། ཉིན་མོའི་རྣལ་འབྱོར་ནི་སྤྲིན་མེད་པའི་ནམ་མཁའོ། །མཚན་མོའི་རྣལ་འབྱོར་ནི་མུན་པ་ནག་པོ་ཟླ་བ་དང་ཉི་མ་ནི་རྩ་གཉིས་དང་རླུང་གཉིས་རྣལ་འབྱོར་གཉིས་སུ་སྦྱར་རོ། །ཉིན་མོའི་རྟགས་དྲུག་དང་རྟགས་འདི་འབྱུང་སྟེ། ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་པ་ནམ་མཁའ་ལ་མེ་འབར་བའོ། །རྡོ་རྗེ་ཟླ་བ་ནི་གཉིས་པའོ། །རྡོ་རྗེ་ཉི་མ་ནི་གསུམ་པའོ། །སྣང་བ་ཆེ་ནི་སྒྲ་གཅན་ཏེ་བཞི་པའོ། །དྲི་མེད་འོད་ནི་གློག་སྟེ་དྲུག་པའོ། །ཆགས་བྲལ་དང་པོ་ཆགས་པ་ཆེ་ནི་ཐིག་ལེ་སྟོང་བ་སྟེ་ཤེས་རབ་ཆེན་པོས་ཆོས་ཀྱི་དབྱིངས་ལ་ཆགས་པའོ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་ནི་ཐིག་ལེའི་དབུས་ན་རྟགས་ཅན་ལོངས་སྤྱོད་རྫོགས་པའི་སྐུ་ནི་གཟུགས་བརྙན་རྫོགས་པའོ། །སངས་རྒྱས་གསུང་གི་ཆོས་འཛིན་པ། །ཆོས་ཀྱི་སྒྲ་སེམས་ཅན་རྣམས་ལ་སྒྲོགས་པའོ། །དཔལ་ལྡན་སངས་རྒྱས་པདྨར་སྐྱེས་ནི་སྟོང་པ་བདག་མེད་པ་ལས་བྱུང་བའོ། །ཀུན་མཁྱེན་ནི་ཐམས་ཅད་མཁྱེན་པའོ། །ཡེ་ཤེས་མཛོད་འཛིན་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང་ལྡན་པའོ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆད་ནི་གང་ལ་གང་གིས་འདུལ་བར་སྣང་བའོ། །སངས་རྒྱས་རིག་པ་ཆེན་པོ་འཛིན་པ་ནི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའོ། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ་ནི་དེས་སྤང་བྱའི་སྤྲོས་པ་བཅད་པའོ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་པ་མཆོག་མི་འགྱུར་པའི་ཡེ་ཤེས་གྲུབ་པའོ། །དྲི་མ་དག་པར་བྱས་པའོ། །ཐེག་པ་མཆོག་ནི་གསང་སྔགས་ཏེ་མི་འགྱུར་པའི་ཡེ་ཤེས་སོ། །དེས་ན་སྡུག་བསྔལ་གཅོད་པའོ། །མཚོན་ཆ་ཆེན་པོ་ནི་སྡུག་བསྔལ་གཅོད་པའི་རྡོ་རྗེ་ཆོས་ཏེ་དབྱེར་མི་ཕྱེད་པའི་ཡེ་ཤེས་ལ་རྡོ་རྗེ་ཆོས་ཞེས་བྱའོ། །རྡོ་རྗེ་ཟབ་མོ་ནི་སྟོང་བ་ཉིད་དོ། །ཛི་ན་ཛི་ཀ་ནི་རྣམ་པ་སྣ་ཚོགས་སུ་སྣང་བ་གཅོད་པའོ། །རྡོ་རྗེ་བློ་གྲོས་ནི་མི་འགྱུར་པའི་ཤེས་རབ། དོན་བཞིན་རིག་ནི་དེས་ཇི་ལྟ་བ་དང་ཇི་སྙེད་པ་རིག་པའོ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ་ནི་སྦྱིན་པ་ལ་སོགས་པ་དང་ལྡན་པ་གོང་དུ་རྒྱས་པར་བཤད་དོ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །ཡང་དེ་བཞིན་དུ་གང་དུ་བཤད་དོ། །རྣམ་པར་དག་པ་དྲི་མ་ཡོངས་སུ་དག་གོ །བདག་མེད་ཆོས་ནི་རང་བཞིན་རྣམ་དག་གི་ཆོས་ཉིད་དོ། །ཡང་དག་ཡེ་ཤེས་ནི་སེམས་རང་བཞིན་གྱིས་འོད་གསལ་བའོ། །ཟླ་འོད་ནི་


DTG015_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔེའོ། །བཟང་བ་ནི་དེ་བས་ཆེས་ལྷག་པའི་འོད་གསལ་བའོ། །བརྩོན་ཆེན་ནི་སྒྲུབ་པ་ལའོ། །སྒྱུ་འཕྲུལ་དྲ་བ་ནི་སྣང་བ་དང་སྟོང་པ་དབྱེར་མི་ཕྱེད་པའོ། །རྒྱུད་ཀུན་ནི་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པའོ། །དེ་དང་བདག་པོ་འམ་མཆོག་ནི་མཚན་ཡང་དག་པར་བརྗོད་པའོ། །བདག་གི་གདན་ལ་སོགས་པའི་གདན་བཞི་ཡང་འདི་ལ་ཚང་བས་ལྡན་པའོ། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་བ་ནི་ཡེ་ཤེས་སེམས་དཔའ་དྲུག་གི་ངོ་བོ་ཡེ་ཤེས་མི་འགྱུར་པའི་ཡེ་ཤེས་ལ་འདུས་པའོ། །ཀུན་དུ་བཟང་པོ་ནི་དུག་ལྔའི་སྣང་བ་ཡེ་ཤེས་ལྔ་ཤར་བས་བློ་གྲོས་བཟང་པོའོ། །སའི་སྙིང་པོ་ནི་ཁམས་ལྔའི་དང་ས་མ་བྱང་ཆུབ་སེམས་སོ། །འགྲོ་བ་འཛིན་པ་ནི་དེས་ལུས་ལ་གནས་ཀྱི་བར་དུ་སྲོག་མི་འཕོ་བའོ། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་ནི་ཀུན་རྫོབ་བྱང་ཆུབ་སེམས་ལ་བརྟེན་ནས། དོན་དམ་བྱང་ཆུབ་སེམས་གནས་པས་ན་སྙིང་པོའོ། །དེ་ལྟར་ལམ་གྱི་རྣལ་འབྱོར་བསྟན་ནས། ད་ནི་འབྲས་བུ་མཇུག་བསྡུ་བ་ལས། དང་པོ་སྤྲུལ་བའི་སྐུ་ནི་སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་བ་ནི་ཐབས་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་དངོས་པོ་ཀུན་གྱི་རང་བཞིན་མཆོག་སྟེ་སྣང་སྟོང་གཉིས་མེད་ཀྱི་སྐུའོ། །དངོས་པོ་ཀུན་གྱི་རང་བཞིན་འཛིན་ནི་སྣང་ཙམ་ན་སྟོང་ལ་སྟོང་ཙམ་ན་སྣང་བའོ། །སྐྱེ་མེད་ཆོས་ནི་དོན་དམ་པའོ། །སྣ་ཚོགས་དོན་ནི་སྣང་བ་མ་འགགས་པར་ཤར་བའོ། །ཆོས་ཀུན་ནི་འཁོར་འདས་ཀྱིའོ། །ངོ་བོ་ཉིད་འཆང་བ་ནི་ལོངས་སྐུའི་དོ་བོར་བཞུགས་པའོ། །ད་ནི་ཆོས་ཀྱི་སྐུ་ལ། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཞེས་པ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་པོ། །ཆོས་ཀུན་ཁོང་དུ་ཆུད་པ་སྟེ། ཞེས་པ་ཤེས་བྱ་མ་ལུས་པ་ཐུགས་སུ་ཆུད་པའོ། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཞེས་པ་དེ་ཡང་མངོན་སུམ་ཁོ་ནར་རྟོགས་པའོ། །ཐུབ་པ་ནི་སྐུ་གསུང་ཐུགས་སོ། །དེས་ན་བློ་མཆོག་གོ ། འབྱུང་བའི་མཐའ་ནི་འཁོར་བ་ལས་ངེས་པར་འབྱུང་བའི་མཐའ་སངས་རྒྱས་པའོ། །དེ་ཡེ་ཤེས་ཀྱི་སྐུ་ནི་མི་གཡོ་བ་ལྷན་ཅིག་སྐྱེས་པའི་སྐུ་དེའོ། །རབ་ཏུ་དང་བའི་བདག་ནི་གློ་བུར་གྱི་དྲི་མ་དག་པའོ། །དེས་ན་རྫོགས་པའི་སངས་རྒྱས་དེ་བླ་ན་མེད་པའི་བྱང་ཆུབ་འཆང་བའོ། །སངས་རྒྱས་ཀུན་གྱི་མངོན་སུམ་པ་


DTG015_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་མི་འགྱུར་པའི་ཡེ་ཤེས་དེའོ། །ཡེ་ཤེས་མེ་ལྕེ་ནི་འཁོར་བའི་རྣམ་རྟོག་སྲེག་པའོ། །འོད་འབར་གསལ་བ་ནི་ཡེ་ཤེས་ཀྱི་སྣང་བའོ། །དེ་ལྟར་ལེའུ་བརྒྱད་པའི་བཤད་པའོ།། །།

ལེའུ་དགུ་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བརྗོད་པ།


DTG010_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བརྗོད་པར་བྱ་སྟེ། དང་པོ་དབྱིབས་ཀྱི་རྣལ་འབྱོར་ལ། རྐྱང་བར་བསྒོམ་ན་སྲུང་བའི་འཁོར་ལོ་དབང་བསྐུར་ཡན་ཆད་རྫོགས་པར་བྱའོ། །རིམ་པར་བསྒོམ་པ་གཅོ་བོ་འཕོ་བ་སྟེ། རིན་ཆེན་འབྱུང་ལྡན་ཡབ་ཡུམ་དབུས་ཀྱི་ལེ་ཚེ་ལ་ཞལ་སྦྱོར་དུ་བཞུགས་པའོ། །མི་བསྐྱོད་པ་ཡབ་ཡུམ་ལྷོ་དང་བདེན་བྲལ་ལ། སྣང་བ་མཐའ་ཡས་ཡབ་ཡུམ་བྱང་དང་དབང་ལྡན་ལ་བཞུགས་པའོ། །རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་ངག་གི་དབང་ཕྱུག་ཅེས་བྱ་བ་སྐུ་མདོག་དམར་པོ་གཡས་རལ་གྲི་གཡོན་རིན་པོ་ཆེ་བསྣམས་པའོ། །དེའི་ཐུགས་ཀ་ནས་འཁོར་ལོ་རྩིབས་བརྒྱད་པ་ལ། ཨོཾ་ཝཱ་གཱི་ཤྭ་ར་ཡ་ཏེ་ན་མཿ་ཞེས་པའོ། །དེའི་ལྟེ་བ་ལ་ཨ་དམར་པོ་གནས་པར་བསུམ་མོ། །ལྷོ་ཕྱོགས་པའི་ལྷ་གཞན་རྣམས་ཀྱང་མི་བསྐྱོད་པ་བཞིན་ཕྱག་མཚན་དང་སྐུ་མདོག་གྱུར་པར་བསམ་མོ། །སེམས་ཅན་གྱི་དོན་བྱ་བ་མདོར་བསྟན་པ་དང་དེའི་སྐུའི་སྒོ་ནས་རྒྱས་པར་མཛད་པ་དང༌། ལམ་འབྲས་བུ་དང་བཅས་པ་དང༌། ངེས་པར་འབྱུང་བ་སྤྱིར་བསྟན་པ་དང༌། སྤང་བྱ་དང་གཉེན་པོ་དང་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་བསྟན་པའོ། །དང་པོ་མདོར་བསྟན་པ་ལ་འདོད་པའི་དོན་ནི་བདག་དོན་སངས་རྒྱས་ཐོབ་པ་དང༌། གཞན་དོན་སེམས་ཅན་འཁོར་བ་ལས་སྒྲོལ་བའོ། །དེ་གྲུབ་པས་ན་དོན་གྲུབ་པའོ། །དམ་པ་ནི་གོང་ན་མེད་པའོ། །དན་སོང་ཐམས་ཅད་ནི་དམྱལ་བ་དང་ཡི་དགས་དང་བྱོལ་སོང་ངོ༌། སྦྱོང་བ་ནི་ལས་དེ་ལས་ཐར་བར་བྱེད་པའོ། །མགོན་པོ་ནི་ངན་སོང་གསུམ་གྱིའོ། །དེས་ན་སེམས་ཅན་ཀུན་གྱི་མཆོག་གོ །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད་པ་ནི་དབང་པོ་རབ་འབྲིང་ལ་ཐེག་པ་སོ་སོར་དོན་བྱེད་པའོ། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །ཞེས་བ་འཁོར་བའི་ཉོན་མོངས་པ་ལས་འཐབ་པ་ལ་གཅིག་ཏུ་དཔའ་བའོ། །མི་ཤེས་པ་ནི་གཏི་མུག །དགྲ་ནི་ཞེ་སྡང༌། དྲེགས་པ་ནི་ང་རྒྱལ། འཇོམས་པས་ན་དཔའ་བའོ། །དེ་ནས་རྒྱས་པ་ལ་སྤྲུལ་སྐུས་གཞན་དོན་མཛད་པ་ལ་བསྟོད་པ་ནི། བློ་ལྡན་ནི་ཤེས་རབ་བོ། །སྒེག་འཆང་ནི་རྒྱན་དང་ཆ་


DTG015_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལུགས་སོ། །དཔལ་དང་ལྡན་པ་ནི་བསོད་ནམས་དང་ཡེ་ཤེས་ལས་གྲུབ་པའོ། །བརྟན་པོ་མི་སྡུག་གཟུགས་འཆང་བ་ནི་ཁྲོ་བོས་འདུལ་བའི་དོར་ཁྲོ་བོར་སྣང་ངོ༌། །ལག་པ་བརྒྱ་པས་ཀུན་བསྐྱོད་པ་ནི་ལག་སྟངས་ཀྱི་དབྱེ་བས་གར་བྱེད་པའོ། །གོམ་པའི་སྟབས་ཀྱིས་གར་བྱེད་པ་ནི་གཡས་བརྐྱང་བ་ལ་སོགས་པའི་གོམ་སྟབས་སོ། །དཔལ་ལྡན་ལག་པ་བརྒྱས་གང་བ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ཞེས་པ་རྫུ་འཕྲུལ་གྱིས་གར་ནམ་མཁའ་ལ་བྱེད་པའོ། །གཞན་གཟུགས་བཟང་བ་ལས་ང་རྒྱལ་གཅོག་པ་ནི། སའི་དཀྱིལ་འཁོར་བཞི་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་བཞི་པའོ། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན་པ་རྫུ་འཕྲུལ་གྱི་སྟོབས་སོ། །དེ་བས་ན་ཞེས་ང་རྒྱལ་བ་ལ། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང༌། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་པ་ཚངས་པའི་ཡུལ་ས་ནི་གླིང་བཞི་རི་རབ་དང་བཅས་བའོ། །དེ་ཞབས་ཀྱི་སེན་མོས་གནོན་པའོ། །ད་ནི་སྤྲུལ་པའི་སྐུས་དོན་མཛད་པ་ལ་བསྟོད་པའོ། །ད་ནི་ཆོས་སྐུས་གཞན་དོན་བྱེད་པ་ནི། དོན་གཅིག་ནི་ཐོབ་བྱ་ཆོས་སྐུའོ། །གཉིས་མེད་ནི་ཀུན་རྫོབ་དང་དོན་དམ་གཉིས་སུ་མེད་པའོ། །ད་ནི་ཆོས་ཀྱི་དོན་ཏོ། །དམ་པའི་དོན་དེ་ནི་ཆོས་སྐུའོ། །འཇིགས་པ་མེད་པ་ནི་གནོད་པ་གཞན་གྱིས་སོ། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་ནི་དོན་བྱ་བའི་ཡུལ་སེམས་ཅན་ནོ། །སེམས་ནི་ཀུན་གཞི། རྣམ་ཤེས་ནི་ཚོགས་དྲུག །རྒྱུད་དང་ལྡན་པ་ནི་ཉོན་མོངས་པ་ཅན་ནི་ཡིད་དོ། །དངོས་དོན་མ་ལུས་རྣམས་ལ་དགའ་ནི་སེམས་ཅན་དོན་ལ་སངས་རྒྱས་དངོས་ལ་དགའ་བའོ། །སྟོང་པ་ཉིད་དགའ་བ་ནི་ཤེས་རབ་ཆེན་པོས་སྟོང་པ་ཉིད་ལ་ཆགས་པའོ། །སྲིད་པའི་འདོད་ཆགས་སྤངས་པ་སྟེ། །ཞེས་པ་འདོད་པའི་ཡོན་ཏན་སྤངས་པའོ། །དང་པོ་སྐུས་སེམས་ཅན་དོན་མཛད་པ་ནི། སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་པ་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའོ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །ཞེས་པ་ལོངས་སྐུ་དེ་ནམ་མཁའ་དག་པ་ལ་སྤྲིན་དཀར་པོ་ཡང་མེད་པར་དག་པ་བཞིན་དུ་ཆོས་ཉིད་རང་བཞིན་གྱིས་དག་པའོ། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཅེས་པ་ནི་སྐུའི་མདངས་སོ། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །ཞེས་པ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་


DTG015_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་མངའ་བས་སོ། །སེན་མོའི་འོད་ནི་ཤེས་ཆེར་དམར། །ཞེས་པ་ཕྱག་དང་ཞབས་ཀྱི་སེན་མོའོ། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །ཞེས་པ་དབུའི་ཅོད་པན་བལྟར་མི་མངོན་པའོ། །བལྟར་མི་མངོན་པས་སྒྲ་མཆོག་མཐོན་ཀ་ཆེན་པོ་པའོ། །ནོར་བུ་ཆེན་པོ་འོད་ཆགས་དཔལ་ནི། ཅོད་པན་གྱི་རྩེ་མོ་ལ་ནོར་བུ་རིན་པོ་ཆེའོ། །སངས་རྒྱས་ནི་ལོངས་སྐུའོ། །སྤྲུལ་པའི་རྒྱན་དང་ལྡན་པ་ནི་མཚན་དང་དཔེ་བྱད་འོད་དང་གཟིམ་དངས་སོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ་ནི་གདུལ་བྱའི་སྣང་བ་ལའོ། །འཇིག་རྟེན་ཁམས་རྣམས་སུ་དུས་གཅིག་ལ་ཁྱབ་པོ་སྙམ་ན། རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །ཞེས་པ་རྫུ་འཕྲུལ་གྱིས་གཤེགས་པར་སྣང་བའོ། །ལམ་འབྲས་བུ་དང་བཅས་པ་ནི། དེ་ཉིད་མ་བཅོས་པའི་དོན་ལྷན་ཅིག་སྐྱེས་པར་མི་འགྱུར་པའོ། །དྲན་པ་ནི་མི་བརྗེད་པ་ཡིན་ལ། དྲན་པ་ཆེན་པོ་ནི་མི་འབྲལ་བའོ། །དྲན་པ་བཞི་པོ་ནི་མི་འབྲལ་བའི་དོན་དེ་ཡང་རྒྱུའི་དུས་སུ་རྐྱེན་གྱི་དབང་གིས་གནས་སྐབས་བཞིར་སྣང་སྟེ། གཉིད་དང༌། རྨི་ལམ་ངང༌། སད་པ་དང༌། བཞི་པའོ། །ཏིང་ངེ་འཛིན་རྒྱལ་ནི་གཉིད་ཆོས་སྐུར་དྲན་པའོ། །རྨི་ལམ་ལོངས་སྐུར་དྲན་པ། སད་པ་སྤྲུལ་སྐུར་དྲན་པ། བཞི་པ་ཡེ་ཤེས་ཀྱི་སྐུར་དྲན་པ་ནི་ཏིང་ངེ་འཛིན་གྱི་རྒྱལ་པོའོ། །དེ་ལྟར་རྐྱེན་གྱིས་གཡོ་བའི་རྒྱུར་ནི་ཡོད་དེ། བྱང་ཆུབ་ནི་སེམས་ཉིད་མི་གཡོ་བ་རང་བཞིན་དུ་གནས་པའོ། །ཡན་ལག་ཅེས་པ་རླུང་སྟེ་སེམས་ཡུལ་ལ་གཡོ་བར་བྱེད་པས་རྨི་ལམ་དང་སད་པའི་རྒྱུའོ། །མེ་ཏོག་ནི་ཁྲག །སྤོས་ནི་ཁུ་བ་དེ་བཞི་ཚོགས་པས་བཞི་པ་སྐྱེ་བའི་རྒྱུའོ། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ཞེས་པ་བཞི་པ་ཡེ་ཤེས་མི་འཛག་པར་སོང་བའམ། མི་འགྱུར་པའི་འབྲས་བུ་ནི་སྟེ་རྒྱ་མཚོ་ཆེན་པོ་དང་འདྲ་བར་ཟད་མི་ཤེས་པའོ། །དེ་ཐོབ་པར་བྱེད་པ་ནི། ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཅེས་པ་དབྱིབས་ཀྱི་རྣལ་འབྱོར་ལ། དཀྱིལ་འཁོར་འཁོར་ལོ་ལ་བརྟེན་པ་དང༌། ཡེ་ཤེས་སེམས་དཔའ་དཔའ་བོ་གཅིག་པའོ། །སྔགས་ཀྱི་རྣལ་འབྱོར་ལ་སྲོག་རྩོལ་དང་བུམ་པ་ཅན་ནོ། །ཆོས་ཀྱི་རྣལ་འབྱོར་ལ་གཞན་ལུས་ལ་བརྟེན་པ་དང་རང་ལུས་སོ། །དེ་བཞིན་ཉིད་ཀྱི་རྣལ་འབྱོར་ལ་མཚན་མོའི་རྣལ་འབྱོར་དང་ཉིན་མོའིའོ། །ཡང་དག་སངས་རྒྱས་ལམ་རིག་པ། །ཞེས་པ་མི་འགྱུར་པའི་ཡེ་ཤེས་ནི་ཡང་དག་པའི་སངས་རྒྱས་ཀྱི་ལམ་མོ། །སེམས་ཅན་


DTG015_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་ལ་ཤས་ཆེར་ཆགས། །ཞེས་པ་དམིགས་པ་མེད་པའི་སྙིང་རྗེའོ། །ནམ་མཁའ་ལྟ་བུར་ཆགས་པ་མེད། །ཅེས་པ་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་བ་ཉིད་དེ་གཉིས་དབྱེར་མེད་པ་ནི་ལྷན་ཅིག་སྐྱེས་པའོ། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །ཅེས་པ་གདུལ་བྱའི་དོན་ལའོ། །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས་པ་ནི་དུས་ལ་བབ་པ་ལ་ཐུགས་བསྙེལ་བ་མི་མངའ་བའོ། །སེམས་ཅན་ཀུན་གྱི་དབང་དོན་ཤེས་པ་ནི་དབང་པོ་རབ་འབྲིང་ཐ་མ་ལ་འཚམ་པར་སྟོན་པའོ། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ་ནི་ཆོས་དང་གདུལ་བྱའི་སེམས་ཞི་བར་གྱུར་པའོ། །ཕུང་པོ་ལྔ་དོན་ནི་གཟུགས་ལ་སོགས་པའི་དབྱེ་བའོ། །དེ་ཉིད་ཤེས་པ་ནི་ཡེ་ཤེས་རྣམ་པ་ལྔར་རོ། །རྣམ་དག་ཕུང་པོ་ལྔ་ཆང་བ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ལ་སོགས་རིགས་ལྔའི་སྐུར་ཤར་བའོ། །ད་ནི་ངེས་པར་འབྱུང་བ་ལ་མདོར་བསྟན་པ། ངེས་འབྱུང་ཀུན་གྱི་མཐའ་ལ་གནས་པ་ནི་སྤྱིར་ཐེག་པ་གསུམ་ཀ་དང༌། སོགས་སྔགས་ཀྱི་ཐེག་པའི་འབྲས་བུའོ། །དེས་པར་འབྱུང་བ་ཀུན་ལ་མཁས་པ་དེའི་དོན་ལའོ། །ངེས་འབྱུང་ཀུན་གྱི་ལམ་ལ་གནས་པ་ནི་མཁས་པས་དོན་ལ་གནས་པའོ། །ངེས་པར་འབྱུང་བ་ཀུན་སྟོན་པ་ནི་དོན་དེ་བཞིན་ལ་རྒྱ་ཆེ་བར་རོ། །རྒྱས་པར་བཤད་པ་ལ་རང་རྒྱལ་ནི། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་པ་རང་རྒྱལ་བ་ནི་དུར་ཁྲོད་ཀྱི་རུས་པ་གང་ནས་བྱུང་ན་ཤི་བ་ལས་བྱུང༌། དེ་སྲེད་པ་ལས། དེ་ལེན་པ་ལས། དེ་སྲིད་པ་ལས། དེ་ཚོར་བ་ལས། དེ་རེག་པ་ལས། དེ་སྐྱེ་མཆེད་དྲུག་ལས། དེ་མིང་དང་གཟུགས་ལས། དེ་རྣམ་པར་ཤེས་པ་ལས། དེ་འདུ་བྱེད་ལས། དེ་མ་རིག་བ་ལས་བྱུང་བར་ཤེས་པས། མ་རིག་པ་འགགས་ནས་རིག་པ་རང་ལ་ཤར་ནས་འདུ་བྱེད་འགགས་ནས་རྒ་ཤིའི་བར་དུ་འགགས་པས། སློབ་དཔོན་མེད་པར་རང་སངས་རྒྱས་པའོ། །དེས་ན་ངག་པ་རྣམ་པ་བཅུ་གཉིས་འཆང་ནི་རྟེན་འབྲེལ་ལུགས་ལས་ལྡོག་པས་ན་དག་པའོ། །ཉན་ཐོས་ནི་བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ནི་སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་སྟེ། དེ་ལྟར་འཕགས་པ་རྣམས་ལ་བདེན་པར་སྣང་བས་ན་བདེན་པའོ། །ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །ཞེས་པ་ཆོས་ཤེས་པ་དང་རྗེས་སུ་ཤེས་པས་ཕྱེ་བས་བཞི་ལ་བརྒྱད་དོ། །བདེན་དོན་


DTG015_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པ་བཅུ་གཉིས་ལྡན། །ཞེས་པ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་གསུམ་གྱིས་ཕྱེ་བས་བཅུ་གཉིས་སོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ། འཇིག་རྟེན་ལ་ཆོས་ཤེས་པ། འཇིག་རྟེན་ལ་རྗེས་སུ་ཤེས་པའི་བཟོད་པ། འཇིག་རྟེན་ལ་རྗེས་སུ་ཤེས་པའོ། །དེ་བཞིན་བདེན་པ་གསུམ་གསུམ་པོ་ལ་ཡང་བརྩིས་པས་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ནི་ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་མོ། །བྱང་ཆུབ་སེམས་དཔའི་ངེས་པར་འབྱུང་བའི་ལམ་ནི། རྣམ་པ་ཉི་ཤུས་བྱང་ཆུབ་པ། །ཞེས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱད་པར་བྱ་བའི་ཆོས་ཕ་རོལ་ཏུ་ཕྱིན་པ་ཅུ་ལ་སྤྱད་ནས། བགྲོད་པར་བྱ་བའི་ལམ་ས་བཅུ་བགྲོད་པས་ན། རྣམ་པ་ཉི་ཤུས་ས་བཅུའི་བྱང་ཆུབ་སེམས་སོ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག་སྦྱར་ཏེ་རྣམ་པར་ནི་སྣང་བ་སྣ་ཚོགས་སོ། །ཀུན་རིག་ནི་ཕྱི་ནང་ཡུལ་མེད་དེ་རང་གི་སེམས་ཀྱི་སྣང་བའོ། །དེས་སངས་རྒྱས་ཀྱི་མཆོག་གྲུབ་པའོ། །དེས་ཆོས་སྐུ་ཐོབ་ནས་གཞན་དོན་དུ་སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ་ཞེས་པས་སྤྲུལ་སྐུའོ། །དེ་ཡང་གཅིག་ཏུ་མ་ངེས་ཏེ། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་པ་ཀུན་ཁྱབ་པའོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །ཞེས་པ་སྐད་ཅིག་མ་སྐྱེ་བ་དང་གནས་པ་དང་འགག་པའི་སྐད་ཅིག་མ་མེད་པར་གཅིག་ཏུ་རྟོགས་པའོ། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག་ནི་སེམས་དང་པོ་མ་སྐྱེས་པར་དུ་མི་གནས་ཐ་མ་མི་འགག་པའི་དོན་ཀུན་རིག་པའོ། །དེ་ལྟར་ཐེག་པ་གསུམ་ཐུན་མོང་ལ་སྦྱར་བ་བསྟན་ནས་གསང་སྔགས་བླ་ན་མེད་པ་ནི། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་པ་ནི་འདིར་རྟེན་འབྲེལ་འགག་ལུགས་ནི། གང་གཡོ་བའི་ཆགས་པ་ཉམས་པ་དེ། མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་སུ་གྱུར་ཏེ། མཆོག་ཏུ་མི་འགྱུར་པའི་ཆགས་པ་ཆེན་པོ་ལ་ཆགས་པས་ཆགས་པ་བྲལ་བ་ཉམས་པ། ཆགས་བྲལ་གྱི་མིང་ནི་ཞེ་སྡང་ངོ༌། །ཞེ་སྡང་ཟད་པས་ཞེ་སྡང་ཆེན་པོར་འགྱུར་ཏེ། ཞེ་སྡང་ཆེན་པོ་སེམས་བརྒྱལ་བའི་མིང་ངོ༌། །དེས་གཏི་མུག་ཉམས་པས་གཏི་མུག་ཟད་པའི་གཏི་མུག་ལས་ཀྱང་གཏི་མུག་ཆེན་པོར་འགྱུར་ཏེ། དེས་ན་ཆགས་པ་ཆེན་པོ་དང༌། ཞེ་སྡང་ཆེན་པོ་དང༌། གཏི་མུག་ཆེན་པོས་ཆགས་པ་དང༌། །ཞེ་སྡང་དང་གཏི་མུག་གི་བདག་ཉིད་ཅན་གྱི་མ་རིག་པ་ཉམས་པའོ། །


DTG015_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་རིག་པ་ཉམས་པས་མ་རིག་པ་ཆེན་པོར་འགྱུར་ཏེ། དེས་མ་རིག་པ་འགག །དེས་འདུ་བྱེད་ལ་སོགས་པ་འགག་པའོ། །དེས་ན་དག་པ་རྣམ་པ་བཅུ་གཉིས་འཆང་བ་ནི་རྟེན་འབྲེལ་བཅུ་གཉིས་འགགས་ནས་ས་བཅུ་གཉིས་ཐོབ་པའོ། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ནམ་བདེན་པ་བཞི་ནི་སྐུ་བཞིའོ། །དེའི་རྣམ་པ་ཅན་ནི་གློ་བུར་གྱི་དྲི་མ་དང་བཅས་པའི་སྐུ་བཞི་སད་པ་ལ་སོགས་པའི་གནས་སྐབས་བཞིའོ། །ཤེས་པ་བརྒྱད་པོ་ནི་གནས་སྐབས་བཞི་སྐུ་བཞིར་ཤེས་པར་བྱེད་དོ། །དབང་བཞི་དང་རྣལ་འབྱོར་བཞིའོ། །རྟོགས་པ་འཆང་བ་ནི་དབང་བཞིས་སྟོན་པ། རྣལ་འབྱོར་བཞིས་ཉམས་སུ་ལེན་པའོ། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་པ་ཁྱིམ་བཅུ་གཉིས་ཀྱི་རླུང་འཕོ་བས་བཅུ་གཉིས་འགགས་ནས། གསུང་རྡོ་རྗེས་སེམས་ཅན་རྣམས་ལ་ཆོས་བསྟན་པའོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་པ་དགའ་བ་དང༌། མཆོག་ཏུ་དགའ་བ་དང༌། དགའ་བྲལ་དང་ལྷན་ཅིག་སྐྱེས་པའི་དབྱེ་བས། སྐུའི་དགའ་བ། གསུང་གི་དགའ་བ། ཐུགས་ཀྱི་དགའ་བ་དང༌། ཡེ་ཤེས་ཀྱི་དགའ་བ་དང༌། དེ་བཞིན་དུ་སྐུའི་ཆོག་དགའ་བ་དང༌། གསུང་གི་མཆོག་དགའ་བ་དང༌། ཐུགས་ཀྱི་མཆོག་དགའ་བ་དང༌། ཡེ་ཤེས་ཀྱི་མཆོག་དགའ་བའོ། །དེ་བཞིན་དུ་སྐུའི་དགའ་བྲལ་དང༌། གསུང་གི་དགའ་བྲལ་དང༌། ཐུགས་ཀྱི་དགའ་བྲལ་དང༌། ཡེ་ཤེས་ཀྱི་དགའ་བྲལ་ལོ། །དེ་བཞིན་དུ་སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེས་ན་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི་རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་སངས་རྒྱས་པ་གསུང་རྡོ་རྗེ་སྟེ། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་པ་སེམས་ཅན་ཀུན་གྱི་སྐད་ཀྱིས་ཆོས་སྟོན་པའོ། །སྒྱུ་འཕྲུལ་དྲ་བ་ལས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྒྱུ་འཕྲུལ་དྲ་བ་སྟེ། དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་མཐའ་ཡས་པའི་སྒྱུ་འཕྲུལ་དྲ་བ་སྤྲུལ་པའི་སྐུ་ཞེས་བྱའོ། །དེས་ན། རྣམ་པ་སངས་རྒྱས་ཀུན་རིག་མཆོག །ཅེས་པ་རྣམ་པ་ཐམས་ཅད་སྒྱུ་འཕྲུལ་དྲ་བར་གོ་བའོ། །དེས་ན། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་


DTG015_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ། ཞེས་བྱའོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །ཞེས་པ་ཕུང་པོ་ལྔ་ཡེ་ཤེས་ལྔར་བྱ་བ་རྫོགས་པའི་སྐད་ཅིག་ལ་དགའ་བས་ན། རྣམ་པ་ལྔ་པས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཐུགས་རྡོ་རྗེ་སྟེ་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་སོ། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཅེས་པ་སྐད་ཅིག་མ་གཅིག་ལ་སངས་རྒྱས་པ་ནི་ཡེ་ཤེས་རྡོ་རྗེ་སྟེ་དོན་ཐམས་ཅད་ཐོབ་པའོ། །དེ་ལྟར་གྱས་པར་བཤད་ནས་མཇུག་བསྡུ་བ་ནི། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །ཞེ་པ་ཐུན་མོང་པའི་ཐེག་པ་ཀུན་དང་ཁྱད་པར་གསང་སྔགས་རྡོ་རྗེའི་ཐེག་པའོ། །དེས་ན། འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་དགོས་པ་བློའི་བྱེ་བྲག་གིས་སོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཞེས་པ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པའོ། །ཐེག་པ་གཅིག་གི་འབྲས་བུ་གནས། །ཞེས་པ་དབྱེར་མི་ཕྱེད་པ་གསང་སྔགས་རྡོ་རྗེའི་ཐེག་པར་གསུམ་པོ་ཡང་འདུས་པའོ། །ད་ནི་དག་བྱ་གཉེན་པོ་བརྗོད་པར་བྱ་སྟེ། དེ་ནས་དག་བྱ་ལ། ཉོན་མོངས་ཁམས་རྣམས་དག་བའི་བདག །ཅེས་པ་མིག་གི་ཁམས་དང་གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་བཅོ་བརྒྱད་དོ། །དག་བའི་བདག་ནི་ཡེ་ཤེས་ཀྱིས་སོ། །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཞེས་པ་འཁོར་བར་སྐྱེ་བའི་ལས་ཀྱི་ལམ་མོ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །ཞེས་པ་སྐྱེ་རྒ་ན་འཆི་ལ་སོགས་པའོ། །སྦྱོར་བའི་དགོན་པ་ལས་བྱུང་བ་ནི་རྣལ་འབྱོར་བཞི་བསྒོམས་པས་འཁོར་བ་ལས་ཐར་བའོ། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས་ནི་ཉོན་མོངས་པ་ནི་དྲུག་རྩ་བའོ། །ཉེ་བ་ཀུན་ཉོན་མོངས་ནི་ཉི་ཤུ་ཉེ་བའི་ཉོན་མོངས་པའོ། །བག་ཆགས་ནི་སྔར་གྱི་རྙིང་པ། བཅས་པ་ནི་གསར་འཇོག་པའོ། །གཏན་སྤངས་པ་ནི་སངས་རྒྱས་པའོ། །དེ་སྤང་བའི་གཉེན་པོ་ནི་སྙིང་རྗེ་ཆེན་པོ་ནི་དམིགས་པ་མེད་པའོ། །ཤེས་རབ་ནི་ཇི་ལྟ་བ་ཤེས་པའོ། །ཐབས་ནི་གཉིས་སོ། །དོན་ཡོད་འགྲོ་བའི་དོན་བྱེད་པ་ནི་སྙིང་རྗེ་ཆེ་དང་བཤེས་རབ་པོ། །འདུ་ཤེས་ཀུན་ནི་བདག་གཞན་དུ་འཛིན་པའོ། །སྤངས་པ་ནི་དེ་སྤངས་པའོ། །རྣམ་ཤེས་ནི་ཚོག་དྲུག་གོ །འགག་པར་བྱེད་པ་ནི་མིར་ཏོག་པས་སོ། །སེམས་ཅན་ཀུན་གྱི་ཡུལ་དང་ལྡན་ནི་སེམས་རང་བཞིན་གྱིས་དག་བའོ། །སེམས་ཅན་ཀུན་གྱི་ཐུགས་རིག་པ་ནི་སེམས་


DTG015_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་བཞིན་གྱིས་དག་པ་ལས། གནས་པ་དང་སངས་རྒྱས་ཀུན་གྱི་ཐུགས་དང་དེའིའོ། །དེ་སེམས་ཅན་གྱི་ཡིད་ལ་གནས་པ་ཡང་དེའོ། །དེ་དག་སེམས་དང་མཐུན་པར་འཇུག །ཅེས་པ་སྟོང་པ་ཉིད་དུ་འཇུག་པའོ། །སྟོང་པ་དེས་སེམས་ཅན་ཀུན་ཡིད་ཚིམ་པར་བྱེད་པའོ། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །ཞེས་པ་ཟག་མེད་ཀྱི་བདེ་བ་ལ་ཆགས་པའོ། །གྲུབ་པ་མཐར་ཕྱིན་བ་ནི་མི་འགྱུར་པའི་ཡེ་ཤེས་སོ། །དེས་ན་དེ་ལ་འཁྲུལ་པ་མེད་པའོ། །ནོར་པ་ཐམས་ཅད་རྣམ་པར་སྤངས་པ་ནི་དངོས་པོར་འཛིན་པ་དང་དངོས་མེད་དུ་འཛིན་པའོ། །དོན་གསུམ་ནི་བདག་གི་དང་གཞན་གྱི་དང་གཉིས་ཀའི་དོན་ཏོ། །ཐེ་ཚོམ་མེད་པའི་བློ་ནི་དོན་བྱ་བར་བསམ་པའོ། །ཀུན་དོན་ནི་བདག་དང་གཞན་ནོ། །ཡོན་ཏན་གསུམ་གྱི་བདག་ནི་བདག་དོན་ཆོས་སྐུ། གཞན་དོན་སྤྲུལ་སྐུ། བྱང་ཆུབ་སེམས་དཔའི་དོན་དུ་ལོངས་སྐུའོ། །ད་ནི་ཡེ་ཤེས་ཀྱི་སྐུ་བརྗོད་པར་བྱ་སྟེ། ཕུང་པོ་ལྔ་དོན་ནི་གཟུགས་ལ་སོགས་པའོ། །དོན་ནི་རང་བཞིན་གྱིས་རྣམ་པར་དག་པའོ། །དུས་གསུམ་ནི་རྒྱུ་དང་ལམ་དང་འབྲས་བུའོ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད་ནི་རྒྱུའི་སྐད་ཅིག་དང། ལམ་དང་འབྲས་བུའི་སྐད་ཅིག་གི་དབྱེ་བ་ཤེས་པའོ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ནི་རྒྱུ་འབྲས་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་གཅིག་པས། སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའོ། །སངས་རྒྱས་ཀུན་གྱི་རང་བཞིན་འཆང༌། །ཞེས་པ་ནི་ཡེ་ཤེས་ཀྱི་སྐུའོ། །ལུས་མེད་པ་ནི་རྡུལ་ཕྲ་རབ་འདུས་པའི་ལུས་མེད་པའོ། །ལུས་དེ་ལུས་ཀྱི་མཆོག་ནི་ཡེ་ཤེས་ཀྱི་ལུས་སོ། །ལུས་ཀྱི་མཐའ་ནི་རྟོགས་པ་པོ་ནི་མཐར་ཐུག་པའི་སྐུའོ། །གཟུགས་རྣམས་སྣ་ཚོགས་ཀུན་དུ་སྟོན་ནི་དེ་ལས་གཟུགས་སྐུ་གཞན་དོན་དུ་ཤར་བའོ། །ནོར་བུ་ཆེན་པོ་རིན་ཆེན་ཏོག་ནི་དཔེར་ན་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་དགོས་འདོད་འབྱུང་པ་ལྟར་ཆོས་སྐུ་འམ་ཡེ་ཤེས་སྐུ་ལས་གཟུགས་སྐུས་དོན་བྱེད་པའོ། །དེ་ལྟར་ལེའུ་དགུ་བའི་བཤད་པའོ།། །།

ལེའུ་བཅུ་པ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བརྗོད་པ།


DTG010_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བརྗོད་པར་བྱ་སྟེ། དང་པོར་དབྱིབས་ཀྱི་རྣལ་འབྱོར་ལ། །རང་རྐྱང་པར་བསྒོམ་ན་སྲུང་བའི་འཁོར་ལོ་ནས་དབང་བསྐུར་བ་ཡན་ཆད་རྫོགས་པར་བསྒོམ་མོ། །རིམ་གྱིས་པར་


DTG015_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྒོམ་ན་གཙོ་བོ་འཕོ་བ་སྟེ། དོན་ཡོད་གྲུབ་པ་ཡབ་ཡུམ་དབུས་ཀྱི་ལེ་ཚེ་ལ་ཞལ་སྦྱོར་དུ་བཞུགས་པའོ། །མི་བསྐྱོད་པ་ཡབ་ཡུམ་ཤར་དང་མེ་མཚམས་ལ་རིན་ཆེན་འབྱུང་ལྡན་ཡབ་ཡུམ། ལྷོ་དང་བདེན་བྲལ་ལ་དང་པོ་བཞིན་ནོ། །དོན་ཡོད་གྲུབ་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་ཡེ་ཤེས་ཀྱི་སྐུ་ཞེས་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་གཡོན་སྣ་ཚོགས་རྡོ་རྗེ་འཛིན་པ། དེའི་ཐུགས་ཀ་ན་འཁོར་ལོ་རྩིབས་བརྒྱད་པ་ལ་ཨོཾ་ཛྙཱ་ན་ཀཱ་ཡ་ཏེ་ནམཿཞེས་པའོ། །དེའི་ལྟེ་བ་ལ་ཨ་ནག་པོ་གནས་པར་བསམ་མོ། །ཤར་ཕྱོགས་པའི་ལྷ་ཐམས་ཅད་ཀྱང་མི་བསྐྱོད་པ་བཞིན་སྐུ་མདོག་དང་ཕྱག་མཚན་གྱུར་པར་བསམ་མོ། །ཐོབ་བྱ་ལ་དམིགས་པ་དང་ལམ་བགྲོད་བྱའི་རིམ་པ་དང་འབྲས་བུ་འཆར་ཚུལ་ལོ། ཐོབ་བྱའི་འབྲས་བུ་ནི། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཅེས་པས་སངས་རྒྱས་ནི་དུས་གསུམ་གྱི་སངས་རྒྱས་སོ། །རྟོགས་པར་བྱ་བ་ནི་སྐུ་བཞིའོ། །སངས་རྒྱས་བྱང་ཆུབ་ནི་དེ་ཡང་ཆོས་ཀྱི་སྐུའོ། །བླ་ན་མེད་པ་ནི་ལྷན་ཅིག་སྐྱེས་པའི་སྐུའོ། །ལམ་བགྲོད་བྱའི་རིམ་པ་མདོར་བསྟན་པ་ནི། རྩ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཆོས་ཀྱི་སྦྱིན་བདག་ནི་ལམ་རིམ་གྱིས་སྟོན་པའོ། །ཕྱག་རྒྱ་བཞིའི་དོན་སྟོན་པ་ནི། དམ་ཚིག་གི་ཕྱག་རྒྱ་དང༌། །ལས་ཀྱི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོའོ། །འགྲོ་བ་ནི་ལམ་ལ་བརྟེན་ནས་བྱང་ཆུབ་ཏུའོ། །བསྙེན་བཀུར་གནས་ཀྱི་མཆོག་ནི་ལམ་འདི་ལ་བསྙེན་པ་དང༌། ཉེ་བསྙེན་དང༌། བསྟོད་པ་དང༌། བཀུར་བར་བྱའོ། །ངེས་འབྱུང་གསུམ་ནི་ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའོ། །འགྲོད་པ་རྣམས་ཀྱིས་འདི་ལ་གནས་པས་ཐེག་པ་གསུམ་དང་ལུས་སོ། །རྒྱས་པ་ལམ་བརྟེན་རྒྱས་པ་ནི། །གསང་སྔགས་ནི་གསང་བའི་དོན་དམ་པ་རྟོགས་པར་དཀའ་བས་གསང་བའོ། །སྔགས་ནི་ཤེས་སྐྱོབ་ཅེས་བྱ་སྟེ། །དོན་དེ་རྟོགས་པས་འཁོར་བ་ལས་སྐྱོབ་པའོ། །ཡི་གེ་མེད་ནི་དོན་དམ་པ་ལས་ཨཱ་ལི་དང་ཀཱ་ལིའི་ཡི་གེ་མེད་པའོ། །གསང་སྔགས་ཆེན་པོ་རིགས་གསུམ་པ་ནི་ཕའི་རིགས་གསུམ་དང༌། མའི་རིགས་གསུམ་ཀུན་རྫོབ་ཏུ་འབྱུང་བའོ། །གསང་སྔགས་དོན་ཀུན་སྐྱེད་པ་པོ་ནི་འཁོར་འདས་ཀྱི་ཆོས་རྣམས་རྟེན་འབྲེལ་གྱི་ཚུལ་དུ་བསྐྱེད་པའོ། །ཐིག་ལེ་ཆེན་པོ་ནི་ཆོས་ཀྱི་དབྱིངས་ཡིན་པས་ཡི་གེ་མེད་པའོ། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་པས་ཡེ་ཤེས་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོ་དང༌། ཡེ་ཤེས་ཀྱི་ཁམས་དང༌། ནམ་མཁའི་ཁམས་དང༌།


DTG015_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིད་དང་སྣང་བ་དང་སྒྲ་དང་ཆོས་ཀྱི་ཁམས་དང༌། དབང་པོ་མཆོག་དང་ལྷ་གང་དང་ཆུ་འཛག་པ་དང་ཁུ་བ་འཛག་པ་འདི་རྣམས་སྒྲིབ་པ་དང༌། ཉིད་ནི་རོ་མཉམ་པའི་སེམས་དེ་ཉིད་གཅིག་ཏུ་གྱུར་པ་ནི་སྟོང་བ་ཞེས་བརྗོད་དེ་དངོས་པོ་ཐམས་ཅད་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་རྣལ་འབྱོར་པས། རང་གི་རིག་པའི་ཕྱིར་དེ་བཞིན་དུ་གཞོམ་དུ་མེད་པར་རྒྱལ་བས་གསུངས་ཏེ། འདིར་གཞོམ་དུ་མེད་པའི་མིང་གི་མཚན་མ་ནི་གཡས་དང་གཡོན་དང་སྔོན་དང་ཕྱི་མའི་དབུས་སུ་ནི་གྲི་གུག་གི་རྣམ་པ་མིང་ཙམ་བརྗོད་དུ་མེད་པའི་དང་པོའི་ཡི་གེ་སྟོང་པ་ཆེན་པོ་ཞེས་བྱའོ། །ཚོར་བའི་ཕུང་པོ་དང༌། མེའི་ཁམས་དང༌། མིག་དང༌། རོ་དང་ལག་པ་དང༌། འགྲོ་བ་སྟེ། འདི་རྣམས་སྒྲིབ་པ་མེད་པ་རོ་མཉམ་པ་ཉིད་དུ་གཅིག་ཏུ་གྱུར་པ་ཉིད་ཡེ་ཤེས་གསུམ་པ་མི་འགྱུར་པའི་སྟོང་པ་ཆེན་པོ་ཞེས་བྱ་སྟེ། འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་ལྷོ་ཕྱོགས་སུ་བརྗོད་དུ་མེད་པའི་ཐིག་ལེ་གཉིས་ཞེས་བྱའོ། །འདུ་ཤེས་ཀྱི་ཕུང་པོ་དང༌། ཆུའི་ཁམས་དང་ལྕེ་དང༌། གཟུགས་དང༌། རྐང་པ་དང༌། ལེན་པ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཉིད་རོ་མཉམ་ཞིང་གཅིག་ཏུ་གྱུར་པ་ནི་ཐིག་ལེ་ཞེས་བྱ་སྟེ། བཞི་པའི་ཡི་གེ་ཆེན་པོ་སྟོང་པ་ཞེས་བྱའོ། །འདིའི་མིང་གི་མཚན་མ་ནི་དབུས་ཀྱི་མཚན་མའི་གཡོན་ན་བརྗོད་དུ་མེད་པའི་ཐིག་ལེ་གཅིག་ཅེས་བྱའོ། །འདུ་བྱེད་ཀྱི་ཕུང་པོ་དང༌། རླུང་གི་ཁམས་དང༌། སྣ་དང༌། རེག་བྱ་དང༌། ངག་གི་དབང་པོ་དང༌། བཤང་པ་འཛག་པ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཉིད་ནི་རོ་མཉམ་ཞིང་གཅིག་ཏུ་གྱུར་པ་ཉིད་ནི་མཆོག་ཅེས་བྱ་སྟེ། གཉིས་པའི་ཡི་གེ་ཆེན་པོ་སྟོང་པ་ཞེས་བྱའོ། །འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་མཚན་མའི་མདུན་དུ་དབྱུག་བའི་རྣམ་པ་མིང་ཙམ་བརྗོད་དུ་མེད་པ་ཞེས་བྱའོ། །གཟུགས་ཀྱི་ཕུང་པོ་དང༌། སའི་ཁམས་དང༌། ལུས་ཀྱི་དབང་པོ་དང༌། དྲི་དང༌། བཤང་ཁུང་དང༌། སྨྲ་བ་སྟེ། འདི་རྣམས་སྒྲིབ་པ་ཉིད་རོ་མཉམ་ཞིང་གཅིག་ཏུ་གྱུར་པ་ནི་མཆོག་ཅེས་བྱ་བའི་ཡི་གེ་ལྔ་པ་སྟོང་པ་ཆེན་པོ་སྟེ། འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་ནུབ་ཕྱོགས་ན་ཧ་ལའི་རྣམ་པ་བརྗོད་དུ་མེད་པ་ཞེས་བྱའོ། །དེ་ལྟར་གསུངས་པའི་རིམ་པ་ལྔ་པོ་རྣམས་གཅིག་ཏུ་གྱུར་པས། སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་བཾ་གྱི་ཡི་གེ་སྟེ། རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཞེས་བརྗོད་པར་བྱའོ། །འདི་ལ་ཡི་གེ་ལྔ་པོ་རྣམས་ཀྱི་ཡི་གེ་དབྱངས་ཀྱི་མིང་གིས་བརྗོད་དུ་མེད་པའོ། །འདི་ལྟ་སྟེ། དབུས་སུ་ཨ་ཡིག་སྟོང་པ་གྲི་གུག་གི་རྣམ་པའོ། །ལྷོ་


DTG015_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱོགས་ན་རྀའི་ཡི་གེ་སྟོང་པའི་ཐིག་ལེ་གཉིས་སོ། །གཡོན་དུ་ཨུའི་ཡི་གེ་སྟོང་པའི་ཡི་གེ་གཅིག་གོ །ཤར་ཕྱོགས་སུ་ཨཱི་ཡི་གེ་སྟོང་པར་དབྱུག་པའི་རྣམ་པའོ། །ནུབ་ཕྱོགས་སུ་ལྀའི་ཡི་གེ་ཧ་ལ་ཞེས་པ་ཐོང་གཤོལ་གྱི་རྣམ་པའོ། །དེ་ལྟར་ན་འདི་རྣམས་ཐུད་དུ་དང་རིང་པོ་དང༌། ཡོན་ཏན་དང༌། འཕེལ་བ་དང༌། ཡའི་རྐྱེན་འགྱུར་ཤེས་པར་བྱའོ། །དེ་ལྟར་བཾ་གྱི་ཡི་གེ་ལྔ་པོ་སྟོང་པ་ཆེན་པོ་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་དང༌། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་བྲ་ཕབ་པའི་ཚུལ་དང་འདྲ་བར་རྣལ་འབྱོར་པས་རྟོགས་པར་བྱའོ། །འདིར་ཡེ་ཤེས་དང་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པའི་དབྱངས་རྣམས་ནི་འདི་ལྟ་སྟེ། ཡེ་ཤེས་ཀྱི་ཕུང་པོ་ཨཾ། རྣམ་པར་ཤེས་པའི་ཕུང་པོ་ནི་ཨཱ། ཡེ་ཤེས་ཀྱི་ཁམས་ནི་ཨཿ། ནམ་མཁའི་ཁམས་ནི་ཨ། ཡིད་ཀྱི་དབང་པོ་ནི་ཨཾ། རྣ་བའི་དབང་པོ་ནི་ཨཿ། སྒྲ་ནི་ཨ། ཆོས་ཀྱི་ཁམས་ནི་ཨ། དབང་པོ་མཆོག་ནི་ཧཾ། བྷ་ག་ནི་ཧ། ཆུ་འཛག་པ་ནི་ཧཱ། ཁུ་བ་འཛག་པ་ནི་ཧཱ། དེ་ལྟ་བུའི་དབུས་ཀྱི་གཞོམ་དུ་མེད་པའི་སྒྲིབ་པ་མེད་པའི་གྲི་གུག་གི་རྣམ་པ་དེ་མིང་དང་མཚན་མར་ཁོང་དུ་ཆུད་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོ་ནི་ཨི། རླུང་གི་ཁམས་ནི་པའི། སྣའི་ཁམས་ནི་ཨེ། རེག་བྱ་ནི་ཨཻ། ངག་གི་དབང་པོ་ནི་ཨ། བཤད་བ་འཛག་པ་ནི་ཨཱ། དེ་དེ་ལྟ་བུའི་ཤར་ཕྱོགས་སུ་སྒྲིབ་པ་མེད་པ་དབྱུག་པའི་རྣམ་པ་སྟེ། མིང་དང་མཚན་མར་ཁོང་དུ་ཆུད་པར་བྱའོ། །ཚོར་བའི་ཕུང་པོ་ནི་རྀ། མེའི་དབང་པོ་ནི་རཱྀ། མིག་གི་དབང་པོར་ནི་ཨར། རོ་ནི་ཨཱ་ར། ལག་པའི་དབང་པོ་ནི་ར། འགྲོ་བ་ནི་རཱ། དེའི་ལྷོ་ཕྱོགས་སུ་དེ་ལྟ་བུའི་སྒྲིབ་པ་མེད་པའི་ཐིག་ལེ་གཉིས་ཀྱི་མིང་དང་མཚན་མར་ཁོང་དུ་ཆུད་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོ་ནི་ཨུ། ཆུའི་ཁམས་ནི་ཨཱུ། ལྕེའི་དབང་པོ་ནི་ཨོ། གཟུགས་ཀྱི་ཡུལ་ནི་ཨཽ། །རྐང་པའི་དབང་པོ་ནི་ཝ། ལེན་པ་ནི་ཝཱ། དེ་ལྟ་བུའི་སྒྲིབ་པ་མེད་པའི་དབུས་མའི་མཚན་མའི་བྱང་ཕྱོགས་སུ་ཐིག་ལེ་མིང་དང་མཚན་མ་ཁོང་དུ་ཆུད་པར་བྱའོ། །གཟུགས་ཀྱི་ཕུང་པོ་ནི་ལྀ། སའི་ཁམས་ནི་ལཱྀ། ལུས་ཀྱི་དབང་པོ་ནི་ཨ་ལ། དྲིའི་ཡུལ་ནི་ཨཱ་ལ། བཤད་པའི་དབང་པོ་ནི་ལ། སྨྲ་བ་ནི་ལཱ། ནུབ་ཕྱོགས་སུ་དེ་ལྟ་བུའི་སྒྲིབ་པ་མེད་པའི་ཧ་ལའི་རྣམ་པ་སྟེ། མིང་དང་མཚན་མ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཐ་དད་པའི་དབྱངས་དང༌། ཡོན་ཏན་དང༌། འཕོ་བ་དང༌། ཡའི་རྐྱེན་གྱི་རྣམ་པ་འགྱུར་ཏེ། གང་ཕུང་པོ་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཐ་དད་པར་འགྱུར་ཏེ། ཕུང་པོའི་


DTG015_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་དེར་རོ་དྲུག་གཟུང་སྟེ། སྐུར་བ་དང༌། ཁ་བ་དང༌། བསྐ་བ་དང༌། ཚ་བ་དང༌། མངར་བ་དང༌། ལན་ཚྭ་ཞེས་བྱ་བ་སྟེ། ཨཾ་ཨ་ཨི་རྀ་ཨུ་ལྀ་ཞེས་བྱ་བ་སྟེ་རོ་དྲུག་གོ །ལྷག་མ་བརྗོད་པའི་རིམ་པ་ནི། དེ་ལྟར་ན་སྟོང་པ་ཆེན་པོ་ཡི་གེ་ལྔའོ། སུམ་ཅུ་རྩ་དྲུག་གི་བདག་ཉིད་ནི་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་སོ། །དེ་ཡང་འཆང་ཞེས་པ་ནི་རྡོ་རྗེ་འཆང་ངོ༌། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་ཨེ་ཡིག་ཆོས་ཀྱི་འབྱུང་གནས་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དེ་འདི་ལྟར་རྣམ་པར་ཤེས་པའི་ཕུང་པོ་དང༌། ནམ་མཁའི་ཁམས་དང༌། རྣ་བ་དང༌། ཆོས་ཀྱི་ཁམས་དང༌། བྷ་ག་དང༌། ཁུ་བ་འཛག་པ་ཞེས་བྱ་སྟེ། འདི་རྣམས་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་སྟོང་པ་དབུས་མ་གཞོམ་དུ་མེད་པའོ། །དེའི་སྟེང་དུ་འདིའི་མིང་གི་མཚན་མ་ནི། ཀའི་སྡེ་ཚན་གྱི་བདག་ཉིད་ཀའི་ཡི་གེའི་གསལ་བྱེད་བརྗོད་དུ་མེད་པའི་ཐིག་ལེ་སྟོང་པ་ཉིད་དང་པོ་ཞེས་བྱའོ། །འདུ་བྱེད་ཀྱི་ཕུང་པོ་དང༌། རླུང་གི་ཁམས་དང༌། སྣ་དང༌། རིག་བྱ་དང༌། ངག་དང༌། བཤང་བ་དང། འཛག་པ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཐམས་ཅད་ཀྱི་རྣམ་པ་སྟོང་པ་ཉིད་ཀྱིས་མཚན་མའི་ཤར་དུ་འདིའི་མིང་གི་མཚན་མ་ནི་ཚའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་བརྗོད་དུ་མེད་པའི་གསུམ་པ་ཐིག་ལེ་སྟོང་པ་ཞེས་བྱའོ། །འདུ་ཤེས་ཀྱི་ཕུང་པོ་དང༌། ཆུའི་ཁམས་དང༌། ལྕེ་དང༌། གཟུགས་དང༌། རྐང་པའི་དབང་པོ་དང༌། ལེན་པ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཐམས་ཅད་ཀྱི་རྣམ་པ་སྟོང་པ་ཉིད་དང་བྱང་ཕྱོགས་ཀྱི་མཚན་མའི་ནང་དུ་འདིའི་མིང་གི་མཚན་མ་པའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་བརྗོད་དུ་མེད་པ་བཞི་པའི་ཐིག་ལེ་སྟོང་པ་ཞེས་བྱའོ། །གཟུགས་ཀྱི་ཕུང་པོ་དང༌། སའི་ཁམས་དང༌། ལུས་ཀྱི་དབང་པོ་དང། དྲི་དང༌། བཤང་ལམ་དང༌། བརྗོད་པ་སྟེ། འདི་རྣམས་སྒྲིབ་པ་ཐམས་ཅད་རྣམ་པ་སྟོང་པ་ཉིད་ཀྱི་མཚན་མའི་ནུབ་ན་འདིའི་མིང་གི་མཚན་མ་ཏའི་སྡེ་ཚན་གྱི་བདག་ཉིད་དེའི་སྡེ་ཚན་གྱི་གསལ་བྱེད། བརྗོད་དུ་མེད་པ་ལྔ་པའི་ཐིག་ལེ་སྟོང་བ་ཞེས་བྱའོ། །ཡེ་ཤེས་ཀྱི་ཕུང་པོ་དང༌། ཡེ་ཤེས་ཀྱི་ཁམས་དང༌། ཡིད་དང༌། སྒྲ་དང༌། དབང་པོ་ཆུ་འཇག་པ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཐམས་ཅད་ཀྱི་རྣམ་པ་སྟོང་པ་ཉིད་ཀྱི་དབུས་མ་གཞོམ་དུ་མེད་པའི་མཚན་པའི་འོག་ནས་འདི་རྣམས་ཀྱི་མིང་གི་མཚན་མ་ནི་སའི་སྡེ་ཚན་གྱི་བདག་ཉིད་སའི་སྡེ་ཚན་གྱི་གསལ་བྱེད་བརྗོད་དུ་མེད་པའི་དྲུག་བ་ཐིག་ལེ་སྟོང་པ་ཞེས་བྱའོ། །དེ་ལྟར་ན་ཐིག་ལེ་སྟོང་པ་ཡི་


DTG015_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གེ་དྲུག་གོ །ཆོས་ཀྱི་འབྱུང་གནས་ནི་རྡོ་རྗེ་འཆང་སྟེ། ཨེ་ཡིག་ཅེས་བྱ་བ་སྟོང་པ་ཉིད་དམིགས་པ་དང་བཅས་པ་པྲ་ཕབ་པའི་རན་བཞིན་ཞེས་བྱའོ། །འདིར་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི། དབྱངས་ཡིག་གི་ཚོགས་ཏེ་ཁུ་བ་དང་ཟླ་བ་ཞེས་བྱའོ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་གསལ་བྱེད་ལུས་ལ་སྟེ། ཁྲག་དང་ཉི་མ་ཞེས་བྱའོ། །འདིར་ཁུ་བ་དང་ཟླ་བ་ནི་ཝཾ་སྟེ་རྡོ་རྗེའོ། །ཁྲག་དང་ཉི་མའི་ནི་ཨེ་ཡིག་སྟེ་པདྨའོ། །རྡོ་རྗེ་པདྨ་འདི་དག་གི་ངག་གཅིག་བ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །རྡོ་རྗེ་ནི་མཆོག་ཏུ་མི་འགྱུར་པའི་བདེ་བའི་ཡེ་ཤེས་ཁྲུ་བ་སྟེ། རྡོ་རྗེ་སེམས་དཔའ་ནི་ཐམས་ཅད་ཀྱི་རྣམ་པར་ཤེས་རབ་ཀྱི་གཟུགས་བརྙན་ཞེས་བྱ་སྟེ་ཉི་མའོ། །ཡེ་ཤེས་དང་རྣམ་པར་ཤེས་པར་བྱིན་གྱིས་བརླབས་པའི་སྒྲིབ་པ་མེད་པ་ཉིད་གཅིག་ཏུ་གྱུར་པ་ནི་དེ་ཁོ་ན་ཉིད་འགྲོ་བའི་དོན་བྱེད་པ་ཡིན་ནོ། །དེ་ལྟར་ན་སྐུ་གསུང་ཐུགས་ཡེ་ཤེས་རྣམས་གཅིག་ཏུ་གྱུར་པ་ནི་དེ་ཁོ་ན་ཉིད་འགྲོ་བའི་དོན་བྱེད་པ་ཡིན་ནོ། །དེ་ལྟར་སྐུ་གསུང་ཐུགས་ཡེ་ཤེས་རྣམས་གཅིག་ཏུ་སྦྱོར་བ་ཞེས་བཞི་པའི་རྒྱུར་གྱུར་པ་སྡེ། ཡེ་ཤེས་ནི་ནུབ་ཕྱོགས་ཀྱི་ཞལ་སེར་པོ། རྣམ་པར་ཤེས་པ་ནི་ཤར་ཕྱོགས་ཀྱི་ཞལ་ནག་པོ། ཟླ་བ་ནི་བྱང་ཕྱོགས་ཀྱི་ཞལ་དཀར་པོ། ཉི་མ་ནི་ལྷོ་ཕྱོགས་ཀྱི་ཞལ་དམར་པོ། དེས་ན་རྣམ་པ་ཀུན་ལྡན་ཁམས་དང་ཕུང་པོ་དྲུག་དྲུག་སུམ་ཅུ་རྩ་དྲུག་གི་རྣམ་པ་དང་ལྡན་པའོ། །རྣམ་པ་མེད་ནི་དེ་རྣམས་ཀྱི་སྒྲིབ་པ་དང་བྲལ་བའི་ཝཾ་གྱི་ངོ་བོ་ལ་གནས་པའོ། །དེ་ལྟར་རྟེན་བཤད་ནས་ཕྱག་རྒྱ་བཞི་རྒྱས་པར་བཤད་པ་ལ། དམ་ཚིག་གི་ཕྱག་རྒྱ་དབྱིབས་ཀྱི་རྣལ་འབྱོར་ནི། ཨེ་ནི་གཞལ་ཡས་ཁང་རྡོ་རྗེ་གུར་གདན་དང་བཅས་པའོ། །ཝཾ་ནི་བརྟེན་པ་ལྷ་སྒྱུ་འཕྲུལ་དྲ་བ་གསུམ་གང་རུང་གཅིག་གོ །དེ་ལ་དང་པོ་ཚོགས་བསགས་པ་སྔོན་དུ་འགྲོ་བ་ནི་སྲུང་བའི་འཁོར་ལོ་དང་བདུན་རྣམ་དག་སྔོན་དུ་འགྲོ་བས། བྱམས་པའི་གོ་ཆ་ཆས་པ་སྟེ། །ཞེས་པར་སྦྱར་ལ། བྱམས་པའི་སེམས་སེམས་ཅན་ལ་བྱེད་པའི་གོ་ཆའོ། །སྙིང་རྗེ་སེམས་ཅན་ལ་ཕན་འདོག་པའི་བསམ་པ་ནི། ཡ་ལང་བགོས་ཞེས་སྙིང་རྗེའི་ཁྲབ་བོ། །དེས་མཚོན་པའི་དགའ་བ་དང་བཏང་སྙོམས་བསྒོམས་པའོ། །དེས་ན་སྟོང་པར་བསྒོམས་ནས་མངོན་པར་བྱང་ཆུབ་པ་ལྔ་ལ། གཙོ་བོ་ཡབ་ཡུམ་ནི་ལྷའི་དབང་པོ་ཞེས་པར་སྦྱར། ལྷའི་དབང་པོ་ནི་དབུས་ཀྱི་གཙོ་བོ་གང་གིས་བྱས་པའོ། །ལྷའི་ལྷ་ནི་ཕྱོགས་བཞི་རྣམས་ཀྱི་


DTG015_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་གཙོ་བོར་གྱུར་པས་ལྷ་རྣམས་ཀྱི་ཡང་ལྷའོ། །ལྷའི་བདག་བོ་ནི་འཁོར་རྣམས་ཀྱི་ལྷའི་བདག་པོ་ཤར་ལ་སོགས་པའི་གཙོ་བོ་ལ་བསྐོར་བའི་རིགས་བཞིའོ། །ལྷ་མིན་བདག་ནི་ལྷ་ཡབ་མིན་པས་སོ། །ལྷ་མིན་ཏེ་ཡུམ་བཞི་མཚམས་བཞིན་གནས་པའོ། །འཆི་མེད་དབང་པོ་ནི་སེམས་དཔའ་བཅུ་དྲུག་གོ །ལྷའི་ལྷ་ནི་ལྷ་མོ་བརྒྱད་དོ། །འཇོམས་བྱེད་ནི་སེམས་ཅན་ལ་འཚེ་བའི་བདུད་བར་དུ་གཅོད་པའོ། །དེ་འཇོམས་པར་བྱེད་པ་ནི། འཇོམས་བྱེད་དབང་ཕྱུག་ནི་ཁྲོ་བོ་བཅུའོ། །སྲིད་པའི་དགོན་པ་ལས་བརྒལ་བ་ནི་ཕུང་པོ་དང་ཁམས་དབང་པོ་དག་པའི་ལྷ་རྣམ་པར་དག་པའོ། །སྟོན་པ་གཅིག་པུ་ནི་སངས་རྒྱས་སོ། །འགྲོ་བའི་བླ་མ་ནི་ལམ་འདིས་སངས་རྒྱས་ཐོབ་པའོ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ་ནི། བསྐྱེད་རིམ་དེས་འབྲས་བུ་གཟུགས་སྐུ་ཐོབ་པའོ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ་ནི་གཟུགས་སྐུ་དེས་སེམས་ཅན་རྣམས་ལ་ཆོས་སྟོན་པའོ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས་ནི་འདིས་མཚོན་ནས་གོང་གི་ལྷ་རྣམས་ཀྱི་ཕྱོགས་མཚན་མཚོན་པའོ། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ་ནི་ཕྱག་མཚན་གྱི་དགོས་པའོ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །ཞེས་དཔའ་བོ་དེས་འདུལ་བའོ། །བདུད་བཞི་ནི་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་དེ་བཅོམ་པའོ། །བདུད་ཀྱི་དཔུང་ནི་བདུད་ཀྱི་ཕྱོགས་སུ་གཏོགས་པའི་ནག་པོ་རྣམས་སོ། །དེ་སུ་ཡིན་ན་རྫོགས་པའི་སངས་རྒྱས་ཞེས་སྦྱར་རོ། །དེ་ལས་ཀྱི་ཕྱག་རྒྱ་གཞན་ལུས་སྔགས་ཀྱི་རྣལ་འབྱོར་ནི། ཨེ་ནི་ལས་ཀྱི་ཕྱོགས་རྒྱ་མཚན་ལྡན་གྱི་པདྨའོ། །ཝཾ་ནི་ཐབས་ཀྱི་རྡོ་རྗེའོ། །དེ་ཉིད་སྟོང་པར་བཞུགས་པ་ལས། དགའ་བ་དང་མཆོག་དགའ་དང༌། དགའ་བྲལ་དང༌། ལྷན་ཅིག་སྐྱེས་དགའི་བས། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རིམ་པས། རེ་རེ་ལ་ཡང་བཞི་བཞི་འབྱུང་བར་གོང་དུ་བཤད་པས་ན། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་བྱའོ། །ཡན་ལག་མེད་པའི་ཐིག་ལེ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩིས་ནི་འཁོར་ལོ་དྲུག་སྟེ་སྤྱི་བོ་དང་དབྲལ་བ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་གནས་ཀྱི་འཁོར་ལོའི་རྩ་དབུས་མ་ནས་རིམ་གྱིས་འབེབས་པའོ། །བསམ་གཏན་བཞི་པའི་རྩེ་མོ་ཅན་ནི་ལྟེ་བར་འཛག་པའི་བདེ་བ་སྐད་ཅིག་ཙམ་གྱིས་མི་གཡོ་བའོ། །བསམ་གཏན་ཡན་ལག་


DTG015_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་ཤེས་ཤིང༌། །ཞེས་པ་རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བའོ། །ཏིང་འཛིན་རིག་ནི་ཟག་བཅས་ཏེ་མཚོན་བྱེད་དོ། །རྒྱུད་རིག་ནི་མཚོན་བྱ་སྟེ་རང་བཞིན་ལྷན་ཅིག་སྐྱེས་པའོ། །འབྲས་བུ་ནི་འདོད་པའི་ཁམས་ཀྱི་དངོས་གྲུབ་ཐོབ་པའོ། །རྩ་བའི་རྒྱུད་ལས་གསུངས་པ། ལས་ཀྱི་ཕྱག་རྒྱ་ཡངས་སྤངས་ལ་སྐྱེ་བའི་ཞེས་པའོ། །ད་ནི་ཆོས་ཀྱི་ཕྱག་རྒྱ་རན་གླུས་བརྟེན་པ་ལ། ཨེ་ནི་ལྟེ་བའི་གཏུམ་མོའོ། །ཝཾ་ནི་སྤྱི་བོའི་བྱང་ཆུབ་སེམས་སོ། །དེ་ལ་བརྟེན་པའི་འབར་འཛག་བསྒོམ་པས་སྔར་གྱི་དགའ་བ་བཅུ་དྲུག་སྐྱེ་བས་བཅུ་དྲུག་ཕྱེད་ཐིག་ལེ་ཅན་ནོ། །དེ་ལ་བརྟེན་ནས་སླར་འཛག་པའི་བདེ་བ་སྟེ་དེ་ཡང་ཟག་བཅས་སོ། །དངོས་གྲུབ་ནི་གཟུགས་ཀྱི་ཁམས་ཀྱིས་ཐོབ་བོ། །དེ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་རྟགས་དོར་ཞེས་པས་སོ། །ད་ནི། མཆོག་ཏུ་མི་འགྱུར་རྣལ་འབྱོར་པས། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །ཞེས་པས། དེ་བཞིན་ཉིད་ཀྱི་རྣལ་འབྱོར་ནི་ཨེ་ནི་ཆོས་ཀྱི་འབྱུང་གནས་ཏེ་ནམ་མཁའོ། །ཝཾ་ནི་རིག་པའོ། །དེ་ཆོས་ཀྱི་དབྱིངས་སུ་རིག་པ་གཞག་པའོ། །དེ་ལས་དགའ་བ་བཅུ་དྲུག་སྐྱེས་པས་ནི་ལུགས་ལས་བྱུང་བའོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས་པ་ནི། གོང་དང་འདྲའོ། །བསམ་གཏན་བཞི་པའི་རྩེ་མོ་ཅན་ནི་གསང་བའི་གནས་སུ་མི་འགྱུར་བའི་བདེ་བ་སྐྱེས་པའོ། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་ནི་བྱང་ཆུབ་ཀྱི་སེམས་གྱེན་ལ་འགྲོ་བ། ལྟེ་བ་དང༌། སྙིང་ག་གང༌། མགྲིན་པ་དང༌། དྥྲལ་བར་བཞི་པ་དང༌། གཉིད་དང༌། རྨི་ལམ་དང༌། སད་པ་དག་བའི། ཡེ་ཤེས་སྐུ་དང༌། ལོངས་སྐུ་དང༌། སྤྲུལ་པའི་སྐུ་ཐོབ་པས། ཏིང་འཛིན་རིག་དང་རྒྱུད་རིག་པ། །མཐར་ཐུག་པའི་ཏིང་ངེ་འཛིན་རླུང་ཐམས་ཅད་འགགས་པའོ། །དེ་འབྲས་བུའི་འཆར་ཚུལ་ལས་ཏིང་ངེ་འཛིན་ལུས་ཅན་ནི་ཡེ་ཤེས་ཀྱི་སྐུའོ། །ལུས་ཀྱི་མཆོག་ནི་ཆོས་སྐུའོ། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་ནི་ལོངས་སྐུའོ། །སྤྲུལ་པའི་སྐུ་སྟེ་སྐུའི་མཆོག་ནི་སྤྲུལ་སྐུའོ། །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་པ་གོ་ནས་བསྟོད་པ་བརྗོད་པར་བྱ་སྟེ། བདུད་བཞིའི་འཇིགས་པ་སེལ་པར་བྱེད།། བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །


DTG015_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་འཛིན་པའི་འབྲས་བུ་སྟེ། བྱང་ཆུབ་ཀྱི་སེམས་རླུང་གིས་བཟུང་བའི་སྟོབས་ཀྱིས་བདུད་བཞི་དང་དེའི་དཔུང་འཇོམས་པའོ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་ལ་སོགས་སྲོག་རྩོལ་གྱི་འབྲས་བུ་སྟེ། སྲོག་དབུ་མར་ཆུད་པས་རྣལ་འབོར་བ་རང་རྫོགས་པའི་སངས་རྒྱས་སུ་སྣང་བ་དང༌། འཇིག་རྟེན་པ་རྣམས་འདྲེན་པར་སྣང་བའོ། །དེའི་དུས་སུ་ཀུན་གྱིས་མཆོད་པ་དང༌། བསྟོད་པ་དང༌། ཕྱག་བྱེད་པ་དང༌། རྟག་ཏུ་རིམ་གྲོ་བྱ་བ་དང༌། བཀུར་བར་བྱ་བའི་འོས་དང༌། རྗེད་པར་བྱ་བའི་མཆོག་ནི་བསྟོད་པ་རྒྱ་ཆེན་པོ་དང༌། ཕྱག་ནི་གནས་བླ་མའི་ཡང་བླ་མར་སྣང་བའོ། །འཇིག་རྟེན་གསུམ་པོ་གོམས་གཅིག་བགྲོད། །ཅེས་པ་ལ་སོགས་རྗེས་སུ་དྲན་པ་ནི་འབྲས་བུ་སྟེ། པའི་ཆ་མའི་ཆ་རམ་པར་ཤེས་པ་རླུང་རྣམས་དབུས་མར་ཚོགས་པ་ལས་ལུས་ལ་གཏུམ་མོ་འབར་བས་འོད་ཀྱི་འཁོར་ལོས་ལུས་ལ་བསྐོར་ནས་དེ་ནས་ནམ་མཁའ་ལ་འཇིག་རྟེན་གསུམ་པོ་སྣང་བ་ནི་གོམ་གཅིག་བགྲོད་པའོ། །མཁའ་ལྟར་ནི་སྣང་བ་ཐམས་ཅད་ནམ་མཁའ་ལྟར་སྣང་བས་ནི་མཐའ་མེད་པར་གནོན་པའོ། །གསུམ་རིག་ནི་སྲིད་པ་གསུམ་མོ། །གཙང་མ་ནི་རང་གི་སྒྲིབ་པ་སྤངས་པས་གཙང་མ་དང་དག་པའོ། །མངོན་ཤེས་དྲུག་ལྡན་ནི་བསམ་གཏན་གྱི་འབྲས་བུ་ལྷའི་མིག་གིས་གཟུགས་པྲ་རབ་མེད་པ་དང༌། བར་མདོའི་སེམས་ཀྱང་མཐོང༌། །ལྷའི་རྣ་བས་སྒྲ་ཆེ་ཆུང་མེད་པ་དང་ཐག་ཉེ་རིང་མེད་པ་ཐོས། གཞན་གྱི་སེམས་ཤེས་པས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པར་ཤེས་པ་ལ་སོགས་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པས་རིགས་དང་ཡུལ་དང་ཚེ་དང་རྫུ་འཕྲུལ་ཐམས་ཅད་ཤེས་པས་སྟོད་ནས་མེ་འབར་བ་དང༌། སྨད་ནས་ཆུ་འབྲུལ་པ་ལ་སོགས་པའོ། །དེ་ལྔ་ནི་བྱང་ཆུབ་སེམས་དཔའི་ཡིན། ཟག་པ་ཟད་པའི་མངོན་ཤེས་ནི་སངས་རྒྱས་ཁོ་ནའིའོ། །རྗེས་དྲན་དྲུག་ནི། སོ་སོར་སྡུད་པའི་འབྲས་བུ་སྟེ་འགྲོ་དྲུག་རྗེས་སུ་དྲན་པས་ངག་གི་མཆོག་སྟེར་ཏེ། འགྲོ་པ་རྣམས་ལ་ཕན་པའི་སྨོན་ལམ་འདེབས་པས་ཞི་བ་དང་རྒྱས་པ་ལ་སོགས་པ་འགྲུབ་པའོ། །དེས་བྱང་ཆུབ་སེམས་ནི་རང་དོན་ཡིན་ལ། སེམས་དཔའ་ནི་གཞན་དོ་དུའོ། །ད་ནི་ཏིང་ངེ་འཛིན་གྱི་འབྲས་བུ་ལ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས་ནི་རྫུ་འཕྲུལ་ནི་ས་བཅུ་བའོ། །ཆེན་པོ་འཇིག་རྟེན་


DTG015_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདས་ནི་སངས་རྒྱས་ཀྱིའོ། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་ནི་ས་བཅུ་གཅིག་པའོ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ་ནི་ཆོས་སྐུའོ། །བདག་རིག་ནི་ས་བཅུ་པའི་ཡེ་ཤེས་སོ། །གཞན་རིག་ནི་སངས་རྒྱས་ཀྱི་ཡེ་ཤེས་སོ། །ཡང་ན་གཞན་རིག་ནི་སེམས་ཅན་ཐམས་ཅད་ཀྱིའོ། །རིག་པ་དེས་ཀུན་ལ་ཕན་པའི་གང་ཟག་མཆོག་གོ །དཔེར་བྱ་ཀུན་ལ་འདས་པའི་མཆོག་ནི་ཡེ་ཤེས་ཀྱི་སྐུའོ། །ཤེས་དང་ནི་ནམ་ཤེས་སོ། །ཤེས་བྱ་ནི་ཡེ་ཤེས་སོ། །བདག་པོ་མཆོག་ནི་དབྱེར་མི་ཕྱེད་པའོ། །དེ་ནི་ཡེ་ཤེས་ཀྱི་སྐུའོ། །དོན་གྱི་དམ་པ་ནི་འཇམ་དཔལ་ཡེ་ཤེས་དཔའོ། །རྣམ་དག་ནི་སྒྲིབ་པའོ། །དེས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐར་ཐུག་པས་ན་དཔལ་ལོ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེན་པོ་ཡེ་ཤེས་སེམས་དཔའི་སྐུའོ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །བདག་དང་གཞན་དོན་གྲུབ་པས་སོ། །དེ་སུ་ཡིན། །འཇམ་དཔལ་ལོ། །དེས་དཔལ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའོ། །དེ་ལྟར་ལེའུ་བཅུ་པའི་བཤད་པའོ།། །།

ལེའུ་བཅུ་གཅིག་པ། ཡེ་ཤེས་ལྔ་ལས་བསྡུས་ནས་བསྟོད་པ་བརྗོད་པ།


DTG010_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཀྱིལ་འཁོར་དྲུག་ལ་རྒྱས་བསྡུས་གསུམ་རྒྱས་ཕྱེ་བས་དཀྱིལ་འཁོར་བཅོ་བརྒྱད་དོ། །དཔའ་བོ་གཅིག་པ་བཞི་བཅུ་ཞེ་དགུ་དང་ཡེ་ཤེས་སེམས་དཔའ་དྲུག་བསྟན་ཏོ། །གཞན་རྡོ་རྗེ་ཤུགས་ལ་སོགས་ཤུགས་ཀྱིས་གནས་པ་ནི་མ་བསྟན་ཏོ། །ད་ནི་ཡེ་ཤེས་ལྔ་ལས་བསྡུས་ནས་བསྟོད་པ་བརྗོད་པར་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་ཏེ། མཆོག་སྦྱིན་ནི་འབྲས་བུའོ། །རྡོ་རྗེ་མཆོག་ཁྱོད་འདུད་ནི་མི་འགྱུར་པའི་ཡེ་ཤེས་སོ། །ཡང་དག་མཐར་ཐུག་ནི་ལམ་གྱི་མཐར་ཐུག་པའོ། །དེ་ཡང་སྟོང་པ་ཉིད་ལས་བྱུང་བས་ན་སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད་ཅེས་པའོ། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད་ནི་རྣམ་རྟོག་ཐམས་ཅད་སྤངས་པས་ན་བྱང་ཆུབ་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པ་ནི། སངས་རྒྱས་ཆགས་པ་ཁྱོད་ལ་འདུད་ནི་སྟོང་པ་ལ་ཤེས་རབ་ཀྱི་སྟོབས་ཀྱིས་ཆགས་པའོ། །སངས་རྒྱས་འདུད་ལ་ཕྱག་འཚལ་འདུད་ནི་སྟོང་པ་ལ་ཆགས་པར་འདོད་པའོ། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད་ནི་ཆགས་པས་བདེ་བས་ན་དགྱེས་པའོ། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད་ནི་བདེ་བ་ལ་དུས་རྟག་ཏུ་རོལ་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་


DTG015_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ནི། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །ཅེས་པ་སྟོང་པ་ཉིད་ལ་ཆགས་པས་འཛུམ་པའོ། །སངས་རྒྱས་བཞད་ལ་ཕྱག་འཆལ་འདུད་ནི་ཡང་དག་པའི་དོན་ལ་ཆགས་པས་བཤད་པའོ། །སངས་རྒྱས་གསུང་ལ་ཕྱག་འཚལ་འདུད་ནི་གསུང་འགྱུར་པ་མེད་པས་སོ། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད་ནི་ཐུགས་མཉམ་པ་ལ་རྟག་ཏུ་གནས་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། མེད་པ་ལས་བྱུང་ཁྱོད་ལ་འདུད། །ཅེས་པ་སངས་རྒྱས་རྒྱུས་མ་བསྐྱེད་པ་ལས་འབྲས་བུ་སངས་རྒྱས་སུ་སྣང་བའོ། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད་ནི་མ་བྱུང་བ་བྱུང་བ་ལྟར་སྣང་བའོ། །ནམ་མཁའ་ལས་བྱུང་ནི་པྲ་ཕབ་པ་ལྟར་སྣང་བའོ། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད་ནི་སེམས་ཀྱི་སྣང་བ་ལས་ཤར་བའོ། །བྱ་བ་གྲུབ་པའི་ཡེ་ཤེས་ལ་བསྟོད་པ་ནི། སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །ཅེས་པ་སྒྱུ་མ་སྣང་བ་སྤྲུལ་པ་ནི་སྟོང་པ་དྲ་བ་ནི་འབྲེལ་པ། སངས་རྒྱས་རོལ་སྟོན་ནི་རྣམ་འཕྲུལ་མང་པོ་སྟོན་པའོ། །ཐམས་ཅད་ནི་སྟོང་བྱེད་ཡིན། ཡང་ཐམས་ཅད་ནི་བསྟོད་པར་བྱ་བའི་ཡུལ་ཡིན་པའི། །ཡེ་ཤེས་སྐུ་ཉིད་ཁྱད་ལ་འདུད་ཅེས་ལྷན་ཅིག་སྐྱེས་པའི་སྐུ་ལ་བསྟོད་པའོ། །འདུད་ཐམས་ཅད་ནི་མོས་པ་མ་ཆགས་པར་བྱེད་པའི་དོན་ཏོ། །དེ་ལྟར་ལེའུ་བཅུ་གཅིག་པའི་བཤད་པའོ།། །།

ལེའུ་བཅུ་གཉིས་པ། ཕན་ཡོན་བརྗོད་པ།


DTG010_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕན་ཡོན་རྣམས་གོ་སླ་བས་འདིར་མ་བཤད་དོ། །ལེའུ་བཅུ་གཉིས་པའོ།། །།

ལེའུ་བཅུ་གསུམ་པ། སྔགས་ཀྱི་ལེའུ་བརྗོད་པ།


DTG010_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་སྔགས་ཀྱི་ལེའུ་བརྗོད་པར་བྱའོ། །ཨོཾ་ཞེས་པ་ནི་དམ་བཅའ་བ་དང་བཀྲ་ཤིས་པ་དང་ནོར་བུ་འཛིན་ཞེས་བྱའོ། །ཨོཾ་བྱས་པས་འོག་ནས་སྔགས་ཅིག་འབྱུང་བར་དམ་བཅའ་བ་དང༌། ཡང་ཡེ་ཤེས་ལྔའི་རང་བཞིན་དེ་བཞིན་གཤེགས་པ་ལྔའི་ས་བོན་ཡིན་པས་བཀྲ་ཤིས་པ་དང༌། དེ་བཞིན་གཤེགས་པའི་ཐུགས་བསྐུལ་བས་ཡོན་ཏན་འབྱུང་བས་ནོར་བུ་འཛིན་པའོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས་དམ་བཅའ་བ་དང༌། བཀྲ་ཤིས་པ་དང་ནོར་བུ་འཛིན་པ་ཡིན་ཞེས་བྱ། །སརྦ་དྷརྨཱ་ནི་ཆོས་ཐམས་ཅད། ཨ་བྷཱ་བ་ནི་དངོས་པོ་མེད་པ། །སྭ་བྷཱ་བ་ནི་རང་བཞིན་གྱིས་དག་པ། བི་ཤུདྡྷ་ནི་ཡོངས་སུ་དག་པ། ཙཀྵུ་ནི་མན་ངག་གི་མིག་དང་ལྡན་པ། ཨ་ཨཱ་ཨཾ་ཨཿ་ནི་རྣམ་པར་ཐར་པ་བཞི། དེ་རྣམས་རྩ་བའི་སྔགས་རྟག་ཏུ་བཟླས་སོ། །ད་སྤྱན་དྲང་བའི་སྔགས་ནི། པྲྀ་ཀྲ་ཏི་ནི་ཞིང་གང་ན་བཞུགས་པ། པ་རི་ཤུདྡྷ་ནི་ཡོངས་


DTG015_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་དག་པ། སརྦ་དྷརྨཱ་ནི་ཆོས་ཐམས་ཅད། ཡ་དུ་ཏ་ནི་གཤེགས་ཤིག །སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། ཛྙཱ་ན་ཀཱ་ཡ་ནི་ཡེ་ཤེས་ཀྱི་སྐུ། མཉྫུ་ནི་འཇམ། ཤྲཱི་ནི་དཔལ། བ་རི་ཤུདྡྷ་ནི་ཡོངས་སུ་དག་པ། མུ་པཱ་ད་ཡེ་ཏི་ཨ་ནི་མྱུར་བར་གཤེགས་ཤིག་བའོ། །ད་ཕྲེང་བའི་སྔགས་ལ་ཨ་ཨཱཿ་ནི་སྐྱེ་མེད་སྐྱེ་མེད་དོ། །སརྦ་ཏ་ཐཱ་ག་ཏ་ནི་རིགས་བསྡུས་པའི་དེ་བཞིན་གཤེགས་པའོ། །ཧྲྀ་ད་ཡ་ནི་སྙིང་པོའོ། །ཧ་ར་ཧ་ར་ནི། འབྱུང་བ་འབྱུང་བ། གང་འབྱུང་ན། ཨོཾ་ཧཱུཾ་ཧྲཱིཿ་སྐུ་གསུང་ཐུགས་འབྱུང་བའོ། །བྷ་ག་ཝཱན་ནི། བཅོམ་ལྡན་འདས། ཛྙཱ་ན་ནི་ཡེ་ཤེས། མཱུ་རྟི་ནི་ཐམས་ཅད་ནས། ཝཱ་གཱི་ཤྭ་ར་ནི་བཅོམ་ལྡན་འདས་དག་གི་དབང་ཕྱུག །མ་ཧཱ་བཱ་ཙ་ནི་འཇམ་པ་ཆེན་པོ། །སརྦ་དྷརྨཱ་ནི་ཆོས་ཐམས་ཅད། ག་ག་ནི་ནམ་མཁ། ཨ་མ་ལ་ནི་དེ་ལྟ་བུ། སུ་ནི་བདེ་བ། པ་རི་ཤུདྡྷ་ནི་ཡོངས་སུ་དག་པ། དྷརྨཱ་དྷཱ་ཏུ་ནི་ཆོས་ཀྱི་དབྱིངས། ཛྙཱ་ན་ཡེ་ཤེས། གརྦྷ་སྙིང་པོ། ཨཿ་སྐྱེ་མེད་སྟོང་བའོ། །སྔགས་གོང་འོག་གཉིས་ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ་འདི་ལྟ་བུ་བསྒོམ་སྟེ། དང་པོ་ལྟེ་བ་ལ་ཨ། དེའི་ཕྱི་རིམ་མུ་ཁྱུད་ལ་རྩ་སྔགས། དེའི་ཕྱི་རིམ་མུ་ཁྱུད་ལ་དབྱངས་ཡིག་བཅུ་གཉིས། དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་པ་ལ་ཡེ་ཤེས་སེམས་དཔའ་གང་བསྒོམ་པའི་སྔགས་དྲུག་གང་རུང་བ་རེ་བསྒོམ། དེའི་ཕྱི་རིམ་མུ་ཁྱུད་ལ་ཕྲེང་བའི་སྔགས། །དེའི་ཕྱིར་རིམ་མུ་ཁྱུད་ལ་སྤྱན་འདྲེན་པའི་སྔགས། །དེའི་ཕྱི་རིམ་མུ་ཁྱུད་ཐ་མ་ལ་ཀཱ་ལི་སུམ་ཅུ་རྩ་བཞི་རིམ་པར་གནས་པར་བསྒོམ་མོ། །དེ་རྣམས་གང་གི་དུས་སུ་ཟློས་པ་དང༌། བསྒོམ་བ་བླ་མའི་གདམས་ངག་ཞལ་ནས་ཤེས་པར་བྱའོ། །དེ་ལྟར་ལེའུ་བཅུ་གསུམ་པའི་བཤད་པའོ།། །།

ལེའུ་བཅུ་བཞི་པ། རྗེས་སུ་ཡི་རང་བ་བརྗོད་པ།


DTG010_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་རྗེས་སུ་ཡི་རང་བ་བརྗོད་པར་བྱ་སྟེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ནི་ཕྱག་ན་རྡོ་རྗེ་གསང་བའི་བདག་པོ། དགའ་ཞིང་ནི་གསུངས་པ་ལའོ། །མགུ་བ་ནི་དོན་གོ་བས་སོ། །ཐལ་མོ་སྦྱར་བ་ནི་ལུས་གུས་པའི་སྒོ་ནས་སོ། །མགོན་པོ་ནི་སེམས་ཅན་རྣམས་ཀྱིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་རྫོགས་པའི་སངས་རྒྱས་རྣམས་ནི་མཚན་གྱི་བྱེ་བྲག་གོ །ཕྱག་འཚལ་ནས་ནི་ལུས་སྨད་ལྔ་ས་ལ་གཏུགས་པའོ། །དེ་ནི་ཞེས་པ་ཕྱག་འཚལ་བའོ། །མགོན་པོ་ནི་ཞུ་བ་རྣམས་ཀྱི་མཆོག་གོ །གསང་སྔགས་ནི་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་གསང་སྔགས་སོ། །


DTG015_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་གཞན་དང༌། ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །ཞེས་པ་འཁོར་རོ། །སྣ་ཚོགས་གཞན་ནི་ལྷ་དང་མི་ལ་སོགས་པའོ། །དེ་རྣམས་དང་ལྷན་ཅིག་ཏུའོ། །གསང་བསྟོད་ནས་ནི་དོན་དམ་པའི་བསྟོད་པའོ། །ཚིག་འདི་ནི་འོག་མའོ། །མགོན་པོ་བདག་ཅག་ཡི་རང་ངོ༌། །ཞེས་པ་སེམས་དང་བ་དང་བཅས་པའོ། །ལེགས་སོ་ཞེས་རང་ལ་ཕན་པས་སོ། །ལེགས་སོ་ལེགས་པར་གསུངས་པ་ནི་གཞན་སེམས་ཅན་རྣམས་ཀྱི་དོན་ཏོ། །ལེགས་པའི་རྒྱུ་མཚན་ནི། རྣམ་གྲོལ་འབྲས་བུ་ནི་སངས་རྒྱས་སོ། །འཚལ་བ་ནི་སེམས་ཅན་ནོ། །འགྲོ་བ་མགོན་མེད་རྣམས་དང་ནི་རིགས་དྲུག་གོ །བདག་ཅག་ནི་ཞུ་བ་པོའོ། །ཡང་དག་རྫོགས་པའི་བྱང་ཆུབ་ནི་འབྲས་བུའོ། །ཐོབ་པའི་དོན་ཆེན་མཛད་པ་ནི་དགོས་པའོ། །སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ་ནི་ཆོས་ཕུན་སུམ་ཚོགས་པའོ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཞེས་ཐུན་མོང་པ་དྲི་མ་མེད་པའོ། །ཟབ་པ་ནི་རྟོགས་དཀའ་བ་མི་འགྱུར་བའི་ཡེ་ཤེས་སོ། །ཡང་པས་ནི་རྣལ་འབྱོར་བཞི་དང་དབང་བཞིའོ། །རྒྱ་ཆེ་བ་ནི་ཐེག་པ་གསུམ་གྱི་ལམ་མོ། །དོན་ཆེན་ནི་སངས་རྒྱས་པའི་དོན་ཏོ། །འགྲོ་བའི་དོན་ནི་དེས་ཐོབ་པའོ། །མཛད་པ་ནི་སངས་རྒྱས་སོ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །ཞེས་པ་སྐུ་བཞིའོ། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད་ནི་འདས་པ་དད་ད་ལྟར་བ་དང་མ་འོངས་པ་རྣམས་དང་བཤད་པར་འགྱུར་རོ། །བཅོམ་ལྡན་འདས་ནི་གོང་དུ་བཤད། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡང་གོང་དུ་བཤད་དོ། །དོན་དམ་པའི་མཚན་ནི་སྤྱིར་ཐེག་པ་ཆེན་པོ་ལས་ཀྱང༌། ཁྱད་པར་དུ་གསང་སྔགས་དེ་ལས་ཀྱང༌། རྣལ་འབྱོར་ཆེན་པོ་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་གྲུབ་པའོ། །ཡང་དག་པར་བརྗོད་པ་ནི་ཕྱིན་ཅི་མ་ལོག་པའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ་ནི། ད་ལྟའི་འདི་གསུངས་པའོ། །འཕགས་པ་འཇམ་དཔལ་གྱི་ཊཱི་ཀ་རྒྱལ་པོ་པདྨ་དཀར་པོས་མཛད་པ་རྫོགས་སོ།། །། རིག་པའི་འབྱུང་གནས་ཡུལ་མགདྷཱའི་དཔལ་ནལེནྡྲར་རྗེ་བཙུན་མ་སྒྲོལ་མའི་ལྷ་ཁང་དུ་པཎྜི་ཏ་ཆེན་པོ་དགེ་སློང་རྡོ་རྗེ་འཛིན་པ་དཔལ་བསོད་སྙོམས་པ་ཆེན་པོས་སྐྱེས་བུ་རྣམས་ཀྱི་དོན་དུ་བསྒྱུར་པའོ། །འགྲེལ་པ་དྲི་མ་མེད་པའི་འོད་རྫོགས་སོ།། །།མ་རིག་སྒོ་ངའི་སྦུབས་འབྱེད་པ། །ཞེས་བྱ་


DTG015_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་འམ། ནམ་མཁའི་མཐའ་ལ་རབ་གནས་པ། །ཞེས་པ་འམ། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་པ་ལ་སོགས་པར་ཟབ་མོའི་དོན་གྱི་གདམས་ངག་ཡོད་དེ་སྙན་བརྒྱུད་ཡིན་བ་ས་བླ་མ་ལ་རག་ལས་པར་བྱ་བའི་ཕྱིར་འདིར་མ་བྲིས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དམ་པ་དང་པོ་གསུངས་པ་ལ་ཊཱི་ཀ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་ཟླ་བ་བཟང་པོས་མཛད་དོ། །དམ་པ་དང་པོ་ལས་བསྡུས་པའི་རྒྱུད་དུས་ཀྱི་འཁོར་ལོ་སྡུད་པ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་གྲགས་པ་མིའི་དབང་པོ་ལུང་བསྟན། དེའི་འགྲེལ་པ་བྱེད་པར་རྒྱལ་པོ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པ་རྒྱལ་པོ་པདྨ་དཀར་པོ་ལུང་བསྟན་ཏོ། །དགྱེས་རྡོར་འགྲེལ་པ་ནི་རྡོ་རྗེ་སྙིང་པོས་མཛད་དོ། །བདེ་མཆོག་འགྲེལ་པ་ནི་ཕྱག་ན་རྡོ་རྗེས་མཛད་དོ། །དུས་འཁོར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གི་ཁྱད་པར་དང༌། འགྱུར་པའི་བདེ་བ་དང་མི་འགྱུར་པའི་ཁྱད་པར་གསལ་བར་སྟོན་པ་ལ། མཚན་ཡང་དག་པར་བརྗོད་པ་དང་དུས་ཀྱི་འཁོར་ལོ་དུས་གཅིག་ཏུ་འགྲེལ་པ་དྲི་མ་མེད་པའི་འོད་དུ་བཀྲལ་ལོ། །དོན་ལྷག་པ་དང་ཆད་པ་དང༌། ལོག་པར་གྱུར་པ་བདོག་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་གོང་མ་རྣམས་ཀྱིས་བཟོད་པར་བཞེས་ཤིག །འདི་ཅུང་ཟད་བྲིས་པའི་དགེ་བའི་རྩ་བ་ཅི་ཡོད་པ་དེས། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་མྱུར་དུ་སྒྲོལ་བའི་གྲུ་ལྟ་བུར་ཆོས་འདི་གྱུར་ཅིག །

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཕན་ཡོན་གྱི་འགྲེལ་པ།
དུས་ཀྱི་འཁོར་ལོ་པ་གྲགས་པས་མཛད།

འཁོར་ལོ་དང་པོའི་ཕན་ཡོན་ཚིག་བཅུ་གཅིག་ཏུ་བགྲང་བའི་རྣམ་པར་བཤད་པ།


DTG015_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་སྱ་ཨ་ནུ་སཾ་སཱ་བྲྀ་ཏྟི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཕན་ཡོན་གྱི་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ནམ་མཁའ་ལས་བྱུང་རང་བྱུང་བའི། །གཟུགས་བརྙན་མ་ལུས་འཆང་བའི་མཆོག་འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །གང་གིས་དེ་དོན་རྟོགས་འདོད་པས། །དམ་པའི་ཞབས་ལས་བྱུང་བ་ཡི། །བདུད་རྩི་མི་ཤེས་ཟུག་རྡུ་འཇོམས། །དེ་ཕྱིར་འདི་ནི་བྲི་བར་བྱ། །འདི་མཁས་པ་ང་རྒྱལ་ཅན་དག་རིག་པ་དང་སྒྲ་དག་གིས་སེམས་ཁེངས་ནས་འགྲེལ་པ་བྱས་པ་དག་ཡོད་མོད་ཀྱི། འོན་ཀྱང་དམ་པའི་གདམས་དག་དང་བྲལ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་


DTG015_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་དགོངས་ཏེ་གསུངས་པའི་དོན་ནི་ཤེས་པར་འགྱུར་པ་དཀོན་ནོ། །དེའི་ཕྱིར་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གདམས་ངག་གིས་མཚན་ཡང་དག་པར་བརྗོད་བའི་གཞུང་གི་མདུད་པ་དགྲོལ་བར་བྱའོ། །དེ་ཡང་སྔར་མཚན་ཡང་དག་པར་བརྗོད་པ་ཚིག་གི་བདག་པོ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པའི་ཚུལ་གྱིས་དོན་གསང་སྔགས་ཀྱི་རྒྱལ་པོ་དྲུག་དང་ལྡན་པར་གསུངས་ལ། འདིར་དེའི་དོན་གསལ་བར་དགྲོལ་བའི་ཕྱིར་ཞུ་བ་པོ་ལ་བོད་པར་མཛད་དེ། ཀྱེ་ལག་ན་རྡོ་རྗེ་རྡོ་རྗེ་འཆང༌། །ཞེས་བྱ་བ་ལ་སོགས་པ་ལ་ཕན་ཡོན་གྱི་གནས་སྐབས་ལྔར་བཀའ་སྩལ་ཏོ། །དེ་ལ་འཁོར་ལོ་དང་པོའི་ཕན་ཡོན་གྱི་སྐབས་ཀྱི་ནི་དང་པོ་ཞུས་པའི་སྐབས་དང༌། ལན་གནང་བའི་སྐབས་དང༌། རིགས་དྲུག་ལ་གཟིགས་པའི་སྐབས་དང༌། སྒྱུ་འཕྲུལ་དྲ་བའི་སྐབས་དང༌། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་སྐབས་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྐབས་རྣམས་ཉེ་བར་འགྲེལ་ཏོ། །གཞན་འཁོར་ལོ་གཉིས་པའི་ཕན་ཡོན་གྱིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་འགྲེལ་ཏོ། །འཁོར་ལོ་གསུམ་པའི་ཕན་ཡོན་གྱིས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྐབས་འགྲེལ་ཏོ། །འཁོར་ལོ་བཞི་པའི་ཕན་ཡོན་གྱིས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྐབས་འགྲེལ་ཏོ། །འཁོར་ལོ་ལྔ་པའི་ཕན་ཡོན་གྱིས་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་སྐབས་འགྲེལ་ཏོ། །དེ་ལ། ལག་ན་རྡོ་རྗེ་རྡོ་རྗེ་འཆང༌། །ཞེས་པ་གང་གི་ལག་ན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་མཚོན་པོར་བྱེད་པའི་རྡོ་རྗེ་འཛིན་པ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །མཚོན་པར་བྱ་བའི་རྡོ་རྗེ་བསྟན་པའི་ཕྱིར་རྡོ་རྗེ་འཆང་ཞེས་གསུངས་ཏེ། རྡོ་རྗེ་འཆང་ཞེས་པ་ནི་འདིར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་སེམས་བསྐྱེད་ནས། བདག་དང་གཞན་གྱི་དོན་མཐར་ཕྱིན་པའོ། །དེའི་ཕྱིར་ལག་ན་རྡོ་རྗེའི་ལག་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པས་ན། འཇིག་རྟེན་གསུམ་གྱི་གདུལ་བར་དཀའ་པ་འདུལ་པའི་དོན་དུ་ཁྲོ་བོའི་ཞལ་དང་སྤྱན་དང་ཕྱག་ཞབས་ཅན་སྨིན་མ་ཁྲོ་གཉེར་ལ་སོགས་པ་དང༌། ཁྲོ་བོའི་ཉམས་རྣམས་དང་ལྡན་པར་བྱས་ཏེ་རྡོ་རྗེ་ནམ་མཁའི་དབྱིངས་སུ་འཕེན་པར་བྱེད་ཅིང་འཛིན་པར་བྱེད་པའོ། དེ་ཡང་གདུལ་བྱ་གཅིག་ལ་སྐུ་དེ་ལྟ་བུ་གཅིག་བྱུང་ནས། འདུལ་བ་མ་ཡིན་གྱི་དཔག་ཏུ་མེད་ཅིང་བགྲང་བའི་མཐའ་ལས་འདས་པ་དུ་མ་འདུལ་བར་བྱེད་པའོ། །དེ་ལྟ་བུའི་ལག་ན་རྡོ་རྗེས། དེ་བཞིན་


DTG015_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་ཏེ་ཞེས་པས་ན། །བཏུད་དེ་སྤྱན་སྔར་འདུག་ཅེས་པའི་བར་གྱིས་གསོལ་བ་བཏབ་པ་གང་ཡིན་པ་དང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ངས་ཀྱང་སྣོད་དུ་རུང་བར་བྱ་བའི་ཕྱིར་འོད་ཟེར་གྱིས་འགྲོ་བའི་རྒྱུད་སྦྱངས་ནས་ཁྱོད་ལ་སྟོན་ཅིག་པར་གདམས་ཏེ། སྣོད་གང་ཟག་གི་རིགས་དང༌། བཅུད་ཐེག་པའི་རིགས་ལ་གཟིགས་ནས། ཐབས་སྒྱུ་འཕྲུལ་དྲ་བས་བྱུང་ཆུབ་ཀྱི་སེམས་རྡོ་རྗེའི་དབྱིངས་ཀྱི་རང་བཞིན་འོད་གསལ་བ་དེ་ལ་གློ་བུར་གྱི་དྲི་མའི་སྒྲིབ་པས་བསྒྲིབས་པ་དེ་གྲ་སལ་བའི་ཕྱིར་ཡེ་ཤེས་ལྔའི་ངོ་བོ་ཉིད་དུ་མཚན་བརྗོད་པ་པ་འདི་ནི་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྤྱི་གཟུགས་ཞེས་བྱ་བ་གསུངས་ཏེ། འདི་ཞེས་པ་ནི་དེ་ལྟར་བཤད་མ་ཐག་པའི་འདིའོ། །ནི་ཞེས་པ་ནི་བརྗོད་བྱ་དེས་པར་སྟོན་བའི་སྒྲའོ། །བཅོམ་ལྡན་འདས་ཞེས་པ་ནི་ཕུང་པོ་ལ་སོགས་པའི་བདུད་བཞིའི་དཔུང་འཇིག་པར་བྱེད་པས་ནའོ། །ལྡན་ཞེས་པ་ནི་ལེགས་པ་རྣམས་དྲུག་དང་ལྡན་པའོ། །འདས་ཞེས་པ་ནི་འཇིག་རྟེན་ལས་འདས་པའོ། །ཡེ་ཤེས་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའོ། །སྤྱི་གཟུགས་ཞེས་པ་ནི་ཡེ་ཤེས་ལྔའི་ངོ་བོ་ཉིད་དུ་རོ་གཅིག་པའི་སྐུའོ། །དེ་ཁོ་ན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་འང་ཡིན་ལ་ཡེ་ཤེས་ཀྱང་ཡིན་བས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སོ། །དེ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་ཀྱི་སྐུ་རང་བྱུང་ནི་དེའི་ཞེས་པའོ། །དེ་ནི་དངོས་པོ་བརྗོད་པར་བྱ་བའོ། །དེ་བརྗོད་པ་ནི་མཚན་གྱི་ཐ་སྙད་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་འབྲེལ་བའི་མཚན་ཡང་དག་པར་བརྗོད་པ་ཞེས་གསུངས་ཏེ། འཇམ་དཔལ་ཞེས་པ་ནི་དངོས་པོ་དང་སྟོང་པའི་ཟུག་རྡུ་དང་བྲལ་བས་ན་འཇམ་པའོ། །དཔལ་ནི་དེ་ཁོ་ན་ཁོང་དུ་ཆུད་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ཡེ་ཤེས་སེམས་དཔའ་ཞེས་པ་ལ། །ཡེ་ཤེས་ནི་རང་བྱུང་གི་ཡེ་ཤེས་སོ། །སེམས་དཔའ་ནི་དེའི་དོ་བོ་ཉིད་དུ་གྱུར་པའོ། །དད་པ་ཞེས་ནི་ཉེ་བར་སྡུད་པའི་སྒྲའོ། །དོན་ཉེ་བར་བསྡུ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་བརྗོད་པར་བྱ་བ་ལ་རྗོད་པར་བྱེད་པ་འཇམ་དཔལ་ཡེ་ཤེས་སེམས་


DTG015_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའི་མཚན་ཕྱིན་ཅི་མ་ལོགས་པར་བརྗོད་པའོ། །དེ་བས་ན་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ཐབས་དང་ཐབས་ལས་བྱུང་བའི་འགྲེལ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་པའོ། །མཚན་ཡང་དག་པར་བརྗོད་ལས་བརྗོད་བྱ་ཁོང་དུ་ཆུད་ནས་སངས་རྒྱས་པ་ནི་བརྗོད་བྱའི་དགོས་པའོ། །དེ་སྐད་དུ་ཡང༌། དེ་ཡི་བརྗོད་བྱ་རྗོད་བྱེད་དག །འབྲེལ་དང་དགོས་པ་ཤེས་པར་བྱ། །ཞེས་བྱ་བས་སོ། །དེ་ལྟར་དགོས་འབྲེལ་དུ་བཤད་ནས་མན་ངག་ཏུ་བསྟན་པར་བྱ་སྟེ། འདི་ནི་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྤྱི་གཟུགས་ཞེས་གསུངས་ཏེ། བཅོམ་ལྡན་འདས་ནི་གཙུག་ཏོར་གྱི་འཁོར་ལོ་ལ་གནས་པའི་ཧཾ་ངོ༌། དེ་ཁམས་བཞིའི་ནུས་པས་བཅིངས་ཏེ་མི་འཛག་པ་ལས་ཐམས་ཙཎྜ་ལི་བཞུ་ནས་འབྱུང་བ་བཞིའི་ནུས་པས་བཅོམ་པ་ནི་བཅོམ་པའོ། །ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། གཉིས་སུ་མེད་པར་བྱས་པས་ན་ལྡན་ནོ། །རང་གི་གནས་ནས་འབབ་པས་ན་འདས་པའོ། །ཡེ་ཤེས་ཞེས་པ་ནི་དེ་ཉིད་ཡེ་ཤེས་ལྔའི་ངོ་བོ་ཉིད་དོ། །དེ་སྐད་དུ་ཡང༌། དེ་ཉིད་མེ་ལོང་ཡེ་ཤེས་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་ཨ་བ་དྷཱུ་ཏཱི་ཞེས་བྱ་བའི་རྩ་ཆེན་པོའི་ཡར་སྣ་གཙུག་གི་གནས་ཚངས་པའི་བུ་ག་ལ་ཐུག་པར་གནས་ལ། འབྱུང་བ་ནམ་མཁའ་དང་རྣམ་པར་ཤེས་པ་འབབ་པའོ། །དེའི་ཤར་གྱི་རྩ་ནས་རླུང་ངོ༌། །ལྷོ་ཕྱོགས་ནས་མེའོ། །ནུབ་ཕྱོགས་ནས་སའོ། །བྱང་ཕྱོགས་ནས་ཆུའོ། །དེ་ཡང་རླུང་ནི་འདུ་བྱེད་དོ། །མེ་ནི་འདུ་ཤེས་སོ། །ས་ནི་གཟུགས་སོ། །ཆུ་ནི་ཚོར་བའོ། །དེ་བཞིན་དུ་སྐྱེ་མཆེད་རྣམས་ཀྱང་ངོ༌། །ནམ་མཁའ་ནི། ཐིག་ལེ་ཆེན་པོ་ཡི་གེ་མེད། །ཅེས་པའོ། །དེའི་དབུས་ན་ཧཾ་ངོ༌། །གཡས་ན་ཐིག་ལེ་ཟླ་བའོ། །གཡོན་ན་ཚེག་དྲག་ཉི་མའོ། །རྒྱབ་ན་སྒྲ་གཅན་ནོ། །མདུན་ན་དུས་ཀྱི་མེ་སྟེ་སྟོང་པ་ཆེན་པོ་ཡི་གེ་ལྔ། ཨོཾ་ཡཾ་རཾ་ཁཾ་ལཾ་མོ། །དེའི་ཡོན་ཏན་གྱིས་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨར་ཨཱར་ཨ་ལ་ཨཱ་ལ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ་ཞེས་པའོ། །སྤྱི་ཞེས་པ་ནི་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་པའི་ཁཾ་ལྷའི་ས་བོན། ཧཾ་བྱང་ཆུབ་ཀྱི་སེམས་སོ། །དེའི་ནུས་པས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྤྲོས་པ་ནི། །ཨ་ཨ་ཨཱ་ཨཱ་ཨི་ཨི་ཨཱི་ཨཱི་ཨུ་ཨུ་ཨཱུ་ཨཱུ་རྀ་རྀ་རཱྀ་རཱྀ་ལྀ་ལྀ་ལཱྀ་ལཱྀ་ཨེ་ཨེ་ཨཻ་ཨཻ་ཨོ་ཨོ་ཨཽ་ཨཽ་ཨོཾ་ཨཾ་ཨཿ་ཨཿ་ཞེས་པའི་ཐབས་དང་ཤེས་རབ་ཀྱིས་


DTG015_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རབ་ཏུ་ཕྱེ་བའོ། །དེ་རྣམས་ནི་སྤྱི་བོ་ནས་ལུས་ཀྱི་ཁམས་རྣམས་སྐྱེད་པའི་རྩ་རྣམས་ཀྱིས་བཟུང་བ་སྟེ། རྩ་འདི་རྣམས་ལོ་བཅུ་དྲུག་ལ་གང༌། དེ་ནས་ཡང་བདེ་བ་ཆེན་པོའི་གནས་སུ་འབབ་ཅིང་རྒྱུ་མཐུན་པ་སྐྱེས་པར་བྱེད་པའོ། །ལེ་རེ་ལ་ཟླ་བ་བཅུ་གཉིས་ཀྱིས་རྫོགས་པར་བསྟན་པའི་ཕྱིར། མ་ནིང་སྦས་པས་བསྟན་ཏེ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ་ཞེས་པའོ། །ཟླ་བ་རེ་རེ་ལ་ཉིན་ཞག་སུམ་ཅུར་བསྟན་པ་ནི་དབྱངས་ཨིག་ཐ་མ་སྤངས་པ། རིང་བ་བཅོ་ལྔ་དང་ཐུང་བ་བཅོ་ལྡའོ། །དེ་ལ་ཐུང་དུ་རྣམས་ནི་ཚེས་གཅིག་ནས་ཉ་རྫོགས་པའི་བར་རོ། །རིང་བ་རྣམས་ནི་བཅུ་དྲུག་ནས་གནམ་སྟོང་གི་བར་རོ། །དེ་ཡང་ནང་དུ་ནི་ཉིན་ཞག་གཅིག་ལ་ལོ་ཞེས་པའོ། །འདིར་རིང་བ་དང་ཐུང་བ་ནི་ཉིན་མོ་དང་མཚན་མོའོ། །ཉིན་མཚན་གཅིག་ལ་དུས་དྲུག་ཏུ་ཕྱེ་བའི་རིམ་པས་དུས་རེ་རེ་ལ་ཟླ་བ་གཉིས་གཉིས་ཞེས་པ་ནི་ཐུན་ཟུང་རེ་རེ་བྱས་པའོ། །གསུམ་གསུམ་དུ་ཕྱེ་བ་ནི་བཞིའོ། །བཞི་བཞིར་ཕྱེ་བ་ནི་གསུམ་མོ། །དྲུག་དྲུག་ཏུ་ཕྱེ་བ་ནི་གཉིས་སོ། །དེ་ནི་ཟླ་བ་བཅུ་གཉིས་ལས་ཕྱེ་བ་དང་བསྡུས་པའོ། །ཞག་ཏུ་བརྩིས་པ་ནི་ཆུ་ཚོད་ལ་སོགས་ལས་གོ་བར་བྱ་སྟེ། མ་ནིང་མ་བོར་བར་ཉིས་འགྱུར་དུ་བྱས་པའོ། །དེ་ཡང་ཚེས་གཅིག་ལ་ཨཾ། གཉིས་ལ་ཨིཾ། གསུམ་ལ་རིཾ། བཞི་ལ་ཨུཾ། ལྔ་ལྀ་ལཾ། དྲུག་ལ་ཨཾ། བདུན་ལ་ཨེཾ། བརྒྱད་ལ་ཨར། དགུ་ལ་ཨོ། །བཅུ་ལ་ཨལ། བཅུ་གཅིག་ལ་ཧཾ། བཅུ་གཉིས་ལ་ཡཾ། བཅུ་གསུམ་པ་ལ་རཾ། བཅུ་བཞི་པ་ལ་ཝཾ། བཅོ་ལྔ་པ་ལ་ལཾ་ངོ༌། །འདི་ནི་མུན་པ་དང༌། རྡུལ་དང༌། སྙིང་སྟོབས་ཀྱི་དབྱེ་བས་ཆུང་དུ་དང་འབྲིང་དང་ཆེན་པོའི་དབྱེ་བའོ། །ཚེས་གཅིག་བྱིས་པ། བཅུ་གཉིས་པ་གཞོན་ནུ། བཅུ་གསུམ་པ་ལང་ཚོ། །བཅུ་བཞི་པ་རྒན་པོ། བཅོ་ལྔ་པ་ཡོངས་སུ་སྨིན་པ་སྟེ་རྫོགས་པར་བརྗོད་པའོ། །དེ་བཞིན་དུ་ནག་པོ་ཕྱོགས་ལ་ཡང་སྟེ། ཚེས་བཅུ་དྲུག་ལ་ལཱ། བཅུ་བདུན་ལ་ཝཱ། བཅོ་བརྒྱད་རཱ། བཅུ་དགུ་པ་ལ་ཡཱ། ཉི་ཤུ་ལ་ཧཱ། ཉི་ཤུ་གཅིག་ལ་ཨཱ། ཉི་ཤུ་གཉིས་ལ་ཨཽ། །ཉི་ཤུ་གསུམ་པ་ལ་ཨཱར། ཉི་ཤུ་བཞི་པ་ལ་ཨཻ། ཉི་ཤུ་ལྔ་པ་ལ་ཨཱ། ཉི་ཤུ་དྲག་པ་ལ་ལཱྀ། ཉི་ཤུ་བདུན་པ་ལ་ཨཱུ། ཉི་ཤུ་བརྒྱད་པ་ལ་རཱྀ། ཉི་ཤུ་དགུ་པ་ལ་ཨཱི། གནམ་སྟོང་བ་ལ་ཨཱའོ། །དེ་ལ་འདི་ནི་འབྲི་བའི་རིམ་པས་གོ་རིམས་བཟློག་པར་ཤེས་པར་བྱ་སྟེ།


DTG015_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ཆེན་པོ་དང་འབྲིང་དང་ཆུང་དུས་ཚེས་གཅིག་ལ་བྱིས་པ། གཉིས་ལ་གཞོན་ནུ། གསུམ་ལ་ལང་ཚོ། །བཅུ་བཞི་ལ་རྒན་པོ། །གནམ་སྟོང་ལ་ཡོངས་སུ་སྨིན་པར་འགྱུར་པའོ། །དེ་ནས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་འཕེལ་བ་ན། སའི་ཁམས་ཀྱི་མུན་པ་འཇིག་ཅིང༌། རླུང་གི་ཁམས་ཀྱི་སྣང་བ་འཕེལ་ཏེ། དེ་བཞིན་དུ་རླུང་གི་མུན་བ་བྲི་བ་ནས་སའི་ཁམས་ཀྱི་སྣང་བ་འཕེལ་བའི་བར་དུ་རིག་པར་བྱའོ། །དཀར་པོའི་ཕྱོགས་ལ་ནི་ཐིག་ལེའོ། །ནག་པོའི་ཕྱོགས་ལ་ནི་ཚེག་དྲག་གོ །ཉ་ནས་གནམ་སྟོང་གི་བར་མཐའ་དག་ལ་ནི་སྒྲ་གཅན་གྱིས་འཛིན་པའི་དུས་གཉིས་སོ། །འདིར་ལོ་བཅོ་ལྔ་པའི་གཡས་དང་གཡོན་ནི་འཕེལ་བ་དང་འགྲིབ་པའི་ཕྱོགས་དག་སྟེ། །གཡས་པའི་རྐང་པའི་མཐེ་བོ་ཆེ་ནས་སྤྱི་བོའི་ཁཾ་ལ་ཐུག་པ་དང༌། ཁཾ་ནས་གཡོན་པའི་མཐེ་བོ་ཆེའི་བར་དུ་རིག་པར་བྱའོ། །གཟུགས་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་ཧཱུཾ་གི་ས་བོན་ལ་བྱ་སྟེ། གོང་དུ་བདེ་བ་ཆེན་པོའི་འཁོར་ལོར་བྱང་ཆུབ་ཀྱི་སེམས་ཀྱི་བཀོད་པ་བསྟན་ནས། འདིར་རླུང་གི་བཀོད་པ་བསྟན་པས་ན། ཧཱུཾ་བཤད་པར་བྱའོ། །དེ་ཡང་གཟུགས་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ་མིག་གི་ཡུལ་དུ་བྱས་པ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་ནོ། །དེ་བཞིན་དུ་ཡུལ་དང་ཡུལ་ཅན་རྣ་བ་དང༌། སྒྲ་དང༌། སྣ་དང༌། དྲི་དང༌། ལྕེ་དང༌། རོ་དང༌། ལུས་དང༌། རེག་བྱ་སྟེ། ཡན་ལག་གི་རླུང་བཅུ་ལ་དགོངས་ནས་དེ་རྣམས་ལོངས་སྤྱོད་པ་དང༌། ལོངས་སྤྱོད་པར་བྱེད་པའི་མཚན་ཉིད་ཅན་སྔགས་ཀྱི་ཐེག་པར་ཐབས་ཁྱད་པར་ཅན་དུ་གསུངས་སོ། །འདིར་ལོངས་སྤྱོད་ཀྱི་འཁོར་ལོ་ནི་མགྲིན་པའི་གནས་སུ་གསུངས་ལ། དེ་ནི་ངག་གི་སྒོ་རྡོ་རྗེ་ཞེས་པའོ། །ངག་གི་སྒོ་ནི་སྒྲ་འབྱུང་བའོ། །ལུས་མ་གྲུབ་པར་ངག་འབྱུང་བ་ནི་མེད་དེ་ལུས་ཇི་ལྟར་གྲུབ་ཅེ་ན། དེ་ཡང༌། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པ་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སོ། །སྐུ་ཆེ་བ་ནི་བརྟན་པ་དང་གཡོ་བ་མ་ལུས་པའི་བདག་ཉིད་ཅན་སྐུ་གཅིག་ཏུ་གྱུར་པའོ། །དེ་ཡང་ཇི་ལྟར་ཞེ་ན། ཨ་ཞེས་པ་དང༌། ཡ་ཞེས་


DTG015_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དང༌། ར་ཞེས་པ་དང༌། ཝ་ཞེས་པ་དང༌། ལ་ཞེས་པ་དང༌། མ་ཞེས་པ་དང༌། ཀྵ་ཞེས་པ་དང༌། ཧ་ཞེས་པ་དང༌། ཐིག་ལེ་ཞེས་པ་དང༌། ནཱ་ད་ཞེས་པ་ཡི་གེ་རྣམས་གཅིག་ཏུ་གྱུར་པ་ནི་འཇིག་རྟེན་ཁམས་ཀྱི་ལུས་སྐུ་རྡོ་རྗེར་གྱུར་པའོ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པ་ནི་སངས་རྒྱས་ཀྱང་ཡིན་ལ་ཞེས་པ་སྔ་མ་བཞིན་ནོ། །གསུང་ཡང་ཡིན་པས་ནི་ཡི་གེའི་བཀོད་པ་སྟེ། ཨ་ཨཱ་ཞེས་པ་ནམ་མཁའི་ཁམས་ཀྱི་ཡི་གེ་དང༌། ཨི་ཨཱི་ཞེས་པ་རླུང་གི་ཁམས་ཀྱི་ཡི་གེ་དང༌། ཨུ་ཨཱུ་ཞེས་པ་ཆུའི་ཁམས་ཀྱི་ཡི་གེ་དང༌། རྀ་རཱྀ་ཞེས་པ་མེའི་ཁམས་ཀྱི་ཡི་གེ་དང༌། ལྀ་ལཱྀ་ཞེས་པ་སའི་ཁམས་ཀྱི་ཡི་གེ་དང༌། མ་མཱ་མེ་རུ་ཞེས་པ་རི་རབ་ཀྱི་ཡི་གེ་དང༌། ཀྵི་ཀྵེ་པ་ཞེས་པ་གཡོ་བའི་ཡི་གེ་དང༌། བ་བིན་དུ་ཞེས་པ་ཐིག་ལེའི་ཡི་གེ་དང༌། ན་ནཱ་ད་ཞེས་པ་སྒྲ་མཐའི་ཡི་གེ་རྣམས་སོ། །དེ་ལ་ནམ་མཁའི་ཁམས་ཀྱི་ཡི་གེ་ནས་རྀ་རཱྀ་རིའི་རྒྱལ་པོ་རི་རབ་ཀྱི་བར་གྱི་ཡི་གེས་ནི་བརྟེན་པའི་འཇིག་རྟེན་གྱི་ཁམས་སོ། །ཀྵ་ནས་ནཱ་དའི་བར་གྱིས་ནི་གཡོ་བའི་འཇིག་རྟེན་གྱི་ཁམས་སོ། །ཡི་གེ་དེ་རྣམས་གོ་རིམས་བཞིན་བརྩེགས་ཏེ་ལུས་ཀྱི་གནས་རྣམས་སུ་དམ་པའི་གདམས་དག་གིས་བསྒོམ་པ་ནི། སྐུ་དང་གསུང་དབྱེར་མེད་པས་ན་གསུང་ཡང་ཡིན་ནོ། །དེ་རྣམས་ཀུན་རླུང་ལ་བརྟེན་པས་ན་རྩ་བའི་རླུང་ལ་བརྟེན་པས་ན་རྩ་བའི་རླུང་བསྟན་ཏེ། དེ་ཡང༌། ལྔའི་བདག་ཉིད་བཅུའི་མིང་ཅན་ཞེས་གསུངས་ཏེ་རྩ་བའི་རླུང་ལྔ་དང༌། ཡན་ལག་གི་རླུང་ལྔའོ། །དེ་ཡང་ཇི་བཞིན་པ་དང༌། ཇི་བཞིན་པ་མ་ཡིན་པར་གསུངས་ཏེ། སྲོག་དང༌། ཐུར་སེལ་གྱི་དང། གྱེན་རྒྱུ་དང༌། ཁྱབ་བྱེད་དང༌། མཉམ་གནས་ཞེས་བཤད་པ་ནི་སྒྲ་ཇི་བཞིན་པའོ། །ཀླུ་དང་རུས་སྦལ་རྩངས་པ་དང༌། ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །དེ་དག་བདག་གཟུགས་བུད་མེད་དུ། །སླར་ཡང་སྤྲུལ་པར་མཛད་པ་ཡིན། །ཞེས་པ་དང༌། ཀོ་ཏ་ཁྱ་དང༌། ཀོ་ཏ་པ། ཀོ་ཊ། ཀོ་ཏ་བཤྩ། ཀུ་ཏི་ར་ག །ཀོ་ལ་ཁྱ། ཀོ་ལ་པ། ཀོ་ལ་པ། ཀོ་ལ། ཀོ་ལ་བཤྩ། ཀོ་ལ་ཏ་ཐ། ཞེས་པ་སྒྲ་ཇི་བཞིན་པ་མ་ཡིན་པར་བཤད་པའོ། །རྒྱུ་བ་དང༌། རྣམ་པར་རྒྱུ་བ་དང༌། ཡང་དག་པར་རྒྱུ་བ་དང༌། རབ་ཏུ་རྒྱུ་བ་དང༌། ངེས་པར་རྒྱུ་བ་དང༌། ཞེས་པ་ནི་སྒྲ་ཇི་


DTG015_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་པར་བཤད་པའོ། །འདི་རྣམས་ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་བྱེད་དེ། རླུང་ལྔ་ནི་དབང་པོ་རྣམས་དང་སྐྱེ་མཆེད་ཀྱི་བྱ་བ་བྱེད་དོ། །སྲོག་ཅེས་བྱ་བ་སྙིང་ག་ན་གནས་ཏེ་མི་བསྐྱོད་པའོ། །ཐུར་སེལ་མདོམས་ན་གནས་ཏེ་རིན་ཆེན་ཏོག་གོ །གྱེན་དུ་རྒྱུ་བ་ལྐོག་མ་ན་གནས་ཏེ་འོད་དཔག་མེད་པའོ། །མེ་དང་མཉམ་གནས་ལྟེ་བ་ན་གནས་པ་དོན་ཡོད་གྲུབ་པའོ། །ཁྱབ་བྱེད་ཚིགས་ཐམས་ཅད་ལ་གནས་པ་སྟེ་རྣམ་པར་སྣང་མཛད་དོ། །རྒྱུ་བའི་རླུང་ནི་གཟུགས་སོ། །རྣམ་པར་རྒྱུ་བ་ནི་སྒྲའོ། །ཡང་དག་པར་རྒྱུ་བ་ནི་དྲིའོ། །རབ་ཏུ་རྒྱུ་བ་ནི་རོའོ། །ངེས་པར་རྒྱུ་བ་ནི་རེག་བྱའོ། །ཡང་རླུང་བཅུ་པོ་འདི་དག་དཀྱིལ་འཁོར་བཞིའི་བྱ་བྲག་གིས་ཨེ་ཝཾ་མ་ཡཱའོ། །དེ་དག་གོ་རིམས་བཞིན་དུ་སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོ་རྣམས་དང༌། ས་ལ་སོགས་པ་ལྔ་དང༌། མེ་ལོང་ལྟ་བུའི་ལ་སོགས་པའི་ཡེ་ཤེས་ལྔ་དང༌། དཀར་པོ་ལ་སོགས་པའི་འོད་ཟེར་ལྔ་དང༌། འབྱུང་བ་དང༌། འཇུག་པ་དང་གནས་པའི་ཚུལ་གྱིས་རྡོ་རྗེའི་བཟླས་པ་དང༌། ཡི་གེ་གསུམ་གྱིས་སྦྱང་བ་ལ་སོགས་པ་ལས་ཐམས་ཅད་བྱེད་པའོ། །སྟེང་དུ་འབར་བ་མེའོ། །འོག་ཏུ་འབབ་པ་ཆུའོ། །འཕྲེད་ལ་གནས་པ་སའོ། །ཐད་ཀར་རྒྱུ་བ་རླུང་ངོ༌། །ཕྱོགས་བཞི་པོ་རྣམས་སུ་གཡས་སྐོར་གྱིས་འབྱུང་བ་ནི་སའོ། །ཡ་ཝ་ལ་རའོ། །མཚམས་རྣམས་སུ་གཡོན་སྐོར་གྱིས་འཇུག་པ་ནི་ཡཱ་རཱ་ལཱ་ཝཱའོ། །དབུས་ན་ཨའོ། །འབྱུང་བ་ཆ་ཕྲ་བའི་དཀྱིལ་འཁོར་སྤྲོ་བ་ལ་ཆོས་ཀྱི་དབྱིངས་ཀྱིས་གཏུགས་པའི་གནས་སུ་བརྗོད་དུ་མེད་པར་སྤྲོ་ཞིང་སྟེང་དུ་སེམས་ཅན་གྱི་དོན་བྱེད་པའི་སྙིང་རྗེའི་ངོ་བོ་ཉིད་དོ། །བསྡུ་བ་འཇིག་པའི་རིམ་པས་གཡོན་སྐོར་གྱིས་ནང་དུ་ཞུགས་ནས་སྟོང་པ་ཉིད་ཀྱི་རང་བཞིན་མཚན་མ་མེད་པའོ། །དེ་ལྟ་བུའི་གཡས་ལ་སོགས་པར་འཕོ་བ་ནི་ལན་བཅུ་དྲུག་སྟེ་རྒྱུད་ལ་ལའི་བཞེད་པས་ནི། འདིར་དབྱངས་ཐ་མ་སྤངས་པའི་བཅོ་ལྔའོ། །དེ་ཡང་ཉིན་མཚན་ཆ་མཉམ་པའི་དབང་དུ་བྱས་ནས་ཉིན་མོ་དང་མཚན་མོ་འཕོ་བ་བརྒྱད་དོ། །དེ་ལ་ཐབས་ཀྱི་འཕོ་བ་དང་ཤེས་རབ་ཀྱི་འཕོ་བ་རེ་རེའི་དབང་དུ་བྱས་པ་སུམ་ཅུ་རྩ་གཉིས་དང༌། ཐ་མ་སྤངས་པ་ལ་སུམ་ཅུ་ཉིད་དོ། །


DTG015_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔར་སྨོས་པ་ཉིན་མཚན་གཅིག་ལ་ཕྱོགས་ཉི་ཤུ་རྩ་བཞི་དང་བགྲོད་པ་བཅུ་གཉིས་དང༌། དུས་དྲུག་དང༌། ཐུན་བཞི་དང༌། དུས་གསུམ་དང༌། བགྲོད་པ་གཉིས་ཀྱིས་ལོར་འགྱུར་ཏེ། །དེ་ལ་མིའི་དབུགས་འབྱུང་བ་དང་འཇུག་པ་གཉིས་གཅིག་ཏུ་བརྩིས་པའི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི་ཉིན་ཞག་གཅིག་ཡིན་ལ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཆ་གཅིག་ནི་ལུས་ལས་སྐྱེས་པའི་སྲིན་བུའི་དབུགས་འབྱུང་བ་དང་འཇུག་པ་སྟེ་དབུགས་ཕྲ་མོ་ཞེས་བྱའོ། །དབུགས་ཕྲ་མོ་དེ་དྲུག་ལ་ལུས་ལས་སྐྱེས་པའི་སྲིན་བུ་ལ་སོགས་པའི་རིགས་རྣམས་ཀྱི་ཆུ་སྲང་གཅིག་གོ །ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག་གོ །ཆུ་ཚོད་དྲུག་ཅུ་ལ་ཉིན་ཞག་གཅིག་གོ །མི་རྣམས་དང་ལུས་ལས་སྐྱེས་པ་ལ་སོགས་པ་རྣམས་ཀྱི་རང་རང་གི་ཉི་མ་ལ་དབུགས་རྔུབ་པ་དང༌། འབྱུང་བའི་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །མི་རྣམས་ཀྱི་ཞག་སུམ་ཅུའི་དབུགས་བསྒྲེས་པ་ལ་ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག་གི་དབུགས་ཏེ། མི་རྣམས་ཀྱི་ཡར་ངོ་མར་ངོ་ནི་ཡི་དགས་རྣམས་ཀྱི་ཉིན་མོ་དང་མཚན་མོའོ། །མི་རྣམས་ཀྱི་དབུགས་སུམ་བརྒྱ་དྲུག་ཅུ་ལ་ལྷ་རྣམས་ཀྱི་དབུགས་གཅིག་གོ །མི་རྣམས་ཀྱི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ལྟ་མ་ཡིན་རྣམས་ཀྱི་དབུགས་གཅིག་གོ ། མི་རྣམས་ཀྱི་ལོ་གཅིག་གི་དབུགས་རྣམས་ལ་འོག་མིན་གྱི་ལྷ་རྣམས་ཀྱི་དབུགས་གཅིག་གོ །མི་རྣམས་ཀྱི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་རིལ་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེད་མཆེད་དུ་ཉེ་བར་སོང་བའི་དབུགས་གཅིག་གོ །དབུགས་ཕྲ་མོ་དང༌། ཟླ་བ་དང་ཆུ་ཚོད་དང༌། ཉིན་ཞག་དང༌། ལོ་དང༌། དུས་དང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དག་དྲུག་གི་རིམ་པས་ལུས་ལས་སྐྱེས་པ་དང༌། མི་རྣམས་དང༌། འབྱུང་པོ་རྣམས་དང༌། ལྷ་དང༌། ལྷ་མ་ཡིན་རྣམས་དང༌། འོག་མིན་དང༌། །གཟུགས་མེད་པའི་གོང་མའི་ཉིན་ཞག་གཅིག་གོ །དེ་ལྟར་བཤད་པའི་རིམ་པ་ལས་ལུས་ལས་སྐྱེས་པ་ནས་གཟུགས་མེད་པ་གོང་མའི་བར་དུ་རང་རང་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཉི་མར་འགྱུར་རོ། །འོག་མིན་གྱི་ཚད་འདི་རྣམས་མིའི་ལོའི་དུས་བཞི་ལས་སྟེང་དུ་འཁོར་ལོས་སྒྱུར་པ་དང༌། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་


DTG015_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་བསྐོར་བར་འགྱུར་ཞེས་པ་དང་པོའི་སངས་རྒྱས་ལས་གསུངས་སོ། །ད་ནི་ཕྲ་མོ་ལ་སོགས་པའི་དབུགས་ཀྱི་དབྱེ་བའི་སྒོ་ནས་སྔར་གྱི་ལུས་དབྱེ་བར་བཤད་དེ། འདིར་ཉི་མ་སོངས་པ་ལ་ལུས་ལས་སྐྱེས་པ་ལ་སོགས་པ་ཟླ་བ་ཕྱེད་པ་ཉི་ཤུ་རྩ་བཞི་ལ་རང་རང་གི་དབུགས་དགུ་བརྒྱ་དགུ་བརྒྱས་ལོར་འགྱུར་རོ། །དབུགས་སྟོང་བརྒྱད་བརྒྱ་སྟོང་བརྒྱད་བརྒྱས་ཟླ་བ་བཅུ་གཉིས་ཀྱི་ཉིན་ཞག་ལས་ལོར་འགྱུར་རོ། །དབུགས་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གིས་ཉིན་ཞག་ལས་ལོར་འགྱུར་རོ། །དབུགས་བརྒྱ་ཕྲག་ལྔ་བཅུ་རྩ་བཞི་བརྒྱ་ཕྲག་ལྔ་བཅུ་རྩ་བཞིས་དུས་སུ་འགྱུར་རོ། །དུས་བཞིས་ཉིན་ཞག་ལས་ལོར་འགྱུར་རོ། །དབུགས་བརྒྱ་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་དུས་གསུམ་གྱི་ཉིན་ཞག་ལས་ལོར་འགྱུར་རོ། །དབུགས་ཁྲི་བརྒྱད་བརྒྱ་བརྒྱད་བརྒྱས་བགྲོད་པར་འགྱུར་ཏེ། བགྲོད་པ་གཉིས་ཀྱིས་ཉིན་ཞག་ལས་ལོར་འགྱུར་རོ། །དེ་བཞིན་དུ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཉི་མ་ལ་རང་རང་གི་ཚད་ཀྱིས་སོ་སོའི་ཉི་མ་ལས་ལོར་འགྱུར་རོ། །ལུས་ལས་སྐྱེས་པ་ལ་སོགས་པ་རྣམས་ཀྱིའོ། །གཞན་ནི་གཞུང་མངས་པས་འཇིགས་པའི་ཕྱིར་མ་སྤྲོས་སོ། །དེ་དག་གིས་ནི་ནང་དུ་ཉིན་ཞག་གཅིག་ལ་ཇི་ཙམ་རྒྱུ་བ་དང༌། ཕྱི་རོལ་དུ་ལུས་ལས་སྐྱེས་པ་ལ་སོགས་པའི་ལོ་ལ་ཇི་ཙམ་འབྱུང་བ་བཤད་དེ། རྩ་བའི་རླུང་གི་དབང་དུ་བྱས་པའོ། །ཡན་ལག་གི་ཡུལ་ནི་ཡུལ་དང་དབང་པོ་ལ་བརྟེན་ནས་རྣམ་པར་ཤེས་པ་ཚོར་བ་བདེ་བ་དང༌། སྡུག་བསྔལ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་སྐྱེ་བ་སྟེ། དེའི་དབང་གིས་འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་ཏུ་སྐྱེ་བ་ལོངས་སྤྱོད་ཀྱི་འཁོར་ལོའི་བླ་མའི་བཀའ་དྲིན་གྱིས་སྦྱང་བར་བྱའོ། །ད་ནི་ཐིག་ལེ་དང་རླུང་ལ་བརྟེན་པའི་བྱང་ཆུབ་ཀྱི་སེམས་དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔ་དང་ཕུང་པོ་ལྔ་ལ་སོགས་པ་བཤད་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཞེས་གསུངས་ཏེ། ཆོས་ཀྱི་འཁོར་ལོ་ལ་གནས་པའི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །ཡེ་ཤེས་ཀྱི་སྐུ་ཞེས་པ་ནི་རྡོ་རྗེ་འཆང་ངོ༌། །དེ་ཡང་ལྟེ་བའི་རྩ་བ་


DTG015_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་པ་ལོང་གི་རྨིག་པའི་མཐར་ཐུག་པར་ཆུ་ཤིང་གི་མེ་ཏོག་ལྟར་འཕྱང་ཞིང་འོག་ཏུ་ཕྱོགས་པ་ཉི་མ་དང་ཟླ་བའི་དབུས་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ས་བོན་གཞོམ་དུ་མེད་པ་གནས་པ་དེ་ནི་ཆོས་ཀྱི་འཁོར་ལོའོ། །དེ་ཡང་དངོས་སུ་དོན་དམ་བྱང་ཆུབ་ཀྱི་སེམས་འོད་གསལ་བའོ། །དེ་ཉིད་ཐོག་མ་མེད་པ་ནས་བདག་ཏུ་ང་རྒྱལ་བ་དང༌། བདག་ཏུ་རྨོངས་པ་ལ་སོགས་པའི་ཉོན་མོངས་པས་དཀྲུགས་ནས་འཁོར་བའི་འདམ་ཆེན་པོར་བྱིང་བ་སྟེ། དེ་བསལ་བའི་ཕྱིར་ཐབས་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་གོམས་ནས་བྱང་ཆུ་པའི་འབྲས་བུ་ཐོབ་པར་བྱེད་པའོ། །དེ་ཡང་འཆང་བཞིན་པའི་བླ་མ་དམ་པའི་གྲུ་ལ་བརྟེན་བཞིན་པའོ། །སློབ་མ་མཚན་ཉིད་དང་ལྡན་པས་ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་ཐོག་མ་མེད་པའི་བག་ཆགས་དང་བཅས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྦྱང་བའི་ཕྱིར་བུམ་པའི་དབང་གི་སྐབས་སུ་དེ་བཞིན་གཤེགས་པ་རྣམས་དང༌། ཡང་ཡུམ་དང༌། སེམས་དཔའ་དང༌། སེམས་མ་དང༌། ཁྲོ་བོའི་རྟོག་པ་སྐྱེས་པའི་གནས་ནི་སྙིང་གའོ། །བླ་མས་ཡེ་ཤེས་སེམས་དཔའ་བཀུག་སྟེ། བསྟིམ་པའི་གནས་ཀྱང་ཆོས་ཀྱི་འཁོར་ལོའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོའོ། །དེ་ཡང་དབུས་ཀྱི་ཟེ་འབྲུ་ལ་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་མི་བསྐྱོད་པ་སྡུག་བསྔལ་གཅོད་བྱེད་དེ་བཞིན་གཤེགས་པའོ། །ཤར་དུ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྣམ་པར་སྣང་མཛད་ཤེས་རབ་ཡེ་ཤེས་ཀྱི་སྐུའོ། །ལྷོ་ཕྱོགས་སུ་ཚོར་བའི་ཕུང་པོ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་ཡེ་ཤེས་ཀྱི་སྐུའོ། །ནུབ་ཕྱོགས་སུ་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་སྣང་བ་མཐའ་ཡས་ངག་གི་དབང་ཕྱུག་གོ །བྱང་ཕྱོགས་སུ་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དོན་ཡོད་གྲུབ་པ་དེ་བཞིན་གཤེགས་པ་སྡིག་པ་སྲེག་བྱེད་དོ། །མཚམས་སུ་ས་དང༌། ཆུ་དང༌། མེ་དང༌། རླུང་རྣམ་པར་དག་པའི་རང་བཞིན་གོ་རིམས་བཞིན་དུ། སངས་རྒྱས་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་སོ། །གཟུགས་ཀྱི་ཕུང་པོ་ལ་སྤྲོས་པའི་བྱང་ཆུབ་སེམས་དཔའ་བཞི་དང༌། དེ་བཞིན་དུ་ཚོར་བའི་ཕུང་པོ་དང༌། འདུ་ཤེས་


DTG015_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོ་ལས་འཕྲོས་པའི་བྱང་ཆུབ་སེམས་དཔའ་བཞི་སྤྲོས་པའི་རང་རང་གི་ཁམས་ཕྲ་མོའི་རྣམ་པར་དག་པའོ། །ཕྱིའི་ལྷ་མོ་བཞི་ནི་ཕྱི་རོལ་གྱི་སྐྱེ་མཆེད་རྣམ་པར་དག་པའོ། །ནང་གི་ལྷ་མོ་རྣམས་ནི་ནང་གི་སྐྱེ་མཆེད་རྣམ་པར་དག་པའོ། །བྱམས་པ་ལ་སོགས་པ་བཅུ་དྲུག་ནི་ཤེས་རབ་སྟོང་པ་ཉིད་བཅུ་དྲུག་ལས་སྙིང་རྗེ་བཅུ་དྲུག་གིས་སེམས་ཅན་ཡོངས་སུ་སྐྱོང་བའོ། །སྒོ་སྦྱོང་མ་བཞི་ནི་ཚད་མེད་པ་བཞིས་སེམས་ཅན་གྱི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བ་དང༌། འབེབས་པ་དང༌། བརྟན་པ་དང༌། དགྱེས་པར་བྱེད་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་ཡང་རྩིབས་བརྒྱད་པ་དང༌། ཡང་རྩིབས་དྲུག་པ་རྣམས་སུ་ཨོཾ་བཛྲ་ཏཱི་ཀྵ་དུཿ་ཁ་ཙྪེ་ད། པྲ་ཛྙཱ་ཛྙཱ་ན་མཱུ་རྟ་ཡེ་ཛྙཱ་ན་ཀཱ་ཡ་བཱ་གཱི་ཤྭ་ར། ཨ་ར་པ་ཙ་ན་ཡ་ཏེ་ནམཿ། ཞེས་པའི་སྔགས་རྣམས་མན་ངག་ཇི་ལྟ་བ་བཞིན་དགོད་པར་བྱའོ། །དེར་མུ་ཁྱུད་བྱང་བས་བཅད་པ་ལ། རྩིབས་སུམ་ཅུ་རྩ་གཉིས་དགོད་པར་བྱའོ། །དེ་བཞིན་དུ་རྩིབས་བཅུ་དྲུག་པ་དང་ཡང་རྩིབས་བརྒྱད་པ་དང༌། རྩིབས་དྲུག་ཅུ་པ་དང༌། རྩིབས་སུམ་ཅུ་རྩ་གཉིས་པས་མཚན་པ་དགོད་པར་བྱའོ། །དང་པོའི་རྩིབས་སུམ་ཅུ་རྩ་གཉིས་ལ་དགོད་པ་ནི་འདི་ལྟ་སྟེ། ཨཱ་ཨཱ་ཞེས་པ་རིང་པོ་བཅུ་དྲུག་དང༌། ཨ་ཨ་ཞེས་པ་ཐུང་དུ་བཅུ་དྲུག་གོ །རྩིབས་བཅུ་དྲུག་ལ་དགོད་པ་ནི། ཨ་ཨཱ་ཞེས་པ་རིང་ཐུང་འདྲེས་པ་བཅུ་དྲུག་གོ །རྩིབས་བརྒྱད་པ་ལ་དགོད་པ་ནི། ཨ་ཨཱི་ཨུ་རྀ་ལཱྀ་ཨེ་ཨོ་ཨཾ་ཞེས་པའོ། །རྩིབས་དྲུག་ཅུ་པ་ལ་དགོད་པ་ནི། ཀ་ཁ་ལ་སོགས་པ་འབྱུང་བའི་ཡི་གེ་བཞི་ཚོ་གཅིག་སྤངས་ནས་ལུགས་ལས་བཟློག་པར་བཀོད་པའོ། །རྩིབས་སུམ་ཅུ་རྩ་གཉིས་པར་དགོད་པ་ནི། ཨ་ཨ་ཞེས་པ་ཐུང་དུ་སུམ་ཅུ་རྩ་གཉིས་སོ། །དེའི་ཕྱི་རིམ་རེ་ཁཱ་གཉིས་ཀྱིས་བསྐོར་བའི་བར་དུ་ནི་དག་ཅིང་ཡོངས་སུ་དག་པའི་ཆོས་ཐམས་ཅད་རྣམ་པར་དག་པའི་སྔགས་ཨོཾ་སརྦ་དྷརྨཱ་ཞེས་པ་ནས་ཨའི་མཐར་ཐུག་པ་དགོད་པར་བྱའོ། །དྲུག་པ་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་བ་ལ་ནི་མན་ངག་ཇི་ལྟ་བ་བཞིན་དུ་གཙུག་ཏོར་ལ་སོགས་པ་གནས་དྲུག་ཏུ་བལྟ་བར་བྱའོ། །དེ་ལྟར་གོམས་པར་བྱས་ཤིང་རྟོག་པ་བསྐྱེད་པ་ནི་དེ་བཞིན་གཤེགས་


DTG015_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཐམས་ཅད་ཀྱི་དབུགས་སྦྱིན་པའོ། །དེ་རྣམས་ཀྱང་དབུས་ཀྱི་གཙོ་བོས་རྒྱས་འདེབས་ཤིང་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་ཡང་རང་གི་སེམས་སྣང་བ་ཙམ་དུ་ཤེས་པར་བྱས་པ་ནི་མི་བསྐྱོད་པའི་དབུགས་འབྱུང་བའོ། །དེ་ཡང་སྣང་བ་དང་སྟོང་པ་དབྱེར་མེད་ཅན་གྱི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་དུ་རྟོགས་པ་ནི་རྡོ་རྗེ་སེམས་དཔའི་དབུགས་འབྱུང་བའོ། །དེ་ནི་ཆོས་ཀྱི་འཁོར་ལོ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དུ་བསྒོམ་པའི་དོན་ཏོ། །དེ་ནས་གསང་བའི་དབང་གི་གདམས་ངག་ཏུ་བྱས་ནས་བླ་མ་དང་ཕྱག་རྒྱ་བསྟེན་པ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས་སྔར་གྱི་རིགས་ལྔར་སྣང་བའི་དེ་བཞིན་གཤེགས་པ་ཐམས་ཅད་གསུང་ཡི་གེའི་རང་བཞིན་དུ་གྱུར་ཏེ། བྷྲཱུཾ་ཛྲཱྀཾ་ཨཱཾ་ཁཾ་ཧཱུཾ་ཞེས་པ་ལྔ་དང༌། ལཾ་མཾ་པཾ་ཏཾ་ཞེས་པ་བཞི་དང༌། ཨལ་ཨུ་ཨེ་ཨོ་ཞེས་པ་བཞི་དང༌། ཨུ་ཨེ་ཨི་ཨལ་ཞེས་པ་བཞི་དང༌། ཨེ་ཨི་ཨལ་ཨཱུ་ཞེས་པ་བཞི་དང༌། ཨི་ཨལ་ཨཱུ་ཨེ་ཞེས་པ་བཞི་དང༌། ཨ་ཨ་ཨཾ་ཨ་ཞེས་པ་བཞི་དང༌། རྀ་རཱྀ་ལྀ་ལཱྀ་ཞེས་པ་བཞི་དང༌། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལི་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ་ཞེས་པ་བཅུ་དྲུག་དང༌། རྀ་རཱྀ་ལྀ་ལཱྀ་རྣམས་སུ་རིག་པར་བྱའོ། །དེ་ཡང་སྔར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་སྐབས་ན་ཕྱོགས་དང་ཕྱོགས་བྲལ་ན་རང་རང་གི་གནས་སུ་པདྨ་དང་ཉི་མ་དང་ཟླ་བའི་གདན་ལ་བཞུགས་པ་ཡིན་ལ་འདིར་པདྨའི་ཟེ་འབྲུ་ལ་ཐིག་ལེ་ཆེན་པོ་ཡི་གེ་མེད་པ་རྟེན་དུ་བྱས་ནས་སེམས་ཀྱི་རེ་ཁཱ་པདྨའི་སྣལ་མ་ལྟར་ཕྲ་བས་རེ་ཁཱ་བཞིས་རེ་མིག་དགུར་བྱས་ལ། དེའི་ཕྱི་རོལ་དུ་ཟླུམ་པོར་བསྐོར་བ་དང༌། དེ་ཉིད་རིམ་པ་གཉིས་པར་བསྐོར་བ་དང༌། ཐིག་ལེའི་མཐའ་སྐོར་ཀྱི་རྔམས་ལ་ཕྱོགས་བཞིར་མ་ནིང་གི་ཡི་གེ་བཀོད་ལ་བསྒོམ་པར་བྱ་ཞིང་ཡི་གེ་དེ་རྣམས་རེ་རེ་ལས་ཀྱང་འོད་ཟེར་ཁ་དོག་ལྔ་སྟེང་གི་ཆ་ལས་མར་མེའི་རྩེ་མོ་བཞིན་དུ་བྱུང་བས་སེམས་ཅན་གྱི་ཁམས་མཐའ་ཡས་པའི་ཉོན་མོངས་པ་དང་ལས་ཀྱི་ཚོགས་བསལ་ནས་སླར་འདུས་ནས་ཡེ་ཤེས་ཀྱི་སྐུ་སྟོང་པ་ཆེན་པོར་ཐིམ་ནས། དམིགས་པ་མེད་པར་བྱ་བ་དང༌། །རྗེས་ལ་སྟོང་པ་ཆེན་པོ་ཡི་གེ་ལྔ་ལ་སོགས་པའི་ཡི་གེ་བརྒྱར་སྤྲོས་པ་ནས་མཐའ་ཡས་པར་སྤྲོས་ཏེ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཡི་གེ་ཙམ་དང་བརྡར་བཏགས་པ་ཙམ་དུ་རིག་པར་


DTG015_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའོ། །ད་ནི་མིང་ཙམ་གྱི་སྒོ་ནས་དོན་བསྟན་པར་བྱ་བའི་ཕྱིར། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་གསུངས་ཏེ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོ་ལ་གནས་པའི་ཡི་གེ་ཨའོ། །དེ་ཉིད་ནི་དོན་དམ་པའི་ཡི་གེ་ཡིན་པའི་ཕྱིར་རོ། །དེ་ལྟ་བར་གྱུར་པའི་ཟུག་རྡུ་དང་བྲལ་བས་འཇམ་པའོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པས་ན་དཔལ་ལོ། །དེ་ཉིད་ཀྱི་མི་ཤེས་པ་མ་ལུས་པ་སྤངས་པས་ན་ཡེ་ཤེས་སོ། །དེའི་དོན་གང་གིས་ཁོང་དུ་ཆུད་པ་ནི་སེམས་དཔའོ། །དེ་ཁོ་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་མཚོན་པས་ན་ཨའོ། །དེ་ཡང་དེ་ཁོ་ནས་ཞེས་པ་ནི་དངོས་པོ་བདེན་པར་སྟོན་པའི་སྒྲའོ། །ཆོས་ཐམས་ཅད་ཅེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་དང་དེ་བཞིན་གཤེགས་པ་རྣམས་དང༌། ལྷ་མོ་རྣམས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །རང་བཞིན་ཞེས་པ་ནི་ངོ་བོ་ཉིད་དོ། །མཚོན་པར་བྱེད་པས་ན་ཨ་ཞེས་པའི་ཡི་གེའོ། །དེ་སྐད་དུ་ཡང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བརྟག་པ་གཉིས་པ་ལས། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུདྤན་ན་ཏྭཱ་ཏ་ཅེས་གསུངས་ཏེ། དེ་བས་ན་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པའི་མཚན་ཉིད་དོ། །དེའི་དོན་རྟོགས་པ་ནི་ཆོས་ཀུན་གྱི་ངོ་བོ་ཉིད་ཁོང་དུ་ཆུད་པའོ། །དེ་ལ་ཡང་འདིར་ཁ་ཅིག་ནི་སྐྱེ་བ་མེད་པ་ཞེས་བྱ་བ་ཉི་ཚེ་བའི་སྟོང་བ་ཉིད་ཡིན་སྙམ་སེམས་སོ། །དེ་ལྟར་བལྟ་བར་མི་བྱ་སྟེ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་འདི་དག་ཉིད་སྐྱེ་བ་མེད་པ་སྟེ། ཐམས་ཅད་ཆུའི་ཟླ་བ་ལྟ་བུའོ་ཞེས་གསུངས་སོ། །དེ་སྐད་དུ་ཡང༌། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །ངོ་བོ་ཉིད་ཀྱིས་དེ་མ་སྐྱེས། །ཞེས་གསུངས་སོ། །འདི་ཉིད་ལས་ཀྱང༌། སྲོག་ཆེན་པོ་སྟེ་སྐྱེ་བ་མེད་ཅེས་གསུངས་པ་ཡིན་ཏེ། སྲོག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཡང་འདི་ཉིད་ལས། མི་འགྱུར་འགྲོ་བ་ཁྱབ་པ་པོ། །ཞེས་གསུངས་སོ། །དེ་ཡང་མི་འགྱུར་པ་ནི་འདུས་མ་བྱས་པའི་ཕྱིར་ཡིན་ལ། །ཀུན་དུ་འགྲོ་བ་ནི་སྣ་ཚོགས་པའི་རྗེས་སུ་འགྲོ་བའོ། །ཁྱབ་པ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཀུན་ལ་ཁྱབ་པ་


DTG015_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། དངོས་པོ་ཀུན་ལའོ་ཞེས་གསུངས་པའོ། །དེ་བས་ན་འདི་ཉིད་སྣ་ཚོགས་སུ་སྤྲུལ་པས་ན་སྤྲུལ་པའི་འཁོར་ལོའོ། །དེ་ལ་འབྱུང་བ་ཆེན་པོ་ལྔས་བསྐོར་བས་ན། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་གསུངས་པ་ཡིན་ནོ། །དེའི་རྟེན་ལུས་ལས་འབྱུང་བའི་དུས་སུ་ཡང་འབྱུང་བ་ཆེན་པོས་བསྐོར་ཅིང་འབྱུང་བ་སྟེ། དེ་ཡང༌། བདེ་བ་ཆེན་པོ་གཅིག་ཉིད་ལས། །ཀུན་དུ་རུ་ལས་ལྔ་རུ་འགྱུར། །ཞེས་སོ། །དེ་ནས་ཨ་དེ་ཉིད་ལ་སྡེ་ཚན་ལྔ་བཅུས་བསྐོར་བ་ནི་འདི་ལྟ་སྟེ། དང་པོ་ཨའི་བཅུ་དྲུག་ལས་ཁམས་དབྱེ་བ་བརྗོད་པར་བྱ་སྟེ། ཨ་ཨཱ་ཞེས་པ་ནས་ནམ་མཁའི་ཁམས་སོ། །དེ་ནི་ཁོང་ནས་འབྱུང་བའི་ཕྱིར་རོ། །ཨི་ཨཱི་ཞེས་པ་ནི་རླུང་གི་ཁམས་ཀྱི་ཡི་གེ་སྟེ། ཡའི་ཡོན་ཏན་ལས་འབྱུང་བའི་ཕྱིར་རོ། །ཨེ་ཨཻ་ཞེས་པ་མེའི་ཁམས་ཀྱི་ཡི་གེ་སྟེ། །ཡི་གེ་རའི་ཡོན་ཏན་ལས་འབྱུང་བའི་ཕྱིར་རོ། །རྀ་རཱྀ་ལྀ་ལཱྀ་ནི་མེ་དང་སའི་ཡོན་ཏན་ཡིན་ཏེ་དབྱངས་ཀྱི་མ་ནིང་བཞི་ཞེས་བྱའོ། །ཨོ་ཨཽ་ཞེས་པ་ནི་ཆུའི་ཁམས་ཀྱི་ཡི་གེ་སྟེ། ཡི་གེ་ཝའི་ཡོན་ཏན་ལས་འབྱུང་བའི་ཕྱིར་རོ། །ཨཾ་ནི་རྣམ་པར་ཤེས་པའི་ཁམས་ལས་བྱུང་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཕྱིར་རོ། །ཨཿ་ཞེས་པ་ནི་ཡེ་ཤེས་ཀྱི་ཁམས་ལས་འབྱུང་བའོ། །ཡང་ན་ཨཾ་ཞེས་པ་ནི་ཟླ་བའི་ཁམས་སོ། །ཨཿ་ཞེས་པ་ནི་ཉི་མའི་ཁམས་སོ། །དེ་དག་ལས་ཁམས་ལྔ་དང་དྲུག་ཏུ་རབ་ཏུ་ཕྱེ་བའོ། །དེ་ལྟར་དབྱངས་ཡིག་ཡོན་ཏན་ལས་གསལ་བྱེད་རྣམས་ཀྱང་འབྱུང་བར་ལྟ་སྟེ། གང་ཞེན་འདི་ལྟ་སྟེ། ཀ་ཁ་ག་གྷ་ང་ཞེས་པ་ནི་དབྱངས་ཡིག་ཨ་ཨཱའི་ཡོན་ཏན་ལས་འབྱུང་སྟེ། ཨ་ཀུ་ཧ་ཞེས་བྱ་བའི་སྒྲ་མགྲིན་པ་ལས་འབྱུང་བ་ནམ་མཁའི་ཁམས་སོ། །དེ་ནི་གསལ་བྱེད་དབྱངས་ཡིག་ཡས་ཁྱད་པར་དུ་བྱས་པའོ། །ཙ་ཚ་ཛ་ཛྙ་ཉ་ཞེས་པ་ནི་དབྱངས་ཡིག་ཨི་ཨཱི་ཡོན་ཏན་ལས་འབྱུང་བ་སྟེ། ཨི་ཙུ་ཡ་ཤ་ཞེས་བྱ་བའི་སྒྲ་ནི་སྤྱི་བོ་ལས་འབྱུང་བ་རླུང་གི་ཁམས་སོ། །དེ་ནི་གསལ་བྱེད་ཡི་གེ་ཨིས་ཁྱད་པར་དུ་བྱས་པའོ། །ཊ་ཋ་ཌ་ཌྷ་ཎ་ཞེས་པའི་གསལ་བྱེད་དབྱངས་རྀའི་ཡོན་ཏན་ལས་འབྱུང་སྟེ། །རྀ་ཊུ་ར་ཥ་ཞེས་བྱ་བའི་སྒྲས་ལྕེ་རྩེ་དང་རྐན་ལས་འབྱུང་བའི་མེའི་ཁམས་སོ། །དེ་རྣམས་ནི་གསལ་བྱེད་ལ་དབྱངས་ཡིག་རྀས་ཁྱད་


DTG015_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་དུ་བྱས་སོ། །ཏ་ཐ་ད་དྷ་ན་ཞེས་པ་ནི་དབྱངས་ཡིག་ལྀ་ལཱྀའི་ཡོན་ཏན་ལས་འབྱུང་བ་སྟེ། ལྀ་ཏུ་ལ་ས་ཞེས་བྱ་བའི་སྒྲ་ལྕེ་རྩེ་དང་སོ་ལས་འབྱུང་བ་སའི་ཁམས་སོ། །དེ་ནི་གསལ་བྱེད་དབྱངས་ཡིག་ལྀས་ཁྱད་པར་དུ་བྱས་པའོ། །པ་ཕ་བ་བྷ་མ་ཞེས་པ་ནི་དབྱངས་ཡིག་ཨོ་ཨཽའི་ཡོན་ཏན་ལས་འབྱུང་བ་སྟེ། ཨུ་ཨོ་པུ་ཝ་ཞེས་བྱ་བའི་སྒྲ་མཆུ་ལས་འབྱུང་བ་ཆུའི་ཁམས་སོ། །དེ་ནི་གསལ་བྱེད་ལ་ཡི་གེ་ཝས་ཁྱད་པར་བྱས་པའོ། །ཡ་ནི་རླུང་ངོ༌། །ར་ནི་མེའོ། །ལ་ནི་སའོ། །ཝ་ནི་ཆུའོ། །ཤ་ཥ་ས་ཧ་ཀྵ་ཞེས་པ་ནི་ལྕེ་ཆུང་ལས་འབྱུང་བས་ལྟེ་བའི་ཡི་གེའོ། །དེ་བས་འདི་ལྟར་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་ལ་ཡི་གེ་སྟོན་ནས་གཡས་ནས་བསྐོར་བའི་གསལ་བྱེད་ལ་འབྱུང་བ་གཉིས་དང༌། །གཡོན་ནས་བསྐོར་བའི་གསལ་བྱེད་ལ་འབྱུང་བ་གཉིས་ཏེ། དྲུག་ཅུ་ཐམ་པ་བཀོད་པའོ། །དེ་དག་ཀྱང་འབྱུང་བའི་བྱེ་བྲག་གིས་ཁ་དོག་གི་བྱེ་བྲག་གསལ་ཏེ། དེ་ཡང་ནམ་མཁའི་ཁ་དོག་སྔོ་བ་དབྱིབས་གྲུ་གསུམ་དང་རླུང་ལྗང་གུ་དབྱིབས་ཟླ་བ་ཕྱེད་པ་མེ་དམར་སེར་དབྱིབས་གྲུ་གསུམ་ཆུ་དཀར་པོ་དབྱིབས་ཟླུམ་པོ་ས་སེར་པོ་དབྱིབས་གྲུ་བཞི་པའོ། །ཇི་སྐད་དུ་སྔར་ཆོས་ཀྱི་འཁོར་ལོར་སྨོས་པའི་རླུང་རྣམས་དང་གོང་མའི་འཁོར་ལོ་ལ་སྨོས་པ་རྣམས་ཀྱང་འདི་ལས་ཤེས་པར་བྱའོ། །འདིར་ཡི་གེ་བཤད་མ་ཐག་པ་འདི་དག་ལས་སོ་སོའི་ཁ་དོག་དང་དབྱིབས་ཀྱང་རིམ་པར་བྱའོ། །དེ་སྐད་དུ་ཡང༌། ཨ་མཆོག་ཏུ་གྱུར་དམ་པ་སྟེ། །སྡེ་ཚན་བརྒྱད་ཀྱིས་ཡང་དག་བསྐོར། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་སྡེ་ཚན་རྣམས་ཀྱི་གཙོ། །ལུས་ཅན་རྣམས་ཀྱི་སྔགས་རྣམས་ནི། །དེ་ཉིད་ནས་ནི་ཡང་དག་འབྱུང༌། །ཞེས་གསུངས་སོ། །དེ་ཉིད་ལས་སྟེང་དུ་མངོན་པར་ཕྱོགས་ནས་རླུང་དང་རྣམ་པར་ཤེས་པ་སྟེང་གི་སྒོ་རྣམས་སུ་འབབ་པ་དེའི་ཚེ་ཉི་མ་དང་ཟླ་བའི་ལམ་ལས་དཀྱིལ་འཁོར་ལྔ་ལྔ་གཡས་སྐོར་གྱིས་འབྱུང་བ་དང་གཡོན་སྐོར་གྱིས་འཇུག་པ་ལ་སེམས་སྦྱོང་ཞིང་ནང་དུ་འཇུག་པ་ལ་ལྟེ་བར་རིམ་གྱིས་གནས་པའི་ཚེ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མིང་གི་དོན་དམ་པ་ཁོང་དུ་ཆུད་པར་བྱེད་དོ། །ཡང་གསང་སྔགས་ཀྱི་ཐབས་གཏུམ་མོ་ཞེས་བྱ་བའི་རིམ་པས་


DTG015_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཡས་པ་དང་གཡོན་པའི་རྩ་རོ་མདང་རྐྱང་མ་སྲོག་གིས་གང་པར་བྱས་ནས་དབུས་ཀྱི་རྩ་གསོར་གསོར་བ་བཞིན་སྐྱེས་པས་ཨ་བ་དྷཱུ་ཏཱིར་སྲོག་གི་རླུང་ཞུགས་ཏེ་སྔར་བཤད་པའི་སྙིང་གའི་འཁོར་ལོ་ཆེན་བོར་ཞུ་བས་ཐིག་ལེ་རྟེན་དང་བཅས་པའི་ས་བོན་ཙམ་ཡང་མི་དམིགས་པར་བྱ་སྟེ། འཛིན་པ་རང་བཞིན་སྟོང་བར་ཞུགས་ནས་སྔར་བཤད་པའི་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བཀུར་སྟི་ལན་གསུམ་བྱས་ཏེ། བདེ་བ་ཆེན་པོའི་ལམ་ནམ་མཁའ་ལ་རྒྱུ་བའི་ལམ་དུ་ཞུགས་པས་འཇིག་རྟེན་གསུམ་པོ་ཐམས་ཅད་སྣང་བར་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོར་གྱུར་པའི་ཐུགས་ཀར་སོང་སྟེ། དེ་དག་གིས་དམ་ཚིག་གི་འཁོར་ལོ་དཀྲུགས་ཏེ། ཡེ་ཤེས་ཀྱི་བདུད་རྩི་འཛིན་པས་སྟོང་པའི་ཐིག་ལེ་དང་བཅས་པས་གཙུག་ཏོར་གྱི་འཁོར་ལོར་སྔར་བཅོམ་ལྡན་འདས་ཀྱིས་དོན་བཤད་པ་བཞིན་བབས་ཏེ། ཐམས་ཅད་བྱང་ཆུབ་སེམས་དཔའི་ངོ་བོར་བྱས་ནས། དུ་བ་ལ་སོགས་པ་མངོན་དུ་ཤར་བས་རིམ་གྱིས་བདེ་བ་ཆེན་པོའི་འཁོར་ལོར་སྤྲོས་ཏེ་ཉམས་སུ་མྱང་བ་ཇི་སྐད་དུ་སྟོན་པ་བཞིན་སྐྱེད་དོ། ལོངས་སྤྱོད་རྫོགས་པའི་འཁོར་ལོར་སྐུ་རྡོ་རྗེའི་ངོ་བོར་ཐིམ་པས་སྔར་བཤད་པའི་གདམས་ངག་གི་རིམ་པས་རླུང་དང་རྣམ་པར་ཤེས་པའི་ཐབས་ཁྱད་པར་ཅན་ལ་བརྟེན་ནས་དང་པོ་རྣམ་པར་ཤེས་པའི་ཡེ་ཤེས་སུ་ཤེས་པར་བྱའོ། །དེ་ནས་སླར་ནང་དུ་འཇུག་པའི་རིམ་པས་སྙིང་ག་ཆོས་ཀྱི་འཁོར་ལོར་གནས་པའི་ཚེ་རོ་ལངས་ཆེན་པོའི་ཏིང་ངེ་འཛིན་ཞེས་པ་སྔར་གསང་པ་ཐམས་ཅད་གསོས་ཏེ་དེ་ཡང་ཐལ་བར་གྱུར་པ་ཡིན་ཡང་གསོ་བར་བྱེད་པ་ཞེས་བྱ་བས་ཐིག་ལེ་ཆེན་པོ་ལས་སེམས་བསྐྱེད་པ་དང༌། སེམས་ཀྱི་རེ་ཁཱ་དང༌། །ས་བོན་དང་ལྷའི་སྐུ་རྣམས་སྔ་མ་བཞིན་དུ་བལྟའོ། །འོན་ཀྱང་ཁྱད་པར་ནི་འདི་ཡིན་ཏེ། སྒྱུ་མའི་དཔེ་རྣམས་ཀྱིས་ཉེ་བར་མཚོན་པའོ། །མཚོན་ཉིད་དབང་པོའི་གཞུ་ལྟ་བུའོ། །དེ་ཡང་ལྷ་རྣམས་བླ་མའི་མན་ངག་གི་རིམ་པས་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་དུ་གྱུར་ཏེ་སླར་ལྟེ་པའི་དཀྱིལ་འཁོར་གྱི་དོན་དམ་པའི་མཚོན་གཞི་དང་མཚོན་བྱེད་ཨའི་གནས་སུ་མཚོན་བྱ་ཡན་ལག་མེད་ཅིང་རྩིས་ལས་འདས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུར་གནས་པའོ། །དེ་ཉིད་འོག་ཏུ་མངོན་པར་ཕྱོགས་ནས། འགྲོ་བ་ཐམས་ཅད་སྐྱེད་པར་བྱེད་པས་


DTG015_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པས་རིམ་པས་སླར་ཡེ་ཤེས་ཀྱི་སྐུར་གྲུབ་པར་བྱ་བའི་ཕྱིར་འབྲེལ་བའི་མཚན་ཡང་དག་པར་བརྗོད་པ་ཞེས་གསུངས་ཏེ། གལ་ཏེ་ཡེ་ཤེས་ཀྱི་སྐུ་དང་འབྲེལ་ན་འཇོག་པོའི་ནོར་བུ་བཞིན་བླང་བར་མི་ནུས་པ་ལས་ཐབས་གང་གིས་ཤེ་ན་མཚན་ཡང་དག་པར་བརྗོད་པ་ཞེས་པ་སྟེ། དེ་ལ་མཚན་གྱི་རྣམ་གྲངས་མི་ཟད་པ་ལ་འཇུག་པ་སྟེ། དངོས་པོ་གཅིག་ལ་ཡང་མིང་དུ་མས་སྟོན་པའི་ཕྱིར་རོ། དེ་བས་ན་ཡེ་ཤེས་སྐུའི་ཡན་ལག་མེད་ཅིང་རྩིས་ལས་འདས་པ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བའི་མིང་དུ་བརྗོད་པ་ནི་མཚོན་བྱ་ཕྱིན་ཅི་མ་ལོག་པར་སྟོན་པས་ཡང་དག་པར་བརྗོད་པའོ། །གཞན་དུ་ན་ཡེ་ཤེས་སེམས་དཔའ་སེམས་ཀྱི་དོན་དམ་པ་དེ་ནི་སངས་རྒྱས་ཉིད་ཡིན་པས་བལྟར་མི་སྣང་བའི་ཕྱིར་རོ། །དེ་ཡང༌། སྒྲ་དང་བློ་ནི་ཀུན་རྫོབ་སྟེ། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་བྱ་བས་སོ། །འོན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་འདི་ཡང་སྒྲ་ཉིད་ཡིན་ལ། དོན་དམ་པ་དེ་ཚུ་རོལ་མཐོང་བ་ལ་བློའི་ཡུལ་ལོ་ཞེ་ན། བདེན་མོད་ཀྱི་ཆོས་ཐམས་ཅད་བརྗོད་དུ་མེད་པ་ཉིད་སྒྲ་ཡིན་ཀྱང་བློ་དང་ལྡན་པ་དག་ནི་བརྗོད་དུ་མེད་པའི་སྒྲ་ཙམ་ལ་དཔྱོད་པར་མི་བྱེད་དོ། །དེ་ཡང༌། སྟོང་པ་ལ་སོགས་མངོན་བརྗོད་པ། །དེ་ལ་སྒྲོ་འདོག་གཅོད་པ་ཡི། །ཞེས་གསུངས་སོ། །འདི་ཉིད་ལས་ཀྱང༌། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཞེས་བྱ་བ་ལ་སོགས་པ་ཆོས་སུ་སྨྲ་བར་བརྡ་ཙམ་དུ་གསུངས་སོ། །བརྡ་དེ་ཡང་རྣམ་པ་གསུམ་སྟེ། རྣམ་པ་ཁོང་དུ་ཆུད་པར་བྱེད་པ་དང༌། བྱ་བ་ཁོང་དུ་ཆུད་པར་བྱེད་པ་དང༌། དེ་ཉིད་ཁོང་དུ་ཆུད་པར་བྱེད་པའོ། །དེ་ལ་རྣམ་པ་ཁོང་དུ་ཆུད་པར་བྱེད་པ་ནི་རྒྱུ་མཚན་ལས་མིང་དུ་བཏགས་པའི་བརྡའོ། །བྱ་བ་ཁོང་དུ་ཆུད་པར་བྱེད་པའི་བརྡ་ནི་ཡན་ལག་དང་ཉིད་ལག་གིས་ཟས་སྐོམ་གྱི་བརྡ་བྱེད་པ་ལྟ་བུའོ། །དེ་ཉིད་ཁོང་དུ་ཆུད་པར་བྱེད་པའི་བརྡ་ནི་དངོས་པོ་རང་གི་མཚན་ཉིད་ལ་རེག་པར་བྱེད་པའོ། །དེ་ལས་སྔ་མ་གཉིས་ནི་ཐུན་མོང་པའོ། །ཕྱི་མ་ནི་ཐུན་མོང་མ་ཡིན་པའོ། །ཐུན་མོང་མ་ཡིན་བ་དེ་ཡང་གང་ཞེ་ན། །དཔེར་ན་མེ་ལ་རེག་པ་དང་


DTG015_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུག་ཟོས་ན་སྲེག་པ་དང་འཆི་བ་བཞིན་ཅུང་ཟད་ཀྱིས་ཀྱང་དོན་བྱེད་ནུས་པའོ། །དེ་བས་ན་བླ་མའི་བྱིན་རླབས་ཀྱིས་གསང་གནས་ཀྱི་འཁོར་ལོ་འདིར་འཁོར་བ་ལུགས་སུ་འཇུག་པ། སྐྱེ་བ་རང་གི་མཚན་ཡིད་དང་ལུགས་ལས་ཟློག་པར་བྱེད་པའི་རང་གི་མཚན་ཉིད་དོ། །དེ་ལ་ཅིའི་ཕྱིར་གསང་བའི་གནས་ཞེས་བྱ་ཞེ་ན་འདི་ལྟ་བུའི་གསང་བ་གདམས་ངག་གི་གནས་ཡིན་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ལས་སྙིང་པོ་མཆོག་ཏུ་གསང་བའི་གནས་སུ་འགྱུར་པ་དང༌། འདོད་ཆགས་དང་བྲལ་བས་སྲེག་པའི་གནས་ཡིན་པས་གསང་བའི་གནས་ཞེས་བྱའོ། །ལུགས་སུ་འཇུག་པ་སྲིད་པའི་ཡན་ལག་ཏུ་བྱས་ནས་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་སུ་རྣམ་པར་གཞག་གོ །ལུགས་ལས་བཟློག་པ་རྣམ་པར་དག་པའི་དབང་དུ་བྱས་ནས་དག་པ་རྣམ་པ་བཅུ་གཉིས་སུ་རྣམ་པར་གཞག་གོ །དེ་ཡང་མ་རིག་པ་ལ་སོགས་པ་ཕ་དང་མའི་འདུ་འཕྲོད་ལས་ལུས་ཇི་ལྟར་ལེན་པའི་རིམ་པ་ནི་མ་དག་པའི་སྐྱེ་བ་ཞེས་བྱ་སྟེ་ཕྱི་ཞེས་བྱའོ། །སྐྱེ་བའི་རིམ་པ་དེ་ཉིད་བསྐྱེད་པ་དང་རྫོགས་པའི་ཚུལ་གྱིས་རྣམ་པར་དག་པར་བྱེད་པ་ནི་ནང་ཞེས་བྱའོ། །ཡང་དམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གདམས་ངག་དང་བྲལ་ནས་སྒྲུབ་པའི་ཐབས་སྒྲ་ཇི་བཞིན་པ་ཙམ་དུ་ཞེས་པ་ནི་ཕྱེ་ཞེས་བྱའོ། །ལས་ཀྱི་ཕྱག་རྒྱལ་སོགས་པ་ལ་བརྟེན་ནས་སྒྲ་ཇི་བཞིན་པ་མ་ཡིན་པར་ཉམས་སུ་ལེན་པ་ནི་ནང་ཞེས་བྱའོ། །དེ་ཡང༌། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཞེས་གསུངས་པས་ཕྱི་རོལ་སྒྲ་ཇི་བཞིན་མ་ཡིན་པར་གསུང་པའི་ཚུལ་ནང་དུ་ཡང་རིག་པར་བྱའོ། །དེ་ལ་སྒྲུབ་པའི་ཐབས་ཀྱི་དང་པོར་གནས་གསུངས་པ་ཕྱིར་རོལ་དུ་དུར་ཁྲོད་ལ་སོགས་པ་གསུངས་པ་ལ། ནང་དུ་ལུས་ལ་སོགས་པ་གསུངས་སོ། །ཕྱི་རོལ་དུ་ས་བླང་བ་ལ་སོགས་པའི་ཆོ་ག་བྱ་བར་གསུངས་ལ། ནང་དུ་རིག་མ་སྦྱང་བའི་རིམ་པ་གསུངས་སོ། །ཕྱི་རོལ་དུ་དཀྱིལ་འཁོར་བྱ་ཞིང་རྟེན་དགྲམ་པའི་ཆོ་གར་གསུངས་ལ། ནང་དུ་བྱང་ཆུབ་ཀྱི་ཡན་ལག་སྦོས་དང་མེ་ཏོག་གིས་མཛེས་པར་བྱ་བར་གསུངས་སོ། །ཕྱི་རོལ་དུ་དཀོན་མཆོག་སྤྱན་དྲང་ཞིང་མཆོད་པའི་ཆོ་གར་གསུངས་ལ། ནང་དུ་འདུས་པ་ལ་དབའ་བོའི་སྟོན་མོར་གསུངས་སོ། །


DTG015_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱི་རོལ་དུ་ཚད་མེད་པ་ལ་སོགས་པར་བྱ་བའི་ཆོ་གར་གསུངས་ལ། ནང་དུ་བསྙེན་པ་དང༌། ཉེ་བསྙེན་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་པོར་སེམས་པ་གོམས་པར་བྱ་བར་གསུངས་སོ། །ཕྱི་རོལ་དུ་སྔགས་ལ་སོག་པའི་སྒོ་ནས་སྟོང་པ་ཉིད་དུ་བསྒོམ་པར་གསུངས་ལ། ནང་དུ་ཐབས་དང་ཤེས་རབ་དག་སྦྱོང་བས་སྟོང་པ་ཉིད་དུ་གསུངས་སོ། །ཕྱི་རོལ་དུ་སྨོན་ལམ་གྱི་མཐུས་ལངས་པར་འདོད་ལ། ནང་དུ་ཐབས་དང་ཤེས་རབ་ཀྱི་མཐུ་ལས་སྒྲུབ་པར་གསུངས་སོ། །ཕྱི་རོལ་དུ་བགེགས་དང་ལོག་པར་འདྲེན་པ་བསྐྲད་ཅིང་ཕུར་བུས་གདབ་པར་གསུངས་ལ། ནང་དུ་མི་དགེ་བ་བཅུ་བསྡམ་པ་དང༌། སྦྱིན་པ་ལ་སོགས་པས་སེམས་ཅན་བསྡུ་བ་དང༌། དེ་ཡང་སེམས་ཅན་གྱི་དོན་བྱ་བར་གསུངས་སོ། །དངོས་སུ་ཐ་མལ་བ་བཟློག་པར་བྱ་བར་གསུངས་སོ། ཕྱི་རོལ་དུ་ནམ་མཁའི་ཁམས་མཐའ་མེད་པས་ཤེས་རབ་ཀྱི་ཆོས་འབྱུང་ཡིན་ལ། ནང་དུ་ཤེས་རབ་ཀྱི་ལུས་ནམ་མཁའི་རང་བཞིན་གང་ལ་ཡོད་པའོ། །དེ་ལ་ཕྱི་རུ་ནམ་མཁའ་དབུས་སུ་ཡི་གེ་ས་བོན་ཡཾ་ལས་གྱུར་པའི་རླུང་གི་དཀྱིལ་འཁོར་རྒྱར་དཔག་ཚད་འབུམ་ཕྲག་བཞི་པ་སྣ་ཚོགས་རྡོ་རྗེས་མཚན་པའོ། །ནང་དུ་ཤེས་རབ་ཀྱི་ལུས་ལ་དཔྲལ་བར་རླུང་གི་དཀྱིལ་འཁོར་སྔར་བཤད་པའི་རིམ་པས་སོ། །ཕྱི་རུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་གྱུར་པའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ། འོག་དང་སྟེང་དུ་ཧཱུཾ་ལས་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་ལྷན་ཅིག་གཡུང་དྲུང་གིས་མཚན་པའོ། །ནང་དུ་མགྲིན་པར་མེའི་དཀྱིལ་འཁོར་རོ། །ཕྱི་རོལ་དུ་མེའི་སྟེང་དུ་བཾ་ལས་གྱུར་པ་ཆུའི་དཀྱིལ་འཁོར་དཀར་པོ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ་འོག་དང་སྟེང་དུ་ཧཱུཾ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང༌། པདྨས་མཚན་པའོ། །ནང་དུ་སྙིང་གར་ཆུའི་དཀྱིལ་འཁོར་རོ། །ཕྱི་རོལ་དུ་ཆུའི་སྟེང་དུ་ལཾ་ལས་གྱུར་པ་སའི་དཀྱིལ་འཁོར་སེར་པོ་རྒྱར་དཔག་ཚད་འབུམ་ཕྲག་གཅིག་ལ་འོག་དང་སྟེང་དུ་ཧཱུཾ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་ལྷན་ཅིག་པ་རྡོ་རྗེ་གཉིས་ཀྱི་མཚན་པའོ། །ནང་དུ་ཤེས་རབ་ཀྱི་ལྟེ་བར་སའི་དཀྱིལ་འཁོར་རོ། །ཕྱི་རོལ་དུ་མ་ལས་གྱུར་པའི་


DTG015_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷུན་པོ་རྡོ་རྗེའི་རང་བཞིན་རི་རབ་ཆེན་བོའི་འོག་གི་རྒྱར་དཔག་ཚད་བཅུ་དྲུག་སྟེང་གི་དཔག་ཚད་སྟོང་ཕྲག་ལྔ་བཅུའོ། །ནང་དུ་ལྟེ་བ་སའི་དཀྱིལ་འཁོར་ལ་ཐུག་པ་ལྷུན་པོ་ཆེན་པོའོ། །ཕྱི་རོལ་དུ་ལྷུན་པོའི་སྟེང་དུ་ཀྵ་ལས་གྱུར་པའི་སྣ་ཚོགས་པདྨ་ལྷུན་པོ་ཆེན་པོའི་ཕྱེད་ཙམ་མོ། །ནང་དུ་བཅོམ་ལྡན་འདས་མའི་གསང་བའི་པདྨའོ། །ཕྱི་རོལ་ལ་དེའི་ཕྱེད་ཀྱི་ཆའི་ཟེའུ་འབྲུ་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་མོ། །ནང་དུ་བཤང་བ་དང༌། གཅི་པ་དང༌། ཁུ་འབབ་པའི་རྩ་གསུམ་ནི། ཟླ་བ་དང༌། ཉི་མ་དང༌། སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་གསང་བའི་པདྨའི་ཟེའུ་འབྲུ་ལ་དེ་དང་མཉམ་པའི་རྒྱུ་བའོ། །ཕྱི་རོལ་དུ་དེའི་སྟེང་དུ་ཧཱུཾ་ལས་སྐྱེས་པ་ཟླ་བའི་དཀྱིལ་འཁོར་ཟེའུ་འབྲུ་དང་མཉམ་པའོ། །ནང་དུ་ཧཾ་ལས་བྱུང་བའི་ཁུ་བའོ། །ཕྱི་རོལ་ལ་དེའི་སྟེང་དུ་ཚེག་དྲག་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་རོ། །ནང་དུ་གཡོན་པ་ལས་བྱུང་བའི་ཉི་མའོ། །ཕྱི་རུ་དེའི་སྟེང་དུ་ཐིག་ལེ་ལས་བྱུང་བ་སྒྲ་གཅན་གྱི་དཀྱིལ་འཁོར་མདོག་སྔོན་པོའོ། །ནང་དུ་ཨ་བ་དྷཱུ་ཏཱིར་འདྲེས་པའོ། །ཕྱི་རོལ་དུ་དེ་ཐམས་ཅད་འདྲེས་པ་བསྟན་པའི་ཡེ་གེ་ཤེས་བརྩེགས་པ་ནི། ཧྐྵྨླྺྲྱཾ་ཞེས་པ་ནི་ས་བོན་རྣམས་བསྒོམ་པའོ། །ནང་དུ་ཁམས་གསུམ་པ་བརྟན་པ་དང་གཡོ་བར་བཅས་པ་ཤེས་རབ་མ་ལ་རྟོགས་པར་བྱའོ། །དེའི་མན་ངག་ནི་འདི་ཡིན་ཏེ། ཨ་ཞེས་པ་ནི་ནམ་མཁའི་ཁམས་སོ། །ཡ་ཞེས་པ་ནི་རླུང་གི་ཁམས་སོ། །ར་ཞེས་པ་ནི་མེའི་ཁམས་སོ། །ཝ་ཞེས་པ་ནི་ཆུའི་ཁམས་སོ། །ལ་ཞེས་པ་ནི་སའི་ཁམས་སོ། །མ་ཞེས་པ་ནི་རི་རབ་པོ། །དེ་ནི་བརྟན་པ་སྣོད་ཀྱི་འཇིག་རྟེན་གྱི་ཁམས་སོ། །ཀྵ་ཞེས་པ་ནི་གཡོ་བ་བཅུད་ཡིན་ཏེ། འདོད་པའི་ཁམས་དང༌། ཐིག་ལེ་དང༌། ཚེག་དྲག་དང༌། ཟླ་བ་དང༌། ཉི་མ་དང༌། ཧ་ཞེས་པ་ནི་གཟུགས་ཁམས་དང༌། སྒྲ་མཐའ་གཟུགས་མེད་པའི་ཁམས་སོ། །དེ་བས་ན་ཁམས་གསུམ་ཀུན་བསྐྱེད་པའི་ཡུལ་མཆོག་ཏུ་བལྟའོ་ཞེས་པའོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའོ། །ཡང་ཕྱི་རོལ་དུ་སྐུ་གསུང་ཐུགས་ཀྱི་འཁོར་ལོའོ། །ནང་དུ་ལུས་དང་ངག་དང་ཡིད་དོ། །ཕྱི་རོལ་དུ་ཐུགས་ཀྱི་དཀྱིལ་འཁོར་སའི་ཁོར་ཡུག་ལ་


DTG015_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུག་པའོ། །དེའི་ཕྱིར་རོལ་དུ་གསུང་གི་དཀྱིལ་འཁོར་ཆུའི་ཁོར་ཡུག་ལ་ཐུག་པར་རོ། །དེའི་ཕྱིར་རོལ་དུ་སྐུའི་དཀྱིལ་འཁོར་རླུང་གི་ཁོར་ཡུག་ལ་ཐུག་བར་རོ། །སྐུའི་དཀྱིལ་འཁོར་ལ་རྒྱར་དཔག་ཚད་བཞིའོ། །གསུང་གི་དཀྱིལ་འཁོར་ལ་རྒྱར་དཔག་ཚད་གཉིས་སོ། །ཐུགས་ཀྱི་དཀྱིལ་འཁོར་ལ་ཡང་དེའི་ཕྱེད་དོ། །བདེ་བ་ཆེན་པོའི་དཀྱིལ་འཁོར་ལ་ཡང་དེའི་ཕྱེད་དོ། །དེའི་ཡང་ཕྱེད་ནི་བཅོམ་ལྡན་འདས་ཀྱི་པདྨའོ། །པདྨའི་སུམ་ཆ་ནི་ལྟེ་བའོ། །ཟླ་བ་དང༌། ཉི་མ་དང༌། སྒྲ་གཅན་གྱི་དཀྱིལ་འཁོར་ཡང་དེ་བཞིན་ནོ། །ནད་དུ་ནི་གསང་བའི་པདྨ་ནས་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོ་དང༌། གཙུག་ཏོར་གྱི་བར་རོ། །ཡང་ན་སྙིང་ག་དང༌། དཔུང་པ་དང༌། ལག་ངར་དང༌། །སེན་མོ་ལ་ཐུག་པར་ཤེས་རབ་ཀྱི་ལུས་ལ་རྣམ་པར་བརྟགས་ནས་བསྒོམ་པའི་ངེས་པའོ། །ཕྱི་རུ་དཀྱིལ་འཁོར་སོ་སོ་ལ་སྒོ་བཞི་བཞིའོ། །ནང་དུ་རཱ་ཤི་བཅུ་གཉིས་དང༌། ལུས་ངག་ཡིད་གསུམ་གྱི་དབྱེ་བའོ། །ཕྱི་རོལ་དུ་ནོར་བུ་དང༌། གསེར་ལས་བྱུང་བའི་རྟ་བབས་སོ། །ནང་དུ་ནི་ཟླ་བ་ཉི་མ་འབྱུང་བའོ་།ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་དུ་དུར་ཁྲོད་བརྒྱུད་དོ། །ནང་དུ་རྣམ་པར་ཤེས་པར་བརྒྱད་དོ། །ཕྱི་རོལ་དུ་ཀ་བ་བརྒྱད་དོ། །ནང་དུ་དཔུང་པ་ལ་སོགས་པ་བརྒྱད་དོ། །ཕྱི་རུ་གཙོ་བོའི་རང་བཞིན་ནོ། །ནང་དུ་སེམས་ལས་གྲུབ་པའོ། །ཕྱི་རོལ་དུ་རྡོ་རྗེའི་ཐིག་ལ་སོགས་པའོ། །ནང་དུ་རྩ་རྣམས་སོ། །ཕྱི་རོལ་དུ་དཀར་པོ་ལ་སོགས་པའི་ཁ་དོག་གོ །ནང་དུ་བད་ཀན་ལ་སོགས་པའོ། །ཕྱི་རོལ་དུ་འདོད་པའི་ལྷ་མོའོ། །ནང་དུ་ཡུལ་དང་ཡུལ་ཅན་ནོ། །ཕྱི་རོལ་དུ་དྲ་བ་དག་དྲ་བ་ཕྱེ་པའོ། །ནང་དུ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའོ། །དེ་ལྟར་ལུས་ཀྱི་ཁམས་དག་པར་བསྟན་ནས། ཆོས་ཀྱི་ཕུང་པོ་དག་པའི་སྒོ་ནས་ཕྱི་རོལ་བསྐྱེད་པའི་རིམ་པ་དང༌། ནང་ཟབ་མོ་བསྐྱེད་པའི་རིམ་པ་སྟེ། ཆོས་ཀྱི་ཕུང་པོ་རྣམ་པར་དག་པ་བསྟན་ཏེ། ཕྱི་རོལ་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་རྣམ་པར་ཐར་པ་བརྒྱད་དང་ཡན་ལག་བཅུ་གཉིས་དང༌། ས་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་རྣམ་པར་དག་པ་


DTG015_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་ལ། ནང་དུ་འཆད་བཞིན་པའི་ཕན་ཡོན་ལྔ་པའི་དཔའ་མོའི་ཚད་བསྟན་པ་ལས་རྟོགས་པར་བྱའོ། །ད་ནི་ཕྱི་རོལ་དུ་ལྷ་བསྐྱེད་པ་དང༌། ནང་དུ་སྐུ་རྫོད་པ་དེ་བརྗོད་པར་བྱའོ། །ཕྱི་རོལ་དུ་ཨ་ཨི་རྀ་ཨུ་ལྀ་ཨ་ཨེ་ཨར་ཨ་ལ་ཧ་ཡ་ཝ་ར་ལ་ཨཾ་དང་བཅུ་དྲུག་གཡོན་སྐོར་བྱས་པ་དང༌། དེ་ནས་གཡས་སྐོར་དུ་ནག་པོའི་ཚེས་གཅིག་ལ་སོགས་པའི་ཆ་ལ་ཝཱ་རཱ་ཡཱ་ཧཱ་ཨ་ལ་ཨུ་ཨར་ཨི་ཨེ་ཨ། ལཱྀ་ཨུ་རཱྀ་ཨི་ཨཿམ་ཐར་ཚེག་དྲག །ཨ་ཞེས་བྱ་བ་དབྱངས་བཅུ་དྲུག་གིས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འགྲུབ་པར་བྱེད་པའི་ཟླ་བའི་ཆའོ། །ནང་དུ་ཟླ་བ་འབབ་པར་བྱེད་པའི་རྩ་སུམ་ཅུ་རྩ་གཉིས་ཏེ། འདིར་རིང་ཐུང་གཉིས་ཐབས་དང་ཤེས་རབ་ཏུ་ལྡན་པར་ཟླ་བ་བྱང་ཆུབ་ཀྱི་སེམས་རྫོགས་པས་ནའོ། །ཀྵ་ཧ་ས་ཥ་ཤ་ཨ་ལ་ཝ་ར་ཡ་ཧ། སྶ་ཉྤྙྤ་ཥྵ་ཤྴ་ཏྟ་ཐྠ་དྡ་དྡ་དྷྡྷ་ནྣ། པྤ་ཕྥ་བྦ་བྷྦྷ་མྨ། ཊྚ་ཋྛ་ཌྜ་ཌྷྜྷ་ཎྞ། ཙྪ་ཚྪ་ཛྫ་ཛྡྫྫ་ཉྙ། ཀྐ་ཁྑ་གྒྷ་གྡྒྷ་དྡ། ཞེས་པ་བཞི་བཅུ་གཡས་སྐོར་དུ་དགོད་དེ། ས་ལ་སོགས་པའི་དབྱེ་བ་དང་ལྡན་པའོ། །དེ་ནས་གཡོན་སྐོར་དུ་དགོད་པ་ནི། ང་གྷ་ག་ཁ་ཀ །ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཥ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ཀྵ་སྒ་ཥ་ས་ཧ། ཡ་ཧ་ཝ་ར་ལ། ཌ་བྷ་ཡ་ར་ལ་ཞེས་པ་བཞི་བཅུའོ། །དེ་ལྟར་དཔེ་བྱད་བརྒྱད་ཅུ་དང་ཉི་མའི་ཆའོ། །ནང་དུ་ཉི་མ་འབབ་པར་བྱེད་པ་ལ་ནམ་མཁའ་ལ་སོགས་པ་ལུགས་སུ་འབྱུང་བའི་རྩ་བཞི་བཅུ་དང༌། ས་ལ་སོགས་པ་ལུགས་ལས་བཟློག་པའི་རྩ་བཞི་བཅུ་སྟེ། དེས་ཉི་མའི་བྱང་ཆུབ་ཀྱི་སེམས་རྫོགས་པའོ། །ཕྱི་རོལ་ཉི་མའི་འོག་ཏུའོ། །ཟླ་བའི་སྟེང་དུའོ། །ནང་དུ་འདྲེས་པར་འགྱུར་པའོ། །ཕྱི་རོལ་དུ་དེ་དག་གི་དབུས་ས་བོན་དང་མཚན་མའོ། །འཁོར་བ་ལུགས་སུ་འབྱུང་བ་ལ་ཀུན་བཞི་རྣམ་པར་ཤེས་པ་དྲི་ཟ་ཉེ་བར་འཁོར་བའི་སེམས་ཅན་ནོ། །གཡས་དང་གཡོན་གྱི་ངོས་གཉིས་སུ། །ཟླ་བ་ཉི་མ་ཞེས་བྱ་སྟེ། །མགྲིན་པའི་གནས་ལས་བརྩམས་པ་ཡི། །རྩ་ནི་ལོངས་སྤྱོད་རྫོགས་པ་ཅན། །འོག་ཏུ་ཕྱོགས་ཤིང་བདུད་རྩི་འཛག །ལྟེ་བའི་དབུས་སུ་ངལ་བསོ་ན། །ལྟེ་བ་ནས་འགྲིང་རྩ་ནི་དཀར། །སྟེང་གི་ཕྱོགས་ནི་དེ་བཞིན་དུ། །ཁྲག་ནི་འབབ་པའི་བར་དུ་གནས། །མགྲིན་པའི་


DTG015_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུས་སུ་ངལ་བསོའོ། །བདུད་རྩི་ཟླ་བ་ཞེས་བྱ་སྟེ། །ཁྲག་ནི་ཉི་མར་བརྗོད་པ་ཡིན། །སྟེང་དང་འོག་ཏུ་བརྟེན་ནས་སུ། །སྒོ་གཉིས་ལ་ནི་འབྱུང་བ་ཡིན། །ཉི་ཟླར་གྲགས་པའི་རྩ་གཉིས་དག །དཔའ་བོ་མཁའ་འགྲོ་མ་རྣམས་ཀྱི། །འགྲོ་དང་འོང་དང་ངེས་པར་བརྗོད། །ཤར་དང་ནུབ་དང་གཉིད་ལོག་དང༌། །གཡས་དང་དེ་བཞིན་གཡོན་གཉིས་སུ། །སྟེང་ལས་དབྱངས་ཡིག་བཅུ་གཉིས་གནས། །ཀ་སོགས་འོག་ཏུ་བལྟས་པ་ནི། །ངོས་གཉིས་དག་ཏུ་སྤེལ་བའོ། །དབུས་སུ་དེ་ནི་སྦྱར་བར་བྱ། །འོག་གི་ཆ་ལ་གནས་པ་ནི། །ཡི་གེ་ཀྵ་ཡིས་བསྲུང་བར་བྱ། །གང་གིས་མགྲིན་པར་ཆགས་ཆེན་པོ། །ཟླ་བའི་གཟུགས་ཀྱིས་ཡང་དག་གནས། །དེ་ཚེ་ལོངས་སྤྱོད་རྫོགས་པར་བཤད། །སངས་རྒྱས་རྣམས་ཀྱི་སྐུ་ཡི་མཆོག །གང་ཚེ་རྡོ་རྗེའི་རྩེར་གནས་པ། །དེ་ཚེ་དེ་ནི་སྣ་རྩེ་རུའོ། །གང་ཚེ་ལོངས་སྤྱོད་རྫོགས་སྐུ་དེ། །ནུབ་པར་འགྱུར་པ་དེ་ཡི་ཚེ། །བྷ་གའི་ནང་དུ་སོན་དེ་ཡང༌། །ཡུངས་ཀར་ཞེས་ནི་བརྗོད་པར་བྱ། །ཉི་མའི་གཟུགས་སུ་ཡང་དག་བཤད། །སྤྲུལ་པའི་སྐུར་ནི་བརྗོད་པ་སྟེ། །སངས་རྒྱས་བྱང་ཆུབ་སེམས་དཔའི་རྣམས། །བསྐྱེད་ཅིང་སྤྲོ་བར་བྱེད་པ་ཡིན། །པདྨ་གར་དབང་རྒྱལ་པོ་ཡིས། །པདྨ་འབྱེད་པའི་འབྱོར་ལྡན་པ། །དེ་ནི་ཉི་མ་ནུབ་གྱུར་པ། །སྤྲུལ་པའི་རང་བཞིན་གང་ཡིན་དེ། །རྫོགས་པའི་བྱང་ཆུབ་སེམས་ཞེས་བྱ། །གོང་བུར་གྱུར་པ་རྟོག་མེད་དངོས། །འཁོར་བའི་ལམ་ནི་རྣམ་གཅོད་ཅིང༌། །སྤྲོས་པ་ཉེར་ཞི་དགེ་བ་དང༌། །དམིགས་མེད་མཆོག་ཏུ་དག་པ་ཡིན། །རྡོ་རྗེ་སེམས་དཔའི་རང་བཞིན་དང༌། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། །དགོད་དང་ལྟ་དང་ལག་བཅངས་དང༌། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །འདོད་ཆགས་ཉིད་དང་ཆགས་བྲལ་ནི། །ཟོས་ནས་སྲིན་བུའི་ཚུལ་དུ་གནས། །རྩ་རྣམས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་བཤད་པའི་རྒྱུད་ལས་གསུང་པ་སྟེ་བླ་མའི་མན་ངག་གིས་བླང་བར་བྱའོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས་ཀྱང༌། རྡོ་རྗེ་བཙུན་མོའི་བྷ་ག་ནི།


DTG015_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨེ་ཡི་རྣམ་པའི་ཆ་བྱད་གཟུགས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཅན་རྟག་ཏུ་བཞུགས། །འཆད་པ་པོ་ང་ཆོས་ཀྱང༌། རང་གི་ཚོགས་ལྡན་ཉན་པ་དང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །ལྷ་ཅིག་སྐྱེས་དགའི་རང་བཞིན་པ། །མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱི་ཀྱང་ཡིད་ཀྱིས་ནི། །བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུ་ལྡན། །ཁུ་བ་ཞེས་བྱ་རམ་པར་གནས། །དེ་མེད་པས་ན་བདེ་མེད་འགྱུར། །ནུབ་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་དགའ་བས་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷ་ཅིག་སྐྱེས་པར་བརྗོད། །ཅེས་གསུངས་ཏེ། ཕྱི་རོལ་དང་ནང་དུ་བཅས་པའི་མན་ངག་གི་གསང་གནས་ཡེ་ཤེས་ཀྱི་འཁོར་ལོ་ལ་གང་ཟག་དང་ཡེ་ཤེས་ཀྱི་སྐུ་འབྲེལ་བར་བྱེད་པས་འཁོར་བ་ལུགས་ལས་བཟློག་པར་བསྟན་པའོ། །དེ་ལྟར་རྟེན་འཁོར་ལོ་དྲུག་གིས་འགྲོ་བའི་དངོས་པོ་རྣམས་པར་དག་པར་བསྟན་ནས། ད་ནི་ཐུན་མོངས་མ་ཡིན་པར་བསྟན་པའི་ཕྱིར། ཡོངས་སུ་དག་པ་ཐུན་མོང་མ་ཡིན་པའི་མཚན་ཡང་དག་པར་བརྗོད་པ་ཡིན་ཏེ་ཞེས་བྱ་བ་གསུངས་ཏེ། མ་དག་པ་འཁོར་བ་ལུགས་སུ་འཇུག་པ་སྔར་བསྟན་པ་ལྟར་དག་པར་བྱ་སྟེ། ཡོངས་སུ་དག་པ་ནི་ལེགས་པར་དག་པར་བྱས་ཞེས་བྱ་བའི་དོན་ཏོ། །ཐུན་མོང་མ་ཡིན་པ་ནི་ཡོངས་སུ་དག་པར་བྱེད་པའི་ལམ་ཐུན་མོངས་མ་ཡིན་པའོ། །དེ་གང་ཞེ་ན། མཚན་ཡང་དག་པར་བརྗོད་པ་ཡིན་ཏེ་ཞེས་པའོ། །ཐུན་མོང་ཞེས་བྱ་བ་ནི་དྲང་བའི་དོན་དང་སྐྲ་ཇི་བཞིན་པ་དང་དགོངས་ཏེ་གསུངས་པའོ། །ཐུན་མོང་མ་ཡིན་པ་ནི་ངེས་པའི་དོན་དང་སྒྲ་ཇི་བཞིན་མ་ཡིན་པ་དང་དགོངས་ཏེ་གསུངས་པ་མ་ཡིན་པའོ། །དྲང་དོན་གང་ཞེ་ན་ཐེག་པ་རྣ་ཚོགས་སུ་གསུངས་པའོ། །ངེས་དོན་གང་ཞེ་ན་ཐེག་པ་གཅིག་ཏུ་གསུངས་པའོ། །སྒྲ་ཇི་བཞིན་པ་གན་གཞེན་བསྐལ་པ་གྲངས་མེད་པ་བཞིས་སངས་རྒྱས་པའོ། །སྒྲ་ཇི་


DTG015_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་མ་ཡིན་པ་གང་ཞེ་ན་སྐད་ཅིག་མས་སངས་རྒྱས་པའོ། །དགོངས་ཏེ་གསུངས་པ་གང་ཞེ་ན་ཉོན་མོངས་པ་སྤངས་ནས་སངས་རྒྱས་པའོ། །དགོངས་ཏེ་གསུངས་པ་མ་ཡིན་པ་གང་ཞེ་ན། ཉོན་མོངས་པ་སྦང་དུ་མེད་པར་གསུངས་པའོ། །དེ་སྐད་དུ་ཡང་འདི་ཉིད་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་རིག །འགྲོ་བའི་དོན་ལ་རྟོག་པ་པོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། ཐུན་མོང་མ་ཡིན་པ་ནི་གསང་སྔགས་ཀྱི་ཐེག་པ་སྟེ། དབང་དང༌། དམ་ཚིག་དང༌། སྔགས་དང༌། ཕྱག་རྒྱ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་གསང་སྔགས་ལས་ཀྱང་ཁྱད་པར་ཅན་གྱི་དབང་བསྐུར་བའི་དཔོན་བསྟན་པའི་ཕྱིར། ཁྱོད་ཀྱི་དགའ་བ་དང༌། དང་བ་དང༌། མགུ་བ་ཆེན་པོ་བླ་ན་མེད་པ་སྐྱེས་པ་དང་ཞེས་གསུངས་ཏེ། ཁྱོད་ཅེས་བྱ་བ་ནི་ལག་ན་རྡོ་རྗེ་ཞེས་པའོ། །དགའ་བ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་ངོ་བོ་སྣང་བ་སྣ་ཚོགས་པའི་སྐད་ཅིག་མ་སྟེ། དགའ་བ་དང་དང་བཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་སྣ་ཚོགས་ཀྱི་དྲི་མ་དང་བྲལ་བས་དང་བ་སྟེ། རྣམ་པར་སྨིན་པས་མཆོག་ཏུ་དགའ་བའོ། །མགུ་བ་ཆེན་པོ་ཞེས་བྱ་བ་ནི་སྔར་གྱི་བདེ་བ་ཕུང་དུ་ཕྱིན་པའི་ཉམས་སུ་མྱོང་བ་ཙམ་ལ་དམིགས་པ་མགུ་བར་བྱས་པ་རྣམས་པར་ཉེད་པ་པ་དགའ་བྲལ་ལོ། །བླ་ན་མེད་པ་བསྐྱེད་པ་ཞེས་བ་ནི་མཐར་ཐུག་པའི་ཡེ་ཤེས་གང་ན་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་དང་བྲལ་བ་ལྷན་ཅིག་སྐྱེས་དགའོ། །བསྐྱེད་པ་ཞེས་པ་ནི་སྔོན་ཁྱོད་ཀྱི་རྒྱུད་ལ་ཡེ་ཤེས་དེ་ལྟར་བུ་སྐྱེ་མ་མྱོང་བ་དེ་དག་བསྐྱེད་པར་བྱའོ་ཞེས་པའོ། །དེ་དག་གིས་ཀྱང་ཅི་བྱེད་ཅེ་ན། དམ་པའི་ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བའི་བར་གྱི་ཕྱིར་སྔས་བསྟན་ཅིང་བཤད་ཅེས་བྱ་བར་འབྲེལ་ལོ། །དེ་ཡང་མདོར་བསྡུ་ན། མ་དག་པ་བསྟན་པར་བྱ་བའི་ཕྱིར། ལུས་དང་ངག་དང་ཡིད་ཀྱི་གསང་བ་ཡོངས་སུ་མ་དག་པ་ཞེས་གསུངས་ཏེ། མ་དག་པའི་དངོས་པོ་བཞི་ཡོད་དོ་ཞེས་པའོ། །མ་དག་པར་བྱས་པ་ནི་དྲི་མ་སྟེ་དྲི་མ་དང་བཅས་པའི་ལུས་ལ་སོགས་པའོ། །དེ་ཡང་


DTG015_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉོན་མོངས་པ་དང་ལས་དང་ཤེས་བྱའི་དྲི་མས་སོ། །ཉོན་མོངས་པ་ནི་ཡིད་འདོད་ཆགས་ལ་སོགས་པ་དང་ལྡན་པས་ཀུན་ནས་བསླངས་ཏེ། །ལུས་ཀྱི་ལས་སྲོག་གཅོད་པ་ལ་སོགས་པ་གསུམ་ལུས་ལས་ཀྱི་དྲི་མ་དང༌། བརྫུན་དུ་སྨྲ་བ་ལ་སོགས་པ་བཞི་ངག་ལས་ཀྱི་དྲི་མ་དང༌། གནོད་སེམས་ལ་སོགས་པ་གསུམ་ཡིད་ལས་ཀྱི་དྲི་མ་དང༌། ལས་དང་ཉོན་མོངས་པ་ཀུན་ཆ་ཕྲ་མོས་ཀྱང་དྲི་མ་དང་བཅས་པར་བྱེད་པ་ནི། །གསང་བ་ཡོངས་སུ་མ་དག་པའོ། །དག་པར་བྱ་བ་དང་ཞེས་པ་ནི་གང་གིས་དག་པར་བྱེད་ཅེ་ན། ཐུན་མོང་མ་ཡིན་པའི་ལམ་གྱི་ཡེ་ཤེས་ཀྱིས་དག་པར་བྱེད་དེ། །འདིར་དབང་བཞི་ལས་སྐྱེས་ཤིང་རྟོགས་པའི་ཡེ་ཤེས་ཀྱིས་སོ། །དབང་བཞི་གང་ཞེ་ན། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པའོ། །དེ་ལ་བུམ་པའི་དབང་གིས་ནི་ལུས་ཀྱི་དྲི་མ་དག་ནས་རྟོགས་པའི་ཡེ་ཤེས་ལུས་ཡོངས་སུ་དག་ནས་ལྷའི་དཀྱིལ་འཁོར་རོ། །གསང་བའི་དབང་གིས་ནི་ངག་གི་དྲི་མ་དག་ནས་རྟོགས་པའི་ཡེ་ཤེས་ངག་ཡོངས་སུ་དག་པ་ཡིག་འབྲུ་སྔགས་སྐྱི་འཁོར་ལོའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ནི་ཡེ་ཤེས་ཀྱི་དྲི་མ་དག་ནས་རྟོགས་པའི་ཡེ་ཤེས་ཡིད་ཡོངས་སུ་དག་པ་ཡེ་ཤེས་ཀྱི་འཁོར་ལོའོ། །དབང་བཞི་པས་ནི་མ་དག་པ་གསང་བའི་སྒྲིབ་པ་ཐམས་ཅད་དག་ནས་གསང་བ་ཡོངས་སུ་དག་པ་བདེ་བ་ཆེན་པོའི་འཁོར་ལོའོ། །དང་ཞེས་པའི་སྒྲ་ནི་ཀྱང་གི་དོན་ཏོ། །མ་དག་པ་མེ་ལོང་གི་གཡའ་དང་ནམ་མཁའ་ལ་སྤྲིན་ལྟ་བུ་དག་ནས་ཀྱང་མ་རྫོགས་པ་དང༌། མ་ཐོབ་པ་དང་མ་རྫོགས་པ་རྣམས་རྫོགས་པ་དང༌། རྟོགས་པ་དང་ཐོབ་པར་བྱེད་པ་ཞེས་པའོ། །དེ་དག་བསྡུ་བའི་སྒྲ་བསྟན་ནས་སོ་སོར་བསྟན་པའི་ཕྱིར། ཡོངས་སུ་མ་རྫོགས་པའི་ས་དང་ཞེས་གསུངས་ཏེ། དེ་ལ་ཡོངས་སུའི་སྒྲ་ནི་མཆོག་ཏུའོ། །མ་རྫོགས་པ་ནི་མ་ཚང་བ་དང༌། མ་ཁེངས་པའོ། །དངོས་པོ་གང་མ་རྫོགས་ཤེ་ན་ས་ཞེས་པའོ། །དེ་ལས་ནི་གོང་མའི་འབྲས་བུ་དང༌། ཡོན་ཏན་གྱི་རྟེན་དུ་གྱུར་པའོ། །རྫོགས་པ་ནི་བཅུ་གཅིག་པ་དང༌། བཅུ་གསུམ་པ་སྟེ་སངས་རྒྱས་ཀྱི་སའོ། །དེ་བས་ན་སངས་རྒྱས་ཀྱི་ས་དེ་དག་མ་རྫོགས་པའོ། །ཇི་སྐད་དུ་གསུངས་པའི་


DTG015_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ནི་ས་བཅུ་གཅིག་པ་སངས་རྒྱས་ཀྱི་སར་གསུངས་ལ། གསང་སྔགས་ཀྱི་ཐེག་པར་ནི་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཞེས་གསུངས་སོ། །བཅུ་གཅིག་མན་ཆད་ཐུན་མོང་དུ་གསུངས་ལ། བཅུ་གཉིས་ཡན་ཆད་ཁྱད་པར་གྱི་སར་གསུངས་སོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་ས་བཅུ་རིམ་གྱིས་བགྲོད་པའི་ཐེག་པར་འདོད་ལ། འདིར་ནི་ཐབས་ཀྱི་ཁྱད་པར་དང་གདམས་ངག་གི་ཁྱད་པར་གྱིས་མིའི་སྐྱེ་བ་འདི་ཉིད་ལ་རྫོགས་པར་འདོད་དོ། །དེ་ཡང་ཁྱད་པར་ནང་གི་ས་བཅུ་ནི་འདི་ལྟ་སྟེ། གནས་དང་ཉེ་བའི་གནས་དང༌། ཞིང་དང་ཉེ་བའི་ཞིང་དང༌། འདུ་བ་དང་ཉེ་བའི་འདུ་བ་དང༌། འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དང༌། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང་བཅུའོ། །འདིར་སྔར་བཤད་པའི་ཆོས་དང་ལོངས་སྤྱོད་པ་དང་སྤྲུལ་པའི་འཁོར་ལོའོ། །ནང་ན་གསང་བའི་རྩ་བརྒྱད་བརྒྱ་པ་ཉི་ཤུ་རྩ་ལྔ་བླ་མའི་མན་ངག་གིས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་རིམ་པས་ཁེངས་ཙ་ན་ས་བཅུ་དང༌། བ་རོལ་ཏུ་ཕྱིན་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་པར་བྱ་བ་དང་ཞེས་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། སྟོབས་དང༌། ཐབས་དང༌། སྨོན་ལམ་དང༌། ཡེ་ཤེས་བཅུར་གང་གསུངས་པ་རྣམས་སོ། །དང་ཞེས་པ་ནི་ས་བཅུ་དང༌། ཤེས་པ་བཅུ་དང༌། དབང་བཅུ་དང༌། རྣམ་པ་བཅུ་དང༌། དོན་བཅུ་དང༌། སྟོབས་བཅུ་བསྡུ་བའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་གནས་པ་ལམ་ལ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱ་བ་དང༌། དག་པ་རང་བཞིན་ལ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱ་བ་དང༌། ཐོབ་པ་འབྲས་བུ་ལ་མ་རྫོགས་པ་རྫོགས་པར་བྱ་བ་དང༌། ཚུལ་གདམས་ངག་ལ་མ་རྫོགས་པ་རྫོགས་པར་བྱའོ། །དེ་ཡང་གནས་པ་ལམ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པར་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྐབས་ནས་སྟོན་ཏོ། །དག་པ་རང་བཞིན་གྱི་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྐབས་


DTG015_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་སྟོན་ནོ། །ཐོབ་པ་འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྐབས་ནས་སྟོན་ནོ། །ཚུལ་མན་ངག་གི་ཕ་རོལ་ཏུ་ཕྱིན་པ་ནི་བླ་མའི་མན་ངག་གིས་ཐེག་པ་ཆེན་པོའི་ཚུལ་དང་སྦྱར་བའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཉིད་དེ། སྦྱིན་དང་ཚུལ་ཁྲིམས་བཟོད་པ་གསུམ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །བསམ་གཏན་ཤེས་རབ་ཆོས་ཀྱི་སྟེ། །བརྩོན་འགྲུས་གཉི་གར་འདོད་པ་ཡིན། །ཞེས་བྱ་བས་སོ། །སྟོབས་དང་ཐབས་དང་སྨོན་ལམ་ནི་བསོད་ནམས་ཀྱི་ཚོགས་སོ། །ཡེ་ཤེས་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལྟར་བདག་དང་གཞན་གྱི་དོན་གཉིས་ཚང་བ་ནི་རྫོགས་པའོ། །ཡང་ན་རྫོགས་པ་ཞེས་བྱ་བའི་སྒྲ་ནི་ཟླ་བ་ཉ་བ་བཞིན་ནོ། །ཡོངས་སུ་རྫོགས་པ་ནི་སྔར་སྨོན་པའི་བཅུ་པོ་ཀུན་རྣམ་པར་དག་པར་འགྱུར་པའོ། །བྱ་བ་ཞེས་བྱ་བ་ནི་རྒྱུ་དེས་ན་ཞེས་པའི་དོན་ཏོ། །ཐབས་ལས་བྱུང་བའི་འབྲས་བུ་བསྟན་པའི་ཕྱིར་བླ་ན་མེད་པའི་དོན་མ་རྟོགས་པ་རྟོགས་པར་བྱ་བ་དང༌། མ་ཐོབ་པ་ཐོབ་པར་བྱ་བ་ནས་ཞེས་སྨོས་ཏེ། བླ་ན་མེད་ཅེས་པ་ནི་གོང་ན་མེད་པའོ། །དོན་ནི་དོན་དུ་ཉེ་བར་བྱ་བ་ཕྱག་རྒྱ་ཆེན་པོའོ། །མ་རྟོགས་པ་ཞེས་བྱ་བ་ནི་ཁོང་དུ་མ་ཆུ་ད་པའོ། །རྟོགས་པར་བྱ་བ་དང་ཞེས་བྱ་བ་ནི་མངོན་སུམ་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དཔེར་ན་དབུལ་པོས་གཏེར་ཡོད་པར་རྟོགས་པ་བཞིན་ནོ། །མ་ཐོབ་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་གང་དང་གང་གིས་ཐོབ་པར་མ་ནུས་པ་དེའོ། །ཐོབ་པ་ནི་དེའི་བདག་ཉིད་དུ་གྱུར་པ་འམ་དབང་བསྐུར་བའོ། །ནས་ཞེས་པ་ནི་དངོས་པོ་གཞན་འོག་ནས་འབྱུང་བ་སྡུད་པར་བྱེད་པ་སྟེ། ཐོག་མཐའ་བསྡུ་བའི་སྒྲའོ། །དེ་གང་ཞེ་ན། ཇི་སྙེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་གསུངས་ཏེ། ཇི་སྙེད་ཅེས་པ་ནི་དུས་ཇི་སྲིད་ཅེས་དུས་ཀྱི་མཐའ་གཟུང་བའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ་དུས་གསུམ་གྱིས་བསྡུས་པ་འམ་རིགས་དྲུག་གིས་བསྡུས་པའོ། །དམ་པའི་ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བའི་བར་གྱི་ཕྱིར་དང་ཞེས་པ་ནི་དམ་པ་ནི་བཤད་མ་ཐག་པའི་དེ་


DTG015_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱིས་གསུངས་པའི་ཆོས་ནི་དམ་པའི་ཆོས་ཏེ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་རྡོ་རྗེ་ཐེག་པ་འདིའོ། །དེ་བས་ན་འདི་གཟུང་བས་སངས་རྒྱས་ཀྱི་བཀའ་མཐའ་དག་གཟུང་བར་འགྱུར་ཞེས་པའོ། །ཤིན་ཏུ་རྒྱས་པར་སྐབས་འོག་ནས་སྟོན་ཏོ། །ཕྱིར་ཞེས་པ་ནི་དགོངས་པ་སྨོས་པའོ། །དང་ཞེས་པ་ནི་དགོས་པ་གཞན་ཡང་ཡོད་དེ་ཞེས་པའོ། །གང་ཞེ་ན་ངས་བཤད་ཅིང་བསྟན་ཏེ་འགྲེལ་ཞིང་རྣམ་པར་ཕྱེ་ལ་གསལ་བར་བྱས་ཏེ་བྱིན་གྱིས་བརླབ་པོ་ཞེས་བྱ་བ་གསུངས་ཏེ། ངས་ཞེས་པ་ནི་ཤཱཀྱ་ཐུབ་པ་ངས་ཞེས་པའོ། །བཤད་ཅིང་ཞེས་པ་ནི་གཞུང་ཡི་གེའི་སྒོ་ནས་སོ། །བསྟན་ཏེ་ཞེས་བྱ་བ་ནི་མངོན་སུམ་དུ་ཉམས་སུ་མྱོང་བར་བྱས་ཞེས་པའོ། །འགྲེལ་ཞིང་ཞེས་བྱ་བ་ནི་དགོངས་པ་ངེས་པར་འགྲེལ་བ་སྟེ། དྲང་དོན་དང་ངེས་དོན་ལ་སོགས་པའི་མན་ངག་གོ །རྣམ་པར་ཕྱེ་ལ་ཞེས་པ་ནི་བཤད་པའི་རྣམ་གྲངས་དབྱེ་བ་སྟེ་ཟབ་པ་དང་རྒྱ་ཆེ་བ་ལ་སོགས་པར་རོ། །གསལ་བར་བྱས་ཞེས་པ་ནི་བཤད་མ་ཐག་པའི་དོན་བཞིའི་སྒོ་ནས་རིམ་པ་བཞིན་དུ་གཞུང་དང་ཉམས་སུ་མྱོང་བ་དང་དགོངས་པའི་དོན་དང༌། །བཤད་པའི་རྣམ་གྲངས་གསལ་བར་ཁོང་དུ་ཆུད་པར་བྱའོ་ཞེས་པའོ། །དེ་དག་ཐམས་ཅད་ཀྱང་མདོར་བསྡུ་ན་བྱིན་གྱི་རླབས་ཀྱི་སྒོ་ནས་འཇུག་པ་བསྟན་པའི་ཕྱིར་རོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང༌། །ཞེས་པས་བོད་པ་མཛད་དེ། ལག་ན་རྡོ་རྗེའི་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །ངས་ཡང་ཁྱོད་ཀྱི་རྒྱུད་ལ་གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་པའོ་ཞེས་བྱ་བ་ནི་ཡང་ཞེས་བྱ་བ་ནི་བསྣན་པའི་སྒྲ་སྟེ་བཤད་པ་དང༌། འགྲེལ་པ་དང་རྣམ་པར་ཕྱེ་བ་གསུམ་གྱིས་གཞུང་ཐོས་པ་ལ་སོགས་པ་བྱིན་གྱིས་བརླབས་ལ། ཡང་བསྟན་པ་དང་གསལ་བར་བྱས་པ་གཉིས་ཀྱིས་ནི་རྟོགས་པར་བྱིན་གྱིས་བརླབས་པའོ། །ངས་ཞེས་པ་ནི་སྟོན་པ་པོ་ངས་ཞེས་པའོ། །ཁྱོད་ཀྱི་རྒྱུད་ལ་ཞེས་པ་ནི་སྣོད་དང་ལྡན་པ་ལག་ན་རྡོ་རྗེ་ཁྱོད་ཀྱི་ཤེས་པའི་རྒྱུད་ལ་ཞེས་པའོ། །གསང་སྔགས་ཐམས་ཅད་ཀྱི་ཞེས་པ་ནི་གསང་སྔགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རིག་སྔགས་


DTG015_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་གཟུངས་སྔགས་ཐམས་ཅད་དོ། །དེ་རྣམས་ཆོས་ཀྱི་བཅུད་དུ་གྱུར་པས་བྱིན་གྱིས་བརླབས་སོ་ཞེས་པའོ། །ཆོས་ཉིད་ཅེས་པ་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་གསང་བའི་བདག་པོ་གཞན་ཡང་གསང་སྔགས་ཀྱི་ཆོས་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མ་བྱས། བྱེད་དུ་མ་བཅུག །རྗེས་སུ་ཡི་རང་བར་མ་བྱས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ན། འདི་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་དེ། འདི་ལྟ་སྟེ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དེ་ཡེ་ནས་གནས་པ་སྟེ། དེ་ཡང་འདིར། གསང་སྔགས་རྣམས་ཀྱི་ཆོས་ཉིད་དོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བའོ། །དེ་ལྟ་བུ་ལ་སོགས་པའི་བྱིན་གྱིས་བརླབས་ནི་དེ་ཉིད་ཁོང་དུ་ཆུད་པ་ལ་སོགས་བྱིན་གྱིས་བརླབས་པའོ། །དེ་དག་གིས་ནི་འཁོར་ལོ་དང་པོའི་ཕན་ཡོན་ཚིག་བཅུ་གཅིག་ཏུ་བགྲང་བའི་རྣམ་པར་བཤད་པའོ།། །།

འཁོར་ལོ་གཉིས་པའི་ཕན་ཡོན་ཚིག་གི་རྣམ་གྲངས་ལྔ་བཅུ་རྩ་གཉིས་ཀྱིས་བརྩིས་པའི་བཤད་པ།


DTG010_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་འཁོར་ལོ་གཉིས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྐབས་བཤད་པར་བཞེད་ནས། ལག་ན་རྡོ་རྗེ་རྡོ་རྗེ་འཆང༌། །ཞེས་བྱ་བ་གསུངས་ཏེ། ཚིག་གི་དོན་ནི་གོ་བདེ་བའོ། །རྫོགས་པར་བྱེད་པའི་མཚན་ཡང་དག་པར་བརྗོད་པའི་དགོས་པ་འཁོར་ལོ་དང་པོའི་ཕན་ཡོན་གྱི་སྐབས་སུ་དེ་ལྟར་བསྟན་ནས། ད་གཉིས་པའི་སྐབས་འདི་ནི་མི་འདྲ་བར་བསྟན་པའི་ཕྱིར། གཞན་ཡང་མཚན་ཡང་དག་པར་བརྗོད་པ་འདི་ནི་ཞེས་བྱ་བ་གསུངས་ཏེ། དེ་ཡང་མཚན་ཡང་དག་པར་བརྗོད་པ་ཞེས་པའི་གཞུང་གཅིག་ཏུ་ཟིན་ཀྱང་སྐབས་ཕྱེ་བ་ལས་དོན་ཐ་དད་པར་སྟོན་ཏོ་ཞེས་པའོ། །འདིས་ངོན་ཅི་སྟོན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤིན་ཏུ་དག་ཅིང་ཡོངས་སུ་བྱང་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་མ་ལུས་པའོ། །དེ་ཤིན་ཏུ་དག་པ་ནི་ལེགས་པར་དག་པ་སྣང་བ་དག་པ་སྟེ། དྲི་མ་དང་སྒྲིབ་པར་གྱུར་པ་མ་ལུས་པ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་སྔར་ཡོངས་སུ་རྫོགས་པ་དང་


DTG015_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་པ་ཞེས་བཤད་དོ། །བྱང་བ་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རབ་ཏུ་འབྱུངས་བ་སྟེ། ལེགས་པར་སྦྱངས་པའི་གསེར་བཞིན་ཉེས་པ་ཕྲ་མོའི་ཚད་ཙམ་ཡང་མི་མངའ་བའོ། །དེ་ལྟར་དག་པ་དང་བྱང་བའི་ཕྱིར་ཇི་སྙེད་པ་དང་ཇི་ལྟ་བ་མཁྱེན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རོ་གཅིག་པ་རང་གི་དོན་རྟག་ཏུ་མཉམ་པར་གཞག་པའོ། །ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྣང་བའི་རིམ་པ་སོ་སོར་བསྟན་པའི་ཕྱིར། སྐུ་དང་གསུང་དང་ཐུགས་གསང་བར་འགྱུར་པའོ་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་དག་ཅིང་བྱང་བར་བྱས་པའི་མེ་ལོང་ལ་གཟུགས་བརྙན་སྣ་ཚོགས་སོ་སོར་སྣང་བ་བཞིན་དུ་ཐུགས་རྗེ་ཆེན་པོའི་སྨོན་ལམ་གྱིས་འདུལ་བ་ལ་སྐུ་དང་གསུང་དང་ཐུགས་དང་གསང་བ་དང་ཡོངས་སུ་གྱུར་པ་རྣམས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་བས་ན་མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའི་དཀྱིལ་འཁོར་དང་གདུལ་བྱ་དྲག་པོ་འདུལ་བའི་ཕྱིར་མི་བསྐྱོད་པ་ཡང་རྣམ་པ་ལྔར་འགྱུར་པར་གོ་བར་བྱའོ། །དེ་རྣམས་ཀྱི་དོན་གཙོ་བོར་མི་བསྐྱོད་བ་ཉིད་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་བོའོ། །ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་མ་ལུས་པ་ཀུན་ཀྱང་རིགས་ལྔར་འདུས་སོ་ཞེས་དགོངས་པའོ། །སངས་རྒྱས་ཞེས་བྱ་བ་ནི་བློ་བྱེ་བ་དང་རྒྱས་པའི་ཕྱིར་རོ། །དེའི་མཚན་གང་ལ་ཡོད་པའོ། །བྱང་ཆུབ་པོ་ཞེས་པ་ནི་དེ་དག་ཀུན་གྱི་བྱང་ཆུབ་ནི་ཐུགས་ཀྱི་རིགས་མི་བསྐྱོད་པ་ཞེས་པའོ། །མི་བསྐྱོད་པས་རྒྱས་བཏབ་པའི་ཕྱིར་ཐམས་ཅད་ཅེས་པའི་སྒྲ་ནི་འོག་ནས་སྟོན་པ་ལ་ཡང་གོ་བར་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པའོ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྫོགས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་རྣམས་ཀྱི་མངོན་དུ་བྱ་བའི་ཆོས་ཉིད་མི་བསྐྱོད་པས་ན་མངོན་པར་རྟོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་


DTG015_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་པའོ་ཞེས་པ་ནི། དེ་བཞིན་གཤེགས་པ་སྔ་མ་བཞིན་ནོ། །ཆོས་ཀྱི་དབྱིངས་ཞེས་པ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །དབྱིངས་ཞེས་པ་ནི་འབྱུང་ཁུངས་སུ་འགྱུར་པའོ། །བླ་ན་མེད་པ་ནི་དེའི་གོང་ན་གཞན་མེད་པའོ། །ཐུགས་སུ་ཆུད་ཅེས་པ་ནི་མངོན་དུ་མཛད་ཅེས་པའོ། །དེ་ལྟར་རྟོགས་པ་དང་ཐུགས་སུ་ཆུད་པས་ཅིར་འགྱུར་ཞེ་ན། རྒྱལ་བ་རྣམས་ཀྱིས་བདུད་ཀྱི་སྟོབས་ཐམས་ཅད་ཕམ་པར་མཛད་པའོ་ཞེས་གསུངས་ཏེ། མི་མཐུན་པའི་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བས་ན་རྒྱལ་བའོ། །དཔེར་ན་རྡོ་རྗེ་ནི་རིན་པོ་ཆེའི་ཁྱད་པར་ཀུན་ལས་རྒྱལ་བ་བཞིན་ནོ། །མི་མཐུན་པའི་ཕྱོགས་དེ་དག་གང་ཞེ་ན། བདུད་ཀྱི་སྟོབས་ཐམས་ཅད་ཕམ་པར་མཛད་པའོ་ཞེས་གསུངས་ཏེ། བདུད་ནི་ཕུང་པོ་དང༌། ལྷའི་བུ་དང༌། ཉོན་མོངས་པ་དང༌། འཆི་བདག་གི་བདུད་དོ། །དེ་རྣམས་ཁམས་གསུམ་པའི་སེམས་ཅན་ལ་དགྲ་དང་འདྲ་བར་ཉེ་བར་འཚེ་ཞིང་འཇིགས་པར་བྱེད་པས་བདུད་དོ། །ལྷའི་བུའི་བདུད་ཀྱི་སྟོབས་ཀྱིས་མདངས་འཕྲོག་པ་དང༌། དབུགས་འཕྲོག་ཅིང་ལོངས་སྤྱོད་དང༌། བྱང་ཆུབ་ཀྱི་ལས་སྒོམ་པ་རྣམས་ལ་བར་དུ་གཅོད་དོ། །ཉོན་མོངས་པའི་བདུད་ཀྱི་སྟོབས་ཀྱིས་ནི་དྲན་པ་དང་ཤེས་བཞིན་ལ་སོགས་པ་མཐོ་རིས་དང་ཐར་པའི་དགེ་བའི་བར་དུ་གཅོད་པར་བྱེད་དོ། །དེ་སྐད་དུ་ཡང༌། ཉོན་མོངས་སྟོབས་ཆེན་དགྲ་འདིས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོའི་བདུད་ཀྱི་སྟོབས་ཀྱིས་ནི་རླུང་དང་མཁྲིས་པ་ལ་སོགས་པས་ལང་ཚོ་ལ་སོགས་པ་འཇོམས་པར་བྱེད་དོ། །འཆི་བདག་གི་བདུད་ཀྱི་སྟོབས་ཀྱིས་ནི་མྱུར་དུ་བར་དོར་འཁྲིད་ཅིང་གསོན་པོའི་ཚེ་འཇོམས་པར་བྱེད་པའོ། །དེ་ལས་གཞན་པའི་སྟོབས་རྣམས་བསྡུ་བའི་ཕྱིར་ཐམས་ཅད་ཅེས་པའོ། །ཕམ་པར་མཛད་པ་ནི་དེ་ལྟ་བུ་དེས་བཅོམ་པ་དང་བཤིག་པར་བྱས་པའོ། །དེ་བས་ན། བདུད་རྣམས་རབ་ཏུ་འཇིག་པར་མཛད། །ཅེས་བྱའོ། །ད་ནི་རང་གི་ཡེ་ཤེས་ཀྱི་སྟོབས་བསྟན་པའི་ཕྱིར། སྟོབས་བཅུ་དང་ལྡན་པ་ཐམས་ཅད་ཀྱི་སྟོབས་ཉིད་དོ་ཞེས་གསུངས་ཏེ། དེ་ལ་སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། དབང་


DTG015_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་སྣ་ཚོགས་པའི་ཏིང་ངེ་འཛིན་དང་རྣམ་པར་ཐར་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་དང༌། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་དང་ཟག་པ་མེད་པ་མཁྱེན་པའི་སྟོབས་ཏེ་བཅོམ་ལྡན་འདས་ཀྱི་མཐུ་རྩལ་ཁྱད་པར་བསྒོམ་པའི་ཕྱིར་དང༌། ཐོག་མ་མེད་པའི་མཉམ་པ་ཉིད་ཀྱི་གནས་ལས་སྤྲོས་པར་མཐོང་བའི་ཕྱིར་མཁྱེན་པ་ཞེས་བྱའོ། །དེ་ཡང་མཁྱེན་པའི་སྟོབས་ཀྱི་གཞི་སྤྱན་རྣམས་དང༌། སྟོབས་ཀྱི་རྟགས་ཕྱག་དྲུག་ཏུའོ། །དེ་ཡང་ཤེས་རབ་ཀྱི་སྟོབས་དང་ཐབས་ཀྱི་སྟོབས་ཏེ། སྔར་གྱི་སྟེང་དུ་གཉིས་བསྣན་པ་ནི་བཅུ་གཉིས་སོ། །དེ་ཡང༌། མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཞེས་པའོ། །སྟོབས་བཅུ་དང་གང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྟོབས་བཅུར་གང་བརྩིས་པ་དེ་རྣམས་ཀྱི་སྟོབས་ནི་ཐབས་ཤེས་རབ་ཀྱི་སྟོབས་ལས་བྱུང་བས་ན་སྟོབས་བཅུའི་སྟོབས་སོ། །དེ་ཡང་ཤེས་རབ་ཀྱི་སྟོབས་ཀྱི་ཁྱད་པར་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་གསུངས་ཏེ། ཐམས་ཅད་ཀྱི་སྒྲ་ནི་མ་ལུས་པའོ། །མཁྱེན་པ་ནི་ཇི་ལྟ་བ་བཞིན་དུ་སྟེ། །ཡེ་ཤེས་ཀྱི་སྤྱན་མཉམ་པ་མེད་པས་ཇི་སྙེད་པ་མཁྱེན་པའོ། །རྣམས་ཀྱི་ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་རྣམས་ཀྱི་ཡེ་ཤེས་ཡེ་ཤེས་ཀྱི་སྤྱན་འདི་ཞེས་པའོ། །ཉིད་དོ་ཞེས་པ་ནི་ཁོ་ན་སྟེ་ངེས་པར་བྱ་བའོ། །དེ་ལྟར་སྟོབས་རྣམས་ཀྱིས་བདུད་བཞིའི་སྟོབས་རྣམས་དུག་ག་ལ་དང་འདྲ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་བདུད་རྩིར་བྱས་ནས་ཞལ་བརྒྱའི་སྟོབས་མངའ་བས་གསོལ་བའོ། །འཆི་བདག་གི་བདུད་ལ་སོགས་པ་རྩད་ནས་གཅོད་པས་ན་མཆེ་བའི་ཁྱད་པར་ཀྱང་རབ་ཏུ་གཙིགས་པའོ་ཞེས་སྦྱར་རོ། །དེ་བས་ན་བགེགས་དང་ལོག་པར་འདྲེན་པ་རྣམས་ཀྱི་ཡང་གཉེན་པོ་དང་གདུལ་


DTG015_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀའ་འདུལ་བའི་དུས་སུ་ནམ་མཁའ་ལས་ཐོག་ལྟུང་བ་བཞིན་འཇིགས་པར་མཛད་དོ། །དེ་ལྟར་ཡང་ཅིས་མངོན་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་ལུང་ངོ་ཞེས་གསུངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་ནི་རྡོ་རྗེ་ལྟར་གང་ལ་ཡང་ཐོགས་པ་མེད་དོ་ཞེས་སོ། །སངས་རྒྱས་ཀྱང་ཡིན་ལ་ཞེས་པ་སྔ་མ་བཞིན་ཏེ་དུས་གསུམ་གྱི་སངས་རྒྱས་ཀུན་ནོ། །ཆོས་ཞེས་པ་ནི་ཐེག་པ་ཆེན་པོའོ། །ལུང་ངོ་ཞེས་པ་ནི་གཞན་ལས་འོངས་པའི་ཕྱིར་རོ། །དེ་བས་ན་རང་དང་གཞན་ལ་དེ་སྐད་དུ་གྲགས་པའོ། །ད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་དེ་བསྒྲུབ་བྱ་སྙིང་པོར་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་བསྒྲུབ་པའོ་ཞེས་གསུངས་ཏེ། སྙིང་པོ་རྡོ་རྗེ་དེ་ཕྱིན་ཅི་མ་ལོག་པར་བསྒྲུབས་པས་སངས་རྒྱས་ཐམས་ཅད་ཀྱང་སངས་རྒྱས་པའོ་ཞེས་པའོ། །དེ་ཡང་དེ་ཉིད་བསྒྲུབ་ན་ཚོགས་རྫོགས་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ་ཞེས་གསུངས་ཏེ། སེམས་རྡོ་རྗེ་ལྟར་སྐྱེས་པས་ན། དེ་བྱང་ཆུབ་སེམས་དཔའོ། །གཞན་ཡང་གནས་དེ་ལ་དགོད་པར་སེམས་པས་ན་སེམས་དཔའ་ཆེན་པོའོ། །ཀུན་ཞེས་པ་ནི་ས་ཐོབ་པ་དང་མ་ཐོབ་པ་ཀུན་ནོ། །བསོད་ནམས་ནི་ཐབས་སོ། །ཡེ་ཤེས་ནི་ཤེས་རབ་པོ། །རྫོགས་པ་ནི་གཉིས་སུ་མེད་པར་གྱུར་པ་སྟེ། རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་ཕྱིར་རོ། །དྲི་མ་མེད་ཅིང་ཞེས་པ་ནི་སྐྱོན་མེད་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དག་པ་ནི་སྒྲིབ་པར་གྱུར་པ་མེད་པའོ། །ད་ནི་ཐམས་ཅད་ཀྱི་སྐྱེ་གནས་སུ་བསྟན་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྐྱེ་གནས་སོ་ཞེས་གསུངས་ཏེ། དོན་དམ་པར་ཆོས་གང་ལ་ཡང་སྐྱེ་བ་འམ་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མ་དམིགས་ཀྱང་ཀུན་རྫོབ་ཏུ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་སྒྱུ་མ་དང་སྤྲུལ་བའི་ཚུལ་གྱིས་ཐམས་ཅད་སྐྱེ་བའི་གནས་སུ་བསྟན་ཏེ། དེ་ཡང་ཐེག་པ་ཆུང་དུ་ཉན་ཐོས་དང་རང་སངས་རྒྱས་གཉིས་ཀྱི་གྲུབ་པའི་མཐའ་ཡང་འདི་ལས་སྐྱེས་སོ་ཞེས་པའོ། །འཇིག་རྟེན་པའི་བདེ་བའི་འབྱུང་ཁུངས་སུ་བསྟན་པའི་ཕྱིར། ལྷ་དང་མི་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའི་ཞིང་ངོ་ཞེས་གསུངས་ཏེ། ལྷ་ནི་


DTG015_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ལྷའོ། །མི་ནི་གླིང་བཞི་ལ་སོགས་པར་སྐྱེས་པའོ། །ཐམས་ཅད་ཅེས་པ་ནི་དེ་དག་མ་ལུས་པའོ། །ཕུན་སུམ་ཚོགས་པ་ནི་གཟུགས་དང་དབང་པོ་དང༌། ཚེ་དང་ལོངས་སྤྱོད་དང་འཁོར་རབ་ཏུ་འབྱོར་པ་མཐར་ཕྱིན་པའོ། །ཞིང་ནི་མེ་ཏོག་དང༌། འབྲུའི་འབྱུང་ཁུངས་སོ། །དེ་བཞིན་དུ་ཞེས་པའོ། །ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཐེག་པ་ཆེན་པོ་སྟེ། ཐེག་པ་གང་གིས་བདག་དང་གཞན་གྱི་དོན་སྒྲུབ་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞིའོ་ཞེས་པ་ནི་རྟེན་དེ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཞེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྱུང་ཁུངས་སོ་ཞེས་པ་ནི་བྱང་ཆུབ་ནི་མཉམ་པ་ཉིད་དོ། །དེར་སེམས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའོ། །རྣམས་ཞེས་པ་ནི་འབྲུ་མང་པོའོ། །འབྱུང་ཁུངས་སོ་ཞེས་པ་ནི་གང་ཇི་སྙེད་པ་དག་ཀྱང་འདི་ལས་སོ་ཞེས་པའོ། །འཕགས་པའི་ལ་མ་ཡང་དག་པར་རྫོགས་པ་ཐམས་ཅད་ཀྱི་མཐའོ་ཞེས་པ་ནི། འཕགས་པ་ནི་ཁྱད་པར་དུ་འཕགས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །ལམ་ཞེས་པ་ནི་གང་གིས་རང་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་འགྲོ་བར་བྱེད་པའི་ལམ་མོ། །ཡང་དག་པར་རྫོགས་པ་ཞེས་པ་ནི་སྐྱོན་མེད་པར་རང་རང་གིས་མཐར་ཕྱིན་པའོ། །ཐམས་ཅད་ཀྱི་མཐའོ་ཞེས་པ་ནི། དེ་རྣམས་ཀྱི་གང་དུ་གྱུར་པས་མཐར་ཐུག་པ་སངས་རྒྱས་ཀྱི་སའོ་ཞེས་པའོ། །རྣམ་པར་གྲོལ་བ་རྣམས་ཀྱིས་བརྟགས་པའོ་ཞེས་པ་ནི་རྣམ་པར་གྲོལ་བ་ནི་འཆིང་བར་གྱུར་པ་ཐམས་ཅད་དང་བྲལ་བའོ། །རྣམས་ཞེས་པ་ནི་ཉན་ཐོས་ལ་སོགས་པ་རྣམས་སོ། །བརྟགས་པའོ་ཞེས་པ་ནི་ཚད་མར་གྱུར་པ་སྟེ་འདིས་བརྟག་པར་བྱ་བ་ཁོ་ནའོ། །ངེས་པར་འབྱུང་བའི་ལམ་གྱི་སྐྱེ་གནས་སོ་ཞེས་པ་ནི་ངེས་པར་འབྱུང་བ་ནི་རང་རང་གིས་ལ་ཐེ་ཚོམ་མི་ཟ་བར་འབྲས་བུ་ཐོབ་པ་སྟེ་ཉན་ཐོས་ཀྱི་ངེས་པར་འབྱུང་བ་དང༌། རང་སངས་རྒྱས་ཀྱི་ངེས་པར་འབྱུང་བ་དང༌། བྱང་ཆུབ་སེམས་དཔའི་ངེས་པར་འབྱུང་བའོ། །ལམ་ཞེས་པ་ནི་ཐེག་པའོ། །སྐྱེ་གནས་ཞེས་པ་ནི་མངལ་ལོ། །དེ་དང་ཆོས་


DTG015_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐུན་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། དངོས་སུ་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ། །དེ་ལས་བྱུང་པ་རིགས་ཁྱད་པར་ཅན་དུ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་གདུང་རྒྱུན་མི་འཆད་པའོ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་གཤེགས་པ་སྟེ། དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་ལྟར་བརྟན་པའོ། །དེའི་ངོ་བོ་ཉིད་དུ་སོན་པས་ན་གཤེགས་པའོ། །ཡང་ན་དེ་མཁྱེན་པ་འམ་མ་གཤེགས་པ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་སྐད་དུ་ཡང༌། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང༌། །དེ་བཞིན་སླར་ཡང་བྱོན་པས་ན། །དེ་བཞིན་གཤེགས་ཞེས་བྱ་བ་ཡིན། །ཞེས་གསུངས་སོ། །གདུང་ནི་རུས་སོ། །མི་འཆད་པར་ཞེས་བྱ་བ་ནི་ནམ་ཡང་གཞན་དུ་མི་འགྱུར་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་དང་རྒྱུད་རབ་ཏུ་འཕེལ་བའོ་ཞེས་བྱ་བ་ནི་བྱང་ཆུབ་ནི་སྔར་བསྟན་མ་ཐག་པའི་རྡོ་རྗེ་ལྟར་བརྟན་པའོ། །དེ་ལྟ་བུ་ལ་རང་གི་ཐོས་པར་བྱ་བ་དང༌། ཁོང་དུ་ཆུད་པར་བྱ་བར་སེམས་བསྐྱེད་པ་དང༌། སེམས་ཅན་ཐམས་ཅད་ཀྱང་གནས་དེ་ལ་དགོད་པར་བྱ་བ་ནི་སེམས་དཔའ་དང་སེམས་དཔའ་ཆེན་པོའོ། །རིགས་ཞེས་པ་ནི་རུས་སོ། །དང་ཞེས་པ་ནི་རྣམ་གྲངས་བསྡུས་པའོ། །རྒྱུད་ཅེས་པ་ནི་ས་བོན་སྔར་བསྟན་པ་དེ་ལས་སྐྱེས་པ་ནི་དེའི་བདག་ཉིད་ཀྱི་རྒྱུ་འཛིན་པའོ། །འཕེལ་བ་ནི་མང་པོར་གྱུར་པའི་དོན་ཏོ། །དེས་ཀྱང་ཅི་བྱེད་ཅེ་ན། ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཚད་གཅོད་པའོ་ཞེས་གསུངས་ཏེ། དེ་ལ་ཕ་རོལ་ནི་རང་གི་སྒྣེ་ལས་གཞན་པའོ། །རྒོལ་བ་ནི་སྐྱོན་རྟོགས་ཤིང་རྒོལ་བར་བྱ་བར་སེམས་དཔའོ། །ཚར་གཅོད་པ་ནི་དེ་ལྟ་བུའི་སྟོབས་མེད་པར་བྱེད་པའོ། །དེ་ཡང་རང་གི་སྔེ་པ་རྡོ་རྗེའི་སྙིང་པོ་འདུས་མ་བྱས་པའི་ཕྱིར་རོ། །རྒོལ་བ་པོ་དེ་ཡང་སུ་ཞིག་ཡིན་ཞེ་ན། མུ་སྟེགས་ཅན་ཐམས་ཅད་རྣམ་པར་འཇོམས་པའོ་ཞེས་གསུངས་ཏེ། ཤེས་རབ་ཕྱིན་ཅི་ལོག་གིས་རྟག་པའི་མུ་དང༌། ཆད་པའི་མུ་ལ་རྟེན་བཅས་པས་ན་མུ་སྟེགས་སོ། །ཐམས་ཅད་ཀྱི་སྒྲ་ནི་ལྟ་བ་ངན་པ་ལ་གནས་པར་གྱུར་པའི་གཏི་མུག་ཅན་རྣམས་གཟུང་ངོ༌། །འཇོམས་པ་ཞེས་པ་ནི་དྲག་པོའི་སྒྲ་སྟེ། གླང་པོ་ཆེ་བསད་ནས་པགས་པ་གྱོན་པ་ལྟ་བུ་དེ་ལ་དེ་སྐད་ཅེས་བྱའོ། །ཚར་གཅད་པའི་ཕྱོགས་


DTG015_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞན་ཡང་གསུངས་པ། བདུད་བཞིའི་སྡེ་དང་དཔུང་ཐམས་ཅད་ཕམ་པར་བྱེད་པའོ་ཞེས་པ་ནི། བདུད་བཞི་ནི་གོ་སླའོ། །སྡེ་ནི་དམག་གི་ཚོགས་སོ། །དཔུང་ནི་ནག་པོའི་རྩ་ལག་ཀུན་ནོ། །དེ་ཐམས་ཅད་འདི་ལྟར་མེ་ལོང་གི་ནང་གི་གཟུགས་བརྙན་ལྟ་བུའི་སྐུ་དྲག་པོ་དང༌། དེ་བཞིན་གཤེགས་པའི་ཕྲིན་ལས་གང་ཡིན་པ་ལ་གདུལ་བྱ་དྲག་པོས་འདུལ་བ་ལ་ཉེས་པས་མི་གོས་ཏེ། གཟུགས་བཞིན་ནོ། །གསུང་གི་སྒྲ་དྲག་པོས་སྤྲུལ་པ་རླག་པར་བྱེད་པས་ན་ཕམ་པར་བྱེད་པའོ། །དེ་ལྟ་བུར་ཚར་བཅད་ནས་ཕན་གདགས་པར་བྱ་བ་གང་ཞེ་ན། སེམས་ཅན་ཐམས་ཅད་ཡང་དག་པར་སྡུད་པའོ་ཞེས་པ་ནི་སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་བས་ན་སེམས་ཅན་ཐམས་ཅད་དེ་ལས་སོ་སོའི་དབང་གིས་འགྲོ་བའི་གནས་སོ་སོའི་སྐྱེ་གནས་སུ་སྐྱེ་བའི་ཕྱིར་ཏེ། མགོ་ལས་སྐྱེས་པའི་སྐྲ་བཞིན་ནོ། །ཡང་དག་པར་སྡུད་པ་ནི་ཕྱིན་ཅི་མ་ལོག་པར་སྡུད་པ་དེ་རྟོགས་པ་སེམས་སུ་སྡུད་པ་དང༌། སྤྱོད་པ་བསྡུ་བའི་དངོས་པོ་བཞིས་སྡུད་པ་ནི་ཡང་དག་པར་སྡུད་པའོ། །དེ་ནི་རལ་པ་གཅིག་ཏུ་བསྒྱིངས་པ་ལྟ་བུའོ། །དེ་བས་ན་དངོས་པོ་སྣ་ཚོགས་སུ་སྣང་ཡང་སེམས་ལས་མི་གཡོ་བ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་ཐ་དད་ཀྱང་སེམས་ཅན་གྱི་དོན་ལས་མི་གཡོ་ཞེས་པའི་དོན་ཏོ། །གཞན་ཡང་ཅི་མཛད་ཅེ་ན། ངེས་པར་འབྱུང་བའི་བགྲོད་པ་ཐམས་ཅད་ཀྱི་འཕགས་པའི་ལམ་ཡོངས་སུ་སྨིན་པའོ་ཞེས་བྱ་བ་གསུངས་ཏེ། དེ་ལས་ངེས་པར་འབྱུང་བ་ནི་འབྲས་བུའོ། །བགྲོད་པ་ཞེས་པ་ནི་སྒྲུབ་པར་བྱེད་པའི་ལམ་མོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའོ། །འཕགས་པའི་ལམ་ཞེས་པ་ནི་ཁམས་གསུམ་ལས་ངེས་པར་འབྱུང་བའི་ལམ་སྟེ། ཚོགས་ཀྱི་ལམ་ལ་སོགས་པའོ། །ཡོངས་སུ་ཞེས་པ་ནི་མཆོག་ཏུ་ཞེས་པའོ། །སྨིན་པ་ནི་འབྲས་བུ་མཐར་ཕྱིན་པ་ཐོབ་པར་བྱེད་པའོ། །ཚངས་པའི་གནས་བཞི་ལ་གནས་པ་རྣམས་ཀྱི་ཏིང་ངེ་འཛིན་ཏོ་ཞེས་པ་ནི། དེ་ལ་ཚངས་པ་ཉིད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་སྐད་དུ་ཡང༌། ཚངས་པ་མྱ་ངན་འདས་སངས་རྒྱས། །ཞེས་གསུངས་སོ། །གནས་བཞི་ནི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌།


DTG015_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཏང་སྙོམས་དང་བཞིའོ། །ལ་ཞེས་པ་འདུད་པའི་སྒྲའོ། །གནས་པ་རྣམས་ཞེས་པ་ནི་ཐེག་པ་ཆེན་པོ་རྣམས་ཏེ། གཞན་ཉན་ཐོས་ལ་སོགས་པ་ལ་དེ་ལྟ་བུའི་གནས་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་བློ་ཆོས་ཐམས་ཅད་ལ་མཉམ་པར་འཇོག་པའོ། །དེ་ཡང་དངོས་སུ་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་པའོ། །སེམས་རྩེ་གཅིག་པ་རྣམས་ཀྱི་བསམ་གཏན་ཏོ་ཞེས་པ་ནི། སེམས་རྩེ་གཅིག་ཏུ་འཇོག་པ་རྣམས་ཀྱི་ཞེས་པ་སྟེ། གང་དག་སེམས་ཀྱི་རྣམ་པར་ཤེས་པའི་ཡུལ་གྱི་རྗེས་སུ་འབྲང་ཞིང་གཡེང་བ་ནི་སེམས་མཉམ་པར་འཇོག་མི་ནུས་སོ་སྙམ་ནས་སེམས་ནང་དུ་ཡང་དག་པར་འཇོག་པ་ལ་དམིགས་ནས་རྟོག་པ་དང་དཔྱོད་པའི་བློས་འདོད་ཆགས་དང་བྲལ་བའི་དགའ་བ་དང་བདེ་བ་ལས་འབྱུང་བའི་དམིགས་པ་རྣམས་སོ། །བསམ་གཏན་ཞེས་པ་ཡང་དེ་ཉིད་དོ། །དེ་ལྟར་སེམས་འབའ་ཞིག་ལྷུར་ལེན་པ་ལ་ཡིན་གྱི་གཞན་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ལུས་དང་ངག་དང་ཡིད་འདུལ་བ་ལ་བརྩོན་པ་རྣམས་ཀྱི་རྣལ་འབྱོར་རོ་ཞེས་གསུངས་ཏེ། ལུས་ཞེས་པ་ནི་ལུས་ཀྱི་ལས་གནས་ངན་ལེན་དང་བཅས་པ་སྤོང་བའོ། །ངག་ཅེས་པ་ནི་སྨྲ་བའི་ཉེས་པ་དང་བཅས་པ་ངག་གི་གནས་ངན་ལེན་སྤོང་བའོ། །ཡིད་ནི་ཉོན་མོངས་པ་དང་བཅས་པའི་སེམས་ཀྱི་གནས་ངན་ལེན་སྤོང་བའོ། །དེ་ཡང་དྲན་པ་དང་ཤེས་བཞིན་གྱིས་ཟིན་པའི་སྤྱོད་ལམ་འབྲས་བུ་མེད་པའི་བྱ་བ་སྤངས་ནས་རྟག་ཏུ་བག་ཡོད་པ་ལ་གནས་པ་ནི་འདུལ་བ་ཞེས་བྱའོ། །བརྩོན་པ་ཞེས་བྱ་བ་ནི་རྟག་ཏུ་དོན་དེ་ལ་དགའ་བའོ། །རྣལ་འབྱོར་ཞེས་པ་ནི་ཞི་གནས་དང་ལྷག་མཐོང་གི་ལུས་དང་ངག་དང་ཡིད་རྣལ་འབྱོར་དུ་འཇུག་པའོ། །དེ་ལྟར་ཚར་གཅད་པ་དང༌། ཕན་གདགས་པའི་ལས་བསྟན་ནས། ད་ནི་ཉེས་པ་ཀུན་དང་བྲལ་བར་བསྟན་པའི་ཕྱིར། །ཀུན་དུ་སྦྱོར་བ་ཐམས་ཅད་དང་བྲལ་བར་བྱེད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཀུན་དུ་སྦྱོར་བ་ནི་དུག་དང༌། མེ་དང༌། མཚོན་ཆ་དང༌། དགྲ་ལ་སོགས་པའི་གནོད་པ་སྣ་ཚོགས་པའོ། །བྲལ་བར་བྱེད་པ་ངང་མི་ཚུགས་པར་བྱེད་པའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤོང་བའོ་ཞེས་པ་ནི། ཉོན་མོངས་པ་ཐམས་ཅད་ནི་འདོད་ཆགས་


DTG015_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པ་དྲུག་གོ །ཉེ་བའི་ཉོན་མོངས་པ་ནི་གཡོ་སྒྱུ་ལ་སོགས་པ་ཉི་ཤུའོ། །ཐམས་ཅད་ཀྱི་སྒྲས་ནི་ཀུན་ནས་ཉོན་མོངས་པ་ལ་སོགས་པ་ཡང་བསྡུས་པའོ། །སྤོང་བ་ནི་བྲལ་བར་བྱེད་པའོ། །སྒྲིབ་པ་ཐམས་ཅད་ཡོངས་སུ་ཞི་བའོ་ཞེས་པ་ནི། །ཡང་དག་པའི་དོན་གསལ་བར་མི་བྱེད་པ་སྟེ། གློ་བུར་དུ་གཡོགས་པ་ཞེས་པའི་དོན་ཏོ། །ཐམས་ཅད་ཤེས་པ་ནི་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། ལས་ཀྱི་སྒྲིབ་པ་དང༌། སྐྱེ་བའི་སྒྲིབ་པའོ། །ཞི་བ་ཞེས་པ་ནི་བྱང་བ་ཞེས་པའོ། །འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའོ་ཞེས་པ་ནི་འཇིགས་པ་ནི་ཡིད་སྡུག་བསྔལ་བ་དང་བཅས་པའོ། །ཐམས་ཅད་ཅེས་པ་ནི་ཚེ་འདི་དང་ཕྱི་མའི་འཇིགས་པ་ཀུན་ནོ། །རྣམ་པར་གྲོལ་བ་ནི་ཡིད་འཇིགས་པ་དང་བྲལ་ནས་བདེ་བར་གྱུར་པའོ། །ཕུང་པོ་ཐམས་ཅད་ལས་རྣམ་པར་ཐར་པའོ་ཞེས་པ་ནི་ཕུང་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས། ཕུང་པོ་ཐམས་ཅད་དེ་ཉེ་བར་ལེན་པའི་ཕུང་པོ་ཀུན་ནོ། །དེ་རྣམས་ནི་སྡུག་བསྔལ་གྱི་རང་བཞིན་དུ་གསུངས་ཏེ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་གསུངས་སོ། །དེ་བས་ན་དེའི་འཆིང་བ་དང་བྲལ་ནས་ཟག་པ་མེད་པའི་ཕུང་པོ་དང་ལྡན་པའོ། །རྣམ་པར་ཐར་པ་ནི་རྣམ་པར་གྲོལ་བའོ། །སེམས་ཀྱི་གཡེང་བ་ཐམས་ཅད་ཞི་བའོ་ཞེས་བྱ་བ་ནི་སེམས་ནི་རྣམ་པར་ཤེས་པའོ། །གཡེང་བ་ནི་ཡུལ་ལ་རྣམ་པར་འཕྲོ་བའོ། །ཐམས་ཅད་ཅེས་པ་ནི་མ་ལུས་པ་ཞེས་པའོ། །ཞི་བ་ནི་སེམས་རྣལ་དུ་འཇོག་པའོ། །འབྱོར་པ་ཐམས་ཅད་ཀྱི་འབྱུང་གནས་སོ་ཞེས་པ་ནི་འབྱོར་པ་ནི་ཕུན་སུམ་ཚོགས་པའོ། །ཐམས་ཅད་ཅེས་པ་ནི་ཚེ་རིང་བ་དང་ལོངས་སྤྱོད་ལ་སོགས་པའོ། །འབྱུང་གནས་སོ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ་ཞེས་པའི་དོན་ཏོ། །རྒུད་པ་ཐམས་ཅད་སེལ་བའོ་ཞེས་པ་ནི་རྒུད་པ་ནི་དམན་པ་ཞེས་པའི་དོན་ཏོ། །ཐམས་ཅད་ཅེས་པ་ནི་འབྱོར་བ་གཞན་ལ་སོགས་པ་ཐམས་ཅད་དོ། །སེལ་བ་ཞེས་པ་ནི་རྒུད་པ་དང་བྲལ་ནས་དར་བར་བྱེད་པའོ། །ངན་སོང་གི་སྒོ་ཐམས་ཅད་གཅོད་པའོ་ཞེས་པ་ནི་ངན་སོང་ནི་ངན་པར་སོང་སྟེ་སྐྱེ་གནས་དམན་པའོ། །སྒོ་ནི་དེར་འཇུག་པའི་སྡིག་པ་མི་དགེ་བའི་ལས་སོ། །ཐམས་ཅད་ནི་ལུས་


DTG015_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ངག་དང་ཡིད་མི་དགེ་བའི་སྒོ་ཀུན་ནོ། །གཅོད་ཅེས་པ་ནི་བསྡམས་པའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། རྣམ་པར་གྲོལ་བའི་གྲོང་ཁྱེར་གྱི་ལམ་བཟང་པོའོ་ཞེས་གསུངས་ཏེ། བཅིངས་པ་ཐམས་ཅད་ལས་གྲོལ་བ་ནི་གྲོལ་བའོ། །གྲོང་ཁྱེར་ཞེས་པ་ནི་སངས་རྒྱས་ཀྱི་ཕོ་བྲང་སྟུག་པོ་བཀོད་པའོ། །འཇུག་པ་ནི་གནས་དེར་འགྲོ་བའི་ལམ་བཟང་པོ་སྐྱོན་མེད་པའོ། །འཁོར་བའི་འཁོར་ལོར་མི་འཇུག་པའོ་ཞེས་པ་ནི་འཁོར་བ་ནི་གནས་གཅིག་ཏུ་མ་ངེས་པ་སྟེ། ཀུན་དུ་འགྲོ་བའོ། །དེ་ཡང་གོ་རིམས་སུ་འཁོར་བ་ནི་མ་ཡིན་ཏེ། གནས་གང་དུ་སྐྱེ་བ་མ་ངེས་པའི་ཕྱིར་རོ། །འཁོར་ལོ་ཞེས་པ་ནི་ཤིང་རྟའི་འཁོར་ལོའམ། ཟོ་ཆུན་གྱི་འཁོར་ལོ་ལྟ་བུའོ། །དེ་ཡང་འཁོར་ལོ་ཞེས་པའི་སྒྲས་རྣམ་པར་གཅོད་པའོ། །མི་འཇུག་པ་ཞེས་པ་ནི་སྐྱེ་བ་མི་ལེན་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་པའོ་ཞེས་པ་ནི། ཆོས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངོ༌། །འཁོར་ལོ་ནི་ལྷ་དང་མི་ལ་སོགས་པ་རྣམས་ལའོ། །བསྐོར་བ་ཞེས་པ་ནི་འདིའི་སྒོ་ནས་སངས་རྒྱས་ནས་ཞེས་པའོ། །དེ་བཞིན་གཤེགས་པའི་བསྟན་པ་ལ་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བའོ་ཞེས་པ་ནི། དེ་བཞིན་གཤེགས་པའི་ཆོས་དཀར་བོའི་ཕྱོགས་ནས་དེ་བཞིན་དུ་གཤེགས་པའོ། བསྟན་པ་ནི་རྣམ་བར་དཀར་བའི་ཆོས་ཀྱིས་རང་གི་སེམས་འདུལ་བའོ། །གདུགས་ནི་ཚ་བ་སྐྱོབ་པའི་ཕྱིར་རོ། །རྒྱལ་མཚན་ནི་བདུད་ཀྱི་གཡུལ་ལས་རྒྱལ་བའི་མཚན་རྟགས་སུ་བྱས་པའོ། །བ་དན་ནི་རང་གི་སྡེ་ཡོངས་སུ་མཚོན་བའོ། །བསྒྲེང་བ་ནི་ཕ་རོལ་གྱི་དཔུང་ལས་རྒྱལ་བར་གྱུར་པའི་དུས་ན་སློང་བ་དང༌། འབུབས་པའོ་ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་བསྟན་པའི་གནས་སོ་ཞེས་པ་ནི། ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པ་སྟེ། འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་པས་སེམས་ཅན་གྱི་དོན་དུ་ཆོས་ཇི་སྙེད་ཅིག་བསྟན་ཅིང་གསུངས་པའི་གནས་དེ་ཡང་འདིའོ་ཞེས་པའོ། །དེའི་ཕྱིར་ན། རྡོ་རྗེའི་གདན་ནི་མ་ལུས་ལྡན། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་མྱུར་དུ་འགྲུབ་པའོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ནི་


DTG015_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐེག་པ་ཆེན་པོའི་རིགས་ཅན་ནོ། །གསང་སྔགས་ནི་རྡོ་རྗེ་ཐེག་པའི་སྒོ་ནས་རྟོགས་པའི་ཡེ་ཤེས་སོ། །སྒོ་ནི་འཇུག་པའི་ལམ་མོ། །སྤྱད་པ་སྤྱོད་པ་རྣམས་ཞེས་པ་ནི་སེམས་ཅན་གྱི་དོན་དུ་ལས་རྣམ་པ་བཞི་སྤྱོད་པའོ། །མྱུར་དུ་འགྲུབ་པ་ཞེས་པ་ནི་གཞུང་འདི་ཉིད་རྫོགས་པའི་སྒོ་ནས་སྤྱོད་པའམ་མོས་པའི་སྒོ་ནས་ཡིད་ལ་བྱེད་པའམ། འདུན་པའི་སྒོ་ནས་ཞལ་དུ་བརྗོད་པའོ། །འདིའི་བྱིན་གྱི་རླབས་ཀྱིས་བགེགས་མེད་པར་དངོས་གྲུབ་ཐོབ་པའོ་ཞེས་པའོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་བསྒོམ་པའི་རྟོགས་པའོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་པ་སྔ་མ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །བརྩོན་པ་ནི་དེ་ལ་སེམས་མངོན་པར་སྤྲོ་བའོ། །བསྒོམ་པ་ནི་ཉམས་སུ་ལེན་པའོ། །རྟོགས་པ་དེའི་དབང་གིས་ཁོང་དུ་ཆུད་པའོ། །གཉིས་སུ་མེད་པའི་སྤོབས་པ་ལ་སོགས་པ་ལ་བརྩོན་པ་རྣམས་ཀྱི་སྟོང་པ་ཉིད་རྟོགས་པའོ་ཞེས་པ་ནི་གཉིས་ནི་གཟུང་བ་དང་འཛིན་པའི་ངོ་བོ་དེ་དང་བྲལ་བ་ནི་གཉིས་སུ་མེད་པ་སྟེ། ཆོས་ཐམས་ཅད་བདག་མེད་པའོ། །སྤོབས་པ་ཞེས་པ་ནི་དེ་ལ་སེམས་མ་ཞུམ་པའོ། །སོགས་པ་ཞེས་པ་དེར་བརྩོན་པ་དང་ཉམས་སུ་ལེན་པ་དང་ཐོབ་པར་འདོད་པ་ལ་སོགས་པའོ། །རྣམས་ཞེས་པ་ནི་དེ་ལྟ་བུའི་རིགས་ཀྱི་བུའམ་ཞེས་པའོ། །བརྩོན་པ་ནི་སེམས་དེ་ལ་སྤྲོ་བའི་སྒོ་ནས་སྒོ་གསུམ་རྩོལ་བར་བྱེད་པའོ། །སྟོང་པ་ཉིད་ཅེས་པ་ནི་གཉིས་སུ་མེད་པའི་དོན་གྱི་རྣམ་གྲངས་སུ་བསྟན་པའོ། །རྟོགས་པ་ནི་ཁོང་དུ་ཆུད་པའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་པའོ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དོ། །དགེ་བའི་རྩ་བ་གང་གི་བླ་ན་མེད་པའི་གནས་ཕྱིན་པར་བྱེད་པའོ། །དེ་ནི་རྣམ་པ་བཅུ་སྟེ་གོ་སླའོ། །ཚོགས་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །རྫོགས་པའོ་ཞེས་པ་ནི་མ་ལུས་པ་མཐར་ཕྱིན་པའོ། །ས་ཐམས་ཅད་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པའོ་ཞེས་པ་ནི་ས་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ནས་ཐམས་ཅད་དེ་ཕྱི་ནང་དུ་གཏོགས་པའི་ས་ཀུན་ནོ། །གང་གི་ཚེ་ལེགས་པར་གང་བ་ནི་རྫོགས་པ་དང་ཡོངས་སུ་དག་པ་ཞེས་


DTG015_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའོ། །འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་ཡང་དག་པར་གྲུབ་པའོ་ཞེས་པ་ནི། འཕགས་པ་ནི་ཁམས་གསུམ་གྱི་ཆོས་ལས་འཕགས་པའོ། །བདེན་བ་ཡང་ཡིན་ལ་བཞི་ཡང་ཡིན་པས་བདེན་བ་བཞི་སྟེ། སྡུག་བསྔལ་འཕགས་པའི་བདེན་པ་དང༌། ཀུན་འབྱུང་དང་འགོག་པ་དང༌། ལམ་འཕགས་པའི་བདེན་པ་དང་བཞིའོ། །དེ་རྣམས་ཀྱི་ཕྱིན་ཅི་མ་ལོག་པར་བསྒྲུབས་པའི་འབྲས་བུ་ཡང་འདི་ཉིད་དོ། །ཆོས་ཐམས་ཅད་ཀྱི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སེམས་རྩེ་གཅིག་གིས་རྟོགས་པའོ་ཞེས་པ་ནི། ཆོས་ཐམས་ཅད་ནི་ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་ཐམས་ཅད་དོ། །དྲན་པ་ནི་འདྲིས་པའི་དངོས་པོ་ལ་སེམས་འཛིན་པའོ། །ཉེ་བར་གཞག་པ་ནི་ཡང་ནས་ཡང་གོམས་པར་བྱས་པའོ། །རྣམས་ཀྱི་སེམས་རྩེ་གཅིག་གིས་ཞེས་པ་ནི་གང་དག་དྲན་པ་ཉེ་བར་གཞག་པར་བྱེད་པ་རྣམས་ཀྱི་དྲན་པའི་ངོ་བོ་ཉིད་ཀྱི་སེམས་རྣམ་པ་གཞན་གྱིས་མ་གཡེངས་པར་གྱུར་པ་སྟེ། གདམས་ངག་ལ་སོགས་པས་ལུས་ལ་སོགས་པའི་ཡང་དག་པ་ཉིད་ཁོང་དུ་ཆུད་པ་ནི་རྟོགས་པའོ། །མཚན་ཡང་དག་པར་བརྗོད་པ་འདི་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། དེ་བཞིན་གཤེགས་པ་མི་བསྐྱོད་པའི་དཀྱིལ་འཁོར་བསྟན་པ་འདི་ཞེས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་ཀྱི་རབ་ཏུ་བསྐྱེད་པ་དང་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པ་ནི་མདོར་ན་ཞེས་པ་སྟེ་ཤུགས་ལས་རྙེད་པའི་སྒྲ་སྟེ། ཡོན་ཏན་གྱི་རྣམ་པ་མང་དུ་སྨོས་ནས་བསྐལ་བར་བརྗོད་ཀྱང་ཟད་པར་མི་འགྱུར་གྱི། འདིར་བསྡུས་ནས་བསྟན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ནི་རྟ་དབྱངས་ཀྱིས་གསུངས་པ་ལྟར་རོ། །བརྗོད་པར་ནུས་པ་མ་ཡིན་ནོ། །ནམ་མཁའ་བཻ་ཌཱུཪྻའི་མདོག །བྱ་ཡིས་མཐར་ཐུག་མི་རྟོགས་ལྟར། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་བས་ན་སངས་རྒྱས་གཅིག་གི་ཡོན་ཏན་ཡང་བརྗོད་པར་མི་ནུས་ན། །ཐམས་ཅད་ཀྱི་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་རབ་ཏུ་མང་བ་དང་གཞན་ཡང་གཞུང་ཁ་ཅིག་ལ་རབ་ཏུ་ཞེས་པ་ཡང་ཡོད་དེ། འཇིག་རྟེན་གྱི་ཡོན་ཏན་ཇི་སྙེད་པ་དང་ཉན་ཐོས་དང་རང་སངས་རྒྱས་ཇི་སྙེད་པ་དང༌། བྱང་ཆུབ་སེམས་དཔའ་ལ་སོགས་པ་བསྡུའོ། །ཡོངས་སུ་རྫོགས་


DTG015_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དང༌། རབ་ཏུ་སྐྱེད་པར་བྱེད་ཅེས་པ་ནི་རབ་ཏུ་སྐྱེད་པ་ནི་སངས་རྒྱས་ཀུན་ལ་མངའ་བའི་ཡོན་ཏན་གྱི་འབྱུང་གནས་སུ་འགྱུར་རོ། །ཡོངས་སུ་རྫོགས་པ་ཞེས་པ་ནི་དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པར་བྱེད་པས་ན་རྒྱུ་ཞེས་པའོ། །འཁོར་ལོ་གཉིས་པའི་ཕན་ཡོན་ལ་ཚིག་གི་རྣམ་གྲངས་ལྔ་བཅུ་རྩ་གཉིས་ཀྱིས་བརྩིས་པའི་བཤད་པའོ།། །།

འཁོར་ལོ་གསུམ་པའི་ཕན་ཡོན་ཚིག་གི་རྣམ་གྲངས་ལྔ་བཅུ་རྩ་གཉིས་སུ་བགྲངས་པའི་བཤད་པ།


DTG010_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་འཁོར་ལོ་གཉིས་པའི་བཤད་པ་བསྟན་ནས། འཁོར་ལོ་གསུམ་པའི་ཕན་ཡོན་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང༌། སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་བཤད་པའི་ཕྱིར། ལག་ན་རྡོ་རྗེ་རྡོ་རྗེ་འཆང༌། །གཞན་ཡང་མཚན་ཡང་དག་པར་བརྗོད་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལག་ན་རྡོ་རྗེའི་དོན་ནི་བརྡ་ཕྲད་པར་ཟད་དོ། །གཞན་ཡང་ཞེས་པ་ནི་ཕན་ཡོན་སྔ་མ་བས་མི་འདྲ་བ་བསྟན་ཏེ། མཚན་ཡང་དག་པར་བརྗོད་པ་འདི་ནི་ཞེས་པ་ནི་སྔར་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་སུ་མཚན་བརྗོད་མ་ཐག་ཏུ་འདི་ཞེས་པའོ། །ཇི་ལྟར་བཤད་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་ལུས་དང་དག་དང་ཡིད་ཀུན་དུ་སྤྱོད་པའི་སྡིག་པ་མ་ལུས་པ་རབ་ཏུ་ཞི་བར་བྱེད་པའོ་ཞེས་གསུངས་ཏེ། དེ་ལ་སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །དེ་གང་དང་ལྡན་པ་རྣམས་ནི་སེམས་ཅན་ཐམས་ཅད་དོ། །ལུས་དང་ངག་དང་ཡིད་ནི་མི་དགེ་བའི་སྤྱོད་པའི་སྒོའོ། །ཀུན་དུ་སྤྱོད་པ་ནི་ཉེས་པ་ཀུན་དུ་སྤྱོད་པ་དང་རྣམ་པར་སྨིན་པ་ཀུན་དུ་སྤྱོད་པའོ། །ཉེས་པ་ཀུན་དུ་སྤྱོད་པ་ནི་མི་དགེ་བ་བཅུ་ཉོན་མོངས་པ་སྤྱོད་པའོ། །རྣམ་པར་སྨིན་པ་ནི་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་རྣམས་སོ། །ཀུན་དུ་ཞེས་པའི་སྒྲས་ནི་ཐུན་མོང་དུ་ཞེས་པའོ། །མ་ལུས་པའི་སྒྲས་ནི་ཕྲ་མོ་བག་ལ་ཉལ་བ་དང་བཅས་པའོ། །ཞི་བ་ནི་བདེ་བ་འཐོབ་པར་བྱེད་པའོ། །གང་གིས་ཞི་བར་བྱེད་པ་ནི་སྣང་བ་མཐའ་ཡས་ཀྱིས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡང་དག་པ་དེ་བཞིན་ཉིད་ཀྱིས་ནི་སེམས་ཅན་ཀུན་གྱི་ཡིད་ལ་ཀུན་དུ་སྤྱོད་པའི་སྡིག་པ་མ་ལུས་པ་བཞི་བར་བྱེད་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །གཞན་དུ་ན་གང་གིས་སེམས་རྣམ་པར་དག་པར་ནུས་ཞེས་པ་སངས་རྒྱས་ཀུན་གྱེས་བརྟགས་པའོ། །སྟོང་པ་ཉིད་དང་བདག་མེད་པའི་སྒྲ་བརྡའི་སྔགས་དང༌།


DTG015_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྗོད་པའི་སྔགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ངག་ལ་ཀུན་དུ་སྤྱོད་པའི་སྡིག་པ་མ་ལུས་པ་ཞི་བར་བྱེད་ཅེས་པ་ནི་སངས་རྒྱས་རྡོ་རྗེ་འཛིན་པའི་ངེས་པའོ། །གཞན་དུ་ན་རིག་བྱེད་ཀློག་པའི་རིག་པས་ངག་རྣམ་པར་དག་པར་ག་ལ་ནུས་ཞེས་པའོ། །དེ་བཞིན་གཤེགས་པའི་སྐུ་སྒྱུ་མ་ལ་སོགས་པ་དང་མཚུངས་པའི་ཡིད་ཀྱི་ལུས་དང་འདྲ་བའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཀུན་དུ་སྤྱོད་པའི་སྡིག་པ་མ་ལུས་པ་ཞི་བར་བྱེད་པ་ནི་སངས་རྒྱས་ཀྱི་ངེས་པའོ། །གཞན་དུ་ན་མ་རུངས་པར་བྱས་པས་ལུས་རྣམ་པར་དག་པར་བྱེད་པ་ལྟ་ག་ལ་ནུས་ཞེས་པའོ། །གལ་ཏེ་དེ་ལྟ་བུ་ཡིན་དུ་ངེས་ན། སེམས་བསམ་གཏན་ལ་དམིགས་པ་དང༌། གླེགས་བམ་ཀླག་པ་དང༌། སྦྱངས་པའི་ཡོན་ཏན་ཡང་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་བསྟན་ཞེ་ན། དེ་ལྟ་མོད་ཀྱི་བླ་མའི་གདམས་ངག་དང་བྲལ་བའི་བྱིས་པ་རྣམས་ནི་རྣམ་པར་དག་པར་མི་འགྱུར་པར་གསུངས་སོ། །དེ་བས་ན་གཞན་དག་ལས་ཀྱང་བྱང་ཆུབ་ནི་དགེ་བའི་གཤེགས་གཉེན་ལ་རག་ལུས་པའོ་ཞེས་གསུངས་ལ། འདི་ཉིད་ལས་ཀྱང༌། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་དེའི་ཡོན་ཏན་བསྟན་པའི་ཕྱིར་ངན་འགྲོ་ཐམས་ཅད་བཟློག་པའོ། །ཞེས་གསུངས་ཏེ། འགྲོ་བ་རྣམས་ལས་ངན་པར་འགྲོ་བ་གང་ཡིན་པ་དེ་ནི་ངན་འགྲོའོ། །དམྱལ་བ་ཐམས་ཅད་དང༌། ཡི་དགས་ཐམས་ཅད་དང༌། བྱོལ་སོང་ཐམས་ཅད་ནི་ངན་འགྲོ་ཐམས་ཅད་དོ། །དེ་ཟློག་པ་ནི་ཐམས་ཅད་སྐྱེ་གནས་སུ་མི་འཇུག་པའོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དག་པར་གཅོད་པའོ་ཞེས་པ་ནི་ལས་དཀར་པོས་བསྒྲིབས་པ་དང་ནག་པོས་བསྒྲིབས་པ་དང༌། དཀར་ནག་གིས་ཡང་དག་པའི་དོན་ལ་ཀུན་ནས་གཡོགས་པ་ནི་ལས་ཀྱི་སྒྲིབ་པའོ། །དེ་མ་ལུས་པ་ཀུན་དག་ཅིང་ལས་ལ་དབང་ཐོབ་པ་དེའི་དབང་གིས་ཁམས་གསུམ་གྱི་ཉོན་མོངས་པར་མི་འགྱུར་པ་ནི་ཡང་དག་པར་གཅོད་པའོ། །མི་ཁོམ་པ་བརྒྱད་པོ་ཐམས་ཅད་ཀྱི་སྐྱེ་བའི་རྒྱུན་མི་སྐྱེ་བར་བྱེད་པའོ་ཞེས་པ་ནི་མི་ཁོམ་པ་ནི་དལ་བའི་གནས་སྐབས་མེད་པ་སྟེ་རྟོགས་པ་དང་གོམས་པའི་ཀླགས་མེད་པའོ། །དུ་ཞེ་ན། བརྒྱད་དེ་སེམས་ཅན་དམྱལ་བ་རྣམས་


DTG015_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང༌། ཡི་དགས་རྣམས་དང༌། བྱོལ་སོང་རྣམས་དང༌། ཡུལ་མཐའ་འཁོབ་པ་རྣམས་དང༌། དབང་པོ་མ་ཚང་བ་རྣམས་དང༌། ལྷ་ཚེ་རིང་པོ་རྣམས་དང༌། ལྟ་བ་ལོག་པ་རྣམས་དང༌། ལས་ཡང་དག་པ་མ་ཡིན་པ་ལ་ཞུགས་ནས་དཀོན་མཆོག་གསུམ་པོ་སློང་བ་རྣམས་ནི་བརྒྱད་དུ་གྲགས་པ་ཐམས་ཅད་དོ། །སྐྱེ་བའི་རྒྱུན་ཞེས་པ་ནི་ཡང་དང་ཡང་དུ་དེ་དག་ལ་སྐྱེ་བ་ལེན་པའོ། །མི་སྐྱེ་བར་བྱེད་པ་ནི་དེར་མི་འཇུག་པའོ། །བདག་དང་གཞན་གྱི་ཞེས་པ་ལ་སོགས་པ་ཇི་སྙེད་པའོ། །དེ་དག་ནི་འཇིག་རྟེན་ཕྱི་མ་དང་སྔ་མའོ། །འཇིག་རྟེན་འདི་བསྟན་པའི་ཕྱིར། འཇིགས་པ་ཆེན་པོ་བརྒྱད་རྣམ་པར་ཞི་བར་བྱེད་པའོ་ཞེས་གསུངས་ཏེ། འཇིགས་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པའི་ཕྱིར་འཇིགས་པ་ཆེན་པོ་སྟེ། སེམས་ཅན་སྡུག་བསྔལ་གྱི་ཚོར་བ་ལྷག་པར་ཆེ་བ་གང་ཡིན་པའོ། །དེའི་དངོས་པོ་བརྒྱད་དེ། མེས་འཇིགས་པ་དང༌། ཆུས་འཇིགས་པ་དང༌། གཅན་གཟན་ཁྲོ་བོས་འཇིགས་པ་དང༌། སྤྲུལ་གྱིས་འཇིགས་པ་དང༌། གླང་པོ་ཆེས་འཇིགས་པ་དང༌། མི་མ་ཡིན་གྱིས་འཇིགས་པ་དང༌། ཆོམ་རྐུན་གྱིས་འཇིགས་པ་དང༌། རྒྱལ་པོའི་ཆད་པས་འཇིགས་པ་དང་བརྒྱད་དོ། །རྣམ་པར་ཞི་བ་ནི་དེའི་སྡུག་བསྔལ་དང་བྲལ་ནས་བདེ་བ་ཐོབ་པའོ། །རྨི་ལམ་ངན་པ་ཐམས་ཅད་སེལ་བར་བྱེད་པའོ་ཞེས་པ་ནི་རྨི་ལམ་ངན་པ་ནི་ཁམས་འཁྲུགས་པ་དང༌། བག་ཆགས་དང་འབྱུང་པོ་ལ་སོགས་པས་སྣང་བ་བསྒྱུར་པ་སྟེ། གང་ཞིག་མཚན་མ་བཀྲ་མི་ཤིས་པར་གཟུང་བ་ཐམས་ཅད་དོ། །དེ་ཡང་གང་དག་གིས་མཐུ་མེད་པར་བྱེད་པས་སེལ་བར་བྱེད་པའོ། །ལྟས་ངན་པ་ཐམས་ཅད་སེལ་བར་བྱེད་པའོ་ཞེས་པ་ནི། གང་ཞིག་གིས་ལྟས་སུ་བྱས་པའི་མཚན་མར་བལྟ་བ་ནི་ལྟས་ཞེས་བྱ་བ་སྟེ། པྲ་སེ་ནའི་ལྟ་བུ་རལ་གྲི་དང༌། མེ་ལོང་དང༌། གཞོན་ནུ་ལ་སོགས་པ་ལ་སྦྱོར་བ་རྟོག་པའི་ཚེ་ངན་པའི་ལྟས་སུ་འབྱུང་བ་ཐམས་ཅད་ནི་ལྟས་ངན་པ་ཐམས་ཅད་དོ། །དེ་དག་གི་མཐུས་མེད་ཅིང་སྡིགས་པར་མི་འགྱུར་པས་ན་སེལ་བར་བྱེད་པའོ། །བདུད་དང་བགེགས་ཀྱི་སྡེ་ངན་པ་ཐམས་ཅད་སེལ་བར་བྱེད་པའོ་ཞེས་པ་ནི་བགེགས་ནི་ལོག་པར་འདྲེན་པ་སྟེ། གང་དག་གི་དངོས་གྲུབ་ཀྱི་བར་དུ་གཅོད་པ་


DTG015_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང༌། བསམ་པ་ཕྱིན་ཅི་ལོག་ཏུ་བྱེད་པས་ན་བགེགས་ཞེས་བྱའོ། །བརྡ་ནི་དེ་དག་གི་སྔོན་དུ་འབྱུང་བ་སྟེ། གཟུགས་དང་སྒྲ་ལ་སོགས་པ་ནི་ཡིད་དུ་མི་འོང་བ་སྟོན་པའོ། །གང་གིས་མཐོང་ཞིང་ཐོས་ན་བཀྲ་མི་ཤིས་པར་འགྱུར་པ་ལྟས་ངན་པའོ། །ཞི་བ་ནི་དེ་ལྟ་བུ་མི་འབྱུང་བར་བྱེད་པའོ། །བདུད་ཀྱི་དགྲའི་དཔུང་བཞི་ཐམས་ཅད་རབ་ཏུ་སྤོང་བའོ་ཞེས་པ་ནི། བདུད་ཉིད་དགྲ་དང་འདྲ་བས་ན་དགྲའོ། །འདི་ལྟ་སྟེ། དགྲ་རྣམས་ཀྱིས་རྟ་དང་གླང་པོ་ཆེ་དང༌། རྐང་ཐང་དང་ཞུབས་ཅན་གྱི་དཔུང་བཞི་བཤམས་ནས་ནོར་དང་སྲོག་འཕྲོག་པར་བྱེད་པའོ། །དེ་བཞིན་དུ་བདུད་ཀྱི་དཔུང་བཞིས་ཀྱང་དགེ་བའི་ནོར་དང་ཐར་པའི་སྲོག་འཇོམས་པར་བྱེད་པའོ། །དེ་བས་ན་དེ་རྣམས་ཀྱིས་མི་ཚུགས་པར་བྱེད་པའོ། །དགེ་བའི་རྩ་བ་དང༌། བསོད་ནམས་ཐམས་ཅད་འཕེལ་བར་བྱེད་པའོ་ཞེས་པ་ནི། དེ་ལྟར་བར་དུ་གཅོད་པའི་ཚོགས་དང་བྲལ་ནས་བགེགས་མེད་པའི་དགེ་བའི་རྩ་བ་ལ་སོགས་པ་ཟླ་བ་སྒྲ་གཅན་འཛིན་ལས་གྲོལ་བ་ལྟར་འགྱུར་རོ་ཞེས་པའི་དོན་ཏོ། །དེའི་ཕྱིར་ན་མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་བྱ་བ་ལ་སོགས་པ་དང༌། སློབ་དཔོན་གྱི་ཡོན་ཏན་དང་མཚན་ཉིད་བསྟན་ནས་ད་ནི་དེ་དང་འབྲེལ་བའི་དབང་བསྐུར་བསྟན་པའི་ཕྱིར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཐམས་ཅད་མི་སྐྱེ་བར་བྱེད་པའོ་ཞེས་གསུངས་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་སེམས་མཉམ་པར་འཇོག་པའི་མི་མཐུན་པའི་ཕྱོགས་མ་རིག་པ་སྔོན་དུ་འགྲོ་བ་ཅན་ནོ། །ཐམས་ཅད་ཅེས་པ་ནི་འདོད་ཆགས་ཡིད་ལ་བྱེད་པ་ལ་སོགས་པའོ། །ཇི་ལྟར་མི་སྐྱེ་བར་བྱེད་ཅེ་ན། བླ་མའི་གདམས་ངག་གིས་བརྟགས་ལ་མཚན་མར་འཛིན་པ་ལས་ལོག་ཅིང་ཕྱི་ནང་གི་ཆོས་ལ་བདག་མེད་པར་ཤེས་པས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བཟློག་གོ །མ་རིག་པ་ཉིད་གང་ཞེ་ན། ཚུལ་བཞིན་མ་ཡིན་པའི་དབང་གིས་རྒྱགས་པ་དང་དྲེགས་པ་དང༌། ང་རྒྱལ་དང༌། ང་ཡིར་འཛིན་པ་ཐམས་ཅད་འཇོམས་པར་བྱེད་པའོ། །དེ་ལ་རྒྱགས་པ་ནི་རང་གི་ཕུན་སུམ་ཚོགས་པ་ལ་ཆགས་ཤིང་སེམས་དགའ་བ་ལ་ཆགས་པས་བག་མེད་པར་སྤྱོད་པའོ། །དྲེགས་པ་ནི་བདག་ལ་ལྷག་པར་སེམས་པའོ། །ང་རྒྱལ་ནི་སེམས་ཁེངས་པའོ། །ང་ཡིར་འཛིན་པ་ནི་བདག་གིར་འཛིན་པའོ། །གང་ལ་བརྟེན་ཞེ་ན་ཉེ་


DTG015_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་ལེན་པའི་ཕུང་པོ་ལྔ་ལ་བརྟེན་ནས་རྣམ་པར་ཤེས་པ་ལ་བདག་ཏུ་འཛིན་ལ་ལྷག་མ་རྣམས་ལ་བདག་གིར་འཛིན་ནོ། །དེ་བས་ན་ཁམས་དྲུག་འདུས་པ་རིལ་པོར་འཛིན་པ་ལ་མ་རིག་པ་ཞེས་བྱའོ། །ད་ནི་བདག་མེད་པར་རྟོགས་པས་སྣང་བ་འབྱུང་བའོ། །བུ་ག་དང་སྲུབས་མེད་པའི་ཕྱིར་སྒོ་ངའི་སྦུབས་བཞིན་ནོ། །དེ་གང་གིས་ཕྱེད་པར་ནུས་ཤེ་ན། །རྡོ་རྗེ་ལྟར་རབ་ཏུ་མཁྲེགས་པའི་ཐབས་ཐེག་པ་སྟེ། དེ་ཡང་རིག་པའི་དབང་གི་དུས་སུ་ངར་འཛིན་པའི་ཕུང་པོ་མི་བསྐྱོད་པ་དེ་བཞིན་གཤེགས་པར་རིག་པ་དང༌། ང་ཡིར་འཛིན་པའི་ཕུང་པོ་བཞི་དེ་བཞིན་གཤེགས་པ་བཞིར་རིག་པ་དང༌། ས་ལ་སོགས་པ་ཡུམ་བཞིར་རིག་པ་དང༌། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་བྱང་ཆུབ་སེམས་དཔའ་རྣམས་སུ་རིག་གོ །གསང་བའི་དབང་གི་དུས་སུ་ལྷའི་འཁོར་ལོ་རྣམས་ཀྱང་གཟུང་བ་དང་འཛིན་པས་སྟོང་པ་བདག་མེད་པར་རིག་ཅིང་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་བ་དང་སྟོང་པ་རོ་གཅིག་པས་མ་ལུས་པ་འཇོམས་པར་བྱེད་དོ། །དེ་ཡང་མ་རིག་པ་བཅོམ་པས་སྲིད་པའི་ཉེས་དམིགས་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་མི་སྐྱེ་བར་བྱེད་པའོ་ཞེས་གསུངས་ཏེ། དབང་གསུམ་པའི་དུས་སུ་དགའ་བ་དང་བྲལ་བའི་སྡུག་བསྔལ་དང༌། མཆོག་དགའ་ལ་བདེ་བ་ཕུལ་དུ་མ་ཕྱིན་པའི་ཡིད་མི་བདེ་བའི་སྡུག་བསྔལ་དང་ཡིད་མི་བདེ་བའོ། །དེའི་བྱེད་པའི་རྒྱུ་ནི་ཤེས་རབ་དམན་པས་ལོག་པར་རྟོག་པའོ། །མི་སྐྱེ་བར་བྱེད་པ་ནི་བདེ་བ་ཕུལ་དུ་ཕྱིན་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བས་ན་སྡུག་བསྔལ་དང་ཡིད་མི་བདེ་བ་ནུབ་པར་གྱུར་པའོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའོ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ནི་སྔར་གྱི་རིག་པའི་དབང་གི་དུས་ན་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ། །སྙིང་པོ་ནི་དེ་རྣམས་རོ་གཅིག་པར་འགྱུར་པའི་བཅུད་དེ། ཆོས་ཐམས་ཅད་དེ་ཁོ་ན་ཉིད་སྒྲིབ་པའི་དྲི་མ་དང་བྲལ་བ་ནམ་མཁའ་ལྟ་བུ་དུས་གསུམ་མཉམ་པ་ཉིད་དུ་གནས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་


DTG015_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་པའོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ནི་སའི་སྙིང་པོ་ལ་སོགས་པ་ཀུན་ནོ། །གསང་བ་ནི་རོ་གཅིག་པར་གྱུར་པའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ནོ་ཞེས་པ་ནི། །ཉན་ཐོས་དང་རང་སངས་རྒྱས་ནི་འདོད་ཆགས་དང་བྲལ་བའོ། །དེ་ལས་གྱུར་པ་ནི་ཆགས་བྲལ་གྱི་གནས་སུ་སྐྱེ་བ་འཛིན་པའོ། །གསང་ཆེན་ནི་ལོངས་སྤྱོད་རྫོགས་པའི་སྣང་བ་ནུབ་ནས་ཉུངས་ཀར་ཙམ་དུ་གནས་པའི་ཆོའོ། །འདི་ནི་དགའ་བྲལ་གྱི་ཡེ་ཤེས་བླ་མའི་བཀའ་དྲིན་གྱིས་ཤེས་པར་བྱའོ། །ཕྱག་རྒྱ་དང་སྔགས་ཐམས་ཅད་དོ་ཞེས་པ་ནི། །ཕྱག་རྒྱ་ནི་འདི་མཚོན་པར་བྱེད་པས་ན་ཕྱག་རྒྱ་སྟེ། ལས་ཀྱི་ཕྱག་རྒྱ་ལ་སོགས་པའོ། །སྔགས་ནི་ཡིད་མི་སྐྱོ་བར་བྱེད་པའི་ཡེ་ཤེས་སོ། །ཐམས་ཅད་ནི་དེ་ལྟ་བུའི་མཚན་ཉིད་ཅན་ཀུན་ནོ། །ཆོས་ཐམས་ཅད་བརྗོད་དུ་མེད་པར་སྨྲ་བ་རྣམས་ཀྱི་དྲན་པ་དང་ཤེས་བཞིན་ཡང་དག་པར་སྐྱེད་པའོ་ཞེས་པ་ལ། ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དོ། །བརྗོད་དུ་མེད་པ་ནི་ཐིག་ལེ་ཆེན་པོ་ཡི་གེ་མེད་དོ། །སྨྲ་བ་ནི་གང་གིས་དེའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གཞན་ལ་ཐ་སྙད་ཙམ་དུ་སྨྲ་བའོ། །རྣམས་ཞེས་པ་ནི་དེ་གཟུང་འཛིན་ཀུན་ཞེས་པའོ། །དྲན་པ་ནི་རང་གིས་སྔར་ཉམས་སུ་མྱོང་བར་བྱས་པའོ། །ཤེས་བཞིན་ནི་གདམས་ངག་གི་བརྡ་ལ་ཡིད་ཆེས་པར་བྱས་ནས་དངོས་པོ་ཀུན་ལ་རང་དབང་དུ་འཇུག་པའོ། །ཡང་དག་པར་སྐྱེད་པ་ནི་དེ་དག་ཕྱིན་ཅི་མ་ལོག་པ་སྟེ་དེ་ལྟ་བུ་འགྲུབ་པར་བྱེད་པའོ། །དེ་ནི་ཞར་ལ་བྱུང་བ་བཞི་པའི་གདམས་དག་ཏུ་ཤེས་པར་བྱའོ། །ད་ནི་ཐུན་མོང་གི་དངོས་གྲུབ་ཀྱི་རྒྱུ་བསྟན་པའི་ཕྱིར། བླ་ན་མེད་པའི་ཤེས་རབ་བསྐྱེད་པ་དང༌། ཡིད་གཞུངས་པར་བྱེད་པའོ་ཞེས་གསུངས་ཏེ། བླ་ན་མེད་པ་ནི་དེའི་གོང་ན་མེད་པའོ། །ཤེས་རབ་ནི་ཤེས་པའི་ཁྱད་པར་ཏེ། ཤེས་རབ་ཕུལ་དུ་བྱུང་བ་ཞེས་བྱ་བའི་དོན་ཏོ། །གང་གིས་སྐྱེད་ཅེ་ན། སྔར་དམ་པའི་བཀའ་དྲིན་ལས་བྱུང་བའི་བདུད་རྩིའི་ཐིག་ལེ་སྙིང་གའི་པདྨའི་སྟེང་དུ་བཞག་སྟེ་བསྒོམས་ན་ཟག་པ་མེད་པའོ་ཤེས་རབ་ཀྱིས་དུས་གསུམ་མཁྱེན་པར་འགྱུར་པ་དང༌། གང་གིས་རྡོ་རྗེ་པདྨར་ཡང་དག་པར་སྦྱར་བའི་བཅུད་ལྕེས་བླངས་ན་ཡིད་གཞུངས་ཤིང་བློ་འཕེལ་ཏེ་ཚིགས་སུ་བཅད་པ་བརྒྱ་སྟོང་སེམས་ཀྱིས་འཛིན་ཅིང་མི་བརྗེད་པ་ལ་སོགས་པར་འགྱུར་


DTG015_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །དེ་སྐད་དུ་ཡང༌། བློ་དང་སྟོབས་ནི་འཕེལ་བའི་ཕྱིར། །མི་འཆི་ལྕེ་ཡིས་བླང་བར་བྱ། །ཞེས་གསུངས་སོ། །ནད་མེད་པ་དང༌། སྟོབས་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱེད་པའོ་ཞེས་པ་ལ། དེ་ལ་ནད་ནི་རླུང་དང༌། མཁྲིས་པ་དང༌། བད་ཀན་ལ་སོགས་པའོ། །གང་དག་བདུད་རྩི་ལྔ་པོ་སྤྱིར་བསྒྲུབས་པས་སམ། སོ་སོར་བསྒྲུབས་པས་སམ། བཅུད་ཀྱིས་ལེན་ནམ། སྨན་མར་གྱི་ཡེ་ཤེས་དང༌། བསྐུ་བྱུག་གི་ཡེ་ཤེས་དང༌། ནད་མེད་ཅིང་ཚེ་ནམ་མཁའ་དང་མཉམ་པར་འགྱུར་པ་ལ་སོགས་པ་རྒྱུད་དེ་དང་དེར་བཅོམ་ལྡན་འདས་ཀྱིས་རྒྱས་པར་གསུངས་སོ། །སྟོབས་དང་ཞེས་པ་ནི་ཤ་ལྔའི་སྦྱོར་བ་འམ་བདུད་རྩི་ལྔ་ཉིད་ཀྱིས་ཕྱག་རྒྱ་སྟོང་ལ་སྦྱར་བས་སྟོབས་འཕེལ་བར་བྱེད་པའོ། །དབང་ཕྱུག་ནི་རིག་པ་འཛིན་པའི་རྣམ་གྲངས་སུ་གྱུར་ནས་དབང་ཕྱུག་ཏུ་གྱུར་པའོ། །ཕུན་སུམ་ཚོགས་པ་ནི་ས་འོག་དང་རལ་གྲི་ལ་སོགས་པ་ཡང་འགྲུབ་པར་བྱེད་དོ་ཞེས་པའི་ཐ་ཚིག་གོ །དེ་ལྟར་ཐུན་མོང་གི་དངོས་གྲུབ་པ་བསྟན་ནས། འཇིག་རྟེན་གྱི་བདེ་བ་དང་ལེགས་པ་སྒྲུབ་པ་བསྟན་པའི་ཕྱིར། དཔལ་དང༌། དགེ་བ་དང༌། ཞི་བ་དང༌། ལེགས་པ་རྣམས་རབ་ཏུ་འཕེལ་བར་བྱེད་པའོ་ཞེས་གསུངས་ཏེ། དེ་ལ་དཔལ་ནི་བཀྲ་ཤིས་པའོ། །དགེ་བ་ནི་དཀར་པོའི་ཆོས་སོ། །ཞི་བ་ནི་བདེ་བསྐྱེད་པའོ། །ལེགས་པ་ནི་གང་ལ་ཡོད་ན་མཛེས་པ་དང་གཞན་དགའ་བར་འགྱུར་པའོ། །དེ་རྣམས་དེས་འཕེལ་ཞིང་རྒྱུན་མི་འཆད་པར་འགྱུར་པ་ནི་རབ་ཏུ་འཕེལ་ལོ། །གྲགས་པ་དང༌། སྙན་པ་དང༌། ཚིགས་སུ་བཅད་པ་དང༌། བསྟོད་པ་དང་གྲགས་པར་བྱེད་པའོ་ཞེས་པ་ལ། གྲགས་པ་ནི་བདག་གི་ཡོན་ཏན་ཀུན་གྱིས་བརྗོད་པའོ། །སྙན་པ་ནི་ཇི་བཞིན་གྱི་ཡོན་ཏན་བརྗོད་པས་བདག་སེམས་བདེ་བའོ། །ཚིགས་སུ་བཅད་པ་ནི་བདག་གི་བསྔགས་པ་བརྗོད་པའི་ཚེ་ཚིགས་སུ་བཅད་པའི་ཚུལ་གྱིས་སོ། །བསྟོད་པ་ནི་བདག་གི་ཆེ་བའི་བདག་ཉིད་བརྗོད་པའོ། །གྲགས་པ་ནི་ཀུན་གྱིས་ཐོས་པའི་ཚུལ་ལོ། །ནད་དང་འཇིགས་པ་ཆེན་པོ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ་ཞེས་པ་ནི། ནད་ནི་ལུས་དང་སེམས་ལ་ཟུག་རྔུར་གྱུར་པའོ། །འཇིགས་པ་ཆེན་པོ་ཐམས་ཅད་ཅེས་པ་ནི་ཤ་ཟའི་འཇིགས་པ་དང༌། ནད་ཀྱི་


DTG015_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇིགས་པ་དང༌། དབང་པོ་ལ་སོགས་པའི་འཇིགས་པ་དང༌། ནོར་མེད་པའི་འཇིགས་པ་དང༌། མཛའ་བོ་དང་བྲལ་བའི་འཇིགས་པ་དང༌། རྒྱལ་པོའི་ཆད་པས་འཇིགས་པ་དང༌། ཐོག་ལྷུང་པའི་འཇིགས་པ་དང༌། དོན་ཉམས་པས་འཇིགས་པ་ནི་འཇིགས་པ་ཆེན་པོའོ། །ཐམས་ཅད་ཀྱི་སྒྲ་ནི་འཇིགས་པ་ཆེན་པོ་འདི་དག་དང༌། སྔར་སྨོས་པ་ཀུན་ཞི་བར་བྱེད་པའོ་ཞེས་བྱའོ། །དེ་ལྟར་དབང་བསྐུར་ཞིང་རྟོག་པ་དང་ལྡན་པ་ལ་སེམས་བསྐྱེད་པ་དང༌། དབུགས་དབྱུང་བའི་ཕྱིར་དེ་ལྟར་བསྟན་ནས། དག་བྱེད་ཁྱད་པར་ཅན་དུ་བསྟན་པའི་ཕྱིར། ཤིན་ཏུ་རྣམ་པར་དག་པ་རྣམས་ཀྱི་ཡང་ཤིན་ཏུ་རྣམ་པར་དག་པའོ་ཞེས་གསུངས་ཏེ་དེ་ལ་ཤིན་ཏུ་རྣམ་པར་དག་པ་ནི་ལྷའི་སྐུའོ། །རྣམས་ཀྱི་ཡང་ཞེས་བྱ་བ་ནི། རང་རང་གི་བསམ་པ་རྣམ་པར་དག་པའོ་ཞེས་གང་གིས་བརྟགས་པ་རྣམས་སོ། །ཡང་ཞེས་པ་ནི་ཀྱང་ཞེས་པའི་དོན་ཏོ། །མཚུངས་པ་ལས་ཁྱད་པར་དུ་བྱེད་པའི་སྒྲའོ། །ཇི་ལྟར་བཤེས་གཉེན་ཅན་རྣམས་ལ་དགེ་སྦྱོང་དང་བྲམ་ཟེ་ཞེས་བྱ་བ་ལྟ་བུའོ། །དེ་བས་ན་རྣམ་པར་དག་པ་ལྷའི་སྐུ་ཡང་ཡིན་མོད་ཀྱི། འོན་ཀྱང་ཤིན་ཏུ་རྣམ་པར་དག་པ་ནི་སྐྱོན་སྤོང་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ། ཤིན་ཏུ་རྣམ་པར་དག་པ་རྣམས་ཀྱི་ཡང་ཤིན་ཏུ་རྣམ་པར་དག་པའོ་ཞེས་པ་ནི་ཤིན་ཏུའི་སྒྲ་ནི་རབ་ཅེས་པའོ། །དག་པ་ནི་དྲི་མ་དང་བྲལ་བའོ། །རྣམས་ཀྱི་ཡང་ཞེས་པ་ནི་དེ་ལྟ་བུ་གང་དག་ཡིན་པ་རྣམས་ཀྱི་ཡང་ངོ༌། །ཤིན་ཏུ་དག་པའོ་ཞེས་པ་ནི་དག་པའི་ངོ་བོ་ཉིད་དེ་ཡང་འདི་ཞེས་པའོ། །ཤིན་ཏུ་དག་བྱེད་རྣམས་ཀྱི་ཡང་ཤིན་ཏུ་དག་བྱེད་དོ་ཞེས་པ་ནི། ཤིན་ཏུའི་སྒྲ་ནི་སྔ་མ་བཞིན་ནོ།། །།དག་བྱེད་ཅེས་པ་ནི་དག་པར་བྱ་བ་ལ་ལྟོས་པ་སྟེ་གང་དག་དྲི་མ་དང་བཅས་པ་གང་ཡིན་པའོ། །དེ་འཁྲུ་བར་བྱེད་པས་ན་དག་བྱེད་དོ། །དྲི་མ་དེ་ཡང་གཉིས་སྟེ། ཕྱིའི་དྲི་མ་ཞེས་བྱ་བ་དང་ནང་གི་དྲི་མའོ། །དེ་ལ་ཕྱིའི་དྲི་མ་དག་པས་ནང་གི་དྲི་མ་དག་པར་འདོད་པ་དང༌། ནང་གི་དྲི་མ་དག་པས་ཕྱིའི་དྲི་མ་དག་པར་འདོད་པ་དང༌། རང་བཞིན་རྣམ་པར་དག་པས་དྲི་མ་རྣམ་པར་དག་པར་འདོད་པའོ། །ཕྱིའི་དྲི་མ་དག་པས་ནང་གི་དྲི་མ་དག་པར་འདོད་པ་ནི་དག་བྱེད་ས་དང་ཆུ་དང་ཀུ་ཤ་ལ་སོགས་པ་བསྟན་པའོ། །ནང་གི་དག་པས་ཕྱིའི་དག་པར་འདོད་པ་ནི་ཕྱག་རྒྱ་དང་སྔགས་


DTG015_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟློས་པ་དང་བསྒོམ་པས་དག་པའོ། །དེ་ལྟ་བུ་ཡང་དག་བྱེད་དུ་བལྟ་བས་དག་བྱེད་རྣམས་སོ། །ཤིན་ཏུ་དག་བྱེད་ནི་རང་བཞིན་རྣམ་པར་དག་པའོ། །གཞན་དུ་དག་པར་བྱེད་པ་ནི་བཏགས་པ་ཙམ་མོ། །དེ་སྐད་དུ་ཡང༌། འདི་ལྟར་མི་གཙང་ལས་བྱུང་ཞིང༌། །མི་གཙང་བས་ནི་རིལ་པོར་གང༌། །དེ་ལྟ་བུ་ཡི་ལུས་འདི་ཉིད། །གངྒཱར་བཀྲུས་པས་ཇི་ལྟར་འདག །མི་གཙང་ཐུམ་པོའི་ཆུ་དག་གིས། །ཡང་ཡང་བཀྲུས་ཀྱང་དག་མི་འགྱུར། །དེ་བཞིན་མི་གཙང་ལུས་གང་བའི། །ཕུང་པོ་འདི་ཡང་དག་མི་འགྱུར། །ཞེས་འབྱུང་བ་དང༌། ཡང་དེ་ཉིད་ལས། ཁྲུས་ཀྱིས་སྡིག་པ་ཟད་པ་ཡང༌། ངེས་པར་ཡོད་པ་མ་ཡིན་ཏེ། །ཇི་ལྟར་འབབ་སྟེགས་བསྟེན་པ་ལ། །ཉོན་མོངས་ལ་སོགས་སྐྱེ་བར་མཐོང༌། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །ཕྱག་རྒྱ་དང་སྔགས་འབའ་ཞིག་གིས་ཀྱང་དག་པ་མ་ཡིན་པར་གསུངས་པ་ནི། ལྷ་དང་སྔགས་ཀྱང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་བཞིན་རྣམ་པར་དག་པས་དག་བྱེད་ཁྱད་པར་དུ་བསྟན་པ་ཡང་གསུངས་པ། །དེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །དག་པ་གཞན་གྱིས་རྣམ་གྲོལ་མིན། ཞེས་པ་དང༌། ཡང་དག་བྱེད་ཀྱི་ཐབས་ཁྱད་པར་ཅན་བསྟན་པའི་ཕྱིར་ཕོ་ཉ་དག་བྱེད་ཀྱི་ཁྱད་པར་དང༌། བཏུང་བ་དག་བྱེད་ཀྱི་ཁྱད་པར་དང༌། བཟའ་བ་དག་བྱེད་ཀྱི་ཁྱད་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་དྲི་མ་འཇོམས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཕོ་ཉའི་གཙང་སྤྲ་དང་པོ་སྟེ། །གཉིས་པ་ཞི་བའི་བཏུང་བ་ཡིན། །སྣོད་གཅིག་ཏུ་ནི་ཟ་བྱེད་པ། །གཙང་སྦྲ་གསུམ་པ་ཡིན་པར་འདོད། །ཅེས་གསུངས་སོ། །གཙང་སྦྲ་དག་གི་ཁྱད་པར་གསུངས་པ། གཙང་སྦྲ་དག་གི་ཁྱད་པར་གསུངས་པ། གཙང་སྦྲ་དེ་ཡི་ཡོན་ཏན་ཡང༌། །སྟོང་ཕྲག་གཅིག་གིས་གཞལ་མིན་པར། ཁ་ཅིག་གིས་ནི་བརྗོད་ནུས་སམ། །ཞེས་གསུངས་སོ། །གཞན་ཡང་གཞན་དག་འདོད་པའི་མཆོད་ཕྱིར་ཐོགས་པ་ལ་སོགས་པས་དག་པར་མི་འགྱུར་གྱི། གསང་སྔགས་ཀྱི་སྤྱོད་པ་ལ་དག་བྱེད་ཀྱི་དག་བྱེད་ཅེས་བྱའོ། །རང་བཞིན་དག་པ་ཡིན་ན་དེ་ལྟ་བུ་ཅི་དགོས་ཤེ་ན། གློ་བུར་གྱི་དྲི་མ་དེ་བསལ་བའི་ཕྱིར་རོ། །ད་ནི་ཆུ་ལ་སོགས་པས་ཀྱང་དག་གོ་ཞེ་ན། སེམས་ཀྱི་དྲི་མ་ནི་རྣམ་པར་རྟོག་པ་སྟེ། ཆུ་ལ་སོགས་


DTG015_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་དེ་གལ་ནུས་ཤེའོ། །རབ་ཏུ་བྱང་བ་རྣམས་ཀྱི་ཡང་རབ་ཏུ་བྱང་བའོ་ཞེས་པ་ནི། རབ་ཏུ་བྱང་བ་ནི་ལེགས་པར་རབ་ཏུ་བྱང་བ་སྟེ་སྐྱོན་དུ་འགྱུར་པ་ཆ་ཕྲ་རབ་ཀྱང་མེད་པའོ། །དེ་ལྟ་བུ་གང་དག་ཡིན་པ་དེ་རྣམས་ཀྱི་རབ་ཏུ་བྱང་བའི་ངོ་བོ་ཉིད་གང་དག་ཡིན་པ་སྟེ་ཡེ་ཤེས་འདིའོ་ཞེས་པའོ། །དེ་ལྟར་དག་པ་དང་བྱང་བར་ལུང་བསྟན་ནས། ད་ནི་དག་པ་དང་བྱང་བའི་འབྲས་བུ་བསྟན་པའི་ཕྱིར། རབ་ཏུ་བཀྲ་ཤིས་པ་རྣམས་ཀྱི་ཡང་རབ་ཏུ་བཀྲ་ཤིས་པའོ་ཞེས་གསུངས་ཏེ། རབ་ཏུ་བཀྲ་ཤིས་པ་ནི་རབ་ཏུ་དཔལ་ཆེའོ། །དེ་ནི་མཁྱེན་པའི་ཁྱད་པར་ལས་བྱུང་བར་གསུངས་སོ། །ཅི་མཁྱེན་པ་དང་ཅིས་མཁྱེན་ན་དུས་མཁྱེན་པ་དང༌། དག་པ་དང་བྱང་བའི་ཡེ་ཤེས་མཁྱེན་པའོ། །དུས་གང་ཞེ་ན། བཟང་བའི་དུས་དང་ངན་པའི་དུས་སོ། །དེ་ནི་དབང་ཐང་གི་འཁོར་ལོ་བསྟན་པ་ལས་ཤེས་པར་བྱའོ། །གང་དག་གིས་བཟང་པོའི་དུས་རྣམས་ཤེས་པར་བྱས་ནས་བྱ་བ་རྩོམ་ན་བྱ་བ་ཐམས་ཅད་ལ་བཀྲ་ཤིས་པར་འགྱུར་ལ། ངན་པའི་དུས་ཤེས་ནས་དེར་བྱ་བ་མ་བརྩམས་པས་བཀྲ་མི་ཤིས་པ་ཐམས་ཅད་མི་འབྱུང་ངོ༌། །དེའི་ཕྱི་རབ་ཏུ་བཀྲ་ཤིས་པ་ནི་རྟག་ཏུ་བཀྲ་ཤིས་པའོ། །དེ་ལས་ཀྱང་བཀྲ་ཤིས་པ་ནི་བཅོམ་ལྡན་འདས་དགའ་ལྡན་ནས་འཕོ་བ་དང༌། ལྷུམས་སུ་ཞུགས་པ་ལ་སོགས་པའི་དུས་ན་བཀྲ་ཤིས་པ་ནི་རབ་ཏུ་བཀྲ་ཤིས་པའོ། །དེ་ལྟར་བཀྲ་ཤིས་པ་བཤད་ནས། ད་ནི་སེམས་ཅན་ཀུན་གྱི་དོན་དུ་རྗེས་སུ་གནས་པ་ཡང་བསྟན་པའི་ཕྱིར་སྐྱབས་འདོད་པ་རྣམས་ཀྱི་སྐྱབས་སོ་ཞེས་གསུངས་ཏེ། སྐྱབས་འདོད་པ་རྣམས་ནི་སེམས་འཇིགས་པ་དང་བཅས་པ་ཡང་རབ་ཏུ་གྱུར་པའོ། །དེ་སྤང་བར་འདོད་པའི་སེམས་དང་བཅས་པའོ། །འཇིགས་པ་སེལ་ཞིང་གཞན་སེམས་ཡང་བ་ལས་བསྲུང་བས་ན་སྐྱབས་སོ་ཞེས་བྱའོ། །གནས་མེད་པ་རྣམས་ཀྱི་གནས་སོ་ཞེས་པ་ནི། གང་ལ་འདུག་པར་བྱ་བའི་རྟེན་མེད་པའོ། །དེ་ལྟ་བུ་ཀུན་ཀྱང་རྟེན་བྱེད་ཅིང་རབ་ཏུ་གནས་པས་གནས་སོ། །ས་གཞི་ལྟར་སེམས་དཔའ་སེམས་ཅན་ཀུན་གྱི་རྟེན་གྱིས་ཤིག་པའི་དོན་ཏོ། །སྐྱོབ་པ་འདོད་པ་རྣམས་ཀྱི་སྐྱོབ་པའོ་ཞེས་པ་ནི། ཇི་ལྟར་ཚ་བས་གདུངས་པ་རྣམས་ཀྱི་ཚ་བ་སྐྱོབ་པར་འདོད་པའོ། །གྲང་བས་ཉེན་པ་རྣམས་ཀྱི་གྲང་བ་སྐྱོབ་པར་འདོད་པའོ། །དེའི་ཕྱིར་སྐྱོབ་པར་འདོད་པའོ། །དེ་བཞིན་དུ་བཀྲེས་པ་དང་སྐོམ་པ་ལ་སོགས་པའོ། །སྐྱོབ་པ་


DTG015_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་གདུགས་དང༌། སྣམ་བུ་དང༌། ཟས་དང༌། སྐོམ་ལ་སོགས་པའོ། །དེ་ལྟར་བསམ་ཞིང་དོན་གྱིས་ཤིག་པའོ། །དཔུང་གཉེན་འདོད་པ་རྣམས་ཀྱི་དཔུང་གཉེན་ནོ། །ཞེས་པ་ནི་ཕ་རོལ་པོའི་སྔ་རབ་ཏུ་གཉེན་ཏེ། བདག་སྡེ་དང་དཔུང་རབ་ཏུ་ཚོལ་བའི་དཔུང་གཉེན་ནོ། །དེ་ལྟར་སྡུག་བསྔལ་བ་མཐོང་ནས་དེའི་དཔུང་དང་གཉེན་བྱེད་པ་ནི་དཔུང་གཉེན་ནོ། །གླིང་འདོད་པ་རྣམས་ཀྱི་གླིང་ངོ་ཞེས་པ་ནི་གང་དགའ་བབ་ཆུའམ་ཆུ་བོའམ། མཚོ་རྣམས་ཀྱིས་ཀུན་ནས་བསྐོར་བའི་དབུས་ན་རྟེན་དུ་གྱུར་པའི་སའམ་ཐང་ལྟ་བུའི་གླིང་ཞེས་བྱའོ། །གང་དག་འབབ་ཆུ་ལ་སོགས་པས་ཁྱེར་ཏེ་གོང་མ་ལྟ་བུ་དང་ཕྲད་པར་སེམས་ལ་སྨོན་པ་ནི་གླིང་འདོད་པའོ། །བདག་དེ་ལྟར་གྱུར་པར་བྱེད་ཅིང་དོན་བྱེད་པ་ནི་གླིང་ངོ༌། །འཁྲས་བླ་ན་མེད་པ་འདོད་པ་རྣམས་ཀྱི་འཁྲས་བླ་ན་མེད་པའོ་ཞེས་པ། འཁྲས་ཞེས་པ་ནི་གང་དག་གཅན་གཟན་ལ་སོགས་པས་རབ་ཏུ་ཉེན་པ་ན་ཤིང་དང་བྲག་ལ་སོགས་པ་ནི་འཁྲ་སའོ། །བླ་ན་མེད་པ་ནི་བདུད་དང་ངན་འགྲོས་ཉེན་པ་ལ་སོགས་པ་གཏན་དུ་གབ་པའི་གནས་སོ། །དེ་བས་ན་འཁྲས་བླ་ན་མེད་པའོ་ཞེས་སོ། །སྲིད་པའི་རྒྱ་མཚོའི་ཕ་རོལ་དུ་འགྲོ་བར་འདོད་པ་རྣམས་ཀྱི་གྲུའོ་ཞེས་བྱ་བ་ནི་དེ་ལ་སྲིད་པ་ནི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་རྣམས་ནི་རྒྱ་མཚོ་དང་འདྲ་བས་ན་མཚོའོ། །ཅིའི་ཕྱིར་ཞེ་ན། རབ་ཏུ་རྒལ་དཀའ་བའི་ཕྱིར་རོ། །ཟབ་པ་དང་རྒྱ་ཆེ་བ་དང༌། དབའ་ཀློང་དང༌། མི་མ་ཡིན་པ་དང༌། ཆུ་སྲིན་ལ་སོགས་པ་རབ་ཏུ་མང་བས་ན། ཡང་རབ་ཏུ་རྒལ་དཀའ་བའོ། །དེ་བཞིན་དུ་སྲིད་པ་ཡང་ཤིན་ཏུ་རྒལ་དཀའ་བ་སྟེ་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་མཐུག་པོ་དང༌། ཉོན་མོངས་པ་རབ་ཏུ་ཆེ་བ་དང༌། སྡིག་པའི་གྲོགས་པོ་རབ་ཏུ་མང་བ་ལ་སོགས་པ་སྲིད་པ་ནི་རབ་ཏུ་རྒལ་དཀའ་ཞེས་བྱའོ། །དེའི་ཕ་རོལ་ནི་མྱ་ངན་ལས་འདས་པའོ། །འགྲོ་བར་འདོད་པ་ནི་སྲིད་པའི་ཉེས་དམིགས་ཤེས་ཤིང་མྱ་ངན་ལས་འདས་པའི་ཡོན་ཏན་ཤེས་པའོ། །དེ་སྐད་དུ་ཡང༌། འཁོར་བའི་རྒྱ་མཚོ་འཇིགས་པ་ལས། །འགྲོལ་བར་འགྱུར་པའི་བསམ་པ་ཅན། །ཞེས་གསུངས་སོ། །གྲུ་བོ་ཞེས་བྱ་བ་ནི་དེ་ལས་སྒྲོལ་བའི་ཐབས་ཏེ། གཟིངས་ལ་སོགས་པ་ལྟ་བུའི་ཞེས་པའོ། །ནད་ཐམས་ཅད་སེལ་བའི་སྨན་གྱི་རྒྱལ་པོ་


DTG015_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོ་ཞེས་པ་ནི། ནད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ནད་ཐམས་ཅད་དོ། །སེལ་བ་ནི་ཞི་བར་བྱེད་པའོ། །གང་གིས་ཤེ་ན་སྨན་པའི་རྒྱལ་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །དེས་ཕྱི་དང་ནང་གི་ནད་ཐམས་ཅད་ཞི་བར་བྱེད་དོ། །ཟུག་རྡུ་ཕྲ་མོ་ཡང་མ་ལུས་པར་འཇོམས་པས་ན་དེ་སྐད་ཅེས་བྱའོ། །བླང་པ་དང་དོར་བའི་དངོས་པོའི་བྱེ་བྲག་ཕྱེད་པས་ཤེས་རབ་ཉིད་དོ་ཞེས་པ་ནི། བླང་བ་ནི་བསྒྲུབ་པར་བྱ་བའོ། །དོར་བ་ནི་སྤང་བར་བྱ་བའོ། །དངོས་པོ་ཞེས་པ་ནི་དོན་བྱེད་ནུས་པའི་ཕྱིར་རོ། །གཞན་དུ་ན་དངོས་པོ་གསུམ་ནི་སྲིད་པའི་ཕྱིར་རོ། །བྱེ་བྲག་ཕྱེད་ནི་ཁྱད་པར་ཞེས་པའོ། །ཤེས་རབ་ནི་ཆོས་རྣམས་ལ་ཁྱད་པར་དང་བྱེ་བྲག་ཤེས་པར་བྱེད་པའི་ཤེས་རབ་བོ། །ལྟ་བ་ངན་པའི་མུན་ནག་ཐམས་ཅད་སེལ་བའི་ཡེ་ཤེས་ཀྱི་སྣང་བའོ་ཞེས་པ་ནི་ལྟ་བ་ངན་པ་ཞེས་པ་ནི་ཤེས་རབ་ཕྱིན་ཅི་ལོག་པ་སྟེ། རྒྱུ་དང་འབྲས་བུའི་དོན་ལ་རྨོངས་པས་འཇིག་རྟེན་ཕ་རོལ་མེད་ཅེས་སྨྲ་བའོ། །དེ་ཉིད་མུན་པ་དང་འདྲ་བས་ན་མུན་ནག་གོ །ཡང་དག་པའི་ཤེས་རབ་ཀྱི་ཕྱིན་ཅི་ལོག་བསལ་ནས་རྒྱུ་དང༌། འབྲས་བུ་དང༌། སྐུ་དང་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ནི་ཡེ་ཤེས་ཀྱི་སྣང་བ་ཞེས་བྱའོ། །དེས་ཅི་བྱེད་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུའོ་ཞེས་པ་ནི་སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སེམས་ཅན་ཐམས་ཅད་དོ། །སེམས་ནི་ཡིད་དོ། །བསམ་པ་ནི་རེ་བ་སྨོན་པའོ། །ཇི་ལྟ་བ་བཞིན་རེ་བ་ནི་ཇི་ལྟ་བ་བཞིན་ནོ། །ཡོངས་སུ་རྫོགས་པ་ནི་བསམ་པ་མཐར་ཕྱིན་པར་བྱེད་པའོ། །ཡིད་བཞིན་གྱི་ནོར་བུའོ་ཞེས་པ་ནི་ནོར་བུ་ཁྱད་པར་ཅན་གྱིས་སེམས་ཅན་ཀུན་གྱི་ཡིད་ལ་བསམས་པའི་དོན་སྦྱིན་པར་ནུས་པ་ནི་ཡིད་བཞིན་གྱི་ནོར་བུའོ་ཞེས་བྱའོ། །དེས་ཉེ་བར་མཚོན་པའི་དཔག་བསམ་གྱི་ཤིང་དང༌། བུམ་པ་བཟང་པོ་ལྟར་སེམས་ཅན་ཀུན་གྱི་དོན་བྱེད་ཅེས་པའོ། །འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ཐོབ་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་ཞེས་པ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་ནི་བཤད་ཟིན་ཏོ། །སྐུ་ནི་ཡེ་ཤེས་ཀྱི་སྐུ་རང་བྱུང་ངོ༌། །ཐོབ་པ་ནི་རྟོགས་པར་འགྱུར་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་དངོས་


DTG015_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་མ་ལུས་པ་ཇི་ལྟ་བ་བཞིན་མཁྱེན་པའོ། །དེ་བས་ན་ཡེ་ཤེས་ཀྱི་སྐུ་དེ་ནི་ཐམས་ཅད་མཁྱེན་པའི་ཡུམ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གཞན་གྱི་ཡུམ་མ་ཡིན་ནམ་ཞེ་ན། སྤྱན་ལྔ་ཐོབ་པར་བྱ་བའི་ཕྱིར། ཡེ་ཤེས་མཐོང་བ་ཡོངས་སུ་དག་པའོ་ཞེས་པ་ནི་སྤྱན་ལྔ་ནི་ཤའི་སྤྱན་དང༌། ལྷའི་སྤྱན་དང༌། ཤེས་རབ་ཀྱི་སྤྱན་དང༌། ཆོས་ཀྱི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་ནོ། །ཐོབ་པར་བྱ་བ་ཞེས་པ་ནི་དེ་རྣམས་དང་ལྡན་པར་བྱ་དགོས་པའོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་མཐོང་བ་ཡོངས་སུ་དག་པའོ་ཞེས་བྱའོ། །ཡེ་ཤེས་ནི་སྔར་བཤད་མ་ཐག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ཡེ་ཤེས་ཀྱི་སྐུ་རབ་ཏུ་བལྟ་དཀའ་བ་ཡང་གཟིགས་པས་ན་ཡོངས་སུ་དག་པའོ། །སྤྱན་ལྔ་པོ་གང་ལ་རབ་རིབ་མི་མངའ་བ་གསལ་བའི་བདག་ཉིད་ཡོད་པ་གང་ཡིན་པའི་ནི་ཡེ་ཤེས་ཀྱིའོ་ཞེས་པ་ཡང་ངོ༌། །ཟང་ཟིང་དང་མི་འཇིགས་པ་དང༌། ཆོས་ཀྱི་སྦྱིན་པ་གཏང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའོ་ཞེས་པ་ནི། །ཟང་ཟིང་ནི་ནོར་དང་འབྲས་བུ་ལ་སོགས་པའོ། །མི་འཇིགས་པ་ནི་སྐྱབས་བྱེད་པ་ལ་སོགས་པའོ། །ཆོས་ནི་རམ་པར་དཀར་བས་འགྲོ་བའི་དོན་བྱེད་པའོ། །སྦྱིན་པ་ནི་གཞན་ལ་ཕན་པར་འདོད་ནས་མི་འཇིགས་པར་གཏོང་བའོ། །འདིར་དངོས་པོ་གསུམ་ཡོངས་སུ་གཏོང་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་ཇི་ལྟར་རྫོགས་པར་འགྱུར་ཞེ་ན། འདི་ལྔར་ཟང་ཟིང་གིས་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་སྐྱབས་ཀྱིས་ནི་སྡོམ་པའི་ཚུལ་ཁྲིམས་དང༌། ཆོས་ཀྱིས་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་སོ། །དེའི་དུས་ན་བྱ་བ་གཞན་ལ་མི་འཇུག་པ་ནི་བརྩོན་འགྲུས་སོ། །སེམས་གཡེང་པ་གཞན་མི་སེམས་པ་ནི་བཟོད་པའོ། །རྩེ་གཅིག་ཏུ་གནས་པ་ནི་བསམ་གཏན་ནོ། །དེ་རྣམས་ཀྱི་རང་བཞིན་ཤེས་པ་ནི་ཤེས་རབ་བོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང༌། ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ཕྱིར་ས་བཅུ་ཐོབ་པའོ་ཞེས་པ་ནི་བསོད་ནམས་ནི་གང་བྱས་ན་དགེ་བར་འགྱུར་རོ། །ཡེ་ཤེས་ནི་གང་བྱས་ན་གྲོལ་བར་འགྱུར་པའོ། །ཚོགས་ནི་བདེ་བ་མཆོག་ཏུ་འགྱུར་པའོ། །ཏིང་ངེ་འཛིན་ནི་བློ་མཉམ་པར་འཇོག་པ་སྟེ། འདི་ལྟར་ལུས་དྲང་པོར་བསྲང་སྟེ། སྔར་


DTG015_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཤད་པའི་འཁོར་ལོ་དྲུག་པོ་ལུས་ལ་བསམ་པར་བྱས་ནས་ཨ་ལས་སྐྱེས་པའི་རལ་གྲི་ཨས་མཚན་པ་འབར་བས་སྡུག་བསྔལ་གྱི་རྩ་བར་གྱུར་པ་སྙིང་གའི་རྟོག་པ་བཅད་ནས་རྡོ་རྗེ་ཆོས་ཀྱི་ལམ་དང༌། རྡོ་རྗེ་ཟབ་མོའི་ལམ་ནས་ཡེ་ཤེས་ཀྱི་བདུད་རྩིས་སྐུ་གསུམ་གྱི་གསང་བའི་རྩ་ཉི་ཤུ་རྩ་བཞི་གང་བས་ས་བཅུ་ཐོབ་ཅིང་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འགྱུར་པ་སྔ་ཕྱིའི་གདམས་ངག་གིས་ཤེས་པར་བྱའོ། །དེ་ལྟར་དབང་གི་ཆོ་གའི་རིམ་པ་བཤད་ནས། ད་ནི་གཉིས་མེད་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་གསལ་བར་བསྟན་པའི་ཕྱིར། ཆོས་གཉིས་དང་བྲལ་བའི་ཕྱིར་གཉིས་སུ་མེད་པའི་ཆོས་ཉིད་དོ་ཞེས་པ་ནི། ཆོས་གཉིས་ནི་གཟུང་བ་དང་འཛིན་པ་རྣམས་སོ། །བྲལ་བ་ནི་ངོ་བོ་ཉིད་ཀྱིས་མ་གྲུབ་པའོ། །དེ་བས་ན་ཡེ་ཤེས་འདི་གཉིས་སུ་མེད་པའོ་ཞེས་པའོ། །སྒྲོ་བཏགས་པ་མེད་པའི་ཕྱིར་དེ་བཞིན་ཉིད་ཀྱི་རང་བཞིན་དང༌། གཞན་མ་ཡིན་པའི་ཆོས་ཉིད་དོ་ཞེས་པའི་སྒྲོ་བཏགས་པ་ནི་མེད་པ་ལ་ཡོད་པར་སྒྲོ་བཏགས་པའོ། །དེ་བཞིན་དུ་ཡོད་པ་ལ་མེད་པར་སྐུར་པ་འདེབས་པ་ཡང་སྟེ། དེ་ལྟ་བུའི་མཐའ་ལས་འདས་པ་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ནོ། །གཞན་མ་ཡིན་པའི་ཆོས་ཉིད་ཅེས་པ་ནི་ཆོས་རྣམས་ལས་ཆོས་ཉིད་གུད་ན་མེད་པའི་ཐ་ཚིག་གོ །དེ་སྐད་དུ་ཡང༌། ཆོས་རྣམས་ཀྱི་ཆོས་ཉིད་ནི་གང་ནས་ཀྱང་མ་འོངས། གང་དུ་ཡང་མི་འགྲོའོ། །གང་གནས་པ་ལས་གཞན་དུ་འགྱུར་པ་ཡང་མེད་ཅེས་གསུངས་སོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་དག་པའི་མཐའི་རང་བཞིན་ཉིད་དོ་ཞེས་པ་ནི། དེ་བཞིན་གཤེགས་པའི་དོན་ནི་བརྡ་ཕྲད་པར་ཟད་དོ། །ཡེ་ཤེས་ཡོངས་སུ་དག་པ་ཞེས་བྱ་བ་ལ་ཡེ་ཤེས་ནི་ཡེ་ཤེས་ལྔ་རོ་གཅིག་པའི་སྐུའོ། །ཡོངས་སུ་དག་པ་ནི་སྐྱོན་མ་ལུས་པ་དང་བྲལ་བའོ། །ཕྱིར་ཞེས་པ་ནི་དེ་བས་ན་ཞེས་པའི་དོན་ཏོ། །ཡང་དག་པའི་མཐའི་རང་བཞིན་ཉིད་དོ་ཞེས་པ་ནི་ཡང་དག་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། མཐའ་ནི་མཐར་ཐུག་པ་སྟེ་དེ་ལས་ལྷག་པ་མེད་དོ་ཞེས་པའི་ཐ་ཚིག་གོ །རང་བཞིན་ཉིད་ཁོ་ནའོ་ཞེས་པའོ། །ལྟ་བ་ངན་པའི་ཚང་ཚིད་བརྒྱ་སྟོང་མ་ལུས་པར་སེལ་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་དོ་ཞེས་པ་ནི། ལྟ་བ་ངན་པ་ནི་ཆད་པར་ལྟ་བའོ། །དེ་ཚང་


DTG015_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚིང་དང་འདྲ་བས་ན་ཚང་ཚིང་སྟེ། ལམ་བདེ་བ་ལས་གོལ་བའི་ཚང་ཚིང་མི་མཉམ་པར་འགྲོ་བའོ། །དེ་བཞིན་དུ་ལྟ་བ་ངན་པ་ནི་ཉི་ཚེ་བའི་ཚང་ཚིང་དུ་འགྲོ་བའོ། །མ་ལུས་པར་སེལ་བ་ནི་ལམ་དེར་མི་འཇུག་པའི་ཕྱིར་ཡང་དག་པའི་ལྟ་བའོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་གོམས་པར་བྱེད་པའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ནི་རྣམ་པའི་སྣང་བ་གང་ཡང་མ་ཆད་པ་དང༌། དེ་ཡང་ངོ་བོ་ཉིད་སྟོང་པ་སྟེ་ཆོས་ཐམས་ཅད་དབང་པོའི་གཞུ་དང་མཚུངས་པར་ཁོང་དུ་ཆུད་པ་ཁོ་ནའོ། །ད་ནི་དེ་ལྟར་བསྟན་པ་དེ་དག་མཇུག་བསྡུས་ཏེ་བསྟན་པའི་ཕྱིར། མཚན་ཡང་དག་པར་བརྗོད་པ་འདི་ནི་ཞེས་གསུངས་ཏེ། མདོར་ན་ཞེས་པ་ཤུགས་ལ་སྟོན་པའོ། །མཚན་ཡང་དག་པར་བརྗོད་པ་འདི་ནི་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་དང༌། སོ་སོར་རྟོག་པའིའོ། །དེ་དག་མདོར་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། གཉིས་སུ་མེད་པའི་ཆོས་ཉིད་ཀྱི་དོན་གྱི་མཚན་ཡང་དག་པར་བརྗོད་པ་འཛིན་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ཤེས་རབ་ཉིད་དོ། །དེ་ལ་གཉིས་སུ་མེད་པའི་ཆོས་ཉིད་ཅེས་པ་ལ་གཉིས་སུ་མེད་པ་ནི་གཟུང་བ་དང་འཛིན་པས་སྟོང་པར་རིག་པའོ། །ཆོས་ཉིད་ནི་རིག་པའི་ངོ་བོ་ཉིད་ཀྱིས་སྟོང་པ་བརྗོད་དུ་མེད་པའི་རང་བཞིན་ནོ། །དོན་གྱི་མཚན་ཡང་དག་པར་བརྗོད་པ་འཛིན་པ་ཞེས་པ་ནི་དེ་ལྟ་བུའི་ཆོས་ཉིད་ཀྱི་དོན་ཡིན་པས་ན་དོན་ནོ། །ཀྱི་ཞེས་པ་དྲུག་པའི་སྒྲའོ། །མཚན་ནི་མིང་གི་བླ་དགས་སོ། །འཛིན་པ་ནི་དོན་ཁོང་དུ་ཆུད་པ་ལ་ཕན་པར་འདོད་པའོ། །སྟོན་པ་ནི་གཞན་ལའོ། །འཁོར་ལོ་གསུམ་པའི་ཕན་ཡོན་ལས་ཚིག་གི་རྣམ་གྲངས་ལྔ་བཅུ་རྩ་གཉིས་སུ་བགྲངས་པའི་བཤད་པའོ།། །།

འཁོར་ལོ་བཞི་པའི་ཕན་ཡོན་ཚིག་གི་རྣམ་གྲངས་བཅུ་དགུས་བཤད་པ།


DTG010_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་འཁོར་ལོ་གསུམ་པའི་ཕན་ཡོན་བཤད་ནས། ད་ནི་འཁོར་ལོ་བཞི་པའི་ཕན་ཡོན་བཤད་པའི་ཕྱིར། ལག་ན་རྡོ་རྗེ་རྡོ་རྗེ་འཆང༌། །ཞེས་པ་ལ་སོགས་པ་གསུངས་ཏེ། ལག་ན་རྡོ་རྗེ་ནི་དོན་སྔ་མ་བཞིན་ནོ། །གཞན་ཡང་ཞེས་པ་ནི་སྔ་མ་བཞིན་ནོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྤྱད་པ་སྤྱོད་པ་གང་ལ་ལ་ཞེས་པ་ནི་རྟེན་གྱི་གང་ཟག་གི་རིགས་ཀྱི་ཁྱད་པར་བསྟན་པར་དགོངས་པ་སྟེ། དེ་ལ་རིགས་ཀྱི་བུ་ཞེས་པ་ནི་སེམས་


DTG015_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྐྱེད་པ་དང༌། དབང་བསྐུར་བ་ཐོབ་པ་སྟེ། འདིར་རིགས་ནི་རྡོ་རྗེ་ལ་སོགས་པའོ། །མེ་ཏོག་གང་དུ་ལྟུང་བ་ནི་རིགས་དེའི་བུའོ། །རྟེན་གྱི་བྱེ་བྲག་གིས་ཕོ་དང་མོར་གྱུར་པ་ནི་བུ་དང་བུ་མོའོ། །གསང་སྔགས་ནི་གང་དག་གསང་བའི་དམ་ཚིག་རྣམས་སོ། །སྤྱོད་པ་ནི་མཚན་ཉིད་དང་ལྡན་པ་རྣམས་ཀྱིས་སྤྱད་པར་བྱ་བའི་ཕྱིར་རོ། །སྤྱོད་པ་ཞེས་པ་ནི་ཉམས་སུ་ལེན་པའོ། །གང་ལ་ལ་ཞེས་པ་ནི་གཞི་བྱེ་བྲག་ཏུ་མ་ཕྱེ་བ་སྤྱིར་སྟོན་པའི་སྒྲ་སྟེ་གསང་སྔགས་ཀྱི་སྤྱོད་པ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་རུང་བ་དབང་པོ་ཐ་མ་འམ། དབང་པོ་འབྲིང་ངམ། དབང་པོ་རབ་མཆོག་རྣམས་ཀྱིས་ཞེས་པའོ། །དེ་ལ་དབང་པོ་ཐ་མ་སྤྱད་པར་བྱ་བ་ཇི་ཙམ་ཡིན་པ་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱི་དོན་ནི་སྔར་བསྟན་པ་ཁོ་ནའོ། །ཡེ་ཤེས་སེམས་དཔའི་ཞེས་པའི་ཡེ་ཤེས་ནི་དམ་ཚིག་ལྡས་ཉེ་བར་མཚོན་པའི་དམ་ཚིག་ལྔའོ། །བཟའ་བ་ལྡས་མཚོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ལྔ་ཡིན་ལ། དེའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་དག་དབྱེར་མེད་པར་གྱུར་པ་ནི་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་གཉིས་སུ་མེད་པའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་གཙུག་གི་ནོར་བུ་འདི་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་ཞེས་པ་ནི་དབང་པོ་ཐ་མ་ལ་དམིགས་པའི་ཡུལ་ཡང་དེ་ཡིན་ཞེས་པ་སྟེ། དོན་ནི་བཤད་མ་ཐག་པ་ཉིད་དེ། དེའི་མཚན་ཉིད་ཅི་འདྲ་ཞེ་ན་གཉིས་སུ་མེད་པ་ཞེས་པ་སྟེ། །དེའི་དོན་གོ་བར་ཟད་དོ། །དེ་ཉིད་ཀུན་རྫོབ་ཏུ་མ་ཡིན་པར་བསྟན་པའི་ཕྱིར། དོན་དམ་པ་ཞེས་པའོ། །གང་གིས་མཚོན་ཞེ་ན། མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཞེས་པ་ནི་མཚོན་པར་བྱེད་པའི་གཞུང་དེའི་མིང་དེ་སྐད་ཅེས་བྱའོ། །གཞུང་དེའི་ཆེ་བའི་དཔེ་བསྟན་པའི་ཕྱིར་གཙུག་གི་ནོར་བུ་ཞེས་པ་སྟེ། །གང་གི་སྤྱི་བོའི་གཙུག་ན་ནོར་བུ་རིན་ཐང་མེད་པ་ཡོད་པ་དེ་འདྲ་ཞེས་པའོ། །དབང་པོ་ཐམས་ཅད་དམིགས་པར་བྱ་བ་དེ་ཡིན་གྱི། སྤྱོད་པའི་ཚུལ་དེ་ལྟར་ཡིན་ནམ་ཞེ་ན།


DTG015_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞུང་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་འདི་སྤྱོད་པའི་ཚུལ་ཡིན་གྱི། གསང་སྔགས་སྤྱོད་པའི་དོན་ནི་དེ་ལྟར་མ་ཡིན་ནོ། །དེ་ལྟར་ཅིས་ཤེས་ཤེ་ན་ཡོངས་སུ་རྫོགས་པ་དང༌། མ་ཉམས་ཤིང་ལྷག་ཆད་མེད་པ་ཚིགས་སུ་བཅད་པའི་ཚིག་དང་ཡིག་འབྲུ་འདི་དག་ཉིད་ཀྱིས་ཞེས་གསུངས་ཏེ། ཐམས་ཅད་ཅེས་པ་ནི་མ་ལུས་པས་སོ། །ཡོངས་སུ་རྫོགས་པ་ནི་མཚན་ཡང་དག་པར་བརྗོད་པའི་དེ་ནས་ཞེས་པ་ནས་རྫོགས་སོ་ཞེས་པའི་བར་རོ། །མ་ཉམས་ཤིང་ཞེས་པ་ནི་ཚིགས་སུ་བཅད་པའི་རྐང་པ་ཚང་བའོ། །ལྷག་ཆད་མེད་པ་ཞེས་པ་ནི་ཡིག་འབྲུ་ཚང་བའོ། །དེ་གང་ཞེ་ན་ཚིགས་སུ་བཅད་པ་དང་ཡིག་འབྲུ་ཞེས་པ་སྟེ་ཡི་གེ་རེ་རེ་བགྲངས་པ་ནི་ཡིག་འབྲུའོ། །ཡིག་འབྲུ་བརྒྱད་བརྒྱད་ནི་ཚིག་རྐང་པ་ཞེས་པའོ། །རྐང་པ་བཞི་བཞི་ནི་ཚིགས་བཅད་ཅེས་པའོ། །འདི་དག་ཉིད་ཅེས་པ་ནི་དེ་ལྟར་བགྲངས་པ་དང་བརྩིས་པ་འདི་དག་ཉིད་ཅེས་པའོ། །ཀྱིས་ཞེས་པ་ནི་གསུམ་པའི་དོན་ལ་དྲུག་པ་སྟེ། ཚིག་དང་ཡི་གེ་ལྷུར་ལེན་པར་བྱེད་པས་བདག་དང་གཞན་གྱི་དོན་བྱེད་པ་སྟེ། དེ་བས་ན་ཉིན་གཅིག་བཞིན་དུ་དུས་གསུམ་དུ་འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་ཞེས་གསུངས་ཏེ། ཉིན་གཅིག་བཞིན་དུ་ཞེས་པ་ནི་ཉི་མ་རེ་རེ་བཞིན་ཞེས་པའོ། །དུས་གསུམ་དུ་ཞེས་པ་ནི་སྔ་དྲོ་དང༌། ཉི་མ་ཕྱེད་དང༌། ཕྱི་འབྲེད་དོ། །འཆང་བ་ནི་གཞུང་འཛིན་པའོ། །ཀློག་པ་ནི་གླེགས་བམ་འདོན་པའོ། །ཀུན་ཆུབ་པར་བྱེད་པ་ནི་དོན་ལ་སེམས་པའོ། །ཚུལ་བཞིན་ངེས་པ་ནི་གཞུང་སྔར་བསྟན་པ་བཞིན་ནོ། །ཡིད་ལ་བྱེད་པ་ནི་བློ་ལ་གནས་པར་བྱེད་པའོ། །དེ་ལྟ་བུ་དེས་ཀྱང་གཞན་དོན་བྱེད་པར་གསུངས་ལ། གཞན་དག་ལ་ཡང་དམ་ཚིག་ཇི་ལྟ་བ་བཞིན་སྟོན་པ་དང་ཞེས་པ་སྟེ་གཞན་ཞེས་པ་ནི་ཕ་རོལ་པོའོ། །ངག་ལ་ཡང་ཞེས་པ་ནི་ཡང་གི་སྒྲས་རང་གི་དོན་དུ་འཆང་བ་དང༌། ཀློག་པ་བཞིན་དུ་གཞན་དག་ལ་ཡང་འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་སྟོན་པའོ། །དམ་ཚིག་ཇི་ལྟ་བ་བཞིན་ཞེས་པ་ནི་སྣོད་ཀྱི་རིམ་པར་སྦྱོར་བའོ། །དེ་ལྟར་དབང་པོ་ཐ་མ་བསྟན་ནས། ད་ནི་དབང་པོ་


DTG015_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྲིང་གིས་དམིགས་པའི་ཡུལ་གང་ཡིན་པ་བསྟན་པའི་ཕྱིར། མཚན་གྱི་དོན་གང་ཡང་རུང་བ་རེ་རེ་ནས་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ལ་དམིགས་ཏེ་ཞེས་གསུངས་ཏེ། དེ་ལ་མཚན་ནི་མིང་ངོ༌། །དོན་ནི་ངེས་མཚོན་པའི་ལྷའོ། །གང་ཡང་རུང་བ་ཞེས་པ་ནི་གནས་སྐབས་གང་ལ་བབ་པའོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཤེས་རབ་ཀྱི་འཁོར་ལོའི་ལྟེ་བ་ལ་གང་གནས་པར་གྱུར་པའོ། །དམིགས་ཏེ་ཞེས་པ་ནི་བསམས་ཏེ་ཞེས་པའི་དོན་ཏོ། །དོན་ནི་དེས་མཚོན་པའི་ལྷའོ། །ད་ནི་སྤྱོད་པའི་ཚུལ་བསྟན་པའི་ཕྱིར། སེམས་རྩེ་གཅིག་ཏུ་སྒོམ་པ་དང༌། མོས་པ་དང་ཞེས་གསུངས་ཏེ། སེམས་རྩེ་གཅིག་གི་བསམ་གཏན་གྱི་གནས་སྐབས་ན་དམིགས་པའི་ཡུལ་ལས་གཞན་དུ་མི་འཕྲོ་བའོ། །སྒོམ་པ་ནི་དངོས་པོ་ལའོ། །མོས་པ་དང་ཞེས་པ་ནི། དེ་ལྟར་སེམས་ཀྱི་འདུན་པའོ། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞེས་པ་ནི་དེ་ཁོ་ན་ཉིད་ནི་ལྷའི་དེ་ཁོ་ན་ཉིད་དོ། །ཡིད་ལ་བྱེད་པ་ནི་སེམས་ཀྱིས་མངོན་དུ་བྱེད་པའོ། །པས་ཞེས་པ་ནི་གསུམ་པའི་སྒྲའོ། །ཀུན་ནས་སྒོའི་གནས་པས་གནས་པ་དང་ཞེས་པ་ནི། ཀུན་ནས་ཞེས་པ་ནི་སྤྱོད་ལམ་མོ། །སྒོ་ཞེས་པ་ནི་སྒོ་གསུམ་མོ། །གནས་པས་ནི་འདུག་པའོ། །གནས་པ་ནི་ཉལ་བའོ། །དང་ཞེས་པ་ནི་འགྲོ་བ་ལ་སོགས་པ་བསྡུ་བའོ། །དེ་ལ་མཚན་ཡང་དག་པར་བརྗོད་པའི་དོན་གསང་སྔགས་ཀྱི་རྒྱལ་པོ་དཀྱིལ་འཁོར་དྲུག་ལ་ལྷའི་རྣལ་འབྱོར་ཇི་ལྟར་བཤད་པ་བཞིན་དམིགས་ནས་མཚན་གྱི་ཡིག་འབྲུ་སྤྲོ་བ་དང༌། བསྡུ་བའི་ཏིང་ངེ་འཛིན་གྱིས་གདུལ་བྱའི་ཉོན་མོངས་པ་སྦྱངས་ནས་ལྷ་དང་ཡིག་འབྲུའི་ཚུལ་གྱི་བཟླས་བརྗོད་དང་བསྟོད་པའི་ཚུལ་གྱི་སྒོ་གསུམ་གྱི་སྤྱོད་ལམ་གྱིས་ཉིན་མཚན་འདའ་བར་བྱེད་པའོ། །ད་ནི་དབང་པོ་རབ་གསང་སྔགས་ཀྱི་སྒོའི་སྤྱད་པ་བསྟན་པའི་ཕྱིར། ཆོས་ཐམས་ཅད་རྟོགས་པའི་མཆོག་ཅེས་གསུངས་ཏེ། དེ་ལ་ཆོས་ནི་འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་སོ། །ཐམས་ཅད་ཅེས་པ་ནི་དེ་ལས་གཞན་ལ་མི་སྲིད་པའི་ཕྱིར་རོ། །རྟོགས་པ་ནི་ཤེས་རབ་ཕུལ་དུ་བྱུང་བའོ། །མཆོག་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐད་ཅིག་ལ་ཁོང་དུ་ཆུད་པས་ནའོ། །དེ་སྐད་དུ་ཡང༌། ཤེས་རབ་ཆེན་པོ་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་


DTG015_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། །ཅིའི་སྒོ་ནས་ཤེ་ན་རྙོག་པ་མེད་པ་ཞེས་བྱ་སྟེ་རབ་ཏུ་དང་བའོ། །དཔའ་རླབས་དང་བྲལ་བའི་ཆུ་བཞིན་ནོ། །གང་ཞེ་ན། དང་བ་དང་ལྡན་ཞིང་མོས་པ་དང་ཞེས་པ་སྟེ། དང་པའི་དད་པ་དང་ལྡན་པའོ། །མོས་པ་ནི་འདུན་པའོ། །གཞན་ཡང་ཅི་ཞེ་ན། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དང༌། སེམས་རྩེ་གཅིག་ཏུ་སྒོམ་པ་དང་ཞེས་པ་སྟེ། དེ་ལ་དེ་ཁོ་ན་ཉིད་ནི་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །ཡིད་ལ་བྱེད་པ་ནི་ཚུལ་བཞིན་དུ་སེམས་པའོ། །དེ་བསྒོམས་ནས་ཡིད་ལ་བྱེད་པ་གཞན་མི་འགྱུར་པ་ནི་སེམས་རྩེ་གཅིག་པའོ། །བསྒོམ་པ་དང་ཞེས་པ་ནི་ཐོས་པ་དང༌། བསམ་པ་དང་ཞེས་པའི་སྒྲའོ། །དེ་ལྟར་དབང་པོ་རབ་ཀྱི་མཚན་ཉིད་བསྟན་པ་སྟེ། སྔར་བཤད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས་པར་འབྲེལ་ཏོ། །དེས་ཅི་བྱ་ཞེ་ན། སྤྱོད་པ་སྤྱད་པར་བྱའོ། །དེའི་ཕན་ཡོན་ཅི་ཞེ་ན། དེ་ལ་དུས་གསུམ་གྱི་དུས་མེད་པ་དང་ལྡན་པའི་སེམས་ཞེས་གསུངས་ཏེ། དེ་ལ་ཞེས་པ་ནི་དགར་བའི་སྒྲ་སྟེ། གཞན་དུ་ན་དབང་པོ་འབྲིང་ལ་སོགས་པ་ལ་ནི་དུས་དང་ཚེས་གྲངས་ལ་སོགས་པ་ལ་ལྟོས་པ་ཡོད་ཀྱི་འདི་ལ་ནི་མེད་དོ་ཞེས་པའོ། །འདི་ཉིད་ལས། དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་པ་དང༌། གཞན་དག་ལས་ཀྱང༌། དུས་ཀྱི་ངེས་པ་ཡོངས་སྤངས་ནས། །བླ་མེད་གནས་སུ་སྐྱེ་བར་འགྱུར། །ཞེས་སོ། །དེ་བས་ན་དབང་པོ་མཆོག་གང་ཡིན་པ་དེ་ལ་དུས་གཙོ་བོར་མ་གསུངས་སོ། །ཡང་ན་དབང་པོ་མཆོག་ཆོས་ཐམས་ཅད་རྟོགས་པའི་མཆོག་ལ་མ་ཡིན་མོད་ཀྱི། དབང་པོ་མཆོག་གི་རིགས་ཅན་ལས་དང་པོ་པ་ཙམ་ལ་དགོངས་ནས་བཟད་པོའི་དུས་དང་ངན་པའི་དུས་དང་འབྲིང་པོའི་དུས་ཙམ་དུ་གསུངས་སོ། །གཞན་དག་ནས་ཡི་དགས་ཟླ་ཕྱེད་བཅུ་བཞི་ལ་སོགས་པར་གསུངས་པ་དང༌། རྟག་ཏུ་དུས་ཀྱི་ཁྱད་པར་བཤད་པ་ཡང་དྲང་བའི་དོན་དང༌། ངེས་པའི་དོན་ཁོ་ནར་རིག་པར་བྱའོ། །དེ་ལྟར་དུས་ཀྱི་ཐེ་ཚོམ་བསལ་ནས་བླ་མའི་མན་ངག་གིས་ཉམས་སུ་བླང་བ་བདེ་བླག་ཏུ་བསྟན་པའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་བྱ་བའི་གོ་རིམས་སོ་སོར་ཏེ། སྤྱོད་པའི་ཡུལ་ལམ་གཞི་བསྟན་པའི་ཕྱིར་དུས་བསྟན་པའི་འོག་ཏུ་གནས་གསུངས་པ་ནི།


DTG015_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། ལྗོངས་དང༌། ཡུལ་འཁོར་དང༌། རྒྱལ་པོའི་ཕོ་བྲང་འཁོར་ན་འདུག་ཀྱང་རུད་ཞེས་པ་སྟེ། དེ་ལ་གྲོང་ཞེས་པ་ནི་གང་དག་གྲོང་ཁྱེར་ལས་གུད་ན་གནས་པའི་གྲོང་བརྒྱ་ལ་སོགས་པའི་ཁྱིམ་ཚོགས་པའོ། །གྲོང་ཁྱེར་ཞེས་པ་ནི་ཡུལ་ཀུན་དང་འབྲེལ་བའི་གྲོང་ཁྱེར་ཆེན་པོར་གྲགས་པའོ། །གྲོང་རྡལ་ནི་ཚོགས་སུ་གྲགས་པའོ། །ལྗོངས་ཞེས་པ་ནི་གངས་རྩེ་དང༌། སྨན་གྱིས་རྒྱས་པའི་ཡུལ་བདག་གིར་བཟུང་བའོ། །ཡུལ་འཁོར་ནི་དེ་དག་ཉེ་བའི་ཡུལ་གང་ཡིན་པས་རྒྱལ་པོ་ལ་དཔྱ་ཕུལ་བའི་ཡུལ་ལོ། །རྒྱལ་པོའི་ཕོ་བྲང་ནི་སའི་བདག་པོ་གང་ན་བཞུགས་པའི་གནས་སུ་གཏོགས་པའོ། །འདུག་ཀྱང་རུང་ཞེས་པ་ནི་གནས་པར་བསྔགས་པའོ། །གནས་འདི་དག་ཏུ་གནས་ནས་ཆར་དབབ་པ་ལ་སོགས་པས་ཕན་གདགས་པར་བྱའོ། །ཡང་ན་འདི་དག་ཏུ་རྒྱུ་ཞིང་གང་དག་ཏུ་སུས་ཀྱང་མི་ཤེས་པར་སྤྱོད་པ་བྱ་བའོ། །གཞན་ཡང་གཏོར་མ་རབ་ཏུ་དབུལ་བའི་གནས་བསྟན་པའི་ཕྱིར། སྒོ་དང༌། སྒོ་ཁང་དང༌། ཁྲི་ལམ་དང༌། སྲང་དང༌། བཞི་མདོ་དང༌། སུམ་མདོ་དང༌། གྲོང་བར་དང༌། ཚོང་ཁང་ན་འདུག་ཀྱང་རུང་ཞེས་གསུངས་ཏེ། སྒོ་ནི་གང་ཡིན་པའི་ཕྱི་རོལ་དུ་གྱུར་པའོ། །སྒོ་ཁོང་ནི་སྒོའི་སྐྱབས་སུ་བྱས་པ་གང་ཡིན་པའོ། །ཁྲི་ལམ་ནི་ལམ་པོ་ཆེའོ། །སྲང་ནི་ཁྱིམ་དེ་དང་ཉེ་བའི་ལམ་མོ། །ཆུ་སྲང་དང༌། ཞེས་པའི་གཞུང་ཡོད་དེ་དེ་ཡང་དེ་ཉིད་དོ། །བཞི་མདོ་དང་ཞེས་པ་ནི་ལམ་བཞི་འདུས་པའི་ས་གང་ཡིན་པའོ། །སུམ་མདོ་ཞེས་པ་ནི་ལམ་གསུམ་འདུས་པའི་དབུས་སོ། །གྲོང་བར་ཞེས་པ་ནི་གྲོང་གཉིས་ལ་ལྟོས་པའི་སའོ། །ཚོང་ཁང་ཞེས་པ་ནི་ཚོང་འདུས་ཀྱི་ཁྱིམ་མོ། །ན་ཞེས་པའི་སྒྲ་ནི་ཡུལ་གྱི་འདུ་ན་པའི་སྒྲའོ། །འདུག་ཀྱང་རུང་ཞེས་པ་ནི་དེར་གནས་ནས་གཏོར་མའི་ལས་བྱ་བ་སྟེ་མཁའ་འགྲོ་དང༌། འབྱུང་པོ་དང༌། ཤ་ཟ་དང༌། ཡི་དགས་ལ་སོགས་པའི་རྒྱུ་བའི་གནས་ཡིན་པའི་ཕྱིར་རོ། །ད་ནི་ཚོགས་ཀྱི་འཁོར་ལོའི་གནས་བསྟན་པའི་ཕྱིར། ཁང་སྟོང་དང༌། རི་དང༌། ཆུ་ཀླུང་དང༌། ནགས་ཚལ་དང༌། ནགས་ཚང་ཚིང་ན་འདུག་ཀྱང་རུང་ཞེས་གསུངས་ཏེ། ཁང་སྟོང་ནི་མི་མེད་པའི་གྲོང་ཁྱེར་རོ། །རི་ནི་བྱ་སྐྱིབས་དང༌། རི་ཕུག་དང༌། རིའི་སུལ་ལ་


DTG015_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པའོ། །ཆུ་ཀླུང་ནི་འབབ་ཆུ་ཆེན་པོའི་གྲམ་མོ། །ཡན་ན་རྒྱ་མཚོ་ཆེན་པོའི་འགྲམ་མོ། །ནགས་ཚལ་ནི་ཤིང་གི་ཚལ་ཕུན་སུམ་ཚོགས་པ་ཡོད་པའོ། །ནགས་ཚང་ཚིང་ནི་ཤིང་འཁྲིགས་པས་གཡོགས་པའི་སའོ། །འདི་དག་ནི་རབ་ཏུ་དབེན་པའི་གནས་སུ་གསུངས་པའོ། །དེ་བས་ན་སོ་སོའི་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ལ་སོགས་པས་དབེན་པའི་ས་ཕྱོགས་སུ་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་ལ་གསང་བ་བསྟན་པ་རྩ་བའི་ལྟུང་བ་འགྱུར་པ་དང༌། གཞན་དག་ལས་ཀྱང༌། གང་ཞིག་དགེ་སློང་དངོས་གནས་དང༌། །གང་དག་རྟོགས་གེ་ལ་དགའི་མི། །གང་ཞིག་རྒན་པོའི་གནས་གྱུར་པ། །དེ་ལྟ་དེ་ཉིད་མི་བསྟན་ནོ། །ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། འདིར་འདོད་ཆགས་ཀྱི་སྒོ་ནས་བྱང་ཆུབ་འགྲུབ་པ་ཡིན་ལ། ཁ་ཅིག་ལ་ནི་གཉིས་པ་ལུགས་དང་འདྲ་བར་གྱུར་པས་སྤངས་པ་ཁོ་ནའོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་རྒྱུད་ཁ་ཅིག་ཏུ་སྤང་བར་བྱ་བར་གསུངས་ལ། ཁ་ཅིག་ཏུ་སྤྱད་པས་གྲོལ་བར་གསུངས་ཞིང༌། ཁ་ཅིག་ཏུ་སྲོག་གཅོད་པ་བཀག་ལ་ཁ་ཅིག་ལས་གཅད་པར་གསུངས་ན། འདིར་ཇི་ལྟ་བུ་ཞེ་ན་བརྗོད་པར་བྱ་སྟེ། འདིར་ཁྱད་པར་ཅན་གྱི་རྒྱུ་ལས་ཁྱད་པར་ཅན་གྱི་འབྲས་བུ་འབྱུང་བར་འདོད་དེ། གཟུགས་ལ་སོགས་པ་འདོད་པའི་དོན་རྣམས་ལ་ཁྱད་པར་གྱི་ལོངས་སྤྱོད་ཀྱི་དངོས་པོར་གྱུར་པས་དོན་གྲུབ་པ་ཡིན་པར་ཤེས་པར་བྱའོ། །གཞན་དུ་སྤོང་བར་འདོད་པ་རྣམས་དོན་གྲུབ་པར་མི་འགྱུར་ཏེ། དབང་པོ་དང་ཡུལ་ཚར་བཅད་ནས་གཞན་དུ་འདོད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་སྐམས་འགྱུར་ཞིང་སྡུག་བསྔལ་ལ། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ཏེ། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །ཞེས་གསུངས་པ་དང༌། །ཡང་གསུངས་པ། དཀའ་ཐུབ་དཀའ་སྤྱད་མི་བཟད་པ། །བསྟེན་ན་འགྲུབ་པར་མི་འགྱུར་གྱི། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་པའོ། །དེ་བས་ན་འདོད་པས་དོན་གྲུབ་པའི་དེས་པའོ། །ཐབས་ཀྱིས་ཟི་ན་ཉོན་མོངས་པ་སྤྱད་པས་དུག་ཏུ་མི་འགྱུར་པས་ཉོན་མོངས་པའི་རང་བཞིན་ཞེས་པའི་ཕྱིར་རོ། །


DTG015_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉན་ཐོས་ལ་སོགས་པ་ཁ་ཅིག་ལ་ངན་སོང་གི་རྒྱུར་འགྱུར་ལ། དེའི་རང་བཞིན་ཤེས་པ་ལ་ནི་དེ་ལྟར་མི་འགྱུར་ལ་དེ་སྐད་དུ་ཡང༌། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པས་དུག་ཏུ་འགྱུར་པ་ཡིན། །དུག་ཉིད་ཉེ་བར་ཞི་གྱུར་ན། །དུག་ནི་དུག་མེད་བྱས་པ་ཡིན། །བདུད་རྩི་ཉིད་དུ་རིམ་བསྟེན་ནས། །བདུད་རྩི་ཁོ་ནར་གྱུར་པ་ཡིན། །ཞེས་གསུངས་པ་དང༌། གཞན་དག་ལས་ཀྱང༌། གང་ཞིག་འདི་ལྟར་ངས་སྐྱབས་སྤྲོ་བ་ནི། །དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས། །ཞེས་སོ། །དེ་བཞིན་དུ་འོད་སྲུངས་འདི་ལྟ་སྟེ། སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པས་འཆི་བར་བྱེད་མི་ནུས་སོ། །འོད་སྲུངས་དེ་བཞིན་དུ་ཐབས་དང་ཤེས་རབ་དང་ཐབས་མཁས་པས་ཡོངས་སུ་ཟིན་པའི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྟུང་མི་ནུས་སོ་ཞེས་པ་དང༌། གཞན་དག་ནས་ཀྱང༌། བླུན་པོ་གང་ཞིག་འཆིང་འགྱུར་པ། །མཁས་པ་དེ་ཡིས་མྱུར་དུ་གྲོལ། །བྱང་ཆུབ་རྣམ་པར་བསྒོམ་ན་ནི། །འདི་དག་ཐམས་ཅད་ཕྱིན་ཅི་ལོག །གང་གིས་རྨོངས་པའི་འཆིང་འགྱུར་ཞིང༌། །དུ་འབོད་མཐར་ནི་གྲོལ་བར་འགྱུར། །དེ་ཉིད་ཀྱིས་ནི་གྲོལ་འགྱུར་ཞིང༌། །ཤེས་རབ་སྟོབས་ཀྱིས་བདེ་བ་ཐོབ། །ཅེས་གསུངས་པ་དང་ཡང་གསུངས་པ། །ལས་དྲག་གང་གིས་སྐྱེ་བོ་རྣམས། །མི་བཟད་དམྱལ་བར་འཚེད་པར་འགྱུར། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་དང༌། ཡང་གསུངས་པ། ཤེས་རབ་ཐབས་དང་བཅས་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བས་སྤྱོད་པ་དང་གྲོལ་བའི་འབྲས་བུ་འབྱུང་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ལྟར་དབེན་པའི་གནས་སུ་གསུངས་པ་དེར་བཟའ་བ་ལ་སོགས་པའི་ལོངས་སྤྱོད་པ་ཡང་གནས་ལ་སོགས་པའི་ཁྱད་པར་ཡིན་ཡང་རུང༌། གལ་ཏེ་མ་ཡིན་ཡང་དེ་རུ་མོས་པ་རྒྱས་པར་བྱ་སྟེ། དེར་འདུ་བའི་ཁང་པ་སུམ་བརྩེགས་བྱས་ལ། དང་པོར་ནི་དཔའ་བོ་དང་དཔའ་མོ་དང་སྤུན་དང་མིང་སྲིང་གི་ཚོགས་ཀྱང་ཚོགས་པར་བྱའོ། །གཉིས་པར་ནི་རོལ་མོའི་བྱེ་བྲག་གོ །གསུམ་པར་ནི་བཟའ་བ་ལ་སོགས་པའི་བྱེ་བྲག་


DTG015_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གོ །དཔའ་བོ་འདུ་བའི་གནས་དེ་ཡང་སོ་ཕག་ལ་སོགས་པ་ལས་བྱ་བའམ། ཡང་ན་བྲུས་པར་བྱ་བ་སྟེ། གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིས་མཛེས་པར་བྱས་པ། རྡོ་རྗེ་རིན་ཆེན་པདྨ་སོགས། སྒོ་སྲུང་བཞི་དང་ལྡན་པར་བྱ། །རང་གི་ལྷ་དང་འགྲེན་པ་ཡི། །བུད་མེད་དག་ནི་ལེགས་བསྒྲུབ་པའི། སྐལ་བཟང་རང་གི་ཕྱག་རྒྱས་མཚན། །ཚོགས་ཀྱི་འཁོར་ལོ་བརྟག་པར་བྱ། །ཞེས་གསུངས་པས་དེ་ལྟ་བུའི་གནས་སུ་འདུག་པར་བྱ་བ་གང་ཡིན་པ་དེ་བསྟན་པའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་གཤེགས་ནས་ཀྱང་ཆོས་ཀྱི་སྒོ་ཐམས་ཅད་རྟོགས་པར་འཆད་དེ་སྐུ་ཡང་སྟོན་ཏོ་ཞེས་གསུངས་ཏེ། དེ་ལ་སྔར་བཤད་པའི་གནས་དེར་དཔལ་དམ་པ་དང་པོའི་དཀྱིལ་འཁོར་ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་རྣམས་སུ་སྒོ་བཞི་གཞལ་ཡས་ཁང་པར་བརྟགས་ལ། སངས་རྒྱས་དང་ཞེས་པ་ནི་དཔལ་དམ་པ་དང་པོའི་སངས་རྒྱས་དང་ཡུལ་སྣ་ཚོགས་པ་ནི་ཐུགས་ཀྱི་འཁོར་ལོའི་དབུས་སུའོ། །འོག་ནས་བཤད་བཞིན་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་ངོ༌། །དཀྱིལ་འཁོར་དེ་ཉིད་ཀྱི་མེ་དང༌། བདེན་བྲལ་དང༌། རླུང་དང༌། དབང་ལྡན་དུ་རྗེས་སུ་སྤྱོད་པ་མོ་དུ་བ་མ་ལ་སོགས་པ་བཞིན་ནག་མོ་དང༌། དམར་མོ་དང༌། སེར་མོ་དང༌། དཀར་མོའི་ཚུལ་གྱིས་གནས་པར་བྱའོ། །དེ་རྣམས་ཀྱི་ཉེ་འཁོར་དུ་ཡང་ཆོས་ཀྱི་དུད་དཀར་པོ་དང༌། གཎྜཱི་དམར་པོ་དང༌། ཡིད་བཞིན་གྱི་ནོར་བུ་ནག་པོ་དང༌། དཔག་བསམ་གྱི་ཤིང་སེར་པོ་གཞག་པར་བྱའོ། །ཡང་ལ་ལ་དག་ནི། ཤར་དུ་རྣལ་འབྱོར་མ་ནག་མོ། ལྷོར་དམར་མོ། ནུབ་ཏུ་སེར་མོ། །བྱང་དུ་དཀར་མོ་འབར་མའི་ཚུལ་གྱིས་གནས་པར་བྱའོ། །ཡང་དེའི་ཕྱི་རོལ་གྱི་འདབ་མ་བཞིའི་གནས་སུ་སངས་རྒྱས་བཞི་སྟེ། ཤར་དུ་དོན་ཡོད་གྲུབ་པ་དང༌། ལྷོར་རིན་ཆེན་ཏོག་དང༌། ནུབ་ཏུ་རྟག་པ། བྱང་དུ་འོད་དཔག་མེད་དོ། །དེ་རྣམས་དང་ལྷན་ཅིག་སྤྱོད་པ་ནི་མེར་སྒྲོལ་མ། བདེན་བྲལ་དུ་གོས་དཀར་མོ། །དབང་ལྡན་དུ་མཱ་མ་ཀཱི། རླུང་དུ་སྤྱན་གྱི་རང་བཞིན་གྱིས་གནས་པར་བྱའོ། །ལ་ལ་ནི་ཤར་ལ་སོགས་པའི་སྒོ་རྣམས་སུ་གོ་རིམས་བཞིན་དུ་ཁྲོ་བོ་རབ་སྟོབས་དང༌། ལྐུགས་བྱེད་དང༌། རྨོངས་བྱེད་དང༌། རེངས་ཁྱེད་དང༌། ང་རྒྱལ་བྱེད་ཅེས་བྱའོ། །


DTG015_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤར་སྒོའི་གཡས་ལོགས་ཀྱི་རྩིག་པའི་རྩར་ནམ་མཁའི་སྙིང་པོའོ། །ལ་ལ་ནི་སྒོའི་གཡས་ལོགས་ཀྱི་ར་བའི་ཕྱོགས་ཀྱི་རྩིག་པའི་རྩར་མེར་རེག་རྡོ་རྗེ་དང༌། ལྷོ་སྒོའི་གཡས་སུ་སའི་སྙིང་པོ་དང༌། བདེན་བྲལ་དུ་རོ་རྡོ་རྗེ་དང༌། ནུབ་སྒོའི་གཡས་སུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། རླུང་གི་མཚམས་སུ་དྲི་རྡོ་རྗེ་དང༌། བྱང་སྒོའི་གཡས་སུ་འཇིག་རྟེན་དབང་ཕྱུག་དང༌། དབང་ལྡན་དུ་གཟུགས་རྡོ་རྗེ་དང༌། འོག་ན་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཤར་སྒོའི་གཡོན་ལོགས་ཀྱི་རྩིག་པའི་རྩར་ཀུན་དུ་བཟང་པོའོ། །བྱང་སྒོའི་གཡོན་དུ་སྒྲ་རྡོ་རྗེའོ། །སྟེང་གི་བྱང་ཆུབ་སེམས་དཔའ་ནི་ལྷོ་སྒོའི་གཡོན་དུ་ཕྱག་ན་རྡོ་རྗེའོ། །ནུབ་སྒོའི་གཡོན་དུ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའོ། །འདི་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཕྱོགས་པས་ན་གཙོ་བོ་ལ་རྒྱབ་ཕྱོགས་པའོ། །དེ་རྣམས་ཀྱིས་ནི་ཐུགས་ཀྱི་འཁོར་ལོའི་གནས་རིམ་པར་ཕྱེ་བའོ། །ད་ནི་གསུང་གི་འཁོར་ལོ་བརྗོད་པར་བྱ་སྟེ། ཐུགས་ཀྱི་འཁོར་ལོའི་ཕྱི་རོལ་གྱི་སྣམ་བུ་ལ་ཕྱོགས་མཚམས་བརྒྱད་དུ་པདྨ་འདབ་མ་བརྒྱད་བརྒྱད་དུ་དགོང་པ་ལ་གཙོ་བོའི་ཚུལ་དུ་གནས་པ་འདི་ལྟ་སྟེ། ཤར་དུ་ནི་རྒན་བྱེད་མོའོ། །མེ་རུ་ནི་ནམ་མཁའི་ལྡིང་གི་བདག་མོའོ། །གཤིན་རྗེར་ནི་ཕག་མོའོ། །བདེན་བྲལ་དུ་གཞོན་ནུ་མའོ། །ཆུར་ནི་དབང་མོའོ། །རླུང་དུ་ཚངས་མོའོ། །བྱང་དུ་ནི་དྲག་མོའོ། །དབང་ལྡན་དུ་ནི་དཔའ་མོའོ། །འདི་དག་ལྟེ་བ་ལའོ། །དེ་ལ་རྒན་བྱེད་མའི་ཤར་ཕྱོགས་ཀྱི་འདབ་མ་ལ་འཇགས་མའོ། །ཤར་ལྷོ་ལ་སོགས་པར་དྲག་མོ་དང༌། མཆེ་བ་གཙིགས་མ་དང༌། འབར་བའི་གདོང་མ་དང༌། རླུང་ཤུགས་མ་དང༌། རབ་ཏུ་གཏུམ་མ་དང༌། གཏུམ་མིག་མ་དང༌། སྣ་ཆེན་མ་རྣམས་སོ། །མེར་ཁྱབ་འཇུག་མ་གནས་པའི་འདབ་མ་ལ་ཤར་ལ་སོགས་པའི་འདབ་མ་རྣམས་ལ་སྔ་མ་བཞིན་དུ་གཡང་མ་དང༌། སྒྱུར་མ་དང༌། དྲུག་མ་དང༌། དཔལ་མོ་དང༌། རྣམ་པར་རྒྱལ་མ་དང༌། དཔལ་རྒྱལ་མ་དང༌། དཔལ་རྒྱལ་བྱེད་མ་དང༌། དཔལ་གྱི་རྡོ་རྗེ་མ་རྣམས་སོ། །དེ་ནས་ལྷོ་ཕྱོགས་ཀྱི་པདྨ་དང་པོའི་འདབ་མ་ལ་ཀེང་རུས་མའོ། །དེ་བཞིན་དུ་དུས་མཚན་མ་དང༌། རབ་ཏུ་ཁྲོས་པ་གདོང་མ་དང༌། དུས་ཀྱི་ལྕེ་མ་དང༌། གཙིགས་མ་དང༌། ནག་མོ་དང༌།


DTG015_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇིགས་མ་དང༌། གཟུགས་ངན་མ་རྣམས་སོ། །དེ་བཞིན་དུ་བདེན་བྲལ་དུ་གཞོན་ནུ་མའི་ཤར་ལ་སོགས་པའི་འདབ་མར་པདྨ་དང༌། ཡན་ལག་མེད་མ་དང༌། གཞོན་ནུ་མ་དང༌། རིགས་ཀྱི་བདག་མོ་ལ་གནས་མ་དང༌། རིན་པོ་ཆེའི་ཕྲེང་བ་མ་དང༌། ཤིམ་ཏུ་སྤྱན་མ་དང༌། རིགས་བཟང་མོ་དང༌། བཟང་མོ་རྣམས་སོ། །དེ་བཞིན་དུ་ནུབ་ཏུ་རྡོ་རྗེ་མ་དང༌། རྡོ་རྗེ་ལུས་དང༌། གསེར་བཙོ་མ་ལྟ་བུ་དང༌། འདོད་པ་ལ་དབང་མ་དང༌། རི་མོའི་དྲི་མ་དང༌། རྩོལ་མ་དང༌། ཀུན་དུ་ཚིམ་མ་དང༌། ཤིན་ཏུ་སྒྲོགས་མ་རྣམས་སོ། །དེ་ནས་རླུང་དུ་ཚངས་པའི་ཤར་ལ་སོགས་པར་རྩ་བཅས་མ་དང༌། པདྨའི་མིག་དང༌། ཆུ་ལས་སྐྱེས་མ་དང༌། བླ་གོས་མ་དང༌། དག་གི་དབང་ཕྱུག་མ་དང༌། གླུ་ལེན་བྱེད་མ་དང༌། གློག་མ་དང༌། དྲན་མ་རྣམས་སོ། །བྱང་ཕྱོགས་ཀྱི་དྲག་མོའི་གཙོ་མོའི་ཤར་ལ་སོགས་པའི་འདབ་མ་ལ་དཀར་མོ་དང༌། གང་ག་མ་དང༌། རྟག་མ་དང༌། ཤིན་ཏུ་མྱུར་མ་དང༌། ཐིག་ལེ་མཆོག་མ་དང༌། དཔལ་གྱི་གདོང་མ་དང༌། སེར་སྐྱ་མ་དང༌། ནག་མོ་རྣམས་སོ། །དེ་ནས་དབང་ལྡན་དུ་དཔལ་གྱི་ལྷ་མོའི་ཤར་ལ་སོགས་པའི་འདབ་མ་རྣམས་ལ་དཀར་མོ་དང༌། ཟླ་བ་དྲི་མེད་མ་དང༌། ཟླ་བའི་གདོང་མ་དང༌། དང་པའི་ཁ་དོག་ཅན་མ་དང༌། འཛིན་བྱེད་མ་དང༌། པདྨ་དང༌། སྐར་མ་དང་བཅས་པའི་མིག་ཅན་དང༌། དྲི་མ་མེད་པའི་ཟླ་བ་རྣམས་སོ། །དེ་དག་ནི་གསུང་གི་འཁོར་ལོའི་གནས་སུ་དགོད་པའི་རིམ་པར་ཕྱེ་བའོ། །དེ་བཞིན་དུ་ལ་ལ་ནི་སྐུའི་འཁོར་ལོ་ལ་གནས་པར་བྱ་སྟེ། སྐུའི་དཀྱིལ་འཁོར་གྱི་པདྨ་བཅུ་གཉིས་ཀྱི་ཤར་གྱི་སྒོའི་གཡས་ཀྱི་ཆ་ལ་སོགས་པར་གནས་པར་བྱ་སྟེ། ཤར་གྱི་དཀྱིལ་འཁོར་ལ་གནས་པའི་ནམ་མཁའི་སྙིང་པོ་ལ་སོགས་པ་གནས་པའི་ཚུལ་བཞིན་དུ་འདིར་ཡང་ར་བའི་རྩིག་པའི་རྩར་གནས་པར་བྱའོ། །དེ་ལ་ཤར་གྱི་སྒོའི་གཡས་ཕྱོགས་སུ་སྲིན་པོ། །མེ་རུ་རླུང་ལྷའོ། །གཤིན་རྗེ་ནི་ལྷོའི་སྒོའི་གཡོན་དུའོ། །དེའི་གཡས་སུ་མེ་ལྷའོ། །བདེན་བྲལ་དུ་གདོང་དྲུག་པའི་གཞོན་ནུའོ། །ནུབ་ཀྱི་སྒོའི་གཡོན་དུ་གནོད་སྦྱིན་ནོ། །དེའི་གཡས་སུ་ནི་བརྒྱ་བྱིན་ནོ། །རླུང་དུ་ཚངས་པའོ། །བྱང་སྒོའི་གཡོན་དུ་དྲག་པོའོ། །གཡས་སུ་ཆུ་ལྷའོ། །དབང་


DTG015_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་དུ་ཚོགས་ཀྱི་བདག་པོའོ། །ཤར་སྒོའི་གཡོན་དུ་ཁྱབ་འཇུག་གོ །དེ་དག་གིས་སྐུའི་དཀྱིལ་འཁོར་གྱི་གནས་ཀྱི་རིམ་པར་ཕྱེ་བའོ། །ད་ནི་སྒོ་བའི་གནས་བརྗོད་པར་བྱ་སྟེ། ལ་ལ་ནི་ཤར་སྒོར་ལུ་གུ་རྒྱུད་མའོ། །ལྷོར་སྒོར་ནི་ཁྲོ་གཉེར་མའོ། །ནུབ་ཀྱི་སྒོར་ནི་འོད་ཟེར་ཅན་ནོ། །བྱང་གི་སྒོར་ནི་སྐུལ་བྱེད་མའོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་བའི་རིམ་པར་ཕྱེ་པའོ། །དབྱུག་པ་སྔོན་པོ་དང༌། འདོད་པའི་རྒྱལ་བོ་དང༌། སྟོབས་པོ་ཆེ་དང༌། མི་གཡོ་བ་རྣམས་ནི་ཤར་ལ་སོགས་པར་རིམ་པ་བཞིན་ཏེ་གསུང་གི་དཀྱིལ་འཁོར་གྱི་སྒོ་བའོ། །ཡང་ཤར་ལ་སོགས་པའི་སྒོ་རྣམས་སུ་ཁྱི་གདོང་མ་དང༌། ཕག་གདོང་མ་དང༌། ཅེ་སྤྱད་གི་གདོང་མ་དང༌། སྟག་གི་གདོང་མ་བཞི་ནི་སྐུའི་འཁོར་ལོའི་སྒོ་བའོ། །ཕྱིའི་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ནི་རྣལ་འབྱོར་པ་གང་དག་སྐལ་པ་ངན་པ་ཁ་ཅིག་ཀླུ་ཆེན་པོ་རྣམས་ཀྱི་ཚུལ་གྱིས་གནས་པར་བྱ་སྟེ། དེ་ཡང་རྟ་བབས་བཞི་འདེགས་པའི་ཀ་བ་བརྒྱད་ཀྱི་འོག་དང་ཤར་དང་ནུབ་སྟེ། ཤར་དུ་ནི་པདྨ་དང༌། སྟོབས་ཀྱི་རྒྱུའོ། །ལྷོ་རུ་ནི་ནོར་རྒྱས་དང༌། དུང་སྐྱོང་དང་ངོ༌། །ནུབ་ཏུ་འཇོག་པོ་དང༌། པདྨ་ཆེན་པོའོ། །བྱང་དུ་མཐའ་ཡས་དང་རིགས་ལྡན་ནོ། །སྔར་སྨོས་པ་གཉིས་སུ་རྒྱལ་བ་དང༌། རྣམ་པར་རྒྱལ་བའོ། །ཀླུ་རྣམས་ཀྱི་གནས་རིམ་པར་ཕྱེ་བའོ། །ཁྭ་གདོང་མ་དང༌། བྱ་གདོང་མ་དང༌། ནམ་མཁའ་ལྡིང་གི་གདོང་མ་དང༌། འུག་པའི་གདོང་མ་ནི་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བདེན་བྲལ་ལ་སོགས་པའི་མཚམས་རྣམས་སུའོ། །ཕྱིའི་ཁོར་ཡུག་ཆེན་པོ་ལ་ནི་དེ་ལས་གཞན་པའི་འབྱུང་པོ་སྐྱེ་གནས་བྱེ་བ་ཕྲག་ཕྱེད་དང་བཞིའོ། །དེ་དག་ནི་བླ་མའི་གདམས་ངག་གིས་འདུས་པ་ཆེན་པོ་དང་ལྡན་པ་དང་པོ་སངས་རྒྱས་ཀྱིས་འཁྱུད་པའི་མཚན་ཡང་དག་པར་བརྗོད་པ་རྡོ་རྗེ་དབྱིངས་ཆེན་པོའི་ཚོགས་ཀྱི་འཁོར་པའི་འདུས་པ་ཆེན་པོ་ཡིན་ནོ། །དེ་བས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་གཤེགས་ནས་ཞེས་བྱའོ། །ཅི་མཛད་ཅེ་ན། ཆོས་ཀྱི་སྒོ་རྟོགས་པར་འཆད་དོ། །དེ་ལ་ཆོས་ནི་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་རྣམས་སོ། །སྒོ་ནི་སྐྱེ་བ་མེད་པ་ཉིད་དོ། །དེ་སྐད་དུ་ཡང་ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཞེས་གསུངས་པ་དང༌།


DTG015_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་ཆོས་ཐམས་ཅད་ཨའི་རྣམ་པའི་སྒོ་ཅན་ཏེ་ཐོག་མ་ནས་མ་སྐྱེས་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་བས་ན་དེ་ལྟ་བུའི་རྟོགས་པ་ནི་འདུས་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱེད་པའོ། །སྐུ་ཡང་སྟོན་ཏོ་ཞེས་པ་ནི་འོག་ནས་སྟོན་པའི་སྤྲུལ་བའི་སྐུ་གཟུགས་ཀྱི་ཞེས་པ་དང་འབྲེལ་ཏོ། །རྣམ་པ་ཅི་འདྲ་ཞེ་ན་མ་རུངས་པ་འདུལ་བའི་ཁྲོ་བོའི་རྒྱལ་པོ་རྣམས་དང་ཞེས་པ་སྟེ་མ་རུངས་པ་འདུལ་དཀའ་བའི་ཉོན་མོངས་པ་རྣམས་སོ། །དེའི་དབང་དུ་གྱུར་ནས་ཞི་བའི་སྐུ་ལ་སོགས་པས་མི་འདུལ་བ་རྣམས་སོ། །ཡང་འདུས་པ་དེ་རྣམས་ལ་ཁ་ཅིག་སྐལ་བ་དང་མི་ལྡན་པ་དག་གཟུ་ལུམས་ཀྱིས་ཞུགས་པ་ཡོད་དེ་དེ་ལྟ་བུ་འདུལ་བའི་ཕྱིར་མི་གཡོ་བ་དང༌། དབྱུག་པ་སྔོན་པོ་ལ་སོགས་པ་རྣམས་སུ་སྤྲུལ་པའི་གཟུགས་འཛིན་ཚར་གཅོད་པའོ། །ཅི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོའི་རྒྱལ་པོ་རྣམས་སུ་འདུས་ཤིང་འཁོད་པ་དེ་ལྟར་ཡིན་གྱི་རྣལ་འབྱོར་མ་འདུས་པ་གང་ལས་ཤེས་ཤེ་ན། གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་མ་ལུས་ཤིང་ལུས་པ་མེད་པ་དང་ཞེས་གསུངས་ཏེ། གསང་སྔགས་ཞེས་པ་ནི་ལྷན་ཅིག་སྤྱོད་པའི་རྣལ་འབྱོར་མ་སངས་རྒྱས་སྤྱན་ལ་སོགས་པའོ། །རིག་སྔགས་ཞེས་པ་ནི་རྗེས་སུ་སྤྱོད་པའི་འོད་ཟེར་ཅན་ལ་སོགས་པའོ། །རྒྱལ་མོ་ཞེས་པ་ནི་གང་དག་གཙོ་བོར་གྱུར་པའོ། །མ་ལུས་ཞེས་པ་ནི་རྣལ་འབྱོར་མ་མཐའ་དག་ཅེས་པའོ། །ལུས་པ་མེད་པ་དང་ཞེས་པ་ནི་ཐམས་ཅད་ཀྱང་གནས་དེར་འདུས་པའོ། །རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་འགྲོ་བ་ཡོངས་སུ་སྐྱོབ་པ་རྣམས་ཀྱང་སྤྲུལ་པའི་གཟུགས་ཀྱིས་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ནི་རྡོ་རྗེ་འཆང་ཡང་དེ་ཆེན་པོ་ཡང་དེ་བས་ཏེ། དབུས་ཀྱི་དཔལ་དམ་པ་དང་པོའི་སངས་རྒྱས་སོ། །སོགས་པའི་སྒྲས་ནི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞིའི་བར་དག་གོ །དེ་དག་ཐམས་ཅད་ཀྱང་འགྲོ་བ་ཡོངས་སུ་བསྐྱབ་པའི་ཕྱིར། ཟངས་དང་ར་གན་ལ་སོགས་པ་ལ་ལྷ་རྣམས་གྱི་འདྲ་འབག་ཏུ་བྱས་ནས་རྩ་བ་དང་འབྲས་བུའམ། ནི་རཾ་སུའི་རྒྱན་བྱས་ཏེ་སྤྲུལ་པའི་གཟུགས་ཀྱིས་གཞན་དང་བར་བྱ་ཞིང་ངོ་མི་ཤེས་པར་བྱའོ། །གང་གི་ཚུལ་གྱིས་ཤེ་ན། ལུས་སྣ་ཚོགས་ཀྱིས་ཞེས་པ་སྟེ། ཞལ་བཞི་དང༌། མགྲིན་པ་གསུམ་དང༌། ཕྱག་ཉི་ཤུ་རྩ་བཞི་ལ་སོགས་པས་སོ། །


DTG015_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ལ་ནི་ཞལ་གསུམ་ཕྱག་དྲུག་པ་ཡིས་སོ། །ལ་ལ་ནི་ཞལ་གཅིག་དང་ཕྱག་བཞི་པའོ། །ལ་ལ་ནི་ནམ་མཁའ་ལྡིང་དང༌། ཕག་ལ་སོགས་པའི་གདོང་ངོ༌། །ལ་ལ་ནི་གདེངས་ཀ་དང་ལྡན་པའི་ཀླུ་ཆེན་པོའི་གཟུགས་ཀྱིས་སོ། ལ་ལ་ནི་སྐེམས་ཤིང་རིང་པ། ལ་ལ་ནི་སྤོམ་ཞིང་ཐུང་བ་སྟེ། མི་མཐུན་པའི་ཕྱིར་སྣ་ཚོགས་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། མདངས་དང༌། སྟོབས་དང༌། གཟི་བརྗིད་ཟིལ་གྱིས་མི་ནོན་པ་དང་ཞེས་གསུངས་ཏེ། །འགྲོ་བ་རྣམས་ཐུན་མོང་མ་ཡིན་པར་བསྟན་པའི་ཕྱིར་རོ། །དེ་ལ་མདངས་ནི་ཁ་དོག་གསལ་བའོ། །སྟོབས་ནི་ནུས་པའོ། །གཟི་བརྗིད་ནི་གཟི་བྱིན་ནོ། །ཟིལ་གྱིས་མི་ནོན་པ་ནི་ཁྱད་པར་དུ་གྱུར་པའོ། །དེ་སྐད་དུ་ཡང༌། དཀྱིལ་འཁོར་གང་བའི་གནས་ཉིད་དུ། །སངས་རྒྱས་གར་མཁན་རོལ་པ་མཛད། ཁམས་རྡུལ་དེ་བཞིན་རྩ་བའམ། དག་པའི་རུས་པ་འམ་རྒྱན་རྣམས་ཀྱིས། །སངས་རྒྱས་རྣམས་ཀྱི་གར་མཁན་གར། །བདེ་བ་དགའ་བར་བྱེད་དང་བཅས། །ཆོས་འབྱུང་གྲོང་ཁྱེར་ཉམས་དགའ་བར། །རྡོ་རྗེ་དམ་ཚིག་གླུ་ཡིས་དང༌། །རྡོ་རྗེ་རྐང་པའི་གོམ་པའི་གར། །མཐར་ནི་རྗ་རྔ་ལ་སོགས་པ། །ཕྱག་རྒྱ་ཆེན་པོ་གསང་བའོ། །དེ་ཉིད་འདི་ནི་ཆེར་གསང་ངོ༌། །ཞེས་གསུངས་སོ། །དེ་ནས་ཁྲོ་བོ་མི་གཡོན་པོ་ཞེས་བྱ་བ་ལ་སོགས་པའི་སྒོ་བ་རྣམས་ལ་ཕྱི་རོལ་ནས་གསོལ་བ་གདབ་པར་བྱ་སྟེ། འདི་སྐད་དུ། ཁྲོ་བོ་སྔོན་པོ་ཞེས་པ་སྟེ། །དམ་ཚིག་ཆེ་ལྡན་ཕྱག་ན་བསྣམས། །རིན་ཆེན་སྤྲས་པའི་དབྱུག་པ་བསྣམས། །བདག་ཉིད་ལྡན་པ་འཁོར་བ་ལས། །བསྒྲལ་ཕྱིར་རྣལ་འབྱོར་མ་དབུས་སུ། །བཟང་པོའི་སྒོ་ནི་ཕྱེ་སྟེ་མཐོང༌། །ཞེས་སོ། །གསང་སྔགས་དང་ཕྱག་རྒྱ་དང་མངོན་པར་རྟོགས་པ་དང་དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་དོ་ཞེས་པ་ནི། དེ་ལ་གསང་སྔགས་ནི་རང་གི་སྤུན་དང་མིང་སྲིང་མ་ཡིན་པ་སུས་ཀྱང་མི་ཤེས་པར་གསང་བར་བྱ་བ་ཡིན་ཏེ། སྦུན་དང་མིང་སྲིང་ཉིད་ཅེས་པ་ཇི་ལྟ་བུ་ཞེན་ཕྱག་རྒྱ་དང་ཞེས་པ་སྟེ། དེ་ཡང་རང་གི་སྤུན་དང་མིང་སྲིན་རྣམས། ཐེ་ཚོམ་མེད་པར་ཤེས་པར་འགྱུར། །བརྡ་ཡི་རིམ་པ་བཤད་པར་བྱ། །ཞེས་པས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱི་བརྡ་དང་བརྡའི་ལན་གྱིས་ཤེས་པར་འགྱུར་པའོ། །


DTG015_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཡང་ལུས་ཀྱི་བརྡ་དང༌། དག་གི་བརྡའོ། །དེ་ལ་ངག་གི་བརྡ་ནི་ཨོཾ་ཨ་ཧི་ཧོ་ཞེས་པ་ནི་ཕྱག་འཚལ་བའོ། །ཨོཾ་པྲ་ཏི་ཀ་ཞེས་པ་ནི་ཕྱག་འཚལ་བའི་ལན་ནོ། །ཚྪ་ཚྪ་ཞེས་པ་ནི་སློབ་དཔོན་ལ་ཕྱག་འཚལ་བའོ། །བྷ་ཀྵ་ནི་ཞུགས་པའོ། །ཚྪ་ཞེས་པ་ནི་ལེགས་པར་འོངས་སམ་ཞེས་པའོ། །ཙྪ་ནི་འདུག་ཤིག་པའོ། །ཁཾ་ནི་ཟོ་ཅིག་པའོ། །ཏྲཾ་ཏྲཾ་ནི་ཤའོ། །ཤྲཾ་ཤྲཾ་ནི་ཁྲག་གོ །དྲེཾ་དྲེཾ་ནི་ཟོ་ཅིག་པའོ། །ཛཾ་པཾ་ནི་རྡོ་རྗེའི་ཆུའོ། །སོ་མ་ནི་བདུང་རྩིའོ། །ཨེ་མ་ནི་ཆང་ངོ༌། །ཤཾ་བ་རི་ནི་བཏུང་བའོ། །སཾ་པ་རི་ནི་ཆུའོ། །པུ་ཏྲ་ཡ་ནི་མེ་ཏོག་གོ །ཨ་ན་ཚ་ཡ་མ་ནི་འབྲས་བུའོ། །ཛ་ལ་ཀཾ་ར་ནི་གོས་སོ། །ཁྱབ་པ་ཞེས་པ་ནི་ཁྱིམ་མོ། །ཀ་མ་དམ་ནི་ལྷའི་ཁང་པའོ། །ཁྲེ་ཏ་པ་ནི་དཀྱིལ་འཁོར་རོ། །བྷེཾ་ཏ་ནི་དཀྱིལ་འཁོར་གྱི་དཔོན་ནོ། །ཨ་པ་ཡ་ནི་སློབ་མའོ། །མེད་རཾ་ནི་དགའ་བའི་ལྷ་མོའོ། །གོ་པྲི་ཏ་ནི་རྡོ་རྗེ་རྣལ་འབྱོར་མའོ། །དར་མ་རི་ནི་རྡོ་རྗེ་མཁའ་འགྲོ་མའོ། །ཡ་ལ་པ་ནི་མེ་རྣམས་སོ། །སྭ་མུ་ཁ་ནི་ཕའོ། །ཡོ་ཀྱ་ནི་བུའོ། །ཕྲིཾ་ཕྲིཾ་ནི་བུ་མོའོ། །བ་ཧུ་ལ་ནི་གཟུགས་བཟང་མའོ། །ལོ་ཏ་ནི་འགྲོ་བ་དང་འོང་བའོ། །བ་ཧི་རི་ནི་ཟོ་ཅིག་པའོ། །དྷ་ནུ་ནི་རྫས་བྱིན་ཅིག་པའོ། །ཤེ་ཤེ་ནི་སོང་ཤིག་པའོ། །ཕྲེ་སེ་ནི་ཤོག་ཅིག་པའོ། །ཏྲཾ་ནི་མེད་པའོ། །བི་ཏུ་མོ་ནི་ཁྲོས་པའོ། །ཙེ་ར་ནི་རྩོད་པའོ། །ཛི་བ་ནི་སྲུང་བའོ། །ནི་ར་ནི་ཆགས་པ་དང་བྲལ་བའོ། །ཧྲི་ནི་ཆགས་པའོ། །དྲ་བ་ནི་རྫས་སོ། །རིམ་པ་བཞིན་དུ་མཆོད་པ་ནི་སུ་ར་ཏ་སྟྭཾ་ཞེས་པའོ། །རང་གི་ལྷ་རྗེས་སུ་དྲན་པ་ལ་སུ་ར་ཏ་ཧཾ་ཞེས་པའོ། །ཨ་ནུ་རཱ་ག་མི་ཞེས་པ་ནི་རྡོ་རྗེ་སེམས་དཔའ་བསྐུལ་བའོ། །ཨ་ནི་པ་ཏེ་ཡ་མི་ཞེས་པ་ནི་ཧེ་རུ་ཀའོ། །མནུ་ར་ག་ཡ་ཞེས་པ་ནི་གར་དབང་གིའོ། །ཨ་ནུ་པར་ཤ་ཡ་མི་ཞེས་པ་ནི་རྡོ་རྗེ་མགྱོགས་འགྲོ་བསྐུལ་བའི་ལེན་ཡིན་ནོ། །རྣལ་འབྱོར་མ་རྣམས་ས་མ་ཡ་སྟྭཾ་ཞེས་པ་ལན་ནོ། །སམ་ཡ་ཧོ་ཞེས་པས་དཔལ་དང་པོའི་སངས་རྒྱས་མཆོད་པའོ། །དེ་དག་ནི་ངག་གི་བརྡའོ། །ལུས་ཀྱི་བརྡ་བསྟན་པ་ནི་སྤྱི་བོར་ཉུག་པ་ནི་ཕྱག་འཚལ་བའོ། །དཔྲལ་བས་ལ་རེག་པ་ནི་ཕྱག་གི་ལན་ནོ། །གཡས་པའི་སྨིན་མ་བསྐྱོད་པ་ནི་དངོས་གྲུབ་བོ། །གཡོན་པ་ནི་རྣམ་པར་རྒྱལ་བའོ། །མིག་གཡོན་པའི་སྨིན་མ་ལ་རེག་པ་ནི་བུད་མེད་བཟང་མོའི་ཞེས་པའོ། །


DTG015_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཡས་པ་ལ་རེག་པ་ནི་སྐྱེས་པ་བཟང་པོའོ། །རྣ་བ་གཡོན་པ་ལ་རེག་པ་ནི་ལེགས་པར་འོངས་པའོ། །གཡས་པ་ལ་རེག་པ་ནི་ལེགས་པར་སྨྲ་བའོ། །སྣ་བུག་གཡས་པ་ལ་རེག་པ་ནི་སྦོས་སོ། །གཡོན་པ་ལ་རེག་པ་ནི་སློང་བའོ། །ལྕེ་གཡས་སུ་རྒྱུ་བ་ནི་ཤའོ། །གཡོན་དུ་རྒྱུ་བ་ནི་ཆང་སློང་བའོ། །མཆན་ཁུང་གཡོན་ལ་རེག་པ་ནི་ཟས་སོ། །གཡས་པ་ལ་རེག་པ་ནི་ཚོད་མ་སློང་བའོ། །ལུས་ཀྱི་བརྡའོ། །དེ་ལྟར་རྟགས་དེ་དག་གིས་མཚོན་པ་ནི་ཕྱག་རྒྱ་སྟེ། གང་གི་དེ་ཕན་ཚུན་ཤེས་པ་ནི་སྐལ་བ་དང་ལྡན་པ་རྒྱུད་གཅིག་གིས་བསྡུས་པའི་མིང་སྲིད་དང༌། སྤུན་དུ་གྱུར་པའོ། །གལ་ཏེ་མི་ཤེས་ན་སྐལ་བ་དང་མི་ལྡན་པས་སྤུན་དང་མིང་སྲིན་མ་ཡིན་པ་སྟེ་སྐལ་པ་མེད་པའོ། །གལ་ཏེ་ཐམས་ཅད་སྔ་ནས་ཡིན་པར་ཤེས་ཀྱང་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་ཀྱི་ཕྱིར་བརྡ་བྱ་བ་ཁོ་ནའོ། །ཡང་ན་གཞན་གྱིས་མི་རིག་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་དཔའ་པོ་ལ་སོགས་པ་རྣམས་རང་གི་གཟུགས་ཀྱིས་སམ། འོན་ཏེ་ལྷའི་རྣལ་འབྱོར་གྱིས་ཤེ་ན་མངོན་པར་རྟོགས་པ་དང་ཞེས་བྱ་བ་གསུངས་ཏེ། དེ་ལ་མངོན་པར་རྟོགས་པ་ནི་སྒྲུབ་པའི་ཐབས་ཀྱི་རིམ་པར་ཕྱེ་བས་འབྲས་བུ་མངོན་པར་རྟོགས་པར་བྱེད་པ་སྟེ་དེ་བས་ན་སྒྲུབ་ཐབས་ལས་འབྱུང་བ་བཞིན་ལྷའི་རྣལ་འབྱོར་གྱི་རིམ་པས་གནས་པར་བྱ་ཞེས་པའོ། །དེ་ནས་གཟུགས་ལ་སོགས་པ་རང་རང་གི་ཡུལ་ལ་ལོངས་སྤྱད་པར་བྱ་སྟེ། དེ་ལ་ཉོན་མོངས་པ་དང༌། འཇིག་རྟེན་པའི་བྱ་བ་དང༌། རང་ཉིད་ཀྱི་དོན་དུ་སྤྱད་པར་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་སོ། །དེ་ཡང༌། སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །ཞེས་བྱ་བ་ལ་སོགས་པ་དང༌། །ཡང་གསུངས་པ། འདོད་ལ་ཆགས་པར་མི་བྱ་སྟེ། །སེམས་ཅན་དོན་ཕྱིར་རྣལ་འབྱོར་པས། །མཆོད་པ་ཐམས་ཅད་རྟག་པར་བྱ། །ཞེས་གསུངས་པའོ། །གང་གི་ཚེ་གཞན་དུ་ཉོན་མོངས་པའི་དབང་དུ་གྱུར་པ་དེའི་ཚེ་དཔའ་བོ་ཞེས་པའི་མིང་མི་ཐོབ་བོ། །དེ་བས་ན་མི་ཤེས་པའི་དྲེགས་པ་དང༌། ཉོན་མོངས་པའི་གཡུལ་གཞོམ་པ་དང༌། དཔའ་བོའི་བློས་ལྷ་སྦྱིན་དང་ལྷའི་དབང་པོའི་སྤྲོ་བ་དང༌། འཇིགས་པ་མེད་པ་དང༌། སེམས་བརྟན་པས་མི་གཡེངས་ཞིང་བརྗེད་ངས་པ་མེད་པ་དང༌། བག་ཚ་བ་སྤངས་ནས་མེ་སྡུག་པའི་ཕྱོགས་ཀྱི་གོས་ལ་གནས་པ་ནི་


DTG015_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་བོའོ། །ཀུན་དུ་རུ་མཆོད་པའི་གནས་བཙལ་ཏེ། དེས་ཀྱང་དང་པོར་གཟུགས་ཀྱི་མཆོད་པས་མཉེས་པར་བྱ་བའི་ཕྱིར་སྔར་བཤད་པའི་རྒྱན་ནམ། ཡང་ན་མི་རུས་ལས་བྱས་པའི་རྒྱན་བྱའི་མུ་ཏིག་ལ་སོགས་པས་མཛེས་པར་བྱ་བར་མ་གསུངས་སོ། །དེ་སྐད་དུ་ཡང༌། དུང་དང་མུ་ཏིག་བྱི་རུ་རྣམས། །གསུམ་ཆར་བཅོ་བརྒྱད་བཅུ་དགུ་ལས། །བྱུང་ཞིང་དེ་དག་མེད་ན་ཡང༌། །ཆོས་སྐུའི་ཡེ་ཤེས་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཞེས་གསུངས་སོ། །དེ་ནས་སྒེས་པའི་ཉམས་ལ་སོགས་པ་བསྟན་ཏེ། སྒེག་པའི་ཉམས་དང༌། དཔའ་བའི་ཉམས་དང༌། མི་སྡུག་པའི་ཉམས་དང༌། རྒོད་པའི་ཉམས་དང༌། དྲག་པོའི་ཉམས་དང༌། འཇིགས་སུ་རུང་བའི་ཉམས་དང༌། ཞི་བའི་ཉམས་དང༌། རྔམ་པའི་ཉམས་དང༌། སྙིང་རྗེའི་ཉམས་སོ། །དེ་ལ། ལག་པ་དག་ནི་བརྒྱར་བསྐྱོད་ཅིང༌། །གོམ་པའི་སྟབས་ཀྱིས་གར་བྱ་སྟེ། །ཕག་པའི་བཀོང་པ་ནི་རྡོ་རྗེའི་ཚུལ་དང༌། རལ་གྲིའི་ཚུལ་དང༌། འཁོར་ལོའི་ཚུལ་དང༌། རིན་པོ་ཆེའི་ཚུལ་དང༌། པདྨའི་ལག་པ་དང༌། ཡང་རལ་གྲིའི་ཚུལ་དང༌། གཞུའི་ཚུལ་དང༌། དབྱུག་པའི་ཚུལ་དང༌། གཏུན་ཤིང་གི་ཚུལ་དང༌། རྡོ་རྗེ་རྩེ་གཅིག་པའི་ཚུལ་དང༌། ཁ་བཅུ་པའི་ཚུལ་དང༌། གྲིའི་ཚུལ་དང༌། སྣ་ཚོགས་དབྱུག་པའི་ཚུལ་དང༌། མདུང་གི་ཚུལ་དང༌། གོང་བུ་བསྐྱོད་པའི་ཚུལ་དང༌། འཕེན་གཉིས་པའི་ཚུལ་དང༌། འཕེན་གསུམ་པ་དང༌། མེ་ཏོག་གི་ཚུལ་དང༌། བདུག་སྤོས་ཀྱི་ཚུལ་དང༌། མར་མེའི་ཚུལ་དང༌། དྲིའི་ཚུལ་དང༌། ལཱ་སྱའི་ལག་པ་དང༌། ཕྲེང་བའི་ལག་པ་དང༌། གླུའི་ལག་པ་དང༌། གར་གྱི་ལག་པ་དང༌། གླིང་བུའི་ལག་ཕ་དང༌། པི་ཝང་གི་ལག་པ་དང༌། རྫ་རྔའི་ལག་པ་དང༌། རྐེད་རྔའི་ལག་པ་དང༌། དེ་ལ་གཡས་དང༌། གཡོན་དང༌། དབུས་དང༌། སྤྱི་བོའི་སྟེང་དུ་བསྒྱུར་པ་ནི་བརྒྱར་བཀོད་བའོ། །གོམ་པའི་སྟབས་ཀྱིས་རྣམ་པར་ཡང༌། །གཡས་བརྐྱང་བ་དང༌། གཡོན་བརྐྱང་བ་དང༌། མཉམ་པའི་རྐང་སྟབས་དང༌། རྡོ་རྗེའི་རྐང་སྟབས་དང༌། དཀྱིལ་འཁོར་དང༌། སྣ་ཚོགས་ཐབས་དང༌། རུས་སྦལ་གྱི་རྐང་སྟབས་དང༌། བུང་པའི་དྲ་བ་དང༌། རྒྱ་མཚོ་བསྐྱོད་པ་


DTG015_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང༌། རིའི་མཆོག་དང༌། མཛེས་པའི་ཕོད་ཅན་དང༌། ཁྲོ་མོའི་བཀོད་པའོ། །དེ་ལྟར་ལག་པ་དང་རྐང་པའི་བཀོད་པ་སོ་སོར་བསྟན་ནས། ད་ནི་ནམ་མཁའི་ཁམས་ཁྱད་པར་གཉིས་ཀས་གར་བྱ་བ་ནི། གུས་བཅས་དང་པོར་སྒེག་པར་ལྡན། །དང་པོར་རྩེ་བཅས་རྗེས་བཟུང་བས། །རྐང་པ་བརྒྱད་དུ་ཆོ་ག་ཡིས། །རྡོ་རྗེའི་གོམ་པས་རོལ་པར་བྱ། །མེ་ཏོག་སྙིམ་པར་སྦྱོར་བ་དང༌། །སྤོས་ཀྱི་ཡལ་གའི་སྦྱོར་བ་དང༌། མར་མེའི་སྡོང་བུའི་ལག་ཚུལ་དང༌། །ཡང་ནི་དབྱུག་པའི་ལུགས་དང་ནི། །བརྡུང་བ་འམ་དཀྲོལ་པའི་སྦྱོར་བ་བྱ། །དེ་བཞིན་སླར་ཡང་གཡོན་པས་སོ། །དེ་ནས་རྒྱུན་གྱི་གར་བྱས་ནས། །གཡོན་པ་ཡང་ནི་གར་བྱ་ཞིང༌། །མྱུར་དུ་བརྡུང་བས་དེ་བཞིན་གར། །བྱས་ནས་འཁོར་ལོ་ལྟར་བུར་བསྐོར། །ཕྱི་ནས་གྲུ་བཞི་དག་པར་བྱ། །ཕྱིས་ནི་འདོད་པའི་ལག་པས་བསྐོར། །ས་ལ་པུས་མོ་གཉིས་བཙུགས་ནས། །ལག་པ་མཆོད་རྟེན་ལེགས་པར་བྱ་།ཇི་སྙེད་གང་གི་བསྟན་བཅོས་སུ། །བྱེད་པའི་ཆ་ལུགས་བརྗོད་པ་ནི། །དེ་ཉིད་རྡོ་རྗེ་སེམས་དཔའ་ཡི། །སྒེག་པ་བྱང་ཆུབ་སྒྲུབ་པའི་ཐབས། །ཞེས་སོ། །རྣལ་འབྱོར་མ་རྣམས་ཀྱི་འདུག་ཚུལ་བསྟན་པའི་ཕྱིར་ཡང་གསུངས་པ། རྡོ་རྗེའི་སྐྱིལ་ཀྲུང་དང༌། སེམས་དཔའི་སྐྱིལ་ཀྲུང་དང༌། པདྨའི་འདུག་སྟངས་དང༌། བཟང་པོའི་འདུག་སྟངས་དང༌། སྐྱིལ་ཀྲུང་ཕྱེད་པ་དང༌། བཀྲ་ཤིས་པའི་འདུག་སྟངས་ཏེ། དེ་ལྟ་བུ་དག་གིས་འདུག་པར་བྱའོ། །དེ་ནས་སྒྲའི་ཡུལ་སྤྱད་པའི་ཕྱིར་དྲུག་གི་རྗེས་སུ་འགྲོ་བའི་གླུ་དང༌། དྲང་སྲོང་གི་རྗེས་སུ་འགྲོ་བའི་གླུ་དང༌། དྲི་ཟའི་རྗེས་ཀྱི་གླུ་དང༌། བར་མའི་རྗེས་ཀྱི་གླུ་དང༌། བློ་གསལ་གྱི་རྗེས་ཀྱི་གླུ་དང༌། ཉན་པའི་གླུའོ། །ཉུང་དུའི་དབྱེ་བ་དང༌། སྒྲོལ་བའི་དབྱེ་བ་དང༌། འཇིགས་པའི་དབྱེ་བ་དང༌། གང་བའི་དབྱེ་བ་དང༌། རྣམ་པར་འདྲེན་པ་དང༌། འདོད་ཆགས་གཉིས་པ་དང་མཚུངས་པར་བྱེད་པ་དང༌། འདོད་ཆགས་གསུམ་པ་དང་མཚུངས་པར་བྱེད་པ་དང༌། ལྐོག་མ་ཉེད་པ་དང༌། རྐན་ཉེད་པ་དང༌། ལྕེ་ཉེད་པ་དང༌། སོ་ཉེད་པ་སྟེ། གླུའི་བྱེ་བྲག་གོ །གཞན་ཡང་རོལ་མོའི་རབ་ཏུ་དབྱེ་བ་ནི། ཆ་ལང་དང་ནི་རྔ་དང་ཡང༌། །རྫ་རྔ་ཁ་ཅིག་པི་པང་རྒྱས། །མ་ར་བྷན་དྷ་གླིང་བུ་དང༌། །རྒྱུད་གསུམ་ཀ་ར་ཀ་ནི་དང༌། རྣམ་གསུམ་


DTG015_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྡུང་བས་བརྡུང་བར་བྱ། །ཆུང་དུར་བསྡུས་པ་རྒྱས་པ་སྟེ། །དཀྱིལ་འཁོར་གསོལ་བ་གདབ་པར་བྱ། །མཆོད་པ་འདི་ནི་བླ་ན་མེད། །ཅེས་སོ། །དེ་དག་གི་བརྡུང་བ་ལ་སོགས་པའི་སྒྲ་ཡང་འདི་སྐད་དུ། ཨཱ་ར་ཨཱ་ར། ཛཾ་སྨ་ར་ཛཾ་སྨ་ར། ར་ཙ་ཏཾ་པཾ་ཧོ། །ཧུ་ལུ་ཧུ་ལུ། ཧུ་ཛ་ཧུ་ཛ། ཨ་ལ་ཡ་ཨ་ལ་ཡ་ཨ་ལ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཎུ་ཎུ་ཎུ། ཧྲི་ཧུ་ཧ། མེ་ཧེ་ཏ་མཽ་ཏ། མོ་གྷོ་གྷེ་གྷ་ཏ་ཊ། གྷེཾ་གྷེ་ཏ་བི་ཤ་།གྷ་ཧན་ཧོ་དོ། །ཧཱུཾ་ཀ་ཀ་ཏོ། །ཧཱུཾ་ཧཱུཾ། ཀ་ཀ །ཀཾ་ཀཾ་པེཾ་ཀེ་པེཾ། བཛྲ་བཛྲི། ཧེ་ཀོ་ཧུང་ཏོ། ཧུ་དྷོ་ཧུ་དྷོ་ཧུ་དྷོ་ཧུ་དྷོ། །རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཞེས་པ་དང༌། ཐྲ་ཏི་ཐྲ་ཏི། ཐྲ་ཀ་ཐྲ་ཀ །ཐུ་ཡ་ཐུ་ཡ། ཐོ་ཧོ་ཐོ་ཧོ། །བྷི་དྷི་ས་བྷི་དྷི་དང༌། དྷི་དང༌། ཨུ་ད་ཀྲ་ཀ་ཀྲ་ཀ །ཐ་ཀ་ཐ་ཀ །དྷི་དི་ཏི་ཏེ། དྷི་དི་ཏི་ད་ཏ་ཎ་པོ། །ཏྲ་ཏྲ་ཏ་པོ་ཏ་ཞེས་པ་དང༌། ཀ་ཀ་ཀ་ཀ །ཧི་ཧི་ཧི། ཧི་ཧི་ཧི། ཧི་ཧི་ཧི་ཧི། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ། ཨི་ཧ་ཧ། ཨི་ཧ་ཧ། ཨཱ་ཨཱི་ཨཱ་ཨཱི། ཛི་ཛ་ཛི་ཛ། ཨཾ་ཨཾ། ཛེཾ་ཛེཾ། ཨི་ཨ། ཨོཾ་ཧི་ཧི་ཧི་ཧི། ཀ་ཙ་ཎི་ཌི་ཧི་ཞེས་པ་ནི་སྒྲའི་རབ་ཏུ་དབྱེ་བའོ། །དེ་ནས་དྲི་བྱུག་སྤྱད་པའི་ཕྱིར། །གླ་སྒང་ཀུ་ན་ཏ་ན་དང༌། །རུ་རྟ་ཀུ་ཤི་ལ་ཏ་ཀ །ཨ་གར་རྒྱ་སྤོས་ཤ་རི་པ། །གུར་ཀུམ་ཙནྡན་པ་ན་ཀ །གཾ་དྷ་སྒྲོན་ནི་ཤིང་ཁྲག་པར། །ཤུག་པ་པཱ་ལ་པརྞི་ཀ །ལི་ཤི་ཤིང་ཚ་ཀ་ལ་ཡ། །ཐང་ཤིང་ཨརྫུ་པྲི་ཡང་ཀུ། །སོ་བྷ་ཎ་དང་བ་ལ་ཀ །ཤཻ་ལ་བ་དང་ཡུ་བེ་དང༌། །སེང་ཕྲོམ་ཤ་ཏི་ཀ་པིདྠ། །ཀ་རུ་ཀ་རུ་པ་ལ་ནི། །ན་ལི་ཤི་པ་ཙམ་པ་དང༌། །སུ་བརྣ་དང་ཤ་ཀ་མ། །མདུ་ལུང་ག་ཤུན་པར་བཅས་པ་ལ་ཨུ་ཡད་ཡོ་སུ་ན། །མཁན་པ་མུ་ཏྲ་མ་རུ་པ། །ཀེ་ཤི་ཏ་མ་ལ་བུ་ཀ །སུག་སྨེལ་བྱ་གྷ་ན་ག་དང༌། །འུ་སུ་པ་ཏོ་ལ་ཡི་ལི། །ཏ་ཀ་སྦུས་པ་ཧ་ར་མུ། །ཛཱ་ཏི་ཕ་ལ་ཙ་རམ་ག །སུ་པུ་ནི་ཡ་ད་མ་ཀ་ཙནྡན་ཏུ་རུས་པྲ་སྟར། །ཐུང་ཆུ་དང་ནི་ར་ས་དང༌། །གེ་སར་ལ་སོགས་སྦྱར་བ་ལས། །དྲི་སྦྱར་ཕྱིར་ནི་རྒྱུད་ཤེས་པས། །བདག་ཉིད་འདོད་པ་བཞིན་དུ་སྦྱར། །ཞེས་གསུངས་སོ། །དེ་ནས་རོའོ་ཡུལ་སྤྱད་པར་བྱ་བའི་ཕྱིར་ཁབ་དང༌། མངར་བ་དང༌། སྐྱུར་བ་དང༌། ཆ་བ་དང༌། ལན་ཚྭ་དང༌། བསྐ་བ་རྣམས་དང་ལྡན་པའི་བཟའ་བ་དང༌། བཅའ་བ་དང་


DTG015_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཏུང་བའི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། དེ་ཡང་བཟའ་བ་དང༌། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་རྣམས་སོ། །དེ་ལ་ཐུན་མོང་ནི་ཁ་ཟས་གང་ཡང་རུང་བ་ཟན་དང་འབྲས་ཆང་ལ་སོགས་པའོ། །ཐུན་མོང་མ་ཡིན་པ་ནི་སྒྲོན་མ་ལྔ་དང་བདུད་རྩི་ལྔའོ། །བཅའ་བ་ནི་རྩ་བ་དང་འབྲས་བུའི་བྱེ་བྲག་རྣམས་སོ། །དེ་སྐད་དུ་ཡང༌། ཨ་མྲ་རྒུན་འབྲུམ་པ་ན་ས། །ན་རི་ཀེ་ལ་ཨ་རུ་སོགས། །འབྲས་བུ་དག་ནི་སྣ་ཚོགས་པ། །ཚོགས་ཀྱི་འཁོར་ལོ་དབུལ་བར་བྱ། །ཞེས་གསུངས་སོ། །བཏུང་བའི་ཡང་གསུངས་པ། །ཆང་ནི་སྒེག་མོ་ཡིན་པར་བཤད། །རབ་ཏུ་མྱོས་པ་སྦྲང་རྩིའོ། །བུ་རམ་ཆང་ནི་མྱོས་བྱེད་གསུངས། །རྒུན་ཆང་དག་ནི་བདུད་རྩི་ཡིན། །བདུད་རྩི་ལམ་གྱི་ཡན་ལག་བརྒྱད། །སངས་རྒྱས་ཀུན་གྱི་བརྡ་ཡིན་ནོ། །རྒུན་འབྲུམ་སྤྲང་རྩི་དཔའ་བོ་གཅིག །ཚ་ནི་འདོད་ཆགས་བྲལ་བ་ཡིན། །ཁུ་བ་སྐྱུར་པོ་གཡོན་ཅན་ཏེ། །སིང་པོ་དག་ནི་བྲན་མོར་བཤད། །ཤ་དང་ཆང་དུ་ལྡན་པ་དག །དེ་ལྟར་སྣ་ཚོགས་སྟོན་མོ་ཡིན། །དགའ་བའི་ལོངས་སྤྱོད་སྐལ་བཟང་པོ། །རྡོ་རྗེ་སེམས་དཔའ་ར་བསྒྲུབ་པའོ། །ཞེས་པའོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་ཕྱི་དང་ནང་གི་བྱེ་བྲག་གིས་དཀྱིལ་འཁོར་གྱི་གཙོ་བོ་དང་འཁོར་གྱི་ཁྱད་པར་གྱིས་དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་པ་དང༌། བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སྙིང་པོ་ལན་པར་བྱེད་པས་ན་དཀྱིལ་འཁོར་ཐམས་ཅད་སྒྲུབ་པའོ། །དེ་ནི་དཀྱིལ་འཁོར་དེ་ཐམས་ཅད་ཀྱང་དེ་ཡིན་པས་ན་དཀྱིལ་འཁོར་ཐམས་ཅད་དོ། །དགའ་བ་དང༌། བདེ་བ་དང༌། སྤྱོད་པ་དང༌། གྲོལ་བ་སྒྲུབ་པར་བྱེད་དོ། །དེ་ནས་བཟའ་པ་ལ་སོགས་པ་སྤྱད་པ་ཡང་རང་རང་ལ་དཀྱིལ་འཁོར་གྱི་འཁོར་ལོའི་སྔར་བཞིན་པའི་མངོན་པར་རྟོགས་པ་གྲུབ་པར་བྱས་ལ། མེ་ཏོག་བདུག་པ་མར་མེ་དང༌། །བཟའ་བའི་སྟོན་མོ་དེ་བཞིན་དབུལ། །ཞེས་བྱ་བ་མེ་ཏོག་ལ་སོགས་པ་རྣམས་གཙོ་བོ་ནས་བཟུང་སྟེ་རིམ་པ་བཞིན་དུ་དབུལ་བར་བྱའོ། །མེ་ཏོག་ལ་སོགས་པའི་དབྱེ་བ་ནི་གཞུང་མངས་ཀྱིས་འཇིགས་པས་མ་བྲིས་སོ། །དེ་ནས་གང་གི་སྦྱིན་སྲེག་གི་རིམ་པས་ལྐོག་མ་སྦྱང་བ་ལ་སོགས་པ་བྱས་ལ་དཀྱིལ་འཁོར་པ་རྣམས་ཚིམ་པར་བྱའོ། །དེ་ཡང༌། གཡས་པ་པདྨར་བསམས་ནས་སུ། །གཡོན་པ་རྡོ་རྗེ་བསྒྲེང་


DTG015_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱས་ནས། །པདྨའི་བསྐོར་བས་བསྐོར་ནས་ནི། །ཕྱག་རྒྱ་ཆེན་པོ་བསྟན་པར་བྱ། །ཨོཾ་ཧ་ཧོ་ཧྲཱིཿ་སྭཱ་ཧཱ། ཕྱག་རྒྱ་ཆེན་པོའི་སྔགས་དང་ཕྱག་རྒྱའོ། །རྣལ་འབྱོར་པ་ཡིས་མཚུངས་པ་རུ། །ལྷ་རྣམས་ཐམས་ཅད་བསམ་པར་བྱ། །འཇིག་རྟེན་པ་སོགས་ཡེ་ཤེས་སྤྱན། །ཕྱི་ཡི་དཀྱིལ་འཁོར་བརྟག་པར་བྱ། །སོ་སོར་དྲི་ཡིས་བྱུགས་པ་དང༌། །སོ་སོར་མེ་ཏོག་དོར་བ་དང༌། །སོ་སོར་བདུག་སྤོས་བདུག་སོགས་མས། །སོ་སོའི་སྦྱོར་བས་དབུལ་བར་བྱ། །བདུད་རྩི་ལྔ་ནི་བསྲེས་ནས་སུ། །ཉ་ཕྱིས་ལ་སོགས་དབུལ་བར་བྱ། །ཧ་ཞེས་བྱ་བས་ཁ་དོག་འཕྲོག །ཧོ་ཞེས་བྱ་བས་དྲི་གཞོམ་སྟེ། ཧྲཱིཿ་ཞེས་པས་ནི་ནུས་པ་འཇོམས། །གོ་རིམས་དེ་ལྟར་མངོན་པར་བརྗོད། །རྣམ་གསུམ་ལན་གསུམ་བརྗོད་ནས་ནི། །ལྷ་གསུམ་དུ་ནི་བསམ་པར་བྱ། །པདྨའི་དབང་ཕྱུག་གཟུགས་མཛེས་གསེར་གྱི་མདོག །དྲི་ཆུའི་ངོ་བོ་ཤིན་ཏུ་རྣམ་སྣང་མཛད། །མྱངས་བས་རྡོ་རྗེ་དབང་ཕྱུག་ཕྱག་རྡོ་རྗེ། །ལྷ་གསུམ་རྣམ་པ་གསུམ་དུ་བསྒོམ་པར་བྱ། །གཡོན་པ་ཟླ་བའི་ལག་པ་ལ། །ཟླ་བའི་དབུས་སུ་བདུད་རྩི་ཡི། །ཡི་གེ་ཀུན་རིག་གུག་སྐྱེད་བཅས། །མཐེ་བོང་སོར་མོ་ས་ཉིད་དེ། །སྲིན་ལག་ཀྱང་ནི་རི་རབ་པོ། །བསྲུབས་པའི་སྟོབས་ཀྱིས་བདུད་རྩི་ཡི། །ཆུ་ཡི་རྣམ་གསུམ་ཤེས་པར་བྱ། །རྣལ་འབྱོར་པ་ནི་ཐམས་ཅད་ལ། །མཐེ་བོའི་ཐོར་ནས་སོ་སོར་དབུལ། །དེ་ཡང་རང་གི་དངོས་པོ་ཡི། །བདག་ཉིད་ལ་ནི་བསམ་པར་བྱ། །སྒྲོགས་པ་ལྔ་ཡི་མཆོད་རྟེན་ནི། །རྣམ་པ་ལྔ་ནི་བཀྲུ་བར་བྱ། །ལྕེ་རྩེ་ཐིག་ལེའི་སྟེང་དུ་ཡང༌། །བློ་དང་ལྡན་པས་གནས་གསུམ་མཆོད། །ཅེས་གསུངས་པའི་རིམ་པས་བཏུང་བ་ལ་སོགས་པ་སྦྱོང་བའོ། །བཏུང་བ་འདྲི་མ་པའི་ཚེ་ན་ཡང༌། །མི་ཐོད་ཆེན་པོ་དུམ་གཅིག་པར། །མྱོས་བྱེད་ཀྱིས་ནི་རབ་བཀང་ལ། །བླ་མ་སྐལ་བ་ཆེ་ལ་དབུལ། །ཕྱག་བྱས་ནས་ནི་རང་གིས་བཏུད། །དབུལ་བ་དག་ནི་ལེན་པ་དག །པདྨའི་ལག་པས་བསྐོར་བྱས་ཤིང༌། །དེར་ནི་སྒྲུབ་པ་པོ་རྣམས་ཀྱིས། །ཡང་དང་ཡང་དུ་ཕྱག་བྱའོ། །འདྲེན་པ་པོས་ཨ་ལ་ལ་ཧོ་ཞེས་བྱའོ། །ལེན་པ་པོས་ཨ་ཧོ་སུ་ཁ་ཞེས་བྱའོ། །བདུད་རྩི་ལ་སོགས་པ་འདྲི་མ་པའི་ཚེ་ཡང་འདི་སྐད་བརྗོད་དོ། །


DTG015_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྟོས་ཤིག་ཤིན་ཏུ་མཛེས་པའི་ཆོས། །འདི་ལ་རྟོག་པ་ཡོད་མིན་པས། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་པས་ལྷན་ཅིག་བཟའ། །རྣལ་འབྱོར་ཕོ་མོའི་དཀྱིལ་འཁོར་དུ། །ཚིགས་བཅད་འདི་ཡིས་སྦྱིན་པར་བྱ། །པདྨའི་བསྐོར་བ་སྔོན་འགྲོ་བས། །སེམས་ནི་ཤེལ་ལྟར་བསམས་ནས་སུ། །གཡས་པས་པདྨའི་གདན་ལ་ནི། །རྡོ་རྗེ་རྩེ་གསུམ་བསྒྲེང་བར་བྱ། །འདོད་ཆགས་དྲི་མ་བྲལ་བ་ཡིས། །ལེགས་འོངས་ཆོས་ནི་རིན་ཐོང་མེད། །འཛིན་དང་འཛིན་མེད་རྣམ་པར་སྦངས། །དེ་ཁོ་ཉིད་ལ་བདག་ཕྱག་འཚལ། །སྦྱོར་བའི་དངོས་གྲུབ་དོན་དུ་ནི། །ཀུན་སྤྱོད་དེ་ནི་ཇི་བཞིན་དུ། །རྣལ་འབྱོར་པ་ཡིས་ཀུན་དུ་སྦྱར། །ཇི་ལྟར་བདེ་བར་སྤྱོད་ཅེས་བརྗོད། །ལན་སོ་སོར་ཚིགས་སུ་བཅད་པའོ། །དེ་ལྟར་ཁ་ཟས་ལ་སོགས་འདྲི་མ་པའི་ཚེ་འཐོར་འཐུང་ལ་སོགས་པ་བྱ་བའམ་ཞེ་ན། །གཙང་སྦྲ་མ་བྱས་པ་དང་ཞེས་གསུངས་ཏེ། དག་དང་མ་དག་མི་བརྟག་གོ །ཞེས་པ་དང༌། དེ་ཡང་གཞན་ནས་ཀྱང༌། འདིར་ནི་བཟའ་དང་བཟའ་མིན་དང༌། །བགྲོད་དང་བགྲོད་མིན་དེ་བཞིན་ནོ། །བཏུང་དང་མི་བཏུང་མི་བརྟག་གོ །ཞེས་པ་དང༌། ཁྲུས་དང་གཙང་སྤྲ་འདིར་མི་དགོས། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །ཞེས་པ་དང༌། གྲོང་པའི་ཆོས་ནི་རབ་ཏུ་སྤང༌། །ཞེས་པ་དང༌། ར་རོ་བ་དང༌། བག་མེད་པར་འདུག་ཀྱང་རུང་སྟེ་ཞེས་པ་ནི་བཏུང་བའི་ཉེས་པ་གཞུང་གཞན་ལས་གསུངས་ཀྱང༌། འདིར་དེ་ལྟ་བུའི་ཉེས་པར་འགྱུར་པ་མེད་དོ་ཞེས་པའོ། །ད་ནི་རེག་བྱའི་ཡུལ་ལ་སྤྱད་པར་བྱ་བའི་ཕྱིར་རེག་བྱའི་ཡུལ་བསྟན་པ་ཡང༌། མ་དང་སྲིང་མོ་ཚ་མོ་དང༌། །སྒྱུག་མོ་དེར་ནི་ཀུན་དུ་སྤྱོད། །ཚོགས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར། །ཞེས་གསུངས་པས་རྒྱལ་རིགས་དང༌། བྲམ་ཟེ་དང༌། རྗེའུ་རིགས་དང༌། དམངས་རིགས་སུ་གྱུར་པ་གར་མ་དང༌། ཚོས་མ་དང༌། སྨེ་ཤ་ཅན་དང༌། གཡུང་མོ་ལ་སོགས་པའི་རིགས་རྣམས་ལ་ཡང་བྱེ་བྲག་ཏུ་མ་བཟུང་བར་མཆོད་པར་བྱའོ། །དེ་དག་རིགས་ལྔའི་བདག་ཉིད་ཀྱིས་རྒྱས་གདབ་པར་བྱས་ནས། བྱང་ཆུབ་ཀྱི་ཡན་ལག་ཏུ་རུང་བའི་སྐྲ་མཆོག་ཏུ་རིང་བ་གནག་པའམ་མཐོན་མཐིང་ལྟར་འདུག་པ། ལི་བ། པདྨ་ལ་ལ་ནོར་བུ་པདྨ་རཱ་གའི་


DTG015_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འོད་ཆགས་པ་མིག་ཡངས་པ། སྐབས་བྱེད་པ་ལ་སོགས་པ་སྤྲུལ་སྐུའི་མཆན་ལྟ་བུ་དང་ལྡན་པ། རྣལ་འབྱོར་བ་བརྒྱའི་ཡིད་འཕྲོག་པར་ནུས་པ་དེ་ལ་སྦྱང་བ་ནི་ལུས་ལྷར་དྲན་པ་ཉེ་བར་གཞག་པ་དང༌། ཚོར་བ་བདེ་བ་དྲན་པ་ཉེ་བར་གཞག་པ་དང༌། སེམས་ལྷན་ཅིག་སྐྱེས་པར་དྲན་པ་ཉེ་བར་གཞག་པ་དང༌། ཆོས་སྐྱེ་བ་མེད་པར་དྲན་པ་ཉེ་བར་གཞག་པ་དང༌། དེ་རྣམས་ཀྱིས་ཀྱང་སྡིག་པ་མི་དགེ་བ་མ་སྐྱེས་པ་མི་སྐྱེད་པ་དང༌། སྐྱེ་བ་མི་མཐུན་པར་གྱུར་པས་སྤོང་བ་དང༌། དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་རྣམས་བརྟན་པར་བྱེད་པའོ། །དེ་བཞིན་དུ་ཁམས་གསུམ་འདི་ལས་སངས་རྒྱས་ཀྱི་ཞིང་གཞན་ན་མེད་པར་འདུན་པ་དང༌། སེམས་ཀྱི་བྱང་ཆུབ་སྐད་ཅིག་ལ་རྟོགས་པ་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྐད་ཅིག་ལ་རྫོགས་པ་དང༌། དཔྱོད་པས་སྐད་ཅིག་ལ་ཐེ་ཚོམ་གཅོད་པའོ། །བླ་མ་དང་སྤུན་ལ་བརྩེ་ཞིང་རྩ་བའི་ལྟུང་བར་གྱུར་པ་ལ་འཛེམ་པ་ནི་དད་པའི་དབང་པོ་དང༌། དེ་ཉེ་བར་ལེན་པ་ནི་བརྩོན་འགྲུས་ཀྱི་དབང་པོ་དང༌། དྲན་པ་གསུངས་པ་སྟེ། ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་སྒོམ་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་བྱས་པ་དེ་ཉིད་རང་གི་ཉམས་སུ་མྱོང་བར་བྱེད་པ་ནི་ཤེས་རབ་ཀྱི་དབང་པོའོ། །དབང་པོ་ལྔ་པོ་དེ་ཉིད་གོང་ནས་གོང་དུ་འཕེལ་བར་བྱེད་པ་ནི་སྟོབས་ལྔའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དྲན་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཏེ། འདི་རྣམས་ནི་ལུས་ཁྲུས་བྱས་ནས་སྤོས་དང་མེ་ཏོག་ལ་སོགས་པས་བརྒྱན་པ་ལ་འདོད་པ་དང༌། སྤོས་དང༌། མེ་ཏོག་དང༌། མར་མེ་དང༌། དྲི་དང༌། མཆོད་ཡོན་དང༌། རོལ་མོ་དང༌། བཤོས་གཙང་ལ་དགོངས་པའོ། །ཞེས་ཀྱང་འཆད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་ཇི་ལྟ་བུ་ཞེ་ན། བླ་མ་ལ་རྡོ་རྗེ་འཛིན་པར་ཡང་དག་པར་ལྟ་བ་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལྷར་ཡང་དག་པར་རྟོགས་པ་དང་གསུང་སྔགས་སུ་གནས་པ་དང༌། དམ་ཚིག་དང་སྡོམ་པ་ལ་སྤྱོད་


DTG015_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ལས་དང༌། ཉུང་ཟད་དང་ངན་དོན་གྱིས་འཚོ་བའི་ཕྱིར་ཤ་ལྔ་ལ་སྤྱོད་པ་ནི་ཡང་དག་པའི་འཚོ་བའོ། །སེམས་ཅན་གྱི་དོན་བྱ་བར་རྩོལ་བ་ནི་ཡང་དག་པའི་རྩོལ་བའོ། །བླ་མའི་གདམས་ངག་མི་བརྗེད་པ་ནི་ཡང་དག་པའི་དྲན་པའོ། །སེམས་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་གནས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་བས་ན་འདིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་ལ་ལ་ལ་དག་ནི་དཀྱིལ་འཁོར་གྱི་རྣམ་པར་དག་པ་ལ་འཆད་དོ། །འདིར་ནི་ལས་ཀྱི་ཕྱག་རྒྱ་སྦྱར་བར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་ཀྱི་ཕྱོགས་ནི་འདོད་ཆགས་དང་བྲལ་བའི་ལམ་ཡིན་ལ། ལས་ཀྱི་ཕྱག་རྒྱ་ཞེས་པ་ནི་འདིར་འདོད་ཆགས་ཅན་ལ་གསུངས་སོ་ཞེ་ན། སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །ཅེས་གསུངས་པས་འདི་ལྟ་བུའི་ཐབས་མ་ཡིན་པས་སངས་རྒྱས་ཀྱི་ལམ་མ་རིག་པས་སངས་རྒྱས་ཀྱི་ས་དང་ལམ་རིག་པའི་ཐབས་ཉིད་དུ་གསུངས་སོ། །དེ་བས་ན་ཐབས་འདི་ལ་བརྟེན་པའི་ཕྱིར། ས་གཞིར་གསུངས་སོ། །དེ་སྐད་དུ་ཡང༌། གཞི་ནི་ས་གཞིས་བྱས་ནས་སུ། །རྣལ་འབྱོར་ལོངས་སྤྱོད་ས་གཞི་ཡིན། །ཞེས་གསུངས་སོ། །དེ་བས་ན་ས་གཞི་གནོན་པར་བྱ་བ་ནི་སྙོམས་པར་འཇུག་པ་སྟེ། རྐང་སྟབས་དང༌། ཚུལ་ཇི་ལྟར་ཞེ་ན། གཞན་ཡང་རྐང་སྟབས་བཅིང་བ་ནི། །སེམས་ཅན་སྒྲོལ་བའི་གནས་ཡིན་ཏེ། །གཉིས་ནི་ཀུན་དུ་འདུས་ནས་བསྐྱོད། །དེ་ཉིད་ཕྱག་རྒྱ་ཞེས་བྱ་ཞིང༌། །མཉམ་པའི་རྐང་སྟབས་དང༌། བུང་བའི་དྲ་བ་དང༌། དབྱེ་བའི་རྐང་སྟབས་དང༌། ཟླུམ་པོའི་སྟབས་དང༌། རུས་སྦལ་གྱི་སྟབས་དང༌། གསུམ་གནོན་པའི་སྟབས་དང༌། གཡས་བརྐྱང་བ་དང༌། གཡོན་བརྐྱང་བ་དང༌། གནས་བཅིང་བ་དང༌། འདུག་པ་དང༌། རྐང་པ་འཕེན་པ་དང༌། མཆོད་སྡོང་གི་ཚུལ་དང༌། པུས་མོ་བཙིར་བ་དང༌། བསྡུ་བའི་ཚུལ་དང༌། མཉམ་དུ་གནས་པ་དང༌། །དུས་ཀྱི་མེའི་སྙིང་པོ་དང༌། །དགའ་བས་གནས་པ་དང༌། གཅིག་ཏུ་སྡུད་པའོ། །རྐང་སྟབས་སྤྱོད་པ་བཅོ་བརྒྱད་ནི། མཆོད་པའི་དུས་སུ་སྦྱར་བར་བྱ། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །རྣལ་འབྱོར་བ་ཡིས་མཚོན་པར་བྱ། །སྙིང་ག་བཙིར་པ་དང༌། རྐང་


DTG015_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་སྦྱར་བ་དང༌། ཕྲེང་བའི་ཚུལ་དང༌། གུང་མོའི་ཚུལ་དང༌། རྩེ་གསུམ་པའི་ཚུལ་དང༌། གཉིས་ཀ་སྦྱར་ཏེ་བཟའ་བ་དང༌། ཕྱེད་ཀྱིས་འཁྱུད་པ་དང༌། གཉིས་ཀའི་ལག་པ་ཕྱེད་ཀྱིས་འཁྱུད་ནས་གསང་བར་རེག་པ་དང༌། ནུ་མ་མཉེས་པ་དང༌། །ཀོ་སྐོ་མཉེ་བ་དང༌། དེ་ལྟར་ཚུལ་ནི་རྣམ་པ་བཅུ། །ཞལ་ནི་བཞད་ཅིང་སྒེག་དང་བཅས། །མཚན་ཉིད་སྣ་ཚོགས་ལྡན་པ་ཡིས། །དེ་ཡི་ལས་རྣམས་བསྒྲུབ་པར་བྱ། །ཞེས་གསུངས་སོ། །ཇི་ལྟར་འདོད་པའི་བསྟན་བཅོས་ལས་འབྱུང་བ་བཞིན་དུ་ལུས་ཀྱི་ཀ་ར་ཎ་བྱའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་བྱ་བ་ཡང་འབྱོར་བ་ཆེ་ཆུང་གིས་བྱའོ། །ཐམས་ཅད་དུ་རྒྱ་ཆེན་པོ་མི་བྱ་བར་མི་རུང་བ་མ་ཡིན་ནོ། །དེ་སྐད་དུ། དེ་ནས་སྒྲུབ་པ་པོ་རྣམས་ཀྱིས། །སྦྱོར་བ་ཀུན་ལ་མེད་པར་བཤད། །བཟའ་དང་བཅའ་བའི་དངོས་པོ་སོགས། །ཅི་ནུས་པ་ནི་རྣམ་པར་བྱ། །མེད་པར་གྱུར་ཀྱང་བཟའ་བ་ནི། །ལྔ་པ་ཉིད་དུ་བྱས་པ་ཡིན། །མཚན་མོ་རྟག་ཏུ་བྱ་བ་སྟེ། །བཟའ་དང་བཅའ་བ་རྒྱ་ཆེ་བ། །མཆོད་པའི་དུས་ཉིད་དུ་ནི་བྱ། །དེ་ནས་ཕོ་ཉ་རབ་སྦྱིན་ཞིང༌། །རང་གི་པང་བར་ཤེས་རབ་གཞག །དཔའ་བོས་གཉིས་མེད་མཆོད་པར་བྱ། །མའམ་ཡང་ན་སྲིང་མོ་འམ། །བུ་མོ་མཛའ་མོ་ཆུང་མ་ཉིད། །འདི་འདྲའི་ཆོ་ག་སྦྱོར་བ་ཡིས། །བཅིངས་པ་ལས་ནི་གྲོལ་བར་བྱ། །དེ་ནས་སྔགས་ནི་འགྲུབ་འགྱུར་ཏེ། །ཇི་སྲིད་འབྱུང་པོ་ཡོད་པར་དུའོ། །སློབ་དཔོན་ལུས་སུ་ལེགས་གནས་ཏེ། །སྒྲུབ་པ་པོས་ནི་མཆོད་པ་ལེན། །དཔའ་བོ་རྣམས་ཀྱི་གདན་ཉིད་དང༌། །ཕྱག་རྒྱ་ཉིད་དུ་ཐེ་ཚོམ་མེད། །སྒྲུབ་པ་ཤིན་ཏུ་མཉམ་གཞག་པས། །གླུ་དང་གར་ལ་སོགས་པ་བྱ། །ལུས་ཅན་ཐམས་ཅད་ཇི་སྲིད་དུ། །རྣལ་འབྱོར་ཡེ་ཤེས་ལ་མངོན་ཞེ་ན། །དེ་སྲིད་འཁོར་བར་འཁོར་འགྱུར་ཞིང༌། །མྱ་ངན་སྡུག་བསྔལ་གྱིས་གཡེང་འདིར། །ཀུན་ནས་དང་པོར་སྒྲུབ་པ་པོས། །དངོས་པོ་ཀུན་གྱིས་ཕྱག་རྒྱ་མཆོད། །མཆོད་པ་དེས་ནི་མཆོད་འགྱུར་ཏེ། །མཉམ་པ་ཡིས་ནི་ངེས་པར་བསྲེག །རྣལ་འབྱོར་རྒྱུད་ལ་གནས་པ་ཡིས། །ཕྱག་རྒྱ་ཆེན་པོ་དང་པོར་བསྒྲུབ། །དེ་བཞིན་རབ་ཏུ་འབད་པ་དང༌། །ཀུན་ནས་དང་བས་མཆོད་པར་བྱ། །དེ་ཡི་འོག་ཏུ་དཔའ་བོས་ནི། །དཔའ་


DTG015_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བས་ཀུན་དུ་སྤྱད་པར་བྱ། །དེ་ལྟར་མཆོད་པ་བྱས་ན་ནི། །ས་འོག་འགྲོ་བ་འགྲུབ་པ་དང༌། །ཞི་དང་རྒྱས་དང་དབང་དང་དགུག །གསད་དང་བསྐྲད་ལ་སོགས་པ་དང༌། །རྨོངས་དང་རེངས་སོགས་ལས་སྦྱོར་ཞིང༌། །དབྱེ་དང་དེ་བཞིན་ཚར་བཅད་དང༌། །ལས་རྣམས་གང་ཅི་རུང་བ་ལ། །ཉོན་མི་མོངས་པར་སྒྲུབ་པ་པོས། །འགྲུབ་པར་འགྱུར་པར་གདོན་མི་ཟ། །ཞེས་གསུངས་སོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་ཆེན་པོ་ལ་སོགས་པའི་ཉེ་བར་སྤྱོད་པ་ཟིན་ནས། །གཏོར་མའི་ལས་བསྟན་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་རློབ་པར་མཛད་དེ་ཞེས་གསུངས་སོ། །དེ་ལ་སངས་རྒྱས་ནི་དཔལ་དམ་པ་དང་པོ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་ནམ་མཁའི་སྙིང་པོ་ལ་སོགས་པའོ། །ཐམས་ཅད་ཀྱི་སྒྲས་ནི་དཀྱིལ་འཁོར་ཆེན་པོར་འདུས་པ་གང་ཡིན་པ་ཐམས་ཅད་དོ། །བྱིན་གྱིས་རློབ་པར་མཛད་དེ་ཞེས་པ་ནི་གཏོར་མ་ཆེན་པོའི་བཟའ་བ་དང་བཏུང་བ་རབ་ཏུ་སྦྱར་བ་བུམ་པའམ་ཐོད་པ་ལ་སོགས་པར་གནས་པར་བྱས་ནས། ཨོཾ་ན་མཿ་ཤྲཱི་བཛྲ་རཱ་ག་ཡ་ཨོཾ་ཨཱཿ་ཧཱུཾ་ཞེས་བརྗོད་དོ། ཨོཾ་གྱི་ཡི་གེས་སྦྱང་བར་བྱ་བའོ། །ཨཱཿའི་ཡི་གེས་རྟོགས་པར་བྱ་བའོ། །ཧཱུཾ་གི་ཡི་གེས་འབར་བར་བྱ་བའོ། །ཧོའི་ཡི་གེས་བདུད་རྩིར་བྱ་བའོ། །ལག་པ་གཡོན་པས་སྦྱར་བར་བྱ་བའོ། །ལག་པ་གཡས་པས་རྟོགས་པར་བྱ་བའོ། །ཐལ་མོ་བཀབ་ནས་གོམས་པར་བྱ་བའོ། །ནམ་མཁའ་ལྡིང་གི་ཕྱག་རྒྱས་ཟླ་བ་ཞུགས་རང་བཞིན་གྱི་བདུད་རྩིར་བྱ་བའོ། །དེ་ནས་གཡོན་པའི་སྲིན་ལག་གིས་དབུས་ནས་ཐིག་ལེ་ལ་ཆོས་འབྱུང་གྲུ་གསུམ་བྱ་ཞིང་དེའི་ནང་དུ་ཟླུམ་པོ་ཐིག་ལེའི་གཟུགས་བྱའོ། །དེའི་ནང་དུ་མེ་ལོང་གི་གཟུགས་བརྙན་ཤིན་ཏུ་གསལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་གསལ་ཞིང་དེས་ཚིམ་པར་བྱའོ། །དེའི་ཕྱིར་གསུངས་པ། སྐུ་དང་གསུང་དང་ཐུགས་ཐམས་ཅད་ཀྱིས་དེའི་རྒྱུད་ལ་བྱིན་གྱིས་སློབ་པོ་ཞེས་པ་ལ། དེའི་རྒྱུད་ཅེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་ཡང་སྦྱོར་བ་དང་པོ་ལ་སོགས་པ་མཆོག་གི་ཡན་ལག་གསུམ་གྱི་མཐར་གསང་བའི་གནས་དེ་ནས་སྤྲོ་བའམ། རང་ཡེ་ཤེས་ཀྱི་འཁོར་ལོ་དང་གཉིས་སུ་མེད་པའི་སྙིང་གའི་ས་


DTG015_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བོན་ལས་སམ། སྣའི་བུ་ག་གཉིས་ལས་སྤྲོ་ཞིང་དགོད་དོ། །ས་བོན་ཇི་ལྟ་བུ་ཞེ་ན། ཨོཾ་ཨཱཿ་ཧཱུཾ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཞེས་པ་རྣམས་དང༌། ཨ་ཨཱ། ཨེ་ཨཻ། ཨར་ཨཱ་ར། ཨོ་ཨཽ། །ཨ་ལ་ཨཱ་ལ། ཨཾ་ཨཱཿ་ཞེས་པ་རྣམས་དང༌། ཡ་ཡཱ། ར་རཱ། ཝ་ཝཱ། ཧ་ཧཱ། ཞེས་པ་རྣམས་དང༌། ཀ་ཀཱ། ཁ་ཁཱ། ག་གཱ། གྷ་གྷཱ། ང་ངཱ༌། ཙ་ཙཱ། ཚ་ཚཱ། ཛ་ཛཱ། ཛྷ་ཛྷཱ། ཉ་ཉཱ། ཊ་ཊཱ། ཋ་ཋཱ། ཌ་ཌཱ། ཌྷ་ཌྷཱ། ཎ་ཎཱ་པ་པཱ། ཕ་ཕཱ། བ་བཱ། བྷ་བྷཱ། མ་མཱ། ཏ་ཏཱ། ཐ་ཐཱ། ད་དཱ། དྷ་དྷཱ། ན་ནཱ། ཤ་ཤཱ། ཥ་ཥཱ། ས་སཱ། ཝ་ཝཱ། ཧ་ཧཱ། ཡ་ཡཱ། ར་རཱ། ལ་ལཱ། ཀྵ་ཀྵཱ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ལས་བྱུང་བའི་ཐུགས་དང་གསུང་དང་སྐུ་དང་དཀྱིལ་འཁོར་གྱི་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་སྲིན་ལག་དང༌། མཐེ་བོང་གིས་ཐིག་ལེ་ཕུལ་ཏེ་དཀྱིལ་འཁོར་རང་གི་ཡན་ལག་ལ་བསྡུ་བ་བྱས་ལ། རང་གི་ཁ་མཚན་མ་གཅིག་པའི་གནས་སུ་བདུད་རྩི་ལྔའི་ཐིག་ལེ་མཁའ་འགྲོ་མའི་གྲངས་དང་མཉམ་པར་སྔགས་འདིས་དགོད་པར་བྱའོ། །ཨོཾ་སརྦ་ཀྲོ་ཏ་ཏྱ་ཀི་ཎུ། ཨི་མཾ་བཱ་ལི་པྲ་ཏི་ཎེ་རུ་ས་མ་ཡ་མ་ནུ་སྨ་ར་ཡ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་ཡོངས་སུ་མཉས་པར་བྱ་བའི་དོན་དུ་སྔགས་འདི་ཡང་བརྗོད་པར་བྱ་སྟེ། ཨོཾ་དི་བྱ་ཎེ་ས་མ་དྷཱི་དྷྱ་ན་པི་ན་ནཱ་སྭཱ་ཧཱ་ཞེས་བྱའོ། །དེ་ནས་ལས་ཐམས་ཅད་བསྒྲུབ་པའི་ཕྱིར་འབྱུང་པོའི་གཏོར་མ་གཏང་བར་བྱ་སྟེ། འདི་ལྟར་གསུངས་པའི་སྔགས་ཀྱི་རྗེས་སུ་འབྲངས་ནས་སྔར་བཤད་པའི་སྒོ་དང༌། སྒོ་ཁང་ལ་སོགས་པར་བུམ་པ་དང༌། ཐོད་པ་ལ་སོགས་པ་བཟའ་བས་ཡོངས་སུ་བཀང་ལ་མཆོད་པ་ལྔ་དང༌། ཡང་དག་པར་ལྡན་པའམ་ཤ་ལ་སོགས་པའི་གཏོར་མས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་ཚོགས་ཀྱིས་བསྐོར་བའི་ལྷ་ཚོགས་དགོད་པའི་ཕྱིར་ཚངས་པ་དང༌། དབང་པོ་དང༌། ཉེ་བའི་དབང་པོ་དང༌། དྲག་པོ་དང༌། ཚངས་པ་ཆེན་པོ་དང༌། ཀུན་འགྱེད་གཞོན་ནུ་དང༌། དབང་ཕྱུག་ཆེན་པོ་དང༌། སྨིན་དྲུག་གི་བུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གྲུ་གསུམ་གྱི་དབུས་སུ་ཐིག་ལེ་ཟླུམ་པོ་ལ་སྔར་སྨོས་པའི་ཡེ་ཤེས་ཀྱི་ལྷ་བཀོད་ལ། ཕྱིས་ཞི་བ་ལ་སོགས་པའི་ཁ་དོག་དང་དབྱིབས་


DTG015_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་བྱས་པའི་རིམ་པ་གཉིས་པ་ལ་ཤར་དུ་ནི་ཚངས་པའོ། །ལྷོར་དབང་པོའོ། །ནུབ་ཏུ་ཉེ་བའི་དབང་པོའོ། །བྱང་དུ་དྲག་པོའོ། །མེར་ཚངས་པ་ཆེན་པོའོ། །སྲིན་པོར་ཀུན་འགྱེད་གཞོན་ནུ་དང༌། རླུང་དུ་དབང་ཕྱུག་ཆེན་པོའོ། །དབང་ལྡན་དུ་ནི་སྨིན་དྲུག་གི་བུའོ། །དེ་སྟེང་དུ་ནག་པོ་ཆེན་པོའོ། །འོག་ཏུ་ནི་དགའ་བྱེད་དབང་ཕྱུག་གོ །དེ་དག་ཀྱང་ཞལ་གཅིག་སྤྱན་གསུམ་པ་ཕྱག་བཞི་པ་གོས་དང་རྒྱན་སྣ་ཚོགས་པས་བརྒྱན་པའོ། །སྐུ་མདོག་ཀྱང་གོ་རིམས་བཞིན་དུ་ཕྱོགས་རྣམས་ནག་པོ་དང༌། སེར་པོ་དང༌། དཀར་པོ་དང༌། དམར་པོ་དང༌། མཚམས་རྣམས་ནི་དམར་པོ་དང༌། དཀར་པོ་དང༌། སེར་པོ་དང༌། ནག་པོའོ། །ཚངས་པ་ནི་ཕྱག་ན་ཐོད་པ་དང༌། བགྲང་ཕྲེང་དང༌། སྤྱི་བླུགས་དང༌། པདྨའོ། །དབང་པོའི་མདུང་ཐུང་དང༌། ཐོད་པ་དང༌། དབྱུག་ཏོ་དང༌། བགྲང་ཕྲེང་འཛིན་པའོ། །ཉེ་བའི་དབང་པོའི་མདུང་རྩེ་གསུམ་དང༌། ཐོད་པ་དང༌། ཞགས་པ་དང༌། བགྲད་ཕྲེང་ངོ༌། །དྲག་པོའི་དུང་དང༌། འཁོར་ལོ་དང༌། ཐོད་པ་དང༌། དབྱུག་ཏོའོ། །མཚམས་ཀྱི་ནི་གྲི་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་དང༌། མདུང་རྩེ་གསུམ་ཀུན་ལའོ། །སྟེང་འོག་གི་ཁ་དོག་དང་ཕྱག་མཚན་ནི་ཤར་ནུབ་གཉིས་བཞིན་ནོ། །ད་རྣམས་ཀྱི་ཐུན་མོང་ནི་འོག་ནས་འཆད་པ་ཁོ་ནའོ། །དེའི་ཕྱི་རོལ་དུ་ཕྱོགས་སྐྱོད་བཅུ་བསྟན་པའི་ཕྱིར་གཤིན་རྗེ་དང༌། ཆུ་ལྷ་དང༌། ཀུ་བེ་ར་དང༌། འཕྲོག་མ་དང༌། ཕྱོགས་བཅུའི་འཇིག་རྟེན་སྐྱོད་བ་གང་ཡིན་པ་དེ་དག་ཀྱང་ཞེས་གསུངས་ཏེ། དེ་ལ་གཤིན་རྗེ་ལ་སོགས་པས་ཉེ་བར་མཚོན་པ་ནི། ཤར་དུ་ཨི་ལས་བརྒྱ་བྱིན་ཏེ། །གླང་པོ་ཆེ་ཡི་སྟན་ལ་འདུག །མདོག་སེར་ཕྱག་ནི་བཞི་པ་ལ། །རྡོ་རྗེ་དང་ནི་ཐོད་པའི་ལག །ལག་གཉིས་ཐལ་མོ་སྦྱོར་བར་མཛེས། །མེ་མཚམས་ཁཾ་གིས་དྲང་སྲོང་ནི། །མདོག་དམར་ཕྱག་བཞི་ར་སྐྱེས་ཞོ་ན། །མེ་ཐབ་དང་ནི་ཐོད་པ་དང༌། །སྐྲག་པས་ཐལ་མ་སྦྱོར་བར་བརྩོན། །ལྷོ་རུ་ཡཾ་ལས་ཉི་མའི་བུ། །མདོག་དམར་ཕྱག་བཞི་མ་ཧེ་ཞོན། །དབྱུག་པ་ཐོད་པ་བསྣམས་པ་དང༌། །སྐྲག་པས་ཐལ་མོ་སྦྱོར་ལ་བརྩོན། །བདེན་བྲལ་རཾ་གིས་སྲིན་པོ་ནི། །མདོག་ལྗང་ཕྱག་བཞི་མི་རོ་ཞོ་ན། །རལ་གྲི་དང་ནི་ཐོད་པ་ཐོགས། །སྐྲག་པས་ཐལ་མོ་སྦྱོར་


DTG015_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་བརྩོན། །ནུབ་ཏུ་བཾ་གྱིས་ཆུ་བདག་ནི། །མདོག་དཀར་ཕྱག་བཞི་ཆུ་སྲིན་སྟན། །ཞགས་པ་དང་ནི་ཆུ་སྲིན་ཐོགས། །སྐྲག་པས་ཐལ་མོ་སྦྱོར་ལ་བརྩོན། །རླུང་མཚམས་ཡཾ་ཡིག་རླུང་གི་བདག །དུད་ཀ་ཕྱག་བཞི་རི་དགས་སྟན། །བ་དན་དང་ནི་ཐོད་པ་ཉིད། །དེ་བཞིན་ཐལ་མོ་སྦྱོར་ལ་བརྩོན། །བྱང་དུ་ཀུ་ཡིས་ལུས་ངན་པོ། །མདོག་སེར་ཕྱག་བཞི་བུམ་པ་ཐོགས། །རིན་པོ་ཆེ་དང་ཐོད་པ་འཛིན། །ཐལ་མོ་སྦྱོར་ལ་བརྩོན་པར་མཛད། །དབང་ལྡན་ཨི་ལས་བྱུང་བའི་བདག །ཐལ་བའི་མདོག་ལ་ཁྱུ་མཆོག་སྟན། །ཐོད་པ་དང་ནི་སུམ་བརྩེགས་འཛིན། །སྐྲག་ནས་ཐལ་མོ་སྦྱོར་ལ་བརྩོན། །སྟེང་དུ་བཾ་ལས་ཚངས་པ་ནི། །སེར་པོ་ཤིང་རྟའི་སྟན་ལ་གནས། །གྲི་།བུམ་པ་དང་ནི་ཐོད་པའི་ལག །ལག་པ་ཐལ་མོ་སྦྱོར་ལ་གུས། །འོག་ཏུ་ཕུ་ལས་ས་བདག་ནི། །སེར་པོ་ཀླུ་ཡི་སྟན་ལ་བཞུགས། །བུམ་པ་དང་ནི་ཐོད་པའི་ལག །ལག་པ་ཐལ་མོ་སྦྱོར་ལ་གུས། །འཕྲོག་མ་ནི་འོག་ནས་འབྱུང་བའི་མ་མོ་རྣམས་དང་ཞེས་གསུངས་པའི་སྐབས་འདི་ཉིད་དུ་རིག་པར་བྱ་སྟེ། མ་མོ་རྣམས་ནི། ཤར་དུ་ཧྲི་ལས་ཕག་མོ་ནི། །མདོག་སྔོན་དྲག་མོ་ཆེན་མོ་སྟེ། །ཕག་མོ་ཞེས་བྱ་ཕྱག་བཞི་མ། །མདའ་དང་གཞུ་དང་དེ་བཞིན་དུ། །རྒྱལ་མཚན་དང་ནི་ཐོད་པ་ཉིད། །འཕྱག་གི་གདོད་ཅན་འཇིགས་བྱེད་མའོ། །བྱང་གི་ཕེཾ་གྱིས་སྒེག་མ་ནི། །མདོག་དམར་དྲག་མོ་ཆེན་མོ་སྟེ། །ཐོད་པ་ཉིད་དང་ལྕགས་ཀྱུ་དང༌། །ཁ་ཊྭཱཾ་ག་སྟེ་དེ་བཞིན་ནོ། །ནུབ་ཏུ་ཀུཾ་ལས་གཞོན་ནུ་མ། །མདོག་སེར་མ་ལ་ཕྱག་བཞི་ན། །མདུང་རྩེ་གསུམ་དང་བ་དན་གསུམ། །གཞུ་དང་མདའ་ནི་དེ་བཞིན་ནོ། །ལྷོ་རུ་ཧི་ཡིས་ཙ་མུཎྜཱི། །མདོག་སྔོན་མ་ལ་ཕྱག་བཞི་མ། །ཁཊྭཱཾ་ཉིད་དང་ཐོད་པ་དང༌། །དེ་བཞིན་རལ་གྲི་ཅང་ཏེའུའོ། །མེ་མཚམས་ས་ཡི་མཚམས་ལ་ནི། །སྐུ་མདོག་དཀར་པོ་ཕྱག་བཞི་མ། །ཚངས་པའི་སྐུ་དང་ཐོད་པ་ཉིད། །གཞུ་དང་མདའ་ནི་དེ་བཞིན་ནོ། །སྲིན་པོར་གཾ་གིས་ཚོགས་བདག་མ། །མདོག་ལྗང་མ་ལ་ཕྱག་བཞི་ན། །མདུང་རྩེ་གསུམ་དང་ཐོད་པའི་ཕྱག །བགྲང་ཕྲེང་དང་ནི་ལ་ཕུག་གོ །རླུང་མཚམས་བཾ་ཡིག་ཁྱབ་འཇུག་མ། །མདོག་སྔོན་མ་ལ་ཕྱག་བཞི་ན་


DTG015_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚངས་དང་ཆུ་ཡི་ཐོང་བ་བསྣམས། །ཞགས་པ་ཁ་ཊྭཱཾ་དེ་བཞིན་ནོ། །དབང་ལྡན་ཨི་ཡིག་ལས་བྱུང་བའི། །དབང་མོ་མདོག་སེར་ཕྱག་བཞི་ན། །རྡོ་རྗེ་དུང་དང་ཐོད་པ་དང༌། །སྡིགས་མཛུབ་དང་ནི་ཞགས་པ་ཉིད། །མ་མོ་ཐམས་ཅད་གྱེན་སྐྲ་འབར། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །རི་མོའི་སྟན་ལ་བཞུགས་སྤྱན་གསུམ། །སྟག་གི་པགས་པས་རྐེད་པ་དཀྲིས། །དབང་ལྡན་མཾ་ཡིག་གནོད་སྦྱིན་མ། །ཁྱུ་མཆོག་སྟན་ལ་བཞུགས་པ་སྟེ། །མདོག་དཀར་མ་ལ་ཕྱག་བཞི་མ། །ཐོད་པ་དང་ནི་མདུང་རྩེ་གསུམ། །ཐལ་མོ་སྦྱོར་ལ་བརྩོན་པའོ། །དེ་ནས་ཡང་སྔར་བཤད་པའི་ཚངས་པ་ལ་སོགས་པ་དང་དེ་རྣམས་ཀྱི་བཙུན་མོ་དང་འཁོར་བསྟན་པའི་ཕྱིར། ཚོགས་ཀྱི་བདག་པོ་གཞན་དག་དང་མ་མོ་བདུན་པོ་དག་གང་ཡིན་པ་རྣམས་དང༌། གནོད་སྦྱིན་མོ་དང་སྲིན་མོ་དང་ཤ་ཟ་མོ་གང་ཡིན་པ་དེ་དག་ཐམས་ཅད་ཅེས་གསུངས་ཏེ། དེ་ལ་ཚོགས་ནི་གཏོར་མའི་དཀྱིལ་འཁོར་ཆེན་པོ་ལ་གཏོགས་པའོ། །དེའི་བདག་པོ་ནི་རྡོ་རྗེ་ཧེ་རུ་ཀའོ། །གཞན་དག་ཅེས་པ་ནི་འབྱུང་པོའི་བདག་པོ་ལས་གཞན་དུ་གོ་བར་བྱའོ། །ཡང་ན་མ་མོའི་ཚོགས་ཀྱི་བདག་པོ་གང་ཡིན་པ་ནི་ཚོགས་ཀྱི་བདག་པོའོ། །གཞན་དག་ཅེས་པ་ནི་སྔ་མ་བཞིན་ནོ། །མ་མོ་བདུན་པོ་གང་ཡིན་པ་ཞེས་པ་ནི་ཚངས་པ་ལ་སོགས་པའི་བཙུན་མོ་ཡིན་པས་གཙོ་མོ་ཞེས་པའོ། །གནོད་སྦྱིན་མོ་ཞེས་པ་ལ་སོགས་པ་ནི་འཆད་པར་འགྱུར་པའི་མ་མོ་རྣམས་ཀྱང་རིགས་འདི་གསུམ་དུ་བསྡུས་པའོ་ཞེས་པའོ། །གང་ཞེ་ན། དྲག་མོའི་མདུན་དུ་རྩ་མུཎྜཱིའོ། །གཡོན་དུ་དྲག་མོའོ། །རྒྱབ་ཏུ་མི་སྡུག་མའོ། །གཡས་སུ་དཀའ་ཟློག་མ་སྟེ་མ་དོག་ནག་མོ། མཆོད་པ་ལྔས་གང་བའི་ཐོད་པ་བསྣམས་པའོ། །ཉེ་བའི་དབང་པོའི་མདུན་དུ་ནི་རྒྱལ་མ་དང༌། རྣམ་པར་རྒྱལ་མ་དང༌། མི་ཐུབ་མ་དང༌། གཞན་གྱིས་མི་ཐུབ་མ་རྣམས་ཏེ་བཅའ་བ་དང་ལྡག་པ་འཛིན་པ་ལྗང་གུའི་མདོག་གོ །དབང་པོའི་མདུན་དུ་ནག་མོ་བཟང་མོ་དང༌། ནག་མོ་ཆེན་མོ་དང༌། ནག་སྦོམ་མ་དང༌། རྣལ་འབྱོར་མ་རྣམས་ཏེ། དམར་མོ་མཆོད་པ་ལྔས་གང་བའི་ཐོད་པ་ཐོགས་པའོ། །ཚངས་པའི་མདུན་དུ་དབང་མོ་དང༌། ཟླ་བ་མོ་དང༌། དྲག་མོ་དང༌། སྔ་མ་རྣམས་ཏེ། བཟའ་བ་དང་བཏུང་བ་ཐོགས་པ་སེར་མོའོ། །


DTG015_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྨིན་དྲུག་གི་བུའི་མདུན་དུ་འཕྱང་མ་དང༌། ལྷའི་དབང་ཕྱུག་མ་དང༌། དུང་ཅན་མ་དང༌། མར་མེ་མ་རྣམས་ཏེ། གཙོ་བོའི་མདོག་ཅན་ཕྱག་ན་བཟའ་བ་དང་བཏུང་བ་ཐོགས་པའོ། །ཚན་པོ་ཆེའི་མདུན་དུ་འཇིབ་མ་དང༌། གྲོང་ཁྱེར་ན་གནས་པའི་རྣལ་འབྱོར་མ་དང༌། དྲག་པོའི་གཟུགས་ཅན་མ་དང༌། གཟུགས་མ་རྣམས་ཏེ་གཙོ་བོའི་མདོག་དང་སྟོན་མོས་བཀང་བའི་ཐོང་པ་ཐོགས་པའོ། །ཀུན་འགྱེད་གཞོན་ནུའི་མདུན་དུ་བཀའ་ལས་འདས་ཀྱི་ཆུང་མ་དང༌། ཕྱེ་བའི་གཟུགས་དང༌། གཟིགས་མ་དང༌། ཐོད་པའི་ཕྲེང་བ་ཅན་དང༌། གཤིན་རྗེའི་ཁ་ཊྭཱཾ་ག་ཕྱར་བ་རྣམས་ཏེ་བདག་པོའི་མདོག་ཅན་བཟའ་བཏུང་འཛིན་པའོ། །དབང་ཕྱུག་ཆེན་པོའི་མདུན་དུ་ལག་ན་རལ་གྲི་མ་དང༌། ལག་ན་དགྲ་སྟ་མ་དང༌། ལག་ན་རྡོ་རྗེ་མ་དང༌། ལག་ན་མདའ་ཆེན་མ་རྣམས་ཏེ། བདག་པོའི་མདོག་དང་བཟའ་བཏུང་ལ་སོགས་པ་ཐོགས་པའོ། །གཟའ་དང་རྒྱུ་སྐར་དང་ཞེས་པ་ལ། དེའི་ཕྱི་རོལ་དུ་ཤར་དུ་ནི་ཉི་མ་མདོག་དམར་མོ་ཕྱག་གཉིས་ན་པདྨ་འཛིན་པ། ཐལ་མོ་སྦྱོར་བ་ལ་བརྩོན་པར་མཛད་པའོ། །རྟ་བདུན་ལྡན་པའི་ཤིང་རྟ་ཞོན། །མེ་མཚམས་ཤུཾ་གིས་པ་བ་སངས། །ཁ་དོག་དཀར་པོ་འབར་བ་སྟེ། གཡོན་པས་པད་སྟེང་ནོར་བུ་འཛིན། །གཡས་པས་དེ་བཞིན་འཁོར་ལོ་སྟེ། །ཐལ་སྦྱོར་བྱས་པར་སྐྱེས་ཞོན། །ལྷོ་རུ་ཨཾ་གིས་མིག་དམར་ནི། །མདོག་དམར་རོ་ཡི་སྟན་ལ་གནས། །རལ་གྲི་དང་ནི་ཞགས་པ་འཛིན། །ཐལ་མོ་སྦྱོར་ལ་བརྩོན་པར་བྱེད། སྲིན་པོར་རཾ་གིས་སྒྲ་གཅན་འཛིན། །གཡས་ན་ཉི་མ་གཡོན་ཟླ་བ། །དུད་ཁ་ཐལ་མོ་སྦྱར་བྱས་པ། །ལུས་ཕྱེད་རང་གི་སྟན་ལ་གནས། །ནུབ་ཏུ་སཾ་ཡིག་སྦེན་པ་སྔོ། །ཕྱག་གཉིས་ཐོད་པ་འཛིན་པ་དང༌། །ཐལ་མོ་སྦྱར་བ་བྱས་པའི་ཕྱག །མེ་ཡི་ཐབ་ཀྱི་སྟེང་དུ་ནི། །མེ་བཞིན་འབར་བ་གནས་པའོ། །རླུང་དུ་ཤཾ་གིས་ཟླ་བ་དཀར། །གཡོན་དུ་པདྨ་ནོར་བུའོ། །གཡས་པ་པདྨའི་སྟེང་དུ་ཟླ། །ཐལ་མོ་སྦྱར་ནས་ངང་པ་ཞོན། །བྱང་དུ་པཾ་གིས་ཕུར་བུ་སེར། །གཡོན་དུ་རིལ་བ་སྤྱི་བླུགས་ཏེ། །གཡས་སུ་དེ་བཞིན་ཐོད་པའོ། །ཐལ་སྦྱར་རིན་ཆེན་སྟན་ལ་གནས། །དབང་ལྡན་བྲུཾ་གིས་གཟའ་ལག་དཀར། །གཡས་པ་ན་ནི་རིན་ཆེན་ཏེ། །དེ་བཞིན་གཡོན་


DTG015_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་ཐོད་པའོ། །ཐལ་སྦྱར་བུམ་པའི་སྟན་ལ་གནས། །ཀཾ་གིས་རྒྱལ་མཚན་སྤྲུལ་གཟུགས་དམར། །ཕྱག་གཉིས་རལ་གྲི་ཐལ་སྦྱར་བརྩོན། །ཞེས་སོ། །དེ་བཞིན་དུ་རྒྱུ་སྐར་རྣམས་ཀྱང་བུད་མེད་ཀྱི་གཟུགས་ཅན་ཏེ། ཐ་སྐར་ནི་དཀར་པོའོ། །བྲ་ཉེ་ནི་ལྗང་གུའོ། །སྨིན་དྲུག་ནི་སྔོ་བསངས་སོ། །སྣར་མ་ནི་དམར་སྐྱའོ། །མགོ་ནི་སྔོན་པོའོ། །ལག་ནི་སེར་པོའོ། །ནབ་སོ་ནི་སེར་པོའོ། །རྒྱལ་ནི་སྔོ་བ་སངས་སོ། །སྐག་ནི་དཀར་པོའོ། །མཆུ་ནི་སེར་པོའོ། །བྲེ་ནི་མེ་ཏོག་བྲི་ཡང་ཀུ་ལྟ་བུ་ལྗང་གུའོ། །དབོ་ནི་ལྗང་གུའོ། །མེ་བཞི་ནི་དཀར་པོའོ། །ནག་པོ་ནི་ལྗང་གུའོ། །ས་རི་ནི་སེར་པོའོ། །ས་ག་ནི་ནག་པོའོ། །སྣྲོན་ནི་སེར་པོའོ། །སྣུབས་ནི་ལྗང་གུའོ། །ཆུ་སྟོད་ནི་སྔོན་པོའོ། །ཆུ་སྨད་ནི་དཀར་པོའོ། །གྲོ་བཞིན་ནི་སྐྱ་བོའོ། །བྱི་བཞིན་ནི་སྔོ་བསངས་སོ། །མོན་གྲུ་ནི་སྔོན་པོའོ། །མོན་གྲེ་ནི་སེར་པོའོ། །ཁྲུམས་སྟོད་ནི་ལྗང་གུའོ། །ཁྲུམས་སྨད་ནི་སེར་པོའོ། །ནམ་གྲུ་ནི་སྐྱ་བོའོ། །ཐམས་ཅད་ཀྱང་གསེར་གྱི་སྟོད་གཡོགས་ཅན་ཐལ་མོ་སྦྱར་བར་བསམ་མོ། །ཡང་ཤར་ཕྱོགས་ཀྱི་དུར་ཁྲོད་ཀྱི་མདུན་དུ་འཇིགས་བྱེད་དང་ཐོད་ཕྲེང་ཅན་དང༌། སྲིན་པོ་ཁ་ཊྭཱཾ་ཅན་དང༌། ཚོགས་ཀྱི་དབང་ཕྱུག་དང་བཞི་པོ་དེ་དག་ཆུང་མ་དང་བཅས་པ་ནག་པོའོ། །བྱང་གི་དུར་ཁྲོད་དུ་གཏུམ་པའི་དབང་ཕྱུག་དང༌། ཛཾ་ཡིག་ལྔ་དང༌། སྒེག་པའི་རུ་དྲ་དང༌། །སྦོམ་པོའི་དབང་ཕྱུག་རྣམས་ཆུང་མ་དང་བཅས་པ་ལྗང་གུའི་མདོག་ཅན་ནོ། །ནུབ་ཀྱི་དུར་ཁྲོད་དུ་མར་དང༌། ལ་ར་དང༌། ཕེག་དང༌། འཇིགས་སུ་རུང་བ་རྣམས་ཆུང་མ་དང་བཅས་པ་དམར་པོའི་ཁ་དོག་ཅན་ནོ། །ལྷོ་ཕྱོགས་ཀྱི་དུར་ཁྲོད་དུ་སྐུའི་དབང་ཕྱུག་དང༌། སྒྲ་ཆེན་དང༌། མཆེ་བ་གཙིགས་པ་དང༌། མདའ་འཛིན་རྣམས་ཆུང་མ་དང་བཅས་པ་ཁ་དོག་སེར་པོའོ། །དེ་དག་ཐམས་ཅད་ཀྱང་ཞལ་གཅིག་པ་ཕྱག་བཞི་པ། ཁ་ཊྭཱཾ་ག་དང༌། ཐོད་པ་དང་མདུང་རྩེ་གསུམ་པ་དང་ལྷ་མོ་ལ་འཁྱུད་པ་སྟེ་ཤིང་བརྒྱད་ལ་གནས་པར་བསམ་པར་བྱའོ། །དེ་དག་ཐམས་ཅད་ཀྱང་གཅིག་ཏུ་འདུས་ཤིང་མཐུན་པར་དཔུང་དང་བཅས། འཁོར་དང་བཅས་ཞེས་པའི་དོན་ཡང་དེ་དག་སྟེ་གོ་སླའོ། །གཞན་ཡང་གསུངས་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །


DTG015_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་སྟེ་ལྷ་ནི་མ་ཧཱ་དེ་བ་ལ་སོགས་པ་བརྒྱད་དོ། །ཀླུ་ནི་མཐའ་ཡས་ལ་སོགས་པ་བརྒྱད་དོ། །གནོད་སྦྱིན་ནི་གང་བ་བཟང་པོ་ལ་སོགས་པ་བརྒྱད་དོ། །འདི་དག་རྣམས་ཀྱང་སོ་སོར་གཏོར་མའི་ཆོ་གར་གསུངས་པའམ་ཤར་ལ་སོགས་པར་སྒྲུབ་པའི་ཐབས་གཞན་ལས་བཤད་པ་བཞིན་དགོད་པར་བྱའོ། །གཞན་ཡང་འཇིག་རྟེན་གསུམ་ན་གནས་གྲུབ་པ་དང༌། རིག་པ་འཛིན་པ་དང༌། ལྷ་ཡི་བུ་མོ་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ཡིན་པ་གཞན་དག་ཀྱང་ཕྱོགས་མཚམས་དང་མདུན་དུ་བདར་ཏེ་ཡི་དགས་དང༌། ཤ་ཟ་ལ་སོགས་པ་ཀུན་ཀྱང་ཤཱནྟིཾ་ཀ །པུཥྚིཾ་ཀ །ཝ་ཤང་ཀུ་རུ་དང༌། མཱ་ར་ཡའི་སྒྲ་སྒྲོགས་པ་ཡིད་ཀྱིས་བསམ་པར་བྱ་ཞིང་སྒྲུབ་པ་པོ་ལ་མཆོག་སྩོལ་བར་བལྟ་བར་བྱའོ། །དེ་དག་གི་ཡང་རང་རང་གི་ཡི་གེ་སྙིང་གར་བཀོད་ལ། ཨོཾ་ཨཱཿ་ཧཱུཾ་ཧྲཱིཿ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། ཨོཾ་བྲཧྨ། ཨིནྡྲ། ཨུ་པ་ཨིནྡྲ། རུ་དྲ་བིཥྞུ། ས་ནད་ཀུ་མཱ་ར། མ་ཧེ་ཤྭ་ར། ཀུ་མཱ་ར་ཀརྟི་ཀ །མ་ཧཱ་ཀཱ་ལ། ན་ནྡི་ཀེ་ཤྭ་ར། ཡ་མ། བ་རུ་ཎ། ཀུ་བེ་ར། ཧ་རི་ཏེ། ད་ཤ་དི་ཀ་ལོ་ཀ་པཱ་ལཱ་ཤ །ནཱ་ག །ཡ་ཀྵ། གནྡྷ་རྦ། ཨ་སུ་ར། ག་རུ་ཊ། ཀིནྣ་ར། མ་ནུ་ཥྱ། གྲ་ཧ་ནཾ། ནཀྵ་ཏྲ། མ་ཏྲི་ནཾ། གཎ་པ་ཏི། སཔྟ་མ་ཏྲཾ། ཡཀྵ་ན། རཱ་ཀྵ་ས། པི་ཤཱ་ཙ། སརྦཱ་ཎཱཾ། སརྦཱ་ནཱཾ། ས་པ་རི་ཝཱ་རཱ་ན་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། གྲྀཧྞ་གྲྀཧྞ། མཱ་ཏི་ཀྲ་མ་ཐ། བྷུ་ཉྫུ་ཐ། པི་པ་ཐ། ས་མ་ཡ་མ་ནུ་སྨར་རཀྵ་ནྟུ། མ་མ་སརྦ་སིདྡྷི་པྲ་ཡཙྪནྟུ་སརྦ་བྱཱ་དྷི་ཤཱིནྟཾ་ཀུ་རུ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བས་ཆོ་ག་བཞིན་དུ་འཐོར་འཐུང་བྱིན་ལ་མེ་ཏོག་དང༌། བདུག་པ་དང༌། མར་མེ་དང༌། རོལ་མོ་ལ་སོགས་པས་མཆོད་ལ་གཏོར་མ་གཏང་བར་བྱའོ། །དེ་ནས་ཆོག་གཞན་ལས་གསུངས་པ་བཞིན་དུ་སྦྱིན་སྲེག་གིས་ཀྱང་ཞི་བ་དང་རྒྱས་པ་ལ་སོགས་པ་ཡང་བསྒྲུབ་པར་བྱའོ། །ཞི་བ་དང་རྒྱས་པ་དང་མངོན་སྤྱོད་ཀྱང་འགྲུབ་པར་བསྟན་པའི་ཕྱིར་སྲུང་བ་དང༌། སྐྱོབ་པ་དང༌། སྦེད་པར་བྱེད་པར་འགྱུར་རོ། །ཞེས་གསུངས་ཏེ། སྲུང་བ་ནི་སྡིག་པ་དང་བར་ཆད་ཀྱིས་མི་ཚུགས་པར་བྱེད་པ་དང༌། བསོད་ནམས་དང་དགེ་བའི་རྩ་བ་ལ་སོགས་པ་མི་ཉམས་པར་བྱེད་པའོ། །


DTG015_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱོབ་པ་ནི་འཇིག་རྟེན་འདི་དང་ཕྱི་མའི་འཇིགས་པ་ལ་སོགས་སྐྱོབ་པའོ། །སྦེད་པར་བྱེད་པ་ནཾ་གང་དག་ཉེས་པའི་ཡུལ་དུ་འཇུག་པའམ། ལམ་དུ་འཇུག་པའི་དུས་སུ་མི་དང་མི་མ་ཡིན་པ་རྣམས་ཀྱིས་བལྟར་མི་སྣང་བའོ། །གནས་སྐབས་གང་དུ་ཞེ་ན། མཉམ་པར་གཞག་ཀྱང་རུང་ཞེས་གསུངས་ཏེ་གོ་སླའོ། །དུས་ཇི་ཙམ་དུ་ཞེ་ན། རིང་བ་དང་ཉེ་བ་དག་ཏེ། དེ་བསྟན་པའི་ཕྱིར་རྟག་པར་རྒྱུན་མི་འཆད་པར་ཉིན་མཚན་ཕྱེད་པར་ཞེས་གསུངས་ཏེ། རྟག་པར་རྒྱུན་མི་འཆད་པར་ཡུན་རིང་པོ་སྟེ་གཏན་དུའོ། །ཉིན་མཚན་ཕྱེད་པར་ནི་དུས་ཉེ་བར་ཏེ་ཉིན་ཞག་གཅིག་ལའོ། །སྤྱོད་ལམ་གང་ཞེ་ན། འགྲོ་ཡང་རུང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །རྒྱས་པའི་ལས་བསྟན་པའི་ཕྱིར། མདངས་དང་སྟོབས་དང་གཟི་བརྗིད་མཆོག་ཀྱང་ཞེས་གསུངས་ཏེ་གོ་སླའོ། །དབང་གི་ལས་བསྟན་པའི་ཕྱིར། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་ཕན་གདགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ལ་མི་འཇིགས་པའི་དབང་ཐོབ་པ་དང༌། མི་འཇིགས་པའི་སྤོབས་པ་ཡང་དག་པར་སྒྲུབ་པར་མཛད་པའོ། །ལྷག་མ་ནི་གོ་སླའོ། །དྲག་པོའི་ལས་བསྟན་པའི་ཕྱིར་བགེགས་དང་ལོག་པར་འདྲེན་པ་དང༌། བདུད་ཀྱི་དགྲ་དང༌། ཕྱིར་བཟློག་པ་དང༌། གཞན་གྱིས་མི་ཚུགས་པ་ཞེས་གསུངས་ཏེ། དེ་ལ་བགེགས་ནི་དངོས་གྲུབ་ཀྱི་བར་དུ་གཅོད་པ་སྟེ། བསམ་པ་ལ་བགེགས་བྱེད་པའོ། །ལོག་པར་འདྲེན་པ་ནི་ལམ་ཕྱིན་ཅི་ལོག་པར་འདྲེན་པའོ། །བདུད་ཀྱི་དགྲ་ཉིད་ནི་དེ་དག་སྟེ། བདུད་ཀྱང་དེ་བགེགས་ཀྱང་དེ་ཡིན་པས་ན་བདུད་ཀྱི་དགྲའོ། །དེ་བས་ན་དེ་ལ་མངོན་སྤྱོད་ཀྱི་ལས་བྱ་བར་གསུངས་སོ། །ལྷག་མ་ནི་གོ་སླའོ། །འཁོར་ལོ་བཞི་པའི་ཕན་ཡོན་ལ་ཚིག་གི་རྣམ་གྲངས་བཅུ་དགུས་བཤད་པ་སྟེ། བླ་མའི་མན་ངག་གིས་དཀྲུགས་པ་ཕྲེང་དུ་བྱས་པའོ། །

འཁོར་ལོ་ལྔ་པའི་ཕན་ཡོན་ཚིག་གི་རྣམ་གྲངས་ལྔ་བཅུ་རྩ་གཅིག་ཏུ་བརྩིས་པའི་བཤད་པ།


DTG010_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་འཁོར་ལོ་བཞི་པ་རྣམ་པར་བཤད་ནས། ད་ནི་འཁོར་ལོ་ལྔ་པ་འདི་ལ་ལས་དང་པོ་པ་དང༌། དབང་པོ་ཐམས་ཚུལ་ཇི་ལྟར་ཉམས་སུ་བླང་བའི་ཕན་ཡོན་ནི་ཚུལ་ཇི་ལྟར་ཉམས་སུ་བླང་བ་ལ་གཉིས་ཏེ། འདོན་པའི་ཚུལ་དང༌། བསམ་གཏན་གཉིས་ལས་བཏོན་པས་གཟུགས་སྐུ་


DTG015_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐོང་བ་དང༌། སྦྱོར་བ་དྲུག་ལས་པས་མ་གཏན་བསྟན། དེས་དྲོད་བསྟན། དེ་ལ་ཡང་གཉིས་ཏེ། ཉིན་མོའི་རྟགས་དང་མཚན་མོའི་རྟགས་ལས། ཉིན་མོའི་ཕྱི་རྟགས་སུ་བསྟན། མཚན་མོ་ནང་གི་རྟགས་སུ་སྟོན། སྤྲུལ་སྐུ་མཐོང་བ་ལ་གཉིས་ཏེ། སྐྱེ་བའི་སྒྲིབ་པ་བཅུ་སྤངས་པས་མཐོང་བ་དང༌། དབང་བཅུ་དང་ལྡན་པས་སངས་རྒྱས་ཀྱི་ཡོན་ཏན་བགྲང་བས་མི་ལོང་བ་མཇུག་སྡུད་དེ་བསྟན་པའོ། །དེའི་རྗེས་ལ་གཞུང་གི་འཇུག་དོན་བསྟན་ཏེ། དེ་ལ་མ་འོངས་དུས་སུ་གཞུང་འདི་འཛིན་པར་ལུང་བསྟན་པ་དང༌། མཇུག་དགེ་བའི་རྩ་བ་བསྔོ་ཞིང་བཟོད་བར་གསོལ་བའོ། །ད་ནི་འཁོར་ལོ་ལྔ་པའི་ཕན་ཡོན་བཤད་པའི་ཕྱིར། ལག་ན་རྡོ་རྗེ་འཆང་གཞན་ཡང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བརྡ་ཕྲད་པར་ཟད་དོ། །མཚན་གྱི་གཙུག་གི་ནོར་བུ་འདི། །ཞེས་པ་ནི་སྔར་བཤད་པ་བཞིན་ནོ། །གང་ཞིག་ཉིན་གཅིག་བཞིན་དུ་དུས་གསུམ་དུ་མ་ཉམས་པར་ལན་གསུམ་དུ་ཁ་ཏོན་དུ་འདོན་ཏམ། གླེགས་བམ་དུ་བྱས་པ་ལ་ཀློག་ཅིང་བརྗོད་པ་ལ་ཞེས་པ་ནི་དེ་ལ་གང་ཞིག་ཅེས་པ་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དབང་པོ་ཐ་མའམ་ལས་དང་པོ་པ་ཞེས་པའོ། །ཉིན་གཅིག་ཅེས་པ་ནི་ཉི་མ་རེ་རེ་བཞིན་ཞེས་པའོ། །དུས་གསུམ་ནི་གོ་སླའོ། །མ་ཉམས་པ་ནི་ལྷག་ཆད་མེད་པར་གྱུར་པའོ། །ལན་གསུམ་དུ་ཞེས་པ་ནི་ཐེབ་གསུམ་དུ་ཞེས་པའོ། །ཁ་ཏོན་ནི་བློ་ལ་གསལ་བ་ཁར་བརྗོད་པའོ། །གླེགས་བམ་ནི་ཏི་ཀློག་པའོ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ཡིད་ལ་དམིགས་ཤིང་གཟུགས་དང་མཐུན་པར་སེམས་ཏེ། དེའི་གཟུགས་དང་མཐུན་པར་བསམ་གཏན་དུ་བྱེད་པ་ཞེས་པ་ནི་དབང་པོ་འབྲིང་པོ་སྔར་འཁོར་ལོ་བཞི་པའི་སྐབས་སུ་བཤད་པ་བཞིན་སྐྱེས་པའི་རིམ་པ་ལ་དམིགས་ནས་གཟུགས་སུ་བསྒོམ་པའོ་ཞེས་པའོ། །དེའི་གཟུགས་དང་མཐུན་པར་བསམ་གཏན་བྱེད་པ་ནི་ཞེས་པ་སྟེ་དེའི་གཟུགས་ནི་དེའི་ངོ་བོ་ཉིད་དོ། །འདིར་ལ་ལ་དག་ཡེ་ཤེས་སེམས་དཔའི་སྐུ་ལ་དམིགས་ནས་ཁ་ཏོན་དང༌། གླེགས་བ་མ་ཀློག་ཅིང་འདོན་པའོ་ཞེས་འཆད་དོ། །དེ་ལྟར་ནི་སྔར་ཡང་གཟུགས་དང་མཐུན་པར་དམིགས་ཏེ་ཞེས་ཟློས་པའི་སྐྱོན་དུ་འགྱུར་


DTG015_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རོ། །དེ་རང་བཞིན་དང་མཐུན་པ་ནི་ཇི་ལྟ་བུ་ཞེ་ན། དེའི་རང་བཞིན་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྟོགས་པར་མཛད་པར་འགྱུར་པ་དང༌། རྟོགས་པར་མཛད་པ་དང༌། རྟོགས་པར་མཛད་པར་གྱུར་ཏོ། །དེ་བས་ན་དེའི་ངོ་བོ་ཉིད་ནི་སངས་རྒྱས་ཀྱི་བྱང་ཆུབ་བླ་ན་མེད་པའོ། །ཚུལ་གང་ལས་བྱུང་ཞེ་ན། བླ་ན་མེད་པ་རྡོ་རྗེའི་ཐེག་པ་ལས་བྱུང་བའི་སྐུའི་ངོ་བོ་ཉིད་དོ། །དེའི་སྒྲུབ་པའི་ཡན་ལག་ནི་སྦྱོར་བ་དང་པོ་དང༌། དཀྱིལ་འཁོར་རྒྱལ་མཆོག་ལ་སོགས་པ་བཞི་དང༌། རྣལ་འབྱོར་བཞི་དང༌། བསྙེན་སྒྲུབ་བཞི་དང༌། རྣལ་འབྱོར་གྱི་ཡན་ལག་དྲུག་ལ་སོགས་པའོ། །དེ་ལས་བྱུང་བའི་ཡེ་ཤེས་སེམས་དཔའི་ངོ་བོ་ཉིད་ཡི་གེ་མེད་པའི་དེ་ཁོ་ན་ཉིད་དོ། །འོན་ཀྱང་དེ་ཁོ་ན་ཉིད་ལ་སྙིང་རྗེ་རྒྱུན་ཆད་ནས་གནས་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ནི་རིགས་གསུམ་པ་དང༌། ལྔ་དང་རིགས་དྲུག་དང་བརྒྱད་ལ་སོགས་པ་ཡང་འབྱུང་ངོ༌། །དེ་བས་ན་སྐུ་དེའི་ངོ་བོ་ཉིད་ནི་སྟོང་པ་ཆེན་པོ་དང་ཐེག་ལེ་ཆེན་པོ་ཞེས་བྱའོ། །དེའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡིན་པས་རྣམ་པ་ཡང་རང་བཞིན་མེད་པའི་རྣམ་པའོ། །དེ་ནི་ལས་ཀྱི་ཕྱག་རྒྱའམ་ཕྱག་རྒྱ་ཆེན་པོའམ། ཡེ་ཤེས་ཀྱི་ཕྱག་རྒྱའམ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ལ་བརྟེན་པ་ཡང་ཕྱག་རྒྱ་སྦྱང་བ་ནི་བསྙེན་པའོ། །སྙོམས་པར་འཇུག་པ་ནི་ཉེ་བར་བསྙེན་པའོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་གྱི་གནས་སྐབས་ནི་སྒྲུབ་པ་ཆེན་པོའོ། །དེ་ལྟར་རྣལ་འབྱོར་བཞི་ལ་སོགས་པ་བསམ་གཏན་གྱི་ཡན་ལག་བཞི་བཞིར་གསུངས་པ་ཀུན་རིག་པར་བྱའོ། །ཕྱག་རྒྱ་ཆེན་པོ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་ངོ་བོ་ཉིད་ཡིན་པས་བསྙེན་པ་ལ་སོགས་པ་བསྒྲུབ་པར་བྱ་བ་ཁོ་ན་ཡིན་པས་ཡན་ལག་མེད་ཅིང་རྩིས་ལས་འདས་པའོ། །དེ་ལྟ་བས་ན་དེའི་ངོ་བོ་ཉིད་དང་མཐུན་པར་བསམ་གཏན་བྱེད་པའོ། །སྦྱོར་བའི་ཡན་ལག་དྲུག་ལས་བསམ་གཏན་ཞེས་པ་ནི་ཡན་ལག་གཅིག་གསལ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དོན་གྱིས་ན་ཡན་ལག་དྲུག་གོ་བར་བྱའོ། །དེ་ཡང༌། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་དང་རྩོལ་བ་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྤྱོར་བའི་ཡན་ལག་དྲུག་


DTG015_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་འདོད། །ཅེས་གསུངས་ཏེ་བླ་མའི་མན་ངག་ལས་རྟོགས་པར་བྱའོ། །དེ་ལ་བསམ་གཏན་ནི་བཞིར་གསུངས་ཏེ། རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བའོ། །དེ་ལ་རྟོག་པ་ནི་ཕྱི་ནང་དུ་ཐམས་ཅད་ལ་འཛིན་པར་བྱེད་པའོ། །དཔྱོད་པ་ནི་དེའི་ངོ་བོ་ངེས་པར་བྱས་ཤིང་དེའི་རང་བཞིན་ཁོང་དུ་ཆུད་པར་བྱེད་པའོ། །དགའ་བ་ནི་སྟོང་པ་ཉིད་ཀྱི་སྐུ་མཐོང་བས་དེ་ཉིད་ལ་ཞེན་པ་དང་བཅས་ཤིང་སེམས་མི་འགྱུར་པར་གནས་པའོ། །བདེ་བ་ནི་སྐུ་དང་ལྷན་ཅིག་སེམས་འདྲེས་ནས་རོ་མཉམ་པ་གསལ་བའི་བདག་ཉིད་ཅན་གྱིས་མི་གཡོ་བར་འགྱུར་རོ། །གདུལ་བའི་དབང་གི་ཕྱིར་རིང་པོར་མི་ཐོགས་པར་སྤྲུལ་པའི་དེ་ཉིད་ཀྱི་གཟུགས་ཀྱི་ལུས་མཐོང་བར་འགྱུར་རོ་ཞེས་པ་ནི། དེ་བཞིན་གཤེགས་པས་སེམས་ཅན་གྱི་དོན་དུ་ཚོགས་བསགས་ཤིང་སྨོན་ལམ་བཏབ་པའི་དབང་གིས་སྙིང་རྗེ་ཆེན་པོའི་སྐུས་གདུལ་བྱ་ལ་སྐུ་བསྟན་པ་ནི་གདུལ་བྱའི་དབང་གི་ཕྱིར་རོ། །རིང་པོར་མི་ཐོགས་པར་ཞེས་བྱ་བ་ནི་བསམ་གཏན་གྱི་སྦྱོར་བ་དག་པས་ནའོ། །དེ་སྐད་དུ་ཡང༌། བསམ་གཏན་སྦྱོར་བ་དག་པ་ཡིས། །མངོན་པར་ཤེས་པ་ལྔ་པོ་ནི། །ཐོབ་པར་འགྱུར་རོ་ཀྱེ་མི་བདག །ཅེས་གསུངས་སོ། །བསམ་གཏན་གྱི་སྦྱོར་བ་ནི་སྔོན་དུ་དབང་བསྐུར་བ་ཐོབ་ཅིང་ཚོགས་བསགས་པ་དང༌། ལྷ་བསྒོམ་པ་དང༌། བཟླས་བརྗོད་བྱ་བ་ལ་སོགས་པ་བྱས་པ་ཅན་གྱི་རྣལ་འབྱོར་པས་རྫོགས་པའི་རིམ་པ་སྒོམ་ཞིང་ལུས་བསྲང་བ་དང༌། མིག་གི་ལྟ་སྟངས་དང༌། སྲོག་དང་རྩོལ་བ་བསྡམས་པ་དང༌། བྱང་ཆུབ་ཀྱི་སེམས་འཛིན་པ་ལ་སོགས་པ་བླ་མའི་མན་ངག་བཞིན་སྒོམ་པ་ནི་སྦྱོར་བ་དག་པའོ། །དེ་ལ་རང་བྱུང་བའི་རྟགས་དུ་ཞེ་ན། ཕྱི་རྟགས་དང་ནང་རྟགས་གཉིས་ལས་ཕྱིའི་རྟགས་ལ་ཡང་ཉིན་མོའི་རྣལ་འབྱོར་གྱི་རྟགས་དང༌། མཆན་མོའི་རྣལ་འབྱོར་གྱི་རྟགས་སོ། །དེ་ལ་ཉིན་མོའི་རྣལ་འབྱོར་གྱི་རྟགས་ཟླ་བ་ཤར་བ་ལྟ་བུ་དང༌། ཉི་མའི་དཀྱིལ་འཁོར་ལྟ་བུ་དང༌། མེ་ལོང་ལྟ་བུ་དང༌། འཇའ་ལྟ་བུ་དང༌། ཐིག་ལེ་ལྟ་བུ་དང༌། འོད་ཟེར་ལྔ་སྐྲའི་རྩེ་མོའི་ཚད་ཙམ་དུ་མཐོང་བའོ། །མཚན་མོ་ཡང་དུ་བལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། ནམ་མཁའ་ལྟར་གསལ་བ་ལྟ་བུ་དང༌། མར་མེ་ལྟ་བུ་


DTG015_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང༌། སྦྲིན་མེད་པའི་ནམ་མཁའ་ལྟ་བུའོ། །དེ་ལ་དུ་བ་ལྟ་བུ་ནི་དང་པོ་རྣལ་འབྱོར་པ་ཡིད་ཆེས་པར་བྱེད་པ་ཡིན་ལ། ལྷག་མ་བཅུ་པོ་ནི་ཕྱི་ནས་བསྟན་པར་བྱེད་པའི་སྦྱོར་བ་ཡང་དག་པར་བྱེད་པ་ཡིན་ནོ། །དེ་རྣམས་ཀྱང་རྣལ་འབྱོར་གྱི་སེམས་གསལ་བ་རང་བཞིན་མེད་པ་མི་རྟོག་པ་བསྒོམས་པའི་སྟོབས་ལས་བྱུང་བ་ཡིན་གྱི་མཚན་མ་དང་བཅས་པས་གཟུང་བ་དང་འཛིན་པ་ལས་བྱུང་བ་ནི་མ་ཡིན་ནོ། །ནད་རྟགས་ནི་ལྟེ་བའི་འོག་ཏུ་དོན་དམ་བྱང་ཆུབ་ཀྱི་སེམས་ཁ་དོག་ནག་མོ་སྐྲའི་ཚད་ཙམ་སོར་གཅིག་པའམ། བ་ཐག་རྒྱས་པ་ལྟ་བུའམ། དར་དཀར་གྱི་སྐུད་པ་བརྐྱང་པ་ལྟ་བུ་མཐོང་བའོ། །དེ་སྐད་དུ་ཡང༌། ཇི་སྲིད་ཐིག་ལེའི་ནང་དུ་ཡང༌། །རི་མོ་ནག་པོ་སྐྲ་རྩེའི་ཚད། །དྲི་མ་མེད་པའི་འོད་འཕྲོ་བ། །དུས་ཀྱི་ཆ་ནི་མཐོང་བ་ཡིན། །དེ་མཐོང་འོད་གསལ་གོ་འཕང་ནི། །རྣལ་འབྱོར་པ་ཡིས་མཐོང་བར་འགྱུར། །འདི་ནི་ལུས་ངག་ཡིད་གསུམ་དྲི་མ་མེད་པ་ལས་བྱུང་བ་ཡིན་གྱི། ལུས་ངག་དྲི་མ་དང་བཅས་པ་ལས་ནི་མ་ཡིན་ནོ། །དེ་ལྟར་བསམ་གཏན་སྦྱོར་བ་དག་པའི་རྟགས་བྱུང་ནས་མངོན་པར་ཤེས་པ་ལྔའམ་དྲུག་མཐོང་བ་སྟེ། དེ་ལ་ཡང་ལྷའི་སྤྱན་དང༌། ཤའི་སྤྱན་དང༌། ཤེས་རབ་དང༌། ཆོས་ཀྱི་དང༌། ཡེ་ཤེས་ཀྱི་སྤྱན་ནོ། །དེ་ཉིད་ཀྱིས་སྤྲུལ་པའི་ལམ་མཐོང་བར་འགྱུར་རོ་ཞེས་པ་ནི། །དེ་ཉིད་ཀྱིས་ཞེས་པ་ནི་རྣལ་འབྱོར་པ་དེ་ཉིད་ཀྱིས་ཚེ་འདི་ལའོ། །སྤྲུལ་པ་ནི་གཅིག་ཏུ་མ་ངེས་སོ། །གཟུགས་ནི་སྣ་ཚོགས་པའོ། །ལུས་ནི་མིག་གི་ཡུལ་དུ་བྱས་པ་དེ་ཉིད་དོ། །ཅི་གཟུགས་སྣ་ཚོགས་པ་དེ་ཡང་བྱོལ་སོང་ལ་སོགས་པའམ་ཞེ་ན། དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞེས་གསུངས་ཏེ། དེ་ལ་སངས་རྒྱས་ནི་མཚན་དང་དཔེ་བྱད་ཀྱིས་སྤྲས་སོ། །བྱང་ཆུབ་སེམས་དཔའ་ནི་དེའི་འཁོར་གྱིས་བསྐོར་བའི་ནམ་མཁའི་སྙིང་པོ་ལ་སོགས་པ་ཀུན་ནོ། །གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞེས་པ་ནི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའོ། །དེ་ལྟར་མཐོང་བ་ཡིན་གྱི་ཐོས་པ་མ་ཡིན་ནམ་ཞེ་ན། ནམ་མཁའི་དཀྱིལ་ན་བཞུགས་པ་དག་མཐོང་བར་འགྱུར་རོ་ཞེས་གསུངས་ཏེ། ནམ་མཁའ་ནི་བར་སྣང་ངོ༌། །


DTG015_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་ཞེས་པ་ནི་དབྱིངས་ན་ཞེས་པའོ། །དེ་ན་བཞུགས་ནས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་ལ་ཆོས་གསུངས་པའི་སྒྲ་ཡང་ལྷའི་རྣ་བས་ཐོས་པར་འགྱུར་རོ་ཞེས་པའོ། །དེ་ལྟར་རྣལ་འབྱོར་བས་གཟུགས་སུ་སྣང་བ་ཐོས་པ་ནི་སྤྲུལ་པའི་སྐུའོ། །སྒྲར་ཐོས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སེམས་ཀྱིས་ཐོས་པ་ནི་ཆོས་ཀྱི་སྐུའོ། །གལ་ཏེ་དེ་ལྟར་མཐོང་ཞིང་ཐོས་པ་དེ་ཡང་ཕྱི་རོལ་གྱི་དོན་དུ་མཐོང་ཞེང་ཐོས་ནས་བླ་མའི་གདམས་ངག་གིས་མ་ཟིན་པས་ཤེས་བྱའི་སྒྲིབ་པར་འགྱུར་རོ། །དེ་ཡང༌། ཆུ་ཉིད་ལྟ་བུར་བ་སྣང་བ། །དྲི་མ་མེད་པ་སྣ་ཚོགས་མདོག །རྣམ་པ་ཀུན་ཏེ་རང་གི་སེམས། །གཞན་གྱི་སེམས་མིན་རང་གི་སེམས། །རང་གི་སེམས་ཡིན་བདེ་བ་ཉིད། །གཞན་གྱི་སེམས་ཡིན་བདེ་བ་མིན། །ཡུལ་དང་རྣམ་པར་བྲལ་བ་ཡི། །རང་བདེ་ཡིད་ཀྱིས་ཉམས་མྱོང་བ། །གཞན་གྱི་སེམས་བདེ་མེད་པའི་ཕྱིར། །བདེ་བ་བསྟན་དུ་མི་བཏུབ་པོ། །ཞེས་འབྱུང་ངོ༌། །དེ་བས་ན་འདིར་དང་པོ་རང་གི་སེམས་ཀྱི་སྣང་བ་འདི་དེ་བཞིན་གཤེགས་པའི་སྤྱན་ཤེས་བྱའི་སྒྲིབ་པ་དང་བྲལ་བས། དཔག་ཚད་སྟོང་མཐོང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་མདོ་སྡེ་ལས་ཀྱང་གསུངས་སོ། །དེ་བས་ན་ཤའི་སྤྱན་དང༌། ལྷའི་དང༌། སངས་རྒྱས་ཀྱི་དང༌། ཤེས་རབ་དང༌། ཡེ་ཤེས་ཀྱི་སྤྱན་རྣམས་ཀྱང་འདི་ལྟ་སྟེ། རྣལ་འབྱོར་པས་སེམས་ཨ་ཝ་དྷཱུ་ཏཱིར་བཙུད་ཅིང་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེ་བས་ན་ཐམས་ཅད་མཁྱེན་པས་མ་གཟིགས་པའམ་མི་མཁྱེན་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་རྣལ་འབྱོར་པས་སྲོག་གི་རླུང་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཨ་བ་དྷཱུ་ཏཱིའི་དབུ་མར་བཙུད་ནས་སྣ་བུག་གཡས་གཡོན་ནས་ནི་རྒྱུ་ན་ཕྱག་རྒྱ་ཆེན་པོ་བསྒོམས་པའི་སྟོབས་ཀྱིས་དབུགས་སྟོང་ཕྲག་བརྒྱད་བརྒྱ་རྣལ་འབྱོར་པ་ལ་འགག་པར་འགྱུར་རོ། །དེ་ལྟར་འགགས་ན་ནི་ས་དང་པོ་ཐོབ་པར་འགྱུར་རོ། །དེའི་ཡེ་ཤེས་དང་འབྲས་བུ་ནི་ཤའི་སྤྱན་རྣམ་པར་དག་པ་ཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་མཐོང་བར་འགྱུར་རོ། །འཕོ་བ་གཉིས་པ་འགགས་པས་ས་གཉིས་པ་འཐོབ་སྟེ། དེ་བཞིན་དུ་འཇིག་རྟེན་གྱི་


DTG015_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁམས་གཉིས་མཐོང་བར་འགྱུར་རོ། །འཕོ་བ་གསུམ་པ་འགགས་པས་ས་གསུམ་འཐོབ་སྟེ། ལྷའི་སྤྱན་གྱིས་མི་ལས་འདས་པའི་འཇིག་རྟེན་གྱི་ཁམས་གསུམ་མཐོང་བར་འགྱུར་རོ། །འཕོ་བ་བཞི་པས་ས་བཞི་འཐོབ་སྟེ་ཕྱོགས་བཅུའི་འཇིག་རྟེན་གྱིས་ཁམས་བརྒྱ་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་ལྔ་པས་ནི་ས་ལྔ་འཐོབ་སྟེ་སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བཅུ་དྲུག་མཐོང་བར་འགྱུར་རོ། །འཕོ་བ་དྲུག་པས་སྲོག་གི་རླུང་ཁྲི་བརྒྱད་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་འགོག་པར་འགྱུར་རོ། །ས་དྲུག་པ་འཐོབ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུམ་ཅུ་རྩ་གཉིས་མཐོང་བར་འགྱུར་རོ། །འཕོ་བ་བདུན་པ་སྲོག་གི་རླུང་དགོག་པས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དྲུག་ཅུ་རྩ་བཞིའི་མཐའ་ཚུན་ཆོད་མཐོང་བར་འགྱུར་རོ། །འཕོ་བ་བརྒྱད་པས་སྲོག་གི་རླུང་ཁྲི་བརྒྱད་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་འགགས་པས་ས་བརྒྱད་འཐོབ་ལས་བརྒྱད་པའི་མངོན་པར་ཤེས་པས་ནི་ཤེས་རབ་ཀྱི་སྤྱན་རྣམ་པར་དག་པས་ནི་ཕྱིར་མི་ལྡོག་པའི་ས་འཐོབ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་མཐའ་ཚུན་ཚད་མཐོང་བར་འགྱུར་རོ། །འཕོ་བ་དགུ་པའི་སྲོག་གི་རླུང་རྒྱུ་བ་འགགས་པས་ས་དགུ་འཐོབ་པར་འགྱུར་རོ། །མངོན་པར་ཤེས་པ་ཤེས་རབ་ཀྱི་སྤྱན་ཐོབ་པར་འགྱུར་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གི་མཐའ་ཚུལ་ཆད་མཐོང་བར་འགྱུར་རོ། །འཕོ་བ་བཅུ་པས་སྲོག་གི་རླུང་འགགས་པས་ས་བཅུ་ཐོབ་པ་ལ་མངོན་པར་ཤེས་པ་ནི་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལྔ་བརྒྱ་རྩ་གཉིས་ཀྱི་མཐའ་ཆུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་བཅུ་གཅིག་པས་སྲོག་གི་རླུང་འགགས་པར་གྱུར་པས་ནི་ས་བཅུ་གཅིག་པ་སངས་རྒྱས་ཀྱིས་སྒྲིབ་པ་གསུམ་སྤངས་པ་ཐོབ་པར་འགྱུར་རོ། །མངོན་པར་ཤེས་པ་ལས་ཡེ་ཤེས་ཀྱི་སྤྱན་ལྔ་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གཅིག་དང་ཉི་ཤུ་རྩ་བཞིའི་མཐའ་ཚུན་ཆད་མཐོང་བར་འགྱུར་ཞེའོ། །འཕོ་བ་བཅུ་གཉིས་པས་སྲོག་གི་རླུང་རྒྱུ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་གཙུག་ཏོར་གྱི་འཁོར་ལོར་འགགས་ན་ནི་ས་བཅུ་


DTG015_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་པ་ཚེ་འདི་ཉིད་ཁོ་ན་ལ་རྙེད་དེ། རྡོ་རྗེ་འཆང་གིས་ཐོབ་པས་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང༌། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང༌། གཞན་ཡང་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པ་དང༌། དཔག་ཏུ་མེད་པ་དང༌། བརྗོད་ཀྱིས་མི་ལང་བ་རྣམས་ཡེ་ཤེས་ཀྱི་སྤྱན་ལྡས་མཐོང་བར་འགྱུར་རོ། །འདིར་དབང་བཅུ་གཅིག་གིས་ས་ཇི་ལྟ་ཐོབ་པ་དང༌། འོག་སྒོ་བདེ་བ་འཕེལ་བ་ལས་ས་ཇི་ལྟར་ཐོབ་པ་ནི་གཞུང་སྤྲོས་པས་འཇིགས་པས་མ་བྲིས་སོ། །དེ་ལྟར་མཐོང་བའི་རྣལ་འབྱོར་པ་དེ་ལ་ཇི་སྐད་ཅེས་བྱ། དེས་ཇི་ལྟར་འགྱུར་ཞེ་ན་དེའི་ཕྱིར་གསུངས་པ། སེམས་ཅན་ཆེན་པོ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སེམས་ཅན་ཆེན་པོ་སྟེ། སེམས་ཅན་རྣམས་ཀྱི་ནང་ན་ཀླུ་ཆེན་པོ་དང་འདྲ་བས་དེ་སྐད་ཅེས་བྱའོ། །ནམ་ཡང་ཇི་ལྟར་གྱུར་ཀྱང་ཞེས་པ་ནི་སྐྱེ་བ་ལ་དབང་ཐོབ་པས་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་པའོ། །ཇི་ལྟར་གྱུར་ཀྱང་ཞེས་པ་ནི་སྤྲུལ་པའི་སྐུ་གཟུགས་ཀྱི་ལྷ་དང་མི་ལ་སོགས་པའི་འགྲོ་བ་རིགས་དེ་དང་དེར་སྐྱེས་ཀྱང་འགྲོ་བ་ཀུན་བཞིན་དུ་སྡུག་བསྔལ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་པའོ། །དེ་སྐད་དུ་ཡང༌། རིགས་ངན་ཀླ་ཀློ་ཡིན་ན་ཡང༌། །ཡུལ་དེ་ཡོངས་སུ་བརྟགས་པ་ཡིན། །ཞེས་གསུངས་སོ། །ད་ནི་སྐྱེ་བའི་སྒྲིབ་པར་གྱུར་པ་བཅུ་དང་བྲལ་བར་སྟོན་ཏེ། དེ་ཡང་འཛིན་པའི་ཡན་ལག་གི་སྐབས་ཀྱི་གདམས་ངག་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྡོ་རྗེ་ནོར་བུ་ནས་ཕཊ་ལ་སོགས་པས་གཟུང་ཞིང་བཟློག་པས་ཚངས་པར་སྤྱོད་པ་ལ་སྐྱོན་མེད་པས་ངན་འགྲོ་ངན་སོང་དུ་ལྟུང་བར་མི་འགྱུར་རོ་ཞེས་པའོ། །དེ་ལ་སེམས་ཅན་དམྱལ་བ་དང་ཡི་དགས་དང་བྱོལ་སོང་ནི་ངན་འགྲོ་དང་ངན་སོང་སྟེ། འགྲོ་བ་དྲུག་ལས་འདི་གསུམ་ངན་པར་འགྲོ་བ་ཡིན་པ་དང༌། སྐྱེ་བའི་གནས་ངན་པས་དེ་སྐད་ཅེས་བྱའོ། །ལྟུང་བར་མི་འགྱུར་ཞེས་བྱ་བ་ནི་འོག་ན་ཡོད་པས་དེ་སྐད་ཅེས་བྱ་སྟེ་སྐྱེ་བའི་སྒྲིབ་པ་དང་པོའོ། །རིགས་ངན་དུ་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི། །


DTG015_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐོ་རིས་ན་རིགས་ཀྱི་སྐྱེ་བའི་སྒྲིབ་པ་ནི་མི་འགྱུར་པ་ལ་ཡོད་པ་སྟེ། ཤན་པ་དང༌། ཉ་བ་དང༌། སྨྱིག་མ་མཁན་དང༌། ཀོ་ལྤགས་མཁན་ལ་སོགས་པའོ། །དེ་བས་ན་དེ་ནི་སྐྱེ་བའི་སྒྲིབ་པ་གཉིས་པའོ། །ཡུལ་མཐའ་འཁོབ་ཏུ་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི་གང་ན་སངས་རྒྱས་ཀྱི་ཆོས་མེད་པའི་ཡུལ་ཏེ། དེ་ནི་གནས་ཀྱི་སྐྱེ་བའི་སྒྲིབ་པ་སྟེ་གསུམ་པའོ། །དབང་པོ་མ་ཚང་བར་མི་འགྱུར་རོ། །དབང་པོ་ཉམས་པར་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི་ལོང་བ་དང་འོན་པ་ལ་སོགས་པ་འམ། ཟ་མ་དང་མ་ནིང་དུ་གྱུར་པ་སྟེ་དེ་ནི་རྟེན་ཉམས་པའི་སྐྱེ་བའི་སྒྲིབ་པ་སྟེ་བཞི་པའོ། །ལོག་པར་ལྟ་བ་དང་ལྷ་བ་ངན་པའི་རིགས་སུ་སྐྱེ་བར་མི་འགྱུར་རོ་ཞེས་པ་ལ་སོགས་པ་ནི། །མི་རྟག་པ་ལ་རྟག་པར་ལྟ་བ་ལ་སོགས་པའོ། །ལྟ་བ་ངན་པ་ནི་ཆད་པའི་ལྟ་བའོ། །རིགས་ནི་ལྟ་བ་ཕྱིན་ཅི་ལོག་པར་འཛིན་པའི་བྲམ་ཟེའི་རིགས་ལ་སོགས་པ་སྟེ། དེ་ནི་ལྟ་བ་ཉམས་པའི་སྐྱེ་བའི་སྒྲིབ་པ་སྟེ་ལྔ་པའོ། །སངས་རྒྱས་མི་བཞུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་ཞིང་ཁམས་ན་ཆོས་མེད་པའོ། །དེ་ནི་ཞིང་ཡང་མ་དག་པ་དང༌། སངས་རྒྱས་མཐོང་བའི་སྐལ་བ་མེད་པའི་སྐྱེ་བའི་སྒྲིབ་པ་སྟེ་དྲུག་པའོ། །སངས་རྒྱས་བཞུགས་ན་ཡང་དེས་བསྟན་པའི་ཆོས་སྦོད་བ་དང་བཀོལ་བར་མི་འགྱུར་རོ་ཞེས་པ་ནི་བརྒྱ་ལམ་ན་ཞེས་པ་ཤུགས་ལ་རྙེད་པར་འགྱུར་ཏེ། སངས་རྒྱས་འབྱུང་བ་དང་ཕྲད་ཀྱང་ཆོས་ལ་མ་དད་པའི་དབང་གིས་ཉན་པར་མི་འདོད་པ་ནི་སྤོང་བའོ། །རང་བཞིན་དང་གནས་ལ་སོགས་པས་བསྐལ་ནས་ཆོས་ཐོས་པའི་སྐལ་བ་མེད་པ་ནི་བཀོལ་བའོ། །དེ་ནི་མ་དད་པ་དང་བཀོལ་བ་སྐྱེ་བའི་སྒྲིབ་པ་སྟེ་བདུན་པའོ། །ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི་འདུ་ཤེས་མེད་པའི་ལྷའི་བྱེ་བྲག་སྟེ། ཡུན་རིང་པོར་བྱང་ཆུབ་ལ་བགེགས་བྱེད་པ་སྟེ། དེ་ནི་ཆོས་ཀྱི་ཡུན་གྱི་སྒྲིབ་པ་སྟེ་བརྒྱད་པའོ། །མུ་གེ་དང་ནད་དང་མཚོན་གྱི་བར་གྱི་བསྐལ་པའི་ནང་དུ་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི། །མར་འགྲིབ་པའི་མཐར་མུ་གེའི་བསྐལ་པ་དང༌། ནད་ཀྱི་བསྐལ་པ་དང༌།


DTG015_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚོན་གྱི་བསྐལ་པ་འབྱུང་སྟེ། དེ་ནི་བསྐལ་པ་དུས་ཀྱི་སྐྱེ་བའི་སྒྲིབ་པ་སྟེ་དགུ་པའོ། །སྙིགས་མ་ལྔའི་དུས་སུ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི་ཚེའི་སྙིགས་མ་དང༌། སེམས་ཅན་གྱི་སྙིགས་མ་དང༌། ལྟ་བའི་སྙིགས་མ་དང༌། བསྐལ་བའི་སྙིགས་མ་དང༌། ཡོ་བྱད་ཀྱི་སྙིགས་མ་སྟེ། དེའི་དུས་ན་བསྐལ་པ་ངན་པ་གསུམ་པོའི་དུས་སུ་སྐྱེ་བ་ནི་སྙིགས་མའི་དུས་ཀྱི་སྐྱེ་པའི་སྒྲིབ་པ་སྟེ་བཅུ་པའོ། །སྐྱེ་བའི་སྒྲིབ་པ་དེ་རྣམས་དང་བྲལ་བ་ནི་རང་དབང་ཡོད་པ་སྟེ། རྣལ་འབྱོར་པ་དེ་གལ་ཏེ་སེམས་ཅན་གྱི་དོན་མཐོང་ན་གདུལ་བྱའི་དབང་གིས་ཞེས་པ་སྔ་མ་དང་དོན་སྦྱར་རོ། །ཉོན་མོངས་པ་ལ་དབང་བའི་ཕྱིར་རྒྱལ་པོ་དང༌། དགྲ་དང༌། ཚོམ་རྐུན་གྱི་འཇིགས་པ་ཡང་འབྱུང་བར་མི་འགྱུར་ཞེས་གསུངས་ཏེ། རྒྱལ་པོའི་ཆད་པ་དང༌། དགྲས་སྲོག་འཕྲོག་པ་དང༌། ནོར་འཕྲོག་པ་དང༌། ཆོམ་རྐུན་པས་འཇབ་བུས་འཕྲོག་པ་དང༌། སྟོབས་ཀྱིས་ནོར་འཕྲོག་པ་དང༌། འཇོམས་པ་སྟེ་འཇིགས་པ་གསུམ་མོ། །ཅི་ནས་ཀྱང་དམན་པ་དང༌། དབུལ་པོའི་འཇིགས་པ་འབྱུང་བར་མི་འགྱུར་རོ་ཞེས་པ་ནི་ངེས་པར་ཞེན་པ་སྟེ་རྣལ་འབྱོར་པ་འཇིག་རྟེན་གྱི་རོ་ཞེས་པ་ནི་ངེས་པར་ཞེན་པ་སྟེ་རྣལ་འབྱོར་པ་འཇིག་རྟེན་གྱི་ཆོས་ལ་སོགས་པ་ལ་ཞེན་པའོ། །དམན་པ་ནི་ཁ་ཞན་པའོ། །དབུལ་བ་ནི་ནོར་དང་བྲལ་བའོ། །དེ་བས་ན་འཇིགས་པ་ལྔའོ། །དྲི་ངས་པ་དང༌། སྐུར་པ་དང༌། སྨད་པ་དང༌། མི་སྙན་པ་དང༌། གཏམ་ངན་གྱི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ་ཞེས་པ་ནི། དྲི་ངས་པ་ནི་གཞན་གྱིས་བྱས་པའི་སྐྱོན་བདག་ལ་བསྒོ་བའོ། །སྐུར་བ་ཞེས་པ་ནི་གཞན་དད་པ་མེད་པར་བྱ་བའི་ཕྱིར་བདག་ལ་ཡོན་ཏན་མེད་པར་སྒྲོགས་པའོ། །མི་སྙན་པ་ནི་སྙན་པར་འོས་པ་མ་ཡིན་པའི་ཚིག་བརྗོད་པའོ། །གཏམ་ངན་ནི་གྲགས་པ་མ་ཡིན་པ་གླེང་བའོ། །སྨད་པ་ནི་མཚང་འབྲུ་བའི་གླེང་གཞི་བརྗོད་པའོ། །དེ་ལྟར་འཇིགས་པ་རྣམ་པ་བཅུ་ནི་ཉོན་མོངས་པ་ལ་དབང་པའི་ཕྱིར་མི་འབྱུང་བའོ། །ད་ནི་ལྷག་པར་མོས་པ་ལ་དབང་པའི་ཕྱིར་རྒྱུད་དང་རུས་དང༌། རིགས་བཟང་པོ་དང་ཡང་དག་པར་ལྡན་པར་འགྱུར་རོ་ཞེས་པ་ནི་རྒྱུད་དང་རུས་དང་རིགས་ནི་རྣམ་གྲངས་སོ། །ཟད་པོ་ནི་རྒྱལ་རིགས་ལ་སོགས་པའོ། །དེ་ལྟར་


DTG015_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིགས་མོས་པའི་ཡུལ་དང་པོར་བསྟན་པའི་ཕྱིར་ཀུན་ནས་མཛེས་པ་དང༌། གཟུགས་དང༌། ཁ་དོག་དང་ཡང་ལྡན་པར་འགྱུར་རོ་ཞེས་གསུངས་ཏེ། ཀུན་ནས་མཛེས་པ་ནི་ལུས་ཚད་དང་ལྡན་པའི་ཕྱིར་རོ། །གཟུགས་དང་ཁ་དོག་ནི་སྐུ་ཆུ་ཞེང་གབ་པ་དང༌། མདོག་གསེར་བཙོ་མ་ལྟ་བུའི་མོས་པའི་ཡུལ་གསུངས་སོ། །མོས་པར་བྱེད་པ་གང་ཡིན་པ་དང༌། ཡུལ་གཞན་བསྟན་པའི་ཕྱིར། འཇིག་རྟེན་པ་རྣམས་ལ་སྡུག་པ་དང་ཡིད་དུ་འོང་བ་དང་འགྲོགས་ན་བདེ་བ་དང༌། མཐོང་ན་དགའ་བར་འགྱུར་རོ་ཞེས་གསུངས་ཏེ། འཇིག་རྟེན་པ་ནི་འགྲོ་བ་ཆུ་རོལ་མཐོང་བའོ། །སྡུག་པ་ནི་གང་གིས་མཐོང་ན་ལྷག་པར་བརྩེ་བའོ། །ཡིད་དུ་འོང་བ་ནི་འགྲོ་བའི་ཡིད་འཕྲོག་པར་བྱེད་པའོ། །འགྲོགས་ན་བདེ་བ་ནི་ཡང་དང་ལྷན་ཅིག་ཏུ་གནས་ན་སེམས་དབུགས་ཕྱིན་པའོ། །མཐོང་ན་དགའ་བ་ནི་གང་གི་མིག་ལམ་དུ་སྣང་ན་བདེ་བ་ཐོབ་པའོ། །དེ་ལྟར་མོས་པའི་ཡུལ་བདུན་ནོ། །འཇིག་རྟེན་པ་རྣམས་ལ་མཛེས་པ་དང་སྐལ་བ་དང་ལྡན་པ་དང༌། ཚིག་བཙན་བར་ཡང་འགྱུར་རོ་ཞེས་པ་ནི། འཇིག་རྟེན་པ་རྣམས་ལ་མཛེས་པ་ནི་གང་ལ་ཡོད་པ་དེ་རྒྱན་ལྟ་བུར་གྱུར་པའོ། །སྐལ་བ་དང་ལྡན་པ་ནི་དཔལ་ཆེན་པོའོ། །ཚིག་བཙན་པ་ནི་བདེན་པར་སྨྲ་བ་ལ་ཡིད་ཆེས་པའོ། །དེ་ལྟར་མོས་པའི་ཡུ་བཅུའོ། །ད་ནི་སེམས་ལ་དབང་བ་བསྟན་པའི་ཕྱིར། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡང་ཚེ་རབས་དྲན་པར་འགྱུར་རོ་ཞེས་གསུངས་ཏེ། དེ་ལ་གང་དང་གང་དུ་སྐྱེས་པ་ཞེས་པ་ནི་སྐྱེ་པའི་གནས་བསྟན་པའོ། །དེ་དང་དེར་ནི་ཞེས་པ་ནི་འབྲེལ་པ་བསྒྲུབ་པའི་ཚིག་གོ །ཚེ་རབས་ཞེས་པ་ནི། གནས་དྲན་པ་དང༌། ཡུལ་དང༌། རུས་དང་མིང་དང༌། ཁ་ཟས་དང༌། ཕ་མ་དང༌། ཚོའི་ཆད་དང༌། ཆོས་ལ་སྤྱོད་པ་དང༌། གནག་ནས་ཤི་འཕོས་ནས་དེར་སྐྱེས་པ་དང༌། དེ་ནས་ཤི་འཕོས་ནས་གར་སྐྱེས་པ་དང༌། དེ་ནས་ཤི་འཕོས་ནས་འདིར་སྐྱེས་པ་དང༌། འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་ཞིང་འདུལ་བའི་སྐལ་པ་གང་ཡིན་པ་དྲན་པ་སྟེ། དྲན་པ་བཅུ་ནི་སེམས་ལ་དབང་བའོ། །ཡོ་བྱད་ལ་དབང་བ་བསྟན་པའི་ཕྱིར་ལོངས་སྤྱོད་ཀྱི་གཞི་ཆེ་བ་དང༌། འཁོར་མང་བ་དང༌། ལོངས་


DTG015_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྱོད་མི་ཟད་པ་དང༌། འཁོར་མི་ཟད་པ་དང་ཡང་ལྡན་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། དེ་ལ་ལོངས་སྤྱོད་ནི་ཆོས་ཀྱི་དབྱིངས་ལས་ཡང་དག་པར་བྱུང་བའི་གཟུགས་ལ་སོགས་པའོ། །དེ་བས་ན་གཞི་ཆེ་བའོ། །འཁོར་མང་བ་ནི་ལྷ་དང་མི་ལ་སོགས་པའོ། །ལོངས་སྤྱོད་མི་ཟད་པ་ནི་མཐར་ཐུག་པ་མེད་པའོ། །འཁོར་མི་ཟད་པ་ནི་འཁོར་མི་ཕྱེད་པ་དང་ལྡན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་དང་ཞེས་པ་ནི། སེམས་ཅན་ཀྱང་ཡིན་ལ་ཞེས་པ་སྟེ་ཀུན་གྱི་གཙོ་བོར་གྱུར་པའོ། །ཡོན་ཏན་མཆོག་དང་ཡང་དག་པར་ལྡན་པར་འགྱུར་རོ་ཞེས་པ་ནི། ཡོན་ཏན་མཆོག་དང་ལྡན་པ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟེ། འཇིག་རྟེན་ལས་འདས་པའི་ཡོན་ཏན་དང་ཡང་དག་པར་ལྡན་པར་འགྱུར་རོ། །རང་བཞིན་གྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་པ་ལ་རང་བཞིན་གྱིས་ཞེས་པ་ནི་རང་གི་དང་གིས་ཞེས་པ་སྟེ། ཆེད་དུ་མ་བསྒྲུབས་ཀྱང་ཞེས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཉིད་ཡོ་བྱད་དུ་གསུངས་ཏེ། ཇི་སྐད་དུ། སྦྱིན་པ་ནི་ཡོ་བྱད་དོ་ཞེས་པ་ནས་ཤེས་རབ་ནི་ཡོ་བྱད་དོ་ཞེས་པའི་བར་གྱིས་ཡོ་བྱད་དུ་གསུངས་པའོ། །ཚངས་པའི་གནས་བཞི་ལ་ཡང་གནས་པར་འགྱུར་རོ་ཞེས་བྱ་བ་ནི་ཚངས་པའི་སེམས་ཅན་མཆོག་གོ །གནས་བཞི་ནི་གོ་སླའོ། །དྲན་པ་དང་ཤེས་བཞིན་ཞེས་པ་ཡང་ཡོ་བྱད་དོ། །དེ་ལྟར་མང་བ་གཉིས་དང་མི་ཟད་པ་གཉིས་དང་ལྷག་པ་བཅུ་ནི་ཡོ་བྱད་ལ་དབང་བའོ། །དེ་ནས་སྨོན་ལམ་ལ་དབང་བ་བསྟན་པའི་ཕྱིར། ཐབས་དང་སྟོབས་དང་སྨོན་ལམ་དང་ཡེ་ཤེས་དང་ལྡན་པར་འགྱུར་རོ་ཞེས་གསུངས་ཏེ། དེ་ལ་སྨོན་ལམ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་གཞན་གྱི་དོན་དུ་སྨོན་པ་ཙམ་གྱིས་འགྲུབ་པའོ། །གཞན་གོ་སླའོ། །ད་ནི་ཆོས་ལ་དབང་བ་བསྟན་པའི་ཕྱིར་བསྟན་བཅོས་ཐམས་ཅད་ལ་ཡང་འཇིགས་པ་མེད་པ་དང་སྨ་བ་ལ་མཁས་པར་འགྱུར་རོ་ཞེས་གསུངས་ཏེ། དེ་ལ་བསྟན་བཅོས་ནི་ཕྱིར་མི་ལྡོག་པའི་བསྟན་བཅོས་དང༌། ནང་རིག་པའི་བསྟན་བཅོས་དང༌། སྒྲ་དང་ཚད་མར་གྱུར་པ་རིག་པའི་བསྟན་བཅོས་དང༌། བཟོ་དང་སྒྱུ་རྩ་ལ་རིག་པའི་བསྟན་བཅོས་དང༌། གསོ་བ་རིག་པའི་བསྟན་བཅོས་སོ། །དེ་རྣམས་ལ་


DTG015_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་ཐོབ་པ་ནི་མི་འཇིགས་པའོ། །སྨྲ་བ་ལ་མཁས་པ་ནི་གཞན་ལ་ངག་སྐྱོན་དང་བྲལ་བར་སྟོན་པའོ། །མི་བླུན་པ་དང་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་ཐོས་པ་དང་བསམ་པ་དང་བསྒོམ་པས་རྒྱུད་སྦྱངས་པའི་ཕྱིར་རོ། །ཚིག་གསལ་བ་དང་ཞེས་པ་ནི་སྨྲ་བའི་དུས་སུ་གཞན་གྱིས་ཉན་པར་བདེ་བའོ། །སྒྲིན་པོར་ཡང་འགྱུར་རོ་ཞེས་པ་ནི་སེམས་ཀྱིས་ཐེགས་པ་སྟེ་གཡེར་བའོ་ཞེས་པའི་དོན་ཏོ། །ཤེས་ཉེན་ཅན་དང་ཞེས་པ་ནི་ཤེས་པར་བྱ་བའི་ཆོས་ཐམས་ཅད་ལ་དབང་ཐོས་པས་ན་དེ་སྐད་ཅེས་བྱའོ། །བསྟན་བཅོས་ལྔ་དང་འོག་མ་ལྔ་སྟེ་བཅུའོ། །ད་ནི་རྫུ་འཕྲུལ་ལ་དབང་བ་བསྟན་པའི་ཕྱིར་ལེ་ལོ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལེ་ལོ་མེད་པ་ནི་ཤིན་ཏུ་མྱུར་བར་འགྲོལ་བར་བྱེད་པའོ། ཆོག་ཤེས་པ་དང་ཞེས་པ་ནི་ཉུང་ཟད་ཀྱིས་ཚིམ་པར་བྱེད་པའོ། །དོན་ཆེ་བ་དང་ཞེས་པ་ནི་ཆོ་འཕྲུལ་གསུམ་གྱིས་སེམས་ཅན་གྱི་དོན་བྱེད་པའོ། །སྲེད་པ་མེད་པར་ཡང་འགྱུར་རོ་ཞེས་པ་ནི་རང་གི་ནུས་པ་ལ་སེམས་ཀྱིས་གདུང་བ་མི་སྐྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་ཡིད་བརྟན་པ་དང་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་རྡུ་འཕྲུལ་གྱི་སྒོ་ནས་ཡིད་ཆེས་པའོ། །སློབ་དཔོན་དང་ཞེས་པ་ནི་གང་གིས་གུས་པར་བྱ་པའི་ཡུལ་ལོ། །བླ་མར་བཀུར་བ་ཡང་འགྱུར་རོ་ཞེས་པ་ནི་བཀུར་སྟི་བྱ་བའི་མིང་གི་རྣམ་གྲངས་སུ་གསུངས་སོ། །དེས་སྔོན་མ་ཐོས་པའི་བཟོ་དང༌། སྒྱུ་རྩ་ལ་དང་ཞེས་པ་ནི་སེམས་ཅན་ཆེན་པོ་དེས་སྔ་མ་ལམ་བསླབས་སུ་ཟིན་ཀྱང་རྫུ་འཕྲུལ་གྱི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་སོགས་པ་རང་བཞིན་གྱིས་འབྱུང་ངོ༌། །མངོན་པར་ཤེས་པའི་ཤེས་པ་དང་ཞེས་པ་ནི་བཤད་ཟིན་ཏོ། །བསྟན་བཅོས་ཐམས་ཅད་ཀྱང་དོན་དང་ཡི་གེའི་སྒོ་ནས་ཤེས་པར་འགྱུར་རོ་ཞེས་པ་ནི། བསྟན་བཅོས་ཐམས་ཅད་ནི་དོན་དང་ཡི་གེ་གཉིས་སུ་འདུས་པའོ། །དེ་སྐད་དུ་ཡང༌། ཇི་ལྟར་མནམས་ན་རབ་དཀུལ་། །མྱངས་ན་ཞིམ་པའི་སྨན་བཞིན་དུ། །ཆོས་ཀྱང་རྣམ་པ་གཉིས་སུ་གནས། །དོན་དང་ཡི་གེར་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ལྟར་ཚིག་བཅུས་ནི་རྫུ་འཕྲུལ་ལ་དབང་པའོ། །ད་ནི་ལས་ལ་དབང་པ་བསྟན་པའི་ཕྱིར། ཚུལ་ཁྲིམས་དང་ཞེས་པ་


DTG015_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་ཏེ། ཚུལ་ཁྲིམས་ནི་དགེ་སློང་ལ་སོགས་པའིའོ། །དང་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཛིན་པའི་བསྡུ་བའོ། །འཚོ་བ་དང་ཞེས་པ་ནི་གང་ཡོད་ན་འཚོ་བར་འགྱུར་པས་དེ་སྐད་ཅེས་བྱའོ། །ཀུན་དུ་སྤྱོད་པ་ཞེས་པ་ནི་ཐམས་ཅད་དུ་སྤྱོད་པ་སྟེ་ལུས་ཀྱི་ཀུན་དུ་སྤྱོད་པ་དང་ངག་གི་ཀུན་དུ་སྤྱོད་པ་དང་ཡིད་ཀྱི་ཀུན་དུ་སྤྱོད་པའོ། །ཤིན་ཏུ་ཡོངས་སུ་དག་པར་སྤྱོད་བ་དང་ཞེས་པ་ནི་ཁྱད་པར་དུ་ཡང་ཞེས་པའི་དོན་ཏོ། །ཡོངས་སུ་ནི་ཡང་དག་པར་ཞེས་པའོ། །དག་པ་ནི་སྔར་སྨོས་པའི་ཚུལ་ཁྲིམས་ལ་སོགས་པ་གསུམ་དང༌། དེའི་རྟེན་སྒོ་གསུམ་དང༌། འཚོ་བ་དང་བདུན་སྐྱོན་མེད་པར་སྤྱོད་པའོ། །ལེགས་པར་རབ་ཏུ་བྱུང་བ་དང་ཞེས་པ་ནི་ཕྱོགས་གཉིས་ཏེ། བྱང་ཆུབ་སེམས་དཔའི་ཐེག་པའམ། ཡང་ན་རྡོ་རྗེ་ཐེག་པར་རོ། །གཞན་དུ་ན་ནི་ལེགས་པར་རབ་ཏུ་བྱུང་བར་མི་འགྱུར་པར་འོག་ནས་གསལ་བ་ཉིད་དུ་སྟོན་ཏོ། །དེ་བས་ན་རྣམ་པ་དགུའོ། །ལེགས་པར་བསྙེན་པར་རྫོགས་པར་འགྱུར་རོ་ཞེས་པའི་དོན་གོ་བར་འགྱུར་རོ། །ཡང་ཞེས་པ་ནི་དང་ཞེས་པ་སྟེ་དེ་དང་བཅུ་ནི་ལས་ལ་དབང་བའོ། །ད་ནི་ཡེ་ཤེས་ལ་དབང་བ་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་པར་འགྱུར་རོ་ཞེས་གསུངས་ཏེ། ཐམས་ཅད་མཁྱེན་པ་ནི་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དང༌། བདེ་བ་ཆེན་པོའི་སྐུའོ། །ཡང་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྐབས་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་བཅུར་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་དང་ཐ་མི་དད་པ་ཡིན་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སོ། །མི་བརྗོད་པ་ནི་དྲན་པའི་ངོ་བོ་ཉིད་དེ། །སྔར་བསྟན་པའི་ཡན་ལག་དྲུག་ནི་མན་ངག་གོ །ལེགས་པར་རབ་ཏུ་བྱུང་བ་ཉིད་གང་ཞེ་ན། ཉན་ཐོས་དགྲ་བཅོམ་པ་དང༌། རང་སངས་རྒྱས་ཀྱི་ངེས་པ་ལ་ནམ་ཡང་འཇུག་པར་མི་འགྱུར་རོ་ཞེས་གསུངས་ཏེ། འདོད་ཆགས་དང་བྲལ་བའི་ཐེག་པ་ནི་ནམ་ཡང་སངས་རྒྱས་པར་མི་འགྱུར་ཞེས་པ་སྟེ་གཞན་གྱི་ཚིག་དོན་ནི་གོ་


DTG015_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སླའོ། །ད་ནི་སྔར་བསྟན་པ་དེ་ལ་ངག་གི་དོན་བསྡུས་ནས་བསྟན་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་རྡོ་རྗེ་འཆང་དེ་ལྟར་ན་ཡོན་ཏན་དཔག་ཏུ་མེད་པ་དག་དང་ལྡན་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ན་ཞེས་པ་ནི་སྔར་བསྟན་མ་ཐག་པ་དེ་ལྟར་ན་ཞེས་པའོ། །ཡོན་ཏན་ནི་ཆེ་བའི་ཡོན་ཏན་ནོ། །དཔག་ཏུ་མེད་པ་ནི་གྲངས་དང་རྩིས་ཀྱིས་མི་ལང་ཞིང༌། ཙམ་ཞེས་པའི་མཐའ་ལས་འདས་པའོ། །རྣམ་པ་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་གཞན་དག་དང་ཡང་ལྡན་པར་འགྱུར་རོ་ཞེས་པ་ནི། ཆོས་དང༌། ལོངས་སྤྱོད་དང༌། སྤྲུལ་པའི་སྐུ་ལ་སོགས་པའི་ཆེ་བའི་བདག་ཉིད་སྔར་བཤད་པ་དང༌། འདིར་མ་སྨོས་པའི་ཡོན་ཏན་གཞུང་གཞན་ལས་ཇི་སྙེད་བཤད་པ་དེ་དག་ཀྱང་འདིར་ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་པར་བྱའོ། །ད་ནི་མཚན་ཡང་དག་པར་བརྗོད་པའི་དོན་གཞུང་འདི་གང་དང་གང་གིས་འཛིན་པའི་གང་ཟག་མ་འོངས་པའི་དུས་སུ་ལུང་བསྟན་པའི་ཕྱིར། ལག་ན་རྡོ་རྗེ་རྡོ་རྗེ་འཆང༌། །ཞེས་བོད་པ་མཛད་ནས། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་འདི་ཡང་དག་པར་འཛིན་པའི་སྐྱེས་བུ་དེ་ནི་ཞེས་གསུངས་སོ། །དེ་ལ་དོན་དམ་པ་ནི་ངེས་པའི་དོན་ཏོ། །ཚིག་གི་ཡུལ་ལས་འདས་པའོ། །མཚན་ནི་བླ་དགས་ཀྱི་མིང་ངོ༌། །ཡང་དག་པར་བརྗོད་པ་ནི་སྒྲའི་སྐྱོན་སྤངས་པའོ། །འདིར་ཞེས་པ་ནི་དེ་ལྟར་བཤད་མ་ཐག་པ་འདི་ཞེས་པའོ། །ཡང་དག་པར་འཛིན་པ་ནི་ཕྱིན་ཅི་ལོག་པ་འཛིན་པའོ། །སྐྱེས་བུ་ཞེས་པ་ནི་ཡོན་ཏན་གང་གི་ཕྱིར་རོ། །ཡང་དགེ་བའི་བཤེས་གཉེན་ཚོལ་བ་དང༌། ཆོས་ཉན་པ་དང༌། དོན་སེམས་པ་དང༌། དོན་བཞིན་དུ་སྤྱོད་པ་དང༌། ཆོས་བཞི་དང་ལྡན་པ་ནི་སྐྱེས་བུ་ཞེས་པའོ། །བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་ཤིང་ཞེས་པ་ནི། མཚན་ཡང་དག་པར་བརྗོད་པ་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡིན་པས་ནའོ། །དེ་ཡང་དག་པར་བཟུང་བས་ཚོགས་སོག་པར་འགྱུར་ཞེས་པའོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཤིན་ཏུ་མྱུར་བར་འགྲུབ་ནས་རིང་བོར་མི་ཐོགས་པར་ཞེས་པ་སྟེ། དེ་ལ་རིང་པོར་མི་ཐོགས་པ་ནི་ཚེ་འདི་ཉིད་ལའོ། །ལྷག་མ་ནི་གོ་སླའོ། །བླ་ན་མེད་པ་ཡང་དག་པར་


DTG015_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ་ཞེས་པ་ནི་བྱང་ཆུབ་དེའི་བླ་ན་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་པའོ། །བསྐལ་པ་མང་པོར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་སུ་མི་འགྱུར་པར་ཞེས་པ་ནི་བསྟན་བ་དང་སྟོན་པ་ཡང་ཡུན་རིང་དུ་གནས་པར་འགྱུར་རོ། །ཅི་བྱེད་ཅེ་ན། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་ཆོས་སྟོན་པ་དང་ཞེས་པ་སྟེ། བླ་ན་མེད་པའི་ཆོས་ནི་རྡོ་རྗེ་ཐེག་པའི་ཆོས་སོ། །དེ་ལས་གཞན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྟན་པའི་ཕྱིར། ཕྱོགས་བཅུར་དམ་པའི་ཆོས་ཀྱི་རྫ་སྒྲ་ཆེན་པོ་རྒྱུན་མི་འཆད་པར་སྒྲོགས་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་རོ་ཞེས་པ་ནི་ཕྱོགས་བཅུ་ནི་འཇིག་རྟེན་དྲུག་གི་ཕྱོགས་བཅུའོ། །དམ་པའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །རྔ་སྒྲ་དང་འདྲ་བས་ན་རྡ་སྒྲའོ། །རྒྱུན་མི་འཆད་པས་ན་རྟག་ཏུའོ། །ཆོས་ཀྱི་རྒྱལ་པོ་ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །ཡང་ན་རྒྱལ་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྒྱལ་པོ་ཆེན་པོ་སྟེ། འཁོར་ལོས་སྒྱུར་པའི་རྒྱལ་པོ་ལྟ་བུར་ཆོས་ལ་དབང་བསྒྱུར་པར་འགྱུར་རོ། །དེ་ནི་འཁོར་ལོ་ལྔ་པའི་ཕན་ཡོན་ཚིག་གི་རྣམ་གྲངས་ལྔ་བཅུ་རྩ་གཅིག་ཏུ་བརྩིས་པའི་བཤད་པའོ། །ཇི་སྲིད་མི་ཡི་དབང་པོ་ཡི། །ཞབས་ཀྱི་པདྨར་མཆོད་བྱས་ནས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མཚན་ནི་ཡང་དག་བརྗོད་པའི་མཆོག །ལག་ན་རྡོ་རྗེ་ལ་བཤད་པ། །ཟབ་མོ་རྟོགས་དཀའ་རྡོ་རྗེའི་ཚིག །མཁའ་གྲོའི་གནས་སུ་ཕྱིན་གྱུར་པའི། །སྒྲུབ་པ་པོ་ནི་སྙིང་པོ་བཞེད། །དེ་ཡི་ཞལ་ནས་བརྒྱུད་པའི་མཐུས། །དོན་ཟབ་བདེ་གཤེགས་སྤྱོད་ཡུལ་བ། །བདག་གིས་ཀྱང་ནི་རྣམ་པར་དགྲོལ། །དྲན་པར་མ་གྱུར་དགྲ་ཡིས་ནི། །གདམས་ངག་ལས་ནི་ཚིག་འགའ་དག །ནོར་ན་དམ་པས་བཟོད་པར་མཛོད། །བདག་གིས་ལུས་དང་ངག་ཡིད་ཀྱིས། །གུས་པས་དམ་པ་རྣམ་པར་ཕྱེ། །ཡོན་ཏན་གཏེར་ནི་རབ་གསལ་པའི། །དགེ་དེ་འགྲོ་བའི་རྒྱུད་ལ་སྨིན། །བདག་ཀྱང་འདི་དང་གཞན་དག་ཏུ། །དམ་པའི་ཞབས་དང་མི་འབྲལ་ཞིང༌། །འཇམ་དཔལ་དབྱངས་ཀྱི་ཞལ་མཐོང་ནས། །དེ་བཞིན་འགྲོ་བའི་དོན་བྱེད་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་


DTG015_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་པར་བརྗོད་པའི་ཕན་ཡོན་གྱི་འགྲེལ་པ་སྔགས་ཀྱི་དོན་སྙིང་པོ་བསྡུས་པ་ཞེས་བྱ་བ། དཔལ་མཁས་པ་ཆེན་པོ་དུས་ཀྱི་འཁོར་ལོ་བ་གྲགས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཪྻཱ་ཨ་བྷ་ཡ་བཛྲ་དང༌། དགེ་བསྙེན་རྡོ་རྗེ་རྒྱལ་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མངོན་པར་རྟོགས་པ།
སྤྱན་རས་གཟིགས།

དང་པོ། སྒྲུབ་པ་པོའི་མཚན་ཉིད་དང་གནས་ཀྱི་ངེས་པ།


DTG015_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི་ཨ་བྷི་ས་མ་ཡ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མངོན་པར་རྟོགས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བསོད་ནམས་ཡེ་ཤེས་ཚོགས་སྤྲུལ་པ། །སྐྱེ་བོ་དྲེགས་ལྡན་དྲེགས་པ་མེད་གཟིགས་ནས། །གདུལ་དཀའ་སེམས་ཅན་རྣམས་ནི་རྟག་པ་རུ། །འཇིགས་བྱེད་འཇིགས་པའི་གཟུགས་ཀྱིས་འདུལ་བྱེད་པའི། །རང་སྣང་ཀུན་སྐད་ཀྱིས་ཐོས་ཕ་རོལ་ཕྱིན། །སེམས་ཅན་བསམ་པའི་དབང་གིས་མོས་པ་བཞིན། །མ་ནོར་འཁྲུལ་སྡངས་ལམ་ནི་སྟོན་མཛད་པའི། །སྟོན་མཆོག་གང་ཡིན་དེ་ལ་ཕྱག་འཚལ་ལོ། །དོན་གཉིས་ལྡན་པར་རབ་གྲུབ་ཕྱིར། །ཡང་དག་རིམ་བ་ལ་བརྟེན་ནས། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །མངོན་པར་རྟོགས་པར་བྱ་ཕྱིར་བརྗོད། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་བ་བོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོ་ལུས་འཆང་བ། །སྟོབས་པོ་ཚེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེར་རག་བཞི་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་བྱ་བ་ལ་སོགས་པ་མདོའི་དོན་ལ་འཇུག་པར་བྱ་སྟེ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་འདོད་པས་ཉོན་མོངས་པས་སེམས་དཀྲུགས་ཤིང༌། །མི་ཤེས་པའི་འདམ་གྱི་ཚོགས་ཆེན་པོར་བྱིང་བའི་སེམས་ཅན་རྣམས་ལ་ཕན་པར་འདོད་པའི་བློས་དམ་པ་ཉེ་བར་བསྟེན་ཅིང་འདོད་པའི་ལྷ་དང་དམ་ཚིག་ལ་གུས་པས་ཚེ་འདིའི་ཆོས་ལ་ཞེན་པ་སྤངས་ལ། ཇི་སྐད་གསུངས་པའི་གནས་ཁང་སྟོང་དང༌། རི་དང༌། ཆུ་ཀླུང་དང༌། ནགས་ཚང་ཚིང་ལ་སོགས་པ་ལས་དང་


DTG015_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེས་སུ་མཐུན་པར་གསུངས་པ་གང་དུ་སེམས་དགའ་བ་དེར་སའི་བདག་པོའམ། སྐྱེ་དགུ་དམ་པ་གནས་པའི་ས། འབྱུང་པོའི་གནོད་པ་ལ་སོགས་པ་མི་མཐུན་བ་མེད་པ་དེར་རྣལ་འབྱོར་བ་བརྩམ་པར་བྱའོ། །སྒྲུབ་པ་པོའི་མཚན་ཉིད་དང་གནས་ཀྱི་ངེས་པ་བསྟན་པ་སྟེ་དང་པོའོ།། །།

གཉིས་པ། གདོང་ལ་སོགས་པ་དག་པའི་ངེས་པ།


DTG010_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་བྱང་ཆུབ་ཀྱི་ཡན་ལག་ཏུ་དཀྱིལ་འཁོར་ལེགས་པར་བྱ་ཞིང༌། མེ་ཏོག་དང༌། སྤོས་ལ་སོགས་པ་ཅི་ནུས་པས་ཚོགས་པར་བྱའོ། །དེ་ནས་བསམ་གཏན་དང༌། སྔགས་དང༌། རྫས་རྣམས་ཀྱིས་གདོང་ལ་སོགས་པ་དག་པར་བྱས་ལ་བདེ་བའི་སྟན་ལ་འདུག་པར་བྱའོ། །དེ་ལ་རང་ལྷའི་གཟུགས་སུ་སྐད་ཅིག་གིས་དམིགས་ལ། ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷ་སརྦ་དྷརྨཱཿ་པྲ་ཀྲྀ་ཏི་པ་རི་ཤུདྡྷོ྅ཧཾ། ཞེས་པས་དམ་ཚིག་གི་རིལ་བུ་ཁར་བཅུག་པས་སྒོ་གསུམ་དག་པར་བྱའོ། །གདོང་ལ་སོགས་པ་དག་པའི་ངེས་པ་བསྟན་པ་སྟེ་གཉིས་པའོ།། །།

གསུམ་པ། བསོད་ནམས་ཀྱི་ཚོགས་ལ་འཇུག་པའི་ངེས་པ།


DTG010_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་རང་གི་སྙིང་གར་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་ཨ་ཀུནདའི་ཁ་དོག་ལྟ་བུ་བསམས་ལ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། །ཨཾ་ཨཿ། བཅུ་གཉིས་ཀྱིས་མཐའ་མ་བསྐོར་བར་བསམ་པར་བྱའོ། །ཨ་ལས་འོད་ཟེར་སྟོན་ཀའི་ཟླ་བའི་འོད་ལྟ་བུས་དེ་བཞིན་གཤེགས་པ་ཐམས་ཅད་སད་པར་བྱས་ལ་རང་གི་མདུན་གྱི་ནམ་མཁའ་ལ་དགུག་པར་བྱའོ། །དེ་ནས་དབྱངས་དང་པོ་བཞི་ལས་སྤྲོས་པའི་སྦོས་དང༌། མེ་ཏོག་དང༌། མར་མེ་དང༌། དྲི་རྣམས་ཡི་གེ་གསུམ་དང་སྤེལ་ཏེ་རང་གི་སྔགས་ཀྱིས་དབུལ་ལོ། །དེ་ནས་བར་མ་གསུམ་ལས་སྤྲོས་པའི་ལཱ་སྱེ་དང༌། མཱ་ལེ་དང༌། གཱི་ཏི་དང༌། ནཱིར་ཏྱ་དང་བཞི་སྔ་མ་ལྟར་དབུལ་བར་བྱའོ། །དེ་ནས་ཐ་མ་བཞི་ལས། རྡོ་རྗེ་དབྱིངས་ཕྱུག་མ་དང༌། རིན་ཆེན་དབྱིངས་ཕྱུག་མ་དང༌། པདྨ་དབྱིངས་ཕྱུག་མ་དང༌། ལས་ཀྱི་དབྱིངས་ཕྱུག་མ་རྣམས་ཀྱིས་ཕྱི་དང་ནང་དང་གསང་བའི་མཆོད་པས་ཡང་དག་པར་མཆོད་ལ། སྐྱེ་བ་ཐོག་མ་མེད་པ་ནས་མི་ཤེས་པའི་དབང་གིས་ཉོན་མོངས་པས་ཀུན་ནས་བསླད་པའི་སྒོ་གསུམ་གྱི་སྡིག་པ་ཅི་བགྱིས་པ་སོ་སོར་བཤགས་པར་བགྱི་ཞིང༌། དེ་དག་གིས་ཉེས་པ་མཐོང་བས་ཕྱིས་མི་བྱེད་པར་སྡོམ་པ་བླང་བར་བགྱིའོ། །རྫོགས་པའི་སངས་རྒྱས་དང་


DTG015_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱང་ཆུབ་སེམས་དཔའ་རྣམས་དང༌། རང་སངས་རྒྱས་དང༌། འཕགས་པའི་དགེ་འདུན་དང༌། སོ་སོའི་སྐྱེ་བོ་གང་དག་ཐར་པའི་དོན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བགྱིའོ། །ཡང་དགོངས་པའི་དབང་གིས་ཐུབ་པ་མྱ་ངན་ལས་འདའ་བར་བཞེད་པ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡུན་རིང་དུ་བཞུགས་པར་གསོལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་མི་བསྐོར་བར་མཛད་པ་དེ་དག་ལ་ཡང་འཁོར་ལོ་བསྐོར་བར་གསོལ་བ་གདབ་པར་འཚལ་ལོ། །དེ་ནས་དགེ་བའི་རྩ་བ་གང་དག་ཡོད་པ་ཀུན་ཁྱད་པར་ཅན་དུ་ཡོངས་སུ་བསྔོ་བར་བྱས་ལ། སངས་རྒྱས་ཆོས་དང་དགེ་འདུན་གང་སྲིད་པའི་འཇིགས་པ་སེལ་བར་ནུས་པ་དེ་དག་ལ་བདག་གིས་བྱང་ཆུབ་ཐོབ་པའི་བར་དེ་སྲིད་དུ་སྐྱབས་སུ་མཆིའོ། །བདག་གིས་ལུས་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དང་ཐ་མི་དད་པ་ཡང་དབུལ་བར་བགྱིའོ། །དེའི་རྗེས་ལ་བདག་རྫོགས་པའི་སངས་རྒྱས་སུ་གྱུར་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་བགྱིའོ་ཞེས། སྨོན་ལམ་གདབ་པར་བྱའོ། །དེ་དག་གིས་ནི་སྲིད་པའི་ཆོས་ལ་ཆགས་པའི་ཉེས་པ་དང་མ་ཆགས་པའི་ཕན་ཡོན་ཤེས་པའི་རྣལ་འབྱོར་པས་འདི་ལྟར་དངོས་པོ་གསུམ་མི་འཛིན་པར་གཏོང་སྟེ། ལོངས་སྤྱོད་ཀྱི་དངོས་པོ་བྱ་བ་ཕྱི་དང་ནང་ལ་སོགས་པ་དང་དགེ་བའི་དངོས་པོ་འདས་པ་ལ་སོགས་པ་དང༌། རབ་ཏུ་ཕོངས་པའི་རང་ཉིད་ཀྱི་དངོས་པོ་སེམས་ཅན་གྱི་དོན་དུ་གཏང་བའོ། །བསོད་རྣམས་ཀྱི་ཚོགས་ལ་འཇུག་པའི་ངེས་པ་སྟེ་གསུམ་པའོ།། །།

བཞི་པ། ཚད་མེད་པ་བཞི་བསྒོམ་པའི་ངེས་པ།


DTG010_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཐེག་པ་མཆོག་ལས་མི་ཉམས་པར་བྱ་བའི་ཕྱིར་སེམས་ཅན་གྱི་དོན་ལ་བྱ་བར་མོས་པ་ཡང༌། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་གསུངས་ཏེ་དཔག་ཏུ་མེད་ཅིང་གཞལ་བ་ལས་འདས་པའི་སེམས་ཅན་གྱི་ཁམས་མ་ལུས་པའི་དོན་བྱེད་པས་ན་ཚད་མེད་པའོ། །བྱམས་པ་ཆེན་པོ་ཚད་མེད་པ་དེ་བས་ན་བྱམས་ཆེན་རང་བཞིན་ནོ། །དེ་ཡང་སྲིད་པ་ཐོག་མ་མེད་པ་ནས་འཁོར་བའི་ཕྱིར། འདིར་བཏགས་པའི་ཕ་མ་ལ་སོགས་པ་བཞིན་དུ་དུས་ཀུན་དུ་ཡང་དེ་བཞིན་དེ། དེ་བས་ན། སེམས་ཅན་ཐམས་ཅད་


DTG015_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉེན་བཤེས་སོ། །ཞེས་གསུངས་པས་སེམས་ཅན་ཀུན་ལ་བུ་སྡུག་པ་ལྟར་བྱམས་པར་བྱའོ། །རབ་ཏུ་སྡུག་པའི་བུ་གསལ་ཤིང་ལ་བཙུགས་ན་ཕ་མ་ཡིད་བདེ་བའི་གཏོལ་ག་ལ་ཡོད་དེ། སྙིང་བརྩེ་བའི་བསམ་པས་ཡིད་ལ་བྱེད་པ་གཞན་མི་འབྱུང་སྟེ། བུ་སེམས་པ་འབའ་ཞིག་གིས་ཉིན་མཚན་འདའ་བར་བྱེད་དོ། །དེ་བཞིན་དུ་བློ་མཆོག་དང་ལྡན་པ་ཡང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་དེ་བཞིན་དུ་གནས་སོ། །ཡང་སྐྱེས་བུ་ཐབས་ལ་མཁས་པས་ཕ་མ་ཉམ་ཐག་པའི་དྲུང་དུ་ཕྱིན་ཏེ། གྲོགས་པོ་དག་འདི་ལྟར་མྱ་ངན་མ་བྱེད་ཅིག །ཁྱེད་ལ་ཅི་དང་ཅི་བདོག་པ་བདག་ལ་སྩོལ་ཅིག་བདག་ལ་ནུས་པ་ཅི་བདོག་པས་ཁྱེད་བུ་དང་འགྲོགས་པར་བྱའོ་ཞེས་ཟེར་ཏེ། དེ་དག་གིས་ཀྱང་བདོག་པ་ཁས་ལེན་ཏོ། །དེ་ནས་ཐབས་ལ་མཁས་པས་བུ་གསལ་ཤིང་ལས་བཀྲོལ་ཏེ། གསོ་དཔྱད་བཞིན་དུ་སོས་པར་བྱས་ནས་དེའི་ཕ་མ་ལ་བྱིན་ཏེ་རབ་ཏུ་དགའ་བར་བྱས་སོ། །དེ་བཞིན་དུ་སྐྱེས་བུ་མཆོག་གིས་དགེ་བའི་རྩ་བ་ཅི་དང་ཅི་བདོག་པ་ཐམས་ཅད་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་དོན་དུ་གཏང་ན་སེམས་ཅན་སྡུག་བསྔལ་དང་བྲལ་བའི་རླབས་ནི་འཇིག་རྟེན་གྱི་དགའ་བ་གང་གི་དཔེར་ཡང་མི་འགྲོ་བ་ཐོབ་པོ། །དེའི་ཚེ་བུ་དང་འགྲོགས་པའི་དགའ་བའི་ཤུགས་ཀྱིས་སྔར་གྱི་སྡུག་བསྔལ་དང་ཡོ་བྱད་ལ་མི་བསྔོ་མི་བགྲང་བར་བཏང་སྙོམས་སུ་གནས་སོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་མཐོང་ནས་ཀྱང་བསོད་ནམས་ཀྱི་དངོས་པོ་བཏང་བའི་ལན་ལ་རེ་བ་མེད་པར་བཏང་སྙོམས་སུ་གནས་སོ། །དེ་བས་ན་སེམས་ཅན་གང་དག་སྲིད་པའི་རྒྱ་མཚོར་གྲུ་ཞིག་པ་དང༌། གཡང་སར་ཕྱིན་པ་དང༌། ངན་སྐྱུག་ཏུ་ནུབ་པ་ལས་གདོན་པར་བྱའོ་ཞེས་སྨོན་པར་བྱའོ། །ཚད་མེད་པ་བཞི་བསྒོམ་པའི་ངེས་པ་སྟེ་བཞི་པའོ།། །།

ལྔ་པ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དབྱིངས་ལ་འཇུག་པའི་ངེས་པ།


DTG010_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དྲན་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱཱ་ནུཏྤ་ནན་ཏྭཏ་ཅེས་པའོ། །ད་ནི་དབྱེར་མི་བྱེད་པའི་བྱང་ཆུབ་ཀྱི་སེམས་དྲན་པར་བྱ་སྟེ། ཁོང་


DTG015_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཨཱཪྻ་སརྦ་དྷརྨཱཿ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་སོ། །འདི་ལྟ་སྟེ། བསོད་ནམས་ལྡན་པས་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་གསུངས་པའི་རིམ་པས་ཐབས་སྙིང་རྗེ་ཆེན་པོས་བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཤེས་རབ་སྟོང་པ་ཆེན་པོས་ཡེ་ཤེས་ཀྱི་ཚོགས་བསགས་པས་འགྲོ་བའི་དོན་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཚོགས་གཉིས་རོ་གཅིག་པར་གྱུར་པ་ནི་དེའི་མཚན་ཉིད་དོ། །དེ་ཉིད་ནི་ཨ་སྟེ། དེ་ལྟར་རྫོགས་པའི་སངས་རྒྱས་ཀུན་འབྱུང་བའོ། །དེ་བས་ན་ཡིག་འབྲུ་ཀུན་ལས་སངས་རྒྱས་འབྱུང་བ་དེ་མཆོག་ཡིན་ནོ། །དེའི་ཕྱིར་སྡོམ་བརྩོན་གྱིས་ཀྱང་སེམས་ཨར་བསྐྱེད་པར་བྱའོ་ཞེས་པའོ། །ཅི་ཨ་སྟེ་ཀུན་རྫོབ་ཏུའམ་ཞེ་ན། དོན་ཆེན་ཡི་གེ་དམ་པ་སྟེ། །དོན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་དོན་ཆེན་ཏེ། གང་གིས་རྟོགས་ན་བདག་དང་གཞན་གྱི་དོན་འབྱུང་བའི་ཕྱིར་རོ། །དེ་བས་ན་དམ་པ་དང་མཆོག་ཅེའོ། །ཁོད་ནས་འབྱུང་བ་ནི་ཆོས་ཅན་གང་ལ་ཡང་ཆོས་ཉིད་འདི་དང་ལྡན་བའི་ཕྱིར་རོ། །ཆོས་ཉིད་ནི་རྟོགས་པར་བྱ་བའི་ཕྱིར་དང༌། འཛིན་པ་ཕྱིན་ཅི་ལོག་ལས་བྱུང་བ་ཡོངས་སུ་གཏང་བའི་ཕྱིར་ཐབས་ཆེན་པོ་འདི་ལྟར་བྱའོ། །མ་རིག་པ་ལ་སོགས་པ་འཁོར་བ་ལུགས་སུ་འཇུག་པ་ཡོངས་སུ་སྤང་པའི་ཕྱིར་ས་ལ་སོགས་པ་ཁམས་དྲུག་ཏུ་འདུས་པའི་ཕུང་པོ་ལ་བདག་དང་བདག་གིར་འཛིན་པ་བཏང་སྟེ། དེ་ཡང་འཇིག་པའི་དུས་སུ་ཆུ་ཡིས་མེ་འཇིག་པར་བྱེད་དོ། །ཕྱིས་མེ་མེད་པའི་ཕྱིར་ས་ཡང་མེད་དེ་སྲ་བ་འདོར་ཞིང་ལན་ཚྭ་བཞིན་ཞུ་ནས་ཆུ་ཡི་ནང་དུ་ཐིམ་པར་འགྱུར་རོ། །དེ་རླུང་གི་ཤུགས་ཀྱིས་ཆུ་མ་ལུས་པར་བསྐམས་ནས་ནམ་མཁར་མི་སྣང་བར་འགྱུར་རོ། །དེ་བཞིན་དུ་ཁམས་ཀྱི་ཚོགས་མྱུར་དུ་འཇིག་པར་འགྱུར་རོ། །དེ་ནས་སེམས་དང་མཐུན་པའི་མཐར་ནམ་མཁའི་ཁམས་རྣམ་པ་ཀུན་གྱིས་དཀྲིས་པ་ཡུལ་དང་རྣམ་པར་བྲལ་བ་ཆོས་ཉིད་དང་རྒྱུ་མཐུན་པར་གནས་སོ། །དེ་ཁོ་


DTG015_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་ལ་གཞན་དག་ལས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བྫྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ྅ཧཾ། ཞེས་པ་དང༌། ཨོཾ་ཨ་ནི་མི་ཏྟ་ཛྙཱ་ན་བྫྲ་སྭ་བྷའ་བ་ཨཱ་ཏྨ་ཀོ྅ཧཾ། ཨོཾ་ཨ་པྲཎི་དྷི་ཏ་ཛྙཱ་ན་བྫྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ྅ཧཾ། ཨོཾ་ཨ་ནཱ་བྷི་སཾ་སྐཱ་ར་ཛྙཱ་ན་བྫྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ྅ཧཾ། ཞེས་འཆད་པའི་དོན་འདིའོ། །དེ་ནས་འདིར་ནམ་མཁའ་ལས་བྱུང་རང་བྱུང་བ་ནི་དོན་འདིའོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་དབྱིངས་ལ་འཇུག་པའི་ངེས་པ་སྟེ་ལྔ་པའོ།། །།

དྲུག་པ། བྱང་ཆུབ་ཀྱི་སེམས་བར་ཆད་སེལ་བ་ཞེས་པ་སྲུང་བ་དམ་པོ་བྱ་བའི་ངེས་པ།


DTG010_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ནཱ་ད་ལས་རཾ་རྫོགས་པར་བྱས་པས་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་བལྟས་ཏེ་དེ་ལས་བྱུང་བའི། ཤེས་རབ་མཚོན་ཆེན་འཆང་བ་ཡི། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །ཞེས་བྱ་བའི་དོན་ལ་འཇུག་པར་བྱ་སྟེ། ས་བོན་ཧཱུཾ་ལས་བྱུང་བའི་ཁྲོ་བོ་ཧཱུཾ་མཛད་མདོག་ནག་པོ་ཞལ་གཅིག་ཕྱག་བཞི་པ་གཡས་པས་རལ་གྲི་དང་མདའ་འཛིན་པ། གཡོན་པས་ཨུཏྤལ་དད་གཞུ་འཛིན་པ། ཁྲོ་བོའི་རྒྱན་དང་ལྡན་པ། །སྐྲ་དང་སྨ་ར་ལ་སོགས་པ་དམར་སེར་དུ་གནས་པས་གྱེན་དུ་འབར་བ། ལུས་ཐུང་ལ་གཟི་བརྗིད་ཆེ་བ། འཁོར་ལོ་རྩིབས་བརྒྱད་པའི་མུ་ཁྱུད་དང་ལྡན་པའི་བགེགས་ཀྱི་གཙོ་བོ་མནན་པར་བསྒོམས་ལ། མི་ཤེས་པའི་བགེགས་ཐམས་ཅད་ཤེས་རབ་ཀྱི་མཚོན་ཆེན་པོས་གཅོད་པར་བསམ་མོ། །དེ་ནས་ཡང་སྙིང་གའི་ཉི་མ་ལ་རང་གི་ས་བོན་གནས་པ་ལས་ཁྲོ་བོ་གནོད་མཛེས་བཏོན་ལ་ཕྱི་རོལ་གྱི་ཉོན་མོངས་པའི་སེམས་ཀྱིས་གདུག་པར་གྱུར་པ་ཀུན་དགུག་པར་བྱ་སྟེ། དེ་ཡང་ཞལ་གཅིག་ཕྱ་གཉིས་དང་ལྡན་པས་ལྕགས་ཀྱུ་དང༌། སྡིགས་མཛུབ་དང་ཞག་པ་འཆད་བས་བགེགས་ཐམས་ཅད་བཀུག་པར་བསམ་ལ། ཨོཾ་སུམྭྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བྷྰྣ་བི་དྱའ་རའ་ཛ་ཧཱུཾ་ཕཊ། ཅེས་བཀའ་བསྒོ་བར་བྱས་པས་ཕྱོགས་སྐྱོང་བཅུ་བཀུག་ལ། འཁོར་ལོའི་རྩིབས་རྣམས་དང་སྟེང་དུ་རང་རང་གི་ཕྱོགས་རྣམས་སུ་སྐྱེ་བར་བསམ་མ་མོ། །སེམས་གདུག་པ་དང་ལྡན་པ་དེ་རྣམས་ལ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ཕུར་པས་གདབ་ཅིང་སེམས་ཅན་གྱི་དོན་བྱ་བའི་ཕྱིར། ཨོཾ་གྷ་གྷ་


DTG015_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྷཱ་ཏ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གྲགས་པ་ཆེན་པོར་གྱུར་པ་དང༌། མི་དགེ་བ་བཅུ་སྤོང་བའི་ཚིག་སྙན་པར་གྲགས་པ་ཆེན་པོ་འཇིག་པའི་དུས་ཀྱི་སྤྲིན་གྱི་སྒྲ་ལྟ་བུས་རྣམ་པར་རྒྱལ་བ་དང༌། ནཱི་ལ་དཎྜ་དང༌། ཡ་མཱནྟ་ཀ་དང༌། ཨ་ཙ་ལ་དང༌། ཨ་མོ་གྷ་པཱ་ཤ་དང༌། ཧ་ཡ་གྲཱི་བ་དང༌། ཨ་མྲྀ་ཏ་ཀུཎྜ་ལི་དང༌། ཏྲཻ་ལོཀྱ་བི་ཛ་དང༌། ཨུཥྞཱི་ཥ་ཙ་ཀྲ་ལ་སོགས་པ་ཀུན་ཇི་སྐད་གསུངས་པའི་མདོག་དང༌། ཕྱག་མཚན་དང་ལྡན་པ་སྟོད་ཞལ་གསུམ་ཕྱག་དྲུག་པ། སྨད་གསལ་ཤིང་གི་རྣམ་པས་བགེགས་ཀྱི་གཙོ་བོ་རྣམས་ལ་བཏབ་པར་བསམ་མོ། །དེ་ནས་བགེགས་དེ་རྣམས་མི་དགེ་བ་སྤངས་ནས་དགེ་བ་ལ་ཆོས་སྡུད་པ་ཡང་ངོ༌། །ཡང་སརྦ་པཱ་པཾ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པ་བརྗོད་པས་སྡིག་པ་རྣམས་ལ་ཕུར་བ་བཏབ་པས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ཕུར་བ་བཏབ་ཅིང་སྡིག་པར་གྱུར་པ་གཏན་བཅོམ་པ་ནི། དག་གི་བགེགས་བཅོམ་ཞིང་སྡོམ་པའི་ཚུལ་ཁྲིམས་ལ་གནས་པར་བྱས་པའོ། །གང་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པའི་སྲུང་བའི་འཁོར་ལོ་འདི་ནི་ཚུལ་ཁྲིམས་ཆེན་པོ་དང་ལྡན་པའོ། །དེ་ནས་ར་བ་དང་དྲ་བ་སྤྲོ་བར་བྱ་བའི་ཕྱིར་ཡང་ཐུགས་ཀའི་ས་བོན་ལ་ས་འོད་ཟེར་གྱི་སྣང་བ་ཆེན་པོ་སྤྲོས་ཏེ། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་ཞེས་པས་ཕྱོགས་མཚམས་རྡོ་རྗེའི་ར་བར་གྱུར་པར་བསམ་མོ། །ཨོཾ་མེ་དི་ནཱི་བཛྲ་ཉཱུཾ་ཞེས་པས་ས་གཞི་སྣ་ཚོགས་རྡོ་རྗེར་བཅིང་ངོ༌། །ཨོཾ་བཛྲ་པཉྫ་ར་ཧཱུཾ། ཞེས་བརྗོད་པས་སྟེང་རྗེ་རྗེའི་གུར་དུ་བཅིང་ངོ༌། །ཨོཾ་བཛྲ་བི་ངན་ཧཱུཾ། ཞེས་པས་བར་སྣང་ལ་རྡོ་རྗེའི་བླ་རེར་གྱུར་པའོ། །ཨོཾ་བཛྲ་ས་ར་ཛཱ་ལ་ཞེས་པས་ར་བའི་ཕྱི་རོལ་དུ་མདའི་དྲ་བའོ། །ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ། ཞེས་པས་གསལ་བ་ཆེན་བོ་མེའི་ར་བ་འཇིག་པའི་དུས་ཀྱི་མེ་ལྟར་གང་གིས་ཀྱང་བཟོད་པར་དཀའ་བར་བསམ་མོ། །བྱང་ཆུབ་སེམས་ཀྱི་པར་ཆད་སེལ་བ་ཞེས་པ་སྲུང་བ་དམ་པོ་བྱ་བའི་ངེས་པ་སྟེ་དྲུག་པའོ།། །།

བདུན་པ། སྣོད་ཀྱི་འཇིག་རྟེན་ལ་མི་སྐྱོ་བར་བྱ་བའི་ངེས་པ།


DTG010_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་བསྲུང་བ་བྱ་བ་དེ་ཡང་བཟོད་པ་དང་ལྡན་པ་ཡིན་གྱི་མི་བཟོད་པས་ནི་དཀའ་ཐུབ་བསྲུང་བར་ལྟ་གལ་ལ་ནུས་ཏེ། དེ་བས་ན་སྡུག་བསྔལ་དང་དུ་ལེན་པ་ནི་སྡུག་བསྔལ་གྱི་སྣོད་ཁམས་གསུམ་མི་སྦོང་ཞིང་གསང་སྔགས་ཀྱི་ལམ་གྱིས་


DTG015_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞལ་ཡས་ཁང་པར་རྟེན་དང་བརྟེན་པར་བསྒོམས་པ་དང༌། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པའི་ཕྱིར་མངལ་གྱི་སྡུག་བསྔལ་ལ་བཟོད་པས་མངལ་སྐྱེས་ཀྱི་བསྐྱེད་པའི་ཚུལ་དང༌། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཕྱིར་ཕུང་པོ་ལ་སོགས་པ་ཐམས་ཅད་ལྷར་བསྐྱེད་པའོ། །དེའི་ཕྱིར་སྲུང་བ་ར་བའི་ནང་དུ་ཡུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་སྟོང་པ་ཉིད་དང༌། །མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། འདུས་མ་བྱས་པ་གྲུ་གསུམ་ནམ་མཁའི་ཁམས་ཅན་རིམ་གྱིས་ཕྲ་བ། ཁ་དོག་དཀར་པོ་མཐར་ཐུག་པ་མེད་པར་བསྒོམ་པར་བྱའོ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་བྱ་བ་ནི་དོན་ལ་འཇུག་པར་བྱ་སྟེ། འདི་ལྟར་ཉམས་སུ་ལེན་པ་ལ་ནི་ཚིག་གི་རྐང་རིམ་པ་མ་ཡིན་པས་གོ་བར་བྱའོ། །དེ་ཡང་དཀྱིལ་འཁོར་ཆེན་པོ་ཡངས་པ་ནི་འདིར་དཀྱིལ་འཁོར་ཆེན་པོ་ཡང་ཡིན། །ཡངས་པ་ཡང་དེ་ཡིན་པས་དཀྱིལ་འཁོར་ཆེན་པོ་ཡངས་པ་ཆེའོ། །དེ་ནི་དཀྱིལ་འཁོར་གསུམ་གྱི་རྟེན་བྱེད་པས་ཆེན་པོའོ། །ཡངས་པ་ཆེ་ནི་འདི་ལྟར་ཡི་གེ་ཡཾ་ལས་གྱུར་པ་གཞུ་ལྟ་བུ་ཁ་དོག་སྔོན་པོ་བ་དན་དང་བཅས་པ་རྒྱར་དཔག་ཚད་འབུམ་ཕྲག་བཞི་པ་སྟེང་འོག་ཏུ་སྣ་ཚོགས་རྡོ་རྗེ་གཉིས་ཀྱིས་མཚན་པའོ། །དེའི་སྟེང་དུ་མིང་ཡང་ཆེ་བ་ནི་མིང་གི་རྣམ་གྲངས་མང་པའོ། །རྒྱ་ཆེ་བ་ནི་ཆུའི་དཀྱིལ་འཁོར་ལ་ལྟོས་པའོ། །རཾ་ལས་བྱུང་བ་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ། འོག་དང་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་ལྷན་ཅིག་གཡུང་དྲུང་གིས་མཚན་པའོ། །དེའི་སྟེང་དུ་ཁ་དོག་ཆེ་ཞིང་ལུས་བོང་ཆེ་བ་སྟེ། ཁ་དོག་ཆེ་བ་ནི་དཀར་པོ་དྲི་མས་མ་གོས་པ་དང་བའོ། །ལུས་ཆེ་བ་ནི་སའི་དཀྱིལ་འཁོར་ལ་ལྷོས་པའོ། །དེ་ཡང་བཾ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་ཅིང་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ་སྟེང་དང་འོག་ཏུ་ཧཱུཾ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་ལྷན་ཅིག་པདྨས་མཚན་པའོ། །


DTG015_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེའི་སྟེང་དུ་གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ་གཟུགས་ཆེ་བ་ནི་ཁ་དོག་དང་དབྱིབས་ཀྱིས་ཀུན་ལ་ཁྱབ་པའོ། །ལུས་ཀྱང་ཆེ་བ་ནི་ལྷུན་པོ་རིའི་རྒྱལ་པོ་ལ་ལྟོས་པའོ། །ལཾ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་ཕྱེད་པས་མཚན་པ་འོག་དང་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་དང་ལྷན་ཅིག་རྡོ་རྗེ་མཚན་པའོ། །དེའི་སྟེང་དུ་སུཾ་ལས་གྱུར་པའི་ལྷུན་པོ་རྡོ་རྗེའི་རང་བཞིན་འོག་གི་རྒྱལ་དཔག་ཚད་དྲུག་ཅུ་དྲུག་ཅུ་པའོ། །སྟེང་གི་རྒྱར་དཔག་ཚད་དྲུག་ཅུ་དྲུག་བཅུ་པའོ། །དེའི་སྟེང་དུ་ཀྵ་ལས་གྱུར་པའི་སྣ་ཚོགས་པདྨ་ལྷུན་པོའི་ཕྱེད་ཙམ་མོ། །དེའི་ཕྱེད་ཀྱི་ཟེའུ་འབྲུ་དང་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་མོ། །དེའི་དབུས་སུ་བྷྲཱུཾ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་རྡོ་རྗེ་དབྱིངས་ཆེན་པོའི་ཁང་པ་བརྩེགས་པ། སྐུའི་དཀྱིལ་འཁོར་རླུང་གི་ཁོར་ཡུག་ལ་ཐུག་པ་རྒྱར་དཔག་ཚད་འབུམ་ཕྲག་བཞི་པའོ། །དེའི་ཕྱེད་ལ་གསུང་གི་དཀྱིལ་འཁོར་ཆུའི་ཁོར་ཡུག་ལ་ཐུག་པའོ། །དེའི་ཕྱེད་ལ་ཐུགས་ཀྱི་དཀྱིལ་འཁོར་སའི་ཁོར་ཡུག་ལ་ཐུག་པའོ། །དེའི་ཕྱེད་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །དེའི་ཡང་ཕྱེད་ནི་བཅོམ་ལྡན་འདས་ཀྱི་པདྨའོ། །པདྨའི་སུམ་ཆ་ནི་ལྟེ་བའོ། །དེ་ཡང་བདེ་བ་ཆེན་པོའི་འཁོར་ལོ་མ་གཏོགས་པ་གཞན་དེ་ཕན་ཆད་དབྱིབས་ནི་ཀུན་ནས་གྲུ་བཞི་པའོ། །སྒོ་ནི་ཟླ་བའི་རྣམ་གྲངས་ཀྱི་བཞི་བཞིའོ། །དེ་བཞིན་དུ་ཀ་བ་བཅུ་དྲུག་དང་རྟ་བབས་རྣམས་དང༌། དུར་ཁྲོད་བརྒྱད་དང་སྒོ་ཁྱུད་རྣམས་དང༌། འགྲམ་པ་དང༌། ལོགས་དང༌། རྩིག་པ་གཅིག་དང༌། གསུམ་དང༌། ཁ་དོག་ལྔའི་རྩིག་པ་དང༌། ཁ་ཁྱེར་རྣམས་དང༌། སྣ་ཚོགས་པའི་རིན་ཆེན་ཕ་གུ་དང༌། དྲ་བ་དང་དྲ་བ་ཕྱེད་པ་དང༌། བ་ཀུ་ལི་དང༌། ཀྲ་མ་ཤིར་ཥ་དང༌། དྲིལ་བུ་དང༌། རྒྱལ་མཚན་གྱིས་གཏམས་པ། མེ་ལོང་དང༌། རྔ་ཡབ་དང༌། མེ་ཏོག་གི་ཕྲེང་བ་དང༌། མཚམས་རྣམས་སུ་སྣ་ཚོགས་རྡོ་རྗེ་དང༌། རིན་པོ་ཆེས་སྤྲས་པ་རྡོ་རྗེའི་ཕྲེང་བས་ཀུན་དུ་བསྐོར་བ། ཟླ་བ་དང༌། ཉི་མ་དང༌། བུམ་པ་དང༌། རྔ་ཡབ་དང༌། བྱང་ཆུབ་ཀྱི་ཤིང་དང༌། ཡིད་བཞིན་གྱི་ནོར་བུ་ལ་སོགས་པའི་རྒྱན་གྱིས་བརྒྱན་པའི་སངས་རྒྱས་ཀྱི་ཞིང་ཁམས་སུ་སྒོམ་པ་ནི་སྣོད་ཀྱི་འཇིག་རྟེན་ལ་མི་སྐྱོ་


DTG015_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་བྱ་བའི་ངེས་པ་སྟེ་བདུན་པའོ།། །།

བརྒྱད་པ། དཔེ་བྱད་བརྒྱད་ཅུའི་ཉི་མའི་ཆ་དང་མ་ལ་ལན་པ་དང་རྡུལ་དུ་ངེས་པ་དང་། ཕུང་པོ་ལ་སོགས་པའི་ལྷའི་ཆོས་ཤེས་པ།


DTG010_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་སྐྱེ་གནས་ལ་ཇི་མི་སྙམ་པས་མངལ་དུ་འཇུག་པའི་རིམ་པ་བརྗོད་པར་བྱ་སྟེ། འདུ་བྱེད་ཡོངས་སུ་དག་པར་བྱ་བའི་ཕྱིར་རོ། །འདིར་དཀྱིལ་འཁོར་གྱི་ལྟེ་བ་ལ་གཡོན་སྐོར་གྱིས་ཨཾ་ཨིཾ་རྀ་ཨུཾ་ལྀཾ། ཨཾ་ཨེ་ཨར་ཨོཾ་ཨལ་ཧཾ་ཡཾ་ཁཾ་རཾ་ལཾ། གསུམ་པའི་ཆ་ལྔ་ཞེས་བྱའོ། །དེ་ལྟར་བཅོ་ལྔའི་མཐར་ཐིག་ལེ་ཨལ་དང་བཅུ་དྲུག་ཏུ་བྱ་བའོ། །དེ་ནས་གཡས་སྐོར་དུ་ནག་པོའི་ཚེས་གཅིག་ལ་སོགས་པའི་ཆ་སྦྱིན་ཏེ། ལཱ་ཝཱ་རཱ་ཡཱ་ཨཱ་ཨལ་ཨོ་ཨར་ཨེ་ཨ་ལཱྀ་ཨཱུ་རཱྀ་ཨཱི་ཨཱ། ཞེས་པ་ཆ་བཅོ་ལྔའི་མཐར་ཨཱཿ། ཞེས་པ་ཚེག་དྲག་དང་བཅུ་དྲུག་པའོ། །འདི་རྣམས་ནི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཏེ་ཟླ་བའི་ཆའོ། །དེ་ནས་ཀ་ལ་སོགས་པ་ཉི་མའི་དཀྱིལ་འཁོར་ལ་གསལ་བྱེད་ཀྱི་བདག་ཉིད་བཞི་བཅུ་དང་ལྡན་པ་དགོད་པར་བྱ་སྟེ། སྡེ་ཚན་དྲུག་ཏུ་བཅད་པ་ནི་སུམ་ཅུ་རྩ་ལྔར་འགྱུར་རོ། །དེ་བཞིན་དུ་ཝ་ལ་ར་ཡ་ཊ་དྷ་ལན་གཉིས་སུ་སྨོས་པའི་དབང་གིས་སོ། །གསལ་བྱེད་ཀྱི་མཐར་རིམ་པ་མིན་པས། ཌྷྜྷ་ཌྜ་རྲ་ཝྺ་ཡྻ་ལླ། སྶཾ་ཀྤྐྤ་ཥྵཾ་ཤྴཾ་ཥྐཥྐ་ཏྟཾ་ཐྠཾ་དྡཾ་དྷྡྷཾ་ནྣཾ། པྤཾ་ཕྥཾ་བྦཾ་བྷྦྷ་མྨ། ཊྚམ་ཋྛམ་ཌྜཾ་ཌྷྜྷཾ་ཎྞ། ཙྩཾ་ཚྪཾ་ཛྫཾ་ཛྷྫྷཾ་ཉྙཾ། ཀྐཾ་ཁྑཾ་གྒཾ་གྷྒྷཾ་ངྔཾ། ཞེས་པ་བཞི་བཅུ་གཡས་སྐོར་ཏེ། །ས་ལ་སོགས་པའི་དབྱེ་བ་དང་ལྡན་པའོ། །དེ་ནས་གཡོན་སྐོར་དུ་དགོད་པ། ད་གྷ་ག་ཁ་ཀ །ཉ་ཛྙ་ཛ་ཚ་ཙ། ཎ་ཌྷ་ཌ་དྲ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ཋ་ཤ་ཥ་ཀྲ་ས། ཡ་ར་ཝ་ལ། དྷ་ཊ་ཝ་ལ་ར་ཡ། ཞེས་པའི་བཅུའོ། །དེ་ལྟར་དཔེ་བྱད་བརྒྱད་ཅུ་ཉི་མའི་ཆ་དང་མ་ལ་ལན་པ་དང་རྡུལ་དུ་དེས་པ་དང༌། ཕུང་པོ་ལ་སོགས་པའི་ལྔའི་ཆོས་ཤེས་པ་སྟེ་བརྒྱད་པའོ།། །།

དགུ་པ། སྦྱོར་བའི་བརྩོན་འགྲུས་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབ་པའི་ངེས་པ།


DTG010_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་བཟོད་པ་ལ་སོགས་པའི་ཆོས་ལྡོག་པ་བརྩོན་འགྲུས་ཆེན་པོ་བརྟུལ་བ་མེད་ན་འཕེལ་བར་མི་འགྱུར་ཏེ། །དེའི་ཕྱིར་སྦྱོང་བའི་བརྩོན་འགྲུས་ནི་བསྟན་མ་ཐག་པ་དེ་དང་རྣམས་པར་ཤེས་པ་རྣམ་པར་དག་པ་ལ་སོགས་པ་འདིས་ཀྱང་དོ། །རྫོགས་པའི་སངས་རྒྱས་སུ་བཞེངས་པ་ཉིད་ནི་མི་ལྡོག་པའི་བརྩོན་འགྲུས་སོ། །མཆན་དང་དཔེ་བྱད་ལ་སོགས་པས་བརྒྱན་པ་ནི་ཡོངས་སུ་མཐར་ཕྱིན་པའི་བརྩོན་འགྲུས་སོ། །ཉི་མ་དང་ཟླ་པའི་དབུས་སུ་ཧཱུཾ་གིས་བྱས་པའི་རྡོ་རྗེ་


DTG015_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པར་ཤེས་པ་ཧཱུཾ་དང་ལྡན་པའོ། །དེ་ཡང་ཟླ་བ་དང་དབྱངས་ཡིག་ལྡན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་མི་བསྐྱོད་པ་སྟེ། མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་པའོ། །ཉི་མའི་དཀྱིལ་འཁོར་གསལ་བྱེད་དང་ལྡན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཚོར་བའི་ཕུང་པོ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་ཏེ། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ས་བོན་ཧཱུཾ་དང་རྡོ་རྗེ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང་འདུ་ཤེས་དང་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་སྣང་བ་མཐའ་ཡས་ཏེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པའོ། །དེ་རྣམས་འོད་ཟེར་དྲི་མ་མེད་ཅིང་ཁ་དོག་ལྔ་དང་ལྡན་པར་སྤྲོས་ཏེ། མིང་དང་གཟུགས་ཡོངས་སུ་སྦྱངས་ནས་རོ་གཅིག་པར་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དོན་ཡོད་གྲུབ་པའོ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །ཞེས་པའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་ནས་རྣམ་པར་ཤེས་པ་ཧཱུཾ་དང་ལྡན་པར་བྱས་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དང་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའི་རང་བཞིན་རྣམ་པར་སྣང་མཛད་དོ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་པའོ། །སྦྱོར་བའི་བརྩོན་འགྲུས་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབ་པའི་ངེས་པ་སྟེ་དགུ་པའོ།། །།

བཅུ་པ། ཚིག་གི་མཚན་ཉིད་དེ་དེ་ལྟར་བཅོམ་ལྡན་འདས་ཀྱི་ངེས་པ།


DTG010_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་མི་ལྡོག་པའི་བརྩོན་འགྲུས་ཀྱིས་ལྷ་རྣམས་ཀྱི་སྐུ་མངོན་པར་རྫོགས་པར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་དམ་པ་དང་པོ་ནི་མིང་དང་གཟུགས་ཡོངས་སུ་དག་པ་སྟེ། ཞལ་བཞི་པ་སྦྱིན་བཅུ་གཉིས་པ། དཔུང་པ་བཅུ་གཉིས་པ། ཕྱག་ཉི་ཤུ་རྩ་བཞི་དང་ལྡན་པ། མགྲིན་པ་གསུམ་པ་ཞལ་བཞི་གདངས་ཤིང་མཆེ་བ་གཙིགས་པ་སྐུ་ལུས་སྔོན་པོ་ཤར་གྱི་ཞལ་ནག་པོ་དྲག་པོའོ། །གཡས་ཀྱི་ཆགས་པ་དང་བཅས་པ་དམར་པོའོ། །གཡོན་གྱི་རབ་ཏུ་ཞི་བ་དཀར་


DTG015_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའོ། །ནུབ་ཀྱི་ཏིང་ངེ་འཛིན་ལ་གནས་པ་སེར་པོའོ། །མགྲིན་པ་དབུས་མ་སྔོན་པོའོ། །གཡས་ཉི་མ་ལྟར་དམར་བ། གཡོན་ཟླ་བའི་མདོག་ལྟ་བུའོ། །དཔུང་པ་གཡས་དང་པོ་ནི་སྔོན་པོའོ། །གཉིས་པ་དམར་པོ། །གསུམ་པ་ནི་དཀར་པོ། དེ་བཞིན་དུ་གཡོན་པ་ཡང་ངོ༌། །དེ་བཞིན་དུ་ཡང་གཡས་པའི་དང་གཡོན་པའི་གཉིས་ནི་སྔོན་པོ། གཉིས་ནི་དམར་པོ། གཉིས་ནི་དཀར་པོའོ། །དེ་བཞིན་གཡས་པ་དང༌། གཡོན་པའི་ལག་པ་བཞི་ནི་ནག་པོ། །བཞི་ནི་དམར་པོ། །བཞི་ནི་དཀར་པོའོ། །དེ་བཞིན་དུ་སོར་མོའི་ཚིགས་གསུམ་གསུམ་དང༌། མཐེ་བོང་ནི་སེར་པོའོ། །མཛུབ་མོ་ནི་དཀར་པོའོ། །གུང་མོ་ནི་དམར་པོའོ། །སྲིན་ལག་ནི་ནག་པོའོ། །མཐེའུ་ཆུང་ནི་ལྗང་གུའོ། །ལག་མཐིལ་ནས་སོར་མོ་ཀུན་གྱི་ཚིགས་དང་པོ་ནི་ནག་པོའོ། །གཉིས་པ་ནི་དམར་བོའོ། །གསུམ་པ་ནི་དཀར་པོའོ། །ཞབས་གཉིས་ཀྱིས་པདྨ་དང་ཟླ་བ་དང་ཉི་མའི་སྟེང་དུ་དྲག་པོ་དང་འདོད་ལྷ་མནན་པ་སྟེ། དེ་ལ་འདོད་པའི་ལྷ་ནི་མེ་ཏོག་ལྔའི་མདའ་དང་གཞུ་ཐོགས་ཤིང༌། ཞགས་པ་དང་ལྕགས་ཀྱུ་ཐོགས་པའི་ལག་པ་བཞི་པ་གདོང་གཅིག་པ་མདོག་དམར་པོ་སྟེ། ཞབས་གཡས་པའི་མཐིལ་དམར་པོས་མནན་པའོ། །དེ་བཞིན་དུ་དབང་ཕྱུག་གདོང་གཅིག་པ་མིག་གསུམ་པ་ལག་པ་བཞིས་རྩེ་གསུམ་དང༌། ཅང་ཏེའུ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པ་དཀར་པོ་སྟེ། ཞབས་གཡོན་པའི་མཐིལ་དཀར་པོས་མནན་པའོ། །ཕྱག་དང་པོ་བཞིའི་མཐིལ་དང་པོ་ལ་རྡོ་རྗེ་དང༌། གཉིས་པ་ལ་རལ་གྲི། གསུམ་པ་ན་རྩེ་གསུམ་པ། བཞི་པ་ན་གྲི་གུག་གོ །དེ་བཞིན་དུ་ཕྱག་དམར་པོ་བཞིའི་མཐིལ་དང་པོ་ལ་མེའི་མདའོ། །གཉིས་པ་ན་རྡོ་རྗེ་ལྕགས་ཀྱུ། གསུམ་པ་ན་སྒྲ་སྒྲོགས་པའི་ཅང་ཏེའུ། བཞི་པ་ན་ཐོ་བའོ། །ཕྱག་དཀར་པོ་བཞིའི་མཐིལ་དང་པོ་ན་འཁོར་ལོ། །གཉིས་པ་ན་མདུང༌། གསུམ་པ་ན་དབྱུག་པ། བཞི་པ་ན་དགྲ་སྟའོ། །རྡོ་རྗེ་ཅན་གྱི་གཡས་པའི་ཉི་མའི་ཕྱག་གི་མཚོན་ཆའི་ཚོགས་སོ། །གཡོན་གྱི་དང་པོ་ན་དྲིལ་བུ། གཉིས་པ་ན་ཕུབ། གསུམ་པ་ན་ཁ་ཊྭཱཾ་ག་གདེངས་པ། བཞི་པ་ན་ཁྲག་གིས་བཀང་བའི་ཐོད་པའོ། །


DTG015_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་བཞིན་དུ་དམར་པོ་བཞིའི་མཐིལ་དང་པོ་ན་གཞུ། གཉིས་པ་ན་ལྕགས་ཀྱུ། གསུམ་པ་ན་ནོར་བུ་རིན་པོ་ཆེ། བཞི་པ་ན་པདྨ་དཀར་པོ། །དཀར་པོ་བཞིའི་མཐིལ་དང་པོ་ན་དུད་ཆོས། །གཉིས་པ་ན་མེ་ལོང༌། གསུམ་པ་ན་རྡོ་རྗེ་ལྕགས་སྒྲོག །བཞི་པ་ན་ཚངས་པའི་མགོ་བོ། ཟླ་བའི་ཕྱག་གཡོན་པའི་མཚོན་ཆའི་ཚོགས་སོ། །བཅོམ་ལྡན་འདས་དང་གཉིས་སུ་མེད་པའི་ཡུམ་སྣ་ཚོགས་མ་ནི་ཞལ་བཞི་སྤྱན་བཅུ་གཉིས་པ་ཕྱག་བརྒྱད་མ་སྐུ་མདོག་དམར་སེར་མོ། བཅོམ་ལྡན་འདས་གཡས་བརྐྱང་བ་ཡུམ་གཡོན་བརྐྱང་བས་འཁྱུད་པ། གཡས་དང་པོ་གྲི་གུག་གཉིས་པ་ན་ལྕགས་ཀྱུ། གསུམ་པ་ན་ཅང་ཏེའུ་སྒྲ་སྒྲོགས་པ། བཞི་པ་ན་བགྲང་ཕྲེང་ངོ༌། གཡོན་གྱི་དང་པོ་ན་ཉ་ཕྱིས། གཉིས་པ་ན་ཞགས་པ། གསུམ་པ་ན་པདྨ་དཀར་པོ་འདབ་མ་བརྒྱད་པ། བཞི་པ་ན་རིན་པོ་ཆེ་བཟང་པོ། །ཕྱག་རྒྱ་ལྔས་རྒྱས་བཏབ་ཅིང་སྙོམས་པར་འཇུག་པས་གནས་པ། འདིར་བཅོམ་ལྡན་འདས་ནི་ཟླ་ཕྱེད་རྡོ་རྗེ་དང༌། སྣ་ཚོགས་རྡོ་རྗེ་དང༌། རྡོ་རྗེ་སེམས་དཔའི་ཅོད་པན་ཡིན་ལ། བཅོམ་ལྡན་འདས་མ་ནི་རྡོ་རྗེ་སེམས་དཔའ་ཙམ་མོ། །འདི་དག་ལ་ཡང་རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གཞན་དུ་ན་རྡོ་རྗེ་འཇིགས་བྱེད་ཞལ་དྲུག་པ་དང། གདོང་བརྒྱ་པ་ཞེས་པ་ནི་རིགས་དེས་པའི་ཁྲོ་བོ་དང༌། གདུལ་བྱའི་རིགས་གཅིག་པ་ཙམ་ལ་དགོངས་པའོ། །འདིར་ནི་རིགས་མཐའ་དག་དང༌། འཇིག་རྟེན་དང་འཇིགས་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་དགོངས་པའོ། །དེ་བས་ན། རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །ཞེས་པ་ནི་འདིར་བཅོམ་ལྡན་འདས་ཀྱི་སྟོབས་ཕུན་སུམ་ཚོགས་པ་བསྟན་ཏོ། །རྡོ་རྗེ་གྲགས་པ་རྡོ་རྗེ་སྙིང་གིས་ཡེ་ཤེས་ཕུན་སུམ་ཚོགས་པའོ། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ཞེས་པས་ནི་སྤྲུལ་པ་ཕུན་སུམ་ཚོགས་པས་ཀུན་བསྐྱེད་པའོ། །རྡོ་རྗེ་སྙིང་པོ་མཁའ་འདྲ་བས་ཡེ་ཤེས་ཕུན་སུམ་ཚོགས་པའི་དཔེའི་དོན་ཏོ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། མི་བསྐྱོད་པའི་རྟགས་རལ་པའི་ཐོར་ཚུགས་གཅིག་ཏུ་བསྒྱིངས་པའོ། །གླང་ཆེན་ཀོ་རློན་ན་བཟང་གྱོན་པ་ནི་སྟག་གི་ཤམ་ཐབས་དང་ཞེས་པ་གཞན་ཡང་སྟོན་པའོ། །


DTG015_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དྲག་ཆེན་ཧ་ཧ་ཞེས་སྒྲོགས་པའི་ཚིགས་བཅད་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་གསུང་དྲག་པོས་མ་རུངས་པ་འདུལ་བའོ། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །ཞེས་ཚིགས་བཅད་གཉིས་ཕྱག་མཚན་ཉིད་ཀྱི་མཚན་ཉིད་དེ། རྡོ་རྗེ་འབར་བ་མིག་མི་བཟད། །ཅེས་པ་ནས་ཚིགས་བཅད་གཉིས་ཀྱིས་མཚན་དང་དཔེ་བྱད་མདོར་བསྟན་པར་ཙམ་མོ། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །རྒྱན་གྱི་བརྒྱན་པ་སྟེ། །ཅོད་པན་དང༌། རྣ་རྒྱན་དང༌། མགུལ་དོ་དང༌། གདུ་བུ་དང༌། དཔུང་རྒྱན་དང༌། སྐེ་རགས་དང༌། རྐང་རྒྱན་དང༌། དར་དཔྱངས་དང༌། རྡོ་རྗེའི་ཕྲེང་བ་དང༌། སྟག་གི་ཤམ་ཐབས་ལ་སོགས་པ་ཀུན་ནོ། །གད་རྒྱངས་ཧ་ཧ་ཞེས་པ་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་གསུང་གི་མཚན་ཉིད་དོ། །ཚིག་གི་མཚན་ཉིད་དེ་དེ་ལྟར་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ་བཅུ་པའོ།། །།

བཅུ་གཅིག་པ། ས་བོན་སྤྲོས་ནས་བཀོད་པའི་ངེས་པ།


DTG010_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དཀྱིལ་འཁོར་པ་ཀུན་བསྐྱེད་པའི་ཕྱིར་ལས་ཀྱི་ཕྱག་རྒྱ་བཅུ་དྲུག་མའམ། ཡེ་ཤེས་ཀྱི་ཕྱག་རྒྱ་རིག་མ་བྱིན་གྱིས་བརླབས་ཏེ། སྔོན་དུ་གསུངས་པའི་རིམ་པ་ཀུན་བླ་མའི་གདམས་ངག་གིས་བཤད་མ་ཐག་པ་ལས་གོ་བར་བྱའོ། །འདིར་ཕྱི་དང་ནང་གི་རིམ་པ་བཞིན་བརྟགས་པས་དགའ་བ་བརྩམ་པ་ནི་ཇི་སྐད་དུ། གཟུགས་དང་ལོང་ཆོས་བརྒྱན་པ་ནི། དང་པོ་ལེགས་པར་བསླབ་པར་བྱ། །བསླབས་ནས་སྒྲུབ་པ་བརྩམ་པར་བྱའོ། །སྐུ་གསུང་ཐུགས་ནི་ཆགས་པ་རྣམས། །དཔྲལ་བ་ལ་སོགས་གནས་གསུམ་དགོད། །སྭཱ་ཧཱ་གསང་བ་གཙུག་གཏོར་ཆེ། །དེ་ནས་པདྨ་རྣམ་པར་སྦྱང༌། །ཨ་ལས་པདྨ་འདབ་བརྒྱད་ལ། །ཧཱུཾ་གི་ཡི་གེ་རྡོ་རྗེ་ལྡན། །ཤེས་རབ་ཐབས་ཀྱི་རྒྱུ་རུ་ནི། །དེ་ལྟར་རྡོ་རྗེ་བཅས་པདྨ། །ཧཱུཾ་ལས་རང་གི་རྡོ་རྗེ་ནི། །རྩེ་ལྔ་པ་རུ་རྣམ་པར་བསྒོམ། །དེ་དབུས་པདྨ་འདབ་བརྒྱད་པ། །ཨ་ལས་རབ་ཏུ་བརྟག་པར་བྱ། །དེ་ལྟར་པདྨ་རྡོ་རྗེར་བཅས། །བྱས་ནས་པདྨར་གཞུག་པར་བྱ། །དེ་ནས་དཔའ་བོས་ཧཱུཾ་ཧཱུཾ་བརྗོད། །ཅེས་པའི་དོན་གོ་སླ་སྟེ། དེ་ནས་བྷ་གའི་ནང་དུ་ནི་རྡོ་རྗེ་ཕྲེང་བ་རིམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་གེ་སར་དང་བཅས་པའི་པདྨོའོ། །དེའི་སྒོའི་ནང་


DTG015_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་བྱང་ཆུབ་སེམས་དཔའི་ཕོ་བྲང་ངོ༌། །དེ་ལ་སྒོ་བཞིའོ། །དེའི་ཕྱི་རོལ་དུ་གསུང་གི་དཀྱིལ་འཁོར་རོ། །གནས་ཀྱི་ཆ་དེ་རྣམས་དེར་རང་རང་གི་པདྨའི་ཟེའུ་འབྲུ་སོ་སོ་ལ་ཟླ་བ་ཉི་མའི་དབུས་སུ་སོན་པའི་ཨ་ཨཱ་ཨཾ་ཨཿ། བཞི་ཤར་ལ་སོགས་པར་རིམ་པ་བཞིན་ནོ། །དེ་བཞིན་དུ་མེ་ལ་སོགས་པར་ཧ་ཧ་ཧཾ་ཧ་བཞིའོ། །དེ་ནས་རིམ་པ་གཉིས་པའི་འདབ་མ་ལ། ཨོཾ་ནི་ཆོས་ཀྱི་དུང་གིའོ། །ཧཱུཾ་ནི་ཡིད་བཞིན་གྱི་ནོར་བུའིའོ། །ཧོ་ནི་དཔག་བསམ་གྱི་ཤིང་གིའོ། །ཨཱཿ་ནི་ཆོས་ཀྱི་གཎྜཱིའོ། །དེ་བཞིན་དུ་མཚམས་རྣམས་སུ། ཧི་ཧི། ཧྲྀ་ཧྲྀ། ཧུ་ཧུ། ཧླྀ་ཧླྀ། བུམ་པ་བརྒྱད་ཀྱིའོ། །དེ་ནས་རིམ་པ་གསུམ་པ་ལ། ཨ་ཨི་རྀ་ཨུ་ལྀ་རྣམས་ཀྱིས་ཕྱོགས་ཀྱིའོ། །དེ་བཞིན་དུ་ལྀ་ཨུ་རྀ་ཨི་ཨ་རྣམས་ནི་མཚམས་རྣམས་སུའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་ནོ། །ལྀ་ནི་སྤྱན་མའོ། །ཨུ་ནི་མཱ་མ་ཀཱིའོ། །རྀ་ནི་གོས་དཀར་མོའོ། །ཨི་ནི་སྒྲོལ་མའོ། །དཔལ་གྱི་ཡུམ་གྱི་ནི་ཧོའོ། །དེ་བཞིན་དུ་ཨི་ནི་ཀུན་དུ་བཟང་པོའོ། །ཨ་ནི་ཕྱག་ན་རྡོ་རྗེའོ། །ཨེ་ནི་ནམ་མཁའི་སྙིང་པོའོ། །ཨར་ནི་སའི་སྙིང་པོའོ། །ཨོ་ནི་འཇིག་རྟེན་དབང་ཕྱུག་གིའོ། །ཨ་ལ་ནི་སྒྲིབ་པ་རྣམ་པར་སེལ་བའི་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དེ་བཞིན་ཨ་ནི་ཆོས་ཀྱི་དབྱིངས་ཀྱིའོ། །ཨཱི་ནི་སྒྲ་རྡོ་རྗེ་མའིའོ། །ཨེ་ནི་རེག་རྡོ་རྗེ་མའིའོ། །ཨཱར་ནི་རོ་རྡོ་རྗེ་མའིའོ། །ཨཽ་ནི་གཟུགས་རྡོ་རྗེ་མའིའོ། །ཨལ་ནི་དྲི་རྡོ་རྗེ་མའིའོ། །རྡོ་རྗེ་སེམས་མ་རྣམས་ཀྱིའོ། །དེ་བཞིན་ཧ་ནི་རབ་སྟོབས་ཀྱིའོ། །ཝ་ནི་འགུགས་བྱེད་ཀྱིའོ། །ཧ་ནི་རེངས་བྱེད་ཀྱིའོ། །ར་ནི་ང་རྒྱལ་ཅན་གྱིའོ། །ཧི་ནི་རེངས་བྱེད་མའིའོ། །ཝ་ནི་ང་རྒྱལ་ཅན་མའིའོ། །ཡ་ནི་ཤིན་ཏུ་བརྩོན་འགྲུས་མའིའོ། །ར་ནི་ལྐུགས་བྱེད་མའིའོ། །ཐུགས་ཀྱི་འཁོར་ལོའི་སྒོ་བ་རྣམས་ཀྱིའོ། །དེ་བཞིན་དུ་གསུང་གི་འཁོར་ལོའི་ས་བོན་རྣམས་ཏེ་རྒན་བྱད་མའི་ན་ཧའོ། །ཧཾ་ནི་དབང་ཕྱུག་ཆེན་མོའིའོ། །ཁྱབ་འཇུག་མའི་ནི་ཀྵའོ། །ཕག་མོའི་ནི་ཧེའོ། །གདོང་དྲུག་མའི་ནི་ཀྵའོ། །དབང་མོའི་ནི་ཧེའོ། །ཚངས་མའི་ནི་ཀྵའོ། །དབང་མོ་དྲག་མོའི་ནི་ཧའོ། །དཔལ་མོའི་ནི་ཀྵཾ་ངོ༌། །གཙོ་མོ་རྣམས་ཀྱི་ས་བོན་ནོ། །ཧི་ཡ་ཨི་ཡྲྀ་ཀཥི་ཡུ་ཡླྀ་ཡཾ་བརྒྱད་ཀྱིས་ནི་རྒན་བྱད་མའི་ཕྱོགས་བཞི་


DTG015_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་མཚམས་སུ་རིམ་པ་བཞིན་འཁོར་རྣམས་ཀྱི་ས་བོན་ནོ། དེ་བཞིན་དུ་ཀཥི་ཡཱ་ཡི་ཡྲཱྀ་ཀཥཱི་ཡཱུ་ཡླཱྀ་ཡཿ། བརྒྱད་ནི་འཇུག་མའིའོ། །དེ་བཞིན་དུ་ཧྲྀ་རྀ་རྲྀ་ཧྲྀ་རུ་རླྀ་རཾ་ཕག་མོའིའོ། །ཀཥི་རཱ་རཱྀ་རྲཱྀ་ཀྵྼཱྀ་རུ་རླཱྀ་རཿ། གདོང་དྲུག་མའིའོ། །ཧླྀ་ལ་ལྀ་ལྲྀ་ཧླཱྀ་ལུ་ལླྀ་ལཾ་དབང་མོའིའོ། །ཀྵླྀ་ལཱ་ལཱྀ་ཡྲྀ་ཀྵླྀ་ལཱུ་ལླྀ་ལཿ་ཚངས་མའིའོ། །ཧུ་ཝ་ཝི་ཝྲྀ་ཧུ་ཝུ་ཝླྀ་ཝཾ་ནི་དྲག་མོའིའོ། །ཀཥུ་ཝ་ཝི་ཝྲྀ། ཀཥུ་ཝཱུ་ཝླྀ་ཝཿ་ནི་དཔལ་ཆེན་མོའིའོ། །འཁོར་རྣམས་ཀྱི་ས་བོན་ནོ། །རྣམ་པར་རྒྱལ་བའི་ཨའོ། །གཤིན་རྗེ་མཐར་བྱེད་ཀྱི་རའོ། །པདྨ་མཐར་བྱེད་ཀྱི་ལྀའོ། །བགེགས་མཐར་བྱེད་ཀྱི་ཨུའོ། །སྒོ་བ་རྣམས་ཀྱི་ས་བོན་ནོ། །མེ་ལྷའི་ནི་ཏཾ་ངོ༌། །རླུང་ལྷའི་ནི་ཉཾ་ངོ༌། །གཤིན་རྗེའི་ངཾ་ངོ༌། །ཏྲཾ་ནི་སྲིན་པོའིའོ། །གཞོན་ནུའི་ནཾ་ནོ། །གནོད་སྦྱིན་གྱི་ནི་ཀཾ་ངོ༌། །བརྒྱ་བྱིན་གྱི་ནི་ཏཾ་ངོ༌། །ཚངས་པའི་ནཾ་ནོ། །དྲག་པོའི་ནི་སཾ་ངོ༌། །ཆུ་ལྷའི་པཾ་ངོ༌། །ཚོགས་ཀྱི་བདག་པོའི་ནི་ཙཾ་ངོ༌། །ཁྱབ་འཇུག་གི་ནི་ཀཾ་ངོ༌། །སྐུའི་དཀྱིལ་འཁོར་གྱི་ས་བོན་ནོ། །ཡ་ཝ་ར་ལ་ནི་དབྱུག་པ་སྔོན་པོ་དང་མི་གཡོ་བ་དང་འདོད་པའི་རྒྱལ་པོ་དང་སྟོབས་པོ་ཆེ་རྣམས་ཀྱི་ས་བོན་ནོ། །ཡ་ནི་ལུ་གུ་རྒྱུད་མའིའོ། །ཝ་ནི་ཙུནད་མའིའོ། །ར་ནི་ཁྲོ་གཉེར་མའིའོ། །ལ་ནི་འོད་ཟེར་ཅན་གྱིའོ། །སྐུའི་དཀྱིལ་འཁོར་གྱི་སྒོ་བ་རྣམས་ཀྱིའོ། །ད་ནི་ཀ་བ་འདེགས་པའི་ཀླུ་རྣམས་ཀྱི་ས་བོན་བརྗོད་པར་བྱ་སྟེ། ཧྱ་ཧྱ་ནི་སྟོབས་ཀྱི་རྒྱུ་དང་པདྨའིའོ། །ཧྲ་ཧྲ་ནི་འཇོག་པོ་དང༌། པདྨ་ཆེན་པོའིའོ། །ཧླ་ཧླ་ནི་ནོར་རྒྱས་དང་དུང་སྐྱོང་གིའོ། །ཧྭ་ཧྭ་ནི་མཐའ་ཡས་དང་རིགས་ལྡན་གྱིའོ། །ད་ནི་ཁྱི་གདོང་ལ་སོགས་པ་རྣམས་ཀྱི་བརྗོད་དེ། ཀྑྒྒྔ་ནི་ཤར་གྱི་དུར་ཁྲོད་ཀྱིའོ། །ཁྐྴྨྷ་ལྷོའིའོ། །ཙྪྫྫྷྙ་ནུབ་ཏུའོ། །ཀྵྨྲྱུ་བྱང་དུའོ། །ཊྛྜྜྷྞ་མེ་རུའོ། །ཎྜྷྟ་བདེན་བྲལ་དུའོ། །ཏྠྡྡྷྣ་རླུང་དུའོ། །མྦྷྥྤ་དབང་ལྡན་དུའོ། །ས་བོན་སྤྲོས་ནས་བཀོད་པའི་ངེས་པ་སྟེ་བཅུ་གཅིག་པའོ།། །།

བཅུ་གཉིས་པ། གདན་རྣམས་ཀྱི་ངེས་པ།


DTG010_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཕྱིའི་གཞལ་ཡས་ཁང་དུ་ལྷ་སོ་སོའི་གདན་གྱི་སྟེང་དུ་དབྱུང་བར་བྱ་སྟེ། འདི་ལྟར་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་རྣམ་པར་ཤེས་པ་བརྒྱ་ད་དང་དགའ་བ་བཞི་དང་སྐད་ཅིག་མ་བཞིའི་ངོ་བོར་རྟོགས་པས་འབྲས་བུ་བཞིར་གྱུར་པ་ནི། རྣམ་པ་ཉི་ཤུས་བྱང་ཆུབ་པ་སྟེ་དེའི་ཚུལ་


DTG015_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་བསྐྱེད་པར་བྱའོ། །དེའི་ཕྱི་རོལ་དུ་སྟན་གྱི་བཀོད་པ་བསྟན་པར་བྱ་སྟེ། དེ་ལ་གཙོ་བོ་ཡབ་ཡུམ་ནི་བསྟན་ཟིན་ཏོ། །འདིར་ནག་མོ་འབར་མ་ནས་བརྩམས་ཏེ་ཐུགས་ཀྱི་འཁོར་ལོའི་རིམ་པ་བསྡུས་པ་ནི་པདྨ་དང་ཟླ་བ་དང་ཉི་མའི་གདན་ནོ། །གསུང་གི་དཀྱིལ་འཁོར་གྱི་རྒན་བྱད་མ་ལ་སོགས་པའི་སྟན་ནི། ཤར་དུ་རྒྱན་བྱད་མ་ལ་སོགས་པ་དགུ་ནི་ཡི་དགས་དམར་མོའོ། །དེ་བཞིན་དུ་ཁྱབ་འཇུག་མའི་ནི་ནམ་མཁའ་ལྡིང་ངོ༌། །ཕག་མོའི་མ་ཧེའོ། །གཞོན་ནུ་མའི་རྨ་བྱའོ། །དབང་མོའི་ནི་གླང་པོ་ཆེའོ། །ཚངས་མའི་ནི་དང་པའོ། །དྲག་པོའི་གླང་ངོ༌། །དཔལ་ཆེན་མོའི་ནི་སེང་གེའོ། །དེ་དག་ཀུན་ཀྱང་པདྨའི་སྟེང་དུའོ། །ད་ནི་སྐུའི་དཀྱིལ་འཁོར་གྱི་བརྗོད་པར་བྱ་སྟེ། བདེན་བྲལ་ལ་ཡི་དགས་དམར་མོའོ། །ཁྱབ་འཇུག་ལ་ནི་ནམ་མཁའ་ལྡིང་ངོ༌། །གཤིན་རྗེའི་མ་ཧེའོ། །གཞོན་ནུའི་རྨ་བྱའོ། །དབང་པོའི་གླང་པོ་ཆེའོ། །ཚངས་པའི་ནི་ངང་པའོ། །དྲག་པོའི་ནི་གླང་ངོ༌། །ནོར་བདག་གི་ནི་གླང་པོ་ཆེའོ། །མེ་ལྷའི་ནི་ལུག་གོ །ཆུ་ལྷའི་ནི་ཆུ་སྲིན་ནོ། །རླུང་ལྷའི་ནི་ཤ་བའོ། །ཚོགས་བདག་གི་བྱི་བའོ། །ད་ནི་སྒོ་བའི་བརྗོད་དེ། འོད་ཟེར་ཅན་གྱི་ཕག་པ་བདུན་གྱི་ཤིང་རྟའོ། །སྐུལ་བྱེད་མའི་རྟ་བདུན་པའི་ཤིང་རྟའོ། །ཁྲོ་གཉེར་ཅན་གྱི་ནི་སེང་གེ་བདུན་པའི་ཤིང་རྟའོ། །དེ་བཞིན་དུ་ཁྭ་གདོང་མའི་ནི་བེ་རུཎྜྷའོ། །བྱ་རྒོད་གདོང་མའི་ཀྲུང་ཀྲུང་ངོ༌། །ནམ་མཁའ་ལྡིང་གི་གདོང་མའི་ནི་མིག་མའོ། །འུག་པའི་གདོང་མིའི་ནི་འཇུག་མའི་གདོང་མའོ། །མཚམས་ཀྱིའོ། །ཁྱི་གདོང་མའི་ནི་བསེ་རུ་གཅིག་གོ །ཕག་གདོང་མའི་ནི་དོམ་མོ། །ཅེ་སྦྱང་མའི་ནི་བསེ་རུ་གཅིག་གོ །སྟག་གི་གདོང་མའི་ནི་གཡག་གོ །ཕྱོགས་ཀྱིའོ། །གདན་རྣམས་ཀྱི་ངེས་པ་སྟེ་བཅུ་གཉིས་པའོ།། །།

བཅུ་གསུམ་པ། ལྟ་རྣམས་ཀྱི་སྐུ་མདོག་དང་མཚན་མ་དང་བཞུགས་ས་དང་ཕྱོགས་ཀྱི་ངེས་པ།


DTG010_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ལྷ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་བརྗོད་དེ། དེ་དག་ལ་ནག་མོ་འབར་མ་ལ་སོགས་པ་རང་གི་མིང་གི་མདོག་ཅན་ཞལ་བཞི་བཞི་སྤྱན་བཅུ་གཉིས་མ་ཕྱག་བརྒྱད་པའོ། །ནག་མོ་འབར་མ་དང་སེར་མོ་འབར་མའི་ཞལ་མདོག་ནི་དང་པོ་སེར་པ། གཡས་དཀར་བ་གཡོན་དམར་བ་ནུབ་སྔོན་པོའོ། །དཀར་མོ་འབར་མའི་ཤར་དཀར་བ། ལྷོ་གནག་པ། ནུབ་དམར་པོ། །བྱང་སེར་


DTG015_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའོ། །དམར་མོ་འབར་མའི་དང་པོ་དམར་བ། །གཡས་ནག་པོ། གཡོན་དཀར་པོ། །ནུབ་སེར་པོའོ། །ནག་མོ་འབར་མའི་གཡས་དང་པོ་ན་སྤོས་སྣོད། གཉིས་པ་ན་ཙནྡན་དང་གུར་གུམ་གྱི་སྣོད། བཞི་པ་ན་ནི་གླ་རྩི་དང་བཅས་པའི་ག་བུར་གྱི་སྣོད་དོ། །གཡོན་གྱི་དང་པོ་ན་དྲིལ་བུ། གཉིས་པ་ན་པདྨ། གསུམ་པ་ན་ལྷའི་ཤིང་གི་མེ་ཏོག །བཞི་པ་ན་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བའོ། །དམར་མོ་འབར་མའི་གཡས་ཀྱི་དང་པོ་ན་མར་མེ། གཉིས་པ་ན་དོ་ཤལ། གསུམ་པ་ན་ཅོད་པན། བཞི་པ་ན་གདུ་བུ། དེ་བཞིན་དུ་གཡོན་གྱི་དང་པོ་ན་གོས། གཉིས་པ་ན་སྐ་རགས། གསུམ་པ་ན་རིན་པོ་ཆེའི་རྣ་ཆ། བཞི་བ་ན་རྐང་རྒྱན་ནོ། །དེ་བཞིན་དུ་སེར་མོ་འབར་མའི་གཡས་ཀྱི་དང་པོ་ན་དུང༌། གཉིས་པ་ན་གླིང་བུ། གསུམ་པ་ན་ནོར་བུ། བཞི་པ་ན་ཅང་ཏེའུའོ། །གཡོན་དང་པོ་ན་པི་ཝང༌། གཉིས་པ་ན་རྔ་བོ་ཆེ། གསུམ་པ་ན་སྒྲ་དཀྲོལ་བའི་དྲིལ་བུ། བཞི་པ་ན་རུ་དུང༌། དེ་བཞིན་དུ་དཀར་མོ་འབར་མའི་གཡས་ཀྱི་དང་པོ་ནའོ་མའི་སྣོད། གཉིས་པ་ན་ཆུའི་སྣོད། གསུམ་པ་ན་སྨན་བཟང་པོ། །བཞི་པ་ན་ཆང་གི་སྣོད། གཡོན་དང་པོ་ན་བདུད་རྩིའི་སྣོད་དོ། །གཉིས་པ་ན་གྲུབ་པའི་བཅུད་ཀྱི་སྣོད་དོ། །གསུམ་པ་ན་རྩའི་འབྲས་བུའོ། །བཞི་པ་ན་ཟན་གྱི་སྣོད་ནི་དཀར་མོའོ་ཞེས་པའོ། །འདི་རྣམས་རང་གི་ཕྱག་རྒྱ་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་སྐྱེས་པའོ། །དེ་བཞིན་དུ་མེ་རུ་ཁ་གསལ་བ་ནག་མོ། བདེན་བྲལ་དུ་འོད་ཟེར་ཅན་དམར་མོ། རླུང་དུ་ཁྱབ་འཇུག་མ་སེར་མོ། དབང་ལྡན་དུ་འབར་མ་དཀར་མོའོ། །འདི་རྣམས་ཀྱང་ཞལ་ཕྱག་ལ་སོགས་པ་སྔ་མ་བཞིན་ནོ། །ཀུན་མཐུན་པས་ཕྱག་བརྒྱད་ཀྱིས་རྡ་ཡབ་དམར་པོ་བརྒྱད་བསྣམས་པའོ། །དེའི་ཕྱི་རོལ་དུ་འདབ་མ་བརྒྱད་ལ་བདུད་རྩི་ལྔས་གང་པའི་བུམ་པ་ཤར་ལ་སོགས་པའི་ཕྱོགས་ཀུན་དུ་གཉིས་གཉིས་སོ། །མཚམས་རྣམས་སུ་དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོའོ། །བདེན་བྲལ་དུ་ཆོས་ཀྱི་གཎྜཱི་དམར་པོའོ། །མེ་རུ་ཡིད་བཞིན་གྱི་ནོར་བུ་ནག་པོའོ། །རླུང་དུ་དཔག་བསམ་གྱི་ཤིང་ལྗང་གུའོ། །དེའི་ཕྱི་རོལ་དུ་ཕྱོགས་ཀྱི་འདབ་མ་བཞི་ལ། དེ་ལ་ཤར་གྱི་འདབ་མ་


DTG015_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ། །ཞལ་གཡས་སྐོར་དུ་ནག་པོ་དང་དཀར་པོ་དང་དམར་པོའོ། །དེ་བཞིན་དུ་ལྷོར་རིན་ཆེན་འབྱུང་ལྡན་རྩ་བའི་ཞལ་དང་སྐུ་མདོག་དམར་པོ། །གཡས་དཀར་པོ་གཡོན་ནག་པོའོ། །བྱང་དུ་འོད་དཔག་མེད་རྩ་བའི་ཞལ་སྐུ་དང་མཐུན་པར་དཀར་པོ། གཡས་གནག་པ་གཡོན་དམར་པོའོ། །ནུབ་ཏུ་རྣམ་པར་སྣང་མཛད་སེར་པོ། །གཡས་དཀར་པ། གཡོན་ནག་པོའོ། །འདི་དག་ནི་ཉི་མའི་དཀྱིལ་འཁོར་ལའོ། །མེ་རུ་སྒྲོལ་མ་དོན་ཡོད་གྲུབ་པ་བཞིན་ནོ། །བདེན་བྲལ་དུ་གོས་དཀར་མོ་རིན་ཆེན་འབྱུང་ལྡན་བཞིན་ནོ། །དབང་ལྡན་དུ་མཱ་མ་ཀཱི་འོད་དཔག་མེད་བཞིན་ནོ། །རླུང་དུ་སྤྱན་མ་རྣམ་པར་སྣང་མཛད་བཞིན་ནོ། །འདི་རྣམས་ནི་ཟླ་བའི་དཀྱིལ་འཁོར་ལའོ། །ཤར་གྱི་སྒོའི་ཁྲོ་བོ་རབ་སྟོབས་ལ་སོགས་པ་བཞི་ནི་དོན་ཡོད་གྲུབ་པའི་མདོག་དང་ཕྱག་མཚན་ནོ། །སྟེང་གི་གཙུག་ཏོར་ནི་མི་བསྐྱོད་པའི་མདོག་དང་ཕྱག་མཚན་ཅན་ཏེ་ལྗང་གུའོ། །ཁྲོ་བོ་རྣམས་ནི་གཡས་བརྒྱད་བའོ། །ལྷ་མོ་རྣམས་ནི་གཡོན་བརྐྱང་བའོ། །ད་ནི་སྐྱེ་མཆེད་དྲུག་རྣམ་པར་དག་པར་བྱ་བའི་ཕྱིར། འདོད་བ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །ཞེས་པའི་དོན་ལ་འཇུག་པར་བྱའོ། །དེ་ལ་འདོད་པ་ཆེན་པོ་ནི་གཟུགས་ལ་སོགས་པའི་སྐྱེ་མཆེད་དྲུག་གོ །བདེ་བ་ཆེ་བ་ནི་དེའི་ཡུལ་ལ་བརྟེན་པའི་ཚོར་བ་པོ་ནང་གི་སྐྱེ་མཆེད་དྲུག་གོ །དགའ་བ་ཆེན་པོ་ནི་དེ་དག་ལས་གཞན་པའི་རྣམ་པར་ཤེས་པ་དྲུག་གོ །མགུ་བ་ཆེ་ནི་འདོད་པའི་བྱེ་བྲག་གིས་སེམས་མགུ་བར་བྱེད་པའོ། །ད་ནི་དེ་དག་གི་ལྷ་བསྐྱེད་པ་བཤད་དེ། ཤར་སྒོའི་གཡས་ཕྱོགས་སུ་ནམ་མཁའི་སྙིང་པོ་སྐུ་མདོག་དང་དབྱིབས་དོན་ཡོད་གྲུབ་པ་བཞིན་ནོ། །མེར་རེག་བྱ་རྡོ་རྗེ་མ་སྒྲོལ་མ་བཞིན་ནོ། །ལྷོ་སྒོའི་གཡས་སུ་སའི་སྙིང་པོ་རིན་ཆེན་འབྱུང་ལྡན་བཞིན་ནོ། །བདེན་བྲལ་དུ་རོ་རྡོ་རྗེ་གོས་དཀར་མོ་བཞིན་ནོ། །ནུབ་སྒོའི་གཡས་སུ་སྒྲིབ་པ་སེལ་བ་རྣམ་པར་སྣང་མཛད་བཞིན་ནོ། །རླུང་དུ་དྲི་རྡོ་རྗེ་མ་སྤྱན་མ་བཞིན་ནོ། །བྱང་སྒོའི་གཡས་སུ་འཇིག་རྟེན་དབང་ཕྱུག་འོད་དཔག་མེད་བཞིན་ནོ། །དབང་ལྡན་དུ་གཟུགས་རྡོ་རྗེ་མཱ་མ་ཀཱི་བཞིན་ནོ། །


DTG015_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འོག་ཏུ་ཤར་སྒོའི་གཡོན་དུ་ཀུན་དུ་བཟང་བོ་ཁ་དོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་དམ་པ་དང་པོ་བཞིན་ནོ། །བྱང་སྒོའི་གཡོན་དུ་སྒྲ་རྡོ་རྗེ་ཀུན་དུ་བཟང་པོ་བཞིན་ནོ། །སྟེང་དུ་ལྷོ་སྒོའི་གཡོན་དུ། ཕྱག་ན་རྡོ་རྗེ་མི་བསྐྱོད་པ་བཞིན་ལྗང་གུའོ། །ནུབ་སྒོའི་གཡོན་དུ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ཕྱག་ན་རྡོ་རྗེ་བཞིན་ནོ། །དེ་རྣམས་ལས་ཐབས་རྣམས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བདེ་བ་ཆེན་པོའོ། །ལྷ་མོ་རྣམས་པདྨའི་འདབ་མ་ལ་འཁྱུད་པའི་ཚུལ་གྱིས་གཙོ་བོ་ལ་རྒྱབ་ཀྱིས་ཕྱོགས་ནས་དགའ་བ་ཆེ་བའོ། །ད་ནི་ཕྱག་མཚན་རྣམས་བརྗོད་པར་བྱ་སྟེ། དོན་ཡོད་གྲུབ་པ་དང་མཐུན་པར་ནག་པོའི་ལྷ་མོ་སྒྲོལ་མ་དང༌། ཁྲོ་བོ་རབ་སྟོབས་དང༌། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་སེམས་མ་རེག་རྡོ་རྗེ་མ་རྣམས་ནི་ཕྱག་གཡས་དང་པོ་ན་རལ་གྲི། གཉིས་པ་ན་གྲི་གུག །གསུམ་པ་ན་རྩེ་གསུམ་མོ། །གཡོན་གྱི་དང་པོ་ན་ཕུབ། གཉིས་པ་ན་ཐོད་པ། གསུམ་པ་ན་ཁཊྭཱཾ་ག་དཀར་པོའོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་དང་མཐུན་པའི་ལྷ་མོ་གོས་དཀར་མོ་དང༌། ཁྲོ་མོ་འགུགས་བྱེད་མ་དང༌། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང༌། སེམས་མ་རོ་རྗེ་མ་ནི་གཡས་ཀྱི་དང་པོ་ན་མེའི་མདའ། གཉིས་པ་ན་རྡོ་རྗེ་ལྕགས་ཀྱུ། །གསུམ་པ་ན་སྒྲ་སྒྲོགས་པའི་ཅང་ཏེའུ། གཡོན་གྱི་དང་པོ་ན་གཞུ། གསུམ་པ་ན་ནོར་བུ་དྲི་མ་མེད་པ་རྩེ་དགུ་པའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་དང་མཐུན་པའི་ལྷ་མོ་སྤྱན་མ་དང༌། ཁྲོ་བོ་རེངས་བྱེད་དང༌། བྱང་ཆུབ་སེམས་དཔའ་སྒྲིབ་པ་སེལ་བ་དང༌། སེམས་མ་དྲི་རྡོ་རྗེ་མ་རྣམས་ནི་ཕྱག་གཡས་ཀྱི་དང་པོ་ན་འཁོར་ལོ། །གཉིས་པ་ན་དབྱུག་པ། གསུམ་པ་ན་འཇིགས་པར་བྱེད་པའི་རྡོ་རྗེའོ། །གཡོན་པའི་དང་པོ་ན་དུང༌། གཉིས་པ་ན་རྡོ་རྗེ་ལུ་གུ་རྒྱུད། གསུམ་པ་ན་དྲིལ་བུ་སྒྲ་དང་བཅས་པའོ། །དེ་བཞིན་དུ་འོད་དཔག་མེད་དང་མཐུན་པའི་ལྷ་མོ་མཱ་མ་ཀཱི་དང༌། ཁྲོ་བོ་རེངས་བྱེད་དང༌། བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་དང༌། སེམས་མ་གཟུགས་རྡོ་རྗེ་མ་རྣམས་ཀྱི་གཡས་ཀྱི་དང་པོ་ན་ཐོ་བ། གཉིས་པ་ན་མདུང༌། གསུམ་པ་ན་རྩེ་གསུམ་མོ། །གཡོན་གྱི་དང་པོ་ན་པདྨ་འདབ་མ་བརྒྱད་པ་དཀར་པོ། །གཉིས་པ་ན་མེ་ལོང༌།


DTG015_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུམ་པ་ན་བགྲང་ཕྲེང་ངོ༌། །དེ་བཞིན་དུ་མི་བསྐྱོད་པ་དང༌། ལྷ་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། ཁྲོ་བོ་གཙུག་ཏོར་དང༌། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང༌། སེམས་མ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་ཀྱི་གཡས་ཀྱི་དང་པོ་ན་རྡོ་རེ། གཉིས་པ་ན་གྲི་གུག །གསུམ་པ་ན་དགྲ་སྟའོ། །གཡོན་གྱི་དང་པོ་ན་དྲིལ་བུ། གཉིས་པ་ན་ཐོ་བ། གསུམ་པ་ན་ཨུཏྤལའོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་དང་ལྷ་མོ་སྣ་ཚོགས་ཡུམ་དང༌། ཁྲོ་བོ་གནོད་མཛེས་དང་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང༌། སེམས་མ་སྒྲ་རྡོ་རྗེ་མ་རྣམས་ཀྱི་མཚན་མ་ཡང་ངེས་པའོ། །ཡང་ན་སྒྲོལ་མ་དང༌། ཀུན་དུ་བཟང་པོའི་ཨུཏྤལ་དང༌། ཁཊྭཱཾ་གའི་གནས་དང༌། ཚངས་པའི་མགོ་བོའི་གནས་སུའོ། །ད་ནི་གསུང་གི་དཀྱིལ་འཁོར་གྱི་ལྷ་བརྗོད་པར་བྱ་སྟེ། དེ་ལ་ཤར་གྱི་པདྨར་རྒན་བྱད་མ་གདོང་གཅིག་མ་ནག་མོའོ། །མེ་རུ་ཁྱབ་འཇུག་མ་སྔ་མ་དང་འདྲའོ། །གཤིན་རྗེ་དང་བདེན་བྲལ་དུ་ཕག་མོ་དང་གདོང་དྲུག་མ་དམར་མོའོ། །རླུང་དུ་ཚངས་མ་གདོང་བཞི་མ་སེར་མོའོ། །བྱང་དུ་དྲག་མོ་གདོང་གཅིག་མ་དཀར་མོའོ། །དབང་ལྡན་དུ་དཔལ་མོ་ཡང་དེ་བཞིན་ནོ། །ཇི་ལྟར་གཙོ་མོ་ལྟེ་བ་ལ་གནས་པའི་མདོག་དང༌། དབྱིབས་བཞིན་འདབ་མ་ལ་གནས་པའི་འཁོར་རྣམས་ཀྱང་དེ་བཞིན་ནོ། །རྒན་བྱང་མ་ལ་སོགས་པ་རྣམས་ཀྱི་ཕྱག་མཚན་བརྗོད་པར་བྱ་སྟེ། རྒན་བྱད་མའི་གཡས་དང་པོ་ན་གྲི་གུག །གཉིས་པ་ན་རྩེ་གསུམ་མོ། །གཡོན་དང་པོ་ན་ཐོད་པ། གཉིས་པ་ན་ཁ་ཊྭཱཾ་གའོ། །གོ་རིམས་བཞིན་དུ་ཁྱབ་འཇུག་མའི་འཁོར་ལོ་དང༌། ཐོད་དབྱུག་དང༌། པདྨ་དང༌། དུང་ངོ༌། །ཕག་མོའི་དབྱུག་པ་དང༌། རལ་གྲི་དང༌། ལུ་གུ་རྒྱུད་དང༌། ཕུབ་བོ། །གཞོན་ནུ་མའི་མདུང་དང༌། ལྕགས་ཀྱུ་དང༌། རིན་པོ་ཆེ་དང༌། ཞགས་པའོ། །དབང་མོའི་རྡོ་རྗེ་དང༌། མདའ་དང༌། དྲི་ལྦུ་དང་གཞུའོ། །ཚངས་མའི་པདྨ་དང༌། དབྱུག་པ་དང༌། ཐབ་ཁུང་དང༌། དགང་གཟར་རོ། །དྲག་པོའི་རྩེ་གསུམ་དང༌། ཅང་ཏེའུ་དང༌། ཁ་ཊྭཱཾ་ག་དང་སྤྲུལ་ལོ། །དཔལ་ཆེན་མོའི་པདྨ་དང༌། བགྲང་ཕྲེང་དང༌། པདྨ་དང༌། རིན་པོ་ཆེའོ། །འདབ་མའི་རྣལ་འབྱོར་མ་རྣམས་ཀྱི་མཚན་མ་ཡང་དེ་བཞིན་ནོ། །ད་ནི་དེ་རྣམས་ཀྱི་


DTG015_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མིང་བརྗོད་པར་བྱ་སྟེ། རྒན་བྱད་མའི་མདུན་གང་ཡིན་པ་ཤར་ཏེ། དེ་ནས་གཡས་སྐོར་དུ་དང་པོ་ལ་འཇིགས་མ། གཉིས་པ་ལ་སོགས་པར་དྲག་མོ་དང༌། མཆེ་བ་གཙིགས་མ་དང༌། འབར་བའི་གདོང་མ་དང༌། རླུང་གི་ཤུགས་མ་དང༌། རབ་གཏུམ་མ་དང༌། དྲག་མིག་མ་དང༌། སྣ་ཆེན་མ་རྣམས་སོ། །ཁྱབ་འཇུག་མའི་དང་པོ་ལ་སོགས་པར་གཡང་མ་དང༌། སྒྱུ་མ་དང༌། གྲགས་མ་དང༌། དཔའ་མོ་དང༌། རྣམ་པར་རྒྱལ་མ་དང༌། དབལ་རྒྱལ་མ་དང༌། དཔལ་རྒྱལ་བྱེད་མ་དང༌། དཔལ་གྱི་རྡོ་རྗེ་མའོ། །ཕག་མོའི་འདབ་མ་དང་པོ་ལ་ཀེང་རུས་མ་དང༌། དུས་མཚན་མ་དང༌། རབ་ཏུ་ཁྲོས་མའི་གདོང་མ་དང༌། དུས་ཀྱི་ལྕེ་མ་དང༌། ཚིགས་མ་དང༌། ནག་མོ་དང༌། འཇིགས་མ་དང༌། གཟུགས་དན་མའོ། །གཞོན་ནུ་མའི་དང་པོའི་འདབ་མ་ལ་པདྨ་དང༌། དེ་བཞིན་དུ་ཡན་ལག་མེད་མ་དང༌། གཞོན་ནུ་མ་དང༌། རིགས་ཀྱི་བདག་མོ་ལ་གནས་མ་དང༌། རིན་པོ་ཆེའི་ཕྲེང་བ་དང༌། མིག་བཟང་མ་དང༌། རིགས་བཟང་མོ་དང༌། བཟང་མོའོ། །དབང་མོའི་དང་པོ་ལ་སོགས་པར་རྡོ་རྗེའི་འོད་དང༌། རྡོ་རྗེའི་ལུས་དང༌། གསེར་བཙོ་མ་ལྟ་བུ་དང༌། འདོད་པ་ལ་དབང་མ་དང༌། རི་མོ་འདྲི་མ་དང༌། རྩོལ་མོ་དང༌། ཀུན་ཚིམ་མ་དང༌། ཤིན་ཏུ་སྒྲོལ་མའོ། །ཚངས་མའི་ཤར་ལ་སོགས་པར་རྩ་དང་བཅས་མ་དང༌། པདྨའི་མིག་དང༌། ཆུ་ལས་སྐྱེས་མ་དང༌། ལྡན་མ་དང༌། བློ་མ་དང༌། ངག་གི་དབང་ཕྱུག་མ་དང༌། གླུ་ལེན་བྱེད་མ་དང༌། ཀློག་མ་དང༌། དྲག་མོའོ། །དེ་ནས་དྲག་མོའི་ཤར་ལ་སོགས་པར་དཀར་མོ་དང༌། གངྒཱ་དང༌། རྟག་མ་དང༌། ཤིན་ཏུ་མྱུར་མ་དང༌། ཐིག་ལེ་མཆོག་མ་དང༌། དཔལ་གྱི་གདོང་མ་དང༌། སེར་སྐྱ་མ་དང༌། ནག་མོའོ། །དེ་ནས་དཔལ་མོའི་འདབ་མ་ལ་དཀར་མོ་དང༌། ཟླ་བ་དྲི་མེད་མ་དང༌། ཟླ་བའི་གདོང་མ་དང༌། དང་བའི་གདོང་ཅན་མ་དང༌། འཛིན་བྱེད་མ་དང༌། པདྨ་དང༌། སྐར་བཅས་མིག་དང༌། དྲི་མ་མེད་པའི་ཟླ་བ་མོའོ། །དེ་ལྟར་གཙོ་མོ་དང་བཅས་པ་བདུན་ཅུ་དོན་གཉིས་གསུང་གི་འཁོར་ལོའི་སྒོ་སྐྱོང་བཞི་ནི་སྔ་མའི་མདོག་དང་མཚན་མའོ། །དེ་རྣམས་དང་རོ་མཉམ་པ་ནི་འགུགས་མ་དང༌། འབེབས་མ་དང༌། འཆིང་བྱེད་


DTG015_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་དང༌། དགྱེས་སྐྱེད་མའོ། །ད་ནི་སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་དེ། བདེན་བྲལ་ནི་ཤར་སྒོའི་གཡས་སུའོ། །འདི་ལ་སོགས་པ་ཀུན་གདོང་གཅིག་པ་ལག་པ་བཞི་པའོ། །འདིའི་གཡས་པ་ན་རལ་གྲི་དང་གྲི་གུག །གཡོན་པ་ན་ཕུབ་པ་དང་ཐོད་པའོ། །རླུང་ལྷ་གཡས་པར་དཔག་བསམ་གྱི་ཤིང་དང༌། པ་རི་ཛ་ཏའི་མེ་ཏོག་གོ །གཡོན་པ་ཨིནྡྲ་ནཱི་ལ་དང༌། ཨུཏྤལ་སྔོན་པོའོ། །ལྷོ་སྒོའི་གཡོན་དུ་གཤིན་རྗེ་དབྱུག་པ་དང་རལ་གྲི། གཡོན་དུ་ལུ་གུ་རྒྱུད་དང་ཞགས་པའོ། ལྷོ་སྒྲོའི་གཡས་སུ་མེ་ལྷའི་མདུང་དང་ཞགས་པའོ། །གཡོན་དུ་པདྨ་དང་སྤྱི་བླུགས་སོ། །བདེན་བྲལ་དུ་གདོང་དྲུག་པའི་གཡས་སུ་པདྨ་དང་མདུང་ངོ༌། །གཡོན་དུ་རིན་པོ་ཆེ་དང་མེ་ལོང་ངོ༌། །ནུབ་སྒོའི་གཡོན་དུ་གནོད་སྦྱིན་གྱི་གཡས་སུ་ནོར་བུ་རིན་པོ་ཆེ་དང་དབྱུག་ཏོ། །གཡོན་པ་ན་ནེའུ་ལེ་དང་པདྨའོ། །ནུབ་སྒོའི་གཡས་སུ་བརྒྱ་བྱིན་གཡས་ན་རྡོ་རྗེ་དང་མེའི་མདའོ། །གཡོན་ན་དྲིལ་བུ་དང་གཞུའོ། །རླུང་དུ་ཚངས་པའི་གཡས་ན་ཁ་ཊྭཱཾ་ག་དང་གཞུའོ། །གཡོན་དུ་པདྨ་དང་ཐབ་ཁུང་ངོ༌། །བྱང་སྒོའི་གཡོན་དུ་དྲག་པོའི་གཡས་པ་ན་རྩེ་གསུམ་པ་དང་གཉིས་པ་ན་མདའ། གཡོན་པ་ན་ཁ་ཊྭཱཾ་ག་སྤྲུལ་དང་ལྡན་པ་དང་གཞུའོ། །ལྷོ་རུ་ཆུ་ལྷའི་གཡས་པ་ན་ཞགས་པ་དང་རིན་པོ་ཆེའོ། །གཡོན་པ་ན་རིན་པོ་ཆེ་དང་ཆུ་ཤེལ་ལོ། །དབང་ལྡན་དུ་ལོག་འདྲེན་གྱི་གཡས་སུ་དགྲ་སྟ་དང་རྡོ་རྗེའོ། །གཡོན་དུ་ཞགས་པ་དང་རིན་པོ་ཆེའོ། །ཤར་སྒོའི་གཡོན་དུ་ཁྱབ་འཇུག་གི་གཡས་པ་ན་འཁོར་ལོ་དང་དབྱུག་ཏོ། །གཡོན་པ་ན་པདྨ་དང་དུང་ངོ༌། །ད་ནི་སྒོ་མ་རྣམས་ཀྱི་བརྗོད་པར་བྱ་སྟེ། ལུ་གུ་རྒྱུད་མའི་གཡས་ན་རལ་གྲི་དང་རྡོ་རྗེ། གཡོན་པ་ན་ཕུབ་དང་སྤྲུལ་ལོ། །ཁྲོ་གཉེར་མའི་གཡས་ན་མདའ་དང་ལྕགས་ཀྱུ། གཡོན་པ་ན་གཞུ་དང་ཞགས་པའོ། །འོད་ཟེར་ཅན་གྱི་གཡས་པ་ན་རྡོ་རྗེ་དང་དབྱུག་པ། གཡོན་པ་ན་རིན་པོ་ཆེ་དད་དུང་ངོ༌། །སྐུལ་བྱེད་མའི་གཡས་ན་ཐོ་བ་དང་མདུང་ངོ༌། །གཡོན་པ་ན་པདྨ་དང་མེ་ལོང་ངོ༌། །ཤིན་ཏུ་སྔོན་མོའི་གཡས་པ་ན་རལ་གྲི་དང་རྡོ་རྗེ། གཡོན་པ་ན་ཐོ་བ་དང་དྲིལ་བུའོ། །དྲག་མིག་མའི་གཡས་པ་ན་དགྲ་སྟ་དང་རྩེ་གསུམ། གཡོན་པ་ན་སྦྲུལ་ཞགས་དང་ཁ་ཊྭཱཾ་གའོ། །དྲག་མིག་མའི་ནི་ཤིང་རྟ་རྐང་


DTG015_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་བརྒྱད་པས་ས་ལ་འགྲོ་བའོ། །ཤིན་ཏུ་སྔོན་མོ་ནི་ནམ་མཁར་འགྲོ་བའོ། །མ་རུངས་པ་དང་བཅས་པ་ཁ་དོག་ལྔའི་རླུང་གིས་ནམ་མཁར་འགྲོ་བ་ལུས་སྦོམ་ལ་མིག་གསུམ་པའོ། །ད་ནི་ཕྱིའི་དཀྱིལ་འཁོར་གྱི་རྟ་བབས་བཞིའི་ཀ་བ་བརྒྱད་ཀྱི་འོག་ཏུ་ཀླུ་ཆེན་པོ་བརྒྱད་དང༌། འོག་དང་སྟེང་དུ་ཡང་རྒྱལ་བ་དང་རྣམ་པར་རྒྱལ་བ་བརྗོད་དེ། ཐམས་ཅད་གདོང་གཅིག་པ་ལག་བ་བཞི་པ། གཡས་གཉིས་ཀྱིས་བདུད་རྩིའི་བུམ་པ་དང༌། གཉིས་པ་ན་རྡོ་རྗེའོ། །གཡོན་པ་ན་པདྨ་དང༌། གཉིས་པ་ན་རིན་པོ་ཆེའོ། །དེ་ལ་ཤར་དུ་རླུང་གི་དཀྱིལ་འཁོར་ལ་པདྨ་དང་སྟོབས་ཀྱི་རྒྱུའོ། །ལྷོ་རུ་མེའི་དཀྱིལ་འཁོར་ལ་ནོར་རྒྱས་དང་དུང་སྐྱོང་ངོ༌། །ནུབ་ཏུ་སའི་དཀྱིལ་འཁོར་ལ་འཇོག་པོ་དང་པདྨ་ཆེན་པོའོ། །བྱང་དུ་ཆུའི་དཀྱིལ་འཁོར་ལ་མཐའ་ཡས་དང་རིགས་ལྡན་ནོ། །ནམ་མཁར་རྒྱལ་བའོ། །ཡེ་ཤེས་ལ་རྣམ་པར་རྒྱལ་བའོ། །ད་ནི་དུར་ཁྲོད་བརྒྱད་ཀྱི་བརྗོད་དེ་ཤར་དུ་ཁྱིའི་གདོད་མའོ། །ལྷོར་ཕག་གདོང་མའོ། །ནུབ་ཏུ་ཅེ་སྦྱང་གདོང་མའོ། །བྱང་དུ་སྟག་གི་གདོང་ཅན་མའོ། །མེ་རུ་ཁ་གདོང་མའོ། །བདེན་བྲལ་དུ་བྱ་རྒོད་གདོང་མའོ། །རླུང་དུ་ནམ་མཁའ་ལྡིང་གི་གདོང་མའོ། །དབང་ལྡན་དུ་འུག་པའི་གདོང་མའོ། །འདི་རྣམས་ནི་གདོང་གཅིག་པ་ལག་པ་གྲི་གུག་དང་ཐོད་པས་ཁྱབ་པའོ། །ས་འོག་ཏུ་དྲག་མིག་མའོ། །ནམ་མཁར་ཤིན་ཏུ་སྔོན་མོའོ། །གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ་དཀྱིལ་འཁོར་ལ་དམིགས་པའོ། །ད་ནི་མཆོད་པའི་ལྷ་མོ་རྣམས་བརྗོད་པར་བྱ་སྟེ། ཤར་དུ་དྲི་མ་དང་ཕྲེང་བ་མའོ། །ལྷོར་སྦོས་དང་མར་མེ་མའོ། །ནུབ་ཏུ་སྒྲོལ་མ་དང་བཞད་མའོ། །བྱང་དུ་རྔ་རྡུང་མ་དང་གར་མའོ། །ནམ་མཁར་གླུ་མ་དང་འདོད་མའོ། །འོག་ཏུ་ལྷ་བཤོས་མ་དང་བདུད་རྩིའི་འབྲས་བུའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི་ཤར་ནུབ་ཀྱི་རྟ་བབས་འོག་ཏུ་བྱའོ། །དེ་རྣམས་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་བཞིའི་ཁ་ཁྱེར་གཡས་གཡོན་དུ་དགོད་པའོ། །གསུང་གི་དཀྱིལ་འཁོར་གྱི་གཟུངས་ཀྱི་སྣམ་བུ་ལ་དགོད་པ་ནི་ཤར་དུ་འབྱེད་པར་འདོད་མ་དང༌། དེ་བཞིན་དུ་ལྷོར་འཁྲུད་པར་འདོད་མ་དང༌། ནུབ་ཏུ་རེངས་པར་འདོད་མ་དང༌། བྱང་དུ་རྒྱས་པར་འདོད་མའོ། །དེ་བཞིན་དུ་གསད་པ་བསྐྱེད་པར་


DTG015_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདོད་མ་དང༌། རོལ་མོ་འདོད་མ་དང༌། རྒྱན་འདོད་མ་དང༌། བཟའ་བ་འདོད་མ་དང༌། དྲི་འདོད་མ་དང༌། གོས་འདོད་མ་དང༌། འཁྲིག་པ་འདོད་མ་དང༌། ལུས་འཁྲུད་པར་འདོད་མ་དང༌། ཀུ་ཅོས་སྨྲ་བར་འདོད་མ་དང༌། ལུས་ཀྱི་དྲི་མ་འདོད་མ་དང༌། གར་འདོད་མ་དང༌། སྟན་འདོད་མ་དང༌། འོ་ཐུག་འདོད་མ་དང༌། མལ་འདོད་མ་དང༌། ཉེད་པར་འདོད་མ་དང༌། ཡང་དག་པར་གདུང་བར་འདོད་མ་དང༌། གཉེན་འདོད་མ་དང༌། ཚིག་འཇམ་པ་སྨྲ་བར་འདོད་མ་དང༌། སེམས་པར་འདོད་མ་དང༌། སྐྲོད་པར་འདོད་མ་དང༌། རེག་པར་འདོད་མ་དང༌། འགུགས་པར་འདོད་མ་དང༌། འཆིང་བར་འདོད་མ་དང༌། ཕུར་པ་འདེབས་པར་འདོད་མ་དང༌། གནོད་པ་བྱེད་པར་འདོད་མ་དང༌། ཡན་ལག་ཀུན་སྒྱུར་པར་འདོད་མ་དང༌། དྲི་ཆུ་དང་དྲི་ཆེན་ཀུན་འཆགས་པར་འདོད་མ་དང༌། སེམས་སླུ་བར་འདོད་མ་དང༌། ཀུ་ཅོ་མང་དུ་སྨྲ་བར་འདོད་མ་དང༌། ཟས་ལྷག་མ་ཟ་བར་འདོད་མ་དང༌། རྩོད་པར་འདོད་མ་དང༌། སླ་བར་འདོད་མ་དང༌། ཕུང་པོ་ཁྲོ་བར་འདོད་མའོ། །དེ་རྣམས་ནི་འདོད་མ་སུམ་ཅུ་རྩ་བདུན་ནོ། །ཡང་དེ་བཞིན་དུ་འདོད་མ་སུམ་ཅུ་རྩ་བདུན་གྱི་འདོད་མ་རྣམས་ལས་ལྡོག་པའི་ལྷ་མོ་སུམ་ཅུ་རྩ་བདུན་ནི་སྐུའི་དཀྱིལ་འཁོར་གྱི་གཟུངས་ཀྱི་སྣམ་བུ་ལ་དགོད་པར་བྱའོ། །གཞན་ཡང་སེམས་ཅན་གྱི་བྱ་བ་གང་ཅི་ཡང་རུང་བ་ཉི་མ་རེ་རེའི་དུས་སུ་རྣལ་འབྱོར་པ་ཐམས་ཅད་བྱ་བ་དེ་རྣམས་ཀྱིས་བྱེད་པ་ནི་ཁམས་ཀྱི་དབང་གི་ངེས་པས་སོ། །དེའི་ཕྱི་རོལ་དུ་འབྱུང་པོའི་སྐྱེ་གནས་བྱེ་པ་ཕྲག་ཕྱེད་དང་བཞི་སྔགས་པས་སྤྲོ་བར་བྱའོ། །ལྷ་རྣམས་ཀྱི་སྐུ་མདོག་དང་མཚན་མ་དང་བཞུགས་ས་དང་ཕྱོགས་ཀྱི་ངེས་པ་སྟེ་བཅུ་གསུམ་པའོ།། །།

བཅུ་བཞི་པ། གླུས་བསྐུལ་བའི་ངེས་པ།


DTG010_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་བརྩོན་འགྲུས་དང་ལྡན་པས་བྱ་བ་གཞན་བཏང་ཞིང་སེམས་ནང་དུ་དམིགས་ནས་སངས་རྒྱས་ཀྱི་ཡོན་ཏན་མངོན་པར་སྒྲུབ་པར་བྱེད་པའི་བསམ་གཏན་གྱི་ཏིང་ངེ་འཛིན་དང༌། མི་གཡོ་བ་ལས་ལངས་ནས་སེམས་ཅན་གྱི་དོན་བྱེད་པ་དག་པའི་བསམ་གཏན་ནོ། །དེ་བས་ན་མིང་དང་གཟུགས་རྣམ་པར་དག་པའི་ཕྱིར་སྟན་སོ་སོར་བཀོད་པའི་སྟེང་དུ་ས་བོན་རྣམས་རིམ་པ་ཇི་ལྟ་བར་སྤྲོས་ཏེ། ཆགས་པ་ཆེན་པོའི་མཐར་བ་སྤུའི་བུ་ག་ཀུན་ནས་འོད་ཟེར་ཁ་དོག་དྲུག་པ་སྤྲོས་ཏེ། འགྲོ་བ་


DTG015_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐམས་ཅད་ཀྱི་ཁམས་དྲུག་པའི་སྦྱང་བྱ་སྦྱངས་ནས་ཞལ་དུ་ཞུགས་པས། ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་བྱ་བའི་དོན་གོ་བར་བྱ་སྟེ། སྔར་ཕུང་པོ་ལ་སོགས་ཀུན་ལྷར་བསྐྱེད་པ་དང༌། ད་ལྟར་ཚུལ་འདིས་བསམ་གཏན་ལ་གནས་པ་དང༌། མ་འོངས་པ་ན་ཤེས་རབ་ཆེན་པོའི་ལུས་ཀྱིས་འགྲོ་བའི་དོན་བྱེད་པ་ནི་དུས་གསུམ་དུའོ། །སྐད་ཅིག་ཐམས་ཅད་ཅེས་བྱ་བ་ནི། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་པའི་སྐད་ཅིག་དེ་ཉིད་དང༌། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པ་ཀུན་ཏེ་མི་གཡོ་བའི་བསམ་གཏན་སྐད་ཅིག་མ་དེ་ལ་དུས་གསུམ་གྱི་ཕུང་པོ་ལ་སོགས་པ་སྲིད་པའི་ཆོས་དང༌། དཔལ་དམ་པ་དང་པོ་ལ་སོགས་པ་མྱ་ངན་ལས་འདས་པའི་ཆོས་ཀུན་རོ་གཅིག་གང་གིས་མངོན་དུ་བྱས་པས་མངོན་པར་རྟོགས་པའོ། །ཅིའི་ཕྱིར་ཞེ་ན། སེམས་ཀྱིས་ཏེ། ཇི་སྐད་དུ་ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པ་འདི་ནི་སེམས་ཙམ་སྟེ། དུས་གསུམ་ཡང་སེམས་ཙམ་མོ་ཞེས་གསུངས་པའི་ཕྱིར་རོ། །སེམས་ཀྱི་དོན་མི་གཡོ་བའི་བསམ་གཏན་ལྷན་ཅིག་སྐྱེས་པ་འདིའོ། །རིག་ཅེས་པ་ནི་མྱོང་བ་འམ་རྟོགས་ཞེས་པའོ། །དེས་སྐད་ཅིག་མ་ལ་སངས་རྒྱས་པ་སྟེ། བློ་རྟོགས་ཕྱིར་ན་སངས་རྒྱས་ཏེ། །ཞེས་སོ། །ཚུལ་ཅི་ཞེ་ན། རྣམ་པ་ལྔས་བྱང་ཆུབ་པ་གཙོ་བོ་ལྔ་སྐྱེད་པ་བསྙེན་པའི་ཚུལ་དང༌། རྣམ་པ་ཉི་ཤུས་བྱང་ཆུབ་པས་འཁོར་བསྐྱེད་པ་ཉེ་བའི་བསྙེན་པ་དང༌། སྐད་ཅིག་མས་བྱང་ཆུབ་པ་རྫོགས་པའི་སངས་རྒྱས་སྒྲུབ་པའི་ཚུལ་འདིས་སོ། །སྒྲུབ་པ་ཆེན་པོ་ལ་ཡབ་ཡུམ་ཞུ་ནས་དབྱེར་མེད་ཅིང་ཐིག་ལེ་ཆེན་པོ་ཡི་གེ་མེད་པར་གྱུར་པ་དང༌། སྒྲོལ་མ་བྱམས་མའི་ངོ་བོས་དཔལ་དམ་པ་དང་པོའི་ཐུགས་སྐུལ་བར་བྱེད་དོ། །དེ་ཡང༌། སྒྲོལ་མ་བདག་ནི་ཚ་མོ་བས། །བདག་ནི་དྲི་མེད་རྣལ་འབྱོར་མ། །བདག་ནི་དཀྱིལ་འཁོར་རང་བཞིན་པས། །རྗེ་བཙུན་དམ་པའི་ཐུགས་བཞེངས་ཤིག །ཅེས་པའོ། །དེ་ནས་མཱ་མ་ཀཱི་ས་སྙིང་རྗེའི་ངོ་བོས་སྐུ་རྡོ་རྗེ་བསྐུལ་བའི་ཕྱིར། མཱ་མ་ཀཱི་ས་ནི་སྲིང་མོ་དང༌། །རྣམ་པར་སྨིན་པའི་


DTG015_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྦྱོར་གནས་པས། །བདག་ནི་དཀྱིལ་འཁོར་རང་བཞིན་པས། །དང་པོའི་སངས་རྒྱས་ཁྱོད་བཞེངས་ཤིག །ཅེས་པའོ། །དེ་ནས་གོས་དཀར་མོ་དགའ་བའི་ངོ་བོས་གསུང་རྡོ་རྗེ་བསྐུལ་བའི་ཕྱིར། གོས་དཀར་བ་ནི་བུ་མོ་བས། །སྐྱེས་བུ་མེད་པའི་སྦྱོར་གནས་པས། །བདག་ནི་དཀྱིལ་འཁོར་རང་བཞིན་པས། །གསུང་གི་བདག་པོ་ཁྱོད་བཞེངས་ཤིག །ཅེའོ། །དེ་ནས་སྤྱན་མ་བཏང་སྙོམས་ཀྱི་ངོ་བོས་ཡེ་ཤེས་ཀྱི་རྡོ་རྗེ་བསྐུལ་བའི་ཕྱིར། །བདག་གི་རང་བཞིན་འགྲོ་བའི་མ། །རྒྱུ་མཐུན་རྣལ་འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་པས། །ཡེ་ཤེས་སྐུ་ལྔ་ཁྱོད་བཞེངས་ཤིག །ཅེའོ། །ཞེས་པ་ནི་གླུས་བསྐུལ་བའི་ངེས་པ་སྟེ་བཅུ་བཞི་པའོ།། །།

བཅོ་ལྔ་པ། རྫོགས་པའི་སངས་རྒྱས་བཞེངས་པའི་ངེས་པ།


DTG010_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་མི་གཡོ་བ་ལ་སོགས་པའི་བསམ་གཏན་དང༌། སྔར་བསྟན་པ་དེ་ཐམས་ཅད་ཤེས་རབ་ཀྱི་ཡན་ལག་ཏུ་བསྟན་ལ། ཤེས་རབ་ཡན་ལག་ཏུ་འདུས་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྐུ་བསྐྱེད་དེ། ཟླ་བ་དང་ཉི་མ་གཉིས་འདུས་པ་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལས་ས་བོན་དེ་ཉིད་ཀྱིས་མཚན་ནས་སྐད་ཅིག་དེ་ཉིད་ལ། བཅོམ་ལྡན་འདས་སྒྱུ་མ་ལྟ་བུར་མཐའ་དག་ལ་གཟིགས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཤེས་རབ་ཆེན་པོའི་ལུས་སུ་བཞེངས་ཏེ། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བའི་མཆོག །ཚུགས་པ་མེད་ཅིང་ཆེར་གྲགས་པ། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་པ་ཆེན་པོ་ཆོས་ཀྱི་ཏོག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་ཚིགས་སུ་བཅད་པའི་དོན་དང་ལྡན་པའི་བཅོམ་ལྡན་འདས་འཇམ་དཔལ་དང་པོའི་སངས་རྒྱས་སྐད་ཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞལ་ཕྱག་ལ་སོགས་པ་སྔར་བསྟན་པའི་ཚུལ་བཞིན་དུ་ཡུམ་དང་ཁ་སྦྱོར་དུ་བཞེངས་པ་ནི་རེག་པ་


DTG015_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོངས་སུ་དག་པའོ། །སྔར་མི་གཡོ་བ་ལྷན་ཅིག་སྐྱེས་པ་བཞིན་སྐུར་བཞེངས་པ་གནས་པ་ནི་ཚོར་བ་ཡོངས་སུ་དག་པའོ། །དེས་ནི་རྫོགས་པའི་སངས་རྒྱས་བཞེངས་པའི་ངེས་པ་སྟེ་བཅོ་ལྔ་བའོ།། །།

བཅུ་དྲུག་པ། སྐྱེ་གནས་བསྟན་པའི་ངེས་པ།


DTG010_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་ནི་མངལ་ནས་སྐྱེས་པའོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི་སྒོ་ང་ལས་སྐྱེས་པའོ། །སྐད་ཅིག་གིས་བྱང་ཆུབ་པ་ནི་རྫུས་ནས་སྐྱེས་པའོ། །དེ་ཡང་མངལ་སྐྱེས་དང་སྒོང་སྐྱེས་ལ་ནི་དྲོད་དང་གཤེར་ལས་སྐྱེས་པས་ཀྱང་ཁྱབ་པའོ། །གླིང་བཞིའི་མི་ལ་སོགས་པ་ཁ་ཅིག་ནི་མངལ་སྐྱེས་སོ། །ཚངས་པའི་འཇིག་རྟེན་ལ་སོགས་པ་ཁ་ཅིག་ནི་སྒོ་ང་ལས་སྐྱེས་པའོ། །གང་སྐད་ཅིག་ཙམ་གྱིས་སྐྱེ་བ་ནི་རྫུས་ནས་སྐྱེས་པ་སྟེ་དམྱལ་བ་ལ་སོགས་པའི་སེམས་ཅན་ནོ། །དྲོད་གཤེར་ལས་སྐྱེས་པ་ནི་སྲིན་བུ་ལ་སོགས་པའི་སེམས་ཅན་ཁ་ཅིག་གོ །དེ་དག་གིས་སྲེད་པར་གྱུར་པའི་གནས་སྦྱང་ཞིང་ཆོས་མཐུན་པ་ཙམ་དུ་བསྐྱེད་པའི་རིམ་པ་རྣལ་འབྱོར་པ་ལ་གསུངས་སོ། །དོན་དམ་པར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལས་རང་བྱུང་བའི་ཕྱིར་སྐྱེ་གནས་མེད་དོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ནི་ཡེ་ཤེས་ཀྱི་སྐུ་ཅན་ཏེ། རྡོ་རྗེ་ལྟར་འདུས་མ་བྱས་པ་ཡིན་པའི་ཕྱིར་རོ། །གཞན་དུ་ན་སྲིད་པའི་སྐྱེ་གནས་པའི་ལུས་ནི་མི་རྟག་པ་དང༌། བརྟན་པ་མེད་པ་སྟེ་འགྲོ་བ་ཐམས་ཅད་འདུས་བྱས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང༌། སྤྱན་ལྔ་ཆགས་པ་མེད་པ་འཆང༌། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་པ་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་འབྱུང་བ་སྲིད་པ་སེལ། །གཅིག་བུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་བྱ་བ་ལ་སོགས་པ་སྐྱེ་གནས་བསྟན་པའི་ངེས་པ་སྟེ་བཅུ་དྲུག་པའོ།། །།

བཅུ་བདུན་པ། ཡེ་ཤེས་ཀྱི་འཁོར་ལོ་དང་དམ་ཚིག་གི་འཁོར་ལོ་མཉམ་པར་བྱ་བའི་ངེས་པ།


DTG010_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྲེད་པ་དང་ལེན་པ་ཡོངས་སུ་དག་པར་བྱ་བའི་ཕྱིར། །ཕྱི་དང་ནང་དུ་དཀྱིལ་འཁོར་པ་རྣམས་སྤྲོ་ཞིང་བསྡུ་བས་བལྟ་སྟེ། གཙོ་བོའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་མཚན་མ་དང་ས་བོན་བལྟས་པས་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པར་བྱའོ། །འདིས་ནི་ཡེ་ཤེས་ཀྱི་


DTG015_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོ་དང་རོ་མཉམ་པར་འགྱུར་པའི་ཕྱིར་སེམས་ཀྱི་སྟོབས་ཀྱིས་ཐ་མལ་པའི་ལས་ལ་མི་འཇུག་སྟེ། ལུས་དང་ངག་དང་ཡིད་ཡེ་ཤེས་དང་རོ་མཉམ་པར་གྱུར་པས་དེ་རྣམས་ཀྱི་ལས་ཀྱི་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །ཉོན་མོངས་པ་རྣམས་ཀྱང་ཡེ་ཤེས་སུ་གནས་གྱུར་པས་ཉོན་མོངས་པ་མི་སྡུད་པའི་སྟོབས་སོ། །མངོན་པར་རྫོགས་པར་སངས་རྒྱས་པ་ན་བདུད་དང་བར་དུ་གཅོད་པ་དང་སྨྲ་བ་བོ་གཞན་རྣམས་ཀྱིས་མི་ཚུགས་པའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པའོ། །དེ་བས་ནས་བོན་ལ་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་སྤྲོས་ཏེ། ཛཿ་ཧཱུཾ་བཾ་ཧོཿ་ཧཾ། ཞེས་བརྗོད་པས་བཀུག་ལ་སྔར་བཞིན་དུ་མཆོད་པ་དང་བསྟོད་པ་ལ་སོགས་པས་མཉེས་པར་བྱས་ལ། རྡོ་རྗེ་ཤུགས་ཅན་འཇིགས་པའི་གཟུགས། ཞལ་རབ་ཏུ་བཞད་པ་ཟླ་བ་ཕྱེད་པའི་མཆེ་བ་གཙིགས་པ། སྒྲ་སྒྲོགས་པས་འཇིགས་པར་མཛད་པ་སྤྱན་བཅུ་གཉིས་མདའ་བ། ཞབས་གཉིས་ཤེས་རབ་ཐབས་ཀྱི་ཡན་ལག་དང་ལྡན་པ། བདག་པོ་བཞིན་མཚོན་ཆ་དང་ལྷན་ཅིག་གླང་པོའི་པགས་པ་ན་བཟར་གསོལ་བ། ཕྱག་རྒྱ་ལྡས་རྣམ་པར་བརྒྱན་པ། མི་བསྐྱོད་པའི་ཅོད་པན་ཅན། ཐོད་པ་དང༌། མགོ་བོའི་ཕྲེང་པ་འཛིན་པ། སྦྲུལ་གྱི་རྒྱན་ཅན། ཧཱུཾ་གི་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཤུགས་ཀྱིས་གཞུག་ཅིང་བཅིངས་ལ་དགྱེས་པ་དང་རོ་མཉམ་པར་བྱ་བ་ནི། ཕྱག་རྒྱ་བཞི་གཅིག་རྡོ་རྗེ་དབྱུག་པས་སོ། །ཇི་ལྟར་དབུས་སུ་གཙོ་བོ་དང་དང་གཙོ་བོར་རོ་གཅིག་པར་གྱུར་པ་བཞིན་དུ། དཀྱིལ་འཁོར་པ་ཐམས་ཅད་ཀྱང་རོ་མཉམ་པར་བྱའོ། །ཨོཾ་ཡོ་ག་ཤུདྷཱཿ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ་ཉ་ཧཾ་ཞེས་བྱ་བས་སོ། །ཡེ་ཤེས་ཀྱི་འཁོར་ལོ་དང་དམ་ཚིག་གི་འཁོར་ལོ་མཉམ་པར་བྱ་བའི་ངེས་པ་སྟེ་བཅུ་བདུན་པའོ།། །།

བཅོ་བརྒྱད་པ། དབང་བསྐུར་བ་དང་ཕྱག་རྒྱའི་ངེས་པ།


DTG010_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཐབས་ཆེན་པོས་སྐྱེ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར། ཡེ་ཤེས་དང་དམ་ཚིག་རོ་མཉམ་པར་གྱུར་ཅིང་ཡོངས་སུ་རྫོགས་པ་ན་དབང་བསྐུར་བར་བྱ་སྟེ་ཅིའི་ཕྱིར་ཞེ་ན། ཐབས་ཆེན་པོས་སྡུག་བསྔལ་རབ་ཏུ་ཞི་བས་སྐྱོན་མི་སྡུད་པ་དང༌། སེམས་ཅན་འཇུག་པར་བྱེད་པས་རིགས་དེས་པ་དང༌། རྒྱུ་འབྲས་རོ་གཅིག་པར་རྒྱས་བཏབ་པས་མྱུར་དུ་མངོན་པར་རྫོགས་པར་


DTG015_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱའོ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །ཞེས་བྱ་བའི་དོན་ལ་འཇུག་པར་བྱ་སྟེ། འདི་སྐད་དུ། མེ་ལོང་མཉམ་ཉིད་ཡེ་ཤེས་དང༌། །གསུམ་པ་སོ་སོར་རྟོག་པ་དང༌། །གཞན་ཡང་བྱ་བ་ནན་ཏན་དང༌། །ཆོས་དབྱིངས་རྣམ་པར་དག་པ་སྟེ། །གཟུགས་དང་ཚོར་བ་འདུ་ཤེས་དང༌། །འདུ་བྱེད་རྣམ་པར་ཤེས་པ་ཉིད། །ས་དང་ཆུ་དང་མེ་དག་དང༌། །རླུང་དང་སྟོང་པ་ནམ་མཁའ་སྟེ། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཆོས་དབྱིངས་རྣམ་དག་ཅེས་བྱ་བའི། །དེ་ཉིད་ལྷ་ཡི་གཟུགས་ཡིན་ཏེ། །དེ་དོན་དབང་བསྐུར་བརྩམ་པར་བྱ། །ཞེའོ། །དེ་བས་ན། ཨོཾ་བི་ཤུདྡྷཱཿ་སརྦ་དྷརྨཱ་དྷཱརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱ་ཏྨ་ཀོ་ཉ་ཧོ། །ཞེས་པའི་རྗེས་ལ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རིག་པའི་ལྷ་མོ་དང༌། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་རྣམས་བཀུག་ལ་གོང་དུ་བསྟན་པའི་རིམ་པས་ཡང་དག་པར་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། །དེ་དག་གིས་དབང་བདུན་པོ་འདི་བསྐུར་བར་བསམ་མོ། །བྱིས་པ་སྐྱེས་པ་མ་ཡིས་ནི། །ཆུ་ཡིས་ཁྲུས་ནི་བྱེད་པའོ། །དེ་བས་གཙུག་ཕུད་གཞག་པ་ནི། །ཅོད་པན་དུ་ནི་ཡོངས་སུ་བརྟག །དེ་ལ་རྣ་བ་ཕུག་པ་ནི། །དར་དཔྱང་དུ་ནི་ངེས་པར་བརྗོད། །ཉིན་དང་མཚན་དུ་སྤྱོད་པ་ནི། །རྡོ་རྗེ་དྲིལ་བུའི་དབང་ཡིན་ནོ། །ལོངས་སྤྱོད་ལྔ་ནི་བརྟུལ་ཞུགས་ཏེ། །མིང་བཏགས་པ་ནི་མིང་གི་དབང༌། །ཕ་ཡི་བསླབ་པ་དག་གིས་ནི། །རྟག་ཏུ་རྗེས་སུ་གནང་བ་སྦྱིན། །དེ་ལྟར་རྣམ་པ་བདུན་གྱིས་ནི། །དབང་བདུན་པ་ནི་བསྟན་པ་ཡིན། །ཞེས་གསུངས་པས་བདུད་རྩི་ལྔས་གང་བའི་བུམ་པའི་དབང་བསྐུར་བའི་ཚེ་ནའོ། །བདུད་རྩི་ལྔ་ནི་ཡེ་ཤེས་ལྔར་རིག་པར་བྱ་བས་དབང་བསྐུར་རོ། །བུམ་པ་ནི་ཤེས་རབ་ཡེ་ཤེས་སོ། །དེའི་ཡེ་ཤེས་ཀྱིས་དབང་བསྐུར་བས། གསང་བ་དང་ཤེས་རབ་ཀྱང་བླ་མའི་མན་ངག་གིས་


DTG015_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་པར་བྱའོ། །འདིར་རིམ་པ་ཇི་ལྟ་བ་བཞིན་དུ་དགའ་བ་དང༌། སྐད་ཅིག་དང༌། འབྲས་བུ་བཞི་ལ་སོགས་པའི་མཚན་ཉིད་གོ་བར་བྱའོ། །དགོད་པ་དང༌། ལྟ་བ་དང༌། འཁྱུད་པ་དང༌། འཁྲིག་པ་བཞི་རྣམ་པར་དག་པས། སློབ་དཔོན་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། མཆོག་ཏུ་དགའ་བའི་བདེ་བ་ཆེན་པོའི་དབང་བཞི་པ་བླང་བར་བྱའོ། །དེ་སྐད་དུ་ཡང༌། དེ་ལ་བག་མ་ལེན་པ་ནི། དབང་མཆོག་ཏུ་ནི་བསྟན་པ་ཡིན། །དེ་ལ་བུ་མོ་ལེན་པ་ནི། །ལག་པ་འཆིང་བར་བརྗོད་པའོ། །ཐབས་དང་ཤེས་རབ་སྦྱོར་བ་ཡིས། །ཕྱི་མཐར་བདེ་བ་དེ་འགྱུར་རོ། །ལུས་སྐྱེ་བ་ནི་བསྙེན་པ་སྟེ། །སྲོག་འབྱུང་བ་ནི་སྒྲུབ་པའོ། །གཉིས་སྐྱེ་བ་ནི་སླར་སྐྱེ་ན། །ཉེ་བར་བསྒྲུབ་པར་བརྗོད་པའོ། །ཐབས་དང་ཤེས་རབ་སྙོམས་འཇུག་གིས། །ཉེ་བར་བསྒྲུབ་པ་ཐ་མའོ། །ཞེས་གསུངས་སོ། །དེ་ལྟར་དབང་བསྐུར་ནས་རང་གི་རིགས་ཀྱི་བདག་པོས་རྒྱས་གདབ་པ་ནི་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་ནི་ཕན་ཚུན་རྒྱས་གདབ་པར་བྱའོ། །གཉི་ག་ཡང་ཐུགས་རྡོ་རྗེ་སྟེ་ཆོས་གོས་དང་གཙུག་ཏོར་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པ་ཕྱག་རྒྱས་ལ་རག་པའོ། །འདི་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བའོ། །འདིར་རིགས་ལྔས་ཐམས་ཅད་དུ་རྒྱས་འདེབས་པ་དགག་པར་བྱ་སྟེ། རང་རང་གི་རིགས་ཀྱི་རང་བཞིན་གྱིས་སངས་རྒྱས་རྣམས་སྐྱེད་པར་བྱེད་པའི་ཕྱིར་རོ། །འོ་ན་ཏེ་ཡེ་ཤེས་དང་རྣམ་པར་ཤེས་པའི་ཆོས་ཀྱིས་སངས་རྒྱས་ལྔའི་ཅོད་པན་རེས་འགའ་བྱའོ། །གཟུགས་རྣམ་པར་སྣང་མཛད་ཀྱི་དབུ་ལ་མི་བསྐྱོད་པས་རྒྱས་གདབ་སྟེ། ཐུགས་ཀྱིས་སྐུའི་རྣམ་པ་ལ་རྒྱས་གདབ་ཅེས་གསུངས་པའི་ཕྱིར་རོ། །འོད་དཔག་མེད་ལ་རྣམ་པར་སྣང་མཛད་ཀྱིས་ཏེ། སྐུ་གསུང་རབ་ཏུ་བརྗོད་པའི་ཕྱིར་རོ། །རིན་ཆེན་འབྱུང་ལྡན་ལ་འོད་དཔག་མེད་དུ་འགྱུར་ཏེ་རྡུལ་གྱི་ཆོས་ཅན་གྱི་ཕྱིར་རོ། །རིན་ཆེན་འབྱུང་ལྡན་ནི་དོན་ཡོད་གྲུབ་པ་སྟེ་རོ་ལས་ཤ་འབྱུང་བའི་ཕྱིར་རོ། །རིགས་དྲུག་པོ་ལས་རལ་བའི་ཅོད་པན་འཛིན་པ་ནི་མུ་སྟེགས་འཛུད་པའི་ཕྱིར་རོ། །དབང་ཕྱུག་གི་གདོང་པ་རྣམ་པར་དག་པའམ།


DTG015_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚངས་པའི་གདོང་རྣམ་པར་དག་པ་ནི་ཞལ་ལྔའོ། །ཀུན་རལ་པའི་ཅོད་པན་ནོ། །འདིར་དག་པ་ནི་རྣམ་པར་སྣང་མཛད་དོ། །གཡོན་པ་འོད་དཔག་མེད་དོ། །ཀུན་འཛིན་པ་ནི་རིན་ཆེན་འབྱུང་ལྡན་ནོ། །དེའི་སྐྱེས་བུ་ནི་དོན་ཡོད་གྲུབ་པའོ། །དབང་ལྡན་ནི་མི་བསྐྱོད་པའོ། །དུས་མེ་ནི་རྡོ་རྗེ་སེམས་དཔའོ། །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང༌། ཡེ་ཤེས་ཀྱི་རང་བཞིན་ཐ་མལ་པའི་ཕུང་པོ་རྣམ་པར་དག་པའི་ཕུང་པོ་གཙུག་ཏོར་དང་ཆོས་གོས་འཛིན་པ་ལ་སོགས་པས་རྒྱས་བཏབ་པ་ཉིད་དོ། །དེ་ལྟར་དྲུག་པོ་རྣམས་ཀྱིས་རལ་པ་བརྗོད་དོ། །དེའི་ཕྱིར། རལ་པ་མུཉྫ་ཅོད་པན་ཐོགས། གདོང་ལྔ་ཟུར་ཕུང་ལྔ་དང་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷ་གཞན་རྣམས་ནི་ཅོད་པན་རིན་པོ་ཆེ་ལ་སོགས་པའི་རང་བཞིན་གྱིས་རྒྱས་གདབ་སྟེ། གང་དང་གང་ལས་སྐྱེས་པ་དེ་ལ་རྒྱས་གདབ་འཆད་པར་འགྱུར་རོ། །དེ་བས་ན་གང་ལ་གང་གིས་རྒྱས་གདབ་པས་དེ་དང་དེའི་ངོ་བོར་གྱུར་ཅེའོ། །ཡང་གསུངས་པ། འབྲས་བུས་རྒྱུ་ལ་རྒྱས་བཏབ་ཅིང༌། །རྒྱུས་ནི་འབྲས་བུ་ལ་རྒྱས་གདབ། །རྒྱུ་དང་འབྲས་བུའི་འབྲེལ་པ་ནི། །རྣམ་པར་དཔྱད་ན་ཐོབ་མི་འགྱུར། །རྒྱུ་དང་འབྲས་བུ་ཡོངས་ཤེས་པའི། །དེ་བས་དེ་ནི་བཤད་བྱ་ཉོན། །ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་རྒྱས་གདབ་ཅེན་། རྒྱན་དུ་ཐོགས་པའི་ཕྱིར་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིགས་ཀུན་ལ་མཛེས་པས་ཡིད་དགའ་བ་དང༌། རིགས་ངེས་པའི་སྒོ་ནས་སྒྲུབ་པ་པོ་དངོས་གྲུབ་ཉེ་བའི་ཕྱིར་རོ། །ཅིར་འགྱུར་ཞེ་ན་འདུ་བྱེད་ཀྱི་སྡུག་བསྔལ་ལ་སོགས་པ་ཀུན་ཞི་ནས་རྣམ་པར་གྲོལ་བ་གསུམ་གྱི་འབྲས་བུ་ཐོབ་པར་འགྱུར་རོ། །གཞན་ཡང༌། ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་བྱ་བ་ལ་སོགས་པ་ཡང་ངོ༌། །དབང་བསྐུར་པ་དང་ཕྱག་རྒྱའི་ངེས་པ་སྟེ་བཅོ་བརྒྱད་པའོ།། །།

བཅུ་དགུ་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ངེས་པ།


DTG010_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པར་བྱ་སྟེ། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །ཞེས་


DTG015_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་དོན་ལ་འཇུག་པར་བྱ་སྟེ། དཔྲལ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་གྱི་ས་བོན་ལས་འཁོར་ལོ་རྩིབས་བརྒྱད་པ་དེ་དག་ལས་གྱུར་པའི་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ། །ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་དཀར་པོ། །གཡོན་དམར་པོ་གཡས་ནག་པོ། །གཡས་དང་པོ་འཁོར་ལོ་དང་རྡོ་རྗེ་དང་པདྨ་འཛིན་པ། གཡོན་རལ་གྲི་དང་དྲིལ་བུ་དང་ནོར་བུ་འཛིན་པའོ། །རང་གི་ཤེས་རབ་དང་ལྷན་ཅིག་བསམས་ལ། རང་གི་སྐུ་དང་མཚུངས་པའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ཉེས་པ་དག་པར་བྱས་ཤིང་སངས་རྒྱས་ཐམས་ཅད་ཀྱི་སྐུའི་གསང་བ་གང་གསུངས་པར་བྱིན་གྱིས་བརླབས་ནས་སླར་འདུས་པས་སྐུ་རྡོ་རྗེ་དང་དབྱེར་མེད་པར་བསམ་མོ། །དེ་བཞིན་དུ་མགྲིན་པར་རཾ་ལས་ཉི་མ་དང་པདྨ་ཡོངས་སུ་གྱུར་པ་ལས། གསུང་རྡོ་རྗེ་ཤེས་རབ་དང་བཅས་པ་སྐུ་མདོག་དམར་པོ་ཞལ་གསུམ་པ་ཕྱག་དྲུག་པ། གཡོན་དང་གཡས་དཀར་པོ་དང་ནག་པོའོ། །གཡས་པདྨ་དང༌། རྡོ་རྗེ་དང༌། འཁོར་ལོའོ། །གཡོན་ནོར་བུ་དང་དྲི་ལ་བུ་དང་རལ་གྲི་འཆང་བའོ། །ཡང་སྔ་མ་བཞིན་རང་གི་སྐུ་དང་མཚུངས་པའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་དག་གི་ཉེས་པ་ཀུན་དག་པར་བྱས་ནས། སངས་རྒྱས་ཐམས་ཅད་ཀྱི་གསུང་ནི་གསང་བ་བྱིན་གྱིས་བརླབས་ཏེ་སླར་ཡང་འདུས་པས་གསུང་རྡོ་རྗེར་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །དེ་བཞིན་དུ་སྙིང་གར་ཐིག་ལེ་སྒྲ་གཅན་གྱི་དཀྱིལ་འཁོར་ཁ་དོག་སྔོན་པོ་དང༌། ཧཱུཾ་དང་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་ཤེས་རབ་དང་བཅས་པ་ནག་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡོན་དང་གཡས་དམར་བ་དང་དཀར་བ། གཡས་ན་རྡོ་རྗེ་དང་འཁོར་ལོ་དང་པདྨའོ། །གཡོན་ན་དྲིལ་བུ་དང༌། ནོར་བུ་དང༌། རལ་གྲི་འཛིན་པའོ། །དེ་ནས་སྔ་མ་བཞིན་རང་གི་སྐུ་དང་མཚུངས་པའི་འོད་ཟེར་སྤྲོས་པས། སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ཉེས་པ་སྦྱོངས་ནས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བར་གང་གསུངས་པར་བྱིན་གྱིས་བརླབས་ནས། སླར་འདུས་པས་ཐུགས་རྡོ་རྗེ་དང་དབྱེར་མེད་པར་བྱིན་གྱིས་བརླབས་སོ། །ལྷན་ཅིག་སྤྱོད་པ་དང་རྗེས་སུ་སྤྱོད་པ་རྣམས་ལ་ཧོ་སྭཱ་ཧཱ་ཞེས་པ་རྣམས་ཀྱིས་ཏེ་བླ་མའི་མན་


DTG015_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངག་བཞིན་བྱའོ། །དཀྱིལ་འཁོར་པ་ཀུན་ཀྱང་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པར་མོས་པར་བྱའོ། །རིགས་གསུམ་འཆང་བ་གསང་སྔགས་འཛིན། །ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ངེས་པ་སྟེ་བཅུ་དགུ་པའོ།། །།

ཉི་ཤུ་པ། སྐྱེ་མཆེད་བྱིན་གྱིས་བརླབ་པའི་ངེས་པ།


DTG010_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྐྱེ་མཆེད་དྲུག་གི་གོ་ཆ་བགོ་བར་བྱ་སྟེ། མ་འོངས་པ་ན་མངོན་པར་ཤེས་པ་དྲུག་དང་ལྡན་པའི་ཕྱིར་རོ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བའི་དོན་ལ་འཇུག་པར་བྱའོ། །དེ་ཡང་སྔར་གྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་སྐབས་ཀྱི་ནམ་མཁའི་སྙིང་པོ་ལ་སོགས་པ་རྣམས་ཡུལ་དང་ཡུལ་ཅན་ཇི་ལྟར་བཀོད་པ་དེ་བཞིན་དུ། འདིར་ཡང་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་ལ་དགོད་པར་བྱའོ། །དེས་ཅི་འགྱུར་ཞེ་ན། སྐྱེས་པ་དང་ནི་སྐྱེ་བ་དང༌། །སྐྱེ་ཞིང་གང་དུ་སྐྱེ་འགྱུར་པ། །གཏི་མུག་རྡོ་རྗེའི་སྦྱོར་བ་ལས། །རྡོ་རྗེ་མིག་གིས་མཐོང་བར་འགྱུར། །ཁམས་གསུམ་ལས་ནི་ཉམས་དགའ་བར། །སྒྲ་ནི་གང་ཞིག་རབ་གྲགས་པ། །རྣ་བའི་དྲུང་ན་གནས་པ་བཞིན། །ཞེ་སྡང་རྡོ་རྗེ་སྦྱོར་བ་ལས། །དྲང་སྲོང་མངོན་པར་ཤེས་པ་ཐོབ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །མཚོན་དཀའ་ལྟ་བུའི་མཚན་ཉིད་ནི། །ལག་མཐིལ་སྐྱུ་རུ་ར་བཞག་བཞིན། །རྡོ་རྗེ་སེམས་ཀྱིས་ཤེས་པར་འགྱུར། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །རང་གི་རིགས་ནི་སྟོང་ཕྲག་གཅིག །རྡོ་རྗེ་སྦྱོར་བས་དྲན་འགྱུར་ཏེ། །ཉི་མ་གསུམ་བཞིན་དྲན་བར་འགྱུར། །སྒྱུ་འཕྲུལ་དྲ་བ་དུ་མ་ཡིས། །འདི་ནི་སྣང་བར་བྱེད་པར་འགྱུར། །མངོན་ཤེས་དྲུག་གི་སྦྱོར་བ་ཡིས། །སངས་རྒྱས་མངོན་ཤེས་ཐོབ་པར་འགྱུར། །ཞེས་གསུངས་པས་སྐྱེ་མཆེད་བྱིན་གྱིས་བརླབ་པའི་ངེས་པ་སྟེ་ཉི་ཤུ་པའོ།། །།

ཉེར་གཅིག་པ། སྐྱེད་པའི་རིམ་པའི་ངོ་བོ་ཉིད་ངེས་པ།


DTG010_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་བསྐྱེད་པའི་རིམ་པའི་མཚན་ཉིད་ཇི་ལྟར་ཤེས་པར་བྱ་བ་སྟོན་ཏེ། འདིར་བཞིན་དང་ལག་པ་ལ་སོགས་པའི་མཚན་ཉིད་ནི་རྣམ་པར་རྟོག་པ་དང༌། དམིགས་པའི་ཡལ་འཛིན་པའི་ཕྱིར་ཞེས་པའི་རྒྱུ་སྟེ། དེ་བས་ན་ཅི་ཞིག་བྱ་ཞེ་ན། བདེན་བ་དེའི་ཕྱིར་མདོའི་དོན་ལ་འཇུག་པར་བྱའོ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པ། །སྒྱུ་འཕྲུལ་


DTG015_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །མཁས་པ་ནི་བསྐྱེད་པའི་རིམ་པའི་མཚན་ཉིད་ལའོ། །སྒྱུ་མ་ནི་རྐྱེན་ཚོགས་པ་ལ་ལྟོས་པའོ། །སྣ་ཚོགས་སུ་འབྱུང་བས་ནི་སྒྱུ་འཕྲུལ་ལོ། །དེའི་མཚན་ཉིད་གང་བསྒོམ་པ་ནི་འཆང་བའོ། །དེས་ཀྱང་འཇིག་རྟེན་པའི་མིག་ངོ་མཚར་བསྐྱེད་པས་ན་དོན་གྲུབ་པར་བྱེད་པའོ། །དེ་བཞིན་དུ་སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་བ་རང་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་པར་བྱེད་པ་ནི་བདག་དང་གཞན་དགའ་བར་བྱེད་པའོ། །དེའི་ཕྱིར་དཔལ་དམ་པ་དང་པོའི་དཀྱིལ་འཁོར་རྡོ་རྗེ་དབྱིངས་ཆེན་པོ་ལྷ་སུམ་བརྒྱ་དྲུག་ཅུའོ། །སེམས་སྒྱུ་མའི་བདག་པོས་མིག་འཕྲུལ་ཀྱི་རྣམ་པ་ལྟར་སྤྲོ་བ་དང་སྡུད་པ་དང་ཕྱི་དང་ནང་དུ་གཏོགས་པ་མ་ལུས་པ་ཤེས་པར་བྱེད་པས་ན་ཐམས་ཅད་མཁྱེན་པ་ཉིད་ཡེ་ཤེས་ལྔ་ལ་སོགས་པ་ཐོབ་པར་བྱེད་དོ། །ཐབས་ལ་མི་མཁས་པས་ནི་བསོད་ནམས་ཙམ་བྱས་པར་འགྱུར་རོ། །འདིར་སྤྲོས་པའི་རྣམ་པ་དུ་མ་ཞིག་ཏུ་བསྟན་ཀྱང༌། སྒྱུ་མ་ལྟར་འཇིག་རྟེན་པའི་བཀོད་པ་དང་ཆོས་མཐུན་པས་བསྟན་པ་དང༌། དེ་ནང་གི་རང་བཞིན་སྐྱེས་པ་དང་སྐྱེ་བར་གྱུར་པ་དང༌། དེ་གསང་སྔགས་ཀྱི་དབང་གི་ལམ་དུ་བྱ་བ་དང༌། ལམ་མངོན་པར་རྟོགས་པར་སྒྲུབ་པའི་ཐབས་སུ་བྱ་བ་དང༌། སྒྲུབ་པའི་ཐབས་ཀྱིས་ཡེ་ཤེས་སུ་རྟོགས་ཤིང་ཐམས་ཅད་མཁྱེན་པ་ཁོ་ན་ཐོབ་པར་བྱེད་པ་ནི་དེ་བཞིན་གཤེགས་པས་གསུངས་པའི་ངེས་པའོ། །བསྐྱེད་པའི་རིམ་པའི་ངོ་བོ་ཉིད་ཀྱི་ངེས་པ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།

ཉེར་གཉིས་པ། འཁོར་ལོ་དྲུག་ལ་རྣམ་པར་དག་པའི་ངེས་པ།


DTG010_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་རྣམ་པར་དག་པའི་རང་བཞིན་ཤེས་པར་བྱ་སྟེ། འདིར་དུ་བ་ལ་སོགས་པ་བརྒྱད་དང༌། བུམ་པ་བརྒྱད་ལྷན་ཅིག་སྙིང་ག་ཆོས་ཀྱི་འཁོར་ལོ་རྣམ་པར་དག་པར་བྱ་བ་ནི་དུ་བ་ལ་སོགས་པ་བུམ་པ་རྣམས་དང་སྙིང་ག་ཆོས་ཀྱི་འཁོར་ལོའོ། །རྩ་བརྒྱད་ཀྱི་ནི་དག་པ་ཡིན། །རིག་མ་རྣམས་དང་སངས་རྒྱས་རྣམས། །སྤྱི་བོ་རུ་ནི་ལྷན་ཅིག་སྐྱེས། །རྩིབས་ནི་བཅུ་དྲུག་པ་རུ་གྲགས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡི། །མི་ཡི་བདག་པོ་ཉིད་འགྱུར་ནི། །བྱང་ཆུབ་སེམས་ནི་དག་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། །ནོར་ལ་གདེངས་ཅན་གྱིས་བསྒྲེངས་པའི། །འཇིགས་མ་ལ་སོགས་དག་པའོ། །ལག་པ་རྐང་པ་དག་


DTG015_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གི་ཚིགས། །སྟོང་པ་དྲུག་དང་མེ་ཡི་གྲངས། །ལས་ཀྱི་འཁོར་ལོའི་ལྷ་རྣམ་དག །ཀླུ་དང་གཏུམ་མོ་བཅུ་དྲུག་རྣམས། །སོར་མོ་རྣམས་ཀྱི་ཚིགས་ཀྱི་མཚམས། །བྱ་བའི་འཁོར་ལོ་དག་པར་འགྱུར། །འཁོར་ལོ་དྲུག་གི་ཟེ་འབྲུ་ལ། །རིགས་དྲུག་སྔགས་ཀྱི་རྩ་པ་ཡི། །རིགས་དྲུག་པོ་ནི་རྣམ་པར་དག །མུ་ཁྱུད་ཀ་སོགས་ཨ་སོགས་པས། །བསྐོར་བ་ཁམས་དྲུག་པག་པའོ། །ཕྱི་རིམ་དག་པའི་སྔགས་ཀྱིས་བསྐོར། །ཆོས་ཀུན་དག་པ་རྣམ་གཉིས་ཀྱི། །སྙིང་པོའི་སྔགས་ཞེས་ཤེས་པར་བྱ། །འཁོར་ལོ་དྲུག་ལ་རྣམ་པར་དག་པའི་ངེས་པ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།

ཉེར་གསུམ་པ། ལྷ་དང་ཕྱག་མཚན་ལ་སོགས་པ་དག་པའི་ངེས་པ།


DTG010_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་གཙོ་བོ་ལ་སོགས་པའི་དག་པ་ཤེས་པར་བྱ་སྟེ། ཐོག་མ་མེད་བདག་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །རྡོ་རྗེ་ཅན་དཔལ་དུས་རྟག་པར། །མི་ཡི་བདག་པོ་འགྱུར་པ་ནི། །ལོ་ཟླ་ལ་སོགས་དབྱེ་བས་སོ། །སེམས་ཀྱི་རྣམ་པར་སྣང་བ་མེད། །ཉི་མ་སོ་སོའི་དབང་གིས་ནི། །སྣ་ཚོགས་ཡུམ་ནི་རྣམ་པར་དག །དུ་བ་ལ་སོགས་རླུང་དག་པ། །རང་གི་སྙིང་གའི་པདྨ་ཡི། །རྩ་བའི་འཁོར་ལོ་གནས་པའོ། །དྲག་པོ་ཆུང་མ་བཅས་མནན་པ། །ཉོན་མོངས་པའི་བདུད་བཅོམ་པའོ། །ཁྱབ་བདག་ཞབས་ཀྱི་མཐིལ་གྱིས་ནི། །བདུད་མནན་བདུད་ཚོགས་བཅོམ་པའོ། །དུང་དང་གཎྜཱི་ནོར་བུ་དང༌། །ལྗོན་ཤིང་ཞེས་པ་དེ་བཞིན་དུ། །སྐུ་ཡི་རྡོ་རྗེ་ལ་སོགས་པའི། །བུམ་བརྒྱད་ལུས་ཀྱི་བདུད་རྩི་བརྒྱད། །རྒྱལ་བ་རྣམ་པར་རྒྱལ་བུམ་པ། །བྱང་ཆུབ་སེམས་དང་རྡུལ་དག་པའོ། །འདུ་བྱེད་དོན་ཡོད་གྲུབ་པ་སྟེ། །ཚོར་བ་རིན་ཆེན་འབྱུང་ལྡན་དང༌། །འདུ་ཤེས་འོད་དཔག་མེད་པའོ། །གཟུགས་ནི་རྣམ་པར་སྣང་མཛད་དོ། །ཁུ་བ་རྐང་དང་ཁྲག་དང་ནི། །དྲི་ཆུ་དྲི་ཆེན་རྣམ་དག་པའི། །ཁམས་དྲུག་དག་པ་ལྷ་མོ་དྲུག །ཡུལ་དང་ཡུལ་ཅན་རྣམ་དག་པ། །བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས། །ཁྲོ་བོ་ལྔ་ནི་སྟོབས་ལྔ་ཉིད། །གཞན་ནི་དབང་པོ་ལྔ་ཡིན་ཏེ། །རྒན་བྱད་མ་སོགས་བརྒྱད་དང་འཁོར། །པདྨའི་འདབ་མར་སོང་བ་རྣམས། །ཉི་མ་དུས་ཚོད་རྣམ་དག་པའོ། །བདེན་བྲལ་ལ་སོགས་ཟླ་བཅུ་གཉིས། །པདྨའི་འདབ་


DTG015_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མར་སོང་བ་རྣམས། །ཆུ་ཚོད་ཀྱི་ནི་དབུགས་བགྲང་ཚད། །ཀླུ་དང་གཏུམ་མོ་རྣམས་གསང་བའི། །མི་ཡི་བདག་པོ་ཉིས་འགྱུར་གྱི། །ཆ་རྣམས་ཀྱི་ནི་རྣམ་དག་པའོ། །དེ་བཞིན་འདོད་མ་ལ་སོགས་པ། །རང་བཞིན་ཡོན་ཏན་དབང་གིས་ནི། །ལུས་ནི་རྣམ་པར་དག་པའོ། །སྐྲ་རྣམས་གྲུབ་པ་མ་ལུས་པ། །བ་སྤུ་རྣམས་ནི་འབྱུང་པོའི་ཚོགས། །ས་ཡི་སྟེང་ན་གནས་རྣམས་སོ། །དེ་ཉིད་རྣམས་ནི་གཙོ་མཚོན་ཆ། །རང་བཞིན་ཡོན་ཏན་དབང་གིས་ནི། །ཁམས་རྣམས་དག་པ་ཕྱི་ཕྱག་རྒྱ། །རྡོ་རྗེ་རྣམས་ནི་ནང་ཕྱག་རྒྱ། །གཙོ་བོ་ཡི་ནི་སྙིང་དུ་ནི། །ཟླ་སྟེང་ཡང་དག་གནས་པའོ། །རྡོ་རྗེ་ཅན་དཔལ་སྣ་ཚོགས་ཡུམ། །སྲིད་པ་རྣམ་པ་གསུམ་སྤོང་བ། །དུས་གསུམ་ཡེ་ཤེས་སྦྱོར་བའོ། །གཡོན་དུ་སྲོག་ནི་རྒྱུར་འགྱུར་ཞིང༌། །དེ་བཞིན་གཡས་སུ་བཏུལ་བ་གང༌། །དེ་ནི་གཡོན་བརྐྱང་གནས་པའོ། །མཉམ་པའི་རྐང་སྟབས་གཞན་གཡས་བརྐྱང༌། །མེ་དང་ཉི་མ་ལུས་རྒྱུ་བའོ། །ཡངས་པ་དང་ནི་ཟླུམ་པོ་དང༌། །མཆོག་གི་རོལ་པ་ཡི་ནི་སྟབས། །རྡོ་རྗེ་པདྨ་ཡི་ནི་གདན། །ནམ་མཁའ་ལ་སོགས་རྒྱུ་བ་ནི། །མཐུན་དང་མི་མཐུན་པར་སོང་བ། །སྲོག་གི་རླུང་ནི་རྣམ་པ་ལྔའོ། །ས་ལས་འཁོར་ལོ་རབ་ཏུ་སྐྱེ། །ཆུ་ལས་པདྨ་རུ་ནི་འགྱུར། །མེ་ལས་ནོར་བུ་སྐྱེ་འགྱུར་ཞིང༌། །རླུང་ལས་རལ་གྲི་སྐྱེ་བ་ཡིན། །སྟོང་པ་ལས་ནི་རྡོ་རྗེར་འགྱུར། །ཡེ་ཤེས་ལས་ནི་གྲི་གུག་གོ །གོས་ལས་བདུད་རྩི་ཡི་ནི་སྣོད། །དེ་བཞིན་དུ་ནི་འགྱུར་པ་ཡིན། །མེ་ལོང་ཕྲེང་བ་པི་ཝང་དང༌། །དྲུག་པ་ཆོས་ནི་འབྱུང་བ་ཉིད། །ས་དང་ཆུ་དང་བྱིན་ཟ་དང༌། །རླུང་དང་ནམ་མཁའ་ཡེ་ཤེས་ལས། །ཕུབ་དང་མདུང་དང་མདའ་དང་ནི། །དགྲ་སྟ་དང་ནི་ཅང་ཏེའུ་དང༌། མཚན་མ་ལྔ་ནི་དེ་བཞིན་ནོ། །དབྱུག་པ་ཞགས་པ་ལྕགས་ཀྱུ་དང༌། །དེ་བཞིན་ཐོ་བ་རྩེ་གསུམ་ཉིད། །གཞུ་དང་ཨུཏྤལ་ཉིད་དང༌། །སླར་ལ་ཡང་ནི་དེ་བཞིན་དུ། །གོས་དང་ཁ་ཊྭཱཾ་ག་དྲིལ་བུ། །དེ་བཞིན་ལུ་གུ་རྒྱུད་སོགས་པ། །ཆུ་ལས་སྐྱེས་དང་ཐོད་པ་དང༌། །ཕུབ་དང་མཆེ་བ་ཅན་འཕགས་པ། །འདིར་ནི་ལྷག་པའི་མཚན་མ་གང༌། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ནམ་མཁའ་ལས་སྐྱེས་པར། །དེ་རྣམས་དེ་བཞིན་གཤེགས་པར་བྱ། །དེ་བཞིན་ཡོན་


DTG015_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏན་དབང་གིས་ནི། །ལྷ་དང་ལྷ་མོ་རྣམས་ཀྱིའོ། །ལྷ་དང་ཕྱག་མཚན་ལ་སོགས་པ་དག་པའི་ངེས་པ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།

ཉེར་བཞི་པ། མཆོད་པའི་ཡན་ལག་གི་ངེས་པ།


DTG010_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་རྣམ་པར་དག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་པར་བྱའོ། །དེ་ཡང་བསྙེན་པ་ལ་སོགས་པ་ཡན་ལག་བཞིའི་སྒོ་ནས་ཏེ། དེས་ཤེས་རབ་གཉིས་ལ་དམིགས་པའི་དུས་ན་གཟུགས་ལ་སོགས་པ་ཡོན་ཏན་དྲུག་ལ་སེམས་པ་ནི་བསྙེན་པ་སྟེ་ཕྱིའི་མཆོད་པའོ། །རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པའི་བདེ་བ་ལས་བྱུང་བ། བཞི་པ་དང་ལྷན་ཅིག་ཁམས་དྲུག་པ་ནི་རྡོ་རྗེ་དབྱིངས་ཕྱུག་མ་ལ་སོགས་པ་ལྷ་མོ་སྤྲོས་པས་ཉེ་བའི་བསྙེན་པ་སྟེ་ནང་གི་མཆོད་པའོ། །གང་གི་ཚེ་ཤེས་རབ་ཀྱི་པདྨར་སེམས་ཀྱི་ཐིག་ལེ་ལ་བདུད་རྩི་ལྔའི་གོང་བུར་གྱུར་པ་ཉིད་སྒྲུབ་པ་སྟེ་གསང་བའི་མཆོད་པའོ། །ཐིག་ལེ་ལ་དགའ་བ་བཞི་ཉམས་སུ་མྱོང་ནས་ལྷན་ཅིག་སྐྱེས་པ་དབུས་མ་མཆོག་གིས་རིགས་ལྡན་རྣམས་མཆོད་པ་ནི་སྒྲུབ་པ་ཆེན་པོ་སྟེ་དེ་ཁོ་ནའི་མཆོད་པའོ། །དེ་སྐད་དུ་ཡང༌། དབུས་མ་མཆོག་གི་དབུགས་དང་ནི། །དྲི་ཡི་ཆུ་དང་ལྡན་པ་ནས། །རྟག་པའི་དུས་ཀྱི་ཁྱད་པར་གྱིས། །རིགས་ལྡན་རྣམས་ནི་མཆོད་པར་བྱ། །ཞེས་རྩ་བའི་རྒྱུད་ལས་གསུངས་སོ། །དེ་བས་ན་མཆོད་པ་དེ་ལྟ་བུས་ལྷ་རྣམས་མཉེས་ནས་མཆོག་གསོལ་བར་འགྱུར་གྱི་དྲི་ཆེན་ལ་སོགས་པ་ཟོས་པས་ནི་མ་ཡིན་ནོ། །དེ་ཡང་གསང་སྔགས་ཀྱི་དམ་ཚིག་བཅུས་མཆོད་པ་ཡང༌། བདུད་རྩི་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཐིག་ལེ་འཛིན་པའོ། །ལྔ་ནི་དེ་ལས་བྱུང་བའི་ཕུང་པོ་ལྔའོ། །སྒྲོན་མ་ལྔར་གསུངས་པ་ནི་དབང་པོ་ལྔའོ། །དེ་ཡན་ལག་བཞིའི་སྒོ་ནས་བསྒྲུབས་ཤིང་ལྷ་རྣམས་མཆོད་པས་བདག་དང་གཞན་གྱི་དོན་དུ་འགྱུར་པ་ནི། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པའི་དོན་ལ་སྦྱོར་བར་བྱའོ། །མཆོད་པའི་ཡན་ལག་གི་ངེས་པ་སྟེ་ཉི་ཤུ་རྩ་བཞི་པའོ།། །།

ཉེར་ལྔ་པ། རྩ་བའི་རྒྱུད་ལས་གསུངས་པ་བསྟོད་པའི་ངེས་པ།


DTG010_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་མཆོད་པའི་རྗེས་སུ་བསྟོད་པ་ནི། །མཆོག་གི་སྙིང་རྗེ་དག་གིས་ནི། །འཁོར་བ་མི་ཟད་སྡུག་བསྔལ་ལས། །


DTG015_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གདོན་ཕྱིར་ཡེ་ཤེས་ལམ་ལས་ནི། །སྟོན་པ་ཁྱོད་ནི་རྒན་ཡང་གཞོན་ནུ་སྟེ། །རྒྱལ་བ་མཐའ་དག་གི་ནི་སྲས། །དང་པོ་སངས་རྒྱས་ཀྱི་དང་པོ། །བུད་མེད་སྦྱོར་བ་ཚངས་སྤྱོད་པའོ། །མཆོག་གི་སྙིང་རྗེ་དག་གིས་ནི། །འཇིག་རྟེན་གཉེན་ཏེ་གཤིན་རྗེའི་དགྲ། །ཁྱོད་ནི་ཞི་བའི་རྡོ་རྗེ་ཉིད།། སྲིད་པ་ཡི་ནི་འཇིགས་སེལ་བ། །ཁྱོད་ནི་རྟག་པར་བདུད་ཀྱི་བདུད། །སྲིད་པ་འདི་ལས་གྲོལ་བ་ཁྱོད། །འགྲོ་བ་སྨིན་པའི་དོན་དུ་ནི། །འཇུག་པ་ཡི་ནི་གཤིན་རྗེ་ཁྱོད། །ཐུབ་པ་ཡི་ནི་རིགས་འདུད་པ། །བྲམ་ཟེ་རིགས་ཀྱི་ཉི་མ་དག །ཞབས་ཀྱི་རྩ་བ་ལ་འདུད་བཞིན། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །སེམས་དཔའ་ཆེན་པོ་དང་པོ་མཆོག །དགེ་ཆེན་རྣམས་ཀྱི་དག་པ་ཆེ། །ཀུན་དུ་བཟང་པོ་ཀུན་གཟིགས་པ། །རྡོ་རྗེ་སྙེམས་པ་བདག་པོའི་བདག །ཐུགས་ཀྱི་སེམས་དཔའ་ཏིང་འཛིན་མཆོག །རྡོ་རྗེ་ཆེན་པོ་སྟོབས་པོ་ཆེ། །ཀུན་དུ་བཟང་པོ་སྤྱོད་པའི་མཆོག །སྙིང་པོར་གྱུར་ཅིང་བདུད་འཇོམས་པ། །སངས་རྒྱས་ཀུན་གྱི་བྱང་ཆུབ་ཆེ། །སངས་རྒྱས་བྱང་ཆུབ་མཆོག་ཏུ་འགྱུར། །ཧཱུཾ་མཛད་ཧཱུཾ་སྟེ་འཇིག་རྟེན་གྱི། །དབང་པོའི་ཐུགས་ཀྱི་གཙོ་བོ་ཉིད། །འདོད་ཆགས་ཆེན་པོ་བདེ་བ་ཉིད། །འདོད་དང་ཐར་པའི་ནོར་ཆེ་བ། །དུས་གསུམ་སྲིད་གསུམ་མཆོག་གསུམ་སྟེ། །འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ། །མི་རྒྱུ་བ་ན་མཆོག་ཏུ་གསལ། །ཤིན་ཏུ་ཕྲ་དང་སྦོམ་པའི་ཚོགས། །རྒྱུ་བ་རྣམས་ནི་རབ་མཆོག་མཉེས། །སྲིད་པའི་འཁོར་ལོ་སྦྱོར་མཛད་པ། །ཐོག་མཐའ་མེད་ཅིང་བསལ་བ་མིན། །སྔོན་དུ་སྡུག་པ་རྣམ་པར་གནས། །ཐུགས་ཀྱི་ཕྱག་རྒྱ་སྦྱོར་བ་ཆེ། །དམ་ཚིག་དེ་ནི་གོ་ཆ་ཆེ། །རྡོ་རྗེ་ཁྲོ་བོ་ཁྲོ་བ་ཆེ། འབར་ཞིང་འཇིགས་པ་འདུལ་བ་བོ།།གདུག་པའི་ཚོགས་ནི་འདུལ་བ་ཆེ། །དྲག་ཅིང་ཁྲོ་ལ་འཇིགས་པ་སྟེ། །དེ་བཞིན་གཤེགས་པའི་དངོས་གྲུབ་ཆེ། །མཆོག་གི་ལས་ཅན་ལས་ཆེན་པོ། །དམ་ཆོས་ལ་ནི་བཟང་པོའི་ལམ། །བྱང་ཆུབ་སེམས་ནི་རྟོགས་མཛད་པ། །ཐམས་ཅད་དག་པ་པདྨ་ཆེ། །ཤེས་རབ་ཐབས་ཀྱི་ནོར་ཆེ་བ། །འདོད་ཆགས་དག་པ་ཏིང་འཛིན་མཆོག །སྣ་ཚོགས་ཆེན་པོ་དབང་ཕྱུག་ཆེ། །ནམ་མཁའི་མཐའ་ལས་བརྟགས་པའི་དོན། །སེམས་ཅན་


DTG015_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་གྱི་གནས་ཆེན་པོ། །དཔལ་ལྡན་འབྱོར་པ་འབྱོར་པའི་བདག །བསམ་པ་ཐམས་ཅད་རྫོགས་མཛད་པ། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །མཆོག་གི་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་བྱ་བ་ལ་སོགས་པས་བསྟོད་པར་བྱ་བ་ནི་རྩ་བའི་རྒྱུད་ལས་གསུངས་པ་བསྟོད་པའི་ངེས་པ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།

ཉེར་དྲུག་པ། བདུད་རྩི་མྱང་བའི་ངེས་པ།


DTG010_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྔོན་དུ་གསུངས་པའི་རིམ་པས་བདུད་རྩི་མྱང་བར་བྱ་སྟེ། དེ་ཡང་ལས་ཀྱི་ཕྱག་རྒྱལ་སོགས་པ་རྣམས་ལ་དམིགས་ནས་རྫས་བཅུ་པོ་མན་ངག་བཞིན་པདྨའི་སྣོད་དུ་སྦྱང་བ་དང༌། འབར་བ་དང་རྟོགས་པར་བྱས་པས་ལྷ་རྣམས་ཚིམ་པ་ནི་ནང་གི་བདུད་རྩིས་ཚིམ་པར་བྱས་པའོ། །ཕྱིའི་རྫས་བཅུ་པདྨའི་སྣོད་དུ་བཞག་ནས་རྩོམ་ཆེན་ལ་སོགས་པ་བརྩམས་ཤིང་ཡེ་ཤེས་དང་རོ་མཉམ་པར་བྱས་ཏེ། ཨོཾ་ཨཱཿ་ཧཱུཾ་ཧ་ཧོ་ཧྲཱིཿ། ཞེས་པ་ཁ་དོག་འཕྲོག་པ་ལ་སོགས་པ་བྱས་ནས་ལྷ་རྣམས་ཚིམ་པར་བྱས་པ་ནི་ཕྱིའི་བདུད་རྩི་མྱང་བའོ། །བདུད་རྩི་མྱང་བའི་ངེས་པ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།

ཉེར་བདུན་པ། རྩ་བའི་རྒྱུད་ལས་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་བཅོམ་ལྡན་འདས་འཇམ་དཔལ་གྱིས་གསུངས་པའི་ངེས་པ།


DTG010_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་རྒ་ཤི་ཡོངས་སུ་དག་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། ཆོས་ཐམས་ཅད་རོ་མཉམ་པའི་ཡེ་ཤེས་དང༌། བདེ་བ་ཆེན་པོའི་ཡེ་ཤེས་གོམས་པའི་ཕྱིར་ཕྲ་མོ་དང་ཐིག་ལེའི་རྣལ་འབྱོར་བསམ་པར་བྱའོ། །དེ་ཡང་སྔོན་དུ་བསྐྱེད་པའི་རིམ་པས་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གོ །དག་བསྐྱེད་པས་ནི་ལས་རྒྱལ་པོ་མཆོག་གོ །ལས་ཀྱི་དབང་པོའི་བྱ་བ་བསྒྱུར་པས་བྱང་ཆུབ་སེམས་ཀྱི་ཐིག་ལེ་བསྐྱེད་པ་ནི་ཐིག་ལེའི་རྣལ་འབྱོར་རོ། །ཁུ་བ་འཛག་པ་ལས་བདེ་བ་དམིགས་པ་ནི་ཕྲ་མོའི་རྣལ་འབྱོར་རོ། །དེ་རྣམས་ཀྱིས་ལོ་བཅུ་དྲུག་གི་མཐར་འབྱུང་བར་འགྱུར་རོ། །བསྐྱེད་པའི་རིམ་པ་ལ་ནི་དེས་ཡེ་ཤེས་གསུམ་བསྐྱེད་པར་བྱའོ། །དེ་ཡང་དེའི་བདེ་བསྒྲུབ་པའི་ལས་ཀྱི་ཕྱག་རྒྱ་ནི་བྱིས་པའི་སྐྱེ་བོ་རྣམས་ལ་གསུངས་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ནི་བར་མ་ལའོ། །ཕྱག་རྒྱ་ཆེན་པོ་ནི་རྣལ་འབྱོར་པ་མཆོག་རྣམས་ཀྱིའོ། །དེ་བས་ན་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། རིགས་ཅན་ལོ་ནི་བཅུ་དྲུག་མ། །གཟུགས་དང་ལང་ཆོས་བརྒྱན་པ་ནི། །དང་པོར་ལེགས་པར་བསླབ་བྱ་སྟེ། །བསླབས་ནས་སྒྲུབ་པ་བརྩམ་པར་བྱ། །


DTG015_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐུ་གསུང་ཐུགས་ཀྱི་ཆགས་པ་རྣམས། །དཔྲལ་བ་ལ་སོགས་རྣམས་སུ་བཀོད། །སྭཱ་ཧཱ་གསང་བ་གཙུག་ཏོར་ཆེ། །དེ་ནས་པདྨ་རྣམ་སྤྱད་བྱ། །ཨ་ལས་པདྨ་འདབ་བརྒྱད་ལ། །ཧཱུཾ་གི་ཡི་གེས་རྡོ་རྗེ་ལྡན། །ཤེས་རབ་ཐབས་ཀྱི་རྒྱུ་རུ་ནི། །དེ་ལྟར་རྡོ་རྗེ་བཅས་པདྨ། །ཧཱུཾ་ལས་རང་གི་རྡོ་རྗེ་ནི། །རྩེ་ལྔ་པ་ནི་རྣམ་པར་བསྒོམ། །དེ་དབུས་པདྨ་འདབ་བརྒྱད་པ། །ཨ་ལས་རབ་ཏུ་བརྟག་པར་བྱ། །དེ་ལྟར་པདྨ་རྡོ་རྗེར་བཅས། །བྱས་པས་པདྨར་གཞུག་པར་བྱ། །དེ་ནས་རྣལ་འབྱོར་ཧཱུཾ་ཧཱུཾ་བརྗོད། །དེ་ལྟར་རྡོ་རྗེ་འཛིན་བདག་གིས། །བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་དོར་མི་བྱ། །ཁམས་གསུམ་པ་ནི་མ་ལུས་པ། །སངས་རྒྱས་སྐུ་རུ་བསྒོམ་པར་བྱ། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །སྤྱན་མ་མིག་ལ་སོགས་པ་ནི། །བསྲེགས་ནས་རི་བོང་ཅན་ཧཾ་འཛག །ཁུ་བའི་ཆོས་ཅན་བདུད་རྩི་ཉིད། །ཐིག་ལེའི་གཟུགས་སུ་འཛག་པ་ནི། །ཐིག་ལེའི་རྣལ་འབྱོར་ཞེས་སུ་བརྗོད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན། །ཆ་མེད་ཆ་ལས་འདས་པ་ནི། །བསམ་གཏན་བཞི་ཡི་རྩེ་མོ་འཛིན། །ཕྲ་མོའི་རྣལ་འབྱོར་ཞེས་སུ་བརྗོད། །རྒྱུ་མཐུན་ལ་སོགས་སྟེང་དུས་སོ། །དུང་ཅན་མ་ནི་ཕྱག་རྒྱ་ཆེ། །གཏུམ་མོ་རུ་ནི་དེ་བརྗོད་དོ། །ལྟེ་བའི་སྟེང་དུ་གཡུང་མོ་གང༌། །ཨ་ཝ་དྷཱུ་ཏཱི་མི་ཡི་སྣ། །འོད་ཟེར་ལྔ་ཡི་རང་བཞིན་སྲོག །དཀྱིལ་འཁོར་ལྔ་ནི་རྒྱུ་འགྱུར་པ། །སྣ་རྩེའི་ཡུངས་ཀར་ཞེས་བརྗོད་དེ། །དེ་ཡང་སྲོག་དང་རྩོལ་བར་བརྗོད། །ཁམས་གསུམ་པོ་ནི་མ་ལུས་པའི། །སྲིད་པ་གསུམ་པོ་ཡོངས་ཤེས་པའི། །སྲོག་གི་འགོག་པ་ཅན་དེ་ཡང༌། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །སྣ་རྩེ་དེ་ཡིས་ཕྱོགས་ནི། །གང་དུ་ཡིད་ནི་གཏོང་པ་ཉིད། །མཚན་མའི་མཐའ་ནི་རོ་མ་གང༌། །དེ་གཟུགས་གཡོ་དང་མི་གཡོ་བ། །རྣལ་འབྱོར་བསམ་གཏན་ལ་སོགས་པ། །དེ་ཡི་མ་ལུས་བསྒོམ་པར་བྱ། །འདི་ནི་རྩ་བའི་རྒྱུད་ལས་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་བཅོམ་ལྡན་འདས་འཇམ་དཔལ་གྱིས་གསུངས་པ་ངེས་པ་སྟེ་ཉི་ཤུ་རྩ་བདུན་པའོ།། །།

ཉེར་བརྒྱད་པ། སྔགས་ཀྱི་བཟླས་བརྗོད་བྱ་བའི་ངེས་པ།


DTG010_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་བསམ་གཏན་གྱིས་དུ་བ་ན་བཟླས་པ་བྱ་བ་ནི་རྣམ་པར་གྲོལ་བའི་དོན་དུ་སྲོག་དང་རྩོལ་བ་ལ་དམིགས་པར་


DTG015_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་སྟེ། །དེ་ཡང་འགྲོ་བ་དང་འོང་བ་དང་གནས་པ་ལ་གོམས་པར་བྱའོ། །ཇི་ལྟར་ཞན་གཡོན་དུ་འགྲོ་བ་དང་འོང་བ་ནི་སྐུ་རྡོ་རྗེའི་བཟླས་པའོ། །གཡས་སུ་སྲོག་འགྲོ་བ་དང་འོང་བ་ནི་གསུང་རྡོ་རྗེའི་བཟླས་པའོ། །དབུ་མར་སྲོག་འགྲོ་བ་དང་འོང་བ་ནི་ཐུགས་རྡོ་རྗེའི་བཟླས་པར་བརྗོད་དོ། །དེ་བཞིན་དུ་ཟླ་བ་དང་ཉི་མ་དང་ཨཱ་ལི་དང་ཀཱ་ལི་ལ་སོགས་པ་དང༌། འདོད་ཆགས་དང༌། ཆགས་བྲལ་དང༌། ཐབས་དང་ཤེས་རབ་ལ་སོགས་པའི་རྣམ་གྲངས་ཀུན་བླ་མའི་མན་ངག་བཞིན་ཤེས་པར་བྱ་སྟེ། འདི་རྣམས་འགོག་པས་ཐམས་ཅད་མཁྱེན་པ་མི་ཤིགས་པ་ཐོབ་པར་བྱེད་པ་ནི། འབྱིན་པར་བྱེད་པ་དང༌། གང་བར་བྱེད་པ་དང༌། བུམ་པར་བྱེད་པའི་སྦྱོར་བས་ལེགས་པར་བསྡོམས་པ་དང༌། དེ་བསྟེན་པས་ལྷ་རྣམས་ཀྱིས་མཆོག་སྟེར་བར་འགྱུར་གྱི། སྲོག་གཟིར་བ་དང་ངག་གི་བཟླས་པས་ནི་མ་ཡིན་ནོ། །དེ་ཡང༌། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་བྱ་བ་ལ་སོགས་པའི་ངེས་པ་གསུངས་སོ། །ད་ནི་ཐུན་མོང་གི་དངོས་གྲུབ་ཀྱི་གཞན་གྱི་དོན་བྱ་བའི་ཕྱིར་ངག་གི་བཟླས་པ་བྱ་བ་སྔར་བསྟན་པ་བཞིན་བདག་དཔལ་དམ་པ་དང་པོར་བསམ་པའི་གནས་དྲུག་ཏུ་འཁོར་ལོ་དྲུག་ཇི་སྐད་བཤད་པའི་འདབ་མའི་གྲངས་ཇི་ལྟ་བ་བཞིན་དུ་བལྟ་ཞིང༌། གཙུག་ཏོར་གྱི་འཁོར་ལོ་ནམ་མཁའི་ཁམས་ཀྱི་ཡེ་ཤེས་འབྱུང་བའི་གནས་སྔོན་པོའོ། །སྙིང་གར་རླུང་གི་ཁམས་ཀྱི་སྔགས་འབྱུང་བ་ནག་པོ་དང༌། མགྲིན་པར་མེའི་ཁམས་ཀྱི་སྔགས་འབྱུང་བ་དམར་པོ་དང༌། དཔྲལ་བར་ཆུའི་ཁམས་ཀྱི་སྔགས་འབྱུང་བ་དཀར་པོ་དང༌། ལྟེ་བར་སའི་ཁམས་ཀྱི་སྔགས་འབྱུང་བ་སེར་པོ་དང༌། གསང་བར་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་ཁམས་འབྱུང་བ་དཀར་པོ་དང་ནག་པོའོ། །འཁོར་ལོ་དེ་རྣམས་ལ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ལྷག་པའི་ལྷ་སྔར་སྤྲོས་པ་རྣམས་གསུངས་ལ། ཡབ་ཡུམ་གཉིས་སྙོམས་པར་འཇུག་པའི་ཚུལ་གྱིས་བཟླས་བརྗོད་


DTG015_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་སྟེ། ཅིའི་ཕྱིར་ཞེ་ན། སྟོང་པའི་སྐུ་དང་སྲོག་མཉམ་པར་སྦྱོར་བ་ལས་འབྲས་བུ་འབྱུང་གི །གཞན་དུ་ན་ལས་ཀྱི་དངོས་གྲུབ་ནི་སྟོང་པའི་སྐུ་དང་སྲོག་མ་བསྒྲུབས་ན་མེད་དེ། དཔེར་ན་ཕ་མ་གཉིས་མདན་བུག་ལ་ཞིག་ཅས་པ་ནི་འཇིག་རྟེན་པ་ལས་རབ་ཏུ་གྲགས་པ་བཞིན་ནོ། །དེ་བས་ན་འདིར་གང་གི་ཚེ་རྣལ་འབྱོར་པའི་སྲོག་ཨ་ཝ་དྷཱུ་ཏཱིར་སོང་བས་སྐུ་གསལ་བར་མཐོང་བ་དེའི་ཚེ། དེའི་སྐུ་ཅི་འདྲ་བར་བསམས་ཏེ། དེ་ཡང་རང་གི་སྙིང་གར་ཟླ་བ་དང༌། ཉི་མ་དང༌། མེའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ནག་པོས་བོན་ཧཱུཾ་ལས་བྱུང་བ་བལྟས་ལ། དེའི་ལྟེ་བར་ཛཿ་ལས་བྱུང་བའི་ལྕགས་གྱུ་འཛིན་པས་ཁམས་གསུམ་པ་མཐའ་དག་ཡོངས་སུ་བཀང་ནས་རྡོ་རྗེ་ལྕགས་ཀྱུ་དེ་རྣམས་ཀྱི་སྲིད་པ་གསུམ་དུ་གསལ་བའི་ཡེ་ཤེས་ཀྱི་འཁོར་ལོ་དང་ཁམས་གསུམ་པ་ཀུན་བཀུག་ནས་ཨ་ཝ་དྷཱུ་ཏཱིའི་རྡོ་རྗེའི་སྒོར་བཙུད་པས། འཁོར་ལོ་དྲུག་ལ་གནས་པའི་རིགས་དང་རིགས་ཅན་ཐམས་ཅད་ཞུ་ནས་ལས་གང་ལ་མོས་པའི་དེ་བཞིན་གཤེགས་པར་གྱུར་པར་བསམ་མོ། །གནས་གང་དུ་ཞེ་ན། ཞུ་བ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡུམ་གྱི་པདྨར་སྤྲོ་བར་བྱའོ། །ཅི་འདྲ་བ་ཞིག་ཅེ་ན། ཇི་ལྟར་སྐྱེས་བུའི་རང་གི་རྡོ་རྗེར་དགའ་བ་ཉམས་སུ་མྱོང་ནས་བུད་མེད་ཀྱི་པདྨར་བླུགས་པ་དེ་བཞིན་དུ་ལྷའི་རྣལ་འབྱོར་གྱིས་ལྷ་མོའི་པདྨར་དབྱུང་བར་བྱའོ། །རྣམ་པ་ཅི་འདྲ་བ་ཞིག་ཅེ་ན། རྡོ་རྗེ་འཛིན་པ་རང་འདྲ་བ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པར་བསམ་མོ། །དེའི་སྙིང་གར་ལས་ཐམས་ཅད་པ་འགྲུབ་པར་བྱེད་པའི་ཤེས་རབ་ཀྱི་འཁོར་ལོ་རྩིབས་དྲུག་མུ་ཁྱུད་བཞི་དང་ལྡན་པ་ལ་གསང་སྔགས་ཀྱི་ཚིག་དྲུག་དགོད་ཕ་ནི། དང་པོའི་རྩིབས་ལ་སོགས་པར། ཨོཾ་སྐུའི་སྔགས་ཐོག་མར་བཞག་ལ་རང་གི་རིགས་ཀྱི་སྔགས་ཐུགས་ཀྱི་ཡི་གེ་དང༌། མིང་དང་གསུང་གི་ཡི་གེ་རྣམས་བཀོད་ལ་ལས་ཀྱི་ཁ་དོག་དང་མཐུན་པར་སྔགས་བཟླས་བརྗོད་བྱ་ཞིང༌། འཆད་བཞིན་པའི་ལས་ཀྱི་ལྷ་རྣམས་སྤྲོ་བར་བྱའོ། །མུ་ཁྱུད་དང་པོ་ནི་ཨོཾ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་རོ། །གཉིས་པ་ནི་ཨ་ལས་ཉི་མའི་དཀྱིལ་འཁོར་རོ། །གསུམ་པ་ནི་ཧཱུཾ་ལས་སྒྲ་གཅན་གྱིའོ། །བཞི་པ་ནེ་ཧོ་ལས་དུས་ཀྱི་མེའོ། །ཟླ་བའི་དཀྱིལ་འཁོར་ལ་ནི་ཨ་ཨཱ་ལ་


DTG015_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་བཅུ་གཉིས་ཐིག་ལེ་དང་བཅས་པའོ། །ཉི་མའི་དཀྱིལ་འཁོར་ལ་ལ་ནི་ཀ་ལ་སོགས་པ་གསལ་བྱེད་ཚེག་དྲག་དང་བཅས་པའོ། །སྒྲ་གཅན་གྱི་དཀྱིལ་འཁོར་ལ་ནི་མ་ནིང་རྀ་རཱྀ་ལ་སོགས་པའོ། །དུས་ཀྱི་མེ་ལ་ནི་ཕྲེང་བའི་སྔགས་སོ། །དེ་རྣམས་ཀྱི་དབུས་སུ་ནི་ཨ་དོན་དམ་པའི་ཡི་གེ་རབ་མཆོག་གོ །མིང་གི་ཡི་གེའི་ཐོག་མར་ཐུགས་ཀྱི་ཡི་གེ་གཞག་པ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཉིད་ཀྱི་ངེས་པ་སྟེ། འདི་སྐད་དུ། མིང་གི་དང་པོར་ཐུགས་རྡོ་རྗེར། །འགྱུར་རོ་མི་ཡི་བདག་པོ་ཀྱེ། ལྷ་དང་ལྷ་མོ་རྣམས་ཀྱི་ནི། །མིང་གི་ཡི་གེ་ཐམས་ཅད་ནི། །གསུང་གི་རྡོ་རྗེ་རུ་ནི་འགྱུར། །དེ་ཡི་དང་པོ་སྐུ་རྡོ་རྗེ། །དེ་ཕྱིར་ཉིད་ལག་གི་ནི་སྔགས། །རྣམ་པ་མང་པོར་འགྱུར་པ་ནི། །རེས་འགའ་ཀློག་པས་འགྲུབ་པའོ། །ཞེས་གསུངས་སོ། །ཡང་ན་མིང་གི་དང་པོ་ནི་བདེ་གཤེགས་དྲུག་གི་རྩིབས་ལ་བཀོད་པའོ། །དང་པོར་ནི་ཡི་གེ་རབ་མཆོག་དང་པོར་ལྟེ་བ་ལ་གཞག་པའོ། །དེ་ཉིད་སངས་རྒྱས་ཀུན་གྱི་ཐུགས་ཡིན་པས་ན་ཐུགས་རྡོ་རྗེའོ། །ལྷ་དང་ནི་བདེ་གཤེགས་དྲུག་གི་སྟེ་གོ་སླའོ། །ལྷ་མོ་ནི་འདི་ལྟར། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་པཎྜ་ར་བ་སི་ནི་བ་ད་སི་སྭཱ་ཧཱ། ཨོཾ་མཱ་མ་ཀཱི་རེ་ཀི་རི་སྭཱ་ཧཱ། ཨོཾ་ལོ་ཙ་ནེ་བ་སུ་དེ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །མིང་གི་ཡི་གེ་ནི། གང་གི་མིང་གི་ཡི་གེ་སྨྲས་པ་ཉིད་དོ། །དེ་རྣམས་ཀྱི་ཕྱི་རོལ་མུ་ཁྱུད་ལ་བཀོད་པ་ནི་ཉིད་ལག་གི་སྔགས་སོ། །དཔེར་ན་ལུས་ཀྱི་ཆ་ཤས་རྐང་པ་དང་ལག་པ་ལ་སོགས་པ་བཞིན་ནོ། །དེ་རྣམས་ཡང་མང་བར་འགྱུར་ཏེ། ལས་སོ་སོ་བ་དབང་བྱེད་པར་འགྱུར་རོ། །སྔོན་གྱི་ལས་འཕྲོ་ཅན་གྱིས་ནི་བཀླགས་པས་འགྲུབ་པོ། །ལས་སོ་སོ་བ་ཉིད་གང་ཞེ་ན། ཨི་ལས་སྐྱེས་པ་རལ་གྲི་འཛིན་པ་ནི་རླུང་གི་ལྷ་མོའོ། །རྀ་ལས་གྱུར་པ་པདྨ་འམ་མདའ་འཛིན་པ་ནི་མེ་ལྷའོ། །ཨུ་ལས་པདྨའམ། ཨུཏྤལ་ཐོགས་པ་ཆུའི་ལྷའོ། །ལྀ་ལས་འཁོར་ལོ་འཛིན་པ་སའི་ལྷའོ། །དེ་བཞིན་དུ་དབྱངས་དང་གསལ་བྱེད་སོ་སོའི་རིགས་ཀྱི་དབྱེ་བས་ས་བོན་ལས་ཕྱག་མཚན། དེ་ལས་ལྷ་སོ་སོར་སྤྲོས་ཤིང་བཀུག་ལ་བཟླས་བརྗོད་བྱའོ། །གྲངས་ནི། བཟླས་པ་བྱེ་བ་རུ་ནི་གྲགས། །དེ་ཡི་བཅུ་ཆས་སྦྱིན་སྲེག་གོ །ཞེས་གསུངས་པས། དེའི་བཅུ་


DTG015_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆ་ནི་སྦྱིན་སྲེག་འབུམ་ཕྲག་བཅུའོ། །དེ་ལྟར་བཟླས་བརྗོད་དང་བཅས་པའི་སྦྱིན་སྲེག་གིས་འགྲུབ་པར་འགྱུར་ཏེ། གཞན་དུ་ན་དོན་མེད་པ་ཁོ་ནར་འགྱུར་རོ། །དེ་ཡང་ལྷ་གང་དང་གང་ཡིན་པའི་བཟླས་པ་དང༌། བགྲང་ཕྲེང་ལ་སོགས་པ་རྒྱུ་མཐུན་པས་འགྲུབ་པ་ནི་ཆོས་ཉིད་ཀྱི་བདེན་པའོ། །གལ་ཏེ་བསྒྲུབ་བྱའི་མིང་གི་ཡི་གེ་དང་པོའི་ཡི་གེ །སྒྲུབ་པ་པོའི་མིང་གི་ཡི་གེ་དང་པོ་དེའི་ཡི་གེ་དགྲར་འགྱུར་ཏེ་དེའི་ཚེ་སྒྲུབ་པ་པོ་འཆི་བར་འགྱུར་རོ། །འོན་ཏེ་བྲན་དུ་གྱུར་ན་དེའི་ཚེ་ཉོན་མོངས་པར་འགྱུར་རོ། །འོན་ཏེ་བཤེས་གཉེན་དུ་གྱུར་ན་དེའི་ཚེ་གྲུབ་པར་འགྱུར་རོ། །ལྷའི་མིང་གི་དང་པོ་དབྱངས་ཡིག་དགྲར་གྱུར་ན་སྒྲུབ་པ་པོ་འཆི་བར་འགྱུར་རོ། །གལ་ཏེ་གསལ་བྱེད་དགྲར་གྱུར་ན་ནད་ཀྱིས་ཐེབས་པར་འགྱུར་རོ། །གཞན་དགྲར་གྱུར་པ་ནི་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ཞིག །ཨ་ཀུ་ཧ་ཐྐ་ནི་མགྲིན་གང༌། །དབྱངས་དང་གསལ་བྱེད་མཚན་ཉིད་ཅན། །སྟོང་པར་རླུང་སོགས་ཁམས་རྣམས་ཀྱི། །མཛའ་བོ་ཉིད་ཀྱིས་རྟག་ཏུ་གནས། །ཨི་ཙུ་ཡ་ཤ་ཡང་ནི་རྐན། །དབྱངས་དང་གསལ་བྱེད་མཚན་ཉིད་དེ། །རླུང་གི་ཁམས་ལས་ཡང་དག་བྱུང༌། །ཆུ་ལས་སྐྱེས་པའི་དགྲ་རྣམས་སོ། །རྀ་ཊུ་ར་ཥ་སྤྱི་བོ་རུ། །དབྱངས་དང་གསལ་བྱེད་མཚན་ཉིད་དེ། །མེ་ཁམས་ཡང་དག་བྱུང་བ་རྣམས། །ས་ལས་སྐྱེས་པ་རྣམས་ཀྱི་དགྲ་།ཨུ་པུ་ཝ་ཝ་མཆུ་ཅན་གང༌། །དབྱངས་དང་གསལ་བྱེད་མཚན་ཉིད་དེ། །ཆུ་ཁམས་ཡང་དག་བྱུང་བ་རྣམས། །མེ་ལས་སྐྱེས་པ་རྣམས་ཀྱི་དགྲ་།ལྀ་ཏུ་ལ་ས་སོ་ཅན་རྣམས། །དབྱངས་དང་གསལ་བྱེད་མཚན་ཉིད་དེ། །ས་ཁམས་ཡང་དག་བྱུང་བ་རྣམས། །རླུང་ལས་སྐྱེས་པ་རྣམས་ཀྱི་དགྲ་།རླུང་གི་གྲོགས་ནི་སྟོང་པ་ཉིད། །ཆུ་ནི་ནུས་པ་མེད་ཕྱིར་བྲན། །ཆུ་ཡི་གྲོགས་པོ་ས་ཉིད་དེ། །མེ་ཡི་ནུས་པ་མེད་ཕྱིར་བྲན། །མེ་ཡི་གྲོགས་པོ་རླུང་ཉིད་དེ། །ས་ཡི་ནུས་པ་མང་ཕྱིར་བྲན། །ས་ཡི་གྲོགས་ནི་ཆུ་ཉིད་དེ། །རླུང་གི་བྲན་དུ་གྱུར་པའོ། །སྔགས་ཀྱི་དང་པོ་ཡི་གེ་རིགས། །ཕྱག་འཚལ་བ་ནི་མ་གཏོགས་ཏེ། །སེམས་དེ་ཉིད་ནི་སྔགས་རྣམས་ཀྱི། །སྐུ་ནི་སྐྱེད་པར་བྱེད་པའི་རྒྱུ། །ཐིག་ལེ་དང་ནི་ཡང་དག་ལྡན། །སྔགས་ཀྱི་དང་པོའི་ཡི་གེ་གང༌། །སྔ་ཕྱི་ལས་ནི་དང་པོ་གཟུང༌། །དང་པོ་བརྗོད་


DTG015_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་རྒྱུ་ཉིད་དེ། །དབྱངས་དང་གསལ་བྱེད་དབྱེ་བ་ཡིས། །དེ་ཉིད་རྣམ་པ་གཉིས་སུ་འགྱུར། །སྲོག་གི་དགྲ་དང་བཤེས་ཀྱི་ནི། །ལུས་ཀྱི་ཡང་ནི་བརྗོད་པར་བྱ། །སྲོག་གི་དགྲ་དང་བཤེས་དང་ནི། །བྲན་དུ་ཡང་ནི་དབྱངས་རྣམས་བརྗོད། །ལུས་ཀྱི་དགྲ་དང་བཤེས་དང་ནི། །བྲན་ཡང་གསལ་བྱེད་པ་དག་ཉིད་དོ། །དབྱངས་ཡིག་དགྲ་ཡིས་སྒྲུབ་པ་པོ། །སྲོག་འཕྲོག་པ་ནི་སོམ་ཉི་མེད། །གསལ་བྱེད་བྱེ་དགྲ་ཡི་མཚན་ཉིད་ཀྱིས། །ལུས་ལ་ནད་ལ་སོགས་པ་སྐྱེད། །སྡེ་ཚན་གཅིག་ལ་འང་ལྔ་རུ་འགྱུར། །ཀ་སོགས་གསལ་བྱེད་ཆོས་ཅན་གྱི། །དེ་རྣམས་ཀྱིས་ནིས་སོགས་རིགས། །སྔགས་ཀྱི་སྒྲུབ་པ་ཤེས་པར་བྱ། །ང་ཉ་ཎ་མ་ན་རྣམས་ནི། །རླུང་སྐྱེས་ལ་རྣམས་ཀྱི་བཤེས། །བྷ་ཛྷ་ཌྷ་བྷ་དྷ་འདི་རྣམས། །ཆུ་ལས་སྐྱེས་པ་རྣམས་ཀྱི་དགྲ་།ག་ཛ་ཌ་བ་ད་འདི་རྣམས། །ས་ལས་སྐྱེས་པ་རྣམས་ཀྱི་དགྲ་།ཁ་ཚ་ཋ་ཕ་ཐ་འདི་རྣམས། །མེ་ལས་སྐྱེས་པ་རྣམས་ཀྱི་དགྲ། ཀ་ཙ་ཊ་པ་ཏ་འདི་རྣམས། །རླུང་ལས་སྐྱེས་པ་རྣམས་ཀྱི་དགྲ་།དབྱངས་སོགས་ཡི་གེ་ཡང་དག་གནས། །རང་གི་སྡེའམ་གཞན་ཡང་རུང༌། །སྒྲུབ་པ་རྣམས་ཀྱི་ཡི་གེ་གཉིས། །སྐྱེ་བ་ལས་སྐྱེས་མི་སྐྱེ་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཡང་དེ་ཉིད་ལས་དང་པོའི་ཡི་གེ་ལ་རྣམ་པ་དྲུག་གསུངས་པ་འདི་ལྟ་སྟེ། སྔགས་སོགས་གསལ་བྱེད་རྣམས་ཀྱིའམ། །དབྱངས་རྣམས་ཀྱི་ནི་བསྒྲུབ་པའི་ཕྱིར། །འདི་ཡི་ལས་ནི་རྣམ་དྲུག་སུངས། །བསྙེན་པ་བཟླས་པ་རབ་ཏུ་བྱའོ། །དང་པོ་བསྣུན་པར་བྱ་བ་སྟེ། །དེ་ནས་དབབ་དང་བསྲེག་པ་དང༌། །དེ་ནས་སྔགས་པ་ཚིམ་པ་དང༌། །གསོ་དང་དགེས་པ་དེ་ནས་ནི། །ཚེག་དྲག་བཅས་དང་སྟོང་པ་ཡིས། །མནན་པའི་སྔགས་ནི་སྔོན་འགྲོ་བ། །སྔགས་ཀྱི་རྒྱལ་པོ་བསྒོམས་པ་ཡིས། །རྒྱལ་བའི་གནས་སྐབས་ཐོབ་པར་འགྱུར། །སེམས་ཀྱི་བཟླས་པ་འབུམ་གྱིས་ནི། །སྔགས་ཀྱི་ལྷ་ནི་རྒྱལ་བ་ཉིད། །ང་རུ་འཛིན་པ་ཡོངས་བཏང་ནས། །སྒྲུབ་པ་པོ་ཡི་དབང་དུ་འགྱུར། །དེ་བཞིན་དེ་ནི་རླུང་གིས་མནན། །རྣལ་འབྱོར་པ་ཡིས་འབེབས་པར་འགྱུར། །མེ་ཡིས་མནན་པས་སྲེག་འགྱུར་ཏེ། །དེ་བཞིན་ཆུ་ཡིས་ཚིམ་པར་འགྱུར། །སྤྱི་བོ་སས་མནན་པས་རྒྱས་ཏེ། །བཟླས་པས་ལྷ་ནི་འོང་བར་འགྱུར། །སྤྱི་བོ་


DTG015_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐིག་ལེའི་ཆས་མནན་ཏེ། །མཉེས་ནས་མཆོག་ནི་སྟེར་བར་འགྱུར། །དེ་ལྟར་འབུམ་ཕྲག་དྲུག་བཟླས་པ། །སྔོན་དུ་བསྙེན་པ་རུ་ནི་བརྗོད། །ཨོཾ་ལྟཿ་ཕཊ་བསྣུན་པ་སྟེ། བཟླས་པ་འབུམ་ལྟ་ཧཱུཾ། །ཕེས་ཧ་བཽ་ཤ་ཊ་བསྲེག །བྷཿ་ན་མ་ཚིམ། ལྟ་སྭཱ་ཧཱ་རྒྱས། ཨོཾ་ཏཱཾ་བ་ཥ་ཊ་དགྱེས་པ་རེ་རེ་ལ་འབུམ་དྲིལ་བས་འབུམ་ཕྲག་དྲུག་སྦྱིན་སྲེག་ཁྲི་ཕྲག་དྲུག་གོ་ཞེས་སོ། །དང་པོར་སངས་རྒྱས་རྒྱུད་ཆེན་པོར། །བདེ་གཤེགས་ཀྱིས་ནི་འདོད་གྲུབ་ཕྱིར། །ཕཊ་ཧཱུཾ་དེ་བཞིན་བཽ་ཥ་ཊ་དང༌། ན་མཿ་སྭཱ་ཧཱ་བ་ཥ་ཊ་རྣམས། །ལས་དྲུག་རྣམས་ལ་གྲངས་བཞིན་དེ། །སྔར་མཐར་བརྟུལ་ཞུགས་ཅན་གྱིས་བྱ། །དང་པོ་རྣམ་སྣང་མཛད་བྱིན་ཏེ། །ཡང་ནི་བཟླས་པ་རབ་ཏུ་བརྩམ། །དེ་ནས་དབྱེ་བ་བཟླས་བྱས་ནས། །དེ་ཡི་བཅུ་ཆས་སྦྱིན་སྲེག་བྱ། །རྒྱུད་གསུངས་ཆོ་ག་ཐམས་ཅད་ཀྱི། །དེ་ནས་ལྷ་ནི་འགྲུབ་པར་འགྱུར། །གྲུབ་པ་དེ་ནི་མཆོག་སྟེར་འགྱུར། །སྔགས་པ་རྣམས་ཀྱིས་གང་བཟླས་པ། །གཞན་རིགས་བྱ་བ་ཡང་ནི་གཞན། །དུས་དང་སྔགས་ཀྱི་རིགས་དེ་བཞིན། །གཞན་རྣམས་དང་ནི་དེ་སྤྱོད་ལས། །ལས་རྣམས་ཀུན་ལ་འབྲས་བུ་མེད། །གང་དག་སྦྱིན་པ་རྣམས་དོར་བའི། །།གླེགས་བམ་བཀླག་པའི་སྔགས་ཀྱིས་ནི། །སྒྲུབ་པ་རབ་ཏུ་བྱེད་པ་གང༌། །མི་དེ་ཉོན་ནི་མོངས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་དུ་གསུངས་པའི་ངེས་པའོ། །སྔགས་ཀྱི་བཟླས་བརྗོད་བྱ་བའི་དེས་པ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།

ཉེར་དགུ་པ། ཐུན་མོང་མ་ཡིན་པའི་གཏོར་མ་ངེས་པ།


DTG010_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཏོར་མ་གཏང་བར་བྱ་སྟེ། གཏོར་མ་ཆེན་པོ་བཟའ་བ་དང༌། བཅའ་བ་དང༌། བཏུང་བར་ལྡན་པའི་ཁ་ཟས་ཁྱད་པར་བཅུས་གཙོར་བྱས་པས། ཐོད་པ་ལ་སོགས་པ་ཡོངས་སུ་བཀང་ལ། ཨོཾ་ན་མཿ་ཧྲཱི་བྫྲོད་ཀ་ཡ་ཨོཾ་ཨཱཿཧཱུཾ་ཧོ། ཞེས་བརྗོད་ལ་སྦྱངས་པ་དང༌། འབར་བ་དང༌། རྟོགས་པ་དང་བདུད་རྩིར་བྱའོ། །ལག་པ་གཡོན་པ་དང༌། གཡས་པ་དང་ཐལ་མོ་བཀབ་ལ། ནམ་མཁའ་ལྡིང་གི་ཕྱག་རྒྱ་ལ་སོགས་པ་སྔ་མ་བཞིན་དུ་གྱུར་པར་བྱའོ། །དེ་ནས་གཡོན་པའི་སྲིན་ལག་གིས་བདུད་རྩི་བླངས་ལ་ས་ལ་ཆོས་འབྱུང་གྲུ་གསུམ་བྱ་ཞིང་དེའི་ནང་དུ་ཐིག་ལེ་ཟླུམ་པོ་བྱས་ལ། དེར་སྔར་བསྟན་པའི་ལྷ་ཐམས་ཅད་ཀྱིས་


DTG015_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བོན་དང་མཚན་མ་བལྟས་ལ། དེ་ལས་སྐད་ཅིག་གིས་ལྷའི་དཀྱིལ་འཁོར་རྫོགས་པར་བསམ་མོ། །དེ་ནས་སྣའི་བུ་གའི་དབུགས་སམ། སྙིང་གའི་ས་བོན་ལས་སམ་ཡབ་ཡུམ་སྦྱོར་བའི་གནས་ལས་སམ། རང་གི་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པའི་ལྷ་རྣམས་ཕྱུང་ལ། ཨོཾ་སརྦ་བུདྡྷ་བོདྷི་སཏྭ། སརྦ་ཀྲོ་དྷ་ཌཱ་ཀི་ནཱཾ་ཨི་མཾ་བ་ལིཾ་པྲ་ཏཱི་ཙྪ་ནཱུ་ས་མ་ཡ། མ་ནུ་སྨ་ར་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བས་གཏོར་མ་དབུལ་བར་བྱའོ། །དེས་སྔར་སྨོས་པའི་གནས་དེ་ཉིད་དུ་ལག་པ་གཡོན་པའི་སྲིན་ལག་གིས་ཐིག་ལེ་བླངས་པས་གནས་གསུམ་དུ་ཐིག་ལེ་བྱས་ལ། ཨོཾ་ཨཱཿ་ཧཱུཾ་ཞེས་པས་ལྷ་ཚོགས་རང་ལ་བསྡུས་ལ། ཡང་དེ་ཉིད་ཀྱིས་བདུད་རྩི་བླངས་ལ་རང་གི་ཁ་མཚན་མ་གཅིག་པར་བདུད་རྩིའི་ཐིག་ལེ་མཁའ་འགྲོ་མའི་གྲངས་དང་མཉམ་པར་སྔར་བརྗོད་པའི་སྔགས་ཀྱིས་གཏོར་བར་བྱའོ། །དེ་ཡང་ཡོངས་སུ་མཉེས་པའི་དོན་དུ་སྔགས་འདི་ཡང་བརྗོད་པར་བྱའོ། །ཨོཾ་དྷི་བན་ནེ་ས་མཱ་དྷི། དྷྱ་ན་པྲ་ཎི་ནེ་སྭཱ་ཧཱ། ཞེས་བྱ་བས་སོ། །དེས་ན་ཐམས་ཅད་རོ་མཉམ་པའི་གཏོར་མས་དཀྱིལ་འཁོར་གྱི་ཡེ་ཤེས་ལ་མཆོད་པ་ཕུད་ཀྱི་གཏོར་མའོ། །དེ་ནས་ལས་ཐམས་ཅད་པ་བསྒྲུབ་པའི་ཕྱིར། འབྱུང་པོའི་གཏོར་མ་གཏོང་བ་ནི་རྩ་བའི་རྒྱུད་ལས་བཤད་པའི་རྒྱུད་དེ་དང་དེར་གང་དང་གང་གསུངས་པ་དེ་མན་ངག་གིས་ཤེས་པར་བྱའོ། །ཐུན་མོང་མ་ཡིན་པའི་གཏོར་མའི་ངེས་པ་སྟེ་ཉི་ཤུ་རྩ་དགུ་པའོ།། །།

སུམ་ཅུ་པ། ལྷ་རྣམས་གཤེགས་སུ་གསོལ་བ་དང་རྣམ་དག་བཅུ་གཉིས་ཀྱི་ངེས་པ།


DTG010_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ལྷ་རྣམས་གཤེགས་སུ་གསོལ་བར་བྱ་སྟེ། གཙུག་ཏོར་གྱི་འཁོར་ལོར་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །དེའི་ལྟེ་བར་བདེ་བ་ཆེན་པོའི་དཀྱིལ་འཁོར་གཤེགས་སུ་གསོལ་ལོ། །དེའི་ཕྱིར་རྡོ་རྗེའི་ར་ཉིས་འགྱུར་གྱི་ར་བརྒྱད་དབུས་ཀྱི་ར་དང་ལྷན་ཅིག་རྩེ་དགུ་པའི་རྡོ་རྗེར་གྱུར་པ་ནི་སྙིང་གའི་ཆོས་ཀྱི་འཁོར་ལོའོ། །དེའི་སྙིང་གར་དུ་བ་མ་ལ་སོགས་པ་རྣམས་གཤེགས་སུ་གསོལ་ལོ། །ར་བཅུ་དྲུག་དབུས་ཀྱི་ར་དང་ལྷན་ཅིག་བཅུ་བདུན་པ་ནི་དཔྲལ་བར་རོ། །དེའི་ལྟེ་བར་ཕུང་པོ་དང་ཁམས་ཀྱི་ལྷ་རྣམས་གཤེགས་


DTG015_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་གསོལ་བའོ། །རྭ་སུམ་ཅུ་རྩ་གཉིས་དབུས་ཀྱི་རྭ་དང་ལྷན་ཅིག་སུམ་ཅུ་རྩ་གསུམ་པ་ནི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའོ། །དེའི་ལྟེ་བར་སྐྱེ་མཆེད་བཅུ་གཉིས་ཀྱི་ལྷ་དང༌། ཁྲོ་བོ་བཞིའི་ལྷ་རྣམས་གཤེགས་སུ་གསོལ་བའོ། །ར་དྲུག་ཅུ་རྩ་བཞི་དབུས་ཀྱི་ར་དང་དྲུག་ཅུ་རྩ་ལྔ་པའི་རྡོ་རྗེ་ལྟེ་བ་སྤྲུལ་པའི་འཁོར་ལོ་སྟེ། དེའི་ལྟེ་བར་རྒན་བྱད་མ་ལ་སོགས་པ་དང༌། དཀྱིལ་འཁོར་དྲུག་ཅུ་རྩ་བཞིའི་རྒྱུ་བ་དང༌། སྟོང་པ་བཞིའི་རིགས་ཅན་རྣམས་གཤེགས་སུ་གསོལ་ལོ། །དེ་ཡང་ར་སུམ་ཅུ་རྩ་གཉིས་འདབ་མའི་གྲངས་དང་མཉམ་པའི་རྡོ་རྗེ་གསང་བའི་པདྨར་འོད་ཟེར་ཅན་ལ་སོགས་པ་རྣམས་གཤེགས་སུ་གསོལ་ལོ། །དེ་བཞིན་དུ་ལས་ཀྱི་འཁོར་ལོར་རྡོ་རྗེ་རྣམས་བྱས་ཏེ། དེ་རྣམས་ཀྱི་ལྟེ་བ་རྣམས་སུ། ལྷ་བཅུ་གཉིས་འཁོར་དང་བཅས་པ་དེ་རྣམས་གཤེགས་སུ་གསོལ་ལོ། །དེ་བཞིན་དུ་བྱ་བའི་འཁོར་ལོར་ཀླུ་རྣམས་དང༌། ཁྱི་གདོང་མ་ལ་སོགས་པ་རྣམས་གཤེགས་སུ་གསོལ་ལོ། །འདིར་ཐུན་གསུམ་པའི་རྣལ་འབྱོར་དུ་བྱའོ། །དེ་ལྟར་བྱ་བའི་ཐུན་མཚམས་སུ་དག་པ་རྣམ་པ་བཅུ་གཉིས་རྗེས་སུ་དྲན་པར་བྱ་སྟེ། དེ་ཡང་རྩ་བའི་རྒྱུད་ཆེན་པོ་ལས། འཆི་བར་མ་རིག་ལ་འཇུག་པའི། །འདུ་བྱེད་དེ་ལས་སྐྱེ་བར་འགྱུར། །ཞལ་གསུམ་རྣམ་པ་ཕྱག་དྲུག་པའི། །མགོན་པོ་དང་པོ་དེ་ཉིད་བརྗོད། །མི་བསྐྱོད་ལ་སོགས་གང་བཞུགས་པ། །དེ་ནས་རྣམ་ཤེས་སྲིད་པའོ། །དེ་ནས་མིང་དང་གཟུགས་གྱུར་ཏེ། །ཁམས་དྲུག་བདག་ཉིད་དེ་ནས་སོ། །སྐྱེ་མཆེད་དྲུག་པོ་དེ་དང་ནི། །གཟུགས་ཀྱི་རྡོ་རྗེ་ལ་སོགས་འབྱུང༌། །རེག་ནི་མིག་ལ་སོགས་པ་དང༌། །གཟུགས་སོགས་ལྷན་ཅིག་སྦྱོར་བས་སོ། །དེ་ནས་ཚོར་བ་སྐྱེ་བར་འགྱུར། །དེ་ཉིད་རིན་ཆེན་འབྱུང་ལྡན་ནོ། །སྲིད་པའི་ལོངས་སྤྱོད་བདག་ཉིད་ནི། །དེ་ལས་སྲེད་པ་སྐྱེ་བར་འགྱུར། །རྐང་པ་ལག་པ་བརྐྱང་བ་ནི། །དེ་ལས་ཉེ་བར་ལེན་པར་བརྗོད། །བྱིས་པ་སྲོག་དག་འབྱུང་བ་ནི། །དེ་ལས་སྲིད་པ་སྐྱེ་བར་འགྱུར། །བྱིས་པ་རྟག་ཏུ་བརྗོད་པ་ནི། །དེ་ལས་སྐྱེ་བའི་འདུ་ཤེས་སོ། །སྐུ་ལ་སོགས་པ་བྱིན་རླབས་


DTG015_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི། །དེ་ཡི་ཡོངས་སུ་བརྟགས་པའོ། །སོ་རྣམས་བྱུང་ནས་ལྷུང་བ་ནི། །སླར་ཡང་འདུ་བྱེད་རྣམས་ཞེས་བྱ། །ཞེས་རྩ་བའི་རྒྱུད་ལས་གསུངས་སོ། །གཤེགས་སུ་གསོལ་བ་དང་རྣམ་དག་བཅུ་གཉིས་ཀྱི་ངེས་པ་སྟེ་སུམ་ཅུ་པའོ།། །། ལོ་དང་པོ་ནས་དྲུག་བརྒྱའོ། །འཇམ་དབྱངས་གྲགས་པའི་རྒྱལ་པོ་དེ། །དྲང་སྲོང་རྣམས་ནི་སྨིན་པའི་ཕྱིར། །ཤམྦྷལ་རུ་འབྱུང་བར་འགྱུར། །ལྷ་མོ་ཆེན་མོ་སྒྲོལ་མ་འདིའི། །སྲས་པོ་པད་འཛིན་འཇིག་རྟེན་དབང༌། །ཤཱཀྱ་རིགས་ལས་བྱུང་བ་དེ། །ཟླ་བ་བཟང་པོ་ཁྱོད་ཀྱི་རིགས། །གང་གི་རྡོ་རྗེའི་རིགས་དག་ཅན། །རིགས་བཞིའི་སྙིགས་མ་གཅིག་པ་ཡི། །བྲམ་ཟེའི་རིགས་ཀྱི་སྙིགས་མ་ཅན། །འདི་སྐད་བདག་གིས་ཐོས་པ་འདིའོ། །དྲང་སྲོང་རྣམས་ལ་ཆོས་སྟོན་པ། །གཞན་ལས་ཐོས་པ་རྣམས་ལས་མིན། །ཐམས་ཅད་མཁྱེན་ཞེས་སྨྲ་གྱུར་པ། །རྣམ་པ་གང་དང་གང་གིས་ནི། སེམས་ཅན་རྣམས་ནི་ཡོངས་སྨིན་པ། །རྣམ་པ་དེ་དང་དེ་ཡིས་ནི། །ཆོས་ནི་སྟོན་པར་བྱེད་པ་ཡིན། །རྣལ་འབྱོར་པ་སྒྲ་སྒྲ་ཉམས་པས། །ཆོས་ནི་ནན་ཏན་གྱིས་གཟུང་ངོ༌། །ཡུལ་གྱི་སྐད་ཀྱིས་དེར་ཐོབ་ན། །སྒྲ་ཡི་བསྟན་བཅོས་དེར་ཅི་སྨོས། །ཇི་ལྟར་ས་ཡི་རིན་ཆེན་པོ། །མིང་གི་དབྱེ་བ་ཐ་དད་པ། །ཡུལ་ཡུལ་དབང་གིས་རབ་སྨྲ་ཡོད། །རིན་ཆེན་ཁྱད་པར་འགའ་ཡང་མེད། །དེ་ལྟར་ཆོས་ནི་འདི་རྣམས་ཀྱང༌། །སྡུད་པར་བྱེད་པ་སྣ་ཚོགས་ཀྱིས། །མིང་ནི་དུ་མ་སོ་སོ་བ། །སེམས་ཅན་བསམ་པའི་དབང་གིས་གསུངས། །དེ་ནས་ཉུང་རྒྱུད་འདི་སྙིང་དོན། །ཐམས་ཅད་མཁྱེན་སོགས་བདག་གི་ལུགས། །དཔལ་རྒྱུད་མེ་ཏོག་ཕྲེང་བསྡེབས་པ། །བརྒྱ་ཕྲག་སུམ་ཅུ་ལྷག་པ་ཡིས། །རིམ་པར་ཕྱེ་བ་ལྔས་རྫོགས་པ། །ཡང་དག་སྡུད་པར་བྱེད་པ་ཡི། །སྨྲ་བའི་མཆོག་གིས་སྟོན་པར་འགྱུར། །རྒྱ་ཆེར་འགྲེལ་བྱེད་པད་དཀར་འཛིན། །རྒྱུད་འདིར་དྲང་སྲོང་རིགས་སོགས་ལ། །སངས་རྒྱས་ལམ་ནི་སྟོན་བྱེད་པ། །ཟླ་བ་ལྷ་དབང་གཟི་བརྗིད་དང༌། །ཟླ་བ་བྱིན་དང་ལྷ་ཡི་དབང༌། །སྣ་ཚོགས་གཟུགས་དང་


DTG015_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷ་དབང་ལྡན། །གྲགས་དང་པད་དཀར་རིམ་པ་བཞིན། །ཉི་མའི་འོད་སྟོང་རྒྱལ་པོ་དང༌། །བགེགས་སྒྲ་ཡི་ནི་སྤྲུལ་པར་བཅས། །ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །ས་ཡི་སྙིང་པོ་གཤིན་རྗེ་གཤེད། །སྒྲིབ་པ་ཐམས་ཅད་རྣམས་སེལ་དང༌། །གནོད་སྦྱིན་ནོར་བུ་ཅན་རིམ་བཞིན། །ནམ་མཁའི་སྙིང་པོ་འཇམ་དབྱངས་དང༌། །འཇིག་རྟེན་མགོན་པོ་རིམ་ཇི་བཞིན། །གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །བྱང་ཆུབ་སེམས་དཔའ་དེ་ནང་དུ། །བཅུ་གསུམ་པོ་རྣམས་རིམ་པ་བཞིན། །སྙིགས་མའི་རིགས་སུ་འབྱུང་བར་འགྱུར། །གྲགས་པ་སྙིགས་མ་ཅན་དེ་དང༌། །པད་དཀར་སྙིགས་མ་ཅན་དེ་དང༌། །བཟང་པོ་སྙིགས་མ་ཅན་དེ་དང༌། །དེ་བཞིན་བཞི་པ་རྣམ་རྒྱལ་དང༌། །བཤེས་བཟང་ལག་པ་དམར་པོ་དང༌། །ཁྱབ་འཇུག་སྦལ་པ་དང་ནི་བདུན། །ཉི་མ་གྲགས་དང་རབ་བཟང་དང༌། །རྒྱ་མཚོ་རྣམ་རྒྱལ་ཉི་མ་ཡི། །སྙིགས་ཅན་ཉི་མ་བཅུ་གཉིས་པའོ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་སྐྱོང་དང༌། །དཔལ་སྐྱོང་སེང་གེ་རྣམ་གནོན་དང༌། །ངོ་མཚར་ཆེན་པོ་འགག་མེད་དང༌། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་སྙིགས་མ་ཅན། །དེ་ལྷའི་འཁོར་ལོ་ཅན་ཆེན་པོ། །དྲག་པོའི་སྙིགས་མ་ཅན་འབྱུང་འགྱུར། །གསུང་ཅན་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་རྣམས་མཐར་ནི་བྱེད། །ཉི་མའི་ཤིང་རྟ་ལ་སོགས་ཀྱིས། །གསུང་ལྡན་སྟོན་པ་འབྱུང་བར་འགྱུར། །ཟླ་བ་བཟང་ཁྱོད་རྩ་རྒྱུད་ཀྱི། །དེས་ནི་དེ་ནི་སྡུད་བྱེད་པ། །ཁྱོད་འདི་རྒྱས་འགྲེལ་བྱེད་པ་ནི། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །འཇམ་དཔལ་རྡོ་རྗེའི་རྒྱུད་ཉུང་དུ། །རྒྱ་ཆེར་འགྲེལ་བྱེད་པད་འཛིན་དང༌། །ཞེས་བྱ་བས་རྩ་བའི་རྒྱུད་དུ་ཇི་ལྟར་གསུངས་པའི་རིམ་པས་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་རྣམས་ལུང་བསྟན་པས་ན། ཆུ་བོ་སི་ཏའི་བྱང་ཕྱོགས་སུ་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་མོས་པ་མཁྱེན་ནས། བཅོམ་ལྡན་འདས་ཀྱིས་བསྟན་ཅིང་ཕྱག་ན་རྡོ་རྗེས་གླེགས་བམ་དུ་བྲིས་སོ། །བདག་གིས་ཀྱང་མཚན་ཡང་དག་པར་བརྗོད་པ་ཚད་མར་བྱས་ཤིང་སེམས་ཅན་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་གླེགས་བམ་དུ་བྱས་སོ། །འདིར་དཔལ་དམ་པ་དང་པོ་ཚད་མར་


DTG015_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱས་ཏེ། མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་མངོན་པར་རྟོགས་པ་ངེས་པར་བྱས་པས་སེམས་ཅན་རྣམས་ཀྱི་ཐེ་ཚོམ་བཅད་དོ། །གང་གི་ཕྱིར་སེམས་ཅན་རྣམས་ཀྱི་གསང་སྔགས་ཀྱི་ཐེག་པ་ལ་ཚོམ་མི་ཟ་བའི་ཕྱིར། གསང་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན། མཚན་ཡང་དག་པར་བརྗོད་པ་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བསྟན་ཏོ། །དེའི་ཕྱིར་གང་གིས་དམ་པ་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས། གསང་སྔགས་ཀྱི་ཐེག་པ་མི་ཤེས་ཏེ། དེ་ཐམས་ཅད་རྡོ་རྗེ་འཛིན་པའི་ལམ་དང་བྲལ་ནས་འཁོར་བ་པ་ཡིན་ནོ། །གསེར་དང་དངུལ་ཆུ་འདྲེས་བཞིན་པའི། །ཕན་ཚུན་ཡོངས་སུ་འཁྱུད་པ་ཅན། །དམ་པ་དང་པོའི་སངས་རྒྱས་དང༌། །མཚན་ནི་ཡང་དག་བརྗོད་པའི་མཆོག །སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །བླ་མའི་བཀའ་ཡིས་རབ་དཀྲིས་པའི། །དམ་པ་རྣམས་ཀྱིས་བླང་བར་གྱིས། །དོན་ཟབ་དོན་ནི་རྒྱ་ཆེ་བ། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང༌། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང༌། །དཔག་མེད་རྣམས་ཀྱི་བཀའ་བཞིན་དུ། །གླུར་བླངས་གང་ཡིན་འདིར་བཤད་པ། །མངོན་པར་རྟོགས་པར་བྱ་བའི་ཕྱིར། །སྒྲུབ་པའི་ཐབས་འདི་བདག་གིས་བྱས། །དེ་དགེས་སེམས་ཅན་མ་ལུས་པ། །མི་ཤེས་ཐེ་ཚོམ་མ་ཀུན་བསལ་ནས། །ཡེ་ཤེས་སྐུ་དེ་མྱུར་ཐོབ་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མངོན་པར་རྟོགས་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་མཛད་པ་རྫོགས་སོ།། །།