Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅོ་བརྒྱད་པ།


  expand section
  collapse section
རྩ་བའི་རྒྱུད་ཀྱི་སྙིང་པོ་འདུས་པ་ངེས་པར་བརྗོད་པའི་རྒྱུད་བླ་མ་རྩ་བ་རྩ་བའི་འགྲེལ་པ།  ཤཱུ་རཾ་ག་བཛྲ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྩ་བའི་རྒྱུད་ཀྱི་སྙིང་པོ་འདུས་པ་ངེས་པར་བརྗོད་པའི་རྒྱུད་བླ་མ་རྩ་བ་རྩ་བའི་འགྲེལ་པ། ཤཱུ་རཾ་ག་བཛྲ།no next

རྩ་བའི་རྒྱུད་ཀྱི་སྙིང་པོ་འདུས་པ་ངེས་པར་བརྗོད་པའི་རྒྱུད་བླ་མ་རྩ་བ་རྩ་བའི་འགྲེལ་པ།
ཤཱུ་རཾ་ག་བཛྲ།

དང་པོ། དམ་ཚིག་ལ་འཇུག་པའི་གསང་བ་སྦས་པ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། མཱུ་ལ་ཏནྟྲ་ཧྲི་ད་ཡ་སཾ་གྲ་ཧ་ཨ་བྷི་དྷཱ་ནོཏྟ་ར་ཏནྟྲ་མཱུ་ལ་མཱུ་ལ་བྲྀ་ཏྟི། །བོད་སྐད་དུ། །རྩ་བའི་རྒྱུད་ཀྱི་སྙིང་པོ་འདུས་པ་དེས་པར་བརྗོད་པའི་རྒྱུད་བླ་མ་རྩ་བ་རྩ་བའི་འགྲེལ་པ། དཔལ་རྡོ་རྗེ་མཁའ་འགྲོལ་ཕྱག་འཚལ་ལོ། །གང་དུ་སྙིང་གི་པདྨ་ཁ་སྦྱར་དབུས་ན་གསལ། །ཕྲ་བར་ལྟར་བ་རང་འབྱུང་མྱོང་བའི་སེམས་འཇུག་པ། །ཁམས་གསུམ་མེ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བ། །གསལ་བ་ཆོས་ཀྱི་དབྱིངས་མཆོག་དེ་ལ་བདག་ཕྱག་འཚལ། །གང་གི་ཕྱིར་ན་རྒྱུད་ནི་གཉིས་ཏེ། རྩ་བའི་དང་ཡན་ལག་གིའོ། །ཡང་རྩ་བ་དང་བཤད་པའོ། །ཅི་རྩ་བ་གཉིས་གཅིག་གམ་ཐ་དད་ཅེ་ན། གཉིས་ཉིད་དེ། གཙོ་བོར་གྱུར་བ་དང༌། བཤད་བྱར་གྱུར་བའོ། །དེ་དང་དེ་གཉིས་རྒྱས་པ་དང་བསྡུས་པ་སྟེ། ཇི་ལྟར་ཞེ་ན། འདི་ནི་ཕྱི་མའོ། །རྩ་བའི་རྒྱུད་འབུམ་པའི་གླེང་གཞི་སྟོང་ཕྲག་གསུམ་བསྡུས་རྒྱུད་འདི་ལེའུ་གཅིག་གིས་མདོར་བསྡུས་པ་བཤད་དོ། །རྩ་བའི་རྒྱུད་འབུམ་པའི་གླེང་བསླང་བ་སྟོང་ཕྲག་གསུམ་བསྡུས་རྒྱུད་འདིའི་ལེའུ་གཅིག་གིས་མདོར་བསྡུས་ནས་བཤད་དོ། །རྩ་བའི་རྒྱུད་འབུམ་པའི་རྒྱུད་འབྱུང་བའི་རྒྱུད་སྟོང་ཕྲག་གསུམ་བསྡུས་པའི་རྒྱུད་པའི་རྒྱུད་འདི་ལེའུ་གཅིག་གིས་མདོར་བསྡུས་ཏེ་བཤད་དོ། །རྒྱུད་འབུམ་པའི་བསྐྱེད་པའི་རིམ་པའི་སྔོན་འགྲོ་གནས་ཕུན་སུམ་ཚོགས་པ་དང༌། གང་ཟག་ཕུན་སུམ་ཚོགས་པ་དང༌། སྒྲུབ་པའི་ཡན་ལག་ཕུན་སུམ་ཚོགས་པ་དང༌། སྔོན་དུ་འགྲོ་བ་རྣལ་འབྱོར་བསྲུང་བ་དང༌། བདག་བསྲུང་བ་དང༌། གནས་བསྲུང་བ་དང༌། བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པའི་རྩ་བའི་རྒྱུད་ལས་སྟོང་ཕྲག་གཅིག་གསུངས་པ། བསྡུས་པའི་རྒྱུད་འདིའི་ལེའུ་བཞི་པའི་ཆ་གཅིག་གིས་བཤད་པ་ཡིན་ནོ། །དེ་ལྟར་རྒྱུད་འབུམ་པའི་སྟོང་ཕྲག་བཅུ་རྒྱུད་འདིའི་ལེའུ་ཕྱེད་དང་བཞིས་བཤད་དོ། །ལེའུ་བཞི་པ་ནས་ཉི་ཤུའི་བར་གྱི་ལེའུ་བཅུ་བདུན་གྱིས་རྩ་བའི་རྒྱུད་འབུམ་པའི་སྟོང་ཕྲག་བཅུ་བདུན་གྱི་འཁོར་ལོ་བཤད་དོ། །ལེའུ་བཞི་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་གིས་རྫོགས་པའི་རིམ་པ་དང༌། ལེའུ་བཅུ་བཞི་པ་རིམ་པ་བཞི་པ་བསྒོམ་པའི་རྫོགས་པའི་རིམ་པ་དང༌། ལེའུ་ཉི་ཤུ་རྩ་ལྔ་བ་ཐིག་ལེ་བསྒོམ་པའི་རྫོགས་པའི་རིམ་པ་


DTG018_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུམ་གྱིས་རྒྱུད་འབུམ་པའི་རྫོགས་པའི་རིམ་བ་སྟོང་ཕྲག་གསུམ་ཤད་དོ། །དེ་དེ་ལྟར་ན་སྟོང་ཕྲག་སུམ་ཅུ་ཐམ་པ་བསྡུས་རྒྱུད་འདིའི་ལེའུ་ཉི་ཤུ་མན་ཆད་ཀྱིས་བཤད་དོ། །ལེའུ་ཉི་ཤུ་རྩ་གཅིག་པ་ནས་ལེའུ་བདུན་ཅུའི་བར་གྱིས་རྒྱུད་འབུམ་པའི་སྟོང་ཕྲག་ལྔ་བཅུ་བསྡུས་རྒྱུད་འདིའི་ལེའུ་ལྔས་བཤད་དོ། །དེའི་ཕྱིར་དེ་ལྟར་ན་རྒྱུད་འབུམ་པའི་སྟོང་ཕྲག་བརྒྱད་ཅུ་ནི་བསྡུས་པའི་རྒྱུད་ངེས་པར་བརྗོད་པའི་རྒྱུད་བླ་མ་འདིས་བསྡུས་པ་ཡིན་ལ། རྩ་བའི་རྒྱུད་ཀྱི་རྫོགས་པའི་རིམ་པ་དང༌། ལས་ཚོགས་ནི་རྒྱུད་འདི་དང་ཕྱི་མའི་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་དང༌། སྒྱུ་མ་ཆེན་མོ་དང༌། ཧེ་རུ་ཀ་འབྱུང་བ་དང༌། རིག་པ་རྒྱུ་མཚོའི་རྒྱུད་བཞིས་སྟོང་ཕྲག་ཉི་ཤུ་བཤད་པ་ཡིན་ནོ། །དེ་ལྟར་ན་བཤད་པའི་རྒྱུད་ཀྱིས་རྩ་བའི་རྒྱུད་སྟོང་ཕྲག་བརྒྱ་བཤད་པ་ཡིན་ནོ། །རྗོད་བྱེད་ཀྱི་རྒྱུད་དེ་རྣམས་ཀྱི་བརྗོད་བྱའི་རྒྱུད་ནི་གསུམ་སྟེ། རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དང་འབྲས་བུའི་རྒྱུད་དོ། །རྒྱུའི་རྒྱུད་ནི་གསུམ་སྟེ། བསྐྱེད་པའི་རིམ་པ་བསྒོམ་པ་དང༌། རྫོགས་པའི་རིམ་པ་བསྒོམ་པ་དང༌། བསྐྱེད་རྫོགས་གཉིས་ཀ་བསྒོམ་པ་དང་གསུམ་མོ། །ཐབས་ཀྱི་རྒྱུད་ནི་གཉིས་ཏེ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །འབྲས་བུའི་རྒྱུད་ནི་གསུམ་སྟེ། ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུའོ། །རྒྱུད་ཀྱི་དོན་གསུམ་པོ་ཐོས་བསམ་གྱིས་ཁོང་དུ་ཆུད་པ་ནི་དགོས་པའོ། །བསྒོམ་པའི་ཤེས་རབ་ཀྱིས་བསྐྱེད་རྫོགས་ཀྱི་དོན་མངོན་དུ་གྲུབ་པ་ནི་དགོས་པའི་དགོས་པའོ། །འབྲེལ་བ་ནི་བརྗོད་བྱ་དང་རྗོད་བྱེད་ཀྱི་རྒྱུ་ལས་དགོས་པའི་ཤེས་པ་བསྐྱེད་པས་དེ་ཉིད་ལས་འབྲེལ་པ་ལོག་ཤིག་ན་མེད་དོ། །དེ་ལྟར་དགོས་པའི་དོན་བཤད་ནས། བསྡུས་པའི་དོན་ནི་བཞི་སྟེ། གླེང་གཞི་དང་གླེང་བསླང་བ་དང་རྒྱུད་འབྱུང་བའི་ལེའུ་གསུམ་དང༌། རྒྱུད་དངོས་སོ། །དངོས་ལ་ལྔ་སྟེ། ལེའུ་བཞི་ནས་ཉི་ཤུའི་བར་ནི་དངོས་གྲུབ་བསྒྲུབ་པའི་འཁོར་ལོ་བཅུ་བདུན་ནོ། །ཉི་ཤུ་རྩ་གཅིག་པ་ནས་སུམ་ཅུ་བདུན་གྱི་བར་གྱིས་ནི་དངོས་གྲུབ་སྣ་ཚོགས་ཀྱི་འཁོར་ལོའོ། །ལེའུ་སུམ་ཅུ་རྩ་བརྒྱད་པ་ནས་བཞི་བཅུ་རྩ་བདུན་གྱི་བར་གྱིས་ནི་དངོས་གྲུབ་ཀྱི་ཡན་ལག་ཚོགས་ཀྱི་འཁོར་ལོ་བཤད་དོ། །ལེའུ་བཞི་བཅུ་རྩ་བརྒྱད་པ་ནས་དྲུག་ཅུ་རྩ་གསུམ་གྱི་བར་གྱིས་ལེའུ་བཅུ་


DTG018_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དྲུག་གིས་ཐུན་མོང་གི་འཁོར་ལོ་བཤད་དོ། །དྲུག་ཅུ་རྩ་བཞི་པ་ནས་ལེའུ་བདུན་ཅུའི་བར་གྱིས་ཕྲིན་ལས་རྣམ་བཞིའི་ཁྱད་པར་གྱི་འཁོར་ལོ་བཤད་དོ། །དེ་ལྟར་བསྡུས་པའི་དོན་བཤད་ནས། ཡན་ལག་གི་དོན་བཤད་པ་ནི། ཡན་ལག་གི་དོན་བཤད་པ་ནི། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། འདིའི་བཤད་པའི་རྒྱུད་ཀྱི་ལེའུ་བཞི་བཅུ་རྩ་བཞི་པས་བཤད་པ་ནི་དེ་ཉིད་དང་སྦྱར་གྱི་འདིར་མི་བླང་ངོ༌། །ལྕང་ལོ་ཅན་གྱི་ཕ་བྲང་དུ་སྡུད་པ་པོ་ལག་ན་རྡོ་རྗེ་ལ་བླ་གོས་ལྔ་བརྒྱ་གདན་དུ་བཏིང་ནས། འཕགས་པ་ཀུན་དུ་བཟང་ཕོས་ཆེས་ཀྱི་འཁོར་ལོ་བསྐོར་བའི་མདོ། །བདེ་བར་གཤེགས་པས་གང་དུ་གསུངས། ཤེས་རབ་ཆེན་པོ་ཁྱོད་སྨྲོས་ཤིག །རྡོ་རྗེ་འཆང་བ་ཁྱོད་སྨྲོས་ཤིག །ཅེས་གསོལ་བ་བཏབ་པ་དང༌། སྡུད་པ་པོས་གླེང་བསླང་བའི་ཚིགས་འདི་སྐད་བདག་གིས་ཐོས་པ་ཞེས་གསུངས་སོ། །དེ་ལ་འདི་སྐད་ནི་ལག་ན་རྡོ་རྗེའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་རྒྱུད་ཀྱི་ཚིག་དང་སྒྲོ་འདོགས་དང་སྐུར་འདེབས་བྲལ་བར་སྣང་བ་ལ་ཨེ་ཝཾ་ཞེས་བྱའོ། །བདག་གིས་ཞེས་བྱ་བ་ནི་བདག་ཁོ་ནས་ཐོས་ཀྱི་བརྒྱུད་པས་སམ། འཁོར་ལས་སམ་སྤྲུལ་པ་ལས་སམ། ཕྲིན་གཏང་བ་ལས་ནི་མ་ཡིན་ནོ་ཞེས་བཞི་གཅོད་པ་ཡིན་ནོ། །ཐོས་པས་ནི་རང་གིས་རྟོགས་ནས་བྱས་བ་མ་ཡིན་གྱི་སངས་རྒྱས་ཀྱིས་གསུངས་ནས་ཐོས་པས་གཞན་དབང་ཡིན་པར་སྟོན་ཏོ། །ཡང་འཁོར་རྣམས་ཀྱིས་དུས་གང་གི་ཚེ་ཐོས། སྟོན་པ་གང་ལས་ཐོས། གནས་ངག་དུ་ཐོས། འཁོར་སུ་དང་ལྷན་ཅིག་ཏུ་ཐོས། བཤད་པའི་ཆོས་ཅི་ཐོས་ཤེ་ན། དྲི་བ་ལྔའི་ལན་དུ་རྒྱུད་ཀྱི་གླེང་གཞི་གསུངས་ཏེ། དུས་གཅིག་ན་ནི་ཀུན་རྫོབ་ཏུ་ལན་ཅིག་འདི་ཐོས་ལ། དུས་གཞན་གྱི་ཚེ་ནི་གཞན་དག་ཀྱང་ཐོས་སོ། །དེས་ན་ཐོས་པ་མང་བར་སྟོན་ཏོ། །དོན་དམ་པར་ན་རྒྱུད་ཀྱི་དོན་རྣམ་པར་ཐར་པའི་སྒོ་མཐའ་ཡས་པས་དུས་ཀྱི་མཐའི་སྐད་ཅིག་མ་གཅིག་ལ་རྟོགས་ཏེ། དེ་ཡང༌། བློ་གྲོས་ཆེན་པོས་མཐོང་རྣམས་ཀྱི། །རྣམ་པ་ཐམས་ཅད་ཅིག་ཅར་དེས། །ཞེས་བཤད་དོ། །བཅོམ་ལྡན་འདེ་ནི་བདུད་བཞི་བཅོམ་པས་སམ། དབང་ཕྱུག་ལ་སོགས་པ་དྲུག་དང་ལྡན་པས་སོ། །གང་དུ་ཐོས་པའི་གནས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ཕྱོགས་ཐམས་


DTG018_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅད་ཀྱི་དུས་ཐམས་ཅད་ཡེ་ཤེས་ལྔའི་སྣང་བ་རིགས་ལྔའོ། །དེའི་འཁོར་ལོ་རྡོ་རྗེ་ཁྲོ་བའི་མཁའ་འགྲོ་ནི་དཔའ་བོ་ཉི་ཤུ་རྩ་བཞིའོ། །མཁའ་འགྲོ་མ་རྣམས་ནི་དཔའ་མོ་སུམ་ཅུ་རྩ་བདུན་ནོ། །དེ་ལ་རྡོ་རྗེ་ནི་ཟག་མེད་ཀྱི་ཡེ་ཤེས་སོ། །ཁྲོ་བོ་ནི་ཞི་བས་མི་འདུལ་བ་ལ་མངོན་སྤྱོད་ཀྱི་སྐུའོ། །མཁའ་འགྲོ་ནི་ཞི་གནས་ཀྱི་ནམ་མཁའ་བསམ་གཏན་བཞི་དང༌། གཟུགས་མེད་བཞིའོ། །ལྷག་མཐོང་གི་ནམ་མཁའ་ནི་ས་བཅུ་གཅིག་གི་སྟོང་པ་ཉིད་དོ། །དེ་ལྟར་རྟོགས་ཤིང་འགྲོ་བས་ན་མཁའ་འགྲོ་དང་མཁའ་འགྲོ་མ་ཞེས་བཏགས་སོ། །དེའི་དྲི་བ་ནི་མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་བྱེ་བ་ཁྲག་ཁྲིག་འདུས་པའི་དཀྱིལ་འཁོར་རོ། །གསང་བའི་སྙིང་པོ་ནི་འཛམ་བུའི་གླིང་གྲུབ་གསུམ་སྟེ། ཉན་ཐོས་དང་རྔ་རྒྱལ་བ་དང༌། ཚངས་པ་དང༌། ཁྱབ་འཇུག་ལ་སོགས་པས་མི་རྟོགས་པས་ན་གསང་བའོ། །སྙིང་པོ་ནི་ལོངས་སྐུ་ལས་སྤྲུལ་པའི་སྐུའི་དཔའ་བོ་དང་དཔའ་མོ་བསྐྱེད་པའི་གནས་ཡིན་པས་སྙིང་པོའོ། །བཞུགས་ཏེ་ཞེས་བྱ་བ་ནི་ལན་ཅིག་དེ་ན་བཞུགས་ཀྱི་དུས་གཞན་གྱི་ཚེ་ན་གཞན་དག་ན་ཡང་བཞུགས་པས་གཅིག་གི་ཚིག་དང་སྡུད་པ་པོའི་དུས་ལོས་ལྐོག་ཏུ་གྱུར་པ་འདས་པའི་ཚིག་ཏུ་བསྟན་ཏོ། །འཁོར་ནི་རྒྱུད་ཉན་པའི་ཆེད་དུ་གསོལ་བ་འདེབས་པའི་འཁོར་ཏེ། གནས་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཀྱི་འཁོར་འདུས་ནས། སྟོན་པ་པོ་བཅོམ་ལྡན་འདས་སྤྲུལ་པའི་སྐུ་འབྲས་བུའི་ཧེ་རུ་ཀ་ཐོག་མ་སྐྱེ་བ་དང་ཐ་མ་འཇིག་པ་མེད་པའི་ཆོས་ཀྱི་དབྱིངས་ལས་བྱུང་བའི་དཔལ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པོ། །ཆོས་གང་གི་ཆེད་དུ་གསོལ་བ་འདེབས་ཤེ་ན། ཀྱེ་བཅོམ་ལྡན་འདས་ཞེས་བོས་ནས། དེ་བཞིན་གཤེགས་པ་རིགས་ལྔ་ཐམས་ཅད་ཀྱི་དཀྱིལ་འཁོར་ལྔ་བཅུ་རྩ་དྲུག་གི་རྡོ་རྗེ་ཁྲོ་བོའི་མཁའ་འགྲོ་ཉེ་ཤུ་རྩ་བཞི་ཐ་དད་པ་དང་དཀྱིལ་འཁོར་ལྔ་བཅུ་རྩ་དྲུག་གི་མཁའ་འགྲོ་མང་པོའི་དྲ་བའི་ཚོགས་རྒྱུད་འབུམ་པའི་སྟོང་ཕྲག་བརྒྱད་ཅུ་གསལ་ཞིང་ངེས་པར་བརྗོད་པ་རྩ་བའི་རྒྱུད་བླ་མ་སྟེ། འཇིག་རྟེན་པའི་གཉེན་པོ་ཞི་གནས་དགའ་བ་བཞིའི་ཏིང་ངེ་འཛིན་བླ་མ་དང་ལྷག་མཐོང་སྒྱུ་མ་འོད་གསལ་ཟུང་འཇུག་སྟོན་པ་ནི་བླ་མའི་བླ་མ་སྟེ། དེ་སེམས་


DTG018_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་གྱི་རྒྱུད་ལ་བསྐྱེད་པའི་གནས་ཡིན་པས་ནི་སྙིང་པོའོ། །གསང་བ་ནི་རྒྱུད་འབུམ་པར་བཤད་པ་བྱས་སླར་སྙིང་པོ་ངོས་མི་ཟིན་པའོ། །བཤད་དུ་གསོལ་ནི་རྩ་བའི་རྒྱུད་འདི་ཉིད་དུ་བསྡུས་ནས་བཤད་དུ་གསོལ་ཞེས་འཁོར་ཕུན་སུམ་ཚོགས་པས་གསོལ་བ་འདེབས་པས་ཞར་ལ་རྒྱུད་ཀྱི་མཚན་བཤད་པ་ཡིན་ནོ། །ཆོས་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ལག་ན་རྡོ་རྗེ་ཁྲོ་བོ་ཆེན་པོའི་བདག་པོ་ནི་སངས་རྒྱས་ཀྱི་སྡུད་པ་པོ་ཁྲོ་བོའི་ཆ་ལུགས་འཆང་བ་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་སྟོན་པའི་བདག་པོའོ། །འཁོར་རྣམ་པ་སྣ་ཚོགས་ནི་རྡོ་རྗེ་གཙུག་ཏོར་དང་རྡོ་རྗེ་མཛོད་སྤུ་ལ་སོགས་པ་རྡོ་རྗེ་རྩེ་མོའི་རྒྱུད་ལས་རྡོ་རྗེ་འཆང་ཉི་ཤུ་རྩ་དྲུག་བཤད་པ་དང་བཅས་པ་ཉོན་ཅིག་ཅེས་བོད་པའོ། །ཅི་མཉན་ཞེ་ན། རྣམ་པར་རོལ་པ་ཆོས་ཀྱི་སྐུ་དང༌། རྣམ་པར་འཕྲུལ་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། འཕྲོ་བ་སྤྲུལ་པའི་སྐུ་བཤད་ཀྱིས་སྣོད་ཁ་སྦུབས་པ་ལྟ་བུའི་མི་རྟོགས་པ་སྤོངས་ལ་ལེགས་པར་ཉོན་ཅིག །སྣོད་ཞབས་རྡོ་ལྟ་བུའི་ལོག་རྟོགས་སྤོངས་ལ་རབ་ཏུ་ཉོན། །སྣོད་དྲི་མ་ཅན་ལྟ་བུའི་ཐེ་ཚོམ་སྤངས་ལ་ལ་ཟུང་ཤིག་ཅེས་པའོ། །སྡེ་ལྟར་གླེང་གི་ཕུན་སུམ་ཚོགས་པ་ལྔ་བཤད་ནས། དེ་ལ་རྒྱུད་འཆད་པར་སྐབས་འབྱེད་པ་ནི། །བཅོམ་ལྡན་འདས་ལ་འཁོར་ཐམས་ཅད་ཀྱིས་ལེགས་སོ་ཞེས་གསོལ་ཏེ། ལག་ན་རྡོ་རྗེ་འཁོར་རྡོ་རྗེ་གཙུག་ཏོར་ལ་སོགས་པ་དང་བཅས་པ་ཐལ་མོ་སྦྱར་ནས་འདུད་པ་ལ། བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་མཚམས་སྦྱར་རོ། །ལེའུ་དང་པོའི་རྒྱུད་ཀྱི་དགོས་འབྲེལ་གསུངས་པ་ནི། དེ་ནས་གསང་བ་བཤད་བྱ་བ་ནི་འཁོར་གྱི་བསམ་པ་ལ་ལྟོས་པའི་དེ་ནས་སོ། །གསང་བ་ནི་བསྐྱེད་རྫོགས་གཉིས་ཀྱི་བརྗོད་པ་མདོར་བསྟན་པའོ། །བཤད་བྱ་ནི་སློབ་མས་ཁོང་དུ་ཆུད་པར་བྱ་སྒྲའི་དགོས་པའོ། །མདོར་བསྡུས་པ་སྟེ་རྒྱས་མིན་ནི་ལེའུ་འབུམ་པ་ལས་མདོར་བསྡུས་ནས་ཤློ་ཀ་འབུམ་པ་ལས་བསྐྱུངས་པས་ན་རྒྱས་པར་མ་ཡིན་པ་སྟེ་རྗོད་བྱེད་བསྟན་ཏོ། །བརྗོད་བྱའི་རྒྱས་བཤད་ནི་དཔལ་ཧེ་རུ་ཀ་ཡང་དག་སྦྱོར་ཏེ། བསྐྱེད་པའི་རིམ་པའི་ཧེ་རུ་ཀ་ལོངས་སྐུ་དང་སྤྲུལ་སྐུའི་ཟློས་གར་བསྒོམ་པ་དང༌། རྫོགས་པའི་


DTG018_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིམ་པ་ཆོས་ཀྱི་སྐུའི་ཧེ་རུ་ཀའི་ཟློས་གང་བསྒོམ་པའོ། །ཡང་དག་སྦྱོར་བ་ནི་བསྐྱེད་པའི་རིམ་པའི་ཡུལ་ལྷ་མོའི་གཟུགས་དང༌། ལས་ཀྱི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །རྫོགས་རིམ་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་ཡུལ་སྒྱུ་མའི་དཔེ་བརྒྱད་ཕྱག་རྒྱ་ཆེན་པོའོ། །ཡང་དག་སྦྱོར་ནི་འདོད་པའི་ཁམས་ཀྱི་དབུས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བཀག །འདོད་པའི་ཁམས་ཀྱི་རྣམ་པར་རྟོག་པ་རང་བཞིན་བརྒྱད་ཅུ་བཀག་ནས་བསམ་གཏན་དང་ཟག་མེད་ཀྱི་སྔོམ་པ་བདེ་བ་མཆོག་ལ་སྦྱོར་བ་ནི། བདེ་མཆོག་གི་རྣལ་འབྱོར་ཏེ་གསང་བའོ། །འདོད་པའི་དོན་ཀུན་གྱི་ནི་བསོད་ནམས་ཀྱི་ལས་ཀྱི་འབྲས་བུ་འདོད་ཁམས་ཀྱི་མི་ལྷ་དང་འཁོར་ལོས་སྒྱུར་བ་འགྲུབ་པའོ། །ཐུན་མོང་གི་དངོས་གྲུབ་ནི་མི་གྱོ་བའི་ལས་ཀྱི་འབྲས་བུ་མངོན་བར་ཤེས་པ་ལྔའོ། །མཆོག་གི་དངོས་གྲུབ་ནི་ཟག་མེད་ཀྱི་ལས་ཀྱི་འབྲས་བུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་སོ། །དེ་ལྟར་རྒྱུད་ཀྱི་དགོས་འབྲེལ་བཤད་ནས། མཚན་བཤད་པ་ནི་བླ་མ་ནི་བླ་མ་ཞེས་བྱ་བ་ནི་ཞི་གནས་ཀྱི་བླ་མ་ལས་ལྷག་མཐོང་གི་བླ་མ་ཁྱད་པར་དུ་གྱུར་བའོ། །མཁའ་འགྲོ་མའི་དྲ་བ་སྔོམ་བ་ནི་རྩའི་འཁོར་ལོ་དང༌། རླུང་གི་འཁོར་ལོ་དང༌། སེམས་ཀྱི་འཁོར་ལོ་གཉིས་ཀྱི་ཚོགས་ནི་དྲ་བའོ། །སྔོམ་པ་ནི་བསམ་གཏན་དང་ཟག་མེད་ཀྱི་སྔོམ་པ་སྟེ། རྩ་དང་རླུང་དང་སེམས་ལས་བདེ་བ་མཆོག་འགྲུབ་པས་ན་མཁའ་འགྲོ་མ་དྲ་བའི་སྔོམ་པའོ། །དོན་དེ་དང་ལྡན་པའི་མཚན་བཤད་པའོ། །དེ་ལྟར་མཚན་བཤད་ནས་རྩ་བའི་རྒྱུད་ཀྱི་གླེང་གཞི་བཤད་པ་ནི། གསང་བ་མཆོག་གི་དགྱེས་པ་ན། །ཞེས་པ་ནི་གནས་ཏེ་གསང་བ་ནི་དགའ་བའི་གནས་སོ། །མཆོག་ནི་མཆོག་དགའི་གནས་སོ། །དགྱེས་པ་ནི་ལྷན་ཅིག་སྐྱེས་དགའི་གནས་ཏེ་འཛམ་བུའི་གླིང་གྲུ་གསུམ་ན་བཞུགས་བའོ། །ཐམས་ཅད་བདག་ཉིད་ནི་འཁོར་ཏེ། དེ་བཞིན་གཤེགས་པའི་རིས་དང༌། རྡོ་རྗེའི་རིགས་དང༌། རིན་པོ་ཆེའི་རིགས་དང༌། པདྨའི་རིགས་དང༌། ལས་ཀྱི་རིགས་ཏེ་ཐམས་ཅད་དོ། །བདག་ཉིད་ནི་བཞི་སྟེ། དྲག་པོ་འཇིགས་བྱེད་གདུལ་བྱའི་འཁོར་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་པའི་འཁོར་དང༌། དཔའ་བོ་དང་དཔའ་མོ་སྤྲུལ་པའི་འཁོར་དང༌། ལྕང་ལོ་ཅན་གྱི་བདག་པོ་སྡུད་པ་པོའི་འཁོར་དང་


DTG018_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིའོ། །རྟག་ཏུ་ནི་དུས་ཏེ་གདུལ་བྱ་འདུལ་བྱ་འདུལ་བ་རྣམས་རྫོགས་པ་དུས་དེའི་བར་རོ། །བཞུགས་པ་ནི་སངས་རྒྱས་ཀྱི་ཞིང་དུ་སྟོན་པ་ཡིན་ནོ། །སྟོན་པ་དང་སྦྱར་བ་ན་དབང་མཛད་པས་བཞུགས། ལོངས་སྤྱོད་པས་བཞུགས། ཐིམ་པས་བཞུགས་པའོ། །སྤྲུལ་པའི་སྐུའི་སྟོན་པ་ནི་མཁའ་འགྲོ་ཀུན་དངོས་སེམས་དཔའ་སྟེ། འབྲས་བུའི་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པའོ། །དེ་ལ་མཁའ་ནི་ཞི་གནས་དང་ལྷག་མཐོང་གི་ནམ་མཁའོ། །འགྲོ་བ་ནི་ཞི་གནས་དང་ལྷག་མཐོང་གི་ས་བཅུ་གཅིག་པ་རྟོགས་པའོ། །ཀུན་གྱི་ཡེ་ཤེས་ཀྱི་འཁོར་ལོ་དང༌། ཐུགས་ཀྱི་འཁོར་ལོ་དང༌། གསུང་གི་འཁོར་ལོ་དང༌། སྐུའི་འཁོར་ལོ་དང༌། དམ་ཚིག་གི་འཁོར་ལོ་དང༌། དུར་ཁྲོད་བརྒྱད་ཀྱི་འཁོར་ལོ་སྟེ་དྲུག་གི་དབུས་ན་སྒྱུ་མ་མཁན་བཞིན་དུ་འབྲས་བུའི་ཧེ་རུ་ཀ་སྐྱེད་བྱེད་ཀྱི་གཙོ་བོ་ཡིན་པས་ན་དངོས་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཏེ་རྒྱུའི་ཧེ་རུ་ཀའོ་།རྡོ་རྗེ་ནི་སྟོང་པ་ཉིད་ཀྱིས་ཡེ་ཤེས་སོ། །སེམས་དཔའ་ནི་སྣོད་བཅུད་ཐམས་ཅད་དུ་སྣང་བའི་ལོངས་སྐུ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བར་རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་བཅུ་རྩ་གཉིས་པ་ནས་བཤད་དོ། །བདེ་བའི་མཆོག་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཡིན་པས་བདེ་མཆོག་གོ །འདི་ནི་རང་བྱུང་བཅོམ་ལྡན་འདས། །ཞེས་བྱ་བ་ནི་ཆོས་ཀྱི་སྐུ་སྟེ། འདི་ནི་ཞེས་བྱ་བ་ནི་དོན་དམ་བས་ན་ཞེས་བྱའོ་།རང་འབྱུང་བ་ནི་རང་རིགས་པ་རྒྱུ་ནུས་པ་ཐོགས་མེད་ཉམས་སུ་མྱོང་པའི་འོད་གསལ་བའི་རྒྱུ་ལས་སྐྱེས་པ་ཡིན་གྱི། གློ་བུར་གྱི་རྒྱུ་རྐྱེན་ལས་མ་སྐྱེས་པས་ན་རང་བྱུང་ངོ༌། །མཉམ་སྦྱོར་གྱི་རྒྱུད་ལས། རྟག་ཏུ་ད་ལྟར་འབྱུང་བ་བཞིན། །ཞེས་བྱ་བ་རང་གི་སེམས་ཀྱི་ཆོས་ཉིད་ཉམས་སུ་མྱོང་བ་འདུས་བྱས་དུས་གསུམ་དུ་མེ་དམིགས་པས་ན་རང་བྱུང་ཞེས་བཤད་དོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཉལ་ཕྲ་མོ་སྤངས་པས་དཔའ་བའོ། །དེ་ལྟར་སྐུ་གསུམ་གྱི་སྟོན་པ་བཤད་ནས། ཆོས་ཕུན་སུམ་ཚོགས་པ་ནི་མཁའ་འགྲོ་དྲ་བའི་སྔོམ་པ་ཡིན། །ཞེས་པ་སྟེ། བསྐྱེད་པའི་རིམ་པ་ལྷའི་འཁོར་ལོ་སྔོམ་པ་དང༌། རྫོགས་པའི་རིམ་པ་དམན་པ་དབྱིབས་རྩའི་འཁོར་


DTG018_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་སྔོམ་པ་དང༌། གསང་བསྔགས་རླུང་གི་དྲ་བའི་སྔོམ་པ་དང༌། མཐར་ཐུག་ཆོས་སེམས་ཀྱི་དྲ་བའི་སྔོམ་པ་གསུམ་མོ། །དེ་ལྟར་ཀུན་རྫོབ་ཏུ་ཕུན་སུམ་ཚོགས་པ་ལྔ་ཐོས་བསམ་གྱི་ཤེས་རབ་ཀྱི་ཐད་ཀར་བཤད་ནས་བསྒོམ་བཞེས་རབ་ཀྱི་དབང་དུ་བྱས་ནས། ཨུཏྤལ་ལྟ་བུའི་གང་ཟག་ཆགས་ལམ་པའི་ངོར་ལས་ཀྱི་ཕྱག་རྒྱའི་བླ་ལ་དགའ་བ་གསུམ་འབྱུང་བས་ན་གསང་བ་མཆོག་གི་དགྱེས་པ་ནའོ། །ཐམས་ཅད་བདག་ཉིད་ནི་འཁོར་ལོ་བཞིའི་རྩའོ། །སྐུ་གསུམ་གྱི་སྟོན་པ་ནི་ལྐོག་མ་དང་སྙིང་ག་དང་ལྟེ་བར་ཕྱིན་པའི་བདེ་བའོ། །ཆོས་ནི་འཁོར་ལོ་བཞི་ལ་བདེ་བས་ཁྱབ་པའོ། །པདྨ་ལྟ་བུའི་གང་ཟག་གྲོལ་བའི་ལམ་པའི་དབང་དུ་བྱས་ནས་གསང་བ་སྔགས་སུ་བཤད་པ་ནི། དབུགས་འབྱུང་རྔུབ་གསུམ་ཀྱི་གནས་ཡིན་པས་ན་གསང་བ་མཆོག་གི་དགྱེས་པ་ནའོ། །ཐམས་ཅད་ཀྱི་བདག་ཉིད་ནི་དབུགས་ནི་ཁྲི་ཆིག་སྟོང་དྲུག་བརྒྱའི་འཁོར་རྡོ་རྗེ་།རྟག་དུ་བཞུགས་པ་ནི་རླུང་ནི་འགོག་པའི་དུས་ཏེ། སྲོག་ཨ་ཝ་དྷཱུ་ཏཱི་ར་ཆུད་པའོ། སྐུ་གསུམ་གྱི་སྟོན་པ་ནི་ལྟེ་བའི་རླུང་དབུས་སུ་ཆུད་ནས། མིག་ཚུམས་གཅིག་སྡོད་པ་དང༌། སྙིང་གར་མིག་ཚུམས་གཉིས་སྡོད་པ་དང༌། ལྐོག་མར་མིག་ཚུམས་གསུམ་སྡོད་པའི་རྟོག་པ་མེ་པའི་ཤེས་པ་གསུམ་སྐྱེས་པའོ། །བཤད་པའི་ཆོས་ནི་དབུགས་ཉིད་ཁྲི་ཆིག་སྟོང་དྲུག་བརྒྱའི་དྲ་བ་བཀག་པ་ལས་སྔོམ་པའི་བདེ་མཆོག་སྐྱེད་པའི་རིན་པོ་ཆེ་ལྟ་བུའི་གང་ཟག་བདག་བྱིན་གྱིས་རློབ་པའི་ལམ་ལ་མཐར་ཆོས་ཀྱི་དབང་དུ་བྱས་ན་ཆོས་ཀྱི་དབྱིངས་རྣམ་པར་ཐར་པ་སྒོ་གསུམ་གྱི་རང་བཞིན་ཕྱག་རྒྱ་ཆེན་པོ་ནི་གསང་བ་མཆོག་གི་དགྱེས་པ་ནའོ། །ཐམས་ཅད་བདག་ཉིད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །རྟག་ཏུ་བཞུགས་པ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཏེ། རང་གི་སེམས་ཀྱི་སྟོང་ཉིས་ལ་རྟག་ཏུ་བཞུགས་པའོ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི་གོང་བུའི་གཟུགས་ལས་འདས་པ་གཟུགས་བར་རང་བཞིན་མེད་པའི་ཡེ་ཤེས་སྤྲུལ་སྐུའོ། །རྡོ་རྗེ་སེམས་དཔའ་བདེ་བ་མཆོག་ནི་འཛིན་པ་རང་བཞིན་མེད་པ་ལོངས་སྐུའོ། །དི་ནི་རང་འབྱུང་བཅོམ་ལྡན་དཔའ་ནི་སེམས་ཀྱིས་བསམ་མི་ཁྱབ་ཅེས་པའི་བདེ་ཆེན་ཆོས་ཀྱི་སྐུའོ། །བཤད་པའི་ཆོས་ནི་སེམས་ཀྱི་མཁའ་


DTG018_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྲོ་མ་དྲ་བའི་སྔོམ་པ་སྒྱུ་མའི་འོད་གསལ་ཟུང་འཇུག་རྟོགས་པའོ། །དེ་ལྟར་གླེང་གཞི་བཤད་ནས། བསྐྱེད་རིམ་གྱི་ལུས་མདོར་བསྟན་ནི། སྒྲའི་ཚུལ་ལས་ངེས་པར་འབྱུང་བ་ནི་ལྟ་བསྐྱེད་པའི་སྒྱུར་སྟེ། སྒྲ་ནི་ཧཱུཾ་ངོ༌། །ཚུལ་ནི་རླུང་དབུ་མའོ། །ངེས་འབྱུང་ནི་འཁོར་ལོ་ལྔ་དང་དུར་ཁྲོད་དང་བཅས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྲུལ་བའོ། །དམ་ཚིག་སྤྱོད་པ་ནི་དབང་ཐོས་པའི་རྣལ་འབྱོར་པའོ། སྤྲོད་ཡུལ་ཡིན་ནོ་ལྷའི་འཁོར་ལོ་བསྒོམ་པའོ། །ཇི་ལྟར་བསྒོམ་ཞེ་ན། ཐོག་མར་ཚད་མེད་པ་དང་བྱིན་གྱིས་བརླབ་པ་དང༌། སྲུང་བའི་འཁོར་ལོ་དང་ཚོགས་བསགས་པ་དང་སྟོང་པ་ཉིད་ཀྱི་རྣལ་འབྱོར་རོ། དབུགས་ནི་ལྡང་བ་དང༌། འཇུག་པ་དང༌། ཡོངས་སུ་རྫོགས་པ་དང༌། བྱིན་གྱིས་རློབ་པ་དང༌། དབང་བསྐུར་བ་དང༌། མཆོད་པའི་རྣལ་འབྱོར་དང༌། ཏིང་ངེ་འཛིན་བསྒོམ་པའོ། །མཐའ་ཉེ་བར་བསྡུ་བ་དང༌། ཀུན་དུ་སྤྱོད་པ་སྟེ་ལྡང་བ་ནི་རྣལ་འབྱོར་རོ། །རྣམ་པར་གནས་པ་ནི། །ཐོག་མ་དབུས་མཐའ་དྲི་མ་མེད་ནི། སྦྱོར་བ་དང༌། དངོས་གཞི་དང་རྗེས་ཀྱི་ཚུལ་གྱིས་སྤྲུལ་པའི་སྐུ་དྲི་མ་མེད་པ་ཟག་མེད་ཀྱི་སྣང་གས་ང་པའོ། །དེའི་ཕན་ཡོན་ཅེ་ཞེ་ན། འཇིག་རྟེན་གསུམ་དུ་རྙེད་དཀའ་བ་སེ་ས་འོག་ས་བླ་ས་སྟེང་དུ་ཟག་བ་མེད་པའི་སྤེལ་པའི་སྐུ་རྙེད་པར་དཀའ་བའོ། །རྫོགས་པའི་རིམ་པའི་ལུས་མདོར་གཞག་པ་ནི། ཤེས་རབ་ཐབས་ཀྱི་ཀུན་སྤྱོར་ལས། །ཞེས་བྱ་བ་ཤེས་རབ་ཕྱག་རྒྱ་བཞི་དང༌། ཐབས་ཤེས་པ་བཞི་མངོན་སུམ་གྱི་ལམ་གྱིས་ཀུན་དུ་སྦྱོར་བས་བདེ་བ་རྟོག་པ་མེད་པ་དང་དབང་པོ་དྲུག་བདེ་བ་དགའ་བ་དང༌། ཡུལ་དྲུག་བདེ་བ་མཆོག་དགའ་དང༌། རྣམ་པར་ཤེས་པ་དྲུག་བདེ་བ་ལྷན་ཅིག་སྐྱེས་དགའ་ནི། འཆི་མེད་ཇི་ལྟ་དེ་ལྟ་བུར། །ཞེས་བྱ་བ་སྟེ། མེ་དང་ཆུ་དང་རླུང་གི་བར་དུ་མི་འཆི་བས་ན་འཆི་མེད་དོ། །དེ་ལ་སྒྱུར་མ་དང་འོད་གསལ་བདག་དང་ཟུང་དུ་འཇུག་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་རང་བཞིན་འོད་གསལ་དག་པ་ཞེས་བྱའོ། །དེ་རྒྱུ་གང་ལས་བྱུང་ཞེས་ན། གསང་བའི་གནས་བྱུང་ཞེས་བྱ་བ་ལས་ཆོས་དང་དམ་ཚིག་གསུམ་ལས་བྱུང་བའི་བསམ་གཏན་གྱིས་ལུས་དང་དི་བདེ་བའོ། །ལས་འབྱུང་བ་ནི་བསམ་གཏན་གྱི་བདེ་བ་དེ་ལས་སྐྱེས་པའི་སྒྱུར་མ་འོད་གསལ་ཟུང་འཇུག་རྟོགས་པའོ། །དེ་ལ་ཉེས་


DTG018_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྲལ་ནི་སྒྱུ་མའི་བརྒྱད་དང་མཚུངས་བའི་བདག་བྱིན་གྱིས་བརླབ་པའོ། །རྟག་བ་ནི་འོད་གསལ་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ཏོ། །ཞི་བ་ནི་ཟུང་འཇུག་སྟེ་འདུས་བྱས་དང་འདུས་མ་བྱས་ཅིག་ཅར་རྟོགས་པའོ། །དེ་སྐད་དུ་ཡང༌། བླ་གྲོས་ཆེན་པོ་མཐོང་རྣམས་ཀྱིས། །རྣམ་པ་ཐམས་ཅད་ཅིག་ཅར་ངེས། །ཞེས་གསུངས་སོ། །ཤེས་པ་དེ་གསུང་གི་ཡུལ་གང་ཡིན་ཞེ་ན། ནམ་མཁའ་དང་མཉམ་པ་སྐྱེད་པ་པོ་སྟེ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་ལས་བྱུང་བའོ། །རྒྱུ་དེ་ཡང་རང་བཞིན་དག་པ་ལས་བྱུང་སྟེ་སེམས་ཀྱི་ཆོས་ཉིད་འདུས་མ་བྱས་བའོ། །དབང་པོ་བདག་པོའི་རྐྱེན་བསམ་གཏན་དེ་གང་ལས་སྐྱེ་ཞེ་ན། རྣལ་འབྱོར་མ་ཡིས་བདེ་བ་སྟེར། །ཞེས་བྱ་བ་ལས་ཀྱི་ཕྱག་རྒྱས་དང༌། དམ་ཚིག་གི་ཕྱག་རྒྱས་དང་གསུམ་གྱིས་བདེ་བ་སྟེར་རོ། །དེའི་མཚུངས་བ་དེ་མ་ཐག་པའི་རྐྱེན་ཡིད་ནང་དུ་ཆུད་པ་སྟེ་རྡོ་རྗེའི་བཟླས་པའོ། །དབང་པོ་བདག་པོའི་རྐྱེན་ནི་བསམ་གཏན་དེ་དགའ་བ་བཞིའོ། །སོགས་ནི་ཡུལ་ཕྱག་རྒྱས་བཞི་དང༌། རྒྱུའི་རྐྱེན་བསམ་གཏན་དང་ཟག་མེད་ཀྱི་ས་བོན་གྱི་བག་ཆགས་སོ། །དེའི་འབྲས་བུ་སྦྱོར་བ་ཉིད་ཆོག་གི་ཡེ་ཤེས་ནི་རྒྱུ་རྐྱེན་ཚོགས་པའི་སྦྱོར་བ་ནི་ཆོ་ག་སྟེ་དེའི་རྣམ་ཤེས་དགའ་བ་གསུམ་དང༌། ཡེ་ཤེས་སྒྱུ་མ་འོད་གསལ་ཟུང་འཇུག་ཤེས་པའོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། ངོ་བོ་ཉིད་དང་མཐུ་དག་གིས། རང་བཞིན་གྱིས་ནི་དེ་འགྲུབ་པོ། །ཞེས་གསུངས་སོ། །བཀྱེད་རྫོགས་ཀྱི་དེ་ཉིད་རྒྱུད་འབུམ་པ་ལས་གསུངས་པ་དག །བའི་བདག་པོ་སྡུད་པ་པོ། །ལག་ན་རྡོ་རྗེ་རབ་ཏུ་ཉོན། །ཞེས་བྱའོ། །དབུགས་འབྱིན་པར་མ་མཆོག་དག་དང༌། །ཞེས་བྱ་བ་ནི་གླེང་གཞིའི་ལེའུ་སྟོང་ཕྲག་གསུམ་ལས་སྟོང་ཕྲག་གཅིག་ཚོགས་ཀྱི་འཁོར་ལོ་བསམ་གཏན་བསྐྱེད་པའི་སྟོང་ཕྲག་བཏུང་བ་སྒྱུར་མ་ལྟ་བཏུང་བ་སྒྱུར་མ་ལྟ་བུའི་ཡི་ཤེས་བསྐྱེད་པ་སྟོང་ཕྲག་གཅིག་ཕོ་ཉའི་གཙང་སྦྲ་སོང་པ་ཡིད་ཀྱི་ཡེ་ཤེས་བསྐྱེད་པའོ། །དེ་ལས་དང་པོར་བསམ་གཏན་བསྐྱེད་པའི་ཟས་ནི་དབུགས་འབྱིན་བྱང་ཆུབ་ཀྱི་སེམས་དང་བར་མ་རང་བྱུང་གི་ཁྲག་དང༌། མཆོག་ཤད་ཆེན་ཤད་ཆེན་པོ་དང༌། དྲི་བཤད་པའི་དང་སམ་དང༌། ཆུ་ལྕི་བའི་དང་སམ་དང་བཅས་པ་ནི། རྟ་དང་གླང་པོ་དང་ཁྱི་དང་བ་ལ་དང་མིའི་ཤད་དེ་ལྔ་ལ། ཨོཾ་ཨཿ་ཧཱུཾ་གསུམ་གྱིས་བདུད་རྩིར་བྱས་ནས་མཁས་པ་ཚོགས་ཀྱི་


DTG018_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོ་བྱེད་པས་བདུད་རྩི་ལྔའི་རི་ལུ་བྱས་བའི་ཁམས་ཀྱི་ཟ་དེ་སུ་ལ་སྦྱིན་ཞེས་ན། པདྨའི་དཀྱིལ་འཁོར་དག་ལ་མཆོད། །ཅེ་བྱ་སྟེ་ཡེ་ཤེས་ཀྱི་འཁོར་ལོའི་པདྨ་དང༌། ཐུགས་དང༌། གསུང་དང༌། སྐུ་དང་དམ་ཚིག་དང༌། དུར་ཁྲོད་བརྒྱད་ཀྱི་བར་གྱི་དཀྱིལ་འཁོར་དྲུག་ལ་རོའི་བདུད་རྩི་མཆོད་པར་བྱའོ། །དུས་ནམ་གྱི་ཚེ་ཞེ་ན། འབྱུང་པོའི་དུས་ཀྱི་ཁྱད་པར་ལ་སྟེ། ཡར་ངོའི་ཚེས་བཅུའམ། མར་ངོའི་ཚེས་བཅུའམ། ཟླ་བ་གཅིག་ལ་གཞག་སུམ་ཅུ་ཐུན་བཞིའི་དུས་ཀྱི་ཁྱད་པར་ལ་མཆོད་པར་བྱའོ། །རོ་གཅིག་པུ་ཡིན་ནམ་ཞེ་ན། ཕོ་ཉ་རྣམས་ཀྱིས་དེ་ལ་མཆོད། །ཅེས་པས་ཕོ་ཉ་རྣམས་ནི་རིགས་ལྔའི་རྣལ་འབྱོར་དང་རྣལ་འབྱོར་མ་སེ། དེའི་གཟུགས་ཡིད་དུ་འོང་བ་དང༌། རྡོ་རྗེའི་གླུ་སྙན་པ་དང༌། ག་བུར་དང་ཙནྡན་དང༌། གླ་རྩིའི་དྲི་དང༌། བདུད་རྩི་ལྔའི་རོ་དང་ལག་བཅངས་དང་འཁྱུད་པ་ལ་སོགས་པའི་རེག་བྱ་ལྔས་འཁོར་ལོ་ལྔའི་ལྷ་ལ་མཆོད་དོ་།མཆོད་པ་ནི་བསམ་གཏན་གྱི་ཏིང་འཛིན་ཡིན་ཏེ། དེའི་ཡུལ་དམིགས་པའི་རྐྱེན་ནི། མཆོག་ཡེ་ཤེས་ལས་སྐྱེས་པ་སྐྱེས་རབས་ཀྱི་བྱང་ཆུབ་སེམས་མའོ། །འབྲིང་ནི་བསམ་གཏན་བཞི་དང་གཟུགས་མེད་བཞི་འཐོབ་པའི་རྣལ་འབྱོར་མའོ། །ཐ་མ་ནི་སློབ་དཔོན་གྱིས་ཡེ་ཤེས་ཕ་ནས་སྲོག་ཨ་ཝ་དྷཱུ་ཏཱིར་ཆུ་པའི་སྔགས་སྐྱེས་མའོ། །ཡུལ་དམིགས་པའི་རྐྱེན་ནི། མཐར་ཐུག་དངོས་གྲུབ་ཐམས་ཅད་འབྱུང་སྟེ། ཞིག་གནས་དང་ལྷག་མཐོང་མངོན་པར་ཤེས་པར་ལྔ་དང༌། ཟག་པ་ཟག་པའི་ཡེ་ཤེས་ཐམས་ཅད་འབྱུང་ངོ་། །དེའི་མཚུངས་བ་དེ་མ་ཐག་པའི་རྐྱེན་ནི་ཡིད་ནི་ནང་དུ་བསྡུས་པ་ཡིས། །ཞེས་བྱ་བ་སྲོག་ཨ་ཝ་དྷཱུ་ཏཱིར་པས་དབུགས་ཉི་ཁྲོ་ཆོ་སྟོང་དྲུག་བརྒྱད་དང༌། རྣམ་རྟོག་གི་རང་བཞིན་བརྒྱད་ཅུ་འགགས་པའོ། །དེ་ཅི་འགྲུབ་ཅེ་ན། ཡིད་ནད་དུ་ཆུད་ན་འདོད་པའི་དངོས་གྲུབ་གསུམ་བསྒྲུབ་པར་བྱའོ། །སམ་གཏན་བདག་པོའི་རྐྱེན་ནི་རང་རྫས་ཐིག་ལེ་སྤྱི་གཙུག་གི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཏུམ་མོ་དྲོད་ཀྱིས་ཕབ་པ་སྟེ། དབང་པོ་བདག་པོའི་རྐྱེན་ཡིན་ནོ། །གལ་ཏེ་དགའ་བྲལ་དུ་སོང་ནས་སངས་རྒྱས་ཏེ་ཕུང་པོ་ལྔ་དང༌། སེམས་དཔའ་དབང་པོ་དྲུག་དང༌། འབྱུང་བ་ཡུམ་ལྔ་ལ་མཆོག་པར་བྱའོ། །བདག་ཉིད་རང་གི་ལྷའི་སྦྱོར་བ་དང་ལྡན་པ་དང༌།


DTG018_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞན་རྣལ་འབྱོར་མ་ལྷའི་སྦྱོར་བ་དང་ལྡན་པའི་ལུས་ཀྱི་དཀྱིལ་འཁོར་ལ་ཡང་མཆོད་པར་བྱའོ། །ལས་ཀྱི་ཕྱག་རྒྱ་སྤངས་པའི་གྲོལ་བའི་ལམ་ལ་ཡིད་ནང་དུ་ཆུད་པ་ཡུལ་གང་ལས་བསྒོམ་ཞེ་ན། མཐོང་པ་གཟུགས་དང༌། རེག་པ་ལག་བཅངས་དང༌། ཐོས་པ་སྒྲ་དང༌། དྲན་པ་ཆོས་ཀྱི་རྡོ་རྗེ་མ་ལ་མ་རྨོངས་པར་དྲན་པའི་འདུ་བྱེད་ཀྱི་ཆོས་ཀྱི་ཕྱག་རྒྱ་འདོད་པའི་ཡོན་ཏན་ལྔ་ལ་བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམས་ན་འདོད་ཨི་ཁམས་ཀྱི་སྡིག་པ་ཀུན་ལས་གྲོལ་ཞིང་དབེན་པ་ལས་སྐྱེས་པའི་དགའ་བ་དང༌། བདེ་བའི་ཏིང་ངེ་འཛིན་ཇི་ལྟར་ཤེས་པ་དེ་ལྟར་གྲོལ་བའི་ལམ་གྱི་རྣལ་འབྱོར་པ་འདི་ལ་སྐྱེ་བར་ཐེ་ཚོམ་མེད་དོ། །དེ་ལྟར་ཆགས་ལམ་དང་གྲོལ་ལམ་གྱི་ཚོགས་ཀྱི་འཁོར་ལོ་ལས་སྐྱེས་པའི་བསམ་གཏན་གྱི་ཏིང་ངེ་འཛིན་བཤད་ནས། དེའི་ཕན་ཡོན་ཤློ་ཀ་གཅིག་གསུངས་པ་ནི། བསམ་གཏན་ཐོབ་པའི་རྣལ་འབོར་པ་ཉིད་བསོད་རྣམ་ཀྱི་ཚོགས་མི་གཡོ་བའི་ལས་ཡིན་ནོ། །འདོད་པ་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། བདེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་བོའི་ཏིང་ངེ་འཛིན་ཡིན་ནོ་ཞེས་ཤེས་རབ་འབུམ་པ་ལས་གསུངས་པའི་དག་བྱེད་ནི་ཀུན་འབྱུང་ཉོན་མོངས་པ་དག་པའོ། །སྡིག་པ་འཇིག་པར་བྱེད་པ་ནི་སྡུག་བསྔལ་གྱི་བདེན་པ་དག་པའོ། །སྔགས་བཟླས་ནི་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པས་དབེན་པས་ལས་སྐྱེས་པའོ། །དགའ་བ་དང་བདེ་བ་ཅན་ནི་བསམ་གན་གྱི་དགའ་བ་ལུས་དང་ཡིད་བདེ་བའོ། །མྱུར་དུ་ཚེ་འདི་ལས་དངོས་གྲུབ་སྐྱེས་བས་ན་མངོན་སུམ་གྱི་ལམ་ལྷན་ཅིག་སྐྱེས་པ་ལས་འགྲུབ་པའོ། །རྒྱུད་ཀྱི་སྡུད་པ་པོས་འགྲེལ་པ་མཛད་པ་ནི་དེ་ཉིད་ལས་ཤེས་པར་བྱའོ། །རྩ་བའི་རྒྱུ་བསྡུས་པ་རྩ་རྒྱུད་ཕྱི་མ་སློབ་མ་ལ་སྙིང་པོ་ངེས་བརྗོད་ཀྱི་རྒྱུད་ཀྱི་དམ་ཚིག་ལ་འཇུག་པའི་ལེའུ་དང་བོའི་འགྲེལ་བའོ།། །།

གཉིས་པ། ཞུ་བའི་ལེའུའི་འགྲེལ་པ།


DTG018_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱི་མའི་ཕྱི་མ་སྙིང་པོའི་ལེའུ་དན་པོར་སྦས་ཏེ་ལྷག་མ་ཚོགས་པ་ལ་བཤད་པ་ཙམ་བསྡུས་པར་ཟད་དོ། །དེའི་ཕྱིར་སློབ་མ་དང་ཚོགས་པ་དག་ལ་སོ་སོར་བཤད་པར་བྱའོ། །རྒྱུད་ཕྱི་མ་ཡང་ཕྱི་མའོ། །སྟོང་ཕྲག་ཉིས་ཀྱི་དོན་གི་ནི་རྩ་བའི་རྒྱུད་དང་མཐུན་པར་ལེའུ་བཞིན་བཅུ་རྩ་བརྒྱུད་པ་ལས་ཕྱིས་འཆད་པར་འགྱུར་རོ། །དེ་ལྟར་གླེང་གཞིའི་ལེའུ་དང་པ་ཤད་ནས། གླེང་བསླང་བའི་ལེའུ་


DTG018_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་པ་ནི་དེའི་རྗེས་ཐོགས་ལ་དེ་ནས་ཞེས་གསུངས་སོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་འབྲས་བུའི་ཧེ་རུ་ཀའོ། །རྡོ་རྗེ་དབྱིངས་ལ་རྣམས་པར་རོལ་པ་ཞེས་བྱ་བ་ནི་རྡོ་རྗེ་བྱ་བ་ནི་རྡོ་རྗེ་དབྱིངས་ནི་ཆོས་ཀྱི་སྐུའོ། །རྣམ་པར་རོལ་བ་ནི་ལོངས་སྐུའི་འཁོར་རོ། །འཁོར་དེ་ཡང་ཁྲོ་བོ་ཆེན་པོའི་གཟུགས་སུ་སྣང་བའི་ཡུལ་ལ་དམིགས་པའི་ཏིང་ངེ་འཛིན་ཞི་གནས་དང་ལྷག་མཐོང་མཉམ་པར་ཞུགས་ནས། དངོས་གྲུབ་ཐམས་ཅད་འགྲུབ་པའི་ལྷ་རྣམས་ཀྱི་མིང་གི་གསང་བ་གསུངས་པའོ། །སུའི་འཁོར་ཡིན་ཞེ་ན་ལོངས་སྤྱོད་རྫོགས་པའི་སྐུའི་འཁོར་བཅོམ་ལྡན་འདས་རྒྱུའི་རྡོ་རྗེ་འཆང་བ་རྣམ་པར་སྣང་མཛད་ཀྱིས་སྔ་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྦྲུལ་ནས་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕུལ་པ་ནི། འདི་ལྟ་སྟེ། དཔའ་བོ་ཆེན་པོ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའོ། །གཟུགས་ཀྱི་དབང་ཕྱུག་རྡོ་རྗེ་ནི་རྣམ་པར་སྣང་མཛད་ལྟ་བུ་འཁོར་ལོ་དང་དྲིལ་བུ་ཐོགས་པ་དཀར་བོ། ཚོར་བ་རྡོ་རྗེ་ནི་རིན་པོ་ཆེ་དང་དྲིལ་བུ་ཐོགས་པ་སེར་པོ། འདུ་ཤེས་རྡོ་རྗེ་ནི་པདྨ་དང་དྲིལ་བུ་ཐོགས་པ་དམར་བོ། །འདུ་བྱེད་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་ཐོགས་པ་ལྗང་གུ། རྣམ་པར་ཤེས་པའི་རྡོ་རྗེ་ནི་རྡོ་རྗེ་དང་དྲིལ་བུ་ཐོགས་པ་མཐིང་གའོ། །དེ་བཞིན་གཤེགས་པ་ལྔ་པོ་ཐམས་ཅད་ལ་ཁྱབ་པའི་ཆོས་ཀྱི་དབྱིངས་ལས་སྐྱེས་པའི་གཙོ་བོ་དབང་ཕྱུག་ཆེན་པོ་ནི་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པ་སྐུ་མདོག་མཐིང་གའོ། །གཏི་མུག་རྡོ་རྗེ་ནི་འཁོར་ལོ་དང་དྲིལ་བུ་བསྣམས་པ་སའི་སྙིང་པོའོ། །རྣ་བའི་རྡོ་རྗེ་ནི་རྡོ་རྗེ་དང་དྲིལ་བུ་བསྣམས་པ་མཐིང་ག་ཕྱག་ན་རྡོ་རྗེའོ། །སྣ་རྡོ་ནི་རིན་པོ་ཆེ་དང་དྲིལ་བུ་བསྣམས་པ་སེར་པོ་ནམ་མཁའི་སྙིང་པོའོ། །ཆགས་པ་རྡོ་རྗེ་ནི་པདྨ་དང་དྲིལ་བུ་བསྣམས་པ་དམར་པོ་སྤྱན་རས་གཟིགས་སོ། །སེར་སྣ་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ལྗང་གུ་སྒྲིབ་པ་རྣམ་པར་སེལ་བའོ། །དབང་ཕྱུག་རྡོ་རྗེ་དང་དྲིལ་བུ་ཐོགས་པ་མཐིང་ག་ཀུན་དུ་བཟང་བོའོ། །ས་རྡོ་རྗེ་ནི་འཁོར་ལོ་དང་ཁ་ཏྭཱཾ་ག་ཐོགས་པ་དཀར་བོའོ། །ཆུ་རྡོ་རྗེ་ནི་རིན་པོ་ཆེ་དང་བ་ཏྭཱཾ་ག་ཐོགས་པ་སེར་བོའོ། །མེ་རྡོ་རྗེ་ནི་པདྨ་དང་ཁ་ཏྭཱཾ་ག་


DTG018_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐོགས་པ་དམར་པོའོ། །རླུང་རྡོ་རྗེ་ནི་རྒྱ་གྲམ་དང་ཁ་ཏྭཱཾ་ག་ཐོགས་པ་ལྗང་གུའོ། །ནམ་མཁའ་དབྱིངས་ཀྱི་རྡོ་རྗེ་ནི་རྡོ་རྗེ་དང་དྲིལ་བུ་ཐོགས་པ་མཐིང་གའོ། །དེ་དག་ལ་སོགས་པ་ནི་གཟུགས་རྡོ་རྗེ་དང༌། སྒྲ་དང༌། དྲི་དང༌། རོ་དང་རེག་བྱེ་དང་ཆོས་རྡོ་རྗེ་ལྷ་མོའི་གཟུགས་ཅན་ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ་བཅོམ་ལྡན་འདས་ལ་ཕུལ་ལོ། །ཡང་རིན་ཆེན་འབྱུང་ལྡན་གྱིས་སྔ་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་སྦྲུལ་ནས་ཕུལ་བའི་མིང་འབྲས་བུའི་ཧེ་རུ་ཀས་བཤད་པ་ནི་ཕྱོགས་བཅུ་མཐའ་ཡས་མ་ལུས་པ་སྣོད་དང་ལུས་པ་མེད་པའི་བཅུད་ཀྱི་འཇིག་རྟེན་དུ་རྣམ་པར་འཕྲོ་སྤྲུལ་བའི་གསང་བའི་སྙིང་པོ་ཆོས་ཀྱི་དབྱིངས་ལས་སྐྱེས་པ་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་སྐུ་དཀར་པོ་གསུང་དམར་བོ་ཐུགས་ནག་པོ། ཁ་དོ་སྣ་ཚོགས་པའི་མཆོག་རྣམས་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱི་ཟག་མེད་ཀྱི་དམ་ཚིག་ཆེན་པོ་ས་བཅུའི་འཁོར་ལོ་ལ་བཞུགས་པ་ཆེན་པོ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའོ། །རྡོ་རྗེ་ཐོད་པའི་དུམ་བུ་ནི་འོག་ནས་འབྱུང་བའི་དཀྱིལ་འཁོར་གྱི་བྱེ་བྲག་གིས་ཞལ་གཅིག་ཕྱག་གཉིས་པ་དང༌། ཞལ་གཅིག་ཕྱག་བཞི་པ་དང༌། ཞལ་གསུམ་ཕྱག་དྲུག་པ་དང༌། ཞལ་བཞི་ཕྱག་བརྒྱད་པ་ལ་སོགས་པ་སྐུ་མདོག་དུ་མར་ཡང་སྣང་མེད་ཀྱི་ཐུགས་འདི་བརྒྱད་རྡོ་རྗེ་དང་དྲིལ་བུ་ཐོགས་པ་ནག་པོ། །གསུང་འདི་བརྒྱད་པདྨ་དང་དྲིལ་བུ་ཐོགས་པ་དམར་པོ། །སྐུ་འདི་བརྒྱད་འཁོར་ལོ་དང་དྲིལ་བུ་ཐོགས་པ་དཀར་པོ་།ཐོད་པའི་དུམ་བུ་ནི་དྲག་པོ་འཇིགས་བྱེད་ཀྱི་གདུལ་བྱའི་མིང་ཡིན་ལ། སྒྱུ་འཕྲུལ་དྲ་བའི་རྒྱུད་དུ་ཞི་བའི་སྐུ་ནི་ཀུན་དུ་བཟང་པོའོ། །ཀེང་རུས་ཆེན་པོ་ནི་འཇམ་དཔལ་དབྱངས་སོ། །ཀེང་རུས་ཅན་ནི་འཇིག་རྟེན་དབང་ཕྱག་གོ །མཆེ་བ་རྣམ་པར་གཙིགས་པ་ནི་སའི་སྙིང་པོའོ། །ལྷའི་དགྲ་ནི་ཕྱག་ན་རྡོ་རྗེའིའོ། །རྡོ་རྗེ་འོད་དཔག་མེད་ནི་བྱམས་པའོ། །རྡོ་རྗེ་འོད་ནི་ནམ་མཁའི་སྙིང་པོའོ།། རྡོ་རྗེ་སྐུ་ནི་ནམ་མཁའི་མཛོད་དོ། །གསུང་གི་འཁོར་ལོའི་རྡོ་རྗེ་མྱུར་གུ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །རྡོ་རྗེ་རལ་པ་ཅན་ནི་སྤོས་ཀྱི་གླང་པོའོ། །དཔའ་བོ་ཆེན་པོ་རྣམས་ནི་བློ་གྲོས་མི་ཟད་པའོ། །རྡོ་རྗེ་ཧཱུཾ་མཛད་ནི་ཡེ་ཤེས་ཏོག་གོ །རྡོ་རྗེ་བཟང་པོ་ནི་སྤོབས་པ་བརྩེགས་པའོ། །རབ་ཏུ་བཟང་པོ་ནི་མྱ་ངན་


DTG018_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་མུན་པ་ཀུན་འཇོམས་སོ། །འཇིགས་བྱེད་ཆེན་པོ་ནི་ངན་སོང་ཀུན་འདྲེན་ནོ། །མིག་མི་བཟང་ནི་དྲ་བ་ཅན་གྱི་འོད་དོ། །སྐུའི་འཁོར་ལོ་ནི་དཔའ་བོ་སྟོབས་པོ་ཆེ་ཟླ་འོད་གཞོན་ནུའོ། །རྡོ་རྗེ་རིན་ཆེན་ནི་རྡོ་རྗེ་འོད་དོ། །རྟ་མཆོག་ནི་ཉི་མའི་འོད་ཀྱི་སྙིང་པོའོ། །ནམ་མཁའི་སྙིང་པོ་ནི་རྡོ་རྗེ་འོད་ཟེར་རོ། །ཧེ་རུ་ཀ་ནི་མཐུ་ཆེན་ཐོབ་པའོ། །པདྨ་གར་གྱི་དབང་ཕྱུག་ནི་ནོར་བཟངས་སོ། །རྣམ་པར་སྣང་མཛད་ནི་བཟང་སྐྱོང་ངོ༌། །རྡོ་རྗེ་སེམས་དཔའ་ནི་བློ་གྲོས་རྒྱ་མཚོའོ། །དེ་དག་ལ་སོགས་པ་དཔའ་བོ་དེ་བཞིན་གཤེགས་པ་རིགས་ལྔ་ཐམས་ཅད་ཀྱི་སྦྲུལ་བ་ནམ་མཁའི་ཁམས་ཐམས་ཅད་གང་བར་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་འབྲས་བུའི་ཧེ་རུ་ཀ་རིགས་ལྔ་ཐམས་ཅད་ཀྱི་བདག་པོའི་སྐུ་གསུང་ཐུགས་ལ་རྡོ་རྗེ་གསུམ་གྱི་ཟག་པ་མེད་པའི་དམ་ཚིག་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཞེས་བྱ་བའི་ཡུལ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རིན་ཆེན་འབྱུང་ལྡན་གྱི་སྤྲུལ་པའི་དམ་ཚིག་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རང་གི་ཡེ་ཤེས་ཀྱི་གསང་བའི་བྷ་ག་སྟོང་བ་ཉིད་ལ་འབྱུང་བའི་རྣལ་འབྱོར་མ་དཔའ་བོ་རང་གི་གསང་བའི་དམ་ཚིགས་ཐབས་དང་ཤེས་རབ་ལྷན་ཅིག་འཁྱུད་པས་གཉིས་སུ་མེད་པའི་དམ་ཚིགས་ཆེན་པོའི་མཚན་གསུངས་པ་ནི་འདི་ལྟ་སྟེ། རྣལ་འབྱོར་མ་ཆེན་མོ་ནི་སྟོང་པ་ཉིད་ལ་དམིགས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣལ་འབྱོར་མ་ཆེན་མོ་ལྟུང་བྱེད་མ་ནི་གྲི་གུག་དང་ཀཱ་བ་ལ་ཐོགས་པ་སེར་མོ་སངས་རྒྱས་སྤྱན་ཏེ། རྒྱལ་དུ་འཇུག་པའི་ཕྲིན་ལས་བྱེད་པས་མིང་དེ་སྐད་ཅེས་བགས་ཞེས་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་བཞི་པ་ལས་གསུངས་སོ། །གསོད་བྱེད་མ་ནི་གྲི་གུག་དང་ཀ་པཱ་ལ་ཐོགས་པ་དཀར་མོ་མཱ་མ་ཀཱི་སྟེ་མིང་ནི་ཕྲིན་ལས་ཀྱི་སྒོ་ནས་སོ། །འགུགས་བྱེད་མ་ནི་གྲི་གུག་དང་ཀ་པཱ་ལ་ཐོགས་པ་དམར་མོ་གོས་དཀར་མོ་སྟེ་ཕྲིན་ལས་ཀྱི་མིང་ངོ༌། །གར་གྱི་དབང་ཕྱུག་མ་ནི་གྲི་གུག་དང་ཀ་པཱ་ལ་ཐོགས་པ་ལྗང་གུ་སྒྲོལ་མ་སྟེ་དབང་དུ་བྱེད་པའི་ཕྲིན་ལས་ཀྱི་མིང་ངོ༌། །པདྨའི་དྲ་བ་ཅན་ནི་གྲི་གུག་དང་ཀ་པཱ་ལ་ཐོགས་པ་སྔོན་མོ་ཀུན་དུ་བཟང་མོ་སྟེ་འཆི་བའི་ཕྲིན་ལས་ཀྱི་མིང་གི་སྒོ་ནས་སོ། །མཁའ་འགྲོ་མ་ཆེན་མོ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་ནམ་མཁའ་སྟོང་བ་ཉིད་དུ་རྟོགས་ཤིང་རྗེ་ཆེན་པོས་གཞན་ལ་


DTG018_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོང་བས་ན་ཆེན་མོའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཉེ་བའི་མཱ་མ་ཀཱི་གྲི་གུག་དང་ཀ་པཱ་ལ་བསྣམས་པའི་སྔོན་མོའི། །རྡོ་རྗེ་ལཱ་མ་ནི་ཉེ་བའི་སྒྲོ་ནམ་སྟེ་གྲི་གུག་དང་ཀ་པཱ་ལ་བསྣམས་པའི་ལྗང་གུའོ། །དུམ་སྐྱེས་མ་ནི་ཉེ་བའི་གོས་དམར་མོ་གྲི་གུག་དང་ཀ་པཱ་ལ་ཐོགས་པ་དམར་མོའོ། །གཟུགས་ཅན་མ་ནི་ཉེ་བའི་སངས་རྒྱས་སྤྱན་ཏེ་གྲི་གུག་དང་ཀ་པཱ་ལ་ཐོགས་པ་སེར་མོའོ། །རབ་ཏུ་གཏུམ་མ་ལ་སོགས་པའི་ཐུགས་ཀྱི་འཁོར་ལོའི་ལྷ་མོ་བརྒྱད་ནི། གྲི་གུག་དང་ཀ་པཱ་ལ་ཐོགས་པ་སྔོན་མོའོ། །གསུང་གི་འཁོར་ལོའི་ལྷ་མོ་བརྒྱད་ནི་གྲི་གུག་དང་ཀ་པ་ལ་ཐོགས་པའི་དམར་མོའོ། སྐུའི་འཁོར་ལོའི་བརྒྱད་ནི་གྲི་གུག་དང་ཀ་པཱ་ལ་ཐོགས་པའི་དཀར་མོའོ། །དེ་ལ་རབ་ཏུ་གཏུམ་མོ་ནི་སྒྱུ་འཕྲུལ་དྲ་བ་ལས་ཞི་བའི་སྐུ་རྡོ་རྗེ་ཕོ་ཉ་མོའོ། །གཏུམ་མིག་མ་ནི་སྐུ་ལ་བྱེད་མའོ། །འོད་ལྡན་མ་ནི་རིན་ཆེན་སྒྲོན་ནོ། །སྣ་ཆེན་མ་ནི་རྡོ་རྗེ་ཉི་མའོ། །དཔའ་བོའི་བློ་གྲོས་མ་ནི་རྡོ་རྗེ་རོ་ལངས་མའོ། །མིའུ་ཐུང་མ་ནི་རྡོ་རྗེ་གཞོན་ནུ་མའོ། །ལང་ཀའི་དབང་ཕྱུག་མ་ནི་ཀམྦུ་ཛིའོ། །ཤིང་གྲིབ་མ་ནི་སངས་རྒྱས་བྱང་ཆུབ་མའོ། །གསུང་གི་འཁོར་ལོའི་ས་སྲུང་མ་ནི་ཡེ་ཤེས་སྒྲོལ་མའོ། །འཇིགས་བྱེད་ཆེན་མོ་ནི་རྡོ་རྗེ་འཇིགས་མའོ། །རླུང་ཤུགས་མ་ནི་དྲི་ལྡན་མའོ། །ཆང་འཐུང་མ་ནི་རྒྱན་ལྡན་མའོ། །སྡེ་བསངས་མ་ནི་སྒྲོལ་མའོ། །རབ་བཟང་མ་ནི་གོས་དཀར་མོའོ། །རྟ་རྣ་མོ་ཉེ་བའི་སྤྱན་ནོ། །བྱ་གདོང་མ་ནི་ཉེ་བའི་མཱ་མ་ཀཱིའོ། །སྐུའི་འཁོར་ལོའི་ཤུགས་ཅན་མ་ནི་རྒྱལ་མཚན་རྩེ་མོའོ། །དུམ་སྐྱེས་མ་ནི་སོ་སོར་འབྲང་མའོ། །ཀོས་རིངས་མ་ནི་རྨ་བྱ་ཆེན་མོའོ། །འཁོར་ལོའི་གོ་ཆ་མ་ནི་རི་ཁྲོད་ལོ་མ་ཅན་མོ། །རབ་ཏུ་དཔའ་མོ་ནི་རྡོ་རྗེ་ལུ་གུ་རྒྱུད་དོ། །སྟོབས་ཆེན་མ་ནི་ཕྱིར་བཟློག་ཆེན་མོའོ། །འཁོར་ལོས་སྒྱུར་མ་ནི་གཙུག་ཏོར་དཀར་མོའོ། །བརྩོན་འགྲུས་ཆེན་མོ་ནི་རྡོ་རྗེ་འཇིགས་མའོ། །སྔོན་གྲུབ་པ་ཡི་ལྷ་མོ་སྟེ། འདོད་པའི་དངོས་གྲུབ་ཐམས་ཅད་གསོལ། །ཞེས་ལེའུ་དྲུག་ཅུ་བདུན་པ་ལས་གསུངས་པའོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ནི་རང་དང་འདྲ་བའི་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་ལྷ་མོས་གདུལ་བྱ་སྣ་ཚོགས་འདུལ་བའི་གཟུགས་ཀྱིས་སྟོང་གསུམ་གྱི་ནམ་མཁའི་ཁམས་མཐར་ཐུག་པར་རུ་ཡབ་ཀྱི་ཞལ་ནས་ཧཱུཾ་དང་ཡུམ་གྱི་ཞལ་ནས་ཕཊ་སྒྲོགས་ཤིང་ཅང་ཏེའུ་དཀྲོལ་ནས་ཀཱི་ལི་ཀཱི་ལིའི་སྒྲ་སྒྲོགས་པ་


DTG018_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྐང་པས་རང་གི་ཐབས་ཀྱི་དམ་ཚིག་ལ་འཁྱུད་དང་ཞལ་གྱིས་ཞལ་ལ་རེག་བའི་ཙུམ་བ་ན་དང༌། སྙིང་རྗེའི་ཉམས་ཀྱིས་ཕྱག་རྒྱ་དྲུག་ཡོངས་སུ་རྫོགས་པའི་དཔའ་བོ་ཉི་ཤུ་རྩ་བཞི་དང༌། རྣལ་འབྱོར་མ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ནམ་མཁའི་ཁམས་གང་བར་གཟིགས་པ་རིན་ཆེན་འབྱུང་ལྡན་གྱིས་ཕུལ་ལོ། །དེ་རྣམས་ཀྱི་མཚན་ཉིད་བཤད་པ་ནི། །དཔའ་བོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དམ་ཚིག་གི་མཆོག་རང་གི་ཐབས་ལ་དགོངས་ཤིང་གཟིགས་ནས་དཔལ་རྡོ་རྗེ་མཁའ་འགྲོ་མའི་དམ་ཚིག་གིས་གདུལ་བྱ་ལ་སྟོང་བ་ཉིད་སྟོན་པས་གདུལ་བྱ་ལྷག་མཐོང་དང་ཞི་གནས་ཀྱི་ནམ་མཁར་ཀྱི་ནམ་མཁར་འགྲོ་མ་འབྲས་བུའི་ལྷ་མོ་རྣམས་ཀྱིས་ཐུན་མོང་གི་མིང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་འཁོར་ལོ་གསུམ་ལ་བཞུགས་སོ། །སྣང་བ་མཐའ་ཡས་ཀྱི་སྤྲུལ་པའི་ལྷ་མོ་རྣམས་ནི། །དེ་ནས་བཅོམ་ལྡན་འདས་འབྲས་བུའི་ཧེ་རུ་ཀས་མ་མོའི་ཚོགས་ཐམས་ཅད་ཀྱི་གསང་བ་ནི་ལྷ་མོ་བཅུ་གཉིས་སོ། །ཐབས་སྦས་ནས་ཤེས་རབ་འབའ་ཞིག་གི་སྐུ་གསུངས་པ་འདི་ལྟ་སྟེ། མིའམ་ཅི་འདུལ་བས་རྡོ་རྗེ་མ་མོ་ཞེས་བཏགས་སོ། །ཁྭ་གདོང་མ་ལ་སོགས་པའི་དམ་ཚིག་གི་ལྷ་མོ་བརྒྱད་ནི། ཐམས་ཅད་ཀྱང་གྲི་གུག་དང་ཀ་པཱ་ལ་ཐོགས་པ། ཤང་སྔོ་བ་བྱང་ལྗང་བ་ནུབ་དམར་བ་ལྷོ་སེར་བ་མཚམས་ཕྱེད་གཟུགས་མའི་ཁ་དོག་ཅན། ཁྭ་གདོང་མ་ལ་སོགས་པ་བཞི་ནི་མིའམ་ཅི་འདུལ་བས་མཁའ་ལྡིང་གི་གདོང་དུ་བསྟན་པ་ལ་ལུས་བུད་མེད་ཀྱི་གཟུགས་ནི། གཽ་རཱི་དང༌། ཙཽ་རཱི་དང༌། པུཀྐསཱི་དང༌། བེཏཱ་ལའི་བཞིའི། །ཞལ་བཞི་ནི་ཁམས་གསུམ་རྣམ་པར་རྒྱལ་བ་དང༌། བདུད་རྩི་འཁྱིལ་པ་དང༌། རྟ་མཆོག་དང༌། གཤིན་རྗེའི་གཤེད་དང་བཞི་ཐབས་སྦས་བའོ། །གཤིན་རྗེ་བརྟན་མ་ནི་གྷ་སྨ་རའིའོ། །གཤིན་རྗེ་ཕོ་ཉ་མོ་ནི་ཤ་བ་རའིའོ། །གཤིན་རྗེ་མཆེ་བ་ནི་ཙཎྜ་ལིའོ། །གཤིན་རྗེ་འཇོམས་མ་ནི་ཊོ་བི་ནིའའོ། །གཡས་བའི་ཕྱེད་ནི་ཐབས་དབྱིག་སྔོན་ཅན་དང༌། འདོད་པའི་རྒྱལ་པོ་དང༌། མི་གཡོ་བ་དང༌། སྟོབས་པོ་ཆེ་དང༌། ཁྲོ་བོ་ཆེན་པོ་སྔོན་གྲུབ་པ་ཁྲོ་མོ་དང་བཅས་པས་གདུག་པ་གནོན་ཞེས་གསུངས་སོ། །དེ་ལྟ་བུ་ལ་སོག་པ་ནི་ཁམས་གསུམ་དུ་སྤྲུལ་བའི་ལྷ་


DTG018_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོའོ། །མ་མོའི་ཚོགས་ཐམས་ཅད་ཀྱིས་ཞེས་པ་ནི་སྦྲུལ་བ་དང་ཉིད་སྦྲུལ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་དང་མཉམ་པའི་ཆོས་ཀྱི་དབྱིངས་ཐམས་ཅད་ཡོངས་སུ་བཀང་ནས་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་ལས་བྱུང་ལས་བྱུང་བའི་སྟོང་གསུམ་གྱི་གཞལ་ཡས་ཁང་ནས་སོ། །རིགས་མ་ལུས་པ་ལྔའི་བདག་པོས་འབྲས་བུའི་ཧེ་རུ་ཀའོ། །དེའི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ཡུམ་རྡོ་རྗེ་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཤེས་རབ་ལས་བྱུང་བ་ན་མངལ་སྐྱེས་དང་རྫུས་སྐྱེས་དང༌། དྲོད་གཤེར་སྐྱེས་སོ། །དཔལ་ཧེ་རུ་ཀའི་དམ་ཚིག་ནི་སྟོང་བ་ཉིད་དོ། །དེ་གཉིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དོ། །རྡོ་རྗེ་ནི་སྟོང་བ་ཉིད་དེའི་རིགས་ནི་ཡེ་ཤེས། དེའི་དམ་ཚིག་ནི་ཀུན་རྫོབ་ཀྱི་ལྷ་མོའི། དེ་གསུངས་པ་ནི་ཚེས་རྣམས་ཐམས་ཅད་དངོས་པོ་མེད་པ་ནི་སྟོང་བ་ཉིད་དེ་ཞི་ལྔའི་དངོས་པོ་དང་བྲལ་བའོ། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས་པ་ནི་མཚན་ཉིད་གསུམ་དང་བྲལ་བའི་མཚན་མ་མེད་པའོ། །བདག་མེད་ཆོས་ལས་ཡང་དག་འབྱུང་ནི་གང་ཟག་དང་ཆོས་ཀྱི་བདག་མེད་པས་མ་འོངས་པ་ལ་སྨོན་པ་མེད་པའོ། །རྣམ་ཐར་སྒོ་གསུམ་འདི་ནི་དོན་དམ་པའི་དམ་ཚིག་མཆོག་ཡིན་ལ། དེ་ལས་བྱུང་བའི་ལྷ་མོ་བཅུ་གཉིས་ནི་སྣང་བ་མཐའ་ཡས་ཀྱིས་སྦྲུལ་ནས་ཕུལ་བའོ། །ད་ནི་དོན་ཡོད་གྲུབ་པས་སྔ་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གོ་ཆ་དྲུག་གི་དཔའ་བོ་དང་དཔའ་མོ་བཅུ་གཉིས་ཕྱུང་ནས་ཕུལ་བ་ནི་དེ་རྣམས་ཀྱི་མིང་འབྲས་བུའི་ཧེ་རུ་ཀ་གསུངས་པ་ཡིན་པས་ན། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །བཅོམ་ལྡན་འདས་ཀྱིས་གཉིས་སུ་མེད་པའི་རྡོ་རྗེའི་དམ་ཚིག་ནི་དཔའ་བོ་དང་དཔའ་མོ་དྲུག་གོ །དེ་གསུངས་པ་ནི་འདི་ལྟ་སྟེ་ཞེས་བྱ་བའོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི་སྟོང་བ་ཉིད་ཤེས་པའི་ལྷག་མཐོང་དང༌། བདེ་བ་དང་ཡིད་བདེ་བཞི་གནས་དང་ལྷན་ཅིག་སྦྱོར་བའི་འབྲས་བུ་རིགས་དྲུག་གི་དབང་ཕྱུག་བསྐྱེད་པ་ནི་རྡོ་རྗེ་སེམས་དཔའ་རྡོ་རྗེ་དང་དྲིལ་བུ་ཐོགས་པ་དཀར་པོ། རྣམ་པར་སྣང་མཛད་འཁོར་ལོ་དང་དྲིལ་བུ་ཐོགས་པ་སེར་པོ། པདྨ་གར་གྱི་དབང་ཕྱུག་པདྨ་དང་དྲིལ་བུ་ཐོགས་པ་དམར་བོ། རྡོ་རྗེ་ཧེ་རུ་ཀ་རྡོ་རྗེ་དྲིལ་བུ་ཐོགས་པ་སྔོན་པོ། །རྡོ་རྗེ་ཉི་མ་རིན་པོ་ཆེ་དང་དྲིལ་བུ་ཐོགས་པ་སེར་པོ། རྟ་མཆོག་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་ཐོགས་པ་


DTG018_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྗང་གའོ། །རིགས་དྲུག་པོ་དེ་དག་ཕྱི་རོལ་དུ་འཁོར་ལོ་རྩིབས་དྲུག་ལ་དགོད་པ་དང༌། ལུས་ལ་སྙིང་ག་དང་མགོ་བོ་དང་སྤྱི་གཙུག་དང་ཕྲག་པ་དང་མིག་དང་ཡན་ལག་ལྔ་ལ་དགོད་པའི་ཟག་མེད་ཀྱི་དམ་ཚིགས་སྲུང་བའོ། །དེ་དང་གཉིས་སུ་མེད་པའི་དེ་བཞིན་གཤེགས་པ་ཉིད་ལས་སྐྱེས་པའི་ཤེས་རབ་དང་ལྷན་ཅིག་གཉིས་སུ་མེད་པར་དཀྱིལ་འཁོར་ལ་དགོད་པའམ། ཡང་ན་ལུས་ལ་སྲུང་བའི་རྣལ་འབྱོར་ཆེན་མོའི་མཆོག་མུ་སྟེགས་ཅན་ལ་གསང་བ་ཉན་ཐོས་ལ་སྦས་པ་གསུངས་པ་ནི། རྡོ་རྗེ་ཕག་མོ་ནི་གྲི་གུག་དང་ཐོད་པ་ཐོགས་པ་དམར་མོ། །གཤིན་རྗེ་མ་ནི་གྲི་གུག་དང་ཀ་པཱ་ལ་ཐོགས་པ་སེར་མོ། །རྨོངས་བྱེད་མ་ནི་གྲི་གུག་དང་ཀ་པཱ་ལ་ཐོགས་པ་དཀར་མོ། །གཡོ་བྱེད་མ་ནི་གྲི་གུག་དང་ཀ་པཱ་ལ་ཐོགས་པ་སྔོན་མོ། །སྐྲག་བྱེད་མ་ནི་གྲི་གུག་དང་ཀ་པཱ་ལ་ཐོགས་པའི་དུ་བའི་མདོག་ཅན། ཙནྜི་ཀ་ནི་གྲི་གུག་དང་ཐོད་པ་ཐོགས་པ་དམར་མོའོ། དེ་ལྟ་བུ་ནམ་མཁའི་ཁམས་དང་མཉམ་པའི་ཆོས་ཀྱི་དབྱིངས་ལས་བྱུང་བའི་གནས་སུ་དཔའ་བོ་དང་གཉིས་སུ་མེད་པའི་དམ་ཚིག་གི་ལྷ་མོ་དྲུག་ཡུམ་གྱི་ལྟེ་བ་དང༌། སྙིང་ག་དང༌། དཔྲལ་བ་དང༌། སྤྱི་གཙུག་དང༌། ཡན་ལག་ཐམས་ཅད་ལ་བསྲུང་བའི་ཕྱིར་གསང་བའི་ཆོས་ཀྱི་དབྱིངས་ཀྱི་ལྷ་མོའོ། །དེ་ལྟ་བུ་ལ་སོགས་པའི་རྣལ་འབྱོར་མང་པོ་དུ་མ་སྣ་ཚོགས་པས་འཐུང་བའི་རཀྟ་ལ་སོགས་པ་བདུད་རྩི་ལྔའི་མཆོག་རང་གི་འོད་ཟེར་གྱིས་ཐོད་པའི་ནག་དུ་ཕྱུང་ནས། བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པའི་སྐུ་ལ་རྣམ་སྣང་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པས་སྤྲུལ་པའི་ལྷ་མོས་མཆོད་པ་བྱས་སོ། །དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ་གདུལ་བྱ་སྣ་ཚོགས་ལ་གཟིགས་པས་འདུལ་བྱེད་ཀྱི་འཁོར་ལོ་དགོངས་པ་སྣ་ཚོགས་པཱ་ཁ་དོག་དང་དབྱིབས་ཐ་དད་པའི་ཀུན་རྫོབ་ཀྱི་དམ་ཚིག་ཆེན་པོ་རྣམ་པར་རོལ་ཅིང་སྦྲུལ་བའི་རྡོ་རྗེ་ཞེས་བྱ་བའི་ཡུལ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྣོད་ཀྱི་འཇིག་རྟེན་མ་ལུས་ཤིང་བཅུད་ཀྱི་སེམས་ཅན་ལུས་པ་མེད་པའི་སེམས་ཅན་བྱང་ཆུབ་ཀྱི་སྙིང་པོ་ཅན་གྱིས་ཆོས་ཀྱི་དབྱིངས་ཀྱི་སྣང་བ་ཀུན་དུ་གང་བར་གཟིགས་ནས། གདུལ་བྱ་དེའི་དོན་དུ་ལོངས་སྤྱོད་རྫོགས་པའི་སྐུའི་རང་གི་བ་སྤུའི་བུ་གནས་གླིང་


DTG018_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་བྱེ་བ་ཕྲག་བརྒྱར་དཀྱིལ་འཁོར་གྱི་ལོ་སྣ་ཚོགས་པ་སྤྲོས་ཏེ། གདུལ་བྱ་སྣ་ཚོགས་པ་འདུལ་བའི་ཐབས་ཀྱིས་ནས་མཁའི་ཁམས་ཡོངས་སུ་གང་བར་གདུལ་བྱ་སྣོད་དང་ལྡན་པ་རྣམས་ལ་ལྷའི་མིག་དང་རྣ་བ་ལ་སྣང་བར་གྱུར་ཏོ། །འཛམ་བུའི་གླིང་ཡོན་ཏན་རྒྱལ་མཚན་འདིར་བཅོམ་ལྡན་འདས་བདེ་མཆོག་རིགས་ལྔ་ཐམས་ཅད་ཀྱི་བདག་པོ་ཞལ་བཞི་ཕྱག་བཅུ་གཉིས་པས་སྣ་ཚོགས་པའི་སྐུ་འཛིན་པ་དྲག་པོ་འཇིགས་བྱེད་ཀྱི་གདུལ་བྱའི་སེམས་ཅན་ལྷ་བཞི་དང༌། དྲི་ཟ་བཞི་དང༌། གནོད་སྦྱིན་བཞི་དང༌། སྲིན་པོ་བཞི་དང༌། ཀླུ་བཞི་དང༌། ལྷ་མ་ཡིན་བཞི་དང༌། མིའམ་ཅི་བཞི་དང༌། དུར་ཁྲོད་བརྒྱད་ཀྱི་སེམས་ཅན་ལ་ཕན་པར་རྗེས་སུ་དགོངས་ནས་རྒྱུ་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་འབྲས་བུའི་ཁྲོ་བོའི་ཉམས་དགུ་དང་ལྡན་པའི་ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བས་ཡེ་ཤེས་དང༌། ཐུགས་དང༌། གསུང་དང༌། སྐུ་དང༌། དམ་ཚིག་གི་འཁོར་ལོ་དོ་མཚར་བ་སྣ་ཚོགས་ཤིང་འཛམ་བུའི་གླིང་མཐའ་ཡས་པའི་གནས་སུམ་ཅུ་རྩ་གཉིས་སུ་དབང་བྱས་པ་དང༌། ལོངས་སྤྱོད་པ་དང༌། ཐིམ་པའི་ཆོ་འཕྲུལ་ཆེན་པོ་རྡུལ་ཕྲ་རབ་དང་མཉམ་པའི་ས་འོག་དང༌། ས་བླ་དང་ས་སྟེང་གི་བདག་པོའི་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་ཡང་དག་པར་བསྟན་ནས། སྦྲུལ་པའི་སྐུ་གཟུགས་ཀྱི་སྒོ་ནས་གདུལ་བྱ་བཏུལ་བ་ཆོས་བཤད་ནས། །ད་ན་ཡཾ་ལ་ས་རླུང་གི་དཀྱིལ་འཁོར་དང༌། རཾ་ལས་མེའི་དཀྱིལ་འཁོར་དང༌། བཾ་ལས་ཆུའི་དཀྱིལ་འཁོར་དང༌། ལཾ་ལས་དབང་ཆེན་གྱི་སྐྱིལ་འཁོར་གྱི་སྟེང་དུ་རིའི་རྒྱལ་པོ་རི་རབ་ཤར་ཤེལ། །ལྷོ་བཻཌཱུ་ཪྻ། ནུབ་པདྨ་རཱ་ག །བྱང་གསེར་གྱི་རང་བཞིན་གྱི་གཟི་བརྗིད་གསེར་གྱི་རི་བདུན་དང༌། གླིང་བཞི་གླིང་ཕྲན་བརྒྱད་ལྕགས་རི་ནག་པོས་བསྐོར་བ་དེའི་སྟེང་དུ། དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་ཨེ་གྲུ་གསུམ་ཆོས་ཀྱི་དབྱིངས་ཀྱི་ནང་དུ། ཨོཾ་ལས་འཁོར་ལོ། །དེ་ལས་རྣམ་པར་སྣང་མཛད་འོག་ནས་འབྱུང་བ་ལྟ་བུའི་ཁྲོ་བོ་ཆེན་པོ་ཡོངས་སུ་གྱུར་བ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཆེན་པོ་དང་པདྨ་བཅས་པའི་གཞལ་ཡས་ཁང་དཀྱིལ་འཁོར་ཆེན་པོ་ལྔ་བཅུ་རྩ་དྲུག་འཁོར་བའི་གཉེན་པོར་གྱུར་བ་ན་རྒྱལ་པོའོ། །ཀུན་དུ་བཟང་བོ་གྱུར་བ་ལས་བྱུང་བའི་ཨེ་གྲུ་གསུམ་གྱི་བུས་སུ་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་སྦྲུལ་བའི་ནང་དུ་ཕྱིའི་འཁོར་ལོ་རྣམས་


DTG018_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་མངལ་སྐྱེས་དང༌། སྒོང་སྐྱེས་དང༌། དྲོད་གཤེར་ལས་སྐྱེས་དང༌། རྫུས་སྐྱེས་ཀྱིས་འདུ་ཞིང་འཁོར་བར་འགྱུར་ཏེ། རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་མཛེས་པའི་ས་གཞི་གཞལ་ཡས་ཁང་བསླང་བའི་རྩིག་པ་ལ་རིན་པོ་ཆེའི་རྒྱན། །ཤར་དུ་རྡོ་རྗེ་དང༌། ལྷོར་རིན་པོ་ཆེ་དང༌། ནུབ་ཏུ་པདྨ་དང༌། བྱང་དུ་སྣ་ཚོགས་རྡོ་རྗེས་སྤྲས་པས། ཟླ་བ་དང་ཉི་མ་ལྟར་མདོག་སྡུག་པའི་ཉི་ཟླ་དང༌། དྲིལ་བུ་དང༌། དྲིལ་བུ་དང༌། ཕྱོགས་བཞིར་རྔ་ཡབ་དང༌། རྒྱལ་མཚན་དང༌། གཡེར་ཀའི་དྲ་བས་མིག་མངས་རིས་སུ་བྲིས་བ། རྟ་བབས་བཞི་དང་རྡོ་རྗེ་ཐེག་པའི་མདོ་སྡེའི་ཆོས་ཀྱི་འཁོར་ལོ་ལ་འཇུག་ལོ་ལ་འཇུག་པའི་རྡོ་རྗེ་འོབས་དང་མེ་འོད་ཀྱིས་བསྐོར་བ། དྲིལ་བུ་གཡེར་ཀས་ཆོས་ཀྱི་འཁོར་ལོའི་སྒྲ་སྒྲོགས་པ་དེའི་ནང་དུ་དུར་ཁྲོད་བརྒྱད་ནི་ཤར་གྱི་ཤིང་ལ་སྣ་ཚོགས་པའི་ལྷ་དང༌། ནུབ་ཀྱི་ཤིང་ལ་ཀླུ་དང༌། བྱང་གི་ཤིང་ལ་གནོད་སྦྱིན་དང༌། ལྷོ་ནུབ་ཀྱི་ཤིང་ལ་སྲིན་པོ་དང༌། བྱང་ཤར་གྱི་ཤིང་ལ་འབྱུང་པོ་དབང་ལྡན་དང༌། ལྷོ་ཕྱོགས་ཀྱི་ཤིང་ལ་གཤིན་རྗེ་ཡི་དགས་ཀྱིས་བསྐོར་བ་དང༌། ཤར་ལྷོའི་ཤིང་ལ་མེ་ལྷ་ཤ་ཟའི་གཟུགས་ཅན་དང༌། ནུབ་བྱང་གི་ཤིང་ལ་རླུང་ལྷ་སྨྱོ་བྱེད་བརྗེད་བྱེད་ཀྱི་འཁོར་ཅན་དང༌། དེ་རྣམས་ཀྱི་གཟུགས་ཅན་ནི་གླང་པོ་ཆེ་ལ་སོག་པའི་གདོང་བ་ཅན་ནམ། ཡང་ན་ཕྱོགས་སྐྱོང་རང་གི་གཟུགས་ཀྱིས་བྲི་བར་བྱའོ། །དེའི་འཁོར་ནི་ཤར་དུ་ལྷའི་གདོན་དང༌། ལྷོར་མ་མོ་མ་རངས་པ་དང༌། ནུབ་ཏུ་ཀླུ་ཤིན་དུ་གདུག་པ་དང༌། བྱང་དུ་གནོད་སྦྱིན་ལ་རོ་ལངས་མང་པོའི་འཁོར་དང༌། བྱང་ཤར་དུ་རོ་མ་ཚིག་པ་དང༌། ཤར་ལྷོར་རོ་བསྲེགས་པ་དང༌། ལྷོ་ནུབ་ཏུ་གཏུམ་པོས་ཟ་བ་དང༌། ནུབ་བྱང་དུ་ཅེ་སྦྱང་དང༌། ཅེ་སྦྱང་མོ་ཡིས་ཟོས་ནས་དུམ་བུར་བྱེད་ཅིང་སྒྲ་སྒྲོགས་པ་དང༌། དུར་ཁྲོད་བརྒྱད་དུ་དཔའ་བོ་བརྒྱད་དང༌། མཁའ་འགྲོ་མ་བརྒྱད་ཕཊ་ཀྱི་སྒྲ་དང༌། ཨ་ལ་ལའི་སྒྲ་སྒྲོགས་པ་རྣལ་འབྱོར་མ་དྲིལ་བུ། །དཔའ་བོ་ཅང་ཏེའུ་བརྡུང་བའི་སྒྲ་སྒྲོགས་ཤིང་ངོ་མཚར་བའི་ཕྱིར། །མགོ་མེད་པ་བརྒྱད་གར་བྱེ་དཔས་ཉེ་བར་བརྒྱན་པ། བཅོམ་ལྡན་འདས་མི་བསྐྱོད་པ་གཞལ་ཡས་ཁང་གདན་དང་བཅས་པ་བཅོམ་ལྡན་འདས་ལ་ཕུལ་ལོ། །གནས་དེ་རུ་གླེང་བསླང་བའི་ཕྱིར་ཕྱག་ན་རྡོ་རྗེས་བསྙེན་བཀུར་གྱི་ཕྱག་དང་མཆོད་པ་བྱས་ནས་གདུལ་བྱ་སེམས་ཅན་ཐམས་ཅད་དགེ་བ་ལ་གཟུང་པའི་ཕྱིར་སྙིང་རྗེའི་ཉམས་ཀྱིས་སྟང་སྟབས་དྲུག་ཅུ་རྩ་


DTG018_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིས་རྐང་བའི་རོལ་པ་དང༌། ལག་པའི་ཕྱག་རྒྱས་རྣམ་པར་རོལ་བའི་པདྨོའི་སྔོན་བུ་བསྐོར་བ་ལྟར་ལྷ་དྲུག་ཅུ་རྩ་བཞི་གར་བྱེད་ཅིང་ཐལ་མོ་སྦྱར་ནས་མཆོད་དོ། །དེ་ནས་གཡས་བརྐྱང་བའི་གནས་པས་ཐལ་མོ་སྦྱར་ཏེ། རུས་པའི་རྒྱན་གྱིས་བརྒྱན་པའི་སངས་རྒྱས་ཐོད་པ་ལ་གསོལ་བ་བཏབ་པོ་ཞེས་བྱ་བ་གསོལ་བ་བཏབ་པའོ། །སྟོན་པའི་མཚན་ཉིད་ནི་མཆོག་ཏུ་ཟབ་མོའི་ཆོས་ཀྱི་སྐུའི་ཚུལ་དང༌། ཁྲོ་བོའི་རྒྱལ་པོ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྦྲུལ་བའི་སྐུ་རུ་ཡུམ་དང་འཁྱུད་པ་རྣམ་པར་སྒེག་པའི་སྐུ་ཆེན་པོ་འཛིན་པས། འཇམ་བུའི་གླིང་དུ་དུ་གཟུགས་ཀྱི་སྒོ་ནས་ཆོས་བཤད་ཀྱང་རི་རབ་ཀྱི་སྟེང་དུ་འཁོར་གྱི་དཀྱིལ་འཁོར་དུ་སྟོང་བ་ཉིད་དང༌། ཡེ་ཤེས་སྟོན་པའི་ཟབ་པའི་གསུང་གི་རྩ་བའི་རྒྱུད་ངེས་པར་བརྗོད་པའི་བ་མ་ཞེས་བྱ་བའི་དཀྱིལ་འཁོར་ལྔ་བཅུ་རྩ་དྲུག་གི་མཁའ་འགྲོ་པའི་དྲ་བའི་ཚོགས་ཀྱི་སྔོམ་པ་འདུལ་བྱེད་ཀྱི་འཁོར་ལོའི་རྒྱལ་པོས་གདུལ་བྱ་སེམས་ཅན་སྣ་ཚོགས་པའི་བསམ་པ་དང་མཐུན་པ་མི་ཕྱེད་ཀྱི་དབང་ཕྱུག་མ་ལ་སོགས་པའི་འཁོར་ལོ་མ་འོངས་པར་དངོས་གྲུབ་གསུམ་གྱིས་ཕན་ཞིང་ཚེ་འདིར་དངོས་གྲུབ་གསུམ་གྱི་བདེ་བས་བསྐྱེད་རྫོགས་སྣ་ཚོགས་པའི་ཆོས་བསྟན་བ་རྩ་བའི་རྒྱུད་མཛད་དུ་གསོལ་ཞེས་རྒྱུད་ཀྱི་གླེང་བསླང་བ་དང་སྐབས་ཕྱེ་བ་ནི་གདུལ་བྱའི་དོན་དུ་སེམས་དཔའ་ཆེན་པོ་ལེགས་སོ། །འདུལ་བྱེད་ཀྱི་འཁོར་ལག་ན་རྡོ་རྗེ་ཁྱོད་ལེགས་པར་ཉོན་ཅིག་ཅེས་བྱའོ། །ལེའུ་གཉིས་པའི་འགྲེལ་བའོ།། །།

གསུམ་པ། དེ་ཁོ་ན་ཉིད་ཀྱི་སྙིང་པོའི་དོན་དམ་པ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་གླེང་གཞི་དང་གླེང་བསླང་བཤད་ནས་རྒྱུད་འབྱུང་བའི་རྒྱུ་ལུས་མདོར་གཞག་བཤད་པར་བཞེས་པས་དེ་ནས་བྱ་བ་གསུངས་པའོ། །སྟོན་པ་བཅོམ་ལྡན་འདས་ཀྱིས་ཉན་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་དོན་དང་པོ་བསྐྱེད་རིམ་ཐམས་ཅད་ཀྱི་རྒྱུད་རྡོ་རྗེ་གསང་བ་གསུངས་པ་ནི། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་སྙིང་གར་དབྱང་ཡིག་ལས་ཟླ་བའི་དཀྱིལ་འཁོར། གསལ་བྱེད་ལས་ཉི་མའི་དཀྱིལ་འཁོར། །དེའི་དབུས་སུ་ཧཱུཾ་བསྒོམས་པ་ལས་རྡོ་རྗེ་ཕྲ་མོའི་དཀྱིལ་འཁོར་ལྔ་བཅུ་རྩ་དྲུག་སྦྲུལ་བ་ནི། མ་འོངས་པའི་རྣལ་འབྱོར་པས་ཐུན་བཞིར་བསྒོམས་ཏེ། དཀྱིལ་འཁོར་ལྔ་བཅུ་དྲུག་པོ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁའ་འགྲོ་མ་དྲ་བའི་སྔོམ་པ་ཞེས་ལྔ་བཅུ་རྩ་དྲུག་ཀུན་ལ་མིང་གིས་གདགས་སོ། །


DTG018_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོན་གཉིས་པ་དཀྱིལ་འཁོར་གྲུབ་ཟིན་པ་དེ་རྣམས་ལ། འོག་ནས་འབྱུང་བའི་སྔགས་འདི་ནི་བྱིན་གྱིས་བརླབ་པ་བསྟན་པར་བྱེད་པ་ཡིན་ཏེ། དེ་ཡང་བྱིན་གྱིས་རློབ་པའི་མཁའ་འགྲོ་མའི་དྲ་བའི་སྔོམ་པ་ཞེས་བྱའོ། །བྱིན་གྱིས་བརླབ་པའི་སྔགས་དེ་ཇི་ལྟར་བུ་ལགས་ཞེས་ཞུས་པ་དང༌། གསང་བའི་སྙིང་པོ་མཆོག་ཉོན་ཅིག །ཅེས་བཀའ་སྩལ་ཏེ། དེ་ལ་ཡེ་ཤེས་ཀྱི་ཚོགས་སྣོད་བཅུད་ཐམས་ཅད་ཨོཾ་ཨཱཿཧཱུཾ་གསུམ་དུ་བསྡུས་པའི་ཚེ་སྔགས་དང་པོས་རང་བཞིན་དག་པས་ཆོས་ཐམས་ཅད་དག་གོ་ཞེས་གསུངས་སོ། །ཨོཾ་ཨཱཿཧཱུཾ་གསུམ་ཐིག་ལེར་གྱུར་པའི་ཚེ་སྔགས་གཉིས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་བདག་ཉི་དང་ཡིན་ནོ་ཞེས་གསུངས་སོ། །རྫུས་སྐྱེས་ལ་ཉི་ཟླའི་དབུས་སུ་ཐིག་ལེ་འཇུག་པའི་སྔགས་གསུམ་པ་རྡོ་རྗེ་དག་པས་ཆོས་ཐམས་ཅད་དག་གོ་ཞེས་གསུང་སོ། །ཉི་ཟླ་ཁ་སྦྱར་གྱི་དབུས་ན་ཧཱུཾ་གི་སྤྲོ་བསྡུ་ལས་འབྱུང་བའི་དམ་ཚིགས་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་འཇུག་པའི་ཚེ་སྔགས་བཞི་པ་རྣལ་འབྱོར་མ་དག་པས་ཆོས་ཐམས་ཅད་ཀྱི་རྣལ་འབྱོར་མ་དག་གོ་ཞེས་གསུངས་སོ། །ལ་ལ་སྒོང་སྐྱེས་ལ་མོས་པའི་ཚེ་སྔགས་ལྔ་པ་ཡེ་ཤེས་དག་པས་ཆོས་ཐམས་ཅད་ཀྱི་ཡེ་ཤེས་དག་གོ་ཞེས་གསུངས་སོ། །དྲོད་གཤེར་སྐྱེས་ལ་མོས་པ་ཡིག་འབྲུ་དང་ཕྱག་མཚན་ལས་སྐྱེས་པའི་ཚེ་སྔགས་དྲུག་པ་དམ་ཚིག་དག་པས་ཆོས་ཐམས་ཅད་ཀྱི་དམ་ཚིག་དག་གོ་ཞེས་གསུངས་སོ། །མངལ་སྐྱེས་ལ་མོས་པའི་ཚེ་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པའི་སྔགས་བདུན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་བདག་ཡིན་ནོ་ཞེས་གསུངས་སོ། །ཕུང་པོ་ལྔ་སངས་རྒྱས་དབང་པོ་དྲུག་སེམས་དཔའ་འབྱུང་བ་ལྔ་ལྷ་མོ་གནས་ཉིད་ཤུ་རྩ་བཞི་ལུས་ཀྱི་དཀྱིལ་འཁོར་ལ་བཀོད་པའི་ཚེ་སྔགས་བརྒྱད་པ་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་བདག་ཡིན་ནོ་ཞེས་གསུངས་སོ། ལུས་ཀྱི་གནས་ཉིད་ཤུ་རྩ་བཞིར་བུ་ཛཱ་ཨོཾ་ཨ་གོ་རཱ་དེ་མཱ་ལ་སོགས་པ་བཀོད་པའི་ཚེ་སྔགས་དགུ་པ་སྔགས་ཐམས་ཅད་པས་ཆོས་ཐམས་དག་གོ་གསུངས་སོ། །ལྷ་ཐམས་ཅད་སྐྱེས་པ་ལས་གར་གྱི་ཉམས་དགུར་གྲུབ་པའི་ཚེ། སྔགས་བཅུ་པ་ཁྲོ་བོ་


DTG018_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐམས་ཅད་ཀྱི་ཆོས་ཀྱི་སྔགས་ཀྱིས་དག་གོ་ཞེས་གསུངས་སོ། །སྒོམ་བརྒྱད་བསྐྱེད་པའི་ཚེ་སྔགས་བཅུ་གཅིག་པ་ཁྲོ་བོ་དག་པས་ཆོས་ཐམས་ཅད་ཀྱི་ཁྲོ་བོ་དག་གོ་ཞེས་གསུངས་སོ། །ཐུགས་ཀྱི་འཁོར་ལོ་བསྐྱེད་པའི་ཚེ་སྔགས་བཅུ་གཉིས་པ་སེམས་དག་པས་ཆོས་ཐམས་ཅད་སེམས་ཀྱི་དག་གོ་ཞེས་གསུངས་སོ། །གསུང་གི་འཁོར་ལོ་བསྐྱེད་པའི་ཚེ་སྔགས་བཅུ་གསུམ་པ་དག་པས་ཆོས་ཐམས་ཅད་དག་གོ་ཞེས་གསུངས་སོ། །སྐུའི་འཁོར་ལོ་བསྐྱེད་པའི་ཚེ་སྔགས་བཅུ་བཞི་པ་ལུས་དག་པས་ཆོས་ཐམས་ཅད་ལུས་ཀྱིས་དག་གོ །ཡེ་ཤེས་སེམས་དཔའ་བཅུག་པའི་ཚེ་སྔགས་བཅོ་ལྔ་པ་ཡེ་ཤེས་བདུད་རྩི་དག་པས་ཆོས་ཐམས་ཅད་ཡེ་ཤེས་བདུད་རྩིས་དག་གོ །དཔའ་བོ་དང་དཔའ་མོའི་གོ་ཆ་བཀོན་པའི་ཚེ་སྔགས་བཅུ་དྲུག་པ་དམ་ཚིག་སྣ་ཚོགས་ཀྱི་ཆོས་ཀུན་ཡང་དག་པས་ཆོས་ཐམས་ཅད་དམ་ཚིག་སྣ་ཚོགས་ཀྱིས་དག་གོ །བཟླས་པ་བྱེད་པའི་ཚེ་སྔགས་བཅུ་བདུན་པ་སྤྱོད་པ་དག་པས་ཆོས་ཐམས་ཅད་སྤྱོད་པས་དག་གོ །དམ་ཚིག་སེམས་དཔའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཕྱག་མཚན་དང་ཡིག་འབྲུ་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པའི་ཚེ་སྔགས་བཅོ་བརྒྱད་པ་རྣལ་འབྱོར་གསུམ་དག་པས་ཆོས་ཐམས་ཅད་རྣལ་འབྱོར་གསུམ་གྱིས་དག་གོ །དབང་བསྐུར་བའི་ཚེ་སྔགས་བཅུད་གུ་པ་དབང་བསྐུར་དག་པས་ཆོས་ཐམས་ཅད་དབང་བསྐུར་གྱིས་དག་གོ །རྐང་པ་བརྒྱད་པའི་སྔགས་ཀྱིས་ལྷ་མོ་བརྒྱད་སྤྲུལ་པའི་ཚེ་སྔགས་ཉིད་ཤུ་པ་མཆོད་པ་དག་པས་ཆོས་ཐམས་ཅད་མཆོད་པས་དག་གོ །ཡབ་ཡུམ་གཉིས་དགའ་བ་བཞི་བསྒོམ་པའི་ཚེ་སྔགས་ཉེར་གཅིག་པ་དེ་བཞིན་གཤེགས་པ་ཐམས་ཅད་གཉིས་སུ་མེད་པའི་མཆོད་པའི་རང་བཞིན་བདག་ཡིན་ནོ་ཞེས་བྱ་བའོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བསྒོམ་པའི་ཚེ་སྔགས་ཉེར་གཉིས་པ་དཀྱིལ་འཁོར་དག་པས་ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་དག་གོ །གཙོ་བོ་ཡབ་ཡུམ་འབའ་ཞིག་བསྒོམ་པའི་ཚེ། སྔགས་ཉེར་གསུམ་པ་བདག་པོ་དག་པས་ཆོས་ཐམས་ཅད་བདག་པོས་དག་གོ །ཁམས་ཉི་ཤུ་རྩ་བཞི་དཔའ་བོར་བསྒོམ་པའི་ཚེ་སྔགས་ཉེར་བཞི་པ་དཔའ་བོ་དག་པས་ཆོས་ཐམས་ཅད་དཔའ་བོས་དག་གོ །ཉི་ཤུ་རྩ་བཞི་དཔའ་མོར་བསྒོམ་


DTG018_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཚེ། སྔགས་ཉེར་ལྔ་པ་རྣལ་འབྱོར་མ་དག་པས་ཆོས་ཐམས་ཅད་རྣལ་འབྱོར་མས་དག་གོ །སྒྱུ་མ་དང་སྟོང་པ་ཟུང་འཇུག་གི་ལྷ་བསྒོམ་པའི་ཚེ་སྔགས་ཉེར་དྲུག་པ་དེ་ཉིད་དག་པས་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དག་གོ །ཧེ་རུ་ཀའི་མཚན་ཉིད་བསྒོམ་པའི་ཚེ་སྔགས་ཉེར་བདུན་པ་སྟེ། ཉི་ཞེས་བྱ་བ་རྒྱུ་དང་བྲལ་བས་ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ། །དུ་ཞེས་བྱ་བ་བཀོད་པ་དང་བྲལ་བས་ཆོས་ཐམས་ཅད་བཀོད་པ་དང་བྲལ་བའོ། །ཀ་ཞེས་བྱ་བ་གང་དུ་ཡང་མི་གནས་པས་ཆོས་ཐམས་གང་དུ་ཡང་མི་གནས་སོ། །ཐུན་བཞིར་ལྷན་ཅིག་ཏུ་ཅིག་ཅར་བསྒོམ་པའི་ཚེ་སྔགས་ཉེར་བརྒྱད་པ་སྐད་ཅིག་གིས་དག་པས་ཆོས་ཐམས་ཅད་སྐད་ཅིག་གིས་དག་གོ །སྟོང་གསུམ་གྱི་སྣོད་བཅུད་ལྟའི་འཁོར་ལོར་བསྒོམ་པའི་ཆོ་སྔགས་ཉེར་དགུ་པ་སྲིད་པ་དག་པས་ཆོས་ཐམས་ཅད་སྲིད་པས་དག་གོ །འགྲོ་བ་རིགས་དྲུག་ལྷར་བསྐྱེད་པའི་ཚེ། སྔགས་སུམ་ཅུ་པ་སྐྱེ་བ་དག་པས་ཆོས་ཐམས་ཅད་སྐྱེ་བའི་སྲིད་པས་དག་གོ །འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའི་ཚེ་སྔགས་སོ་གཅིག་པ་ལོངས་སྤྱོད་དག་པས་ཆོས་ཐམས་ཅད་ལོངས་སྤྱོད་ཀྱིས་དག་གོ །ཁ་ཟས་ཀྱི་རྣལ་འབྱོར་བདུད་རྩི་ལྡར་བྱིན་གྱིས་བརླབས་ནས་ཟ་བའི་ཚེ། སྔགས་སོ་གཉིས་པ་བཟའ་བ་དག་པས་ཆོས་ཐམས་ཅད་བཟའ་བས་དག་གོ །ཐུན་མཚམས་ཀྱི་ཧེ་རུ་ཀ་སྤྱོད་ལམ་རྣམ་བཞིའི་ཏེ་སྔགས་སོ་གསུམ་པ་མཉམ་པར་མ་བཞག་པའི་དག་པས་ཆོས་ཐམས་ཅད་མཉམ་པར་མ་བཞག་པས་དག་གོ །ཟབ་པའི་རྫོགས་རིམ་བསྒོམ་པའི་ཚེ་སྔགས་སོ་བཞི་པ་རང་རིག་པ་དག་པས་ཆོས་ཐམས་ཅད་རང་རིག་པས་དག་གོ །ཞེ་སྡང་བསྒོམ་པའི་ཚེ་སྔགས་སོ་ལྔ་པ་ཞེ་སྡང་དག་པས་ཆོས་ཐམས་ཅད་ཞེ་སྡང་གིས་དག་གོ །རྣམ་སྣང་བསྒོམ་པའི་ཚེ། སྔགས་སོ་དྲུག་པ་གཉི་མུག་དག་པས་ཆོས་ཐམས་ཅད་གཏི་མུག་གིས་དག་གོ །འོད་དཔག་མེད་བསྒོམ་པའི་ཚེ་སྔགས་སོ་བདུན་པ་འདོད་ཆགས་དག་པས་ཆོས་ཐམས་ཅད་འདོད་ཆགས་ཀྱིས་དག་གོ །རིན་ཆེན་འབྱུང་ལྡན་བསྒོམ་པའི་ཆེ་སྔགས་སོ་བརྒྱད་པ་ང་རྒྱལ་དག་པས་ཆོས་ཐམས་ཅད་ང་རྒྱལ་དག་གོ །ལས་ཀྱི་རིགས་བསྒོམ་པའི་ཚེ་སྔགས་སོ་དགུ་པ་ཕྲག་དོག་དག་པས་ཆོས་ཐམས་ཅད་ཕྲག་དོག་གིས་དག་གོ །རྡོ་རྗེ་ཉེ་རུ་


DTG018_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྒོམ་པའི་ཚེ་སྔགས་བཞི་བཅུ་ཕ་ནམ་མཁའ་དག་པས་ཆོས་ཐམས་ཅད་ནམ་མཁའ་རྡོ་རྗེ་དག་གོ །ལུས་ཀྱི་ནང་དུ་འཁོར་ལོ་གསུང་བསྒོམ་པའི་ཚེ་སྔགས་ཞེ་གཅིག་པ་འཁོར་ལོ་གསུམ་དག་པས་ཆོས་ཐམས་ཅད་འཁོར་ལོ་གསུམ་གྱིས་དག་གོ །མཁའ་འགྲོ་མ་བཅུ་གཉིས་བསྒོམ་པའི་ཚེ། སྔགས་ཞེ་གཉིས་པ་མཁའ་འགྲོ་མ་དག་པས་ཆོས་ཐམས་ཅད་མཁའ་འགྲོ་བཅུ་གཉིས་ཀྱིས་དག་གོ །འགྲོ་བ་ཐམས་ཅད་ལ་ལྟར་རིགས་བརྒྱའི་དབྱེ་བས་བསྒོམ་པའི་ཚེ། སྔགས་ཞེ་གསུམ་པ་རིགས་བརྒྱས་པས་ཆོས་ཐམས་ཅད་རིགས་བརྒྱས་དག་གོ །དུར་ཁྲོད་བརྒྱད་ཀྱི་མ་མོ་བརྒྱད་བསྒོམ་པའི་ཚེ། སྔགས་ཞེ་བཞི་པ་མ་མོ་དག་པས་ཆོས་ཐམས་ཅད་མ་མོས་དག་གོ །གནས་ཉིད་ཤུ་རྩ་བཞི་བསྒོམ་པའི་ཚེ་སྔགས་ཞེ་ལྔ་པ་པི་ཏ་ཤུདྡྷ་སརྦ་དྷརྨཱཿཔི་ཏ་ཤུདྡྷོ྅ཧཾ། དེ་བཞིན་དུ་ཨོཾ་པ་པི་ཏ་ཤུདྡྷ་སརྦ་དྷརྨཱཿཔ་པི་ཏ་ཤུདྷོ྅ཧཾ་ཞེས་བྱ་བ་ནས། ཨུ་པཤྨ་ཤཱ་ན་ཤུདྡྷ་སརྦ་དྷརྨཱཿ་ཨུ་པཤྨ་ཤཱ་ན་ཤུདྡོ྅ཧཾ། ཞེས་བྱ་བའི་དོན་ནི་དེ་བཞིན་དུ་ཇི་སྲིད་དུ་ཉེ་བའི་དུར་ཁྲོད་ཀྱི་བར་ཐམས་ཅད་རྣམ་པར་དག་པར་ཤེས་པར་བྱའོ། །ཐམས་ཅད་ལ་ཨོཾ་ཡོད་པ་ནི་ཡེ་ཤེས་ལྡའོ། །ཐམས་ཅད་ཅད་ལ་ཨ་ཧཾ་ཡོད་པ་ནི་རང་རིག་པའི་རྒྱལ་པོའོ། །དོན་གཉིས་པ་སྔགས་དེ་རྣམས་ནི་ལྷའི་སྐུའི་དོན་བསྒོམ་པར་མི་ནུས་པ་སྔགས་བརྗོད་ཅིང་ང་རྒྱལ་བསྒོམ་པའི་ཐ་མའི་དོན་ཡིན་ནོ། །རྣལ་འབྱོར་པ་རབ་ཐོས་བསམ་བསྒོམ་གསུམ་ལ་མཁས་པ་དོན་གསུམ་པ་བསྒོམ་པ་ནི་མཚན་ཉིད་བརྒྱད་ཤེས་པ་ཡིན་ཏེ། གནས་ཀྱི་མཚན་ཉིད་ནི་པུ་པུལླི་ར་མ་ལ་ཡ་ནས། ཀུ་ཀུ་ལུ་ཏའི་བར་དུ་ཡི་གེ་ཉི་ཤུ་རྩ་བཞེས་སྔོན་འབྱུང་ཡུལ་ཉི་ཤུ་རྩ་བཞི་དང༌། རྗེས་འཇུག་འཁོར་ལོ་ཉི་ཤུ་རྩ་བཞི་དང༌། ལུས་ལ་ཉི་མའི་དཀྱིལ་འཁོར་ཉི་ཤུ་རྩ་བཞི་བསྡུ་ན། ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུའི་དོན་ཡིན་ཏེ་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཤེས་པ་བཅུ་དག་པ་དག །དབང་བཅུ་རྣམ་པར་དག་པ་བསྒོམ་པས་འཁོར་ལོ་གསུམ་གྱི་གནས་ཡོངས་སུ་དག་ནས་གནས་ཉིད་ཤུ་རྩ་གཞི་ཟག་མེད་ཀྱིས་དག་པར་འགྱུར་རོ། །ཟག་མེད་ཀྱི་དགེ་བ་ཡིན་པའི་རྒྱུ་དེས་དུས་གསུམ་པས་གྲོལ། གནས་སྐབས་ཐུབ་བརྒྱད་གྲོལ། འོ་ན་ཅི་ཡིན་ཞེ་ན། རྣལ་འབྱོར་ཡིད་དགའ་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་དོན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལས་


DTG018_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྲས་བུ་ལུས་དང་སྤྲུལ་པའི་འཁོར་ལོའི་ཧེ་རུ་ཀའི་དཀྱིལ་འཁོར་འབྱུང་བས་ངེས་བརྗོད་བླ་མ་ཞེས་མཚན་བཏགས་ཏེ། གསང་ཆེན་ཆོས་དང༌། མཆོག་ལོངས་སྤྱོད་དང་དམ་པ་སྤྲུལ་པའི་སྐུལ་ཕྱོགས་གཡོན་སྐོར་དང༌། མཚམས་གཡས་སྐོར་གྱིས་མཆོད་པ་དང་ལྷ་དགོད་པ་དང༌། སྒོམ་པ་དང་བཟླས་པའི་ཚེ་བསྐོར་བར་བྱའོ། །མཚན་ཉིད་དང་པོའོ། །གཉིས་པའི་རྣལ་འབྱོར་པའི་མཚན་ཉིད་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པ་གང་གིས་སྒྱུ་མ་དང་སྟོང་པ་ཉིད་ཤེས་པས་དག་བྱེད་དང༌། དབང་དང༌། དཔའ་བོ་དང༌། བཀས་གནང་བ་དང༌། ངན་སྤྱོད་ཀྱི་རྣལ་འབྱོར་གྱི་བརྡ་ལྔ་བྱའོ། །གང་ལ་མི་བསྟན་ཞེ་ན། དབང་མ་བསྐུར་བ་ལའོ། །རྒྱུད་འདིར་བླ་མས་དབང་བསྐུར་བ་ལས་གཞན་དུ་འབྲས་བུ་མེད་པ་དང༌། གླེགས་བམ་ཚམ་ཐོས་ནས་ཚོགས་ཀྱི་འཁོར་ལོ་བྱེད་ན་ཕྱི་མ་དམྱལ་བར་ལྟུང་བ་དང༌། ཚེ་འདི་ལ་ཕོལ་མིག་ལ་སོགས་པ་ནས་ཚོགས་བདག་གིས་གསོད་ཅིང་ཕྱི་མ་དམྱལ་བར་ལྟུང་ངོ༌། །དེ་བས་ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ། བླ་མའི་བརྒྱུད་ལས་དབང་ཐོབ་ནས་སྔགས་མྱུར་དུ་གྲུབ་པ་དང༌། གཉིས་མེད་ཡེ་ཤེས་ཀྱི་སྦྱོར་བ་ལྷ་བསྒོམས་ན་མཆོག་སངས་རྒྱས་ངེས་བར་ཐོབ་པར་འགྱུར་རོ། །གསུམ་བ་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་ནི། མིའི་བུ་མོ་འོག་ནས་འབྱུང་བ་མཚན་ཉིད་འཆད་པ་འདི་འདྲ་བ་སྤང་ངོ༌། །དེ་གང་ཞེ་ན་དམ་ཚིག་མེ་ཤེས་ཞེས་བྱ་བ་ནས་ཕྱག་རྒྱ་སྤང་བར་བྱ་ཞེས་བྱ་བའི་བར་དུའོ། །བླ་བར་བྱ་བའི་རྣལ་འབྱོར་མ་ནི་གཟུགས་བཟང་བ་དང༌། ལོ་ཉི་ཤུ་ལ་སོགས་པས་བརྒྱན་པ་ལྷན་ཅིག་ལ་སེམས་ཟིན་པ། ཚོགས་ཀྱི་འཁོར་ལོའི་བརྟུལ་ཞུགས་ཤེས་པ། དམ་ཚིག་ཐམས་ཅད་ཤེས་པ། དུར་ཁྲོད་ཀྱིས་མི་འཇིགས་པས་དཔའ་བ། སྒྱུ་མར་ཤེས་པས་ཆགས་པ་དང་བྲལ་བ། སྟོང་ཉིད་ཤེས་པས་འཛེམ་པ་མེད་པ། ཟག་མེད་ཤེས་པས་ང་རྒྱལ་མེད་པ། ལྷག་མཐོང་ཤེས་པས་སེར་སྣ་མེད་པ། དམངས་རིགས་ཀྱི་བུ་མོ་མཆོག་བླང་ནས་དེ་དང་ལྷན་ཅིག་རིག་པའི་བརྟུལ་ཞུགས་བདེ་བ་སྟོང་པ་ཉིད་བསྒོམ་མོ། །གསུམ་པ་སྤྱོད་པའི་མཚན་ཉིད་མངོན་པར་ཤེས་པ་སྐྱེས་ནས་རྫུ་འཕྲུལ་ཐོབ་པས་འཇིག་རྟེན་གྱིས་སྨོད་པས་མི་འཇིགས་པ། །སྤྲོས་བཅས་ཀྱི་སྤྱོད་པ་དང༌། སྤྲོས་མེད་ཀྱི་སྤྱོད་པ་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པས་སྔགས་རིག་པ་ནི་སྨིག་རྒྱུ་དང་དུ་བ་དང་སྲིན་བུ་མེ་ཁྱེར་དང༌། གྲོན་མེ་དང་ནམ་མཁའ་སྟོང་


DTG018_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ལྟ་བུའི་རྟགས་རིག་ནས་བདག་ཉིད་བརྟུལ་ཞུགས་སྤྱོད་དོ། །རུ་པའི་ཕྱག་རྒྱ་ལྔ་རྟག་རག་ཏུ་བཅང་ངོ༌། །རུས་བའི་ཅོད་པན་མགོ་ལ་རྒྱན་བྱའོ། །ཐོད་པ་དང་ཁ་ཊྭཱཾ་ག་བཟུང་ནས་ཐལ་བའི་རྡུལ་གྱིས་བྱུང༌། །ཤ་ཆེ་ན་བཟའ་ཆང་བཏུང༌། རོའི་རས་བགོ །ལྷག་མ་ཟོས་ཀྱང་ཏིང་ངེ་འཛིན་མི་ཉམས། སྤྲོས་མེད་རྟོགས་ན་ཁྲག་གི་བཏུང་བས་ཚིམ་པར་བྱའོ། །སྐྱེད་མོས་ཚལ་ལ་སོགས་པའི་གནས་སུ་སྟོང་པ་ཉིད་བསྒོམས་པས་གནས་པར་བྱའོ། །ཉན་ཐོས་དང་རང་རྒྱལ་དང༌། འཇིག་རྟེན་གྱི་མུ་སྟེགས་སྐལ་པ་མེད་པ་རྡོ་རྗེ་ཐེག་པ་ལ་སྨོད་པའི་གཙུག་ལག་ཁང་དུ་གནས་པར་མི་བྱའོ། །དེར་གནས་ན་ཉེས་པ་ཅི་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་གཞན་དོན་འགྲུབ་པའི་དབུལ་པོར་འགྱུར་རོ། །གནས་གང་དུ་གནས་ཤེ་ན། དུར་ཁྲོད་དུ་གནས་རྡོ་རྗེ་གར་གྱི་ཕྱག་རྒྱ་དང་སྟང་སྟབས་བྱ། ཡིད་འོང་ལྷ་མོ་དང་བཅས། ཚིག་པ་དང་མ་ཚིག་པའི་ཤ་ཆེན་བཟའ། ཆང་བ་ཏུང༌། རོ་ཡོད་པའི་དུར་ཁྲོད་ཀྱི་གནས་སུ་བསྒོམ་མོ། །ལྔ་པ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི་ཤིན་ཏུ་སྤྲོས་པ་མེད་པའི་རྣལ་འབྱོར་པས་ལས་ཀྱི་ཕྱག་རྒྱ་མེད་ན། ཕྱག་རྒྱ་ཆེན་པོ་སྟོང་བ་ཉིད་ཁམས་གསུམ་གྱི་དྲི་མ་སྤངས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྷ་མོ་གཟུང་འཛིན་མེད་ཅིང་བརྗོད་བྱེད་མེད་པ་འདུས་མ་བྱས་དང་གཉིས་སུ་མེད་པར་སེམས་རྩེ་གཅིག་པར་བྱ་ནས་སྤྲོས་མེད་བསྒོམ་པའི་སྤྱོད་པ་ལུས་བདེ་བ་དང་སེམས་དགའ་བའི་དངོས་གྲུབ་ཏུ་འགྱུར་ཏེ། ཤེས་རབ་ཐབས་ཀྱི་ཆོ་གའི་རིམ་པ་ནི་ཕྱག་རྒྱ་ཆེན་པོ་སྟོང་པ་ཉིད་དང་ཉིད་ངེས་པར་རོལ་པའི་སྒོམ་པ་མངོན་སུམ་དུ་འགྲུབ་པས་རྣམས་པར་མི་རྟོག་པའི་ཡེ་ཤེས་ས་དང་པོ་སྐྱེས་པ་ཁམས་གསུམ་གྱི་ཉེས་པ་ཐམས་ཅད་ལས་གྲོལ་བས་ཚེ་འདི་ལ་དངོས་གྲུབ་ཐོབ་པོ། །དྲུག་པ་ཕན་ཡོན་གྱི་མཚན་ཉིད་ནི་སྔོན་གྱི་བདེ་མཆོག་དང་འདྲ་བར་གཡོན་པ་བདེ་བ་སྟོང་པ་ཉིད་ནི་ཡུམ་ཤེས་རབ་པོ། །གཡས་པ་བདེ་བ་མེད་པ་འདོད་ཁམས་ཀྱི་སེམས་དང་སྟོང་ཉིད་མེད་པ་ཀུན་རྫོབ་ཀྱི་ཤེས་རབ་ནི་ཐབས་ཡིན་ནོ། །འདུས་བྱས་དང་དུས་མ་བྱས་དང༌། ཀུན་རྫོབ་དང་དོན་དམ་ཅིག་ཅར་ཤེས་པའི་སྒོམ་པའི་མཐུ་སྟོབས་དང་ལྡན་ན་ཟུང་འཇུག་གི་ཡེ་ཤེས་ཡིན་ཏེ། སླར་ཞིར་གང་ལ་ཡང་མི་བསླབ། །ཅེས་བཤད་པ་དང༌། བློ་གྲོས་ཆེན་པོ་མཐོང་རྣམས་ཀྱིས། རྣམ་པ་ཐམས་ཅད་ཅིག་ཅར་ངེས། །


DTG018_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བཤད་དོ། །དེ་ལྟར། ཟུང་འཇུག་ཐོབ་ན་མཉམ་སྦྱོར་ལས། །ཚང་པ་ངོ་འཐོན་སྟོབས་ཀྱིས་མནན། །དགའ་བདེ་མི་སྤོང་འཕྲོག་ནས་ནི། །བརྒྱ་བྱིན་ངོ་འཐོབ་སྟོབས་ཀྱིས་མནན། །བདེ་སོགས་མ་ཡང་འཕྲོག་ནས་ནི། །ཞེས་གསུངས་པས་སུམ་ཅུའི་དབང་ཕྱུག་ལ་དབང་བྱེད་ནི་ལྷ་དབང་དུ་བྱེད་པ་ལོངས་སྤྱོད་པ་ཐིམ་པའོ། །ཐོག་མའི་དངོས་གྲུབ་པ་ནི་དང་པོ་ཐུགས་ཀྱི་དངོས་གྲུབ་སྟེར་བའི་རྣལ་འབྱོར་མའོ། །གནོད་སྤྱིན་ནི་ཞིང་དང་ཉེ་བའི་ཞིང་གི་རྣལ་འབྱོར་མའོ། །སྲིན་པོ་ནི་ཚནྡོ་ཧ་དང་ཉེ་བའི་ཚན་དོ་ཧའི་རྣལ་འབྱོར་མའོ། །ཀླུ་མོ་ནི་འདུས་པ་དང་ཉེ་བའི་འདུས་པའི་རྣལ་འབྱོར་མའོ། །ལྷ་མ་ཡིན་ནི་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་རྣལ་འབྱོར་མའོ། །དྲི་ཟ་མོ་ནི་ཉེ་བའི་གནས་བཞིའི་རྣལ་འབྱོར་མའོ། །གཞན་ཡང་སྣ་ཚོགས་པ་ནི་གྲོང་མཐའ་དང་ཉེ་བའི་གྲོང་མཐའ་བརྒྱད་ཀྱི་མིའམ་ཅིའི་ལྷ་མོ་བརྒྱད་དོ། །འདོད་པའི་ལོངས་སྤྱོད་ཅེས་པ་ནི། གདོང་དྲུག་ངོ་འཐོན་སྟོབས་ཀྱིས་མནན། །གཞོན་ནུ་མ་ཡང་འཕྲོག་ནས་སུ། །ཞེས་བཤད་པས་ལྷ་མོ་དང་དྲི་ཟ་མོ་དང༌། གནོད་སྦྱིན་དང་སྲིན་མོ་དང་ཀླུ་མོ་དང་ལྷ་མ་ཡིན་མོ་དང༌། མིའམ་ཅི་མོ་རྣམས་ལ་དགའ་བཞིའི་ལོངས་སྤྱོད་ནས། ཨཱ་ལི་ཀཱ་ལི་ཐབས་དང་ཤེས་རབ་མཉམ་པར་བསྒོམ་པས་དོན་དམ་གྱི་བདེན་པ་དེ་ཉིད་སྒྱུ་མ་དང༌། འོད་གསལ་བ་དང༌། ཟུང་འཇུག་ཐོབ་པའི་ཐབས་པའི་ཐབས་གསང་བ་ཤེས་རབ་ཡེ་ཤེས་དང༌། དབང་བཞི་པ་གོང་ནས་གོང་དུ་བསྐོར་ནས་རང་གི་ལྷའི་རྣལ་འབྱོར་གྱི་གང་ཞག་ཐམས་ཅད་ཀྱིས་རྒྱུད་སྡེ་བཞི་ཐམས་ཅད་ལེ་དེ་བཞིན་དུ་བརྟག་པར་བྱའོ། །བདུན་པ་བརྡའི་མཚན་ཉིད་ནི་ཡེ་ཤེས་བབས་པའམ། ཚོགས་ཀྱི་འཁོར་ལོ་བྱེད་པའི་ཚེ་དཔའ་བོ་དང་རྣལ་འབྱོར་མས་བརྡ་རྣམས་བསྟན་པ་ནི། དཔའ་བོ་རྣམས་ཀྱིས་ལག་པ་གཡོན་པས་བརྡ་བྱ། རྣལ་འབྱོར་མས་ལག་པ་གཡས་པས་བརྡ་བྱའོ། །རྒྱུན་བ་སེམས་དང་མེ་རྒྱུ་བ་སྣོད་ཀྱི་འཇིག་རྟེན་གསུམ་སྣོད་བཅུད་ཀྱི་འགྲོ་བ་ཐམས་ཅད་སྟོང་པ་ཉིད་སྒྱུ་མ་ལྟ་བུའི་གཡོན་པ་ལས་འབྱུང་བ་ཡིན་པས་རྡོ་རྗེ་སེམས་དཔའ་མཐེབ་མོ་ལ་བཞུགས་སོ། །རྣམ་པར་སྣང་མཛད་མཛུབ་མོ་ལ་བཞུགས་སོ། །གུང་མོ་ལ་པདྨ་གར་གྱི་དབང་ཕྱུག །སྲིན་ལག་ལ་དཔལ་ཧེ་རུ་ཀ །ཐེའུ་ཆུང་ལ་ནམ་མཁའི་སྙིང་པོའོ། །སེན་མོ་ལྔ་ལ་རྟ་མགྲིན། དཔའ་བོ་རྣམས་ཀྱི་གཞི་ནི་སོར་མོ་


DTG018_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་ནོ། །ལག་པའི་མཐིལ་དུ་ཕོ་ཉ་དྲུག་དབུས་དང་འདབ་མ་ལྔ་འདུས་པ་ལ་བསྒོམས་ལ། གོ་ཆ་བགོ་ན་ཡེ་ཤེས་སེམས་དཔའ་བཅུག་ལ། ལག་པའི་རྒྱབ་གཞལ་ཡས་ཁང་དུ་བསམས་ནས་ཚོགས་ཀྱི་འཁོར་ལོའི་བརྡ་བྱའོ། །ལག་བའི་འབྱུང་བ་ལྔ་ནི་ལྷ་མོ་ལྔར་གོ་སླའོ། །ལྡང་བའི་ཚེ་ལག་པའི་རྒྱབ་ཏུ་ཐིམ་ནས་གཤེགས་པར་བསམ། དབང་མ་བསྐུར་བ་ལ་དམ་ཚིག་ཏུ་མི་བསྟན། ཚོགས་ཀྱི་འཁོར་ལོ་ལྷན་ཅིག་ཟ་བའི་ཚེ་བྱ། ཚོགས་ཀྱི་འཁོར་ལོ་དཔའ་བོ་ཐམས་ཅད་ཚོགས་པའི་ལག་པའི་མཁའ་འགྲོ་དྲ་བའི་སྔོམ་པ་ཡིན་ནོ། །བརྒྱད་པ་ཐབས་ལ་མཁས་པའི་མཚན་ཉིད་ནི་རྒྱུད་ལེའུ་བདུན་ཅུའི་དོན་ཐམས་ཅད་ཤེས་པས་ཚོགས་ཀྱི་འཁོར་ལོའི་སློབ་དཔོན་བྱའོ་ཞེས་རྟོགས་པར་བྱ་བའི་ཕྱིར། ཕན་ཚུན་རྗེས་འགྲོ་ཐམས་ཅད་དང༌། །ཞེས་བྱ་བ་ནི་ལེའུ་བཞི་པ་སྐུའི་འཁོར་ལོ་ནས་བརྩམས་ནས་ལེའུ་སུམ་ཅུ་རྩ་བདུན་པ་གོ་ཆའི་འཁོར་ལོའི་བར་དུ་དཀྱིལ་འཁོར་སུམ་ཅུ་རྩ་བཞིར་དཔའ་བོ་བལྟ་བ་དང༌། ཚུར་ལྷ་མོ་བལྟ་བས་རྗེས་འགྲོ་ཐམས་ཅད་ཅེས་བྱའོ། །དེ་ལྟར་ལེའུ་སུམ་ཅུ་རྩ་བདུན་གྱི་ས་གཅོད་ཚིག་རྐང་པ་གཅིག་བཤད་ནས། ལེའུ་སུམ་ཅུ་རྩ་བརྒྱད་པ་ནས་བཞི་བཅུ་རྩ་བདུན་གྱི་པར་དུ་དངོས་གྲུབ་ཀྱི་ཡན་ལག་ལེའུ་བཅུ་པའི་ས་གཅོད་ནི་ཚིག་རྐང་ལྡ་ཡིན་ཏེ། སྣ་ཚོགས་བརྡ་ནི་དག་བྱེད་ལ་སོགས་པའི་བརྡའ་བཞིའོ། །ཚིག་ནི་པྲོ་ཏངྒི་པྲ་ཏི་པོར་ཏངྒི་ལ་སོགས་པ་དང་གིས་བརྡའོ། །མཁའ་འགྲོ་མའི་མཚན་ཉིད་ནི་ཡེ་ཤེས་ལས་སྐྱེས་པའི་ལྷ་མོ། །ཕོ་ཉ་རྣམས་ཀྱི་མཚན་ཉིད་ནི་ཞིང་སྐྱེས་དང་སྔགས་སྐྱེས་སོ། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར་ནི་སྦྱོར་བ་གཙང་སྤྲ་གསུམ་གྱི་མཆོད་པ་དང༌། དངོས་གཞི་གཙང་སྦྲ་གསུམ་གྱི་བརྟུལ་ཞུགས་དང༌། རྗེས་གཙང་སྦྲ་གསུམ་གྱི་སྤྱོད་པ་དེ་དག་ཐམས་ཅད་དང༌། དབང་བཞི་པའི་མཚན་ཉིད་ཀྱི་འབྲས་བུ་མ་ལུས་པར་འཆད་པ་ཡིན་ནོ། །ལེའུ་བཞི་བཅུ་རྩ་བརྒྱད་པའི་སྔར་སོང་བའི་སུམ་ཅུ་རྩ་བཞི་དང༌། ཕྱིས་འོང་བ་ཐམས་ཅད་ཀྱི་རབ་གནས་ཀྱི་ལེའུ་རས་རིས་བ་ལང་གི་པགས་པ་ལ་སོགས་པ་སྣ་ཚོགས་པར་བྲི་བ་དང༌། རྡོ་རྗེ་དང་རིན་པོ་ཆེ་དང་བ་སོ་དང་ཤིང་ལ་སོགས་པ་ལ་འབུར་དུ་བརྐོས་པའི་སྐུ་གཟུགས་དང༌། དེ་བཞིན་བྲི་བ་ནི་ཚོན་རྩི་བཤད་དོ། །དྲི་ཆེན་ཆུ་དང་ཞག་དང་ཁྲག །མིག་སྨན་ཆེན་པོ་དེ་བཞིན་ཏེ། །མི་རུས་བདར་བའི་


DTG018_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀར་པོ་དང༌། །རང་བྱུང་མེ་ཏོག་ས་བོན་དང༌། རིགས་ངན་བྲན་ཟེ་གདོལ་པ་མོ། །གཡུང་མོ་ལས་བྱུང་རང་བྱུང་ཁྲག །ཤུ་ཀྲ་རཀྟའི་ཁྱད་པར་དང༌། །མི་སྐྲ་རུས་པའི་པིར་གྱིས་བྲི། །ཞེས་ཕྱིས་འཆང་པར་འགྱུར་རོ། །དམ་ཚིག་དང་ལེའུ་བཞི་བཅུ་རྩ་དགུ་པ་མདོར་བསྟན་པས་ཡན་ལག་གིས་གཅོད་དེ། དབང་བསྐུར་བའི་ཚེ་དཀྱིལ་འཁོར་གྱི་དམ་ཚིག་བཤད་པའོ། །འདིར་དབང་བསྐུར་ནས་ལྷ་ཐམས་ཅད་ཕྱིས་བསྒོམ་མོ་ཞེས་དགོངས་སོ། །སྐུ་མདོག་གི་ནི་ཁྱད་པར་གྱིས། །གང་གི་སྒྲུབ་པ་པོས་འགྲུབ་པ། །ཞེས་པ་ནི་ལེའུ་བཅོ་བརྒྱད་པའི་མདོར་བསྟན་དང་ཡན་ལག་གིས་གཅོད་དེ། དཀྱིལ་འཁོར་གང་ལ་བསྐྱེད་པའི་རིམས་པའི་དུས་སུ་ཡེ་ཤེས་བབས་ནས་དབྱངས་སྐྱོང་གི་གླུ་ལེན་པ་དང༌། རྫོགས་པའི་རིམ་པའི་དུས་སུ་དགའ་བྲལ་དུ་མི་གཏོང་པ་ནི་དབྱངས་སྐྱོང་བ་སྟེ་དབྱངས་ནི་བྱང་ཆུབ་སེམས་བདེ་བའོ། །དེ་སྐྱོངས་བའི་ལྷ་སྐུ་མདོག་དཀར་པོ་འབའ་ཞིག་གི་ཁྱད་པར་བསྒོམ་པ་དང༌། སྣ་ཚོགས་དགའ་བའི་གསང་སྔགས་དང༌། །ཞེས་པ་ནི་ལེའུ་གཅིག་པ་དང་གཉིས་པའི་བསྡུས་དོན་གྱིས་གཅོད་དེ་ཉེ་སྙིང་དང་སྙིང་པོའི་སྔགས་ཀྱི་འཁོར་ལོའོ། །གཞུང་ལུགས་སྣ་ཚོགས་དཀྱིལ་འཁོར་ནི་ང་གསུམ་པ་རྣམ་དག་གི་ལེའུ་མདོར་བསྟན་པ་རྒྱས་པའི་ས་གཅོད་དོ། །དཀྱིལ་འཁོར་ལུས་དང༌། དཀྱིལ་འཁོར་བྷ་ག་དང༌། དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཏེ་གཞུང་ལུགས་སྣ་ཚོགས་པའོ། །ཡིད་འོང་དམ་ཚིག་མཆོག་རྣམས་དང༌། །ཞེས་པ་ནི་ཐབས་ཀྱི་ཚོགས་ཀྱི་འཁོར་ལོའི་བུ་ང་བཞི་པའི་རྩ་བའམ་ས་གཅོད་དོ། །སྣ་ཚོགས་རྣལ་འབྱོར་མ་མཆོག་དང༌། །ཞེས་པ་ནི་ལེའི་ང་ལྔ་པའི་རྩ་བའམ་ས་གཅོད་དེ། ཤེས་རབ་ཀྱི་འཁོར་ལོ་གྲུབ་གསུམ་པ་བསྒོམ་པའོ། །ཡིད་འོང་དཔའ་བོ་སྣ་ཚོགས་དང༌། རྣལ་འབྱོར་མ་ཡིན་ངག་དང༌། ཞེས་པ་ནི་ལེའུ་བཅུ་རྩ་དྲུག་པའི་རྩ་བའམ་ས་གཅོད་དེ་རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུའི་རྒྱུད་དང་གསུམ་སྟོན་པའོ། །མཁའ་འགྲོ་མ་ཡི་མན་ངག་དང༌། །ཞེས་པ་ནི་ལེའུ་ང་བདུན་པ་རྩ་བའི་སྔགས་བཏུ་བ་དང༌། ང་བརྒྱད་པ་གོ་ཆ་གཉིས་དང་སྙིང་དང་སྙིང་པོའི་སྔགས་བཏུ་བ་དང༌། ང་དགུ་པ་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་ཀྱི་འཁྲུལ་འཁོར་དང༌། དྲུག་ཅུ་པ་རྫ་རྡ་བཅིང་བའི་གནོད་མཛེས་འཁོར་ལོའི་རྩ་བ་དང་ས་གཅོད་བསྟན་


DTG018_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏོ། །སྣ་ཚོགས་རིགས་མཆོག་དམ་པ་དང༌། །ཞེས་པ་ནི་གྲོང་ཁྱེར་དཀྲུགས་པ་དྲུག་ཅུ་རྩ་གཅིག་དང༌། དངོས་གྲུབ་ལེན་པའི་ཚོགས་ཀྱི་འཁོར་ལོ་བོང་བུའི་རྣམ་པར་མཛད་པ་རེ་གཉིས་པ་དང༌། རིགས་ལྔའི་དབང་བསྐུར་བ་རེ་གསུམ་པ་དང༌། ལྷ་མོ་བཞིས་ཞུས་པ་རེ་བཞི་པ་དང༌། གཤིན་རྗེའི་འཁོར་ལོ་རེ་ལྔ་པའི་རྩ་བ་དང་ས་གཅོད་བསྟན་ཏོ། །བླ་མ་བརྒྱད་པའི་མན་ངག་ནི། །སློབ་མ་རྣམས་ལ་ཕན་ཕྱིར་རོ། །ཞེས་པ་ནི་ལེའུ་རེ་དྲུག་པ་སྐྱེ་བ་བདུན་པའི་ཤས་བསྐྱར་བའི་ས་གཅོད་དོ། །བདག་པོའི་ལས་ལ་ཤིན་ཏུ་མཁས། །སྔགས་དང་རྒྱུད་ལ་ལེགས་པར་བསླབས། །ཞེས་པ་ནི་ལེའུ་རེ་བདུན་པའི་སྒྱུ་འཕྲུལ་དྲ་བའི་སྔགས་དང་རྒྱུད་ཀྱི་དཀྱིལ་འཁོར་དང༌། རེ་བརྒྱད་པ་སོ་སོར་འབྲང་མའི་དཀྱིལ་འཁོར་གྱི་སྔགས་དང་རྒྱུད་ལ་ལེགས་པར་བསླབ་པའོ། །བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། གཉི་གའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་གཞན་གྱི་ཆོ་གའི་རིམ་པ་རིགས་གསུམ་མ་མ་རིགས་ལྔའི་ལྷའི་ཁྱད་པར་རྣམས་ངེས་བརྗོད་རྒྱུད་ཀྱི་ལས་ཉིད་ཀྱིས་ཏེ། ཕྲིན་ལས་རྣམ་བཞིན་བཤད་པ་ལས་རྒྱུད་རྡོ་རྗེ་མཁའ་འགྲོ་བཤད་པར་བྱ་བའི་རྩ་བའི་རྒྱུད་འདིའི་སྔགས་པས་རྒྱུད་གཞན་གྱི་ཆོ་ག་རྣམས་ལྟ་བ་མངོན་སུམ་གྱི་ལམ་དང་སྤྱོད་པ་མན་ཏ་ཏནྟ་གསུམ་གྱིས་གཞན་རྨོངས་པར་ཤེས་པར་བྱའོ། །ལེའུ་སུམ་ཅུ་རྩ་བརྒྱད་པ་ལ་སོགས་པའི་རྣལ་འབྱོར་མ་དེ་རྣམས་ལྷའི་འཁོར་ལོར་ཇི་ལྟར་འགྱུར་ཞེ་ན། སྐྱེས་རབས་ཀྱི་བྱང་ཆུབ་སེམས་དཔའ་དང་འདྲ་བར། རྣལ་འབྱོར་མ་ཡིས་སྤྱོད་པ་དང༌། །ཞེས་པ་ཞིང་སྐྱེས་དང༌། མཁའ་འགྲོ་མ་ཡང་དེ་བཞིན་ཏེ། །ཞེས་ཡེ་ཤེས་ལས་སྐྱེས་པ་དང༌། མ་མོ་ཕྱི་རོལ་ཕྱག་རྒྱ་ནི། །ཞེས་པ་སྔགས་ཏེ། ཕྱི་རོལ་ནི་རྒྱུད་ཐ་དད་པའི་བུད་མེད་དོ། །ཕག་མོའི་རིགས་ལས་འབྱུང་བ་དང༌། །ཞེས་པ་ནི་བསམ་གཏན་དང་གང་ཟག་མེད་ཀྱི་སྔོམ་པ་ཡོད་ལ། གསེར་རིར་དམངས་རིགས་སྟོང་ཕྲག་བཅུ། །ཞེས་ལུང་བསྟན་པ་དང༌། དེ་རྣམས་དཀྱིལ་འཁོར་ལ་ཇི་ལྟར་གཞག་ཅེ་ན་ཡེ་ཤེས་དང༌། ཐུགས་དང༌། གསུང་དང༌། སྐུ་དང༌། དམ་ཚིག་གི་འཁོར་ལོ་དཔའ་བོ་ཀུན་གྱི་སྤྱོད་པ་དང་མཐུན་པའི་ཁ་དོག་དང་དབྱིབས་དང་སྤྱོད་ལམ་པའི་རིགས་སོ། །འཁོར་ལོའི་སྤྱོད་པ་ཤིན་ཏུ་སླ་ནི་ཐུགས་ཀྱི་འཁོར་ལོ་རྣམས་ཀྱིས་བྱུག་པ་དང༌། གསུངས་ཀྱི་འཁོར་ལོ་མཚལ་


DTG018_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་བྱུག་པ་དང༌། སྐུའི་འཁོར་ལོ་རྡོ་ཐལ་གྱིས་བྱུག་པ་དང༌། གྲི་གུག་དང༌། ཐོད་པ་དང༌། ཁ་ཊཾ་ག་ཅང་ཏེའུ་དང༌། སྲོག་ཨ་ཝ་དྷཱུ་ཏིའྲ་ཆུད་པའི་བསྒོམ་པ་དང༌། བཟླས་པ་བསམ་གཏན་དང༌། སྒྱུ་མ་དང༌། འོད་གསལ་དང༌། ཟུང་འཇུག་བསྒོམ་པ་ལ་ཤིན་ཏུ་བསླབས་པ་ཕྱི་རོལ་གྱི་རྣལ་འབྱོར་གྱི་དབང་ཕྱུག་སྤྲོས་བཅས་དང༌། སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་མཁས་པར་ཤེས་པར་བྱའོ། །དེ་ལྟར་སྤྱོད་པའི་རྒྱས་བཤད་བྱས་ནས་སློབ་དཔོན་གྱི་མཚན་ཉིད་ལ་མཁས་པ་ནི་དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བ་དང༌། སློབ་དཔོན་གྱི་སྤྱོད་པ་བསྙེན་སྒྲུབ་བཞིའི་ཁྱད་པར་དང༌། ཡུལ་གྱི་སྤྱོད་པ་སྒྲ་ཉམས་དང་སཾ་སྐྲྀ་ཏའི་སྐད་དང༌། སངས་རྒྱས་སྤྱན་གྱི་རྒྱུད་མཉམ་སྒྱོར་དང༌། མཱ་མ་ཀཱིའི་རྒྱུད་དགྱེས་རྡོར་དང༌། གོས་དཀར་མོའི་རྒྱུད་བདེ་མཆོག་དང༌། སྒྲོལ་མའི་རྒྱུད་སྒྲོལ་མ་འབྱུང་བའི་རྒྱུད་དང་བཞི་ཤེས་པ་དང༌། རྣལ་འབྱོར་གྱི་རྒྱུད་དེ་ཉིད་བསྡུས་པ་དང༌། གསང་འདུས་དང༌། རིན་པོ་ཆེའི་ཅོད་པན་དང༌། པདྨ་དྲ་བ་ཅན་དང༌། རྡོ་རྗེ་དོན་ཡོད་པའི་རྒྱུད་ལྔ་ཤེས་པ་དང༌། བྱ་བའི་རྒྱུད་དཔུང་བཟངས་དང༌། རྒྱུད་ཀྱི་དབྱེ་བ་རིག་པ་མཆོག་དང༌། སྣ་ཚོགས་རབ་ཏུ་གྲུབ་པ་དང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང༌། སྒྱུ་འཕྲུལ་དྲ་བའི་རྒྱུད་ཐམས་ཅད་རྣམ་པར་ཤེས་པ་དང༌། སངས་རྒྱས་ཀྱི་ལུང་ལས་འགྲུབ་པའི་བསྟན་བཅོས་མངོན་པར་འདུལ་བ་མདོ་སྡེ་སྡེ་སྣོད་གསུམ་དང༌། མདོའི་སྡེ་དང༌། མདོའི་སྡེ་དང་སྐྱེས་པ་རབས་ཀྱི་སྡེ་ལ་སོགས་པ་གསུང་རབ་མདོ་སྡེ་ལ་སོགས་པ་གསུང་རབ་མདོ་སྡེ་ཡན་ལག་བཅུ་གཉིས་དང༌། བླ་ན་མེད་པའི་སྤྱོད་པ་སྐབས་བརྒྱད་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་གསུམ་དང༌། ཕྱི་རོལ་གྱི་བསྟན་བཅོས་ནི་སློབ་དཔོན་ཁ་ཅིག་ཚངས་པ་དང་བརྒྱ་བྱིན་དང་ཁྱབ་འཇུག་དང་མ་ཧཱ་དེ་བས་བཤད་པའི་བསྟན་བཅོས་དོར་བྱར་ཤེས་པའོ་ཞེས་འཆད་ཀྱང༌། སྒ་དང་ཚད་མ་ཤེས་པ་སྤྱོད་པའི་མཆོག་འཇིག་རྟེན་པ་ཇི་ལྟར་མོས་པ་རིག་པའི་གནས་ལྔ་སྣ་ཚོགས་པ་བསླབས་ནས་ཀྱང་ཞེས་བྱ་བ་ཐབས་མཁས་པའི་མཚན་དང་པོའོ། །དེ་ལྟར་ཐོས་བསམ་གྱིས་ཤེས་ནས་རྣལ་འབྱོར་པ་བསྒོམ་པའི་ཚེ་འཁོར་ལོ་བདེ་མཆོག་མཐར་མཐར་ཐུག་པའི་བསྐྱེད་རིམ་དང་རྫོགས་རིམ་སྦྱོར་བ་དང་དངོས་གཞི་ཐམས་ཅད་ལ་བསླབ་པར་བྱའོ། །རྗེས་ནི་བཟའ་བའི་


DTG018_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚེ་ནང་གི་སྦྱིན་སྲེག་དང༌། སྤྱོད་པ་ཐམས་ཅད་ནི་སྣོད་བཅུད་ལྷའི་འཁོར་ལོར་བསྒོམ་པ་དང༌། འདོད་པའི་ཡོན་ཏན་ལྔས་ཡིད་གཉིས་མེད་པའི་སེམས་ཀྱིས་མཆོད་པ་དང༌། ཡི་གེ་བརྒྱ་པས་གསང་སྔགས་བསྟན་པའི་ཕྱིར་ཤྲཱི་ཧེ་རུ་ཀ་ས་མ་ནུ་པཱ་ལ་ཡ་ཞེས་མིང་དང་གཅིག་ཏུ་སྤེལ་ལ་བཟླས་ན་ལྷག་པ་དང་མ་ཚང་བ་བསྐང་ངོ༌། །གསུམ་པ་རྒྱུས་དུ་བྱ་བའི་ཐབས་ལ་མཁས་པ་ནི། དངོས་གྲུབ་གསུམ་གྱིས་དོན་ཐམས་ཅད་འགྲུབ་པའི་ཙ་བའི་སྔགས་རྟག་ཏུ་བཟླ་བ་དང༌། སྔགས་བཏུ་བ་བྱས་ནས་གེ་ཆའི་དང༌། ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་དང་སྲུང་བ་གནོད་མཛེས་ཀྱི་སྔགས་བཏུས་ལ་བཟླས་པར་བྱའོ། །གནས་གང་དུ་བཏུ་སྙམ་ན། རྫ་རྔའི་དཀྱིལ་འཁོར་ཤིན་ཏུ་མཛེས་པའི་དབུས་སུ་ཡི་གེ་བཀོད་ནས་བཏུ་བའམ། པདྨ་འདབ་མ་བརྒྱད་པའི་དབུས་ཀྱི་ལྟེ་བ་ལ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྔགས་བཅུ་པོས་འབྱུང་བའི་ཡི་གེའི་ཕྱི་མོ་དབྱངས་དང་གསལ་བྱེད་བཞི་བཅུ་རྩ་དགུ་བཀོད་ནས་གསང་སྔགས་ཐམས་ཅད་གསང་བའི་གསང་བ་གྲུ་གསུམ་གྱི་ནང་ནས་བཏུའོ། །ཡི་གེ་ཕྱི་མོ་ནི་སྔགས་ཀུན་གྱི་གནས་ཡིན་ཞིང་ལྷའི་འགྲོ་བ་ཐམས་ཅད་ཀྱང་བསྐྱེད་པས་སྔགས་ཀྱི་ཡི་གེའི་དམ་ཚིག་ཏུ་གཞན་ལ་མི་བསྟན། བསྟན་ན་དངོས་གྲུབ་ཉམས་པར་འགྱུར་བ་ཡིན་ནོ། །བཞི་པ་རྣམ་དག་གི་ཐབས་ལ་མཁས་པ་ནི་ཕྱིས་འོང་བའི་བསྒོམ་པ་འདི་ནི་མཆོག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བདུད་བཞི་བཅོམ་པས་འདོད་པའི་དངོས་གྲུབ་བླ་ན་མེད་པའི་ཕྱིར་རོ། །དངོས་གྲུབ་ནམ་གྱི་ཚེ་ན་ཐོབ་ཅེ་ན། ཚེ་འདི་ལ་རྡོ་རྗེ་སེམས་དཔའི་གོ་འཕངས་འཐོབ་པོ། །ཕུང་པོའི་བདུད་ལས་རྒྱལ་བའི་ཕྱིར། །སྙིང་གར་ཧྲཱི། ལས་པདྨ་འདབ་མ་བརྒྱད། ཨ་ལས་ཟླ་བའི་དཀྱིལ་འཁོར་ཧཱུཾ་ལས་ཚད་མེད་པའི་འོད་ཟེར་བཞི་སྤྲོས་ནས་འགྲོ་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷར་བྱས་པ་དང༌། རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བསྡུས་པས་ལྷར་བྱས་པ་ནི་བྱམས་པའི་གོ་ཆ་བགོས་པ་སྟེ། སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཞེས་བྱའོ། །ཤེས་རབ་ཀྱི་མཚོན་ཆས་ལྷའི་འཁོར་ལོ་སྒྱུ་མ་དང་སྟོང་པར་བསྒོམས་པས་ཉོན་མོངས་པའི་བདུད་ལས་རྒྱལ་ལོ། །ལེའུ་ཉི་ཤུ་རྩ་གཅིག་པའི་ཕྱིར་བཟློག་ཆེན་མོའི་སྲུང་བས་ཡེ་ཤེས་ཀྱི་འཁོར་ལོ་དང་ཐུགས་ཀྱི་འཁོར་ལོའི་རྒྱབ་ཏུ་རྡོ་རྗེ་ཁ་བཞི་པས་མཚན་


DTG018_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དང༌། སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་ལས་རྡོ་རྗེ་པདྨ་འཁོར་ལོའི་ཕྲེང་བས་མཚན་པས་སྲུང་བ་ཐམས་ཅད་ཀྱི་མཆོག་དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་བས་འཆི་བདག་གི་བདུད་ལས་རྒྱལ་བར་རྒྱུད་འདི་ཉིད་ལས་འཆད་དོ། །ལྷའི་བུའི་བདུད་ལས་རྒྱལ་བ་ནི། སུ་མྦྷ་ནིའི་བཀའི་འཁོར་ལོ་སྲུང་བ་ཆེན་པོའི་ཕུར་བགེགས་མེད་པ་དང༌། ལོགས་སུ་རྡོ་རྗེའི་རབ་དང༌། འོག་ཏུ་རྡོ་རྗེའི་ས་གཞི་དང༌། སྟེང་དུ་མདའི་དྲ་བ་དང༌། སྟེང་གི་བླ་རེ་མེ་འོད་ཀྱི་ཕྲེང་བ་རབ་ཏུ་དགྱེས་པས་གདུག་པའི་བདུད་ཐམས་ཅད་སྐྲག་པར་བྱ་ཞེས་པ་ནི་འདི་ལྟར་བསྒོམ་སྟེ། འོག་ཏུ་ས་གཞི་དང་རྡོ་རྗེའི་ས་གཞི་གཉིས་ལས། ལོགས་སུ་རྡོ་རྗེ་རབ་དང་དྲ་བ་གཉིས། སྟེང་དུ་མདའི་བླ་རེ་དང་རྡོ་རྗེའི་བླ་རེ་གཉིས། ཐམས་ཅད་གདུག་པ་སྐྲག་པའི་མེ། ཕྱིས་ཕུར་བུ་བཅུ་གཉིས་པ་བགེགས་མེད་པར་བྱེད་པའི་ཆོ་གའི་གོ་རིམས་ཡིན་ནོ། །ལས་དང་པོ་བདུད་བཞི་ལས་རྒྱལ་བའི་རྣམ་དང་བཤད་ནས། ཟབ་པའི་རྫོགས་རིམ་བསྒོམ་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པ་ནི། རང་རིག་པས་སེམས་ཀྱི་ཆོས་འདུས་བྱས་རྟོགས་ན་ཕྱི་རོལ་གྱི་བདུད་བཞི་མི་འཇོམས་པས་ཕྱི་རོལ་གྱི་བདུད་དང་བདུད་མ་ཡིན་པ་རང་གི་སེམས་འདུས་མ་བྱས་ལ་བཅིངས་པས་ཀུན་རྫོབ་ཀྱི་བདུད་འཇུག་པ་མེད་དོ། །འདུས་མ་བྱས་ཀྱི་སེམས་ནི་དྲི་ཡང་དེ་ཡིན། བྱུག་པ་ཡང་དེ་ཡིན། གཡས་ངོས་སུ་སྟེའུ་འཇོག་པ་དང༌། གཡོན་ངོས་སུ་ཙནྡན་གྱི་ས་སྐུད་པ་ལ་འདུས་མ་བྱས་རྟོགས་པས་སེམས་མཉམ་པ་ཉིད་ཡིན་ཏེ། མཁས་པའི་ཕྱིར་ན་མི་དགའ་མེད། །བསོད་རྣམས་བསགས་པས་སྡུག་བསྔལ་མེད། །ཅེས་གསུངས་སོ། །སྟེའུས་འཇོག་པ་ལ་བཟོད་པ་བསྒོམ་པ་ནི་མེད་ཏོག་ཡིན་ལ། སེམས་ཀྱིས་སྟོང་ཉིད་ལ་འབད་པའི་བརྩོན་འགྲུས་ནི་གཏོར་མ་ཡང་དེ་ཡིན། སེམས་དག་བ་རང་བཞིན་གྱིས་འོད་གསལ་བ་མར་མེ་ཡང་དེ་ཡིན། འདུས་བྱས་དང་འདུས་མ་བྱས་མཉམ་ཉིད་བསྒོམ་པ་བདུག་པ་ཡང་དེ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཆོས་ཉིད་མཐོང༌། །མཆོག་དང་ཕྱག་འཚལ་ཀུན་ཡིན་ནོ། །ཞེས་བཤད་པའི་ཕྱིར་རོ། །གང་གསུངས་ན་ཅི་དེ་དང་གི་བསྐྱེད་ཆོག་གི་ལུགས་དང་ཞེན། ཇི་ལྟར། སྔོན་འགྲོ་ལྡ་དང་དངོས་གཞི་གསུམ། །


DTG018_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེས་བརྒྱད་ཐུན་མཚམས་བཅུ་གཉིས་ཏེ། །རྒྱས་པའི་ཡན་ལག་བཞི་བཅུ་བརྒྱད། །སྦྱོར་བ་དང་པོའི་ཆོས་དགུ་དང༌། །དཀྱིལ་འཁོར་རྒྱལ་པོའི་མཆོག་གི་དྲུག །ལས་རྒྱལ་མཆོག་བརྒྱད་བསྡུས་པའི་དགུའོ། །རྩ་བའི་རྒྱུད་ཀྱི་ལེའུ་གསུམ་པའི་འགྲེལ་པའོ།། །།

བཞི་པ། སྐུའི་སྡོམ་པའི་ཆོ་གའི་ལེའུའི་འགྲེལ་པ།


DTG018_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་གླེང་གཞི་དང༌། གླེང་བསླང་བ་དང༌། རྒྱུད་འབྱུང་བའི་རྒྱུ་དང༌། རྒྱུད་ཀྱི་ལུས་མདོར་གཞག་པ་བཤད་ནས། རྒྱུད་ཀྱི་དོན་དང་པོ་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་བཅུ་བདུན་ལས་ཐོག་ན་སྐུའི་འཁོར་ལོ་སྟོན་པར་བཞེད་པས་དེ་ནས་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་མཁའ་རྡོ་རྗེ་མཁའ་འགྲོ་ནི་འབྲས་བུའི་ཧེ་རུ་ཀའོ། །དེ་ཁོ་ན་ཉིད་ཀྱི་གསང་བ་ནི་སྐུ་གསུམ་བསྒྲུབ་པའི་ཐབས་བཅུ་བདུན་གསུངས་པའོ། །དེ་ནོས་ཞེས་བྱ་བ་ནི་འཁོར་རྣམས་ཀྱིས་བདུད་རྩི་ལྔས་ཕྱག་འཚལ་ནས་ཞུས་པའི་རྗེས་ལ་དེ་ནས་ཞེས་གསུངས་སོ། །གཞན་ཡང་བཤད་བྱ་བ་ནི་སྐུའི་འཁོར་ལོ་ངེས་བརྗོད་རྒྱུད་ཀྱི་བླ་མ་འདི་རྗོད་བྱེད་དོ། །དེའི་བརྗོད་བྱ་སྒྲུབ་པ་པོ་ལ་ཕན་བཏགས་པའི་ཕྱིར་རོ། །སྒྲུབ་ཐབས་ཀྱི་རིམ་པ་ཇི་ལྟར་ཤེས་སྙམ་ན། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །ཞེས་སངས་རྒྱས་ཀྱི་བླ་མ་དུས་གསུམ་དུ་བརྒྱུད་པས་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་མ་དག་གིས་ཀྱང་བཤད་པར་བྱ་བ་ཙ་བའི་རྒྱུད་བསྡུས་པ་འདིས་གསལ་བར་རྟོགས་པར་འགྱུར་རོ། །སྒྲུབ་ཐབས་ལ་དོན་གསུམ་སྟེ། སྒྲུབ་པའི་རྟེན་གང་ཟག་དང༌། སྒྲུབ་པའི་གནས་དང༌། སྒྲུབ་པའི་ཐབས་སོ། སྒྲུབ་པ་པོ་རྟེན་གྱི་གང་ཟག་ནི་མཚན་ཉིད་བཅུ་དྲུག་དང་ལྡན་པ་སྟེ། ཕྱི་རོལ་འདོད་པའི་ཡོན་ཏན་ལྔའི་རྣམ་པར་རྟོག་པ་སྤངས་ནས། དམ་ཚིག་ཚིག་བསྲུང་བ་དང་ཡིད་གཉིས་མེད་པ་གཏན་ལ་ཕབ་པ་དང༌། བགེགས་ལ་སོགས་པས་མི་འཇིགས་པ་དང་མཚན་མ་ཐོབ་པས་ཚེས་གྲངས་མི་བརྩི་བ་དང༌། སྐར་མ་མི་ལྟ་བ་དང༌། སྨྱུང་བ་མི་བྱེད་པ་དང༌། གཙང་སྦྲ་ཁྲུས་མི་བྱེད་པ་དང༌། ཁ་ཟས་ལ་མི་གཙང་བ་མེད་པ་དང༌། སྒོ་དགུའི་དབང་པོ་དྲི་མ་དང་པར་མི་བྱེད་པ་དང༌། དུས་དྲུག་མི་ལྟ་བ་དང༌། ཆུ་ཚོད་སུམ་ཅུ་རྩ་གཉིས་མི་ལྟ་བས་གྲོལ་བ་དང༌། སྦྱངས་པའི་ཡོན་ཏན་གཉིས་ཀྱིས་དག་པ་སྤངས་པ་དང༌། རང་གི་རྒྱུད་བདེ་


DTG018_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་གི་བཟླས་པའི་སྔགས་དང༌། བསྒོམ་པའི་རྣལ་འབྱོར་ཤེས་པ་དང༌། སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པ་མཚན་ཉིད་བཅུ་དྲུག་དང་ལྡན་པའོ། །སྒྲུབ་པའི་གནས་ནི་བཅུ་བཞི་སྟེ། རིས་ལ་ནས་བཟི་མདོའི་བར་དུའོ། །གནས་ཀྱི་འབྲས་བུ་ནི་དངོས་གྲུབ་འདོད་པ་ཐམས་ཅད་སྩོལ་བའོ། །ལས་དང་པོ་པས་གནས་པ་བརྟག་པ་བྱས་པ་དང༌། མཚན་མ་ཐོབ་པའི་རྣལ་འབྱོར་པས་ཡིད་གང་དུ་དགའ་བ་དེར་བསྒྲུབས་ན་དངོས་གྲུབ་ཏུ་འགྱུར་ཏེ། སྒྲུབ་པའི་ཐབས་དུ་བསྒོམ་ཞེ་ན། དབྱེ་བ་དུ་མས་བསྒོམ་པ་ནི་དཀྱིལ་འཁོར་ལྔ་བཅུ་རྩ་དྲུག་གོ །དེའི་རྒྱུ་ཅི་ཞེ་ན། གདུལ་བྱའི་མོས་པ་བསམ་པའི་དབང་གིས་སོ། །དེ་ལ་སྒྲུབ་པའི་ཐབས་ཀྱི་ཡན་ལག་ནི། ཡེ་ཤེས་ལྔའི་བདུད་རྩིས་ས་གཞི་བྱུགས་པ་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་དང་མེ་ཏོག་འཐོར་བའི་འབད་པ་བརྩོན་འགྲུས་དང༌། སྣ་ཚོགས་པའི་ཕྱག་རྒྱ་གྲོལ་ལམ་ལ་ཆོས་ཀྱི་ཕྱག་རྒྱ་ཡིད་དུ་འོང་བ་བཅུ་གཉིས་དང༌། །བཅུ་དྲུག་ལང་ཚོས་བརྒྱན་པའི་གདན་ལ་དགའ་བ་བཞིའི་བསམ་གཏན་བསྒོམ་པའོ། །བྱིང་རྨུགས་དང་རྒོད་འགྱོད་བསལ་ནས་རྩེ་གཅིག་པའི་སེམས་ཤེས་རབ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པའི་ཡན་ལག་དང་ལྡན་པའི་སྒྲུབ་པའི་ཡན་ལག་དང་ལྡན་པའི་སྒྲུབ་པའི་ཐབས་ནི་གསུམ་སྟེ། སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་སོ། །དེ་ལ་སྔོན་འགྲོ་ནི་ལྔ་སྟེ། དང་པོ་སེམས་ཅན་གྱི་དོན་ནི་སྙིང་གར་ཧྲཱི། ལས་པདྨ་འདབ་མ་བརྒྱད། ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་འོད་ཟེར་དཀར་པོ། །སེར་པོ། དམར་པོ། ལྗང་གུ་བཞི་འཕྲོས་པས་སེམས་ཅན་ལ་ཚངས་པའི་གནས་བཞིས་བྱམས་པས་ཕུང་པོ་ལྔ་དང་ཁམས་དན་སྐྱེ་མཆེད་ལྷར་བསྐྱེད་པའི་བདེ་བ་དང་ཕྲད་པར་བྱས། སྙིང་རྗེས་ཁམས་གསུམ་གྱི་སྡུག་བསྔལ་དང་བྲལ། དགའ་བས་ལྷའི་ཆོས་ཉིད་རྟོགས། བཏང་སྙོམས་ཀྱིས་སེམས་ཅན་ལ་དབྲི་བཀོལ་མེད་པས་བཏང་སྙོམས་པར་བྱས་པའམ། །ཡང་ན་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པར་བྱས་ནས་སམ། ཡང་ན་འོད་ཟེར་སྤྲོས་པས་དགེ་བ་བཅུ་ལ་བཀོད་པའི་སེམས་ཅན་གྱི་དོན་བྱ་བ་རྣལ་འབྱོར་བསྲུང་བའོ། །དེའི་འོད་ཟེར་ཚུར་འདུས་པས་ཕྱི་གཟུགས་ཀྱི་ཕུང་པོ་དང༌། ནང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུའི་ལྷ་བསྒོམ་


DTG018_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དང༌། ཕྱིའི་དབང་པོ་ལྔ་དང་ནང་ཡིད་ཀྱི་དབང་པོ་དང་དྲུག་སྒྱུ་མ་ལྟ་བུའི་སེམས་དཔའ་དྲུག་ཏུ་བསྒོམ་པ་དང༌། ཕྱིའི་བྱུང་བ་བཞི་ནམ་མཁའ་དང་བཅས་པ་ལྷ་མོ་ལྡར་བསྒོམ་པ་ནི། ཐམས་ཅད་སྟོང་པ་ཉིད་དུ་བལྟས་ནས་ཞེས་བྱ་བ་ནི་ཕུང་པོ་ཁམས་དང་སྐྱེ་མཆོད་རྣམ་པར་དག་པའི་ལྷ་བསྒོམ་པ་སྟེ། དེའི་མཚན་ཉིད་ནི་བྱང་ཆུབ་ཀྱི་ཚོགས་ཟག་པ་མེད་པའི་ལྷ་མཆོག་དམ་པ་རང་གི་སེམས་ཀྱི་སྣང་བ་ཙམ་ལ་གནས་པར་བྱ་བ་ཡིན་ཏེ་བདག་ཕུང་པོའི་བདུད་ལས་བསྲུང་བའོ། །དེ་ནས་ཚོགས་བསགས་པའི་རྣལ་འབྱོར་ནི། རང་གི་སྙིང་གར་ཧྲཱི། ལས་པདྨ་འདབ་མ་བརྒྱད་པ། དེའི་དབུས་སུ་མ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་དེ་ཁོ་ན་ཉིད་མཆོག་ཏུ་གྱུར་པ་ལས། ཁ་དོག་སྣ་ཚོགས་པའི་འོད་ཟེར་གསལ་བ་འཕྲོས་པས། ཕྱོགས་བཅུ་ཀུན་དུ་ཁྱབ་པ་དང༌། ཡེ་ཤེས་ལྔའི་རང་བཞིན་ཉོན་མོངས་པ་ཞི་བའི་སྐུ་སྔོན་གྲུབ་པའི་སངས་རྒྱས་བསྐུལ་ནས་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང་སྐྱབས་སུ་འགྲོ་བ་ལ་སོགས་པའི་བྱིན་བྱིན་གྱིས་རློབ་པར་མཛད་པ་ཡིན་ནོ། །དེ་ནས་ནམ་མཁའི་ཁམས་ལྔ་ཉམས་དགའ་བར་དཀྱིལ་འཁོར་མཆོག་ལྔ་མཐོང་བ་ནི། འཁོར་ལོ་བདེ་མཆོག་གི་ལྷ་དྲུག་ཅུ་རྩག་ཉིས་ཁྲོ་བོའི་གཟུགས་ཀྱིས་ཁྱབ་པར་མཐོང་སྟེ། གཙོ་བོ་སངས་རྒྱས་ལྔ་དང༌། འཁོར་བྱང་ཆུབ་སེམས་དཔའ་དྲུག་ཅུ་རྩ་གཉིས་ཕྲག་ལྔ་དང༌། བྱང་ཆུབ་ཀྱི་སེམས་འཁོར་ལོ་བདེ་མཆོག་གི་གཟུགས་ཅན་བླ་མ་གཙོ་བོའི་ཆ་བྱད་ཅན་དང༌། ལྷ་མོ་བཅུ་གཉིས་སྣ་ཚོགས་པ་མཐོང་ནས་རྣལ་འབྱོར་ཕ་བདག་གིས་ལེའུ་ཉི་ཤུ་རྩ་དྲུག་པ་ནས་འབྱུང་བ་བཞིན་དུ་ལྷ་མོ་བརྒྱད་དམ་བཅུ་དྲུག་གམ་ཉི་ཤུས་མཆོད་ལ། བླ་མ་དང་དཀྱིལ་འཁོར་ལ་ཕྱག་བྱ། རྗེད་པར་བྱའོ། །སངས་རྒྱས་ཀྱི་སྤྲུལ་པའི་ཚོགས་དང༌། ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་ཡེ་ཤེས་ལྔའི་འོད་ཟེར་སྤྲོས་པས་རྣལ་འབྱོར་པ་དང༌། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་གཟུགས་བསྐྱེད་ནས་འགོད་པ་ནི་སྡིག་པ་བཤགས་སོ། །དེ་ལ་དགའ་བ་ནི་རྗེས་སུ་ཡི་རང་བའོ། །དེ་ནས་འདོ་ཟེར་གྱེན་ལ་པས་ནམ་མཁའི་དཀྱིལ་ཀུན་ཁྱབ་པར་སངས་རྒྱས་ལྔའི་དཀྱིལ་འཁོར་མཆོག་རྣམས་བཞུགས་པར་མཐོང་བས་ཐུགས་ཀར་བསྡུས་ནས་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཐུགས་ཀར་ཞུགས་པའོ། །


DTG018_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་ནི་གཙོ་བོ། འཁོར་ནི་དགེ་འདུན་ནོ། །ཐུགས་ཀའི་ཡི་ག་འབྲུ་ནི་ཆོས་སོ། །བདག་དང་འདྲ་བར་སེམས་ཅན་ཐམས་ཅད་བུདྡྷ་ལྔའི་ཐུགས་ཀར་ཞུགས་པ་ནི་གོ་འཕང་དེ་ལ་བཞག་པ་ཞེས་བྱའོ། །དེར་སྒྲུབ་པ་པོས་གསོལ་བ་གདབ་ཅེས་བས་ན། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའོ། །ལུས་ཕུལ་ནས་དགེ་རྩ་བསྔོ་བ་ནི། རྟག་ཏུ་སྐྱབས་སུ་འགྲོ་བར་བྱ། །ཞེས་པའོ། །དེ་ལྟར་ཚོགས་བསགས་པའི་རྣལ་འབྱོར་བཤད་ནས། གལ་ཏེ་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷར་བསྒོམས་པས་བདག་དང་བདག་གིར་བལྟ་པ་རྨོངས་པའི་ཕུང་པོ་འདིས་ཁམ་དང་སྐྱེ་མཆེད་ལ་གཉེན་པོ་ལྷའི་ང་རྒྱལ་བསྒོམ་པ་ནི་བསྐྱེད་པའི་རིམ་པའི་བསམ་བཟང་པོ་བསྐྱེད་པར་བྱ་སྟེ། མགོ་བོར་གཟུགས་ཀྱི་ཕུང་པོའི་གཉེན་པོར་བྷཱུཾ་ལས་རྣམ་པར་སྣང་མཛད་འཁོར་ལོ་དང་དྲིལ་བུ་བསྣམས་པ་དཀར་པོ་།ཚོར་བའི་གཉེན་པོ་ལྟེ་བར་ཨོཾ་ལས་རྡོ་རྗེ་ཉི་མ་ཡིན་པོ་ཆེ་དང་དྲིལ་བུ་བསྣམས་པ་སེར་པོ། །འདུ་ཤེས་ཀྱི་ཁམས་ཀྱི་གཉེན་པོ་ལྐོག་མར་ཧྲཱི། ལས་པདྨ་གར་གྱི་དབང་ཕུག་པདྨ་གར་དང་དྲིལ་བུ་བསྣམས་པ་དམར་པོ། རྐང་པའི་ལོང་བུ་གཉིས་སུ་འདུ་བྱེད་ཀྱི་གཉེན་པོར་ཧོ། ལས་རྡོ་རྗེ་རྒྱལ་པོ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ལྗང་གུ། སྙིང་གར་རྣམས་ཤེས་ཀྱི་གཉེན་པོ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་མཐིང་གའོ། །ནུབ་མའི་བར་དུ་ཧེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཧེ་རུ་ཀ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་སྔོན་པོ་བདག་ཉིད་བསམ་མོ། །མིག་ཏུ་ཨོཾ་ལས་གཏི་མུག་རྡོ་རྗེ་རྣམ་པར་སྣང་མཛད་དང་འདྲའོ། །རྣ་བར་ཧཱུཾ་ལས་ཞེ་སྡང་རྡོ་རྗེ་རྡོ་རྗེ་སེམས་དཔའ་དང་འདྲ། སྣ་ལ་ཧྲཱིཿལས་ཕྲག་དོག་རྡོ་རྗེ་རྡོ་རྗེ་ཉི་མ་དང་འདྲ། ལྕེ་ལ་ཨོཾ་ལས་འདོད་ཆགས་རྡོ་རྗེ་པདྨ་གར་གྱི་དབང་ཕུག་དང་འདྲ། སྤྱི་བོར་ཁཾ་སེར་སྣ་རྡོ་རྗེ་རྡོ་རྗེ་རྒྱལ་པོ་དང་འདྲ། སྙིང་གར་སྐྱེ་མཆེད་ཐམས་ཅད་ལ་འཇུག་པའི་ཡིད་ཧཾ་ལས་དབང་ཕྱུག་རྡོ་རྗེ་རྡོ་རྗེ་དྲིལ་བུ་བསྣམས་པ་སྔོན་པོའོ། །སྙིང་གར་སའི་དཀྱིལ་འཁོར་ལཾ་ལས་ལྟུང་བྱེད་མ་གྲི་གུག་དང་ཀ་པ་ལ་ཐོགས་པ་སེར་མོ། ལྟེ་བར་ཆུའི་དཀྱིལ་འཁོར་ལཾ་ལས་གསོད་བྱེད་མ་གྲི་གུག་དང་ཀ་པཱ་ལ་ཐོགས་པ་དཀར་མོ། ལྟེ་བར་མེའི་དཀྱིལ་འཁོར་ལ་པཾ་ལས་འགུགས་བྱེད་མ་གྲི་གུག་དང་ཀ་


DTG018_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པཱ་ལ་ཐོགས་པ་དམར་མོ། རྐང་པ་རླུང་གི་དཀྱིལ་འཁོར་གསང་བའི་གནས་སུ་ཏཾ་ལས་གར་གྱི་དབང་ཕུག་མ་གྲི་གུག་དང་ཀ་པཱ་ལ་ཐོགས་པ་ལྗང་གུ་།མགོ་ནམ་མཁའི་དཀྱིལ་འཁོར་བཾ་ལས་པདྨའི་དཀྱིལ་འཁོར་བཾ་ལས་པདྨའི་དྲ་བ་ཅན་གྲི་གུག་དང་ཀ་པཱ་ལ་ཐོགས་པ་ནམ་མཁའི་མདོག་ཅན་སྔོ་སྐྱའོ། །དེ་ལྟར་ལྷ་ལ་དགའ་བའི་རྣལ་འབྱོར་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་སྦྱངས་ནས། ཨོཾ་པྲ་ཀྲྀ་ཏི་པ་རི་ཤུ་དྷ་སརྦ་དྷརྨཱ། པར་ཀྲྀ་ཏི་པ་རི་ཤུདྷོ྅ཧཾ།ཞེས་བྱ་བས་ཕྱི་སྟོང་པ་ཉིད་དུ་རྣམ་པར་དག་པར་བསྒོམས་ལ། དེའི་རྗེས་ལ་དེ་ནས་དཀོན་མཆོག་གསུམ་ལ་བདུན་རྣམ་དག་དང་སྐྱབས་འགྲོ་བྱའོ། །དེ་ནས་སྲུང་བའི་རྣལ་འབྱོར་དང༌། དེ་ནས་བདག་བསྲུང་བ་དང༌། དེ་ནས་བསོད་ནམས་ཀྱི་ཚོགས་བསགས་པ་སྐྱབས་འགྲོ་།དེ་ནས་ཡེ་ཤེས་ཀྱི་ཚོགས་བསགས་པ་བྱའོ་ཞེས་གོ་རིམས་གསུང་པ་ཡིན་ནོ། །དེ་ནས་དཔྲལ་བར་ཨོཾ། ལྐོག་མར་ཨཱ། སྙིང་གར་ཧཱུཾ། ཡི་གེ་གསུམ་གྱིས་སྔགས་ཀྱི་སྐུར་གྱུར་བར་བསྒོམས་ནས། དེ་ནས་འོད་ཟེར་སྤྲོས་པས་ཕྱོགས་བཅུའི་སེམས་ཅན་ཀུན་གྱི་དོན་དུ་ཧེ་རུ་ཀའི་གཟུགས་སུ་བསྐྱེད་ནས་བདག་ཉིད་ཧེ་རུ་ཀ་དང་འདྲ་རྡོ་རྗེ་དང་དྲིལ་བུས་འཁྱུད་པ། གཉིས་པའི་གཡས་གཡོན་ཉུང་བ་བཞིའི་རྔུལ་ཕྲ་རབ་ཚུན་ཆད་ལྟའི་སྐུར་དགོད་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་ཝ་བི་ཤུ་དྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བ་ལན་གསུམ་བཟླས་པས་ཡེ་ཤེས་ཀྱི་ཚོགས་བསག་གོ །དེ་ནས་སྲུང་བའི་རྣལ་འབྱོར་ནི་རང་ཉིད་རྒྱུའི་ཧཱུཾ་མཛད་དུ་བསྐྱེད་ལ། དེའི་ཐུགས་ཀ་ནས་ཁྲོ་བོ་བརྒྱད་སྤྲུལ་ནས་རྒྱུའི་ཧཱུཾ་མཛད་དེ་གྱུར་པ་ལས་འབྲས་བུའི་ཧཱུཾ་མཛད་བསྐྱེད་དོ། །དེའི་ཐུགས་ཀ་ནས་སྟེང་འོག་གི་ཁྲོ་བོ་གཉིས་བསྐྱེད་དེ། ཁྲོ་བོ་བཅུ་ལ་བཀའ་བསྒོས་ནས་བགེགས་གདན་དུ་བཏིང་བའི་རྗེས་ལ་བགེགས་མི་འཇུག་པའི་སྲུང་བ་འདི་རྣམས་བྱའོ། །འབྲས་བུའི་ཧེ་རུ་ཐུགས་ཀ་ནས་ཕྱོགས་བཅུ་སྲིད་པའི་རྩེ་མོའི་བར་དུ་རྡོ་རྗེ་ཕྲ་མོའི་འོད་ཟེར་འཕྲོས་པས་འོད་དེ་གྱུར་པ་ལས་དེའི་འོག་ཏུ་རྡོ་རྗེའི་ས་གཞི་དང༌། འོག་གིས་གཞི་གཉིས་བྱིན་གྱིས་བརླབས་ལ། ཕྱོགས་དང་མཚམས་ཀྱི་ལོགས་སུ་རབ་དང་དྲ་བ་ཉིས་རིམ། སྟེང་དུ་རྡོ་རྗེ་བླ་རེ། མདའི་བླ་རེ་ཉིས་རིམ། དེ་ཐམས་ཅད་ཀྱི་ཕྱི་རོལ་ནས་རྡོ་རྗེ་མེ་འོད་འབར་བ་རྣལ་འབྱོར་བའི་བསམ་པ་དང་མཐུན་པར་འཛམ་བུའི་གླིང་ཙམ་ཕྱི་རོལ་ནས་བསྐོར་རམ།


DTG018_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གླིང་བཞི་ཙམ་སྟོང་སྤྱི་ཕུང་ཙམ། སྟོང་གཉིས་པའམ། སྟོང་གསུམ་ཙམ་དུ་ཕྱི་རོལ་ནས་སྲུང་བའི་འཁོར་ལོ་དགོད་པར་བྱའོ། །འོག་གི་ས་གཞི་དང་རྡོ་རྗེའི་ས་གཞི་གཉིས། ཨོཾ་མེ་དི་ནི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ། ལོགས་ཀྱིར་བའི་སྔགས་ནི། ཨོཾ་བཛྲ་ཕྲའ་ཀཱ་ར་བཛྲ་ཧཱུཾ་བཾ་ཧཱུཾ། ནང་གི་རྡོ་རྗེ་དྲ་བའི་སྔགས་ནི། ཨོཾ་བཛྲ་པ་ཉྩ་ར་ཧཱུཾ་བཾ་ཧཱུཾ། སྟེང་དུ་བྱེ་དུས་མཚན་ཞབས་ཀྱིས་མནན་པ། སངས་རྒྱས་བཞི་དན་སྤྱི་གཙུག་ནང་དུ་མདའི་དྲ་བའི་སྔགས་ནི། ཨོཾ་བཛྲ་ཤ་ར་ཛཱ་ལ་ཏྲཾ་ཤཾ་ཏྲཾ། ཕྱི་རོལ་ནས་བསྐོར་བའི་རྡོ་རྗེ་མེ་འོད་ཀྱི་སྔགས་ནི། ཨོཾ་བཾ་ཛྲ་ཛྲྭ་ལ་ཨ་ན་ལཱ་རྐ་ཧཱུཾ། དེ་ལྟར་སྲུང་བའི་འཁོར་ལོ་བྱས་པའི་སྔོན་དུ་གང་བསྒོམ་ཞེ་ན། བཅོམ་ལྡན་འདས་ཁྲག་འཐུང་གིས་སུ་མྦྷ་ནིས་བཀའ་བསྒོས་པའི་འཁོར་ལོ་རྩིབས་བརྒྱད་འབར་བའི་སྟེང་དུ། མ་ལས་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་ཞི་བ་ཤེལ་ལྟར་དཀར་བ། རང་སྣང་བའི་ཡུམ་ཕྱག་རྒྱ་ཆེན་མོ་ལྷ་མོ་དང་སྙོམས་པར་འཇུག་པ་ཡབ་ཡུམ་གཉིས་ཀྱིལ་ཀྲུང་གིས་བཞུགས་པ་རུས་པ་ལས་བྱས་པའི་སངས་རྒྱས་ལྔའི་རྒྱན་ཅན། མི་བསྐྱོད་པ་ནི་གཙུག་གི་ལྟེ་བ་ལ་བཞུགས་པ། རྣ་རྒྱན་དང༌། དཔུང་རྒྱན་དང༌། ལག་གདུབ་དང་དོ་ཤལ་དང་སེན་མོ་དོ་དང༌། སྐ་རགས་དང་རྐང་གདུབ་སྟེ་རྒྱན་ཐམས་ཅད་རྫོགས་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དང་པོའི་རྡོ་རྗེ་དང་དྲིལ་བུས་འཁྱུད་པ། གཉིས་པའི་གཡས་གཡོན་ན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གསུམ་པའི་གཡས་གཡོན་ན་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། ཞལ་གཡས་སེར་བ། གཡོན་ལྗང་བ། དབུས་དཀར་བ། དེའི་ཡབ་ཡུམ་གྱི་ཐུགས་ཀ་ནས་ཁྲོ་བོ་བརྒྱད་སྤྲོས་ཏེ། ཤར་དུ་རྡོར་ཇེ་དྲག་པོ། བྱང་དུ་རྡོ་རྗེ་ཉི་མ། ནུབ་ཏུ་རྡོ་རྗེ་གཙུག་ཏོར། ལྷོར་རྡོ་རྗེ་ཐབ་སྦྱོར། ཤར་ལྷོར་རྡོ་རྗེ་གནོད་སྦྱིན། ལྷོ་ནུབ་ཏུ་རྡོ་རྗེ་ནག་པོ། །ནུབ་བྱང་དུ་རྡོ་རྗེ་སྟོབས་པོ་ཆེ། བྱང་ཤར་དུ་རྡོ་རྗེ་འཇིགས་བྱེད། བྱང་སེར་བ། ནུབ་དམར་བ། ལྷོར་ལྗང་གུ། ཤར་ལྷོ་དུ་བའི་མདོག་ཅན། ལྷོན་ནུབ་དཀར་བ། ནུབ་བྱང་གང་པ། བྱང་ཤར་སྔོ་དམར། ཐོད་པ་ལས་བྱས་པའི་སངས་རྒྱས་ལྔའི་དབུ་རྒྱན་ཅན་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། རུས་པའི་རྒྱུན་གྱིས་སྔ་མ་བཞིན་དུ་ཐམས་ཅད་བརྒྱན་པ། སྣ་ཚོགས་པའི་པདྨའི་འདབ་


DTG018_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མར་ཉི་མའི་སྟེང་དུ། གཡས་བརྐྱང་པས་ཕྱོགས་སྐྱོང་བརྒྱད་ཞབས་ཀྱིས་མནན་པར་བསམ་མོ། །གཡས་གཡོན་གྱི་དང་པོ་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག །གཉིས་པ་གཉིས་ན་ལྕགས་ཀྱུ་དང་ཞགས་པ། ཅང་ཏེའུ་དང་དྲིལ་བུས་རང་སྣང་བའི་ཤེས་རབ་ལ་འཁྱུད་པ། དབུ་སྐྲ་དམར་སྐྲ་དམར་སེར་མཆེ་བ་བཞི་གཙིགས་པ། སྟག་གི་པགས་པའི་ཤམ་ཐབས་ལ་རྡོ་རྗེ་དང་སྤྲུལ་གྱི་རྒྱན་གྱིས་བརྒྱན་པའི་གནས་ཐམས་ཅད་སྦྲུལ་གྱིས་ཀྱང་བརྒྱན་པར་ཤེས་པར་བྱའོ། །ཁྲོ་བོ་བརྒྱད་བསྐྱེད་ནས་རྒྱུའི་ཧཱུཾ་མཛད་དེ་གྱུར་པ་ལས་བདག་ཉིད་འབྲས་བུའི་ཧཱུཾ་མཛད་འོད་ཟེར་འབར་བ་མཆེ་བ་གཙིགས་པ། ཞལ་གསུམ་ཕྱག་དྲུག་པ་གཡས་བརྐྱང་བའི་གནས་པས་བཞུགས། དང་པོ་རྡོ་རྗེ་དང་དྲིལ་བུས་འཁྱུད་པ་གཉི་པ་ན་ལྕགས་ཀྱུ་དང་ཞགས་པ། གསུམ་པ་ན་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ་མི་མགོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྡོ་རྗེ་རྒྱ་གྲམ་གྱི་ཕྲེང་བའི་སྐྱེ་རགས་ཅན། གདུག་པ་ཅན་ཐམས་ཅད་ཀྱི་བདག་པོ་འཇིགས་བྱེད་དུས་མཚན་ཞབས་ཀྱིས་མནན་པ། སངས་རྒྱས་བཞི་དང་སྤྱི་གཙུག་ན་རྡོ་རྗེ་སེམས་དཔའི་ཅོད་པན་ཅན་བསྒོམ་མོ། །དེའི་ཐུགས་ཀ་ནས་སྟེང་འོག་གི་ཁྲོ་བོ་གཉིས་བསྐྱེད་པར་བྱའོ། །སྟེང་གཙུག་ཏོར་དཀར་པོ་འོག་རྡོ་རྗེས་འོག་མིག་སྨན་ལྟ་བུ་སྔོན་པོ། །ཞལ་གསུམ་པ་ཕྱག་བརྒྱད་པ། དང་པོ་གཉིས་ན་རྡོར་དྲིལ། གཉིས་པ་གཉིས་ན་ལྕགས་ཀྱུ་དང་ཞགས་པ། གསུམ་པ་གཉིས་ན་མདུང་རྩེ་གསུམ་པ་དང་འཁོར་ལོ། །བཞི་པ་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག་འཆང་བ། གཡས་བརྐྱང་བས་བཞུགས་པ་བསྒོམ། །དེ་ལྟར་ཁྲོ་བོ་བཅུ་བསྐྱེད་ནས་ཡང་འབྲས་བུའི་ཧཱུཾ་མཛད་ཀྱི་ཐུགས་ཀ་ལས། དེ་ནས་སྟོད་ཁྲོ་བོ་སྨད་ཕུར་བུའི་རྣམ་པ་ཕྱོགས་བཅུར་སྤྲོས་ནས་བགེགས་ལ་ཕུར་བུས་གདབ་པའོ། །དེ་ནས་འབྲས་བུའི་ཧཱུཾ་མཛད་དུ་བསྒོམས་པའི་སྔགས་པས་ཁྲོ་བོ་བཅུ་ལ་གེགས་མེད་པར་གྱིས་ཤིག་ཅེས་བཀའ་བསྒོ་སྟེ། སྔགས་པས་སུ་མྦྷ་ནིའི་སྔགས་དྲན་ཞིང་ཕྱོགས་བཞིར་སྡིགས་མཛུབ་ཀྱི་སེ་གོལ་གྱི་ཕྱག་རྒྱས། ཤར་དུ་ཨོཾ་སུ་མྦྷ་ནི་སུ་མྦྷ་ཧཱུཾ་ཧཱུཾ་ཕཊ་ཀྱིས་བརྒྱ་བྱིན་ནོན་ཅིག་ཅེས་བཀའ་བསྒོ་བའོ། །བྱང་དུ་ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ་ཀྱིས་གནོད་སྦྱིན་གྱི་བགེགས་མེད་པར་གྱིས་ཤིག་པའོ། །ནུབ་ཏུ་ཨོཾ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཕཊ་ཀྱིས་ཆུ་ལྷའི་བགེགས་མེད་པར་གྱིས་ཤིག་པའོ། །ལྷོར་ཨོཾ་


DTG018_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་ཀྱིས་གཤིན་རྗེའི་བགེགས་མེད་པར་གྱིས་ཤིག་པའོ། །དེ་བཞིན་དུ་ཡང་སུ་མྦྷ་ནིའི་སྔགས་བརྗོད་པས་ཤར་ལྷོ་མེའི་བགེགས་དང༌། ལྷོ་ནུབ་ཏུ་གྲྀ་གནས་སྲིན་པོའི་བགེགས་དང༌། ནུབ་བྱང་དུ་གྲྀཧྞཱ་པ་ཡས་རླུང་གི་བགེགས་དང༌། བྱང་ཤར་དུ་ཨཱ་ན་ཡ་ཧོས་དབང་ལྡན་གྱི་བགེགས་མེད་པར་གྱིས་ཤིག་པའོ། །ལན་གསུམ་བརྗོད་པས་སྟེང་གི་ལྷའི་བགེགས་དང༌། ས་འོག་གི་ལྷ་མ་ཡིན་གྱི་བགེགས་མེད་པར་གྱིས་ཤིག་པའོ། །ཁྲོ་བོ་བཅུ་ལ་བཀའ་བསྒོས་པའི་རྗེས་ལ་འོག་ཏུ་ས་གཞི་དང༌། རྡོ་རྗེའི་ས་གཞི་གཉིས། ལོགས་སུ་ར་བ་དང་དྲ་བ་གཉིས་དང༌། སྟེང་དུ་རྡོ་རྗེའི་བླ་རེ་དང་མདའི་བླ་རེ་གཉིས། ཕྱོགས་ཐམས་ཅད་དུ་མེ་འོད་བསམས་ལ་སྔར་བསྐྱེད་པའི་ཕུར་བུས་འོག་ནས་འབྱུང་བའི་གསང་སྔགས་ཀྱི་རྒྱལ་པོ་འདིས་ཕྱོགས་སྐྱོང་བཅུ་བགེགས་ཀུན་གྱི་གླང་པ་ལ་ལུགས་འབྱུང་བ་ཕྱོགས་དང༌། ལུགས་བཟློག་མཚམས་ཀྱི་ཕུར་བུས་གདབ་པོ། །དེའི་སྔགས་གྷ་གྷ་གསོད་པའོ། །གྷཱ་ཏ་ཡ་ནི་གསོད་པར་གྱིས་ཤིག་པའོ། །སུ་བསད་ཅེ་ན། སརྦ་དུཥྚཱཾ་བི་བྷྣཱཾ་ནི་གདུག་པའི་བགེགས་ཐམས་ཅད་དོ། །ཀཱི་ལི་ཀཱི་ལ་ཡ་ནི་ཕུར་བུས་སོ། །སུ་ལ་ཞེ་ན། སརྦ་པཱ་པཾ་སྟེ་སྡིག་པའི་ལས་བྱས་པ་ཐམས་ཅད་ལའོ། །ཧཱུཾ་གསུམ་དང་བཛྲ་ཀཱི་ལ་ཡ་ནི་རྡོ་རྗེ་ཕུར་བུ་སུམ་ཅུ་བསྐྱེད་པའོ། །སུའི་བཀས་གདབ་ཅེ་ན། བཛྲ་དྷ་རོ་ཨཱཛྙཱ་ཡ་ཏི། རྡོ་རྗེ་འཛིན་པའི་བཀས་སོ། །གང་ལ་གདབ་ཅེ་ན། ཀཱ་ཡ་དཔྲལ་བ། བཀའ་མ་མགྲིན་པ། ཙིཏྟ་སྙིང་གར་རོ། །སུས་གདབ་ཅེ་ན་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ་དེ་རྡོ་རྗེ་ཕུར་བུས་སོ། །ཕུར་བུ་འདེབས་པའི་ཚེ་ཁྲོ་བོའི་སྡང་མིག་གིས་བལྟས་ནས་སྔགས་བཟླས་ཤིང་གདབ་པོ། །དེ་ནས་ཁྲོ་བོ་ཐམས་ཅད་ཀྱི་ཕྱག་གཡས་པའི་རྡོ་རྗེས་བགེགས་བསད་པའི་མངོན་སྤྱོད་ཀྱི་བློས་བརྡུང་བར་བྱའོ། །ཨོཾ་བཛྲ་མུ་དྷ་ར་ནི་རྡོ་རྗེ་ཐོ་བའོ། །ཨོཾ་བཛྲ་ཀཱི་ལ་ཡ་ནི་རྡོ་རྗེ་ཕུར་བུའོ། །ཨཱ་ཀོ་ཊ་ཡ་ནི་རྡུངས་ཤིག་པའོ། །དེ་ནས་བགེགས་མེད་པར་འདོད་ན་ཁྲོ་བོ་བཅུ་གཅིག་གི་བཟླས་པ་ལ་བདུད་རྩི་ལྔའི་རི་ལུའི་ནང་གི་སྦྱིན་སྲེག་བྱའོ། །སྔགས་བཅུ་གཅིག་ནི་གོ་སླའོ། །དེ་ལན་ང་གི་སྦྱིན་སྲེག་གི་རྫས་ནི། མཾ་ས་ཤ་དང་རྐང་དང་ཞག །ཤུ་ཀྲ་དང་ཁྲག་དང་ལྷན་ཅིག་སྦྱར་ནས། ཨོཾ་ཨཱཿཧཱུཾ། གསུམ་གྱིས་རི་ལུ་བྱས་ཤིང་ཟོས་ན་


DTG018_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བགེགས་མེད་པའི་དངོས་གྲུབ་ཏུ་ངེས་པར་འགྱུར་རོ། །བཟླས་པ་དང་ནང་གི་སྦྱིན་སྲེག་བྱེད་པའི་ཚེ་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ་བསྒོམ་པ་ནི། རྡོ་རྗེ་ཧཱུཾ་མཛད་དབུས་སྔོ་བ་གཡས་སེར་པ་གཡོན་ལྗང་བའོ། །བྱང་གི་ཁྲོ་བོ་དབུས་སེར་བ་གཡས་གང་པ་གཡོན་ལྗང་བའོ། །ལྷོ་དང་ཤར་ལྷོའི་ཁྲོ་བོ་ནི་དབུས་སྔོ་བའི་མདོག་དང་གཡས་སེར་བ་གཡོན་ལྗང་བའོ། །ལྷོ་ནུབ་དང་སྟེང་གི་ཁྲོ་བོ་ནི་དབུས་དཀར་བ་གཡས་སེར་བ་གཡོན་ལྗང་བའོ། །ནུབ་ཀྱི་ཁྲོ་བོ་ནི་དབུས་དམར་བ་གཡར་ལྗང་བའོ། །ཤར་དང་ནུབ་བྱང་ཤར་དང་འོག་གི་ཁྲོ་བོ་བཞི་ནི་བདག་པོ་བཞིན་དུ་དབུས་སྔོ་བ། གཡས་སེར་བ། གཡོན་ལྗང་བའོ། །ཐམས་ཅད་ཀྱི་སྤྱི་བོར་མི་བསྐྱོད་པའི་ཅོད་པན་བསམ་པ་ནས་ནང་གི་སྦྱིན་སྲེག་བྱས་ན་རྡོ་རྗེ་ཅན་ཀུན་མཉེས་པར་འགྱུར་རོ། །དེ་ལྟ་བུའི་སྲུང་བའི་འཁོར་ལོ་ནི་རླུང་ནི་རྒྱུན་ལས་ལྡོག་པ་ཡང་སྲིད། ཉི་མ་དང་ཟླ་བ་དོགས་ས་ལ་ལྷུང་བ་ཡང་སྲིད། བདེ་བར་གཤེགས་པའི་བཀའི་དམ་ཚིག་འདའ་བར་དཀའ་བའོ། །དེ་བཞིན་དུ་དཀྱིལ་འཁོར་ལྔ་བཅུ་རྩ་དྲུག་བརྡ་ལ་སོགས་པ་དུ་མ་རྣམས་ལ་གཙོ་བོའི་བཀའ་བསྒོམ་པས་བགེགས་མེད་པར་མཐོང་ནས་སྔགས་པས་ལྔ་བཅུ་རྩ་དྲུག་གི་དཀྱིལ་འཁོར་གང་འདོད་པ་ལྔ་བཅུ་རྩ་དྲུག་བསྒོམ་པ་ལ་གནས་པར་བྱའོ། །ལས་དང་པོ་པ་དང་མཚན་མ་ཐོབ་པ་གཉིས་ཀས་བསྒོམ་མམ་ཞེ་ན། གཅེར་བུའམ་ཡང་ན་མི་གཅེར་བ། །སྐྲ་གྲོལ་ཐལ་བས་བྱུགས་ཀྱང་རུང༌། །ཞེས་གསུངས་པས་གོས་མེད་པའི་སྤྱོད་པ་དང༌། གོས་ཅན་གཉི་གས་ཀྱང་བྱ་བར་གསུངས་སོ། །དེ་ལྟར་རེ་ཞིག་འཁོར་ལོ་བཟླས། །ཞེས་པ་ནི་ཕྱིས་འབྱུང་བའི་དཀྱིལ་འཁོར་ལྔ་བཅུ་རྩ་དྲུག་གི་སྔགས་བཟླས་ནས་སྐྱོ་བར་གྱུར་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ལ་མཉམ་པར་གཞག་པར་བྱའོ། །དཔྲལ་བ་དང་ལྐོག་མ་དང་སྙིང་གར་ཨོཾ་ཨཱཿཧཱུཾ་གསུམ་བཀོད་ལ་འོད་ཟེར་སྤྲོ་བསྡུ་ཡི་གེ་གསུམ་དུ་བསྡུས་ནས་སྟོང་པར་བསྒོམས་ཏེ། ཨོཾ་ཐིམ་པའི་ཚེ་ཨོཾ་ཐིམ་པའི་ཚེ་ཨོཾ་ཤཱུ་ནྱ་ཏཱའི་སྔགས་བརྗོད། །ཨཱཿ་ཐིམ་པའི་ཚེ་ཨོཾ་ཨ་མི་ཏ་ཛྙ་ན་ཞེས་བྱ་བ་མཚན་མ་མེད་པའི་སྔགས་སོ། །ཧཱུཾ་ཐིག་ལེར་ཞུ་བའི་ཚེ་ཨ་པྲ་ཏི་ཧ་ཏ་ཛྙཱ་ན་ཞེས་བྱ་བས་སྨོན་པ་མེད་པའི་སྔགས་བཟླའོ། །དེ་ལྟར་ན་རྟ་མཆོག་པ་ནི་ཤྲཱི་ལྟ་བུ་ཚད་མེད་པའི་རྣལ་འབྱོར་དང༌། བྱིན་གྱིས་བརླབ་པའི་རྣལ་འབྱོར་དང༌། བསོད་


DTG018_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནམས་ཀྱི་ཚོགས་བསོགས་པའི་རྣལ་འབྱོར་དང༌། ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་ཀྱི་རྣལ་འབྱོར་དང༌། སྲུང་བའི་འཁོར་ལོས་བྱས་ལ་ནང་གི་སྦྱིན་སྲེག་བྱས་པའི་རྗེས་ལ་ལྷའི་འཁོར་ལོ་ལྔ་བཅུ་རྩ་དྲུག་གང་འདོད་པ་བསྒོམས་ནས་བསྐྱེད་པའི་རིམ་པའི་རྣམ་ཐར་སྒོ་གསུམ་གྱི་སྟོང་པ་ཉིད་བསྒོམ། མོ།།ཨིནྡྲ་བྷཱུ་ཏི་ལྟ་བུ་བསྐྱེད་པའི་རིམ་པའི་ཞབས་སུ་དེ་ཁོ་ན་ཉིད་ཀྱི་མན་ངག་རྫོགས་པའི་རིམ་པ་བསྒོམ་མོ། །པདྨ་རྡོ་རྗེ་ལྟ་བུ་བསྐྱེད་པའི་རིམ་པ་ལ་མོས་པ་ནི་སྐུ་དང་གསུང་དང་ཐུགས་དང༌། དམ་ཚིག་ཡེ་ཤེས་དང༌། སྒོང་སྐྱེས་ལ་སོགས་པ་བསྐྱེད་པའི་རིམ་པ་མངལ་སྐྱེས་དང༌། སྒོང་སྐྱེས་དང༌། དྲོད་གཤེར་སྐྱེས་དང༌། རྫུས་སྐྱེས་ཀྱི་འཁོར་ལོ་རྣལ་འབྱོར་གསུམ་དང་བསྙེན་གྲུ་བཞི་དང་ལྡན་པ་བསྒོམ་པར་བྱའོ། །གཞུང་ལུགས་གསུམ་ཡིན་ནོ། །དེ་ལ་དང་པོ་བཤད་ཟིན་ནས་བར་མ་ཨིནྡྲ་བྷཱུ་ཏི་ལྟ་བུ་བསྒོམ་པ་ནི། སྣང་བརྙན་ཙམ་གྱི་རྣམ་པར་ཤེས་པ་ནི། རྣམ་ཐར་སྒོ་གསུམ་བསྒོམ་པའི་ཐིག་ལེའོ། །སེམས་ཙམ་དུ་ནི་རྣམ་པར་བརྟག །ཅེས་པ་ནི། ཐིག་ལེ་མེ་ལོང་ལ་རླངས་པ་ཞུ་བ་ལྟར་མི་སྣང་བར་སོང་ནས། གཟུང་བ་རང་བཞིན་མེད་པ་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་སྟེ། སེམས་རིག་པ་ཙམ་དུ་བསྒོམ་མོ། །ཆོས་རྣམས་ནམ་མཁའ་ལྟ་བུ་དེ་ནི་རྣམ་པར་ཤེས་པ་དྲུག་གིས་ཀྱང་མི་དམིགས་པས་འཛིན་པ་རང་བཞིན་མེད་པ་མི་བསྐྱོད་པས་རྒྱས་གདབ་པོ། །དེའི་མཚན་ཉིད་ནི་ཆོས་སེམས་ཀྱང་མ་ཡིན་ཆོས་ཉིད་སེམས་ཀྱི་སྟོང་པ་ཡང་མ་ཡིན་ན་ནམ་མཁའ་ལྟ་བུར་གཟུང་འཛིན་གོས་པ་མེད་ཅིང་གཞི་ལྔ་པོ་དངོས་པོ་མེད་པས་མཚན་ཉིད་གསུམ་དུ་གནས་པ་མེད་པ་རྡོ་རྗེ་སེམས་དཔའི་རྒྱས་བཏབ་པ་བསྒོམ་པར་བྱའོ། །ཅིའི་ཕྱིར་བསྒོམ་ཞེ་ན། གང་དུ་སྙིང་གི་པདྨ་ཁ་སྦྱོར་ཞེས་པ་ནི། སྙིང་གའི་ཆོས་ཀྱི་འཁོར་ལོ་རྩ་བརྒྱད་དང༌། ལྟེ་བ་དྲུག་ཅུ་རྩ་བཞི་ཁ་སྦྱར་པའི་དབུས་ན་གསལ་ཞེས་བྱ་བ་གཏུམ་མོ་དྲོད་དེ། ཕྲ་བར་བལྟ་བ་ནི་རྩ་དབུ་མ་ཆུ་ཤིན་གྱི་སྙིང་པོ་ལྟར་དྲང་བ། ཏིལ་གྱི་མར་མེ་ལྟར་གསལ་བ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། པདྨའི་སྐུད་པ་ལྟར་ཕྲ་བ་ལ་བལྟ་བའོ། །རང་འབྱུང་བ་ནི་སྤྱི་གཙུག་ནས་བྱང་ཆུབ་ཀྱི་སེམས་བབས་པས་དབང་པོ་དྲུག་བདེ་པར་མྱོང་བའི་དགའ་བའི་སེམས་འཇུག་པ་དང༌། ཡུལ་དྲུག་བདེ་བར་མྱོང་བ་མཆོག་


DTG018_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགའི་སེམས་འཇུག་པ་དང༌། རྣམ་པར་ཤེས་པ་དྲུག་བདེ་བར་མྱོང་བ་ལྷན་ཅིག་སྐྱེས་དགའི་སེམས་འཇུག་པ་ཁམས་གསུམ་མ་ལུས་པ་འདུས་མ་བྱས་པ་དང༌། གཉིས་སུ་མེད་པའི་ཉེ་བར་འགྲོ་ཞིང་རྟོགས་པས་རང་རིག་པ་མངོན་སུམ་དུ་གསལ་པའི་ཆོས་ཀྱི་དབྱིངས་སེམས་ཀྱི་སྟོང་ཉིད་དེ་ལ་བདག་འཚལ་ལོ། །ཀླུ་གྲུབ་ཀྱི་ཞལ་སྔ་ནས་ཀྱང༌། །ཇི་ལྟར་ཆུ་ལ་ཆུ་བཞག་དང༌། ཇི་ལྟར་མར་ལ་མར་བཞིན་དུ། །དེ་ལྟར་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་བཤད་དོ། །སོ་སོ་སྐྱེ་བོ་ཡིད་ཀྱི་རྣམ་ཤེས་ཀྱི་ངེས་པ་མ་དྲངས་པར་རང་རིག་པ་སྟོང་ཉིད་ལ་ཚད་མར་ཇི་ལྟར་འགྱུར་ཞེ་ན། ལན་དུ། དབང་པོ་གཡོ་བའི། རྟ་ཀུན་ནང་དུ་ངེས་སྦྱར་བའི། །ཞེས་པ་ནི་དབང་པོ་ཡུལ་དྲུག་ལ་གཡོ་བའི་རྟ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡིན་ལ། དེ་ཀུན་སྲོག་ཨ་བ་དྷཱུ་ཏཱིའི་ནང་དུ་བཅུག་ནས་ངེས་པའི་རྣལ་འབྱོར་དུ་འགྱུར་ཏེ། རྩ་བའི་རྒྱུད་འདི་ལས་ཀྱང་བསྡུས་པས་ཕྱི་མའི་རྒྱུད་ལས། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒོམ་པར་བྱ། །ཞེས་གསུངས་སོ། །ཡེ་ཤེས་རྒྱལ་བ་མ་ལུས་འདུས་པའི་སྣོད་གྱུར་པ་ནི། དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་ས་བཅུ་གཅིག་གི་ཡེ་ཤེས་དབུགས་བཀག་ནས་འདོད་པའི་ཁམས་ཀྱི་སེམས་རང་བཞིན་བརྒྱད་ཅུ་བཀག་པའི་མཚུངས་པ་དེ་མ་ཐག་པའི་རྐྱེན་དང༌། གཏུམ་མོ་དྲོད་དམིགས་པའི་རྐྱེན་དང༌། སྤྱི་གཙུག་གི་བྱང་ཆུབ་ཀྱི་སེམས་དབང་པོ་བདག་པོའི་རྐྱེན་ལས་རྣམ་པར་ཤེས་པ་བསམ་གཏན་གྱི་དགའ་བདེ་སྐྱེས་ལ། དེ་ལས་ཁམས་གསུམ་མ་ལུས་པ་ལས་འདས་པ་འདུས་མ་བྱས་དང༌། གཉིས་སུ་མེད་པ་མངོན་གསུམ་གྱིས་ཉེ་བར་རྟོགས་ནས་འདུས་མ་བྱས་མཐོང་པའི་ཡེ་ཤེས་ནམ་མཁའ་དང་འདྲ་བ་ཁམས་གསུམ་གྱི་གཟུང་འཛིན་དྲི་མ་དང་བྲལ་བས་དཔལ་རྡོ་རྗེ་འཆང་དུ་འགྱུར་རོ། །སྙིང་གའི་ཁ་སྦྱོར་གྱི་མིང་ཅི་ཞེ་ན། སངས་རྒྱས་རྗེས་དྲན་སྦྱོར་བ་ཡིས། །ཞེས་བྱ་སྟེ་སྙིང་གའི་རྩ་བརྒྱད་སངས་རྒྱས་ཡབ་ཡུམ་བརྒྱད། དབུ་མ་དཔལ་ཧེ་རུ་ཀ་ཡིན་ཏེ་དེ་ཡང་སངས་རྒྱས་སྤྱན་དང༌། ཆུའི་རྩ་མཱ་མ་ཀཱི་དང༌། མེའི་རྩ་གོས་དཀར་མོ། །རླུང་གི་རྩ་སྒྲོལ་མ། བཤང་བའི་དངས་མ་རྒྱུ་བའི་རྩ་རྣམ་སྣང༌། ལྕི་བའི་དངས་མ་འབྱུང་བའི་རྩ་རིན་འབྱུང༌། ཁྲག་གི་དངས་མ་རྒྱུ་བའི་རྩ་སྣང་


DTG018_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་མཐའ་ཡས། ཤའི་དངས་མ་རྒྱུ་བའི་རྩ་དོན་ཡོད་གྲུབ་པ། དབུས་མ་བྱང་ཆུབ་སེམས་དང་མཁའ་རྒྱུ་བའི་རྩ་ཧེ་རུ་ཀའོ། །དེ་ནི་སངས་རྒྱས་རྗེས་སུ་དྲན་པའི་སྦྱོར་བ་རྒྱུད་ཀྱི་རིམ་པའོ། །ཆོས་རྗེས་སུ་དྲན་པའི་སྒོམ་པ་ནི་གཏུམ་མོ་དྲོད་དེ། གཡས་གཡོན་གྱི་རྩ་སྲུབ་ཐག །དབུ་མ་ཨ་ཝ་དྷཱུ་ཏཱིའི་སྲུབ་ཤིང༌། ཁྲག་གི་ཐིག་ལེ་གཙུབ་སྟན། དབུགས་འབྱུང་རྔུབ་བཀག་ནས་གཙུབས་པ་ལས་གཏུམ་མོ་དྲོད་ཡིན་ནོ། །ལྟེ་བ་ནས་འབར་བ་ལས་འཁོར་ལོ་བཞི་བསྲེགས་པ་ནི་ཆོས་རྗེས་སུ་དྲན་པའི་སྦྱོར་བ་ལུས་ཀྱི་ཁམས་ཉིད་ཤུ་བཞིའི་བར་དུ་བསྲེགས་པ་ནི། ཆོས་ཀྱི་སྐུར་ནི་བདག་འགྱུར་ཏེ། །ཞེས་བྱ་སྟེ་སུ་ཆུ་ལ་ཐིམ་པས་སྨིག་རྒྱུ་ལྟ་བུའི་རྟགས་དང༌། ཆུ་མེ་ལ་ཐིམ་པས་དུ་བ་ལྟ་བུའི་རྟགས་དང་མེ་རླུང་ལ་ཐིམ་པས་སྲིན་བུ་མེ་ཁྱེར་ལྟ་བུའི་རྟགས་དང༌། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནམ་མཁའ་སྟོང་པ་ལྟ་བུའི་རྟགས་འབྱུང་བ་ནི། ཆོས་ཀྱི་སྐུའི་བདག་ཉིད་དུ་གྱུར་པ་ཡིན་ནོ། །དེས་སྤྱི་གཙུག་ནས་བྱང་ཆུབ་ཀྱི་སེམས་ཕབ་ནས་སྙིང་གའི་དབུས་ན་འབྱུང་བ་ལྔ་དང་བདུད་རྩི་ལྔ་གཅིག་ཏུ་གྱུར་པའི་ཐིག་ལེ་ནི། དགེ་འདུན་དཀོན་མཆོག་དེ་ལས་མངོན་སུམ་གྱིས་ཤེས་པའི་གསལ་བྱེད་དགའ་བ་མཆོག་དགའ་ལྷན་ཅིག་སྐྱེས་དགའི་རྣམ་པར་ལྷན་ཅིག་ཤེས་པ་ལ་ཡེ་ཤེས་ཀྱི་མཆོག་བདེ་བ་སྟོང་པ་ཉིད་ས་བཅུ་གཅིག་གི་དེ་ཁོ་ན་ཉིད་ཀྱི་མན་ངག་ཤེས་པ་རྣམས་ཀྱིས་བླ་མ་དམ་པའི་མན་ངལ་ལ་བརྟེན་ནས་ཤིན་ཏུ་བསྒོམས་པ་གོམས་པ་ལས། ས་ཐོབ་པའི་རྟགས་དགུ་འབར་བ་ལ་སོགས་པ་འོག་ནས་ལེའུ་ལྔ་བཅུ་རྩ་དྲུག་པ་ལས་བཤད་པའི་ཡོན་ཏན་སྐྱེ་བར་ཐེ་ཚོམ་མེད་དོ། །རྣལ་འབྱོར་པས་དུས་ཡུན་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་དུ་བཞིན་དུ་སྙིང་ལ་གནས་པའི་ཐིག་ལེ་རླུང་བཀག་པས་ཡི་གེས་རྗོད་དུ་མེད་པ་རྣལ་འབྱོར་པའི་སྐྱེས་བུས་དེ་བསྒོམས་ན་ས་བཅུ་གཅིག་གི་ཡེ་ཤེས་སྐྱེ་བ་ལ་ཐེ་ཚོམ་མེད་དོ། །སེམས་ཅན་རྗེས་རྗེས་དྲན་སྦྱོར་བ་ཡིས། །སེམས་ཅན་རྗེས་དྲན་བསྒོམ་པར་བྱ། །ཞེས་པ་ནི་ཀླུ་སྒྲུབ་ལུགས་ཀྱིས་སེམས་ཅན་རྗེས་དྲན་ནི་སེམས་སྒྱུ་མ་ལྟ་བུ་བདག་བྱིན་གྱིས་རློབ་པ་དྲན་པ་དང༌། སེམས་འོད་གསལ་བ་སྟོང་པ་ཉིད་དྲན་པ་དང༌། སེམས་ཟུང་འཇུག་པ་བདེ་བ་ཆེན་པོ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །རྗེས་སུ་དྲན་ཞེས་པ་ནི་མངོན་སུམ་


DTG018_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་ཚད་མ་ཡིན་ནོ། །བློ་གྲོས་ཆེན་པོས་མཐོང་རྣམས་ཀྱི། །རྣམ་པ་ཐམས་ཅད་ཅིག་ཅར་ངེས། །ཞེས་པས་དྲན་པའི་ངེས་པ་དྲངས་པའི་ཚད་མ་ཡིན་ནོ། །སེམས་ཅན་རྗེས་དྲན་ཆོས་ཀྱིས་ནི། །ཆོས་ཀྱི་སེམས་དཔའ་བསྒོམ་པར་བྱའོ། །ཞེས་པ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་སེམས་ཅན་གྱི་དོན་བྱེད་པའི་ཆོས་ཀྱི་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་བཞིན་དུ་འགྲོ་བ་མི་གཏོང་བའི་ཐུགས་རྗེ་ཆེན་པོ་བསྒོམ་པར་བྱ་ཞེས་བའོ། །ཚིགས་བཅད་འདི་རྣམས་ཀྱི་འབྲེལ་བ་ནི་དེ་ཁོ་ན་ཉིད་ཀྱི་མན་ངག་ཅེས་བྱ་བའི་སྒྲུབ་པའི་ཐབས་བྱས་པ་དེ་ཡང་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱི་དགོངས་པ་ནི་བསྐྱེད་རིམ་ལྔ་བཅུ་རྩ་དྲུག་གིས་སྐྱོན་སེམས་ངལ་གསོ་བའི་ཐབས་རྫོགས་པའི་རིམ་པ་བདེ་བ་སྟོང་པ་ཉིད་བསྒོམས་པར་ངེས་པའོ། །དེ་ལྟར་སྔོན་དུ་འགྲོ་བའི་རྣལ་འབྱོར་ལྔ་རྫོགས་ནས། རྟེན་དང་བརྟེན་པའི་དང་པོ་སྦྱོར་བ་འབྱུང་བ་བཞིའི་རི་རབ་གཞལ་ཡས་ཁང་དང་བཅས་པ་བསྐྱེད་པ་ནི་དོན་དམ་པའི་སྟོང་པ་ཉིད་ཡིན་ཡང་སྙིང་རྗེའི་བདག་ཉིད་ཀྱིས་སེམས་ཅན་ལ་ཕན་གདགས་པའི་ཕྱིར་བྱང་ཆུབ་ཏུ་སེམས་སེམས་བསྐྱེད་པའི་རིམ་བ་སྨོན་ལམ་གྱི་དབང་གིས་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ཁ་དོག་སྔོན་པོ་ཟུར་བཞི་པ་བ་དན་གྱིས་མཚན་པ། རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བའི་ཕྲེང་བས་དཀྲིགས་པ་གྲུ་གསུམ་དུ་རྡོ་རྗེས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་བྱུང་བའི་སའི་དཀྱིལ་གྲུབ་ཞི་སེར་པོ་སྣ་ཚོགས་རྡོ་རྗེ་མཚན་པ། དེའི་སྟེང་དུ་སུཾ་ལས་བྱང་བའི་རི་རབ་ཟུར་བཞི་པ། ཤར་ཤེལ། ལྷོ་བཻ་ཌཱུ་ཪྻ། ནུབ་པདྨ་རཱ་ག །བྱང་གསེར་གྱི་ཁ་དོག །ཕྱོགས་བཞི་མཚམས་བརྒྱད་ཀྱི་རྩེ་མོ་མཐོ་བ། དེའི་སྟེང་དུ་བྷྲཱུཾ་ལས་རྣམ་པར་སྣང་མཛད་འཁོར་ལོ་དང་དྲིལ་བུ་བསྣམས་པ་ཡོངས་སུ་གྱུར་པ་ལ་ལས་སྐུའི་འཁོར་ལོ་གཞལ་ཡས་ཁང་སྟེང་དུ་བརྩེགས་པ་ཚད་མེད་པ་བཞི་ཟུར་བཞི་དང༌། རྣམ་པར་ཐར་པའི་སྒོ་བཞི་དང༌། བསམ་གཏན་བཞི་དང་རྟ་བབས་བཞིས་བརྒྱན་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོངས་པའི་དྲ་བ་དྲ་ཕྱེད་ཀྱིས་མཛེས་པ་ཡེ་ཤེས་བཞིའི་སྣང་པའི་བ་དན་བཞི་དང༌། བྱང་ཆུབ་ཀྱི་ཡན་ལ་ག་མེ་ཏོག་ཕྲེང་བས་བརྒྱན་པ། ཟུར་དང་སྒོ་ཁྱུད་ཀྱི་མཚམས་སུ་རྡོ་རྗེ་རིན་པོ་ཆེས་བརྒྱན་པ། ཕྱིའི་དཀྱིལ་འཁོར་ཐིག་གདབ་པོ། །ཞེས་བྱ་


DTG018_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ནི་སྔོན་བྱུང་སྤྲུལ་པ་དང༌། རྗེས་འཇུག་བྲི་བ་གཉིས་ཀ་ཟིན་པར་དགོངས་སོ། །དེའི་ནང་དུ་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་འཁོར་ལོའི་ཕྲེང་བས་བསྐོར་བ། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ཤར་སྔོ་བ་ལྷོ་སེར་བ་ནུབ་དམར་བ་བྱང་ལྗང་བ། མཚམས་ཕྱེད་གཟུགས་ཀྱི་པདྨ་གྲི་གུག་གི་ཕྲེང་བས་བསྐོར་བར་བསམ་མོ། །རྟེན་གྱི་དང་པོ་སྦྱོར་བ་བསྟན་ནས་ནས་བརྟེན་པ་ལྷའི་དང་པོ་སྦྱོར་བ་ནི། ཟླ་བ་མེ་ལོང་ཡེ་ཤེས་ཀཱ་ལི། ཉི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཨཱ་ལི། ཧཱུཾ་བཾ་གཉིས་དང་པོ་རྡོ་རྗེ་དང་གྲི་གུག་སོ་སོར་རྟོག་པ། འོང་ཟེར་སྤྲོ་བསྡུ་བྱ་བ་ནན་ཏན་ལ་སོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུའི་ཧེ་རུ་ཀ་རྡོ་རྗེ་སེམས་དཔའ་རིམ་མ་དད་བཅས་པ་མདུན་དཀར་བ། གཡས་སེར་བ། རྒྱབ་དམར་བ། གཡོན་ལྗང་བ། མདུན་མ་ཞི་བའི་ཉམས་ཀྱི་ཞལ། གཡས་དགོད་པའི་ཉམས་ཀྱི་ཞལ། རྒྱབ་ཁྲོ་བའི་ཉམས། གཡོན་འཇིགས་སུ་རུང་བའི་ཉམས། ཕྱག་དང་པོ་རྡོ་རྗེ་དང་དྲིལ་བུས་འཁྱུད་པ། གཡས་གཡོན་གྱི་གཉིས་པས་ཚངས་པའི་པགས་པ་བསྣམས་པ། གཡས་གཡོན་གྱི་གསུམ་པ་ནི་གྲི་གུག་དང་ཐོད་པ། གཡས་གཡོན་གྱི་བཞི་པ་ན་ཅང་ཏེའུ་དང་ཁ་ཊྭཱཾ་ག །གཡས་གཡོན་གྱི་ལྔ་པ་ན་དགྲ་སྟ་དང་ཞགས། གཡས་གཡོན་གྱི་དྲུག་པ་ན་མདུད་དང་ཚངས་པའི་མགོ་བོ་སྟེ། ཕྱག་བཅུ་གཉིས་པ། སེམས་དཔའི་སྐྱིལ་ཀྲུང་ཅན། དབུ་རྒྱན་རུས་པ་ལས་བྱས་པའི་སངས་རྒྱས་ལྔའི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་སྤྲས་པའི་མཚན་དང་དཔེ་བྱད་ཅན་ནོ། །ནམ་མཁའ་དང་མཉམ་པའི་རྒྱུད་ལས་རྡོ་རྗེ་བསྒོམ་པའི་ཤེས་རབ། དྲིལ་བུ་ཐོས་བསམ་གྱི་ཤེས་རབ། ཚངས་པའི་པགས་པ་བཟོད་པ། གྲི་གུག་ཡེ་ཤེས། ཐོད་པ་ཐབས་མཁས་པ། ཅང་ཏེའུ་སྨོན་ལམ། ཁ་ཊྭཱཾ་ག་བསམ་གཏན། དགྲ་སྟ་ཚུལ་ཁྲིམས། ཞག་པ་བརྩོན་འགྲུས། མདུང་སྤྱིན་པ། ཚངས་པའི་མགོ་བོ་སྟོབས་ཏེ་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་ལས་བྱུང་བ་ཡིན་ནོ་ཞེས་གསུངས་པས་དཀྱིལ་འཁོར་བ་ཐམས་ཅད་ཀྱི་ཕྱག་བཅུ་གཉིས་ནི་དོན་དང་སྦྱར་རོ། །དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཡེ་ཤེས་སེམས་དཔའ་ཞལ་བཞི་ཕྱག་བཅུ་གཉིས་པ་དེའི་ཐུགས་ཀར་ཟླ་བའི་རྡོ་རྗེའི་དམ་ཚིག་ཅན་ཏིང་ངེ་འཛིན་སེམས་དཔའ་སྟེ་སེམས་དཔའ་སུམ་བརྩེགས་སོ། །


DTG018_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་སེམས་དཔའི་ཅོད་པན་གྱི་དབུས་སུ་རྡོ་རྗེ་འཛིན་བ་ཇི་ལྟར་ཐབས་ལ་ཕྱག་རྒྱ་དྲུག་ཡོད་པ་བཞིན་དུ་ཤེས་རབ་དེ་ལ་ཕྱག་རྒྱ་ལྔས་བྱིན་གྱིས་བརླབས་པས་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཀ་པཱ་ལ་བསྣམས་པའོ།།ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་གྱི་ཞལ་ནས་ཞུགས་པས། ལྐོག་མ་དང་སྙིང་ག་ལྟེ་བར་སྲིད་པ་བར་དོར་འོད་ཟེར་དཀར་དམར་ཡབ་ཡུམ་གྱི་མཁའ་གསང་གི་གནས་སུ་རིགས་ཀྱི་དབྱེ་བས་ཕྱེ་བའི་ཡེ་ཤེས་ཀྱི་ལྷ་མོ་བཞི། སྐུའི་འཁོར་ལོ་ཡབ་ཡུམ་བཅུ་དྲུག་དམ་ཚིག་གི་ལྷ་མོ་བརྒྱད་དེ་ཉི་ཤུ་རྩ་བརྒྱད་མང་ལ་སྐྱེས་ཀྱི་དཀྱིལ་འཁོར་གྱི་གནས་ལ་བཀོད་པ་ནི་ཡབ་ཡུམ་གྱི་རྡོ་རྗེ་དབྱིངས་ཀྱི་རྒྱུ་ལས་ལྷ་ཉི་ཤུ་རྩ་བརྒྱད་སྲས་ཀྱི་ཚུལ་དུ་བསྐྱེད་པ་ནི་དབང་ཕྱུག་མཆོག་ཅེས་བྱའོ། །དེ་ལྟ་བུའི་རྒྱུའི་ཧེ་རུ་ཀ་ལོངས་སྐུས་མངལ་སྐྱེས་ཀྱི་འཁོར་གྱི་ལྷ་མོ་སྤྲུལ་ནས་བདེ་བ་ཆེན་པོ་ཆོས་ཀྱི་སྐུར་ཡབ་ཡུམ་གྱི་མཁའ་གསང་གི་ཐད་ཀར་སྐུ་གཉིས་ཉི་ཟླའི་ཐིག་ལེར་ཞུ་བ་ལས་ལྷ་མོ་རྣམས་ཀྱི་གླུས་བསྐུལ་བ་ནི་སྐུའི་འཁོར་ལོ་ས་འོག་ནས་གནས་པའི་དབང་པོ་བརྒྱད་དང༌། རྣལ་འབྱོར་མ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ཆགས་པའི་མིག་གིས་བལྟ་བ་དང༌། ལག་པ་བསྐྱོད་པའི་གར་དང་ངག་གི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་པ་ནི། ཡུམ་བཞིས་བདེ་བར་གཤེགས་པ་བདེ་བ་ཆེན་པོ། རབ་དགའ་བདེ་ཆེན་མཆོག་ཐོབ་མཛོད། ཨ་ལ་ལ་ལ་ཧོ་ཞེས་བརྗོད་པ་དང༌། ཡང་སྐུའི་འཁོར་ལོའི་ལྷ་མོ་བརྒྱད་ཀྱིས་ཀྱང་ཚིག་དེ་རང་གི་གླུ་བླངས་པ་དང༌། ཡང་དམ་ཚིག་གི་ལྷ་མོ་རྣམས་ཀྱིས་དེ་ཉིད་གླུ་བླངས་པའི་ཚིགས་བཅད་ཕྱེད་དང་གཉིས་སུ་འགྱུར་རོ། །གླུ་འདི་བླངས་པ་ཅམ་གྱིས་ཁམས་གསུམ་གྱི་སྲིད་པ་ལས་གྲོལ་བའི་ཆོས་ནི་སྐུའི་བདེ་བར་གཤེགས་པ་སྒྲིབ་པ་རྣམ་གཉིས་སྤངས་པའི་དག་པ་ཆེན་པོ་ཡང་དཀྱིལ་འཁོར་གྱི་གཙོ་བོའི་ཚུལ་དུ་ཡང་བརྟག་པར་བྱའོ། །རྣལ་འབྱོར་པ་ཁ་ཅིག་ག་མོས་པའི་དབང་གིས་མངལ་སྐྱེས་ལ་དགའ་བས་འཁོར་སྔོན་དུ་སྐྱེས་པ་ཆོས་ཀྱི་སྐུ་ལ་སྤྲུལ་སྐུའི་དཀྱིལ་འཁོར་མངལ་སྐྱེས་ཡིན་ནོ། །དེ་ནས་དེ་མ་ཐག་པའི་ཞེས་པའི་སྐུའི་མཁའ་འགྲོ་མ་སྤྲུལ་པའི་སྐུ་ལ་སྔར་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་འཁོར་དང་བཅས་པ་གཡས་བརྐྱང་པས་བཞུགས་པ། མདུན་དཀར་པ། གཡོན་སྔོ་བ། གཡས་སེར་བ། རྒྱབ་དམར་བ། འཁོར་ལོ་དང་དྲིལ་བུས་འཁྱུད་པ། སྔར་


DTG018_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་རྡོ་རྗེ་སེམས་དཔའི་རིམ་གྱིས་ཕྱག་དང་ཕྱག་མཚན་འཛིན་པ་ཞེས་བྱ་བ་ནས་དགྱེས་པ་རོལ་པས་ཁྱབ་པར་བཞུགས་སོ་ཞེས་བྱ་བ་ནི་གོ་སླ་བས་མ་བཤད་དོ། །དེ་ལྟར་གཙོ་བོ་བསྐྱེད་པ་ནི་བསྙེན་པ། ལུས་ཀྱི་དཀྱིལ་འཁོར་སྒྲུབ་པ། ཡེ་ཤེས་སེམས་དཔའ་འཇུག་པ་དང༌། གོ་བསྐོན་པ་ལ་སོགས་པ་སྒྲུབ་པ་ཆེན་པོ་ཡིན་ནོ་ཞེས་ལེའུ་བཅུ་བཞི་པ་ལས་གསུངས་སོ། །རྒྱུའི་ཧེ་རུ་ཀ་བསྐྱེད་པ་དང་པོ་སྦྱོར་བ། ལྷ་མོ་བསྐྱེད་པ་དང་ཞུ་བ་དང་གླུས་བསྐུལ་པ་དང་འབྲས་བུའི་ཧེ་རུ་ཀ་བསྐྱེད་པ་དང༌། ལུས་ཀྱི་འཁོར་ལོ་དང་སྤྲུལ་པའི་འཁོར་ལོ་རྣམས་ནི་དཀྱིལ་འཁོར་རྒྱལ་མཆོག་ཡིན་ནོ། །ཡེ་ཤེས་སེམས་དཔའ་གཞུག་པ་དང་པོ་གོ་ཆ་བསྐོན་པ་ལ་སོགས་པ་ནི་ལས་ཀྱི་རྒྱལ་མཆོག་ཡིན་པས་མངལ་སྐྱེས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གསུམ་དེ་ལྟར་ཤེས་པར་བྱའོ། །ལུས་ཀྱི་དཀྱིལ་འཁོར་གྱི་ཁམས་དང་ཕུང་པོ་དང་སྐྱེ་མཆེད་རྣམས་བྱིན་གྱིས་བརླབ་པའི་མིང་དང་སྐུ་མདོག་དང་ས་བོན་ནི་བཤད་མི་དགོས་སོ། །ཐམས་ཅད་ཀྱང་གི་གུག་དང་ཀ་པཱ་ལ་བསྣམས་པར་ཤེས་པར་བྱའོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ས་བོན་དང་སྐུ་མདོག་དང་ཕྱག་མཚན་དང་གནས་རྣམས་ནི་རྒྱུད་ལས་གསལ་ལ། ཕྱག་མཚན་ཉིད་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །མིག་ལ་སོགས་པའི་དབང་པོ་དྲུག་ནི་ས་བོན་དང༌། སྐུ་མདོག་དང་མིང་རྒྱུད་ལས་གསལ་ལ་ཕྱག་མཚན་དང་གནས་ནི་སྔར་བཤད་པ་བཞིན་ནོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། དབུས་ཀྱི་གཙོ་བོ་ཡབ་ཡུམ་ཡིན་པར་རྒྱུད་ལས་གསལ་ལོ། །ཡེ་ཤེས་ཀྱི་ལྷ་མོ་བཞི་དང་མཚམས་ཀྱི་བུམ་པ་བཞི་ནི་རྒྱུད་ལས་གསལ། གྲི་གུག་གི་ཕྲེང་བས་བསྐོར་བར་བྱའོ་ཞེས་ཁ་བསྐང་ངོ༌། །ཕྱི་རོལ་གྱི་རྩིབས་བས་བརྒྱད་ཀྱི་འཁོར་ལོའི་མིང་དང༌། དཔའ་བོ་དང་དཔའ་མོའི་མིང་དང༌། སྐུ་མདོག་དང་ཕྱག་མཚན་ནི་རྒྱུད་ལས་གསལ། འཁོར་ལོའི་ཕྲེང་བས་བསྐོར་བ་ཁ་བསྐང་ངོ༌། །དམ་ཚིག་གི་ལྷ་མོ་རྣམས་ཀྱི་ཤར་དང་བྱང་དང་ནུབ་དང༌། ལྷོ་སྒོའི་མིང་དང་སྐུ་མདོག་དང་ཕྱག་མཚན་ནི་རྒྱུད་ལས་གསལ། མཚམས་ཀྱི་ལྷ་མོ་རྣམས་ཀྱང་རྒྱུད་ལས་གསལ་ཏེ། རང་རང་གི་གཟུགས་ཅན་གྱི་རོའི་གདན་ལ་བཞུགས་པར་ཁ་བསྐང་ངོ༌། །དཔའ་བོ་དང་དཔའ་མོ་འདི་དག་ཐམས་ཅད་ཀྱི་དཔྲལ་བར་མེ་ལོང་ལྟ་བུའི་ཡེ་ཤེས་


DTG018_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱུང་བའི་རྟག་སུ་འཁོར་ལོའི་ཕྲེང་བ་ཅན་ནོ། །དུར་ཁྲོད་བརྒྱད་དང་རྡོ་རྗེ་ར་བ་དང༌། མེ་འོད་ནི་ལེའུ་བཅུ་པ་ལས་ཁ་བསྐོང་ངོ༌། །སྐུའི་འཁོར་ལོའི་གླུས་བསྐུལ་བ་ནི་འདིར་བཤད་ཀྱང་སྐྱེ་བ་དང་བསྒོམ་པའི་གོ་རིམས་ཀྱི་སྔར་བསྟན་ཏོ། །དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་བཤད་ནས། ལས་ཀྱི་རྒྱལ་མཆོག་ནི་སྙིང་གར་ཧྲཱིཿལས་པདྨ་འདབ་མ་བརྒྱད་པ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཧཱུཾ་ལས་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕེཾ་ཕེཾ་གྱི་སྔགས་དང་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས་ནས། ནམ་མཁའ་ལ་བལྟ་སྟེ། རྐང་པ་བརྒྱད་ཀྱིས་སྤྲུལ་པའི་ལྷ་མོ་བརྒྱད་ཀྱིས་མཆོད་ལ། དཔའ་བོ་དང་དཔའ་མོའི་སྔགས་ཀྱིས་བསྟོད་པ་བྱས་ནས། ཡེ་ཤེས་སེམས་དཔའ་དེ་ཉིད་ཀྱིས་དབང་བ་སྐུར་ནས། སྙིང་གའི་ཕྱག་རྒྱ་དང་ཨོཾ་ཡོ་ག་ཤུདྡྷཿ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ་གིས་བཅུག་ལ་བསྒོམ་པར་བྱའོ། །ཕྱིར་བཤད་པའི་རྒྱུད་འདི་ལ་བསྒོམ་པ་བཅུ་ཐམ་པ་སྣང་སྟེ། དེ་ལས་འདིར་གཙོ་བོའི་ཐུགས་ཀ་ནས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་སྤྲོ་བ་དང་བསྡུ་པའི་སྦྱོར་བ་བསྒོམས་ཏེ་དེ་ཡང་ཐུན་དང་པོར་སྤྲོས་ནས། ཐུན་མཚམས་སུ་ལྡང་བའི་ཆོ་ག་སྙིང་གར་བསྡུས་པས་དངོས་པོ་མེད་པར་བསྒོམ་མོ། །སྤྲོས་ནས་ལྷའི་འཁོར་ལོ་གནས་པའི་ཚེ། རྣལ་འབྱོར་པས་མ་ནོར་བར་བཟླས་པ་འཁོར་ལོ་ཁྲི་དང་གཙོ་བོ་ལ་འབུམ་ཉིན་ཞག་རེ་རེར་བཟླ་བར་བྱའོ། །བསྒོམས་པ་དང་བཟླས་པའི་འབྲས་བུ་སྐྱེ་བ་འདི་ཉིད་ལ་མངོན་བར་ཤེས་པ་དྲུག་འཐོབ་པས་རྫུ་འཕྲུལ་གྱི་ལུས་འགྲུབ་སྟེ། མཁའ་སྤྱོད་སངས་རྒྱས་ཀྱི་ཞིང་ཁམས་སུ་གནས་པར་ཐེ་ཚོམ་མེད་དོ། །དེ་ལ་རྒྱུད་འདི་ལས་སྤྲོ་སྡུ་བསྒོམ་པ་དང་གཙོ་བོ་ཡབ་ཡུམ་འབའ་ཞིག་བསྒོམ་པ་དང༌། འཁོར་དང་བཅས་པར་བསྒོམ་པ་དང༌། སྤྲུལ་པའི་འཁོར་ལོའི་ལྷ་བསྒོམ་པ་དང་སེམས་ཀྱི་འཁོར་ལོ་རྣམ་དག་བསྒོམ་པ་དང༌། ལུས་ཀྱི་འཁོར་ལོ་རྩ་དང་ཁམས་ཀྱི་རང་བཞིན་བསྒོམ་པ་དང༌། ཡབ་ཡུམ་གྱི་མཁའ་གསང་གི་གནས་སུ་ཡུང་ས་ཀར་གྱི་འབྲུ་ཙམ་གྱི་ལྷ་ཕྲ་མོའི་དཀྱིལ་འཁོར་བསྒོམ་པ་དང༌། ལྷ་ཐམས་ཅད་ཞུ་བའི་ཐིག་ལེ་བསྒོམ་པ་དང༌། ཕྲིན་ལས་རྣམ་བཞིའི་ཁ་དོག་ཏུ་བསྒྱུར་ནས་བསྒོམ་པ་དང༌། སེམས་དཔའ་སུམ་བརྩེགས་ཀྱི་ཏིང་ངེ་འཛིན་སེམས་དཔའ་བསྒོམས་ལ་བསྐྱེད་པའི་རིམ་པ་ནི་བསྒོམ་པ་བཅུའི་ཡིན་ལ། རྫོགས་པའི་རིམ་པ་ནི་རྒྱུད་འདི་ནས་རྩ་བསྒོམ་པ་དང༌། རླུང་བསྒོམ་


DTG018_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དང༌། ཐིག་ལེ་བསྒོམ་པ་དང༌། དྲོད་བསྒོམ་པ་དང༌། བྱང་ཆུབ་སེམས་བསྒོམ་པ་དང༌། མཚན་བཅས་བསྒོམ་པ་དང་ལྔ་ཡིན་ལ། ཡེ་ཤེས་ཀྱི་ཚོགས་དོན་དམ་པའི་བདེན་པ་སྒྱུ་མ་ལྟ་བུ་དང༌། འོད་གསལ་སྟོང་པ་ཉིད་བསྒོམ་པ་དང༌། ཟུང་འཇུག་བསྒོམ་པ་དང་གསུམ་སྟེ། སྲོག་ཨ་ཝ་དྷཱུ་ཏཱིར་འཇུག་པའི་ཐབས་བསམ་གཏན་བསྒོམ་པ་ནི་ལྔ་ཡིན་ལ། ཡེ་ཤེས་ཀྱི་ཚོགས་དོན་དམ་པའི་བདེན་པ་བསྒོམ་པ་ནི་གསུམ་ཡིན་ལ། དེ་ལྟར་བསྐྱེད་པའི་རིམ་པ་ནི་བཅུ་ཡིན་ལ། རྫོགས་པའི་རིམ་པ་ནི་བརྒྱད་ཡིན་པས་སྤྱིར་བསྒོམ་པའི་བྱེ་བྲག་བཅོ་བརྒྱད་ཡིན་ནོ། །བཟླས་པ་ནི་བསྐྱེད་པའི་རིམ་པ་ལ་བཞི་སྟེ། རྫོགས་པའི་རིམ་པ་ནི་གཅིག་ཡིན་ཏེ། སྤྲོ་བསྡུ་བསྒོམ་པས་བཟླ་བ་དང༌། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་ནས་ལྟོ་བ་ནས་མགལ་མེའི་འཁོར་ལོ་ལྟར་བཟླ་བ་དང༌། སྙིང་གར་ཡི་གེའི་འཁོར་ལོ་ཡི་གེ་བདུན་པའམ། ཉི་ཤུ་རྩ་གཅིག་པའམ། བཅུ་གསུམ་པའམ། གོ་ཆའི་སྔགས་ཀྱི་འཁོར་ལོ་རྩིབས་ལྔ་པའམ། རྐང་པ་བརྒྱད་པའམ། རྡོ་རྗེ་རོལ་པ་རྟའི་འགྲོས་སམ། ཡི་དགས་སྲིན་པོའི་གདོང་ངམ། གཤིན་རྗེ་དབྱུག་པ་འཆང་བའམ། མ་མོ་རིགས་ལྡན་མའི་འཁོར་ལོ་ལྟར་བཟླ་བ་དང༌། ཡང་ན་ལྕེ་པདྨའི་འདབ་མ་ལ་ཟླ་བ་རྡོ་རྗེའི་ཟློ་བ་དང་བཞི་ཡིན་ནོ། །རྫོགས་པའི་རིམ་པ་ནི་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པ་གཅིག་པུ་ཡིན་ནོ། །ཨ་ཝ་དྷཱུ་ཏཱིར་ཆུད་པ་ལ་དབྱེ་ན་ལྟེ་བར་མིག་བཙུམས་གཅིག་སྡོད་པའི་ཨཱཿདང་སྙིང་གར་མིག་བཙུམས་གཉིས་སྡོད་པ་ཧཱུཾ། ལྐོག་མར་མིག་བཙུམས་གསུམ་སྡོད་པ་ཨོཾ་དང༌། སྤྱི་བོར་ཨ་ན་ཧ་མི་ཤིགས་པའི་རླུང་དང་བཞི་ཟློ་བ་ཡིན་ནོ། །ཤཱནྟི་པའི་ཞལ་ནས་བགྲང་བ་དང༌། རྗེས་སུ་འགྲོ་བ་དང༌། འཇོག་པ་དང༌། རྟོག་པ་དང༌། བསྒྱུར་བ་དང༌། ཡོངས་སུ་དག་པ་དང་དྲུག་གིས་བཟླའོ་ཞེས་གསུངས་ཏེ། མངོན་པ་མཛོད་ལས་དབྱིག་གཉེན་གྱིས་བཤད་ཀྱང་རྣལ་འབྱོར་མའི་རྒྱུད་འདི་ལ་ནི་མ་མཐོང་ངོ༌། །འདིར་ནི་བཟླས་པ་གསུམ་དུ་འགྲོ་སྟེ། སྤྲོ་བསྡུ་བསྒོམ་པ་ལ་ཡེ་ཤེས་ཀྱི་བཟླས་པ་ཞེས་མིང་འདོགས། དབུགས་འབྱུང་རྔུབ་དང་འགྲོགས་ན་ཟློ་བ་ལ་ཡིད་ཀྱི་བཟླས་པ་ཞེས་མིང་འདོགས། ཕྲེང་བ་བགྲངས་ནས་ངག་གིས་ཟློ་བ་ལ་ངག་གི་བཟླས་པ་ཞེས་བཅོམ་ལྡན་འདས་ཀྱིས་ཚིག་བླ་དགས་སུ་གདགས་སོ། །ངག་གི་བཟླས་པ་


DTG018_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཡང་མཉམ་སྦྱོར་གྱི་རྒྱུད་ལས་འཁུན་པ་དབུགས་ཀྱི་རླུང་འབྱིན་སྲིན་པོའི་ངར་སྐད། དེ་ཉིད་བསྡུས་པ་ལས་ཁྲོ་བོའི་འབྲུག་སྒྲ་དང༌། ཧེ་རུ་ཀ་འབྱུང་བ་ལས་རིགས་བཞིའི་གླུས་ཟློས་པ་ནི་གསུམ་ཡིན་ནོ། །འདིར་བཟླས་པའི་སྙིང་པོ་ནི་གོ་སླ་བས་མ་བཤད་དོ། །ཡུམ་བཞིའི་སྔགས་ཕྱིས་བཤད་ཀྱང་གཙོ་བོ་ཡབ་ཡུམ་བཟླས་པའི་རྗེས་ལ་ཡུམ་བཞི་བཟླས། །དེ་ནས་སྐུའི་འཁོར་ལོ་ཡུམ་བཞི་བཟླས། །དེ་ནས་དམ་ཚིག་གི་སྒོ་མཚམས་མ་བརྒྱད་བཟླའོ་ཞེས་བླ་མའི་མན་ངག་གིས་གསུངས་སོ། །དེ་ཉིད་རྒྱུད་འདི་ལས། འདི་ནི་མཁའ་འགྲོ་མ་སོགས་ཏེ། །དང་པོར་པདྨར་སྦྱར་བར་བྱ། །ལྔ་པའི་བདག་ཉིད་རྟག་བཟླས་ན། །དངོས་གྲུབ་འགྱུར་གྱི་གཞན་དུ་མིན། །ལྔའི་བདག་ཉིད་ལས་གཙོ་བོ་ཡབ་ཡུམ་གྱི་དངོས་གྲུབ་གསུམ་དུ་འགྱུར་གྱི་གཞན་དུ་མ་ཡིན་ནོ། །མཁའ་འགྲོ་མས་ཞི་བ། ལཱ་མས་དབང༌། ཁཎྜ་རོ་ཧིས་རྨོངས་པ། གཟུགས་ཅན་མས་གནོན་པ་དག་འགྲུབ་པ་དང༌། སྐུའི་མཁའ་འགྲོས་དངོས་གྲུབ་དམ་པ་མེ་ལོང་ལྟ་བུའི་ཡེ་ཤེས་འགྲུབ་པར་འགྱུར་རོ་ཞེས་གསུངས་པ་དང༌། བཟླས་པའི་གོ་རིམས་ངེས་པ་དང་འབྲས་བུ་བཤད་དོ། །དེ་ལྟར་བསྒོམ་པ་དང་བཟླས་པ་བཤད་ནས། བདུད་རྩི་མྱང་བར་བྱ་སྟེ། བུམ་པ་བཞི་ལ་ཐོད་པ་བཏེག་པར་བསམས་ལ། ཡཾ་ལས་རླུང་གི་དཀྱིལ་འཁོར་བཞི། རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་བཞི། ཀ་བཞི་ལས་ཐོད་པ་རྒྱ་ཆེ་བ་བཞི། དེའི་ནང་དུ་དབུས་སུ་མུ་ལས་བཻཌཱུ་ཪྻ་ལྟ་བུའི་བདུད་རྩིའི་གོང་བུ་ལ་དོན་ཡོད་གྲུབ་པའི་ས་བོན་ཧཱུཾ། ཤར་དུ་བི་ལས་བདུད་རྩི་ཤེལ་དང་བ་ལྟ་བུ་ལ་རྣམ་སྣང་གི་ས་བོན་བྷྲཱུཾ། ལྷོར་ར་ལས་གསེར་བཙོ་མ་ལྟ་བུ་ལ་རིན་ཆེན་འབྱུང་ལྡན་གྱི་ས་བོན་ཨོཾ། ནུབ་ཏུ་ཤུ་ལས་པདྨ་རཱ་ག་ལྟ་བུའི་གོང་བུ་ལ་སྣང་བ་མཐའ་ཡས་ཀྱི་ཛྲཱྀཾ། བྱང་དུ་མ་ལས་མརྒཏ་ལྟ་བུའི་གོང་བུ་ལ་དོན་ཡོད་གྲུབ་པའི་ས་བོན་ཁཾ་བསམ་མོ། །དེའི་སྟེང་དུ་ཨོཾ།དཀར་པོ།དེའི་སྟེང་དུ་ཨཱཿདྨར་པོ། དེའི་སྟེང་དུ་ཧཱུཾ་མཐིང་ག་བསམས་ནས། སྣ་བུག་གི་རླུང་གིས་བ་དན་གཡོ་བས་ན་མེ་སྦར་ཏེ། བདུད་རྩིའི་རླངས་བ་ཨོཾ་ལ་ཕོག་སྟེ། ཨོཾ་ཐིམ་པ་ལས་འདོད་པའི་ཁམས་ཀྱི་ཁ་དོག་དང་དྲི་དང་རོ་དག་དང༌། ཨཱཿ་ལྷུང་བ་ལས་བསམ་གཏན་དང་པོའི་མེས་མི་འཚིག་པའི་བདུད་རྩི་དང༌། གཉིས་པ་ཆུས་མི་ཤིགས་པ་དང་གསུམ་པ་རླུང་གིས་མི་ཤིགས་


DTG018_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་བདུད་རྩིར་འགྱུར་རོ། །ཧཱུཾ་རྡོ་རྗེར་གྱུར་ནས་ཡེ་ཤེས་ཀྱི་རོ་བདུད་རྩིའི་ཆོས་ཉིད་བཀུག་ནས་ཐིམ་པས་ཟག་པ་མེད་པའི་ཁ་ཟས་སུ་གྱུར་པ་ནི་ཧཱུཾ་གི་རྡོ་རྗེ་ཞུ་བ་ལས་བལྟ་བར་བྱའོ། །དེ་ནས་ཨོཾ་ཨཱཿཧཱུཾ་གསུམ་ལན་ལྔའི་བར་དུ་བཟླས་ནས། ཨོཾ་མ་ཧཱ་ཨ་མྲྀ་ཏ་ཧྲི་ཐ་ཞེས་བྱ་བས་ལྷ་རྣམས་ཀྱི་ལྗགས་ལས་འོད་ཟེར་གྱི་སྦུ་གུ་བྱུང་བས་འཐུང་བར་བསམ་པར་བྱའོ། །གཙོ་བོ་ཕྱོགས་ན་གཉིས་སོ། །ཡུམ་དང་མཚམས་རྣམས་རེ་རེའོ། །བདུད་རྩི་མྱངས་པས་ཚིམ་པ་ལས། །ཟག་མེད་རོ་ཡིས་ཚིམ་པར་འགྱུར། །ཐོད་པ་བཞི་བུམ་པ་ལས་ཕབ་ནས་སྒོ་བཞིར་གཞག་སྟེ། ཨོཾ་ཨ་རལླི་ཧོ་ཛཿ་ཧཱུཾ་བཾ་ཧོཿ།བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ་ཞེས་བྱ་བས་སྒོ་ཕྱེ་ནས། དུར་ཁྲོད་བརྒྱད་ཀྱི་ཕྱོགས་སྐྱོང་བཀུག་ལ། ལེའུ་དགུ་པ་ནས་འབྱུང་བའི་གཏོར་མའི་སྔགས་ཀྱིས་བསྔོས་པས་འབྱུང་བར་བསམ་མོ། །དེ་ནས་རྐང་པ་བརྒྱད་པའི་སྔགས་བརྗོད་ནས་ལྷ་རེ་རེ་ལ་ལྷ་མོ་བརྒྱད་བརྒྱད་སྤྲུལ་ནས་མཆོད་པ་དང༌། དཔའ་བོ་དང་དཔའ་མོའི་སྔགས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོར་སྤྲོས་པ་ནས་ལྷ་དབྱངས་ཀྱི་ཡན་ལག་རྒྱ་མཚོའི་ཞལ་ནས་བརྗོད་ནས་འཁོར་ལ་བསྟོད་པ་དང༌། འཁོར་གྱིས་གཙོ་བོ་ལ་བསྟོད་པར་བསམ་མོ། །དཀྱིལ་འཁོར་བྱེད་པའི་ཚེ་ནི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དོ། །ལངས་པའི་དུས་སུ་བསྲུང་བ་གསུམ་བྱ་སྟེ། གོ་ཆ་དྲུག་གིས་བསྲུང་བ་དང༌། ལེའུ་ཉི་ཤུ་པ་ནས་འབྱུང་པའི་ཚམ་ངམ་གྱི་སྔགས་ཀྱིས་བསྲུང་བ་དང༌། ཕྱིར་བཟློག་པ་ཆེན་མོའི་ཞག་ཅེས་ལེའུ་ཉི་ཤུ་རྩ་དྲུག་པ་ནས་བཤད་པ་བཞིན་དུ་སྲུང་བ་གསུམ་ལས་འདིར་དཔའ་བོའི་གོ་ཆ་དྲུག་དང༌། དཔའ་མོའི་ཆོ་ཆ་དྲུག་གིས་སྲུང་བ་ནི་རྒྱུད་ནས་གོ་སླ་བས་མ་བཤད་དོ། །དཔའ་བོ་དང་རྣལ་འབྱོར་མ་སྐུའི་མཁའ་འགྲོ་ལ་གནས་སོ་ཞེས་པ་ནི། གོ་ཆ་བགོས་ནས་སྤྲུལ་པའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ལུས་ཀྱི་དཀྱིལ་འཁོར་ལ་བསྡུའོ། །རང་གི་ལྷ་ཡི་སྦྱོར་བ་ཡིས། ཐམས་ཅད་འདི་ཡིས་རྣམ་པར་བརྟག །ཅེས་པ་ནི་བསྡུས་པའི་རྗེས་ལ། སྟོང་གསུམ་གཞལ་ཡས་ཁང་དུ་བསམས་ནས་འགྲོ་བ་རིགས་དྲུག་དང་འདྲ་བའི་ལྷའི་སྐུར་བརྟག་གོ །འཆི་མེད་ཡེ་ཤེས་ལྔ་བཟའ་ཞིང༌། །ཞེས་པ་ནི་ལྷ་ལ་བདུད་རྩི་དབུལ་བ་དང་མཐུན་པར་ཐུན་མཚམས་སུ་ཁ་ཟས་རྣམས་ཡེ་ཤེས་ལྔའི་


DTG018_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདུད་རྩིར་བསྐྱེད་ལ་བཟའ་ཞིང་ཐུན་མཚམས་སུ་སྤྱོད་ལམ་རྣམ་བཞི་ཇི་ལྟར་བདེ་བར་གནས་པར་བྱའོ། །དམ་ཚིག་རྡོ་རྗེའི་མཆོད་པ་དག །ཅེས་པ་ནི་ཐུན་མཚམས་བཞི་རུ་ལྡང་བའི་ཚེ་འདོད་པའི་ཡོན་ཏན་ལྔ་གཟུགས་རྡོ་རྗེ་མ་ལ་སོགས་པར་བྱིན་གྱིས་བརླབས་ནས་རང་གཞན་ལ་འདོད་པའི་ཡོན་ཏན་ལྔས་མཆོད་པ་དུས་བཞིར་བསྒྲུབ་པར་བྱའོ། །རྩ་བའི་རྒྱུད་བླ་མ་འདིར་ཐུན་མཚམས་ཀྱི་ཆོ་ག་ནི་བཅུ་གཉིས་ཏེ། ཡེ་ཤེས་སེམས་དཔའ་གཤེགས་པའི་ཚེ་སྨོན་ལམ་གདབ་པ་དང༌། དཀྱིལ་འཁོར་བསྡུས་ནས་འགྲོ་བའི་ཚེ་ཁམས་གསུམ་ལྷའི་འཁོར་ལོར་བསྒོམ་པ་དང༌། བདག་དང་གཞན་ལ་འདོད་པའི་ཡོན་ཏན་ལྔས་མཆོད་པ་དང༌། འདུག་པའི་ཚེ་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་ནས་ནང་གི་སྦྱིན་སྲེག་བྱ་བ་དང༌། རྣམ་པར་རྟོག་པ་ཤས་ཆེ་ན་རྡོ་རྗེ་རྣམ་འཇོམས་ལ་སོགས་པའི་ཁྲུས་ཆོག་བྱ་བ་དང༌། དམ་ཚིག་ཉམས་ན་སྔགས་བཟླས་པས་ཁ་བསྐང་བ་དང༌། དབང་བསྐུར་བ་ལེའུ་ཉི་ཤུ་རྩ་དྲུག་པ་བཞིན་དུ་བྱ་བ་དང༌། ཕྲིན་ལས་རྣམ་བཞིའི་འཁོར་ལོས་སེམས་ཅན་གྱི་དོན་བྱ་བ་དང༌། ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་ཕོ་མོ་བསྔགས་ནས་མངོན་བར་ཤེས་པ་བསྐྱེད་པ་དང༌། བར་ཆད་ཀྱི་བགེགས་ཀྱི་བདུད་བཞི་ལས་རྒྱལ་བའི་ཕྱིར་སྲུང་བའི་འཁོར་ལོ་བྱ་བ་དང༌། ཆོས་སྤྱོད་བཅུས་སེམས་ཅན་གྱི་དོན་བྱ་བ་དང༌། ཐེག་པ་གསུམ་གྱི་གང་ཟག་དང་མཐུན་པའི་ཕྱིར་རྒྱུན་བཤགས་བདུན་བྱའོ། །ལེའུ་བཞི་པ་འདིར་ནི་ཕྱོགས་གཅིག་ཙམ་མཚོན་པ་མཛད་པ་ཡིན་ནོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། སྒྲུབ་པ་ཉམས་སུ་ལེན་པ་བསྒོམ་ན་ཐོག་མར་མལ་ནས་ལངས་ལ་ཐོ་རངས་ཀའི་ཐུན་མཚམས་ལ་ཚད་མེད་པའི་རྣལ་འབྱོར་དང༌། བྱིན་གྱིས་བརླབ་པའི་རྣལ་འབྱོར་དང༌། སྲུང་བའི་རྣལ་འབྱོར་དང༌། བསོད་ནམས་ཀྱི་ཚོགས་བསགས་པའི་རྣལ་འབྱོར་དང༌། སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ལྔ། དངོས་གཞི་རྟེན་གྱི་དང་པོ་སྦྱོར་བ་ནི་རི་རབ་སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་དང་བདུན། བརྟེན་པ་ལྷའི་དང་པོ་སྦྱོར་བ་མངོན་པར་བྱང་ཆུབ་པ་ལྔས་རྒྱུའི་ཧེ་རུ་ཀས་བསྐྱེད་པ་ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་གྱི་ཞལ་དུ་ཞུགས་ནས་མཁའ་གསང་དུ་གནས་པ་སྟེ་གཉིས་དང་འཁོར་མངལ་ནས་བསྐྱེད་པ་དང༌། རྒྱུའི་ཧེ་རུ་ཀ་བཞུ་བ་དང༌། ལྷ་མོ་རྣམས་ཀྱི་གླུས་བསྐུལ་བ་དང༌། འབྲས་བུའི་


DTG018_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཧེ་རུ་ཀ་བསྐྱེད་པ་དང༌། འཁོར་གྱི་མཚན་ཉིད་དང༌། ལུས་ཀྱི་དཀྱིལ་འཁོར་དང་དྲུག་གོ །ལས་རྒྱལ་མཆོག་ནི་ཡེ་ཤེས་སེམས་དཔའ་གཞུག་པ་དང༌། གོ་ཆ་བསྐོན་པ་དང༌། དབང་བསྐུར་བ་དང༌། བསྒོམ་པ་དང༌། བཟླས་པ་དང༌། བདུད་རྩི་མྱང་བ་དང༌། མཆོད་པ་དང༌། བསྟོད་པ་སྟེ་བརྒྱད་དང༌། འཇིག་རྟེན་པ་ལ་གཏོར་མ་བྱིན་ནས། ཡི་གེ་བརྒྱ་པས་ལྷག་པ་དང་མ་ཚང་བ་བསྐང༌། བཟོད་པ་གསོལ་ནས་དགེ་བའི་རྩ་བ་བསྔོ། དཀྱིལ་འཁོར་ལུས་ལ་བསྡུ། ཐུན་མཚམས་ཀྱི་ལྷ་བསྒོམ་པ་དང༌། ཚམ་དམ་གྱི་སྔགས་ཀྱིས་བསྲུང༌། རྐང་བ་བརྒྱད་པས་མཆོད། སྨོན་ལམ་གདབ་པོ། །དེ་ལྟར་སྔོན་འགྲོ་ལྔ་དང༌། དངོས་གཞིའི་ཏིང་ངེ་འཛིན་རྣམ་པ་ཉི་ཤུ་རྩ་གསུམ་དང༌། རྗེས་ཀྱི་ཆོ་ག་བརྒྱད་དང༌། ལྡང་བའི་ཆོ་ག་བཅུ་གཉིས་ཏེ་གང་ཟག་གཅིག་ལྷའི་འཁོར་ལོ་བསྒོམས་ལ་ཞིབ་མོ་རྣམ་པར་འཐག་པའི་དབང་དུ་བྱས་ནས་དོན་བཞི་བཅུ་རྩ་བརྒྱད་ཡིན་ནོ། །དེ་ལྟར་ལེའུ་བཞི་པ་ནས་དྲུག་ཅུ་རྩ་བརྒྱད་ཀྱི་བར་དུ་དོན་ཞིབ་མོས་འདི་ལྟར་བསྒོམ་བར་བྱའོ། །ལེའུ་བཞི་པའི་འགྲེལ་པའོ།། །།

ལྔ་པ། གསུང་གི་སྡོམ་པའི་ལེའུའི་འགྲེལ་པ།


DTG018_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐུ་ལ་མོས་པ་དེ་བསྒོམ་པའི་ཐབས་བཤད་ནས་གསུང་ལ་མོས་པའི་དོན་དུ་དེ་ནས་ཞེས་བྱ་བ་དེ་མ་ཐག་པ་སྟོན་ཏེ། གཞན་ཡང་བཤད་བྱ་བ་ཞེས་བྱ་བ་ནི་གསུང་གི་འཁོར་ལོ་བརྗོད་པར་བྱའོ། །འདིར་ཡང་གསུང་བསྒོམ་པའི་རྟེན་གྱི་གང་ཟག་དེའི་གནས་དང༌། དེ་བསྒྲུབ་པའི་ཡན་ལག་ཚོགས་ནས་ཚད་མེད་པ་དང་བྱིན་གྱིས་བརླབ་པ་དང༌། ཚོགས་བསགས་པ་སྟོང་པ་ཉིད་དང༌། སྲུང་བའི་འཁོར་ལོ་དང༌། འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་དང་བཅས་པ་བསྐྱེད་ནས། དེའི་རྗེས་ལ་གསུང་གི་དཀྱིལ་འཁོར་རྣམས་བསྒོམ་སྟེ། སྔར་གྱི་དཀྱིལ་འཁོར་དུས་དག་ཏུ། །ཞེས་པ་ནི་སྔར་སྐུའི་དཀྱིལ་འཁོར་དག་བཤད་པ་དང་མཐུན་པ་ཡིན་ནོ། །གསུང་གི་འཁོར་ལོའི་དབུས་སུ་ཡེ་ཤེས་འཁོར་ལོ་སྣ་ཚོགས་པདྨ་འདབ་མ་བརྒྱད་གྲི་གུག་གིས་བསྐོར་བ་དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བརྒྱད་དམར་པོའི་མདོག་ཅན་ལ་པདྨའི་ཕྲེང་བས་བསྐོར་བ་དེའི་ནང་སྣ་ཚོགས་པདྨའི་ལྟེ་བར་སྔ་མ་བཞིན་དུ་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་རྒྱུའི་རྡོ་རྗེ་སེམས་དཔའ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡབ་ཡུམ་བསྐྱེད་ལ། དེ་ལ་ཕྱོགས་བཅུའི་སངས་རྒྱས་ཞལ་ནས་


DTG018_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞུགས་ནས་མཁའ་གསང་དུ་འཁོར་ཉི་ཤུ་རྩ་བརྒྱད་བསྐྱེད་ནས། ཕྱིར་བྱུང་ནས་དཀྱིལ་འཁོར་གྱི་གནས་སུ་གཞག་པ་ནི་སྔ་མ་བཞིན་ཞེས་བྱ་བའི་དོན་ཡིན་ནོ། །དེ་ནས་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་ཞུ་བ་དང༌། ཡེ་ཤེས་དང་གསུང་དང་དམ་ཚིག་གི་འཁོར་ལོས་གླུས་བསྐུལ་བ་ནི། ལྷ་མོས་གླུ་འདི་བླངས་པ་ཡིས། །སེམས་ཅན་དགེ་ལ་མངོན་བརྩོན་པ། །བརྩོན་འགྲུས་ཕ་རོལ་ཕྱིན་བརྟེན་ནས། །ཆོས་རྣམས་ཀུན་གྱིས་བསྐུལ་བར་བྱ། །ཞེས་བྱ་བ་འོག་ནས་གསུངས་པའི་གླུས་འདིར་བསྐུལ་ནས། ཐིག་ལེ་མངོན་བར་བྱང་ཆུབ་པ་ལྔའི་རིམ་པས་ཡོངས་སུ་གྱུར་པ་ལས་གསུང་གི་མཁའ་འགྲོ་རྣམ་པར་བསྒོམ་པ་ནི་ཞལ་བཞི་ཕྱག་གཉིས་པ། པདྨའི་མཁའ་འགྲོ་ཞལ་གཅིག་ཕྱག་གཉིས་མ། པདྨས་མཚན་པའི་གྲི་གུག་དང་ཐོད་པ་བསྣམས་པ་ལ་ཡབ་ཀྱི་ཕྱག་དང་པོ་པདྨ་དང་དྲིལ་བུ་བསྣམས་པས་འཁྱུད་པ། དབང་ཕྱུག་ཆེན་པོའི་བགས་པ་བཤུས་པ་ཕྱག་གཉིས་ཀྱིས་བརྐྱང་ནས་འཛིན་པ། གསུམ་པ་གཉིས་ན་ཅང་ཏེའུ་དང་ཁ་ཊྭཱཾ་ག་བཞི་པ་གཉིས་ན་གྲི་གུག་དང་ཀ་པཱ་ལ། ལྔ་པ་གཉིས་ན་དགྲ་སྟ་དང་ཞགས་པ། དྲུག་པ་གཉིས་ན་མདུང་དང་དབང་ཕྱུག་ཆེན་པོའི་མགོ་བོ་བསྣམས་པ་ནི་སྔ་མའི་རིམ་པ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཡིན་ནོ། །དབང་ཕྱུག་ཆེན་པོའི་འཁོར་རྣམས་ནི་ཡེ་ཤེས་ཀྱི་འཁོར་ལོ་དང༌། གསུང་གི་འཁོར་ལོ་དང་དམ་ཚིག་གི་འཁོར་ལོ་རྣམས་ཀྱིས་མནན་ལ། དབང་ཕྱུག་ཆེན་པོའི་ཁྱོ་ཤུག་ནི་བཅོམ་ལྡན་འདས་ཀྱི་ཞབས་ཀྱིས་མནན་པར་ལྟའོ། །ཞལ་དབུས་མ་དམར་བ། གཡས་སྔོ་བ། རྒྱབ་སེར་བ། གཡོན་དཀར་བ་སྤྱན་གསུམ་པ། རལ་བ་གྱེན་ལ་བརྫེས་པ་ལ་རུས་པའི་ཅོད་པན་སངས་རྒྱས་ལྔས་བརྒྱན་པ། དེ་ལ་ཞལ་བཞི་པ་ནི་ཡེ་ཤེས་བཞིའི་སྣང་བའོ། །སྤྱན་གསུམ་ནི་རྣམ་ཐར་སྒོ་གསུམ་མོ། །ཐོད་པའི་ཕྲེང་བའི་ཅོད་པན་ནི་ཡེ་ཤེས་ལྔའོ། །ཅོད་པན་ལ་པདྨའི་ཕྲེང་བས་བཅིངས་བ་ནི་གསུང་གི་རིགས་ཀྱི་དབང་རྟགས་སོ། །མཆེ་བ་གཙིགས་པ་ནི་བདུད་བཞི་འཇོམས་པའོ། །ཞལ་རྣམ་པར་འགྱུར་བ་ནི་སེམས་ཅན་ལ་ཐུགས་རྗེ་སྐྱེས་བའོ། །སྒེག་པ་ཡབ་ཡུམ་འཁྱུད་པ་དང༌། དཔའ་བ་ལྟ་ཆེན་ཞབས་ཀྱིས་མནན་པ་དང༌། འཇིགས་སུ་རུང་བ་ནི་ཞལ་བཞི་ཕྱག་བཅུ་གཉིས་པ་ནི་སྐུ་ལ་ཚོར་བ་བདེ་སྡུག་བཏང་སྙོམས་ནུས་པའི་རྟགས་སོ། །ཞལ་གཡས་པ་


DTG018_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞད་པ་དང༌། རྒྱབ་མི་སྡུག་པ་མཆེ་བ་གཙིགས་པ་དང༌། གཡོན་པ་རྔམ་པས་ལྷ་ཆེན་པོའི་མགོ་བོ་ཞལ་དུ་སྟོབས་པ་ནི། གསུང་ལ་ཆོར་བ་འདེ་སྡུག་གསུམ་ནུབ་པའི་རྟགས་སོ། །ཡུམ་ལ་འཁྱུད་པའི་ཕྱག་དང་པོ་གཉིས་སྙིང་རྗེའི་ཉམས་དང༌། ཐལ་བའི་རྡུལ་གྱིས་བྱུགས་པས་ཞི་བ་དང༌། ཀླུའི་རྒྱལ་པོ་སེང་ཤས་མི་མགོ་ལྔ་བརྒྱུས་པས་ངོ་མཚར་བའི་ཉམས་ཏེ། དེ་ལྟར་སྒེག་པ་ལ་སོགས་པའི་ཉམས་དགུ་དང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་སྟག་གི་པགས་པ་མནབས་པ་དང༌། མི་མགོ་རློན་པའི་ཕྲེང་བ་འཕྱང་བས་འདུ་བྱེད་ལྔ་བཅུ་རྩ་གཅིག་དག་པ་དང༌། ཕྱག་རྒྱ་དྲུག་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྒྱས་བཏབ་པ་དང༌། རང་སྣང་བའི་ལྷ་མོ་གཅེར་བུ་འཇིག་རྟེན་གྱི་ཆོས་བརྒྱད་སྤངས་པ་དང་ཉོན་མོངས་པས་ལས་གྲོལ་བས་སྐྲ་གྲོལ་བ་དང༌། ཉོན་མོངས་པ་གཅིག་དང་དུ་མར་ཕྱེ་ནས་སྤངས་པས་དུམ་བུའི་སྐྱེ་རགས་ཅན་དང༌། བདུད་ཀྱི་ཁྲག་དང་ལྡན་པའི་ཐོད་པ་ཕྱག་གཡོན་པས་གཟུང་བས་འཆི་བདག་གི་བདུད་འཇོམས་པ་དང༌། པདྨས་མཚན་པའི་གྲི་གུག་གིས་ཉོན་མོངས་པའི་བདུད་འཇོམས་པ་དང༌། གཟི་བརྗིད་འབར་བས་སྤྲུལ་པའི་འཁོར་ལོ་འགྱེད་པ་དང༌། ཞལ་ནས་ཁྲག་ལྟ་བུའི་འོད་ཟེར་དམར་པོ་འཛག་པས་རྒྱུད་སྡེ་བཞི་སྟོན་པ་དང༌། བྱིན་པ་གཉིས་ཀྱིས་འཁྱུད་པས་སྟོང་པ་ཉིད་དང་ཡེ་ཤེས་ཐ་མི་དད་པར་སྟོན་པ་དང་དངོས་གྲུབ་ཐམས་ཅད་གསོལ་བ་ནི་གཙོ་བོ་ཡབ་ཡུམ་བསྐྱེད་པ་ནི་བསྙེན་པའོ། །མཁའ་འགྲོ་མ་ལ་སོགས་པའི་པདྨའི་ཁ་དོག་ལ་ཁྱད་པར་མེད་ཀྱང་ཤར་གྱི་མཁའ་འགྲོ་མ་དཀར། ནུབ་ཀྱི་དུམ་སྐྱེས་མ་ནག །ལྷ་མོ་གཉིས་ནི་སྔར་བཤད་པའི་ཁ་དོག་དང་དབྱིབས་དང་མཐུན། གཡོན་གྱི་ཁ་ཊྭཱཾ་ག་ནི་བསམ་གཏན། ཐོད་པ་ནི་སྙིང་རྗེ། གཡས་པའི་ཅང་ཏེའུ་ནི་ལྷག་མཐོང༌། གྲི་གུག་ནི་ཡེ་ཤེས། མཚམས་བཞིའི་བུམ་པ་ནི་རྣམ་སྣང་དང་རིན་འབྱུང་དང༌། སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་དང་བཞི་ནང་ན་བཞུགས་པའི་ཕྱི་རོལ་བུམ་པར་སྣང་བའོ། །བུམ་པའི་སྟེང་གི་ཐོད་པའི་བདུད་རྩི་ནི་འཆི་བདག་གི་བདུད་འཇོམས་སོ། །པདྨས་མཚན་པའི་གྲི་གུག་གི་ཕྲེང་བས་བསྐོར་བས་ཁ་བསྐང་ངོ༌། །འཁོར་ལོ་རྩིབས་བརྒྱད་པ་ཀཱ་མ་རུ་པ་ལ་སོག་སའི་ས་དང་ཕ་རོལ་ཏུ་ཕྱིན་པའི་སྣང་བ་ལ་ཞིང་གི་མིང་བཏགས་


DTG018_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མྱུ་གུ་ཅན་དང་ས་སྲུང་མ་ལ་སོགས་མ་གནོད་སྦྱིན་དང་སྲིན་པོ་བཏུལ་བས་གདུལ་བྱའི་མིང་གིས་བཏགས། ཐམས་ཅད་ཁ་དོག་དམར་པོར་མི་སྣང་བ་ནི་སངས་རྒྱས་བཞུགས་པའི་དབང་གིས་གདུལ་བྱའི་ཉེ་བ་ལ་དགོངས་སོ། །གསུང་གི་འཁོར་ལོ་ནི་འདུལ་བྱེད་སྣང་བ་མཐའ་ཡས་ཀྱི་རིགས་སོ། །ས་སྤྱོད་ནི་གནོད་སྦྱིན་དང་སྲིན་པོ་འདུལ་བའོ། །དཔའ་བོ་རྣམས་ཕྱག་བཞི་ནི་ཚད་མེད་པ་བཞིའོ། །སྤྱན་གསུམ་ནི་རྣམ་ཐར་སྒོ་གསུམ་མོ། །རལ་བ་གྱེན་དུ་བརྫེས་པ་ནི་སྤྲུལ་པའི་འཁོར་ལོ་འགྱེད་པའི། །ཅོད་པན་ལྔ་ནི་ཡེ་ཤེས་ལྔའོ། །དར་དབྱངས་ནི་སྙན་པའི་བ་དན་འཇིག་རྟེན་དུ་གྲགས་པའོ། །ཕྱག་དང་པོ་པདྨ་དང་དྲིལ་བུས་འཁྱུད་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །ཁ་ཊྭཱཾ་ག་དང་ཅང་ཏེའུ་ནི་ཞི་གནས་དང་ལྷག་མཐོང༌། ཕྱག་རྒྱ་ལྔ་ནི་ཕ་རོལ་དུ་ཕྱིན་པ་ལྔ། གཡས་བརྐྱང་པའི་གནས་པས་བཞུགས་པ་ནི་ཤེས་རབ་ཀྱིས་སྲིད་པ་ལ་མི་གནས། སྙིང་རྗེས་ཞི་བ་ལ་མི་གནས་པ། ལྷ་མོ་བརྒྱད་ཀྱི་ཐོད་པས་འཁྱུད་པ་ནི་འཆི་བདག་གི་བདུད་འཇོམས་སོ། །གཡས་པའི་པདྨ་དང་སྡིགས་མཛུབ་ནི་ཉོན་མོངས་པའི་བདུད་འཇོམས། མགུལ་རྒྱན་ལ་སོགས་པའི་རུལ་པའི་རྒྱན་ལྔ་ནི་ཕུང་པོའི་བདུད་འཇོམས། ཐོད་པའི་ཕྲེང་བའི་མགུལ་རྒྱན་ནི་འཇིག་ཚོགས་ལ་ལྟ་བ་དྲུག་ཅུ་རྩ་གཉིས་དག །དྲིལ་བུ་གཡེར་ཀའི་སྐ་རགས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མདོ་སྡེ་འཆད་པའི་རྟགས། ཁའི་གདོང་ཅན་ལ་སོགས་པ་བཞིན་ནི་མིའམ་ཅིའི་ཁྭ་གདོང་མ་ལ་སོགས་པའི་གཟུགས་འདུལ་བ་དང༌། མཚམས་བཞིའི་ལྷ་མོཾ་ཕྱེད་གཟུགས་མ་ནི། གདུལ་བྱའི་མིའམ་ཅི་འདུལ་བ་དང་མཐུན་ནོ། །དཔྲལ་བར་པདྨའི་དབང་རྟགས། འཁོར་བསྐྱེད་པ་ཉེ་བའི་བསྙེན་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཁམས་ཀུན་སྐུའི་འཁོར་ལོ་བཞིན་དུ་བསྒོམ། ཐུགས་ནི་ཨཱཿདྨར་པོ། གསུང་ནི་ཨོཾ་དམར་པོ། གསུང་ནི་ཨོཾ་དཀར་པོ། །སྐུ་ནི་ཧཱུཾ་ནམ་མཁའི་མདོག་ཅན་འཁོར་ཐམས་ཅད་ཀྱང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབས་པ་དང་སྦྱར་བར་བྱའོ། །ལུས་ཀྱི་འཁོར་ལོ་བསྒྲུབ་པ་བསྟན་ཏོ། །སྔ་མ་བཞིན་དུ་སྙིང་གའི་གའི་ཧཱུཾ་ལས་འོད་ཟེར་འཕྲོ་བ་དང་སྔགས་དང་ཕྱག་རྒྱས་ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ་དེ་ལ་བལྟས་ནས་ཕྱག་འཚལ་བ་དང༌།


DTG018_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟོད་པ་དང་མཆོད་པ་བྱས་ནས། དེ་ཉིད་ཀྱིས་བུམ་པ་དང་གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ་ཐམས་ཅད་རོ་གཅིག་བའི་སེམས་དཔའ་སུམ་བརྩེགས་བསྒོམས་ནས་དཔྲལ་བའི་སྐུའི་འཁོར་ལོ་ལས་སྐུའི་འཁོར་ལོ་སྤྲོ་བ་དང༌། ལྐོག་མའི་གསུང་ལས་གསུང་གི་འཁོར་ལོ་སྤྲོ་བ་དང༌། ཐུགས་ཀའི་ཧཱུཾ་ལས་ཐུགས་ཀྱི་འཁོར་ལོ་སྤྲོ་བསྡུ་བྱ་བ་ནི་ཡེ་ཤེས་ཀྱི་བཟླས་པ་བསྒོམ་པར་བྱའོ། །དཔའ་བོའི་སྙིང་པོ་ནི་ཆོས་ཀྱི་སྐུའི་ཡེ་ཤེས་སྟོན། ཉེ་བའི་སྙིང་པོ་ནི་ལོངས་སྐུའི་གཟུགས་སྟོན། ཡུམ་གྱི་སྙིང་པོ་ནི་ཆོས་ཀྱི་སྐུའི་འདུས་མ་བྱས་སྟོན། ཡུམ་གྱི་ཉེ་སྙིང་ནི་ལོངས་སྐུ་ལས་སྤྲུལ་སྐུ་འགྱེད་པ་སྟོན། ཡུམ་བཞིའི་སྔགས་ནི་འོག་ནས་འབྱུང་བའི་ཕྲིན་ལས་བཞི་མཛད། གསུང་གི་འཁོར་ལོའི་ཡབ་ཡུམ་གྱི་སྔགས་ནི་གསུང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དངོས་གྲུབ་འཐོབ། གོང་མ་བརྒྱད་ཀྱི་སྔགས་ཀྱིས་ནི་སངས་རྒྱས་ལ་མཆོད་པ་དང༌། སེམས་ཅན་ལ་ཕྲིན་ལས་བཞི་མཛད། དེ་ལྟར་བཟླས་པ་ནི་སྤྲོ་བསྡུ་བསྡུ་དག་གིས་བཟླས་པ་བྱའོ། །རྡོ་རྗེ་དམ་ཚིག་གིས་མཆོད་ནས། །ཞེས་པ་ནི་སྔ་མ་བཞིན་དུ་ཐོད་པ་བཞིའི་བདུད་རྩི་མྱངས་ལ་དེ་ནས་བཟླས་པ་བྱས་པའི་གོ་རིམས་སྟོན་ཏོ། །ཡུམ་བཞིའི་བཟླས་པས་ནི་དགུག་པ་དང་རྒྱས་པ་དང་སྣ་ཚོགས་ཀྱི་ལས་ཞི་བ་དང་མངོན་སྤྱོད་འགྲུབ་པར་འགྱུར་རོ། །གསུང་གི་འཁོར་ལོ་བཟླས་པས་ནི་ཆོས་ཆེན་པོའི་སོ་སོར་རྟོག་པའི་ཡེ་ཤེས་ཡིད་འོང་ཚང་པའི་གསུངས་དབྱངས་དྲུག་ཅུ་ངག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཡང་ན་རྫོགས་པའི་རིམ་པ་ལ་མོས་ན་མཆོག་ཡེ་ཤེས་སྐྱེས་པ་དང༌། བར་མ་ཞིང་སྐྱེས་དང༌། ཐ་མ་སྔགས་སྐྱེས་ཀྱི་བུད་མེད་མཆོད་བསམ་གཏན་དང་ཟག་མེད་ཀྱི་སྔོམ་པ་ལ་གནས་པ་དེ་ཐམས་ཅད་འཁོར་ལོ་ལ་བཀོད་ནས། གནས་པ་ལ་འདོད་པའི་ཆགས་པ་དགའ་བ་དང་མཆོག་དགའ་བ་རྗེས་སུ་ཆགས་པ་ལྷན་ཅིག་སྐྱེས་དགའ་འདོད་པའི་དགའ་བས་མྱོས་པ་ནི་རྣམ་པ་ཐམས་ཅད་ཀྱིས་འོད་གསལ་བ་སྟོང་པ་ཉིད་བསྒོམ་པའི་སྒྲུབ་པ་པོ་དེའི་དབང་དུ་འཁོར་གྱི་ལྷ་མོ་རྣམས་གནས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྣ་ཚོགས་པདྨ་མཛེས་གནས་ནས། །ཞེས་པ་འཁོར་ལོ་བཞིའི་པདྨ་ལ་གཏུམ་མོ་དྲོད་ཀྱིས་མཛེས་པར་གནས་ནས་བྱང་ཆུབ་སེམས་ཕབ་པས་རྣལ་འབྱོར་


DTG018_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོ་རྣམ་པར་སྤྱོད་པ་ལ་ཁམས་གསུམ་གྱི་འདོད་ཆགས་སྤངས་པ་ཆོས་ཉིད་སྟོང་པ་ཉིད་འོད་གསལ་བ་བསྒོམས་པས་བདེ་བ་ཅན་དུ་རྣམ་པར་བཞུགས་པ་དང་འདྲ་བར་རྫོགས་པའི་རིམ་པ་བསྒོམ་མོ། །ལངས་པའི་དུས་སུ་དྲི་ཆེན་རྣམ་སྣང་དང༌། དྲི་ཆུ་མི་བསྐྱོད་པ་བཟའ་ཞིང་བདུད་རྩི་མྱངས་པས་ཟག་པ་མེད་པའི་ཆོས་ཀྱི་ཕུང་པོ་ལྔ་རྫོགས་ནས་སྟོང་པ་ཉིད་ཀྱི་རིག་པའི་རྒྱལ་པོ་སངས་རྒྱས་དང༌། བདེ་བ་རིག་པ་གཟུགས་ཁམས་ཀྱི་འཁོར་ལོས་སྒྱུར་བ་དང༌། བསོད་ནམས་རིག་པ་མིའི་འཁོར་ལོས་སྒྱུར་བ་འགྲུབ་བོ། །ལྡང་བའི་ཚེ་གོ་ཆས་ལུས་ལ་བསྲུང་བ་ནི་རྒྱུད་ལ་གསལ་བས་མ་བཤད་དོ། །བཟླས་པའི་དུས་ཀྱི་མཐར་བཀོད་ནས། །ཞེས་བྱ་བ་ནི་བཟླས་པ་ཟིན་ནས་གོ་ཆ་བགོ་བའི་དུས་བསྟན་ཏོ། །ཇི་ལྟར་བདེ་བས་སྤྱད་པར་བྱ། །ཞེས་པ་ནི་ཐུན་མཚམས་སུ་དཔའ་བོ་གཅིག་པུས་གནས་པའོ། །དཀྱིལ་འཁོར་སྙིང་གར་བསྡུ་བ་ནི། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱེ། །ཞེས་པ་སོ་སོའི་སྔགས་བརྗོད་ཅིང་ལུས་ཀྱི་གོ་འཕང་གི་གནས་ལ་བཞུགས་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་སྙིང་སྤྱོད་འགྲུབ་པར་འགྱུར་རོ། །གསུང་གི་འཁོར་གཅིག་ཕྱག་གཉིས་པ་ལ་དམིགས་ཏེ་མཉམ་པར་གཞག་པས་ཐ་མལ་པའི་གསུང་བར་རྐང་པ་བརྒྱད་པས་བསྟོད་ཅིང་བཞུགས་པའོ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །ཆོས་རྣམས་ཐམས་ཅད་ནི་འདོད་པའི་ཡོན་ཏན་ལྔ་ལྷ་མོར་བསྐྱེད་ནས་རང་དང་གཞན་ལ་མཆོད་པ་རབ་ཏུ་བརྟག་གོ །དེ་ནས་ཁ་ཟས་ཀྱི་རྣལ་འབྱོར་ནི། རྡོ་རྗེ་ཆུ་དང་རྣམ་སྣང་དང༌། སྦྲང་རྩི་རང་བྱུང་གི་མེ་ཏོག་དཀར་དམར་བྱང་ཆུབ་སེམས་དང་རྐང་ཤ་ཆེན་དང་ལྷན་ཅིག་སྦྱར་ནས་ལྕེ་ལ། ཟླ་བ་རྡོ་རྗེའི་འོད་ཟེར་གྱི་བུ་གུལ་དམ་ཚིག་གི་སྦྱོར་བས་གསོལ་བས་སྙིང་གའི་ཡེ་ཤེས་སེམས་དཔའ་གསུང་གི་འཁོར་ལོ་སྣང་བ་མཐའ་ཡས་ཀྱི་བདག་པོའི་དབུ་རྒྱན་བསྒོམས་ལ་བཟའ་བར་བྱའོ། །ཤུགས་ཀྱིས་ལྐོག་མར་སྐུའི་འཁོར་ལོ་དང༌། སྤྱི་བོར་ཐུགས་ཀྱི་འཁོར་ལོ་བསྒོམས་ལ་ལྷའི་གཟུགས་སུ་འགྱུར་བས་འདོད་པའི་ལྷ་དྲུག་གི་བདག་པོ་བརྒྱ་བྱིན་དང་ཚངས་པའི་གཟུགས་ཅན་འཐོབ་པར་འགྱུར་རོ། །བཟའ་བ་བདུད་རྩི་ལྔ་དང་འོ་མའི་བཏུང་བ་འཐུངས་ན་ཚེ་འདི་ལ་ན་བ་དང་རྒས་པ་རྣམ་པར་སྤང་ངོ༌། །ལངས་པའི་རྗེས་ལ་ཚོགས་ཀྱི་འཁོར་ལོ་བྱེད་པའི་ཚེ་གླུ་ལེན་


DTG018_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དང༌། སྔར་ཐིག་ལེ་ཞུ་བ་ལས་གླུས་བསྐུལ་བའི་དོན་གཉིས་ཀ་ཅིག་ཅར་གསུངས་པ་ནི་སེམས་ཅན་གྱི་དོན་ལ་དགོངས་པས་གླུ་བླངས་ཏེ། སེམས་ཅན་གྱི་དོན་ལ་བརྩོན་འགྲུས་བསྐྱེད་ནས་མངོན་བར་བྱང་ཆུབ་པ་ལྷའི་ཆོས་རྣམས་ཀུན་བསྐྱེད་པའི་ཕྱིར། བསྐུལ་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ལག་པའི་གར་ལ་བརྟེན་ནས་སེམས་ཅན་ལ་ཐུགས་རྗེས་འབྲས་བུའི་ཧེ་རུ་ཀ་བླང་བའི་ཐུགས་ཀྱིས་གསུང་གི་འཁོར་གྱི་ངག་གི་དངོས་གྲུབ་འགྲུབ་པའི་མ་འོངས་པའི་རྣལ་འབྱོར་བ་ཨིནྡྲ་བྷཱུ་ཏི་ལ་སོགས་པའི་དོན་དུ་གསང་བ་མཆོག་གི་གླུ་བསྟན་དུ་གསོལ།ཞེས་ལག་ན་རྡོ་རྗེས་གསོལ་བ་བཏབ་ནས་དགོངས་པ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་འཇིག་རྟེན་པའི་དངོས་གྲུབ་ཀྱིས་ཕན་པའི་ཕྱིར་དང༌། གསང་བའི་ཆོས་ཀྱི་གླུས་གྲོལ་བའི་ཕྱིར་རོ། །རྡོ་རྗེའི་གླུ་ཇི་ལྟར་བསྟན་པའི་གྲོལ་བར་མཛད་ཅེས་སྡུད་པ་པོ་ལག་ན་རྡོ་རྗེས་ཞུས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་ལྷ་མོ་རྣམ་པ་སྣ་ཚོགས་པ་མཆོད་པའི་གླུ་དང༌། དམ་ཚིག་གི་གར་ངོ་མཚར་དུ་འགྱུར་བས་ཆགས་པའི་ལྟ་བའི་མིག་ཕྱག་ནས། རྣལ་འབྱོར་མ་རྣམས་ཀྱིས་བསྐུལ་བའི་བསྟོད་པ་གསུངས་པ་ནི། དང་པོ་ཡུམ་བཞིས། ཨ་ཤིན་ཏུ་དགྱེས་པའི་བདེ་མཛད་མཆོག །གཉིས་མེད་བདེ་བའི་བདག་ཉིད་ཅན། །ཞེས་མཁའ་འགྲོ་མ་དགའ་བའི་གླུ་དང༌། དགྱེས་པ་དབྱེས་པ་བདེ་གཤེགས་ཞི་བའི་བདག་པོ་སྤྱོད། །ཅེས་ཀཱ་མའི་གླུ་དང༌། བདེ་གཤེགས་རྣམ་འཕྲུལ་རྣམ་པར་འཕྲུལ་བ་པདྨའི་དྲ་རྣམས་ཀྱིས། །ཞེས་ཁཎྜ་རོ་ཧཱིའི་གླུ་དང༌། པདྨའི་དྲ་བ་བདེ་གསོལ་མཛད་པའི་པདྨའི་དྲ་བ་ཡིས། །བདེ་དྲུག་པདྨའི་གར་གྱིས་རོལ་པས་བདེ་བ་སྣ་ཚོགས་དྲ་རྣམས་འཇུག །ཅེས་གཟུགས་ཅན་མའི་གླུ་དང༌། ཧ་ཧ་ཧཱུཾ་ཧ་ཧ་ཧོ་བཞི་ཀའི་སྔགས་ཀྱིས་གསོལ་ལོ། །གསུང་གི་ལྷ་མོ་བརྒྱད་ཀྱི་གླུ་ནི། བདེ་གཤེགས་གཟི་བརྗིད་བདག་ཉིད་བརྒྱད་ལ་ཤར་གྱི་གླུའོ། །རབ་དགྱེས་དཔལ་གྱི་བདེ་བས་རོལ་ཅིག་ཧོ། །བྱང་ཕྱོགས་པའི་གླུ་དང༌། སྣ་ཚོགས་དགྱེས་པས་རྒྱལ་བའི་གཟི་བརྗིད་མི་བཟད་འཆང༌། །ནུབ་ཕྱོགས་པའི་གླུ་དང༌། ཧ་ཧ་ཧ་ཧོ་བ་ར་ཧ་ས་སུ་ཁ་ཧོ་ཧཱུཾ་ཧོ་ཧོ། ལྷོ་ཕྱོགས་པའི་གླུའི་ཡེ་ཤེས་བཞི་སྟོན་ཏོ། །ཀཱ་ཀཱ་སྱེས་ནི། རབ་དགྱེས་ཆགས་པ་བདེ་བའི་བདེ་


DTG018_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བས་བསྡུས། འུག་གདོང་མའི་གླུ་ནི། དཔལ་མཆོག་བདེ་བའི་བདེ་བ་ཧོ། །ཁྱི་གདོང་མའི་གླུ་ནི། བདེ་བ་ཆེན་པོའི་རྒྱུ་ཡི་མཆོག །ཕག་གདོང་མའི་གླུ་ནི། ཐུབ་པའི་བདེ་སྙེད་དབང་ཕྱུག་མཆོག །ཧོ་བྷ་ག་བཱ་ན་མ་ཧཱ་སུ་ཁ་ཧཱུཾ། ཧོ་ནི་བཞི་ཀའི་སྔགས་ནི་རྣམ་ཐར་བཞིའི་གླུའོ། །བདེ་དྲ་སྣ་ཚོགས་དུ་མ་ཁྱོད་ནི་གཤིན་རྗེ་བརྟན་མའི་གླུའོ། །དགྱེས་ཏེ་སྣ་ཚོགས་བདེ་ཆེན་མཆོག་ཧོ། །གཤིན་རྗེ་ཕོ་ཉ་མའི་གླུའོ། །བདེ་བའི་དམ་པ་རྗེས་གཟུས་མཛོད། །གཤིན་རྗེ་མཆེ་བ་མའི་གླུའོ། །སྣ་ཚོགས་བདེ་བས་རབ་དགྱེས་ཁྱོད། །གཤིན་རྗེ་འཇོམས་མའི་གླུའོ། །ཨ་ཨཱ་རོ་ལྀ་ཀ་མ་ཧཱ་སུ་ཁཾ་གྲྀཧྞ་ཧོ་བཞི་ཀའི་སྔགས་སོ། །ཡང་དག་པར་སྤོང་བ་བཞི་སྟོན་ཏེ་གླུའི་འབྲས་བུ་གསུངས་པ་ནི། གླུ་འདི་དག་བླངས་པས་དགའ་བའི་འདུས་པ་འཁོར་རྣམས་ཀྱི་འབྲས་བུའི་བདེ་མཆོག་སྒྱུ་མ་མཁན་ལྟ་བུའི་ཡོད་ཀྱི་རྣམ་པར་ཤེས་པ་རང་བཞིན་གསུང་གི་བདེ་མཆོག་གི་འཁོར་ལོ་དངོས་གྲུབ་གསུམ་མྱུར་དུ་འཐོབ་པར་འགྱུར་རོ། །དེའི་དོན་འདི་སྐད་སྟོན་ཏེ། གསུང་གི་འཁོར་ལོ་བསྒོམ་པའི་རྣལ་འབྱོར་པས་ཐོག་མར་མས་ནས་ལངས་ནས་ཐོ་རངས་ཀའི་ཐུན་མཚམས་སུ་ཚད་མེད་པའི་རྣལ་འབྱོར་དང༌། བྱིན་གྱིས་བརླབ་པའི་རྣལ་འབྱོར་དང༌། སྲུང་བའི་རྣལ་འབྱོར་དང༌། ཚོགས་སོགས་པའི་རྣལ་འབྱོར་དང༌། སྟོང་པ་ཉིད་ཀྱི་རྣལ་འབྱོར་ལྔ། སྦྱོར་བ་དང༌། དངོས་གཞི་དང༌། རྟེན་གྱི་དང་པོ་སྦྱོར་བ་འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་བདུན་དང༌། བརྟེན་པ་ལྷའི་དང་པོ་སྦྱོར་བ་མངོན་པར་བྱང་ཆུབ་པ་ལྔས་རྒྱུའི་ཧེ་རུ་ཀ་བསྐྱེད་པ་དང༌། ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་གྱི་ཞལ་དུ་ཞུགས་པས་མཁའ་གསང་དུ་གནས་པ་སྟེ། གཉིས་པ་དང་འཁོར་མངལ་ནས་བསྐྱོད་པ་དང༌། རྒྱུའི་ཧེ་རུ་ཀ་ཞུ་བ་དང༌། ལྷ་མོ་རྣམས་ཀྱི་གླུས་བསྐུལ་བ་དང༌། འབྲས་བུའི་ཧེ་རུ་ཀ་བསྐྱེད་པ་དང༌། འཁོར་གྱི་མཚན་ཉིད་དང༌། ལུས་ཀྱི་དཀྱིལ་འཁོར་དང་དྲུག་དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་ནི་ཡེ་ཤེས་སེམས་དཔའ་གཟུགས་པ་དང་གོ་ཆ་བསྐོན་པ་དང༌། དབང་བསྐུར་བ་དང༌། བསྒོམ་པ་དང༌། བཟླས་པ་དང༌། བདུད་རྩི་མྱང་བ་དང༌། མཆོད་པ་དང༌། བསྟོད་པ་སྟེ་བརྒྱད་དང་རྗེས་ལ་འཇིག་རྟེན་པ་ལ་གཏོར་མ་སྦྱིན་པ་དང༌། ཡི་གེ་བརྒྱ་


DTG018_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་ལྷག་པ་དང་མ་ཚང་བ་བསྐང་བ་དང༌། བཟོད་པ་གསོལ་བ་དང༌། དགེ་བའི་རྩ་བ་བསྔོ་བ་དང༌། དཀྱིལ་འཁོར་ལུས་ལ་བསྡུ་བ་དང༌། ཚམ་ངམ་གྱི་སྔགས་ཀྱིས་བསྲུང་བ་དང༌། རྐང་པ་བརྒྱད་པས་མཆོད་པ་དང༌། སྨོན་ལམ་གདབ་བོ། །ལངས་ནས་ཐུན་མཚམས་ཀྱི་ཆོ་ག་བཅུ་གཉིས་དང་བཅས་པ་གང་ཟག་གཅིག་ལྷའི་འཁོར་ལོ་བསྒོམ་པས་ཞིབ་མོ་རྣམ་པར་འཐག་པའི་དབང་དུ་བྱས་ནས་དོན་བཞི་བཅུ་རྩ་བརྒྱད་ཡིན་ནོ། །ལེའུ་ལྔ་པའི་འགྲེལ་པའོ།། །།

དྲུག་པ། ཐུགས་ཀྱི་སྡོམ་པ་དང་བླ་མའི་བསྙེན་བཀུར་གྱི་ལེའུའི་འགྲེལ་པ།


DTG018_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་གསུང་གི་འཁོར་ལོ་བཤད་ནས། ཐུགས་ཀྱི་འཁོར་ལོ་སྟོན་པར་བཞེད་པས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ་ཐུགས་ཀྱི་འཁོར་ལོས་འདུལ་བའི་གདུལ་བྱའི་ངོར་བཤད་པའོ། །ཐུགས་ཀྱི་འཁོར་ལོ་མོས་པའི་གང་ཟག་ཚད་མེད་པ་དང་བྱིན་གྱིས་བརླབས་པ་དང༌། བསྲུང་བ་དང༌། ཚོགས་སོགས་པ་དང༌། སྟོང་བ་ཉིད་ཀྱི་རྣལ་འབྱོར་བྱས་ནས། ལྡང་བའི་རྣལ་འབྱོར་འབྱུང་བ་བཞིའི་དཀྱིལ་འཁོར་དང༌། རི་རབ་དང༌། སྣ་ཚོགས་རྡོ་རྗེའི་སྟེང་དུ། བྷྲཱུཾ་ལས་བྱུང་བའི་རྣམ་པར་སྣང་མཛད་གྱུར་པ་ལས་ཐུགས་ཀྱི་དཀྱིལ་འཁོར་གཞལ་ཡས་ཁང་བརྩེགས་མ། དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་སྔོན་པོ་རྡོ་རྗེའི་ཕྲེང་བས་བསྐོར་བ། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་རྡོ་རྗེས་མཚན་པའི་གྲི་གུག་གི་ཕྲེང་བས་བསྐོར་བ། འཁོར་བའི་ཆོས་ཉིད་རྟོགས་པའི་རྣམ་པར་དག་པའི་གདན་ལ། དེའི་དབུས་སུ་ཟླ་བ་ལ་སོགས་པ་མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་རྒྱུའི་ཧེ་རུ་ཀ་རྡོ་རྗེ་སེམས་དཔའ་བསྐྱེད་ལ། ཡབ་ཡུམ་སྙོམས་པར་ཞུགས་པའི་ཞལ་དུ་ཕྱོགས་བཅུའི་སངས་རྒྱས་ཞུགས་ནས་མཁའ་གསང་དུ་ཐུགས་ཀྱི་དཀྱིལ་འཁོར་དུ་འགྱུར་བ་དང༌། འཁོར་གྱི་འཁོར་ལོ་མངལ་སྐྱེས་ཀྱིས་བསྐྱེད་ལ། དེ་ནས་རྒྱུའི་ཧེ་རུ་ཀ་དེ་ཞུ་ནས་ཡོངས་སུ་གྱུར་པའི་ཟླ་བ་དང་ཉི་མའི་ཐིག་ལེ་མཆོག་ལ། ཆོས་ཀྱི་སྐུ་ལས་བཞེངས་པའི་ཕྱིར་ལྷ་མོས་གླུ་བླངས་པ། ཨོཾ་ཨཱཿ་ཧཱུཾ་བདེ་ཆེན་ཨ་ལ་ལ་ཧོ། ཁྱོད་ནི་བདེ་བ་ཆེན་པོ་སྟེ། །ཞེས་མཁའ་འགྲོ་མའི་གླུ་དང༌། བདེ་བ་ཆེ་ལ་མངོན་པར་སྦྱོར། །བྱང་ཆུབ་བདེ་མཆོག་དགྱེས་པ་ཆེ། །ལཱ་མའི་གླུ་དང༌། ཁྱོད་ནི་བདེ་བ་རྗེས་སྒྲུབ་པ། །ཁཎྜ་རོ་ཧཱིའི་གླུ་དང༌། བདེ་བའི་རང་བཞིན་དགྱེས་བདག་


DTG018_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ། །གཟུགས་ཅན་མའི་གླུ་དང༌། ཨོཾ་ཨཱཿཧཱུཾ་ཧོ། དགའ་བ་བཞིའི་གླུ་དང་ཐུགས་ཀའི་འཁོར་ལོའི་ལྷ་མོ་བརྒྱད་ཀྱིས། བཅོམ་ལྡན་བདེ་ཆེན་སྒྲོལ་མཛད་པ། །བདེ་བའི་བདག་ཉིད་ཀུན་མཆོག་ཧཱུཾ། །ཨ་ལ་ལ་ལ་ཧོ། །དམ་ཚིག་གི་ལྷ་མོ་བརྒྱད་ཀྱི་གླུ་ནི། ཁྱོད་ནི་བདེ་བ་ཆེན་པོ་སྟེ། །བདེ་མཆོག་དྲི་མེད་ཟླ་བ་ཉིད། །སྣ་ཚོགས་བདེ་མཆོག་དྲ་བ་སྟེ། །དགྱེས་པའི་བདེ་ཆེན་བདེ་བ་མཆོག །ཨ་ལ་ལ་ལ་ཧོ། །ཡང་དག་པར་སྤོང་བ་བཞིའི་གླུའོ། །དེའི་མོད་ལ་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་ཆོས་ཀྱི་སྐུ་ལས་བཞེངས་ནས་བཅོམ་ལྡན་འདས་འབྲས་བུའི་ཧེ་རུ་ཀའི་ཐུགས་ཀྱི་ཧེ་རུ་ཀ་མཁའ་འགྲོ་དང་བཅས་པའི་དབུས་ན། བཅོམ་ལྡན་འདས་ཞལ་བཞི་པ་ཕྱག་བཅུ་གཉིས་པ་གཡས་བརྐྱང་བའི་གནས་པས་བཞུགས་པ། ཕྱག་རྒྱས་དྲུག་གིས་རྣམ་པར་བརྒྱན་པའོ་ཞེས་བྱ་བའི་བར་ནི་རྒྱུད་ན་གསལ་བས་གོ་སླའོ། །མདུན་ནི་མཁའ་འགྲོ་མ་ཞལ་གཅིག་པ་ཕྱག་གཉིས་པ་བྱ་བ་ནས། ཡིད་འོང་ཆོས་ཀྱི་སྒྲ་སྒྲོགས་པ། །ཞེས་བྱ་བའི་བར་དུ་གོ་སླ་བས་མ་བཤད་དོ། །རྒྱུའི་ཧེ་རུ་ཀ་དང་འབྲས་བུའི་ཧེ་རུ་ཀ་མངོན་པར་བྱང་ཆུབ་པ་ལྔ་ལས་སྐྱེ་བ་ཇི་ལྟར་ཤེས་ཤེ་ན་ལན་དུ། དེ་བཞིན་ཉིད་དང་ཡང་དག་མཐའ། །སྟོང་པ་ཉིད་དང་ཆོས་ཀྱི་དབྱིངས། །མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་བ་ནན་ཏན་གྲུབ་རང་བཞིན། །ཤིན་ཏུ་མཉམ་གཞག་བསྒོམ་བྱ་བ། །རྣལ་འབྱོར་འདི་ནི་མཆོག་གི་མཆོག །ཅེས་བྱ་བ་དེ་བཞིན་ཉིད་དང༌། མེ་ལོང་ལྟ་བུ་ལས་ཟླ་བ་དང་པོའོ། །ཡང་དག་པའི་མཐའ་དག་མཉམ་པ་ཉིད་ལ་ཉི་མའི་དཀྱིལ་འཁོར་གཉིས་པ། སྟོང་པ་ཉིད་དང་སོ་སོར་རྟོག་པ་ལས་ཡིག་འབྲུ་དང་ཕྱག་མཚན། ཆོས་ཀྱི་དབྱིངས་དང་བྱ་བ་གྲུབ་པ་ལས་འོད་ཟེར་སྤྲོ་བསྡུ། ཤིན་ཏུ་རྣམ་པར་དག་པར་བསྒོམ་པ་ལས་རྣལ་འབྱོར་འདི་ནི་རྒྱུའི་ཧེ་རུ་ཀའོ། །ཡང་མཆོག་ནི་འབྲས་བུའི་ཧེ་རུ་ཀའོ། །ཆོས་རྣམས་རོ་གཅིག་བྱས་ནས་ནི་ཉི་ཟླ་གཉིས་དང༌། ཡིག་འབྲུ་གཉིས་དང༌། འོད་ཟེར་སྤྲོ་བསྡུ་གཉིས་དང་བརྒྱད་འགྱུར་བ་ལས་རང་རིག་གི་འཁོར་ལོ་རྣམ་པར་བལྟ་ཞེས་ཏེ། ལྷ་མོ་རྣམས་ཀྱང་མངལ་དུ་ཡབ་ཡུམ་གྱི་ས་བོན་ཉི་ཟླ་གཉིས་དང༌། ཡིག་འབྲུ་དང༌། ཕྱག་མཚན་དང༌། འོད་ཟེར་སྤྲོ་བསྡུ་དང་བཅས་པའི་མངོན་པར་བྱང་ཆུབ་པ་ལྔ་ལས་


DTG018_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངེས་པར་སྐྱེས་པར་གདོན་མི་ལ་བའོ། །བསྙེན་པའོ། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་ཞེས་བྱ་བ་ནས།ཡོངས་གང་ཐོད་པ་གཞག་པར་བྱ།།ཞེས་པའི་བར་དུ་པདྨ་དང་སྐུ་མདོག་ཕྱག་མཚན་ནི་གོ་སླའོ། །བུམ་པ་དང་ཐོད་པ་ཡང་རྒྱུད་ན་གསལ། རྡོ་རྗེས་མཚན་པའི་གྲི་གུག་གི་ཕྲེང་བས་བསྐོར་བ་ཁ་བསྐང་ངོ༌། །ཐུགས་ཀྱི་འཁོར་ལོའི་ཤར་ཕྱོགས་ཀྱི་རྩིབས་བརྒྱད་ལ། པུལླི་ར་མ་ལ་ཡ་ལ་སོགས་པར་འདོགས་པ་ནི་སངས་རྒྱས་ཀྱི་ཞིང་དང་ས་དང་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །ཐོད་པའི་དུམ་བུ་དང་རབ་གཏུམ་མ་ལ་སོགས་པའི་མཚན་ཉིད་ནི་མཁའ་སྤྱོད་ལྷ་དང་དྲི་ཟ་བཏུལ་བས་གདུལ་བྱའི་མིང་གིས་འདུལ་བྱེད་ལ་བཏགས་སོ། །ཞལ་དང་ཕྱག་མཚན་དང༌། གཡེར་ཁའི་སྒྲ་སྒྲོགས་པའི་སྐ་རགས་ཅན་ནོ་ཞེས་བྱ་བའི་བར་དུ་རྒྱུད་ན་གསལ་བས་མ་བཤད་དོ། །རྡོ་རྗེའི་ཕྲེང་བས་བསྐོར་བ་ཁ་བསྐང་ངོ༌། །སྒོ་དང་གྲྭ་ཡི་ལྷ་མོ་རྣམས། །ཁྭ་གདོང་གཤིན་རྗེ་བརྟན་མ་སོགས། །མཁའ་འགྲོ་མ་སོགས་མདོག་འདྲ་བསྟན།།ཞེས་བྱ་བ་མཁའ་འགྲོ་མ་དང་མཐུན་པའི་ཁྭ་གདོང་མ་དཀར་མོ། འུག་གདོང་མ་ལྗང་གུ་།ཁྱི་གདོང་མ་དམར་མོ། ཕག་གདོང་མ་སེར་མོ། གཡོན་ན་ཐོད་པ་དང་ཁ་ཊྭཱཾ་ག །གཡས་ན་གྲི་གུག་དང་ཅང་ཏེའུ་བསྣམས་པ། མཚམས་ཀྱི་ལྷ་མོ་དེ་བཞིན་ཏེ། །ཞེས་བྱ་བ་ནི། ཤར་ལྷོར་གཤིན་རྗེ་བརྟན་མ་སྔོ་སེར། ལྷོ་ནུབ་གཤིན་རྗེ་ཕོ་ཉ་མོ་དཀར་སེར། ནུབ་བྱང་གི་གཤིན་རྗེ་མཆེ་བ་མ་དམར་ལྗང༌། བྱང་ཤར་གྱི་གཤིན་རྗེ་འཇོམས་མ་ལྗང་སྔོ། ཕྱག་མཚན་བཞི་ནི་སྒོ་མ་དང་མཐུན། རང་དང་འདྲ་བ་རོའི་གདན་ལ་བཞུགས་པ་ཡང་དག་པར་སྤོང་བ་བཞིའི་དངོས་གྲུབ་གསོལ་བ་བསྒོམ་པར་བྱའོ། །ཉེ་བསྙེན་ནོ། །འདིར་ལུས་ཀྱི་དཀྱིལ་འཁོར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷར་བསྐྱེད་པ་བསྒོམ་པ་ཁ་བསྐང་སྟེ་གྲུབ་པའོ། །སྒྲུབ་པ་ཆེན་པོ་ལས་ཀྱི་རྒྱལ་མཆོག་ནི་སྔ་མ་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས། དེ་ནམ་མཁར་བྱོན་པ་མཐོང་ནས། ཕྱག་འཚལ་བ་དང༌། མཆོད་པ་དང་བསྟོད་པ་སྔ་མ་བཞིན་དུ་བྱས་ནས། བུམ་པ་ཐོགས་པའི་ལྷ་མོས་གཙོ་བོ་དང་འཁོར་ལ་དབང་གསུམ་བསྐུར་ནས་རང་དང་འཁོར་དང་དུར་ཁྲོད་ཀྱི་བར་དུ་ཡེ་ཤེས་སེམས་དཔའ་དང་དམ་ཚིག་


DTG018_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའ་རོ་གཅིག་པར་བྱས་ནས། དོན་དམ་པར་འདུས་མ་བྱས་ཆོས་ཐམས་ཅད་བདག་མེད་པའི་གོ་འཕང་ལ་གནས་ནས། འདོད་པའི་དོན་དངོས་གྲུབ་ཀུན་སྒྲུབ་པར་བྱེད་པའི་ཐུགས་ཀྱི་འཁོར་ལོ་སྙིང་གར་བསྒོམ་པ་དང༌། ལྐོག་མར་གསུང་གི་འཁོར་ལོ་བསྒོམ་པ་དང༌། དཔྲལ་བར་སྐུའི་འཁོར་ལོ་བསྒོམས་ལ། སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་ལུས་ལ་རྣམ་པར་བཀོད་ནས་སངས་རྒྱས་ཀྱི་མཆོག་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཕྱོགས་བཅུར་སྤྲོ་བར་བྱའོ། །དེ་ལྟར་བསྒོམ་པས་སྐྱོ་ན་བུམ་པ་བཞིའི་སྟེང་གི་ཐོད་པ་ལས། ཡེ་ཤེས་ལྔའི་བདུད་རྩིའི་ཆུས་བཟའ་བའི་དམ་ཚིག་རྟག་ཏུ་བསྐྱང་བ་དང༌། ལྷ་ཐམས་ཅད་ཀྱི་བདུད་རྩིའི་དམ་ཚིག་གི་མཆོད་པ་བྱས་པའི་རྗེས་ལ། སྤྲོ་བསྡུའི་རྣལ་འབྱོར་བསམས་ནས། གཙོ་བོ་ནས་འཁོར་གྱི་བཟླས་པ་བྱས་སོ། །བཟླས་པའི་སྔགས་ནི་སྔ་མ་བཞིན་ནོ། །བསྒོམ་པ་དང་བཟླས་པས་སྤྲོ་བསྡུའི་རིམ་གྱིས་སྔགས་པ་ལ་དངོས་གྲུབ་མྱུར་དུ་འགྲུབ་པས་རྡོ་རྗེ་སེམས་དཔའ་དང་མཉམ་པའི་དམ་ཚིག་ཐོབ་པ་དང་མངོན་པར་ཤེས་པ་ལྔ་དང་ལྡན་པའི་སེམས་ལ་དམིགས་པའི་རིག་འཛིན་ཐོབ་ནས་མཁའ་སྤྱོད་འོག་མིན་གྱི་བདག་པོ་རྣལ་འབྱོར་བ་མཆོག་ཁམས་གསུམ་གྱི་བདག་པོར་འགྱུར་རོ། །མཆོད་པ་དང་བསྟོད་པ་དང་གཏོར་མ་གཏང་བ་གསུམ་ཁ་བསྐང་ངོ༌། །སྡང་བའི་དུས་སུ་གོ་ཆ་དྲུག་གིས་བསྲུང་བ་དང༌། ཁམས་གསུམ་པའི་གནས་པའི་འགྲོ་བ་མ་ལུས་པ་ཐུགས་ཀྱི་འཁོར་ལོ་མཆོག་གི་ངོ་བོར་ཤེས་པ་དང༌། སྟོང་གསུམ་གཞལ་ཡས་ཁང་འགྲོ་བ་རིགས་དྲུག་ལྷ་དང་གཉིས་སུ་མེད་པའི་རྣལ་འབྱོར་འདིའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ངར་འཛིན་པ་དང༌། ང་ཡིར་འཛིན་པ་མེད་པས་བདག་ཏུ་སྣང་བ་མེད་པའི་གཟུང་བ་སྣོད་བཅུད་བདག་གིར་སྣང་བ་ཡང་མི་དམིགས་པ་ལས་མི་གཡོའོ། །དེའི་དོན་འདི་སྐད་ཡིན་ཏེ། སྔོན་འགྲོ་རྣལ་འབྱོར་ལྔ་དང་དངོས་གཞི་དང་པོ་སྦྱོར་བ་དགུ་དཀྱིལ་འཁོར་རྒྱལ་མཆོག་དྲུག་དང༌། ལས་རྒྱལ་མཆོག་བརྒྱད་དང༌། རྗེས་རྣམ་པ་བརྒྱད་དང༌། ཐུན་མཚམས་ཀྱི་ཆོ་ག་བཅུ་གཉིས་ཏེ་བཞི་བཅུ་རྩ་བརྒྱད་ཐུགས་ཀྱི་འཁོར་ལོ་ལ་མོས་པའི་རྣལ་འབྱོར་པས་ཞིབ་མོ་རྣམ་པར་འཐག་པའི་སྒྲུབ་ཐབས་བསྒོམ་པར་བྱའོ། །ལེའུ་དྲུག་པའི་འགྲེལ་པའོ།། །།

བདུན་པ། སྡོམ་པའི་དམ་ཚིག་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་ཐུགས་ཀྱི་འཁོར་ལོ་བཤད་ནས་དམ་ཚིག་གི་བདེ་མཆོག་སྟོན་པར་བཞེད་པས། དེ་ནས་ཞེས་བྱ་བ་སྨོས་ཏེ་དམ་ཚིག་གི་འཁོར་ལོ་ལ་དགའ་བའི་ངོར་དམ་ཚིག་གི་དཀྱིལ་འཁོར་སྟོན་པས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱའོ། །དང་པོ་ཚད་མེད་པའི་རྣལ་འབྱོར་དང༌། བྱིན་གྱིས་བརླབ་པའི་རྣལ་འབྱོར་དང༌། བསྲུང་བའི་རྣལ་འབྱོར་དང༌། ཚོགས་སོགས་པའི་རྣལ་འབྱོར་དང༌། སྟོང་པ་ཉིད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བ་བྱས་ནས། ལྡང་བའི་རྣལ་འབྱོར་འབྱུང་བ་བཞི་དང་རི་རབ་དང༌། བྷྲཱུཾ་ལས་བྱུང་བའི་རྣམ་པར་སྣང་མཛད་གྱུར་པ་ལས་གཞལ་ཡས་ཁང་བསྐྱེད་པའི་རྗེས་ཐོགས་ལ། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་སྨོས་སོ། །དཀྱིལ་འཁོར་གང་ཞེ་ན། དམ་ཚིག་གི་དཀྱིལ་འཁོར་མཆོག་ཏུ་གྱུར་པ་ཞེས་བྱ་བ་སྨོས་ཏེ། དམ་ཚིག་ནི་སྒོམ་བརྒྱད་དོ། །སྐུ་གསུང་ཐུགས་སྤངས་པའི་ལྷ་མོ་བཅུ། གཉིས་ཀྱིས་བསྐོར་བའི་ཟག་པ་མེད་པའི་དཀྱིལ་འཁོར་མཆོག་ནི་བརྗོད་པར་བྱའོ། །དེའི་འབྲས་བུ་འཇིག་རྟེན་གྱི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་ནི་འདོད་པའི་གསང་བ་ཀུན་སྟེར་བའོ། །མཆོག་གི་དངོས་གྲུབ་ནི་སྦས་པའི་ཆོས་ཀྱི་སྐུ་དང༌། གསང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའི་དངོས་གྲུབ་སྩོལ་བའོ། །དགོས་པ་ཅི་ཞེ་ན། སྒྲུབ་པ་པོ་དམ་ཚིག་གི་དཀྱིལ་འཁོར་ལ་དགའ་བ་ལ་ཐོས་བསམ་གྱིས་ཕན་པའི་ཕྱིར་དེ་ཁོང་དུ་ཆུད་པའི་དོན་ཏོ། །ཕན་པ་གང་ཞེ་ན་དམ་ཚིག་གི་དཀྱིལ་འཁོར་སྒྲུབ་པའི་ཐབས་ཀྱི་དོན་བཤད་པར་བྱའོ། །སྒྲུབ་པའི་དོན་གྱི་དཀྱིལ་འཁོར་གྱི་སྔ་མ་བཞིན་དུ་སྒོ་བཞི་སྒོ་ཁྱུད་དང་རྟ་བབས་དང་རྡོ་རྗེའི་ར་བ་མེ་འོད་ཀྱིས་བསྐོར་བར་བྱའོ། །དེའི་དབུས་སུ་འཁོར་ལོ་གསུམ་སྤངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ཤར་གང་པ། ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བ། མཚམས་ཕྱེད་གཟུགས་སྣ་ཚོགས་ཀྱི་མདོག་ཅན་གེ་སར་དང་བཅས་པའི་དབུས་སུ་ཟླ་བ་དང༌། ཉི་མའི་སྟེང་དུ་ཡི་གེ་ཧཱུཾ་དང་ཕྱག་མཚན་སྤྲོ་བསྡུ་དང་མངོན་བར་བྱང་ཆུབ་པའི་རིམ་པས་རྒྱུའི་རྡོ་རྗེ་སེམས་དཔའ་ཞལ་བཞི་ཕྱག་བཅུ་གཉིས་པ་སྐུ་མདོག་དཀར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་རང་སྣང་བའི་ཡུམ་དང་འཁྱུད་པའི་དགྱེས་པ་ཆེན་པོ་སྦྱོར་བས་


DTG018_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱོགས་བཅུའི་སངས་རྒྱས་ཞལ་དུ་ཞུགས་ནས་མཁའ་གསང་ནས་ལྷ་མོ་བཅུ་གཉིས་མངལ་སྐྱེས་ཀྱི་རིམ་པས་བསྐྱེད་པ་ནི་ཡབ་ཡུམ་གཉིས་སུ་མེད་པ་ལས་ལྷ་མོ་བཅུ་གཉིས་སུ་མེད་པའི་འབྲས་བུ་མཆོག་བསྐྱེད་པའོ། །དེ་ནས་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་ཉི་ཟླའི་ཐིག་ལེ་ཞུ་བའི་ཚུལ་ནི་བྱང་ཆུབ་སེམས་དྲི་མ་མེད་པ་ཆོས་ཀྱི་སྐུའོ། །མངལ་སྐྱེས་ཀྱི་འོད་ཟེར་གྱིས་བསླང་བ་ལྷ་མོ་བཅུ་གཉིས་ཀྱི་གླུ་ལྔ་པོ་འདིས་ཆོས་ཀྱི་སྐུར་ཞུ་བ་ལ་སྐུལ་བྱེད་དོ། །དགའ་བ་ཡེ་ཤེས་ཀྱི་འཁོར་ལོའི་སྒོ་ནས་བསྟོད་པ་ནི། ཧཱུཾ་རོལ་ཅིག་རོལ་ཅིག་དགྱེས་པ་ཧོ་ནི་ཡེ་ཤེས་ཀྱི་ལྷ་མོ་བཞི་ལ་རོལ་ཅིག་པའོ། །བདེ་བ་ཆེན་པོའི་རྡོ་རྗེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱུད་ལས་ཡེ་ཤེས་ཀྱི་པདྨོའི་གནས་འདི་ཉིད་དུ་ལྷ་མོ་བཞིའི་བདག་མོར་བཞེངས་སུ་གསོལ་ན། ཨ་ལ་ལ་ལ་ཧོ་དགྱེས་པ་ཆེ། ད་ནི་ཐུགས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཁྱོད་ནི་བདེ་བ་མཆོག་ཡིན་ཏེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །ཁྱོད་ཀྱི་སྤྲུལ་པའི་སྐུའི་ཞལ་ཁུམས་བ་ཙམ་གྱིས་བདག་ཅག་ཐུགས་ཀྱི་འཁོར་ལོའི་ལྷ་མོ་རྣམས་ཀྱིས་བདེ་བ་སྟོང་པ་ཉིད་ཀྱི་རོ་གཅིག་པ་རྙེད་པས་ཀྱེ་མ་བཅོམ་ལྡན་འདས་རྡོ་རྗེའི་རིགས་ཀྱི་བདེ་བ་ཆེན་པོ་དགྱེས་པ་རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཉམས་དགུ། དགའ་བ་བཞིའི་ཉམས་ཀྱི་མཆོག་གིས་རྡོ་རྗེའི་རིགས་ཀྱི་དགྱེས་པའི་བདེ་བ་རྣམས་དུས་རྟག་ཏུ་དངོས་གྲུབ་ཀུན་གྱི་ཕྱིར་བདག་ཐུགས་ཀྱི་ལྷ་མོ་རྣམས་ལ་དགའ་བ་བཞི་པ་རོལ་ཅིག་རོལ་ཅིག་པར་མཛོད་ཅིག་པའོ། །ཐུགས་ཀྱི་འཁོར་ལོའི་ལྷ་མོ་བརྒྱད་པོ་ཐམས་ཅད་དང༌། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་དབང་པོ་བརྒྱད་སྤྲུལ་ནས། ལྷ་མོ་པདྨ་ལ་དགྱེས་པར་རོལ། ཧཱུཾ་ཨ་ལ་ལ་ལ་ཧོ་དགྱེས་པ་ཆེ། །དེ་ལྟར་ཐུགས་ཀྱི་སྒོ་ནས་བསྟོད་ནས། །གསུང་གི་སྒོ་ནས་བསྟོད་པ་ནི། བཅོམ་ལྡན་འདས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ཚོགས་ཀྱིས་སེམས་ཅན་འདོད་པ་ལ་ཁྱོད་དགྱེས་པས་འདོད་པའི་དངོས་གྲུབ་གསོལ་བ་དེའི་ཕྱིར། གསུང་གི་འཁོར་ལོའི་ལྷ་མོ་བརྒྱད་ཀྱི་པདྨ་མཆོག་ལ་དགྱེས་པར་རོལ། ཧཱུཾ་ཨ་ལ་ལ་ལ་ཧོ་དགྱེས་པ་ཆེ། གསུང་གི་འཁོར་ལོའི་སྒོ་ནས། སྐུའི་འཁོར་ལོའི་བསྟོད་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཚོགས་ཀྱི་བདེ་བས་སེམས་ཅན་ལ་དུས་རྟག་


DTG018_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་རྡོ་རྗེ་མཆོག་སྐུའི་དངོས་གྲུབ་འཛིན་པ་རྣམ་པར་སྣང་མཛད་ཀྱི་སྐུའི་འཁོར་ལོའི་ལྷ་མོ་བརྒྱད་ཀྱི་ཁ་སྦྱོར་གྱི་བདེ་བས་པདྨ་ལ་དགའ་བ་བཞིའི་རོལ་པར་མཛོད་ཅིག་པའོ། །དཔེ་ཇི་ལྟ་བུ་ཞེ་ན་ཞེ་ན་ཞེས་པའི་དཔེ་ནི་བུང་བའོ། །བདེ་བ་སྟོང་པའི་དཔེ་ནི་སྦྲང་རྩིའོ། །ལྟེ་བ་སྤྲུལ་པའི་འཁོར་ལོའི་དཔེ་ནི་པདྨའོ། །སྐུའི་འཁོར་ལོའི་དཔེ་ནི་ལྷ་མོ་བརྒྱད་ནི་པདྨ་ལ་རོལ་པས་ཀྱེ་མ་ནི་ངོ་མཚར་བའོ། །གྲོགས་པོ་ནི་དགེ་བའི་བཤེས་གཉེན་ནོ། །དགྱེས་ཆེན་ནི་བདེ་བ་སྟོང་པ་ཉིད་དོ། །འདིར་ནི་བྷ་གའོ། །རྡོ་རྗེ་མཆོག་ནི་ས་བཅུ་གཅུ་གཅིག་པའི་བདེ་བ་ལ་སྦྱར་བྱའོ། །དུས་ཐམས་ཅད་དུ་བདེ་བ་སྟོང་པ་ཉིད་ཀྱིས་སེམས་ཅན་ལ་པན་པར་མཛོད་ཅིག་པའོ། །དུས་ད་ལྟ་ཉིད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྒྱུའི་རྐྱེན་འདུས་པ་ལས་སྐྱེ་བར་མཛོད་ཅིག་པའོ། །ཨ་ལ་ལ་ལ་ཧོ་དགྱེས་པ་ཆེ། །སྐུའི་འཁོར་ལོའི་བསྟོད་པ་བཤད་ནས། དམ་ཚིག་གི་འཁོར་ལོ་ལ་བསྟོད་པ་ནི། བདེ་ཆེན་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ཀུན་དུ་ནི་ཕྱོགས་ཐམས་ཅད་དུའོ། །དགྱེས་པ་མཆོག་ནི་བདེ་བ་སྟོང་པ་ཉིད་དོ། །རོལ་ཞེས་པ་ནི་དམ་ཚིག་གི་ལྷ་མོ་བརྒྱད་ཀྱི་བདག་པོ་མཛོད་ཅིག་ཅེས་པའོ། །ཨ་ལ་ལ་ལ་ཧོ། །ཨ་ནི་དོན་དམ་བྱང་ཆུབ་སེམས་སོ། །ལ་གསུམ་ནི་དགའ་བ་མཆོག་དགའ་བ་མཆོག་དགའ་ལྷན་སྐྱེས་དགའ་བའོ། །ཧོ་དགྱེས་པ་ཆེན་པོ་ནི་རྣམ་པ་ཐམས་ཅད་ཀྱི་འོད་གསལ་ལོ། །འདིར་སྐུ་གསུང་ཐུགས་མེད་ན་ཅིའི་ཕྱིར་བསྟོད་སྙམ་ན། གཙོ་བོའི་དཔྲལ་བ་དང༌། ལྐོག་མ་དང༌། སྙིང་ག་ན་སྐུ་གསུང་ཐུགས་ཀྱི་འཁོར་ལོ་དང་ལྡན་ནོ། །འཁོར་ལོ་ལྔ་ལ་བསྟོད་པར་རིན་ཆེན་རྡོ་རྗེས་བཤད་དོ། །གླུ་འདིས་བསྐུལ་མ་ཐག་ཏུ་མངོན་བར་བྱང་ཆུབ་པ་ལྔ་ལས་བཞེངས་པའི་བཅོམ་ལྡན་འདས་དམ་ཚིག་གི་བདེ་བ་མཆོག་འཁོར་ལྷ་མོ་བཅུ་གཉིས་ཀྱིས་བསྐོར་བ་དང་བཅས་པར་རང་ཉིད་བལྟ་བར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་ནི་ཞལ་མདུན་མ་སྔོ་བ། གཡས་པ་སེར་བ། རྒྱབ་མ་དམར་བ། གཡོན་ལྗང་བ། ཐུགས་ཀྱི་འཁོར་ལོ་བཞིན་དུ་གཡས་སྐོར་ཡིན་པར་ངེས་སོ། །ཞལ་བཞི་ནི་གདུལ་བྱ་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་མོས་པ་ལ་ས་ཆུ་མེ་རླུང་བཞིའི་རྩ་བསྒོམ་པ་བསྟན་ཏོ། །སྤྱན་གསུམ་སྟོན་པ་ནི་རྩ་གསུམ་སྒོམས་ཤིག་པའོ། །ཕྱག་བཅུ་གཉིས་བསྟན་པ་ནི་རྩ་བཅུ་གཉིས་


DTG018_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒོམས་ཤིག་པའོ། །འཇིགས་བྱེད་དུས་མཚན་མནན་པས་ནི་འོག་སྒོ་གཉིས་ཀྱི་རྩ་དགག་པའོ། །རྡོ་རྗེ་དྲིལ་བུ་བསྣམས་པས་མིག་དང་གཟུགས་ཀྱི་རྩ་འགེགས་པའོ། །གཉིས་ཀྱིས་ཚོགས་བདག་གི་པགས་པ་འཛིན་པ་ནི་རྣ་བ་དང་སྒྲའི་རྩ་འགེགས་པའོ། །ཅང་ཏེའུ་དང་ཁ་ཊྭཱཾ་ག་རྣམས་ནི་སྣ་དང་དྲིའི་རྩ་འགེགས་པའོ། །དགྲ་སྟ་དང་ཞགས་པ་ནི་ལྕེ་དང་རོའི་རྩ་འགེགས་པའོ། །གྲི་གུག་དང་ཀ་པཱ་ལ་ནི་ལུས་དང་རེག་བྱའི་རྩ་འགེགས་པའོ། །མདུང་རྩེ་གསུམ་པ་དང་བདུད་བཞིའི་མག་བོ་ནི་ཡིད་དང་ཆོས་ཀྱི་རྩ་འགེགས་པའོ། །རལ་པའི་ཅོད་པན་ནི་སྤྱི་གཙུག་གི་རྩ་སུམ་ཅུ་རྩ་གཉིས་སྟོན་ཏོ། །ཐོད་པའི་ཕྲེང་བ་འཕྱང་བས་ནི་སྤྱི་གཙུག་གི་བྱང་ཆུབ་ཀྱི་སེམས་བབས་པས་ཡེ་ཤེས་ལྔ་བསྐྱེད་པར་སྟོན་ཏོ། །ཟླ་བ་ཕྱེད་པས་ནི་སྤྱི་གཙུག་གི་བྱང་ཆུབ་ཀྱི་སེམས་སྟོན་ཏོ། །སྣ་ཚོགས་རྡོ་རྗེ་ནི་སྤྱི་གཙུག་གི་རྩ་ཛཱ་ལནྡྷ་ར་ན་གནས་པར་སྟོན་ཏོ། །མཆེ་བ་གཙིགས་པ་ནི་སྣ་བུག་གཉིས་ཀྱི་རྩ་འགེགས་པར་སྟོན་གོ །ཉམས་དགུ་ནི་འབྱུང་བ་ལྡ་དང་བདུད་རྩི་ལྔའི་རྩ་སྟོན་ཏོ། །ནམ་མཁའ་དང་བྱང་ཆུབ་ཀྱི་སེམས་ཀྱི་རྩ་གཅིག་ཡིན་ནོ། །སྟག་གི་བགས་པས་ནི་ལྟེ་བ་སྤྲུལ་བའི་འཁོར་ལོའི་དྲུག་ཅུ་རྩ་བཞི་སྟོན་ཏོ། །མགོ་བོའི་ཕྲེང་བས་ནི་རས་ནཱ་དང་ལ་ལ་ནཱའི་རྩ་གཉིས་སྟོན་ཏོ། །དབང་པོ་དྲུག་གི་རྩ་བཀག་པས་ཕྱག་རྒྱ་དྲུག་གི་རྩ་སྟོན་ཏོ། །རྡོ་རྗེ་ཕག་མོ་ནི་རྩ་ཨ་ཝ་དྷཱུ་ཏཱིའི་གཏུམ་མོ་དྲོད་སྟོན་པ་ཡིན་ནོ། །ཡུམ་གྱི་སྐུ་མདོག་དང་ཕྱག་མཚན་ནི་རྒྱུད་ན་གསལ་ལོ། །ཆོས་ཀུན་གནས་ནི་བདེ་བ་ཡིན།།ཞེས་པ་ནི་རྒྱུ་དང་འབྲས་བུའི་ཧེ་རུ་ཀ་དང་འཁོར་རྣམས་མངོན་པར་བྱང་ཆུབ་པ་ལྔ་ལས་སྐྱེས་པར་སྟོན་ཏེ། ཨཱ་ལི་མེ་ལོང་ལྟ་བུ་དང༌། ཀཱ་ལི་མཉམ་པ་ཉིད་དང༌། ཆོས་ཀུན་གཞི་ཡིག་འབྲུ་དང༌། ཕྱག་མཚན་སོ་སོར་རྟོག་པའི་དགེ་བ་དང༌། འོད་ཟེར་སྤྲོ་བསྡུ་བྱ་བ་ནན་ཏན་རྟོག་པ་མེད་པའི་དེ་བཞིན་ཉིད་དང༌། ཆོས་དང་ཆོས་ཉིད་སྤངས་པའི་ཡེ་ཤེས་ལྔ་པ་སྐུ་བསྒྲུབ་པའོ། །པདྨའི་འདབ་མ་ལ་གནས་པའི་ལྷ་མོ་བཞི་དང༌། ཡེ་ཤེས་ཀྱི་འཁོར་ལོའི་བུམ་པ་བཞི་དང༌། ཐོད་པ་ནི་རྒྱུད་ན་གསལ་བསམ་བཤད་དོ། །གྲི་གུག་གི་ཕྲེང་བས་བསྐོར་བ་ཁ་བསྐང་ངོ༌། །ཁྭ་གདོང་མ་ལ་སོགས་པའི་སྒོ་མ་བཞི་ཞལ་གྱི་ཁ་དོག་དང་མཐུན་པ་དང༌། མཚམས་ཀྱི་ལྷ་


DTG018_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོ་བཞི་ཕྱེད་གཟུགས་ཡིན་པ་རྒྱུད་ན་གསལ་བསམ་བཤད་དེ། རང་གི་ཁ་དོག་དང་དབྱིབས་དང་མཐུན་པར་རོའི་སྟེང་ན་བཞུགས་པར་ཁ་པར་ཁ་བསྐང་ངོ༌། །གཙོ་བོ་བསྐྱེད་པ་བསྙེན་པ། འཁོར་བསྐྱེད་པ་ཉེ་བསྙེན་ནོ། །སྒྲུབ་པ་ལུས་ཀྱི་དཀྱིལ་འཁོར་ནི་ཁམས་དང་སྐྱེ་མཆེད་དང་ཕུང་པོ་དང་སྐུ་གསུང་ཐུགས་ནི་རྣམ་བསྒོམ་པ་ནི་སྔར་བཤད་པ་བཞིན་དུ་སྐུ་མདོག་དང་ཕྱག་མཚན་ཤེས་པར་བྱའོ། །སྙིང་གར་ཧཱུཾ་ལས་ཐུགས་ཀྱི་འཁོར་ལོ། །ལྐོག་མར་ཨཱཿ་ལས་གསུང་གི་འཁོར་ལོ། །སྤྱི་བོར་ཨོཾ་ལས་སྐུའི་འཁོར་ལོ། །ནུ་མ་གཉིས་སུ་ཧེ་ལས་ཡེ་ཤེས་ཀྱི་འཁོར་ལོ། །ལྟེ་བར་ཁཾ་ལས་དམ་ཚིག་གི་འཁོར་ལོ། །གཙོ་བོའི་ལུས་ཀྱི་ནང་དུ་འཁོར་ལོ་ལྔ་བསྒོམས་ལ། འཁོར་ལྷ་མོ་བཅུ་གཉིས་ཐམས་ཅད་ལ་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་འཁོར་ལོར་རྣམ་པར་བསྒོམ་མོ། །སྒྲུབ་པ་ཆེན་པོ་ནི་བཅོམ་ལྡན་འདས་ལ་ཆགས་པའི་ཡུམ་རྡོ་རྗེ་ཕག་མོ་དང་རྗེས་སུ་ཆགས་པའི་ལྷ་མོ་བཅུ་གཉིས་དང་བཅས་པའི་ཡེ་ཤེས་ཀྱི་འཁོར་ལོ་སྔར་བཤད་པའི་སྔགས་དང་ཕྱག་རྒྱས་སྤྱན་དྲངས་ལ། དེ་བལྟས་ནས་ཕྱག་བྱ། རྐང་པ་བརྒྱད་པས་མཆོད། དབའ་བོ་དང་དཔའ་མོའི་སྔགས་ཀྱིས་བསྟོད་ལ། ཐུགས་ཀ་ནས་ལྷ་མོ་བྱུང་ནས་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། རྗེས་སུ་ཆགས་པ་ལྷ་མོ་བཅུ་གཉིས་དང་བཅས་པའི་གཙོ་བོའི་སྦྱོར་བས་དམ་ཚིག་སེམས་དཔའ་ལ་བཞུགས་ནས་རོ་གཅིག་པར་བསྒོམ་མོ། །སྟོང་གསུམ་གྱི་དངོས་པོའི་ངོ་བོ་ལྷའི་འཁོར་ལོར་རྣམ་པར་བསྒོམ་པས་ཐུན་བཞིར་སྤྲོ་བ་དང་བསྡུ་བའི་སྦྱོར་བ་བྱས་ཏེ་ཡེ་ཤེས་ཀྱི་བཟླས་པ་བསྒོམ་མོ། །དམ་ཚིག་གི་མཆོད་པ་ཐོད་པ་བཞི་ལས་བདུད་རྩི་མྱང་བའི་སྦྱོར་བས་ལྷ་མོ་རྣམས་ཚིམ་པར་བྱས་ནས། ངག་གི་བཟླས་པ་སྟོང་གསུམ་ལྷའི་འཁོར་ལོ་ཆོ་ག་བསྒོམས་ལ་བཟླས་པ་བྱའོ། །སྔགས་ནི་གོ་སླའོ། །སྤྲོ་བ་དང་བསྡུ་བའི་སྦྱོར་བས་དམ་ཚིག་གི་སྔོམ་པ་ལྷ་བཅུ་བཞིའི་བསྒོམ་པ་དང་བཟླས་པ་བྱའོ། །སྔགས་ཀྱི་ཡི་གེ་གང་དགོད་ཅེ་ན། འདི་ནི་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་མན་ངག་སྟེ། སྙིང་གར་དབྱངས་ཡིག་བཅུ་དྲུག་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་


DTG018_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་བོ་དང་ཡུམ་གྱི་སྔགས་དང་ལྷ་མོ་རྣམས་ཀྱི་སྔགས་ཞི་བ་ལ་དཀར་པོ། །རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། མངོན་སྤྱོད་ལ་ནག་པོ་བྱས་ནས་བཟླས་པ་བྱའོ། །དེ་ནས་བསྟོད་པ་དང་མཆོད་པ་དང་གཏོར་མ་བྱ་བ་ཁ་བསྐང་ངོ༌། །བསྒོམ་པས་དུབ་ན་ལངས་པའི་ཚེ་དཔའ་བོ་དང་དཔའ་མོའི་གོ་ཆས་བསྲུང༌། སྟོང་གསུམ་གྱི་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་རང་དང་མཉམ་པའི་ལྷའི་རང་བཞིན་དུ་བསམས་ནས། འདོད་པའི་ཡོན་ཏན་ལྔའི་ཆོས་ཐམས་ཅད་ཀྱི་རང་བཞིན་རོ་གཅིག་པའི་མཉམ་པ་ཉིད་དུ་མཆོད་ནས་གནས་པར་བྱའོ། །ཁ་ཟས་ཟ་བའི་ཚེ་ཡེ་ཤེས་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་ནས་ནང་གི་སྦྱིན་སྲེག་བྱའོ། །ཐུན་བཞིའམ་དུས་བཞིའམ་དུས་གསུམ་དུ་ཇི་ཙམ་ནུས་པའི་ཚོགས་ཀྱི་འཁོར་ལོ་བྱས་ནས་དམ་ཚིག་བསྲུང་བའོ། །འདི་ནི་གསང་བའི་མཆོག་ཡིན་པས་སུ་ལ་ཡང་མི་བསྟན་ཏོ། །འདི་སྐད་སྟོན་ཏེ། སྔོན་དུ་འགྲོ་བ་ལྔ་དང༌། དངོས་གཞི་ཏིང་ངེ་འཛིན་གསུམ་དང༌། རྗེས་རྣལ་འབྱོར་བརྒྱད་དང༌། ཐུན་མཚམས་ཀྱི་རྣལ་འབྱོར་བཅུ་གཉིས་ཏེ། སྒྲུབ་པའི་ཐབས་ཞིབ་མོ་རྣམ་པར་འཐག་པ་བཞི་བཅུ་རྩ་བརྒྱད་བསྒོམ་པར་བྱའོ། །ལེའུ་བདུན་པའི་འགྲེལ་པའོ།། །།

བརྒྱད་པ། གནས་ཀྱི་རིམ་པའི་ལེའུའི་འགྲེལ་པ།


DTG018_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དམ་ཚིག་གི་འཁོར་ལོ་བཤད་ནས་ཡེ་ཤེས་ཀྱི་འཁོར་ལོ་བཤད་པར་བཞེད་པས་དེ་ནས་ཞེས་བྱ་བ་གསུངས་ཏེ། གདུལ་བྱ་ཡེ་ཤེས་ཀྱི་འཁོར་ལོ་ལ་དགའ་བའི་ངོར་ཆོ་ག་གཞན་གྱི་རིམ་པ་བཤད་པར་བྱ་ཞེས་གསུངས་སོ། །ཚང་མེད་པའི་རྣལ་འབྱོར་དང༌། བྱིན་གྱིས་བརླབ་པའི་རྣལ་འབྱོར་དང༌། སྲུང་བའི་རྣལ་འབྱོར་དང༌། ཚོགས་སོགས་པའི་རྣལ་འབྱོར་དང༌། སྟོང་པ་ཉིད་ཀྱི་རྣལ་འབྱོར་དང༌། འབྱུང་བ་བཞི་རི་རབ་དང་སྣ་ཚོགས་རྡོ་རྗེ་དང༌། གཞལ་ཡས་ཁང་བསྐྱེད་པའི་རྗེས་ལ་དེ་ནས་ཞེས་བྱ་བ་གསུངས་ཏེ། དེའི་དབུས་སུ་འཁོར་ལོ་གསུམ་སྤངས་པའི་པདྨ་འདབ་མ་བརྒྱད་པ། ཤར་སྔོ་བ། ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བས་ན། སྣ་ཚོགས་འདབ་མ་ཡིད་འོང་བ། །ཞེས་བྱ་བ་སྟེ་མཚམས་ནི་ཕྱེད་གཟུགས་སོ། །དེའི་སྟེང་དུ་ཟླ་བ་དང་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཤེས་རབ་སྣ་ཚོགས་ཀྱི་པདྨ་དེའི་ལྟེ་བར་གསུམ་པ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་བཞི་པ་ཉི་མའི་དཀྱིལ་འཁོར། རིམ་པ་བཞིའི་གདན་གྱི་སྟེང་དུ་ཨཱ་ལི་ཀ་ལཱིའི་ཉི་ཟླ་ཁ་སྦྱོར།


DTG018_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེའི་དབུས་སུ་ཡིག་འབྲུ་དང་ཕྱག་མཚན། དེ་ནས་འོད་ཟེར་སྤྲོ་བསྡུ་མངོན་པར་བྱང་ཆུབ་པ་ལྔ་པ་ལས་རྡོ་རྗེ་སེམས་དཔའ་ཕྱོགས་བཅུའི་སངས་རྒྱས་ཞལ་དུ་ཞུགས་ནས་མཁའ་གསང་གི་གནས་ནས་ལྷ་མོ་བཞི་བསྐྱེད་ནས་རྒྱུའི་ཧེ་རུ་ཀ་ཞུ་བ་ལ་ལྷ་མོ་བཞིའི་གླུས་བསྐུལ་བ་ནི། ཧོ་སྲིད་པ་གསུམ་གྱི་བདེ་སྙེད་གཙོ། །ཨ་ལ་ལ་ལ་ཧོ། །ཞེས་རྡོ་རྗེ་མཁའ་འགྲོ་མའི་གླུ་དང༌། རྒྱལ་བ་བདེ་ཆེན་པདྨའི་ཚོགས། །པདྨ་ལ་ནི་རྡོ་རྗེ་རོལ། །ཨ་ལ་ལ་ལ་ཧོ། །ལཱ་མའི་གླུ་དང༌། ཕྱོགས་བཅུའི་བདེ་གཤེགས་སྙིང་པོ་སྤྲོས། །ཀུན་གྱི་སྙིང་པོ་བདག་པོར་མཛོད། །ཨ་ལ་ལ་ལ་ཧོ། །ཁཎྜ་རོ་ཧའི་གླུ་དང༌། སྲིད་པ་གསུམ་གྱི་སྙིང་པོ་ཡིས། །བདེ་བ་ཆེན་པོ་རྟོགས་པར་མཛོད། །བདག་དགྱེས་པ་ལ་རོལ་པ་མཛོད། །བདེ་ཆེན་ཨ་ལ་ལ་ལ་ཧོ། །གཟུགས་ཅན་མའི་གླུས་བསྐུལ་བས། །ཐིག་ལེ་དེ་ཡོངས་སུ་གྱུར་པ་ལས་རྣལ་འབྱོར་བདག་ཉིད་ཞལ་ལྔ་པ་ཕྱག་གཉིས་པ་སྤྱན་གསུམ་པའི་ཧེ་རུ་ཀར་གྱུར་ཏེ། ཞལ་སྔ་བསྟན་པས་གདུལ་བྱ་རླུང་གི་དཀྱིལ་འཁོར་ལ་མོས་པ། འབྱུང་བ་ལྔའི་རླུང་གི་དཀྱིལ་འཁོར་ཁ་དོག་གཅིག་པར་སྟོན་ཏོ། །ཕྱག་བཅུ་གཉིས་ཀྱིས་དབང་པོ་དྲུག་དང་ཡུལ་དྲུག་གི་རླུང་འགེགས་པར་སྟོན་ཏོ། །སྤྱན་གསུམ་གྱིས་དབུགས་དབྱུང་རྔུབ་གསུམ་གྱི་རླུང་འགེགས་པར་སྟོན་ཏོ། །ཞབས་བཞི་གཡས་གཡོན་བརྐྱང་བས་འོག་སྒོ་གཉིས་ཀྱི་དབུགས་འབྱུང་འཇུག་འགེགས་པར་སྟོར་ཏོ། །འཇིགས་བྱེད་དུས་མཚན་མནན་པས་འདོད་པའི་ཁམས་ཀྱི་རླུང་འགེགས་པ་སྟོན་ཏོ། །སྟག་གི་པགས་པ་གོས་སུ་མནབས་པས་ལྟེ་བའི་རླུང་དྲུག་ཅུ་རྩ་བཞི་འགེགས་པར་སྟོན་ཏོ། །ཐོད་པའི་ཕྲེང་བས་བརྒྱན་པས་སྤྱི་བོའི་རྩ་སུམ་ཅུ་རྩ་གཉིས་ཀྱི་རླུང་འགེགས་པར་སྟོན་ཏོ། །ཟླ་བ་ཚེས་པས་ཨ་ན་ཡའི་རླུང་སྟོན་ཏོ། །སྣ་ཚོགས་རྡོ་རྗེས་སྤྱི་གཙུག་ཛཱ་ལནྡྷ་རའི་རླུང་སྟོན་ཏོ། །སྒེག་པ་ལ་སོགས་པའི་ཉམས་དགུས་འབྱུང་བ་བཞི་དང་བདུད་རྩི་ལྔའི་རླུང་འགེགས་པར་སྟོན་ཏོ། །མི་མགོའི་དོ་ཤལ་ལྔ་བཅུས་ར་ས་ནཱ་དང་ལ་ལ་ནཱའི་རླུང་འགེགས་པར་སྟོན་ཏོ། །ཕྱག་རྒྱ་དྲུག་གིས་དབང་བོ་དྲུག་གི་རླུང་འགེགས་པར་སྟོན་ཏོ། །ཐོད་པ་དང་དྲིལ་བུས་ཡུམ་ལ་འཁྱུད་པའི་ཕྱག་རྒྱས་གཟུགས་ཀྱི་གཟུང་འཛིན་འགེགས་སོ། །འཇིགས་


DTG018_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་ཀྱི་པགས་པས་བསྣམས་པ་གཉིས་ཀྱིས་རྣ་བ་དང་སྒྲའི་གཟུང་འཛིན་འགེགས་སོ། །རྡོ་རྗེ་དང་ཁ་ཊྭཱཾ་གས་སྣ་དང་དྲིའི་གཟུང་འཛིན་འགེགས་སོ། །མདུང་རྩེ་ལྔ་དང་ཞགས་པས་ལྕེ་དང་རོའི་གཟུང་འཛིན་འགེགས་སོ། །དགྲ་སྟ་དང་གྲི་གུག་གིས་ལུས་དང་རེག་བྱའི་གཟུང་འཛིན་འགེགས་སོ། །ཅང་ཏེའུ་དང་དྲག་པོའི་མགོ་བོས་ཡིད་དང་ཆོས་ཀྱི་གཟུང་འཛིན་འགེགས་སོ། །དེའི་བཅོམ་ལྡན་འདས་ཡུམ་ཕག་མོའི་སྐུ་མདོག་དང་ཕྱག་མཚན་གོ་སླ་བས་མ་བཤད་དོ། །བཅོམ་ལྡན་འདས་ནི་སྐྱེ་བོ་འདོད་ཆགས་ཅན་གྱི་དོན་དུ་ཆོས་ཀྱི་དབྱིངས་ཀྱི་ཡུམ་དང་འཁྱུད་པ་ནི་ཐུགས་རྡོ་རྗེ་ཆགས་པས་རྣམ་པར་རོལ་པའོ། །སྤྱི་གཙུག་ན་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་དཔལ་ཧེ་རུ་ཀ་ནི། ཞལ་དང་པོ་སྔོ་སྐྱ་གཡས་སེར་བ་རྒྱབ་དམར་བ་གཡོན་ལྗང་བ་སྟེང་དཀར་བའོ། །མདུན་མ་ཁྲོ་བ་གཡས་པ་གཞང་པ་རྒྱབ་སྒེག་པ་གཡོན་རྔམ་པ་སྟེང་ཞི་བ་དང་ལྡན་པའོ། །གཙོ་བོ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབས་པར་བསྒོམས། འཁོར་ལ་ཡང་ཕྱིས་བསྒོམ་པར་བྱའོ། །ཤར་གྱི་འདབ་མར་མཁའ་འགྲོ་མ་དང༌། བྱང་དུ་ལཱ་མ་དང༌། ནུབ་ཏུ་དུམ་སྐྱེས་མ་དང༌། ལྷོར་གཟུགས་ཅན་མ་ཞལ་གཅིག་ཕྱག་བཞི་པ་ཁྲོ་མོ་དྲག་པོའི་གཟུགས་ཅན་དགོད་པ་དང༌། མཚམས་བཞིར་བུམ་པའི་སྟེང་དུ་ཐོད་པ་གཞག་པར་བྱ་བ་ནི་རྒྱུད་ན་གསལ་བས་མ་བཤད་དོ། །གཙོ་བོ་བསྐྱེད་པ་བསྙེན་པ། འཁོར་བསྐྱེད་པ་ཉེ་བསྙེན། ལུས་ཀྱི་འཁོར་ལོ་བསྐྱེད་པ་སྒྲུབ་པ་བྱས་ནས་སྒྲུབ་པ་ཆེན་པོ་ནི་སྔགས་དང་ཕྱགས་རྒྱ་དང་ཏིང་ངེ་འཛིན་གྱིས་ཡེ་ཤེས་སེམས་དཔའ་བཀུག་ནས། ཕྱག་བྱ་བ་དང་བསྟོད་པ་དང་དབང་བསྐུར་བར་བསམས་ནས་བཞུགས་པར་བྱའོ། །དཔྲལ་བར་ཨོཾ་ལྐོག་མར་ཨཱཿསྙིང་གར་ཧཱུཾ་གསུམ་ལས་འཁོར་ལོ་གསུམ་བསྒོམས་ལ། ནུ་མའི་བར་དུ་ཧེ་ལས་ཡེ་ཤེས་ཀྱི་འཁོར་ལོ་བསྒོམས་ཏེ་དབུགས་འབྱུང་རྔུབ་དང་སྦྱར་ནས་གསང་སྔགས་ཡིད་ཀྱིས་བཟླས་པ་བྱ་སྟེ་སྔགས་ནི་གོ་སླའོ། །ལུས་ཀྱི་འཁོར་ལོ་ལས་ཁྲོ་བོའི་སྤྲུལ་པ་སྤྲོས་པས་ཁམས་གསུམ་གྱི་འགྲོ་བ་འཁོར་ལོ་གསུམ་གྱི་ལྷར་རྫོགས་པར་བྱས་ནས་སྤྲོ་བ་དང་བསྡུ་བའི་བསྒོམ་པ་དང་བཟླས་པ་བྱའོ། །ཁམས་གསུམ་མ་ལུས་པ་ཀུན་སྐུ་གསུང་ཐུགས་ཀྱི་ལྷར་བསྐྱེད་ནས་ཅི་བདེ་བར་བདུད་


DTG018_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྩི་མྱང་བ་དང༌། མཆོད་པ་དང༌། བསྟོད་པ་དང༌། གཏོར་མ་གཏང་བ་ཇི་ལྟར་བདེ་བར་བྱས་ལ། བསྒོམས་པ་ལས་ལྡང་བའི་དུས་སུ་དཔའ་བོ་དང་དཔའ་མོའི་གོ་ཆ་གཉིས་བསྐོན་ནས་བསྲུང་བར་བྱའོ། །དེ་ནས་སྲིད་པ་དང་ཞི་བའི་དངོས་པོ་ཐམས་ཅད་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡབ་ཡུམ་གྱི་སྙིང་པོ་དང༌། ཉེ་བའི་སྙིང་པོ་དང་ལྷ་མོ་རྣམས་ཀྱི་སྔགས་བཀོད་པ་ལ། དབྱི་བས་ལྷའི་འཁོར་ལོ་བསྡུ་བ་དང༌། དེ་ནས་སྔགས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སེམས་ལ་བསྡུ་བར་བྱའོ། །སྒྲུབ་ཐབས་ཐམས་ཅད་ཀྱི་ལུགས་ཀྱིས་སྤྲུལ་བའི་འཁོར་ལོ་ལུས་ཀྱི་དཀྱིལ་འཁོར་སེམས་ཀྱི་འཁོར་ལོ་ལ་བསྡུ་བ་ནི། སྔགས་དང་དབྱིབས་དང་ཆོས་བདག་ཉིད། །ཅེས་བྱ་བ་སྟེ། དེ་ཐམས་ཅད་དུ་ཤེས་པས་བསྒོམ་པའི་རྣལ་འབྱོར་གྱིས་སྤྱོད་ལམ་རྣམ་པ་བཞི་ལ་ཇི་ལྟར་བདེ་བར་གནས་པར་བྱའོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། སྔོན་དུ་འགྲོ་བའི་རྣལ་འབྱོར་ལྔ་དང༌། དངོས་གཞི་ཏིང་ངེ་འཛིན་རྣམ་པ་གསུམ་དང༌། རྗེས་བརྒྱད་དང༌། ཐུན་མཚམས་ཀྱི་ཆོ་ག་བཅུ་གཉིས་ཏེ། སྒྲུབ་པའི་ཐབས་ཞིབ་མོ་རྣམ་པར་འཐག་པར་རྣམ་པ་བཞི་བཅུ་རྩ་བརྒྱད་ཀྱིས་སྒྲུབ་པའི་ཐབས་བསྒོམ་པར་བྱའོ། །དམན་པ་དབྱིབས་བསྐྱེད་རིམ། ཟབ་པ་སྔགས་རྫོགས་རིམ། ཐབས་རྩ་རླུང་གི་དེ་ཁོ་ན། མཐར་ཐུག་དེ་ཁོ་ན་ཆོས་ཐམས་ཅད་ལས་བྱུང་བ་ཡེ་ཤེས་ཀྱི་རིམ་པ་ཕྱག་རྒྱ་ཆེན་པོ་དོན་གྱི་གནས་ལུགས་སོ། །ལེའུ་བརྒྱད་པའི་འགྲེལ་པའོ།། །།

དགུ་པ། གཉིས་སུ་མེད་པའི་འཁོར་ལོའི་རིམ་པར་ཕྱེ་བ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་མངལ་ལ་སྐྱེས་ཀྱི་འཁོར་ལོ་ལྔ་བཤད་ནས། སྒོང་སྐྱེས་སྟོན་པར་བཞེད་པས་བྱེད་པ་མཇུག་ཐོགས་ཀྱི་དེ་ནས་ཞེས་བྱ་བ་གསུངས་སོ། །གདུལ་བྱ་སྒོང་སྐྱེས་ལ་དགའ་བའི་ངོར་དེ་ནས་གཞན་ཡང་བཤད་པར་བྱའོ། །དེ་ནས་ཞེས་བྱ་བ་ཚད་མེད་པ་དང༌། བྱིན་གྱིས་བརླབ་པ་དང༌། སྲུང་བ་དང༌། ཚོགས་སོགས་པ་དང༌། སྟོང་པ་ཉིད་དང་ལྔ་སྔོན་དུ་འགྲོ་བ་དང༌། འབྱུང་བ་བཞི་རི་རབ་དང༌། སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་དང་བདུན་བསྐྱེད་པའི་རྗེས་ཐོགས་ལ། དེ་ནས་གཞན་ཡང་བཤད་བྱ་བ་ནི་བརྟེན་པ་ལྷའི་དང་པོ་སྦྱོར་བ་བསྒོམ་པའོ། །དཔའ་བོ་གཅིག་པས་སྒོང་སྐྱེས་ཀྱི་ཚོགས་ནི། གཞལ་ཡས་ཁང་གི་དབུས་སུ་འཁོར་ལོའི་ངོ་སྐལ་དུ་རླུང་དང་མེའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་


DTG018_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་ཀྱི་འཁོར་ལོའི་སྣ་ཚོགས་པདྨ། དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་གདན། དེའི་སྟེང་དུ་ཐོང་པ་ཡེ་ཤེས་ལྔའི་བདུད་རྩིས་གང་བའི་ཕྱེད་ཚལ། དེའི་སྟེང་དུ་ཨཱ་ལི་ལུགས་འབྱུང་བཅུ་དྲུག་དང༌། ལུགས་བཟློག་བཅུ་དྲུག་དང་སུམ་ཅུ་རྩ་གཉིས། གསལ་བྱེད་སུམ་ཅུ་རྩ་བཞི་དང༌། ལྕེ་རྩ་ལས་བྱུང་བའི་ཡི་གེ་གཉིས་དང༌། ཕུས་འདེབས་པའི་ཡི་གེ་གཉིས་དང༌། ཚེག་དྲག་ལས་བྱུང་བའི་ཡི་གེ་གཉིས་ཏེ། ཡི་གེ་དྲུག་གིས་བསྣན་པས་གསལ་བྱེད་བཞི་བཅུ་ལུགས་འབྱུང་དང་ལྕགས་བཟློག་གཉིས་ཀྱིས་བརྒྱད་ཅུ། དབྱངས་ཡིག་སུམ་ཅུ་རྩ་གཉིས་ལས་མཚན་སུམ་ཅུ་རྩ་གཉིས་ཀྱི་ཟླ་བ། གསལ་བྱེད་བརྒྱད་ཅུ་ཐམ་པ་ལས་དཔེ་བྱད་བཟང་པོ་བརྒྱད་ཅུ་ཉི་མ། ཉི་ཟླ་ཁ་སྦྱོར་གྱི་སྒོ་ད་ཧཱུཾ་གི་ཁོང་པར་བཾ་བཅུག་པའི་བྱིའུ་ཕྲུག །འོད་ཟེར་སྤྲོ་བསྡུ། རྡོ་རྗེ་སེམས་དཔའི་སྦྱོར་བས་དགྱེས་པའི་ཧཱུཾ་ལས་འབྱུང་བ། སྒོ་ད་བཅག་ནས་བྱིའུ་ཕྲུག་ཚར་པ་ལྟ་བུ་སྒོང་སྐྱེས་ཀྱི་དཔལ་ཧེ་རུ་ཀ་རང་སྣང་བའི་ལྷ་མོ་དང༌། ཐུགས་རྗེའི་ཆགས་པས་རྣམ་པར་རོལ་པའི་བདག་ཉིད་བསྒོམ་པར་བྱའོ། །དེ་ཡང་ཡེ་ཤེས་བཞིའི་ཞལ་བཞི་པ། རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པའི་ཕྱག་བཅུ་གཉིས་པ། སྙིང་རྗེ་དང་ཤེས་རབ་ཀྱི་གཡས་བརྐྱང་བས་བཞུགས་པ། ཚད་མེད་པ་བཞིའི་མཆེ་བ་གཙིགས་པ། རྣམ་ཐར་སྒོ་གསུམ་གྱི་སྤྱན་གསུམ། མི་དམིགས་པའི་ཐུགས་རྗེས་ཞལ་རྣམ་པར་འགྱུར་བ། སངས་རྒྱས་ལྔའི་ཐོད་པའི་ཕྲེང་བ་ཅན། ཕ་རོལ་ཏུ་ཕྱིན་པ་དྲུག་ཕྱག་རྒྱ་དྲུག་གིས་དཔའ་བོའི་ལུས་ལ་རྒྱས་བཏབ་པ། འཁོར་བ་དང་མྱ་ནང་ལས་འདས་པ་འཇོམས་པའི་འཇིགས་བྱེད་དུས་མཚན་མནན་པས། སྒྲིབ་པ་སྤངས་པའི་སྟག་ལྤགས་བསྣམས་པ། ཆོས་ཉིད་ཀྱི་ཕག་མོ་ལ་ཕྱག་གིས་འཁྱུད་པ། ཕྱག་མཚན་ལྷག་མ་ནི་གོ་སླ་བསམ་བཤད་དོ། །ཞལ་མདུན་མ་སྔོ་བ། གཡས་སེར་བ། རྒྱབ་དམར་བ། གཡོན་ལྗང་བ། མདུན་མ་སྒེག་པ། གཡས་དྲག་པ། རྒྱབ་དགོད་པ། གཡོན་ལྗགས་བསྐྱོད་པའོ། །དེའི་མདུན་དུ་ཨཱ་ལི་ཀཱ་ལིའི་སྒོ་ང་ལས་བྱུང་བའི་བཅོམ་ལྡན་འདས། ཡུམ་ཡེ་ཤེས་བཞིའི་ཞལ་བཞི་པ། ཚད་མེད་པ་བཞིའི་ཕྱག་བཞི་པ། རྣམ་ཐར་གསུམ་གྱི་སྤྱན་གསུམ་པ། ཉོན་མོངས་པ་ལས་གྲོལ་བའི་དབུ་སྐྲ་གྲོལ་བ། འཇིག་རྟེན་གྱི་ཆོས་བརྒྱད་སྤངས་པས་


DTG018_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཅེར་བུ། གཅིག་དང་དུ་མ་བྲལ་བ་མཚོན་པས་དུམ་བུའི་སྐ་རགས་ཅན། ཕྱག་གཡོན་པའི་ཐོད་པ་བདུད་རྩི་ལྔས་གང་བས་འཆི་བདག་གི་བདུད་འཇོམས་པ། གཡས་ཀྱི་གྲི་གུང་གིས་ཉོན་མོངས་པའི་བདུད་འཇོམས་པ། གཡས་པའི་ཅང་ཏེའུས་ལྷའི་བུའི་བདུད་འཇོམས་པ། གཡོན་པ་ཁ་ཊྭཱཾ་གས་ཕུང་པོའི་བདུད་འཇོམས་པ། བ་སྤུའི་བུ་གནས་བསྐལ་པའི་མེའི་གཟི་བརྗིད་ཅན། ཞལ་ནས་འོད་ཟེར་དམར་པོ་ཁྲག་འཛག་པ་ལྟ་བུ་འཕྲོ་བ། འདུས་མ་བྱས་ཀྱི་བྱིན་པ་གཉིས་ཀྱིས་ཐབས་ཀྱི་ཡེ་ཤེས་ལ་འཁྱུད་པ་བདེ་བ་ཆེན་པོའི་བདག་ཉིད་ཅན་ནོ། །ཞལ་མདུན་མ་དམར་བ། གཡོན་པ་ལྗང་གུ་།རྒྱབ་སེར་བ། གཡས་སྔོ་བ། བཅོམ་ལྡན་འདས་ཀྱི་སྐུ་མདོག་ཅི་འདྲ་བར་ཕྱག་བཞི་སྔོན་པོ། ཕྱག་བཞི་སེར་པོ། གཡོན་པའི་ཕྱག་བཞི་དམར་པོ། ཡང་བཞི་ལྗང་ཁུ། སྤྲུལ་པའི་སྐུའི་སེམས་ཀྱིས་བྲིས་ནས་བསྒོམ་མོ། །བསྙེན་པའོ། །རྣལ་འབྱོར་པ་འདི་ཉིད་ཀྱི་ལུས་ལ་གནས་ཉི་ཤུ་རྩ་བཞི་ལ་ལྷ་དགོད་པ་ནི། ནང་གི་རྣལ་འབྱོར་ཞེས་བྱའོ། །ཇི་ལྟར་བསྒོམ་ཞེ་ན། པུལླི་མགོ་བོར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མ་སྔོན་མོ། དཔའ་བོ་རྡོ་རྗེ་དང་དྲིལ་བུ། དཔའ་མོ་གྲི་གུག་དང་ཀ་པཱ་ལ་བསྣམས་པས་འཁྱུད་པ་བསམ་མོ། །ཡི་གེ་ཛཱ་ལས་སྤྱི་གཙུག་ཉི་མའི་དཀྱིལ་འཁོར་ཀེང་རུས་ཆེན་མོ་དང་གཏུམ་མིག་མ་སྔོན་མི། དཔའ་བོ་རྡོ་རྗེ་དང་དྲིལ་བུ། དཔའ་མི་གྲི་གུག་དང་ཀ་པཱ་ལ་བསྣམས་པའོ། །ཡེ་གེ་ཨོ་ལས་རྣ་བ་གཡས་པར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཀེང་རུས་ཆེན་པོ་དང་འོད་ལྡན་མ་སྔོན་མོ། དཔའ་བོ་རྡོ་རྗེ་དང་དྲིལ་བུ། དཔའ་མོ་གྲི་གུག་དང་ཀ་པཱ་ལ། ཨ་ལས་ལྟག་པར་ཉི་མའི་དཀྱིལ་འཁོར་ལ་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྔོན་མོ། དཔའ་བོ་རྡོ་རྗེ་དང་དྲིལ་བུ། དཔའ་མོ་གྲི་གུག་དང་ཀ་པཱ་ལ་བསྣམས་པའོ། །གནས་ནི་སྔོན་འཛམ་བུའི་གླིང་ལྷ་བཏུལ་བའི་མིང་གིས་བཏགས་ཏེ་ས་རབ་ཏུ་དགའ་བའི་སྣང་བའོ། །དེ་བཞིན་དུ་གོ་ལས་རྣ་བ་གཡོན་པར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་དཔའ་བོ་དང་དཔའ་མོ་སྔ་མ་བཞིན་ནོ། །ར་ལས་སྨིན་མའི་དབུས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། དེ་ལས་མིག་གཉིས་སུ་ཉི་མའི་དཀྱིལ་འཁོར། མ་ལས་ཕྲག་པ་གཉིས་སུ་ཉི་མའི་དཀྱིལ་


DTG018_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར། དཔའ་བོ་དང་དཔའ་མོ་སྐུ་མདོག་དང་ཕྱག་མཚན་ནི་སྔ་མ་བཞིན་ནོ། །ཉེ་བའི་གནས་ནི་སྔོན་དྲི་ཟ་བཏུལ་བའི་མིང་གིས་བཏགས་ཏེ་ས་གཉིས་པའི་སྣང་བ་དང༌། ཐུགས་ཀྱི་འཁོར་ལོ་འདུལ་བྱེད། མཁའ་ལ་སྤྱོད་པ་ནི་གདུལ་བྱ་ལྷ་བཏུལ་བ་དང་ལྷ་དང་དྲི་ཟ་བཏུལ་བའི་མིང་གིས་བཏགས། ཀ་ལས་མཆན་ཁུང་གཉིས་སུ་ཉི་མའི་དཀྱིལ་འཁོར་ལ་མྱུ་གུ་ཅན་དང་ས་སྲུང་མ་ལ་སོགས་པའི་དཔའ་བོ་དང་དཔའ་མོ་ཐམས་ཅད་དམར་མོ། དཔའ་བོ་པདྨ་དང་དྲིལ་བུ་བསྣམས་པས་འཁྱུད་པ། དཔའ་མོ་གྲི་གུག་དང་ཀ་པཱ་ལ། ཨོཾ་ལས་ནུ་མ་གཉིས་སུ་ཉི་མའི་དཀྱིལ་འཁོར་ལ་དཔའ་བོ་དང་དཔའ་མོ་སྔ་མ་བཞིན་ནོ། །ཞིང་ནི་ས་གསུམ་པའི་སྣང་བའོ། །ཏྲི་ལས་ལྟེ་བར་ཉི་མའི་དཀྱིལ་འཁོར་རོ། །ཀོ་ལས་སྣ་རྩེར་ཉི་མའི་དཀྱིལ་འཁོར་དཔའ་བོ་དང་དཔའ་མོ་སྔ་མ་བཞིན་ནོ། །ཉེ་བའི་ཞིང་གི་ས་ལྔ་པའི་སྣང་བའོ། །ཀ་ལས་ལྕེ་ལ་ཉི་མའི་དཀྱིལ་འཁོར། ལ་ལས་མགྲིན་པར་ཉི་མའི་དཀྱིལ་འཁོར་ཚནྡོ་ཧ་ས་ལྔ་པའི་སྣང་བའོ། །ཀ་ལས་སྙིང་གར་ཉི་མའི་དཀྱིལ་འཁོར། ཧི་ལས་རྒྱུ་ཞབས་སུ་ཉི་མའི་དཀྱིལ་འཁོར། ཉེ་བའི་ཚནྡོ་ཧ་ས་དྲུག་པའི་སྣང་བའོ། །གསུང་གི་འཁོར་ལོ་འདུལ་བྱེད་ས་ལ་སྤྱོད་པ་གནོད་སྦྱིན་དང་སྲིན་པོ་བཏུལ་བའོ། །པྲེ་ལས་མཚན་མ་ལ་ཉི་མའི་དཀྱིལ་འཁོར་དཔའ་བོ་སྟོབས་པོ་ཆེ་དང༌། འཁོར་ལོའི་ཤུགས་ཅན་དཀར་བོ། དཔའ་བོ་འཁོར་ལོ་དང་དྲིལ་བུ་བསྣམས་པ། དཔའ་མོ་གྲི་གུག་དང་ཀ་པཱ་ལས་འཁྱུད་པའོ། །གྲྀ་ལས་བཤང་སྒོར་ཉི་མའི་དཀྱིལ་འཁོར། དཔའ་བོ་དང་དཔའ་མོ་སྔ་མ་བཞིན་ནོ། །འདུས་པ་ཅན་ས་བདུན་པའི་སྣང་བའོ། །སོ་ལས་བརླ་གཉིས་སུ་ཉི་མའི་དཀྱིལ་འཁོར། སུ་ལས་བྱིན་པ་གཉིས་སུ་ཉི་མའི་དཀྱིལ་འཁོར། དཔའ་བོ་དང་དཔའ་མོ་སྔ་མ་བཞིན་ནོ། །ཉེ་བའི་འདུས་པས་བརྒྱད་པའི་སྣང་བའོ། །ན་ལས་རྐང་པའི་སོར་མོ་ཀུན་ལ་ཉི་མའི་དཀྱིལ་འཁོར། སི་ལས་རྐང་པའི་བོལ་གཉིས་སུ་ཉི་མའི་དཀྱིལ་འཁོར་དུར་ཁྲོད་ས་དགུ་པའི་སྣང་བའོ། །མ་ལས་རྐང་པའི་མཐེ་བོ་གཉིས་ལ་ཉི་མའི་དཀྱིལ་འཁོར། ཀུ་ལས་པུས་མོ་གཉིས་སུ་ཉི་མའི་དཀྱིལ་འཁོར། དཔའ་བོ་དང་དཔའ་མོ་དཀར་མོ། དཔའ་བོ་འཁོར་ལོ་དང་དྲིལ་བུ་བསྣམས་པ། དཔའ་མོ་གྲི་གུག་དང་ཀ་པཱ་ལ་བསྣམས་པས་འཁྱུད་པ། ཉེ་བའི་དུར་ཁྲོད་


DTG018_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ས་བཅུ་པའི་སྣང་བའོ། །སྐུའི་འཁོར་ལོ་ནི་འདུལ་བྱེད། ས་འོག་ན་གནས་པའི་ཀླུ་དང་ལྷ་མ་ཡིན་གདུལ་བྱའོ། །མཁའ་འགྲོ་མ་ལ་སོགས་པ་ལྷ་མོ་བཅུ་གཉིས་ཐམས་ཅད་ཀྱང༌། གྲི་གུག་དང་ཀ་པཱ་ལ་བསྣམས་པ་གཡས་བརྐྱང་པའི་གནས་པས་བཞུགས་པ་སྐུ་མདོག་སྔ་མ་བཞིན་ནོ། །གནས་ནི་རྒྱུད་ནས་གསལ་ལོ། །བུམ་པ་དང་བྱང་ཆུབ་ཀྱི་སེམས་ཐོད་པ་ནི་སྨིན་མཚམས་ཀྱི་མཛོད་སྤུའོ། །ཉེ་བསྙེན་ནོ། །ལཾ་ལས་སྙིང་གར་སའི་དཀྱིལ་འཁོར་ལ་ལྟུང་བྱེད་མ་གྲི་གུག་དང་ཀཱ་པ་ལ་བསྣམས་པ་སེར་མོ། མཾ་ལས་ལྟོ་བ་ཆུའི་དཀྱིལ་འཁོར་ལ་གསོད་བྱེད་མ་གྲི་གུག་དང་ཀ་པཱ་ལ་བསྣམས་པ། བཾ་ལས་ལྟེ་བ་མེའི་དཀྱིལ་འཁོར་ལ་འགུགས་བྱེད་མ་དམར་མོ་གྲི་གུག་དང་ཀ་པཱ་ལ་བསྣམས་པ། ཧཾ་ལས་རླུང་གི་དཀྱིལ་འཁོར་གསང་བའི་གནས་སུ་གར་གྱི་དབང་ཕྱུག་མ་གྲི་གུག་དང་ཀ་པཱ་ལ་བསྣམས་པ་ལྗང་ཁུ། ཁཾ་ལས་མགོ་བོ་ནམ་མཁའི་དཀྱིལ་འཁོར་ལ་པདྨའི་དྲ་བ་ཅན་གྲི་གུག་དང་ཀ་པཱ་ལ་བསྣམས་པ་སྔོན་མོ། །ཕུང་པོ་ལྔ་དང་དབང་པོ་དྲུག་ནི་སྔ་མ་བཞིན་ནོ། །སྙིང་གར་ཧཱུཾ་ལས་ཡིད་མི་འཁྲུགས་པ་ཐུགས་ཀྱི་འཁོར་ལོ། །དག་གི་ཨཱཿ་ལས་ལྐོག་མར་ཚེ་དཔག་མེད་གསུང་གི་འཁོར་ལོ། །ལུས་ནི་སྤྱི་བོར་ཨོཾ་ལས་རྣམ་པར་སྣང་མཛད་སྐུའི་འཁོར་ལོ་སྒྲུབ་པའོ། །ཨོཾ་ཧ་ལས་སྙིང་གར་རྡོ་རྗེ་སེམས་དཔའ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་དཀར་པོའོ། །རྣམ་པར་སྣང་མཛད་འཁོར་ལོ་དང་དྲིལ་བུ་བསྣམས་པ་སེར་པོ། །གར་གྱི་དབང་ཕྱུག་པདྨ་དང་དྲིལ་བུ་བསྣམས་པ་དམར་པོ། །ཧེ་རུ་ཀ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་མཐིང་ག །ཉི་མ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པ་སེར་པོ། རྟ་མཆོག་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ལྗང་གུ། ཕག་མོ་ལ་སོགས་པ་ལྷ་མོ་དྲུག་ནི་ཐམས་ཅད་ཀྱང་གྲི་གུག་དང་ཀ་པཱ་ལ་བསྣམས་པས་གཡས་བརྐྱང་པའོ། །ཕག་མོ་དམར་མོ། །གཤིན་རྗེ་མ་སེར་མོ། །རྨོངས་བྱེད་མ་དཀར་མོ། །སྐྱོད་བྱེད་མ་སྔོན་མོ། །སྐྲག་བྱེད་མ་དུ་བའི་མདོག་ཅན། ཙཎྜི་ཀ་དམར་མོ། །དེ་ལྟར་གོ་ཆ་བསྐོན་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པའི་ཕྱག་རྒྱ་ནི་གོ་སླའོ། །རྐང་པ་གཡོན་པས་གཡས་པ་མནན་པའི་ཕྱག་རྒྱ་དང༌། མིག་གྱེན་དུ་བལྟ་བ་དང༌། ནག་ཕཻཾ་གྱི་སྒྲ་སྒྲོགས་པ་སྟེ་བཞི་དང༌། སྙིང་གའི་


DTG018_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པདྨ་དང་ཟླ་བའི་ཧཱུཾ་ལས་འོད་ཟེར་འཕྲོས་པའི་ཏིང་ངེ་འཛིན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ཡེ་ཤེས་སེམས་དཔའི་འཁོར་ལོ་བཅུ་བྱོན་པ་ལ། ཕྱག་འཚལ་བ་དང༌། བསྟོད་པ་དང༌། མཆོད་པ་བྱས་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུས་དགུག་པ་དང༌། ཞགས་པས་གཙོ་པོ་འཁོར་ལ་གཞུག་པ་དང༌། ལྕགས་སྒྲོག་གིས་ཐ་མི་དད་པར་བཅིང་བ་དང༌། དྲིལ་བུས་དམ་ཚིག་སེམས་དཔའ་དང་ཐ་མི་དད་པར་དབང་དུ་བྱའོ། །ཡང་སྔ་མ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་ཕྱག་རྒྱས་དཔའ་བོ་དང་རྣལ་འབྱོར་མས་བསྐོར་བའི་དབང་བསྐུར་བའི་འཁོར་ལོ་ལྡན་ནམ་མཁའི་དབྱིངས་སུ་རྣམ་སྣང་དཀར་པོ། །རིན་ཆེན་འབྱུང་ལྡན་གྱི་འཁོར་ལོ་སེར་པོ། །མི་བསྐྱོད་པའི་འཁོར་ལོ་མཐིང་ག །སྣང་བ་མཐའ་ཡས་ཀྱི་འཁོར་ལོ་དམར་པོ། །དོན་ཡོད་གྲུབ་པའི་འཁོར་ལོ་ལྗང་གུས་གང་བར་བལྟས་ལ། སངས་རྒྱས་སྤྱན་དང༌། མཱ་མ་ཀཱི་དང༌། ཀུན་དུ་བཟང་མོ་དང༌། གོས་དཀར་མོ་དང༌། སྒྲོལ་མའི་ལྷ་མོ་ལྔ་ཐུགས་ཀ་ནས་ཕྱུང་ནས་བདུད་རྩི་ལྔས་ཡོངས་སུ་གང་བའི་བུམ་པ་དང༌། ཐོད་པས་སྤྱི་བོ་ནས་རྐང་པའི་བར་དུ་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་ཆུས་དྲི་མ་བཀྲུས་ནས་དབང་བསྐུར་བར་བསམ་མོ། །དབང་བསྐུར་བའི་ཚིགས་བཅད་ནི་གོ་སླའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཧཱུཾ་ཞེས་པ་ནི། ཆུའི་དབང་བསྐུར་བའི་སྔགས་ཏེ། རྟགས་ནི་རྡོ་རྗེ་རྩེ་ལྔ་པའོ། །ས་མ་ཡ་ཧཱུཾ་ཞེས་པས་ཡབ་ཡུམ་ལྔའི་མཁའ་གསང་ནས་བྱང་ཆུབ་སེམས་ཁ་དོག་དཀར་དམར་ལྕེ་ལ་བབ་པས་སྒྱུ་མར་རྟོགས་པའི་དབང་བསྐུར་བ་དང༌། དབང་རྟགས་ནི་ལྐོག་མར་ཚངས་པའི་གསུང་དབྱངས་དང༌། སྨིན་མཚམས་ཀྱི་མཛོད་སྤུ་འབུར་བའོ། །ཤྲཱི་ཡེ་ཧཱུཾ་ཞེས་བྱ་བས་ཤེས་རབ་ཡེ་ཤེས་ཀྱི་སྔགས་ཏེ། ལྷ་མོ་ལྔ་དང་རང་གི་ལྷ་མོ་ལ་ཞུགས་པས་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང༌། སྤྱི་གཙུག་གྱེན་དུ་འབུར་བ་སྟེ་རྟགས་སོ། །དེ་ནས་བདུད་རྩི་མྱང་བར་བྱ་སྟེ། འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་བ་དན་གྱིས་མཚན་པ། རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་མེ་འོད་ཀྱིས་མཚན་པ། ཨ་ལས་བྱུང་བའི་ཀ་པཱ་ལ་རྒྱ་ཆེ་བ་བསམས་ལ། དེའི་ནང་དུ་དབུས་སུ་མུ་དང་ཧཱུཾ་ལས་བཻ་ཌཱུ་ཪྻ་ལྟ་བུའི་གོང་བུ། ཤར་དུ་བི་དང་བྷྲཱུཾ་ལས་ཤེལ་ལྟ་བུའི་གོང་བུ། ལྷོ་རུ་ར་དང་ཨོཾ་ལས་གསེར་བཙོམ་ལྟ་བུའི་གོང་བུ། ནུབ་


DTG018_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་ཤུ་དང་ཛྲཱཾ་ལས་པདྨ་རཱ་ག་ལྟ་བུའི་གོང་བུ། བྱང་དུ་མ་དང་ཁཾ་ལས་མརྒཏ་ལྟ་བུའི་གོང་བུ། དེའི་སྟེང་དུ་དབྱངས་ཡིག་བཅུ་དྲུག་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ། འོག་ཏུ་ཨོཾ། ཟླ་བའི་དབུས་སུ་ཨཱཿས་བྱིན་གྱིས་བརླབས་པ་ལ། ཨོཾ་ལས་སྐུའི་འཁོར་ལོ་བརྒྱད་སྤྲོ་བསྡུས་ཞུ་བ་དང༌། ཨཱཿབས་གསུང་གི་འཁོར་ལོ་བསྐྱེད་ནས་ཞུ་བ་དང༌། ཧཱུཾ་ལས་ཐུགས་ཀྱི་འཁོར་ལོ་བསྐྱེད་ནས་ཞུ་བར་བསྒོམ་པར་བྱའོ། །ཨོཾ་ཨཱཿཧཱུཾ་གསུམ་ལས་འོད་ཟེར་འཕྲོས་པས་འཁོར་ལོ་གསུམ་གྱི་ལྷར་བསྐྱེད་པ་མགྲོན་དུ་བྱའོ་ཞེས་རིན་ཆེན་རྡོ་རྗེ་དང་གུ་ཎ་ཀཱི་རྟི་དང༌། དཱི་པཾ་ཀ་ར་ཛྙཱ་ན་རྣམས་མགྲོན་ཡིན་པར་བཞེད་དོ། །ཨོཾ་ས་མ་ཡ་ཤུདྡྷ་ཞེས་བྱ་བའི་སྔགས་ཀྱིས་སྐུ་གསུམ་འཁོར་ལོ་ཆོས་ཐམས་ཅད་རོ་གཅིག་པར་མཉམ་པར་གནས་པར་བསམ་མོ། །ཡེ་ཤེས་ཀྱི་བདུད་རྩི་ལྷ་ཐམས་ཅད་ཀྱིས་གསོལ་བའི་ཚེ། ཨོཾ་བཛྲ་ཨམྲྀ་ཏ་ཨུ་ད་ཀ་ཧཱུཾ། ཋཿཋཿཏྲཾ་ཨ་ཁཾ་ཧཱུཾ་ཞེས་བརྗོད་པས་འཐུང་བར་བསམ་མོ། །དེ་ནས་བསྒོམ་པར་བྱ་སྟེ། ཡེ་ཤེས་ཀྱི་བཟླས་པ་སྤྲོ་བསྡུ་བསྒོམ་པ་དང༌། དུང་ཆེན་གྱི་ཕྲེང་བ་བླངས་ནས་ལྷ་དེ་རྣམས་ལ་ངག་གི་བཟླས་པ་བྱ་བ་དང༌། རང་གི་སྲོག་རྩོལ་ཞེས་བྱ་བ་དབུགས་འབྱུང་རྔུབ་བཀག་ནས་གཏུམ་མོ་དྲོད་སྤར་ནས་དགའ་བ་བཞིའི་ཏིང་ངེ་འཛིན་བསྒོམ་པའི་རྗེས་ལ་བཟླས་པ་བྱའོ། །སྙིང་པོ་དང་ཉེ་སྙིང་གི་སྔགས་ནི་གོ་སླའོ། །དེ་ནས་སྐྱོ་བར་མ་གྱུར་ན་ཡང་སེམས་ཀྱི་འཁོར་ལོ་བསྒོམས་ལ་བཟླས་པ་བྱའོ། །བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ནི། དཔའ་བོ་ཉི་ཤུ་རྩ་ལྔ་སྒྱུ་མ་ལྟ་བུ། དཔའ་མོ་སུམ་ཅུ་རྩ་བདུན་སེམས་ཀྱི་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། ལུས་ཀྱི་སྟོང་པ་ཉིད་ཤེས་པ་ནི་མཁའ་འགྲོ་མར་སྣང་ངོ༌། །ཚོར་བའི་སྟོང་པ་ཉིད་ཤེས་པ་དང་དྲན་པ་ནི་ལཱ་མར་སྣང་ངོ༌། །ཆོས་ཀྱི་ཕུང་པོ་དང་ཁམས་ཀྱི་སྟོང་པ་ཉིད་ཤེས་པ་དྲན་པ་ཉེ་བར་གཞག་ནས་བསྒོམ་པ་ནི་དུམ་སྐྱེས་མར་སྣང་ངོ༌། །སེམས་ཀྱི་སྟོང་ཉིད་ཤེས་པ་ནི་གཟུགས་ཅན་མར་སྣང་ངོ༌། །ཡེ་ཤེས་ཀྱི་པདྨ་དོན་དམ་པའི་བདེན་པའི་རྣམ་དག་གོ །ཐུགས་ཀྱི་འཁོར་ལོ་བདུན་པས་གྲོགས་བྱས་པའི་ཏིང་ངེ་འཛིན་མཐར་ཕྱིན་པའི་རྫུ་འཕྲུལ་གྱི་རྐང་པ་ཤར་ཕྱོགས་ཀྱི་རབ་གཏུམ་མར་སྣང་ངོ༌། །བརྩོན་འགྲུས་ཀྱིས་གྲོགས་བྱས་པའི་རྫུ་འཕྲུལ་གྱི་སྟོང་པ་ཉིད་ནི་


DTG018_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱང་ཕྱོགས་ཀྱི་གཏུམ་མིག་མར་སྣང་ངོ༌། །སྤྱོད་པའི་ཤེས་རབ་ཀྱིས་གྲོགས་བྱས་པའི་རྫུ་འཕྲུལ་གྱི་སྟོང་ཉིད་ནུབ་ཕྱོགས་ཀྱི་འོད་ལྡན་མར་སྣང་ངོ༌། །སེམས་ཀྱིས་གྲོགས་བྱས་པའི་རྫུ་འཕྲུལ་གྱི་སྟོང་ཉིད་ལྷོ་ཕྱོགས་ཀྱི་སྣ་ཆེན་མར་སྣང་ངོ༌། །གནས་ཀྱི་དང་པོ་ལྷ་མོ་རྣམ་དག་གོ །དད་པས་མ་དད་པ་སྤངས་ནས་རང་གི་རིགས་འདྲའི་དབང་པོའི་ཆོས་ཉིད་ནི་ཤར་ལྷོའི་བརྟན་པའི་བློ་གྲོས་མར་སྣང་ངོ༌། །བརྩོན་འགྲུས་ཀྱི་དབང་པོའི་སྟོང་པ་ཉིད་ལྷོ་ནུབ་ཀྱི་མི་ཐུབ་མར་སྣང་ངོ༌། །དྲན་པའི་དབང་པོའི་ཆོས་ཉིད་ནུབ་བྱང་གི་ལང་ཀའི་དབང་ཕྱུག་མར་སྣང་ངོ༌། །ཏིང་ངེ་འཛིན་གྱི་དབང་པོའི་ཆོས་ཉིད་ཤིང་གྲིབ་མར་སྣང་སྟེ་སྒྱུ་མ་ལྟ་བུ་བརྒྱད་ནི་དཔའ་བོར་སྣང་ངོ༌། །ལུས་ཀྱི་གནས་བརྒྱད་ཀྱི་ལྷའི་རྣམ་པར་དག་པར་སྟོན་ཏོ། །གསུང་གི་འཁོར་ལོའི་ཤེས་རབ་ཀྱི་དབང་པོའི་སྟོང་ཉིད་ཤར་ཕྱོགས་ཀྱི་སྲུང་མར་སྣང་ངོ༌། །དད་པའི་སྟོབས་ཀྱི་སྟོང་ཉིད་བྱང་ཕྱོགས་ཀྱི་འཇིགས་བྱེད་ཆེན་མོར་སྣང་ངོ༌། །བརྩོན་འགྲུས་ཀྱི་སྟོབས་ཀྱི་སྟོང་ཉིད་ནུབ་ཕྱོགས་ཀྱི་རླུང་གི་ཤུགས་ཅན་མར་སྣང་ངོ༌། །དྲན་པའི་སྟོབས་ཀྱི་སྟོང་ཉིད་ནི་ལྷོ་ཕྱོགས་ཀྱི་ཆང་འཐུང་མར་སྣང་ངོ༌། །ཏིང་ངེ་འཛིན་གྱི་སྟོབས་ཀྱི་ཆོས་ཉིད་ཤར་ལྷོའི་སྔོ་བསངས་མར་སྣང་ངོ༌། །ཤེས་རབ་ཀྱི་སྟོབས་ཀྱི་ཆོས་ཉིད་ལྷོ་ནུབ་ཀྱི་ཤིན་ཏུ་བཟང་མོར་སྣང་ངོ༌། །ཏིང་ངེ་འཛིན་ཡང་དག་པར་འདུས་མ་བྱས་པ་བྱང་ཆུབ་ས་དང་པོའི་ཡན་ལག་གྲོགས་ནུབ་བྱང་གི་རྟ་རྣ་མར་སྣང་ངོ༌། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱང་ཤར་གྱི་བྱ་གདོང་མར་སྣང་ངོ༌། །སྒྱུ་མ་ལྟ་བུ་བརྒྱད་ནི་དཔའ་བར་སྣང་ངོ༌། །གསུང་གི་འཁོར་ལོ་ལུས་ལ་དགོད་པའི་རྣམ་པར་དག་པའོ། །སྐུའི་འཁོར་ལོའི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤར་གྱི་འཁོར་ལོའི་ཤུགས་ཅན་མར་སྣང་ངོ༌། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱང་གི་དུམ་སྐྱེས་མར་སྣང་ངོ༌། །ཆོས་ཡང་དག་པར་འབྱེད་པ་ནི་ནུབ་ཀྱི་ཀོས་རིངས་མར་སྣང་ངོ༌། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ལྷོའི་འཁོར་ལོའི་གོ་ཆ་མར་སྣང་ངོ༌། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཤར་ལྷོའི་ཤིན་ཏུ་དཔའ་མོར་སྣང་ངོ༌། །ཡང་དག་པའི་སྟོང་ཉིད་ཀྱི་ལྟ་བ་ནི་ལྷོ་ནུབ་ཀྱི་སྟོབས་ཆེན་མར་སྣང་ངོ༌། །ཡང་དག་པའི་རྟོག་པ་ནི་ནུབ་བྱང་གི་འཁོར་ལོས་སྒྱུར་


DTG018_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མར་སྣང་ངོ༌། །ཡང་དག་པའི་ངག་ནི་བྱང་ཤར་གྱི་བརྩོན་འགྲུས་ཆེན་པོར་སྣང་ངོ༌། །སྒྱུ་མ་ལྟ་བུ་བརྒྱད་ནི་དཔའ་བོར་སྣང་ངོ༌། །སྐུའི་འཁོར་ལོའི་ལུས་ཀྱི་དཀྱིལ་འཁོར་གྱི་རྣམ་པར་དག་པའོ། །ཡང་དག་པའི་ལས་ཀྱི་མཐའ་ལ་སོགས་པ་བཞི་ནི་ཕྱག་གཡས་པ་བཞི་ལྷ་མོའི་སྟོང་པ་ཉིད་སྟོན་ཏོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀ་ཉིད་དུ་སྣང་ངོ༌། །ཆོས་ཀྱི་དབྱིངས་ནི་ཡུམ་རྡོ་རྗེ་ཕག་མོར་སྣང་ངོ༌། །ཡང་དག་པར་སྤོང་བ་བཞི་ནི་ཕྱག་གཡོན་པ་བཞིའི་ལྷ་མོའི་རྣམ་དག་སྟོན་ཏོ། །ལུས་ཀྱི་རྣམ་དག་བསྟན་པས་སྤྲུལ་པའི་དཀྱིལ་འཁོར་གྱི་རྣམ་དག་ཤུགས་ལ་གོ་བ་ཡིན་ནོ། །དེ་ལྟར་མ་ལུས་པར་བསྒོམས་ནས། སྒྲུབ་པ་པོས་ནི་ངེས་པར་འགྲུབ། །ཅེས་པ་ནི་སྒོང་སྐྱེས་ཀྱི་ཧེ་རུ་ལུས་ཀྱི་དཀྱིལ་འཁོར་བསྒོམས་པས་དངོས་གྲུབ་གསུམ་ངེས་པར་འགྲུབ་པར་འགྱུར་རོ། །ལེའུ་འདི་ལ་དོན་གསུམ་ཡོད་པའི་དང་པོ་བསྟན་པ་ཡིན་ནོ། །དོན་གཉིས་པ་མངལ་སྐྱེས་ལྔ་བསྒོམ་པ་ཡང་རུང་སྟེ། སེམས་ཅན་གྱི་དོན་དུ་རྣལ་འབྱོར་པས་སྤྲོས་ནས་བདག་ཉིད་དང་མཉམ་པའི་ལྷའི་དམ་ཚིག་སྤྲོ་བསྡུ་བསྒོམ་པ་ནི་མཆོག་ཡིན་ནོ། །དེ་ཇི་ལྟར་བསྒོམ་ཞེ་ན། སྔར་གྱི་མངལ་སྐྱེས་ཀྱི་འཁོར་ལོ་ལྔ་སོ་སོར་ཆོ་གའི་དབྱེ་བས་བསྒོམ་པའི་ཚེ། ཤར་ལ་སོགས་པའི་ཕྱོགས་བཅུར་བླ་ན་མེད་པའི་མངལ་སྐྱེས་ཀྱི་འཁོར་ལོ་ལྔ་སོ་སོར་དབྱེ་བས་སྤྲོ་བའི་ཚེ། ལྷ་སོ་སོའི་དབྱེ་བས་ཕྱེ་ནས་ལྷ་རེ་རེ་གཙོར་བྱས་པའི་དཀྱིལ་འཁོར་དུ་འགྱུར་ལ། དེས་སྤྲུལ་པའི་འཁོར་ལོ་སོ་སོའི་དབྱེ་བར་གཙོ་བོར་བྱས་ནས། ཡང་འཁོར་ལོ་སྤྲོས་ལ་ཐུག་མེད་ཀྱི་འཁོར་ལོར་འགྱུར་རོ། །སངས་རྒྱས་མཉམ་སྦྱོར་ལས་ཀྱང༌། དེ་ལ་སོགས་པ་མཐའ་ཡས་མཆོག །ནམ་མཁའི་ཁམས་ཀྱི་མཐས་ཀླས་པ། །ཞེས་བྱ་བ་འདི་ཡིན་ནོ། །སྤྲོ་བསྡུ་བསྒོམ་པའི་ཕ་རྒྱུད་དང་མ་རྒྱུད་ཀྱི་མན་ངག་ཐམས་ཅད་རྩ་བའི་རྒྱུད་འདི་མ་གཏོགས་པ་གཞན་བཤད་པའི་རྒྱུད་གང་ན་ཡང་གསལ་བ་མེད་དོ། །སྔ་མས་སྤྲུལ་པའི་འཁོར་ལོ་ཕྱི་མས་གཙོ་བོ་བྱས་པ། ཡང་ཕྱི་མས་གཙོ་བོ་བྱས་པ། དེས་སྤྲུལ་པའི་འཁོར་ལོ་ལ་ཡང་ཕྱི་མས་འཁོར་བྱས་ལ་ཐུག་མེད་ཅེས་བྱའོ། །དེའི་རྒྱས་བཤད་ནི། དཔའ་བོ་ཧེ་རུ་ཀས་གཅོ་བོ་བྱས་ནས་བསྐོར་བ་དེ་བཞིན་དུ་ལྷ་མོས་གཙོ་བོ་བྱས་པ་ཡང་ཐུག་པ་


DTG018_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་པར་འགྱུར་རོ། །སྐུའི་སངས་རྒྱས་ཀྱི་མཁའ་འགྲོས་གཙོ་བོ་བྱས་པ་ལ་སྐུའི་དཀྱིལ་འཁོར་ཞེས་མིང་བརྡར་བཏགས་སོ། །བྷ་གའི་དབུས་སུ་རྣམ་པར་བསྒོམ། །ཞེས་པ་ནི་ཆོས་ཀྱི་དབྱིངས་གཞལ་ཡས་ཁང་དང་བཅས་པ་བསྒོམ་མོ། །དེ་བཞིན་དུ་གསུམ་ཀའི་རྣལ་འབྱོར་ལ་ཡང་གང་གཙོ་བོ་བྱས་པ་དེའི་མིང་གིས་བཏགས་སོ། །དབུས་མ་མཁའ་འགྲོ་མ་ལྔས་གཙོ་བོ་བྱས་ན་བྷ་གའི་དབུས་སུ་དཀྱིལ་འཁོར་དང་བཅས་པ་ལྡར་འགྱུར་རོ། །པདྨའི་མཁའ་འགྲོས་གཙོ་བོ་བྱས་པ་དང༌། རྡོ་རྗེ་མཁའ་འགྲོས་གཙོ་བོ་བྱས་པ་དང༌། དམ་ཚིག་གི་མཁའ་འགྲོས་གཙོ་བོ་བྱས་པ་དང༌། ཡེ་ཤེས་མཁའ་འགྲོས་གཙོ་བོ་བྱས་པ་དེ་བཞིན་དུ་འདིར་ཡང་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱིས་འཁོར་བྱས་ལ་སྤྲོའོ། །སྤྲོ་བའི་ཚེ་ཐམས་ཅད་ལྷ་དྲུག་ཅུ་རྩ་གཉིས་གཞལ་ཡས་ཁང་དང་བཅས་པ་བསྐོར་བར་ངེས་སོ། །མངལ་སྐྱེས་སྤྲོ་བ་བཤད་ནས། སྒོང་སྐྱེས་ཀྱི་དཔའ་བོ་གཅིག་པུ་ཡུམ་དང་བཅས་པ་བྷ་གའི་གཞལ་ཡས་ཁང་པའི་སྣ་ཚོགས་པདྨའི་དབུས་སུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོང་སྐྱེས་ཀྱི་ཧེ་རུ་ཀ་ལྔས་ཐོད་པའི་བྱིའུ་ཚང་དང་ལྡན་པ་ཡང་ན་སྒོང་སྐྱེས་ཀྱི་རྣལ་འབྱོར་མ་ལྔ་དཔའ་བོས་སྙིང་གར་སྦས་པ་བསྒོམ་པ་དང༌། དཔའ་བོ་ལྔས་ཀྱང་རང་གི་སྙིང་གར་རྣལ་འབྱོར་མ་ལྔས་སྦས་པ་བསྒོམ་པ་སྟེ། འཁོར་གྱི་རྣལ་འབྱོར་མ་བཅུ་གཉིས་ཀྱང་ཕྱག་བཞིས་མཛེས་པ། དཔའ་བོ་སྙིང་གར་སྦས་ནས་ཕྱག་གཉིས་ཀྱིས་འཁྱུད་པ། ཕྱག་གཞན་གྲི་གུག་དང་ཀ་པཱ་ལ་སྣ་ཚོགས་ཀྱི་མཚན་མ་དང་ལྡན་པ། ཐོད་པ་བསྣམས་པའོ། །དཔའ་བོ་ནི་སྟོང་པ་ཉིད་ཤེས་རབ་ཡིན་ལ། དཔའ་བོ་ཐབས་ཀྱི་ཀུན་རྫོབ་ཡིན་པས་དཔའ་བོ་མི་སྣང་བ་དཔའ་མོའི་ཐུག་མེད་ཀྱང་བསྒོམ་མོ། །སྒོང་སྐྱེས་ཀྱི་ཐུག་མེད་ནི་རྣལ་འབྱོར་པ་སྒོམ་པ་པོ་མོས་པ་རིམ་པ་བཞིན་དུ་རྣམ་པར་བསྒོམ་པ་ནི། ཡང་ན་ལྡན་པ་འདུས་པ་དྲུག་ཅི་རྩ་གཉིས་ཀྱིས་བསྐོར་བ་བསྒོམ་པའམ། ཡང་ན་སྐུ་ལ་སྐུས་བསྐོར་བའམ། གསུང་ལ་གསུང་གིས་བསྐོར་བའམ། ཐུགས་ལ་ཐུགས་ཀྱིས་བསྐོར་བ། དམ་ཚིག་ལ་དམ་ཚིག་གིས་བསྐོར་བ། འཁོར་ལོ་སོ་སོའི་དབྱེ་བས་ཕྱེ་བ་རྣལ་འབྱོར་པ་ཇི་ལྟར་བསྒོམ་པ་མོས་པ་ལྟར་བསྒོམ་མོ། །བདག་པོ་ལ་སོགས་དབྱེ་བ་ཡིས། །


DTG018_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིགས་ཀྱི་དབྱེ་བ་རྣམ་པར་བསྒོམ། །ཞེས་པ་ནི་ལྷ་ཕོས་གཙོ་བོ་བྱས་པའི་ཐུག་མེད་བསྒོམ་པའོ། །ལྷ་མོའི་དབྱེ་བས་ཕྱེ་བ་ཡིས། །བདག་པོ་ཡང་རྣམ་པར་བསྒོམ་པ་ནི་ལྷ་མོས་གཙོ་བོ་བྱས་པའོ། །གཙོ་བོ་གང་བྱེད་པའི་མིང་གི་དབྱེ་བས་དཀྱིལ་འཁོར་ལ་མཁའ་འགྲོ་མའི་མིང་གིས་གདགས་སོ། །ཡང་ན་སྐུ་གསུང་ཐུགས་དབྱེ་བའི་དབང་གིས་ཞེས་བྱ་བ་ནི། རེ་རེ་ལ་ལྷ་དྲུག་ཅུ་རྩ་གཉིས་ཚངས་པས་བསྐོར་བའོ། །དེ་ཡང་སོ་སོའི་འཁོར་ལོ་ལ་གཙོ་བོའི་དཔའ་བོ་དང༌། རྣལ་འབྱོར་མའི་མིང་གིས་གདགས་སོ། །དེ་ལྟར་ཐུག་མེད་བཤད་ནས། མངལ་སྐྱེས་དང་སྒོང་སྐྱེས་ཀྱི་དབྱེ་བ་བཤད་པ་ནི། མངལ་སྐྱེས་གླུ་དང་བཅས་པ། སྒོང་སྐྱེས་གླུ་མེད་པ། རྣལ་འབྱོར་མ་ཁ་ཅིག་འདོད་པས་སྒོང་སྐྱེས་བསྟན། གླུའི་སྒྲ་སྤངས་པས་བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་མེད་པས་བརྗོད་བྱ་མི་གསལ། བརྗོད་པར་བྱ་བའི་དོན་གཉིས། ཤེས་པའི་གཟུང་འཛིན་དང་བྲལ་བ་ནི། དབྱེ་བ་མདོར་བསྟན་ཏོ། །རྒྱས་བཤད་ནི་མངལ་སྐྱེས་ལ་གླུའི་སྒྲས་བསྐུལ། རྒྱུའི་ཧེ་རུ་ཀ་ལོངས་སྐུ་ལས་ཁུ་བ་ཆོས་ཀྱི་སྐུའི་གོ་འཕང་མཆོག །བྲས་བུའི་ཧེ་རུ་ཀ་སྤྲུལ་པའི་སྐུ་སྟོང་པ་དང་སྙིང་རྗེའི་བདག་ཉིད། འདོད་ཡོན་ལྔ་ལ་སྤྱོད་པ་སེམས་ཅན་གྱི་དོན་ལ་བཟོད་པ་དང་བརྩོན་འགྲུས་ཅན་གྱི་སྤྲུལ་སྐུ། མཁའ་འགྲོ་མའི་གླུས་བསྐྱེད་པ་ལ། རྣལ་འབྱོར་མ་གཞན་གྱི་མངལ་སྐྱེས་ཀྱིས་མི་དམད་དོ། །གླུ་གང་ཞེ་ན། ཧོ་སྲིད་པ་གསུམ་གྱི་བདེ་བར་གཤེགས་པ་གཙོ། །ཨ་ལ་ལ་ལ་ཧོ། །ཞེས་སྔར་ལེའུ་བརྒྱད་པར་བཤད་ཟིན། བསྟོད་པའི་རྒྱལ་པོ་འདིས་པདྨ་ལ་གནས་པའི་འཁོར་གྱི་ལྷ་མོས་བསྟོད་པས་མངོན་པར་བྱང་ཆུབ་པ་ལྔ་ལས། པདྨ་རྡོ་རྗེའི་སྦྱོར་བའི་ཡབ་ཡུམ་བཞེངས་པར་འགྱུར་རོ། །དེས་ན་སྐུ་གསུམ་གྱི་གཞི་ལས་བཞེངས་ནས་རྒྱལ་བས་བསྐྱེད་པ་ནི། ཆགས་ཅན་གྱི་ངོར་མངལ་སྐྱེས་བཤད་དོ། །སྒོང་སྐྱེས་ཀྱི་རྒྱས་བཤད་ཀྱིས། རྒྱུའི་ཧེ་རུ་ཀ་དང་འབྲས་བུའི་ཧེ་རུ་ཀའི་ཆ་ཤས་སྤངས། ས་བོན་དང་ཕྱག་མཚན་མེད། ཀླུ་སྤངས་རྒྱུའི་ཧེ་རུ་ཀའི་གཟུགས་མི་སྣང༌། རྒྱུའི་ཧེ་རུ་ཀའི་བདེ་བ་དང༌། ཆོས་ཀྱི་སྐུར་ཞུ་བ་ལས། ཆོས་ཀྱི་སྐུར་ཞུ་བའི་སྡུག་བསྔལ་མེད། བསྐུལ་བྱ་དང་སྐུལ་བྱེད་མེད། རྒྱུ་འབྲས་ཀྱི་དངོས་པོ་གཉིས་མེད། རྟག་པའི་ཡུམ་ཐིག་ལེར་ཞུ་


DTG018_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་མེད། ཆོས་ལྷའི་སྐུ་དང༌། ཆོས་མ་ཡིན་པ་ཐིག་ལེ་ལས་གྲོལ། ལྷ་མོ་ཆགས་པའི་སྡིག་པའི་ཉེས་པས་མི་གོས། གཟུང་འཛིན་གཉིས་ལས་གྲོལ་བ་ནི། སྒོང་སྐྱེས་ཀྱི་ཡོན་ཏན་ཏེ། མངལ་སྐྱེས་ཀྱི་ཤིན་དུ་རྒྱས་བཤད་དོ། །ཡེ་ཤེས་ཀྱི་གཉིད་སད་པར་བྱེད། འདྲས་བུའི་ཧེ་རུ་ཀ་མ་རྟོགས་པ་རྟོགས་པའི་ཕྱིར། སེམས་ཅན་གྱི་དོན་དུ་མངལ་སྐྱེས་ཀྱི་ཧེ་རུ་ཀའོ། །གླུས་བསྐུལ་བ་ནི་ལྷ་མོ་ནི་སྔོན་གྱི་སུ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་སྔོན་གྱི་གཏམ་རྒྱུད་གསུངས་པ་ནི། ཞིང་སྐྱེས་ཀྱི་ལྷ་མོ་དང༌། གནས་སྐྱེས་ཀྱི་ལྷ་མོ་དང༌། རིགས་སྐྱེས་ཀྱི་ལྷ་མོ་གསུམ་ཡིན་ནོ། །དེ་ཡང་མཐར་སྐྱེས་ཀྱི་གླུ་དང་ལྷ་མ་ཡིན་མོ་དང༌། བར་སྣང་སྤྱོད་པ་གསུང་གི་ལྷ་མོ་དང༌། གནོད་སྦྱིན་མ་དང་སྲིན་མོ་དང༌། །མཁའ་སྤྱོད་ལྷ་དང་དྲི་ཟ་མོ། །ཐ་མ་སྐུ། པར་མ་གསུང༌། མཆོག་ཐུགས་ཡིན་ནོ། །ས་སྤྱོད་ནི་གསུང་སུམ་རྩ་གསུམ་གྱི་ལྷ་མོ་ནི་ཐུགས་ས་འོག་མ་ནི་སྐུ། གནོད་སྦྱིན་མོ་དང་སྲིན་མོ་ནི་གསུང་གི་ལྷ་མོ། །ཀླུ་མོ་དང་ལྷ་མ་ཡིན་མོ་ནི་སྐུའི་ལྷ་མོ། །མིའམ་ཅི་མོ་ནི་དམ་ཚིག་གི་ལྷ་མོ། །དྲི་ཟ་མོ་ནི་ལྷའི་འཁོར་ཉེ་བའི་གནས་ཀྱི་མཁའ་སྤྱོད་མ་ཐུགས་སོ། །ལྷ་མོ་འདི་ཐམས་ཅད་བཅོམ་ལྡན་འདས་ཀྱི་ཚེ་ན་སྔོན་གྲུབ་པའི་གཏམ་རྒྱུད་རྙིང་པ་ཡིན་ནོ། །དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱང་བདེ་བར་གཤེགས་པའི་བསམ་པ་ཅན་དཀོན་མཆོག་གསུམ་ལ་མངོན་པར་དགའ་བ་ཐམས་ཅད་ཕྱིའི་དཀྱིལ་འཁོར་ན་གནས་པའི་ལྷ་མོས་གཙོ་བོ་མཆོད་པ་ཡིན་ནོ། །མངལ་སྐྱེས་ཀྱི་ཤིན་ཏུ་རྒྱས་བཤད་དོ། །ལེའུ་འདིའི་དོན་གཉིས་པ་བཤད་ནས། དོན་གསུམ་པ་རྟེན་གྱི་དཀྱིལ་འཁོར་གཏོར་མ་དང་བཅས་པ་བཤད་པ་ནི། སྐུའི་དཀྱིལ་འཁོར་སྤྲོ་བའི་ཚེ་ཐམས་ཅད་རླུང་གི་དཀྱིལ་འཁོར་ལ་གནས་སོ། །ཆུ་ལ་གསུང་གནས་སོ། །མེ་ལ་ཐུགས་གནས་སོ། །དབང་ཆེན་ལ་དམ་ཚིག་གནས་སོ། །དབང་ཆེན་ལ་ཡེ་ཤེས་ཀྱི་འཁོར་ལོ་ཡང་གནས་སོ། །ཐམས་ཅད་ཀྱང་བྷ་ག་ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ཁང་སུ་སྣ་ཚོགས་པདྨ་བསྒོམ་མོ། །སྒོང་སྐྱེས་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་དཔའ་བོ་གཅིག་ཏུ་བསྒོམ་མོ། །སྐུལ་འཁོར་ལོའི་ཕྲེང་བ། གསུང་ལ་པདྨའི་ཕྲེང་བ། ཐུགས་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། དམ་ཚིག་ལ་སྣ་ཚོགས་རྡོ་རྗེའི་


DTG018_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྲེང་བས་བསྐོར་བ། པཉྩ་རཱ་ག་ལྔ་རོའི་གཟུགས་ཅན་གྱི་རྩིག་པས་བསྐོར་བ། དེའི་ཕྱི་རོལ་ན་དུར་ཁྲོད་ཕྱོགས་མཚམས་སྣ་ཚོགས་ཀྱི་མདོག་ཅན་བརྒྱད་ལ། ཤིང་ཁ་དོག་སྣ་ཚོགས་བརྒྱད། ཤར་ལྷོར་ཁྱིའི་གདོད་ཅན། ལྷོ་ནུབ་ཏུ་ཅེ་སྦྱང༌། ནུབ་བྱང་དུ་འཇིགས་པ་རོ་ལངས་ཀྱི། ཤར་དུ་བྱ་རོག་གི །བྱང་དུ་འུག་པའི། །ནུབ་ཏུ་ཆུ་སྐྱར། ལྷོར་བྱ་རྒོད། བྱང་ཤར་དུ་ཅེ་སྤྱང་མོའི་གདོད་ཅན་ནོ། །ས་གཞི་ནི་ཤར་རོ་བསྲེགས་པ། ནུབ་ཀེང་རུས་ཅན། ནུབ་བྱང་གསལ་ཤིང་ལ་བསྐྱོན་པ། བྱང་ཕྱེད་ཚིག་པ། བྱང་ཤར་འགེགས་པས་འཕྱད་པ། ལྷོར་མགོ་ཐོད་རྗེ་ངར་ལག་པ་དུམ་བུར་གྱུར་པ། ཤར་ལྷོར་ཅེ་སྤྱང་གི་སྒྲ་སྒྲོགས་པ། ལྷོ་ནུབ་ཏུ་སྤྲུལ་པ་སྣ་ཚོགས་ཀྱིས་གང་བར་སྣང་བ། ཤར་གྱི་ཕོ་ཉ་སེང་གེ །བྱང་གི་ཕོ་ཉ་ཕག །ནུབ་ཀྱི་སྟག །ལྷོའི་ར་ལུག །ཤར་ལྷོའི་གླང་པོ་ཆེ། ལྷོ་ནུབ་ཏུ་ཁྱི། ནུབ་བྱང་དང་འོག་ཏུ་གླང༌། བྱང་ཤར་དུ་རྡ་མོ་སྣ་ཚོགས། དེར་དཔའ་བོ་དང་དཔའ་མོའི་བཟའ་བ་སྣ་ཚོགས། ཆང་མང་པོ། དཔའ་བོ་དང་རྣལ་འབྱོར་མ་ཚོགས་པས་ཚོགས་འཁོར་བྱེད་པ། དཔའ་བོ་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ལྷའི་རྫ་གློང་བུ་པི་ཝང་རྫ་རྔ་རྔ་རིངས་བརྡུང་པ། རོའི་མཆོག་ནི་བཟའ་བ་ཤ་སྣ་ཚོགས་དང༌། རེག་བྱ་སྣ་ཚོགས་ཤར་ཤམ་པ་ན། ལྷོར་ཨ་ལི་ཀ །ནུབ་ཏུ་ཚུ་ཤ་ལེ། བྱང་དུ་མཆོག་དགའ་དམ་པ་བྱེད་པའོ། །གནས་དེར་ཚོགས་འཁོར་ཟིན་ནས་དུར་ཁྲོད་ཀྱི་སྲིན་པོ་དང་རོ་ལངས་དང༌། གནོད་སྤྱིན་ལ་སོགས་པ་ལ་རྣལ་འབྱོར་པ་ཧེ་རུ་ཀའི་གཟུགས་བསྒོམས་ནས། གཏོར་མ་སྦྱིན་པར་བྱ་སྟེ། ཅང་ཏེའུ་ལ་སོགས་པ་དཀྲོལ་ནས་ཕྱོགས་ཀྱི་གོས་ཅན། ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ཡི་གེ་ཧཱུཾ་ཕཊ་ཀྱི་སྒྲ་འབྱིན་ཅིང༌། གཡས་བརྐྱང་པ་ལག་པ་ཕེད་ཕེད་ཕྱག་རྒྱ་བཅིངས་ལ་བདུད་རྩི་ལྔས་ཁ་བསྐངས་ནས་སྔགས་དང་ཕྱག་རྒྱས་བསྔོ་བར་བྱ་སྟེ། གཏོར་མའི་ཆོ་ག་ནི་གོ་སླའོ། །ཐུན་མཚམས་བཞི་རུ་མཾ་ས་བཟའ། །ཞེས་བྱ་བ་ནི་ལངས་པའི་ཁ་ཟས་ཀྱི་སྤྱོད་ལམ་མོ། །དོན་གསུམ་པ་བཤད་ནས། སྒོང་སྐྱེས་བསྒོམ་པ་ལ་ཡང༌། སྒྲུབ་ཐབས་སུ་བྱེད་ན་སྔར་བཤད་པའི་དོན་བཞི་བཅུ་རྩ་བརྒྱད་བསྒོམ་པར་བྱའོ། །ལེའུ་དགུ་པའི་འགྲེལ་པའོ།། །།

བཅུ་པ། འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པའི་ལེའུའི་འགྲེལ་པ།


DTG018_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་སྒོང་སྐྱེས་བཤད་ནས། འཇམ་དཔལ་རྡོ་རྗེ་ལ་


DTG018_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོས་པའི་ངོར་དེའི་དཀྱིལ་འཁོར་འཆད་པས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱའོ། །དག་པའི་གནས་ཀྱི་ཆོ་ག་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་འབའ་ཞིག་གིས་བསྐོར་བའོ། །གསང་བ་མཆོག་ནི་ཆོས་སྐུའོ། །མཁའ་འགྲོ་མའི་སྙང་པོ་ནི། གཟུགས་སུ་གཉིས་ཀ་གཟུང་།སྤྲུལ་བའི་སྐུའི་གསང་སྔགས་ཀུན་ནས་ཕྲིན་ལས་བཞིའོ། །དངོས་གྲུབ་ཐམས་ཅད་གསུམ་གསོལ་བ་ནི་མདོར་བསྟན་ཏོ། །དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆེན་པོའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་དང༌། མངག་གཞུག་པ་ཁྲོ་བོ་བཅུ་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་གསོལ་པ། ཨེ་མ་བདེ་བ་ནི་ཆོས་ཀྱི་སྐུའོ། །ཨེ་མ་ཧོ་བདེ་བ་གཙོ་བོ་ནི་ལོངས་སྐུའོ། །མཁའ་འགྲོ་མའི་ཚོགས་ནི་སྤྲུལ་སྐུའོ། །སྐུ་གསུམ་དང་ལྡན་པའི་གསོལ་བ་འདེབས་པའོ། །སངས་རྒྱས་རྣལ་འབྱོར་སྐུའི་འཁོར་ལོ། རྣལ་འབྱོར་ཆེ། གསུང་གི་འཁོར་ལོ། རྡོ་རྗེ་རྣལ་འབྱོར་ཆེ། ཐུགས་ཀྱི་འཁོར་ལོ་སྟེ། གདུལ་བྱ་འཇིག་རྟེན་གསུམ་བདེ་བར་བྱེད་པ་བསྟན་དུ་གསོལ་ཞེས་བརྟེན་པ་ལྷ་ལ་བསྟོད་པ་དང༌། རྟེན་གྱི་དཀྱིལ་འཁོར་ནི་ཤར་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་པདྨ། བྱང་སྣ་ཚོགས་ཀྱིས་བསྐོར་བའི་རྒྱུའི་རྣམ་སྣང་ལས་འབྱུང་བར་བསྟན་པར་གསོལ་པ་འདེབས་པའོ། །ལན་དུ་ཚད་མེད་པའི་རྣལ་འབྱོར་དང༌། བྱིན་གྱིས་བརླབ་པ་དང༌། བསྲུང་པ་དང༌། ཚོགས་སོགས་པ་དང༌། སྟོང་པ་ཉིད་ཀྱི་རྣལ་འབྱོར་བསྒོམས་ལ། འབྱུང་བ་བཞིའི་རི་རབ་སྣ་ཚོགས་རྡོ་རྗེ། བྷྲཱུཾ་ལས་རྣམ་སྣང་གི་གཞལ་ཡས་ཁང་དེའི་དབུས་སུ་ཟུར་བཞི་སྒོ་བཞི་དང་ལྡན་པའི་སྐུའི་འཁོར་ལོ་ནང་དུ་ཟླུམ་པོ། །ཐུགས་རྩིབས་བརྒྱད་སྔོན་པོ་རྡོ་རྗེས་བསྐོར་བ། གསུང་རྩིབས་བརྒྱད་དམར་པོ་པདྨས་བསྐོར་བ། སྒོ་བཞི་དང་ཟུར་བཞིའི་རྩིག་པའི་རྩར་འཁོར་ལོའི་ཕྲེང་བས་བསྐོར་པ། ཕྱི་རོལ་གྱི་ཁྱམས་ཀྱི་སྣམ་བུ་ལ་འདོད་ཡོན་གྱི་ལྷ་མོ་ཁ་དོག་དང་དབྱིབས་ཀྱི་རྣམ་པར་དབྱེ་བ་སྣ་ཚོགས་པ། ཕྱི་རོལ་གྱི་རྩིག་པ་ཡི་དགས་རོའི་ཕྲེང་བས་ཁ་དོག་སྣ་ལྔའི་མདོག་ཅན་འདོད་ཡོན་ལྷ་མོ་གར་བྱེད་གདོང་དང༌། ལྕེ་བསྐྱོད་ནས་གླུ་ལེན་པ་དབུས་སུ་ཟླ་བ་ལ་ཡི་གེ་ཧཱུཾ་རྒྱུའི་རྡོ་རྗེ་སེམས་དཔའ་


DTG018_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞལ་གསུམ་ཕྱག་དྲུག་སྤྱན་གསུམ་རང་སྣང་བའི་ལྷ་མོ་དང་སྙོམས་པར་འཇུག་པ་ཞལ་དཀར་བ་སྔོ་བ་དམར་བ་གསུམ། །སྐུ་གསུང་ཐུགས་ཀྱི་སྟོང་ཉིད་ལས་སྐྱེས་པ། རྡོ་རྗེ་དང་དྲིལ་བུ་བསམ་གཏན་དང་ཤེས་རབ་ཀྱིས་འཁྱུད་པ། ཐོད་པ་དང་ཁ་ཊྭཱཾ་གའི་བཟོད་པ་དང་བརྩོན་འགྲུས་ཅན། ཅང་ཏེའུ་དང་ཚངས་པའི་མགོ་བོ་ཚུལ་ཁྲིམས་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །རྒྱུའི་ཧེ་རུ་ཀའི་ལུས་པོ་ལ་དཔའ་བོ་དང་དཔའ་བོ་ཉི་ཤུ་རྩ་བཞི་དགོད། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ལྷ་དགོད། སྐུ་གསུང་ཐུགས་གསུམ་ཡང་རྣམ་པར་བསྒོམ་མོ། །ལྷ་མོ་དང་འཁྱུད་པའི་སྙིང་གའི་ཟླ་བའི་དབུས་སུ་ཧོ་དམར་པོ་གཉིས་ཀྱི་དབུས་སུ་འཇམ་དཔལ་གྱིས་བོན་མཾ་བཅུག་ལ། སྔོན་གྲུབ་པའི་སངས་རྒྱས་ལྔ་དང་བཅས་པ་ཞལ་ནས་ཐུགས་ཀར་ཞུགས་པ། ཕྱག་རྒྱ་འདིས་རྒྱས་བཏབ་པའི་དེ་མ་ཐག་ཏུ་སྐུ་གསུང་ཐུགས་ཀྱི་དཔའ་བོ་དང་དཔའ་མོ་སྲིད་པ་བར་མ་དོའི་མཾ་ལས་མངལ་སྐྱེས་ཀྱི་ལྷ་སྐྱེས་པར་གྱུར་ཅིག །གཙོ་བོ་ལ་ཞལ་བལྟས་པས་ཆགས་ཤིང་དེ་ལ་གནས་སོ། །དེ་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དགྱེས་བཞིན་དུ་ཞུ་བར་གྱུར་ཏོ། །དེ་ནས་དཔའ་བོ་དང་རྣལ་འབྱོར་མ་དེ་རྣམས་དེ་མ་ཐག་ཏུ་ལངས་ཏེ། ཐབས་དང་ཤེས་རབ་མཉམ་པར་སྦྱོར་བ་ལས་ཅང་ཏེའུའི་སྒྲས་བསྐུལ་ནས་བདེ་བ་ཆེན་པོ་དགྱེས་པའི་གླུས་བསྐུལ་ལོ། །དེའི་རྗེས་ལ་ནམ་མཁའི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སྔོན་གྲུབ་པ་དེ་བཞིན་གཤེགས་པ་མར་མེ་མཛད་དང༌། རྣམ་པར་གཟིགས་ལ་སོགས་པ་བདེ་མཆོག་གི་དཔའ་བོ་དང་དཔའ་མོའི་གཟུགས་ཀྱིས་བསྐོར་བ་བྱང་ཆུབ་སེམས་དཔའི་འཁོར་ལོ་ཆེན་པོ་དུ་མ་མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་སུ་གྱུར་ནས། ཕྱི་དང་ནང་གི་ཁམས་གསུམ་རྣམ་པར་རྒྱལ་བ་དང༌། ལྷ་མོ་གོས་དཀར་མོ་ལ་སོགས་པ་བདེ་མཆོག་གི་ཕོ་ཉ་དང་ཕོ་ཉ་མོའི་ཚོགས་རྒྱ་ཆེ་བར་གྱུར་ནས། བལྟ་ཞིང་བལྟ་བ་དང་གར་བྱེད་ཅིང་གླུས་བསྐུལ་བ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །ཞེས་པ་བཞི་ནི། མཁའ་འགྲོ་མ་ལ་སོགས་པའི་ཡུམ་བཞིས་སོ། །ཨེ་མའོ་ཀུན་དུ་བཟང་པོའི་དོན་ནི་བཅོམ་ལྡན་འདས་ལ་བསྐུལ་ལོ། །ཨེ་མའོ་བདེ་བ་ཡང་དག་འདུས་ནས། །ཨེ་མའོ་ཕ་རོལ་ཕྱིན་པའི་ས་ཞེས་པའི་


DTG018_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕའི་བར་བརྒྱད་ནི། ཐུགས་ཀྱི་འཁོར་ལོ་བརྒྱད་བསྐུལ་བའོ། །ཨེ་མའོ་རིག་པ་རྗེས་འཇུག་པ་ནས། ཨེ་མའོ་དགའ་བའི་གར་ཆེན་དེའི་བར་དུ་བརྒྱད་ནི། གསུང་གི་འཁོར་ལོ་ལ་བསྐུལ་བའོ། །ཨེ་མའོ་ཤིན་ཏུ་དྲི་མེད་གླུ། ཨེ་མའོ་རྣལ་འབྱོར་མ་བརྒྱད་ནི། ཨེ་མའོ་སྒྱུ་འཕྲུལ་ལྟ་བུ་ནས། ཨེ་མའོ་ངོ་མཚར་སེམས་ཅན་རྣམས་ཀྱི་བར་ནི་ཚིག་བསྐང་བརྒྱད་སྒོམ་དང་མཚམས་མ་བརྒྱད་ཀྱི་གླུའོ། །ཨེ་མའོ་ངོ་མཚར་ལྷ་མོ་ནི་ཡུམ་ལ་བསྟོད་པའོ། །གླུ་འདི་རྣམས་ཀྱི་མགོན་པོ་ལ་བསྐུལ་བས། མཾ་གྱི་ས་བོན་དང༌། རྡོ་རྗེའི་མཚན་མ་ལས་བྱུང་བའི་མངོན་བར་བྱང་ཆུབ་པས་བསྐྱེད་པ་འཇམ་དཔལ་གུར་གུམ་གྱི་མདོག་ལྟ་བུ་རིགས་དྲུག་གི་རང་བཞིན་ཞལ་དྲུག་པ། ཕ་རོལ་ཏུ་ཕྱིན་པའི་ཕྱག་བཅུ་གཉིས་པ་བདེ་མཆོག་གི་རྟགས་སུ་ཕག་མོས་བརྒྱན་པ། ཡང་ན་སྐྱིལ་གྲུང་ཕྱེད་པ། ཡང་ན་གཡས་བརྐྱང་པས་བཞུགས་པ། ཞལ་དང་ཕྱག་མཚན་ལྷ་རྒྱུད་ན་གསལ། པདྨའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འཇམ་པའི་རྡོ་རྗེ། མཁའ་འགྲོ་མ་དྲ་བའི་སྦྱོར་བའི་བདེ་མཆོག་ལས་འཇམ་དཔལ་གྱི་བདེ་མཆོག་ཡིན་ནོ། །བུམ་པ་བཞི་ལས་ཡེ་ཤེས་ཀྱི་ལྷ་མོ་བཞི་བསྐྱེད། ཐོག་མ་ཐུགས་ཀྱི་འཁོར་ལོའི་རྩིབས་བརྒྱད་དུ་ཐུགས་ཀྱི་དཔའ་བོ་དང༌། དཔའ་མོའི་སྐུ་མདོག་དང་ཕྱག་མཚན་རྒྱུད་ལས་གསལ་ལོ། །གཉིས་པ་གསུང་གི་འཁོར་ལོའི་དཔའ་བོ་དང་དཔའ་མོའི་སྐུ་མདོག་དང་ཕྱག་མཚན་རྒྱུད་ན་གསལ་ལ། གསུམ་པ་སྐུའི་འཁོར་ལོ་ནི་ཟུར་བཞི་དང་སྒོ་བཞིར་དགོད་དེ། སྐུ་མདོག་དང་ཕྱག་མཚན་རྒྱུད་ན་གསལ། ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ་ཡིན། དཔའ་བོ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ་ཡིན་ནོ། །ཡུམ་རྡོ་རྗེ་ཕྱག་མོ་ནི་ཞལ་གཅིག་ཕྱག་གཉིས་སྔ་མའི་ཆོ་གའི་རིམ་པ་བཞིན་དུ་བསྒོམ་མོ། །དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་བཤད་ནས། ལས་ཀྱི་རྒྱལ་མཆོག་ནི། ཡེ་ཤེས་ཀྱི་འཁོར་ལོ་སྔགས་དང་ཕྱག་རྒྱས་བཀུག་ནས། ཕྱག་དང་མཆོད་པ་དང་བསྟོད་པ་བྱས་ནས་རོ་གཅིག་པར་བསྒོམ་པར་བྱའོ། །དེ་ནས་གོ་ཆས་བྱིན་གྱིས་བརླབས་ནས་དཔའ་བོ་དང་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ལུས་ལ་དགོད། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ལྷ་བསྐྱེད། དཔྲལ་བར་སྐུའི་འཁོར་ལོ། ལྐོག་མར་གསུང་གི་


DTG018_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོ། སྙིང་གར་ཐུགས་ཀྱི་འཁོར་ལོ། །ནུ་མའི་བར་དུ་འཇམ་པའི་རྡོ་རྗེའི་ཡེ་ཤེས་ཀྱི་འཁོར་ལོ། །དེའི་ཐུགས་ཀར་ཕྱག་མཚན་གྱི་དམ་ཚིག་གི་ཏིང་ངེ་འཛིན་སེམས་དཔའ། དེ་ནས་དབང་བསྐུར་བའི་ལྷ་སྤྱན་དྲངས་ནས་ཕྱག་འཚལ་མཆོད་བསྟོད་དེ་དབང་བསྐུར་ནས་རང་ལ་ཐིམ་པར་བསྒོམ་མོ། །དེ་ནས་གོ་ཆབ་གོས་ལ་ཞེས་བྱ་བ་ནི་སྔར་གྱི་རྒྱས་བཤད་དོ། །མཁས་པས་ཡེ་ཤེས་ཀྱི་བཟླས་པ་ནི་སྤྲོ་བསྡུ་བསྒོམ་པའོ། །ཡང་ན་སྲོག་རྩོལ་བསྡམ་པས་རྫོགས་པའི་རིམ་པ་བཞིའི་ཚུལ་གྱིས་བསྒོམས་ལ་བཟླས་བ་བྱའོ། །དཔྲལ་བར་ཨོཾ་ལས་སྐུའི་འཁོར་ལོའི་སྤྲོ་བསྡུ་དང༌། ལྐོག་མར་ཨཱཿ་ལས་གསུང་གི་འཁོར་ལོའི་སྤྲོ་བསྡུ་དང༌། ནུ་མའི་བར་གྱི་མཾ་ལས་ཡེ་ཤེས་ཀྱི་འཇམ་དཔལ་གྱི་སྤྲོ་བསྡུ་དང༌། ཧཱུཾ་ལས་ཐུགས་ཀྱི་འཁོར་ལོའི་སྤྲོ་བསྡུ་བྱའོ། །ངག་གི་བཟླས་པ་ནི་རྒྱུད་ན་གསལ་བས་མ་བཤད་དོ། །ངག་གི་བཟླས་པའི་ཚེ་དུད་ཆེན་གྱི་ཕྲེང་བ་དང༌། ཐུན་བཞི་རུ་བསྒོམ་བཟླས་བྱའོ། །གལ་ཏེ་གྲུབ་ན་བསྐྱར་བའི་ཆོ་ག་ནི་ཚོགས་ཀྱི་འཁོར་ལོའི་བདག་ཉིད་ཕྱག་རྒྱ་དང་ལྡན་པས་སྔགས་པས་རྟག་ཏུ་མཆོད་ཅིང༌། སྐུ་གསུང་ཐུགས་ཀྱི་དཔའ་བོ་དང༌། རྣལ་འབྱོར་མ་བཅུ་གནས་རང་གི་ལྷའི་སྐུར་བསྒོམ་ཞིང་དཀྱིལ་འཁོར་མཆོག་དགའ་བ་བཞིས་བསྒྲུབ་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་འཁོར་ལོས་དངོས་གྲུབ་ཐམས་ཅད་ཐོབ་བོ། །འདི་སྐད་སྟོན་ཏོ། སྦྱོར་བ་ལྔ་དང༌། དངོས་གཞི་ཏིང་ངེ་འཛིན་གསུམ་དང༌། རྫས་བརྒྱད་དང༌། ཐུན་མཚམས་ཀྱི་ཆོ་ག་བཅུ་གཉིས་ཀྱིས་ཞིབ་མོ་རྣམ་པར་འཐག་པའི་སྒྲུབ་ཐབས་ཀྱི་འཇམ་པའི་རྡོ་རྗེ་བསྒོམ་པར་བྱའོ། །རྩ་རྒྱུད་ལས། ལེའུ་བཅུ་པའི་འགྲེལ་པའོ།། །།

གཅུ་གཅིག་པ། དངོས་གྲུབ་ཀྱི་གནས་ཀྱི་རིམ་པའི་ལེའུའི་འགྲེལ་པ།


DTG018_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་འཇམ་དཔའི་རྡོ་རྗེ་བཤད་ནས་རྡོ་རྗེ་སེམས་དཔའ་ལ་མོས་པའི་གང་ཟག་གི་ངོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཤད་པར་བཞེད་པས། དེ་ནས་གཞན་ཡང་བཤད་བྱ་བ། །གསུངས་སོ། །རིགས་ཀྱི་དབྱེ་བས་མཆོག་དམ་པ་ནི་ལེའུ་འདི་ལ་རིགས་དྲུག་གི་དཀྱིལ་འཁོར་ཡོད་དོ། །གནས་སོགས་རིམ་པས་སྦྱོར་བ་ནི། དཀྱིལ་འཁོར་དྲུག་ཀ་ལ་གནས་ཉི་ཤུ་རྩ་བཞིས་བསྐོར་རོ། །ཇི་ལྟར་བསྐོར་ཞེ་ན། ཕྱོགས་ཀྱི་རིམ་པས་རྣམ་པར་དབྱེ། །ཞེས་པ་ནི། ཕྱོགས་བཞིར་དཔའ་བོ་དང་དཔའ་མོ་ལྔ་ལྡ་ནང་དུ་བཞི་


DTG018_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ་ཉི་ཤུ་རྩ་བཞིས་ཀུན་ལ་བསྐོར་པ་དང༌། ལྷ་མོ་བཅུ་གཉིས་སྒོ་དང་མཚམས་ཀྱི་ཕྱི་རོལ་དུ་བཞག་པས་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་ཀུན་གྱི་མཆོག་རྣལ་འབྱོར་དབང་ཕྱུག་གི་གང་ཟག་ལ་དངོས་གྲུབ་གསུམ་རབ་ཏུ་སྟེར་རོ། །རིགས་དྲུག་ཀའི་རྟེན་གྱི་གང་ཟག་དཀྱིལ་འཁོར་རྣམ་པར་སྣང་མཛད་རྡོ་རྗེའི་སྐུ་ལུས་ལས་བྱུང་བ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དཔའ་བོ་དང་དཔའ་མོའི་རྣལ་འབྱོར་པས་འཁོར་དང་བཅས་པས་འདུག་སྟེ་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་དག་བའི་མིག་དང༌། བརྐྱང་བསྐུམ་གྱི་གར་དང༌། ལག་པ་གཉིས་སྒེག་པ་དང་བཅས་པའི་གར་བསྐྱོད་ནས་མིག་ཟུར་གྱིས་བལྟ་བས་སྨིན་མ་གཡོ་བ་དང་བཅས་པས་ཕྱག་འཚལ་ནས་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཀྱི་དེ་ཉིད་ནི། །ཞེས་བྱ་བ་ཆོས་ཀྱི་སྐུ་སེམས་ཀྱི་དཀྱིལ་འཁོར་སྲུངས་ཤིག་པའོ། །རོལ་པའི་བདེ་བ་ཆེན་པོ་ནི་ཞེས་པ་ནས་ཨ་ལ་ལ་ལ་ཧོའི་བར་གྱིས་ལོངས་སྐུའི་སྐུ་ལུས་ཀྱི་དཀྱིལ་འཁོར་སྲུངས་ཤིག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་མཆོག་ཏུ་དགྱེས་པ་ཞེས་བྱ་བས། སྤྲུལ་པའི་སྐུ་སྲུངས་ཤིག་པའོ། །གླུ་འདི་བླངས་པས་སོ། །སྲིད་པ་ལས་འདས་པའི་དེ་བཞིན་གཤེགས་པ་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་དུ་སྟོན་པ་ཡིན་ནོ། །དེ་ནས་ཞུས་པའི་ལན་དུ་ཞལ་འཛུམ་པ་དང༌། སྤྱན་རྒྱས་པ་དང༌། སྨིན་མ་གཡོ་བ་དང་བཅས་པས་ཟག་མེད་ཀྱི་སྐུ་གསུང་ཐུགས་ལས་དཀྱིལ་འཁོར་དྲུག་གསུངས་སོ། །དང་པོ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་མོས་པའི་ངོར་དཀྱིལ་འཁོར་ཟླུམ་པོ་ཐུགས་ཀྱི་ལྷའི་གནས་རྡོ་རྗེའི་དཀྱིལ་འཁོར་དང་གཉིས་པ་རྣམ་སྣང་གི་ཟླ་བ་རྒྱས་པ་ལྟ་བུའི་དཀྱིལ་འཁོར་རྡོ་རྗེ་དགྱེས་ཆེན་གྱི་དཀྱིལ་འཁོར་རོ། །གསུམ་པ་མི་བསྐྱོད་པའི་སྔོ་ནག་འབར་བ་སྣ་ཚོགས་པའི་རླུང་མེལ་བརྟེན་པ་ཟླ་བ་ཕྱེད་པ་ལྟ་བུའི་རྒྱལ་བའི་རྡོ་རྗེའི་དཀྱིལ་འཁོར་དང༌། བཞི་བ་ནི་རིན་ཆེན་འབྱུང་ལྡན་གྱི་རིན་ཆེན་ཟུར་བརྒྱད་ཡིད་འོང་བ། ཉི་མ་དང་བཅས་པས་རྡོ་རྗེ་རིན་ཆེན་གྱི་དཀྱིལ་འཁོར་རོ། །ལྔ་པ་སྣང་བ་མཐའ་ཡས་ཀྱི་པདྨ་འདབ་མ་བརྒྱད་པ་ཁ་བྱེ་བ་ལྟ་བུ་པདྨའི་དཀྱིལ་འཁོར་རོ། །དྲུག་པ་དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྲུ་གསུམ་འབར་


DTG018_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་མེའི་དཀྱིལ་འཁོར་དང་འདྲ་བ་ལས་ཀྱི་རྡོ་རྗེའི་དཀྱིལ་འཁོར་རོ། །བསྒོམ་པའི་ཚེ་ཕྱོགས་བཅུར་སྤྲོ་བའི་ལྷ་དྲུག་ཅུ་རྩ་གཉིས་རེ་རེ་ལ་ཡང་འཁོར་གྱིས་བསྐོར་ནས། དེ་ལ་སོགས་པ་མཐའ་ཡས་མཆོག །དཀྱིལ་འཁོར་མཆོག་ཏུ་རབ་བརྟགས་ན། །ཞེས་གསུངས་སོ། །རྒྱུད་འབུམ་པ་ན་དྲུག་ཚང་བར་བཞེད་ཀྱང་འདིར་རྡོ་རྗེ་སེམས་དཔའ་སྐྱོབ་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་སྤྲུལ་ནས་བསྟན་པ་ཡིན་ནོ། །དེ་ལ་སྔོན་དུ་འགྲོ་བའི་རྣལ་འབྱོར་ལྔ་བྱས་ནས་རྟེན་འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེའི་སྟེང་དུ་ནམ་མཁའི་ཁམས་ཀུན་དུ་བཟང་པོའི་བདག་ཉིད་ཀྱི་དབུས་སུ་བྷྲཱུཾ་ལས་རྣམ་པར་སྣང་མཛད་ཀྱི་གཞལ་ཡས་ཁང་བརྩེགས་མ་བསྒོམས་ལ་དེའི་དབུས་སུ་སྣ་ཚོགས་པདྨའི་གདན་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར་དཀྱིལ་འཁོར་ཚོམ་བུ་ལྔ་ཇི་ལྟ་བུའི་ཕྱོགས་བཞི་དང་དབུས་སུ་དགོད་དོ། །དབུས་མའི་དབུས་སུ་སྒོང་སྐྱེས་ཀྱི་རིམ་པས་ཧེ་རུ་ཀ་ཡབ་ཡུམ་བསྒོམས་ཏེ། སྔར་བཤད་པའི་སྒོང་སྐྱེས་བཞིན་དུ་ཞལ་ལྔ་ཕྱག་བཅུ་གཉིས་པ་སྤྱན་གསུམ་པ་གཡས་བརྐྱང་བའི་གནས་པས་བཞུགས་པ་སྔ་མ་དང་མཐུན་ནོ། །དེའི་ཤར་དུ་པུལླི་ར་མ་ལ་ཡར་ཐོད་པའི་དུམ་བུ་དང་རབ་གཏུམ་མ། ཞལ་གསུམ་ཕྱག་དྲུག་པའོ། །དེ་བཞིན་དུ་བྱང་ནུབ་ལྷོར་ཡང་དབུ་གསུམ་ཕྱག་དྲུག་པ་བཞི་བཞག་སྟེ། མིང་ནི་རྒྱུད་ན་གསལ། མཚམས་སུ་ནི་བུམ་པ་བཞི་ཐོད་པ་དང་བཅས་པ་གཞག་པ་འོག་ནས་འཆད། །དེའི་ཤར་ཕྱོགས་ཀྱི་དབུས་སུ་གོ་ངཱ་བ་རིར་ལྷ་དགྲ་དང་དཔའ་བོའི་བློ་གྲོས་མ་ཞལ་གསུམ་ཕྱག་དྲུག་གཞག །དེའི་ཤར་བྱང་ནུབ་ལྷོར་ཡང་དཔའ་བོ་དབུ་གསུམ་ཕྱག་དྲུག་པ་གཞག །བྱང་གི་དཀྱིལ་འཁོར་གྱི་དབུས་སུ་ཨོ་ཊེར་རྡོ་རྗེ་རལ་བ་ཅན་དང༌། འཇིགས་བྱེད་ཆེན་མོ་དབུ་གསུམ་ཕྱག་དྲུག་པ་གཞག །དེའི་ཤར་བྱང་ནུབ་ལྷོར་དཔའ་བོ་དང་དཔའ་མོ་དབུ་གསུམ་ཕྱག་དྲུག་པ་གཞག །མིང་རྒྱུད་ན་གསལ། ནུབ་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཀཱཉྩིར་འཇིགས་བྱེད་ཆེན་མོ་དང༌། རྟ་རྣ་མ་ཞལ་གསུམ་ཕྱག་དྲུག་པ་གཞག །དེའི་ཤར་བྱང་ནུབ་ལྷོར་དབུ་གསུམ་ཕྱག་དྲུག་པ་གཞག །མིང་རྒྱུད་ན་གསལ། ལྷོའི་དཀྱིལ་འཁོར་གྱི་དབུས་སུ་སུ་བརྞ་དྭཱི་པར་ནམ་མཁའི་སྙིང་པོ་དང༌། འཁོར་ལོའི་


DTG018_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གོ་ཆ་མ་དབུ་གསུམ་ཕྱག་དྲུག་པ་གཞག །དེའི་ཤར་བྱང་ནུབ་ལྷོར་དཔའ་བོ་དང་དཔའ་མོ་དབུ་གསུམ་ཕྱག་དྲུག་པ་གཞག །རྡོ་རྗེ་དབྱིངས་ཀྱི་སངས་རྒྱས་ལྔ་དང་སེམས་དཔའ་ཉི་ཤུ་དངོས་ཡིན་ནོ། །ཐོད་པའི་དུམ་བུ་ལ་སོགས་པ་དང༌། རབ་གཏུམ་མ་ལ་སོགས་པའི་ལྷ་མོ་ཞལ་གསུམ་ཕྱག་དྲུག །སྤྱན་གསུམ་པ་དབུས་མ་བཞི་སྔོ། ཤར་ཕྱོགས་པ་ལྔ་དཀར། བྱང་ཕྱོགས་པ་ལྔ་ལྗང༌། ནུབ་ཕྱོགས་པ་ལྔ་དམར། ལྷོ་ཕྱོགས་པ་ལྔ་སེར། དབུས་ཀྱི་མཚམས་སུ་བུམ་པ་བཞི་དང་ཐོད་པ་ཡོད་པ་བཞིན་དུ། ཤར་གྱི་མཚམས་བཞི་དང༌། བྱང་དང་ནུབ་དང་ལྷོའི་མཚམས་བཞི་རུ་བུམ་པ་དང༌། ཐོད་པ་ཉི་ཤུ་ངེས་སོ། །ཕྱི་རོལ་གྱི་མཚམས་ཀྱི་ཆ་བཞིར་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་བཞི་ཕྱེད་སྐྱེས་པ་ཕྱེད་བུད་མེད་ཀྱི་གཟུགས་ཅན་ཞལ་གསུམ་ཕྱག་དྲུག་སྤྱན་གསུམ་པ། གཡས་བརྐྱང་པས་བཞུགས་པ། གྲི་གུག་དང་མགོའི་ཐོད་པ་དང་ཁ་ཊྭཱཾ་ག་དྲིལ་བུ་དང་ཅང་ཏེའུ་བསྣམས་པའོ། །དཀྱིལ་འཁོར་ལྔ་པ་རྡོ་རྗེའི་ཕྲེང་བ་དང་མེ་འོད་ཀྱིས་བསྐོར་བར་རྒྱུད་ན་གསལ། སྒོ་བཞི་དང་མཚམས་བཞི་ཡང་ཕྱེད་གཟུགས་མ་ཕྱེད་ཀྱི་དབང་ཕྱུག་མ་སྟེ། ཤར་གྱི་ཁྭ་གདོང་མ། གཡས་གཡོན་གཉིས་བོང་བུའི་གདོང་ཅན། བྱང་གི་འུག་གདོང་མ། གཡས་གཡོན་གཉིས་རྔ་མོའི་གདོང་ཅན། ནུབ་ཀྱི་ཁྱི་གདོང་མ་གཡས་གཡོན་གཉིས་རའི་གདོང་ཅན། ལྷོའི་ཕག་མོའི་གདོང་མ་གཡས་གཡོན་གཉིས་བྱི་ལའི་གདོང་ཅན། མཁའ་འགྲོ་མ་དང་ཁྭ་གདོང་མ་སྔོ། ལཱ་མ་དང་འུག་གདོང་མ་ལྗང༌། ཁཎྜ་རོ་ཧི་དང་ཁྱི་གདོང་མ་དམར། གཟུགས་ཅན་མ་དང་ཕག་གདོང་མ་སེར། གཤིན་རྗེ་བརྟན་མ་ལ་སོགས་པ་བཞི་ནི་ཕྱེད་གཟུགས་མ་ཕྱེད་ཀྱི་དབང་ཕྱུག་མ་སྟེ། ཞལ་དང་ཕྱག་མཚན་དང་སྐུ་མདོག་ནི་རྒྱུད་ན་གསལ་ལོ། །རྡོ་རྗེ་ཕག་མོ་ནི་བཅོམ་ལྡན་འདས་ཇི་ལྟ་བ་དེ་ལྟར་ཞལ་ལྔ་ཕྱག་བཅུ་གཉིས་ཕྱག་རྒྱ་ལྔ་བུད་མེད་ཀྱི་དབྱིབས་དང་ལྡན་པ། ཞལ་སྟེང་མ་ཕག་རྒོད་ཀྱི་གདོང་ཅན་ནོ། །གནས་ཇི་ལྟ་བར་བརྒྱུད་པའི་རིམ་པའི་འཁོར་ལོ་དྲུག་ནི་རྒྱུད་འབུམ་སྡེའི་འཁོར་ལོའི་གོ་ཆའི་རིམ་པས་བསྟན་པ་འདི་བཤད་པའི་རྒྱུད་རྣམས་དང་ལྔ་བཅུ་རྩ་གཉིས་པར་གསང་སྟེ་མིང་ཙམ་ཡང་མ་བསྟན་པ། རྒྱུད་ཀྱི་རྒྱལ་པོ་མན་ངག་ཐམས་ཅད་ཀྱི་རྩ་བའི་རྒྱུད་


DTG018_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐམས་ཅད་ཀྱི་བླ་མར་གྱུར་པའི་རྒྱུད་འདིར། རྡོ་རྗེ་སེམས་དཔའི་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ལེའུ་གཅིག་པུ་གསུངས་ཏེ། གཞན་ཡང་བསྐྱེད་པའི་རིམ་པ་ནི། སྒྲ་ཡི་ཚུལ་ལས་ངེས་བྱང་བ། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཞེས་རྡོ་རྗེ་མཁའ་འགྲོ་ངེས་པར་འབྱུང་བ་མཆོག་གི་ལེའུ་དང་པོར་བསྟན་ཏོ། །དཀྱིལ་འཁོར་ལྔའི་ནི་ཤུགས་ལ་གོ་བས་དྲུག་ཡོད་དོ་ཞེས་གསུངས་སོ། །ལྔ་པ་ལྔའི་བདག་ཉིད་ནི་ཕྱོགས་བཞི་དང་དབུས་སུ་དཀྱིལ་འཁོར་སྡེ་ཚན་ལྔ་བཀོད་པ་ནི། མ་འོངས་པའི་རྣལ་འབྱོར་པས་དཀྱིལ་འཁོར་བྲི་བ་ནི། རྒྱུ་གསེར་དངུལ་ལས་བྱས་པའི་བུམ་པ་ལྷའི་སྐུ་མདོག་དང་མཐུན་པའི་གོས་ཀྱིས་མགུལ་པ་བཅིངས་ལ། བདུད་རྩི་ལྔ་དང་སྨན་ལྔ་རིན་པོ་ཆེ་ལྔ་འབྲུ་ལྔ་དང་ལྡན་པ་ནང་གི་མཚམས་སུ་བཞི། ཕྱིའི་མཚམས་སུ་བཅུ་དྲུག་གཞག་གོ །འདོད་ཡོན་གྱི་སྣམ་བུ་ཁ་དོག་སྣ་ཚོགས་པས་མཆོད་པ་བྱེད་པ། གླུ་དང་གར་དང་སྣ་ཚོགས་པའི་རོལ་མོའི་སྒྲ་དང་བཅས་པས་ཕྱི་རོལ་གྱི་མུ་ཁྱུད་ཀྱི་ནང་དུ་འདོད་ཡོན་གྱི་ལྷ་མོས་བསྐོར་རོ། །དུར་ཁྲོད་བརྒྱད་སྔར་སྒོང་སྐྱེས་ཀྱི་ལྷ་དཀྱིལ་འཁོར་བཞིན་དུ་བྱས་ཏེ། དཀྱིལ་འཁོར་རྒྱལ་མཆོག་བསྟན་ཏོ། །ལས་ཀྱི་རྒལ་མཆོག་ནི་མདུན་དུ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། ཕྱག་འཚལ་མཆོད་བསྟོད་དབང་བསྐུར་ནས་གཅིག་ཏུ་ཐིམ་པར་བསམས་པ་ལ་མཁས་པས་ལུས་ལ་གནས་ཉི་ཤུ་རྩ་བཞིར། དཔའ་བོ་དང་རྣལ་འབྱོར་མ་དགོད། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ལྷ་བསྐྱེད། གོ་ཆ་གཉིས་ཀྱང་བགོ །འཁོར་ཀུན་ལ་ཡང་ལུས་ཀྱི་དཀྱིལ་འཁོར་བསམས། ལུས་ལ་དཔྲལ་བར་སྐུའི་འཁོར་ལོ། །ངག་ལྐོག་མར་གསུང་གི་འཁོར་ལོ། །ཡིད་སྙིང་གར་ཐུགས་ཀྱི་འཁོར་ལོ། །ཡེ་ཤེས་ཀྱི་འཁོར་ལོ་ལྷ་མོ་བཅུ་གཉིས་ཀྱིས་བསྐོར་བ་སྙིང་ག་ནུ་མའི་བར་དུ་དགོད། སྣ་ཚོགས་ཡིད་དུ་འོང་བའི་བདུད་རྩིའི་ཐོད་པ་ཉི་ཤུའི་དམ་ཚིག་གི་ལྷ་མཆོད། ཡེ་ཤེས་ཀྱི་བཟླས་པ་སྤྲོ་བསྡུ་གྲངས་མེད་པ་བྱ། དུང་ཆེན་གྱི་ཕྲེང་བ་བླང་ནས་ངག་གི་བཟླས་པ་བྱའོ། །དམ་ཚིག་གི་འཁོར་ལོ་ལ་རྐང་པ་བརྒྱད་པས་མཆོད། དཔའ་བོ་དང་དཔའ་མོའི་སྔགས་ཀྱིས་བསྟོད། རྩ་བའི་རྒྱུད་ལེའུ་ཉི་ཤུ་རྩ་གཅིག་པའི་སྨོན་


DTG018_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལམ་ཡང་གདབ། བཟླས་པའི་སྔགས་ནི་གོ་སླ་བས་མ་བཤད་དོ། །གཙོ་འཁོར་རིམ་པ་ཇི་ལྟ་བ་བཞིན་དུ། དམ་ཚིག་གི་བདུད་རྩིའི་མཆོད་ཅིང་བཟླས་པ་བྱས་ནས་ལྷ་ཐམས་ཅད་དཀར་པོར་བསྒོམས་པས་ཞིབ་འགྲུབ། སེར་པོར་བསྒོམས་པས་རྒྱས་པ་འགྲུབ། དམར་པོས་དབང་འགྲུབ། ནག་པོས་མངོན་སྤྱོད་འགྲུབ། དཀྱིལ་འཁོར་འདི་དྲུག་ཀ་སྒོང་སྐྱེས་ཀྱི་དབྱེ་བས་ཡིན་ནོ། །དངོས་གྲུབ་བླ་ན་མེད་པའི་དཀྱིལ་འཁོར་ཧེ་རུ་ཀའི་གནས་སུ་རིགས་ལྔ་གང་ལ་དང་པོ་བཞག་ནས་གཙོ་བོ་སྤྲོ་བ་ཡིན། བླ་མའི་ཞལ་ལས་རྙེད་པར་འགྱུར། བུད་མེད་རྣལ་འབྱོར་མ་ལ་དགའ་ན་ཡང་གཞན་ཡང་རྣལ་འབྱོར་མའི་ཞལ་ནས་སྟོན། བཟླས་པ་བྱེ་བ་བྱས་ན་སྔོན་འགྲུབ་པའི་རྣལ་འབྱོར་མ་རྣམས་ཀྱིས་སྟོན། དཀྱིལ་འཁོར་དྲུག་པོ་འདི་གཞན་ལ་བསྟན་པར་མི་བྱ་ཞེས་པ་ལ་སོགས་པ་ནི་ཕན་ཡོན་ཏེ་རྒྱུ་དེས་ན་ཚོགས་པ་ལ་བཤད་པའི་ཕྱིར་ལེའུ་ལྔ་བཅུ་རྩ་གཉིས་པ་བསྡུས་པ་ཡིན་ལ། རྩ་བའི་རྒྱུད་བསྡུས་པ་འདི་ནི་སློབ་མ་ལ་བཤད་པའི་དབང་དུ་མཛད་ནས་བསྡུས་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། རྣལ་འབྱོར་པ་དྲུག་གིས་སྔོན་འགྲོ་དང་རྗེས་དང་ཐུན་མཚམས་དང༌། སྤྱོད་པ་དང་འཆགས་པ་ཞིབ་མོ་རྣམ་པར་འཐག་པའི་སྒྲུབ་པའི་ཡན་ལག་བཞི་བཅུ་རྩ་བརྒྱད་དང་ལྡན་པ་བསྒོམ་པར་བྱའོ། །ལེའུ་བཅུ་གཅིག་པའི་འགྲེལ་པའོ།། །།

བཅུ་གཉིས་པ། རྣལ་འབྱོར་མའི་གནས་བསྒྲབུ་པའི་མཚན་མའི་རིམ་པ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རིགས་དྲུག་གི་འཁོར་ལོ་བཤད་ནས། ད་ནི་ཕྱེད་ཀྱི་དབང་ཕྱུག་མ་ལ་མོས་པ་དེའི་ངོར། དེ་ནས་རྣལ་འབྱོར་བཤད་བྱ་བ། །ཞེས་བྱ་བ་སྨོས་ཏེ། འདོད་པའི་དོན་དངོས་གྲུབ་གསུམ་སྒྲུབ་པར་བྱེད་པ་རྩ་བའི་རྒྱུད་འབུམ་པ་ལས་ཀྱང་རྩ་བའི་རྒྱུད་འདི་བསྡུས་པའི་མ་ཕྱེད་ཀྱི་དབང་ཕྱུག་མ་མཁའ་འགྲོ་མའི་དྲ་བའི་སྔོམ་པ་རྒྱུད་གཞན་དུ་གསང་ཞིང་མིང་ཙམ་ཡད་མ་བསྟན་པ་ཕག་མོ་མངོན་བར་འབྱུང་བ་རྩ་བའི་རྒྱུད་ཡང་དག་པ་མན་ངག་གི་སྙིང་པོ་བཤད་པར་བྱ་ཞེས་མདོར་བསྟན་ཏོ། །རྒྱས་པར་བཤད་པ་ནི་དངོས་གྲུབ་གསུམ་ལེགས་པར་སྟེར་བ་རྫུས་སྐྱེས་ཀྱིས་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལྷ་མོ་སུམ་ཅུ་རྩ་བདུན་གྱི་སྙིང་པོ་བསྡུས་པ་ཡིན་ནོ། །དེ་བསྒོམ་པར་འདོད་ན་དང་པོ་ཚད་མེད་པ་དང༌། བྱིན་གྱིས་བརླབ་པ་དང༌། བསྲུང་བ་དང༌། ཚོགས་སོགས་པ་དང༌། སྟོང་པ་ཉིད་ཀྱི་རྣལ་འབྱོར་བསྒོམས་ནས། འབྱུང་བ་


DTG018_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་རི་རབ་སྣ་ཚོགས་རྡོ་རྗེ་དང་པདྨ་བསྐྱེད་དེ། དེའི་ལྟེ་བའི་དབུས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་ཨཱ་ལི་ཀཱ་ལི་མངོན་བར་བྱང་ཆུབ་པའི་རིམ་པས་རྡོ་རྗེ་ཕག་མོ་གཞལ་ཡས་ཁང་དང་བཅས་པ་སྐད་ཅིག་གི་རྣལ་འབྱོར་གྱིས་བསྐྱེད་ནས། དེ་ཡང་ཞལ་བཞི་པ་ཕྱག་བཅུ་གཉིས་པ་ཞེས་བྱ་བ་ནས། སྐུ་ལུས་མཛེས་ཤིང་ཡིད་འཕྲོག་པ། །ཞེས་བྱ་བའི་བར་དུ་སྐུ་མདོག་དང་ཕྱག་མཚན་ནི་རྒྱུད་ནས་གསལ་ཏེ། མ་ཕྱེད་ཅེས་བྱ་བ་ནི་སྐུ་གཡས་སྐྱེས་པ་གཡོན་བུད་མེད་མཚན་གཉིས་སྦྱོར་བར་བྱེད་པའོ། །དོན་ཐབས་ཤེས་རབ་པོ། །བསྙེན་པའོ། །ཤར་ཕྱོགས་ཀྱི་མཁའ་འགྲོ་མ་ནི་དཀར་མོ་སེང་གེའི་གདོང་པ་ཅན། བྱང་དུ་ལཱ་ལ་ལྗང་གུ་ཕག་གི་གདོང་ཅན། ནུབ་ཏུ་དུམ་སྐྱེས་མ་དམར་མོ་གླང་པོའི་གདོང་ཅན། ལྷོར་གཟུགས་ཅན་མ་སེར་མོ་རྟའི་གདོང་ཅན། དེའི་ཕྱིར་རོལ་དུ་རྡོ་རྗེའི་ཕྲེང་བས་བསྐོར་བ། མཚམས་སུ་བུམ་པ་བཞི་དང་ཐོད་པ་བཞི་དགོད་དོ། །དེའི་ཕྱི་རོལ་གྱི་ཕྱོགས་བཞིར་འཁོར་ལོ་རྩིབས་དྲུག་པ་བཞི་དགོད་དོ། །ཤར་ལ་སོགས་པ་རྩིབས་དྲུག་གི་དབུས་སུ་ཤར་དུ་མཱ་མ་ཀཱི་དབུས་སྔོ་བ། གཡས་དཀར་བ་གཡོན་དམར་བ། བྱང་དུ་སྤྱན་མ་དབུས་དཀར་བ་གཡས་སྔོ་བ། གཡོན་དམར་བ། ནུབ་ཏུ་སྒྲོལ་མ་དབུས་ལྗང་གུ་གཡས་དཀར་བ་གཡོན་དམར་བ། ལྷོར་གོས་དཀར་མོ་དབུས་དམར་བ། གཡས་སེར་བ། གཡོན་ལྗང་བ། ཕྱག་དྲུག་པ་མཱ་མ་ཀཱི་རྡོ་རྗེ་དང་དྲིལ་བུ། སྤྱན་མ་འཁོར་ལོ་དང་དྲིལ་བུ། སྒྲོལ་མ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ། གོས་དཀར་མོ་པདྨ་དང་དྲིལ་བུ་བསྣམས་ནས་པདྨ་ལྟར་གར་བསྐོར་བའོ། །ཕྱག་གཞན་བཞི་ནི་ཐོད་པ་དང་ཁ་ཊྭཱཾ་གཡོན་ན། ཅང་ཏེའུ་དང་རྡོ་རྗེ་གྲི་གུག་གཡས་ཀྱིས་བསྣམས་པ་ཤར་ལ་སོགས་པ་དྲུག་པོ་ཐམས་ཅད་དུ་གནས་ཉི་ཤུ་རྩ་བཞི་དང་སྦྱར་རོ། །ཤར་གྱི་རྩིབས་སྔོན་པོ་དྲུག་ལ་རབ་གཏུམ་མ་ལ་སོགས་པ་དྲུག་གི་དཀར་མོ་དང་ལྗང་གུ་ཕྱེད་གཟུགས་མ་ཐོད་པ་དང་ཁ་ཊྭཱཾ་ག་འཁོར་ལོ་དང་ཅང་ཏེའུ་དང་གྲི་གུག་བསྣམས་པའོ། །བྱང་གི་རྩིབས་ལྗང་གུ་དྲུག་ལ་སྔོ་བ་དང་སེར་བའི་ཕྱེད་གཟུགས་མ། རྡོ་རྗེ་དང་ཐོད་པ་དང་ཁ་ཊྭཱཾ་ག་ཅང་ཏེའུ་དང་གྲི་གུག་གོ །ནུབ་ཀྱི་རྩིབས་དམར་པོ་དུག་ལ་ལྷ་མོ་དམར་བ་དང༌། སེར་བའི་ཕྱེད་གཟུགས་མ་པདྨ་དང་ཐོད་པ་དང༌། ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་


DTG018_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྲི་གུག་གོ །ལྷོའི་རྩིབས་དྲུག་ལ་ལྷ་མོ་སེར་མོ་དང༌། དམར་བའི་ཕྱེད་གཟུགས་མ་སྣ་ཚོགས་རྡོ་རྗེ་དང་ཐོད་པ་ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་གྲི་གུག་གོ །ལྷ་མོ་དེ་དག་ཐམས་ཅད་ཞལ་གཅིག་པ་སྤྱན་གསུམ་པ་ཕྱག་བཞི་པ་རང་དང་མཐུན་པའི་རོའི་གདན་ཉི་ཤུ་རྩ་བཞི་ལ་བཞུགས་པའོ། །ཤར་གྱི་རྩིབས་དྲུག་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། བྱང་འཁོར་ལོའི་ཕྲེང་བས་བསྐོར་བ། ནུབ་སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར། ལྷོ་པདྨའི་ཕྲེང་བས་བསྐོར། དབུས་རྡོ་རྗེའི་ཕྲེང་པས་བསྐོར། ཟུར་བཞིར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་གཤིན་རྗེ་བརྟེན་མ་ལ་སོགས་པའི་ལྷ་མོ་བཞི་བྲི། མཚམས་དང་སྒོ་ཐམས་ཅད་སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར། ཤར་ཁྭ་གདོང་མ་སྔོ་དམར་ཕྱེད་གཟུགས། བྱང་འུག་གདོད་མ་ལྗང་བ་དང་དམར་བ་དང་ཕྱེད་གཟུགས། ནུབ་ཁྱི་གདོང་མ་དཀར་བ་དང་སེར་བ་ཕྱེད་གཟུགས། ལྷོར་ཕག་གདོང་མ་ལྗང་བ་དང་སྔོ་བའི་ཕྱེད་གཟུགས། ཤར་ལྷོར་གཤིན་རྗེ་བརྟན་མ་མ་ཧེའི་གདོང༌། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་བོང་བུའི་གདོང༌། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མོ་རྔ་མོའི་གདོང༌། བྱང་ཤར་དུ་གཤིན་རྗེ་འཇོམས་མ་རྟའི་གདོང༌། གཡོན་གྱི་དང་བོས་ཐོད་པ་དང་ཁ་ཊྭཱཾ་ག་གཟུང་པ། གཡོན་གྱི་གཉིས་པས་མགོ་བོ་སྐྲ་དང་བཅས་པ་གཟུང་པ་དང༌། གཡས་ཀྱི་དང་པོ་གྲི་གུག །གཉིས་པ་ཅང་ཏེའུ་ཤིན་ཏུ་འཇིགས་པའི་སྒྲ་སྒྲོགས་པའི་ཉེ་བསྙེན་ནོ། །ལྷག་མའི་མཚན་ཉིད་རྒྱན་དང་དབྱི་བས་རྒྱུད་ན་གསལ། ཕྱིར་རོལ་ནས་བསྐོར་བའི་འདོད་པའི་ཡོན་ཏན་གྱི་ལྷ་མོ་ནི། གཟུགས་རྡོ་རྗེ་མ་མེ་ཏོག་དང་སྤོས་དང་མར་མེ་ཐོགས་པ། དྲི་རྡོ་རྗེ་མ་དྲི་ཆབ་ཐོགས་པ། རོ་རྡོ་རྗེ་མ་ལྷ་བཤོས་ཀྱི་ཕྲེང་བ་དང་བྱུག་པ་ཐོགས་པ། རེག་བྱ་རྡོ་རྗེ་མ་ལྷའི་གོས་ཐོགས་པ། སྒྲ་རྡོ་རྗེ་མ་སིལ་སྙན་ཐོགས་ནས་མཆོད་པ་བྱེད་པའོ། །དེ་ལ་སོགས་ཏེ་མཐའ་ཡས་མཆོག་གི་གླིང་བུ་དང༌། པི་ཝང་དང༌། རྫ་རྔ་དང་རྔ་རིངས་དང་རྔ་དྲ་བ་ཅན་དང་རྔ་ཟླུམ་དང་རྔ་པོ་ཆེ་དང༌། པ་ཊ་ཧ་དང༌། སྒེག་མོ་དང་ཕྲེང་བ་མ་དང་གླུ་མ་དང་གར་མ་དང༌། བདུད་རྩི་ལྔ་ལ་སོགས་པའི་ལྷ་མོའོ། །དཀྱིལ་འཁོར་འདིའི་ཕྱིར་རོལ་གྱི་རྩིག་བ་ནི། པཉྩ་རཱ་ག་ཕ་གུ་ཡི་དགས་ཀྱི་གཟུགས་ཅན་རོ་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུས་བརྩིགས་པའོ། །དུར་ཁྲོད་བརྒྱད་དང༌། རྡོ་རྗེ་ར་བ་མེ་འོད་


DTG018_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་བསྐོར་བའོ། །ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་ནི། ལུས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །སོ་དང་སེན་མོ་ནི་མགོ་བོའི་མིང་ཡིན་ནོ། །སྣབས་ནི་པུས་མོའི་མིང་ཡིན་ཏེ། ཁམས་ཉི་ཤུ་རྩ་བཞི་ལྷ་མོར་བསྒོམས་པས་སོ་ཞེས་ཁ་ཅིག་འཆད་དོ། །ཡང་ན་ཁམས་ཉིད་ཡིན་པར་འཐད་དོ། །དེའི་རྒྱས་བཤད་ནི་པུལླི་ར་མ་ལ་ཡར་ཉི་མའི་དཀྱིལ་འཁོར་མགོ་བོར་གཏུམ་མིག་མ་ཞེས་བྱ་བ་ནས། ཀུ་ལུ་ཏཱ་པུས་མོར་ཉི་མའི་དཀྱིལ་འཁོར་བརྩོན་ཆེན་མའི་ཞེས་བྱ་བའི་བར་དུ་གནས་ཉི་ཤུ་རྩ་བཞིའི་དབུས་སུ་དཔའ་བོ་ཉི་ཤུ་རྩ་བཞི་བསྒོམས་ཏེ། སྒོ་མ་བརྒྱད་ཀྱང་མིག་ལ་སོགས་པའི་སྒོ་བརྒྱད་ལ་དགོད་པ་ཁ་བསྐང་ངོ༌། །ཐུགས་ཀར་ཡེ་ཤེས་ཀྱི་འཁོར་ལོར་ས་ལ་སོགས་པ་ཁམས་ལྔའི་ལྷ་མོ་སྔ་མ་བཞིན། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ལྷ་ཡང་སྔ་མ་བཞིན། མིག་ལ་སོགས་པ་སྐྱེ་མཆེད་ཀྱི་ལྷ་ཡང་སྔ་མ་བཞིན། ཡིད་མི་འཁྲུགས་པའི་སྙིང་གར་ཐུགས་ཀྱི་འཁོར་ལོ། ངག་འོད་དཔག་མེད། ལྐོག་མར་གསུང་གི་འཁོར་ལོ། །ལུས་རྣམ་སྣང་དཔྲལ་བར་སྐུའི་འཁོར་ལོ་སྒྲུབ་པའོ། །སྒྲུབ་པ་ཆེན་པོ་ནི། དེ་ལྟར་དགོད་པ་བྱས་ནས་ནི། །ཞེས་པ་དཔའ་བོ་དང་དཔའ་མོའི་གོ་ཆ་དྲུག་བསྐོན་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། དེ་བལྟས་ནས། ཕྱག་བྱ་བ་མཆོད་བསྟོད་ལུས་ལ་བཅུག་ནས་ལྷའི་དངོས་པོ་ཀུན་དང་ཐ་མི་དད་པའི་དེའི་ངོ་བོར་བྱའོ། །དབང་བསྐུར་ཡེ་ཤེས་སེམས་དཔའ་སྤྱན་དངས་ནས་མཆོད་པ་དང༌། དམ་ཚིག་གི་ཆུ་ལ་སོགས་པས་དབང་བསྐུར་བ་དང༌། ཐ་མར་རོ་གཅིག་པར་བསྒོམ་མོ། །དེའི་སྙིང་ག་ནུ་མའི་བར་དུ་མ་ཕྱེད་ཀྱི་དབང་ཕྱུག་མའི་འཁོར་ལོ་བསྒོམ་པ་ལ་བུམ་པ་བཞིའི་ཐོད་པའི་བདུད་རྩིའི་རོས་དཀྱིལ་འཁོར་ལ་མཆོད་ལ། ལུས་སྐུ་དང༌། ངག་གསུང་དང༌། ཡིད་ཐུགས་ཀྱི་འཁོར་ལོ་ལས་དམ་ཚིག་གི་ལྷ་མོ་འདོད་ཟར་སྤྲོས་པས་སེམས་ཅན་ཡང་ལྷར་བསྐྱེད། སེམས་མེད་པའི་བེམས་པོ་སྣོད་ཀྱི་འཇིག་རྟེན་ཡང་ལྷར་བསྐྱེད། རྣམ་པར་རྟོག་པ་སྤངས་པ་སྒྱུ་མ་ལྟ་བུའི་འཁོར་ལོ་དང་ཡེ་ཤེས་ཀྱི་བཟླས་པ་བྱའོ། །དམ་ཚིག་གི་མཆོག་ངག་གི་བཟླས་པ་ནི་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་ནི་གསལ། འཁོར་གྱི་ལྷ་མོ་རྣམས་ཀྱི་སྔགས་ནི། ཨོཾ་ཌཱ་ཀི་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནས། ཨོཾ་ཡ་མ་མ་ཐཱ་ནི་ཧཱུཾ་ཧཱུཾ་ཕཊ་ཅེས་


DTG018_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་བར་དུ་སྔགས་ཀྱི་བཟླས་པ་ཡོངས་སུ་རྫོགས་པར་བྱའོ། །བཟླས་པས་དུབ་ན་ཐོད་པ་བཞི་ལས་ཞི་བའི་བཏུང་བ་བདུད་རྩི་མྱངས་ནས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒོམས་ལ་ལྷ་ཐམས་ཅད་ལ་བདུད་རྩིའི་དམ་ཚིག་གིས་མཆོད་དོ། །དེ་ནས་སེམས་ཀྱི་འཁོར་ལོ་བསྒོམ་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཆོས་བདག་མེད་པའི་སྟོང་པ་ཉིད་པ་ཉིད་ལ་དཀྱིལ་འཁོར་གྱི་ལྷ་མོ་རྣམས་བཅུག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་པའི་ཆོས་ཉིད་བསྒོམ་མོ། །འདི་ནི་དོན་དམ་སྙིང་པོ་ལས་ཤེས་པར་འགྱུར་རོ། །མཚན་མ་མེད་པ་བསྒོམས་ནས་རྟེན་འབྲེལ་གྱི་ཆོས་མཚན་མ་མེད་པའི་དེ་ཉིད་ལྷ་མོ་སུམ་ཅུ་རྩ་བདུན་གྱི་གནས་དེར་འབྲས་བུའི་ཚོད་ཙམ་གྱི་ཐིག་ལེའི་ལྷ། ལྷའི་མིག་གིས་བལྟ་བར་བྱའོ། །ཚད་ཇི་ཙམ་ཞེ་ན། རྡུལ་ཕྲ་རབ་དང་མཉམ་པའི་ཐིག་ལེའི་འཁོར་ལོ་བསྒོམ་མོ། །ཡང་ན་སྐྲའི་རྩེ་མོ་བརྒྱ་སྟོང་དུ་གཤེགས་པའི་ཚད་ཙམ་གྱི་ལྷ་མོ་སུམ་ཅུ་རྩ་བདུན་གྱི་བྷ་གའི་དབུས་སུ་ཧེ་རུ་ཀ་དང་བཅས་པའི་ལྷ་ལོའི་འཁོར་ལོ་ཁ་གདོང་མ་ལ་སོགས་པ་བརྒྱད་ཀྱིས་ཕྱིར་རོལ་ནས་བསྐོར་བ་བསྒོམ་མོ། །དེ་ན་རྫུས་སྐྱེས་བཤད་ནས་མང་ལ་སྐྱེས་འདི་ལྟར་བསྒོམ་སྟེ། ཡང་ན་མ་ཕྱེད་ཀྱི་དབང་ཕྱུག་མ་དང་འཁྱུད་པའི་བདག་པོ་ཧེ་རུ་ཀ་མཁའ་འགྲོ་མ་བཞིས་བསྐོར་བ་མངལ་སྐྱེས་ཀྱིས་བསྒོམ་པར་བྱ་སྟེ། དཔའ་བོ་དང་དཔའ་མོ་ཕན་ཚུན་བདག་པོར་བྱས་ནས། རྡོ་རྗེ་སེམས་དཔའ་རྒྱུའི་ཧེ་རུ་ཀ་དང༌། སོགས་པས་ལྷ་མོའི་འཁོར་ལོ་མངལ་སྐྱེས་ནས་བསྐྱེད་པ་དང༌། རྒྱུའི་ཧེ་རུ་ཀ་ཞུ་བ་དང༌། འབྲས་བུའི་ཧེ་རུ་ཀ་བསྐྱེད་པའི་སྦྱོར་བ་དང་ལྡན་པ་མངལ་སྐྱེས་ཀྱིས་བསྐྱེད་ནས། གྲུབ་པའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱིས་སྦྱོར་བའི་ཁམས་གསུམ་གྱི་བདག་པོ་ཆེན་པོ་དཔལ་ཧེ་རུ་ཀའི་དངོས་གྲུབ་ཐོབ་ནས། ལྷའི་མིག་མེད་པ་ལ་མི་སྣང་བའི་སེམས་ཅན་གྱི་དོན་དུ་ས་ལ་སྤྱོད་པ་འགྲུབ་བོ། །གལ་ཏེ་མཆོག་གི་དངོས་གྲུབ་མ་གྲུབ་ན། ཐ་མ་མིའི་འཁོར་ལོས་སྒྱུར་བ། འབྲིང་ལྷའི་འཁོར་ལོས་སྒྱུར་བ་འགྲུབ་བོ། གལ་ཏེ་མ་གྲུབ་ན་བསྐྱར་བའི་ཆོ་ག་ཚོགས་ཀྱི་འཁོར་ལོ་བཤད་པ་ནི། སྦྱོར་བའི་ཆོ་ག་འདི་ཡིས་ནི། །འཆི་བདག་ཕྱོགས་ནི་བཅོམ་ཞིང་ཟད། །ཅེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་འདིས་དུས་མ་ཡིན་པར་འཆི་བ་བརྒྱད་


DTG018_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇོམས་སོ། །ཚོགས་ཀྱི་འཁོར་ལོས་ཚེ་རིང་བའི་འབྲས་བུ་འདོད་པའི་མཆོད་པ་གང་གིས་བྱ་ཞེ་ན། མཚམས་མེད་པ་ལ་སོགས་པ་མི་དགེ་བ་བྱེད་པའི་སྡིག་ཅན་མཁས་པས་སྔགས་ཀྱི་མཐུས་སྲོག་དང་ཕྲལ་ནས་མཆོད་པ་བྱའི་ལས་གཞན་དུ་དགེ་བ་བྱེད་པ་སྔོམ་པ་ཅན་སྲོག་དང་ཕྲལ་ན་དངོས་གྲུབ་འཇིག་པར་འགྱུར་རོ། །སྲོག་དང་འབྲལ་བའི་ཐབས་ཇི་ལྟར་བྱ་ཞེ་ན། བག་ཟན་ལ་ཕྱུགས་ཀྱི་གཟུགས་བྱས་ལ། དེ་མར་ལ་བཙོས་པའི་ལིངྒ་གསོད་པའི་སྦྱོར་བས་དུམ་བུར་བཅས་ནས་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ལ། སེམས་ཅན་འདི་ནི་མཚམས་མེད་པ་ལྔ་བྱེད་པ། རྡོ་རྗེ་སློབ་དཔོན་སྨོད་པ། རྡོ་རྗེ་སྤུན་ལ་སྡང་བ། དཀོན་མཆོག་གསུམ་གྱི་དགྲ་མཁའ་འགྲོ་མ་རྣམས་ཀྱིས་སྲོག་དང་ཕྲོལ། མགོ་ཆོད། སྙིང་ཕྱུང༌། པགས་པ་ཤུས་ཞེས་བཟླས་ཞིང་ཆེ་གེ་མ་མ་ར་ཡ་ཕཊ་ཅེས་སྔགས་ཀྱི་སྦྱོར་ཀའི་བསྒྲུབ་པའི་སྦྱོར་བས་ཚོགས་ཀྱི་འཁོར་ལོའི་ལྷ་མོ་དང༌། སྲིང་མོ་ལ་དབུལ་བ་བམ། མཆོག་ཡེ་ཤེས་སྐྱེས་པའམ། བར་མ་ཞིང་སྐྱེས་སམ། བུ་མོ་སྔགས་སྐྱེས་དང་ལྷན་ཅིག་ཏུ་དགའ་བ་བཞིའི་ཏིང་ངེ་འཛིན་མཉམ་པར་སྦྱོར་བས། དམ་ཚིག་གི་མཆོག་མངོན་སྤྱོད་ཀྱིས་བསྒྲུབ་པར་བྱའོ། །རང་གི་ལྷའི་འཁོར་ལོའི་སྤྱོར་བས་འདོད་པའི་ཡོན་ཏན་ལྔ་ཡང་ལོངས་སྤྱད་ཅིང་དབུལ་བར་བྱའོ། །དེ་ནས་ཕག་མོའི་ཏིང་ངེ་འཛིན་གྱིས་ལྟེ་བར་སྡིགས་མཛུབ་ཀྱིས་ཕུལ་ནས། མཁའ་འགྲོ་མའི་དཀྱིལ་འཁོར་ཐམས་ཅད་ཀྱིས་ཀྱང་མདུང་རྩེ་ལྟ་བུའི་འོད་ཟེར་གྱིས་སྒོ་དགུ་ལ་ཞུགས་ནས། སྙིང་གའི་པདྨ་ཕུག་ནས་ཁྲག་འཐུང་བར་བསམ་ཞིང༌། མཁའ་འགྲོ་མས་ཟོས་པས་སངས་རྒྱས་སུ་འགྱུར་གྱི། ངན་སོང་གསུམ་ལ་སོགས་པ་གཞན་དུ་མ་ཡིན་ནོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། མ་ཕྱེད་ཀྱི་དབང་ཕྱུག་མ་བསྒོམ་པའི་རྣལ་འབྱོར་ལས་སྦྱོར་བ་སྔོན་འགྲོའི་རྣལ་འབྱོར་དང༌། དངོས་གཞིའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་དང༌། རྗེས་ལྡང་བའི་རྣལ་འབྱོར་དང༌། ཐུན་མཚམས་ཀྱི་རྣལ་འབྱོར་ཞིབ་མོ་རྣམ་པར་འཐག་པའི་སྒྲུབ་པའི་ཐབས་བཞི་བཅུ་རྩ་བརྒྱད་བསྒོམས་མོ། །འདིར་ནི་དངོས་གྲུབ་བསྒྲུབ་པའི་རྒྱུ་མཚན་སྤྲོ་བསྡུ་བ་བསྒོམ་པ་དང༌། སེམས་ཀྱི་འཁོར་ལོ་མཚན་མེད་བསྒོམ་པ་དང༌། ལྷའི་གནས་སུ་ཐིག་ལེ་བསྒོམ་པ་དང༌། ལྷ་མོའི་བྷ་གའི་དབུས་སུ་ཕྲ་མོ་བསྒོམ་པ་དང༌།


DTG018_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྷ་གའི་དབུས་སུ་ཧེ་རུ་ཀ་ཡུམ་བཞི་དང་བཅས་པ་བསྒོམ་པ་དང༌། མངལ་སྐྱེས་ཀྱི་རིམ་པ་བསྒོམ་པ་དང༌། བསྐྱར་བའི་ཆོ་ག་མངོན་སྤྱོད་ཀྱི་ཚོགས་ཀྱི་འཁོར་ལོ་བསྒོམ་པ་དང་བཅས་པ་ནི། རྩ་བའི་རྒྱུད་ཕག་མོ་མངོན་པར་འབྱུང་བའི་ལེའུ་བཅུ་གཉིས་པའི་འགྲེལ་པའོ།། །།

བཅུ་གསུམ་པ། རེའུ་མིག་དགོད་པ་དང་གནས་བསྡུ་བ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་མ་ཕྱེད་ཀྱི་དབང་ཕྱུག་མ་བཤད་ནས། འཁོར་ལོ་སྤངས་པའི་རེ་མིག་གི་དཀྱིལ་འཁོར་ལ་དགའ་བའི་ངོར། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔའ་བོ་ཉི་ཤུ་རྩ་བཞི་དང་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་གྱི་གནས་འཁོར་ལོ་སྤངས་པའི་རེ་མིག་ལ་དགོད་པའི་མན་ངག་བཤད་པར་དམ་བཅའ་བའོ། །སྔོན་གྲུབ་པའི་རྣལ་འབྱོར་མ་རྣམས་ཀྱི་བརྒྱུད་པ་དང་འདས་པའི་སངས་རྒྱས་ཀྱི་བླ་མ་བརྒྱུད་པ་ལས། གཞན་དུ་འདོད་རྒྱལ་གྱིས་དྲིས་པ་མ་ཡིན་ནོ། །དེ་ལ་སྔོན་དུ་འགྲོ་བའི་རྣལ་འབྱོར་ལྡན་དང༌། ལྡང་བའི་རྣལ་འབྱོར་བདུན་བསྐྱེད་ནས་མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་ལས་ལྷ་དང་གཞལ་ཡས་ཁང་རྫུས་སྐྱེས་ཀྱིས་བསྐྱེད་པའི་གཞལ་ཡས་ཁང་ནི་ཐུགས་ཀྱི་འཁོར་ལོ་སྤངས་པའི་རེ་མིག་དགུ། གསུང་རེ་མིག་དམར་པོ་བརྒྱད། སྐུ་ཡང་རེ་མིག་དཀར་པོ་བརྒྱད་དེ་བཅུ་དྲུག་གོ །རེ་མིག་དགུ་པའི་དབུས་སུ་ཡེ་ཤེས་ཀྱི་སྣ་ཚོགས་པདྨ་འདབ་མ་བརྒྱད་དེའི་དབུས་སུ་ཨཱ་ལི་ཀཱ་ལི་ཉི་ཟླ་ཁ་སྦྱོར་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད། ཧཱུཾ་སོ་སོར་རྟོག་པ། རྡོ་རྗེ་སེམས་དཔའི་འོད་ཟེར་སྤྲོ་བསྡུ་བྱ་བ་ནན་ཏན། དེ་ཡོངས་སུ་གྱུར་པ་ལས་ཧེ་རུ་ཀ་རྣམ་པར་བསྒོམ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཞལ་ལྔ་ཕྱག་ནི་བཅུ་པ་ཞེས་བྱ་བ་ནས། ཐུགས་རྗེའི་ཆགས་པས་རྣམ་པར་མྱོང༌། །ཞེས་བྱ་བའི་བར་གྱིས་སྐུ་མདོག་དང་ཕྱག་མཚན་ནི་གོ་སླའོ། །བསྙེན་པའོ། །ཤར་གྱི་འདབ་པ་མ་ལ་མཁའ་འགྲོ་བ་ཞེས་བྱ་བ་ནས། ཧེ་རུ་ཀ་ཡི་རྣམ་པར་བསྒོམ། །ཞེས་པའི་རབ་ནི་པདྨ་བརྒྱད་ཡེ་ཤེས་ཀྱི་འཁོར་ལོ་གྲི་གུག་གིས་བསྐོར་བའོ། །དེའི་ཕྱི་རོལ་ས་གཞི་སྔོན་པོ་ཀ་བ་བརྒྱད་དང༌། རྡོ་རྗེ་ར་བ་གྲུ་བཞིས་བསྐོར་བའི་རེ་མིག་བརྒྱད་ལ་ཐུགས་ཀྱི་འཁོར་ལོའི་མིང་དང་སྐུ་མདོག་ནི་གསལ། དེའི་ཕྱི་རོལ་དུ་ས་གཞི་དམར་པོ་པདྨ་རཱ་གའི་ཀ་བ་བརྒྱད་པདྨའི་ཕྲེང་བས་གྲུ་བཞིར་བསྐོར་བ། དེའི་རེ་མིག་བརྒྱད་ལ་གསུང་གི་འཁོར་ལོའི་ལྷ་དགོད་པ་གསལ་ལོ། །དེའི་ཕྱི་རོལ་དུ་སྐུའི་


DTG018_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོ། །ས་བཞི་དཀར་པོ་ལ་ཡེ་ཤེས་ཀྱི་ཀ་བ་བརྒྱད་འཁོར་ལོའི་ཕྲེང་བས་གྲུ་བཞིར་བསྐོར་བ། དེའི་ནང་དུ་སྐུའི་འཁོར་ལོ་བརྒྱད་དགོད་དོ། །སྐུ་མདོག་དང་ཕྱག་མཚན་དང་རྒྱན་ནི་རྒྱུད་ན་གསལ་ལོ། །སྒོ་སྲུང་དང་ཟུར་གྱི་ལྷ་མོ་རྣམས་ནི་གཞུང་ལུགས་དུ་མ་མཐོང་བའི་མཁས་པས། ཁྭ་གདོང་མ་དབུས་མ་ཁྭ་དང་གཡས་པ་བྱ་རོག་དང༌། གཡོན་པ་ཆུ་སྐྱེར་གྱི་ཞལ་ཡིན་ནོ། །བྱ་གདོང་ནི་འུག་པའི་གདོང་ཅན་མ་ནི་གཡས་པ་འུག་པ་དང༌། གཡོན་པ་བྱི་ལའི་གདོང་ཅན་ནོ། །ནུབ་ཀྱི་ཁྱི་གདོང་ཅན་ནི། གཡས་པ་ཁྱི་དང་གཡོན་པ་སེང་གེའི་གདོང་ཡིན་ནོ། །ལྷོའི་ས་འཛིན་ཕག་རྒོད་མ་ནི་གཡས་པ་ཕག་དང་གཡོན་པ་ལུག་གི་གདོང་ཅན་ནོ། །ལྷ་མོ་ཐམས་ཅད་དང་དཔའ་བོ་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ་སྐུ་མདོག་དང་ཕྱག་མཚན་ནི་རྒྱུད་ན་གསལ་ལོ། །སྤྲུལ་པའི་སྐུ་ནི་གདུལ་བྱ་མོས་པའི་གཙོ་བོ་ཡིན་པས་འཁོར་ལོ་མེད་པ་གྲུ་བཞི་རིམ་པ་གསུམ་གྱི་རེ་མིག་ལ་དགོད་པ་དང༌། གཤིན་རྗེ་བརྟན་མ་ལ་སོགས་སྒོར་དགོད། ཁྭ་གདོང་མ་ལ་སོགས་པ་མཚམས་སུ་བཀོད་ལ་རང་དང་འདྲ་བའི་ཁྲོ་བོ་བརྒྱད་དང་འཁྱུད་པའི་ཐབས་དང་བཅས་པ་དང༌། ནང་གི་ཡེ་ཤེས་ཀྱི་ལྷ་མོ་བཞི་ཡང་སངས་རྒྱས་ཞལ་གསུམ་ཕྱག་དྲུག་པ་བཞི་དང་འཁྱུད་པ། སྔོན་གྱི་སངས་རྒྱས་བླ་མའི་བཀས་གནས་ཀྱི་གཞུང་ལུགས་ཀྱི་དཔའ་བོ་དང་དཔའ་མོ་ཇི་ལྟར་འདོད་པ་དེ་ལྟར་སེམས་ཅན་གྱི་བསམ་པའི་ཁྱད་པར་གྱིས་དཔའ་བོ་དང་བཅས་པའི་རྣལ་འབྱོར་བཅུ་གཉིས་བསྒོམ་མོ། །མཚམས་ཀྱི་བུམ་པ་དང་ཐོད་པ་ཡང་བཞག །ཕྱི་རོལ་འདོད་ཡོན་གྱི་ལྷ་མོས་བསྐོར་བའི་ཚུལ་གྱིས་སྣ་ཚོགས་ཀྱི་མཁའ་འགོར་མ་དཔའ་བོ་དང་འཁྱུད་པ་སྤྲུལ་ནས་མེ་ཏོག་དང་བདུག་སྤོས་ལ་སོགས་པས་མཆོད་པར་བྱའོ། །ཕྱི་རོལ་གྱི་རྩིག་པ་ཡི་དགས་ཀྱི་གཟུགས་ཀྱིས་ཡོངས་སུ་བསྐོར་བ།སྔོན་གྱི་བླ་མ་སངས་རྒྱས་ཀྱི་མན་ངག་གི་བེམས་པོ་རོའི་རྩིག་པ་ལྔའི་དངོས་པོ་ནི། དངོས་མེད་ཡེ་ཤེས་ལྔའི་སྣང་བ་ཡིན་ནོ་ཞེས་བསྟན་ཏོ། །གྲུ་བཞི་རིམ་པ་གསུམ་གྱི་ཀ་ཞུ་དང་ཀ་ཏན་ཀྱང་རྡོ་རྗེ་པདྨ་འཁོར་ལོས་མཚན་པ། ས་གཞི་ཡང་སྔོན་པོ་དམར་པོ་དཀར་པོ་སྣ་ཚོགས་པས་འབྱེད་པ་དང་ལྡན་པའོ། །གནས་ཉི་ཤུ་རྩ་བཞིའི་ལུས་ཀྱི་འཁོར་ལོ་བཀོད་པ་དང༌། ཁམས་


DTG018_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ཕུང་པོ་དང་སྐྱེ་མཆེད་ཀྱི་ལྷ་ཡང་བཀོད་ནས། ཡེ་ཤེས་རྡོ་རྗེའི་ལྷ་མོ་བཞི་དང༌། ཡེ་ཤེས་ཀྱི་འཁོར་ལོ་ནུ་མའི་བར་དུ་དགོད། སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་དཔྲལ་བ་ལྐོག་མ་སྙིང་གར་བཀོད་དེ་སྒྲུབ་པའོ། །སྒྲུབ་པ་ཆེན་པོ་ནི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་ཕྱི་རོལ་གྱི་མཆོད་ཡོན་དང༌། ཞབས་བསིལ་དང༌། མཆོད་པ་ལྔས་མཆོད་དམ་ཚིག་སྣ་ཚོགས་པ་རྐང་བ་བརྒྱད་པའི་ལྷ་མོས་མཆོད། སྣ་ཚོགས་པའི་ཁྱད་པར་ནི་ཤ་ཆེན་ལྔ་པོ་དག་གིས་མཆོད། དཔའ་བོ་དང་དཔའ་མོའི་གོ་ཆ་གཉིས་བསྐོན། དབང་བསྐུར་ནས་མ་ལུས་པར་རོ་གཅིག་པར་བསྒོམ་ལྷ་ཐམས་ཅད་ལ་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་མཁས་པས་སྦྱོར་བ་གསུམ་དུ་སྦྱར། རྣམ་དག་སུམ་ཅུ་རྩ་བདུན་བསྒོམ།།ཡང་ན་ཡེ་ཤེས་ཀྱི་བཟླས་པ་འཁོར་ལོ་གསུམ་གྱི་སྤྲོ་བསྡུ་བསྒོམས་ལ་བཟླས་པ་བྱ། དུས་བཞི་རུ་བདུད་རྩི་ལྔའི་དམ་ཚིག་རྣམས་ཀྱང་རྣལ་འབྱོར་པ་མཁས་པས་བསྲུང་བར་བྱ། ཁམས་གསུམ་ཁྲག་འཐུང་གི་གཟུགས་ཅན་དུ་བསམས་ནས། འགྲོ་བ་དྲུག་གི་འཁོར་ལོ་འོད་ཟེར་སྤྲོས་པས་ཐུག་མེད་ཀྱི་འཁོར་ལོ་བཞིན་དུ་སྲིད་པ་སྦྱངས་ནས་ཐུགས་ཀར་གཞུག་པར་བྱ་ཞིང༌། སྤྲོ་བསྡུ་བྱས་པས་དངོས་གྲུབ་མྱུར་དུ་འཐོབ་པོ། །དུང་ཆེན་གྱི་ཕྲེང་བ་བླངས་ནས་ངག་གིས་བཟླས་པའི་སྔགས་ནི་རྒྱུད་ན་གསལ། བསྒོམ་པ་དང་བཟླས་པའི་འབྲས་བུའི་སའི་རླུང་འགགས་པས་འདར་བ་དང༌། ཆུའི་རླུང་འགགས་པས་གཡོ་བ་དང༌། མེའི་རླུང་འགགས་པས་འབར་བ་དང༌། རླུང་གི་རླུང་འགགས་པས་མིག་འབར་བ་དང༌། རྣམ་ཤེས་ཀྱི་རླུང་འགགས་པས་ཚིག་འཇམ་པའི་རྟགས་དྲུག་ནི་རྡོ་རྗེ་དབབ་པའི་འབྲས་བུ་ཡིན་ནོ། །རྟགས་དེ་རྣམས་མ་བྱུང་ན་སྲོག་དང་རྩོལ་བ་དབུགས་འབྱུང་རྔུབ་བཀག་ནས་ཡུམ་ལྟེ་བའི་ཨོཾ་ལས་ཡབ་སྙིང་གའི་ཧཱུཾ་ཁ་སྦྱོར་ཆོས་ཀྱི་དབྱིངས་སྤྲོ་བའི་ལེའུ་བཞིའི་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་སྒྱུ་མ་འོད་གསལ་ཟུང་འཇུག་ཏུ་སྤྲོས་པས། སངས་རྒྱས་ཀྱི་ཆོས་ཀྱི་མཆོག་སྤྲོས་པ་སྟེ་བསྐྱེད་པའི་རྗེས་ལ་རྫོགས་པའི་རིམ་པ་བསྒོམ་པ་འདི་ནི། མ་འོངས་པའི་སེམས་ཅན་ཀུན་ལ་ཕན་པ་དང༌། གདུལ་དཀའ་བའི་དྲག་པོ་འཇིགས་བྱེད་བསྟན་པ་ཡིན་ནོ། །ལངས་པའི་


DTG018_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚེ་ཁམས་གསུམ་པ་ཐམས་ཅད་རྒྱུ་བ་དང་མི་རྒྱུ་བའི་སྣོད་བཅུད་སྐུ་གསུང་ཐུགས་ཀྱི་འཁོར་ལོར་བསམས་ནས། འཇུག་པའི་ཚེ་སྔགས་པས་བཟའ་བ་གང་ཅུང་ཟད་དེ་ཐམས་ཅད་བདུད་རྩི་ལྟར་དམ་ཚིག་གིས་བྱས་ནས་ཟོས་པས་ཆོས་ཀྱི་དབང་ཕྱུག་སྣང་པ་མཐའ་ཡས་སུ་འགྱུར་རོ། །དམ་ཚིག་ཉམས་ཀྱི་དོགས་པ་ལ་བླ་མ་ལ་མཆོད་པ་བྱས་ནས་ཆུའི་ཁྲུས་ཀྱིས་བུམ་པའི་དབང་བླང་བ་དང༌། ལོ་བཅུ་གཉིས་འཇམ་པའི་གདན་ཕུལ་ནས་གསང་བའི་དབང་བླང་བ་དང༌། སངས་རྒྱས་དང་དཔའ་བོ་དང་རྣལ་འབྱོར་མ་དང་ལྷ་མོ་བཅུ་གཉིས་ཀྱི་མཁའ་འགྲོ་མ་ལུས་ལ་བཀོད་ནས་ཡིད་ཀྱི་མཆོད་པར་བཤད་པ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང༌། ལངས་པའི་ཚེ་ན་ནམ་མཁའི་དབྱིངས་སུ་དཀྱིལ་འཁོར་བཞག་ལ་སྨོན་ལམ་གདབ་པ་དང༌། རྒྱུ་བ་དང་མི་རྒྱུ་བ་ཁམས་གསུམ་པ་ཐམས་ཅད་ལྷའི་འཁོར་ལོའི་ངོ་བོ་ཉིད་ཀྱིས་དག་པར་རང་གི་ལྷ་ཡི་ཡུམ་དང་ཐ་མི་དད་པའི་འཁོར་ལོར་བརྟག་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། ཞིབ་མོ་རྣམ་པར་འཐག་པའི་སྒྲུབ་པའི་ཐབས་དོན་བཞི་བཅུ་རྩ་བརྒྱད་འདིར་ཡང་བསྒོམ་མོ། །དབང་གི་རྩ་བའི་རྒྱུད་ཀྱི་ལེའུ་བཅུ་གསུམ་པའི་འགྲེལ་པའོ།། །།

བཅུ་བཞི་པ། གཉིས་སུ་མེད་པར་སྦྱོར་བའི་གནས་ཀྱི་ལེའུའི་འགྲེལ་པ།


DTG018_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རེ་མིག་དགོད་པའི་འཁོར་ལོ་བཤད་ནས། རོ་མཉམ་གྱི་འཁོར་ལོ་གསུངས་པས། དེ་ནས་ཞེས་བྱ་བ་གསུངས་ཏེ། གནས་ཀྱི་འདུས་པ་མཆོག་ཡིན་ནོ་ཞེས་བྱ་བ་ནི། སྐུ་གསུངས་ཐུགས་ཀྱི་འཁོར་ལོ་གཅིག་པ་དབྱིབས་རོ་མཉམ་དགོད་པ་ལ་སོགས་པ་ཡིན་ནོ། །དོན་དམ་པའི་ཆོས་ཐམས་ཅད་རང་བཞིན་གྱིས་འདྲེས་པས་རོ་གཅིག་པར་འགྱུར་བ་དེ་ལས་བྱུང་བའི་ཀུན་རྫོགས་ཏུ་རོ་མཉམ་པའི་དཀྱིལ་འཁོར་ནི་ཁ་དོག་གསུམ་ལྡན་པ་སྟེ། སྐུ་གསུངས་ཐུགས་ཀྱི་ལྷ་ཐམས་ཅད་ཁ་དོག་གསུམ་དུ་ངེས་པ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ཚད་མེད་པ་དང་བྱིན་གྱིས་བརླབ་པ་དང༌། བསྲུང་བ་དང༌། ཚོགས་སོགས་པ་དང༌། སྟོང་པ་ཉིད་ཀྱི་རྣལ་འབྱོར་བྱས་ནས་འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ། བྷྲཱུཾ་ལས་རྣམ་པར་སྣང་མཛད་ཀྱི་གཞལ་ཡས་ཁང་བསྐྱེད་ནས། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་སྒོ་ཁྱུད་དང་བཅས་པ། རྟ་བབས་དང་རྡོ་རྗེ་ར་བ་དང་མེ་འོད་ཀྱིས་བརྒྱན་པ། དེའི་དབུས་སུ་དབྱིབས་རོ་མཉམ་གྱི་ལྷ་གསུངས་ཏེ། འཁོར་ལོ་ཉི་


DTG018_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤུ་རྩ་བཞི་ཕྲེང་བ་གཅིག་ཏུ་བསྐོར་བ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དུ་བཅས་པ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སེམས་དཔའ་ནི་བདེ་བ་ཆེན་པོ་ཞེས་བྱ་བ་རྣལ་འབྱོར་པའི་སེམས་ཐིག་ལེར་གནས་པ་ལས་སྐར་མདའི་ཚུལ་དུ་ཨཱ་ལི་ཧཱུཾ་ལ་ཞུ་བ་དང་སྔར་བཤད་པ་བཞིན་དུ་ཟླ་བ་མེ་ལོང་ཡེ་ཤེས་ཉི་མ་མཉམ་ཉིད་ཡེ་ཤེས། ཡིག་འབྲུ་དང་ཕྱག་མཚན་སོ་སོར་རྟོག་པ་དང༌། འོད་ཟེར་སྤྲོ་བསྡུ་བྱ་བ་ནན་ཏན། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མཆོག་ཧེ་རུ་ཀ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་བསྒོམ་མོ། །དུས་མཐའི་མེ་ལྟར་དྲག་པོའི་ཞེས་པ་ནས་ཟླ་བ་ཕྱེད་པས་རྣམ་པར་མཛེས།།ཞེས་པའི་བར་ནི་གོ་སླའོ། །འགྲོ་བ་རིགས་དྲུག་འདུལ་བའི་ཞལ་དྲུག་པ་འཇིགས་སུ་རུང་བས་ཧ་ཧ་སྒྲོགས་པས་གཡས་པ་སྒེག་པ་དང་བཞད་པ་གཉིས་ཀྱིས་ཧཱུཾ་ཧཱུཾ་དང༌། ཧི་ཧི་སྒྲོགས་པ། གཡོན་པ་དྲག་པ་དང་དཔའ་བོ་གཉིས་ཀྱིས་ཕཊ་ཕཊ་དང༌། ཧཱུཾ་ཧཱུཾ་སྒྲོགས་པ། སྟེང་མ་ལྗགས་བསྐྱོད་པ་ཏྲ་ཏ་ཏྲ་ཏ་སྒྲོགས་པའོ། །ལྷག་མ་ནི་གོ་སླའོ། །ཞལ་དྲུག་པ་རྣལ་འབྱོར་པ་སུས་བསྒོམ་ཞེ་ན། རྣལ་འབྱོར་སོམ་ཉི་སྤངས་ནས་སུ། །ཞེས་བྱ་བ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་བདེ་མཆོག་བསྒོམ་པ་ལ་སོམ་ཉི་མེད་པའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་བརླན་པས་སེམས་ཅན་གྱི་དོན་གྱི་ཕྱིར། དབྱིབས་རོ་མཉམ་འབྱུང་བ་བཞི་དང༌། རི་རབ་གྱུར་པ་ལས་ནམ་མཁའི་མཐའ་ལས་གཞལ་ཡས་ཁང་སྤྲུལ་ནས་ལོངས་སྤྱོད་ཅིང་སེམས་ཅན་གྱི་དོན་དུ་ཞལ་དྲུག་གིས་འགྲོ་བ་རིགས་དྲུག་གི་སྲིད་པ་རྣམ་པར་སྤྱོད་པ་ཡིན་ནོ། །དབྱིབས་རོ་མཉམ་གྱི་དཀྱིལ་འཁོར་བཤད་ནས། ད་ནི་གཞལ་ཡས་ཁང་གི་དབུས་སུ་ཁ་དོག་རོ་མཉམ་གྱི་གཙོ་བོ་དང་འཁོར་བསྐྱེད་པས། འབྱུང་བ་བཞི་རི་རབ་དང་སྣ་ཚོགས་རྡོ་རྗེ་གྱུར་པ་ལས། གཞལ་ཡས་ཁང་སྟོང་པའི་ཡེ་ཤེས་ལས་བྱུང་ཞིང་རྟོག་པ་མེད་པས་ཟླ་བ་དང་པོའོ། །གནས་མེད་པ་ཉི་མ། རང་བཞིན་མེད་པ་ཡིག་འབྲུ། སོ་སོར་རྟོག་པ་མཆོག་ཏུ་ཕྲ་བ། སྤྲོ་བསྡུ་བྱ་བ་ནན་ཏན། ཐིག་ལེའི་སྒྲ་སྤངས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཉམ་པ་ཉིད་དམ་ཚིག་ཡེ་ཤེས་བཞིའི་ཞལ་ཅན་དེ་མཐོང་བས་ཕྱིའི་གཞལ་ཡས་ཁང་ཁ་དོག་བཞིར་སྣང་བའི་དམ་ཚིག་གི་འཁོར་ལོ་དང་འདྲ་


DTG018_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་ཞལ་བཞི་ཕྱག་བཅུ་གཉིས་པ་བསྒོམ་མོ། །དེའི་སྙིང་གར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀའི་ཟླ་བའི་དབུས་སུ་ཟླ་བ་རྡོ་རྗེ་ཧཱུཾ་ས་བོན་དང་བཅས་པའི་སེམས་དཔའ་སུམ་བརྩེགས་བསྒོམ་མོ། །གཙོ་བོ་གཉིས་བསྙེན་པའི་རྣལ་འབྱོར་རོ། །མཁའ་འགྲོ་ལ་སོགས་རིམ་པ་ཡིས། །ཞེས་བྱ་བ་ནས། རིམ་པ་བཞི་ནི་དགོད་པར་བྱ། །ཞེས་བྱ་བའི་བར་དུ་ཡེ་ཤེས་ཀྱི་འཁོར་ལོ་གྲི་གུག་གིས་བསྐོར་བའོ། །དང་པོ་ཤར་ཕྱོགས་ནས་ཞེས་བྱ་བ་ནས་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་ལྗང་གུ་ཞེས་བྱ་བའི་བར་དུ་སྐུའི་རོ་མཉམ་པའི་འཁོར་ལོ་བཤད་དོ། །ཡང་ན་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་ཇི་ལྟར་འདོད་པའི་ཁ་དོག་ཏུ་བྱའོ་ཞེས་བྱ་བ་ནི། ཁ་དོག་རོ་མཉམ་གྱི་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པའི་ཐུགས་ཀྱི་འཁོར་ལོ་བརྒྱད་ནག་པོས་བསྐོར། གསུང་གི་བརྒྱད་དམར་པོས་བསྐོར། སྐུའི་འཁོར་ལོ་དཀར་པོ་བརྒྱད་ཀྱིས་བསྐོར་བ། ཐུགས་རྡོ་རྗེའི་ཕྲེང་བས་བསྐོར་བ། གསུང་པདྨའི་ཕྲེང་བས་བསྐོར་བ། སྐུའི་འཁོར་ལོའི་ཕྲེང་བས་བསྐོར་བ་བྲིའོ། །སྒོ་རྣམས་སུ་གོ་རིམས་བཞིན་དུ་ལྷ་མོ་བརྒྱད་བྲི་བ་ནི། དབྱིབས་རོ་མཉམ་དང་ཁ་དོག་རོ་མཉམ་གྱི་སྒོ་མ་དང་ཐུན་མོང་ཡིན་ནོ། །མཚམས་མ་བཞི་ཁ་དོག་རོ་མཉམ་ཡིན་ན་ཕྱེད་གཟུགས་མར་འགྱུར་རོ། །ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ནི་ཞལ་གཅིག་ཕྱག་བཞི་བ། དཔའ་མོ་ནི་ཞལ་གཅིག་ཕྱག་གཉིས་པ། དཔའ་བོ་རྡོ་རྗེ་དང་དྲིལ་བུ་གཡོན་ན་ཐོད་པ་དང་ཁ་ཊྭཱཾ་ག །ཡུམ་ནི་གྲི་གུག་དང་ཀ་པཱ་ལ་འཆང་བའོ། །ཁ་དོག་རོ་མཉམ་གྱི་འཁོར་ལོ་བཤད་པ་ནི། ཡང་ན་རིགས་གསུམ་གྱི་དབྱེ་བས་རྩ་བའི་མཚན་མ་རྡོ་རྗེ་དང་དྲིལ་བུ་ཐམས་ཅད་འཛིན་པ་ལྷ་མོ་ཐམས་ཅད་གྲི་གུག་དང་ཀ་པཱི་ལ་འཆང་བ་སྐྲ་གྲོལ་བས་བཞུགས་པའོ། །ཁྭ་གདོང་མ་ལ་སོགས་པའི་ལྷ་མོ་རྣམས་ནི་རང་སྣང་བའི་དཔའ་བོ་དང་འཁྱུད་པ་ཉི་མ་དང་པདྨའི་སྟེང་ན་གཉིས་སུ་མེད་པས་བཞུགས་པའོ། །ཡང་ན་གང་ཟག་ཁ་ཅིག་རྗེས་སུ་ཆགས་པས་མའི་ཞལ་ཉིད་དུ་མོས་ཏེ། ལྷ་མོ་བཅུ་གཉིས་ནི་ཞལ་གཅིག་ཕྱག་བཞི་ལ་གཡོན་པས་ཐོད་པ་དང་ཁྭ་ཊྭཱཾ་ག་འཛིན་པ། ཅང་ཏེའུ་དང་གྲི་གུག་དང་མགོ་བོའི་དོ་ཤལ་འཆང་བ། དཀྱིལ་འཁོར་ཐམས་ཅད་ཡི་དགས་ཀྱི་གདན་ལ་


DTG018_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་བཞུགས་པ་ཉེ་བསྙེན་གྱི་རྣལ་འབྱོར་རོ། །དཔའ་བོའི་ལུས་ཀྱི་དཀྱིལ་འཁོར་ཡན་ལག་སོ་སོར་དགོད་པ་ནི། སྒྲུབ་པ་བརྩམས་ཏེ། སོ་དང་སེན་མོ་དག་པ་ཐོད་པའི་དུམ་བུ་ཞེས་བྱ་བ་ནས། བསྒོམས་ནི་རྡོ་རྗེ་སེམས་དཔའོ།།ཞེས་བྱ་བ། དཔའ་བོ་ཉི་ཤུ་རྩ་བཞི་ལུས་ལ་དགོད་པའོ། །པུལླི་ར་མ་ལ་ཡ་མགོར་ཉི་མའི་དཀྱིལ་འཁོར་ལ་རབ་གཏུམ་མའོ་ཞེས་པ་ནས་ཀུ་ལུ་ཏཱ་པུས་མོ་གཉིས་ལ་བརྩོན་འགྲུས་ཆེན་མོའི་བ་དུ་དཔའ་བོ་དང་དཔའ་མོ་དག་ལུས་ལ་དགོད་པ་དང༌། སྒོ་མ་བརྒྱད་བུ་ག་བརྒྱད་ལ་དགོད་པ་ཁ་བསྐང་ངོ༌། །ཁམས་དང་ཕུང་པོ་དང་སྐྱེ་མཆེད་ཀྱི་ལྷ་སྔར་བཤད་པ་བཞིན་དུ་བལྟའོ། །ཡིད་མི་འཁྲུགས་པ་ནི་སྙིང་གར་ཐུགས་ཀྱི་འཁོར་ལོ། །ངག་འོད་དཔག་མེད་ནི་ལྐོག་མར་གསུང་གི་འཁོར་ལོ། །ལུས་རྣམ་སྣང་ནི་མགོ་བོར་རྣམ་སྣང་སྐུའི་འཁོར་ལོ། ལྷ་མོ་བཅུ་གཉིས་ཀྱིས་བསྐོར་བའི་ཡེ་ཤེས་སེམས་དཔའི་ནུ་མའི་བར་དུ་སྒྲུབ་པའོ། །སྒྲུབ་པ་ཆེན་པོ་ནི་རང་གི་སྙིང་གའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། མཆོད་པ་དང༌། བསྟོད་པ་བྱ་བ་དང༌། དགོང་པ་ཉིད་ནི་བྱས་ནས་ནི།།ཞེས་པ་དཔའ་བོ་དང་དཔའ་མོ་དྲུག་གི་གོ་ཆ་དགོད་པའོ། །དེ་ནས་རི་མ་པ་བཞིན་དུ་དབང་བསྐུར་རོ། །རྡོ་རྗེ་ལྕགས་ཀྱུས་དགུག་པ་དང༌། འོད་ཟེར་ཞགས་པས་གཞུག་པ་དང༌། འོད་ཟེར་ལྕགས་སྒྲོག་གིས་བཅིང་བ་དང༌། འོད་ཟེར་དྲིལ་བུས་རྗེས་སུ་ཆགས་པས་མཉེས་པར་བྱའོ། །དམ་ཚིགས་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་གཅིག་གི་ངོ་བོར་ཐིམ་པར་འགྱུར་ནས་གོ་ཆ་གཉིས་དགོད་དེ། །ཨོཾ་ཧ་ལས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནས་ཡན་ལག་ཐམས་ཅད་ཀྱི་གོ་ཆའོ་ཞེས་བྱ་བའི་བར་ནི་སྔར་བཤད་པ་བཞིན་དུ་སྐུ་མདོག་དང་ཕྱག་མཚན་བལྟ་བར་བྱའོ། །དབང་བསྐུར་བའི་ལྷ་སྤྱན་འདྲེན་པའི་ཕྱག་རྒྱ་ནི། མཛུབ་མོ་མདུད་བྱས་ཞེས་བྱ་བ་ནས་འཆིང་བ་དང་དབང་དུ་བྱ་བ་ཡིན་ཞེས་བྱ་བའི་བར་དུ་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞགས་པ་དང༌། ལྕགས་སྒྲོག་དང་དྲིལ་བུ་ལྟ་བུ་བཞིས་བཀུག་ལ། ཕྱག་འཚལ་བ་དང་མཆོད་པ་དང་བསྟོད་པ་བྱས་ནས་འཁོར་ལོའི་དཔའ་བོ་དང་རྣལ་འབྱོར་མ་ལྔས་ཡེ་ཤེས་ཀྱི་བདུད་རྩིའི་བུམ་པ་ལྔས་དབང་བསྐུར་པའི་སྔགས་དང་བཅས་པས་ཆུའི་དབང་བསྐུར་བ་དང༌། གླུ་འདིས་


DTG018_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྐུལ་བས་མཁའ་འགྲོ་མ་ཆེན་མོ་རྣམས་དགྱེས་ནས་རང་གི་གནས་ཡུམ་ལ་ཐིམ་པས་དགའ་བ་བཞིའི་དགྱེས་པས་དགྱེས་ཤིང༌། ཤེས་རབ་ཡེ་ཤེས་ས་བཅུ་པའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་དབང་སྐུར་བར་བྱེད་དོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བསྐུལ་བའི་གྲུ་ནི། དབང་བསྐུར་རོལ་པའི་བདེ་བ་ཆེན་པོ་སྦྱིན་པའི་སྟོང་པ་ཉིད་དོ།།མཁའ་འགྲོ་དྲ་པའི་བདེ་བའི་མཆོག་ནི། ཚུལ་ཁྲིམས་ཀྱི་སྟོང་པ་ཉིད་དོ། །དགྱེས་ཆེན་བདེ་ཆེན་ལས་བྱུང་བ་ནི། བཟོད་པའི་སྟོང་པ་ཉིད་དོ། །མཁའ་འགྲོ་བདེ་མཆོག་ལོངས་སྤྱོད་ནི། བརྩོན་འགྲུས་ཀྱི་སྟོང་བ་ཉིད་དོ། །མཁའ་འགྲོ་དྲ་བའི་བདེ་ཆེན་པོ་ནི། བསམ་གཏན་གྱི་སྟོང་པ་ཉིད་དོ། །ཨ་ལ་ལ་ལ་ཧོ་ནི་དགའ་བ་བཞིས་མཉེས་པའོ། །ཡེ་ཤེས་དང་དམ་ཚིག་རོ་གཅིག་པར་གྱུར་ནས། འཁོར་ལོ་ཀུན་ཡང་རོ་གཅིག་པར་བསྒོམས་པས་རྟགས་ནི། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཡེ་ཤེས་ལྔ་དང་ལྡན་པ་འབྱུང་བ་རོ་གཅིག་པའི་རྟགས་ཡིན་ནོ། །སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡབ་ཡུམ་གྱི་སྙིང་པོ་རིམ་པ་བཞིན་དང༌། དཔའ་བོ་དང་དཔའ་མོའི་སྔགས་ཀྱི་རིམ་པ་ལྔ། གོ་ཆའི་དཔའ་བོ་དང་དཔའ་མོའི་སྔགས་ཀྱི་རི་མ་པ་དྲུང་ག །རྐང་པ་བརྒྱད་པའི་དཔའ་བོ་དང་དཔའ་མོའི་སྔགས་དང་རིམ་པ་བདུན་བཀོད་པ་ལ། ཐུན་བཞིར་སྤྲོ་བསྡུ་བྱ་སྟེ། ཀ་ར་ཀ་ར་ལ་སོགས་པའི་རྩི་བའི་སྔགས་ལས་ཚངས་པའི་སྐུད་པ་ལ་སོགས་པ་ཕྱག་རྒྱ་དྲུག་གི་སྤྲོས་བ་དང་བསྡུ་བ་དེ་ལས་བརྟག་གོ །ཕག་མོའི་རྐང་པ་བརྒྱད་པའི་སྔགས་ལས་མགྲིན་པའི་མགུལ་རྒྱན་སྤྲོ། །སྙིང་པོའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པ་ལས་བརྒྱ་ཕྱེད་ཀྱི་མགོ་བོའི་ཕྲེང་བ་སྤྲོ། ཡི་གེ་བདུན་པའི་སྔགས་ལ་ཞལ་གཡས་སེར་པོ། རྒྱབ་དམར་པོ། གཡོན་ལྗང་གུ་ལས་རྣ་ཆ་ཟླུམ་པོ་དྲུག་དང་བཅས་པ་སྤྲོ། ཡུམ་ཀྱི་ཉེ་སྙིང་ལས་ཕྱག་གཡས་པས་པགས་པ་བསྣམས་པ།ཅང་ཏེའུ་དང་གྲི་གུག་དང་དགྲ་སྟ་དང་གྲི་གུག་དང༌། ཏྲི་ཤཱུལ་རྩེ་གསུམ་པའི་ཕྱག་ལྔ་དེ་ལས་སྤྲོ་བསྡུ་པའི་ཆེ་ཡང་སྔགས་དེ་ལ་བསྡུ། གོ་ཆའི་རྣལ་འབྱོར་མ་དྲུག་གི་སྔགས་ལས་དྲིལ་བུ། གཡེར་ཀ་དྲུག་ཅུ་རྩ་བཞི་དང་བཅས་པའི་སྐ་རགས་དང་སྟག་གི་ཤམ་ཐབས་སྤྲོ། གོ་ཆའི་ད་དཔའ་བོའི་སྔགས་ལས་གོ་ཆའི་ལྷ་དྲུག་


DTG018_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྲོ། ཌཱ་ཀི་ནཱི་ཧཱུཾ་ཕཊ། ལཱ་མེ་ནཱི་ཧཱུཾ་ཕཊ། ལཱ་མ་ལ་སོགས་པའི་འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི་སྔགས་པས་ཐོད་པ་འཛིན་པའི་ཕྱག་རྒྱ་དང༌། གླང་པོའི་པགས་པ་འཛིན་པའི་ཕྱག་རྒྱ་དང༌། ཁ་ཊྭཱཾ་ག་དང་ཞགས་པ་དང་ཚངས་པའི་མགོ་པོ་ཐོགས་པའི་ཕྱག་ལྔ་དེ་ལས་སྤྲོ་ཞིང་དེ་ལས་བསྡུའོ། །ཡུམ་གྱི་སྙིང་པོའི་སྔགས་ལས་ཐོད་པའི་ཅོད་པན་ལྔའི་སྤྱི་གཙུག་གི་སྣ་ཚོགས་རྡོ་རྗེ། རུས་པའི་འཁོར་ལོ་རྩིབས་བརྒྱད་པ་ཟླ་བ་ཆེས་པ་དེ་ལས་སྤྲོ། དེ་ལ་བདུད། སྤྲུལ་པའི་དཔའ་བོ་དང་དཔའ་མོ་ཉི་ཤུ་རྩ་བཞི་ལུས་ཀྱི་དཀྱིལ་འཁོར་གྱི་རྩ་དང་ཁམས་ཀྱི་དཔའ་བོ་དང་དཔའ་མོ་ལ་བསྡུ། དེ་ལས་སྤྲོ་བར་ཡང་རྣམ་པར་བརྟག་གོ །དེ་ལྟར་བསྡུས་ནས་ཞལ་གཅིག་ཕྱག་གཉིས་པར་གྱུར་པ་ལ། གནོད་མཛེས་ཚམ་དམ་གྱི་སྔགས་ཀྱིས་བསྲུང་བ་དང༌། རྐང་པ་བརྒྱད་པས་མཆོད་པ་དང༌། འཇིགས་པ་བརྒྱད་དང༌། སྡུག་བསྔལ་བརྒྱད་དང༌། དུས་མ་ཡིན་པར་འཆི་བ་བརྒྱད་ཀྱི་འཇིགས་པ་སྤངས་ཏེ། རྣལ་འབྱོར་མའི་བདག་ཉིད་བསམ་མོ། །སྤྲོ་བསྡུ་ཡེ་ཤེས་ཀྱི་བཟླས་པ་སྒྲུབ་པ་ཆེན་པོའི་རྣལ་འབྱོར་རོ། །འདིའི་ཡན་ལག་ཏུ་བདུང་རྩི་མྱང་བ་དང་མཆོད་པ་དང་བསྟོད་པ་དང་གཏོར་མ་གཏང་བ་ཡང་སྒྲུབ་པ་ཆེན་པོར་འགྱུར་རོ། །སྤྲོ་བསྡུ་དེ་ལྟ་བསྒོམ་པ་ལ་མི་མོས་ན། རྡོ་རྗེ་ཁྲོ་བོའི་ཐིག་ལེ་བསྒོམས་ཏེ། རང་གི་མཁའ་གསང་ནི་སྣ་རྩེའི་བུ་ག་ལ་རྒྱུ་བ་དང༌། མི་རྒྱུ་བའི་སྣོད་བཅུད་ཐམས་ཅད་ཐིག་ལེའི་ལྷར་བསྟན་ནས་ནམ་མཁའི་ཁམས་སུ་སྤྲོའོ།།ཡང་ན་ཁྲོ་བོ་ཕྲ་མོ་རྒྱུ་བ་དང་མི་རྒྱུ་པའི་ཐམས་ཅད་ཕ་མོའི་ལྟར་མངལ་སྐྱེས་སྤངས་ནས་བློ་དང་ལྡན་པའི་བ་སྤུའི་བུ་གནས་ཁྲོ་བོ་ཕྲ་མོའི་སྤྲིན་སྤྲོ་བར་བྱའོ། །ཡང་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། དཔའ་བོ་རྣམས་ནི་སྐྱུ་བ་ལྟ་བུ། དཔའ་མོ་སུམ་ཅུ་རྩ་བདུན་ནི་སྟོང་པ་ཉིད་དུ་བསྒོམ་པ་ནི་སྔར་བཤང་བ་བཞིན་དུ་བྱའོ། དེ་ནས་དམ་ཚིག་གི་བཟླ་པ་བྱ་བའི་སྔགས་ནི་གོ་སླ་བས་མ་བཤད་དོ། །དུང་ཆེན་གྱི་ཕྲེང་ང་བླང་བ་ནི་ལག་པ་གཡོན་པའི་མཐེ་བོང་དང་སྲིན་ལག་གི་ས་བླངས་ནས་ཕྱིས་ཅི་བདེར་བཟླས་པར་བྱའོ། །བཟླས་པ་ཟིན་ནས་ཐོད་པ་བཞི་ལ་དམ་ཚིག་གི་སྦྱོར་བས་བདུད་རྩི་ལྔའི་དམ་ཚིག་བཟའ་བར་བྱའོ། དེ་ནས་གཏོར་མ་སྦྱིན་པ་ནི། གཅེར་བུ་སྐྲ་གྲོལ་གྱུར་བ་ཡི། །བརྟུལ་ཞུགས་


DTG018_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་གྱིས་གཏོར་མ་སྦྱིན། །ཞེས་པ་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པས་བྱའོ། །རྐང་བ་གཡས་པ་བརྐྱང་ནས་སུ། །ཞེས་བྱ་བ་སྤྱན་འདྲེན་པའི་ཕྱག་རྒྱ་དང་སྔགས་ལན་གསུམ་མམ་བཞི་འདམ་ལྔའི་བར་དུ་བརྗོད་དོ། །ཚོགས་ཀྱི་འཁོར་ལོ་བྱེད་པའི་ཚེ་སྐྲ་གྲོལ་བའི་གཅེར་བུ་སྟན་མཐོན་པོ་ལ་འདུག་ནས་ཁ་ལྷོར་བལྟས་ཏེ། མཚན་ཕྱེད་ན་གཏོར་མ་སྦྱིན་ནོ། །དེ་ཉིད་ལས་ཀྱི་རྗེས་སུ་འབྲངས་ནས་ཞེས་པ་ནི། ཞེ་བ་ལ་གཏོར་མ་དཀར་པོ་བསམས། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། མངོན་སྤྱོད་ལ་ནག་པོར་བསམ་མོ། །དེ་ཉིད་གསུམ་ནི་ཨོཾ་ཨཱཿ་ཧཱུཾ་གསུམ་གྱིས་ལན་ལྔའི་བར་དུ་སྔགས། བརྗོད་ཅིང་སྔར་བཤད་པ་བཞིན་དུ་བྱིན་གྱིས་བརླབ་བོ། །གཏོར་མའི་སྔགས་ནི་གོ་སླའོ། །དེ་ལྟར་བསྐྱེད་པའི་རིམ་པ་རྫོགས་ནས། རྫོགས་པའི་རིམ་པ་བསྒོམ་པར་འདོད་པས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་བདེ་བ་ཆེན་པོ་བབས་པས་སྤྲུལ་པའི་འཁོར་ལོ་སྐུ་གསུང་ཐུགས་ལ་ཞུགས་པ་ནི། འཁོར་ལོ་བཞིའི་བརྒྱུད་པའི་རིམ་པའོ། །ཨཱ་ལི་ཀཱ་ལི་གཡས་གཡོན་གྱི་རྩ་ལྟེ་བའི་དབུས་སུ་མཉམ་པར་བྱས་ནས། ལྟེ་བའི་བའི་ཁྲག་གི་ཐིག་ལེ་གཙུབ་གཏན་ལ་ཨ་ཝ་དྷཱུ་ཏཱི་ཆུ་ཤིང་གི་སྙིང་པོ་ལྟར་དྲང་བའི་རེག་གནས་དེར་གཡས་གཡོན་གྱི་རླུང་མནན་ནས་ངེས་པར་སྤྱོད། གཡས་གཡོན་གྱི་སྲུབ་ཐག་གིས་གཙུབས་བས་སྟེང་དུ་འཁོར་ལོ་བཞི་ལ་གཏུམ་མོ་དྲོད་འབར་བའི་ཚུལ་གྱིས་སྤྱི་གཙུག་གི་ཧཾ་བསྲེགས་ནས་བྱང་ཆུབ་ཀྱི་སེམས་ཕབ་པ་ནི་དགའ་བ་བཞིའི་རྒྱུ་ཡིན་པའི་ཕྱིར་རོ། །འཆི་མེད་ཐིག་ལེ་ནི་ལྐོག་མར་དགའ་པའི་ཐིག་ལེ། སྙིང་གར་མཆོག་དགའི་ཐིག་ལེ། ལྟ་བར་ལྷན་ཅིག་སྐྱེས་དགའི་ཐིག་ལེ། འདི་ཀུན་རྫོབ་ཀྱི་ས་བོན་ཡུངས་ཀར་སྔོམ་པོའི་ཚད་མུ་རིག་གི་མདོག་ལྟ་བུ་འབབ་པར་འགྱུར་རོ། །དེའི་རྒྱས་པར་བཤད་པ་ནི། ཐབས་བྱང་ཆུབ་ཀྱི་སེམས་དང༌། ཤེས་རབ་ཁྲག་གི་ཐིག་ལེ་ལ་གཏུམ་མོ་སྲུབ་ཤིང་གི་འཁོར་ལོའི་དབྱེ་བས་ཡེ་ཤེས་ཀྱི་མེ་འདི་འོག་སྒོ་དང་སྟེང་སྒོའི་ལས་ཀྱི་རླུང་གིས་བསྐྱོད་པས། སའི་རླུང་འགགས་པའི་རྟགས་སུ་དུ་བ་ཐུལ་བ་དང༌། མེའི་རླུང་འགགས་པས་གསལ་བར་དཀའ་བ་དམ་ཚིག་གི་འཁོར་ལོ་དེ་བཞིན་གཤེགས་པར་མིང་བརྟགས་པའི་རྩ་བརྒྱད་བསྲེགས། ལྐོག་མར་རྩ་བཅུ་


DTG018_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དྲུག་གི་དེ་བཞིན་གཤེགས་པར་གྲགས་པའི་ལོངས་སྤྱོད་ཀྱི་འཁོར་ལོར་སོང་སྟེ། དབུགས་འབྱུང་རྔུབ་གསུམ་གྱིས་བར་དུ་ཐབས་སྙིང་གའི་བྱང་ཆུབ་སེམས་ལ་དབུགས་འབྱུང་རྔུབ་ཀྱིས་བསྐོར་བ་བྱས་ནས། སྨིན་མཚམས་ཀྱི་མཛོད་སྤུ་རཱ་མེ་ཤྭ་རཱི་ནས་ཞུགས་ནས་རྣ་བ་གཡས་པ་ཨུ་ཌྱ་ན་གྱི་གནས་ཀྱི་སྒོ་ཕྱེ་ནས་སྤྱི་བོའི་རྩ་སུམ་ཅུ་རྩ་གཉིས་ཕྱོགས་བཅུའི་དེ་བཞིན་གཤེགས་པར་གྲགས་པ་བསྲེགས་ནས། ཡེ་ཤེས་ཀྱི་བདུད་རྩི་ཞུ་ནས་བླངས་ཏེ། སྤྱི་གཙུག་གི་བུ་ག་གསེར་གྱི་སྒོ་ཛཱ་ལནྡྷ་ར་ཞེས་བྱ་བའི་མིང་ཅན་དུ་ཞུགས་སོ། །དེ་ནས་སོ་མཚམས་ཀྱི་བུ་ག་ནས་ཞུགས་ནས། ལྐོག་མ་ལོངས་སྤྱོད་ཀྱི་འཁོར་ངལ་བསོས་ཏེ། སྙིང་ག་བསྲེགས་པས་དེ་བཞིན་གཤེགས་པ་ཀུན་དགྱེས་པ་བསྐྱེད་ནས། ལྟེ་བའི་དཀྱིལ་འཁོར་གྱི་དབུས་སུ་བྷ་ས་ནྟ་ཏི་ལ་ཀའི་རང་བཞིན་དུ་གནས་པར་འགྱུར་རོ། །ལས་དང་པོ་པ་ཡིས་འདིའི་ཨ་ཝ་དྷཱུ་ཏཱིར་འཇུག་པ་དང་མི་མཐོང་སྟེ། སྒྲའི་རྩེ་མོ་བརྒྱ་སྟོང་དུ་གཤེགས་པའི་ཚད་ཙམ་ཕྲ་བའི་ཕྱིར་རོ། །དེའི་བསམ་གཏན་དང་པོའི་ལུས་དགའ་བ་དང་ཡིད་བདེ་བའི་ཏིང་ངེ་འཛིན་ཡིན་ནོ། །རྣལ་འབྱོར་པ་ཟབ་པའི་རྫོགས་རིམ་བསྒོམ་པར་འདོད་པས། བསྐྱེད་པའི་རིམ་པའི་རྣག་གི་ལྷའི་སྦྱོར་བ་ཐམས་ཅད་ཀྱི་ཞབས་སུ་ཐིག་ལེ་སྟོང་པ་ཉིད་དུ་བསྒོམ་པ་འདི་བརྟག་གོ །རྫིང་བུ་ལ་རྡེའུ་བསྐྱུར་བསྐྱུར་བཞིན་དུ་དབུས་སུ་བུ་ག་ཕུ་གནས་རྗེས་སུ་གཞིག་པའི་སྟོང་པ་ཉིད་བསྒོམ་པའམ། མེ་ལོང་ལ་རླངས་པ་ཞུ་བའི་དཔེ་མཐའ་ནས་ཟད་ནས་དབུས་སུ་སྐྲའི་རྩེ་མོའི་ཚད་ཙ་དུ་རིལ་པོར་འཛིན་པའི་སྟོང་ཉིད་བསྒོམ་པ་ནི། ཐིག་ལེ་དེ་ཡང་བསམ་གྱིས་མི་ཁྱབ་པར་བསམ་མོ་ཞེས་བྱ་བ་གཟུང་པར་རང་བཞིན་མེད་པ་རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་པོ། །སེམས་ཉིད་རྟག་པར་མི་བྱའོ། ཞེས་བྱ་བ་ནི་གཟུང་བ་མེད་པས་འབྲས་བུ་འཛིན་པ་མི་དམིགས་པར་བསྒོམ་པ་མི་བསྐྱོད་པས་རྒྱས་བཏབ་པ་ཡིན་ནོ། །བསམ་གྱིས་མི་ཁྱབ་དེ་བསམས་ན། །ཞེས་བྱ་བ་ནི་རང་རིག་པའི་སེམས་ཀྱི་སྟོང་ཉིད་བླ་བའི་མན་ངག་གིས་ཡིད་ཀྱི་རྣམ་ཤེས་ཀྱི་ངེས་པ་དྲངས་ནས་རང་རིག་པས་སྟོང་ཉེད་ཤེས་པ་ནི་ས་དང་པོའི་རྣལ་འབྱོར་གྱི་མངོན་སུམ་ཡིན་ཏེ། དེས་སོ་སོ་ཡང་དག་པའི་རིག་པ་


DTG018_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་ས་བཅུ་གཅིག་གི་བར་དུ་འཐོབ་པར་འགྱུར་རོ། །དེས་ཐོབ་པའི་སྤྲོས་མེད་ཀྱི་སྤྱོད་པ་ནི། ལག་པ་གཡོན་པས་ཁ་ཊྭཱཾ་ག་ཞི་གནས་གཟུང༌། གཡས་པས་ཌ་མ་རུ་ཤེས་རབ་ལྷག་མཐོང་བཟུང༌། ཉིན་མོ་སྣང་བ་ཐམས་ཅད་དཔལ་ལ་ཧེ་རུ་ཀར་མཐོང༌། །མཚན་མོ་མི་སྣང་བ་ཐམས་ཅད་མཁའ་འགྲོ་མ་ཤེས་པར་སྤྱོད་པ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱི་སྤྲུལ་པ་དག་པ་ནི་ཕག་མོ། འདུས་མ་བྱས་དང་གཉིས་སུ་མེད་པའི་ཡེ་ཤེས་ནི་ཤྲཱི། འདས་པའི་རྒྱུ་རྐྱེན་གྱིས་སྟོང་པས་ན་པད་ལྟར་གྱི་སྣ་ཚོགས་ཀྱི་བཀོད་པ་དང་བྲལ་བས་རུ། མ་འོངས་པ་འཁོར་བ་གང་དུ་ཡང་མི་གནས་པས་ཀ །རང་གི་སེམས་ཀྱི་སྟོང་ཉིད་ཤེས་པ་ལ་ངལ་བསོ་ན་དེ་ལས་ཐ་དད་པའི་ཆོས་ཀྱི་སྐུ་བསྟན་དུ་མེད་དོ། །རྣལ་འབྱོར་པ་འཆི་འཕོ་བའི་ཚེ་ཇི་ལྟར་བྱ་སྙམ་ན། ཕེཊ་ཕེཊ་ཀྱིས་ཧེ་རུ་ཀ་ལ་སོགས་པའི་ལྷའི་འཁོར་ལོ་སྤྱན་དྲངས་ནས། སྙིང་པོའི་ཕྱག་རྒྱ་དང་ཡོ་ག་ཤུདྡྷའི་སྔགས་ཀྱིས་ཐུགས་ཀར་ཞུགས་ནས། ལྷ་རྣམས་ཀྱིས་མེ་ཏོག་སུམ་ཅུ་རྩ་གཉིས་ནི་གཏོར། རོལ་མོ་དྲུག་ཅུ་རྩ་གཉིས་ནི་སྒྲོགས། གླུ་དྲུག་ཅུ་རྩ་གཉིས་ཀྱིས་མཆོད། འཇིག་རྟེན་པས་འཆི་བ་ཞེས་བྱ་བ་ལ་རྣམ་པར་རྟོག་པ་ནི། རྣལ་འབྱོར་བ་མཁའ་ལ་སྤྱོད་པའི་གནས་སུ་ཁྱེར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྦྱོར་བ་སྔོན་འགྲོ་ལྔ་དང༌། དངོས་གཞིའི་ཏིང་ངེ་འཛིན་གསུམ། རྗེས་རྣམ་པ་བརྒྱད་དང་ཐུན་མཚམས་ཀྱི་ཆོ་ག་བཅུ་གཉིས་དང་ཅས་པ་ཞིབ་མོ་རྣམ་པར་འཐག་པ་དོན་བཞི་བཅུ་རྩ་བརྒྱད་དང་ལྡན་པའི་སྒྲུབ་ཐབས་ཞིབ་མོ་རྣམ་པར་འཐག་པ་འདིར་ཡང་བསྒོམ་པར་བྱའོ། །ལེའུ་བཅུ་བཞི་པ་རོ་མཉམ་གྱི་འགྲེལ་པའོ།། །།

བཅོ་ལྔ་པ། དཔལ་ཧེ་རུ་ཀ་དང་མཁའ་འགྲོ་མ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་བསྒོམས་པས་བསྐྱེད་པའི་ལེའུའི་འགྲེལ་པ།


DTG018_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རོ་མཉམ་གྱི་འཁོར་ལོ་བཤད་ནས། དྲོད་གཤེར་བསྐྱེད་ལ་མོས་པའི་གང་ཟག་གི་དོར། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། ཚད་མེད་པའི་རྣལ་འབྱོར་དང༌། བྱིན་གྱིས་བརླབས་པ་དང༌། སྲུང་བ་དང༌། ཚོགས་སོགས་པ་དང༌། སྟོང་པ་ཉིད་ཀྱི་རྣལ་འབྱོར་བསྒོམས་ནས་ནམ་མཁའི་དབུས་སུ་བྷྲཱུཾ་ལས་གཞལ་ཡས་ཁང་སྒོ་བཞི་སྒོ་ཁྱུད་དང་རྟ་བབས་དང་བཅས་པ་རྡོ་རྗེ་རབ་མེ་འོད་དང་བཅས་པ་བསྒོམ་མོ། །དེའི་དབུས་སུ་དབྱངས་ཡིག་བཅུ་གཉིས་ཀྱི་ཡི་གེ་ཕྱི་མོ་ལས་ཡབ་ཡུམ་རྀ་རཱྀ་ལྀ་ལཱྀ་


DTG018_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་ལས་ཡེ་ཤེས་ཀྱི་ལྷ་མོ་བཞི་ཀ་ནས་བྷཱའི་བར་ཡི་གེ་ཉི་ཤུ་རྩ་བཞི་ལས་དཔའ་བོ་དང་དཔའ་མོ་ཡ་ར་ལ་ཝ་བརྒྱད་ལས་སྒོ་མ་བརྒྱད་བསྐྱེད་དོ། །དེ་ནས་ཡི་གེ་ཕྱི་མོའི་དབྱེ་བས་ལྷ་ཐམས་ཅད་ཀྱི་སྔགས་ཀྱི་གནས་ཀྱང་ཡི་གེ་ཕྱི་མོ་ཡིན་ལ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཀུན་བསྐྱེད་པའི་གནས་ཡིན་པ་དང༌། ཡི་གེ་ཐམས་ཅད་ཀྱི་ཁོང་ན་ཡོད་པས་ཨས་འདུས་མ་བྱས་སྟོན་པས་ཆོས་ཀྱི་སྐུ་ཐམས་ཅད་མཁྱེན་པ་སྐྱེ་བ་དང༌། ཐམས་ཅད་མཛད་པའི་ལོངས་སྐུ་དང་ཀུན་ལ་ཁྱབ་པའི་སྤྲུལ་སྐུ་བསྐྱེད་པ་ཡིན་ནོ། །ཐུད་དུ་དྲུག་གི་སྐུ་གསུམ་བསྐྱེད་པའི་རྒྱུས་སངས་རྒྱས་ཀུན་གྱི་བདག་ཉིད་གདུལ་བྱ་སེམས་ཅད་ཀུན་གྱི་སྙིང་ལ་ཟག་པ་མེད་པའི་ས་བོན་བྱང་ཆུབ་ཀྱི་སྙིང་པོ་གནས་སོ། །ཨོཾ་ནས་ཨཿའི་བར་གྱི་དབྱངས་ཡིག་བཅུ་གཉེས་རིང་བོ་དྲུག་པོས་ཡུམ་བསྐྱེད་པ་དང༌། ཐུད་དུ་དྲུག་གིས་ཡབ་བསྐྱེད་པ་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་ཡིན་ནོ། །དབུས་ཀྱི་ཧཱུཾ་སོ་སོར་རྟོག་པ་ཡིན་ནོ། །འོད་ཟེར་སྤྲོ་བ་སྡུ་བྱ་བ་ནན་ཏན་ཡིན་ནོ། །དཔལ་ཧེ་རུ་ཀ་ཡབ། དབང་ཕྱུག་མཆོག་ཡུམ། ཟླ་བའི་ཆ་ལྟར་དཀར་བ། ཞལ་གཅིག་ཕྱུག་གཉིས་པ། རྡོ་རྗེ་དང་དྲིལ་བུ་བསྣམས་པ། ཡུམ་གྲི་གུག་དང་ཀ་པཱ་ལ་བསྣམས་པ། རྀ་རཱྀ་ལི་ལཱྀ། བཞི་ལས་ཡུམ་བཞི་ཞལ་གཅིག་ཕྱག་གཉིས་པ་ཐམས་ཅད་དཀར་བའོ། །ཀ་ནས་ཛའི་བར་དུ་ཡི་གེ་བརྒྱད་པས་ཐུགས་ཀྱི་འཁོར་ལ་དཀར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །ཛྷཾ་ནས་ཏཾ་གྱིས་བར་དུ་གསུང་གི་འཁོར་ལོ་དཀར་པོ་པདྨ་དང་དྲིལ་བུ་བསྣམས་བའོ། །ཐཾ་ནས་བྷཾ་བར་དུ་སྐུའི་འཁོར་ལོ་དཀར་པོ་འཁོར་ལོ་དང་དྲིལ་བུ་བསྣམས་པའོ། །ཐོད་པའི་དུམ་བུ་ལ་སོགས་པའི་དབའ་བོ་ཉི་ཤུ་རྩ་བཞི་རབ་གཏུམ་མ་ལ་སོགས་བའི་དཔའ་མོ་ཉི་ཤུ་རྩ་བཞི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་ཡབ་ཡམ་སོ་སོར་བསྒོམས་པས་ཐུགས་ཀྱི་རྩིབས་བཅུ་དྲུག་ལ་རྡོ་རྗེས་བསྐོར་བ། གསུང་གི་རྩིབས་བཅུ་དྲུག་ལ་པདྨས་བསྐོར་བ། སྐུའི་རྩིབས་བཅུ་དྲུག་ལ་འཁོར་ལོས་བསྐོར་བ། ཡབ་ཡུམ་གཉིས་ཀའི་རིང་ཐུང་གཉིས་ནས་རིང་ཐུང་གཉིས་ཀྱི་བར་དུ་མི་ཐིག་ལེ་དང་བཅས་པ་ལས་བསྐྱེད་དོ། །ཡ་ར་ལ་ཝ་བཞིན་ལས་ཁྭ་གདོང་མ་ལ་སོགས་པའི་སྒོམ་བཞི་དང་ཤ་ཤ་ས་ཧ་


DTG018_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་ལས་གཤིན་རྗེ་བརྟན་མ་ལ་སོགས་པ་བཞིའོ། །དེ་ཐམས་ཅད་མའི་ཐིག་ལེ་དང་ཅས་བའོ། །དེ་ལྟར་བསྐྱེད་པའི་རིམ་པའི་ལྷ་བསྐྱེད་པའི་ས་བོན་བཤད་ནས། ཡི་གེ་ཀྵས་རྫོགས་པའི་རིམ་བ་སྟོན་ཏེ། སེར་སྔགས་ཀྱིས་སེར་བ་འབེབས་པའམ། དུག་སྔགས་ཀྱིས་དུག་གསོད་པ་ལྟར། ཀྵས་གཏུམ་མོ་དྲོད་ཀྱི་གཟུགས་བསྐྱེད་པ་དང༌། བདེ་བ་ཤུཀྲའི་གཟུགས་འབེབས་པ་དང༌། བདེ་བ་སྟོད་པ་ཉིད་ཐམས་ཅད་མཁྱེན་པ་རྟོགས་པ་དང༌། དག་པ་འཇིག་རྟེན་པ་ཐམས་ཅད་གཟིགས་པ་དང༌། འགྲོ་བ་རིགས་དྲུག་གིས་འབྱུང་བ་ཀུན་གྱི་སྟོང་ཉིད་རྟགས་པའི་གནས་ཡིན་ཞིང༌། འབྱུང་བ་བཞི་ཀུན་ལ་ཁྱབ་པའི་རྟག་ཏུ་སྟོང་པ་ཉིད་དང༌། སྐུའི་སྟོང་ཉིད་མི་གསལ། གསུང་གི་སྟོང་ཉིད་ཕྲ་བ། ཐུགས་ཀྱི་སྟོང་ཉིད་མི་འགྱུར་བ། དེ་ཉིད་སྲོག་གི་དབང་པོ་དེ་ཉིད་ཐུགས་ཀྱི་དབང་པོ་རང་རིག་པ་གསོན་པའི་ཆོས་ཉིད་རང་གི་ངོ་བོ་ནམ་མཁའ་ལྟ་བུ་འཆི་བའི་འོད་གསལ་བའི་བདག་ཉིད་རྟོགས་ན་མཁས་པས་གྲོལ་བ། ཀྵ་དེ་ཉིད་ལྟེ་བའི་དབུས་སུ་བབས་པ་ལས་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགའ་དང༌། རྣམ་པ་ཐམས་ཅད་ཀྱི་འོད་གསལ་བ་སྐྱེ་བའོ། །ཡི་གེ་གཅིག་པོ་ཀྵས་རྫོགས་རིན་བསྐྱེད་དོ། །བསྐྱེད་རིམ་གྱི་རྒྱས་བཤད་ནི། འཁོར་ལོ་གསུམ་གྱི་ཡབ་ཡུམ་སོ་སོར་གནས་པ་གསང་བས་གཞན་ལ་མི་བསྟན་རོ་མཉམ་གྱི་འཁོར་ལོ་བཞིན་དུ་ཞལ་གཅིག་ཕྱག་གཉིས་པའི་ཕྱག་དང་ཕྱག་མཚན་དང་ལྡན་པ་ཐམས་ཅད་ཀྱང་དཀར་པོ། ལས་ཀྱི་རྒྱལ་མཆོག་ནི་དཔའ་བོ་དང་དཔའ་མོའི་གོ་ཆ་གཉིས་དེ་བཞིན་དུ་ལྷ་ལ་བསྐོན་ལ། སྔར་བཤད་པ་བཞིན་དུ་ཡེ་ཤེས་སེམས་དཔའ་བཅུག་ལ་དབང་བསྐུར་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབས་ཏེ། དཔའ་བོ་ཉིད་ཤུ་རྩ་བཞི་ཡན་ལག་རྣམ་པར་དག་པ་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སེམས་ཀྱི་འཁོར་ལོ་བསྒོམ་པ་དང༌། སྤྲུལ་བའི་འཁོར་ལོ་ཇི་ལྟར་བསྒོམ་ཞེ་ན། ལུགས་འབྱུང་ལུགས་བཟློག་གིས་བཀོད་ལ་ཐམས་ཅད་དཀར་པོ། དཔའ་མོ་ཐམས་ཅད་གྲི་གུག་དང་ཀ་པཱ་ལ་ཐོགས་པ། དཔའ་བོ་ཐམས་ཅད་རང་གི་མཚན་མ་དང་དྲིལ་བུ་བསྣམས་


DTG018_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ། འཁོར་ལོ་རིམ་པ་གསུམ་ལ་རྩིབས་བཅུ་དྲུག་པ་གསུམ་གྱི་སྟེང་དུ་དཔའ་བོ་དང་དཔའ་མོ་སོ་སོར་དགོད་པར་རག་སྣང་བའི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་གནས་པ་སྔགས་བཟླས་པ་དང༌། བདུད་རྩི་མྱང་བ་དང༌། མཆོད་པ་དང་བསྟོད་པ་དང༌། གཏོར་མ་གཏང་བ་དང༌། སྔ་མ་བཞིན་དུ་བྱས་ལ། སྙིང་གར་བསྡུ་བ་དང༌། ཀུན་དུ་སྤྱོད་པ་ཁ་བསྐང་ངོ༌། །རྡོ་རྗེ་སྙིང་པོ་དང་དཔའ་བོ་རྣམས་དང༌། རྣལ་འབྱོར་མ་སྦ་ཞིང་གསང་བ་གསུངས་སོ། །ཞིབ་མོ་རྣམ་པར་འཐག་པའི་སྒྲུབ་པའི་ཐབས་དོན་བཞི་བཅུ་རྩ་བརྒྱད་འདིར་ཡང་བསྒོམ་པར་བྱའོ། །ལེའུ་བཅོ་ལྔ་པའི་འགྲེལ་པའོ།། །།

བཅུ་དྲུག་པ། ལས་དང་པོ་པའི་སྦྱོར་བའི་བསྒོམ་པ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་ཡིག་འབྲུ་ལས་བསྐྱེད་པའི་དཀྱིལ་འཁོར་བཤད་ནས། སོ་སོའི་སྐྱེ་བོ་ལས་དང་པོའི་སྟོན་པར་བཞེད་པས། དེ་ནས་གསང་བ་བཤད་བྱ་བ། །ཞེས་བྱའོ་ལས་དང་པོ་པའི་བསྒོམ་པ་ནི། སྔོན་དུ་འགྲོ་བའི་རྣལ་འབྱོར་ལྔ་བྱས་ནས་འབྱུང་བ་བཞི་དང་རི་རབ་ཀྱི་སྟེང་བུ་བྷཱུཾ་གྱུར་པ་ལས་གཞལ་ཡས་ཁང་བསྐྱེད་པ་དེའི་དབུས་སུ་ཉི་ཟླ་ཁ་སྦྱོར་གྱི་དབུས་ནས་ཡི་གེ་ཧཱུཾ་ལས་མངོན་བྱང་ལྔའི་རིམ་པས་སྐད་ཅིག་གིས་ས་དགུ་རྫོགས་པའི་རྣལ་འབྱོར་དམ་པ་མཆོག་གསུངས་པ་ཡིན་ནོ་ཞེས་པ་མདོར་བསྟན་ཏོ། །རྒྱས་བཤད་ནི། ཕྱག་གཉིས་པ་ལ་ཞལ་གཅིག་པ། ཞེས་པ་ནས། དཔའ་བོ་གཡས་བརྐྱང་གནས་པ་སྟེ། །མཁའ་འགྲོ་མའི་བྱིན་པས་འཁྱུད་པ། །གཉིས་སུ་མེད་པར་མཉམ་ལྡན་པས། །རྗེས་སུ་ཆགས་པས་བདེ་བའོ། །ཞེས་བྱ་བའི་བར་དུ་དཀྱིལ་འཁོར་རྒྱལ་མཆོག་ནི་གོ་སླའོ། །ལས་རྒྱལ་མཆོག་ནི་ཡེ་ཤེས་འཁོར་ལོ་མཉམ་ལྡན་པ། །ཞེས་བྱ་བ་གོ་ཆ་བསྐོན་ནས་ཡེ་ཤེས་སེམས་དཔའ་བཅུག་ལ་གཅིག་ཏུ་ཐིམ་པས་ཡེ་ཤེས་སེམས་དཔའ་དེ་ཐོབ་པས་ཆོས་ཀྱི་རོལ་བས་འཁོར་ལོ་ཐམས་ཅད་དང་རོ་གཅིག་པར་འགྱུར་རོ། །དེ་ནས་དབང་བསྐུར་བའི་ལྷ་སྤྱན་དྲངས་ནས་དབང་བསྐུར་རོ། །དཔྲལ་བར་སྐུའི་འཁོར་ལོ། །ལྐོག་མར་གསུང་གི་འཁོར་ལོ། སྙིང་གར་ཐུགས་ཀྱི་འཁོར་ལོ་དམ་པ་བསྒོམ་མོ། །དེ་ནས་བཟླས་པ་ནི་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་མིང་གི་ཐོག་མར་ཨོཾ་དང་ཐ་མར་ཧཱུཾ་ཧཱུཾ་ཕཊ་དང་བཅས་པས་བཟླས་པར་བྱ། ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་ནི་གོ་སླའོ། །སྤྲོ་


DTG018_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསུ་ཇི་ལྟར་བསྒོམ་ཞེ་ན། བསྤུའི་ཁུང་བུའི་རྩེ་མོ་ནས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་འཁོར་ལོ་སྤྲོས་ནས། རེ་རེས་ཀྱང་རང་རྣག་གི་འཁོར་ལོ་སྤྲོས་པས་ཐུག་མེད་ཀྱི་ཆོས་ཀྱི་ལོངས་སྤྱོད་ཀྱི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། འགྲོ་བ་རིགས་དྲུག་བསྒྲལ་ནས་བདེ་མཆོག་གི་གོ་འཕང་བླ་ན་མེད་པའི་གནས་སུ་གཞག་བར་བྱའོ། །སྔགས་པས་རྒྱས་པ་ལ་དགའ་ན། རིགས་ལྔའི་འཁོར་ལོའི་དབུས་སུ་བདེ་མཆོག་བཞུགས་པ་སྤྲོ་པའམ། ཡང་ན་དཔྲལ་བ་ལས་སྐུ། ལྐོག་མ་ལས་གསུང༌། སྙིང་ག་ནས་ཐུགས་ཀྱི་འཁོར་ལོ་གསུམ་པོ་འགའ་ཞིག་སྤྲོ་བསྡུའི་དབྱེ་བ་གཉིས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། ཞིབ་མོ་རྣམ་པར་འཐག་པ་ཡན་ལག་བཞི་བཅུ་རྩ་བརྒྱད་དང་ལྡན་པའི་སྒྲུབ་ཐབས་བསྒོམས་ཏེ། ཞལ་དང་ཕྱག་ཉུང་བ་ལས་དང་བོ་ཡིན་ནོ། །ལེའུ་བཅུ་དྲུག་པའི་འགྲེལ་པའོ།། །།

བཅུ་བདུན་པ། དབང་པོ་བར་མའི་བསྒོམ་པ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་པོ་རྟུལ་པོའི་བསྒོམ་པ་བཤད་ནས། དབང་པོ་འབྲིང་པོ་ཞལ་བཞི་ཕྱག་བཞི་པ་རྡོ་རྗེ་སྙིང་པོ་རབ་ཏུ་བཤད་པ་སྟེ། དབང་པོ་འབྲིང་གི་རྣམ་པར་བསྒོམ། །ཞེས་པ་ནི་མདོར་བསྟན་ཏོ། །རྒྱས་བཤད་ནི་ཚད་མེད་པ་ལ་སོགས་པ་སྔོན་དུ་འགྲོ་བ་ལྔ་བསྒོམས་ནས། འབྱུང་བ་བཞི་རི་རབ་སྣ་ཆོགས་རྡོ་རྗེ་དང༌། བྷཱུཾ་ལས་གྱུར་པ་ལས་གཞལ་ཡས་ཁང་བསྐྱེད་ལ་ལྷ་རྣམས་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་སྐད་ཅིག་གིས་བསྐྱེད་པའི་རྣལ་འབྱོར་གཙོ་བོ་རྣམ་པར་བསྒོམ་པ་དང༌། འཁོར་ཡང་རྣམ་པར་བསྒོམ་མོ། །ཞལ་བཞི་བ་ལ་ཕྱག་བཞི་བ། །ཞེས་བྱ་བ་ནས། དཔའ་བོའི་ལོངས་སྤྱོད་འདོད་པས་ཁྱབ། །ཆགས་པའི་མིག་གིས་རྣམ་པར་བལྟ། །ཞེས་བའི་བར་དུ། དཀྱིལ་འཁོར་རྒྱལ་མཆོག་གི་ཕྱག་དང་ཕྱག་མཚན་ལ་སོགས་པ་ནི་གོ་སླའོ། །ལས་ཀྱི་རྒྱལ་མཆོག་གི་སྔར་བཤད་པའི་ཆོ་ག་བཞིན་དུ་གོ་ཆ་བསྐོན་པ་དང༌། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། སྤྲོ་བསྡུ་བསྒོམ་པ་དང༌། གསང་སྔགས་དཔའ་བོ་དང་དཔའ་མོ་རང་གི་མིང་ནས་བརྗོད་པས་བཟླས་པ་བྱའོ། །ཡབ་ཡུམ་གྱི་སྔགས་ནི་གོ་སླའོ། །ལས་རྒྱས་མཆོག་གི་རྒྱས་བཤད་ནི། དངོས་པོ་ཀུན་གྱི་དེ་ལྟར་ཞེས་བྱ་བ་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་ཐམས་ཅད་ལ་བལྟས་ནས་གོ་ཆ་བ་གོ་ནས། ཡེ་ཤེས་འཁོར་ལོ་ལ་བལྟས་


DTG018_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ་ཕྱག་འཚལ་མཆོད་པ་བྱ། དབང་བསྐུར་བ་ནས། དམ་ཚིག་སེམས་དཔའ་དང་རོ་གཅིག་ཏུ་གྱུར་པར་བསྒོམ་མོ། །ཐོད་པ་བཞི་ལས་བདུད་རྩི་མཆོག་ཡིན་གྱིས་བརླབས་ནས་ཚིམ་པར་བྱ། ཡེ་ཤེས་ཀྱི་བཟླས་པའི་སྤྲོ་བསྡུ་བྱ། སྐུ་གསུངས་ཐུགས་ཀྱི་འཁོར་ལོ་གསུམ་གྱི་རིམ་པས་སྤྲོ་བསྡུ་བྱས་པའི་རྗེས་ལ། ངག་གིས་བཟླས་པ་བྱ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། འདིར་ཡང་ཞིབ་མོ་རྣམ་པར་འཐག་པའི་སྒྲུབ་ཐབས་ཡན་ལག་བཞི་བཅུ་རྩ་རྩ་བརྒྱད་བསྒོམས་ལ། ཞལ་དང་ཕྱག་ཉུང་བས་དབང་པོ་འབྲིང་བོའི་སྒོམ་པ་ཡིན་ནོ། །ལེའུ་བཅུ་བདུན་པའི་འགྲེལ་པའོ།། །།

བཅོ་བརྒྱད་པ། དབང་པོ་རྣོན་པོའི་སྒོམ་པ་རྗེས་སུ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དབང་པོ་འབྲིང་པོའི་བསྒོམ་པ་བཤད་ནས། དབང་པོ་རྣོན་པོའི་བསྒོམ་པ་བསྟན་ཏོ། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་སྨོས་ཏེ། དགོས་པ་ནི་བ་དང་པོ་རྣོན་པོའི་སྒྲུབ་པ་པོ་ལ་ཕན་པའི་ཕྱར། དེ་ལྟར་བསྐྱེད་པའི་རིམ་པའི་བསྒོམ་པ་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ན་དབང་པོ་རྣོན་པོའི་བསྒོམ་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ལ། དབང་པོ་འབྲིང་པོའི་ནི་ལམ་ཤེས་པ་ཉིད་ཡིན་ལ་།དབང་རྟུལ་པོའི་ནི་ཀུན་ཤེས་པ་ཡིན་ཏེ། ཚིགས་བཅད་གཉིས་བོ་དེ་ནི་མདོར་བསྟན་པ་ཡིན་ནོ། །སྔོན་དུ་འགྲོ་བའི་རྣལ་འབྱོར་ལྔ་རྫོགས་ནས། ལྡང་བའི་རྣལ་འབྱོར་འབྱུང་བ་བཞིའི་རི་རབ་དང་བཅས་པ་སྣ་ཚོགས་རྡོ་རྗེ་དང་པདྨ་བསྐྱེད་ལ། དེའི་ལྟེང་དུ་ཨཱ་ལི་ཀཱ་ལིའི་སྦྱོར་བ་དཔལ་ཧེ་རུ་ཀའི་ཉི་མའི་དཀྱིལ་འཁོར་ལ་བཞུགས་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་དང་བཅས་པ་རྡོ་རྗེ་ར་བ་མེ་འོད་ཀྱིས་བསྐོར་བ་རྫུས་སྐྱེས་ཀྱིས་བསྐྱེད་དོ། །མགོན་པོ་ཞལ་གསུམ་པ་ནི་རྣམ་ཐར་སྒོ་གསུམ་མོ། །ཕྱག་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག །འཁོར་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ་སྐུ་མདོག་དང་ཕྱག་མཚན་ནི་རྒྱུད་ན་གསལ་བས་མ་བཤད་དོ། །གཙོ་བོ་བསྐྱེད་པ་ནི་བསྙེན་པ། འཁོར་བསྐྱེད་པ་ནི་ཉེ་བསྙེན། ལུས་དཀྱིལ་འཁོར་བསྒུར་བ་པ་ནི་ཁ་བསྐང་ངོ༌། །དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་མ་ལུས་པར་བསྒོམས་ན། ལས་ཀྱི་མཆོག་འདི་ནི་གོ་ཆ་བསྐོན་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་མཆོད་ཡོན་དང་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་དང༌། ནང་གི་བདུད་རྩི་ལྔ་ལ་སོགས་པའི་མཆོད་པ་དང༌། དབང་བསྐུར་ནས་རོ་གཅིག་པར་བསྒོམ་


DTG018_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོ། །སྲོག་དང་རྩོལ་བ་དབུགས་འབྱུང་རྔུབ་བཀག་ལ་ཤེས་ཤེས་ཀྱི་བཟླས་པའི་ལྷའི་སྦྱོར་བའི་སྤྲོ་བསྡུ་བསྒོམ་པ་དང༌། བདུད་རྩི་ལྔས་ལྷ་ཐམས་ཅད་ལ་མཆོག་པ་དང༌། འཁོར་ལོའི་དམ་ཚིག་གི་ངག་གི་བཟླས་པ་ཁྲོ་བོ་འབྲུག་སྒྲ་ལྟ་མུའི་ཚིག་གི་བཟླས་པ་བྱའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་བཟླས་པ་ཡང་ལྷ་སོ་སོར་མཉམ་པར་བཞག་ལ། ཤེས་རབ་དང་ཐབས་ཀྱི་བཟླས་པ་དང་བོ་དང་དཔའ་མོ་སོ་སོའི་ང་རོ་ཁ་ནས་མགལ་མེའི་འཁོར་ལོ་ལྟར་བཟླས་ན་མངོན་སུམ་དུ་ལྷ་མཐོང་ནས་མཆོག་གི་དངོས་གྲུབ་སྩོལ་ལོ། །བཟླས་པའི་སྔགས་ནི་གོ་སླ་བས་མ་བཤད་དོ། །བསྒོམ་པ་དང་བཟླས་པས་དུ་བ་ན། ཡང་བདུད་རྩི་མྱངས་ལ། དལ་བསོས་ནས་ལྷའི་རྣལ་འབྱོར་ལ་གནས་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔོན་དུ་འགྲོ་བ་ལྔ་དང༌། འདང་བའི་ཆོ་ག་བདུན་དང༌། དང་པོ་སྦྱོར་བ་གཉིས་དང༌། དཀྱིལ་འཁོར་རྒྱལ་མཆོག་དྲུག་དང༌། ལས་རྒྱལ་མཆོག་བརྒྱད་དང༌། རྗེས་ཀྱི་རྣལ་འབྱོར་དྲུག་དང༌། ཐུན་མཚམས་ཀྱི་རྣལ་འབྱོར་དོན་བཅུ་གཉིས་དང༌། མངལ་སྐྱེས་ལ་དོན་བཞི་བཅུ་རྩ་བརྒྱད་བསྒོམ་པ་དང༌། རྫུས་སྐྱེས་ཀྱང་རྒྱུའི་ཧེ་རུ་ཀ་ཞུབ་དང༌། གླུས་བསྐུལ་བ་མེད་ཀྱང་མངོན་བར་བྱང་ཆུབ་པ་ལྔ་ཕྱེ་བས་གྲངས་མཉམ་པ་ཡིན་ནོ། །དེ་ལྟར་ཞིབ་མོ་རྣམ་པར་འཐག་པའི་དོན་བཞི་བཅུ་རྩ་བརྒྱད་བསྒོམ་མོ། ལེའུ་བཅོ་བརྒྱད་པའི་འགྲེལ་པའོ།། །།

བཅུ་དགུ་པ། མཁའ་འགྲོ་མ་བཞིའི་སྦྱོར་བའི་སྡོམ་པའི་ཆོ་གའི་ལེའུའི་འགྲེལ་པ།


DTG018_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་པོ་རབ་འབྲིང་ཐ་མའི་བསྒོམ་པ་བཤད་ནས། རྡོ་རྗེ་སྙིང་པོས་གསུངས་པའི་ཕག་མོ་ཀུན་གཟུགས་འཆད་པས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བའོ། །མདོར་བསྡུས་རྣལ་འབྱོར་སྔོམ་པ་སྟེ། །ཞེས་བྱ་བ་ནི་འཁོར་ལོ་ལྔ་མདོར་བསྡུས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་གྱི་སྔོམ་པ་གསུངས་ཏེ། ཕག་མོ་ཀུན་གཟུགས་ནི་འཁོར་ལོ་ལྔའི་ལྷ་སངས་རྒྱས་ཀུན་དང་མཉམ་བར་སྦྱོར་བ་མཁའ་འགྲོ་མའི་སྔོམ་པའི་མཆོག་སྟོན་པ་ནི་མདོར་བསྟན་ཏོ། །རྒྱས་བཤད་ནི་སྔོན་འགྲོ་ལྔ་དང་ལྡད་པའི་རྣལ་འབྱོར་བདུན་རྫོགས་ནས་རྫུས་སྐྱེས་ཀྱི་སྐད་ཅིག་རྣམ་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཅིག་ཅར་སྤྲོ་བ་ཡིན་ནོ། །པདྨའི་དབུས་སུ་སཱ་ལི་ཀཱ་ལི་མངོན་པར་བྱང་ཆུབ་པའི་རིམ་པ་ལྔ་ལས་ཧེ་རུ་ཀ་ཞལ་བཞི་པ་ཕྱག་བཅུ་པ་དབུས་སྔོ་བ། གཡས་


DTG018_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེར་བ། གཡོན་ལྗང་བ། སྟེང་གི་ཞལ་དཀར་པོ་ཞི་བའོ། །དྲུག་པ་ཐོད་པའི་ཅོད་པ་ན་ལ་སོགས་པ་གོ་སླའོ། །ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་མཉམ་པར་ལྡན་བས་ཕག་མོའི་སྐུ་རྩ་བཙིར་བ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག །གཡས་གཉིས་ན་ཞགས་པ་དང་ལྕགས་ཀྱུ། ཕྱག་གཉིས་ཀྱིས་ཚངས་པའི་པགས་བ་བསྣམས་པ། གཉིས་ཀྱི་ཅང་ཏེའུ་དང་ཚངས་པའི་མགོ་བོས་ཆོས་ཀྱི་སྒྲས་རབ་ཏུ་འགེངས་པ་སྟེ་ཕྱག་བཅུ་ཡིན་ནོ། །ཕག་མོ་ནི་དམར་མོ་ཞལ་གཅིག་ཕྱག་གཉིས་མ་ཡིན་ནོ། །འཁོར་གྱི་ལྷ་མོ་བཞི་ནི་ཞལ་བཞི་ཕྱག་བརྒྱད་པ་གཡོན་ན་ཅང་ཏེའུ་དང་ཁ་ཊྭཱཾ་ག །གཡས་ན་རྡོ་རྗེ་མདུང་ཐུང༌། གཉིས་ཀྱིས་མི་ལྤགས་བསྣམས་པ། གཉིས་ཀྱི་དྲིལ་བུ་དང་ཅང་ཏེའུ། གཉིས་ཀྱིས་མགོ་བོ་དང་གྲི་ཁུག་བསྣམས་བ་སྟེ། ཕྱག་བརྒྱད་དོ། གཡེར་ཀའི་སྐྲ་སྒྲོགས་སྐ་རགས་ལྡན། །ཞེས་བྱ་བ་ནས་ཐམས་ཅད་དེ་ལྟར་བསྒོམས་ནས་ཞེས་པ་དཀྱིལ་འཁོར་རྒྱལ་མཆོག་རྫོགས་ནས་དཔའ་བོ་དང་དཔའ་མོའི་གོ་ཆ་བསྐོན་པ། མཚན་དང་དཔེ་བྱད་ཅན་གྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲང་ངོ༌། །མཆོད་པ་དང་བསྟོད་པ་བྱས་ལ་དབང་བསྐུར་ནས། ཡེ་ཤེས་ཀྱི་བཟླས་པའི་སྤྲོ་བསྡུ་དང་དག་གིས་བཟླས་པར་བྱ་སྟེ། སྔགས་ནི་གོ་སླ་བས་མ་བཤད་དོ། །བསྒོམ་པ་དང་བཟླས་པ་རིམ་པས་བདུད་རྩི་མྱང་བའི་དམ་ཚིག་གི་སྔོམ་པ་ལ་གནས་པའི་ཕྱིར། སྒྲོན་མ་ཤ་ལྔ་བཟའ་ཞིང་གནས་དུར་ཁྲོད་དུ་རྟག་ཏུ་བཟླས་པ་བའོ། །གལ་ཏེ་མ་གྲུབ་ན། མཚན་མོ་བདུན་གྱིས་སྦྱོར་བ་ཡིས། །ཕག་མོ་ཀུན་གཟུགས་བསྒོམ་པ་ནས། །བདུད་བཞིས་མི་འཇིགས་པའི་དངོས་གྲུབ་ངེས་པར་ཐོབ་པར་འགྱུར་རོ། །ཕག་མོ་ཀུན་གཟུགས་ནི། གོང་དུ་སྨོས་པའི་ཞལ་བརྒྱད་ཕྱག་སྟོང་ཡོད་པ་བསྒོམས་ཏེ། དེ་ལ་བཅོམ་ལྡན་འདས་ཀྱི་ཞལ་བཞི་དང་དཔའ་བོ་ཉི་ཤུ་རྩ་བཞིའི་ཞལ། བུམ་པ་བཞི་རིག་བཞིའི་ཞལ་ཏེ། དཔའ་བོ་རྣམས་ཀྱི་ཞལ་སུམ་ཅུ་རྩ་གཉིས་རིམ་པ་བརྒྱད་དུ་བརྩེགས་པ་དང༌། དེའི་སྟེང་དུ་ལྷ་མོ་སུམ་ཅུ་རྩ་དྲུག་དུར་ཁྲོད་བརྒྱད་ཀྱི་ཞལ་དང༌། བཞི་བཅུ་རྩ་བཞི་དང་བདུན་ཅུ་རྩ་དྲུག་ཡིན་ལ། བོང་བུའི་ཧེ་རུ་ཀའི་རྣམས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་དུད་འགྲོའི་ཞལ་ཉི་ཤུ་རྩ་བཞི་སྟེ། བརྒྱ་ཐམ་པའི་ཞལ་མངའ་བ། ཕྱག་ཀྱང་བཅོམ་


DTG018_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་འདས་ཀྱི་ཕྱག་བཅུ་གཉིས་དང་ཡུམ་གྱི་ཕྱག་གཉིས་དང་བཅུ་བཞི་མངལ་སྐྱེས་ལྡན་དང་སྒོང་སྐྱེས་ལྔའི་ཕྱག་མཚན་དཔའ་བོ་དང་དཔའ་མོ་དྲུག་ཅུ་ཚན་བཅུ་དང༌། རྫུས་སྐྱེས་དཔའ་བོ་དང་དཔའ་མོ་དྲུག་ཅུའི་ཕྱག་མཚན་དང་དྲོད་གཤེར་སྐྱེས་དཔའ་བོ་དང་དཔའ་མོ་དྲུག་ཅུའི་ཕྱག་མཚན་དང༌། བོང་བུའི་ཧེ་རུ་ཀའི་རྣམ་པ་སྣ་ཚོགས་ཀྱི་འཁོར་ལོ་ལྷ་དྲག་ཅུའི་ཕྱག་མཚན་དང་སྒྱུ་འཕུལ་དྲ་བའི་ལྷ་དྲུག་ཅུ་དང༌། སོ་སོར་འབྲང་མའི་ལྷ་དགུ་ཕྱིས་འབྱུང་བའི་དཀྱིལ་འཁོར་གསུམ་དང་བཅས་པའི་ཕྱག་མཚན་ཕྱག་སྟོང་ཡིན་ནོ། །དེའི་དོན་ནི། སྣ་ཚོགས་གཟུགས་ཅན་བདེ་བ་ཆེ། །རྣལ་འབྱོར་པ་ནི་མི་སྣང་བཞུགས། །ཞེས་པས་ཐབས་མི་སྣང་བ་དང༌། བཟའ་བ་དང་བཟའ་མིན་བདུད་རྩི་ལྔར་བྱིན་གྱིས་བརླབས་ནས། བཟའ་བ་དང་བཏུང་པ་དང༌། བཏུང་མིན་བྱིན་གྱིས་བརླབས་ནས་བཏུང་བ་དང་ཕྱོགས་ཀྱི་གོས་ཅན་གྱི་གར་གྱིས་མྱོས་ཤིང་སྨྱོས་པ་ལྟ་བུར་བསྒོམས་ན་སོ་སོའི་སྐྱེ་བོས་གྲིབ་མ་ཡང་མི་མཐོང་བར་རྣལ་འབྱོར་ཆེན་པོ་ས་སྟེང་ན་སྤྱོད་དོ། །ཤིན་ཏུ་སྤྲོས་མེད་ཀྱི་རྣལ་འབྱོར་མ་བས་མ་ཧཱ་རུ་ཏི་རཱ་བདུད་རྩི་ལྔ་དང༌། ཟས་ཀྱི་ལྷག་མ་དྲི་ཆེན་དང༌། དྲི་ཆུ་དང་ལྡན་པའི་ཤ་སྣ་ཚོགས་པ་སེམས་རྩེ་གཅིག་པས་བཟའ་སྟེ། ནང་གི་བདག་ཉིད་སྒྱུ་མ་དང་འོད་གསལ་དང་ཟུང་འཇུག་གི་སྦྱོར་པས་ཉིན་མོ་རྟག་ཏུ་གསང་བས་མཚན་མོ་གནས་པར་བྱའོ། །དེ་ལྟ་བུའི་སྤྱོད་པའི་དགོས་པ་ཅི་ཞེན། མཉམ་བར་མ་བཞག་པའི་སྤྲོས་བཅས་དང་སྤྲོས་མེད་ཀྱི་སྤྱོད་པའི་རྣལ་འབྱོར་གྱིས་ཡེ་ཤེས་ཡི་ཤེས་ཀྱི་མིག་ལ་སོགས་བ་མངོན་པར་ཤེས་པ་དྲུག་ཐོབ་པར་འགྱུར་རོ། །ལས་དང་པོ་པ་ཡིན་ན་ཞིབ་མོ་རྣམ་པར་འཐག་པར་ཡན་ལག་བཞི་བཅུ་རྩ་བརྒྱད་བསྒོམ་མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་ཡིན་ན་མངོན་པར་བྱང་ཆུབ་པ་ལྔའི་རིམ་བའི་དང་པོ་སྦྱོར་བས། དཀྱིལ་འཁོར་རྒྱལ་མཆོག་གི་སྣོད་བཅུད་ཅིག་ཅར་སྐྱེས་ལ། ལས་ཀྱི་རྒྱལ་མཆོག་གི་གོ་ཆ་བསྐོན། ཡེ་ཤེས་སེམས་དཔའ་གཞུག །དབང་བསྐུར། བསྒོམ་པའི་ཚེ་ན་སྤྲོས་བཅས་ཀྱི་སྤྱོད་པའམ། སྤྲོས་མེད་ཀྱི་སྤྱོད་པའམ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་གནས་པས་བཟའ་བཏུང་ཐམས་ཅད་བདུད་རྩིར་འགྱུར་ལ་ངག་ཏུ་བཟླས་པར་འགྱུར་ལ། ལག་པ་དང་རྐང་པའི་ཕྱག་རྒྱ་ཇི་སྙིང་གར་གྱི་མཆོད་པ་


DTG018_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང༌། གླུའི་མཆོད་པར་འགྱུར། དངོས་རྗེས་ཀྱི་བསྒོམ་པ་ལ་ཐ་དད་མེད། གཞལ་ཡས་ཁང་དང་སྟོད་གསུམ་ལ་ཐ་དད་མེད། འགྲོ་བ་དྲུག་དང་ལྷའི་འཁོར་ལོ་ལ་ཐ་དད་མེད་པར་ཡེ་ཤེས་ཀྱི་མིག་གིས་མཐོང་པ་ཡིན་ནོ། །ལེའུ་བཅུ་དགུ་པའི་འགྲེལ་པའོ།། །།

ཉི་ཤུ་པ། རྣལ་འབྱོར་གྱི་སྡོམ་པའི་ཆོ་གའི་ལེའུའི་འགྲེལ་པ།


DTG018_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རྡོ་རྗེ་ཕག་མོ་ཀུན་གཟུགས་བཤད་ནས་ཧེ་རུ་ཀ་ཕྱག་འབུམ་པ་བསྒོམ་པ་འཆད་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །སྨོས་ཏེ། རྩ་བརྒྱུད་ཀྱི་རྩ་རྒྱུད་འདིར། །ཞེས་བྱ་བ་ནི་རྒྱུད་འབུམ་པ་ལས་རྩ་བ་ཐམས་ཅད་ཚར་བར་བསྡུས་པའི་ཕྱིར་འདིའི་དོན་རྒྱས་པར་དེར་སྟོན་པས་ན་འདི་ཉིད་རྩ་བའི་རྒྱུད་ཡང་དག་པའོ། །དེའི་ཕྱིར་ཞབས་ནས་རྒྱུད་གཞན་ཡན་ལག་རྒྱུད་དུ་ཟད་ཅེས་གསུངས་སོ། །ཆོག་བཟང་པོ་གཞན་དུ་སྟེ། །ཞེས་བྱ་བ་ནི་རོ་ལངས་བསྒྲུབ་པས་གལ་ཏེ་བགེགས་ཀྱིས་འཇིགས་ན། ཆོག་བཟང་པོ་ཕྱིས་འཆད་པའི་ཞལ་བརྒྱད་ཕྱག་བཅུ་དྲུག་པའམ། ཡང་ན་ཞལ་བཅུ་གཉིས་པ་ཕྱག་ཉི་ཤུ་རྩ་གཉིས་པའམ། ཡང་ན་ཞལ་ཉི་ཤུ་རྩ་བཞི་པ། ཕྱག་བཞི་བཅུ་རྩ་བརྒྱད་པའམ། ཡང་ན་སྣ་ཚོགས་པའི་དུད་འགྲོའི་ཞལ་ཅན་ནམ་མཁའ་ལྡིང་གི་ཞལ་ཉི་ཤུ་རྩ་ལྔ་པ། དུད་འགྲོ་རྐང་བཞི་པའི་སེང་གི་ལ་སོགས་པའི་ཞལ་ཉི་ཤུ་རྩ་ལྔ་སྟེ་ལྔ་བཅུ། ཕྱག་བརྒྱ་ཕྲག་བཅུ་ཡིན་ནོ། །ཡང་ན་ཞལ་སྟོང་ཡིན་ཏེ། རིགས་ཀྱི་དེ་བཞིན་གཤེགས་པ་ལྔ་དང༌། སེམས་དཔའ་ཉི་ཤུ་རྩ་བཞི་དང༌། དཔའ་བོ་དང་དཔའ་མོ་བཞི་བཅུ་རྩ་བརྒྱད་དང༌། གཟུངས་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། ས་བཅུ་དང༌། དབང་བཅུ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། ཚད་མེད་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཞལ་དང་དབྱིབས་དང་ཁ་དོག་སྣ་ཚོགས་པ་ཞལ་སྟོང་ཕྲག་འབུམ་དང་ལྡན་ཞིང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱི་ཕྱག་མཚན་འཛིན་པ་དང༌། འདོད་ཁམས་གནས་རིས་ཉི་ཤུའི་འགྲོ་བ་རིགས་དྲུག་སྣ་ཚོགས་ཀྱི་གཟུགས་འཛིན་པ་ཕྱག་ན་བསྣམས་པ་དང༌། གཟུགས་ཁམས་གནས་རིས་བཅུ་བདུན། གཟུགས་མེད་མུ་བཞིའི་ལྷ་ཕྱག་ཏུ་འཛིན་པ་དང༌། རིག་པའི་གནས་ལྔ་སྒྱུ་རྩལ་བཅོ་བརྒྱད་ཕག་ན་བསྣམས་པ་དང༌། ཞབས་སྟོང་གིས་གཡས་བརྐྱང་


DTG018_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་གཡོན་བརྐྱང་འཆོལ་བར་བཞུགས་པས་འཇིགས་བྱེད་དང་དུས་མཚན་ལ་སོགས་པ་དྲག་པོ་འཇིགས་བྱེད་དྲུག་ཅུ་རྩ་གཉིས་དང༌། ཚངས་པ་བསམ་གཏན་བཞི་པའི་ལྷས་བསྐོར་བ། དབང་པོ་ཉེ་དབང་གིས་བསྐོར་བ། དྲག་པོ་རྩེ་གསུམ་འཆང་གིས་བསྐོར་བ། ཁྱབ་འཇུག་ལྷ་མ་ཡིན་གྱིས་བསྐོར་བ། ཀུན་འགྱེད་གཞོན་ནུ་ནམ་མཁའ་ལྡིང་གིས་བསྐོར་བ། ཀཱརྟི་ཀ་རྒྱལ་ཆེན་རིས་བཞིའི་ལྷས་བསྐོར་བ། ནག་པོ་ཆེན་པོ་མ་མོའི་ཚོགས་ཀྱིས་བསྐོར་བ། དགའ་བྱེད་དབང་ཕྱུག་དྲི་ཟའི་འཁོར་གྱིས་བསྐོར་བ། གཤིན་རྗེ་མཁའ་འགྲོ་མས་བསྐོར་བ། ཆུ་ལྷ་ཀླུས་བསྐོར་བ། ཉི་མ་དང་ཟླ་བ་གཟའ་བརྒྱད་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བ། འཆི་བདག་གི་བདུད་དུས་མ་ཡིན་པར་འཆི་བ་བརྒྱད་ཀྱིས་བསྐོར་བ། ཕུང་བོའི་བདུད་ནད་བཞི་བརྒྱ་རྩ་བཞིས་བསྐོར་བ། ལྷའི་བུའི་བདུད་གདོན་སྟོང་ཕྲག་བརྒྱད་ཅུའི་འཁོར་གྱིས་བསྐོར་བ། ཉོན་མོངས་པའི་བདུད་འདོད་ཆགས་ཁྱིམ་བྱ་དང༌། ཞེ་སྡང་སྦྲུལ་དང༌། གཏི་མུག་ཕག་ལ་སོགས་པ་ཐམས་ཅད་ཁ་སྦུབ་ཏུ་ཞབས་ཀྱིས་མནན་པར་བལྟ་སྟེ། ཕྱག་སྟོང་ཕྲག་གཅིག་ཞལ་འཇིགས་སུ་རུང་བ་དང༌། ཕྱག་སྟོང་ཕྲག་གཅིག་ཞལ་བཞིན་འགྱུར་བ་དང༌། དྲག་པོ་དང༌། མཆེ་བ་གཙིགས་པ་དང༌། བཞད་པ་དང༌། སྨིན་མ་བཅུ་མ་པས་མི་སྡུག་པ་དང༌། མཆུ་མནན་པས་རབ་ཏུ་འཇིགས་པ་དང༌། སྤྱན་གདངས་པས་དཔའ་བ་དང༌། སྒེགས་པས་འཛུམ་པ་དང༌། ལྕེ་བརྐྱང་བས་རྔམ་པ་དང༌། སྨིན་མ་བསྡུས་པས་ཁྲོ་བ་དང༌། སྟེང་མ་ཞི་བ་དང༌། ལྗགས་གཡོ་བ་དང༌། ལྗགས་མི་གཡོ་བ་དང༌། ཞལ་གདངས་པ་དང༌། རྣམ་པར་རོལ་པ་སྣ་བུག་དུ་ལྗགས་འཇུག་པ་དང༌། ལྗགས་བསྐྱོད་པས་ཞལ་གྱི་དཀྱིལ་འཁོར་ཁེ་པས་པ་དང༌། སྣ་ཚོགས་པས་ངོ་མཚར་བ་དང༌། མཆེ་བ་ལྷག་གེར་བྱུང་བས་གཤེ་བ་དང༌། ཕྱག་སྟོང་ཕྲག་ཉི་ཤུའི་ཞལ་རིན་པོ་ཆེའི་རིགས། ཕྱག་སྟོང་ཕྲག་ཉི་ཤུའི་ཞལ་པདྨའི་རིགས། ཕྱག་སྟོང་ཕྲག་ཉི་ཤུའི་ཞལ་ལས་ཀྱི་རིགས། ཕྱག་སྟོང་ཕྲག་ཉི་ཤུའི་ཞལ་དེ་བཞིན་གཤེགས་པའི་རིགས་ཏེ། ཕྱག་འབུམ་གྱི་འོད་ཟེར་འཕྲོ་བའི་ཉམས་ཀྱི་མཆོག་གི་ལུས་ཀྱི་རྣམ་པར་རིག་བྱེད་སྟོན་པར་མཛད་པ་ཡིན་ནོ། །ཐོད་


DTG018_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཕྲེང་བ་སྟོང་ཟླ་བ་ཕྱེད་པ་སྟོང༌། སྣ་ཚོགས་རྡོ་རྗེས་དབུ་བརྒྱན་པ་སྟོང་སངས་རྒྱས་ལྔའི་ཅོད་པན་སྟོང༌། རྡོ་རྗེ་སེམས་དཔའ་སྤྱི་གཙུག་ན་སྟོང༌། སྤྱན་སུམ་སྟོང༌། ཞབས་སྟོང་ལ་སྟག་གི་པགས་པ་སྟོང་ལས་ཤམ་ཐབས་བྱས་པ། མགོ་བོའི་ཕྲེང་བ་ལྔ་བཅུ་རྩ་གཅིག་གིས་བརྒྱན་པ། ཕྱག་རྒྱ་དྲུག་ལས་སྤྱི་གཙུག་གི་རུས་པའི་འཁོར་ལོ་སྟོང༌། རྣ་ཆ་ཉེས་སྟོང༌། མགུལ་རྒྱན་ཚིག་སྟོང༌། ཚངས་པའི་སྐུད་པ་འབུམ། ཐལ་བའི་རྡུལ་གྱིས་བྱུགས་པ་འབུམ་དབུང་རྒྱན་འབུམ། ལག་གདུད་འབུམ། ཡན་ལག་ལ་སྦྲུལ་གྱི་རྒྱན་འབུམ། དབུ་ལ་སྟོང་ཞབས་ལ་སྟོང་གི་སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་ཐོད་པས་འཁྱུད་པ་ཅན་ནོ། །བཅོམ་ལྡན་འདས་ཀྱི་ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་སྟོང་གིས་འཁྱུད་པ། ཐོད་པ་དང་ཁ་ཊཱཾ་ག་སྟོང་འཛིན་པ། ལྕགས་ཀྱུ་སྟོང༌། ཞགས་པ་སྟོང༌། དགྲ་སྟ་སྟོང༌། ཁབ་སྟོང༌། སྐུད་པ་སྟོང༌། མེ་ལོང་སྟོང་གི་བར་དུ་སྟོང་ཕྲག་བརྒྱའི་ཕྱག་མཚན་ཕྱག་འབུམ་གྱི་ཕྱག་རྒྱས་འཛིན་པ། ཆོ་ག་སྣ་ཚོགས་པའི་ཕྱག་མཚན་རེ་རེ་ལ་འཁྱུད་འཁོར་རེ་རེས་ཕྲིན་ལས་རེ་རེ་མཛད་དོ་ཞེས་ནམ་མཁའ་ལྡིང་གི་གདོང་ཅན་གྱི་ལེའུ་སུམ་ཅུ་རྩ་དྲུག་པ་ལས་བཤད་དོ། །འཁོར་གྱི་མཁའ་བགྲོ་མ་སུམ་ཅུ་རྩ་དྲུག་དཔའ་བོ་སུམ་ཅུ་རྩ་དྲུག་དང་འཁྱུད་པ། དབུ་གསུམ་ཕྱག་དྲུག་སྐུ་མདོག་མཐའ་ཡས་སྣ་ཚོགས་ཀྱི་མདོག་ཅན། ཕྱག་མཚན་སྣ་ཚོགས་འཛིན་པ་བསྒོམས་པར་བྱའོ། །འདོད་ཡིན་གྱི་སྣམ་བུ་ལ་སྣང་ཚོགས་གར་གྱི་ལོངས་སྤྱོད་ཅིང་བདུད་རྩི་ལྔའི་ཟད་དང༌། མེ་ཏོག་ལ་སོགས་པ་ཕུན་སུམ་ཚོགས་པས་མཆོད་པར་བསམ་མོ། །མདོག་སྣ་ཚོགས་པའི་དུར་ཁྲོད་བརྒྱད་ཀྱི་ཞིང་སྐྱོང་མཆོག་དམ་པ་དང་བཅས་པ། དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་སྔགས་པས་བསྒོམས་ནས། ལས་ཀྱི་རྒྱལ་མཆོག་གི་རྣལ་འབྱོར་ཡེ་ཤེས་སེམས་དཔའ་གཞུག་པ་དང༌། གོ་ཆ་བསྐོན་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་རྫོགས་པར་བྱས་ནས། ཡི་གེ་ཉི་ཤུ་རྩ་བཞི་པ་དང་བསྲེག་པའི་ཕྲེང་བའི་སྔགས་བཟླས་པར་བྱའོ། །ལྷ་མོ་རྡོ་རྗེ་ཕག་མོ་ཡང་ཕྱོགས་ཀྱི་གོས་ཅན། སྐྲ་གྲོལ་བ། ཕ་རོལ་ཏུ་ཕྱིན་པ་དང༌། གཟུངས་དང༌། སའི་


DTG018_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་བཞིན་བསྒོམས་ནས་ཡབ་ཀྱི་ཕྲེང་བའི་སྔགས་བཟླས་པ་ནི། འབྲས་བུ་དང་བཅས་པ་གོ་སླའོ། ཡུམ་རྡོ་རྗེ་ཕག་མོའི་སྔགས་རིང་དང་ཡབ་ཀྱི་རྐང་པ་བརྒྱད་པ་དང༌། ཡུམ་གྱི་རྐང་པ་བརྒྱད་པ་ཡང་གོ་སླའོ། །ལྡང་བའི་ཚེ་ཨཱ་ལི་ཀཱ་ལི་རྡོ་རྗེ་ནི། ཕག་མོའི་བདག་ཉིད་བསྒོམ་བྱས་ནས།།ཞེས་བྱ་བ་ལྷའི་འཁོར་ལོ་ཐམས་ཅད་སྙིང་གར་བཅུག།ལུས་ཀྱི་ཞལ་སྟོང་དང༌། ཞབས་སྟོང་དང༌། ཕྱག་འབུམ་དང༌། ཡུམ་དང་སྙིང་གར་བཅུག་པར་བསྒོམས་ནས། རྐང་པ་བརྒྱད་པའི་སྔགས་ཀྱིས་བདག་ཉིད་ལ་མཆོད་ནས། ཧཾ་ལས་ཁྲབ་བསྐྱད། ཁཾ་ལས་བརྒྱུན་བསྐྱེད། རྡོ་རྗེ་ཁྲབ་ཀྱི་སྟེང་དུ། ཞལ་ཞི་བའི་ཁྲོ་བོས་བྱིན་གྱིས་བརླབས་ཏེ། སུཾ་བྷ་ནི་ཤར་དུ། གྲྀཧྞ་ལྷོར། གྲྀཧྞ་པ་ཡ་ནུབ་ཏུ། ཨཱ་ན་ཡ་ཧོ་བྱང་དུ། ཡང་ན་ཁྲོ་བོ་མེད་པ་ཀུན་རྡོ་རྗེའི་ཁྲབ་ཏུ་བསམ་མོ། །དེའི་ལྟེ་བར་དཔལ་ཧེ་རུ་ཀར་བདག་ཉིད་བསྒོམས་ནས། འཁོར་སྒྲུབ་པའི་གྲོགས་པོ་ཐམས་ཅད་ཀྱང་དེ་ལྟར་གནོད་མཛེས་ཀྱི་ཁྲོ་བོས་བསྲུང་དུ་གཞུག་གོ །དེ་ལྟར་ཕྱག་འབུམ་པ་བསྒོམ་པ་ནི། མཚན་མ་ཐོབ་ནས་རོ་ལངས་བསྒྲུབ་པའི་ལས་ཚོགས་བྱ་སྟེ། གོང་ནས་འབྱུང་བའི་ཇི་ལྟ་བའི་རིམ་གྱི་ནང་དུ་ཉོན་མོངས་པ་འཇོམས་པའི་དུད་འགྲོ་ལ་སོགས་པའི་གཟུགས་བརྙན་གྱི་བཟའ་བ་བསྒྲུབ་པས་བྱ་བ་དང༌། ཕྱི་རོལ་དུ་དེ་བཞིན་དུ་བདེ་བར་གཤེགས་པའི་བསྟན་པ་ལ་སྡང་བའི་ལེ་དག་དང༌། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་དང༌། མཚམས་མེད་པ་བྱེད་པ་དང༌། སྔོན་སློབ་དཔོན་ལ་སྨོད་པ་དང་ཐེག་ཆེན་ལ་སྨོད་པའི་གྲོ་བའི་ལིངྒ་བྱས་ལ་བསད་ནས་མཁའ་འགྲོ་མ་དང་ལྷན་ཅིག་བཟའ་བར་བྱའོ། །ལིངྒའི་རྒྱུ་ཅི་ཞེ་ན། འབྲས་ཕྱེའམ་བག་ཕྱེ་སྲབ་པར་བླིངས་ལ་གླང་པོ་ཆེའི་ཤའམ། དང་པའི་ཤའམ། བ་ལང་གི་ཤའམ། བྱ་རོག་ཆུ་སྐྱར་སྦྱང་ཀི་ཁྲུང་ཁྲུང༌། མཛད་པའི་ཤ་བཙོས་ནས། ནས་ཙམ་སྲན་མ་ཙམ་དུ་མཚོན་རྣོན་པོས་གཏུབས་ནས་མར་ལ་བཅོས་ཏེ། ཚོས་པ་དང་བཏོན་ནས་ཚ་བ་གསུམ་དང་མངར་གསུམ་དང༌། འབྲས་བུ་གསུམ་དང༌། ཤིང་ཚ་དང༌། ཙནྡན་དཀར་དམར་དང༌། གུར་གུམ་དང་འགི་ཝང་དང༌། ལི་ཤི་དང་སུག་སྨེལ་དང༌། རྒྱམ་ཚ་ལ་སོགས་པའི་ཕྱེ་མའམ་ལྡེ་གུས་བཏབ་ནས། བག་ཟན་གྱིས་


DTG018_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དྲིལ་ནས་ཙཱ་རུ་ཞེས་བྱ་བའི་ནང་གི་ལི་ངག་སྟེ། བདེ་བར་གཤེགས་པའི་བསྟན་པ་ལ་སྣང་བའི་གཟུགས་སམ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་ལ་སོགས་པའམ། མིའི་གཟུགས་བྱ། ཁྲོ་བོ་འདོད་པའི་རྒྱལ་པོའི་ཕྱག་རྒྱ་དང་སྔར་བཤད་པའི་དཔའ་བོ་དང་དཔའ་མོའི་སྔགས་ཡུམ་རྡོ་རྗེ་ཕག་མོའི་སྔགས་རིང་རྐང་པ་བརྒྱད་པ་དང་བཅས་པའི་སྔགས་ཀྱིས་སྒྲུབ་པ་པོས་ལན་བརྒྱའམ་སྟོང་ཁྲིའི་བར་དུ་དུད་འགྲོ་རྣམས་ཀྱི་སེམས་སྔགས་དང་ཕྱག་རྒྱས་དགུག་པར་བྱའོ། །དེ་ལ། ཉོན་མོངས་འཇོམས་པའི་དུད་འགྲོ་ནི། །ང་རྒྱལ་བོང་བུ་ཡི་གཟུགས་བྱ། །ཐེ་ཚོམ་མི་ཡི་གཟུགས་ཀྱིས་ཏེ། །སེར་སྣ་རུས་སྦལ་གཟུགས་ཡིན་ནོ། །ལོག་པར་ལྟ་བ་རྔ་མོའི་གཟུགས། །ཞེ་སྡང་ཁྱི་ཡི་གཟུགས་ཡིན་ཏེ། །གཡོ་སྒྱུ་ཅེ་སྦྱང་གཟུགས་ཡིན་ནོ། །ཕྱག་དོག་རྟ་ཡི་གཟུགས་ཡིན་ནོ། །ཞེས་སྒྱུ་འཕྲུལ་དྲ་བ་ནས་བཤད་པས། །ཉོན་མོངས་པའི་གཟུགས་ནི་ནང་གི་ལི་ངག་ཡིན་ནོ། །དུད་འགྲོ་རྣམས་ཀྱི་ཤ་དངོས་གྲུབ་ཀྱི་ཡན་ལག་ཏུ་རབ་ཏུ་བསྒྲགས་པ་མི་ཤ་དང་གླང་པོ་ཆེའི་ཤ་ལ་སོགས་པ་གོ་སླའོ། །དེ་རྣམས་རོའི་ཁར་སྦྱིན་སྲེག་བྱེད་པར་འདོད་ན་ཡང་ངོ་དད་མར་ངོའི་བཅུ་བཞི་དང་བཅོ་ལྔ་ལ་འགེགས་ནས་ཤི་བའི་རོ་པདྨ་འདབ་བརྒྱད་ཀྱི་དཀྱིལ་འཁོར་གྱི་ཁ་ལ་རོ་བཞག་ན། དུར་ཁྲོད་བརྒྱད་ཀྱི་བགེགས་གང་ཡང་རུང་བ་ནང་དུ་བཅུག་ལ། རོའི་ཁ་ནས་མེ་ཕྱུང་ལ་རོའི་སྙིང་གར་གཡས་བརྐྱང་བས་འདུག་ལ། ཁྱི་ནག་མོའིའོ་འོ་མའམ། མ་ཤའི་འབྲས་བུ་ནག་པོའི་ཆན་དང་བཅས་པས་འཛེམ་པ་མེད་པར་རོའི་ཁའི་མེར་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ནས། རོ་ངེ་ལངས་ནས་ཅི་བགྱི་ཞེས་སྨྲ་བར་འགྱུར་རོ། །དེའི་ཚེ་ཡང་ཕྱག་འབུམ་པར་ཏིང་ངེ་འཛིན་གསུམ་གྱིས་བསྐྱེད་ལ། ས་འོག་ལྷ་མ་ཡིན་གྱི་བུ་མོ་ལ་དབང་བའི་དངོས་གྲུབ་ང་ལ་བྱིན་ཞེས་བརྗོད་དོ། །ཡང་ན་རལ་གྲི་འདི་ཐོགས་པས་དགྲ་ཀུན་སོད། དབང་དུ་གྱིས། ཡང་ན་རལ་གྲི་ཐོགས་ལ་རིམ་གྱིས་འདྲེ་སོད་ལ་ཞི་བར་གྱིས། དུས་མ་ཡིན་པར་འཆི་བ་བརྒྱད་སོད་ལ་ཆེ་འཕེལ་བར་གྱིས་ཞེས་ཚར་གཅོད་པ་དང༌། ཕན་འདོགས་པའི་ཕྲིན་ལས་རྣམ་བཞི་དང༌། ཡང་ན་རི་ལུ་བླངས་ནས་


DTG018_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མི་སྣང་བ་དང༌། མིག་སྨན་གྱི་མངོན་ཤེས་བསྐྱེད་པ་དང༌། གཏེར་བླངས་ནས་ཕྱུག་པོར་འགྱུར་བ་དང༌། ཡང་ན་རྐང་མགྱོགས་ཀྱི་དཔག་ཚང་དུ་མར་འགྲོ་བ་དང༌། བཅུད་ཀྱིས་ལེན་གྱིས་ལོ་སྟོང་ངམ་ཁྲི་ཐུབ་པ་དང༌། དངོས་གྲུབ་གཅིག་སྟེར་གྱི། དུ་མ་ནི་འཇིག་རྟེན་པས་སྟེར་མི་ནུས། དངོས་གྲུབ་འདི་ལས་གཞན་དུ་མི་འགྱུར་ཏེ་ལྷའི་བུ་མོ་དང༌། འོག་ཀླུའི་བུ་མོ་ཡང་རོ་ལངས་ཀྱིས་སྟེར་བར་ཐེ་ཚོམ་མེད་དོ། །རྩ་བའི་ཡང་རྩ་བའི་རྒྱུད་འདི་ལས། གཞན་ཡན་ལག་གི་རྒྱུད་ནི་ལྔ་བཅུ་རྩ་གཉིས་པ་དང་ཧེ་རུ་ཀ་མངོན་པར་འབྱུང་བ་ལ་སོགས་པའོ། །ལེའུ་ཉི་ཤུ་པའི་འགྲེལ་པའོ།། །།

ཉི་ཤུ་རྩ་གཅིག་པ། སྲུང་བའི་ཕྱིར་ཟློག་གི་ལེའུའི་འགྲེལ་པ།


DTG018_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དངོས་གྲུབ་བསྒྲུབ་པའི་འཁོར་ལོ་བཅུ་དྲུག་བཤད་ནས། དངོས་གྲུབ་སྣ་ཚོགས་ཀྱི་འཁོར་ལོ་སྟོན་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་གསུངས་ཏེ། དངོས་གྲུབ་སྣ་ཚོགས་ཀྱི་འཁོར་ལོ་ལེའུ་བཅུ་བདུན་པ་ལས་དང་པོར་སེམས་ཅན་བསྲུང་བའི་ཕྱེད་དུ་ཕྱིར་བཟློག་གི་འཁོར་ལོ་རྒྱུད་གཞན་དུ་སྤབས་པ་ཁམས་གསུམ་དུ་ཟག་མེད་ཀྱི་བསྲུང་བ་རྙེད་པར་དཀའ་བས་བཤད་པའི་རྒྱུད་འདིར་འཆད་པས་ཐེ་ཚོམ་མི་བྱའོ། །ནམ་གྱི་ཚེ་བསྲུང་བར་བྱ་ཞེ་ན། དབང་བསྐུར་ནས་བསྲུངས་ཏེ། ཞི་བ་གྲོ་ག་ལ་བྲི། རྒྱས་པ་རས་ལ་བྲི། དབང་ལ་བུད་མེད་ཀྱི་སྨད་ཤ་ལ་བྲི། མངོན་སྤྱོད་དུར་ཁྲོད་ཀྱི་རས་སམ་ཐོད་པ་ལ་བྲི། ཞི་བ་གིའུ་ཝང་གིས་ཤར་དུ་བསྟས་ནས་འདམ་བུའི་སྨྱུ་གུས་བྲི། རྒྱས་པ་ལ་གྲུ་ཀུམ་གྱི་ཁ་བྱང་དུ་བལྟས་ལ་སྨྱུ་གུས་བྲི། དབང་ལ་ཁ་ནུབ་ཏུ་བལྟས་ཏེ་ཁྲག་གམ་མཚལ་གྱིས་སྒྲོ་རྩའི་སྨྱུ་གུས་བྲི། མངོན་སྤྱོད་ལ་དུག་དང་དུ་ཁྲོད་ཀྱི་སོལ་བས་མི་རུས་ཀྱི་སྨྱུ་གུས་བྲི། །ཟིན་ནས་བུམ་པར་བཅུག་ལ་བསྙེན་པ་བྱ། རབ་གནས་བྱ་དེ་ནས་ལུས་ཀྱི་སྤྱི་བོའམ། མགུལ་བ་འམ། དབུང་པར་གདགས་སོ། །ཡང་ན་སྔར་བཤད་པའི་དཀྱིལ་འཁོར་བཅུ་བདུན་བསྒོམས་ནས་ལྡང་བའི་ཚེ། སྙིང་གང་འཁྲུལ་འཁོར་བཀོད་ལ་བསྲུང་བར་བྱའོ། །ཇི་ལྟར་བྲི་ཞེ་ན། དབུས་སུ་ཧཱུཾ་གི་ཁོང་དུ་བཾ། དེའི་ལྟེ་བར་ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ། དེའི་དབུས་སུ་མིང་དང་བཅས་པའི་སྔགས་བྲི། དེའི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་


DTG018_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ར་དབུས་སུམ་བཞི་ལ་མཁའ་འགྲོ་མ་ལ་སོགས་པའི་མིང་བྲི། མཚམས་སུ་བུམ་པ་དང་ཐོད་པ་བྲི། དེའི་ཕྱི་རྒྱ་བཏུ་པདྨ་འདབ་མ་བརྒྱད་ལ། ཐུགས་ཀྱི་འཁོར་ལོའི་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་དགོད། ཐུགས་ཀྱི་ཕྱི་རྒྱབ་ཏུ་སྣ་ཚོགས་རྡོ་རྗེ་བྲི། དེའི་རྭ་དབུས་མ་བཞི་ལ། གནོད་མཛེས་ཀྱི་སྔགས་བཞི་བྲི། དེའི་ཕྱི་རོལ་ཏུ་རི་མོ་གཉིས་ཀྱི་བར་དུ་དབྱངས་ཡིག་བཅུ་གཉིས་ཀྱིས་བསྐོར། དེའི་ཕྱི་རོལ་དུ་རྡོ་རྗེ་རབས་བསྐོར། དེའི་ཕྱི་རོལ་དུ་པདྨ་འདབ་མ་བརྩུ་དྲུག་ལ་ཡི་གེ་བརྒྱ་པ་ཆ་བཅུ་དྲུག་ཏུ་བགོས་པས་དགོད་དོ། །མཁས་པས་ལྟེ་བར་བྲི་བ་ནི། །ཞེས་པ་ཡེ་ཤེས་ཀྱི་འཁོར་ལོ་ལ་པདྨའི་དོད་དུ་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཡིན། དེའི་ལྟེ་བ་ལ་ཡབ་ཀྱི་ཧཱུཾ་ཆེན་པོ་དང༌། ཡུམ་གྱི་བཾ་ཆེན་མོ། དེའི་ནང་དུ་ཡི་གེ་ཨོཾ་ཨཱཿཧཱུཾ་གསུམ། དེའི་ནང་ཆེ་གེ་མོ་རཀྵ་རཀྵ་ཞེས་པ་བསྒྲུབ་བྱའི་མིང་སྤེལ་ལོ། །རྡོ་རྗེའི་ར་བཞི་ལ་མཁའ་འགྲོ་མ་བཞིའི་དཾ་ལཾ་ཁཾ་རུཾ་རྀ་རཱྀ་ལྀ་ལཱྀ་བཞིས་མནན་ལ་དགོད་དོ། །དེ་ལ་ཀྲི་གུག་གི་ཕྲེང་བའི་དོད་དུ་གནས་ཛ་བར་དུ་ཡི་གེ་བརྒྱད་ལྟེ་བའི་མུ་ཁྱད་ལ་བྲིའོ། །སྔར་བཤད་པའི་པདྨ་འདབ་མ་བརྒྱད་ནི་ཐུགས་ཀྱི་འཁོར་ལོའི་བཞི་ཡིན། དེའི་ཤར་ལ་སོགས་པའི་པདྨའི་འདབ་མའི་ཕྱོགས་བཞི་དང་མཚམས་བཞིའི་དཔའ་བོ་དང་དཔའ་མོའི་ས་བོན་ནི་མིང་མཚན་གྱི་དང་པོ་བརྒྱད་ཡིན་ཏེ། ཧཱུཾ་བརྒྱད་དང་སྤེལ་ནས་བྲི་བར་བྱའོ། །པདྨའི་ཕྱི་རོལ་གྱི་མུ་ཁྱད་ལ་སྔར་བཤད་པའི་ཆ་རྣམས་ཞེས་བྱ་བ་ནི། དབྱངས་ཡིག་བཅུ་གཉིས་ཐིག་ལེ་ཅན་གྱིས་བསྐོར་རོ། །དེའི་ཕྱི་རྒྱབ་ཏུ་ཐུགས་དང་གི་རྟགས་རྡོ་རྗེ་ཕྲེང་བས་བསྐོར་རོ། །དེའི་ཕྱི་རྒྱབ་ཏུ་པདྨ་འདབ་མ་བཅུ་དྲུག་ལ་ཡི་གེ་བརྒྱ་པས་བསྐོར་ཞེས་འོག་ནས་ལེའུ་ཉི་ཤུ་རྩ་དྲུག་པ་ནས་འཆད་དོ། །དེའི་ཕྱི་རོལ་དུ་སྐུ་དང་གསུང་གཉིས་ཅིག་ཅར་འཁོར་ལོ་རྩིགས་བཅུ་དྲུག་པ་བྲིའོ། །ཤར་ནས་བྱང་གི་བར་གྱི་གསུང་གི་དཔའ་བོ་དང་དཔའ་མོའི་ནི་མིང་མཚན་གྱི་དང་པོའི་བར་དུ་ཧྲཱིཿདང་སྤེལ་ལོ། །ནུབ་དང་ལྷོའི་བར་བརྒྱད་ལ། སྐུའི་དཔའ་བོ་དང་དཔའ་མོའི་མིང་མཚན་གྱི་དང་པོའི་བར་དུ་ཨོཾ་དང་སྤེལ་བ་བྲི་བར་བྱའོ། །བསྒྲུབ་བྱའི་མིང་གང་དུ་བྲི་ཞེ་ན། དབུས་ཀྱི་ལྟེ་བ་ལ་ཨོཾ་དང་ཨཱཿཧཱུཾ་གསུམ་གྱི་བར་དུ་ཕྲིན་ལས་རྣམ་པ་བཞི་མཐའ་རྟེན་


DTG018_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་བཅས་པ་བྲིའོ། །དེའི་མཐའ་ནས་གསལ་བྱེད་ཀྱི་ཡི་གེ་ལགས་མ་ཇ་ནས་བྷའི་བར་གྱི་དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་བྲི་བར་བྱའོ། །པདྨའི་ཕྲེང་བ་དང་འཁོར་ལོའི་ཕྲེང་བ་གཉིས་ཀྱིས་བསྐོར་བར་ངེས་སོ། །འཁོར་ལོའི་ཕྱི་རོལ་གྱི་སྒོ་བཞི་ལ་ཁྭ་གདོང་མ་ལ་སོགས་པའི་མིང་མཚན་གྱི་དང་པོ་བཞི་དང༌། ཡ་ར་ལ་ཝ་བཞི་དང་བསྒྲུབ་བྱའི་མིང་དང༌། ཐོག་མར་ཧཱུཾ་ཀཾ་ཡཾ་ཆེ་གེ་མོ་རཀྵ་ཕཊ་ཅེས་བྱ་བ་སྤེལ་ལ་བྲི་བར་བྱའོ། །དེ་བཞིན་དུ་བྱང་ཕྱོགས་ཀྱི་སྒོར་ཧཱུཾ་ཨོཾ་ར་ཆེ་གེ་མོ་ཕཊ་བྲི་བར་བྱ། དེ་བཞིན་དུ་སྦྱར་རོ། །མཚན་བཞི་རུག་གཤིན་རྗེ་བརྟན་མ་ལ་སོགས་པའི་མིང་དང༌། ཤ་ཥ་ས་ཧ་བཞི་དང༌། ཧཱུཾ་ཕཊ་མིང་དང་སྤེལ་བར་བྱའོ། །སྒོའི་སྟེང་དུ་རྟ་བ་བས་ཀྱི་བར་རྡོ་རྗེ་རྒྱ་གྲམ་ཟུར་བཞིར་ཉི་ཟླ་ལ་རྡོ་རྗེ་རྒྱ་གྲམ། དེ་ཐམས་ཅད་ཀྱི་སྟེང་དུ་ཁྲོ་བོའི་སྐུ་ཡན་ལག་ཆོས་ཀྱི་འཁོར་ལོ་དོད་སྐལ། དེའི་ཁྲོ་བོའི་ཞལ་ནས་རྐང་བའི་སྔགས་བྱུང་བ་ཡིན་ཕྱོགས་བརྒྱད་པའི་སྔགས་ཕྱོགས་བཞི་མཚམས་བརྒྱད་དུ་བྲིའོ། །དེའི་ཕྱི་རོལ་དུ་རྡོ་རྗེར་བའི་དོད་དུ་ཕྱི་བཟློག་གི་སྔགས་རིངས་བྲིའོ། །དེའི་ཕྱི་རོལ་དུ་མེ་འོད་ཀྱི་དོད་དུ་ཀྵའི་ཕྲེང་བས་བསྐོར་བ་དང༌། དེའི་ཕྱི་རོལ་དུ་དབྱངས་ཡིག་བཅུ་དྲུག་ཚན་བཞི་ཕྱོགས་བཞིན་བཀོད། དེའི་ཕྱི་རོལ་དུ་ཐའི་ཕྲེང་བས་བསྐོར། དེའི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བས་བསྐོར་རོ། །དེའི་ཕྱི་རྒྱབ་ཏུ་སྐུད་པ་དཀར་པོས་བསྐོར་ཞིང་ཕྲེང་བའི་སྔགས་བཟླས། དེ་ནས་རྒྱ་སྐྱེགས་བཟོ་བྱས་པས་གཏུ། དེའི་སྟེང་དུ་ཚོན་རྩི་དཀར་པོས་རྡོ་རྗེ་ཞི་བ་ལ་བྲི། རྒྱས་པ་ལ་ཚོན་སེར་པོས་རིན་པོ་ཆེ་བྲི། དབང་ལ་ཚོན་དམར་པོས་པདྨ་བྲི། མངོན་སྤྱོད་ལ་ཚོན་ནག་པོས་གྲི་གུག་གི་ཕྲེང་བ་བྲི། དེ་ལྟར་བྲིས་ནས་བསྙེན་པ་བྱ་བ་ནི། བདག་ཉིད་དཔལ་ཧེ་རུ་ཀར་བསྒོམས། ཡི་གེ་བདུན་པའི་སྔགས་ཕྲིན་ལས་རྣམ་བཞི་དང་སྦྱར་བ་བཟླ། འཁོར་ལོ་བྲི་བའི་སྣག་ཚ་ནི། རིགས་དན་དང༌། བྲམ་ཟེ་མོ་དང༌། རྒྱལ་རིགས་མོ་རང་བྱུང་གི་མེ་ཏོག་དང༌། གླང་ཆེན་མེ་ཏོག་མི་བསྐྱོད་པ་དང༌། བྱང་ཆུབ་ཀྱི་སེམས་དང༌། རོ་ཙན་ཤ་ཆེན་པོ་དང༌། བུད་མེད་ཀྱི་པདྨའི་དྲི་ཆུ་དང༌། མིག་སྨན་ཆེན་པོ་མི་ཤ་དང་བསྲེས་ནས་བདུད་རྩི་ལྔས་འཁོར་ལོ་བྲི་བར་བྱའོ། །ཐམས་ཅད་ཀྱི་ཐ་མར་རྡོ་རྗེ་བྲིས་ནས་མངོན་


DTG018_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྱོད་མིའི་པགས་པའམ། ཞི་བ་གྲོ་གའམ། མངོན་སྤྱོད་དང་དབང་དུར་ཁྲོད་ཀྱི་རས་ལ་བདུད་རྩི་ལྔས་བྲིས་ལ་རྒྱ་སྐྱེགས་ཀྱིས་གཏུམས་ནས། བུམ་བའི་མར་དང༌། འོ་མས་བཀང་བའི་ནང་དུ་གཞུག་གོ །དེ་ལ་རྐང་པ་བརྒྱད་པའི་སྔགས་ཀྱི་ས་བདུད་རྩི་ལྔ་དང་ཆང་དང་ཅང་ཏེའུ་དང༌། འཁྱུད་པའི་མཆོད་པའོ། །དེ་ལྟར་བསྙེན་པ་བྱས་ནས་ལས་ལ་སྦྱོར་བའི་ཚེ། གསེར་ར་མ་དུལ་གྱི་བུམ་པའི་ནང་དུ་བདུད་རྩི་ལྔའི་ཆུས་གང་པར་བྱས་ལ། འཁོར་ལོ་སྐུད་པ་དཀར་པོས་དཀྲིས་པའི་སྐུད་སྣ་ནས་བཟུང་ནས་ཕྲེང་བའི་སྔགས་བཟླས། དེ་ནས་དབང་བསྐུར་ན་ནད་དང་ལྡན་པ་ཡང་ནད་མེད་པར་འགྱུར་རོ། །ལིངྒ་ལ་མ་མངོན་སྤྱོད་ཀྱི་སྔགས་དང་ཆང་བླུགས་ནས་དབང་བསྐུར་ན། དབང་ངམ། མངོན་སྤྱོད་ཀྱི་ལས་བྱེད་དོ། །ཇི་ལྟ་བའི་ལས་ཀྱི་རྗེས་སུ་འབྲངས་ནས་ཞི་པ་ལ་སྭཱ་ཧཱ་དང༌། དབང་ལ་ཧོ་དང༌། མངོན་སྤྱོད་ལ་ཕཊ་དང་བཅས་པའི་སྔགས་བཟླ་བར་བྱའོ། །སྲུང་བའི་འཁོར་ལོ་མགོའམ་མགུལ་པའམ། དཔུང་པའམ་ཅི་རིགས་པར་གདགས་སོ། །ལེའུ་ཉི་ཤུ་རྩ་གཅིག་པའི་འགྲེལ་པའོ།། །།

ཉི་ཤུ་རྩ་གཉིས་པ། འཆི་བ་སློང་བར་བྱེད་པའི་ལས་ཐམས་ཅད་བྱེད་པ་སྒོམ་པ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་འཁོར་ལོ་བཤད་ནས། འཁོར་ལོ་དེའི་བདག་པོ་སྟོན་པ་ནི། དེ་ནས་དེའི་བསྒོམ་པ་ནི། སེམས་ཅན་ཀུན་ལ་ཕན་འདོགས་བཤད། །ཅེས་གསུངས་སོ། །དང་པོར་ཚད་མེད་པ་ལ་སོགས་པའི་སྔོན་འགྲོ་ལྔ་བསྒོམས་ལ། འབྱུང་བ་བཞི་དང་རི་རབ་སྣ་ཚོགས་རྡོ་རྗེ་དང་པདྨའི་སྟེང་དུ་མངོན་བར་བྱང་ཆུབ་པ་ལྔའི་རིམ་པས་རྫུས་སྐྱེས་བདག་ཉིད་ཀྱི་ལྷ་མོ་ཕྱིར་བཟློག་པ་ཆེན་མོ་བསྒོམས་ཏེ། དེ་ཡང་ཞལ་བཞི་ཕྱག་བཅུ་དྲུག་དུས་མ་ཡིན་པར་འཆི་བ་བརྒྱད་ཀྱི་བགེགས་ཞབས་གཡས་བརྐྱང་པས་གནོན་པ། འཇིགས་པ་བརྒྱད་ཀྱི་བགེགས་ཞབས་གཡོན་པས་གནོན་པ། ཟླ་བའི་དཀྱིལ་འཁོར་དབུས་ན་གནས། ཞེས་པ་ནས། སྐུ་ལུས་ཟླ་པའི་མདོག་ཅན་ནོ། །ཞེས་པའི་པར་གོ་སླ་བས་མ་བཤད་དོ། །དེ་ལ་ལས་ཀྱི་རྒྱལ་མཆོག་ཡེ་ཤེས་སེམས་དཔའ་གཞུག་པ་དང༌། གོ་ཆ་བསྐོན་པ་དང༌། དབང་བསྐུར་བ་དང༌། བསྒོམ་པའི་ཚེ་དེའི་ཐུགས་ཀར་ཟཱ་བའི་དཀྱིལ་འཁོར་གྱི་དབུས་སུ་ཕྱིར་བ་ཟློག་ཆེན་མོའི་འཁོར་ལོ་བཀོད་པ་ཤིན་ཏུ་དད་པས་མཉམ་བར་གཞག་ནས་བསྒོམ་མོ། །དེ་ནས་འཆི་བ་འཚོ་བའི་སྔགས་


DTG018_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཟླས་པར་བྱ་སྟེ། སྔགས་ནི་རྒྱུད་ན་གསལ་ལོ། །བསྙེན་པ་བྱེ་བ་བྱས་ལ་ལས་ལ་སྦྱོར་བའི་ཚེ། ཁྲི་བཟླས་ན་འཆི་བ་ཐམས་ཅད་འཚེ་སྟེ། དུས་མ་ཡིན་པར་འཆི་བ་ལས་ངེས་པར་རྒྱལ་ལོ། །དེ་ནས་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་དགྱེས་ནས་འཆི་བ་བླུ་བའི་སྔགས་གསུངས་པ་ནི། འཆི་བདག་གི་བདུད་ཀྱི་གཟུགས་བརྙན་བྱས་ལ། དེའི་སྙིང་གར་གསོད་པའི་འཁྲུལ་འཁོར་བཅུག་ནས་མཁའ་འགྲོ་མ་སྙིང་གནས་སྤྲུལ་ནས་ཧི་ཧི་འདོན་པ་དང༌། ལཱ་མ་སྤྲུལ་ནས་ཧ་ཧ་འདོན་པ་དང༌། དུམ་སྐྱེས་མས་ཧོ་ཧོ་ཞེས་བརྗོད་པ་དང༌། གཟུགས་ཅན་མས་ཧེ་ཧེ་ཞེས་བརྗོད་པ་དང༌། རབ་གཏུམ་མས་ཧཱུཾ་ཧཱུཾ་ཞེས་བརྗོད་པ་དང༌། གཏུམ་མིག་མས་ཧཱུཾ་ཧཱུཾ་ཞེས་བརྗོད་པ་དང༌། འོད་ལྡན་མས་ཕཊ་ཕཊ་ཅེས་བརྗོད་པ་དང༌། སྣ་ཆེན་མས་ཧཱུཾ་ཧཱུཾ་ཞེས་བརྗོད་པ་དང༌། དཔའ་བོའི་བློ་མས་ཛ་ཛ་ཞེས་བརྗོད་པ་དང༌། མིའུ་ཐུང་མས་ས་ས་ཞེས་བརྗོད་པ་དང༌། ལང་ཀའི་དབང་ཕྱུག་མས་སཱ་ཧྷུ་ཞེས་བརྗོད་པ་དང༌། ཤིང་གྲི་བ་མས་ཧཱུཾ་བཾ་ཞེས་བརྗོད་པ་དང༌། ས་སྲུང་མས་ཧཱུཾ་བུཾ་བཞི་དང༌། ཧཱུཾ་གསུམ་བརྗོད་པ་དང༌། དཔའ་མོ་ཆེན་མོས་ཧ་ཧ་ཞེས་བརྗོད་པ་དང༌། རླུང་ཤུགས་མས་བྷུཾ་བྷུཾ་བརྗོད་པ་དང༌། ལྷ་དགྲ་མས་ཧྲཾ་ཧྲཾ་ཞེས་བརྗོད་པ་དང༌། སྔོ་བསངས་མས་ཏྲུཾ་ཏྲུཾ་ཞེས་བརྗོད་པ་དང༌། རབ་བཟད་མས་སཾ་སཾ་ཞེས་བརྗོད་པ་དང༌། ཁྭ་གདོང་མས་ལཾ་ལཾ་ཞེས་བརྗོད་པ་དང༌། འཁོར་ལོའི་ཤུགས་ཅན་མས་དྷིཾ་དྷིཾ་ཞེས་བརྗོད་པ་དང༌། དུམ་སྐྱེས་མས་ཛིཾ་ཛིཾ་ཞེས་བརྗོད་པ་དང༌། གླང་སྣ་མས་ཧཱུཾ་ཧཱུཾ་ཞེས་བརྗོད་པ་དང༌། འཁོར་ལོའི་གོ་ཆ་མས་ཧྲི་ཧྲི་ཞེས་བརྗོད་པ་དང༌། རབ་ཏུ་དཔའ་མོས་ཛཾ་ཛཾ་ཞེས་བརྗོད་པ་དང༌། སྟོབས་ཆེན་མས་ཧོ་ཧོ་ཞེས་བརྗོད་པ་དང༌། འཁོར་ལོས་སྒྱུར་མས་ཧཾ་ཧཾ་ཞེས་བརྗོད་པ་དང༌། བརྩོན་འགྲུས་ཆེན་མོས་ཧོ་ཧོ་ཞེས་བརྗོད་པ་དང༌། གཤིན་རྗེ་བརྟན་མས་ཊཾ་ཊཾ་ཞེས་བརྗོད་པས་གདུག་པ་འདུལ་བ་དང༌། གཤིན་རྗེ་ཕོ་ཉ་མོས་གྷུཾ་གྷུཾ་གིས་མེ་ཏོག་དབུལ་བ་དང༌། གཤིན་རྗེ་མཆེ་བ་མས་གཾ་གཾ་གིས་དྲི་འབུལ་བ་དང༌། གཤིན་རྗེ་འཇོམས་མས་རཾ་རཾ་གིས་བསངས་ནས་མར་མེ་འབུལ་བའོ། །སྒོམ་བཞི་ཛཿཧཱུཾ་བཾ་ཧོཿགླུ་དང་བཅས་པས་འཆི་བདག་ཞི་བ་ལ་སོགས་པ་བྱེད་པས་ཕྲིན་ལས་རྣམ་པ་བཞིའི་


DTG018_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒོ་ནས་ཚེ་འཕེལ་བ་དང༌། འཆི་བདག་གསད་པ་དང༌། དབང་དུ་བྱ་བ་གྲུབ་པར་བྱའོ། །དེ་ནས་གཏོར་མ་གཏང༌། དཀྱིལ་འཁོར་སྙིང་གར་བསྡུ། རང་ཕྱིར་བཟློག་ཆེན་མོའི་སྔགས་ཀྱིས་བསྲུང་ངོ༌། །ལེ་འུ་ཉེ་ཤུ་རྩ་གཉིས་པའི་འགྲེལ་པའོ།། །།

ཉི་ཤུ་རྩ་གསུམ་པ། རྣལ་འབྱོར་མའི་གསང་བའི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་སྒོམ་པ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཆི་བ་བསླུ་བའི་ཕྱིར་བཟློག་ཆེན་མོ་བཤང་ནས། སྡིག་པ་ཟད་པ་དང༌། དམ་ཚིག་ཉམས་པ་གསོ་བའི་དཀྱིལ་འཁོར་འཆད་པར་བཞེས་པས། །དེ་ནས་གསང་བ་བཤད་བྱ་བ། །ཞེས་པ་གསུངས་ཏེ། སྔགས་དེ་ཉིད་ནི་ཀྵའོ། །ཆོ་གའི་རིམ་ཕ་ནི་ལྷ་བསྐྱེད་པའོ། །བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་དཀྱིལ་འཁོར་ཐམས་ཅད་ཀྱི་སྡིག་པ་ཟད་པའི་ཆོ་ག་མཆོག་ཏུ་བཤད་དོ། །རྡོ་རྗེ་སྙིང་པས་སུ་ལ་གསན་ཞེ་ན། འདས་པའི་སངས་རྒྱས་རྣལ་འབྱོར་མའི་བརྒྱུད་པའི་རིམ་པས་གསང་བ་མོ་ལོང་ལྟ་དུ་དང༌། གསང་བ་མཉམ་པ་ཉིད། གསང་བ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས། མཆོག་ཏུ་གསང་བ་བྱ་བ་ནན་ཏན། ཡེ་ཤེས་བཞི་ལས་ལྷའི་སྐུ་བསྐྱེད་པའི་རིམ་པ་དང་རྫོགས་རིམ་དགའ་བ་བཞི་གྲངས་བཞིན་སྦྱར་བ་བསྒོམ་པའི་མཆོག་བསྒོམ་མོ་ཞེས་བྱ་བ་མདོར་བསྟན་པའོ། །ད་ལ་རྒྱས་པར་བཤད་པ་ནི།ཚད་མེད་པའི་རྣལ་འབྱོར་དང་བྱིན་གྱིས་བརླབས་པ་དང༌། བསྲུང་བ་དང༌། ཚོགས་སོགས་པ་དང༌། སྟོང་པ་ཉིད་ཀྱི་རྣལ་འབྱོར་མངོན་དུ་བྱས་ནས། འབྱུང་བ་བཞིའི་རི་རབ་དང་སྣ་ཚོགས་རྡོ་རྗེ་དང་བྷྲཱུཾ་ལས་གཞལ་ཡས་ཁང་བསྐྱེད་ནས། པདྨའི་དབུས་སུ་ཟླ་བ་དང༌། ཉི་མ་དང༌། ཡི་གེ་ཀྵ་དང༌། འོད་ཟེར་སྤྲོ་བསྡུ་གྱུར་བ་ལས་བདག་ཉིད་དཔལ་ཧེ་རུ་ཀ་དཔའ་བོ་དང་མཁའ་བགྲོ་མས་བསྐོར་བ་བསམ་པར་བྱའོ། །རྟེན་དང་བརྟེན་པའི་དང་པོ་སྦྱོར་བའོ། །བཅོམ་ལྡན་འདས་ཀྵ་ལས་སྐྱེས་པའི་སྐུ་མདོག་དམར་པོ། ཡེ་ཤེས་ལྔ་ལས་བྱུང་བའི་ཞལ་ལྔ་དབུས་དམར་བ། གཡོན་པ་སྔོ་ག་རྒྱབ་ལྗང་བ། གཡས་སེར། སྟེང་ཞི་བ་དཀར་པོ། སྤྱན་གསུམ་ཕྱག་བཅུ་གཉིས་པ་ནི་གོ་སླའོ། །དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་བཤད་ནས། ལས་ཀྱི་རྒྱལ་མཆོག་ནི། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། གོ་ཆ་བསྐོན་བ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། ཁ་བསྐང་བའི་རྗེས་ལ། ནུ་མའི་བར་དུ་ཀྵ་ལས་བྱུང་བའི་ཡེ་ཤེས་སེམས་དཔའ་སྔ་མའི་སྐུ་མདོག་


DTG018_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ཕྱག་མཚན་ཅན། ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡེ་ཤེས་སེམས་དཔའ་བསྒོམ་མོ། །དེའི་ཐུགས་ཀར་དབྱངས་ཡིག་བཅུ་གཉིས་ལས་བྱུང་བའི་ཟླ་བའི་སྟེང་དུ་དམ་ཚིག་སེམས་དཔའི་ལ་གྲི་བདེ་བ་ཆེན་བོའི་ཞེས་མིང་འདོགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་བྱུང་བར་བསམ་མོ། །དེའི་མགོ་བོར་ཨོཾ་ལས་སྐུའི་འཁོར་ལོ། ལྐོག་མར་གསུང་གི་འཁོར་ལོ་སྙིང་གར་ཐུགས་ཀྱི་འཁོར་ལོ་བསྒོམས་ནས། འོད་ཟེར་སྤྲོ་བསྡུ་སྔ་མ་བཞིན་དུ་བྱས་ལ། སྔགས་ཀྱི་དེ་ཉིད་འདི་རུ་བཟླས་ཏེ། ཨོཾ་ཞེས་བྱ་བ་ནས་ཨོཾ་ཨཱཿཧུའཾ་ཞེས་བྱ་བའི་བར་དུ་བཅོམ་ལྡན་འདས་ནི་དབྱངས་ཡིག་དང་ཀྵ་ལས་སྐྱེས་པའི་སྙིང་པོའོ། །ཡུམ་གྱི་སྙིང་པོ་ཡང་དེ་བཞིན་ནོ། །ལྷ་མོ་བཞི་ནི་མ་ནིང་གི་ཡི་གེ་བཞི་ལས་སྐྱེས་པའོ། །དཔའ་བོ་རྣམས་ནི་བྷའི་བར་གསལ་བྱེད་ཀྱི་ཡི་གེ་ལས་སྐྱེས་པའི་ས་བོན་དང༌། མིང་སྙིང་པོ་ཡིན་ནོ། །དཔའ་བོ་ཉི་ཤུ་རྩ་བཞི་ནི་མིང་མཚན་གྱི་དང་པོ་ས་བོན་དང་སྙིང་པོ་ཡིན་ནོ། །སྒོ་མ་བཞི་ནི་ཡ་ར་ལ་ཝ་བཞི་སྙིང་པོ་ཡིན་ནོ། །མཚམས་མ་ནི་ཤ་ཥ་ས་ཧ་བཞི་ཡིན་ནོ། སྐུ་གསུང་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་རྣལ་འབྱོར་མའི་གསང་སྔགས་འདི་ནི་ལུས་ཀྱི་དཀྱིལ་འཁོར་དང་སྤྲུལ་པའི་དཀྱིལ་འཁོར་གཉིས་ཀ་བསྐྱེད་པའི་རྟེན་ཡིན་ཏེ། བསྐྱེད་པའི་ས་བོན་དེ་ཉིད་སྙིང་པོ་ཡིན་ནོ། །ཐུགས་དང་གསུང་དང་སྐུ་དང་དམ་ཚིག་གི་ལྷ་མོ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི་རྒྱུད་ན་གསལ་ལོ། །མཚམས་ཀྱི་ལྷ་མོ་བཞི་ནི། མེ་ལོང་དང་དྲིའི་དུང་ཆོས་དང་རོའི་སྣོད་དང་རེག་བྱའོ་གོས་ཡིད་དུ་འོང་བ་གྲི་གུག་སྤངས་པ་ཡིན་ནོ། །ནང་གི་བཞི་དང་སྒོ་མ་རྣམས་ནི། གཡོན་པ་ཐོད་པ་དང་ཁ་ཊྭཱཾ་ག་དང་དྲིལ་བུ། གཡས་པ་གྲི་གུག་དང་ཅང་ཏེའུ་བསྣམས་པ་ཡིན་ནོ། །མཆོག་པ་དང༌། བསྟོད་པ་དང་གཏོར་མ་གཏང་བ་ནི་ཁ་བསྐང༌། ཡང་ན་སྡིག་པ་བཤགས་པའི་ཐབས་གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སངས་རྒྱས་ཡབ་ཡུམ་བཅུ་སྐུ་གསུང་ཐུགས་ཀྱི་སེམས་དཔའ་དང་སེམས་མ་ཉི་ཤུ་དམ་ཚིག་གི་འཁོར་ལོ་ཁྲོ་བོ་སྣ་ཚོགས་པ་དུ་མ་བརྒྱད་བྱའོ། །ཡང་ན་གསུམ་པ་དེ་བཞིན་གཤེགས་པ་ཉ་ཚེ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་


DTG018_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོ་ལ་སྡིག་པ་བཤགས་པའོ། །ཡང་ན་མ་མོ་སུམ་ཅུ་རྩ་དྲུག་གི །གཙོ་མོ་འོད་ཟེར་ཅན་ལ་མོས་པ་སྐུལ་བྱེད་མ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པས་གཙོ་མོ་བྱས་ལ་ལྷ་མོའི་དཀྱིལ་འཁོར་ལ་སྡིག་པ་བཤགས་སོ། །འཁོར་སྣ་ཚོགས་སུ་ཅིའི་ཕྱིར་སྣང་ཞེ་མ་གང་དང་གང་ལ་མོས་པ་མི་རྣམས་ཡིད་དེ་དང་དེ་ལ་སྦྱོར་ས་ནོར་བུ་སྣ་ཚོགས་པའི་མཆོག་ཤེལ་ཡིན་ནོ། །ཡང་ན་སྡིག་པ་བཤགས་པའི་ཐབས་ལྔ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་འཁོར་ནམས་ཀྱང་ཞལ་གཅིག་ཕྱག་གཉིས་པ་སྣ་ཚོགས་ཀྱི་གཟུགས་ཀྱིས་འགྲོ་བ་དད་པའི་གནས་སུ་གྱུར་པ་ཐམས་ཅད་མཁྱེན་པས་སེམས་ཅན་གྱི་དོན་ཐམས་ཅད་མཛད་པ། ཀུན་ལ་ཁྱབ་པའི་བདེ་བ་ཆེན་པོ་ཆོས་ཀྱི་སྐུའོ། །དཀྱིལ་འཁོར་འདི་ཡང་ཞིབ་མོ་རྣམ་པར་འཐག་པ་ཡན་ལག་བཞི་བཅུ་རྩ་བརྒྱད་དང་ལྡན་པའི་སྒྲུབ་པའི་ཐབས་སུ་འགྱུར་རོ། །ལེའུ་ཉི་ཤུ་གསུམ་པའི་འགྲེལ་པའོ།། །།

ཉི་ཤུ་རྩ་བཞི་པ། རིགས་དྲུག་གི་འཁོར་ལོས་སྒྱུར་བའི་བཀའི་ལེའུའི་འགྲེལ་པ།


DTG018_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་སྡིག་པ་བཤགས་པའི་འཁོར་ལོ་བཤད་ནས། གོ་ཆ་དྲུག་གི་འཁོར་ལོ་བཤད་པར་བཞེད་ནས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་པ་གསུངས་ཏེ། རིགས་དྲུག་གི་མཁའ་འགྲོ་བསྐྱེད་པའི་རིམ་པ་ནི་བསྲུང་བའི་དོན་དུ་གསུངས་སོ། །རྒྱས་པར་ཕྱིན་རིགས་དུ་མ་རྣམ་པ་བརྒྱར་བཤད་པའི་ལས་མདོར་བསྡུས་ནས་སྐུ་གསུང་ཐུགས་ཀྱི་རིགས་གསུམ་མམ། ཡེ་ཤེས་ལྔའི་རིགས་ལྔའི་རྒྱུད་སྡེ་བཞི་ལས་བཤད་པ་ཡིན་ལ། གདུལ་བྱ་ཁམས་གསུམ་མ་ལུས་པའི་སྲོག་ཆགས་རྣམས་ཀྱང་རིགས་དྲུག་གི་བག་ཆགས་ལས་འབྱུང་བའི་ཀུན་རིགས་དྲུག་ཏུ་ཡང་དག་པར་འབྱུང་བ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས། དང་པོ་འཁོར་རྣམས་ཀྱི་གླེང་བསླང་བ་ནི། དེ་ནས་རིགས་ཀྱི་ཡུམ་སངས་རྒྱས་སྤྱན་མ་ལ་སོགས་པ་ཡུམ་ཐམས་ཅད་དབང་བོ་དྲུག་བདེ་བའི་དགའ་བ་དང༌། ཡུལ་དྲུག་བདེ་བའི་མགུ་བ་དང༌། རྣམ་པར་ཤེས་པ་དྲུག་བདེ་བའི་རངས་པ་དང༌། འདུས་མ་བྱས་རྟོགས་པའི་ཡིད་བདེ་བ་སྐྱེས་པར་འགྱུར་རོ། །དེ་ནས་སྡུད་པ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ་ཞེས་ཞུས་པ་དང༌། སྔོན་དུ་འགྲོ་བའི་རྣལ་འབྱོར་ལྔ་དང་འབྱུང་བ་བཞི་དང༌། རིང་བ་དང་སྣ་ཚོགས་རྡོ་རྗེ་དང་གཞལ་ཡས་ཁང་བསྐྱེད་པས་དབུས་


DTG018_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་དང་པོ་སྦྱོར་བའི་ས་བོན་འཁོར་ལོའི་ལྟེ་བར་བཾ་འཁོར་ལོའི་རྩིབས་ལྔ་ལ་ཧཱུཾ་བྷྲཱུཾ་ཨཾ་ཏྲཾ་ཁཾ་སྔགས་འདི་གསུངས་པས་སོད་ཀྱི་འཇིག་རྟེན་རབ་ཏུ་གཡོ་ཞིང་སངས་རྒྱས་སྲས་དང་བཅས་པ་དགྱེས་ཤིང་རྒྱལ་ནས་ཀྱང༌། རྡོ་རྗེ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་མི་འཁྲུགས་པ་ལ་སོགས་པའི་རིགས་ལྔ་དང་རྡོ་རྗེ་སེམས་དཔའ་དང་དྲུག་བསྐྱེད་པར་གྲགས་སོ། །དེ་ལ་ལྔ་ནི་མཁའ་འགྲོ་ཧེ་རུ་ཀ་ཞེས་བྱ་བ་ལ། དྲུག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་རྡོ་རྗེ་དཔའ་བོ་ཞེས་གྲགས་སོ། །དེ་ལྟར་མཚན་བཤད་ནས་སྐུ་མདོག་བཤད་པ་ནི། ནམ་མཁའི་མདོག་ཅེས་བྱ་བ་ནས། ཟླ་བའི་འོང་དང་འདྲ་བའི་ཅད་བྱ་བའི་བར་ནི་གོ་སླའོ། །ཐམས་ཅད་ཀྱང་སྤྱན་གསུམ་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཅོད་པ་ན་རུས་པའི་རྒྱུ་ལས་བྱས་པའི་ཕྲེང་བ་ཅན་གདན་གླང་པོ་ཆེ་དང་སེང་གེ་ལ་སོགས་པ་དྲུག་དང༌། ཕྱག་རྒྱ་རྡོ་རྗེས་ལ་རེག་པ་ལངས་ནས། དཀྱིལ་འཁོར་དྲུག་བྲི་བར་བྱ་ཞེས་པའི་བར་དུ་གདན་དང་ཕྱག་མཚན་བཤད་ནས། རྟེན་གྱས་དཀྱིལ་འཁོར་སྟོན་པ་སྒོ་བཞི་དང་ལྡན་པའི་དབུས་སུ། ཤར་གྱི་རྩིབས་ལ་རྡོ་རྗེས་བསྐོར་བ་དེ་བཞིན་དུ་རྩིབས་གཉིས་པ་ལ་འཁོར་ལོས་གསུམ་པ་ལ་རིན་པོ་ཆེས། བཞི་པ་ལ་པདྨས། ལྔ་པ་ལ་སྣ་ཚོགས་རྡོ་རྗེས་བསྐོར་བའོ། །དབུས་སུ་རྡོ་རྗེ་རྩེ་ལྔ་པའི་ཕྲེང་བས་བསྐོར་པའི་དཀྱིལ་འཁོལ་དྲུག་རྣམ་པར་དགོད་དོ། །དཀྱིལ་འཁོར་དྲུག་ལ་གནས་ཉི་ཤུ་རྩ་བ་ཞིང་དགོད་པ་ནི་དབུས་ཀྱི་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་དཀྱིལ་འཁོར་གྱི་རྩིབས་ལ་གནས་བཞིས་བསྐོར་བས་དང་པོ་སྟེ། སྐུ་མདོག་དང་ཕྱག་མཚན་ནི་གོ་སླའོ། །རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ནི་ལྟེ་བའི་གནས་བཞིས་བཞིས་བསྐོར་བས་གཉིས་པ་སྟེ། སྐུ་མདོག་དང་ཕྱག་མཚན་ནི་གོ་སླའོ། །རིན་ཆེན་མཁའ་འགྲོའི་དཀྱིལ་འཁོར་ལ་ཞིང་དང་ཉེ་བའི་ཞིང་གིས་བསྐོར་བས་གསུམ་པ་འོད་བྱེད་པའོ། །པདྨ་མཁའ་འགྲོའི་རྩིབས་བཞི་པ་ལ་ཚནྡོ་ཧ་དང༌། ཉེ་བའི་ཚནྡོ་ཧ་ནི་ལྷས་བསྐོར་བས་བཞི་པ་འོད་འཕྲོ་བའོ། །རྡོ་རྗེ་མཁའ་འགྲོའི་རྩིབས་བཞི་ལ་འདུ་བ་དང་ཉེ་བའི་ལ་དུས་པའི་ལྷས་བསྐོར་བ་ས་ལྔ་བ་སྦྱང་དཀའ་བའི་སྣང་བའོ། །སྣ་ཚོགས་མཁའ་འགྲོའི་རྩིབས་བཞི་ལ་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་


DTG018_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ལྷས་བསྐོར་བ། ས་དྲུག་པ་མངོན་དུ་གྱུར་པའི་སྣང་བའོ། །སྐུ་མདོག་དང་ཕྱག་མཚན་ཐམས་ཅད་ནི་གོ་སླའོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་པཉྩ་རཱ་ག་ནི་ཡི་དགས་ཀྱི་ཕྲེང་བས་བསྐོར་བའོ། །འཁོར་ལོ་དྲུག་པོ་དེའི་རྒྱབ་ཀྱི་ཟུར་བཞི་ལ་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡུམ་བཞི་དགོད་དོ། །བུམ་པ་བཞི་དང་ཐོད་པ་བཞི་ནི་དབུས་ཀྱི་དཀྱིལ་འཁོར་གྱི་མཚམས་སུ་དགོད། ཡུམ་བཞི་ནི་སའི་ལྷ་མོ་བཞི་ཡིན་པ་དང༌། མཚམས་ཀྱི་ལྷ་མོ་སྒོམ་དང་བཅས་པ་ནི་རྒྱུད་ན་གསལ། དེ་ལྟར་དཀྱིལ་འཁོར་གྱལ་མཆོག་བཤད་ནས། ལས་ཀྱི་རྒྱལ་མཆོག་ནི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐུགས་གནས་ནུ་མའི་བར་དུ་བཞུགས་པར་ལྟའོ། །ཡེ་ཤེས་སེམས་དཔའ་གཞུག་པ་དང༌། གོ་ཆ་དང་དབང་བསྐུར་བ་དང༌། བདུད་རྩི་མྱོང་བ་དང༌། བསྒོམས་པའི་ཐུགས་ཀར་ཧཱུཾ་ལས་ཐུགས་ཀྱི་འཁོར་ལོ། ནུ་མའི་བར་དུ་བཾ་ལས་ཡེ་ཤེས་ཀྱི་འཁོར་ལོ། ལྐོག་མར་ཨཱ་ལས་གསུང་གི་འཁོར་ལོ། སྲོག་དང་རྩོལ་བ་ལས་དབུགས་འབྱུང་རྔུབ་དང་བཅས་པ་སྤྲོ་བསྡུ་བསྒོམ་པར་བྱའོ། །གཙོ་བོ་ལྷ་ལྔ་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་སྟེང་དུ། རང་གི་ནུ་མའི་བར་དུ་རང་གི་ཡེ་ཤེས་སེམས་དཔའ་ས་བོན་དང་བཅས་པ་བཞི་བསྒོམ་པར་བྱའོ། །ངག་གི་གསང་སྔགས་གསུངས་པ་ནི་རྒྱུད་ན་གསལ་ལོ། །འཁོར་ཀུན་གྱིས་གསང་སྔགས་ནི་གཙོ་བོ་དང་འཁོར་གྱི་དཔའ་བོ་དང་དཔའ་མོ་བཞི་བཞི་མཁའ་འགྲོ་མའི་བཟླས་པ་བྱའོ། །ཡང་ན་སྤྲོ་བ་སྡུ་མི་བྱ་བར་དམ་ཚིག་ཆེན་པོ། ཁ་སྦྱོར་བ་ཡིས་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཐམས་ཅད་ཀྱི་དམ་ཚིག་དང་ཤེས་རབ་ཀྱི་དམ་ཚིག་མཆོག་ཏུ་གྱུར་པས་གཉིས་སུ་མེད་པའི་སྦྱོར་ངས་མགལ་མེའི་འཁོར་ལོ་བཞིན་དུ་བཟླས་ནས་འཁོར་ལོས་སྒྱུར་བ་དྲུག་གིས་དངོས་གྲུབ་འཐོབ་བོ། །ཡང་རྡོ་རྗེ་སེམས་དཔའི་གནས་སུ་རྣམ་སྣང་ལ་སོགས་པའི་རིགས་དྲུག་གང་ལ་དང་པའི་རྣལ་འབྱོར་པས་དབུས་སུ་བཞག་པས་གནས་ལ་སོགས་པས་བསྐོར་བས་དཀྱིལ་འཁོར་དྲུག་ཏུ་འགྱུར་རོ་ཞེས་འདས་པའི་སངས་རྒྱས་རྣལ་འབྱོར་མའི་བཀའ་དང༌། འདས་པའི་དེ་བཞིན་གཤེགས་པའི་བླ་མ་བརྒྱུད་པས་རིགས་དྲུག་ཏུ་འགྱུར་གྱི། གཞན་དུ་ན་སྔགས་པ་རིགས་དྲུག་སོ་སོ་ལ་དད་ཀྱང་གཙོ་བོ་གང་གཞག་པ་མི་འགེགས་པས་འཁོར་བར་འགྱུར་ཞིང༌། ཞལ་མཐོང་པ་དང་


DTG018_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཀའི་སྣང་བ་ཡང་མི་འཐོབ་བོ། །འདི་ལ་ཡང་བསྟོད་པ་དང་མཆོད་པ་དང་གཏོར་མ་གཏང་བ་ཁ་བ་སྐད་དོ། །ཞིབ་མོ་རྣམ་པར་འཐག་པ་སྒྲུབ་པའི་ཐབས་ཡན་ལག་བཞི་བཅུ་རྩ་བརྒྱད་དང་ལྡན་པ་འདི་ཡང་བསྒོམ་པར་བྱའོ། །ལེའུ་ཉི་ཤུ་རྩ་བཞི་པའི་འགྲེལ་བའོ།། །།

ཉི་ཤུ་རྩ་ལྔ་པ། སྐུ་གསུང་ཐུགས་ཀྱི་གནས་ཀྱི་རིམ་པའི་ལེའུའི་འགྲེལ་པ།


DTG018_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་ལ་ཕྱིར་བཟློག་གི་འཆི་བདག་གི་བདུད་ལས་བསྲུངས། སྡིག་བ་ཟད་པའི་འཁོར་ལོས་ཉོན་མོངས་པའི་བདུད་ལས་བསྲུངས། གོ་ཆའི་འཁོར་ལོས་ཕུང་པོ་དང་ལྷའི་བདུད་ལས་བསྲུངས་ནས། མཆོད་པའི་འཁོར་ལོ་བསྟན་པར་བཞེད་པས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་སོ། །རྣལ་འབྱོར་གྱི་ལམ་མཆོད་པའི་འཁོར་ལོ་རྙེད་པར་དཀའ་བས་རྣལ་འབྱོར་མ་ཡབ་ཡུམ་སྦྱོར་པའི་རྐྱེན་གནས་ཀྱི་སྙིང་པོ་ལས་མངལ་སྐྱེས་ཀྱི་གནས་ཀྱི་རིམ་པ་འཁོར་རྣམས་སྐད་ཅིག་གིས་སྐུར་འབྱུང༌། སྐད་ཅིག་གིས་ཕྱག་མཚན་དང་རྒྱན་གྱི་མཚན་མ་དང་ལྡན་པ་སྟེ། མདོར་བསྟན་པའོ། །རྒྱས་པར་བཤད་པ་ནི་དང་པོར་སྔོན་འགྲོ་ལྔ་དང༌། འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་དང་བདུན་བསྐྱེད་པའི་དུས་སུ་རྒྱུའི་ཧེ་རུ་ཀ་མངོན་པར་བྱང་ཆུབ་པ་ལྔས་རྡོ་རྗེ་སེམས་དཔའ་བསྐྱེད་ནས། མངལ་སྐྱེས་ཀྱི་མཆོད་པའི་འཁོར་སྤྲོས་ནས། བདེ་བ་ཆེན་པོ་བླ་ན་མེད་པར་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་ཞུ་བ་དང༌། དེ་ལ་འཁོར་གྱི་ལྷ་མོ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་དང༌། མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱིས་གསོལ་བ་འདེབས་ཤིང་གླུས་བསྐུལ་བ་ནི། ཁྲོ་བོ་བདེ་བ་དགྱེས་པ་ཡིས། །བདེ་བའི་ལོངས་སྤྱོད་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་དྲུག་གིས་གླུས་བསྐུལ་བ་ནི་ཕྱི་ནས་སྟོན་ཏོ། ཐིགས་ལེ་དེ་ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀ་དེའི་མངོན་པར་བྱང་ཆུབ་པའི་རིམ་པས་སྐད་ཅིག་གིས་ཟར་མའི་མེ་ཏོག་ལྟ་བུ་ཁ་དོག་སྔོ་སྐྱ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཕྱག །ཡེ་ཤེས་བཞིའི་ཞལ་ཞེས་བྱ་བ་ནས། ལྟེ་བའི་དབུས་སུ་བཅོམ་ལྡན་བཞུགས། །ཞེས་བྱ་བའི་བར་གཙོ་བོ་ཡབ་ཡུམ་བསྐྱེད་པ་བསྙེན་པའོ། །ཤར་གྱི་འདབ་སོགས་ཕྱོགས་ཆལ། །མཁའ་འགྲོ་མ་སོགས་བཞི་པོ་དགོད། །ཅེས་བྱ་བ་ནས། དེའི་སྟེང་ཐོད་


DTG018_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ནི། བྱང་ཆུབ་སེམས་ཀྱིས་རབ་གང་བ། །ཞེས་བྱ། ཡེ་ཤེས་ཀྱི་འཁོར་ལོའི་སྐུ་མདོག་དང་ཕྱག་མཚན་ནི་གོ་སླའོ། །ཕྱི་རོལ་གྱི་འཁོར་ལོ་གསུམ་ལ་ཐུགས་ཀྱི་འཁོར་ལོ་ལ་ཀཻ་རི་ལ་སོགས་པ་བརྒྱད་དང༌། གསུང་གི་འཁོར་ལོ་པི་ཝང་མ་ལ་སོགས་པ་བརྒྱད་ནི། ལག་པ་གཡོན་པའི་ཚུལ་ཅན་ནི། སོའི་ཕྲེང་བ་ཐོགས་པའི་བཞད་པ་མའོ། །རྡོ་རྗེ་དྲིལ་བུའི་ཚུལ་ཅན་ནི་སྒེག་མོའོ། །ཁར་ཁྲོལ་གྱི་ཚུལ་ཅན་ནི་གླུ་མཁན་མའོ། །པདྨའི་གར་བསྐོར་བའི་ཚུལ་ཅན་ནི་གར་མའོ། །ཕྱག་ལྷག་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་སྟེ། ཕྱག་བཞིའོ། །སྐུའི་འཁོར་ལོའི་མེ་ཏོག་མ་ལ་སོགས་པ་བརྒྱད་ཞལ་གཅིག་ཕྱག་བཞི་མ། གཡས་པས་མེ་ཏོག་དང་བདུག་པ་དང༌། མར་མེ་དང་བྱུག་པ་དང༌། མཚམས་སུ་མེ་ལོང་དད་རོའི་སྣོད་དང༌། རེག་བྱའི་གོས་དང༌། ཆོས་ཀྱི་དབྱིངས་གྲུ་གསུམ་པ་ཐོགས་པ། ཕྱག་ལྷག་མ་གཉིས་ཀྱིས་ཅང་ཏེའུ་དང་ཁ་ཊྭཱཾ་ག་བསྣམས་པའི་ཞལ་གཅིག་ཕྱག་བཞི་མའོ། །བསྒོམས་བཞིན་དང་མཚམས་ཀྱི་ལྷ་མོ་ནི་གོ་སླའོ། །ཉེ་བའི་བསྙེན་བའོ། །སྒྲུབ་པའི་ལུས་ཀྱི་དཀྱིལ་འཁོར་ནི་སྙིང་གར་ནུ་མའི་བར་དུ་ཡེ་ཤེས་སེམས་དཔའ་ལྷ་མོ་བཅུ་གཉིས་ཀྱིས་བསྐོར་བ། དཔྲལ་བར་སྐུའི་འཁོར་ལོ་དཀར་པོ། ལྐོག་མར་གསུང་གི་འཁོར་མོ་དམར་པོ། སྙིང་གར་ཐུགས་ཀྱི་འཁོར་ལོ་སྔོན་པོ། དཔའ་བོ་དང་དཔའ་མོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ་མན་དག་གིས་རྗེས་ལ་བསྒོམ་པ་ནི་སྒྲུབ་པའོ། །སྒྲུབ་པ་ཆེན་པོ་ལས་ཀྱི་རྒྱལ་མཆོག་ནི། སྙིང་གའི་པདྨ་དང་ཟླ་བ་དང་ཧཱུཾ་གི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ལ། ཕྱག་འཚལ་མཆོད་པ་དང་བསྟོད་པའི་རྗེས་ལ་དབང་བསྐུར་ནས་གཅིག་ཏུ་གྱུར་པས་བསམ་མོ། །དེའི་རྗེས་ལ་བསྒོམ་པ་ནི། སྤྲོ་བསྡུ་ཡེ་ཤེས་ཀྱི་བཟླས་པ་སྲོག་རྩོལ་དབུགས་རྔུབ་པ་དང་བསྒྲགས་ནས། དཔྲལ་བ་ནས་སྐུའི་འཁོར་ལོ་སྤྲོ་བ་དང༌། ལྐོག་མའི་ཨཱཿལས་གསུང་གི་འཁོར་ལོ་སྤྲོ་བ་དང༌། སྙིང་གར་ཧཱུཾ་ལས་ཐུགས་ཀྱི་འཁོར་ལོ་སྤྲོ་བ་དང༌། ནུ་མའི་པར་གྱི་ཧཱུཾ་ལས་ལྷ་མོ་བཅུ་གཉིས་སྤྲོ་བ་དང༌། ངག་གི་བཟླས་པའི་སྔགས་ནི་གོ་སླའོ། །བཟླས་པས་སྐྱོ་ན་བུམ་པ་བཞིའི་བདུད་རྩིའི་


DTG018_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མྱངས་ནས་བཟླས་པ་བྱའོ། །ཐབས་རང་དུ་སྦས་པའི་ཤེས་རབ་ཀྱི་ལྷ་མོར་རང་སྣང་བའི་ཐབས་དང་རིག་པའི་ལུས་གཉིས་སུ་མེད་པ་གདུལ་བྱ་འགྲོ་བ་གསུམ་པོ་མཆོད་པའི་འཁོར་ལོའི་གཟུགས་བྱས་ནས། དཔྲལ་བ་སྐུ་དང༌། ལྐོག་མ་གསུང༌། སྙིང་ག་ཐུགས་ལ་བསྡུ་ནས། རྒྱུ་བ་སེམས་ཅན་དང༌། མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལྷའི་འཁོར་ལོར་བལྟ་བར་བྱ་བ་ནི། བསྒོམ་པའི་དངོས་གཞིའོ། །དཀྱིལ་འཁོར་ནི་མང་ལ་སྐྱེས་ཡིན་པས་རྒྱུའི་ཧེ་རུ་ཀ་ཞུ་བ་ལས་དམ་ཚིག་ཅན་འབྲས་བུའི་ཧེ་རུ་ཀ་ལངས་པའི་དུས་སུ། གླུས་བསྐུལ་བ་ནི། ཁྲོ་བོའི་བདེ་བ་དགྱེས་པ་ཡི། །ཞེས་པ་ཚིགས་བཅད་གཅིག་ཡེ་ཤེས་ཀྱི་ལྷ་མོ་ཞལ་བཞི་ཕྱག་བརྒྱད་པའི་གླུ་ཡིན་ནོ། །བདེ་ཆེན་བདེ་བཟའི་གར་གྱིས་རོལ། །ཞེས་པ་ནས། ཨཱ་རལླི་ཧོ་ཞེས་པའི་བར་གྱི་ནི་ཐུགས་ཀྱི་འཁོར་ལོའི་ལྷ་མོ་ཞལ་གཅིག་ཕྱག་བཞི་མའི་གླུའོ། །རབ་དགྱེས་མགོན་པོ་དགྱེས་བཞུགས་མཛོད། །ཅེས་པའི་ཚིགས་བཅད་གཅིག་གི་འཁོར་ལོའི་པི་ཝང་མ་ལ་སོགས་པ་བཞིའི་གླུའོ། །ཐར་པའི་མཚན་ཉིད་ལྡན་པའི་ཁྱོན། །ཞེས་པའི་ཚིགས་བཅད་གཅིག་ནི་མེ་ཏོག་མ་ལ་སོགས་པ་ལྷ་མོ་བརྒྱད་ཀྱི་གླུའོ། །ཆགས་པའི་འདམ་གྱིས་ཁྱོད་མ་སྒྱུར། །ཞེས་པའི་ཚིགས་བཅད་གཅིག་གིས་དམ་ཚིག་གི་འཁོར་ལོ་སྟེ་ཡེ་ཤེས་ལྔ་སྟོན་པའི་གླུ་ཡིན་ནོ། །འདི་ཡིས་མགོན་པོ་བསྐུལ་ནས་ནི། །འབྲས་བུའི་ཧེ་རུ་ཀ་བཞེངས་པས་དཀྱིལ་འཁོར་ངེས་པར་འགྲུབ་བོ། །སྙན་ཅིང་འཇམ་པའི་དབྱང་ཞེས་པ་ཚིགས་བཅད་ཕྱེད་དང་གཉིས་ནི་མངལ་སྐྱེས་ཀྱི་གླུའི་ཕན་ཡོན་སྟོན་ཏོ། །འདིར་འཆད་པའི་གོ་རིམས་ཅི་ཡིན་ཞེ་ན། རྣལ་འབྱོར་བསྒོམ་པའི་དུས་སུ་དབྱང་ཡིག་བཅུ་གཉིས་ཀྱི་ཆ་དང་ལྡན་པའི་ཟླ་བ་རྡོ་རྗེ་ལ་ཐིམ་ནས། བསྒོམ་པའི་དུས་སུ་དགྱེས་པའི་གླུ་འདིས་བསྐུལ་ནས་བདེ་བ་ཆེན་པོ་ལ་སློང་བའི་གླུ་ཡིན་བས་རྒྱའི་ཧེ་རུ་ཀ་སློང་བ་དང༌། ཟླ་བ་རྡོ་རྗེ་ལས་སློང་བ་གཉིས་ཀ་ཟིན་པའི་ཕྱིར་ཕྱི་ནས་བཤད་དོ། །ལྡང་པའི་ཚེ་བསྲུང་བ་ནི་ཡི་གེ་བརྒྱ་པ་སྟེ་ཐོག་མ་དབང་གི་དུས་དང༌། བར་དུ་བསྒོམ་པའི་དུས་དང༌། ཐ་མར་ལྡང་བའི་དུས་གསུམ་དུ་ཡི་གེ་བརྒྱ་པ་བཟླའོ། །གནས་གང་དུ་དགོད་ཅེ་ན། ལྡང་བའི་ཚེ་སྙིང་གར་ཕྱིར་ཟློག་ཆེན་མོའི་འཁྲུལ་འཁོར་བཀོད་ལ། དེའི་འདབ་མ་བཅུ་དྲུག་ལ་ཡིད་ཀྱིས་བྲིས་ལ་


DTG018_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཟླས་པ་བྱས་ནས། ལྷག་པ་དང་མ་ཚང་བ་བསྐང་བས་བདག་ཉིད་བརྟན་པར་བྱེད་དོ། །ལངས་བའི་ཚེ་སྟོང་གསུམ་གཞལ་ཡས་ཁང་རང་གི་ལྷག་པའི་ལྷར་ཁམས་གསུམ་པོ་བལྟ་བར་བྱའོ། །བསྐྱེད་པའི་རིམ་པ་བསྟན་ནས། ཟབ་པ་རྫོགས་པའི་རིམ་པ་ནི། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་ནས་སྲིད་པའི་དཔའ་བོ་ཞལ་གཅིག་ཕྱག་གཉིས་པའི་ངོ་བོ་ཉིད་དེའི་སྲིང་བ་བདག་གི་བལྟ་བས་སྟོང་པ་དང་རང་གི་ལུས་དག་ཡིད་གསུམ་བདག་ཏུ་བལྟ་བས་སྟོང་པར་བསྒོམ་མོ། །དེ་ལྟར་བདག་མེད་པའི་སེམས་ཀྱི་སྟོང་ཉིད་ལ་གནས་ན། བསྐྱེད་པའི་རིམ་པ་འདི་དཀའ་ཐུབ་ལ་སོགས་པ་གང་ཡང་བྱ་མི་དགོས། རྡོ་རྗེ་འཆང་ཆེན་པོ་དངོས་ཡིན་པས་རང་རངས་པའི་འདུས་མ་བྱས་ལ་བདག་དང་བདག་གིར་ལྟ་བར་དགག་བ་ཉིད་ཀྱང་མི་མཛད་དོ། །ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གི་སེམས་ཀྱི་ཆོས་ཉིད་ནི། མཐོང་བ་མཆོད་པའང་དེ་ཡིན་ནོ། །དེའི་རྒྱུ་མཚན་ཅན་གྱིས་རྫོགས་རིམ་ནི་གཏུམ་མོ་དྲོད་སྦར་ནས་སྙིང་གའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཞུས་པས་ཟླ་བའི་དཀྱིལ་འཁོར་དགའ་བ་བཞིར་རྫོགས་པར་ལྟེ་བའི་དབུས་སུ་བབས་ནས་གནས་བསམས་པ་དང༌། ཡི་གེ་གནས་ཀྱི་མཆོག་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པས་དེའི་དབུས་སུ་གནས་པར་བསམས་ཏེ། དེ་ཡང་སྐུ་བྱང་ཆུབ་ཀྱི་སེམས་དང་གསུང་ཁྲག་གི་ཐིག་ལེ་དང༌། ཐུགས་སྲོག་གི་རླུང་ཕྱིར་མི་འབྱུང་བར་གནས་པ་རྡོ་རྗེ་ཅན་བསམ་གཏན་གྱི་ལྷའི་སྐུ་ཡིན་ནོ། །དེ་ལྟར་མཚན་བཅས་ཀྱི་རྫོགས་རིམ་ལས་མཚན་མ་མེད་པར་སྒོམས་པའི་གཟུང་བ་རང་བཞིན་མེད་པ་དང༌། འཛིན་པ་རང་བཞིན་མེད་པའི་འདུ་ཤེས་མེད་པའམ། འགོག་པའི་སྙོམས་པར་འཇུག་པ་བཞིན་དུ་སེམས་རྒྱུན་འཆད་པ་མ་ཡིན་པ་ཆགས་པས་སེམས་བརྟག་པ་མ་ཡིན་ཆགས་པར་རྒྱུན་འཆད་པ་མ་ཡིན། གཉི་ག་འདྲེས་པ་མ་ཡིན་པའི་ཡེ་ཤེས་སྙིང་གའི་དབུས་ན། དམིགས་པ་མེད་པ་འདུས་མ་བྱས་ལ་གནས་པ་རྗེས་དཔག་གི་གཏན་ཚིགས་མ་ཡིན་པས་མངོན་སུམ་གྱི་ཡུལ་ཕྱག་རྒྱ་བཞིའི་བུད་མེད་ཐམས་ཅད་ཀྱི་རྣལ་འབྱོར་མ་དང་སྙོམས་པར་འཇུག་པའི་ཐུགས་རྡོ་རྗེ་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ལས་སྐྱེས་པའི་དགའ་བ་བཞིའི་མཆོད་པ་བྷ་ག་ཟླ་ཆོས་ཀྱི་སྟེང་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཡུལ་ས་བོན་ཕྱག་རྒྱའི་རྣམ་པར་


DTG018_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་པ་ལ་མངོན་སུམ་དུ་སྣང་བས་མཆོག་ཏུ་བཤད་པའོ། །དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པས་ནི་མི་ཤིགས་པ་སྟེ། ཡུལ་ཕྱག་རྒྱ་བཞི་དང་དབང་པོ་བདག་པོའི་རྐྱེན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་དང༌། མཚུངས་པ་དེ་མ་ཐག་པའི་རྐྱེན་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པ་ལས་ས་དང་པོའི་ཡེ་ཤེས་ཀྱི་བྱང་ཆུབ་སྐྱེས་པའི་མིང་ནི་རྙོག་པ་མེད་པའི་གཞུང་མངོན་སུམ་གྱི་ལམ་དོན་དམ་སྙིང་པོ་ཡིན་ལ། གཞུང་གཞན་རྗེས་དཔག་གིས་གཏན་ལ་ཕབ་པའི་སྟོང་ཉིད་ནི་ལོག་ལྟའི་འོད་གསལ་ཡིན་ནོ། །སོགས་པའི་སྒྲས་ནི་མུ་སྟེགས་ཅན་གྱི་དོན་དམ་ཐམས་ཅད་བསྡུའོ། །ཤེས་རབ་དམན་པ་དང་ཐབས་ངན་པས་མངོན་གསུམ་གྱི་ལམ་ལ་སྨད་ན་མནར་མེད་པར་ལྟུང་ངོ༌། །དེ་ལྟར་ལེའུ་བཞི་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་གིས་རྫོགས་རིམ་དང༌། ལེའུ་བཅུ་བཞི་པའི་རིམ་པ་བཞི་བསྒོམ་པ་དང༌། ལེའུ་འདིའི་ཐིག་ལེ་བསྒོམ་པ་དང༌། རྒྱུད་འབུམ་པའི་སྟོང་ཕྲག་གསུམ་གྱི་དོན་བསྡུས་པས་ཕན་ཚུན་གཅིག་གིས་གཅིག་འགྲེལ་པ་ཡིན་ནོ་ཞེས་གདམས་ངག་གིས་སྟོན་ཏོ། །ལེའུ་ཉི་ཤུ་རྩ་ལྔ་པའི་འགྲེལ་པའོ།། །།

ཉི་ཤུ་རྩ་དྲུག་པ། དམ་ཚིག་ལྶ་ལྡང་བ་སངས་རྒྱས་ཐོད་པ་བསྐྱེད་པའི་ལེའུའི་འགྲེལ་པ།


DTG018_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་མཆོད་པའི་དཀྱིལ་འཁོར་བཤད་ནས། བདུད་རྩི་མྱང་བའི་དཀྱིལ་འཁོར་སྟོན་པས། དེ་ནས་སྦྱོར་བ་བཤད་བྱ་བ། །ཞེས་གསུངས་ཏེ། སངས་རྒྱས་ཐོད་པའི་ནང་དུ་བསྐྱེད་པ་མཆོག་སྐུ། དམ་པ་གསུང༌། སྦྱོར་བ་ཀུན་གྱི་མཆོག་ཐུགས། དེས་དངོས་གྲུབ་ཐམས་ཅད་གསོལ་བ་འབྲས་བུ་ཀུན་རྫོབ་ཏུ་ཨོཾ་སྦ་ཞིང་ཨཱཿགསང་བ་དང་ཧཱུཾ་སུ་ལ་ཡང་མི་བསྟན་ཏོ། །རྣལ་འབྱོར་མ་ཐམས་ཅད་ཀྱི་སྙིང་ལ་གནས་པའི་ཨོཾ་ཨཱཿཧཱུཾ་གསུམ་དེ་ཉིད་མཆོག་ཏུ་བཟུང་ན་སྦས་པ་སྒྱུ་མ་དང༌། གསང་བ་འོད་གསལ་དང་ཞེས་པ་ཟུང་འཇུག་བླ་མའི་ཞལ་ནས་བསྒོམ་པར་བྱའོ། །དེ་བསྒོམ་པའི་གནས་ནི་ཚིགས་བཅད་གཅིག་གིས་བསྟན་ཏོ། །སྔོས་འགྲོ་ལྔ་དང་འབྱུང་པ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་དང་བདུན་བསྐྱེད་པའི་དབུས་སུ་ཉི་ཟླ་ཁ་སྦྱོར་གྱི་ལྟེ་བའི་ཧཱུཾ་དེ་ཡོངས་སུ་གྱུར་པའི་སྤྲོ་བསྡུ་ལས་སངས་རྒྱས་ཐོད་པ་ཅན་གྱི་མཆོག་བསྐྱོད་དོ། །དེའི་རྒྱུའི་རྒྱས་བཤད་ནི་ཟླ་བ་མེ་ལོང་ལྟ་བུའི་གནས་མེད་པ་ཉི་མ་མཉམ་པ་ཉིད་ཀྱིས་ཞི་བ་ཧཱུཾ་སོ་སོར་ཀུན་དུ་རྟོག་པ་དག་པ། སྤྲོ་བསྡུ་རྣམ་རྟོག་སྤངས་པ་བྱ་བ་ནན་ཏན། དེ་ལྟ་བུའི་ཨཱ་ལི་ཀཱ་ལི་


DTG018_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་བྱུང་བའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ཞི་བ་ཞལ་གཅིག་ཕྱག་གཉིས་པ་ཞེས་བྱ་བ་ནས། འཇིགས་བྱེད་དང་ནི་དུས་མཚན་དག །སྲེད་དང་ལྡན་པ་ཞབས་ཀྱིས་གནོན། །ཞེས་བྱ་བའི་བར་དུ་གོ་སླའོ། །དེའི་ནུ་མའི་བར་དུ་ཡེ་ཤེས་སེམས་དཔའ་ལྷ་མོ་བཅུ་གཉིས་ཀྱིས་བསྐོར་བ་ཞལ་གཅིག་ཕྱག་གཉིས་པའི་གཟུགས་ཅན་བྷཱུཾ་ལས་བྱུང་བ་བསྒོམ་མོ། སྙིང་གར་ཐུགས་ཀྱི་འཁོར་ལོ་སྔོན་པོ། ལྐོག་མར་གསུང་གི་འཁོར་ལོ་དམར་པོ། དཔྲལ་བར་སྐུའི་འཁོར་ལོ་དཀར་པོ། འཁོར་ལོ་གསུམ་པ་ཞལ་གསུམ་ཕྱག་དྲུག་པ་བསྒོམ་པ་ནི་གོ་སླའོ། །ནུ་མའི་བར་གྱི་ཡེ་ཤེས་སེམས་དཔའ་ལ་མཁའ་འགྲོ་མ་དང༌། ལཱ་མ་དང༌། དུམ་སྐྱེས་མ་དང༌། གཟུགས་ཅན་མ་བཞི་པདྨའི་ཕྱོགས་ལ་དགོད་པ་དང༌། ཐོད་པ་བཞི་མཚམས་སུ་དགོད་པ་དང༌། ཕྱི་རོལ་གྱི་པདྨ་བརྒྱད་ལ་ཁྭ་གདོང་མ་དང༌། གཤིན་རྗེ་བརྟན་མ་ལ་སོགས་པ་དགོད་དོ། །མཚམས་ཀྱི་ལྷ་མོ་བཞི་ནི་ཕྱག་གཡས་པ་མི་འཇིགས་པ་སྦྱིན་པས་མེ་ལོང་དང༌། གླིང་བུ་དང་དྲིའི་སྣོད་དང་ཆོས་དང་རོ་ཡིས་གང་བའི་ཐོད་པ་བསྣམས་པ། གཡོན་པས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་ལྷ་མོ་ཅང་ཏེའུ་དང་གྲི་གུག་བསྣམས་པའོ། །དེ་ལྟར་ལུགས་ཀྱི་ནང་དུས་བཅུའི་རིམ་པ་སྐུ་གསུང་ཐུགས་ཀྱི་སྦྱོར་བ་བསྒོམས་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣམ་པར་དག་པ་བསྒོམ་མོ། །དཔའ་བོ་རྣམས་ཀྱི་སྙིང་པོ་ནི། ཨོཾ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནས་བྷཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་བར་དཔའ་བོ་ཉི་ཤུ་རྩ་བཞིའི་སྙིང་པོ་ཡིན་ནོ། །མཁའ་འགྲོ་མ་རྣམས་ཀྱི་མིད་ཉིད་སྙིང་པོ་ཡིན་ནོ། །སྐུའི་བརྒྱད་ལ་ཨོཾ་དང་སྤེལ། གསུང་གི་བརྒྱད་ལ་ཨཱཿདང་སྤེལ། ཐུགས་ཀྱི་བརྒྱད་ལ་ཧཱུཾ་དང་སྤེལ་བ་ནི། དཔའ་བོ་རྣམས་ཀྱི་ཡིན་ནོ། །མཁའ་འགྲོ་མ་ལ་སོགས་པ་བཞིའི་ནི་མ་ནིང་གི་ཡི་གེ་བཞི་དང༌། མིང་མཚན་གྱི་དང་བ་བཞི་སྔགས་སུ་འགྱུར་རོ། །སྒོ་མ་བཞི་ལ་ཡ་ར་ལ་ཝ། མཚམས་ཀྱི་ལྷ་མོ་བཞི་ལ་ཤ་ཥ་ས་ཧ། ཐོག་མའི་ཨོཾ་དང་ཐ་མའི་ཧཱུཾ་གཉིས་ཕཊ་དང་སྦྱར་བ་ནི་སྙིང་པོའོ། །དབུས་ཀྱི་སངས་རྒྱས་ཐོད་པའི་གོ་སླའོ། །ལུས་ཀྱི་དཀྱིལ་འཁོར་འབྱུང་བ་ལྔ་སངས་རྒྱས། སྐྱེ་མཆེད་དྲུག་སེམས་དཔའ་ཡིག་འབྲུ་ལ་སོགས་པ་བཞིན་དུ་བསྐྱད་པ་ལ་སྦྱར་བར་བྱའོ། །ལས་ཀྱི་རྒྱལ་


DTG018_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་དང༌། གོ་ཆ་བསྐོན་པ་དང༌། དབང་བསྐུར་བ་དང༌། གཅིག་ཏུ་གྱུར་པར་བསྒོམས་ལ། མཚམས་ཀྱི་ལྷ་མོ་བཞིའི་ཕྱག་ན་གནས་པའི་མཆོད་པ་བཞི་སྔགས་ཀྱིས་མཆོད་པར་བྱ་སྟེ། ཨོཾ་རུ་པ་བཛྲཱ་ཧཱུཾ། ཨོཾ་གནྡྷ་བཛྲི་ཧཱུཾ། ཨོཾ་ར་ས་བཛྲཱི་ཧི་ཞེས་སངས་རྒྱས་ཐོད་པ་དང༌། ལུས་ཀྱི་རྒྱན་གྱི་དཀྱིལ་འཁོར་ཐམས་ཅད་ལ་གསང་བའི་མཆོད་པ་བཞི་པོ་བཟླས་ནས་མཆོད་པར་བྱའོ། །བསྒོམ་པ་ནི་འཁོར་ལོ་གསུམ་གྱི་སྤྲོ་བསྡུ་སྔ་མ་བཞིན་དུ་བྱའོ། །བཟླས་པ་ཡང་སྔ་མ་བཞིན་ནོ། །བདུད་རྩི་མྱང་བ་དང༌། མཆོད་པ་དང༌། གཏོར་མ་གཏང་བ་ཡང་སྔ་མ་བཞིན་ནོ། །སངས་རྒྱས་ཐོད་པ་ནི་བསྒོམ་པའི་འབྲས་བུ་ནི་གསུམ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་དམ་ཚིག་ཉམས་པ་བསྐང་བའི་ཐབས་ནི། གསང་སྔགས་ཀུན་གྱི་དམ་ཚིག་ནི། །ཞེས་བྱ་བ་ནས། ཡེ་ཤེས་ལྷ་ཡི་འཆི་མེད་མཆོག །ཅེས་བྱ་བས་ཐོད་པའི་བདུད་རྩི་མྱངས་པས་དམ་ཚིག་བསྐང་བ་དང་པོའོ། །ཡང་ན་རང་གི་མིང་དང་སྔགས་བཟླས་པ་གཉིས་པའོ། །གསུམ་པ་དམ་ཚིག་ཉམས་པ་ཞི་བར་འགྱུར་ཞིང་སྐལ་བ་དང་ལྡན་པའི་རྣལ་འབྱོར་པ་རྣལ་འབྱོར་མའི་འཁོར་ལོ་ལས་དབང་བསྐུར་བ་དུས་བཞི་རུ་ཕྱི་དང་ནང་གི་ཆུས་ཁྲུས་བྱ་བ་དང༌། སླར་ཡང་བླ་མ་ལ་གསོལ་བ་བཏབ་ནས་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་བླངས་ནས་ངེས་པར་དངོས་གྲུབ་ཅན་དུ་འགྱུར་རོ། །ལེའུ་ཉི་ཤུ་རྩ་དྲུག་པའི་འགྲེལ་པའོ།། །།

ཉི་ཤུ་རྩ་བདུན་པ། རྡོ་རྗེ་སེམས་དཔའ་སྐྱེད་པའི་ལེའུའི་འགྲེལ་པ།


DTG018_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་སངས་རྒྱས་ཐོད་པ་བཤད་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་སྟོན་པར་བཞེད་པས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། སྔོན་དུ་འགྲོ་བའི་རྣལ་འབྱོར་ལྔ་བསྒོམས་ནས། སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པའི་དབུས་སུ་འབྱུང་བ་བཞི་རི་རང་དང་སྣ་ཚོགས་རྡོ་རྗེ་གྱུར་པ་ལས་ཨེ་གྲུ་གསུམ་གྱི་དབུས་སུ་གཞལ་ཡས་ཁང་ཨེ་གྲུ་གསུམ་གྱི་དབུས་སུ་གནས་པའི་དོན་བཤད་པ་ནི། གསང་བའི་དེ་ཉིད་རྙེད་པར་དཀའ་བ་བསྟན་པ་དང༌། གཡོ་བ་སྣོད་བཅུད་ཀྱི་འགྲོ་བ་ཐམས་ཅད་དང༌། སྔགས་ཀུན་བསྐྱེད་པའི་རྒྱུ་ཡི་གེ་ཨེ་དེའི་གཞི་དཔའ་བོ་དང་རྣལ་འབྱོར་མ་དང༌། སངས་རྒྱས་ཀུན་གྱི་གནས་ཨེ་གྲུ་གསུམ་ཆོས་ཀྱི་དབྱིངས་མི་ཟད་པའི་


DTG018_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་བཞིན་ཐོག་མ་དང་ཐ་མ་དབུས་སུ་དྲི་མ་མད་པས་གྲུ་གསུམ་དེས་བསྐྱེད་པའི་གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ་ནི་གོ་སླའོ། །ནུ་མ་གཉིས་ཀྱི་བར་དུ་ཡེ་ཤེས་སེམས་དཔའ་རང་དང་འདྲ་བའི་ལྷ་མོ་བཅུ་གཉིས་ཀྱིས་བསྐོར་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ཧཱུཾ་དང༌། ཨཱ་དང༌། ཨོཾ་ལས་བསྐྱེད་པའི་ལུས་ཀྱི་ནང་གི་དཀྱིལ་འཁོར་བསྒོམ་པར་བྱའོ། །ཨི་ལས་ཕྱག་རྒྱ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་འཁོར་ལོ་གསུམ་གྱི་ལྟེ་བའི་དབུས་སུ་བསམ་མོ། །ཨཱི་ལས་ཡབ་ཡུམ་གསུམ་བྷ་གའི་པདྨ་ཅན་བསམ་མོ། །དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་བཤད་ནས། ལས་ཀྱི་རྒྱལ་མཆོག་གི་གོ་ཆ་དགོད་པ་ནི། ཨུ་ལས་སྙིང་གའི་རྡོ་རྗེ་སེམས་དཔའ། ཨཱུ་ལས་གདན་ཟླ་བའི་དཀྱིལ་འཁོར། ཨེ་ལས་མགོ་ལ་རྣམ་པར་སྣང་མཛད། ཨེ་ལས་སྤྱི་གཙུག་ཏུ་པདྨ་གར་གྱི་དབང་ཕྱུག །ཨོ་ལས་ཕྲག་པ་གཉིས་སུ་དཔལ་ཧེ་རུ་ཀ །ཨཽ་ལས་མིག་གཉིས་རྡོ་རྗེ་ཉི་མ། ཨོཾ་ལས་གོ་ཆའི་ཁྲབ། ཨཿལས་ཡན་ལག་ལ་རྟ་མཆོག །ལྀ་ལས་སངས་རྒྱས་སྤྱན་ཤར་དུ། རྀ་ལས་དམ་ཚིག་སྒྲོལ་མ་བྱང་དུ། ལཱྀ་ལས་གོས་དཀར་མོ་ནུབ་ཏུ། རཱྀ་ལས་རིན་པོ་ཆེ་སྒྲོལ་མ་ལྷོར། དཀར་བ་ལྗང་བ་དམར་བ་སེར་བ། དབུ་གསུམ་ཕྱག་དྲུག་པ། དེ་དག་སྒོའི་ཐད་ཀའི་པདྨའི་དབུས་སུ་ཟླ་བའི་གདན་ལ་དགོད་དོ། །གྲྭ་བཞིར་མཆོད་པའི་ལྷ་མོ་བཞི་ཞལ་གསུམ་ཕྱག་དྲུག་པ། ཕྱག་དང་པོ་རལ་གྲི་འཛིན་པའི་དོད་དུ་མེ་ལོང་དང་པི་ཝང་དྲིལ་བུ་དང་དུང་དང་བཅུད་ལེན་གྱི་སྣོད་ཐོགས་པ། གཡས་ཀྱི་ལྷག་མ་གཉིས་ན་མདའ་དང་ལྕགས་ཀྱུ། གཡོན་གསུམ་ན་རིན་པོ་ཆེ་དང་གཞུ་དང་ཞགས་པ་འཛིན་པའོ། །ལྷག་མ་ནི་གོ་སླའོ། །བསྒོམ་པ་དང་བཟླས་པའི་སྔོན་དུ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། དམ་ཚིག་ཅན་གྱི་ཕྱག་འཚལ་བ་དང༌། མཆོད་པ་དང༌། དབང་བསྐུར་བ་དང༌། གཅིག་ཏུ་བསྡུས་ནས་འཁོར་ལོ་གསུམ་པོ་སྤྲོ་བ་དང༌། བསྡུ་བའི་སྦྱོར་བ་བསྒོམ་པ་དང༌། སྔར་གྱི་སྔགས་བཟླས་པ་ལ་བདུད་རྩི་མྱང་བ་དང༌། གཏོར་མ་གཏང་བ་ཁ་བསྐང་ངོ༌། །ལྡང་བའི་དུས་ཀྱི་ཚེ་ཁམས་གསུམ་མ་ལུས་པ་རྡོ་རྗེ་འཛིན་པར་བསྒོམ་པ་དང༌། དུས་གསུམ་གྱི་སེམས་ཅན་སྐུ་གསུམ་གྱི་གོ་འཕང་ལ་


DTG018_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞག་པ་ནི། ངོ་བོ་ཉིད་ཀྱི་མཐུ་དག་གིས། །རང་བཞིན་གྱི་ནི་དེ་འགྲུབ་བོ། །ཞེས་གསུངས་པས་ལྷན་ཅིག་སྐྱེས་དགའ་དག་པའི་བདག་ཉིད་ཡིན་ནོ། །ལེའུ་ཉི་ཤུ་རྩ་བདུན་པའི་འགྲེལ་པའོ།། །།

ཉི་ཤུ་རྩ་བརྒྱད་པ། འཇམ་པའི་རྡོ་རྗེ་སྒྲུབ་པའི་ལེའུའི་འགྲེལ་པ།


DTG018_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཤད་ནས། འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་པུ་སྟོན་པར་བཞེད་པས། དེ་ནས་མཆོག་གཞན་བཤད་པ་ཞེས་བྱ་བ་གསུངས་ཏེ། སྔོན་དུ་འགྲོ་བའི་རྣལ་འབྱོར་ལྔ་དང༌། ནམ་མཁའ་སྟོང་པའི་དབུས་སུ་གཞལ་ཡས་ཁང་དང་བཅས་པའམ། གཞལ་ཡས་ཁང་མེད་པར་ཟླ་བའི་གདན་ལ་ཡི་གེ་མཾ་ལས་འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་བསྒོམ་པ་ནི་རྒྱུད་ན་གསལ། དེའི་ནུ་མའི་བར་དུ་རང་དང་འདྲ་བའི་འཇམ་པའི་རྡོ་རྗེ་ལ་ལྷ་མོ་བཅུ་གཉིས་ཀྱི་བསྐོར་བ། ཡེ་ཤེས་སེམས་དཔའ་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཨོཾ་ཨཱཿཧཱུཾ་གསུམ་དཔྲལ་བ་ལྐོག་མ་སྙིང་གར་འཁོར་ལོ་གསུམ་གྱི་དབུས་སུ་སྔར་བཤད་པའི་གནས་ཉི་ཤུ་རྩ་བཞི་དཔའ་བོ་དང་དཔའ་མོས་བསྐོར་ནས། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞིན་དུ་ཡི་གེ་གསུམ་གྱི་སྔགས་རྗེས་སུ་དྲན་ནས་དཔའ་བོ་དང་དཔའ་མོའི་སྤྲོ་བསྡུ་རྗེས་སུ་བསྒོམ་མོ། །སྲོག་དང་རྩོལ་བ་དབུགས་འབྱུང་རྔུབ་དང་འགྲོགས་པའི་འཁོར་ལོ་གསུམ་གྱི་ལྷ་སྤྲོས་ནས་ཐུན་བཞིར་བརྟུལ་ཞུགས་ཆེན་པོས་གསང་སྔགས་བཟླས། ཐུན་བཞིར་བཟླས་པ་ཟིན་ནས་སྙིང་གར་བསྡུ། བདུད་རྩི་མྱང་བ་དང༌། མཆོད་པ་དང་བསྟོད་པ་དང༌། གཏོར་མ་གཏང་བ་ཁ་བསྐང་ངོ༌། །ལེའུ་ཉི་ཤུ་རྩ་བརྒྱད་པའི་འགྲེལ་པའོ།། །།

ཉི་ཤུ་རྩ་དུག་པ། ཀྵའི་མཁའ་འགྲོ་སྒྲུབ་པའི་ལེའུའི་འགྲེལ་པ།


DTG018_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་བཤད་ནས། རྣམ་པར་རྟོག་པ་འཇོམས་པའི་ཟད་བྱེད་ཀྱི་མཁའ་འགྲོ་བཤད་པར་བཞེད་པས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། ཡི་གེ་དགུ་པ་ནི་ཀྵ་སྟེ་སྡེ་ཚན་གྱི་དགུ་པའོ། །ཀྵའི་ཡི་གེ་ལས་བྱུང་བ་ནི་དྲོད་གཤེར་ལས་སྐྱེས་པའོ། །སྡུག་བསྔལ་དང་ཀུན་འབྱུང་ཟད་པར་བྱེད་དོ། །སྡུག་པ་ཐམས་ཅད་ཟད་པར་བྱེད་པའོ། །སྡུག་བསྔལ་དང་ཀུན་འབྱུང་གི་རྒྱུ་བདག་དང་བདག་གིས་བལྟ་བའི་རྣམ་པར་རྟོག་པ་བཅོམ་པར་ཐད་པར་བྱེད་པས་ན་ཟད་བྱེད་མཁའ་འགྲོ་སྟེ། མདོར་བསྟན་ཏོ། །རྒྱས་པར་བཤད་


DTG018_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ནི་སྔོན་དུ་འགྲོ་བའི་རྣལ་འབྱོར་ལྔ་བསྒོམ་ནས། འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་གྱུར་པ་ལས་འབྱུང་བའི་གཞལ་ཡས་ཁང་ནམ་མཁའ་དང་མཉམ་པ་སྟོང་པ་ཉིད་ལས་བྱུང་བའི་རྟེན་མེད་པར་ནམ་མཁའི་ལོངས་སྤྱོད་ལ་གཞལ་ཡས་ཁང་གནས་པས་ན་རྟེན་མེད་པར་ལོངས་སྤྱོད་པའོ། །དེའི་དབུས་སུ་ཡི་གེ་ཀྵ་ལས་བྱུང་བའི་ཞལ་ལྔ་ཡེ་ཤེས་ལྔའི་རང་བཞིན་ཞལ་དྲུག་པ་བོང་བུ་དང་འདྲ་བའི་ཞལ་གདོང་སྤངས་པའི་ཕུང་སུམ་ཚོགས་པའི་སྣང་བའོ། །ཕྱག་བཅུ་གཉིས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་ཡུམ་ཡང་ཞལ་ལྔ་ཡབ་དང་མཐུན་པ་དྲུག་པ་ཕག་རྒོད་ཀྱི་གདོང་ཅན་གྱི་ཡབ་ཡུམ་བསྒོམ་མོ། །ལུས་ཀྱི་དཀྱིལ་འཁོར་ནི་སྙིང་གར་ཡེ་ཤེས་ཀྱི་མཁའ་འགྲོ་ཡབ་ཡུམ་ལ་འཁོར་ལོ་རྩིབས་བརྒྱད་ཀྱི་སྟིང་དུ་ཁྭ་གདོང་མ་ལ་སོགས་པ་བཞི་དང༌། གཤིན་རྗེ་བརྟན་མ་ལ་སོགས་པ་བསྒོམ་མོ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་མ་བསྒོམས་པར་དེ་ལ་ཡེ་ཤེས་སེམས་དཔའ་བཅུག་ལ། གོ་ཆ་བསྐོན་པ་དང་དབང་བསྐུར་བ་བྱས་ནས་ཐུན་བཞིར་ཞག་བདུན་གྱི་དུས་དང༌། ཆུ་འགྲམ་མམ་དུར་ཁྲོད་ཀྱི་གནས་སུ་བསྙེན་པ་བྱས་ན། འཕྲོག་པ་དགུག་པ་དང༌། དབང་དུ་བྱ་བ་དང༌། གསོད་པ་དང༌། བརྒྱལ་བ་ལ་སོགས་པའི་ལས་འགྲུབ་པར་ཐེ་ཚོམ་མེད་དོ། །ཁྭ་གདོང་མའི་ཞལ་གསུམ་ནི་དབུས་མ་ཁྭ་གཡས་གཡོན་ལུག །འུག་གདོང་མའི་གཡས་གཡོན་རྔ་མོ། ཁྱི་གདོང་མའི་གཡས་གཡོན་རྟ། ཕག་གདོང་མའི་གཡས་གཡོན་སེང་གེ །གཤིན་རྗེ་མའི་གཡས་གཡོན་ར། ཕོ་ཉ་མའི་གཡས་གཡོན་གླང༌། མཆེ་བ་མའི་གཡས་གཡོན་མ་ཧེ། འཇོམས་མའི་གཡས་གཡོན་དྲེད། ཕྱག་མཚན་རྒྱུད་ན་གསལ། ཡང་ན་སེམས་ཅན་གྱི་དོན་དུ་ཐུགས་རྗེས་རོ་རྣམ་པར་མྱོས་པས་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་ལ་སྐྱེས་པ་ནས་རྡོ་རྗེ་དང་པདྨ་འཁོར་ལོའི་དབུས་སུ་བསྒོམ། ནུ་མའི་བར་དུ་ལྷ་མོ་བཅུ་གཉིས་ཀྱི་ཨཱ་ལིའི་འཁོར་ལོ་བསྒོམ། དེ་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། མཆོད་བསྟོད། དབང་བསྐུར་ནས་རོ་གཅིག་ཏུ་གྱུར་པར་བསམ་མོ། །གསང་བ་གསུམ་གྱི་གནས་ནས་


DTG018_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོ་གསུམ་གྱི་སྤྲོ་བསྡུ་བསྒོམ་པ་དང་བཟླས་པ་ནི་རྒྱུད་ན་གསལ། བདུད་རྩི་མྱང་བ་དང༌། མཆོད་བསྟོད་ཁ་བསྐང༌། ཞག་བདུན་རྩེ་གཅིག་པར་བསྒོམས་ནས་འཁོར་ལོ་གསུམ་གྱི་མཁའ་འགྲོའི་དངོས་གྲུབ་མྱུར་དུ་འཐོབ་པའོ། །ལེའུ་ཉི་ཤུ་རྩ་དགུ་པའི་འགྲེལ་པའོ།། །།

སུམ་ཅུ་པ། གསང་བ་ཆེན་པོའི་གསང་བ་ཨཱ་ལིའི་མཁའ་འགྲོ་སྒྲུབ་པའི་ལེའུའི་འགྲེལ་པ།


DTG018_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་སྒྱུ་མ་ལྟ་བུའི་ལྷ་ཟད་བྱེད་ཀྱི་མཁའ་འགྲོ་མ་བཤད་ནས། དགྱེས་པའི་རྡོ་རྗེ་སྟོན་པར་མཛད་པས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་སྟེ། སྙིང་གར་ལྷ་མོ་བཅུ་གཉིས་འཇོམས་པས་ཨཱ་ལིའི་མཁའ་འགྲོ་རྟེན་འབྲེལ་བཅུ་གཉིས་དག་པར་བསྒོམ་པའོ། །དབུས་སུ་གཙོ་བོ་ནི་ཨཱ་ལི་ཡེ་ཤེས་ལས་བྱུང་བས་གཙོ་བོ་ལ་ཨཱ་ལི་མཁའ་འགྲོ་ཞེས་གདགས་སོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སྔོན་འགྲོ་ལྔ་བསྒོམས་ནས་འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེའི་སྟེང་དུ་མངོན་པར་བྱང་ཆུབ་པ་ལྔ་རྫུས་སྐྱེས་དགྱེས་རྡོར་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། ཕྱག་བཅུ་དྲུག་སྟོང་ཉིད་བཅུ་དྲུག་པ། ཡབ་ཡུམ་སྐུ་མདོག་དང་ཕྱག་མཚན་གོ་སླ་བས་མ་བཤད་དོ། །གཙོ་བོ་བསྐྱེད་པ་བསྙེན་པའོ། །ལུས་ཀྱི་དཀྱིལ་འཁོར་དེའི་སྙིང་གར་འཁོར་ལོ་རྩིབས་བཅུ་གཉིས་པ་དེའི་ལྟེ་བར་རང་དང་འདྲ་བའི་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་ཡེ་ཤེས་སེམས་དཔའ་དེའི་འཁོར་ལོའི་རྩིབས་བཅུ་གཉིས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྣམ་པར་དག་པའི་ལྷ་མོ་ཞལ་གསུམ་ཕྱག་དྲུག་སྐུ་ལུས་ཐམས་ཅད་དཀར་པོ། གཡས་སྔོ་བ་གཡོན་ལྗང་བ་ཐམས་ཅད་ཀྱང་ཨ་ལ་ལའི་སྒྲ་སྒྲོགས་པ་གོ་སླའོ། །ཨོཾ་ལས་སྙིང་གར་ཐུགས་ཀྱི་འཁོར་ལོའི་རྡོ་རྗེ་ཕྲེང་བས་བསྐོར་བའོ། །ཨཱཿལས་ལྐོག་མར་གསུང་གི་འཁོར་ལོ་པདྨས་བསྐོར་བའོ། །ཧཱུཾ་ལས་དཔྲལ་པར་སྐུའི་འཁོར་ལོ་འཁོར་ལོའི་ཕྲེང་བས་བསྐོར་བ་བསྒོམ་པར་བྱའོ། །ལས་ཀྱི་རྒྱལ་མཆོག་ནི་ཡེ་ཤེས་སེམས་དཔའ་གཟུག་པ་དང༌། གོ་ཆ་བསྐོན་པ་དང༌། དབང་བསྐུར་བ་དང༌། འདོད་པའི་ཁམས་ཀྱི་དབུགས་འབྱུང་རྔུབ་སྲོག་རྩོལ་བསྡམས་ནས་ཡེ་ཤེས་ཀྱིས་བཟླས་པའི་སྦྱོར་བ་ལྷ་མོ་བཅུ་གཉིས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་གཙོ་བོ་སྐུ་


DTG018_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུང་ཐུགས་ཀྱི་འཁོར་ལོ་གསུམ་ལ་ཡང་ཡེ་ཤེས་སེམས་དཔའ་བཅུག་ནས་གོ་ཆ་བསྐོན་ནས་རོ་གཅིག་པར་གྱུར་པའི་སྐུ་གསུང་ཐུགས་ཀྱི་སྤོ་བསྡུ་བསྒོམ་མོ། །ངག་གི་བཟླས་པ་ནི་གཙོ་བོའི་རྒྱུད་ནས་གསལ། འཁོར་རྣམས་ནི་ཐོག་མར་ཨོཾ་དང་བར་དུ་ལྷ་མོའི་མིང་དང་ཐ་མར་ཧཱུཾ་ཧཱུཾ་ཕཊ་དང་ལྡན་པ་ནི་སྙིང་པོའོ། །བདུད་རྩི་མྱང་བ་དང་མཆོད་པ་དང་བསྟོད་པ་དང་གཏོར་མ་བཏང་བ་ཁ་བསྐང་ངོ༌། །ཉེ་བར་བསྡུ་བ་རྒྱས་པར་བཤད་པ་ནི། རང་གི་སྙིང་གར་སྔགས་ཀྱི་འཁོར་ལོ་རིམ་པ་བདུན་པ་སྔར་བཤད་པ་བཞིན་དུ་བཀོད་ལ། སྲིད་པ་དང་ཞི་བའི་ཆོས་རྣམས་དོན་དམ་པར་དངོས་པོ་མེད་པར་ཤེས་པས། དབྱིབས་ལྷའི་འཁོར་ལོ་སྙིང་གའི་སྡིགས་ལ་བསྡུ། སྔགས་སེམས་ཀྱི་འཁོར་ལོ་ཆོས་ལ་བསྡུ། སེམས་ཅན་གྱི་ཁམས་ཀྱང་ཆོས་ལ་བསྡུས་ནས་རང་གི་ལྷའི་སྦྱོར་བས་གནས་པ་ལ་རྐང་པ་བརྒྱད་པས་མཆོད་པར་བྱའོ། །ལྡང་བའི་ཆོ་ག་ནི་མཉམ་པར་མ་བཞག་པའི་སེམས་ཀྱིས་སྔགས་སྤྲུལ་བའི་འཁོར་ལོ་དང༌། ལུས་ལུས་ཀྱི་འཁོར་ལོ་དང༌། ཆོས་སེམས་ཀྱི་འཁོར་ལོ་བསྐྱེད་པའི་རིམ་པ་བསྒོམ་ཞིང་ཆོས་ཐམས་ཅད་སྟོད་པ་ཉིད་དུ་རོ་གཅིག་པས་བསྒོམ་པར་བྱ་སྟེ། ཆོས་རྣམས་སྣོད་བཅུད་ལ་བདག་གིར་འཛིན་པ་དང༌། དེའི་ཆོས་བདག་གིར་འཛིན་པ་བཞི་དང་མིག་ལ་སོགས་པ་ཆོས་ལྔའི་རང་བཞིན་གྱིས་སྟོང་ཞིང་ཀུན་བརྟགས་ལ་སོགས་པའི་མཚན་ཉིད་གསུམ་མེད་པར་བསྒོམ་པར་བྱའོ། །ལེའུ་སུམ་ཅུ་པའི་འགྲེལ་པའོ།། །།

སུམ་ཅུ་རྩ་གཅིག་པ། གསལ་བྱེད་མཁའ་འགྲོའི་སྒྲུབ་པའི་མཚན་མ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དགྱེས་པའི་རྡོ་རྗེའི་མཁའ་འགྲོ་བཤད་ནས། བྱ་བའི་རྒྱུད་རིགས་གསུམ་ལ་མོས་པའི་དབང་དུ་བྱས་ནས། དེ་ནས་སྦྱོར་བ་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། སྣ་ཚོགས་གར་གྱི་དབང་ཕྱུག་ནི་ཀྲྀ་ཡའི་རྒྱུད་ཀྱི་ལྷའོ། །ཐམས་ཅད་མཆོག་ནི་གཙོ་བོ། རྣལ་འབྱོར་ཆེ་ནི་ཆོས་ཀྱི་མཆོག་མ། བརྩོན་འགྲུས་ཆེན་མོ་རྒྱ་མཚོའི་མཆོག་མ་སྟེ་མདོར་བསྟན་ཏོ། །རྒྱས་བཤད་བསྐྱེད་པའི་རིམ་པའི་སྦྱོར་བ་ནི་གོང་དུ་བསྟན་པའི་རིམ་པས་སྔོན་དུ་འགྲོ་བའི་རྣལ་འབྱོར་ལྔ་རྫོགས་ནས། འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་བསྐྱེད་པའི་དབུས་སུ། ཉི་མའི་དཀྱིལ་


DTG018_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་གྱི་དབུས་སུ། ཨིཾ་ཡོངས་སུ་གྱུར་པ་ལས་གཡས་སུ་རྒྱ་མཚོའི་མཆོག་མ། ཨོཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་ཀྱི་དབང་ཕྱུག་གསལ་བྱེད་ཀྱི་མཁའ་འགྲོ། དཾ་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་འཁོར་ལོ་མ། རིགས་གསུམ་མགོན་པོའི་གཙོ་བོ་ནི། ཞལ་དྲུག་རིགས་དྲུག་གི་ཁ་དོག་སྣ་ཚོགས་འཆང་བ་ཕྱག་བཅུ་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ཕྱག་མཚན་བསྣམས་པ། ཞབས་དྲུག་གིས་མུ་སྟེགས་ཅན་གྱི་ལྟ་བ་ལྔ་དང༌། ཉན་ཐོས་དང་རང་རྒྱལ་གྱིས་མྱ་ངན་ལས་འདས་པ་ལྟ་བ་དྲུག་གནོན་པ་ཁྱབ་འཇུག་གི་པགས་པའི་ཤམ་ཐབས། ཚངས་པའི་པགས་པའི་སྟོད་གཡོགས་དབང་ཕྱུག་ཆེན་པོའི་མགོ་བོ་འཛིན་པ། ཕྱག་གཉིས་པ་ཁ་དོག་བཅུ་གཉིས་དང་ལྡན་པ། རྒྱ་མཚོ་མཆོག་མ་པི་ལ་པ་སྟེ་ཁྱིམ་དང༌། གཡོན་དུ་ཆོས་ཀྱི་མཆོག་མ་ཉེ་བའི་པི་ལ་སྟེ་ཉེ་བའི་ཁྱིམ་པ་བཙུན་མོ་གཉིས་མངའ་བ། བཙུན་མོ་གཉིས་ཀ་ཡང་ཞལ་ལྔ་པ་ཕྱག་བཅུ་པ། བཅོམ་ལྡན་འདས་ནི་འཇིགས་བྱེད་དང་དུས་མཚན་ཞབས་ཀྱིས་གནོན་པ། ཞལ་དྲུག་དང་ལྡན་པ་མགྲིན་པ་དྲུག་དང་ལྡན་པ་ཡུམ་གཉིས་ནི་ཞལ་ལྔ་པ་མགྲིན་པ་བཞི་དང་ལྡན་པ། སྟེང་གི་ཞལ་ལ་མགྲིན་པ་མེད་པའོ། །ཕྱག་མཚན་བཅུ་ནི་གོ་སླའོ། །ལུས་ཀྱི་འཁོར་ལོ་བཤད་པ་ནི། གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་བསྒོམ་པ་དང༌། ཨོཾ་ལས་ཡེ་ཤེས་ཀྱི་མཁའ་འགྲོ་རིགས་གསུམ་ལ་ལྷ་མོ་བཅུ་གཉིས་ཀྱིས་བསྐོར་བའོ། །དེ་ལ་ལས་ཀྱི་རྒྱལ་མཆོག་ཡེ་ཤེས་སེམས་དཔའ་གཞུག་པ་དང༌། གོ་ཆ་བསྐོན་པ་དང༌། དབང་བསྐུར་བ་དང༌། སྔར་བཤད་པ་བཞིན་དུ་འཁོར་ལོ་གསུམ་གྱི་སྤྲོ་བསྡུ་བསྒོམས་ལ། །སང་སྔགས་ཀྱི་བཟླས་པ་བྱའོ། །སྔགས་ནི་རྒྱུད་ན་གསལ་ལོ། །གསང་བ་གསུམ་གྱི་འཁོར་ལོ་སྤྲོས་ནས་འཁོར་ལོ་གསུམ་གྱི་ལྷ་བསྡུ་བའི་ཚེ་ལྷ་བྷ་གའི་དབུས་ཀྱི་རྩ་གསུམ་ལ་བསྡུ་པར་བྱའོ། །གལ་ཏེ་རྫོགས་རིམ་བསྒོམས་ན་འཁོར་ལོ་གསུམ་གྱི་ལྷ་རྩ་གསུམ་ལ་བསྡུས་ལ། རྡོ་རྗེ་ཕག་མོའི་བྷ་གར་གསང་བ་གསུམ་པོ་རྩའི་རང་བཞིན་བསྒོམ་པ་ནི། དེ་ཁོ་ན་ཉིད་སྦྱོར་བ་བསྒོམ་པ་ཞེས་བྱའོ། །བསྐྱེད་པའི་རིམ་པ་


DTG018_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྒོམ་པའི་ཚེ་ཐ་མལ་པའི་ང་རྒྱལ་སྤངས་ནས་ཐུན་བཞིར་བསྒོམ་པ་དང་བཟླས་པ་བྱའོ། །རྟག་ཏུ་དམ་ཚིག་བསྐྱང་བ་ནི་བདུད་རྩི་མྱང་བ་སྟེ། འོ་མ་ནི་བྱང་སེམས་དཀར་དམར་རོ། །བྲམ་ཟེ་ནི་རྣམ་སྣང་ངོ༌། །སྦྲང་རྩི་ནི་མི་བསྐྱོད་པའོ། །མ་ཧཱ་མཱཾ་ས་ནི་ཤ་ཆེན་ནོ། །ཤ་ལྔ་དང་ཡང་དག་ལྡན་པ་དེ་ཉིད་ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ་བཟའ་བར་བྱའོ། །སྤྲོས་བཅས་ཀྱི་ཚོགས་ཀྱི་འཁོར་ལོ་འདུ་འཛི་མེད་ཅིང་སྲིད་པ་ལ་མངོན་པར་ཞེན་པ་འཁོར་ལོ་ཡོངས་སུ་མི་འཛིན་པའི་ལྷ་མོ་གཉིས་དང༌། འདོད་པའི་ཁམས་ཀྱི་སེམས་བཀག་པས་ཁ་ན་མཐོ་བ་དང་མི་ལྡན་པའི་འབད་པ་མེད་པར་ལྷུན་གྱིས་གྲུབ་པའི་འདོད་པའི་ཡོན་ཏན་ལྔ་ལ་དགའ་བ་བཞིའི་ལོངས་སྤྱོད་བཟའ་བར་བྱའོ། །བཏུང་བ་ཡང་འབད་པ་མེད་པ་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་བདུད་རྩི་ལྔ་བཏུང་ཞིང་འདོད་ཁམས་ཀྱི་བཏུང་བ་ནམ་ཡང་མི་བཏུང་ངོ༌། །ནང་གི་བདག་ཉིད་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པའི་སྦྱོར་བ་དང་ལྡན་པ་ཡབ་ཡུམ་གཉིས་ཀྱི་སྤྲོས་བཅུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་པི་ལས་རྣལ་འབྱོར་མ་ཉེ་པི་ལ་ཚོགས་ཀྱི་འཁོར་ལོ་བྱའོ། །ཡང་ན་ཐབས་ཉི་ཤུ་རྩ་བཞིའི་པི་ལ་མ་འམ། ཤེས་རབ་ཉི་ཤུ་རྩ་བཞིའི་ཉེ་པི་ལ་སྟེ། འཁོར་ལོ་གསུམ་གྱི་སྤྲོས་བཅས་བསྒོམ་པ། གྲོང་ཁྱེར་གྱི་མཐའ་འཁོར་ལོ་གསུམ་གྱི་ལྷ་བསྒོམ་པ། གྲོང་གི་མཐའ་བསྒོམ་པ་ལྷ་མོ་བཅུ་གཉིས་ཀྱི་སྤྲོས་བཅས་ཀྱི་འཁོར་ལོ་གསུམ་པའོ། །ཟླ་བ་དང་ཉི་མ་གཏུམ་མོ་དྲོད་བྱང་ཆུབ་ཀྱི་སེམས་མཉམ་པར་སྦྱོར་བ་ལས་སྐད་ཅིག་མ་བཞིས་དགའ་བ་བཞི་སྐྱེས་པའི་འབྲས་བུ་མངོན་པར་ཤེས་པ་དྲུག་ནི་མཐུ་སྟོབས་དང་ལྡན་པ་སྐྱེ་བ་འདི་ལ་འགྲུབ་པོ། །སྤྲོས་མེད་ཀྱི་སྤྱོད་པ་ནི་སྔར་བཤད་པའི་པ་ཤུ་ཐམས་ཅད་བཟའ་ཞིང་ལིངྒའི་ལྷ་བཤོས་དག་སྔ་མ་བཞིན་དུ་བཟའ་སྟེ། འདུས་པ་ཐམས་ཅད་ཀྱི་འཁོར་ལོ་གླུ་དང་གར་དང་བཟའ་བ་ཐམས་ཅད་སྒྱུ་མ་འོད་གསལ་ཟུང་འཇུག་ཏུ་ཤེས་པ་རྔམ་པར་རྟོག་པ་ཐམས་ཅད་སྤངས་པའི་སྤྲོས་མེད་ཀྱི་འཁོར་ལོ་བྱ་སྟེ་བསྐྱར་བའི་ཆོ་གའོ། །ལེའུ་སུམ་ཅུ་རྩ་གཅིག་པའི་འགྲེལ་པའོ།། །།

སུམ་ཅུ་རྩ་གཉིས་པ། དམ་ཚིག་གི་སྡོམ་པ་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཞེས་བྱ་བའི་ལེའུའི་འགྲེལ་པ།


DTG018_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རིགས་གསུམ་གྱི་འཁོར་ལོ་བཤད་ནས། དམ་ཚིག་གི་བདེ་མཆོག་སྟོན་པར་བཞེད་པས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། རིགས་ལྔའི་དངོས་གྲུབ་ཀྱི་སྦྱོར་བ་མཁའ་འགྲོ་ལྔ་དང་མཁའ་འགྲོ་མ་ལྔ་དམ་ཚིག་གི་སྔོམ་པ་བཤད་པ་ནི་མདོར་སྟོན་ཏོ། །རྒྱས་བཤད་ནི་གོང་དུ་བསྟན་པའི་རིམ་པས་སྔོན་འགྲོ་ལྔ་རྫོགས་ནས་འབྱུང་བ་བཞི་དང༌། རི་རབ་སྣ་ཚོགས་རྡོ་རྗེ་དྲུག་གྱུར་པ་ལས། གཞལ་ཡས་ཁང་ནམ་མཁའ་དབྱིངས་ཀྱི་རྡོ་རྗེའི་དབུས་སུ་གནས་པའི་གཞལ་ཡས་ཁང་ཉིས་རིམ་དབུས་མ་ཡབ་ཡུམ་བཅུའི་དཀྱིལ་འཁོར་ལྔས་བརྒྱན་པ་དབུས་སུ་ཉི་མའི་གདན་ལ་མཛེས་པའོ། །ཨཱ་ལིའི་མཚན་སུམ་ཅུ་རྩ་གཉིས་ཀྱི་ཟླ་བ། ཀཱ་ལིའི་དཔེ་བྱད་བཟང་པོའི་ཉི་མ། དབུས་སུ་ས་བོན་ནོ། །འོད་ཟེར་སྤྲོ་བསྡུ་གྱུར་པ་ལས་དུས་མཐའི་མེ་ལྟར་འོད་ཟེར་འབར་བས་རབ་ཏུ་འཇིགས་པ་ཞལ་ལྔ་པ་ཕྱག་དྲུག་པ་ཞལ་མཆེ་བ་གཙིགས་པ་ཡུམ་ཡང་ཞལ་ལྔ་པ་ཕྱག་དྲུག་པ་རེ་མིག་དབུས་མ་ལ་དགོད་དོ། །གཙོ་བོ་བསྐྱེད་པ་བསྙེན་པའོ། །ཤར་དུ་སངས་རྒྱས་མཁའ་འགྲོ་མཁའ་འགྲོ་མ་དང་འཁྱུད་པ། ནུབ་ཏུ་པདྨ་མཁའ་འགྲོ་གོས་དཀར་མོ་དང་འཁྱུད་པ། འཁོར་རིན་ཆེན་མཁའ་འགྲོ་གཟུགས་ཅན་མ་དང་འཁྱུད་པ། ཞལ་དང་སྐུ་མདོག་དང་ཕྱག་མཚན་ནི་རྒྱུད་ན་གསལ། མཚམས་བཞི་རུ་སངས་རྒྱས་མཁའ་འགྲོ་མ་པདྨའི་མཁའ་འགྲོ་མ། རིན་ཆེན་མཁའ་འགྲོ་མ་ཞལ་གསུམ་ཕྱག་དྲུག་མ། དེའི་སྒོ་བཞིའི་ཤར་སྒོར་སྣ་ཚོགས་གཟུགས་ཅན་མའོ། །བྱང་སྒོར་གཟུགས་བཟང་མ་ལྗང་གུ། ནུབ་སྒོར་རྡོ་རྗེ་མཆུ་དམར་མོ། ལྷོ་སྒོར་འོད་བྱེད་མ་སེར་མོ། །ཞལ་གསུམ་ཕྱག་དྲུག་མ། ཤར་གྱི་སྣམ་བུ་ལ་སྟག་གདོང་མ། དྲེད་གདོང་མ། རྡོ་རྗེ་སྣ་ཆེན་མ། སྙན་གྲགས་མ་དང་བཞི་སྔོན་མོ། ལྷོའི་སྣམ་བུ་ལ་རྡོ་རྗེ་ཕོ་ཉ་མོ། །རྡོ་རྗེ་སན་མོ། གཞོན་ནུ་མ། ཀམ་པོ་རྩེ་དང་བཞི་སེར་མོ། ནུབ་ཀྱི་སྣམ་བུལ་རོ་ལངས་མ། མདའ་ཅན་མ། དྲི་ལྡན་མ། འཇིགས་བྱེད་མ་དང་བཞི་དམར་བ། བྱང་གི་སྣམ་བུ་ལ་ཟླ་བའི་སྤྱི་གཙུག་ཁྲོ་གཉེར་ཅན། སྣ་ཚོགས་གཟུགས་ཀ་ཏ་ཡ་ན་བཞི་


DTG018_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྗང་བའོ། །མཚམས་བཞིར་རྡོ་རྗེ་ལུ་གུ་རྒྱུད་མ། ལྷ་མོ་སྒྱུ་འཕྲུལ་དྲ་མ། གྲགས་བྱེད་མ། མེ་འབར་མ་དང་བཞི་ཕྱོགས་ཀྱི་ཁ་དོག་ཅན་ཕྱིའི་སྒོ་བཞི་ལ་སེར་སྐྱ་མ། རྡོ་རྗེ་འབར་མ། རྡོ་རྗེ་འཁྱིལ་པ་མ། རྡོ་རྗེ་འཇིགས་བྱེད་མ་དང༌། བཞི་ཕྱོགས་ཀྱི་ཁ་དོག་ཅན་ནོ། །སྔོན་གྲུབ་པའི་མཁའ་འགྲོ་མ་རབ་གཏུམ་མ་ལ་སོགས་པ་སྐུ་གསུང་ཐུགས་དང་དམ་ཚིག་གི་ལྷ་མོ་རྣམས་ཡིན་ཏེ། མཁའ་འགྲོ་མ་དེ་དག་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། དང་པོ་ན་རྡོ་རྗེ་གསོར་བ་དང་དྲིལ་བུ་གཉིས། གཉིས་ཀྱི་གཡས་ན་ཅང་ཏེའུ། གཡོན་ན་ཐོད་པ་དང་ཁ་ཊྭཱཾ་ག །གསུམ་པ་གཉིས་ཀྱིས་ལྕགས་ཀྱུ་དང༌། ཞགས་པ་བསྣམས་པའོ། །གཞལ་ཡས་ཁང་བཤད་པ་ནི། ནང་གི་ཕོ་བྲང་རེ་མིག་དགུ་སྒོ་བཞི་དང་བཅས་པ་ཕྱིའི་ལྷ་རྣམས་ཕྱིའི་སྒོ་མ་བཞི་དང་ཅས་པ། རྟ་བབས་བཞིས་བརྒྱན་པ་ནི་གོ་སླའོ། །འཁོར་བསྐྱེད་པ་ནི་བསྙེན་པའོ། །ལུས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ནི། བྱང་ཆུབ་ཀྱི་ཕྱོགས་སེམས་ཀྱི་འཁོར་ལོ་དང༌། དབུས་ཀྱི་འཁོར་ལོ་ས་བཅུ་གསུམ་ཁྱམས་ཀྱི་ལྷ་མོ་ཉི་ཤུ་རྩ་བཞི་གནས་དང་ཉེ་བའི་གནས་ལ་སོགས་པ་ས་བཅུའི་རང་བཞིན་དུ་བསྒོམ་པ་དང༌། ཐུགས་ཀར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྷ་མོ་བཅུ་གཉིས་ཀྱིས་བསྐོར་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷར་བསྐྱེད་པ་དཔའ་བོ་དང༌། དཔའ་མོའི་གོ་ཆ་གཉིས་པོ་ལུས་ལ་བཀོད་པ་གསང་བ་གསུམ་གྱི་གནས་སུ་རྩིབས་ཉི་ཤུ་རྩ་བཞི་ལ་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་གསུམ་བཀོད་པ་སྒྲུབ་པ་ལུས་ཀྱི་འཁོར་ལོའོ། །སྒྲུབ་པ་ཆེན་པོ་ནི་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས་མཆོད་པ་དང་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བ་དང༌། བ་སྤུའི་བ་ཐམས་ཅད་ལས་སྐུ་གསུངས་ཐུགས་ཀྱི་གསང་བ་གསུམ་སྤྲོས་ནས། སེམས་ཅན་མ་ལུས་པ་ཐམས་ཅད་སྐུ་གསུམ་གྱི་མཁའ་འགྲོར་བསྐྱེད་ནས་ཐུན་བཞིར་སླར་བསྡུ་བ་དང༌། གཉིས་པ་སངས་རྒྱས་ལ་མཆོད་པའི་ཕྱིར་འཁོར་ལོ་གསུམ་པ་བ་སྤུའི་བུག་ནས་སྤྲོས་ནས་མཆོད་པ་དང་གསུམ་པ་ཚར་བཅད་པ་དང་ཕན་གདགས་པའི་ཕྱིར་རྡོ་རྗེ་གསུམ་གྱི་ལྷ་སྲོག་རྩོལ་དང་ལྷན་ཅིག་ཏུ་སྤྲོ་བསྡུ་འབྲུག་གི་སྒྲ་ལྟར་སྔགས་བཟླ་བ་དང༌། བཞི་པ་


DTG018_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུགས་ཕར་འགྲོ་བ་དང་ཆུར་བསྡུ་བའི་སྦྱར་བས་མི་སྨྲ་བའི་ལྷའི་ཆ་བྱད་ཀྱི་བརྟུལ་ཞུགས་ཆེན་པོ་ཞག་བདུན་གྱིས་མངོན་པར་ཤེས་པ་འགྲུབ་སྟེ་དེའི་རྟགས་ནི། གཡོ་བ་སའི་རླུང་འགགས་པ་དང༌། འདར་བ་ཆུའི་རླུང་འགགས་པ་དང༌།འཁྲུག་པ་མེའི་རླུང་འགགས་པ་དང༌། འཕར་བ་ནམ་མཁའི་རླུང་འགགས་པ་དང་ལྡན་པའི་རྟགས་བྱུང་ན་ནད་དང་ལྡན་པ་ཚར་བཅད་པ་དང༌། ནད་མེད་པ་ཕན་འདོགས་པ་འགྲུབ་པོ། །དེ་ལྟར་བསྒོམ་པ་བྱས་ནས་ཞེས་བྱ་བ་ཚིགས་བཅད་ཕྱེད་ནི་མཇུག་བསྡུ་བའོ། །དོན་ལྔ་པ་རྟོགས་བྱུང་ནས་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པའི་ནང་གི་སྦྱོར་བ་དང༌། ལྡན་པས་བདུད་རྩི་ལྔ་ཟོས་ནས་ཚེ་ལོ་སྟོང་ཐུབ་ན་སངས་རྒྱས་ཀྱི་གནས་སུ་ངེས་པར་འཇུག་གོ །སྙིང་པོ་དང་གནས་ནི་རྒྱུད་ན་གསལ་བ་མ་བཤད་དོ། །ཐུན་བཞིའི་བསྒོམ་བཟླས་ཟིན་ནས་དཀྱིལ་འཁོར་ཀུན་གཅིག་ཏུ་བྱས་ཏེ་བསྡུས་ནས་རྣལ་འབྱོར་ཆེན་པོ་ལུས་གཟི་བརྗིད་ཅན་གྱི་སྔགས་ཁྲིའམ་འབུམ་བཟླས་ན། ཇི་ལྟར་འདོད་པ་འགྲུབ་པར་འགྱུར་བ་ནི་ཕན་ཡོན་ནོ། །གལ་ཏེ་རང་གི་ལུས་རྒས་ན་བྱིས་པ་གཞོན་ནུ་མ་ལོ་བརྒྱད་པ་མཚོན་དང་རིམས་ཀྱིས་མ་རིག་པ་གློ་བུར་བུ་ཤི་བའི་རོ་རྙེད་ན་གཞན་གྱི་ལུས་སུ་ཞུགས་ནས་འགྲོ་བ་པ་སུ་ར་པྲ་བི་ཤ་ཞེས་བྱ་སྟེ། རྫུ་འཕྲུལ་དང་མི་སྣང་བ་དང་གཟུགས་དུ་མ་སྟོན་པ་ལ་སོགས་པ་འགྲུབ་པར་འགྱུར་རོ། །མཆོད་པ་དང་བསྟོད་པ་དང་གཏོར་མ་བཏང་བ་ནི་ཁ་བསྐང་ངོ༌། །ལེའུ་སུམ་ཅུ་རྩ་གཉིས་པའི་འགྲེལ་པའོ།། །།

སུམ་ཅུ་རྩ་གསུམ་པ། སྦྱངས་པའི་ཡོན་ཏན་སྐྱེད་པའི་ལེའུའི་འགྲེལ་པ།


DTG018_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མངོན་པར་ཤེས་པ་ལྔ་བསྐྱེད་པ་དམ་ཚིག་གི་སྔོམ་པ་བཤད་ནས། མངོན་ཤེས་བསྒྲུབ་པའི་སྤྲོས་བཅས་ཀྱི་སྤྱོད་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། གང་ཟག་སྐྱེ་བ་སྔ་མ་ནས་ཚུལ་ཁྲིམས་གོམས་པས་སྦྱངས་པའི་ཡོན་ཏན་བཅུ་གཉིས་བསྲུང་བ་དེ་ནི་ལུང་གི་རིམ་པས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡིན་ལ་ལུང་དང་བྲལ་ན་མུ་སྟེགས་ཅན་ཡིན་ནོ། །རྣལ་འབྱོར་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་ཏེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལྷ་མོ་བཅུ་གཉིས་སུ་བསྐྱེད་


DTG018_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་ཡིན་ལ། དགའ་བ་བཞིའི་ཏིང་ངེ་འཛིན་ཐོབ་པའི་ཏིང་ངེ་འཛིན་གྱི་ཕུང་པོ་དང༌། སྒྱུ་མ་འོད་གསལ་ཟུང་འཇུག་གིས་རྒྱས་བཏབས་ནས་ཤེས་རབ་ཀྱི་ཕུང་པོ་ཡིན་ནོ། །རྣམ་པར་གྲོལ་བའི་ཕུང་པོའི་དངོས་གྲུབ་ཏུ་འགྱུར་རོ། །གོང་དུ་བསྟན་པའི་སྦྱོར་བ་སྔོན་དུ་འགྲོ་བ་ལྔ་དང༌། འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་དང་པདྨའི་སྟེང་མངོན་པར་བྱང་ཆུབ་པ་ལྔ་སྐད་ཅིག་གི་རྣམ་པ་རྫུས་སྐྱེས་ཀྱི་སྦྱོར་བས་གཙོ་བོ་དང་འཁོར་ཐམས་ཅད་ཅིག་ཅར་བསྐྱེད་པ། གཙོ་བོ་ཞལ་བཞི་ཕྱག་བཅུ་གཉིས་ཕག་མོ་ཞལ་གཅིག་ཕྱག་གཉིས་པས་འཁྱུད་པ་བསྙེན་པའོ། །ཤར་ལ་སོགས་པའི་རྩིབས་བརྒྱད་དུ་མི་དང་སེང་གེ་ལ་སོགས་པའི་ལྷ་མོ་བརྒྱད་དང༌། སྒོ་བཞིར་ཁྲག་འཐུང་མ་དང༌། གཏུམ་མོ་དང་སྲིན་མོ་དང་དྲག་མོ་དང་བཞི་སྟེ། ལྷ་མོ་བཅུ་གཉིས་རབ་ཏུ་བྱུང་བའི་གཟུགས་ཅན་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པ་སྟེ། བསོད་སྙོམས་པ་དང༌། ཕྱིས་མི་ལེན་པ་དང༌། སྟན་གཅིག་པ་གསུམ་ནི་ཟས་ལ་མ་ཆགས་པའོ། །ཆོས་གོས་གསུམ་པ་དང༌། ཕྱག་དར་ཁྲོད་པ་དང༌། ཕྱིང་བ་པ་ནི་གོས་ལ་མ་ཆགས་པའོ། །ཅོག་པུ་པ་དང་གཞི་ཇི་བཞིན་པ་ནི་གནས་མལ་ལ་མ་ཆགས་པའོ། །བླ་ག་བ་མེད་པ་དང༌། ཤིང་དྲུང་པ་དང༌། དགོན་པ་པ་དང༌། དུར་ཁྲོད་པ་ནི་གནས་ལ་མ་ཆགས་པ་སྟེ། དེ་རྣམས་ཀྱི་ལྷ་མོ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །ལས་ཀྱི་རྒྱལ་མཆོག་ནི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གོ་ཆ་བསྐོན་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་ཡེ་ཤེས་མཉམ་པའི་དམ་ཚིག་མཆོག །རོ་གཅིག་པར་ནི་རྣམ་པར་བསྒོམ། །ཞེས་པ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལུས་ངག་ཡིད་གསུམ་གྱི་སྤྲོ་བསྡུ་བྱ་བ་དང༌། ཡེ་ཤེས་སེམས་དཔའ་ནུ་མའི་བར་ནི་སྦྱངས་པའི་ཡོན་ཏན་ལྷ་མོ་བཅུ་གཉིས་ཀྱི་སྤྲོ་བསྡུ་བསྒོམ་མོ། །སྙིང་པོ་ནི་གོ་སླའོ། །ཇི་ལྟར་སྒོམ་ཞེ་ན། ཤར་ཞི་བ། བྱང་མཆེ་བ་གཙིགས་པ་དང༌། ལྷོ་བཞད་པ། ནུབ་ལྕེ་བསྐྱོད་པ། ཤར་ལྷོ་ཞི་བ། ལྷོ་ནུབ་སྙིང་རྗེ། ནུབ་བྱང་སྒེག་པ། བྱང་ཤར་རྔམ་པ། སྒོ་བཞིར་དྲག་ཅིང་ཁྲོ་བའི་ཉམས་ཅན་སྒོམ་མོ། །རབ་ཏུ་བྱུང་བའི་ཆས་གོན་ནས་ཇི་ལྟར་ཁྲོས་


DTG018_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་ཉམས་ཡིན་ཞེ་ན། སེམས་ཅན་མོས་པ་སྣ་ཚོགས་འདུལ་བའི་ཐབས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་ན། སྟོང་པས་རྒྱས་བཏབ་ན་བླ་མེད་ཡེ་ཤེས་ཀྱི་འབྲས་བུ་ཐོབ་བོ། །ཁ་ཟས་བདུང་རྩི་ལྔར་བྱིན་གྱིས་བརླབས་ནས་འཆི་མེད་བདེ་བའི་ལོངས་སྤྱོད་ཀྱི་འབྲས་བུ་རྙེད་དོ། །སེམས་ཅན་ཐམས་ཅད་ལྷར་བསྒོམས་པས་ཟག་མེད་ཀྱི་གོ་འཕང་མཆོག་ཐོབ་པོ། །འདི་ནི་ལས་དང་པོའི་སྤྱོད་པ་མ་ཡིན་པས་མཆོག་ཏུ་གྱུར་པའི་རྣལ་འབྱོར་པའི་སྤྱོད་པ་ཡིན་པས། སྔོན་འགྲོ་དང་དངོས་གཞི་དང་རྗེས་ཐམས་ཅད་ཚང་བར་མི་དགོས་སོ། །ལེའུ་སུམ་ཅུ་རྩ་གསུམ་པའི་འགྲེལ་པའོ།། །།

སུམ་ཅུ་རྩ་བཞི་པ། ཆར་དབབ་པའི་ཆོ་གའི་ལེའུའི་འགྲེལ་པ།


DTG018_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་སྤྲོས་བཅས་ཀྱི་སྤྱོད་པ་བཤད་ནས་རྒྱས་པར་ཆར་དབབ་པའི་ཆོ་ག་བཤད་པར་བཞེད་པས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། གོང་གི་སྔོན་དུ་འགྲོ་བའི་རྣམ་པ་ལྔ་བྱས་ནས་འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་དང་གཞལ་ཡས་ཁང་གི་དབུས་སུ་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་སྐུ་ལུས་སྔོན་པོ་ཞལ་བཞི་བ་མཆེ་བ་གཙིགས་པ་ཕྱག་བརྒྱད་ཀྱི་དང་པོས་རྡོ་རྗེ་མཐའ་ཡས་གཅིག་པ། གཡོན་གྱི་དང་པོ་སྡིག་མཛུབ་ནོར་རྒྱས་ཀྱི་ཞགས་པ་ཅན། གཡོན་པ་ན་ཐོད་པ་དང་ཁ་ཊྭཱཾ་ག་ལ་འཇོག་པོ་བཅིངས་པ། གཡས་པའི་ལྕགས་ཀྱུ་ལ་པདྨ་བཅིང་པ། གཡོན་པའི་མདུང་ལ་པདྨ་ཆེན་པོ་བཅིངས་པ། དབང་པོའི་པགས་པ་བསྣམས་པའི་ཕྱག་གཉིས་ཀྱི་གདུ་བུ་དུད་སྐྱོང་དང་སྟོབས་ཀྱི་རྒྱུས་བྱས་པ། གཡས་པའི་ཅང་ཏེའུ་ལ་མ་དྲོས་པས་བརྒྱན་པ། སླད་མ་ནི་གོ་སླའོ། །ཡང་ན་ཕྱག་བཅུ་གཉིས་པ་གྲི་གུག་དང༌། ཚངས་པའི་མགོ་བོ་དང་རྡོ་རྗེ་དང་དྲིལ་བུས་འཁྱུད་པ་རང་སྣང་བའི་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཀ་པཱ་ལ་བསྣམས་པ། འཇམ་བུ་ཆུ་བོའི་མདོག་ལྟ་བུའི་སྔོན་བོ་བསམ་མོ། །ནམ་མཁའ་ལྡིང་གི་གདོང་ཅན་ཞལ་ལྔ་པ་ཕྱག་བརྒྱད་པ་ནི་ཡུམ་སྤངས་པ་ཡིན་ལ། ཕྱག་བཅུ་གཉིས་ནི་ཡུམ་དང་ལྡན་པ་སྟེ། གཉི་ག་ཡང་ཁྱད་པར་དུ་ནམ་མཁའ་ལྡིང་གི་གདོང་ཅན་ཡིན་ནོ། །ཆུ་ལྷ་ཆུང་མ་དང་བཅས་པ་


DTG018_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁ་དོག་དཀར་པོ་ཐལ་མོ་སྦྱར་ནས་བཀའ་ནོད་པར་བྱེད་པ་གཡས་བརྐྱང་བའི་ཞབས་ཀྱིས་མནན་པའོ། །པདྨ་འདབ་མ་བརྒྱད་ལ་ཀླུ་བརྒྱད་ཐལ་མོ་སྦྱར་ནས་ཆུང་མ་དང་བཅས་པ་བཀའ་ནོད་པར་བསམ། ཀླུ་རྣམས་ཀྱི་མཇུག་མ་ཆུ་ལྷའི་འོག་ཏུ་མནན་པར་བསམ་མོ། །དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་བཤད་ནས། ལས་ཀྱི་རྒྱལ་མཆོག་ནི་ཡེ་ཤེས་སེམས་དཔའ་སྤྱན་དྲང༌། གོ་ཆ་བསྐོན། དབང་བསྐུར་ནས་བསྒོམས་པའི་ཚེ། སྙིང་གར་ནུ་མའི་བར་དུ་ཡེ་ཤེས་ཀྱི་འཁོར་དེའི་སྐུ་མདོག་དང་ཕྱག་རྒྱ་དང་ཞལ་ལྔ་དང་ལྡན་པ་བསྐྱེད། ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའི་རྡོ་རྗེ་རྩེ་མོ་ལྔ་ལ་ཧཱུཾ་ནཾ་ཧཱུཾ་དགོད་དོ། །དཔྲལ་བར་སྐུའི་འཁོར་ལོ། ལྐོག་མར་གསུང་གི་འཁོར་ལོ་སྔ་མ་བཞིན་བསམས། ཀླུ་བརྒྱད་ཀྱི་སྙིང་གར་ཧཱུཾ་ལཾ་ཧཱུཾ་གསུམ་དགོད། ཁམས་གསུམ་སྐུ་གསུངས་ཐུགས་ཀྱི་སྤྲོ་བསྡུ་བསྒོམ་འོག་ནས་འབྱུང་བའི་གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོའི་ཚིག་བཟླས་བརྗོད་བྱེད་པའམ་འབུམ་མམ་ཁྲི་བྱ། །བསྟོད་པ་དང་མཆོད་པ་བྱ། གཏོར་མས་ཁ་བསྐང་ངོ༌། །ཏིང་ངེ་འཛིན་གསུམ་བསྙེན་པའི་ཆོ་གའོ། །ལས་ལ་སྦྱོར་བའི་བསྒྲུབ་པའི་གནས་བཤད་པ་ནི། ཆུ་བོའི་འགྲམ་མམ། རྒྱ་མཚོ་ལ་སོགས་པ་ཀླུ་ཡོད་པའི་གནས་སུ་བསྒོམ་བཟླས་བྱ། སྙིང་པོ་ནི་གོ་སླའོ། །ཉིན་རེ་ཞིང་ཐུན་བཞི་གཞག་བདུན་གྱི་བར་དུ་ལས་ལ་སྦྱར་བས་ཆར་དབབ། མ་བབས་ན་བསྐྱར་བའི་ཆོ་ག་ནི། འོ་མ་བཏུང་བ་དང༌། སྦྲང་རྩི་བཟའ་ཞིང་འོ་མ་དང་མར་དང་བཅས་པས་སྦྱིན་སྲེག་བྱ། འོ་མས་གང་བའི་བུམ་པ་བརྒྱད་ཀྱིས་ཀླུ་ལ་ཁྲུས་བྱ། ཕྱོགས་མཚམས་བརྒྱད་དུ་གཏོར་མ་འོ་མ་དང་བཅས་པ་སྦྱིན་ནོ། །ཀླུ་བརྒྱད་ཀྱི་སྔགས་ནི་གོ་སླའོ། །དེས་ཀྱང་འབབ་པར་མ་གྱུར་ན། ཀླུ་བརྒྱད་ཀྱི་སྙིང་པོ་ཁྲི་ཙམ་དུ་བཟླ། སྨྱུང་བ་བྱ། དེ་མི་ནུས་ན་འོ་མ་དང་མར་དང་འབྲས་སྙིང་བཟའ། ཐ་མལ་པའི་ཚིག་གིས་མི་སྨྲ་བར་ནམ་མཁའ་ལྡིང་གི་གདོང་ཅན་བྲིས་པའི་སྐུ་གཟུགས་རབ་གནས་བྱས་པའི་མདུན་དུ་བཅོམ་ལྡན་འདས་ཀྱི་སྙིང་པོ་འབུམ་བཟླས། རིང་བསྲེལ་གྱི་སྙིང་པོ་ཅན་གྱི་སྐུ་ལུགས་མ་དྲི་ཆུ་དང༌། འོ་མ་དང་བསྲེས་པས་སྐུ་


DTG018_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྲུས་བྱ། ཆུ་བོའི་འགྲམ་གཉིས་ཀྱི་ལས་བྱས་པའི་གཟུགས་བརྙན་མགོ་དགུ་པ་བྱས་ལ་ཆུས་དབང་བསྐུར་ན་ཆར་འབབ་པར་འགྱུར་རོ། །ལས་ལ་སྦྱར་བའི་ཆོ་ག་བཤད་ནས། ད་ནི་སྤྱིར་བཏང་བའི་ཆོ་ག་འཆད་པ་ནི། ལས་ཚོགས་བརྒྱ་བྱེད་པའི་དུས་སུ་ཁྲོ་བོ་གཞན་དང་གཞན་གྱིས་གཟུགས་སུ་བསྒོམ་པའི་ཚེ། རྒྱུད་སྡེ་བཞིའི་ལྷ་ཐ་དད་པའི་རྗེས་སུ་འབྲང་ཡང༌། ལྷ་དེའི་སྙིང་གར་ནམ་མཁའ་ལྡིང་གི་གདོང་ཅན་གྱི་ཧེ་རུ་ཀ་བསྒོམས་ན། ཆག་འབབ་པར་འགྱུར་རོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེའི་སྙིང་གར་ཕྱིར་བཟློག་ཆེན་མོ་ལ་སོགས་པ་ལས་བརྒྱ་བྱེད་པའི་དུས་ལྷའི་སྙིང་གར་བསྒོམས་ནས་ལས་བརྒྱ་བྱེད་དོ་ཞེས་བསྡུས་པ་ལས་ཀྱང་གསུངས་སོ། །གལ་ཏེ་སྙིང་གར་མི་བསྒོམ་ན་ཕྱག་མཚན་གྱི་དབུས་སུ་བསྒོམས་ནས་ཀྱང་ལས་ཚོགས་བྱེད་པ་ནི། མདུང་རྩེ་གསུམ་པ་ལ་ནམ་མཁའ་ལྡིང་གི་གདོང་ཅན་གྱི་འཁོར་ལོ་བྲིས་ན་སེར་བ་གཅོད་པ་ཅན་ཏེའུ་ལ་བྲིས་ནས་མེ་རེངས་པར་བྱེད་ཅེས་བྱ་བ་ནས་གླང་པོ་ཆེའི་པགས་པ་ལ་བྲིས་ན། དཔག་ཚད་སྟོང་ཕྲག་བརྒྱར་འགྲོ་འོང་བྱེད་དོ། །སྙིང་གར་མི་བསྒོམ་ན་ཕྱག་རྒྱ་དྲུག་ལས་འཁོར་ལོ་བྲིས་ན་མི་སྣང་བ་ལ་སོགས་པའི་ལས་དྲུག་བྱེད་པར་འགྱུར་རོ། །ལེའུ་སུམ་ཅུ་རྩ་བཞིའི་འགྲེལ་པའོ།། །།

སུམ་ཅུ་རྩ་ལྔ་པ། སྣ་ཚོགས་སྒྲུབ་པའི་ལེའུའི་འགྲེལ་པ།


DTG018_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་ཀླུ་འདུལ་བའི་དཀྱིལ་འཁོར་བཤད་ནས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བས་ཕུར་བུའི་ལྷ་སྟོན་ཏོ། །རྒྱུད་སྡེ་བཞི་ལས་ཕུར་བུའི་སྲུང་བ་སྣ་ཚོགས་བཤད་པ། གསང་བ་མཆོག་གི་རྒྱུད་འདིར་མདོར་བསྡུས་ན་གསུངས་པ་ནི། ཕུར་བུ་བསྒོམ་པར་འདོད་པས་སྔོན་དུ་འགྲོ་བ་ལྔ་དང་འབྱུང་བཞི་རི་རབ་སྣ་ཚོགས་རྡོ་རྗེ་དང་གཞལ་ཡས་ཁང་བསྐྱེད་ལ། པདྨའི་ལྟེ་བར་ཡི་གེ་ཧཱུཾ་ལས་སྐད་ཅིག་གིས་རྫུས་སྐྱེས་ཀྱི་ཧེ་རུ་ཀ་ཞབས་གཅིག་པ་བསྒོམ་པ་ནི་དང་པོ་སྦྱོར་བའོ། །སྐུ་དོག་སྔོན་པོ་ཞལ་དྲུག་པ་ཕྱག་བཅུ་གཉིས་པ་ཞབས་གཅིག་པ་ཡུམ་རྡོ་རྗེ་ཕག་མོ་ཞབས་གཅིག་པར་བསྒོམས་ཏེ་གོ་སླའོ། །འཁོར་བཤད་པ་ནི། ཤར་ལྷོ་མཚམས་སུ་གཤིན་རྗེ་བརྟན་མ་གླང་པོ་ཆེའི་གདོང་ཅན་ཞབས་གཅིག་པ། ནུབ་བྱང་མཚམས་སུ་གཤིན་རྗེ་མཆེ་བ་


DTG018_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་རི་དགས་ཀྱི་གདོང་ཅན་ཞབས་གཅིག་པ། བྱང་ཤར་གྱི་མཚམས་སུ་གཤིན་རྗེ་འཇོམས་བྱེད་མ་སེང་གེའི་གདོང་ཅན་མ་ཞབས་གཅིག་པའོ། །ཕྱོགས་བཞི་ནི་ཕུར་བུའི་ལྷའི་གཙོ་བོ་ཞལ་དྲུག་པ་རྟའི་གདོང་ཅན་ཞལ་ནུབ་ཏུ་གཟིགས་པ་ཡིན་པས་དང་པོ་ཁྱི་གདོང་མའི་ཕུར་བུས་གདབ་བོ། །གཉིས་པ་བྱང་དུ་འུག་གདོང་མའི་ཕུར་བུས་གདབ་པོ། །གསུམ་པ་ལྷོར་ཕག་གདོང་མའི་ཕུར་བུས་གདབ་པོ། །འདི་རྣམས་ལ་ཡེ་ཤེས་སེམས་དཔའ་གཞུག་གོ་ཆ་བསྐོན་དབང་བསྐུར་བདུད་རྩི་མྱངས་བསྒོམ་པ་དང་བཟླས་པ་བྱས། མཆོད་པ་དང་བསྟོད་པ་བྱ། གཏོར་མ་བཏང་ཉེ་བར་བསྡུ་བ་བཤད་པ་ནི། སྔགས་དང་དབྱིབས་དང་ཆོས་བདག་ཉིད། སྣ་ཚོགས་གཟུགས་ནི་ཆེན་པོ་ཡིན། །ཞེས་བྱ་བ་གསུངས་ཏེ། དབྱིབས་སྙིང་གའི་སྔགས་ལ་བསྡུ། །ཡང་ན་ཕུར་བུ་ལྔ་བྱ་སྟེ། དབུས་སུ་གཙུག་ཏོར་འཁོར་ལོས་སྒྱུར་མ། ཤར་དུ་མཐའ་ཡས་ཁམས་གསུམ་རྣམ་པར་རྒྱལ་བ་ལྷོར་རྣམ་པར་རྒྱལ་པ་ལས་འཇམ་དཔལ་གཤིན་རྗེ་གཤེད། ནུབ་ཏུ་སྤྲིན་སྒྲ་ལས་རྟ་མཆོག །བྱང་དུ་སྟོབས་པོ་ཆེ་ལས་བདུད་རྩི་འཁྱིལ་པ་སྟེ། ལྔ་བསྐྱེད་ལ། རྣལ་འབྱོར་གྱི་རྒྱུད་ལས་གྲགས་པ་བཞིན་དུ་ཐམས་ཅད་མཁྱེན་ཅིང་ཐམས་ཅད་མཛད་པས། ཇི་ལྟར་སེམས་ཅན་འདོད་པའི་སྐུ་ལུས་ཕུར་བུའི་ལྷ་ལྟ་བུ་ཡང་འཆང་བར་མཛད་པ་ཡིན་ནོ། །དེ་ལྟར་རྣལ་འབྱོར་པ་དད་པས་བསྒོམ་ཞིང་ཡུན་རིང་བ་བར་ཆད་མེད་པར་རྣམ་པར་བསྒོམས་ན་ནོར་མཆོག་ཤེལ་བཞིན་དུ་བདག་ཉིད་ཆེན་པོ་སྣ་ཚོགས་པ་རྣམ་པར་རོལ་པར་འགྱུར་ཏེ། རྡོ་རྗེ་མཁའ་འགྲོ་ལས། ཡང་དག་ཡང་དག་མ་ཡིན་པ། །དངོས་པོ་གང་དང་གང་ཞིག་ལ། བསྒོམ་པའི་དོན་ནི་རྫོགས་པ་ན། དེ་གསལ་མི་རྟོག་བློ་འདྲས་སྐྱེས། །ཞེས་གསུངས་སོ། །ལེའུ་སུམ་ཅུ་རྩ་ལྔ་པའི་འགྲེལ་པའོ།། །།

སུམ་ཅུ་རྩ་དྲུག་པ། གསང་བ་གསུམ་གྱི་དམ་ཚིག་གི་མཆོག་ཅེས་བྱ་བའི་ལེའུའི་འགྲེལ་པ།


DTG018_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བགེགས་འཆིང་བའི་དཀྱིལ་འཁོར་བཤད་ནས། ཡུམ་གྱི་སྙིང་པོའི་ཡི་གེ་བཅུ་གསུམ་ལས་སྐྱེས་པའི་ལྷ་མོ་བཅུ་གསུམ་གྱི་དཀྱིལ་འཁོར་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། སྔོན་དུ་འགྲོ་བའི་རྣལ་འབྱོར་ལྔ་རྫོགས་ནས་རྟེན་


DTG018_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་དང་པོ་སྦྱོར་བ་འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་བསྐྱེད། མངོན་པར་བྱང་ཆུབ་པ་ལྔས་ཕག་མོའི་སྐུ་བདག་ཉིད་བསྒོམ་ཞིང་རྣམ་པར་བསྒོམ་པ་ནི་དང་པོ་སྦྱོར་བའོ། །དཀྱིལ་འཁོར་རྒྱལ་མཆོག་ནི། སྐུ་ནི་ཉི་མ་བཅུ་གཉིས་གཟི། །ཞེས་བྱ་བ་ནས། འཁོར་གྱི་ཕྱག་མཚན་གོ་རིམས་བཞིན། །ཞེས་བྱ་བའི་བར་གོ་སླའོ། །ལས་རྒྱལ་མཆོག་ནི་གོ་ཆ་བསྐོན་པ་དང༌། ཡེ་ཤེ་སེམས་དཔའ་སྤྱན་དྲངས་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་དེའི་སྙིང་གའི་ནུ་མའི་བར་དུ་ཡེ་ཤེས་ཀྱི་ལྷ་མོ་བཅུ་གསུམ། དཔྲལ་བ་དང་ལྐོག་མ་དང་སྙིང་གར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམས་ལ། ཡེ་ཤེས་ཀྱི་འཁོར་ལོ་ཡང་དེ་དང་འབྲ་བར་བཅུག་ནས་རོ་གཅིག་ཏུ་གྱུར་པར་བསྒོམས་ཏེ། ཡེ་ཤེས་ཀྱི་བཟླས་པའི་སྤྲོ་བསྡུ་བསྒོམ་པ་དང༌། ངག་གིས་བཟླས་པ་ཡང་བྱའོ། །ལྡང་བའི་ཚེ་རང་གི་ལྷའི་རྣལ་བྱོར་གྱིས་སེམས་ཅན་ཐམས་ཅད་ལ་ལྷའི་སྐུར་བརྟག །སྟོང་གསུམ་གཞལ་ཡས་ཁང་དུ་བྱའོ། །སྟོར་གསུམ་ལྷ་ཡི་འཁོར་ལོའི་སྐུ། སྐུ་གསུང་ཐུགས་ཀྱི་ཆོས་གསང་བ་གསུམ་ལ་གཞག་གོ །གསང་བ་གསུམ་པ་ཡང་སེམས་ཀྱི་ཆོས་ཉིད་བདག་མེད་པ་ཆོས་དང་ཆོས་མ་ཡིན་པ་ལ་འདས་པའི་འདུས་མ་བྱས་ལ་གཞུག་གོ །ལེའུ་སུམ་ཅུ་རྩ་དྲུག་པའི་འགྲེལ་བའོ།། །།

སུམ་ཅུ་རྩ་བདུན་པ། གཉིས་སུ་མེད་པའི་དམ་ཚིག་གི་མཆོག་ཅེས་བྱ་བའི་ལེའུའི་འགྲེལ་པ།


DTG018_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་བཤད་ནས་གོ་ཆ་དྲུག་གི་དཀྱིལ་འཁོར་སྟོན་པ་ནི། དེ་ནས་གཞལ་ཡས་ཁང་བཤད་བྱ། །ཞེས་བྱ་བ་གསུངས་ཏེ། སྔོན་དུ་འགྲོ་བ་ལྔ་པ་སྒོམས་ནས་འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་གི་ནང་དུ་རྣལ་འབྱོར་མ་དྲུག་གི་ཡིག་འབྲུ་ལས་དྲོད་གཤེར་སྐྱེས་ཀྱི་ཆོ་གའི་རིམ་པ་དང་པོ་སྦྱོར་བའོ། །དཀྱིལ་འཁོར་རྒྱལ་མཆོག་ནི་མཚན་བཞིར་འགྱུར་ཏེ། གོ་ཆ་དྲུག་གི་ལྷ་མོ་བཞི་ལ་དཔའ་བོས་འཁྱུད་པ་ནི། འཁོར་ཞལ་གཅིག་ཕྱག་བཞི་པ་ནི་དང་པོ་ཡིན་ནོ། །དཔའ་བོ་དང་དཔའ་མོ་སོ་སོ་བསྒོམ་པའི་འཁོར་ལོ། རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ་དང༌། དཔའ་བོ་ཞལ་གཅིག་ཕྱག་བཞི་པ་ནི་གཉིས་པ་ཡིན་ནོ། །གཙོ་བོ་


DTG018_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་བཅུ་གཉིས་པ་ཞལ་དྲུག་པ་ལ་གོ་ཆའི་ལྷ་ཞལ་གཅིག་ཕྱག་བཞི་པ་ལྔས་བསྐོར་བ་ནི་གསུམ་པ་ཡིན་ནོ། །འཇམ་པའི་རྡོ་རྗེ་ལ་གོ་ཆ་དྲུག་གི་ལྷས་བསྐོར་བ་ནི་བཞི་པ་ཡིན་ནོ། །དེ་ལ་དད་པོ་ནི་ལྟེ་བ་གེ་སར་གྱིས་ཁྱབ་པའི་པདྨ་འདབ་མ་བརྒྱད་པ་བྲིས་པའི་དབུས་སུ་ཕག་མོ་ཞལ་དྲུག་པ་འཁོར་གཤིན་རྗེ་མ་ལས་སོགས་པ་ཞལ་གཅིག་ཕྱག་བཞི་པ། གཡོན་པ་ན་ཐོད་པ་དང་ཁ་ཊྭཱཾ་ག །གཡས་པ་ན་ཅང་ཏེའུ་དང་གྲི་གུག །ཕག་མོ་རྡོ་རྗེ་སེམས་དཔའ་དང་འཁྱུད་པ། ཙཎྜི་ཀཱ་རྟ་མཆོག་དང་འཁྱུད་པ་སྟེ། སྐུ་མདོག་དང་ཕྱག་མཚན་ནི་གོ་སླའོ། །ཡང་ན་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ་ཕག་མོ་དང་གཉིས་དབུས་སུ་འཁོར་ལོ་རྩིབས་བཅུ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དཔའ་བོ་ལྔ་དང༌། ཤིན་རྗེ་མ་ལ་སོགས་པ་ཞལ་གཅིག་ཕྱག་བཞི་མ་སོ་སོར་བསྒོམ་པ་སྟེ་གཉིས་པའོ། །ཡང་ན་གཙོ་བོ་ཕྱག་བཅུ་གཉིས་པ་ཞལ་དྲུག་པ། འཁོར་རྣམས་ཞལ་གཅིག་ཕྱག་བཞི་པ་བསྒོམས་པས་མིའི་འཁོར་ལོས་སྒྱུར་པ་དྲུག་ཐོབ་པ་དང༌། ཡང་ན་ལྷའི་འཁོར་ལོས་སྒྱུར་བ་དྲུག་ལྷ་མ་ཡིན་གཡུལ་གྱིས་མི་འཕམ་ཞིང་རྒྱལ་འཐོབ་པའམ། མཆོག་གི་དངོས་གྲུབ་སྟོབས་ཆེན་མངོན་པར་ཤེས་པ་དྲུག་དང་ལྡན་པ་བདུད་བཞིའི་ཕ་རོལ་གནོན་པ་དངོས་གྲུབ་རབ་ཐོབ་ནས། འགྲོ་བ་དྲུག་གི་སེམས་ཅན་བསྒྲལ་བ། རྡོ་རྗེ་འཛིན་པ་མཚུངས་པ་གྲུ་གསུམ་པའོ། །ཡང་ན་འཁོར་ལོ་ཟུར་དྲུག་ལ་གོ་ཆ་དྲུག་གི་ལྷ་མོ་ཞལ་གཅིག་ཕྱག་གཉིས་པ་དང༌། དཔའ་བོ་ཞལ་གཅིག་ཕྱག་བཞི་པ་བཀོད་ནས། དེའི་དབུས་སུ་འཇམ་པའི་རྡོ་རྗེ་ཞལ་ལྔ་པ་ཕྱག་བཅུ་པ་གྲུ་ཀུམ་དམར་པོའི་མདོག་ལྟ་བུ་གཞེས་བྱ་བ་ནས། སྐྲ་གྲོལ་བ་ལ་ཕྱག་གོས་ཅན་ཞེས་པའི་བར་དུ་དཀྱིལ་འཁོར་རྒྱལ་མཆོག་གོ་སླའོ། །ལས་ཀྱི་རྒྱལ་མཆོག་ནི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་དང༌། གོ་ཆ་བསྐོན་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་ཡུང་བ་དང༌། བསྒོམ་པའི་ཚེ་སྙིང་གའི་ནུ་མའི་བར་དུ་ཡེ་ཤེས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གོ་ཆ་གཉིས་དང༌། གོ་ཆ་ཆེན་པོ་གནས་ཉི་ཤུ་རྩ་བཞི་ལ་དཔའ་བོ་དང་མཁའ་འགྲོ་མ་རྣམས་དགོད་པ་ནི་ལུས་ཀྱི་དཀྱིལ་འཁོར་བསྒྲུབ་པའོ། །


DTG018_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྲུལ་པའི་འཁོར་ལོ་སྒོ་བཞི་དང་མཚམས་བཞི་རུ་ཁྭ་གདོང་མ་ལ་སོགས་པ་ལྷ་མོ་བརྒྱད་ཞལ་གཅིག་ཕྱག་བཞི་པ་དགོད་པར་བྱའོ། །བསྒོམ་པའི་ཚེ་སྒྲོ་བསྡུའི་སྦྱོར་བས་ཡེ་ཤེས་ཀྱི་བཟླས་པ་བྱ་བ་དང༌། ངག་གི་བཟླས་པའི་ཚེ་སྤྲུལ་པའི་འཁོར་ལོའི་ཚོགས་ཁམས་གསུམ་གྱི་འགྲོ་བ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་བསྒོམས་ལ་ངག་གི་བཟླས་པ་བྱ་སྟེ། སྐུ་གསུང་ཐུགས་ཀྱི་དེ་ཉིད་གསུམ་གྱི་སྔགས་ནི། དཔའ་བོ་དང་མཁའ་འགྲོ་མའི་མིང་གིས་མཐར་ཧཱུཾ་ཧཱུཾ་ཕཊ་དང༌། ཐོག་མར་ཨོཾ་དང་བཅས་པས་ལུས་ཀྱི་ནང་གི་འཁོར་ལོ་གསུམ་གྱི་སྔགས་ཀྱི་བཟླས་པ་བྱའོ། །སྦུལ་པའི་འཁོར་ལོའི་གོ་ཆ་དྲུག་གི་ལྷ་དང་སྒོ་མ་བརྒྱད་ཀྱི་སྔགས་ནི་གོ་སླའོ། །གོ་ཆ་གཉིས་པོ་འདིས་དཀྱིལ་འཁོར་ཐམས་ཅད་ཀྱི་སྙིང་གར་བཀོད་དམ། ཕྱག་མཚན་ལ་བཀོད་དམ། ལུས་ལ་གོ་ཆར་བཀོད་ན་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་གསོལ་བ་ནི་ཕན་ཡོན་ནོ། །དེའི་རྣམ་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་གོ་ཆ་དྲུག་གོ །བཞི་ནི་ཁྭ་གདོང་མ་ལ་སོགས་པ་སྒོ་མ་བཞི། བདེན་པ་བཞི་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་བཞིའོ། །འཇམ་པའི་རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མཆོད་པ་དང༌། བསྟོད་པ་དང༌། གཏོར་མ་བཏང་བ་དང་ཉེ་བར་བསྡུ་བ་ནི་ཁ་བསྐང་ངོ༌། །འདིའི་མཚན་ནི་གསང་བ་ཆོས་ཀྱི་སྐུ་དང༌། ཡང་གསང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། མཆོག་ཏུ་སྦས་པ་སྤྲུལ་པའི་སྐུ་སྟེ། ཡབ་ཡུམ་འཁྱུད་པར་བསྒོམ་པའམ། སོ་སོར་བསྒོམ་པའམ། གཙོ་བོ་ཞལ་བཞི་ཕྱག་བཅུ་གཉིས་པའམ། འཇམ་པའི་རྡོ་རྗེ་དབུས་སུ་བསྒོམ་པ་ནི། ཐོད་རྒལ་གྱི་ཏིང་ངེ་འཛིན་ཞེས་བྱའོ། །ཡང་ན་ལག་པ་གཡོན་པའི་སོར་མོ་ལྔ་དང་སེན་མོ་དང་དྲུག་ལ་དཔའ་མོ་དྲུག །གཡས་པའི་སོར་མོ་ལྔ་དང་སེན་མོ་དང་དྲུག་ལ་དཔའ་བོ་དྲུག །ལག་པའི་མཐིལ་དུ་དཔའ་བོ་དང་དཔའ་མོའི་འཁོར་ལོ་བསྒོམ་པ་གོ་ཆ་གཉིས་པོ་གསལ་བར་ཧེ་རུ་ཀ་འབྱུང་བ་ནས་གསུངས་པས་ཐེ་ཚོམ་མི་བྱའོ། །ལེའུ་སུམ་ཅུ་རྩ་བདུན་པའི་འགྲེལ་པའོ།། །།

སུམ་ཅུ་རྩ་བརྒྱད་པ། བརྡའི་ལེའུའི་འགྲེལ་པ།


DTG018_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་ལེའུ་བཞི་པ་ནས་ཉི་ཤུའི་བར་དུ་དངོས་གྲུབ་བསྒྲུབ་པའི་འཁོར་ལོ་དང༌། ཉི་ཤུ་གཅིག་པ་ནས་སུམ་


DTG018_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅུ་རྩ་བདུན་གྱི་བར་དུ་དངོས་གྲུབ་སྣ་ཚོགས་ཀྱི་འཁོར་ལོ་བསྟན་ནས། ད་ནི་དངོས་གྲུབ་ཀྱི་ཡན་ལག་གི་ལེའུ་བཅུ་སྟོན་པར་བཞེད་པས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། སྤྱིར་དཀྱིལ་འཁོར་བདུན་ཡོད་པ་ལས་རྣལ་འབྱོར་ཕོ་མོའི་འཁོར་ལོ་སྟོན་པ་རྫོགས་རིམ་གྱི་སྤྱོད་པ་ཡིན་ཏེ། དེ་ལ་རིགས་གསུམ་ཡོད་དེ་སྐྱེ་བ་སྔ་མ་ས་དང་པོ་ནས་ས་བཅུའི་བར་དུ་ཡེ་ཤེས་དང་ལྡན་པ་ལས་སེམས་ཅན་གྱི་དོན་དུ་སྐྱེས་རབས་ཀྱི་མདོ་སྡེ་བཞིན་དུ། འདིར་སྐྱེས་པའི་རྣལ་འབྱོར་ཕོ་མོ་ལ་ཟག་མེད་ཀྱི་ལས་ལས་བྱུང་བས་ཡེ་ཤེས་ལས་སྐྱེས་མ་ཞེས་བྱའོ། །ཡང་ན་བསམ་གཏན་བཞི་དང༌། གཟུགས་མེད་བཞི་ཐོབ་པ་ལས་མིར་སྐྱེས་པའི་རྣལ་འབྱོར་ཕོ་མོ་ཚངས་པ་དང་ཁྱབ་འཇུག་གི་སྤྲུལ་པ་གཏན་དུ་མི་གཡོ་བའི་ལས་བསམ་གཏན་གྱི་སྔོམ་པ་ལས་འབྱུང་བ་ནི་ཞིང་སྐྱེས་ཞེས་བྱའོ། །ཚེ་འདི་ལ་རྡོ་རྗེ་སློབ་དཔོན་གྱི་སྟོབས་ཀྱིས་བསམ་གཏན་དང་ཟག་མེད་ཀྱི་སྔོམ་པ་སྐྱེས་བ་ནི་སྔགས་སྐྱེས་ཞེས་བྱའོ། །དེ་ལ་དང་པོ་སྔོམ་པ་དང་ལྡན་པར་ཤེས་པའི་རྟགས་ནི་ངག་གི་བརྡ་དང་ལུས་ཀྱི་བརྡ་དང་ཡན་ལག་གི་བརྡ་གསུངས་ཏེ། དེ་ལ་ངག་གི་བརྡ་ནི་ཡི་གེའི་བརྡ་དང་ཚིག་གི་བརྡའོ། །ལུས་ཀྱི་བརྡ་ནི་མིག་གི་བརྡ་དང་མཆུའི་བརྡའོ། །ཡན་ལག་གི་བརྡ་ནི་ཡན་ལག་དང་ཉིད་ལག་གི་སྟེ། དེ་སྐད་དུ་ཡང་ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུ་ཡིན་ཏེ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་གསུངས་པའོ། །དེའི་བརྡ་དབང་མ་བསྐུར་བ་ལ་མཆོག་ཏུ་གསང་བའི་བརྡ་མི་ཤེས་ན་དེ་འགྲུབ་པར་མི་འགྱུར་ལ། གང་ཞིག་བརྡ་ལེགས་པར་ཤེས་ན་དངོས་གྲུབ་བསྒྲུབ་པར་ཐེ་ཚོམ་མེད་པའི་ཕྱིར་བརྡ་བསྟན་ཏོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ད་ཞེས་བྱ་བའི་ཡི་གེ་གནས་གཙང་མའི་བརྡ་མཚན་མ་ཐོབ་པའི་སྐྱེས་བུ་ཉི་ཤུ་རྩ་བཞི་པའོ། །དི་ཞེས་བྱ་བ་དབང་བསྐུར་ནས་མཚན་མ་ཐོབ་པའི་བུད་མེད་སུམ་ཅུ་རྩ་དྲུག་གོ །དུ་ཞེས་བྱ་བ་འཁྱུད་པ་སྟོན། །སུ་ཞེས་བྱ་བ་བདུད་རྩི་ལྔའི་བཟའ་བ་སྟོན། མ་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་དང་དུས་མཉམ་


DTG018_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་སྲོག་ཨ་ཝ་དྷཱུ་ཏཱི་ར་ཆུད་པ་སྟོན། བི་ཞེས་བྱ་བས་རང་དང་དུས་མཉམ་དུ་དབང་བསྐུར་བ་སྟོན། བུ་ཞེས་བྱ་བས་སློབ་མ་དབང་བསྐུར་བ་སྟོན། ལུ་ཞེས་བྱ་བས་རང་གི་དབང་བསྐུར་བ་སྟོན། པྲི་ནི་གསང་བའི་དབང་བསྐུར་བའི་རང་བྱུང་གི་མེ་ཏོག་སྟོན། སོ་ནི་གསང་བའི་དབང་བསྐུར་བའི་ཞི་བའི་བཏུང་བ་སྟོན། པི་ནི་སྨན་སྣ་བརྒྱ་རྩ་བརྒྱད་བསྐོལ་པའི་ཙྭ་རུའི་ཤ་སྟོན། སུ་ཞེས་བྱ་བ་ཚོགས་ཀྱི་འཁོར་ལོའི་འདུས་པ་སྟོན་ཏེ། གསང་བའི་དབང་བསྐུར་བརྡ་ཡིན་ནོ། །ཤེས་རབ་ཡེ་ཤེས་དག་བྱེད་ཀྱི་ལྷ་མོའི་བརྡ་ནི། པི་ཞེས་བྱ་བ་སེམས་འཛིན་པའི་གནས་དུར་ཁྲོད་དོ། །པྲི་ཞེས་བྱ་བ་སྐྱེ་བ་བདུན་བའི་རོ་ཁ་ཟས་སུ་བཟའ་བའོ། །འདི་ནི་ཕག་མོའི་རིགས་སོ། །ལ་ནི་སྒྲོལ་མའོ། །ཏྲི་ནི་སངས་རྒྱས་སྤྱན་ནོ། །ཀུ་ནི་མཱ་མ་ཀཱིའོ། །ཧ་ནི་གོས་དཀར་མོའོ། །ཛ་ནི་ཟག་མེད་ཀྱི་ལྷ་མོ་རྣམས་དང་སེམས་འཛིན་པའོ། །དཔའ་བོའི་ལྷ་མོའི་བརྡ་བཤད་པ་ནི། ཐོག་མར་ཕྲད་པའི་ཚེ། བྷ་ཞེས་བྱ་བ་ཕྱག་འཚལ་སྟོན། སྭ་ཕྱག་འཚལ་བའི་ལན་ནོ། །མི་ནི་ཉ་ལ་སོགས་པའོ། །བ་ནི་བདུད་རྩི་ལྔའི་བཟའ་བའོ། །བྷྱོ་ནི་བདུད་རྩིར་བྱིན་གྱིས་མ་བརླབས་པའོ། །བྱོ་ནི་བདུད་རྩི་ལྔར་བྱིན་གྱིས་བརླབས་པའི་བཏུང་བའོ། །བྱིན་གྱིས་མ་བརླབས་པའི་བཏུད་པའོ། །ག་ནི་དབང་བསྐུར་བ་ལ་སྐྲོད་པ་དང་དབང་མ་བསྐུར་བ། དམ་ཚིག་དང་ནི་མི་ལྡན་པའི་རིག་མ་བསྟེན་པར་དགའ་བ་དང་ཞེས་བྱ་བའི་ལྟུང་བ་བུང་བས་བསྐྲད་པར་མི་བྱའོ། །བཀས་གནང་བའི་ལྷ་མོའི་བརྡ་ནི། ཀ་ཞེས་བྱ་བ་རིགས་ལྔའི་ལྷ་མོ་སོ་སོར་འདོད་པར་བྱའོ། །ས་ཞེས་བྱ་བ་སྐྱེས་པ་གཞན་གྱི་དྲུང་དུ་མི་འགྲོའོ། །ར་ནི་བདག་པོ་མེད་པའི་མཆོག་མའི་ཕྱག་རྒྱའོ། །ངན་པར་སྤྱོད་པའི་བརྡ་ནི། དུ་ནི་གཟུགས་འཚོར་མའོ། །སུ་ཞེས་བྱ་བ་སངས་རྒྱས་ལ་དད་པའོ། །ན་ཞེས་བྱ་བ་མུ་སྟེགས་པ་ལ་དད་པའོ། །ས་ཞེས་བྱ་བ་དབང་བསྐུར་བ་ཐོབ་པའོ། །ཨཱ་ཞེས་བྱ་བ་དང་པས་འོངས་པའོ། །ན་ཞས་པ་དད་པ་མེད་པས་མ་འོངས་པའོ། །སོ་ནི་ཡིད་དུ་འོང་བའི་ཡུལ་དམ་པར་གྱུར་པའོ། །ཡི་གེ་རེ་རེའི་བརྡ་འདི་དག་ཚོར་བ་སྡུག་བསྔལ་བཏང་སྙོམས་ཚོར་བ་བདེ་བ་རྟོག་པ་མེད་པ་མངོན་སུམ་གྱིས་ལམ་བསྒོམ་པ་ལ་སྦྱིན་


DTG018_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱའི་མ་དད་པ་ལ་མི་སྦྱིན་ནོ། །གྲོལ་བའི་ལམ་པ་ཡང་མ་ཡིན་ནོ། །དུས་ནམ་གྱི་ཚེ་སྦྱིན་ཞེ་ན། དབང་བསྐུར་བའི་དུས་སུ་རྣལ་འབྱོར་པས་ཡེ་ཤེས་བབས་ནས་བརྡ་བྱེད་པ་དང༌། དབང་བསྐུར་ཐོབ་ན་ས་དེའི་འོག་ཏུ་བདེ་བ་སྟོང་པ་ཉིད་དམ་ཚིག་མཆོག་དང་ལྡན་པ་གུས་པ་ལ་སྦྱིན་བ་འམ། དམ་ཚིག་དང་དབང་བསྐུར་བའི་དུས་དང༌། ཆོགས་ཀྱི་འཁོར་ལོའི་དུས་སུ་སྦྱིན་པར་བྱའོ། །ལེའུ་སུམ་ཅུ་རྩ་བརྒྱད་པའི་འགྲེལ་པའོ།། །།

སུམ་ཅུ་རྩ་དགུ་པ། རྣལ་འབྱོར་མའི་མཚན་མའི་ལེའུའི་འགྲེལ་པ།


DTG018_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྡ་ཤེས་པའི་རྗེས་ཐོགས་ལ། དེ་ནས་གཞན་ཡང་མཚན་ཉིད་བཤད་པར་བྱ་བ་ནི། རྣལ་འབྱོར་མའི་ཁ་དོག་དང་དབྱིབས་དང་སྤྱོད་ལམ་དང་ལྡན་པའི་མཚན་ཉིད་གང་གིས་ཤེས་པ་ཙམ་གྱིས་སྒྲུབ་པ་པོ་ལ་རྒྱུ་རྐྱེན་ཚོགས་པས་ལྷན་ཅིག་སྐྱེས་པའི་དངོས་གྲུབ་འཐོབ་པར་འགྱུར་ཏེ། བཅོམ་པ་མོ་ལྷའི་བཤེས་གཉེན་ལ་ནོར་བཟངས་ཀྱིས་བདེ་བ་སྟོང་པ་ཉིད་ཀྱི་སེམས་བསྐྱེད་པའམ། ཚོང་དཔོན་གྱི་བུ་མོ་ལ་རྟག་ཏུ་དུས་སེམས་བསྐྱེད་པ་བཞིན་དུའམ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་དང་མཉམ་པའི་བཙུན་མོ་རིན་པོ་ཆེ་བདེ་བ་སྟོང་པ་ཉིད་སྟོན་པ་ལྟ་བུར་འགྱུར་བས་དེའི་ཁ་དོག་གི་མཚན་ཉིད་ནི་བུད་མེད་པད་རྩ་ལྟར་དཀར་ཞིང་ཞེས་པ་ཁ་དོག་དཀར་པོ་དང༌། དབྱིབས་མིག་དཀྱུས་རིང་བ་དང༌། གོས་དཀར་ལ་དགའ་བ་དང༌། ཙནྡན་གྱི་དྲི་ཡོད་པ་དང༌། དཀོན་མཆོག་གསུམ་ལ་དད་པ་ནི་པདྨའི་རིགས་ཏེ། གསུང་གི་འཁོར་ལོ་ལ་དགོད་དོ། །མི་གང་བཙོ་མའི་གསེར་ལྟ་བུ། །ཞེས་བྱ་བ་ནས། དེ་ཡང༌། བཟང་པོའི་རྗེས་འགྲོར་འགྱུར། །ཞེས་པ་ནི། རིན་པོ་ཆེའི་རིགས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་ལ་དགོང་ངོ༌། །ཐམས་ཅད་ཨུཏྤལ་ལྟར་སྔོ་བསངས་ཞེས་བྱ་བ་ནི་ཧེ་རུ་ཀའི་རིགས་ཏེ། དབུས་སུ་དགོད་པའོ། །བུད་མེད་པད་དཀར་མདོག་འདྲ་གང༌། །ཞེས་པ་ཚིག་རྐང་གསུམ་ནི་རྡོ་རྗེའི་རིགས་ཡིན་ཏེ། ཐུགས་ཀྱི་འཁོར་ལོ་ལ་དགོད་དོ། །དམར་ཞིང་སེར་བའི་བུད་མེད་གང༌། །ཞེས་པ་ནི་ཕག་མོའི་རིགས་ཏེ། དབུས་ཀྱི་འཁོར་ལོ་ལ་དགོད་དོ། །སེར་ཞིང་ལྗང་བའི་བུད་མེད་གང༌། །ཞེས་བྱ་བ་ནི་ལས་ཀྱི་རིགས་རྣམས་ཀྱི་གནས་སུ་དགོད་དོ། །བུད་མེད་གང་ཞིག་ཁ་དོག་དམར། །ཞེས་པ་ནི། རྣམ་པར་སྣང་མཛད་ཀྱི་རིགས་ཏེ། སྐུའི་འཁོར་


DTG018_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་ལ་དགོད་དོ། །དེ་ལྟར་རྣལ་འབྱོར་མ་བདུན་བདེ་བ་སྟོང་པ་ཉིད་གཡོན་པའི་སྤྱོད་པ་ལ་དགའ་བ་སེམས་ཀྱི་རྟགས་དང༌། ལུས་ཀྱི་རྟགས་སྔ་མ་བཞིན་དུ་ཁ་དོག་དང་དབྱིབས་དང་ལྡན་པར་སྐྱེས་ལ། ངག་གི་རྟགས་ཚིག་གི་ཐོག་མར་ཨོཾ་མཾ་ཧཱུཾ་ངམ། ཧྲཱིའམ་ཨཱཿ་འདོན་པ་ཡིན་ནོ། །རང་གི་ཕྱག་རྒྱ་མ་བསླབས་པར་རིགས་དྲུག་གི་ཕྱག་རྒྱ་འཆིང་ཞིང་སྔགས་བརྗོད་པའོ། །ཤེས་རབ་ཀྱི་རྟགས་གཡོན་ལས་འགྲོ་བའི་བུད་མེད་གང་ཞེས་བྱ་བ་རྟག་ཏུ་བདེ་བ་སྟོང་པ་ཉིད་བསྒོམས་པ་དང༌། ཐབས་ཀྱི་རྟགས་བདེ་བ་སྟོང་པ་ཉིད་ཀྱི་ཆེད་དུ་མཆོད་པ་དང༌། བདེ་སྟོང་གི་ཆེད་དུ་བལྟ་བ་དང༌། བདེ་བ་སྟོང་པའི་ཆེད་དུ་སྨྲ་བ་དང༌། བདེ་སྟོང་གི་ཆེད་དུ་བུད་མེད་གང་གིས་བསྟན་པའི་དོན་དེ་ཉན་ཅིང་གཞན་ལ་ཡང་བདེ་བ་སྟོང་པ་ཉིད་ཀྱི་རིགས་ཀྱི་ས་བོན་གཞན་ལ་སྟོན་པའོ། །བདེ་བ་སྟོང་པ་ཉིད་ཀྱི་རིགས་མི་སྤོང་ཞིང་བདེ་བ་སྟོང་གི་མདོར་བསྟན་པ་དང༌། རྒྱས་བཤད་མི་འདོར་བ་དང༌། བདེ་བ་སྟོང་པ་ཉིད་ཀྱི་རིག་པ་ཟློ་བར་བྱེད་པ་དེ་ནི་རྟག་ཏུ་དུ་བཞིན་དུ་ཉིན་མོ་དང་མཚན་མོ་ཡིད་ལ་མི་བྱེད་བདེ་བ་སྟོང་པ་ཉིད་ཡིད་ལ་བྱེད་པའི་དམ་ཚིག་དང་ལྡན་པའོ། །ཕྱག་འཚལ་བ་ཡང་བདེ་བ་སྟོང་པ་ཉིད་ཀྱི་ཆེད་དུ་འདུད་པ་དང༌། ལྷ་མོ་རྣམས་དང་ཀུན་དུ་སྨྲ་བ་ནི། བདེ་བ་སྟོང་པ་ཉིད་ཀྱི་ཆེད་དུ་རྟག་ཏུ་དུ་བཞིན་དུ་ས་དང་བོར་འགྲོའོ། །ཐབས་ཀྱི་རྟགས་བཤད་ནས་མིའི་ལུས་ལ་བསམ་གཏན་བསྐྱེད་པའི་ཐབས་བཤད་པ་ནི། བསམ་གཏན་དང་པོའི་དགའ་བ་དང་དབང་པོ་དྲུག་བདེ་བ་སྐྱེས་ནས། མཐེ་བོ་གཡོན་པས་ས་ལ་རི་མོ་འདྲི་བ་དང༌། མགོ་འཕྲུག་པ་དང༌། མི་གཟུར་གྱིས་ལྟ་བ་དང༌། ལག་པས་གར་བྱེད་པའི་རྟགས་སྟོན་པ་བཞི་ཡིན་ནོ། །མཚོག་དགའ་ཡུལ་དྲུག་ལ་བདེ་བ་སྐྱེས་པ་དང༌། རང་གི་རིག་པ་ཡུམ་དྲུག་ཆོས་ཀྱི་ཕྱག་རྒྱ་དྲན་པ་དང༌། མཁུར་བ་དང༌། ཀོ་སྐོ་དང༌། སྣ་གསུམ་དུ་ཐལ་མོ་སྟོན་པའོ། །རྣམ་པར་ཤེས་པ་དྲུག་བདེ་བ་ལྷན་ཅིག་སྐྱེས་དགའི་རྟགས་མིག་ཟུར་གྱིས་ལྟ་བ་དང༌། ཨ་ན་ཧའི་སྔགས་ལན་ཅིག་བཟློས་པ་དང༌། མིག་མི་འཛུམ་པར་རིག་པ་ཐམས་ཅད་ལ་བལྟ་བ་སྟེ། ས་དང་པོ་འཐོབ་པའི་བཅོམ་པ་མོ་ལྷའི་གཤིན་རྗེ་བཞིན་དུ། བདེ་བར་འགྲོ་བའི་དམ་ཚིག་


DTG018_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་ཡིན་ནོ། །བདེ་བ་སྟོང་པ་ཉིད་བསྒོམ་པ་དག་བྱེད་ཀྱི་འཁོར་ལོའི་བརྡ་ཡིན་ནོ། །དེ་ལྟར་དག་བྱེད་ཀྱི་ལྷ་མོའི་བརྡ་བཤད་ནས། དབང་གི་ལྷ་མོ་ནི་ཡེ་ཤེས་དང་ཞིང་དང་སྔགས་ལ་རྙེད་པར་དཀའ་བའོ། །ཞི་གནས་དང་ལྷག་མཐོང་གི་ནམ་མཁའ་འགྲོ་བའི་ཕྱག་རྒྱའོ། །དེའི་ལས་ཅི་ཡིན་སྙམ་ན། བདུད་རྩི་ལྔ་རྣམས་སློབ་མའི་ལྕེ་ལ་ཡང་དག་འབྱུང་ཞིང་འབེབས་པའོ། །གྲངས་དུ་ཞེ་ན། རྒྱུད་འབུམ་པ་ལས་བདུན་གསུངས་ཏེ། ཡ་མི་ནི་སངས་རྒྱས་སྤྱན། སྐྲག་བྱེད་མ་ཉེ་བའི་སྤྱན། འོད་ལྡན་མ་སྒྲོལ་མ། ཡོངས་སུ་བསྒྱུར་མ་ཉེ་བའི་སྒྲོལ་མ། འཇིགས་གཟུགས་མ་གོས་དཀར་མོ། །ཀུན་སྤྱོད་མ་ཉེ་བའི་གོས་དཀར་མོ། །འོད་ལྡན་མ་མཱ་མ་ཀཱི་འབའ་ཞིག་སྟེ་བདུན་ཡིན་ནོ། །ནམ་མཁའ་དང་མཉམ་པའི་རྒྱུད་ལས་བཤད་པ། གཟུགས་ཅན་མ་དང་ཙུམྦི་ཀ །ལཱ་མ་ཡོངས་བསྒྱུར་བྱིས་ཅན་མ། །མི་ལྡོག་ཨི་ཧི་ཀི་ལྷ་མོ། །ཞེས་གསུངས་པའི་དེ་མཚན་ཉིད་ནི་ཡེ་ཤེས་བབས་ནས། ཆགས་པས་ལྡན་པའི་མིག་མི་འཛུམས་པ་སྨིན་མ་འདེགས་པ་སྔར་ཁྲོས་པས་ཕྱིས་འཛུམ་པ་ནི། སངས་རྒྱས་སྤྱན་གཟུགས་ཅན་མའི་མཚན་ཉིད་དོ། །སྡུག་པའམ་མི་སྡུག་པ་ལ་འཁྱུད་ནས་ལོ་བྱེད་པ་ནི་ཉེ་བའི་སྤྱན་ནོ། །ཟུར་གྱིས་བལྟ་བའི་སྨིན་མ་བསྒྱུར་བ་སྡིགས་མཛུབ་བྱེད་པ་དབུགས་འབྱིན་པ་སྒྲོལ་མའི་མཚན་ཉིད་དོ། །ཕག་ལ་སོགས་པའི་སྲོག་ཆགས་འཇིགས་པར་བྱེད་པ་ཉི་བའི་སྒྲོལ་མའོ། །ཤིན་ཏུ་དགོང་པ་དང༌། ལུས་དང་སེམས་གཞན་དུ་སོང་ནས་ཕྱིར་མི་ལྡོག་པ་དང༌། སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་ནས་མི་རྟོག་པ་གསལ་བར་དགོད་པ་གོས་དཀར་མོའི་མཚན་ཉིད་དོ། །ཡིད་ཁྲོས་པས་རྐང་པ་དང་ལག་པ་ལ་སོགས་པས་རེག་པ་མི་འཚོ་བ་ནི་ཉེ་བའི་གོས་དཀར་མོའི་རིགས་ཏེ། ཞི་བ་མི་བསྒྲུབ་པ། བསྒྲུབ་པ་མིན་པ་མངོན་སྤྱོད་ལ་འཕྲོད་པའོ། །མཁའ་འགྲོ་མ་མཱ་མ་ཀཱིའི་རིགས་ནི་མཐའ་ཡས་ཀྱང་འདིར་དབང་བསྐུར་བ་དང༌། ཚོགས་ཀྱི་འཁོར་ལོ་བྱེད་པ་དང༌། མཆོད་པ་བྱེད་པ་དང༌། ཁམས་ལྟ་བ་དང་བཞིར་འགྱུར་རོ། །མ་བསླབས་པར་ཁྱིམ་དུ་ཐོད་པ་འདྲི་བ་གཟུགས་ཅན་མ། ཉེ་བས་དགྲ་སྟ། སྒྲོལ་མས་མཆེ་བ། ཉེ་བས་རལ་གྲི། གོས་དཀར་མོས་དགྲ་སྟེ། ཉེ་བས་རྡོ་རྗེ།


DTG018_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁའ་འགྲོ་མས་མདུང་སྟེ། ཕྱག་རྒྱ་དང་ལྡན་པའི་ལྷ་མོ་གོ་ཆ་དྲུག་གིས་ལྷ་བགོས་ན་ཉི་ཤུ་རྩ་བཞིར་འགྱུར་ལ་བདུན་པ་ནི། རྡོ་རྗེ་ཕག་མོ། དབུས་ཀྱི་གཙོ་མོ་ཡིན་ནོ་ཞེས་རྡོ་རྗེ་མཁའ་འགྲོ་དང་ཨ་བི་དྷཱ་ན་ལས་བཤད་དོ། །ལེའུ་སུམ་ཅུ་རྩ་དགུ་པའི་འགྲེལ་པའོ།། །།

བཞི་བཅུ་པ། མཁའ་འགྲོ་མའི་མཚན་ཉིད་ཀྱི་ལེའུའི་འགྲེལ་པ།


DTG018_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་བྱེད་དང་དབང་གི་ལྷ་མོ་བཤད་ནས་དཔའ་བོའི་ཚོགས་ཀྱི་འཁོར་ལོའི་ལྷ་མོ་ནི། དེ་ནས་གཞན་ཡང་བཤད་བྱ་བ་སྟེ། །བསམ་གཏན་བཞི་དགའ་བདེ་མཁའ་འགྲོ་མའི་མཚན་ཉིད་རྣལ་འབྱོར་པ་གང་ཞིག་གིས་ཤེས་ན། ཞི་གནས་ཀྱི་མཁའ་འགྲོ་མ་བསམ་གཏན་གྱི་སྔོམ་པའི་དམ་ཚིག་ལ་གནས་པ་བསམ་གཏན་དང་པོའི་དགའ་བདེ་དང༌། གཉིས་པ་ནི་ནང་རབ་ཏུ་དང་བ་དང༌། གསུམ་པ་ནི་ཡིད་བདེ་བ་བསྐྱེད་དོ། །གསུང་གི་འཁོར་ལོ་ལ་དགོད་པའི་པདྨ་གར་དབང་གི་རིགས་སོ། །ཁ་དོག་དམར་ཞིང་དཀར་བ་དང༌། གཉིས་པ་པདྨ་དྲི་སྟོང་པ། གསུམ་པ་ལྟ་སྟངས་ཞི་བ། བཞི་པ་མིག་མི་འཛུམ་པར་བལྟ་བ། ལྔ་པ་སེན་མོ་དམར་བ། དྲུག་པ་མིག་དམར་བ། བདུན་པ་ཁྱིམ་དུ་པདྨ་འདྲི་བའི་རྟགས་དང་ལྡན་པའོ། །ཐུགས་ཀྱི་འཁོར་ལོ་རྡོ་རྗེའི་རིགས་ཀྱི་ལྷ་མོ་ནི། སྨིན་མའི་དབུས་སུ་རི་མོ་གསུམ་ཡོད་པ་ལུས་སྔོ་སྐྱ། སེམས་རྡོ་རྗེའི་རིགས་བསྒོམ་པ། སྤྱོད་ལམ་ཁྱིམ་དུ་རྡོ་རྗེ་འདྲི་ཞིང་མཆོད་པའོ། །ལས་ཀྱི་རིགས་ཀྱི་ལྷ་མོ་དམ་ཚིག་གི་འཁོར་ལོ་ལ་དགོད་པ། དཔྲལ་བར་རི་མོ་གསུམ་མམ། གཅིག་སྣང་བ་མིག་དམར་བ། ལུས་ཀྱི་ཁ་དོག་སེར་བ། ལག་པ་དང་རྐང་པའི་མཐིལ་དམར་བ། ར་སྐྱེས་དང་ཁྱིམ་བྱ་ལ་དགའ་བ། ཁྱིམ་དུ་རྡོ་རྗེ་འདྲི་ཞིང་མཆོད་པ་ནི་སྒྲོལ་མའི་རིགས་སོ། །དཔྲལ་བ་དང་ལག་པ་ལ་འཁོར་ལོའི་རི་མོ་ཡོད་པ། གོས་སྔོན་པོ་དཔྲལ་བར་འཆིང་བ། སྐལ་ཆེན་ཕྱུག་པོའི་རིགས་སུ་སྐྱེས་པ། ཁྱིམ་དུ་འཁོར་ལོ་བྲིས་ནས་མཆོད་པ་རྣམས་སྣང་གི་རིགས་སྐུའི་འཁོར་ལོ་ལ་དགོད་དོ། །སེམས་ཀྱི་རྟགས་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དྲེགས་པ་ཁ་དོག་གི་རྟགས་མིག་སྨན་གྱི་མདོག་འདྲ་བ་དབྱིབས་ཀྱི་རྟགས་སོ། །སོ་དཀར་ཞིང་མཐེ་བ་མངོན་སྤྱོད་ལ་སོགས་པའི་ལས་ལ་སེམས་བརྟེན་པ། སྤྱོད་ལམ་ཁྲུས་ལ་དགའ་བ་མང་དུ་མི་སྨྲ་བ་རྡོ་རྗེ་བྲིས་ནས་མཆོད་པ་རྡོ་རྗེ་ཕག་མོའི་རིགས་གསེར་རི་


DTG018_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ནི་སྟོང་ཕྲག་བཅུ་གཉིས་ཡོང་པར་གྲགས་སོ། །དཀར་ཞིང་སེར་བ་ལ་སོགས་པའི་ཁ་དོག་དང་དབྱིབས་དང་ཁྱིམ་དུ་རྡོ་རྗེ་འདྲི་ཞིང་མཆོད་པ་གོས་དམར་མོའི་རིགས་སོ། །ཤ་ལ་དགའ་བ་ལ་སོགས་པའི་ཁ་དོག་དང་དབྱིབས་དད་ཐོད་པ་འབྲི་ཞིང་མཆོད་པའི་སྤྱོད་ལམ་དང་ལྡན་པ་མཱ་མ་ཀཱིའི་རིགས་སོ། །སྤྲིན་གྱི་མདོག་འདྲ་དགྲ་སྟ་བྲིས་ནས་མཆོད་པ་བྱེད་པ་རྣམ་པར་འདྲེན་པས་སངས་རྒྱས་སྤྱན་གྱི་རིགས་སོ། །མཁའ་འགྲོ་མ་བརྒྱད་པོ་འདི་དག་ཧེ་རུ་ཀའི་བསམ་གཏན་དང་ཟག་མེད་ཀྱི་སྔོམ་པ་ལས་སྐྱེས་པ་སངས་རྒྱས་ཕལ་པོ་ཆེའི་མཆན་མོ་དཔྱིད་ཀྱི་ལྷ་མོ་བཞིན་དུ་སྒྲུབ་པ་པོ་ལ་ཕན་པའི་ཕྱིར་མིའི་ཡུལ་དུ་སྐྱེས་པའི་མཚན་ཉིད་བཤད་དོ། །ལེའུ་བཞི་བཅུ་པའི་འགྲེལ་པའོ།། །།

བཞི་བཅུ་རྩ་གཅིག་པ། ལཱ་མའི་མཚན་ཉིད་ཀྱི་ལེའུའི་འགྲེལ་པ།


DTG018_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་བསམ་གཏན་བསྐྱེད་པའི་ལྷ་མོ་བཤད་ནས། མངོན་ཤེས་བསྐྱེད་པ་བསྐས་གནང་བ་ནོད་པའི་ལྷ་མོ་ནི། དེ་ནས་གཞན་ཡང་བཤད་བྱ་བ། ཞེས་བྱ་བ་གསུངས་ཏེ། རང་ལ་མངོན་པར་ཤེས་པ་མེད་ན་ཚོགས་ཀྱི་འཁོར་ལོའི་ཡོན་ཏན་བྱས་ནས་སྒྲོལ་མའི་རིགས་ཀྱི་ལྷ་མོ་ལ་མངོན་པར་ཤེས་པ་བསྐྱེད་ནས། ཚེ་འདི་ལ་དངོས་གྲུབ་གང་སྒྲུབ་པ་དྲིས་ནས་བཀའ་ནོད་པའོ། །སྒྲོལ་མའི་མཚན་ཉིད་ཀྱང་ལྔ་སྟེ། ཡན་ལག་ཆ་ཤས་མེད་ནས་སྒྲུབ་པ་པོས་ཤེས་པར་བྱ་སྟེ། རྡོ་རྗེ་རིགས་ཀྱི་སྒྲོལ་མ་དང༌། པདྨའི་རིགས་ཀྱི་སྒྲོལ་མ་དང༌། ལས་ཀྱི་རིགས་ཀྱི་སྒྲོལ་མ་དང༌། སྐུའི་རིགས་ཀྱི་སྒྲོལ་མ་དང༌། ཕག་མོའི་ཡོན་ཏན་གྱི་རིགས་ཀྱི་སྒྲོལ་མ་སྟེ་ལྔ་ཤེས་པར་བྱའོ། །དེའི་ཁ་དོག་དང་དབྱིབས་དང་སྤྱོད་ལམ་བཤད་པ་ནི། གང་ཞིག་གཞན་གྱི་འཁོར་ལོ་ནི། །ཞེས་པ་ནས། དཔའ་བོའི་སྲིང་མོར་དེ་ཤེས་བྱ། །ཞེས་པ་ནི་གོ་སླའོ། །སྤྱན་རས་གཟིགས་དབང་ཕྱུག་གི་པདྨའི་ཕྱག་རྒྱ་བྱེད་ན། ཀྲྀཥྞ་ས་ར་རི་དགས་ཀྱི་པགས་པ་འཛིན་པའི་ཕྱག་རྒྱ་ནི་ལན་ཡིན་ནོ། །ལག་པ་གཡོན་པ་ཁ་བུབ་ནས་གཡས་པ་དེའི་སྟེང་དུ་ཁ་སྦུབ་པ་ནི། རུས་སྦལ་གྱི་ཕྱག་རྒྱ་དེའི་ལན་དུ་བུམ་པ་སྤྱི་བླུགས་འཛིན་པ་ནི་བྱམས་པའི་ཕྱག་རྒྱའི་ལན་ཡིན་ནོ། །ཚེས་བཅུ་ལ་ཡེ་ཤེས་བབས་པས་ཁྱིམ་དུ་པདྨ་འདྲི་བ་རྡོ་རྗེའི་རིགས་ཀྱི་ལཱ་མ་ཐུགས་ཀྱི་འཁོར་ལོ་བརྒྱད་ཡིན་ནོ། །གསུས་པ་གློ་ཞིང་མིག་དཀྱུས་


DTG018_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིང༌། །ཞེས་པ་ནས། གཏམ་དག་ལ་ནི་རབ་ཏུ་དགའ། །ཞེས་པ་ནི་གོ་སླའོ། །རྣལ་འབྱོར་པ་གཡོན་པའི་སྡིགས་མཛུབ་ཀྱི་མདུང་གི་ཕྱག་རྒྱ་བསྟན་པ། རྐང་པ་གཡོན་པ་བསྐུམ་པའི་གར་བྱ། །རྣལ་འབྱོར་མས་དེའི་ལན་དུ་གཡོན་པ་ལས་བཟློག་པ་གཡས་པའི་རྐང་པ་བསྐུམ་པའི་ལན་ཡིན་ནོ། །བཅུ་བཞི་དང་ཚེས་བརྒྱད་ལ་པི་རི་རི་དང་ལྡན་པས་ཁྱིམ་དུ་མདུད་རྩེ་བྲིས་ནས། མཆོད་པའི་པདྨའི་རིགས་ཀྱི་ལཱ་མ་གསུང་གི་འཁོར་ལོ་བརྒྱད་ལ་གནས་པའོ། །གང་གིས་མཁུར་ཚོས་དག་ཏུ་ནི། །ཞེས་པ་ནས། རྩོད་པ་ལ་ནི་དགའ་བ་སྟིའི་བར་ནི་གོ་སླའོ། །རྣལ་འབྱོར་པས་གཡོན་པའི་སྡིགས་མཛུབ་བསྟན། རྐང་པ་གཡོན་པའི་གར་བྱ་བ། །རྣལ་འབྱོར་མས་དྲིལ་བུའི་ཕྱག་རྒྱ་བྱ། གཡས་པའི་རྐང་པ་བསྐུམ་པ་ལན་ཡིན་ཏེ། ཁྭ་གདོང་མ་ལ་སོགས་པའི་གནས་བརྒྱད་ལ་དགོད་དོ། །ཐུང་ཞིང་བྱིན་པ་སྦོམ་པ་དང༌། །ཞེས་པ་ནས་གོས་ཀྱང་འཆང་ཞེས་པ་ནི་གོ་སླའོ། །རྣལ་འབྱོར་པས་ཁུ་ཚུར་གྱི་གུང་མོ་བསྒྲེང་བ་རྡོ་རྗེའི་ཕྱག་རྒྱ་བསྟན་ལ། རྣལ་འབྱོར་པས་སོར་མོ་རྩེ་བཅུམ་པ་རྐང་པ་གཡས་པ་བསྐུམ་པའི་གར་གྱི་ཕྱག་རྒྱའི་ལན་ཡིན་ནོ། །ཚེས་བཅུ་བཞིའི་ཡེ་ཤེས་བབས་ནས་ཁྱིམ་དུ་རྡོ་རྗེ་འབྲི་པ་དེ་བཞིན་གཤེགས་པའི་རིགས་ཡིན་པས་སྐུའི་འཁོར་ལོ་ལ་དགོད་དོ། །ལུས་ཀུན་ལ་ནི་བ་སྤུ་ཡོད། །ཅེས་པ་ནས། སྤྲིན་གྱི་མདོག་ཅན་ཡིད་འཕྲོག་པ། །ཞེས་པའི་བར་ནི་གོ་སླའོ། །ལག་པ་གཡས་གཡོན་གྱི་སོར་མོ་བརྐྱང་བའི་ཕྱག་རྒྱ་བསྟན་པ་རྣལ་འབྱོར་མས་སྡིགས་མཛུབ་ཀྱི་ཕྱག་རྒྱ་དང༌། རྐང་པ་གཡས་པ་བསྐུམ་པའི་གར་གྱི་ཕྱག་རྒྱའི་ལན་ཡིན་ནོ། །ཕག་མོའི་རིགས་ཀྱི་ལཱ་མ་ཡས་ཤེས་ཀྱི་འཁོར་ལོ་ལ་དགོད་དོ། །ཚེས་བཅུ་གཉིས་ལ་ཁྱིམ་དུ་མཆེ་བ་བྲིས་ནས་མཆོད་ལ། ཡེ་ཤེས་ལུས་ལ་བབས་པའི་རྟགས་དང་ལྡན་པ་དེའི་ཚེ་འདས་པ་དང༌། མ་འོངས་པ་ཐམས་ཅད་ལུང་སྟོན་ཏོ། །ལེའུ་བཞི་བཅུ་གཅིག་པའི་འགྲེལ་པའོ།། །།

བཞི་བཅུ་རྩ་གཉིས་པ། བརྡའི་ལེའུའི་འགྲེལ་པ།


DTG018_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེའི་བརྡ་བཤད་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་བབས་པའི་མཁའ་འགྲོ་མའི་བརྡ་དཔའ་བོ་ཉི་ཤུ་རྩ་ལྔའི་སྦུན་དང་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་


DTG018_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་སྲིང་མོར་ཤེས་པར་འགྱུར་བའི་མདོར་བསྟན་ཏོ། །རྒྱས་པར་བཤད་པ་ནི་དབང་གི་ལྷ་མོའི་རིས་དྲུག་གིས་འཁོར་ལོ་བཀོད་པའི་ཚེ་ཟག་པ་མེད་པའི་ཡེ་ཤེས་བབས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡར་གྱུར་པ་གང་ཞིག་ལག་པ་གཡོན་པ་སྟོན་པ་གསོང་པོར་སྨྲ་བ་ཕྱག་འཚལ་བ་སྟོན་པ་སྟེ། དེའི་ལན་དུ་སྲིན་ལག་སྟོན་པ་གཉིས་ཀ་ལ་ཡེ་ཤེས་བབས་པར་ཤེས་པ་ལས་ལན་དུ་འགྱུར་རོ། །དེ་ནི་རབ་གཏུམ་མ་དང་ཐོད་པའི་དུམ་བུའི་བརྡ་ཡིན་ནོ། །དེ་ནས་བརྩམས་ཏེ། གཏུམ་མིག་མ་དང་ཀེང་རུས་ཅན་ལ་སོགས་པའི་དཔའ་བོ་དད་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་བརྡ་སྟོན་པ་ལས་ཐམས་ཅད་རྫོགས་པར་མཚང་ཡང༌། ཕོ་ཉ་མོ་ནི་གང་ཡང་རུང༌། །དེ་དག་ཀུན་གྱིས་ཡང་དག་སྤྱད། །ཅེས་བཤད་པའི་དཔའ་བོ་ཉི་ཤུ་རྩ་ལྔ་དང་སྦྱར། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ཀུན་བརྡ་འདི་བྱེད་པའི་ཚེ་གསངས་པའི་དབང་བསྐུར་བར་བྱའོ། །ལེའུ་བཞི་བཅུ་རྩ་གཉིས་པའི་འགྲེལ་པའོ།། །།

བཞི་བཅུ་རྩ་གསུམ་པ། ཡན་ལག་གི་ཕྱག་རྒྱའི་མཚན་ཉིད་ཀྱི་ལེའུའི་འགྲེལ་པ།


DTG018_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་བོ་ལྷ་མོའི་བརྡ་བཤད་པ་ནི། དེ་ནས་ཡན་ལག་ཕྱག་རྒྱའི་ཞེས་པ་གསུངས་ཏེ། ཡན་ལག་ནི་ལྔ་སྟེ། དེའི་ཡན་ལག་ནི་སོར་མོ་ཉི་ཤུའོ། །དེའི་བརྡའི་མཚན་ཉིད་ནི་ངས་བཤད་པར་བྱ་ཞེས་གསུངས་སོ། །ཚོགས་ཀྱི་འཁོར་ལོའི་སྦྱོར་བའི་ཚེ་ངོ་ཤེས་པར་བྱེད་པའོ། །དངོས་གཞིའི་ཡེ་ཤེས་བབས་པའི་ཚེ་སངས་རྒྱས་ཀྱི་སྤྱོད་པ་སྟོན་པས་ཚོགས་ཀྱི་འཁོར་ལོའི་དངོས་གཞི་ལ་དཔའ་བོ་དང་དཔའ་མོ་ལ་ཡེ་ཤེས་བབས་ནས་ལུས་ཀྱི་ཆོས་སྟོན་པར་ངེས་སོ། །བུད་མེད་དམ་སྐྱེས་པ་གང་གིས་སྤྱི་གཙུག་ལ་རེག་པར་བྱེད་ན། ཁོ་མོ་ལ་རྩ་ཨ་ཝ་དྷཱུ་ཏཱིར་ཡོད་ཅེས་སྟོན་ཏོ། །ཕྱག་རྒྱའི་ལན་དུ་མགོ་བོ་དེ་ལ་སྟོན་པ་ནི། བདེ་བ་སྟོང་ཉིད་ཁྱོད་དང༌། བདག་རྒྱུ་རྐྱེན་ཚོགས་པས་བསྒོམ་ཞེས་པའོ། །གང་གིས་དཔྲལ་བ་སྟོན་པ་དེ་ལ་མཁུར་ཚོས་བསྟན་ཞེས་པ་ནི། ལྷ་མོས་ནི་ལུས་ཀྱི་གནས་ཉི་ཤུ་རྩ་བཞི་འདི་ན་ཡོད་ཅེས་རིགས་སྟོན་པ་དང༌། དེའི་ཏིང་ངེ་འཛིན་བསྒོམ་བའི་ཡུལ་ཨ་ཝ་དྷཱུ་ཏཱིའི་ཡོད་པར་སྟོན་ཏོ། །ལྷག་མ་ནི་གོ་སླའོ། །ལྷ་མོ་སུམ་ཅུ་རྩ་བདུན་ལ་བརྡ་ཉུངས་སོ་ཞེ་ན། བདེན་ཏེ་ཕྱོགས་གཅིག་མཚོན་པར་བཅོམ་ལྡན་འདས་ཀྱིས་དགོངས་སོ། །ལེའུ་བཞི་བཅུ་རྩ་གསུམ་པའི་འགྲེལ་པའོ།། །།

བཞི་བཅུ་རྩ་བཞི་པ། མཁའ་འགྲོ་མའི་ཡན་ལག་གི་ཕྱག་རྒྱའི་ལེའུའི་འགྲེལ་པ།


DTG018_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཀས་གནང་བའི་ལྷ་མོའི་བརྡ་ནི། དེ་ནས་གཞན་ཡང་རབ་བཤད་པ། །ཞེས་བྱ་བ་གསུངས་ཏེ། བཀས་གནང་བའི་ཚོགས་ཀྱི་འཁོར་ལོ་དཔའ་བོ་དང་རྣལ་འབྱོར་མ་ལ་ཡེ་ཤེས་བབས་པའི་ཡན་ལག་ཇི་ལྟ་བ་བཞིན་དུ་ཕྱག་རྒྱའི་ཆོ་ག་བྱེད་པས་དཔའ་བོ་ཉི་ཤུ་རྩ་བཞིའི་སྤུན་གང་ཡིན་པ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་སྲིང་མོ་གང་ཡིན་པར་ཐེ་ཚོམ་མེད་དོ། །དེ་ལྟར་མདོར་བསྟན་ནས་བཤད་པ་ནི་སོར་མོ་གཙུག་སྟོན་པ་ལ་ཕྱག་འཚལ་བ་གཉིས་སྟོན་པ་ལ་ཕྱག་གི་ལན་འདི་ནི། རྣལ་འབྱོར་མ་ཀུན་དག་བྱེད་དང༌། དབང་གི་ངང༌། དཔའ་བོ་དང༌། བཀས་གནང་བ་དང༌། ཀུན་སྤྱོད་མ་ལྔའི་ཕྱག་འཚལ་བ་དང་ལན་གྱིས་ཕྱག་རྒྱ་བཤད་དོ། །རྣལ་འབྱོར་པས་ཇི་སྲིད་འཚོ་བའི་བར་དུ་ལྷ་གང་བསྒོམ་ཞེས་དྲིས་པ་དང༌། མཛུབ་སོར་གཉིས་བཀུག་མིག་གི་རྒྱ་ཇི་སྲིད་འཚོའི་བར་དུ་ལྷ་དེ་དབབ་ཏུ་འགྱུར་རོ་ཞེས་སྟོན་ཏོ། །གང་ཞིག་གུང་མོ་སྟོན་བྱེད་པ། །དེ་ལ་མཛུབ་མོ་བསྟན་པར་བྱ། །ཞེས་ཕག་མོས་གུང་མོ་བསྟན་ནས་རབ་གཏུམ་མས་སྲིན་ལག་སྟོན་པ་ནས་དཔྲལ་བ་སྟོན་པ་ནི། ཤིང་གྲིབ་མའི་བརྡའོ། །ལྟེ་བ་སྟོན་པ་གསུང་དང་སྐུའི་འཁོར་ལོ་ཀུན་གྱི་རིམ་གྱིས་ཕྱག་རྒྱ་བསྟན་པས་དེའི་རྟགས་ནི་གསང་བ་ཆགས་ལམ་གྱི་རྣལ་འབྱོར་མ་ཡིན་པ་ཡང་དག་པའི་ལྟ་བས་བཅུ་གཅིག་པའི་ཡེ་ཤེས་སུ་འགྲོ་བར་འགྱུར་བའོ། །གལ་ཏེ་ལྷ་མོས་བཀས་གང་བ་མ་བྱིན་ན། སངས་རྒྱས་མཉམ་སྦྱོར་ལས། པྲ་དང་ཆུ་པྲ་དང་མེ་ལོང་གི་པྲ་ལ་སོགས་པྲ་སེ་ན་མང་པོ་གདབ་པ་དང༌། གང་ལ་མེ་ཏོག་བབས་པ་རིགས་ལྔར་ཤེས་པའི་པྲ་གདབ་བོ། །ལེའུ་བཞི་བཅུ་རྩ་བཞི་པའི་འགྲེལ་པའོ།། །།

བཞི་བཅུ་རྩ་ལྔ་པ། མཁའ་འགྲོ་མའི་བརྡའི་ཆོ་གའི་ལེའུའི་འགྲེལ་པ།


DTG018_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དག་བྱེད་དང་དབང་དང་དཔའ་བོ་དང་བཀས་གནང་བའི་མཚན་ཉིད་བཞི་དང་བརྡ་བཞི་བཤད་ནས། ད་ནི་ཐ་མལ་པའི་ཀུན་སྤྱོད་པ་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། ལས་དང་པོ་པའི་ཀུན་སྤྱོད་མའི་མཁའ་འགྲོ་མའི་མཚན་ཉིད་རྣལ་འབྱོར་པ་གང་གིས་རིགས་ནས་ཁ་དོག་དབྱིབས་དང་སྤྱོད་ལམ་ལས་དཔའ་བོའི་འཁོར་ལོ་ལྔའི་སྲིང་མོར་ཤེས་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། རྣལ་འབྱོར་པ་


DTG018_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམ་ཚིག་ཅན་ཡེ་ཤེས་བབས་པའི་ཚེ། རྣལ་འབྱོར་མ་གང་ལ་རྗེས་སུ་ཆགས་ཤིང་དགའ་བ་དེའི་རིགས་ཡིན་ནོ། །ཐ་མལ་པའི་བུད་མེད་དང་སྐྱེས་བ་རྫོགས་རིམ་བསྒོམ་དུ་ཇི་ལྟར་དུ་ཞེ་ན། དཔའ་བོའི་ལོངས་སྤྱོད་ས་གཞི་ཡིན། །ཞེས་བྱ་བ་སྨོས་ཏེ། བསམ་གཏན་གྱི་ཏིང་ངེ་འཛིན་གྱི་ལོ་ཏོག་བསྐྱེད་པའི་ས་གཞི་སྐྱེས་པ་དང༌། བུད་མེད་ཀྱི་ལུས་ཡིན་ནོ། །གཞི་ནི་ས་གཞིར་བྱ་བ་ནི། དག་བསྙེན་གྱི་སྔོམ་པ་དང༌། བྱང་ཆུབ་སེམས་དཔའ་སྔོམ་པ་དང༌། སྔགས་ཀྱི་སྔོམ་པ་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་སྣོད་དུ་རུང་བར་བྱས་ནས་རྣལ་འབྱོར་པའི་ལུས་ཀྱི་འཁོར་ལོ་སྔོམ་པ་མཆོད་པར་བྱའོ། །མཉམ་སྦྱོར་དང་མཁའ་འགྲོ་ལས་ཀྱང༌། དགའ་བ་དང༌། བདེ་བ་ཀུན་མོས་པས། ངན་སྤྱོད་ལ་འང་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་ལས་གཞིར་གྱུར་པ་དེ་ལྟར་ཤེས་ཤེ་ན། འབྲས་བུའི་རྟགས་ཀྱིས་ཏེ། གོ་བཟློག་པའི་ལྟ་བ་མིག་ཕབ་ནས་མིག་ཟུར་གྱིས་བལྟ་བ་དང༌། དམར་པེ་རྣམ་པར་འགྱུར་བ་དང༌། སྨིན་མ་གཡས་པ་ནི་དགའ་བ་སྐྱེས་པ་སྣ་ཚོགས་ཀྱི་རྟགས་སོ། །དེ་བཞིན་དུ་མཁའ་འགྲོ་མ་ལས་བྱུང་བའི་རྟགས་བཞིན་རྣམ་པར་འགྱུར་བ་དང༌། གདོང་དང་མིག་ཟླུམ་ཞིང་འཁྱིལ་བ་དང༌། དཔྲལ་བའི་རི་མོ་གསུམ་ཟླུམ་པོར་གྱུར་པ་ནི། མཆོག་དགའི་རྟགས་སྐུའི་རིགས་སུ་ཤེས་པར་བྱའོ། །གལ་ཏེའམ་བརྒྱ་ལ་རླུང་གྱེན་དུ་ལྡོག་པས་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་ན་རྔོན་པ་གཉིད་ལོགས་པ་བཞིན་དུ་སྔར་བཤད་པའི་དགའ་བ་དང་མཆོག་དགའི་རྟོགས་ཀྱི་དོན་མེད་ཀྱི་ཏིང་ངེ་འཛིན་སྐྱེས་པས་སྟོང་པར་འགྱུར་རོ། །རླུང་འགགས་པས་དེའི་གདོང་གི་ཉམས་པ་འཇིགས་པར་འགྱུར་བ་དང༌། ཧ་ཧ་ཧི་ཧི་ལ་སོགས་པ་བརྒྱད་ཀྱི་རྡོ་རྗེ་ལྟ་བུའི་སྐད་གསལ་པོ་སྨྲ་བ་ནི་ལྷན་ཅིག་སྐྱེས་དགའི་རྟགས་ཡིན་ནོ། །རྡོ་རྗེའི་རིགས་སོ། །གསུང་གི་རིགས་ནི་སྒྲ་ཁུ་བྱུག་གི་སྐང་ལྟར་གསལ་བ་དང་འདོད་པའི་སེམས་ཁམས་ཀྱི་སེམས་འགགས་པས་རྣམ་པ་ཐམས་ཅད་ཀྱི་བདེ་བ་སྟོང་པ་ཉིད་སྐྱེས་པའི་ཤེས་པ་གསལ་བ་ནི་གསུང་གི་རིགས་ཀྱི་རྟགས་ཡིན་ནོ། །དེའི་ཡེ་ཤེས་བབས་པ་ནི་རྡོ་རྗེ་མེ་ལོང་གི་འོད་ཅན་འདྲི་བ་དང༌། རིན་པོ་ཆེའི་རིགས་རལ་གྲི་མེ་ལོང་ཅན་འདྲི་བ་དང༌། པདྨའི་


DTG018_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིགས་རྒྱལ་མཚན་མེ་ལོང་ཅན་འདྲི་བ་དང༌། སྐུའི་རིགས་ཀྱི་མདུང་རྩེ་གསུམ་པ་མེ་ལོང་ཅན་འདྲི་བ་དང༌། ལས་ཀྱི་རིགས་ཀྱི་མེ་ལོང་ཉིས་བརྩེགས་འདྲི་བ་དེ་ལུས་ངག་གི་མཚན་མའི་གཟུགས་ཀྱི་རྟགས་ཀྱིས་སྔགས་སྐྱེས་ཀྱི་མཆོག་ཡིན་པར་ཤེས་པར་བྱའོ། །ལྷ་མོ་དེ་རྣམས་ལ་ཡེ་ཤེས་བབས་པའི་ངག་གིས་བརྡར་བསྟན་པ་ནི། དང་པོ་ཕྲད་པའི་ཚེ་པོ་ཏང་གི་ཕྱག་འཚལ་བ། པྲ་ཏི་པོ་ཏང་གི་ཕྱག་གི་ལན་ནོ། །གནས་པའི་ཡན་ལག་གྲྀཧྞ་ཞེས་བ་ནས། ཨ་མྲྀ་ཏ་བརྡ་ནས་ཞེས་བྱ་བས་སོ། །ཚོགས་འཁོར་གྱི་ཡན་ལག་ས་ག་མི་ཞེས་བྱ་བ་ནས། གནྡྷ་པ་སི་ཞེས་བྱ་བའི་བར་གྱིས་སོ། །མཆོད་པའི་ཡན་ལག་ཀུ་ཏ་ནི། །ཞེས་བ་ནས། ཨ་ཏ་ན་ཡི་དཀྱིལ་འཁོར་རོ། །ཞེས་པའི་བར་གྱིས་སོ། །ཁམས་རྟ་བའི་ཡན་ལག་ཤ་ནས་ཞེས་བྱ་བ་ནས། འོག་ཏུ་མེད་ཅེས་པའི་བར་གྱིས་སོ། །ལེའུ་བཞི་བཅུ་རྩ་ལྔའི་འགྲེལ་པའོ།། །།

བཞི་བཅུ་རྩ་དྲུག་པ། ཕོ་ཉའི་གྲངས་ཀྱི་ལེའུའི་འགྲེལ་པ།


DTG018_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མིའི་འཁོར་ལོ་ལྔ་པོ་མ་བཅོས་པ་དོན་རང་གི་མཚན་ཉིད་ནི་ལུས་ལ་བསམ་གཏན་དང་ཟག་མེད་ཇི་ལྟར་སྐྱེ་བའི་ཐབས་རྣམ་པར་ཐར་པའི་སྒོ་གསུམ་ཡིན་ཏེ། །ཆོགས་ཀྱི་འཁོར་ལོ་སྣོད་གཅིག་ཏུ་ཟ་བ་ཞེས་བྱ་བ་བསམ་གཏན་བཞི་སྐྱེ་བའི་རྣམ་པར་ཐར་པ་དང་ཞི་པའི་བཏུང་བ་བདག་བྱིན་གྱིས་རློབས་པ་ཞེས་པ། སྒྱུ་མ་ལྟ་བུ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་སྐྱེ་བའི་ཐབས་དད། འོད་གསལ་བ་ཕོ་ཉའི་གཙང་སྦྲའི་རྣམ་པར་ཐར་པ་ཞེས་པ་ས་དང་པོ་རབ་ཏུ་དགའ་བ་ནས་ས་བཅུ་པ་སྤྲིན་གྱིས་བར་དུ་བསྐྱེད་པ་དང༌། ས་བཅུ་གཅིག་པ་ཟུང་དུ་འཇུག་པའི་ཡེ་ཤེས་དབང་བཞི་ཞེས་བྱ་བ། མི་སློབ་པའི་ལམ་དེ་ལྟར་སྙིགས་མ་ལྔའི་དུས་སུ་བླ་མ་མཉེས་པར་བྱས་པས་རྒྱུ་རྐྱེན་གྱི་ཚོགས་པ་ལས་ཤེས་པ། དེ་རྣམས་བསྐྱེད་པ་ཡིན་ཏེ། མཁའ་འགྲོ་དང་མཉམ་སྦྱོར་གྱི་རྒྱུད་ལས་ཀྱང༌། ངོ་བོ་ཉིད་ཀྱི་མཐུ་དག་གིས། །རང་བཞིན་གྱིས་ནི་དེ་འགྲུབ་པོ། །ཞེས་གསུངས་སོ། །དེ་སྟོན་པས་དེ་ནས་རྣལ་འབྱོར་གྱི་རྒྱུད་འདི་རུ་སྤྱོད་པ་དང༌། བྱ་བ་དང་གཉིས་ཀ་དང་རྣལ་འབྱོར་གྱི་རྒྱུད་ལས་རྙེད་པར་དཀའ་བའི་བསམ་གཏན་དང་ཟག་མེད་ཀྱི་དམ་ཚིག་ང་ཡིས་བཤད་པའོ། །སྐྱེས་པའམ་བུད་མེད་བདེ་བ་སྟོང་པ་ཉིད་གཡོན་ནས་འགྲོ་བ་འདོད་པ་ལ་རྒྱུ་རྐྱེན་


DTG018_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །ཁྱིམ་ལྔ་ཡེ་ཤེས་ཀྱི་འཁོར་ལོ་བཞི་ཐུགས་དང་སྐུ་དང་གསུང་དང་དམ་ཚིག་ལ་གནས་པའི་ཁ་དོག་དང་དབྱིབས་དང་སྤྱོད་པ་ལ་ཡུལ་གྱི་སྐལ་བ་སྔར་མ་སྤྲད་ཀྱང་ད་ལྟར་དེའི་རྟགས་ཀྱིས་ཤེས་སོ། །ཤེས་ནས་ཅི་བྱ་ཞེ་ན། ཚོགས་ཀྱི་འཁོར་ལོ་འདོད་པའི་ཡོན་ཏན་ལྔའི་ཡུལ་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་ནས་འདོད་ཁམས་ཀྱི་སེམས་རང་བཞིན་བརྒྱད་ཅུ་འགགས་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་སྤྱི་གཙུག་གི་བྱང་ཆུབ་སེམས་བདག་པོའི་རྐྱེན་སྐྱེས་བ་སྔ་མའི་བག་ཆགས་རྒྱུའི་རྐྱེན་དེའི་ཡོད་པས་སྔར་བཤད་པའི་ཁ་དོག་དང༌། དབྱིབས་དང་སྤྱོད་ལམ་གྱི་རྟགས་ཀྱིས་ཤེས་སོ། །དེ་ལྟར་ཚོགས་ཀྱི་འཁོར་ལོའི་རྣམ་ཐར་བཤད་ནས་ཞི་ནས་བཏུང་བའི་རྣམ་ཐར་སྟོན་པ་ནི། དཔལ་ཧེ་རུ་ཀའི་རྣལ་འབྱོར་མངོན་སུམ་གྱི་ལམ་ཡིན། དེ་བཞིན་དུ་རྣལ་འབྱོར་པའི་ལམ་སྟོན་པ་ནི། སློབ་དཔོན་མེད་དེ་ལུང་དང་རྔེས་དཔག་ལ་མི་རྟེན། མངོན་སུམ་གྱི་ཡུལ་བསྐལ་པ་རྣམ་པ་གསུམ་གྱི་བསྐལ་པ་རྟག་ཏུ་དུའི་ཚོང་དཔོན་གྱི་བུ་མོའམ། ནོར་བཟངས་ཀྱིས་བཅོམ་པ་མ་ལྷའི་གཤེས་གཉེན་བཞིན་དུ། སྒྱུ་མ་ལྟ་བུའི་སྦྱོར་བའི་ལམ་སྟོན་པ་ནི། སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན་ནོ། །རྒྱུད་འདི་རུ་སྒྲུབ་པ་པོ་འདོད་པའི་ཁམས་ཀྱི་སེམས་དང་བྲལ་བ་རྟོག་བྲལ་མ་འཁྲུལ་པས་སྒྱུ་མ་ལྟ་བུར་གྱུར་པ་ནི་ལེགས་པར་གྱུར་པ་ཡིན་ཏེ། སྒྱུ་མ་མངོན་སུམ་གྱིས་གྲུབ་པ་ལ་ལུས་ངག་གིས་མི་བརྙས་ཤིང་སེམས་ཀྱིས་མི་སྤང༌། ལྷ་མ་ཚང་ན་ཡང་རེ་རེ་དང་གཉིས་གཉིས་དང་སྒྱུ་མ་ལྟ་བུ་བསྒོམ་མོ། །ད་ལྟར་ས་དང་པོ་སྐྱེ་བའི་ཕོ་ཉའི་གཙང་སྦྲའི་རྣམ་ཐར་མ་ནི། བདུད་འབྱུང་བས་བར་ཆད་ཀྱི་བགེགས་སེལ་བའི་སྲུང་མ་ཁྭ་གདོང་མ་ལ་སོགས་པ་བརྒྱད་ཀྱིས་སྤྲོས་མེད་ཀྱིས་སྤྱོད་པ་ཤེས་རབ་ཡེ་ཤེས་ལ་བདེ་བ་ལ་ལོག་པར་བྱེད། སྟོང་པ་ཉིད་ལ་དད་པར། འདུས་མ་བྱས་རྟག་པའི་དམ་ཚིག་བརྒྱད་བསྐྱང་བའི་རྣལ་འབྱོར་པ་ལ་སྲུང་བར་བྱེད་དོ། །ས་དང་པོ་འདུས་མ་བྱས་ཀྱི་དམ་ཚིག་བརྒྱད་གང་ཞེ་ན་ལྷ་མོ་གཞན་སྟོང་པ་ཉིད་མ་མཐོང་བ་ལ་ཀུན་དུ་སྦྱོར་བ་ཡང་རང་གི་འདོད་ཆགས་དང་གཏི་མུག་ལ་སོགས་པ་རང་བཞིན་བརྒྱད་ཅུ་སྤངས། བདེ་བ་གསལ་པོ་མེད་པའི་འདུ་ཤེས་མེད་


DTG018_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་དུ་གཟུང་འཛིན་གཉིས་མེད་པ་སྤངས། དུས་གསུམ་དང་ཁམས་གསུམ་དུ་རྟོགས་པའི་སེམས་ཅན་གྱི་དོན་ལ་མ་ཆག་མ་ཐོགས་པའི་ཤེས་པ་སྤངས། ལྷ་མོས་དང་པོའི་དམ་ཚིག་སྦྱངས་པ་དེ་བཅོམ་པ་མ་ལྷའི་བཤེས་གཉེན་བཞིན་དུ་ལོངས་སྤྱོད་བུད་མེད་ཀྱི་དབང་ཕྱུག་ལ་རང་བཞིན་གྱིས་རང་བཞིན་བརྒྱད་ཅུ་བཀག་ནས་ཤིན་ཏུ་རྣལ་འབྱོར་བསྒོམ་བདེ་བ་གསལ་པོའི་བསམ་གཏན་དང༌། ཚངས་པར་སྤྱོད་པའི་སྟོང་པ་ཉིད་གཉིས་སུ་མེད་པ་བསྒོམ། སེམས་ཅན་གྱི་དོན་ལ་ཁོང་ཁྲོ་བ་མེད་པ་མི་དམིགས་པའི་ཐུགས་རྗེའི་རྒྱུན་ལ་ཀུན་དུ་སྤྱོད། འདི་བརྒྱད་ནི་ས་དང་པོ་སྐྱེ་བའི་ཆོས་མཆོག་ཆེན་པོའི་མཚན་ཉིད་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་རྟག་ཏུ་ཤེས་པར་བྱའོ། །མངོན་སུམ་གྱི་ལམ་རྒྱུད་སྡེ་བཞི་ཐུན་མོང་གི་ལམ་ལ་གནོད་བྱེད་ཀྱི་གཏན་ཚིགས་མེད་པར་ལྟག་ཆོད་ཀྱིས་ཉམས་པར་མི་བྱའོ། །རང་རིག་པའི་སྟོང་པ་ཉིད་འདི་དག་དད་པས་བླང་བར་བྱའོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་ལག་པ་ཁ་ཕྱིར་ལྟ་བས་ན་མ་ཡིན་ནོ། །མངོན་གསུམ་གྱི་ལམ་གསང་བ་འདི་སྡེ་སྣོད་གསུམ་པ་ལ་མི་བསྟན། བསྐྱེད་རིམ་པ་ལ་སྦ། བློ་ལྡན་རྫོགས་རིམ་པ་ཨ་ཝ་དྷཱུ་ཏཱིར་ཁ་སྦྱར་ནས་མཐེའུ་ཆུད་བསྐྱོད་པའི་ཡེ་ཤེས་ལས་བསྐྱེད་པའི་ཕོ་ཉ་མོ་རྣམས་ལ་ཏིང་ངེ་འཛིན་འདི་ཡང་དག་པར་གནས་སོ། །གང་ཟག་སུ་ལ་བསྟན་ཞེ་ན། མ་དག་པ་བསྐྱེད་རིམ་ལྷ་མཉེས་པར་བྱེད་པ་ལ་མི་བསྟན། འདྲེས་པ་བསྐྱེད་རྫོགས་གཉིས་ཀ་བསྒོམ་པ་ལ་མི་བསྟན། རྣམ་པར་དག་པ་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པའི་རྣལ་འབྱོར་པ་ལ་བསྟན་ཏོ། །རྒྱུ་གང་ཟག་དང༌། ཐབས་མངོན་སུམ་གྱི་ལམ་ཡང་འབྲས་བུའི་བསམ་གཏན་དང་ཟབ་མེད་ཀྱི་འབྲས་བུ་མདོར་བསྟན་པའོ། །སྦྱོར་བ་མཆོད་པ། དངོས་གཞི་བརྟུལ་ཞུགས་རྗེས་ནི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། ཡུལ་དང་ཡུལ་དུ་ཕོ་ཉ་ཡིས། །གཟུགས་དང་མཚན་ཉིད་བརྟུལ་ཞུགས་སོ། །ཞེས་བྱ་བ་ནི། ལེའུ་ཉི་ཤུ་རྩ་བཞི་ཞིང་སྐྱེས་ཕོ་ཉའི་ཁ་དོག་དང་དབྱིབས་དང་སྤྱོད་ལམ་གྱི་མཚན་ཉིད་དང་ལྡན་ན་སྐྱེ་བ་སྔ་མའི་བསམ་གཏན་དང་ཟག་མེད་ལས་སྐྱེས་པ་ཡིན་པ་དུས་རྟག་ཏུ་བརྟུལ་ཞུགས་བསྒོམ་པར་བྱའོ། །བསྐལ་པ་


DTG018_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུམ་གྱིས་མ་བསྐལ་པའི་ཕོ་ཉ་རལ་གྲིའི་སོ་དང་འདྲ་ཞིང་ལས་དང་ཉོན་མོངས་པ་དག་པར་བྱེད། བདེ་བ་སྟོན་པ་ཉིད་ཀྱི་བསོད་ནམས་འཕེལ་བར་བྱེད། རལ་གྲིའི་སོ་འདྲ་བ་འདི་དཔེ་དེ་བཞིན་དུ་ཕོ་ཉ་དང་རང་བཞིན་བརྒྱད་ཅུ་བཀག་ནས། ལེགས་པར་འདུས་ནས་རྒྱུ་རྐྱེན་ཚོགས་པ་སྒྲུབ་པ་པོ་ལ་བདེ་བ་སྟོང་པ་ཉིད་ས་དང་པོའི་ཡེ་ཤེས་འཐོབ་བོ། །བསྐྱེད་རིམ་གྱིས་བཟླས་པ་དང་མཆོད་པ་དང་བསམ་གཏན་མེད་ཀྱང་དོན་རང་གི་མཚན་ཉིད་ཀྱི་རྒྱུ་རྐྱེན་ཚོགས་པ་ལ་བསྐྱེད་རིམ་བཅོམ་པ་མའི་རྣལ་འབྱོར་གྲོགས་སུ་མི་འགྱུར། དེ་བས་ན་སྔགས་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པ་དང༌། ཕྱག་རྒྱ་ཡུལ་དམིགས་པའི་རྐྱེན་སྒྲུབ་པ་པོ་བསམ་གཏན་ཐོབ་པས་བདེ་སྟོང་གི་མཆོད་པ་ཉིད་རབ་ཏུ་བརྟགས་ཏེ། ཡེ་ཤེས་ཀྱི་ཚོགས་ཀྱི་མཆོད་པ་འདི་ལས་ལྷག་པའི་མཆོད་པ་གཞན་མེད་ད་ལྟར་བསྟན་བཅོས་དོན་རྣམ་པར་ངེས་ཤིང་གཏན་ལ་ཕབ་པ་མངོན་སུམ་གྱི་ལམ་ཡིན་ནོ། །གཙང་སྦྲ་གསུམ་གྱི་རྒྱུའི་ཚོགས་པ་ལ་མཆོད་པ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་ཚོགས་ཀྱི་མཆོད་པ་རྫོགས་སོ།། །།དངོས་གཞི་དང་རྗེས་རོ་མཉམ་པའི་ཐབས་ཀྱི་སྤྱོད་པ་ནི། ཕོ་ཉའི་ལམ་པ་དགའ་བའི་དད་པ་དང༌། སྒྲུབ་པའི་ཏིང་ངེ་འཛིན་དང༌། དངོས་གྲུབ་ལ་བརྩོན་འགྲུས་ཡོད་ན། འདོད་པའི་ཡོན་ཏན་ལྔའི་ཟས་ལ་རྟག་ཏུ་ལོངས་སྤྱོད་ཅིང་སློབ་མ་ལ་ཡང་སྦྱིན་པར་བྱེད་དོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རིག་པ་དང༌། སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པའི་སྔགས་དང༌། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་རྒྱུ་ཚོགས་པ་དང་ལྡན་ན་མཉམ་པར་གཞག་པའི་སྒྲུབ་པ་པོས་གཟུགས་ཀྱི་རིགས་ཐམས་ཅད་དང༌། སྒྲ་དང་དྲི་དང་རོ་དང་རེག་བྱའི་རིགས་ལྔའི་ལྷ་མོ་ལ་ལོངས་སྤྱོད་པར་བྱ་ཞིང་བཟའ་བ་མ་ཡིན་པ་དོན་དམ་པར་མི་རྟག་གོ །བསམ་གཏན་གྱིས་སྤྱོད་པ་བསྟན་ནས། ཞི་བའི་བཏུང་བའི་སྤྱོད་པ་ནི། ཕོ་ཉ་མོ་གཉིས་སྒྱུ་མ་དང་འོད་གསལ་བ་བསྒྲུབ་པ་ལ་དོན་དམ་པ་དེ་ཉིད་དུ་དབྱེར་མེད་ཀྱང་རྣམ་པ་གཉིས་ཀྱི་ནང་ནས་འདིར་སྒྱུ་མ་ལྟ་བུའི་ཕོ་ཉ་མོ་ཁོ་ན་བསྒོམ་པ་ཡིན་ཏེ། སྒྱུ་མ་ལྟ་བུ་སྦྱོར་བའི་ལམ་བསྒོམ་པ་འདིས་འབྲས་བུ་ས་དང་པོ་རབ་ཏུ་དགའ་བ་དང༌། མངོན་པར་ཤེས་པ་ལྔའི་དངོས་གྲུབ་སྒྲུབ་པ་པོ་ལ་ཉེ་བར་གནས་སོ། །


DTG018_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕོ་ཉ་གཅིག་པུ་དེ་ཇི་ལྟ་བུ་ཞེ་ན། བླ་མ་བརྒྱད་པའི་རིམ་གྱིས་དབང་བསྐུར་བ་ཐོབ་པས་རླུང་འགགས་པ་དང༌། བསམ་གཏན་གྱི་བདེ་བ་ཐོབ་ཅིང་ཟག་མེད་ཀྱི་སྟོང་པ་ཉིད་རྟོགས་པས་ཕོ་ཉ་རྣམས་ནི་ཟག་མེད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་ཡིན་ནོ། །དེ་ལྟར་ཞི་བ་བཏུད་པ་བཤད་ནས། ཕོ་ཉའི་གཙང་སྦྲ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། དང་པོར་རྣལ་འབྱོར་དང་རྣལ་འབྱོར་མའི་མཚན་ཉིད་སྟོན་ཏོ། །ཕྱག་རྒྱ་ལེགས་སྦྱོར་དང་ཚུལ་ཅན་ནོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང༌། རང་བཞིན་བརྒྱད་ཅུ་འགགས་ནས་སྦྱོར་བའོ། །སྦྱིན་པ་དང་ཚུལ་ཁྲིམས་དང༌། ཁ་དོག་དང་དབྱིབས་དང་སྤྱོད་ལམ་གྱི་སྒོ་ནས་ཡེ་ཤེས་ཀྱི་རྒྱུ་ལས་སྐྱེས་པའི་བཟོད་པ་དང༌། ཡང་དག་པར་རྫོགས་པའི་བརྩོན་འགྲུས་དང༌། ཉིན་མོའི་སེམས་དང་སྣང་བ་དང༌། མཚན་མོའི་སེམས་སྣང་བ་མཆེད་པ་དང༌། སྲོད་ཀྱི་ཡེ་ཤེས་སྣང་བ་འཐོབ་པ་དང༌། ནང་པར་གྱི་སེམས་འོད་གསལ་བའི་བསམ་གཏན་དང་ལྡན་པ་དེས་རྒྱུད་ཀྱི་རིམ་པ་ལུས་ཀྱི་འཁོར་ལོ་བཞི་དང་བཞི་དང༌། རྩ་གསུམ་དང༌། གནས་ཉི་ཤུ་རྩ་བཞི་ཀུན་ཤེས་པར་བྱ་སྟེ། བསམ་གཏན་སྐྱེ་བའི་ཡན་ལག་རླུང་མེའི་དྲོད་ཅན་ལ་ཤ་སྟག་ཅེ་ས་བསྟན་བཅོས་ཀྱི་མིང་གིས་བརྟགས་ནས་འཁོར་ལོ་བཞི་བསྲེགས་པ་དང༌། སྤྱི་གཙུག་ནས་བྱང་ཆུབ་ཀྱི་སེམས་ཕབ་ནས་ཡེ་ཤེས་ཀྱི་རིམ་པ་ལུས་ཐམས་ཅད་ལ་གནས་པར་བྱ་བ་དང༌། གསང་བའི་རིམ་པ་སྟོང་པ་ཉིད་ཀྱི་དགག་པར་བྱས་པའི་ལུས་ནི་ཤེས་རབ་ཡེ་ཤེས་ས་དང་པོ་དངོས་ཡིན་ནོ། །དེའི་དངོས་རྗེས་རོ་མཉམ་པའི་ཐབས་ནི། རྟག་ཏུ་སྔགས་བརྗོད་པ་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པ་དང༌། རྣལ་འབྱོར་གྱི་གནས་དགའ་བ་མཆོག་དགའ་ལྷན་ཅིག་སྐྱེས་དགའ་རྣམ་ཤེས་གསུམ། སྒྱུ་མ་འོད་གསལ་ཟུང་འཇུག་ཡེ་ཤེས་གསུམ། ངེས་པར་བརྟག་ཅིང་དབང་པོ་ལྔའི་མཚོན་ཆ་ཡུལ་ལས་འདའ་ཞིང་བསྒོམ་པར་མི་བྱ་བ་དང༌། ཡེ་ཤེས་སྐྱེས་པ་དང༌། ཞིང་སྐྱེས་པ་དང༌། སྔགས་སྐྱེས་གསུམ་ལ་འཁོར་བར་མི་བྱ་བ་དང༌། མངོན་བར་བརྩོན་པའི་བདེ་སྟོང་ལས་འདའ་བར་མི་བྱ་བ་དང༌། དེ་དང་ལྷན་ཅིག་སྐྱེས་པའི་བདེ་བ་སྟོན་པ་ཉིད་བསྒོམ་པ་དང་དྲུག་ནི་དངོས་རྗེས་རོ་མཉམ་པ་ཟག་མེད་ཀྱི་ཏིང་ངེ་འཛིན་གྱིས་ཕུང་པོའོ། །ཟག་མེད་ཀྱི་


DTG018_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་རབ་ནི་གྲོལ་བའི་དོན་རྣལ་འབྱོར་གྱི་མངོན་སུམ་དང་དེའི་དོན་མངོན་པར་ཤེས་པ་དྲུག་གི་ཚོགས་ལ་སྤྱོད་ཅིང༌། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ལོངས་སྤྱོད་ཀྱི་རྣལ་འབྱོར་མ་འདི་དང་ལྷན་ཅིག་ས་སྟེངས་སུ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱད་པ་བྱའོ། །དེ་ལྟར་སྤྲོས་བཅས་དང་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་བཤད་ནས། དངོས་གཞི་བརྟུལ་ཞུགས་ནི་གཉིས་ཏེ་ཕྱི་དང་ནང་ངོ༌། །ཕྱིའི་བརྟུལ་ཞུགས་ནི་ལྷའི་ཆ་བྱད་ལུས་མཚོན་རྩིས་བྱུག་པའོ། །གདོང་བརྙན་གྱོན་ནས་ལྷའི་ཆ་བྱད་དུ་ཞུགས་པའོ། །དེ་ཡང་ཉིན་པར་གསང་ཞིང་མཚན་མོ་ནམ་མཁའི་གོས་ཅན་དང༌། ཡབ་གང་པ་དང༌། ཡུམ་དམར་བ་བསྒྱུར་བ་དང༌། གླང་པོ་ཆེ་དང་སྟག་གི་པགས་པའི་གཟུགས་བརྙན་གྱོན་པ་དང༌། བདེ་བ་སྟོན་པ་ཉིད་བསྒོམ་པས་བསྐྱེད་པའི་རིམ་པའི་ཕྱག་རྒྱ་དྲུག་སྤངས་པ་དང༌། དོན་རང་གི་མཚན་ཉིད་ཀྱི་ཧེ་རུ་ཀར་བྱིན་གྱིས་བརླབས་པས་དངོས་སུ་རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ་དང༌། མངོན་སུམ་གྱིས་རྒྱུད་དུས་ཀུན་དུ་བསྒོམ་པ་ནི། མཉམ་སྦྱོར་གྱི་རྒྱུད་ལས། དེ་ནི་རང་འབྱུང་བཅོམ་ལྡན་དཔལ། །རྟག་ཏུ་ད་ལྟར་འབྱུང་བ་བཞིན། །ཞེ་ས་བཤད་དོ། །རིགས་དང་རིགས་མ་ཡིན་པའི་བླང་དོར་མི་བྱེད། །བསྐྱེད་རིམ་གྱི་སྤྱི་གཙུག་བཅིང་བ་ལ་སོགས་པའི་ཕྱག་རྒྱ་དྲུག་སྤངས། འཁོར་ལོ་ལྔའི་ལྷའི་ཆ་བྱད་བྱས་པ་ནི། ཕྱིའི་བརྟུལ་ཞུགས་སོ། །ཕོ་ཉའི་གཙང་སྦྲ་ཤིན་ཏུ་སྤྲོས་མེད་ནི་མཆོག་ཡིན། སྒྱུ་མ་ལྟ་བུ་བསྒོམ་པ་ཟླ་བ་ལྟ་བུའི་སྤོས་མེད་ནི་འབྲིང་ཡིན། སྤྲོས་བཅས་བསམ་གཏན་གྱི་དགའ་བདེ་བཞི་བསྒོམ་པ་འཁོར་ལོ་ལྔའི་ལྷ་བསམ་གཏང་གི་སྣོད་གཅིག་ཏུ་ཟ་བ་ནི་གསུམ་པ་ཡིན་ཏེ། སྐྱེ་བའི་རིམ་པས་ཚོགས་ཀྱི་ལམ་གྱི་དགའ་བ་བཞི་བསམ་གཏན་བསྒོམས་ནས། སྦྱོར་བའི་ལམ་སྒྱུ་མ་ལྟ་བུར་བསྒོམས་ནས་ཕོ་ཉའི་གཙང་སྦྲས་དང་པོ་འདུས་མ་བྱས་ཀྱི་ཡེ་ཤེས་སྐྱེ་བ་གཙང་སྦྲའི་རིམ་པ་འདི་དག་བསྐྱངས་པས་ཚེ་གཅིག་ལ་གཏང་མ་དག་པའི་རྣམ་པར་ཐར་པའི་རིམ་པ་མངོན་སུམ་གྱི་ལམ་གྱིས་མཐོང་ནས་དངོས་གྲུབ་ཅིའི་ཕྱིར་འབྱུང་བར་མི་འགྱུར་ཏེ་འབྱུང་ངོ༌། །མཉམ་སྦྱོར་གྱི་རྒྱུད་ལས། ངོ་བོ་ཉིད་ཀྱི་མཐུ་དག་གིས། །རང་བཞིན་གྱིས་ནི་དེ་འགྲུབ་པོ། །ཞེས་གསུངས་


DTG018_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། ས་དང་པོའི་ཡེ་ཤེས་སྐྱེས་ན་དེ་ཉིད་བསྡུས་པ་ནས་གསུངས་པའི་དངོས་གྲུབ་དང༌། བདེ་མཆོག་མཉམ་སྦྱོར་ལས་གསུངས་པ་དང༌། གསང་བ་འདུས་པའི་རྒྱུད་ལས་གསུང་པ་དང༌། གསང་བ་འདུས་པའི་རྒྱུད་ལས་གསུངས་པ་དང༌། དཔལ་མཆོག་དང་པོ་ལས་གསུངས་པ་དང༌། རྡོ་རྗེ་འཇིགས་བྱེད་ལས་གསུངས་པའི་དངོས་གྲུབ་ཀྱང་རྒྱུད་འདིར་བསམ་གཏན་གསུམ་གྱིས་གཙང་སྦྲ་ཙམ་གྱིས་སྔགས་པས་འགྲུབ་སྟེ་ཕན་ཡོན་དང་པོའོ། །ལས་ཀྱི་ཕྱག་རྒྱ་སྦང་པའི་གྲོལ་ལམ་ཆོས་ཀྱི་ཕྱག་རྒྱ་བསྒོམ་པའི་རྣལ་འབྱོར་ལམ་ལ་དགའ་བས་ཀྱང༌། གཙང་སྦྲ་གསུམ་པོ་རྟོག་བྲལ་མ་འཁྲུལ་བ་མངོན་སུམ་གྱིས་ལམ་འདི་སྤྱད་ན། གྲོལ་བའི་ལམ་གྱི་ས་དང་པོ་འཐོབ་པའི་བསོད་ནམས་ཐ་མལ་པ་ཁ་ཅིག་གིས་བརྗོད་པར་མི་ནུས་སོ། །ཕན་ཡོན་གཉིས་པའོ།། །།དཔལ་ཧེ་རུ་ཀའི་བདེ་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པ་ས་དང་པོའི་མཚན་ཉིད་ཀུན་ནས་བསྒྲུབ་པའི་རྣལ་འབྱོར་པ་ས་བཅུའི་བསོད་ནམས་ཀྱི་ཆུ་འཐུད་པ་ཉམས་པ་དག །སྡིག་པ་འཇིག །གྲོལ་བའི་ལམ་པའི་མིག་གིས་མཐོང་བ་དང༌། རྣ་བས་ཐོས་པ་དང༌། སྣས་བསྣམས་པ་དང༌། ལྕེས་མྱངས་པ་དང༌། ལུས་ཀྱིས་རེག་པས་ཀྱང་སྡིག་པ་ཀུན་ལས་གྲོལ་ནས། ཟག་མེད་ཀྱི་ལུས་དག་སྐྱོན་མེད་པར་འགྱུར་རོ། །ཕན་ཡོན་གསུམ་པའོ།། །།གང་ཞིག་སྤྱོད་པ་བྱེད་པ་དེའི་ཚེ་འདི་ལས་བརྩམས་ཏེ་སྐྱེ་བ་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་མི་འབྲལ་ཞིང༌། མངོན་བར་དགའ་བའམ། བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་ཕན་ཡོན་བཞི་པའོ། །དེ་ལྟར་ས་དང་པོ་ཐོབ་ནས་འཇིག་རྟེན་པའི་རྒྱལ་པོ་ཆེན་པོ་བཞི་དང་ཕྱོགས་སྐྱོང་བ་བཅུ་ལ་གཏོར་མ་བྱིན་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྲིན་ལས་རྣམ་པ་བཞི་འཆོལ་བའི་གཏོར་མའི་ཆོ་ག་ནི་རྡོ་རྗེ་མཁའ་འགྲོ་ནས་བཤད་པ་བཞིན་དུ་བྱའོ། །དེ་ལྟར་ས་དང་པོ་རང་དོན་རྫོགས་ནས་ས་གཉིས་པ་དྲི་མ་མེད་པ་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་གྱིས་གཞན་དོན་གྱི་སྤྱོད་པ་བསླབ་པ་ནི། ཟག་མེད་ཀྱི་མཆོད་པ་རྣམ་པར་དག་པ། སྤྲུལ་པ་བྱུང་བ་རྣམས། ཡན་ལག་དྲུག་ཅུ་སེམས་ཀྱིས་སྤྲུལ་ནས། བདག་ཉིད་གཙོ་བོར་བྱས་པ་དང་མཆོད་པ་དང༌། བུམ་པ་བཞི་སངས་རྒྱས་སོགས་ཀྱི་ཡུམ་བཞི་དང་སྲས་དང་བཅས་པ་དཔའ་བོ་ཉི་ཤུ་


DTG018_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྩ་བཞི་དང༌། རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་བརྟེན་པ་གཞལ་ཡས་ཁང་སྦྲུལ་པ་དང༌། གཡོ་བ་ལྷའི་སྤུན་དང་སྡུག་པ་དང༌། དཔའ་བོ་དང་དཔའ་མོ་ལ་མཆོད་པར་བྱའོ། །རྡུལ་ཚོན་དང༌། གཟུགས་བརྙན་དང༌། ལྷའི་ཆ་བྱད་བྱས་པའི་དཀྱིལ་འཁོར་གསུམ་ལས་འདས་པའི་སྒྲའི་ཚུལ་ངེས་པར་འབྱུང་བ། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཅན། །ཞེས་བྱ་བ་ས་བཅུའི་དབང་ཕྱུག་གི་དཀྱིལ་འཁོར་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་བརྒྱད་པར་བཤད་པ་ནི། ཟླ་བའི་འདུས་པ་མངོན་སུམ་གྱི་ལས་འདིར་འཇིག་རྟེན་པའི་སྤུན་དང༌། བུ་ལ་སོགས་པ་ལ་བསྟན་པར་མི་བྱའོ། །སྔགས་སྒྱུ་མ་ལྟ་བུ་དང༌། ཕྱག་རྒྱ་འོད་གསལ་བ་བསྒོམ་པ་ཡང་བསྟན་པར་མི་བྱའོ། །སུ་ལ་བསྟན་ཞེ་ན། དམ་ཚིག་དང་ལྡན་པ་ལ་དག་བྱེད་ཀྱིས་ཟས་ཚོགས་འཁོར་དང༌། སྔགས་སྒྱུ་མ་ལྟ་བུ་དང༌། མན་ངག་འོད་གསལ་བ། གནས་ཅི་རིགས་པའི་དབང་བསྐུར་བ་ཐོབ་པ་ལ་སྦྱིན་པར་བྱའོ། །བླང་དོར་གྱི་གང་ཟག་བཤད་ནས། མཆོད་པ་དངོས་བཤད་པ་ནི། ཕོ་ཉ་གསུམ་མ་གཏོགས་པ་ཡུལ་གཞན་དང་སེམས་བདེ་བ་སྟོང་པ་མ་གཏོགས་པ་འདོད་ཆགས་དང་གཏི་མུག་ལ་སོགས་པ་བསྒོམ་པར་མི་བྱའོ། །ཐར་པ་ས་བཅུ་འདོད་པས་ཕོ་ཉ་འདུས་མ་བྱས་བསྲུང༌། བྱང་ཆུབ་སེམས་དཔའ་ཆོས་འཕགས་བཞིན་དུ་འདུས་མ་བྱས་དང༌། མི་འདའ་བའི་ལོངས་སྤྱོད་བྱའོ། །ཕོ་ཉ་མ་མ་གཏོགས་པ་གཞན་སུ་ཞེ་ན། སྐྱེ་གནས་དམན་པ་བསམ་གཏན་དང་ཟག་མེད་ལས་མ་སྐྱེས་པས་འདོད་པའི་ཁམས་ཀྱི་ལུས་ལ་བསྙེན་བཀུར་གྱི་མཆོད་པ་མི་བྱའོ། །བསྲུང་བའི་ཕོ་ཉ་གང་ཞེ་ན། འདུས་མ་བྱས་ཐོབ་པའི་མ་དང་སྲིང་མོ་ལ་སོགས་པའོ། །འདུས་མ་བྱས་དེའི་འབྲས་བུ་ཅི་ཞེ་ན། རྒྱ་ཆེ་བ་ལྷའི་འཁོར་ལོ་དང༌། ཟབ་པ་བཞིན་དུ་སྟོང་པ་ཉིད་འགྲུབ་བོ། །འདོད་པའི་ཁམས་ཀྱི་སྐྱེ་གནས་དམན་པ་ལ་ཉེས་པ་ཅི་ཡོད་ཅེ་ན། བསམ་གཏན་དང་ཟག་མེད་ཀྱི་དཀའ་ཐུབ་ཟད་པར་འགྱུར་རོ། །བཅོམ་པ་མ་ལྷའི་བཤེས་གཉེན་ལྟ་བུ་དང༌། རྟག་ཏུ་ངུའི་ཚོང་དཔོན་གྱི་བུ་མོ་བཞིན་དུ་ལྷན་ཅིག་སྙོམ་པར་ཞུགས་པས་འདུས་མ་བྱས་ཀྱི་ཡེ་ཤེས་འདྲེན་པར་བྱེ་པ་དེ་ལྟར་རྫས་རྒྱུ་རྐྱེན་ཚོགས་པ་རྣམ་པར་ངེས་པ་གཏན་ལ་ཕབ་པ་ཡིན་ནོ། །དེ་ལྟར་གཞན་གྱི་མཆོད་པ་


DTG018_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཤད་ནས། བརྟུལ་ཞུགས་ནི་རྣལ་འབྱོར་ལ་རྟག་ཏུ་དུ་བདེ་བ་སྟོང་པ་ཉིད་ཀྱིས་སྤྱོད། རྐང་པ་བདེ་སྟོང་གི་ཆེད་དུ་འདོར་ལག་པ་བདེ་སྟོང་གི་ཆེད་དུ་བསྒྱུར་གཡོན་པའི་ཕྱེད་བདེ་བས་མཆོད། ལུས་ཀྱི་བདེ་བ་སྟོང་པ་ཉིད་དུ་བསྒོམ་པ་ནི། ཤིན་ཏུའམ་རྣམ་པར་གཡོ་བ་ཞེས་བྱའོ། །བདེ་སྟོང་གི་ཆེད་དུ་ཚིམ་ཞིང་ཟ། བདེ་བ་སྟོང་པ་ཉིད་ཀྱི་བརྟུལ་ཞུགས་ལས་མ་ཉམས་ན་བརྟུལ་ཞུགས་རྫོགས་པ་ཡིན་ནོ། །སྒྲུབ་པ་བོ་ཟག་མེད་ཀྱི་དམ་ཚིག་ལ་བརྩོན་པ་དང༌། ཟག་མེད་ཀྱི་རིགས་ལ་སྤྱོད་པ་དང༌། ཟག་མེད་ཀྱི་འདོད་པའི་ཡོན་ཏན་ལྔའི་ཟས་ལ་སྤྱོད་པ་དང༌། རིགས་ལྔའམ་རིགས་བཞི་འདུས་མ་བྱས་ཀྱི་རིགས་གཅིག་ཏུ་བསྒོམ་པ་ནི། ས་ཐོབ་པ་སྟེ། དེ་ལྟར་གྲུབ་པའི་རྣལ་འབྱོར་པ་རྣམས་ལ་མཆོད་ན་ཡུལ་གྱི་བསོད་སྙོམས་དོན་ཡོད་པ་ཟ་བར་ཡིན་ནོ། །སྟོང་པ་ཉིད་ཐོབ་པའི་སྤྲོས་བཅས་ཀྱི་སྤྱོད་པ་ནི། ཤ་ལྔས་དཀྱིལ་འཁོར་གྲུ་གསུམ་ལ་མངོན་སྤྱོད་བྱེད་པ་ཕྱིའི་སྦྱིན་སྲེག་གོ །དེ་བཞིན་དུ་དཔའ་བོའི་ཟས་ཕྲིན་ལས་རྣམ་བཞི་སྔགས་དང་ཕྱག་རྒྱ་དང་ལྡན་པས་དཔལ་ཧེ་རུ་ཀའི་ལུས་ཀྱི་དཀྱིལ་འཁོར་སྦྲུལ་ལ། སྦྱིན་སྲེག་གི་བསྟན་བཅོས་རྒྱ་ཆེན་པོ་ཕ་རོལ་གཞན་ལས་བྱུང་བ་བཞིན་དུ་ནང་གི་སྦྱིན་སྲེག་བྱ་བ་དང༌། གཏུམ་མོ་དྲོད་རྟག་ཏུ་བཟུང་བར་བྱས་ནས་ཕྲིན་ལས་རྣམ་བཞི་ཀུན་ལ་གཏུམ་མོ་དྲོད་ཀྱི་འཁོར་ལོ་བཞི་བསྲེགས་ནས་བྱང་ཆུབ་ཀྱི་སེམས་ཕབ་པ་བསྲུངས་ན་བགེགས་མི་འབྱུང་བས་གསང་བའི་སྦྱིན་སྲེག་འདི་ལ་དངོས་གྲུབ་གཞན་དུ་འགྱུར་མི་སྲིད་དོ། །ཆགས་པའི་ལམ་གྱི་སྦྱིན་སྲེག་ནི་བཅོམ་པ་མ་ལྷའི་བཤེས་གཉེན་ལྟ་བུའི་ཕོ་ཉ་མཆོག་བཟང་པོ་དང་ཏིང་ངེ་འཛིན་བརྩོན་ཞིང་ལྷན་ཅིག་ལྡན་པ་པས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་བཞིན་དུ་བཙུན་མོའི་བྷ་ག་ཐབ་ཁུང་གསང་བའི་རྡོ་རྗེ་དབང་གཟར། བྱང་ཆུབ་སེམས་ཀྱི་དབང་བླུགས་མ་ཆགས་དགའ་བའི་ལོངས་སྤྱོད་རྫོགས་པས་དགའ་བྲལ་གྱི་རྗེས་རྣམ་པར་འབྱེད་པ་སྤོང་བ་ཡིན་ནོ། །བླ་མའི་མན་ངག་གིས་དེའི་དོན་སྟོང་པ་ཉིད་དུ་བསྒྲུབས་ནས་བླ་ན་མེད་པའི་སྦྱིན་སྲེག་ཏུ་འགྱུར་རོ། །དེ་ལྟར་གཞན་གྱི་དོན་གྱི་མཆོད་པ་དང་བསྟོད་པ་དང་བརྟུལ་ཞུགས་རྫོགས་ནས་འབྲས་བུ་དབང་བཞི་བསྒོམ་པ་ནི། རྡོ་རྗེ་སྤུན་


DTG018_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་བོ་ཉི་ཤུ་རྩ་བཞི་སྤུན་དང༌། གཙོ་བོ་བདེ་མཆོག་ཕ་དང༌། ཡུམ་དང་ལྷན་ཅིག་བདེ་མཆོག་ཉིད་དུ་ལྷའི་མིག་གི་མངོན་ཤེས་ཀྱི་མཐོང་བ་དེའི་ཚེ། ལྕེ་སྦོམ་ཞེས་བྱ་བ་དུང་ཅན་མའི་མཚན་ཉིད་དང༌། མིག་དམར་སེར་ཞེས་བྱ་བ་པདྨ་ཅན་གྱི་མཚན་ཉིད་དང༌། རྩུབ་བཅིང་ཞེས་བྱ་བ་རི་དགས་ཅན་གྱི་མཚན་ཉིད་དང༌། སྤུ་ནི་དམར་སེར་ཡིན་ཞེས་བྱ་བ་ཕྲེང་བ་ཅན་གྱི་མཚན་ཉིད་མི་སློབ་པའི་སྟོང་པ་ཉིད་བསྐྱེད་པའི་ལྷ་མོ་ནི་རྡོ་རྗེ་མཁའ་འགྲོའི་ལེའུ་ལྔ་བཅུ་རྩ་དགུ་པ་ལས་བཤད་པའོ།། །།དེ་ལ་རྣལ་འབྱོར་བཞི་བསྐྱེད་པ་སྐྱེ་བའི་རིམ་པ་ནི། དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་ཨ་ཝ་དྷཱུ་ཏཱིར་ཆུད་པའི་བཟླས་པ་དང༌། བདེ་སྟོང་གི་བརྟུལ་ཞུགས་ལ་དགའ་བ་ལ་དྲན་པའི་ངེས་པ་དྲངས་ནས་མངོན་སུམ་གྱི་ཆད་མ་དང་ཡང་དག་པར་ལྡན་པས་གནས་ཉི་ཤུ་རྩ་བཞིའམ་མཁའ་འགྲོ་མ་སྤྱོད་པ་མངོན་ཤེས་དང༌། གྲོལ་བ་རྣལ་འབྱོར་གྱི་མངོན་སུམ་གྱི་འབྲས་བུ་སྟེར་བ་དུང་ཅན་མ་ཡིན་ནོ། །རྗེས་སུ་རྣལ་འབྱོར་འདོད་པའི་དོན་དངོས་གྲུབ་ཀུན་བསྒྲུབས་ན་རྩ་བའི་སྔགས་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པ་ཟློས་ཤིང་སྣོད་བཅུད་ཀྱི་འཇིག་རྟེན་གསུམ་གྱི་འབྲས་བུ་ཡིད་ནང་དུ་ཆུད་པའི་སྔགས་འདི་ལས་བྱུང་བ་ཡིན་ཏེ། དེའི་པདྨ་ཅན་དང་སྙོམས་པར་འཇུག་པ་ཡིན་ནོ། །ཤིན་ཏུ་རྣལ་འབྱོར་ནི་སྒྲུབ་པ་པོ་དངོས་གྲུབ་ལ་བརྩོན་བ་རྒྱུའི་རྐྱེན་དང༌། སྔགས་ཡིད་ནང་དུ་ཆུད་པ་མཚུངས་པ་མེད་པ་དེ་མ་ཐག་པའི་རྐྱེན་དང༌། ཕྱག་རྒྱ་དང་ལྡན་པ་དམིགས་པའི་རྐྱེན་ལས་གལ་ཏེ། ཚོགས་པ་མ་ཚད་ན་ཡུལ་དམིགས་པའི་རྐྱེན་ཕྱག་རྒྱ་རི་དགས་ཅན་ལྟ་བུ་དང་བྲལ་ན། ཡིད་ནང་དུ་ཆུད་པའི་གསང་སྔགས་ཀྱི་ལུས་ཅན་རྣལ་འབྱོར་པས་ལ་སེམས་ཀྱི་སྟོང་ཉིད་རྟོགས་པར་བྱིན་གྱིས་མི་བརླབ་པོ། །སྐྱེ་བའི་དུས་ཇི་སྲིད་དྲོ་བའི་བྱ་བ་དག་ཅེས་བྱ་བ་གཏུམ་མོ་དྲོད་ཀྱི་བྱང་ཆུབ་ཀྱི་སེམས་ཕབ་པས་དབང་པོ་བདག་པོའི་རྐྱེན་དང་བཞི་ཚོགས་ན་ཤིན་ཏུ་རྣལ་འབྱོར་རྟོགས་པར་འགྱུར་རོ། །རྣལ་འབྱོར་འདོད་པའི་དོན་ཟུང་འུག་གི་རྣལ་འབྱོར་ཆེན་པོ་ནི། བློ་གྲོས་ཆེན་པོ་མཐོང་རྣམས་ཀྱིས། །རྣམ་པ་ཐམས་ཅད་ཅིག་ཅར་ངེས། །ཞེས་བྱ་བ་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་མཁྱེན་པ་འབྲས་བུ་མི་སློབ་པའི་ཡེ་ཤེས་ཡིན་ནོ། །རྒྱུད་བདེ་མཆོག་གི་ལུགས་ཀྱི་ཕྱག་རྒྱ་བཞི་མངོན་སུམ་གྱི་ལམ་ལ་


DTG018_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྟེན་ནས་ཚོགས་ལམ་ཡང་སྣོད་གཅིག་ཏུ་ཟ་བ་དང༌། སྦྱོར་ལམ་བཞི་བའི་བཏུང་བ་དང༌། མཐོང་ལམ་ཕོ་ཉའི་གཙང་སྦྲ་དང༌། བསྒོམ་ལམ་གཞན་དོན་གྱི་བརྟུལ་ཞུགས་དང༌། མི་སློབ་པའི་ལམ་ལ་དུང་ཅན་མ་དང༌། རི་མོ་ཅན་དང༌། ཕྲེང་བ་ཅན་ཞེས་བྱ་བའི་རྣལ་འབྱོར་མ་བཞི་འཁོར་ལོས་སྒྱུར་བའི་བཙུན་མོ་རིན་པོ་ཆེ་དང་འདྲ་བའི་རེག་བྱའི་སྟོང་པ་ཉིད་ལས་མི་སློབ་པའི་རྣལ་འབྱོར་གྱི་མངོན་སུམ་སྐྱེ་བར་གསུངས་སོ། །དེ་ལྟ་བུའི་ལམ་དེ་ལ་གནས་པའི་རྣལ་འབྱོར་པ་ལ་གང་ཞིག་སྣང་ན་ཁྱིའི་སྐྱེ་གནས་དག །སྨེ་ཤ་ཅན་དུ་འགྱུར་རོ། །མངོན་སུམ་གྱི་ལམ་བོར་ནས་ལྷའི་འཁོར་ལོ་ལ་བསོད་ནམས་ཀྱི་ཚོགས་བསྒོམས་ཀྱང་ཆུ་བསྲུབས་པ་ལས་མར་མི་འབྱུང་བ་བཞིན་དུ་ཉོན་མོངས་པར་ཟད་དོ། །བསོད་ནམས་ཀྱི་ཚོགས་ཐོས་པ་དང་འཛིན་པ་དང༌། མཆོད་པ་བྱེད་པ་ནི་ཚེ་འདི་ལ་མཆོད་པ་ལ་བརྩོན་པས་མཆོད་པར་འགྱུར་རོ། །མེ་ལ་སྦྱིན་སྲེག་སྦྱོར་དང་ལྡན། །བཟླས་པ་ཡིས་ནི་བག་ཆགས་ཟད། །ཅེས་འཚོ་བའི་རྒྱུར་གསུངས་སོ། །རྣལ་འབྱོར་གཞན་བསོད་ནམས་ཀྱི་ཚོགས་ལ་བརྟེན་ཡང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུད་ལ་དོན་མེད་པར་འགྱུར་རོ། །དེ་ལྟར་ཉེས་དམིགས་བཤད་ནས་ཕན་ཡོན་བཤད་པ་ནི། སེམས་ཀྱི་སྟོང་ཉིད་རྟོགས་པའི་དཔའ་བོ་ཡུལ་མཐའ་འཁོབ་ན་གནས་སམ་རིགས་དན་ཀླ་ཀློ་ཡིན་ཡང་ཡུལ་དེ་སངས་རྒྱས་ཀྱི་ཞིང་ཁམས་སུ་རྟག་པ་བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པའི་སེམས་ཅན་གཟུང་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་གཡས་པ་གསེར་གྱི་མདོག་ཅན་བརྐྱང་ནས་བྱིན་གྱིས་རློབ་པོ། །ལེའུ་བཞི་བཅུ་རྩ་དྲུག་པའི་འགྲེལ་པའོ།། །།

བཞི་བཅུ་རྩ་བདུན་པ། མཁའ་འགྲོ་མ་དང་དཔའ་བོའི་ལས་ཀྱི་རིམ་པ་སྒྲུབ་པ་རྣལ་འབྱོར་མ་དང་དཔའ་བོ་གཉིས་སུ་མེད་པའི་སྙིང་པོའི་ལེའུའི་འགྲེལ་པ།


DTG018_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རྫོགས་རིམ་གྱི་འཁོར་ལོ་བཤད་ནས། ཉེ་བའི་སྙིང་པོའི་སྔགས་ཀྱི་ལས་ཚོགས་བཤད་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། མཁའ་འགྲོ་མ་སུམ་ཅུ་རྩ་བདུན་དང་དཔའ་བོ་ཉི་ཤུ་རྩ་ལྔ་ཀུན་གྱི་སྙིང་པོ་འདི་དྲན་པ་ཙམ་གྱིས་ས་གཡོན་བར་བྱེད་པ་ནི་ཕན་ཡོན་ནོ། །སྔགས་འདི་ལས་ཐམས་ཅད་བྱེད་པ་དང༌། དངོས་གྲུབ་གསུམ་བསྐྱེད་པ་ནི་འབྲས་བུའོ། །སྔགས་འདི་ནི་གསང་སྔགས་ཆེ་ཞེས་བྱ་བ་ཡབ་ཀྱི་ཉེ་སྙིང་ངོ༌། །འདིས་ཀྱང་ཕྲིན་ལས་རྣམ་


DTG018_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་བྱེད་པར་འདོད་པའི་དངོས་གྲུབ་གསུམ་སྒྲུབ་པར་བྱེད་པ་ཡིན། ལྷ་ཐམས་ཅད་ཀྱི་སྔགས་སུ་གྲགས་པ་ཡིན་པ་ནི་ཕན་ཡོན་ནོ། །འབྲས་བུ་ནི་ས་འོག་ལ་སོགས་པ་འཇིག་རྟེན་གསུམ་ན་གང་ཅུང་ཟད་ཡོད་པའི་དངོས་གྲུབ་ཐམས་ཅད་བསྒྲུབས་པའི་འབྲས་བུའོ། །ཡབ་ཡུམ་གྱི་སྙིང་པོའི་ཕན་ཡོན་དང་འབྲས་བུ་དང༌། ཡབ་ཀྱི་སྙིང་པོའི་ཕན་ཡོན་དང་འབྲས་བུ་བཞི་བཤད་ནས་དཔའ་བོ་དང་མཁའ་འགྲོ་མའི་གནས་འབྱུང་བ་བཞི་དང་རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་བསྐྱེད་ལ་མཁའ་འགྲོ་མ་བཞིན་དང༌། ལྷ་མོ་བཅུ་གཉིས་བཅོམ་ལྡན་འདས་ཡབ་ཡུམ་དང་བཅུ་བཞི་ཧཱུཾ་ལས་སྐྱེས། དཔའ་བོའི་མཆོག་བུམ་པ་བཞི་ཧ་ཧ་ཧེ་ཧེ་ལས་སྐྱེས། ཨོམ་ལས་སྐུའི་འཁོར་ལོ་སྐྱེས། ཨཱཿ་ལས་གསུང་གི་འཁོར་ལོ་སྐྱེས། ཧཱུཾ་ལས་ཐུགས་ཀྱི་འཁོར་ལོ་སྐྱེས། འཁོར་ལོའི་གནས་སུ་བཞུགས་པའི་ལྷ་དྲུག་ཅུ་རྩ་གཉིས་ལ་གོ་ཆ་བསྐོན་དབང་བསྐུར། ཡེ་ཤེས་སེམས་དཔའ་གཞུག །བདུད་རྩི་མྱང་རྟག་ཏུ་མཆོད་དངོས་གྲུབ་འདོད་པས་ཏིང་ངེ་འཛིན་ལ་མཉམ་པར་གཞག་དངོས་གྲུབ་ཀྱི་རྒྱུར་སྔགས་ཀྱི་བཟླས་པ་བྱ། ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་གི་འཁྲུལ་འཁོར་བྱ་བ་ཞེས་སྔོན་གྱི་སངས་རྒྱས་བྱེ་བ་དང༌། དཔའ་བོ་བྱེད་བས་ཀྱང་གསུངས་སོ། །ལྷ་འདི་རྣམས་ད་ལྟར་འཛམ་བུའི་གླིང་ན་བཞུགས་སམ་ཞེ་ན་ཁྱིམ་དང་གནས་ཉི་ཤུ་རྩ་བཞི་དང༌། ཉེ་བའི་གྲོང་བརྒྱད་ལ་སོགས་པ་གནས་སུམ་ཅུ་རྩ་བདུན་མདུན་དུ་མཁའ་འགྲོ་མ་རེ་རེ་ལ་འཁོར་བྱེ་བ་བྱེ་བས་བསྐོར་ནས་བཞུགས་པས་བསྐྱེད་རིམ་གྱི་བསྒོམ་པ་དང་བཟླས་པས་དངོས་གྲུབ་ཀུན་སྐྱེ་བར་བྱེད་པ་དགེ་ཞིང་ཤིས་པའི་ལམ་ཡིན་ནོ། །ལེའུ་བཞི་བཅུ་རྩ་བདུན་པའི་འགྲེལ་པའོ།། །།

བཞི་བཅུ་རྩ་བརྒྱད་པ། རས་རིས་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའི་ལེའུའི་འགྲེལ་པ།


DTG018_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དངོས་གྲུབ་ཡི་ཡན་ལག་གི་ལེའུ་བཤད་ནས། ཐུན་མོང་གི་འཁོར་ལོ་ལེའུ་བཅུ་དྲུག་བཤད་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་སོ། །དེ་ལ་དང་པོ་ལུགས་སུ་བླུགས་པའམ། འབུར་དུ་བརྐོས་པའམ། སྐུ་གཟུགས་མཚན་དང་དཔེ་བྱད་དང་ལྡན་པའི་རས་རིས་སམ་མིའི་རུས་པ་ལས་འབུར་དུ་བརྐོས་པ་ལས་དང་པོ་བའི་རྣལ་འབྱོར་པས་རྟག་ཏུ་བཅང༌། མཆོད་པ་བདུད་རྩི་ལྔས་བྱ། མིའི་ཤ་སྐམ་གྱི་བདུག་པས་བདུགས་ན་བླ་ན་མེད་པའི་


DTG018_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དངོས་གྲུབ་དང་རྒྱལ་སྲིད་ཉིད་ཀྱང་རྙེད་པར་འགྱུར་རོ། དེ་ལྟར་ལས་དང་པོ་བཤད་ནས། མཚན་མ་ཐོབ་པའི་རྣལ་འབྱོར་པ་ཕྱིས་འཆད་པའི་རྣལ་འབྱོར་པས་གླང་པོ་ཆེའི་པགས་པ་ལ་སོགས་པ་མཚན་མ་ཐོབ་པས་ཞག་བདུན་དུ་རས་རིས་ཀྱི་མདུན་དུ་བསྒྲུབས་ན་དངོས་གྲུབ་འགྲུབ། གལ་ཏེ་མ་གྲུབ་ན་ཡང་རྣལ་འབྱོར་མ་དང་བླ་མའི་རྒྱུད་ལ་གནས་སྐྱེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བསྟན་ནས་གྲུབ་པ་འགྲུབ་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། མཁའ་བསྒྲུབ་གླང་པོ་ཆེའི་པགས་པ་ལ་བྱའོ་ཞེས་བྱ་བ་ནས་རྒྱལ་མཚན་གྱི་གོས་ལ་བྲིའོ་ཞེས་བྱ་བའི་བར་དུ་རས་རིས་ཉི་ཤུ་རྩ་གཅིག་གོ་སླའོ། །རེངས་པར་བྱེད་པ་རྡོ་ལེབ་ལ་བྲི་བ་དང༌། ཅེ་སྦྱང་མོའི་པགས་པ་ལ་བྲི་བའི་བར་ནི་བྲིས་སྐུ་ལ་རབ་གནས་བྱའོ། གསེར་དངུལ་ལ་སོགས་པ་ལུགས་མ་དང༌། རྡོ་ལེབ་ལ་སོགས་པ་ལ་འབུར་དུ་བརྐོས་པ་དང༌། ཤིང་ངམ་དུས་པ་ལ་སོགས་པ་ལ་རྐོ་བའི་བྱེ་བྲག་དང༌། ས་དཀར་བ་དང༌། སེར་བ་དང༌། དམར་བ་དང༌། གང་པ་ལས་བྱས་པའི་ལྡེར་སོ་ལ་རབ་གནས་བྱའོ། །དེ་ལྟར་རབ་གནས་བཤད་ནས། ཚོན་རྩི་ནི། དྲི་ཆེན་ཆུ་དང་ཞག་དང་ཁྲག །ཅེས་བྱ་བ་ནས། ཆོ་ག་བཞིན་དུ་སྐུ་གཟུགས་བྲི། །ཞེས་བྱ་བ་གོ་སླའོ། །མིའི་སྐྲ་ལས་པིར་དང་ཐིག་སྐུད་བྱ་བ་དང༌། མིའི་རོའི་གནས་ཉི་ཤུ་རྩ་བཞིའི་ལྷ་བཤོས་བྱ་བ་དང༌། དེར་ནི་ཕྱུགས་བདུན་དབུལ་བར་བྱ། །ཞེས་བྱ་བ་མཆོད་པའི་རྫས་གོ་སླའོ། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་ཡིས། །ཞེས་བྱ་བ་ནས། འདི་ནི་གོ་ཆའི་རིམ་པའོ། །ཞེས་བྱ་བ་རབ་གནས་བསྒྲུབ་པའི་ཚོགས་ཀྱི་འཁོར་ལོ་བྱ་བ་སྟེ། གོ་སླའོ། །རབ་ཏུ་གནས་པའི་དུས་དག་ཏུ། །ཉིས་འགྱུར་ཚོགས་པ་བསགས་བྱས་ཏེ། །ཞེས་བྱ་བ་ནས། ཆུན་འཕྱང་དག་གིས་རྣམ་པར་བརྒྱན། །ཞེས་པའི་བར་ནི་རབ་གནས་ཀྱི་རྫས་དབུལ་བ་སྟེ་གོ་སླའོ། །དོན་དུ་པ་ལྷ་ལ་དབང་བསྐུར་བའི་བུམ་པ་ནི། རས་ཀྱི་མགུལ་པ་བཅིང་པ་བདུད་རྩི་ལྔ་དང་གསེར་དང་དངུལ་དང༌། མུ་ཏིག་དང༌། བྱི་རུ་དག་དང་དུང་སྟེ་རིན་པོ་ཆེ་ལྔ་དང༌། ཐབས་ཀྱི་སྨན་ལྔ་ཤེས་རབ་ཀྱི་སྨན་ལྔ་སྟེ་བཅུ་དང༌། ག་བུར་དང་ཙནྡན་ལ་སོགས་པ་དྲིའི་བྱེ་བྲག་དང་ཨརྒྷའི་སྣོད་


DTG018_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཙུ་ཏའི་ཤིང་དང༌། ཙམ་པ་ཀའི་ཡན་ལག་དང་ལྡན་པ་དང༌། བུམ་པའི་ནང་དུ་ཐུབ་ཀྱི་སྣམ་ཨམྦུ་ཙམྦུ་དང༌། ཀ་དམྤ་དང༌། བིལྦ་དང༌། བཱི་ཛ་པཱུ་ར་དང༌། བ་ལ་མོ་ཏ་དང༌། དྲུག་པ་ནི་དཉྫ་དཉྫ་དང༌། བདུན་པ་ཀེ་རུ་ཀརྣི་ཀ་དང༌། བརྒྱད་པ་ཨེ་ན་ར་བི་ད་དང༌། དགུ་པ་ཧ་ས་དེ་བ་དང༌། བཅུ་པ་ཙམ་བུ་སྟེ་སྨན་རྣམས་བུམ་པར་བཅུག་ལ། སྐུའི་སྨན་ཨི་མ་ན་དང༌། གསུང་གི་སྨན་ཛཱ་ཏི་ཕ་ལ་དང༌། ཐུགས་ཀྱི་སྨན་གླ་གོར་ཞོ་ཤ་དང་བཅས་པས་སྐུ་ཁྲུས་གསོལ་བ་དང་དབང་བསྐུར་རོ། །ཆུའི་དབང་བསྐུར་བའི་རྗེས་ལ་གསེར་གྱི་མཆོད་ཕྱིར་ཐོགས་ཅོད་པན་དང་བཅས་པ་དང་ཕྱག་རྒྱ་དྲུག་གི་བརྒྱན་ནས། ལྷ་ལ་ན་བཟའ་གསོལ་ཏེ། སྒྲུབ་པ་པོ་རྣམས་རྣམ་པར་རྟོག་པ་མེད་པའི་སེམས་གཅེར་བུས་གར་བྱེད་ཅིང་སྟོང་པ་ཉིད་ཀྱི་སེམས་ཀྱིས་རབ་གནས་བྱས་པའི་ལྷ་ལ་དད་པ་སྔོན་དུ་འགྲོ་བས་དུས་གསུམ་དུ་མཆོད་པའམ། ཚེ་བཅུའམ་ཡར་ངོ་མར་ངོའི་ཆོས་བཅོ་ལྔ་ལ་མཆོད་པར་བྱའོ། །གོ་ཆ་བསྐོན་པ་དང༌། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། སྤྱན་དབྱེ་བ་རྣ་བ་དང་སྣ་དང་ཞལ་དབྱེ་བ་ན་བཟའ་གསོལ་ལ་ཡོ་བྱད་དབུལ། དེ་ནས་མཆོད་པ་རྒྱས་པ་བྱ་བ་ཁ་བསྐང་ངོ༌། །ལེའུ་བཞི་བཅུ་རྩ་བརྒྱད་པའི་འགྲེལ་པའོ།། །།

བཞི་བཅུ་རྩ་དགུ་པ། དཀྱིལ་འཁོར་གྱི་ཆོ་གའི་ལེའུའི་འགྲེལ་པ།


DTG018_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རབ་གནས་བཤད་ནས་དབང་བསྐུར་བའི་འཁོར་ལོ་འཆད་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་ཐམས་ཅད་དུ་དངོས་གྲུབ་བསྒྲུབ་པ་རྩ་བའི་རྒྱུད་ཀྱི་ལེའུ་དང་པོ་རོ་མཉམ་གྱི་དཀྱིལ་འཁོར་དམ་པ་འདིར་དབང་བསྐུར་བས། དཀྱིལ་འཁོར་གྱི་སྙིང་ལྷ་ཐམས་ཅད་སྐྱེས་པའི་ལེའུ་འདིས་བསྡུས་པ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། །ཤིན་དུ་མཉམ་གཞག་སྒྲུབ་པ་པོས། །ཞེས་པ་ཚིགས་བཅད་གཅིག་གིས་རྟེན་གྱི་གང་ཟག་བསྟན་ཏོ། །སྤྲང་མི་མཚལ་དང་ག་བུར་བཅས། །ཞེས་བྱ་བས་གསང་བའི་དབང་བསྐུར་བ་དངོས་ཏེ་སྦྲང་རྩི་ནི་མི་བསྐྱོད་པའོ། །མཚལ་ནི་རང་འབྱུང་ངོ༌། །ག་བུར་ནི་བྱང་སེམས་སོ། །ཙནྡན་དམར་ནི་ཤ་ཆེན་ནོ། །སྦྱར་བ་ནི་རྣམ་པར་སྣང་མཛད་དང་གོ་ཆའི་ལྷའི་རིགས་ཚོགས་ཀྱི་འཁོར་ལོའི་ནང་


DTG018_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་བུམ་པ་བཞིའི་གནས་སུ་བཞག་ནས། ཁ་ཟས་ཀུན་གྱི་མཆོག་ཏུ་བཅུད་ཀྱིས་ལེན་དུ་འགྱུར་རོ། །ཚོགས་ཀྱི་ལྷ་དེ་རྣམས་ཇི་ལྟ་བུ་ཞེ་ན། རྡོ་རྗེ་ཀུན་འཁོར་དང་མཆོག་གཙོ་བོ་མཚན་མ་ཐམས་ཅད་རྡོ་རྗེའི་རྒྱན་གྱི་བརྒྱན་པའོ། །བཅུད་ལེན་དུ་ཇི་ལྟར་འགྱུར་ཞེ་ན། ཨོཾ་ཨཱཿ་ཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ནས། གྲོལ་བའི་ལམ་པས་སྦོམ་པོ་མཐེབ་མོ་དང༌། མཐའ་ལྟག་སྲིན་ལག་གི་རྩེ་མོ་སྦྱར་ནས་རྣལ་འབྱོར་པས་སྒྱུ་མ་ལྟ་བུ་རིགས་པས་བཏུང་བར་བྱའོ། །ཆགས་ལམ་གྱི་དབང་དུ་བྱས་ན། རྡོ་རྗེ་གདན་བཞི་ལས་སྦོམ་པོ་མཐའ་ལྟག་བྷ་ག་རྩེ་སྦྱར་བ་ཨ་ཝ་དྷཱུ་ཏཱི་ར་ཕྲད་ནས་བདེ་བ་སྒྱུ་མ་ལྟ་བུར་རིག་པས་རྟག་ཏུ་སྤྱད་པའོ། །རྣལ་འབྱོར་པ་གཉི་ག་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་སྲོག་ཨ་ཝ་དྷཱུ་ཏཱིར་སོད་པ་དང་དབང་པོ་བདག་པོའི་རྐྱེན་བསམ་གཏན་ཐོབ་ནས་ཆགས་ལམ་གྲོལ་ལམ་གཉི་གཡུལ་རོ་དང་རེག་བྱ་ཡིན་པས་སྒྱུ་མར་འགྲོ་བ་ཐེ་ཚོམ་མེད་དོ། །དཔེར་ན་མུ་སྟེགས་ཅན་ལ་རི་བོ་བ་དི་ར་ལས་རྩྭ་སོ་མ་ན་བཏུས་ནས་ཝཱ་རཱ་ཎ་སཱིའི་བྱ་ཀ་ར་གི་ཝང་ཡོད་པའི་བ་སེར་མོའི་པགས་པར་བཏུམས་ནས་རིག་བྱེད་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་གང་ཟག་གིས་འཐུངས་པས་སྲིད་པའི་ཏིང་ངེ་འཛིན་ཐོབ་པའི་དཔེ་དེ་བཞིན་དུ་བདུད་རྩི་ལྔ་མྱང་ནས་ན་དངོས་གྲུབ་རྟག་པ་འདུས་མ་བྱས་འཐོབ་པར་འགྱུར་རོ། །གལ་ཏེ་སྒྱུ་མ་ལྟ་བུམ་རྟོགས་ན་མི་འཆི་བར་ཚེ་རིང་བ་དང་ནད་མེད་པར་འགྱུར་ཏེ། འཇིག་རྟེན་གྱི་དངོས་གྲུབ་ཐམས་ཅད་ལ་འཇུག་གོ །དེ་ལྟར་ཞི་བའི་བཏུང་བ་སྒྱུ་མ་ལྟ་བུར་རྟོགས་ནས་སྔགས་འབུམ་བཟླས་ན་དཀྱིལ་འཁོར་བྱར་རུང༌། གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་མཆོད་པའི་བཞི་རྡོ་རྗེའི་རིགས་ལ་སྟོང་ཉིད་བསྒོམ་པ་དང༌། རིན་པོ་ཆེའི་རིགས་ལ་མཚན་མ་མེད་པ་དང༌། པདྨའི་རིགས་ལ་སྨོན་པ་མེད་པ་དང༌། ལས་ཀྱི་རིགས་ལ་འོད་གསལ་བའི་མཆོད་པ་བཞི་ཡེ་ཤེས་ལས་སྐྱེས་པ་བསྒོམ་པ་དེ་བཞིན་དུ། དཔའ་བོ་རྣལ་འབྱོར་པ་ནི་ལས་དང་པོ་པའི་དང་པར་སྤྱོད་པ་ལ་ཡང་དབང་པོ་གཉིས་ཀྱི་ཨ་ཝ་དྷཱུ་ཏཱིའི་རེག་བྱ་ལས་དོན་དམ་པའི་དེ་ཁོ་ན་ཉིད་འདུས་མ་བྱས་སེམས་ཀྱིས་འཛིན་ཅིང་རྟོགས་པ་ནི་བསྙེན་པ་ཡིན་ནོ། །དེས་ཀྱང་


DTG018_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཙོ་བོ་ལ་འབུམ་དང་མེ་ཏོག་ཕོག་པའི་ལྷ་ལ་འབུམ། འཁོར་ལ་ཁྲི་བཟླའོ། །བདེ་བ་སྟོང་པ་ཉིད་དེ་ལྷ་དང་མིའི་བདེ་བ་ཟག་བཅས་པས་ཟག་མེད་ཀྱི་བཅུ་དྲུག་ཆར་ཡང་མི་ཕོད་དོ་ཞེས་རྩ་བའི་རྒྱུད་ལས་གསུངས་ཏེ། འདིར་ཟག་མེད་ལས་བྱུང་བའི་དཀྱིལ་འཁོར་ལ་ཡང་བརྟགས་ནས་བཤད་དོ། །བསྙེན་པ་བསྟན་ནས་སའི་ཆོ་གའི་དཀྱིལ་འཁོར་གྱི་གནས་བཤད་པ་གདོད་ནས་གྲུབ་པའི་དུར་ཁྲོད་ལ་སོགས་པར་དཀྱིལ་འཁོར་བརྩམ་པར་བྱ་ཞེས་བྱ་བ་སའི་ཆོ་ག་གོ་སླའོ། །དཀྱིལ་འཁོར་ཆེན་པོའི་ཚོན་ཉིད་ནི་གདུལ་བྱ་དྲག་པོ་འཇིགས་བྱེད་དུར་ཁྲོད་དུ་སྤྱོད་པ་དང་མཐུན་པའི་རོ་བསྲེགས་པའི་སོལ་བའི་ཕྱེ་མ་ལས་ནག་པོ་རུས་ཕྱེ་ལ་དཀར་པོ། སོ་ཕག་ཚིག་པ་ལས་དམར་པོ། མཆིག་པ་ལས་སེར་པོ། དུར་ཁྲོད་ཤིང་ལོ་ལས་ལྗང་གི་བྱ་སྟེ། ཕྱུག་ན་རིན་པོ་ཆེ་དང་བསྲེ། དབུལ་ན་རིན་པོ་ཆེ་མེད་པའོ། །ཚོན་གྱི་མཚན་ཉིད་བཤད་ནས་བཞི་པ་སློབ་དཔོན་གྱི་མཚན་ཉིད་ནི། ལུས་གང་ཡིད་གསུམ་ཐམས་ཅད་ཟག་མེད་དང་ལྡན་པའོ། །ཟག་བཅས་ཀྱི་མཚན་ཉིད་ཀུན་སྤངས་པ། སེམས་ཀྱི་མཚན་ཉིད་ནི་རྒྱུད་སྔ་བཞི་འདུས་མ་བྱས་ཞེས་པ་ནི་འདུས་བྱས་ལྷའི་འཁོར་ལོ་ཤེས་པ། སྔགས་ཞེས་པ་ནི་ངག་གོ །ཁྲོ་མེད་སྙིང་རྗེ་ཅན་གཙང་བ། ལྟུང་བ་མེད་པ་མཁས་པ་དེ་ཉིད་བཅུ་ཤེས་པ་སྦྱོར་ཞེས་ཞི་གནས་དང་ལྡན་པ་ཡེ་ཤེས་ལྷག་མཐོང་གིས་འཁོར་བའི་ཕ་རོལ་ཏུ་འགྲོ་བ་སྤྱི་གཙུག་རུས་པའི་འཁོར་ལོ་རྩིབས་བརྒྱད་པས་བརྒྱན་པ་ནས་ཕྱག་རྒྱ་དྲུག་ལ་ཐལ་བས་བྱུགས་པ། གོ་ཆ་དྲུག་གིས་ལུས་བརྒྱན་པ་རུས་པའི་ཕྲེང་བའི་ཚངས་པའི་སྐུད་པ་ཅན་རྣ་རྒྱན་ལ་སོགས་པ་རུས་དང་ལྡན་པ་དུམ་བུ་གཅིག་ལས་སྤྱི་གཙུག་གི་འཁོར་ལོ་བྱས་པ། རུས་ཕྲེང་གི་དོ་ཤལ་ཡོད་པ་ལག་པ་གཡོན་པས་ཁ་ཊྭཱཾ་ག་གཟུང་བ། གཡས་པས་ཅང་ཏེའུ་ཐོགས་པ། གནས་དང་ལྡང་བ་ཉིད་དང་ནི། །འཇིག་དང་ཡོངས་སུ་རྫོགས་པ་དང༌། བྱིན་གྱིས་བརླབ་དང་དབང་བསྐུར་དང༌། ཏིང་འཛིན་མཆོད་པ་ཉེ་བར་བསྡུ། །ཞེས་བྱ་བའི་བར་གྱིས་སྟ་གོན་གྱི་ལྷ་བསྒོམས་པས་བདག་ཉིད་ཧེ་རུ་ཀར་བྱས་ནས། དེའི་འོག་ཏུ་བགེགས་ཉེ་བར་ཞི་བའི་ཆོ་ག་བྱེད་པས། སྙིང་གར་འཁོར་ལོ་ཉི་ཤུ་ལ་བཅུག་ནས་བདག་ཉིད་གོ་ཆ་ཆེན་པོ་ལུས་ཀྱི་


DTG018_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོ་ལ་བགོས་ཏེ་ར་བ་རྣམས་ཕྱོགས་བཞིར་དགོད། འོག་ཏུ་སྣ་ཚོགས་རྡོ་རྗེའི་འཁོར་ལོའི་གཞལ་ཡས་ཁང་དང་འདྲ་བ་སྟེང་དུ་མདའི་དྲ་བ་བདག་ཉིད་ལ་གོ་ཆ་དྲུག་བསྐོན། ལོགས་སུ་རྡོ་རྗེའི་ར་བ་སྟེང་དུ་རྡོ་རྗེའི་བླ་རེ་མེ་འོད་ཀྱི་ཕྲེང་བ་ཕུར་བུས་གདབ་པ་བྱས་ན་སུམ་ཅུ་རྩ་གསུམ་གྱི་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་གཞིག་པར་མི་ནུས་ཕན་ཡོན་ནོ། །དེ་ནས་ལྷ་ལྷག་གནས། བུམ་པ་སྤྱིན་སྲེག །སློབ་མ་ལྷག་གནས་ཁ་བསྐང་དེ་ལྟར་སྟ་གོན་རྫོགས་ན་བདག་ཉིད་ལ་སྔགས་གོ་ཆ་དྲུག་དང༌། ཕྱག་རྒྱ་དྲུག་གིས་བརྒྱན་པའི་ལྷར་བསྐྱེད་ནས། དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །ཞེས་པ་ནི་མདོར་བསྟན་ཏོ། །རྒྱས་བཤད་ནི་དེ་ནས་སེམས་མེད་རོའི་སྐྲའམ། རྒྱུས་པའམ། རོ་གཡོགས་ཀྱི་རས་ཀྱི་སྐུད་པས་ཐིག་གདབ་པ་ནི་གོ་སླའོ། །དེའི་དབུས་སུ་ཚོན་དགྱེ་བ་ནི། པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དུ་བཅས་པའི་སྟེང་དུ་བཅོམ་ལྡན་འདས་ཞལ་བཞི་སྤྱན་གསུམ་ཕྱག་བཅུ་གཉིས་ལས་གླང་པོ་ཆེའི་པགས་པ་སྨིན་མཚམས་ཀྱི་ཐད་དུ་བསྣམས་པ། རྡོ་རྗེ་དང་དྲིལ་བུ་འགྱིང་བས་སྙིང་གར་འཁྱུད་པ། ཁ་ཊྭཱཾ་ག་དང་ཕྱག་མཚན་ལྔ་བསྟན་པས་ཕྱག་མཚན་བདུན་ལེའུ་བཅུ་བཞི་པ་རོ་མཉམ་གྱི་འཁོར་ལོ་ལས་ཤེས་སོ། །ལྷག་མ་ནི་གོ་སླའོ། །དཔའ་བོ་དང་དཔའ་མོ་དྲུག་ཅུ་ཡང་རོ་མཉམ་བཞིན་དུ་སྐུ་མདོག་དང་ཕྱག་མཚན་བྱའོ། །དངོས་གྲུབ་འདོད་ན་ལྷ་ཡབ་ཡུམ་ཚང་པ་ལ་དབང་བསྐུར་བྱ་མ་ཚང་ན་དངོས་གྲུབ་མི་ཐོབ་བོ། །ཐིག་གདབ་པ་དང་ཚོན་དགྱེ་བ་བསྟན་ནས་བུམ་པ་བསྒྲུབ་པ་ནི། རྩ་བ་ནག་པོ་མེད་པ་མཚན་ཉིད་དོ། །མུ་ཏིག་ལ་སོགས་པ་ནི་རིན་ཆེ་ལྔའོ། །གྲངས་ཤར་ཕྱོགས་སུ་རྒྱལ་བ་དང་བཀྲ་ཤིས། །ལྷོ་ཕྱོགས་སུ་དངོས་གྲུབ་དང་རྣམ་འཕྲུལ། ནུབ་ཏུ་རྒྱལ་བ་དང་རྣམས་རྒྱལ། བྱང་དུ་གྲུབ་པ་དང་སྲུང་བ། རྣམ་རྒྱལ་དང་གྲུབ་པ་ལ་གསེར་དུལ་གྱིས་ཕྱག་མཚན་བྲིས་ལ་མུ་ཏིག་གི་ཕྲེང་བས་ཁ་བརྒྱན་པའོ། །དེ་ལྟར་བུམ་པ་བསྒྲུབ་པ་བཤད་ནས། དཀྱིལ་འཁོར་གྱི་ཡོ་བྱད་ནི། དཀྱིལ་འཁོར་ཐམས་ཅད་འབྱོར་ན་རིན་པོ་ཆེ་གསེར་ལ་སོགས་པས་བྲིས་ན་དངོས་གྲུབ་ཐོབ་པོ། །ཀུན་ནས་སྒོའི་བུམ་པ་ལས་ཐམས་ཅད་རྣམ་པར་རྒྱལ་བའི་དྲིའི་ཆུས་བསང་ལ། མར་


DTG018_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེ་ཞེས་བྱ་བ་སེམས་གསལ་བར་བྱེད་པའི་ཤ་རྒྱས་ཉེ་བར་མཚོན་པའི་མེ་ཏོག་བདུག་པ་མར་མེ་དྲི་ཆབ་ལྷ་བཤོས་ཀུན་རྒྱན་ཡིན་ནོ། །དེ་ལྟར་རྫས་བསགས་ནས་དོན་ལྔ་པ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི། མཁའ་འགྲོ་མ་ཡིད་ལ་གཞུག་པ་དང་ས་སྟེང་གསུང་ལ་གཞུག་པ་དང༌། ས་འོག་སྐུ་ལ་གཞུག་པ་དང༌། མ་མོ་བཅུ་གཉིས་ཕྱོགས་མཚམས་སུ་གཞུག་པ་དང༌། དུར་ཁྲོ་བརྒྱད་དང་གཞལ་ཡས་ཁང་ཡང་ཤུགས་ཀྱིས་རྟོགས་སོ། །དོན་དྲུག་པ་མཆོད་པའི་རྫས་དབུལ་བ་ནི། དཔའ་བོ་དང་རྣལ་འབྱོར་མ་རེ་རེ་ལ་དངོས་གྲུབ་འདོད་པས་མཆོད་པར་བྱའོ། །རྒྱལ་མཚན་ནི་གོ་སླའོ། །དམར་བ་གསུང་དང་རེ་བ་ཡེ་ཤེས་ཀྱི་འཁོར་ལ་དཀར་བ་སྐུ། གང་པ་དང་ཐུགས། སེར་སྐྱ་སྒོ་བཞི་ལ། སྣ་ཚོགས་པ་མཚམས་བཞི་ལ་མདའ་ཕུར་བུ་བརྒྱད་ཀྱིས་བསྲུང་བ་དང༌། བཟའ་བ་དང་བཏུང་བ་ཚོགས་འཁོར་ལའོ། །དེ་ལྟར་དྲུག་པས་དཀྱིལ་འཁོར་མཆོད་ནས། སློབ་མས་འདོད་ཡོན་ལྔའི་དངོས་པོ་ཀུན་གྱིས་སློབ་དཔོན་མཉེས་པར་བྱས་ལ། དངོས་གྲུབ་འདོད་པས་ཅི་ནུས་ཀྱི་ཡོན་དབུལ་ལོ། །དེ་ནས་སློབ་དཔོན་གྱི་བདག་འཇུག་བྱ་སྟེ། དྲིལ་སྦྱང་ལོ་བཅུ་གཉིས་མ་དང་ཏིང་ངེ་འཛིན་བསྒོམ་པ་དང༌། སྒྲ་སྙན་དྲིལ་བུ་བཅུ་དྲུག་མ་དང་བསྒོམ་པ་དང༌། བརྡ་ཉི་ཤུ་པ་དང་ཏིང་ངེ་འཛིན་བསྒོམ་པ་ཧ་བརྒྱད་ཀྱིས་ཡེ་ཤེས་བབ་ཀྱི་བར་དུ་བསྒོམ་ལ་དེ་ཉིད་ཀྱི་དགའ་བྲལ་དུ་མི་གཏང་བར་བྱའོ། །དེ་ལྟར་སློབ་མའི་གདོང་ལ་དར་གྱིས་བཅིངས་ནས། སྙིམ་པར་མེ་ཏོག་གཞག་པ་ཕྱིའི་འཇུག་པ་བདུན་རྣམ་པར་དག་པ་དང༌། སྔོམ་པ་གཟུང་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལྷར་བསྐྱེད་པ་དང༌། ཕྱི་རོལ་བུམ་པའི་ཆུས་དབང་བསྐུར་བ་དང༌། སྒོ་བཞི་ནས་ཞུགས་ནས་པདྨའི་གར་བསྐོར་བས་ཕྱག་བྱ་བ་དང༌། སློབ་མ་སྲས་པོར་ལྷའི་དམ་ཚིག་བསྒྲགས་པ་དང༌། སློབ་དཔོན་གྱི་དམ་ཚིག་བསྒྲགས་པ་དང༌། ཡེ་ཤེས་དབབ་པ་དང༌། སྙིམ་པའི་མེ་ཏོག་གཏོར་བ། གང་དུ་བབས་པ་རང་གི་ལྷར་ཤེས་པར་བྱ་བའི་ཕྱིར་ལན་ཅིག་བསྐོར་བ་བྱས་ནས་ཤིན་ཏུ་མཉམ་པར་བཞག་པས་ཡེ་ཤེས་དབབ་པ་དང༌། གྲོད་ཁྱེར་མཆོག་གི་ནང་དུ་གཞུག་པའོ། །དེ་ནས་སློབ་མས་ལྷོ་ཕྱོགས་སུ་ལུས་ཀྱིས་གནས་ཏེ་སྔར་མེ་ཏོག་འཕངས་པ་མ་ཕོག་ན་སླར་ཡང་སྙིམ་


DTG018_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་དོར་ཏེ། གང་ལ་བབ་པ་དེའི་རིགས་བསྟན། གདོང་གཡོགས་བཀྲོལ། དཀྱིལ་འཁོར་བསྟན། དབབ་པ་ཉེ་བར་བསྡུ་བ་བྱ། ལྷ་དེའི་མིང་གིས་གདགས། དེ་ལྟར་འཇུག་པ་རྫོགས་ནས། སློབ་དཔོན་ལེགས་པར་མཉམ་པར་བཞག་པས་ཕྱག་རྒྱ་ལྷ་མོ་རྣམས་ཡེ་ཤེས་ཕབ་ནས་བུམ་པ་དང༌། ཅོད་པན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། མིང་གིས་དབང་བསྐུར་ལ། དེ་ནས་ཉིན་ཞག་གཉིས་པ་ལ་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས་བདུད་རྩི་ལྔ་ལ་མཚལ་ཆེན་གྱི་མིང་གིས་བཏགས་པ་ལ། ཨོཾ་ཨཱཿཧཱུཾ་གསུམ་གྱི་བཟླས་པས་གནས་གསུམ་དུ་ཐིག་ལེ་བྱས་ལ། ལྕེ་ལ་བདུད་རྩི་ལྔ་བཞག་ནས་གསང་བའི་དབང་བསྐུར་བར་བྱའོ། དེ་ནས་ཉིན་ཞག་གསུམ་པ་ལ་སློབ་མའི་གདོང་ཕྱེ་ལ་ལུས་ཀྱི་དཀྱིལ་འཁོར་བསྟན་ནས། བདེ་བ་སྟོང་པ་ཉིད་བསྐྱེད་པའི་ལྷའི་གནས་རྩ་དབུ་མ་གང་ཡིན་པ་དེར་འདུས་མ་བྱས་ཀྱི་སྟོང་ཉིད་དེ་ཡང་བསྟན་པར་བྱའོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས་སློབ་མས་སློབ་དཔོན་ལ་ཕྱག་བྱ་བསྐོར་བ་བྱ། ཡོན་དབུལ་བ་ནི་གོ་སླའོ། །དེ་ལྟར་བླ་མ་ཉེས་པ་དང༌། དབང་བསྐུར་བ་ངེས་པར་བྱས་ནས་དེའི་རྗེས་ལ་སྒྲུབ་པ་པོས་ཡོན་དབུལ་བ་རབ་ཏུ་ངེས་པར་བྱའོ། །དེ་ལྟར་བྱས་པའི་ཕན་ཡོན་ནི། །སྒྲུབ་པ་པོ་དེ་ལ་མཁའ་འགྲོ་མ་ཀུན་མཉེས་པས་སྒྲུབ་པ་པོའི་མངག་གཞུག་བྱེད་པ་དང་པོའོ། །རྣལ་འབྱོར་པ་ལ་དངོས་གྲུབ་ཏུ་འགྱུར་བ་མི་སྣང་བ་གཉིས་སོ། །སྒྲུབ་པ་པོ་རང་འདོད་པ་ཙམ་གྱིས་གཟུགས་དུ་མ་བྱེད་པ་དང༌། ཚར་གཅོད་པ་དང་ཕན་འདོགས་པ་གསུམ་པའོ། །སྔགས་པ་དཀྱིལ་འཁོར་མ་མཐོང་བས་དངོས་གྲུབ་མི་འཐོབ་པ་དང༌། སྐུ་གསུམ་གྱི་དཀྱིལ་འཁོར་འདིར་དབང་བསྐུར་ན་ལྷ་ལ་སོགས་པ་ཟིལ་གྱིས་གནོན་པ་དང༌། དེ་ཉིད་བསྡུས་པ་ལ་སོགས་པ་ལས་ཁྱད་པར་དུ་འགྱུར་བ་སྟོན་ཏོ། །དེ་ལྟར་ཕན་ཡོན་ལྔ་བཤད་ནས། འདིའི་བརྗོད་བྱ་བཤད་ཟིན་པའི་དོན་དང་མ་བཤད་པའི་དོན་ཐམས་ཅད་ཀྱིས་བརྗོད་བྱ་དང༌། དཔལ་ཧེ་རུ་ཀའི་སྣང་བ་ཡིན་པར་སྟོན་ཏོ། །ལེའུ་བཞི་བཅུ་རྩ་དགུ་པའི་འགྲེལ་པའོ།། །།

ལྔ་བཅུ་པ། དབྱངས་སྐྱོང་གི་མཚམས་ཀྱི་ལེའུའི་འགྲེལ་པ།


DTG018_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དབང་བསྐུར་བའི་འཁོར་ལོ་བཤད་ནས། བསྟོད་པ་འཆད་པ་ནི། དེ་ནས་གཞན་ཡང་


DTG018_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཤད་བྱ་བ། །ཞེས་གསུངས་ཏེ། ཆགས་པ་དང་བཅས་པ་དང༌། ཆགས་བྲལ་གྱི་མཚམས་གང་དུ་ཆགས་བྲལ་གྱི་ཆུས་མི་གོས་ཤིང་འདོད་པའི་ཁམས་ཀྱི་ཆགས་པ་སྤངས་པའི་མཚམས་དེར་སྟོང་པ་ཉིད་ཀྱིས་རྒྱས་བཏབ་ནས། སེམས་ཅན་ཐམས་ཅད་ཀྱི་སྲིད་པ་འཇིག་པར་བྱེད་པའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་གོང་དུ་བསྟན་པའི་རིམ་པས་སྔོན་འགྲོའི་རྣལ་འབྱོར་ལྔ་དང༌། དངོས་གཞི་འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་དང་བཅས་པ་བསྐྱེད་ནས། ཧེ་རུ་ཀ་དབྱངས་སྐྱོང་གི་ལྷ་མངོན་པར་བྱང་ཆུབ་ལྔའི་རིམ་པས་རྫུས་སྐྱེས་ཅིག་ཅར་འབྱུང་བའི་སྣང་བ་བསྒོམ་མོ། །དེ་ཡང༌། །དུང་ཀུན་དའི་མདོག་ཀྱང་འཛིན། །ཞེས་བྱ་བ་ནས། ཐུན་བཞི་རུ་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་གོ་སླའོ། །ཞས་གསུམ་ཕྱག་དྲུག་པའི་སྐུ་མདོག་དཀར་པོ་དབྱངས་སྐྱོང་གི་ལྷ་བསྒོམས་ནས། དབྱངས་སྐྱོང་གི་བསྟོད་པའི་དོན་ནི་རྣལ་འབྱོར་པས་ལྷ་ཐམས་ཅད་བསྒོམ་པ་ལ་དགའ་བྲལ། འདོད་པའི་ཁམས་ཀྱི་སེམས་སུ་མི་གཏོང་ཞེས་བསྟོད་པ་ཡིན་ནོ། །དེ་ལ་རྫོགས་རིམ་བསྒོམ་པ་ནི། དགའ་བ་བཞིའི་གནས་འཁོར་ལོ་བཞི་དང་ཨ་ཐུང་དང་ཧཾ་ལས་བདེན་པ་བཞི་དང་ཕག་མོ་དང་ཁྲག་འཐུང་བའི་མིང་གིས་བཏགས་པ་ལ་རྩ་འདབ་དྲུག་ཅུ་རྩ་བཞི་དང་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་པ་ངག་ལ་དགའ་བྲལ་དུ་མི་འགྱུར་བའི་ལམ་བདེ་བ་ཆེན་པོ་སྟོང་པ་ཉིད་བསྒོམ་པ་ལ་དབྱངས་སྐྱོང་ཞེས་བྱའོ། །དེ་ལྟར་རྫོགས་པའི་རིམ་པའི་མཚམས་སུ། རྗེས་སུ་སྒྲུབ་པའི་དོན་བསྐྱེད་པའི་རིམ་པས་ཞལ་གསུམ་ཕྱག་དྲུག་པའི་ལྷའི་སྐུ་བསྒོམས་ནས་བདུད་རྩི་ལྔ་མྱངས་ཏེ་དབྱངས་སྐྱོང་གི་སྔགས་ཀྱིས་མཉམ་པར་བཞག་པས་བཟླས་པ་བྱའོ། །དེ་ལ་ཡེ་ཤེས་སེམས་དཔའ་གཞུག་པ་དང༌། གོ་ཆ་བགོ་བ་དང་དབང་བསྐུར་བ་དང༌། བདུད་རྩི་མྱངས་ནས་བསྒོམ་པ་དང༌། བཟླས་པར་བྱ་བ་ཤེས་སོ། །དེ་ལ་དབྱངས་སྐྱོང་གི་འབྲས་བུ་དང་པོ་ཕྲིན་ལས་རྣམ་བཞི་ཀུན་བྱེད་པ་གཉིས་པ་དུས་མ་ཡིན་པའི་འཆི་བ་ལས་རྒྱལ་བ། གསུམ་པ་ཞི་བ་ལ་སོགས་པ་འགྲུབ་པ། བཞི་པ་དུས་གསུམ་ཤེས་པ། ལྔ་པ་སྟོང་ཕྲག་གཅིག་བཟླས་པས་འཇིག་རྟེན་གསུམ་གྱི་དངོས་གྲུབ་ཐོབ་པ། དྲུག་པ་ཞག་གསུམ་གྱིས་ལྷའི་


DTG018_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོས་སྒྱུར་བ་ཐོབ་པ། བདུན་པ་མངོན་ཤེས་དྲུག་རིག་པ། བརྒྱད་པ་སྐྱེ་རྒ་ན་འཆི་སྤངས་པའོ། །དེ་ལྟར་འབྲས་བུ་བཤད་ནས། གལ་ཏེ་དེ་མ་ཐོབ་ན་བསྐྱར་བའི་ཆོ་ག་ནི། འབྱུང་པོའི་ཉིན་ཞག་གསུམ་ལ་ཚོགས་འཁོར་བྱས་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲང༌། གལ་ཏེ་མངོན་སུམ་མཐོང་ན་ཕྱག་བྱ་མཆོད་ཡོན་དབུལ། འདོད་པའི་དོན་ལ་གསོལ་བ་བཏབ་ནས་དངོས་གྲུབ་བླང༌། མངོན་བར་ཤེས་པ་དྲུག་མངའ་བའི་དཔའ་བོ་ཐམས་ཅད་མཁྱེན་པ་ཁམས་གསུམ་གྱི་མཆོག་ཏུ་འགྱུར་རོ། །དེའི་ཕན་ཡོན་ནི། འདི་ནི་དཔའ་བོ་ཆེན་པོ་སྟེ། གཉིས་པ་ཐམས་ཅད་རྣམ་པར་སྤངས། །ཞེས་པ་བདག་ལྟའི་གཟུང་འཛིན་དང་བྲལ་ནས་ས་གཞི་རྒྱ་མཚོ་དང་བཅས་པའི་འགྲོ་བ་རིགས་དྲུག་གི་དོན་ལ་དབང་བར་འགྱུར་རོ། །དཀྱིལ་འཁོར་གྱི་བསྟོད་པ་མངོན་པར་བརྗོད་པ་ལེའུ་ལྔ་བཅུ་པའི་འགྲེལ་པའོ།། །།

ལྔ་བཅུ་རྩ་གཅིག་པ། ཉེ་བའི་སྙིང་པོ་བསྒོམས་པས་སྐྱེད་པའི་ལེའུའི་འགྲེལ་པ།


DTG018_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཞན་ཡང་བཤད་པ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ཉེ་བའི་སྙིང་པོ་ཡི་གེ་བདུན་པའི་ལྷ་བསྒོམ་པ་ནི་གོང་དུ་བསྟན་པའི་སྔོན་འགྲོ་ལྔ་བྱས་ནས་འབྱུང་བ་བཞི་དང་རི་རབ་སྣ་ཚོགས་རྡོ་རྗེར་གྱུར་པའི་རང་བཞིན་གཞལ་ཡས་ཁང་གི་དབུས་སུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་ཞལ་གསུམ་ཕྱག་དྲུག་པའི་སྐུ་མདོག་དང་ཕྱག་མཚན་གོ་སླའོ། །ལྷ་མོ་དྲུག་ནི་ཧཱུཾ་དང་ཕཊ་ཀྱི་བར་དུ་ཡི་གེ་དྲུག་ལས་བསྐྱེད་དོ། །ཡེ་ཤེས་སེམས་དཔའ་གཞུག་པ་དང༌། གོ་ཆ་བསྐོན་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བྱང་ཆུབ་ཡན་ལག་བདུན་བསྒོམ་པ་དང་བཟླས་པ་ནི་སྔ་མ་བཞིན་ཤེས་པར་བྱའོ། །ཁྲོ་བོ་ཀུན་གྱི་གནས་མཆོག་སྟེ། །མཉམ་མེད་གསང་སྔགས་བཟླ་བར་བྱ། །ཞེས་བྱ་བའི་འཁོར་ལོ་རྩིབས་དྲུག་པ་བཀོད་པ་དེ་ལ་ཡི་གེ་བདུན་པ་བཀོད་ནས་བཟླས་ན་ཞག་བདུན་གྱིས་ཐེ་ཚོམ་མེད་པར་འགྲུབ་སྟེ་ནཱ་རོ་པས་དགྱེས་པའི་རྡོ་རྗེ་ཡན་ལག་དྲུག་གིས་འཆད་པའི་འགྲེལ་པ་མཛད་ནས་མཚན་ཐོག་ཐག་གཅིག་གིས་ཏི་ལོ་པའི་ལུང་བསྟན་ཐོབ་པའི་ཕྱིར་ཏེ། གདམས་ངག་དྲུག་འགྲུབ་ནས་ཤཱནྟི་པ་ལས་གསང་འདུས་ཞུས། ཧེ་བཛྲའི་འགྲེལ་པ་མཐའ་དྲུག་ཚུལ་བཞི་པ་མཛད་དོ། །མ་གྲུབ་ན་བསྐྱར་བའི་ཆོ་ག་ནི། དཔྱི་ཟླ་ཐ་ཆུངས་ཀྱི་ཉ་ལ་ཚོགས་


DTG018_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་འཁོར་ལོ་བྱས་ན་ཐོ་རངས་ཧེ་རུ་ཀ་དང་མཚུངས་པར་འགྱུར་རོ། །མངོན་པར་བརྗོད་པ་ལས་ལེའུ་ལྔ་བཅུ་རྩ་གཅིག་པའི་འགྲེལ་པའོ།། །།

ལྔ་བཅུ་རྩ་གཉིས་པ། ཡི་གེ་ཉི་ཤུ་རྩ་གཉིས་ཀྱི་སྙིང་པོ་བསྒོམས་པས་སྐྱེད་པའི་ལེའུའི་འགྲེལ་པ།


DTG018_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཞན་ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་སྙིང་པོ་བཤད་པ་ནི། སྔོན་འགྲོ་ལྔ་འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་དང་གཞལ་ཡས་ཁང་བསྐྱེད་ལ། དེའི་དབུས་སུ་ཡི་གེ་ཉི་ཤུ་རྩ་གཅིག་ལས་དྲོད་གཤེར་སྐྱེས་ཀྱི་ལྷ་སེམས་ཅད་ཀུན་ལ་ཕན་འདོགས་པ་བསྐྱེད་དེ། ཧཱུཾ་དང་ཤྲཱི་གཉིས་གཙོ་བོ་ཡབ་ཡུམ་ཞལ་བརྒྱད་ཕྱག་བཅུ་དྲུག་ཞལ་གཅིག་ཕྱག་གཉིས་པའོ། །པདྨ་འདབ་མ་བརྒྱད་ལ་ཨོཾ་ཤིར་དུ། བ་བྱང་དུ། ཛྲ་ནུབ་ཏུ། ཧེ་ལྷོ་རུ། དེ་ལས་འཁོར་མཁའ་འགྲོ་མ་བཞི་ཞལ་གསུམ་ཕྱག་དྲུག་པའོ། །མཚམས་བཞི་རུ་བུམ་པ་བཞི་དང་ཐོད་པ། ཤར་ལ་སོགས་པའི་རྩིབས་བརྒྱད་ཞལ་གཅིག་ཕྱག་བཞི་པ་མདོག་སྔོན་པོ་ཤ་སྟག་གོ །སྒོ་བཞི་དང་མཚམས་བཞིར་ལྷ་མོ་བརྒྱད་ཞལ་གསུམ་ཕྱག་དྲུག་པའོ། །སྐུ་མདོག་དང་ཕྱག་མཚན་རྒྱུད་ལས་གོ་སླའོ། །ཡེ་ཤེས་སེམས་དཔའ་གཞུག་པ་དང༌། གོ་ཆ་བསྐོན་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པའི་ཚེ་དཔྲལ་བར་སྐུའི་འཁོར་ལོ། ལྐོག་མར་གསུང་གི་འཁོར་ལོ། སྙིང་གར་ཐུགས་ཀྱི་འཁོར་ལོའི་སྦྱོར་བས་སྤྲོ་བསྡུ་བསྒོམས་ལ། ལྷ་ཉི་ཤུ་རྩ་གཉིས་པོ་ཐམས་ཅད་ཀྱི་སྙིང་པོ། ཨོཾ་ཤྲི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛྭཱ་ལ་སམྦ་རཾ་སྭཱ་ཧཱ་ཞེས་བཟླ་བར་བྱའོ། །གལ་ཏེ་རྣམ་དག་བསྒོམས་ན་ཞལ་བརྒྱད་རྣམ་ཐར་བརྒྱད་ཕྱག་བཅུ་དྲུག་སྟོང་ཉིད་བཅུ་དྲུག །ནང་གི་ཡུལ་བཞི་སོ་སོར་ཡང་དག་པར་རིག་པ་བཞི། འཁོར་ལོ་རྩིབས་ཀྱི་ཕྱོགས་བཞིར་ལྷ་མོ་སྟོན་པ་བཞི། མཚམས་བཞིའི་ལྷ་མོ་ཆོས་ཀྱི་མདོ་བཞི། ཕྱི་རོལ་གྱི་སྒོ་བཞི་དང་མཚམས་བཞི་མི་འཇིགས་པ་བཞིའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཀཱ་ལི་ཉི་མ་ལས་བཅོམ་ལྡན་འདས་སྐྱེས། དབྱངས་ཡིག་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་ལས་ཡུམ་སྐྱེས་པར་བསྒོམ་མོ། །མཆོད་པ་དང་བསྟོད་པ་དང༌། གཏོར་མ་གཏང་བ་དང༌། ཉེ་བར་བསྡུ་བ་ཁ་བསྐང་ངོ༌། །ལེའུ་ལྔ་བཅུ་རྩ་གཉིས་པའི་འགྲེལ་པའོ།། །།

ལྔ་བཅུ་རྩ་གསུམ་པ། དཀྱིལ་འཁོར་གྱི་སྒོམ་པ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཞན་ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་རྣམ་པར་བཤད་པ་ནི་གསུམ་དུ་འགྱུར་ཏེ། སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་ནས་གཏུམ་མོ་དྲོད་ཀྱིས་བྱང་ཆུབ་ཀྱི་སེམས་


DTG018_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕབ་པ་ཡེ་ཤེས་ལྔའི་རང་བཞིན། སྐུའི་རང་བཞིན་སའི་ཆ་ནི་སྤྱན་དུ་སྣང༌། རྩ་འཁོར་ལོའི་ཆར་ཕྱེ་བ་ཐིག་སྐུད་རྣམ་སྣང་དུ་སྣང༌། ཁམས་ཉི་ཤུ་རྩ་བཞི་རྡུལ་ཚོན་སྣ་ཚོགས་དང་མཆོད་པ་སྣ་ཚོགས་སུ་སྣང༌། མགོ་པོ་པུལླཱི་ར་མཱ་ལའི་རླུང་ལྟེ་བའི་པདྨ་བརྒྱད་དུ་སྣང༌། སྤྱི་གཙུག་ཛཱ་ལནྡྷ་རའི་རླུང་ཐུགས་ཀྱི་འཁོར་ལོར་སྣང༌། རྣ་བ་གཡས་པ་ཨོ་ཌྱ་ན་གྱི་རླུང་གསུང་གི་འཁོར་ལོར་སྣང༌། རྟག་པ་ཨརྦུ་དའི་རླུང་སྐུའི་འཁོར་ལོར་སྣང༌། རྣ་བ་གཡོན་པ་གོ་དཱ་བ་རིའི་རླུང་ལོགས་བཞིར་སྣང༌། སྨིན་མཚམས་ཀྱི་མཛོད་སྤུའི་རླུང་ཤར་ལྷོ་མཚམས་སུ་སྣང༌། མིག་དེ་བཱི་ཀོ་ཊཱི་རླུང་བདེན་བྲལ་མཚམས་སུ་སྣང༌། ཕྲག་པ་མཱ་ལ་བེའི་རླུང་ནུབ་བྱང་གི་ཟུར་དུ་སྣང༌། མཆན་ཁུང་ཀཱ་མ་རཱུ་པའི་རླུང་དབང་ལྡན་གྱི་ཟུར་དུ་སྣང༌། ནུ་མ་ཨོ་ཊེའི་རླུང་ཤད་སྒོར་སྣང༌། ལྟེ་བ་ཏྲི་ཤ་ཀུ་ནེའི་རླུང་ལྷོ་སྒོར་སྣང༌། སྣ་རྩེ་ཀོ་ས་ལའི་རླུང་ནུབ་སྒོར་སྣང༌། ཁ་ཀ་ལིངྒའི་རླུང་བྱང་སྒོར་སྣང༌། མིད་པ་ལམྤ་ཀའི་རླུང་ཤར་གྱི་རྟ་བབས་སུ་སྣང༌། སྙིང་ག་ཀཱཉྩིའི་རླུང་ལྷོའི་རྟ་བབས་སུ་སྣང༌། རྒྱུ་ཞབས་ཀྱི་ཧི་མ་ལའི་རླུང་ནུབ་ཀྱི་རྟ་བབས་སུ་སྣང༌། གསང་བའི་གནས་པྲེ་ཏ་པུ་རིའི་རླུང་བྱང་གི་རྟ་བབས་སུ་སྣང༌། གྲྀ་ཧ་དེ་བ་ཏའི་རླུང་ལྷའི་སྣམ་བུར་སྣང༌། བརླ་སཽ་རཱཥྚའི་རླུང་རིན་ཆེན་ཕ་གུར་སྣང༌། བྱིན་པ་གསེར་གྱི་གླིང་རླུང་དུར་བ་དྲ་ཕེད་དུ་སྣང༌། སོར་མོ་ནཱ་ག་རའི་རླུང་རྡ་ཡབ་ལ་སོགས་པར་སྣང༌། རྐང་པོ་ལ་སིནྡྷཱུའི་རླུང་རྡོ་རྗེའི་ཐིག་ཟླུམ་པོར་སྣང༌། རྐང་པའི་མཐེབ་མོ་མ་རོའི་རླུང་སྒོ་ཁྱུད་བཞིར་སྣང་ངོ༌། །པུས་མོ་ཀུ་ལུ་ཏཱའི་རླུང་ཟུར་རྣམས་ཀྱི་རྡོ་རྗེ་རིན་པོ་ཆེར་སྣང༌། དེ་ལྟར་པདྨ་དཀར་པོ་ལྟ་བུའི་གང་ཟག་གཅིག་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་ནས་བདེ་བ་སྟོང་པ་ཉིད་སྐྱེས་པའི་སྣང་བའི་དཀྱིལ་འཁོར་གྱི་འཁོར་ལོར་སྣང༌། གསང་བ་སྣགས་སུ་བཤད་པའི་གསུང་གི་རྣམ་དག་གོ །གཏུམ་མོ་དྲོད་སྤར་ནས། བྱང་ཆུབ་སེམས་ནི་སུམ་ཅུ་གཉིས། །གང་ཚེ་འདིར་ནི་ཡོངས་གང་བ། །དེ་ཚེ་ལུས་ཀྱི་དཀྱིལ་འཁོར་ཡིན། །ཞེས་གསུངས་པས། ཨུཏྤལ་ལྟ་བུའི་གང་ཟག་ལུས་བྱང་ཆུབ་སེམས་ཀྱིས་གང་བའི་རྐང་བ་དང་ལག་པ་དོན་ཡོད་གྲུབ་པའི་སྣང་བ་དཀྱིལ་འཁོར་གྱི་ནང་ཁོང་སྟོང་ཀུན་དུ་སྣང་ངོ༌། །དཔྲལ་བའི་སྣང་བ་སྐུའི་འཁོར་ལོ། ལྐོག་མའི་སྣང་བ་གསུང་གི་


DTG018_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོ། །སྙིང་གའི་སྣང་བ་ཐུགས་ཀྱི་འཁོར་ལོ། ལྟེ་བའི་སྣང་བ་དབུས་ཀྱི་པདྨ་སྒོ་བཞི་དང་རྟ་བབས་དང་དུར་ཁྲོད་ལ་སོགས་པ་རྣམས་སུ་སྣང་ངོ༌། །ལུས་ཀྱི་ཚོར་བ་བདེ་བ་རྟོག་མེད་ཀྱི་སྣང་བ་སྐུའི་འཁོར་ལོ། །འདུ་ཤེས་བདེ་བ་རྟོག་མེད་གསུང་གི་འཁོར་ལོ། འདུ་བྱེད་བདེ་བ་རྟོག་མེད་ཐུགས་ཀྱི་འཁོར་ལོ། རྣམ་ཤེས་བདེ་བ་རྟོག་མེད་ནང་གི་པདྨ་འདབ་བརྒྱད་ཤིན་ཏུ་རྣམ་པར་དག་པས་ཡེ་ཤེས་རི་མོ་ལྔར་སྣང༌། ཁམས་ཀྱི་དཔའ་བོ་ཉི་ཤུ་རྩ་བཞིའི་སྣང་བ་པཉྩ་རཱ་ག་ཕྱོགས་བཞིའི་ཉི་ཤུ། ས་གཞིའི་ཁ་དོག་བཞི་དང་ཉི་ཤུ་རྩ་བཞིར་སྣང་ངོ༌། །ཉི་ཤུ་རྩ་བཞི་ནི་རྣལ་འབྱོར་མ་འཁོར་ལོའི་རྩིབས་ཉི་ཤུ་རྩ་བཞིར་སྣང་ངོ༌། །ལྟེ་བ་ཁུང་གི་ཐིག་ལེ་རྡོ་རྗེ་ཕག་མོར་སྣང་ངོ༌། །སྙིང་གའི་བྱང་ཆུབ་སེམས་ཀྱི་ས་བོན་ཁྲག་འཐུང་མཆོག་ཏུ་སྣང་ངོ༌། །སྙིང་གའི་རྩ་བཞིའི་རང་བཞིན་མཁའ་འགྲོ་མ་བཞིར་སྣང་ངོ༌། །དེ་ལྟར་ན་དམན་པ་དབྱིབས་སུ་བཤད་པ་རྩ་དང་ཁམས་ཀྱི་བདེ་བ་ལས་སྐྱེས་པའི་སྣང་བ་ཡིན་ཏེ། སེམས་ཅན་ལ་སྣང་བའི་དཀྱིལ་འཁོར་འབྲས་བུ་ཡིན་ལ། དེའི་རྒྱུ་གསང་སྔགས་རླུང་ལས་བདེ་བ་སྐྱེས་པའི་སྣང་བའམ། དམན་པ་དབྱིབས་རྩལ་བདེ་བ་སྐྱེས་པའི་སྣང་བ་བཤད་པ་ཡིན་ནོ། །མཐར་ཐུག་ཆོས་སུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རིན་པོ་ཆེ་ལྟ་བུའི་གང་ཞག་མཐར་ཐུགས་ཆོས་བསྒོམ་པ་ནི། དཔའ་བོ་དང་དཔའ་མོ་ལྟར་སྣང་བའོ། །ལྷ་དེ་ཡང་ཡིག་འབྲུའི་དཀྱིལ་འཁོར་དང༌། ཕྱག་མཚན་གྱི་དཀྱིལ་འཁོར་ལ་སོགས་པ་དྲུག་ཏུ་སྣང་སྟེ་གོ་སླའོ། །མཐར་ཐུག་ཆོས་སེམས་དང་སྦྱར་ན། དབུས་ཀྱི་པདྨ་ས་དང་པོ་རབ་ཏུ་དགའ་བའི་སྣང་བ་ནས། རྟ་བབས་ཆོས་ཀྱི་སྤྲིན་གྱི་སྣང་བ་ལས་དངོས་གྲུབ་རྒྱ་ཆེ་བ་ཐོབ་པར་འགྱུར་བ་ནི་གོ་སླའོ། །དེ་ལྟར་ན་རྣམ་དག་བཤད་ནས། དེ་ཁོ་ན་ཉིད་བཞི་བཤད་པའི་དང་པོ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་བྷ་གའི་དཀྱིལ་འཁོར་དང༌། གསང་བའི་དབང་བསྐུར་བའི་ལུས་ཀྱི་དཀྱིལ་འཁོར་དང༌། དབང་བཞི་པ་བསྐུར་བའི་རིན་ཆེན་སེམས་ཀྱི་སྟོང་ཉིད་གཉིས་མེད་ཁ་སྦྱར་གྱི་དཀྱིལ་འཁོར་དང་གསུམ་ཡིན་ནོ། །དང་པོ་དཀྱིལ་འཁོར་གྱི་དེ་ཉིད་བཤད་ནས། གཉིས་པ་བདག་གི་དེ་ཉིད་ནི་གཙོ་བོའི་ལྷའི་ཏིང་ངེ་འཛིན་ཡིན་


DTG018_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནོ། །གསུམ་པ་ལྷའི་དེ་ཉིད་ནི་འཁོར་གྱི་ཏིང་ངེ་འཛིན་ཡིན་ནོ། །སྔགས་ཀྱི་དེ་ཉིད་ནི་ཕྱག་རྒྱ་སྟང་སྟབས་སྔགས་ཟློས་པའོ། །དེ་ལྟར་ན་དེ་ཉིད་བཞི་ཡིན་ནོ། །དཀྱིལ་འཁོར་གྱི་མཇུག་བསྡུ་བ་ནི། སྒོ་བཞི་དང་མཚམས་བཞི་དང༌། རྟ་བབས་བཞི་ལ་སོགས་པའི་ཡུལ་གྱི་ཡན་ལག་ཀུན་ལས་འདས་པས་ཞེས་པ་རྟོག་བཅས་དང༌། རྟོག་མེད་སྤངས་པ་བརྗོད་ཕྱི་མོ་ཐིག་ལེ་ལས་འདས་པ་ནི་འདུས་མ་བྱས་ཀྱི་དཀྱིལ་འཁོར་དེ་མཆོག་ཡིན་ནོ། །དེ་ལ་ལུས་ཀྱི་དཀྱིལ་འཁོར་ནི་འདུས་བྱས་དང་འདུས་མ་བྱས། ལུས་ཀྱི་རྟོག་པ་ཆོས་དགེ་མི་དགེ་སྒྱུ་མ་ལྟ་བུར་རྣམ་པར་སྤྱོད་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་རྣམ་པར་དག་པ་ཁམས་ནམ་མཁའི་འཇའ་ཚོན་དང་མཚུངས་པ་ནི་བདག་བྱིན་གྱིས་རློབ་པའི་དཀྱིལ་འཁོར་རོ། །གཉིས་པ་དཀྱིལ་འཁོར་བྷ་ག་ནི་འཁོར་བའི་ཆགས་པ་དང༌། མྱ་ངན་ལས་འདས་པའི་ཆགས་མེད་དུ་མཉམ་པ་པདྨ་རཱ་གས་ཁ་བསྒྱུར་བའི་ཆུ་བཞིན་དུ་རང་གི་སེམས་ཀྱི་ཆོས་ཉིད་བདེ་བས་ཁ་བསྒྱུར་བ་བདེ་བ་སྟོང་ཉིད་ཀྱི་དཀྱིལ་འཁོར་གྱི་མཆོག་ཡིན་ནོ། །གསུམ་པ་ཆོས་ཀྱི་འཁོར་ལོ་ནི། འདོད་ཁམས་གནས་རིགས་ཉི་ཤུ་གཟུགས་ཁམས་གནས་རིགས་བཅུ་བདུན་གཟུགས་མེད་སྐྱེ་མཆེད་མུ་བཞི་ལས་འདས་པའི་དཀྱིལ་འཁོར་ཏེ། མིང་གསུམ་ནི་གོ་སླའོ། །ལེའུ་ལྔ་བཅུ་རྩ་གསུམ་པའི་འགྲེལ་པའོ།། །།

ལྔ་བཅུ་རྩ་བཞི་པ། ཆོས་ཀྱི་དབྱིངས་ཀྱི་གྲོང་ཁྱེར་སྒོམ་པའི་ལེའུའི་འགྲེལ་པ།


DTG018_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་ཐམས་ཅད་ལ་མཚན་མ་ཐོབ་ན་ཚོགས་ཀྱི་འཁོར་ལོ་ཇི་ལྟ་བུ་སྙམ་ན། དེ་ནས་གསང་བ་བཤད་བྱ་བ། །ཞེས་གསུངས་ཏེ། སེམས་ཅན་མཚན་མ་ཐོབ་པ་ཐམས་ཅད་ལ་ཕན་པའི་དངོས་གྲུབ་གསོལ་བ་ཨཱ་ལི་ཀཱ་ལི་མངོན་པར་བྱང་ཆུབ་པ་ལྔ་ལས་ཆོས་ཀྱི་དབྱིངས་ཀྱི་གྲོང་ཁྱེར་དང་བཅས་པ་ཅིག་ཅར་རྫུས་སྐྱེས་བྱེད་པའོ། །དེ་ལྟར་མདོར་བསྟན་བཤད་ནས་རྒྱས་པར་བཤད་པ་ནི། རྣལ་འབྱོར་ཕོ་མོ་འཚོགས་ནས་སྔོན་འགྲོ་ཚོགས་སོགས་པ་ལྔ་དང༌། འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་པདྨ་དང་བཅས་པ་བསྐྱེད་ལ། དེའི་ལྟེ་བའི་དབུས་སུ་མངོན་བར་བྱང་ཆུབ་པ་ལྔའི་རིམ་པས་གཞལ་ཡས་ཁང་དང་བཅས་པ་དུས་གཅིག་ལ་བསྐྱེད་ལ། དབུས་སུ་པདྨ་འདབ་མ་བརྒྱད་ལ་ཡེ་ཤེས་ཀྱི་འཁོར་ལོ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་ཀྱི་འཁོར་ལོ་བརྒྱད། གཙོ་བོ་ཞལ་


DTG018_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་ཕྱག་བརྒྱད་པ། ལྷ་མོ་ཡང་ཞལ་བཞི་ཕྱག་བརྒྱད་པ། ཡེ་ཤེས་ཀྱི་ལྷ་མོ་བཞི་དང༌། ཐུགས་ཀྱི་འཁོར་ལོ་བརྒྱད་སྔར་གང་ལ་མཚན་མ་ཐོབ་པའི་ལྷའི་སྐུ་མདོག་དང་ཕྱག་མཚན་དེ་བཞིན་དུ་བསྒོམ་མོ། ཐུགས་ཀྱི་འཁོར་ལོའི་ཕྱི་རྒྱབ་ཏུ་གསུང་གི་འཁོར་ལོ་ཤར་དང༌། བྱང་དུ་དམར་པོ་རྩིབས་བརྒྱད་ནུབ་དང༌། ལྷོ་རུ་དཀར་པོ་རྩིབས་བརྒྱད་པ། མཚམས་སུ་གཤིན་རྗེ་བརྟན་མ་ལ་སོགས་པ། སྒོར་ཁྭ་གདོང་མ་ལ་སོགས་པ་ཡེ་ཤེས་ཀྱི་ལྷ་ཡབ་ཡུམ་གདོང་རྒྱན་ཅན་ལྷ་མོ་བཅུ་གཉིས་ཐམས་ཅད་ཤར་སྔོ་བ། རམས་སམ་མཐིང་ཤུན་གྱིས་བྱུགས་པ། བྱང་ཐམས་ཅད་སྤངས་མས་བྱུགས་པ། ནུབ་མཚལ་གྱིས་བྱུགས་པ། ལྷོར་བ་བླས་བྱུགས་པ། ཕྱོགས་བཞིའི་ཁ་དོག་ཅན་དེ་བཞིན་དུ་ཐུགས་ཀུན་ལ་རམས་ཀྱིས་བྱུགས་པ་ནག་པོ། གསུང་མཚལ་གྱིས་བྱུགས་པ། སྐུ་རྡོ་ཐལ་གྱིས་བྱུགས་པ་ཇི་ལྟར་འདོད་པའི་ཁྱད་པར་རྡོ་རྗེ་སྙིང་པོས་བཤད་པའི་གནས་ཉི་ཤུ་རྩ་བཞིར་དཔའ་བོར་མོས་ན་རྣལ་འབྱོར་པ་ཉི་ཚེའི་བྱའོ། །ཁ་ཅིག་དཔའ་མོ་ལ་མོས་ན་རྣལ་འབྱོར་མ་ཉི་ཚེ་བྱ། སྔར་བཤད་པའི་ཁ་དོག་དང་དབྱིབས་དང་སྤྱོད་ལམ་སྣ་ཚོགས་པས་རིགས་ཇི་ལྟར་འདོད་པ་བསྒོམ། གཞན་ཡང་ཞལ་དང་ཕྱག་མཚན་ནི་སྔར་བཤད་པ་བཞིན་དུ་གནས་ཀྱི་རིམ་པས་དགོད་དོ། །དེ་ལ་ཡང་ཡེ་ཤེས་སེམས་དཔའ་གཞུག་པ། གོ་ཆ་བསྐོན་པ་དང༌། དབང་བསྐུར་བ་དང༌། སུམ་ཅུ་རྩ་བདུན་གྱི་རྣམ་དག་བསྒོམ་པ་དང་བཟླས་པ་བྱའོ། །ཨཱ་ལི་ཀཱ་ལི་ལས་བྱུང་བ་བསྒོམ་པ་དགའ་བ། རྣམ་པར་བསྒོམ་པ་མཆོག་དགའ། བསྒོམ་པ་ལྷན་ཅིག་སྐྱེས་དགའ། མཆོག་འོད་གསལ་བ་དགའ་བ་བཞི་བསྒོམ་པར་བྱའོ། །ཆོས་ཀྱི་དབྱིངས་ཀྱི་གྲོང་ཁྱེར་རྣམ་པར་དག་པ་འདི་ནི་རྡུལ་ཚོན་དང་ལུགས་སུ་བླུགས་པ་དང༌། འབུར་དུ་བརྐོས་པ་དང༌། རི་མོར་བྲིས་པ་མ་ཡིན་ཏེ། སྔར་བཤད་པའི་མཚན་ཉིད་དང་ལྡན་པའི་སེམས་ཅན་གྱི་ཁམས་རབ་ཏུ་བཅུག་ནས་གསང་བའི་ཚོགས་ཀྱི་འཁོར་ལོ་འདི་སུ་ལ་ཡང་མི་བསྟན་ཏོ། །ལེའུ་ལྔ་བཅུ་རྩ་བཞི་པའི་འགྲེལ་པའོ།། །།

ལྔ་བཅུ་རྩ་ལྔ་པ། གསང་བ་སྦྱོར་བབའི་སྒོམ་པའི་ལེའུའི་འགྲེལ་པ།


DTG018_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཞན་ཡང་ཤེས་རབ་ཀྱི་ཚོགས་འཁོར་བཤད་པར་བྱ་བ་ནི། བྷ་གའི་པདྨ་ཤེས་རབ་ལ་


DTG018_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོས་པ་བསྒོམ་པ་རྡོ་རྗེ་སྙིང་པོས་ཞུགས་པ་ལ་བཀའ་སྩལ་པ་ནི། ཤེས་རབ་ཀྱི་ཚོགས་ཀྱི་འཁོར་ལོ་ནི་ངེས་པར་གསང་བའོ། །རྣལ་འབྱོར་ཕོ་མོ་འཚོགས་ནས་སྔོན་འགྲོ་ལྔ་བསྒོམ། འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་པདྨ་འདབ་མ་གསུམ་པ་བསྐྱེད། དེའི་དབུས་སུ་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་རྡོ་རྗེ་ཕག་མོ་དང་ཧེ་རུ་ཀ་མའི་སློབ་དཔོན་ལྟེ་བ་ལ་བསྒོམ། གཞལ་ཡས་ཁང་དང་བཅས་པ་རྫུས་སྐྱེས་ཀྱི་འདབ་མ་གསུམ་ལ་ཡེ་ཤེས་ཀྱི་ལྷ་མོ་མཁའ་འགྲོ་མ་ལཱ་མ་དུམ་སྐྱེས་མ་གསུམ་བསྒོམ། བཅོམ་ལྡན་འདས་དང་ལྷ་མོ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་རྒྱུད་ན་གསལ། གྲུ་གསུམ་གྱི་པདྨའི་ཕྱི་རོལ་དུ་ཐུགས་ཀྱི་འཁོར་ལོའི་ལྷ་བརྒྱད་དགོད། དབུས་ཀྱི་པདྨའི་ལོགས་གསུམ་དུ་ཐོད་པ་གསུམ་དང་བུམ་པ་གསུམ་གཞག །དཀྱིལ་འཁོར་གྱི་ཟུར་གསུམ་གྱི་ཤར་གྱི་ཟུར་ལ་སྐུའི་འཁོར་ལོ་བརྒྱད། ནུབ་བྱང་གི་ཟུར་ལ་དམ་ཚིག་གི་འཁོར་ལོ་བརྒྱད། ལྷོ་ནུབ་མཚམས་སུ་གསུང་གི་འཁོར་ལོ་བརྒྱད། །བཅོམ་ལྡན་འདས་ཞལ་བཞི་ཕྱག་བཞི་པའི་སྐུ་མདོག་དང་ཕྱག་མཚན་ནི་རྒྱུད་ན་གསལ། ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་འཁོར་ལོ་དམ་ཚིག་གི་འཁོར་ལོ་རྣལ་འབྱོར་ཕོ་མོ་གང་མོས་པའི་སྐུ་མདོག་དང་ཕྱག་མཚན་ཅན་བསྒོམས་ཏེ། ཐམས་ཅད་རང་གི་ཅོད་པན་ཅན། །ཞེས་བྱ་བའི་བར་ནི་རྒྱུད་ཀྱིས་གསལ་ལོ། །དཔའ་བོ་དང་རྣལ་འབྱོར་མ་དེ་དག་མཁའ་འགྲོ་བླ་མའི་བརྒྱུད་པའི་རིམ་པས་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་དང༌། གོ་ཆད་དགོད་པ་དང༌། ཡེ་ཤེས་སེམས་དཔའ་གཞུག་པ་དང་སྐུ་གསུང་ཐུགས་ལྷའི་འཁོར་ལོ་སྤྲོ་བསྡུ་དང༌། རང་རང་གི་བཟླས་པ་ནི་རྣལ་འབྱོར་མ་ཡེ་ཤེས་བབས་པའི་ཞལ་བརྒྱད་པའི་རིམ་པ་ལ་མཉམ་པར་གཞག་ཅིང་རྟག་ཏུ་བསྒོམ་མོ། །འདི་སུ་ལ་ཡང་མི་བསྟན། སུའི་རྣ་བར་ཡང་མ་བརྗོད་ན་དཔའ་བོ་དང་གཉིས་སུ་མེད་པས་དངོས་གྲུབ་འཐོབ་པོ། །དམ་ཚིག་རྟག་ཏུ་བསྲུང་བྱ་ཞིང༌། །བཟའ་དང་བཅའ་བ་སྤྱད་པར་བྱ། །ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་ལ་བྱ་སྟེ། རང་གི་ལྷ་མོ་བགྲོད་མིན་གཞན་གྱི་ལྷ་མོ་ལ་དུས་བཞིར་གཏུམ་མོ་དྲོད་དང་བྱང་ཆུབ་སེམས་འཆར་ནུབ་བསྟེན་ན་སྔགས་འགྲུབ་པར་འགྱུར་རོ། །ལེའུ་ལྔ་བཅུ་རྩ་ལྔ་པའི་འགྲེལ་པའོ།། །།

ལྔ་བཅུ་རྩ་དྲུག་པ། གསང་བ་སྦྱོར་བའི་སྒོམ་པའི་ལེའུའི་འགྲེལ་པ།


DTG018_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱུའི་རྒྱུད་ཀྱི་གང་ཟག་གི་མཚན་ཉིད་ཅན། ཐབས་ཀྱི་རྒྱུད་བསྐྱེད་རྫོགས་གཉིས་ཏེ་འབྲས་བུའི་རྒྱུད་སྐུ་གསུམ་སྟོན་པས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། གསང་བ་ཆོས་སྐུ། མཆོག་ལོངས་སྐུ། ཡང་མཆོག་སྤྲུལ་སྐུ། དེའི་རིག་པ་ལྷ་དང་སྔགས་ཕྱག་རྒྱ་ཆེན་པོ་བཤད་པ་ནི་མདོར་བསྟན་ཏོ། །རྒྱས་བཤད་ནི། ལོག་པའི་ཤེས་པའི་ལྟ་བ་ལ། །ཅུང་ཟད་ངས་ནི་མ་བསྟན་གང༌། །ཞེས་པ་དོར་བྱའི་གང་ཞག་གོ །ཇི་ལྟར་བླ་མའི་རིམ་པ་བསྟན་པ། །ཞེས་ཚིགས་བཅད་ཕྱེད་དང་གཉིས་ནི་སྐྱེ་བ་སྔ་མ་བསམ་གཏན་དང་ཟག་མེད་ལས་སྐྱེས་པའི་སྐལ་ལྡན་བླང་བྱ་བའི་གང་ཞག་གོ །སྐུགས་ཤིང་གླེན་ལ་སྡིག་ངན་ཅན། །ཞེས་བྱ་བ་ཚིགས་བཅད་ཕྱེད་དང་གསུམ་ནི་སྐལ་མེད་དོར་བྱའི་གང་ཟག་བཤད་དོ། །སློབ་དཔོན་བདག་ཉིད་ཆེན་པོ་ཡིས། །ཞེས་བྱ་བ་ཚིགས་བཅད་གསུམ་ནི་སྔགས་སྐྱེས་ཀྱི་རྣལ་འབྱོར་ཕོ་མོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕབ་པས་མཐོང་བ་རེག་པ་ཐོས་པ་དྲན་པ་ལས་ཀྱང་སྡིག་པ་ལས་གྲོལ་བར་ཐེ་ཚོམ་མེད་དོ། །རྒྱུའི་རྒྱུད་བཤད་ནས། ཐམས་ཀྱི་རྒྱུད་བསྐྱེད་རིམ་ཐམས་ཅད་ཀྱི་ལྷ་བཟློག་སྟེ་བཀོད་པ་སྔགས་བཟློག་སྟེ་ཟློ་བ་ནི་གཡས་སྐོར་དང་གཡོན་སྐོར་གྱིས་མིང་བཟློག་པ་ཞེས་བརྟགས་ཏེ། བསྐྱེད་རིམ་འདི་ནི་རྒྱུད་སྡེ་བཞི་ཐུན་མོང་དུ་སེམས་ཅན་ཡོངས་སུ་མ་སྨིན་པ་ལས་དང་པོ་པ་ལ་དེ་བཞིན་གཤེགས་པས་དབུགས་དབྱུང་བ་གསུངས་པ། བསོད་ནམས་ཆུང་བའི་རྣལ་འབྱོར་པས་ཀྱང་ལྷ་མཉེས་པར་བྱས་པས་དངོས་གྲུབ་བསྐྱེད་པར་འགྱུར་རོ། །བསྐྱེད་རིམ་བཤད་ནས་ཟབ་པའི་རྫོགས་པའི་རིམ་པ་བདེ་བ་སྟོང་པ་ཉིད་བསྒོམ་པ་ལ་བསྲུང་མེད་བཟའ་མེད་ཅེས་བྱ་བ་ནས་མདོར་ན་སེམས་ནི་མཉམ་ཉིད་བྱ་བ་ནི་གོ་སླའོ། །བླ་མ་མཉེས་པ་ལ་བརྩོན་འགྲུས་ཡོད་ན་རྣམ་ཤེས་དགའ་བ་བཞི་དང་ཡེ་ཤེས་སྒྱུ་མ་འོད་གསལ་ཟུང་འཇུག་གོམས་པས་མངོན་གསུམ་གྱི་ལམ་ནི་ཚིག་ལུང་གིས་མ་ཡིན། བསྟན་བཅོས་རྗེས་དཔག་གིས་མ་ཡིན། རྣལ་འབྱོར་པའི་རྒྱུ་རྐྱེན་ཚོགས་པའི་ཐམས་ཀྱི་སེམས་བདེ་བ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་རིག་པ་བསྟན་པ་དང༌། དཔའ་བོ་རང་ཡིན་པར་བསྟན་པ་དང་བདེ་སྟོང་མངོན་སུམ་


DTG018_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་གྲུབ་ན། སྐད་ཅིག་གི་རྣལ་འབྱོར་ཕྱག་རྒྱ་ལྷ་ཀུན་དང་གནས་ཐམས་ཅད་སྔགས་ཀུན་སྐད་ཅིག་མ་གཅིག་གིས་རྟོགས་སོ། །དེ་ལྟར་རྫོགས་པའི་རིམ་པ་བསྟན་ནས་པུས་མོ་ས་ལ་གཙུག་ནས་སྒྲུབ་པ་པོ་ལག་ན་རྡོ་རྗེས་འབྲས་བུའི་རྒྱུད་ལ་གསོལ་བ་བཏབ་པ། མྱ་ངན་ལས་འདས་པ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྟོན་པ་གང་ནས་གང་དུ་གནས་པར་གྱུར་ནས་བརྟན་པ་དང༌། གཡོ་བ་སྤྲུལ་པའི་ཆོས་ཀྱི་རོལ་པ་བསྟན་དུ་གསོལ་ཞེས་པ་དང༌། ལན་དུ་ལེགས་པར་ཉོན་ལ་ཞེས་སྐབས་ཕྱེ་ནས་དོན་དམ་པར་ཆོས་ཀྱི་སྐུ་ལས་གཞན་ན་མེད། རྣམ་རྟོག་གི་གཟུང་འཛིན་གྱིས་བསམ་དུ་མེད། གཞན་དབང་གི་གཟུང་འཛིན་དང་བྲལ་བའི་སེམས་ཀྱི་རང་རིག་པའི་ཆོས་ཉིད་ལ་རྟག་ཏུ་ད་ལྟར་བྱུང་བ་བཞིན་དུ་བཞུགས་སོ། །དེ་ཡང༌། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་སྔར་བཤད་པའི་དོན་ནི་རྣལ་འབྱོར་བའི་དཀྱིལ་འཁོར་ལུས་ལ་བརྟེན་པའི་དབུས་ནས་གཏུམ་མོའི་དྲོད་སྤར་ནས། བྱང་ཆུབ་ཀྱི་སེམས་ཕབ་པས་རང་རིག་པའི་སྟོང་ཉིད་ལ་ངེས་པ་དྲངས་པ་ལ་ཐམས་ཅད་མཁྱེན་པ་ཞེས་བྱ། རྡོ་རྗེ་ཅན་དེ་ན་བཞུགས་པར་བྱེད་པ་འདུས་མ་བྱས་དང༌། ཆ་དང་བཅས་པ་འདུས་བྱས་སྤངས་པའི་ལུས་ནི་བཙུན་མོའི་བྷ་ག་ཞེས་བྱ་བས་ལུས་ཀུན་ལ་ཕུང་པོ་ལྔ་སངས་རྒྱས། དབང་པོ་དྲུག་སེམས་དཔའ། འབྱུང་བ་རྣམས་ལྷ་མོར་རོལ་པ་སྟེ། བདེ་བར་གཤེགས་པས་ཇི་སྲིད་གསུངས་པ་ཐམས་ཅད་ཀྱི་རྩ་བའི་རྒྱུད་སྒྱུ་འཕྲུལ་དྲ་བ་ལས། མདོར་ན་ཕུང་པོ་ལྔ་དག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཁམས་དང་སྐྱེ་མཆེད་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང༌། །ཞེས་བཀའ་སྩལ་ཏོ། །རང་རིག་པའི་སྟོང་ཉིད་རྟོགས་པ་ནི་ལུས་ལ་གནས་ཀྱང་ལུས་ལས་མ་སྐྱེས་པ་སྟེ། ལུས་ལས་དང་ཉོན་མོངས་པའི་སྣང་བས་མ་བསྐྱེད་པས་ན་འདས་ཞེས་བྱའོ། །དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་བའི་ཟག་པ་མེད་པའི་ས་བོན་བྱང་ཆུབ་ཀྱི་སྙིང་པོ་ནི་གློ་བུར་གྱི་དྲི་མས་གོས་པ་མེད་དོ། །འོ་ན་མྱ་ངན་ལས་འདས་པ་དང་འཁོར་བ་


DTG018_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟར་སྣང་ཞེ་ན། མེས་དུ་བ་ལ་ཕན་འདོགས་པ་བཞིན་དུ་རང་རིག་པ་དོན་དང་སེམས་ཅན་དུ་སྣང་བས། ལུས་ཀུན་ལ་ནི་རྣམ་པར་གྲོལ། །ཞེས་བྱའོ། །དུ་བས་མེ་ལ་ཕན་མི་འདོགས་པ་བཞིན་དུ་དགེ་མི་དགེ་ཟག་བཅས་ཀྱི་ལུས་ལས་སྐྱེས་པ་ནི་ཆོས་སྐུ་དང་ལོངས་སྐུ་བཤད་ནས། སྤྲུལ་པའི་སྐུ་ནི་སྣང་བར་འཆད་པ་ནི། ལ་ལར་གཟུགས་ཅན་དག་ཏུ་བཤད། །ཅེས་བྱ་བ་ནས། གང་ཞིག་ཐམས་ཅད་བདག་ཉིད་བཞུགས། །ཞེས་བྱ་བའི་བར་གྱིས་ཟག་པ་མེད་པའི་ས་བོན་རང་རིག་པ། གཉིས་མེད་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་བདག་ཉིད་ལ་བཞུགས་པ་དེ་ནི་སྤྲུལ་པའི་སྐུའི་མཚན་ཉིད་ལག་ན་རྡོ་རྗེ་ཁྱོད་ལ་བསྟན་པ་ཡིན་ནོ། །གསང་བ་མཆོག་གི་དགྱེས་པ་ནི་སྤྲུལ་པའི་སྐུ་ཐམས་ཅད་ཀྱི་བདག་ཉིད་བཞུགས་པ་ནི་བཤད་ཟིན་ཏོ། །ཆོས་ཀྱི་སྐུའི་གསང་བ་མཆོག་གི་དགྱེས་པ་ནི། ལྷ་གང་གི་ཆ་ཤས་སྤངས་པ་སྒྱུ་མ་སྣ་ཚོགས་པའི་འདི་སྣང་ཡང་རྟག་ཏུ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བྷ་ག་ཆོས་ཉིད་ལ་བཞུགས་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུའི་གསང་བ་མཆོག་གི་དགྱེས་པ་ན། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་པ་ནི་ལྟེ་བའི་དབུས་ནས་པདྨ་འདབ་མ་བཅུ་དྲུག་པ་ལ་ཡི་གེ་དབུགས་འབྱུང་རྔུབ་ཀྱིས་དབུགས་བཀག་ནས་རྩ་དང་གནས་པའི་རླུང་སྦྱར་ནས་དེའི་དབུས་ན་སེམས་ཀྱི་སྟོང་པ་ཉིད་སྤྲུལ་པའི་སྐུ་འབྱིན་ཞེས་པ་དང༌། སྡུད་པར་བྱེད་པ་ཉིད་དོན་དམ་པའི་དེ་ཁོ་ན་ཉིད་འདུས་མ་བྱས་ཀྱི་ཡེ་ཤེས་རང་བྱུང་བས་འདུས་བྱས་ཀུན་ལ་ཁྱབ་པས་ཆོས་སྐུའོ། །དེ་ནི་སངས་རྒྱས་དངོས་ཞེས་སྤྲུལ་པའི་སྐུར་མཚན་བརྟགས་པ་དང༌། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་ཀྱང་མཚན་བརྟགས་པས་ཐམས་ཅད་མཁྱེན་པ་འདུས་བྱས་ཀྱང་ཀུན་དུ་འགྲོ་ཞིང་འདུས་བྱས་ཀྱི་མི་ཤིགས་པས་རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་རྒྱུད་ཀྱི་གླེང་གཞིའི་འགྲེལ་པ་རྣལ་འབྱོར་པའི་རྒྱུད་ལ་ཡོད་པའི་མདོ་སྡེ་འདུལ་བ་མངོན་པའི་སྐུ་གསུམ་དང་མི་མཐུན་པ་རྗེས་སུ་མཐུན་པའི་སྐུ་གསུམ་འབྲས་བུའི་རྒྱུད་བཤད་དོ། །རྫོགས་རིམ་ཐོབ་པའི་རྟགས་བཤད་པ་ནི། སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆའི་ཚད་ཙམ་ནི་ཨ་ཝ་དྷཱུ་ཏཱི་ཡིན་ནོ། །ཕྲ་བའི་རྡུལ་ནི་བྱང་ཆུབ་ཀྱི་སེམས་ཟླ་བའི་རྒྱུན་འཛག་པ་ཡིན་ནོ། །སྟོང་པ་ཉིད་ཡང་མ་ཡིན་ཞེས་པ་ནི་རང་རིག་པས་


DTG018_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མྱོང་བའོ། །དམིགས་སུ་མེད་ཅེས་པ་ནི་རྟོག་པ་དང་བྲལ་བའོ། །དེ་ནི་དགའ་བ་སྟེ་དབང་པོ་དྲུག་བདེ་བའོ། །ཡི་གེ་མེད་པ་ནི་བརྗོད་བྱ་རྗོད་བྱེད་དང་བྲལ་བའོ། །སྟོང་པ་མ་ཡིན་ཞེས་པ་ནི་ཡུལ་དྲུག་བདེ་བའོ། །རྡུལ་མེད་ཅེས་པ་ནི་ཚོགས་དྲུག་གིས་འཛིན་པ་མེད་པའོ། །སྲོག་མེད་པ་ནི་རླུང་དབུས་མ་ལ་བརྟེན་པའི་རང་རིག་པར་མངོན་པར་མི་ཞེན་པ་ལྷན་ཅིག་སྐྱེས་དགའོ། །གཟུགས་པ་མེད་ཅེས་བྱ་བ་ནི་མཚན་གཞི་ལྔ་དང་བྲལ་བའོ། །མཚན་མ་མེད་ཅེས་པ་མཚན་ཉིད་གསུམ་འགགས་པ་སྟེ་རྣམ་པར་ཐམས་ཅད་ཀྱི་འོད་གསལ་བའོ། །རྣམ་པར་ཤེས་པའི་དངོས་པོ་ནི་དགའ་བ་གསུམ་དེའི་ཡེ་ཤེས་ནི་སྒྱུ་མ་འོད་གསལ་ཟུང་འཇུག་གོ །ཡེ་ཤེས་སྐྱེ་བའི་རྟགས་ནི། སྒྲོན་མ་ལྟ་བུ་དང་པོ་དང༌། མཁའ་སྣང་ལྟ་བུ་གཉིས་པ་དང༌། དཀར་པོའི་འོད་ཟེར་འཕྲོ་བ་གསུམ་པ་དང༌། འདོད་པའི་ལྷའི་ལོངས་སྤྱོད་སྣང་བ་བཞིན་པ་དང༌། གཟུགས་ཀྱི་ལྷའི་བདེ་བར་སྣང་བ་ལྔ་པ་དང༌། གཟུགས་མེད་ཀྱི་ཡེ་ཤེས་བདུན་པ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བརྒྱད་པ་དང༌། རྒྱུད་སྡེ་བཞི་ལྷ་དགུ་སྟེ་འདུས་མ་བྱས་ཀྱི་ཡེ་ཤེས་ཀྱི་རྟགས་དགུ་སྐྱེས་ནས་ས་བཅུའི་དབང་ཕྱུག་ཐོབ་པས་ཁམས་གསུམ་པའི་ཡེ་ཤེས་པ་གཞན་དག་སྙིང་པོ་མེད་པ་རྩྭ་དང་མཚུངས་སོ། །དེ་ལྟར་རྒྱུའི་རྒྱུད་སྐལ་ལྡན་དང་སྐལ་མེད་གཉིས་དང༌། ཐབས་ཀྱི་རྒྱུད་བསྐྱེད་རྫོགས་གཉིས་དང་འབྲས་བུའི་རྒྱུད་སྐུ་གསུམ་དང༌། ཕྱིར་མི་ལྡོག་པའི་རྟགས་དྲུག་བསྟན་ནས། ལས་དང་པོ་པས་རྫོགས་པའི་རིམ་པ་ཇི་ལྟར་བསྒོམ་པ་དང༌། བསྐྱེད་པའི་རིམ་པ་ཇི་ལྟར་བསྒོམ་པ་བཤད་པ་ནི། དེ་ཁོ་ན་ཉིད་དོན་དམ་པའི་བདེན་པ་ཤེས་པ་ནི་རྒྱུ་རྐྱེན་ཚོགས་པ་ལས་ཏེ། སྲོག་ཆགས་རྣམས་ཀྱི་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པ་ཨ་ན་ཧ་མི་འགྱུར་བ་ཞེས་བྱ་བ་ཁྱབ་བྱེད་ཀྱི་རླུང་དེ་མཚུངས་པ་དེ་མ་ཐགས་པའི་རྐྱེན་ཡིན་པས་སེམས་ཀྱི་འདུས་མ་བྱས་ཤེས་པ་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་དཔལ་ཧེ་རུ་ཀར་བཤད་དོ། །ཕྱིར་རྒྱུ་བ་སྐྱེས་པ་དང༌། ནང་དུ་འཇུག་པ་བུད་མེད་དང༌། གནས་པ་བུམ་པའི་རླུང་ལ་མ་ནིང་ཞེས་གྲགས་པའོ། །དེ་ལ་སོགས་པ་ཞེས་པ་ནི་དབུགས་ཉིད་ཁྲི་ཆིག་སྟོང་དྲུག་བརྒྱད་བཀག་པའི་རླུང་དབུས་མ་ཕྲ་བའི་སྙིང་པོ་འཛིན་པའི་ཡེ་


DTG018_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་སྐྱེ་བ་དེ་ལ་བརྟེན་ནས་ས་བཅུ་དང༌། བསྟན་བཅོས་མངོན་ཤེས་དྲུག་དང་རྒྱུད་སྡེ་བཞི་རིག་བྱེད་ཀྱི་དངོས་གྲུབ་དང༌། གང་ཇི་སྙེད་གནས་པ་རྣམས་སྲོག་ཨ་ཝ་དྷཱུ་ཏཱི་ར་ཆུད་པ་འདི་ལས་བྱུང་ངོ༌། །ཚེ་འདི་དང་ཕྱི་མར་ཡང་རྒྱུ་རྐྱེན་ཚོགས་པ་མེད་ན་དངོས་གྲུབ་མི་ཐོབ་པས་རྒྱུད་སྡེ་བཞི་རིག་བྱེད་གྲུབ་མཐའ་ལ་ཡེ་ཤེས་སྐྱེ་བའི་སྙིང་པོ་གཅིག་པུ་ཁོ་ནས་བཤད་དོ། །ཡུལ་དམིགས་པའི་རྐྱེན་འདུས་མ་བྱས་ཚོགས་མ་བསགས་སྒྲིབ་པ་མ་སྤངས་ཀྱང་སྒྱུ་མའི་དཔེ་བརྒྱད་ལས་མཐོང་བས་རྙེད་སླ། གཞོན་ནུ་མའི་ལུས་དང་ཡིད་བདེ་བ་བསམ་གཏན་གྱི་ཆ་དབང་པོ་བདག་པོའི་རྐྱེན་ཡང་རྙེད་སླ། བག་ཆགས་རྒྱུའི་རྐྱེན་ཟག་པ་མེད་པའི་ས་བོན་བྱང་ཆུབ་ཀྱི་སྙིང་པོ་ཡང་རྒྱུ་ཡིན་པས་རྙེད་སླའོ། །རྐྱེན་གསུམ་པོ་རྙེད་པར་སླ་ཡང༌། ཡིད་ནང་དུ་ཆུད་པ་རླུང་འགགས་པའི་འདོད་པའི་ཁམས་ཀྱི་སེམས་ཅན་མེད་པ་ནི་རྙེད་པར་དཀའ་བས་མན་ངག་གི་གཙོ་བོ་འདི་ཡིན་ནོ། །དེའི་ཕྱིར། ངོ་བོ་ཉིད་ཀྱི་མཐུ་དག་གིས། །རང་བཞིན་གྱིས་ནི་དེ་འགྲུབ་བོ། །ཞེས་རྫོགས་པའི་རིམ་པ་བཤད་ནས། བསྐྱེད་པའི་རིམ་པ་ཐམས་ཅད་ཀྱི་མདོར་བསྡུས་པའི་ཡན་ལག་བཤད་པ་ནི། འདུག་པའམ་གནས་པ་ནི་སྔོན་འགྲོ་ལྔའོ། །ལྡང་བ་ནི་འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེ་པདྨ་དང་བདུན་ནོ། །འཇུག་པ་ནི་ཉི་ཟླ་ཁ་སྦྱོར་དུ་སེམས་འཇུག་པའོ། །རྫོགས་པ་ནི་སྤྲུལ་པ་དང་ལུས་དང་སེམས་ཀྱི་འཁོར་ལོ། བྱིན་རླབས་ནི་གོ་ཆ་དང་ཡེ་ཤེས་སེམས་དཔའ་འཇུག་པ་གཉིས་སོ། །དབང་བསྐུར་བ་ནི་མཆོད་པ་དང་བསྟོད་ནས་དབང་བསྐུར་བའོ། །ཏིང་ངེ་འཛིན་ནི་བསྒོམ་བཟླས་སོ། །མཆོད་པ་ནི་བདུད་རྩི་མྱང་བ་དང་རྐང་པ་བརྒྱད་པ་དང་གཏོར་མ་གཏོང་བའོ། །ཉེ་བར་བསྡུ་བ་ནི་དཀྱིལ་འཁོར་ལུས་ལ་གཞུག་པའོ། །སྤྱིར་དེ་ལྟར་ཡིན་པ་ལས་སྐབས་འདིར་ཆོ་གའི་མིང་ནི་གཞན་དག་ཐབས་ཤེས་རབ་ཀྱི་སྤྲོ་བསྡུ་ཞེས་བྱ་སྟེ། དབྱངས་ཡིག་བཅུ་དྲུག་ནི་ཤེས་རབ་བོ། །གསལ་བྱེད་སུམ་ཅུ་རྩ་བཞི་ནི་ཐབས་སོ། །དེ་གཉིས་ཉི་ཟླ་ཁ་སྦྱོར་གྱི་ལྷ་མོ་ལས་ལྷ་ཐམས་ཅད་བསྐྱེད་པར་འགྱུར་བའོ། །དོན་དམ་པ་དང་ཀུན་རྫོབ་སྟོན་པའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་ཡི་གེ་ཕྱི་མོ་རྣམས་ལས་སྐྱེས། སྔགས་ཀྱི་སྤྱོད་པ་ཕྲིན་ལས་རྣམ་བཞི་ཐམས་ཅད་ཀྱི་རྒྱུད་ཤེས་རབ་དང་ཐབས་ཨཱ་ལི་ཀཱ་ལི་ལས་འགྲོ་ཞིང་སྐྱེའོ། །ཐོག་


DTG018_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མའི་དབྱངས་དང་གསལ་བྱེད་ནི་ཞི་བ་དང་རྒྱས་པ་དགེ་བའི་ལྷའམ། དབང་དང་མངོན་སྤྱོད་མི་དགེ་བའི་ལྷའི་ལུས་ཀྱི་དཀྱིལ་འཁོར་རྒྱན་ནམ་སྐ་རགས་ལྟ་བུ་ཨཱ་ལི་ཀཱ་ལི་ལས་བྱུང་ངོ༌། །དེ་ལྟར་ལས་དང་པོ་པའི་བསྐྱེད་པའི་རིམ་པ་རྫུས་སྐྱེས་ཀྱི་སྒྲུབ་པའི་ཐབས་སོ། །རྫོགས་རིམ་གྱི་དབང་དུ་བྱས་ནས་ཨཱ་ལི་ཀཱ་ལི་ཁྲག་དང་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་སོགས་ཏེ་ལྟེ་བའི་ཁྲག་གི་ཐིག་ལེ་གཙུབ་གཏན། དབུས་མ་རྩ་ཨ་ཝ་དྷཱུ་ཏཱི་སྲུབ་ཤིང༌། གཡས་གཡོན་གྱི་རླུང་སྲུབ་ཐག །བསྲུབས་པ་ལས་ཁྲག་གི་ཐིག་ལེ་ལས་བྱུང་ནས་སྙིང་གའི་ཨཱ་ལི་ཀཱ་ལི་བྱང་ཆུབ་ཀྱི་སེམས་བཞུས་པས་གཞོན་ནུ་མའི་བདེ་བ་ལྟ་བུ་ངལ་སོ། །བདེ་བ་སྐྱེས་པ་ལ་སེམས་ཀྱི་ཆོས་ཉིད་བསམ་གཉིས་མི་ཁྱབ་པ་འདུས་མ་བྱས་ཀྱི་སེམས་མྱོང་བར་མི་རྟག །སེམས་དེ་ཉིད་དོན་དམ་པར་བསམས་ན་འཛིན་པ་རྡོ་རྗེ་འཆང་ཐོབ་པར་འགྱུར་རོ། །འདི་ནི་ནང་གི་ཨཱ་ལི་ཀཱ་ལི་དོན་རང་གི་མཚན་ཉིད་དེ་རྒྱུད་སྡེ་བཞི་གསང་བ་ལག་ན་རྡོ་རྗེ་ཁྱོད་ལ་བཤད་པ་ཡིན་ནོ། །བསོད་ནམས་ཀྱི་ཚོགས་ལྷའི་འཁོར་ལོ་དང༌། ཡེ་ཤེས་ཀྱི་ཚོགས་འདུས་མ་བྱས་རྟོགས་པ་གཉིས་ཀའི་རྒྱུད་བུམ་པ་སོ་བཏང་བ་ལྟ་བུ་མི་འཇིགས་པ་ཐིག་ལེ་བསྒོམ་པ་འདི་འབར་བས་སྤར་བར་བྱའོ། །བསྐྱེད་རིམ་གྱི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱང་འདིས་འཐོབ། ངེས་བརྗོད་བླ་མའི་རྒྱུད་ཀྱི་མངོན་སུམ་གྱི་མན་ངག་འདི་སྣོད་མིན་ལ་མི་བཤད། བཤད་ན་ཚེ་འདིར་སྡུག་བསྔལ། ཚེ་ཕྱི་མར་མྱ་ངན་ལས་འདས་པའི་འབྲས་བུ་མི་འཐོབ་བོ། །བུམ་པ་རློན་པ་ལྟ་བུ་ནི་བསྐྱེད་རིམ་ལྷའི་འཁོར་ལོ་ཡུན་རིང་པོར་བསྒོམས་ཀྱང་རྣམ་རྟོག་གི་སྣང་བས་འཇིག་པ་དང༌། ཡེ་ཤེས་ཀྱི་ཚོགས་དབུ་མ་ལྟ་བུ་རྗེས་དཔག་གི་སྟོང་པ་ཉིད་བསྒོམ་པ་ཡང་བསྐལ་པ་གྲངས་མེད་གཅིག་གིས་ས་དང་པོ་ཐོབ་པས་རྣམ་རྟོག་ཡུན་རིང་བས་རྫོགས་པར་འགྱུར་ལ། སྲོག་ཨ་ཝ་དྷཱུ་ཏཱི་ར་ཆུད་ནས་བདེ་བ་སྟོང་ཉིད་བསྒོམ་པ་ནི་འདུས་མ་བྱས་མངོན་སུམ་གྱིས་མཐོང་བའི་ལམ་བུམ་པ་སོ་བཏང་བ་ལྟ་བུ་ཕྱིར་མི་ལྡོག་པའི་ལམ་མི་འཇིག་པ་ཡིན་ནོ། །དཔེར་ན་བུད་མེད་དང་བྱིས་པ་ཚོགས་ནས་ཕན་ཚུན་ཀུན་དུ་སྨྲ། རྗེས་སུ་ཡི་རང་པས་བསྟེན་ཡང་དོན་མེད་པ་དེ་བཞིན་དུ་བསྐྱེད་རིམ་དང་རྗེས་དཔག་གིས་ལམ་དགེ་བ་ཟག་བཅས་


DTG018_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟག་མེད་མ་བཤད་པས་འཆིང་བར་འགྱུར་བ་ཡིན་ནོ། །མིའི་ལུས་པོ་འཇིམ་བ་ལྟ་བུ་བསྐྱེད་རིམ་གྱིས་བུམ་བ་ལྟ་བུར་བཅོས། རྗེས་དཔག་གིས་དོན་དམ་པའི་ལྷར་བཅོས་ཀྱང་རུང༌། དགེ་བ་ཟག་བཅས་བུམ་པ་རློན་པ་དང་འདྲ། སྲོག་ཨ་ཝ་དྷཱུ་ཏཱི་ར་ཆུད་ནས་བདེ་བ་སྟོང་པ་མངོན་སུམ་གྱིས་གྲུབ་པའི་ཚེ་རྣལ་འབྱོར་ལུས་བརྟན་པ་གཟུགས་དང༌། གཡོ་བ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་ཀུན་དཔལ་ཧེ་རུ་ཀའི་སྐུའི་ཡན་ལག་བཅུ་གནས་བཅུར་མཁའ་འགྲོ་མའི་བརྡ་མིང་བཏགས་པ། མཐོ་རིས་ཐུགས་དང་ས་སྟེང་གསུང་དང་ས་འོག་སྐུའི་དཔའ་བོའི་ཡན་ལག་བརྟན་གཡོ་ཐམས་ཅད་ཧེ་རུ་ཀའི་ཕྱག་དང་ཞབས་དང་མིག་སྤྱན་དུ་འགྱུར། མགོ་བོ་དབུར་འགྱུར། བྱང་ཞལ་དུ་འགྱུར། རྣ་བ་སྙན་དུ་འགྱུར། འཇིག་རྟེན་ན་ཡོད་པ་ཐམས་ཅད་གཡོགས་པ་བཞིན་དུ་མངོན་སུམ་དུ་གྲུབ་ནས་བརྗོད་བྱར་བཞུགས་སོ། །ཨཱ་ལི་ཀཱ་ལི་བུམ་པ་སོ་བཏང་བ་ལྟ་བུའི་ཐིག་ལེའི་འཁོར་ལོ་བདེ་མཆོག་བསྟན་པ་ཡིན་ནོ། །ད་ནི་མངལ་སྐྱེས་ཀྱི་འབྲས་བུ་དང་བཅས་པ་བཤད་པ་ནི། དེ་ནས་དངོས་གྲུབ་བསྒྲུབ་བྱ་བ། །ཞེས་བྱ་བ་གསུངས་ཏེ། མངལ་སྐྱེས་ཀྱི་བསམ་གཏན་གྱི་སེམས་དོན་བཅུ་བཞིས་ས་བཅས་པ་སྒྲུབ་པ་པོ་ལ་ཕན་པའི་ཕྱིར་གསུངས་སོ། །དེ་ནས་གཞན་ཡང་མདོ་སྡེ་དང་རྒྱུད་དག་ཏུ་སྦས་པའི་དཔའ་བོ་དང་རྣལ་འབྱོར་མའི་བརྡ་ནི་དང་པོའོ། །གོས་སྟོད་གཡོགས་དང་སྨད་གཡོགས་དང་ཕྱག་མཚན་ལྔ་ཅོད་པན་དང་རྒྱན་ལ་སོགས་པ་ནི་ལུས་ཀྱི་ཀུན་དུ་སྤྱོད་པ་གཉིས་པའོ། །ཤེས་རབ་མདུན་དུ་གཞག་པ་ནི་གསུམ་མོ། །ཕུར་བུ་དང་དྲ་བ་ལ་སོགས་པ་ནི་སྲུང་བའི་འཁོར་བཞི་པའོ། །ཨཱ་ལི་ཀཱ་ལི་བརྗོད་པ་བསོད་ནམས་ཀྱི་ཚོགས་སོགས་པ་ལྔ་པའོ། །རྣམ་ཐར་སྒོ་གསུམ་གྱི་རྒྱུད་ལ་སོགས་པ་སྟོང་པ་ཡེ་ཤེས་ཀྱི་ཚོགས་ནི་དྲུག་པའོ། །ཉི་ཟླ་ཁ་སྦྱོར་དུ་སེམས་འཇུག་པའི་ཡིག་འབྲུ་དང་ཕྱག་མཚན་ལ་སོགས་པས་ལྷར་བསྐྱེད་པ་ནི་བདུན་པའོ། །རྒྱུའི་ཧེ་རུ་ཀ་གསུངས་པ་ནི་བརྒྱད་པའོ། །གླུའི་སྦྱོར་བ་དང་ལྡན་པ་ནི་དགུ་པའོ། །བདུད་རྩི་ཚིམ་བྱེད་མྱང་བ་དང་ཡེ་ཤེས་སེམས་དཔའ་བཅུ་པའོ། །ལག་པའི་མཆོད་པས་གོ་ཆ་བསྐོན་པ་ནི་བཅུ་གཅིག་པའོ། །དབང་བསྐུར་བ་ནི་བཅུ་གཉིས་པའོ། །གོ་ཆ་ཆེན་པོ་ལུས་ཀྱི་དཀྱིལ་འཁོར་དང་སེམས་ཀྱི་དཀྱིལ་


DTG018_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་བསྒོམ་པ་ནི་བཅུ་གསུམ་པའོ། །སྔགས་ཀྱི་མཆོད་བསྟོད་གཏོར་མ་གཏང་བ་ནི་བཅུ་བཞི་པའོ། །མི་མཆོག་གང་ཞིག་ཀུན་སྤྱོད་པ། །ཞེས་བྱ་བ་ཚིགས་བཅད་ཕྱེད་དང་གཉིས་ནི་སྨོན་ལམ་དང་ཡོན་ནོ། །འབྲས་བུ་ནི་ཟླ་བ་ཉལ་མཚན་མ་ཐོབ་ནས་དངོས་གྲུབ་བླངས་ནས་ཟག་མེད་ཀྱི་ཡེ་ཤེས་དང་ལྡན་པས་མཐོ་རིས་ཀྱི་ལོངས་སྤྱོད་ལྷའི་འཁོར་ལོས་སྒྱུར་བ་དངོས་གྲུབ་འབྲིང༌། མིའི་འཁོར་ལོས་སྒྱུར་བ་དངོས་གྲུབ་ཐ་མ། རྣལ་འབྱོར་པ་འཕོ་བའི་ཚེ་མཁའ་སྤྱོད་ཀྱི་གནས་བདེ་བ་ཅན་ནམ། མངོན་བར་དགའ་བར་ཁྲིད་ནས་སྐྱེས་པ་ནི་དངོས་གྲུབ་རབ་བོ། །ལེའུ་ལྔ་བཅུ་རྩ་དྲུག་གི་འགྲེལ་པའོ།། །།

ལྔ་བཅུ་རྩ་བདུན་པ། རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བའི་རྡོ་རྒྱུས་ཀྱི་ཆོ་གའི་ལེའུའི་འགྲེལ་པ།


DTG018_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་ཐམས་ཅད་ཀྱི་སྔགས་བཏུ་བ། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་སྨོས་ཏེ་རྒྱུད་འདིར་བཏུ་བའི་ཐབས་ཀྱང་བཞི། འབྲས་བུ་བཅུ་གཅིག་ཡིན་ནོ། །དེ་ལ་རྩ་བའི་རྒྱུད་ལས་ཨེ་གྲུ་གསུམ་གྱི་དབུས་སུ་པདྨ་འདབ་མ་བརྒྱད་ལ་སྡེ་ཚན་བརྒྱད་བཀོད་པ་ནི་བཏུ་བའི་གནས་དང་པོའོ། །རྡོ་རྗེ་མཁའ་འགྲོ་ལས་གཞལ་ཡས་ཁང་གི་དབུས་སུ་རེའུ་མིག་བཞི་བཅུ་རྩ་དགུ་གྲིས་པ་ནི་བཏུ་བའི་གནས་གཉིས་པའོ། །རྩ་བའི་རྒྱུད་ལེའུ་སུམ་ཅུ་རྩ་གཅིག་པ་ནས་རྫ་རྔའི་དབྱིབས་ཀྱི་ནང་དུ་རེའུ་མིག་བཞི་བཅུ་རྩ་དགུ་བྱས་ནས་བཏུ་བའི་གནས་གསུམ་པའོ། །མཉམ་སྦྱོར་གྱི་རྒྱུད་ཕྱི་མ་ལས་པདྨ་འདབ་མ་བརྒྱད་དང་མཚམས་བཞི་དང་བཅས་པ་ལས་བྱུང་བ་ནི་བཞི་པའོ། །བཏུ་བའི་ཐབས་ནི་བཞི་སྟེ་དབྱངས་དང་གསལ་བྱེད་ཀྱིས་བཏུ་བ་དང༌། མིང་གིས་བཏུ་བ་དང༌། ལྷའི་འཁྲུལ་འཁོར་གྱིས་བཏུ་བ་དང༌། ཕྱེད་བཏུས་པ་སྟེ་བཞིའོ། །འབྲས་བུ་ནི་བཅུ་གཅིག་སྟེ་ཡབ་ཡུམ་གྱི་སྙིང་པོ་བཞི་དང༌། དཔའ་བོ་དང་དཔའ་མོའི་སྔགས་གཉིས་དང་གོ་ཆ་གཉིས་དང་རྐང་པ་བརྒྱད་པའི་སྔགས་གཉིས་དང༌། གནོད་མཛེས་ཀྱི་སྔགས་དང་བཅུ་གཅིག་གོ །འདིར་སྔགས་བཏུ་བ་ནི་དབེན་པའི་གནས་སུ་བདུད་རྩི་ལྔས་བྱུགས་ལ། བདག་ཉིད་ཧེ་རུ་ཀར་བསྐྱེད་ནས་དམངས་རིགས་ཀྱི་ཁྲག་གིས་ཐིག་ལེ་དང་མེ་ཏོག་དགོད་པ་དང་བདུག་པ་དང་མར་མེ་དང་ཅང་ཏེའུ་དང་གླུ་གར་གྱིས་མཆོད་ནས་ཕྱག་རྒྱ་དྲུག་དང་ལྡན་པའི་ལུས་ཀྱིས་སྲུང་བའི་འཁོར་ལོ་བྱས་ཏེ། ཨེ་གྲུ་གསུམ་གྱི་དབུས་སུ། ཨཱ་ལི་ཀཱ་ལི་སྡེ་ཚན་བརྒྱད་བསྡེབས་


DTG018_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་བཞི་བཞི་བརྒྱད་དུ་བྱས་ནས་དང་པོར་རྩ་བའི་སྔགས་ཀྱི་གསལ་བྱེད་བཏུ་བ་ནི་གོ་སླའོ། །རྐང་པ་བརྒྱད་པ་དང༌། ཀ་ར་ཀ་ར་ལ་སོགས་པ་རྩ་བའི་སྔགས་བཏུ་བ་ཡིན་ནོ། །དེའི་ཕན་ཡོན་ནི་རིག་པ་རྒྱལ་བའི་གསང་སྔགས་ཏེ་བྱ་བ་དངོས་གྲུབ་ཐམས་ཅད་སྒྲུབ་པ་ཟག་བཅས་ཀྱི་འཇིག་རྟེན་གསུམ་ན་དཔལ་ཧེ་རུ་ཀ་ཟག་མེད་ཀྱི་སྔགས་ཤེས་ན་མཆོག་ཡིན་ནོ། །ལེའུ་ལྔ་བཅུ་རྩ་བདུན་པའི་འགྲེལ་པའོ།། །།

ལྔ་བཅུ་རྩ་བརྒྱད་པ། གོ་ཆའི་སྙིང་པོ་སྒོམ་པའི་ལེའུའི་འགྲེལ་པ།


DTG018_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཞན་ཡང་ཡབ་ཀྱི་སྙིང་པོ་ཡི་གེ་ཉི་ཤུ་རྩ་གཉིས་པ་ལྷ་དང་སྦྱར་ནས་འཁྲུལ་འཁོར་གྱིས་བཏུས། ཉེ་བའི་སྙིང་པོ་ཡང་ལྷ་དང་སྦྱར་ནས་བཏུས་ཟིན། ཡ་ཚོགས་བརྒྱད་པ་ཧ་ལ་དབྱངས་བཅུ་གཉིས་དང་སྦྱར་བ་ཧ་རིང་པོ་ལ་སོགས་པ་དྲུག་ཕྱི་ལ་དོར་བར་བྱའོ། །ཧ་ཐུང་དུ་དྲུག་དང་ཨོཾ་ན་མ་སྭཱ་ཧཱ་བཽ་ཥ་ཊ་ཧཱུཾ་ཧཱུཾ་ཕཊ་ཀྱི་སྔགས་དང་སྦྱར་བས་གནས་དྲུག་ཏུ་གོ་ཆ་དྲུག་ཏུ་འགྱུར་བ་ནི་གོ་སླའོ། །དེ་ནས་དབྱངས་ཡིག་བཅུ་གསུམ་པ་ནི་ཨོ། ཡི་གེ་གཉིས་པ་ནི་མ་དག་དང་སྦྱོར་བ་ནི་མོར་འགྱུར་རོ། །དབྱངས་ཡིག་བཅུ་གཉིས་པ་ནི་ཨེ། ཡི་གེ་དྲུག་པ་ནི་ཧ། བརྒྱད་པ་ནི་ཉེར་འགྱུར་རོ། །དབྱངས་ཀྱི་ཞི་བ་ནི་པའི། ཡི་གེ་བདུན་པ་ནི་བ། སྦྱར་བ་ནི་རེར་འགྱུར་རོ། །དབྱངས་ཡིག་བཅུ་གཉིས་པ་ནི་ཨཻ་ཡི་གེ་བརྒྱད་པ་ནིར། མཁས་པས་སྦྱར་བ་ནི་རེར་འགྱུར་རོ། །དབྱངས་ཡིག་གཉིས་པ་ནི་ཨཱ། ཡི་གེ་དགུ་པ་ནི་ཤ །བརྒྱད་པས་ནི་ཤཱ་རིང་པོར་འགྱུར་རོ། །དེ་ལྟར་ན་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡའི་སྔགས་སུ་འགྱུར་རོ། །ལྷག་མ་ནི་གོ་སླའོ། །ཡབ་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོ་གོ་བཟློག་ནས་བྲིས་པ་ནི་མངོན་སྤྱོད་དབང་ལས་ཟློས་པའོ། །ཡུམ་གྱི་སྙིང་པོ་དང་གོ་ཆའི་ལྷ་མོ་དྲུག་གི་མིང་དང་པོ་དང་བསྡེབས་པས་སྔགས་དྲུག་ཏུ་འགྱུར་རོ། །གོ་ཆའི་སྔགས་གཉིས་ནི་ཕྱེད་བཏུས་པའོ། །ལེའུ་ལྔ་བཅུར་ཙ་བརྒྱད་པའི་འགྲེལ་བའོ།། །།

ལྔ་བཅུ་རྩ་དགུ་པ། གོ་ཆ་དང་ལྷ་མོའི་སྙིང་པོ་སྒོམ་པ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཞན་ཡང་ལྷ་མོའི་སྙིང་པོ་ཡི་གེ་བཅུ་གསུམ་པ་ལྷ་བསྐྱེད་པའི་ས་བོན་འཁྲུལ་འཁོར་གྱི་སྔགས་བཏུ་བ་ནི། སྙིང་པོ་བླ་མེད་བཤད་པར་བྱ། །ཞེས་བའོ། །སྔོན་འགྲོ་ལྔ་དང༌། འབྱུང་བ་བཞི་དང་རི་རབ་སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་དང་དྲུག་བསྐྱེད་ནས། དེའི་དབུས་སུ་དྲོད་གཤེར་སྐྱེས་ཀྱི་ཡུམ་གྱི་སྙིང་པོ་དང་སྦྱོར་བའོ། །དཀྱིལ་འཁོར་རྒྱ་མཚོ་ནི་པདྨའི་དབུས་སུ་ཕག་མོ་ཧ་ལས་བསྐྱེད་པ་དང༌། འདབ་མ་བརྒྱད་པ་གསལ་བྱེད་ལ་ཨོཾ་ལས་


DTG018_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ལས་རྟ་གདོང་མ། ཛྲ་ལས་རྡོ་རྗེ་མ། བཻ་ལས་དཔའ་མོ། རོ་ལས་ཁྱོ་བྱེད་མ། རྩ་ལས་གསོད་མ། ནཱི་ལས་ཁུག་རྣམ། ཡེ་ལས་ཟུང་ལྡན་མ་དང་བརྒྱད་དོ། །ཧཱུཾ་ལས་ཤར་སྒོར་ཧཱུཾ་མཛད་མ། ཧཱུཾ་རིངས་ལས་ལྷོ་སྐོར་སྲེག་མཛད་མ། ཕཊ་ལས་ནུབ་སྒོར་ཕཊ་མཛད་མ། སྭཱ་ལས་བྱང་སྒོར་ཞི་མཛད་མ། དྲོད་གཤེར་སྐྱེས་ཀྱི་འཁོར་ལོས་ཡུམ་གྱི་སྙིང་པོ་ཡང་བཏུས་སོ། །སྐུ་མདོག་དང་ཕྱག་མཚན་རྒྱུད་ན་གསལ། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། གོ་ཆ་བགོ་བ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། བསྒོམ་པ་དང༌། ལྷ་མོ་བཅུ་གཉིས་ཀྱི་སྤྱིའི་སྙིང་པོ་བཟླས་པ་དང༌། མཆོད་པ་དང༌། གཏོར་མ་བཏང་བས་ཁ་བསྐང་ངོ༌། །ལེའུ་ལྔ་བཅུ་རྩ་དགུ་པའི་འགྲེལ་པའོ།། །།

དྲུག་ཅུ་པ། སྲུང་བ་ཞལ་བཞི་པར་བྱིན་གྱིས་བརླབས་པ་ཁྲོ་བོ་བཞིའི་དཀྱིལ་འཁོར་རྡོ་རྒྱུས་ཀྱིས་བྲིས་པ་རྡོ་རྗེ་ཧཱུཾ་མཛད་སྐྱེད་པའི་ལེའུའི་འགྲེལ་པ།


DTG018_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཞན་ཡང་གནོད་མཛེས་ཀྱི་སྔགས་བཏུ་བ་བཤད་པ་ནི། རྡོ་རྗེ་རོལ་པ་རྟའི་འགྲོས་དང༌། ཡི་དགས་སྲིན་པོའི་གདོང་དང༌། གཤིན་རྗེ་དབྱིག་པ་འཆང་བ་དང༌། མ་མོ་རིགས་ཀྱི་འཁོར་ལོ་གནོད་མཛེས་ཀྱི་སྔགས་ལས་བུང་བས་ཤིན་ཏུ་རྙེད་པར་དཀའ་བ་སྟེ། འཁྲུལ་འཁོར་དེ་རྣམས་གང་ཞིག་གིས་ཤེས་པ་ཙམ་གྱིས་མྱུར་དུ་དངོས་གྲུབ་ཐོབ་བོ། །མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སའི་ཆ་མཉམ་པ་ལས་ཙནྡན་གྱིས་བྱུགས་ནས་མེ་ཏོག་དང་སྤོས་ཀྱིས་མཆོད་ལ། བདག་ཉིད་ཤེས་རབ་ཀྱི་ཡན་ལག་དང་བཅས་པས་ཕྱོགས་བཅིངས་ལ། རྫ་རྡ་ཁ་བཞི་པ་བྲི་སྟེ། རེའུ་མིག་བཞི་བཅུ་རྩ་དགུ་པ་ལ་ཡི་གེའི་ཕྱི་མོ་བཀོད་པ་གནས་དེ་ལས་དཔའ་བོ་སུམྦྷ་ནི་བཏུའོ། །རིམ་གྱིས་བཏུ་བའམ་རིམ་ལས་བཟློག་ནས་བཏུ་བ་ནི་གོ་སླའོ། །དེ་ཉིད་བསྡུས་པ་དང༌། དཔལ་མཆོག་དང༌། བདེ་མཆོག་མཉམ་སྦྱོར་དང༌། རྡོ་རྗེ་འཇིགས་བྱེད་ལ་སོགས་པར་ཤར་སྔོ་བ། ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བའི་འཁོར་བོ་བཞི་དང༌། མཚམས་སུ་ཕྱེད་གཟུགས་ཀྱི་ཁྲོ་བོ་བརྒྱད་དང་བཅས་པ་དཀྱིལ་འཁོར་བསྲུང་བའི་དོན་དུ་སྟེང་འོག་གི་གདུག་པ་ཀུན་འདུལ་བའི་ཁྲོ་བོ་བཅུ་བསྒོམ་པའམ། ཡང་ན་ཁྲོ་བོ་བཞི་བསྒོམ་པར་བྱའོ། །ཤ་ཆེན་ལ་སོགས་པ་བདུད་རྩི་ལྔའི་རི་ལུས་ལེའུ་བཞི་པ་ལས་བཤད་པ་བཞིན་དུ་ནང་གི་སྦྱིན་སྲེག་བྱས་ནས་རྡོ་རྗེ་ཅན་བརྒྱ་བྱིན་ཡང་འཆི་བར་འགྱུར་རོ། །སྔགས་ནི་གོ་སླའོ། །དཀྱིལ་འཁོར་ནི་ནམ་མཁའི་ཁམས་སུ་པདྨ་འདབ་


DTG018_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྒྱད་ཀྱི་ལྟེ་བའི་དབུས་སུ་ཡི་གེ་ཧཱུཾ་ལས་ཧཱུཾ་མཛད་ཞལ་བརྒྱད་ཕྱག་བཅུ་དྲུག་པར་བསྒོམ་པ་ནི་རྒྱུད་ན་གསལ་ལོ། ཁྲོ་བོ་བཞི་ནི་ཤར་དུ་འདོད་པའི་རྡོ་རྗེ་སྔོ་བ། བྱང་དུ་རྡོ་རྗེ་རྣོན་པོ་ལྗང་བ། ནུབ་ཏུ་སྟོབས་རྡོ་རྗེ་དམར་བ། ལྷོ་རུ་མི་གཡོ་རྡོ་རྗེ་སེར་ནག་བདུད་བཞི་གནོན་པ། ཤར་འཁོར་ལོ་དང་དྲིལ་བུ། ལྷོར་རིན་པོ་ཆེ་དང་དྲིལ་བུ། ནུབ་ཏུ་པདྨ་དང་དྲིལ་བུ། བྱང་དུ་རྒྱ་གྲམ་དང་དྲིལ་བུ། རང་གི་མཚན་མ་དྲིལ་བུར་བཅས། །ཞེས་པ་ཐམས་ཅད་ཀྱང་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་པ་ཞལ་གསུམ་ཕྱག་དྲུག་པ་བསྒོམས་ལ་ཡེ་ཤེས་སེམས་དཔའ་གཞུག་པ་དང་གོ་ཆ་བསྐོན་པ་དང་དབང་བསྐུར་བ་དང༌། དཔྲལ་བ་ལྐོག་མ་སྙིང་གར་སྐུ་གསུང་ཐུགས་ཀྱི་སྦྱོར་བ་བསྒོམ། སུམ་ཅུ་རྩ་བདུན་གྱི་རྣམ་དག་ཡང་བསྒོམ། སུམྦྷ་ནའི་སྔགས་བཟླས། མ་གྲུབ་ན་བསྐྱར་བའི་ཆོ་ག་ནང་གི་སྦྱིན་སྲེག་ཁྱིའི་གཟུགས་ཀྱི་ལིངྒས་ཞེས་སྔགས་བཟའ་བ་དང༌། ཕག་གི་ལིངྒས་གཏི་མུག་བཟའ་བ་དང༌། ཁྱིམ་བྱའི་ལིངྒས་འདོད་ཆགས་བཟའ་བ་དང༌། མཁའ་འགྲོ་ལ་ཡང་གཏོར་མ་བྱ་བ་དང༌། དུང་དང་ཉ་ཕྱིས་དང་མུ་ཏིག་རྣམས་སྲོག་ཆགས་ཀྱི་རྒྱུ་ལས་བྱུང་བ་ཁྱད་པར་མེད་ཀྱང་མིའི་ཐོད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུད་ལས་བྱུང་བས། དཔའ་བོ་དང་རྣལ་འབྱོར་མའི་རྒྱན་བྱས་པ་ལ་སྨད་པར་མི་བྱའོ། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཆོ་གའོ། །ལེའུ་དྲུག་ཅུ་པའི་འགྲེལ་པའོ།། །།

དྲུག་ཅུ་རྩ་གཅིག་པ། སྡེ་ཚན་གྱི་སྦྱོར་བའི་ལེའུའི་འགྲེལ་པ།


DTG018_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་ཐམས་ཅད་ཀྱི་འགྲོ་བ་འདུལ་བ་གྲོང་ཁྱེར་དགུག་པའི་སྔགས་ཀྱི་དཀྱིལ་འཁོར་བཤད་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ་སྨོས་ཏེ་སློབ་དཔོན་ཨཱཪྻ་དེ་བས་ཤར་ཕྱོགས་དྲི་ཟའི་ཡུལ་དུ་ཕྱིན་ནས་འགྲོ་བ་མི་དད་པ་ལས་སྡེ་ཚན་བརྒྱད་ཀྱི་ཡི་གེའི་ལྷ་བཀོད་ནས་སྔགས་དྲག་པོ་བཟླས་པས་རྒྱལ་པོ་དང་བཅས་པ་གཡོ་བ་དང༌། སེམས་དགའ་བས་བཏུལ་བ་བཞིན་དུ། སྡེ་ཚན་བརྒྱད་ཀྱིས་བསྒོམ་པ་འབྱུང་བ་བཞི་དང་རི་རབ་བཞི་འགྱུར་བའི་ནམ་མཁའི་དབྱིངས་ཀྱི་གཞལ་ཡས་ཁང་གི་པདྨའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་ཧེ་རུ་ཀ་དྲོད་གཤེར་སྐྱེས་ཞལ་ལྔ་ཕྱག་བཅུ་གཉིས་ཡུམ་བཾ་ལས་བྱུང་བ་དང་འཁྱུད་པ་འཇིགས་བྱེད་ཆུང་མ་དང་བཅས་པ་ཞབས་ཀྱི་འོག་ཏུ་མནན་པ། སྐུ་མདོག་དང་ཕྱག་མཚན་ནི་གོ་སླའོ། །ཤར་གྱི་འདབ་


DTG018_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ལ་ཨ་ལས་མཁའ་འགྲོ་མ་དཀར་མོ། བྱང་དུ་པ་ལས་མཁའ་འགྲོ་མ་དམར་མོ། ནུབ་ཏུ་ཙ་ལས་མཁའ་འགྲོ་མ་སེར་མོ། ལྷོར་ཀ་ལས་མཁའ་འགྲོ་མ་སྔོན་མོ། ཤར་ལྷོར་ཊ་ལས་མཁའ་འགྲོ་མ་དམར་མོ། ལྷོ་ནུབ་ཏུ་ཏ་ལས་མཁའ་འགྲོ་མ་དུད་ཀ །ནུབ་བྱང་དུ་ཡ་ལས་མཁའ་འགྲོ་མ་ལྗང་གུ། བྱང་ཤར་དུ་ཤ་ལས་མཁའ་འགྲོ་མ་སེར་མོ་ཞལ་གཅིག་ཕྱག་བཞི་མ། འཇིག་རྟེན་སྐྱོང་བ་བརྒྱད་མནན་པ། སྐུ་མདོག་དང་ཕྱག་མཚན་ནི་གོ་སླའོ། །ཡུལ་དེའི་བུད་མེད་རྒྱལ་མོ་བྱེད་ན་རྡོ་རྗེ་ཕྱག་མོ་དབུས་སུ་གཞག །ཡེ་ཤེས་སེམས་དཔའ་གཞུག །གོ་ཆ་བསྐོན། དབང་བསྐུར། བདུད་རྩི་མྱང༌། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ནང་དུ་བསྒོམ། དེ་ནས་རང་ཐག་གིས་ཕྱེ་འཐག་པ་ལྟར་བསྒོམས་ལ། ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བ་ཟློས་ཤིང་ནམ་མཁའ་སྟོང་པ་ཨེ་གྲུ་གསུམ་པའི་བྷ་གའི་དབུས་སུ་ཡུལ་གྱི་མིང་རྒྱལ་པོ་དང་བཅས་པ་གཞག །རང་གི་དཀྱིལ་འཁོར་དང་བསྲེ། དེ་ནས་འཁོར་ལོ་བསྐོར་རོ། །མ་གྲུབ་ན་ཚོགས་ཀྱི་འཁོར་ལོ་བྱས་ལ་རྟ་དང་ལྦ་དང་ཕ་ཝང་ལ་སོགས་པའི་ཤ་ཡི་གེ་བརྒྱད་ཀྱི་དང་པོར་བྱས་པའི་འབྲས་བུ་བཏགས་པའི་ཕྱེ་མའི་གཟུགས་བརྙན་བྱས་ནས་ཚོགས་ཀྱི་འཁོར་ལོ་བྱས་ན་མངོན་བར་ཤེས་པ་སྐྱེ། སྐྱེ་བ་བདུན་པའི་མཚན་ཉིད་ཀྱང་ཤེས་ན་དེའི་ཤ་ཟོས་ན་མྱུར་དུ་མཁའ་ལ་འགྲོ་བར་ཐེ་ཚོམ་མེད་དོ། །ལེའུ་དྲུག་ཅུ་རྩ་གཅིག་པའི་འགྲེལ་པའོ།། །།

དྲུག་ཅུ་རྩ་གཉིས་པ། ཇི་ལྟར་འདོད་པའི་བོང་བའི་འམཛད་པ་དངོས་གྲུབ་ཀྱི་རྒྱུ་སྒྲུབ་པའི་ལེའུའི་འགྲེལ་པ།


DTG018_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་ཐམས་ཅད་བསྒོམས་པ་ལས་མཚན་མ་ཐོབ་ན་མངོན་ཤེས་བསྐྱེད་པར་བྱ་བའི་དཀྱིལ་འཁོར་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བའོ། །མཚན་མ་ཐོབ་ནས་རང་དད་པའི་དཔའ་བོ་དང་མཁའ་འགྲོ་མ་གཅིག་ལ་གསོལ་བ་བཏབ་ནས་འཛམ་བུའི་གླིང་གི་མི་རྣལ་འབྱོར་བ་ཉི་ཤུ་རྩ་ལྔ་དང་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ཡེ་ཤེས་ལས་སྐྱེས་པའམ། ཞིང་སྐྱེས་ཁུག་ལ་སྤྱོན་ཞེས་བཅོལ་ལ་ཚོགས་ཀྱི་འཁོར་ལོ་བྱ་བའམ་ཡང་ན་རང་གིས་དབང་བསྐུར་བའི་རྣལ་འབྱོར་བ་དང༌། རྣལ་འབྱོར་མ་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པ་སྔགས་སྐྱེས་སུ་བྱས་ལ། གདོང་རྒྱན་ཡེ་ཤེས་ཀྱི་འཁོར་ལོའི་ལྷ་ལྔ་བོང་བུའི་གདོང་རྒྱན་བསྐོན། ཡུམ་རྡོ་རྗེ་ཕག་མོ་ཕག་གི་གདོང་རྒྱན་བསྐོན། སྔར་བཤད་པའི་དཀྱིལ་འཁོར་གང་ལ་མོས་པ་ཞལ་


DTG018_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཅིག་ཕྱག་གཉིས་པའམ། ཞལ་གཅིག་ཕྱག་བཞི་པའམ་ཞལ་གསུམ་ཕྱག་དྲུག་པའི་སྐུ་མདོག་དང་ཕྱག་མཚན་སྔར་བཤད་པའི་རིམ་བ་བཞིན་དུ། ཐུགས་ཀྱི་ཀུན་ནམ་མཁའ་ལྡིང་གི་གདོང་ཅན། གསུང་གི་ཀུན་རྣམ་བྱའི་གདོང་ཅན། སྐུའི་འཁོར་ལོ་བརྒྱད་ཀྱི་ལྷ་སེང་གེའི་གདོང་ཅན། སྒོ་བཞིར་ཁྭ་གདོང་ལ་སོགས་པའི་གདོང་ཅན། མཚམས་བཞིར་མ་ཧེའམ་རི་དགས་ཀྱི་གདོང་ཅན་གྱི་དཀྱིལ་འཁོར་སྤྱན་ཉི་མ་དང་ཟླ་བ་དང་མེའི་མིག་གསུམ་འབར་བར་བསྒོམས་ལ་མངོན་ཤེས་དྲུག་བསྐྱེད་དོ། །བློ་ལྡན་རིག་འཛིན་གྱི་རྣལ་འབྱོར་བ་འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་དངོས་གྲུབ་དང༌། རྣལ་འབྱོར་པ་ལ་མཆོག་སྟེར་བ་ཟག་པ་ཟད་པའི་མངོན་ཤེས་དང༌། རྡོ་རྗེ་ཐེག་པའི་མན་ངག་སྐྱེ་བ་དྲན་པ་དང༌། མངོན་ཤེས་དང་ངག་གི་དངོས་གྲུབ་རྒྱུད་སྡེ་བཞི་འཆད་ཤེས་པ་ལྷའི་རྣ་བ་ཤེས་པ་དང༌། མ་ཐོས་པའི་ཆོས་བསྟན་པས་སེམས་ཅན་གྲོལ་བ་གཞན་གྱི་སེམས་ཤེས་པ་དང༌། མི་སྣང་བ་ལ་སོགས་པའི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང༌། འཇིག་རྟེན་གསུམ་སྐད་ཅིག་གིས་མཐོང་བ་ཐོབ་བོ། །མངོན་ཤེས་དྲུག་ཐོབ་ནས་དཔའ་བོ་དང་རྣལ་འབྱོར་མའི་སྔགས་བཟླས་པའི་དངོས་གྲུབ་གང་འདོད་པ་རྟག་ཏུ་བདེ་བླག་ཏུ་ཐོབ་པར་འགྱུར་རོ། །མངོན་ཤེས་མ་སྐྱེས་ན་ཉེ་བའི་སྙིང་པོ་རྣལ་འབྱོར་པས་བཟླས་ནས་པྲ་སེན་བྱ་སྣ་བོང་བུའི་རྣམ་པའི་མངོན་ཤེས་འཐོབ་བོ། །མངོན་ཤེས་ཐོབ་ནས་དཔའ་བོ་དང་རྣལ་འབྱོར་མ་སྔགས་བཟླས་པའི་དངོས་གྲུབ་གང་འདོད་པ་མ་གྲུབ་ནས་བསྐྱར་བའི་ཆོ་ག་གདོང་བརྙན་གོན་ནས་ལོ་གཅིག་གམ་ཟླ་བ་དྲུག་གམ་ཟླ་བ་གསུམ་མམ། ཁྭ་ལ་སོགས་པ་སྲོག་ཆགས་བརྒྱད་ཀྱི་ཤ་དང༌། བདུད་རྩི་རྣམ་པ་ལྔ་བཟའ་ཞིང་བསམ་གཏན་གྱི་བསྒོམ་བཟླས་བྱས་ན་མྱུར་དུ་དངོས་གྲུབ་ཐོབ་བོ། །རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཚངས་པ་དང་ཁྱབ་འཇུག་གི་ཆུང་མའམ། ལྷ་དང་མིའི་བུ་མོ་གང་དང་གནས་པ་བཟའ་བ་བདུད་རྩི་ལྔར་བྱིན་གྱིས་མ་བརླབས་པ་དང་བགྲོད་པས་དབང་བསྐུར་བ་དང༌། བགྲོད་མིན་དབང་མ་བསྐུར་བ་དང༌། བཏུང་བ་བདུད་རྩིའི་ཆུ་དང༌། བདུད་རྩི་མ་ཡིན་པས་ཀྱང་འགྲུབ་པར་འགྱུར་རོ། །མཁའ་འགྲོ་མ་ལཱ་མའི་གཟུགས་དང༌། བུ་མོ་དང་སྲིང་མོ་ལ་སོགས་པའི་གཟུགས་ཀྱི་རྣལ་འབྱོར་པ་ཅི་འདོད་པའི་ཕྱག་རྒྱ་


DTG018_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོ་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་ནས་སྟོང་པ་ཉིད་རྟོགས་པས་འགྲུབ་པའོ། །རྡོ་རྗེ་གདན་བཞི་ལས་བྷ་བ་ན་མུ་ཁ་ཞེས་བྱ་བ་ལྟེ་བར་རླུང་ཞུགས་ནས་སྟོང་ཉིད་བསྒོམ་པ་ལ་མིང་འདོགས་ཏེ། བོང་བུའི་མཁའ་འགྲོ་བསྒོམས་ནས་ནི། །བཀུག་ན་མྱུར་དུ་དངོས་གྲུབ་འགྱུར། །ཞེས་བཤད་དོ། །ལེའུ་དྲུག་ཅུ་རྩ་གཉིས་པའི་འགྲེལ་པའོ།། །།

དྲུག་ཅུ་རྩ་གསུམ་པ། གསང་བའི་ཡེ་ཤེས་ཀྱི་ལེའུའི་འགྲེལ་པ།


DTG018_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དཀྱིལ་འཁོར་ཐམས་ཅད་ཀྱི་དབང་བསྐུར་བའི་འཁོར་ལོ་ནི། དེ་ནས་གཞན་ཡང་བཤད་བྱ་བ་ནི་རིགས་ལྔའི་འཁོར་ལོ་རང་རང་གི་གནས་སུ་སོ་སོའི་ས་བོན་དང་ཕྱག་མཚན་ལས་སྐྱེས་པའི་འཁོར་ལོ་སྟེ་མདོར་བསྟན་པའོ། །རྒྱས་པར་བཤད་པ་ནི་ས་བོན་གྱི་མཆོག་ང་ཉ་ཎ་ན་མ་ལྔ་ལས་གཙོ་བོ་བསྐྱེད་པ་ནི་སྔོན་འགྲོ་ལྔ་བྱས་ནས་འབྱུང་བ་བཞི་རི་རབ་དང་སྣ་ཚོགས་རྡོ་རྗེ་དང་གཞལ་ཡས་ཁང་བསྐྱེད་པ་དང༌། གདན་དང་སྐུ་མདོག་དང་གཙོ་བོ་དང་འཁོར་ལྷའི་མིང་དང་ཕྱག་མཚན་དང༌། སྒོ་བ་རྣམས་ཀྱི་མིང་དང་སྐུ་མདོག་དང་ཕྱག་མཚན་དང༌། ཕྱི་རོལ་དུ་ཡི་དགས་ཀྱིས་ཡོངས་སུ་བསྐོར་བ་བསྒོམ་པར་བྱ་ཞེས་པ་དཀྱིལ་འཁོར་རྒྱལ་མཆོག་གི་སླའོ། །ལས་ཀྱི་རྒྱལ་མཆོག་ནི་ཐོག་མར་ཨོཾ་དང་བར་དུ་མིང་དང་མཐར་ཧཱུཾ་ཕཊ་དང་བཅས་པས་བཟླས་པར་བྱ། དེའི་སྔོན་དུ་གོ་ཆ་བསྐོན་ཡེ་ཤེས་སེམས་དཔའ་གཞུག །ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབ། རྡོ་རྗེ་མཁའ་གྲོ་གལ་ཏེ་མོས་ནས་ཞལ་དྲུག་ཕྱག་བཅུ་གཉིས་པ་དབུས་མ་སྔོ་བ། གཡས་སེར་བ། རྒྱབ་དམར་བ། གཡོན་ལྗང་གུ། ལྔ་པ་དུད་ཀ་སྟེ་སྟེང་མའོ། །དེའི་སྟེང་མ་ཞི་བ་དཀར་པོའོ། །ཤར་ཕྱོགས་ཀྱི་སངས་རྒྱས་མཁའ་འགྲོ་དབུས་དཀར། གཡས་སྔོ། །རྒྱབ་སེར་བ། གཡོན་དམར་བ། ལྔ་པ་སྟེ་ལྗང་གུ། དྲུག་པ་ཐལ་བའི་མདོག་ཅན། ལྷོའི་རིན་ཆེན་མཁའ་འགྲོ་དབུས་སེར་བ། གཡས་སྔོ། རྒྱབ་དཀར། གཡོན་དམར། ལྔ་པ་ལྗང་གུ་སྟེ་སྟེང་མ་དྲུག་པ་དམར་བའོ། །ནུབ་ཕྱོགས་པདྨའི་མཁའ་འགྲོ་དབུས་དམར་བ། གཡས་དཀར་བ། རྒྱབ་སྔོ་བ། གཡོན་སེར་བ། སྟེང་ལྔ་པ་ལྗང་གུ། དྲུག་པ་ནམ་མཁའི་མདོག་ཅན་ནོ། །བྱང་ཕྱོགས་སུ་ལས་ཀྱི་མཁའ་འགྲོ་དབུས་ལྗང༌། གཡས་དཀར། རྒྱབ་དམར། གཡོན་སྔོ་སྟེང་མ། ལྔ་པ་སེར་བ། དྲུག་པ་དཀར་པོའོ། །ཕྱག་དང་པོ་དབུས་


DTG018_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་དང་དྲིལ་བུ། ཤར་འཁོར་ལོ་དང་དྲིལ་བུ། ལྷོ་རིན་པོ་ཆེ་དང་དྲིལ་བུ། ནུབ་པདྨ་དང་དྲིལ་བུ། བྱང་རྒྱ་གྲམ་དང་དྲིལ་བུ། ཐམས་ཅད་ཀྱི་གཡས་གཡོན་གཉིས་པ་གཉིས་ན་མདུང་རྩེ་གསུམ་པ་དང་ལྕགས་ཀྱུ། གསུམ་པ་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག །བཞི་པ་གཉིས་ན་མགོ་བོ་དང་ཅང་ཏེའུ། ལྔ་པ་གཉིས་ན་མདུང་དང་གྲི་གུག །དྲུག་པ་གཉིས་ཀྱིས་མི་ལྤགས་འཛིན་པའོ། །འཁོར་རྣམས་ཞལ་གཅིག་ཕྱག་བཞི་པ་ཕྱག་མཚན་དང་སྐུ་མདོག་ནི་རྒྱུད་ན་གསལ་ལོ། །ཡང་ན་གཙོ་འཁོར་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། དེ་ལ་ཡེ་ཤེས་སེམས་དཔའི་གཞུག །གོ་ཆ་བསྐོན། དབང་བསྐུར། བདུད་རྩི་མྱང༌། བསྒོམ་པ་བྱ་བཟླས་པ་བྱ། མཆོད་པ་དང་བསྟོད་པ་བྱས་ལ་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བ་ནི་འདིར་དབང་བསྐུར་ཐམས་ཅད་ཀྱི་གསང་བ་དང་ཤེས་རབ་ཡེ་ཤེས་སུ་འགྱུར་རོ། །དབང་བསྐུར་བ་དངོས་བཤད་པ་ནི། སྣ་ཚོགས་པ་ནི་དུ་མར་དགའ། །ཞེས་བྱ་བ་སྣ་ཚོགས་ནི་དུས་སུ། དུ་མར་དགའ་བ་ནི་དབང་པོ་དྲུག་གི་དགའ་བའོ། །རྟགས་ནི་འཁྱུད་པ་དང་ཙུམ་པ་ཀའོ། །རྣམ་སྨིན་ནི་དུས་སུ་ཡེ་ཤེས་དམ་པ་ནི་མཆོག་དགའ་ཡུལ་དྲུག་བདེ་བའོ། །བྷ་གར་ལིངྒ་སྦྱོར་བ་ནི་རྟགས་སོ། །རྣམ་པར་འཇོམས་པ་ནི་དུས་སོ། །ཕྱག་རྒྱ་བསྐྱོད་པ་ནི་དུས་སོ། །ཤིན་ཏུ་དགའ་བ་ནི་མཚན་ཉིད་དོ། །མཚན་ཉིད་དང་བྲལ་བ་ནི་དུས་སོ། །རང་རིག་པའི་ཚད་མས་ངེས་པར་བརྟགས་པ་ནི་རྟགས་སོ། །ལྷན་ཅིག་སྐྱེས་དགའ་ནི་མཚན་ཉིད་དོ། །དེ་ལྟར་དགའ་བ་དབང་པོ་དྲུག་བདེ་བ་དང༌། མཆོག་དགའ་ཡུལ་དྲུག་བདེ་བ་དང༌། ཤིན་ཏུ་དགའ་བ་རྣམ་པར་ཤེས་པ་དྲུག་བདེ་བར་རང་རིག་པ་སྒྲོ་འདོགས་དང་བྲལ་བ་ལྷན་ཅིག་སྐྱེས་དགའ་འདུས་མ་བྱས་ལ་དམིགས་པས་བླ་ན་མེད་པའོ། །རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་ཡེ་ཤེས་ཀྱི་ཆོ་གའི་རིམ་པའོ། །དེ་ལྟར་དགའ་བ་བཞི་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་དང་དབང་བཞི་པའི་དོན་ཐིག་ལེའི་རྣལ་འབྱོར་ཤེས་པ་ལས་ཀྱང་སྟེ། ཕྲ་མོའི་རྣལ་འབྱོར་ལས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཉེ་བར་ལེན་པའི་རྒྱུད་སེམས་ཀྱིས་ཆོས་ཀྱི་དབྱིངས་རྟོགས་ན་མྱུར་དུ་འགྲུབ་པར་འགྱུར་རོ། །


DTG018_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རབ་གནས་ཀྱི་ལེའུ་ནས་བརྩམས་ནས་དབང་བསྐུར་བའི་ལེའུའི་བར་དུ་ལེའུ་བཅུ་དྲུག་པ། དང་པོ་སྐུའི་འཁོར་ལོ་བསྒོམ་པ་ནས་ལེའུ་དྲུག་ཅུ་རྩ་བརྒྱད་པ་སོ་སོར་འབྲང་མའི་བར་གྱི་རབ་གནས་དང༌། དབང་བསྐུར་དང་བསྟོད་པ་དང་སྙིང་པོ་ཉེ་སྙིང་དང༌། རྣམ་དག་དང་རྒྱུད་ཀྱི་དོན་དང་ཚོགས་འཁོར་དང་སྔགས་བཏུ་བ་དང་དངོས་གྲུབ་ལེན་པ་དང་སྲུང་འཁོར་དང་ནང་གི་དབང་བཞི་ལེན་པ་ནི་ལེའུ་ཐམས་ཅད་ཀྱི་ཡན་ལག་ཏུ་འགྱུར་རོ། །ལེའུ་དྲུག་ཅུ་རྩ་གསུམ་པའི་འགྲེལ་པའོ།། །།

དྲུག་ཅུ་རྩ་བཞི་པ། ལྷ་མོ་བཞིའི་གསང་བ་ཁ་སྦྱོར་གྱི་ལེའུའི་འགྲེལ་པ།


DTG018_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་དབང་དུ་བྱ་བ་ལྷ་མོ་བཞི་ཞུས་དང༌། མངོན་སྤྱོད་རྡོ་རྗེ་འཇིགས་བྱེད་དང༌། ཞི་བ་སྒྱུ་འཕྲུལ་དྲ་བ་དང༌། རྒྱས་པ་སོ་སོར་འབྲང་མ་དང༌། བསྐྱར་བའི་ཆོ་ག་སྐྱེ་བ་བདུན་པའི་ཤ་སྟེ་ལྔ་བཤད་པ་ཡིན་ནོ། །ནང་གི་སེམས་དང༌། ཕྱི་རོལ་གྱི་འགྲོ་བ་རིག་དྲུག་དབང་དུ་བྱ་བ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་སོ། །སྔོན་འགྲོ་ལྔ་དང་འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེར་གྱུར་པ་ལས། ནམ་མཁའི་དབུས་སུ་གཞལ་ཡས་ཁང་བསྒོམས་ཏེ། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྙིང་པོ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཡི་གེ་ཨ་ལས་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཁ་བ་ཀུནད་ཤེལ་གྱི་མདོག་ལྟ་བུ་ཞལ་གསུམ་ཕྱག་དྲུག་པའི་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་ཞེས་བྱ་བའི་བར་དུ་གོ་སླའོ། །ཨཱི་ལས་རྡོ་རྗེ་ཟླ་བ་མ་སངས་རྒྱས་སྤྱན། ཨི་ལས་རྡོ་རྗེ་སྒྱུ་འཕྲུལ་མཱ་མ་ཀཱི །ཨེ་ལས་ཆོས་ཀྱི་རྡོ་རྗེ་མ་གོས་དཀར་མོ། །ཨཻ་ལས་སྣ་ཚོགས་རྡོ་རྗེ་སྒྱུ་འཕྲུལ་མ་སྒྲོལ་མ་སྟེ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ་ཀུན་ཀྱང་དཀར་བ། གཡས་སྔོ་བ། གཡོན་དམར་བ། རྡོ་རྗེ་དང་དྲིལ་བུ་གཉིས། མདུང་དང་གྲི་གུག་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་གཉིས། ཕྱག་མཚན་དྲུག་འཛིན་པའོ། །གཙོ་བོ་བསྐྱེད་པ་བསྙེན་པ། འཁོར་བསྐྱེད་པ་ཉེ་བར་བསྙེན་པ། ལྷ་མོ་བཞིའི་དབུས་སུ་གསང་བའི་སྒྲོན་མ་ཆོས་ཀྱི་དབྱིངས་ཀྱི་ཡུམ་དང་འཁྱུད་པ་འཁོར་གྱི་ལྷ་མོ་བཞི་ཡང་རང་སྣང་བའི་ཐབས་དང་ཁ་སྦྱོར་བའོ། །སྒྲུབ་པ་ནི་སྙིང་གར་ཨུ་ལས་རྡོ་རྗེ་སེམས་དཔའ་མགོ་བོར་ཨོ་ཐུང་ལས་རྣམ་སྣང༌། སྤྱི་གཙུག་ཏུ་ཨཽ་རིང་པོ་ལས་པདྨ་གར་གྱི་དབང་ཕྱུག །མིག་ཏུ་ཨཱུ་རིང་གཉིས་ལས་རྡོ་རྗེ་ཉི་མ། ཕྲག་པ་གཉིས་སུ་ཨཾ་ལས་ཧེ་རུ་ཀ །ཡན་ལག་ལྔ་ལ་ཨ་ལས་རྟ་མཆོག །ལུས་


DTG018_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ནང་དུ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་དང༌། ཕྱི་རོལ་གྱི་ལུས་ལ་འཁོར་ལོ་གསུམ་གྱི་ལྷ་བཀོད་ལ་བསྒོམ་པ་ནི་སྒྲུབ་པའོ། །སྒྲུབ་པ་ཆེན་པོ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་པ་དང་གཉིས་སུ་མེད་པར་རོ་གཅིག་པར་བསྒོམ་པ་དང༌། བདུད་རྩི་མྱངས་པའི་རྗེས་ལ་ནང་པར་སངས་རྒྱས་སྤྱན་དང༌། ཁ་སྦྱར་གྱི་དགའ་བ་བཞི་བསྒོམ། ཉི་ཕྱེད་ལ་མཱ་མ་ཀཱི་དང་ཁ་སྦྱར་བ་དགའ་བ་བཞི་བསྒོམ། སྲོད་ལ་གོས་དཀར་མོ་དང་ཁ་སྦྱར་བའི་དགའ་བ་བཞི་བསྒོམ། མཚན་ཕྱེད་ན་སྒྲོལ་མ་དང་ཁ་སྦྱར་བའི་དགའ་བ་བཞི་བསྒོམ། སྐྱ་རེངས་ཤར་ཁར་སྟོང་ཉིད་ཀྱིས་རྒྱས་བཏབ་ནས་ཆ་མེད་འདུས་མ་བྱས་བསྒོམ། ཆ་བཅས་སྒྱུ་མ་ལྟ་བུ་རྡོ་རྗེ་སེམས་དཔའ་ཆ་མེད་འདུས་མ་བྱས་འོད་གསལ་བ་རྫོགས་རིམ་བསྒོམས་ལ། བསྐྱེད་རིམ་བསྒོམ་པ་ནི། ཡེ་ཤེས་ཀྱི་བཟླས་པ་དཔྲལ་བར་སྐུའི་འཁོར་ལོ། །ལྐོག་མར་གསུང་གི་འཁོར་ལོ། སྙིང་གར་ཐུགས་ཀྱི་འཁོར་ལོ། །ནུ་མའི་བར་དུ་ཡེ་ཤེས་ཀྱི་འཁོར་ལོ། ལྟེ་བར་དམ་ཚིག་གི་འཁོར་ལོ། ཕྱི་རོལ་གྱི་ལུས་ཀྱི་དཀྱིལ་འཁོར་དང་དྲུག་གི་སྤྲོ་བསྡུ་བསྒོམ་སྔགས་གོ་སླའོ། །རྫོགས་པའི་རིམ་པ་བསྒོམ་པ་ནི། སྡིག་པ་དག་པར་བྱེད། བསོད་ནམས་ཆེ། དགེ་བས་ཟག་བཅས་ཀྱི་ཉེས་པ་འཇོམས། སྡུག་བསྔལ་འཇོམས། བདེ་བ་སྟེར། སྔགས་ཀུན་སྟོན་སངས་རྒྱས་བསྐྱེད། མཁའ་འགྲོ་མ་ཀུན་འབྱུང་ཤིན་ཏུ་དག་པའི་ས་བཅུའི་སེམས་དཔའ་འབྱུང༌། དེའི་ཐབས་ལྷ་མོ་བཞི་ལས་སྐྱེས་པའི་དགའ་བ་དང༌། མཆོག་དགའ་བདེ་བ་རིག་ཀྱི་དགའ་བ་ལྷན་ཅིག་སྐྱེས་དགའ་རང་འབྱུང་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཡིན་ནོ། །ལེའུ་དྲུག་ཅུ་རྩ་བཞི་པའི་འགྲེལ་པའོ།། །།

དྲུག་ཅུ་རྩ་ལྔ་པ། ཁྲོ་བོ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བདག་པོའི་ཁ་སྦྱར་གནོན་པའི་ལེའུའི་འགྲེལ་པ།


DTG018_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མངོན་སྤྱོད་ཀྱི་རྡོ་རྗེ་འཇིགས་བྱེད་བསྒོམ་པ་ནི། དེ་ནས་རྣལ་འབྱོར་མཆོག་བཤད་པ། །ཞེས་བྱ་བ་གསུངས་ཏེ། ལས་དང་ཉོན་མོངས་པའི་གདུག་པ་ཟད་པར་བྱེད་པ་དང་ཕྱིའི་བགེགས་སྟོང་ཕྲག་བརྒྱད་ཅུ་ནང་གི་ནད་བཞི་བརྒྱ་རྩ་བཞིའི་སྡུག་བསྔལ་འཇོམས་པ་ལ་དགོས་པའོ། །སྔོན་འགྲོ་ལྔ་དང་འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེར་གྱུར་པ་ལས་སྟོང་པ་ནམ་མཁའི་དབུས་སུ་གཞལ་ཡས་ཁང་དེའི་དབུས་སུ་ཡི་གེ་ཀྵ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་བསྒོམ་པ་ནི་གོ་སླའོ། །གང་ཟག་སུས་བསྒོམ་ཞེ་ན། སྟོང་པ་ཉིད་ཀྱི་བློ་ཅན་


DTG018_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇིགས་པ་སྤངས་པ་རྣམ་པར་རྟོག་པ་བཅོམ་པ་ཚད་མེད་པ་དང་ལྡན་པ་འདུ་འཛི་སྤངས་པའི་རྟེན་གྱི་གང་ཟག་གིས་བསྒོམ་མོ། །གནས་གང་དུ་བསྒོམ་ཞེ་ན། ཤིན་ཏུ་བགྲོད་དཀའི་དུར་ཁྲོད་ཅེས་པ་གོ་སླའོ། །ཡང་ན་ཞལ་བཞི་ཕྱག་བརྒྱད་པའི་ཞལ་དབུས་མ་སྔོ་བ། གཡས་དཀར་བ་གཡོན་དམར་བ། སྟེང་སེར་བ། ཕྱག་དང་པོ་རྡོ་རྗེ་དང་དྲིལ་བུ། རྡོ་རྗེ་དང་ཐོད་པ་མདུང་དང་ཅང་ཏེའུ། མགོ་བོ་དང་གྲི་གུག་ཐོགས་པའོ། ཡང་ན་མ་ཧེའི་གདོང་ཅན་ཞལ་དགུ་ཕྱག་སུམ་ཅུ་རྩ་བཞི་པ་བསྒོམ་མོ། །མ་ཧེའི་གདོང་ཅན་ནི་ཕྱག་སུམ་ཅུ་རྩ་བཞིས་སྣ་ཚོགས་པའི་མཚོན་ཆ་བསྣམས་པ་མ་ཧེའི་ཞལ་གྱི་ལྗགས་བསྐྱོད་པ། ཞལ་ལྷག་མ་བརྒྱད་ཀྱིས་ཧ་ཧ་ཧི་ཧི་ཧཱུཾ་ཧཱུཾ་ཕཊ་ཕཊ་བརྒྱད་སྒྲོགས་པ་དང༌། དཔའ་བོ་གཅིག་པུ་འོད་ཟེར་འཕྲོས་པས་འཇིགས་པར་མཛད་པ་ཕྱོགས་སྐྱོང་བ་བརྒྱད་དང་ཆུང་མ་མཁའ་འགྲོ་མ་བརྒྱད་གདུལ་དཀའ་ཐམས་ཅད་འདུལ་བར་མཛད་པ་ཡེ་ཤེས་སེམས་དཔའ་བཅུག་གོ་ཆ་བསྐོན་དབང་བསྐུར་སྒོམ་པའི་ཚེ་སྐུ་གསུང་ཐུགས་ཀྱི་ཁྲོ་བོ་སྤྲོ་དམ་ཚིག་གི་སྤྲོ་བསྡུ་བྱས་ནས་བཟླས། ཕན་ཡོན་ནི་ཁམས་གསུམ་གྱི་སྡིག་པ་ཟ་བ་དང༌། མཚམས་མེད་པ་ལྔ་བྱེད་པ་ཟ་བ་དང༌། སྡུག་བསྔལ་སྲིད་པ་སྤྱོད། བཀླགས་པས་འགྲུབ་པ་ཡིན་ནོ། །ལས་ལ་སྦྱོར་བའི་ཚེ་ན་གདུག་པ་ཅན་དང་གནོད་པ་ཅན་གྱི་ལིངྒ་བྱས་ལ། སངས་རྒྱས་ཀྱི་སྤྲུལ་པ་ཕོ་ཉ་སྤྲོས་ནས་མ་རུངས་པ་བཀུག་ནས། མིང་དང་བཅས་པའི་སྔགས་བཟླ་ཞིང་ཤ་ལྔ་བདུད་རྩི་ལྔ་ཟ་ཞིང་གཅེར་བུ་སྐྲ་གྲོལ་བ་ལུས་ཀྱི་སྤྱོད་པ་ལྕགས་ཀྱུ་དང་ཞགས་པ་ལག་པས་བཟུང་ནས་སྔགས་ཁྲི་ཕྲག་སྟོང་བཟླས་ན་ཁམས་གསུམ་པོ་ཡང་གསོད་པར་འགྱུར་རོ། །ཡང་ན་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་འཁོར་གྱིས་བསྐོར་བར་བསམས་ལ་ཐམས་ཅད་ཀྱང་རྡོ་རྗེ་མཁའ་འགྲོའི་ཁྲོ་བོ་དགྲ་བོའི་སྙིང་དུ་ཞུགས་ནས་སྙིང་དང་རྒྱུ་མ་ལ་སོགས་པ་དྲངས་ནས་ཟ་བར་བྱེད་པར་བསམས་ནས་ཞག་བདུན་གྱི་ཉི་མ་ཕྱེད་དང་མཚན་ཕྱེད་ན་ཁ་ལྷོར་བལྟས་ནས་ཚེར་མ་ཅན་གྱི་མེ་ལ་ཧཱུཾ་ཕཊ་རཾ་རཾ་ཞེས་བྱ་བའི་སྔགས་ཟློས་ཤིང༌། མར་ངོའི་བཅུ་བཞི་ལ་སྦྱིན་སྲེག་བྱས་ན་རྡོ་རྗེ་འཛིན་པ་བརྒྱ་བྱིན་ཡང་འཆི་བར་འགྱུར་རོ། །རང་ལ་འབངས་བྱས་སྐྱབས་སུ་སོང་ན་འོ་མ་ཅན་གྱི་ཤིང་ལ་ཞི་བའི་སྦྱིན་སྲེག་བྱ་བ་ནི་གོ་སླའོ། །ལེའུ་དྲུག་ཅུ་རྩ་ལྔ་པའི་འགྲེལ་པའོ།། །།

དྲུག་ཅུ་རྩ་དྲུག་པ། སྐྱེ་བ་བདུན་པའི་ཕྱུགས་ཆེན་སྒྲུབ་པའི་ལེའུའི་འགྲེལ་པ།


DTG018_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གལ་ཏེ་ཚེ་འདི་ལ་བསྙེན་པ་བྱས་ཀྱང་མ་གྲུབ་ན་རྟེན་འབྲེལ་གྱི་མཐུ་སྐྱེ་བ་བདུན་པའི་ཤས་འགྲུབ་པར་འགྱུར་ཏེ། དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་སྨོས་སོ། །སྐྱེ་བ་བདུན་པའི་མཚན་ཉིད་ནི། ལྷའི་གཟུགས་ཅན་ནི་རྟགས་དང་པོའོ། །སྙན་པར་སྨྲ་བ་གཉིས་པ། གསུམ་པ་བདེ་བར་གཤེགས་ལ་དགའ་བ། བཞི་པ་སྐྲ་རིང་པ། ལྔ་པ་མིག་དཀྱུས་རིང་བ། དྲུག་པ་མིག་པདྨ་ལྟ་བུ། བདུན་པ་རྡུལ་དྲི་ཞིམ་པ་དང༌། བརྒྱད་པ་གླང་པོའི་དྲི་ཡོད་པ། དགུ་པ་ག་བུར་གྱི་དྲི་ཡོད་པ། བཅུ་པ་བཤད་གཅི་གླ་རྩིའི་དྲི་ཡོད་པ། བཅུ་གཅིག་པ་ཚིག་འཇམ་པ། བཅུ་གཉིས་པ་ལག་པ་རྐང་པ་འཇམ་པ། བཅུ་གསུམ་པ་ཨུཏྤལའི་དྲི་ཡོད་པ། བཅུ་བཞི་པ་སྐྲ་དཀར་དང་གཉེར་མ་མེད་པ། བཅོ་ལྔ་པ་ལུས་མདངས་དང་ལྡན་པ། བཅུ་དྲུག་པ་སྙིང་དང་གླད་པ་ནི་གིའུ་ཝང་ཡོད་པ། བཅུ་བདུན་པ་གྲིབ་མ་བདུན་ཡོད་པ། བཅོ་བརྒྱད་པ་ངང་པའི་འགྲོས་སུ་འགྲོ་བ། བཅུ་དགུ་པ་སྙིང་རྗེ་ཅན། ཉི་ཤུ་པ་དཀོན་མཆོག་གསུམ་ལ་དད་པ། རྟགས་ཉི་ཤུ་རྩ་གཅིག་པ་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པ་དེ་ལྟ་བུ་རྣལ་འབྱོར་པས་རྟོགས་ན། དེ་ལ་ཕྱི་རྟགས་དུས་མ་ཡིན་པར་འཆི་བ་བརྒྱད་ཀྱིས་མི་ཚུགས་སེང་གེ་དང་སྟག་དང་སྦྱང་གིས་མི་ཟ་དེས་མཚན་མོ་མཐོང་ལ་ཉིན་མོ་མི་སྣང༌། དེ་ལྟ་བུ་རྟོགས་ནས་ཁྱོད་གྲོངས་ན་བདག་ལ་ཁྱེད་ཀྱི་ལུས་སྦྱིན་པར་མཛད་དུ་གསོལ་ཞེས་བླང་བར་བྱའོ། །དེ་ནས་རྣལ་འབྱོར་པས་བདུད་རྩི་ལྔ་ལྕགས་གསུམ་གྱིས་དཀྲིས་པ་ཁར་བཅུག་ནས་ཡབ་ཡུམ་གྱི་སྙིང་པོ་ལྷར་བསྐྱེད་དབང་པོ་སྦྱངས་ནས་ཉེ་བའི་སྙིང་པོ་འབུམ་བཟླས་ན་དེ་འཆི་བའི་ཚེ་རོ་ལག་ཏུ་བྱིན་ནས་མི་འཁྲུགས་པའི་ཞིང་ཁམས་སུ་སྐྱེའོ། །དེ་ནས་དབེན་པའི་གནས་སུ་ཁྱེར་ནས་བདུད་རྩིའི་བསྒྲུབ་པ་བྱས་ན་དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར་རོ། །སྐྱེ་བ་བདུན་སྐྲ་དང་དུད་འགྲོའི་སྤུ་བསྲེས་ནས་སྲད་བུ་བྱས་ནས་མགུལ་དུ་བཅིངས་ན་དེའི་གཟུགས་སུ་འགྱུར་རོ་ཞེས་བྱ་བ་ནས། དེའི་གི་ཝང་ཟོས་ན་ལུས་འདིར་རང་དང་ལྷན་ཅིག་ཏུ་ཁམས་གསུམ་གྱི་རྒྱལ་པོར་འགྱུར་རོ་ཞེས་བྱ་བ་ལས་ཚོགས་ལྔ་བཅུ་པ་ཡིན་ནོ། །ལེའུ་དྲུག་ཅུ་རྩ་དྲུག་པའི་འགྲེལ་བའོ།། །།

དྲུག་ཅུ་རྩ་བདུན་པ། བདག་ཉིད་ཆོས་ཀྱི་ཡི་གེ་ལས་བསྐྱེད་པའི་བྱིན་གྱིས་བརླབས་པའི་སྒོམ་པའི་ལེའུའི་འགྲེལ་པ།


DTG018_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྩ་བའི་རྒྱུད་རྣམས་ལས་ཞི་ཁྲོ་ཚང་བར་འགྱུར་བའི་ཕྱིར། ཞི་བའི་ལྷ་གང་དང་གང་ཡིན་ཤེས་པར་བྱ་བ་དང་དེ་ལ་མོས་པའི་ཆེད་དུ་ཞི་བ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་སྟོན་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་སྨོས་ཏེ། གོང་དུ་བསྟན་པའི་ཆོ་གས་སྔོན་འགྲོ་ལྔ་དང༌། འབྱུང་བ་བཞི་རི་རབ་སྣ་ཚོགས་རྡོ་རྗེར་གྱུར་པ་ལས་གཞལ་ཡས་ཁང་གི་དབུས་སུ་རང་གི་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ལས་དྲོད་གཤེར་སྐྱེས་ཀྱི་ལྷ་བདག་མེད་པའི་ཆོས་ཀྱི་སྣང་བ་བསྒོམ་མོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། རང་གི་ཆོས་ཀྱི་ཡི་གེ་ཧཱུཾ་ལས་ཡེ་ཤེས་ལས་སྐྱེས་པའི་ཆོས་ཀྱི་ལུས་སུ་འགྱུར། ཧེ་ལས་ནི་འབྲས་བུའི་ཧེ་རུ་ཀར་བསྒོམ་མོ། །ཧི་ལས་ཚོགས་པ་བསྒོམ་མོ། ཧཱུཾ་ལས་སྲུང་བའི་འཁོར་ལོའི་ཚེ་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་མོ། །ཧཱུཾ་ལས་ནི་ཚོགས་སོགས་པའི་ལྷ་མི་བསྐྱོད་པ་བསྒོམ་མོ། །བཾ་ལས་ནི་གཙོ་བོ་རྡོ་རྗེ་སེམས་དཔའ་བསྒོམ་མོ། །ཤར་སངས་རྒྱས་མཁའ་འགྲོ། །སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཡི་གེ་དང་བཞི་ལས་སྐྱེས་སོ། །ལྷོར་རིན་ཆེན་མཁའ་འགྲོ་ཡང་ཡི་གེ་བཞི་ལས་སྐྱེས། ནུབ་པདྨའི་མཁའ་འགྲོ་ཡང་ཡི་གེ་བཞི་ལས་སྐྱེས། བྱང་ལས་ཀྱི་མཁའ་འགྲོ་ཡང་སྐུ་གསུང་ཐུགས་ཡེ་ཤེས་བཞི་ལས་སྐྱེས་སོ། །ཡུམ་ལྔ་ནི་མིང་མཚན་གྱི་དང་པོ་ཡི་གེ་རེ་རེ་ལས་སྐྱེས་སོ། །བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་ཡི་གེ་ཧེ་རུ་ཀ་དང༌། མཾ་བཞི་ལས་སྐྱེས་སོ། །ཐོད་པའི་དུམ་བུ་ལ་སོགས་པ་སྒྱུ་འཕྲུལ་དྲ་བ་དང་སྦྱར་ན་འཇམ་པའི་རྡོ་རྗེ་ལ་སོགས་པའི་སེམས་དཔའི་མིང་ནི་གོ་སླའོ། །ལྷ་མོ་རབ་གཏུམ་མ་ལ་སོགས་པ་རྡོ་རྗེ་ཕོ་ཉ་མོ་ཞེས་བྱ་བ་ནས་རྡོ་རྗེ་འཇིགས་པ་ཞེས་བྱ་བའི་བར་དུ་སྔོན་གྲུབ་པའི་དཔའ་བོ་དང༌། ལྷ་མོའི་ཨོཾ་བར་དུ་མིང་ཐ་མར་ཧཱུཾ་ཕཊ་སྭཱ་ཧཱ་དང་བཅས་པ་སྙིང་པོ་དེ་ཉིད་ཀྱིས་དངོས་གྲུབ་སྩོལ་ལོ། །ཁྭ་གདོང་མ་ལ་སོགས་པ་བརྒྱད་ནི་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བརྒྱད་ཡིན་ཏེ། དཀར་མོ་ལ་སོགས་པའི་ལྷ་མོ་བརྒྱད་དང་གཉིས་སུ་མེད་པ་སྒོ་དང་མཚམས་ཁ་སྦྱར་གྱིས་གཞུག་པ་ཐོག་མར་ཨོཾ་བར་དུ་མིང་ཐ་མར་ཧཱུཾ་ཕཊ་སྭཱ་ཧཱ་དང་བཅས་པའི་སྙིང་པོ་ཡིན་ནོ། །མཚམས་ཀྱི་གཟུགས་རྡོ་རྗེ་མས་ཤར་ལྷོའི་བུམ་པ་གཟུང༌། སྒྲ་རྡོ་རྗེ་མས་ལྷོ་ནུབ་ཀྱི་བུམ་པ་གཟུང༌། དྲི་རྡོ་རྗེ་མས་ནུབ་བྱང་གི་བུམ་པ་གཟུང༌། རོ་རྡོ་རྗེ་མས་བྱང་ཤར་གྱི་བུམ་པ་གཟུང༌།


DTG018_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རེག་རྡོ་རྗེ་མས་གཙོ་བོ་རྡོ་རྗེ་སེམས་དཔའ་གཟུང༌། ཡུམ་ཆོས་ཀྱི་དབྱིངས་ལྔས་ཐབས་ཡེ་ཤེས་ལྔ་གཟུང་བ་ཡིན་ནོ། །ལས་ཀྱི་རྒྱལ་མཆོག་ནི་གོ་ཆ་བསྐོན་ཡེ་ཤེས་སེམས་དཔའ་གཞུག །དབང་བསྐུར་བདུད་རྩི་མྱང༌། བསྒོམ་པ་དང་བཟླས་པ་བྱའོ། །དེའི་དོན་ནི། ཡེ་ཤེས་སེམས་དཔའ་གཉིས་མེད་གཞུག །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །རྣལ་འབྱོར་མ་དབང་རྟོགས་པར་བྱ། །ཞེས་པ་ཡིན་ནོ། །རྒྱུད་འབུམ་པ་རིག་པའི་རྒྱ་མཚོ་ཞེས་གྲགས་པ་དེ་ལ་དཔའ་བོ་རྣམས་རྒྱས་པར་བཤད་པ། རྩ་བའི་རྒྱུད་འདིར་བསྡུས་པ་ཡིན་ནོ། །གཞུང་ལུགས་སྣ་ཚོགས་བཟང་པོ་འདི་ལ་བཤད་པའི་རྒྱུད་བཞི་ཡོད་དེ། རྡོ་རྗེ་མཁའ་འགྲོ་དང་སྒྱུ་མ་བདེ་མཆོག་དང༌། རྣལ་འབྱོར་མ་འབྱུང་བའི་རྒྱུད་དང་གསང་བའི་རྒྱུད་དོ། །ངེས་བརྗོད་བླ་མ་རྒྱུད་དེ་དག་གིས་རྩ་བའི་རྒྱུད་ཀྱི་མན་ངག་སེམས་ཅན་བསམ་པའི་ཁྱད་པར་གང་ལ་མོས་པ་རྗེས་སུ་གཟུང་བའི་ཕྱིར། གཞུང་ལུགས་སྣ་ཚོགས་ཀྱི་མན་ངག་གིས་སངས་རྒྱས་ཀྱི་བྱང་ཆུབ་སྟེར་རོ། །དབུས་ཀྱི་འཁོར་ལོ་ལ་རིགས་ལྔ་ཡབ་ཡུམ་བཅུ་ཐུགས་རྡོ་རྗེ་ཕྲེང་བས་བསྐོར། གསུང་པདྨའི་ཕྲེང་བས་བསྐོར། སྐུ་འཁོར་ལོའི་ཕྲེང་བས་བསྐོར་བའི་རིགས་ལྔ་དང་བྱང་ཆུབ་སེམས་དཔའ་དུ་མ་དང༌། ཁྲོ་བོ་བརྒྱད་དང༌། དཀར་མོ་ལ་སོགས་པ་བརྒྱད་ཀྱིས་ཕྱོགས་སྐྱོང་བརྒྱད་མནན་ནས་འཁོར་གྱི་མཆོག་དང་སྒོ་དང་མཚམས་སུ་དགོད་པར་བྱའོ། །སྐུ་མདོག་དང་ཕྱག་མཚན་རྒྱུད་ན་གསལ་བས་གོ་སླའོ། །ཉན་ཐོས་དང་རང་རྒྱལ་བའི་སངས་རྒྱས་དང་མུ་སྟེགས་ཅན་ལ་གསང་བ་དང༌། མཆོད་པ་དང་བསྟོད་པ་གཏོར་མ་གཏང་བ་བླ་མའི་ཞལ་ནས་སམ། རྨི་ལམ་དུ་རྣལ་འབྱོར་མའི་དྲིན་གྱིས་བསྟན་ནས། ལྷ་རྣམས་ཀྱི་རྣམ་དག་སུམ་ཅུ་རྩ་དྲུག་བསྒོམ་པ་དང༌། གནས་བཅུ་ས་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་རྟོགས་པ་དང༌། དང་པོ་སྦྱོར་བ་དཀྱིལ་འཁོར་རྒྱལ་མཆོག་ལས་རྒྱལ་མཆོག་གི་སྦྱོར་བ་གསུམ། རྣམ་པར་དག་པའི་དོན་དྲི་མ་མེད་པའི་མཆོག་བསྒོམ་པ་ནི་མཇུག་གི་སྔོམ་པ་ཡིན་ནོ། །ལེའུ་དྲུག་ཅུ་རྩ་བདུན་པའི་འགྲེལ་པའོ།། །།

དྲུག་ཅུ་རྩ་བརྒྱད་པ། བདག་འདུལ་བའི་མཆོད་པའི་ལེའུའི་འགྲེལ་པ།


DTG018_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི། རྒྱལ་བའི་དཀྱིལ་འཁོར་མཆོག་ཏུ་བཤད་བྱ་བ། །ཞེས་བྱ་བ་སྨོས་ཏེ། བདག་ཉིད་བསྒོམ་པའི་གོ་ཆའི་རིམ་པ་ཞེས་བྱ་བ་ནི། སྔོན་འགྲོ་ལྔ་དང་འབྱུང་བ་


DTG018_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་རི་རབ་སྣ་ཚོགས་རྡོ་རྗེར་གྱུར་པ་ལས་གཞལ་ཡས་ཁང་དེའི་ནང་དུ་སོ་སོར་འབྲང་མའི་གཟུངས་ལས་འབྱུང་བ་བཞིན་དུ། གཙོ་བོ་ཞལ་ལྔ་པ་ཕྱག་སུམ་ཅུ་རྩ་གཉིས་ལ། འཁོར་གྱི་ལྷ་མོ་མཱ་མ་ཀཱི་དང༌། སྤྱན་མ་དང༌། སྒྲོལ་མ་དང༌། གོས་དཀར་མོ་དང༌། འོད་ཟེར་ཅན་དང༌། རྨུག་འཛིན་མ་དང༌། སྐུལ་བྱེད་མ་དང༌། ས་འཛིན་མ་དང་བརྒྱད་ནི་ཞལ་བཞི་ཕྱག་བཅུ་གཉིས་པ་གཙོ་བོ་རྡོ་རྗེའི་སྐྱིལ་མོ་ཀྲུང༌། འཁོར་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསྒོམ་མོ། །ཡང་ན་རང་གི་མིང་ལས་བྱུང་བའི་ཁྲོ་བོ་བརྒྱད་ཤར་སྔོ་ལྷོ་སེར། ནུབ་དམར་བྱང་ལྗང་ཤར་ལྷོ་གང་།ལྷོ་ནུབ་དཀར། །ནུབ་བྱང་སེར། བྱང་ཤར་སྔོ་བ་སྣ་ཚོགས་པའི་གཟུགས་ཅན་མ་ཞལ་གཅིག་ཕྱག་གཉིས་པ་ཁྲོ་བའི་མཆོག་འབྱུང་པོ་འདུལ་བྱེད་ནི་དབུས་སུ་མིག་སྨན་སྔོན་པོའི་མདོག་ཅན་རྡོ་རྗེ་དང་སྡིགས་མཛུབ་ན་བཟའ་སྔོན་པོ་སྟག་གི་པགས་པའི་ཤམ་ཐབས་ཅན་སྤྲུལ་གྱིས་བརྒྱན་པ་མཉམ་པར་མ་བཞག་པའི་ཚེ་ཡང་ཞལ་གཅིག་ཕྱག་གཉིས་པ་བསྒོམ་པར་བྱའོ། །ཕྲ་བ་ནང་གི་རྡོ་རྗེ་ཅན་བསྒོམ་པ་ནི་སྙིང་གའི་ནུ་མའི་བར་དུ་ཁྲོ་བོ་དགུ། གནས་གསུམ་དུ་འཁོར་ལོ་གསུམ་གྱི་ལྷས་འགྲོ་བ་གསུམ་པོ་དག་པར་བྱས་པ་ནི་མཆོད་པ་དང་པོའོ། །གང་གི་རྡོ་རྗེའི་སྦྱོར་བས་འདོད་པའི་ཡོན་ཏན་ལྔའི་རྡོ་རྗེས་མཆོད་པ་ནི་གཉིས་པའོ། །མཆོད་པ་ལྔ་མེ་ཏོག་དང་བདུག་པ་ལ་སོགས་པས་མཆོད་པ་ནི་གསུམ་པའོ། །སྟོང་པ་ཉིད་བཞི་ཡུམ་བཞི་མཉམ་པ་ཉིད་ཀྱི་མཆོད་པ་ནི་བཞི་པའོ། །ཡེ་ཤེས་སེམས་དཔའ་གཞུག་པ་དང༌། གོ་ཆ་བགོ་བ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱང་བ་དང༌། གཏོར་མ་གཏང་བ་ནི་ཁ་བསྐང་ངོ༌། །ལེའུ་དྲུག་ཅུ་རྩ་བརྒྱད་པའི་འགྲེལ་པའོ།། །།

དྲུག་ཅུ་རྩ་དགུ་པ། བདག་འདུལ་བའི་མཆོད་པའི་ལེའུའི་འགྲེལ་པ།


DTG018_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷའི་འཁོར་ལོ་སྔར་བཤད་པ་རྒྱུད་འབུམ་པ་ལས་སྔགས་དང་དེ་ཉིད་རྒྱས་པར་བསྟན། རྒྱུད་འདིར་མདོར་བསྟན་པའི་ལྷའི་འཁོར་ལོ་ནི་དོན་དམ་པ་མ་ཡིན། གལ་ཏེ་དོན་དམ་པའི་ཤེས་པ་སྐྱེས་ན་སྟོན་པ་པོ་དང་བསྟན་པ་ལྷའི་འཁོར་ལོ་ཡང་མེད་དོ། །འོ་ན་སུའི་དོན་དུ་བསྟན་ཞེན། འཁོར་བ་འདིར་སྒྱུ་མ་སྡུག་བསྔལ་ཅན་གྱིས་སྐྱེས་པ་ལ་ལྷ་ཉི་ཤུ་རྩ་བཞིའི་འཁོར་ལོ་གནས་དང་བཅས་པ་སྒྱུ་མ་ཅན་བསྟན་པ་དོན་དམ་པའི་བདེན་པར་


DTG018_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་མ་ཡིན་ནོ། །གལ་ཏེ་དོན་དམ་པར་མེད་ན་ལྷའི་འཁོར་ལོ་འཁྲུལ་པས་ཅི་ཞིག་བྱ། འོན་ཏེ་དོན་དམ་པའི་ཡེ་ཤེས་ལ་རྣམ་པ་ལྷའི་འཁོར་ལོ་ཡོད་ན་འཁྲུལ་པ་ཅི་ཡོད་ཅེ་ན། གནས་དང་ཉེ་བའི་གནས་ལ་སོགས་པས་སྒྱུ་མ་སྡུག་བསྔལ་ཅན་སྤངས་ནས་སྒྱུ་མ་བདེ་བ་དྲི་མ་མེད་པར་འགྱུར་རོ། །ཡང་དོན་དམ་པའི་བསྒོམ་པ་མི་ནུས་པ་འདོད་པའི་ཡོན་ཏན་ལྔ་ལ་བག་མད་པར་སྤྱོད་པའི་མི་ལ་ཐམས་ཅད་ལྷའི་འཁོར་ལོ་བྱས་ནས་གནས་འདི་བསྒྲགས་པར་བྱའོ། །ངས་དཀྱིལ་འཁོར་གྱི་འཁོར་ལོ་དུ་མ་བཤད་པ་ནི། སེམས་ཅན་བསམ་པ་སྣ་ཚོགས་ཡོད་པས་བསམ་གཏན་གྱི་བདེ་བར་བསྒོམ་པའི་ཕྱིར་ལྷའི་འཁོར་ལོ་བཤད་དོ། །རྣལ་འབྱོར་པ་ཕྱི་རོལ་གྱི་ཞིང་རྨོ་བ་དང༌། ཚོང་བྱ་བ་དང༌། ཕྱུགས་བསྐྱང་བ་དང༌། སྤྱོད་ལམ་རྣམ་བཞི་སྡུག་བསྔལ་བས་ཁམས་ཟད་པར་འགྱུར་བ་ལ་དེ་སྤངས་ནས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་འགྲོ་བ་རིགས་དྲུག་ལྷའི་འཁོར་ལོ་འདོད་པའི་ཡོན་ཏན་ལྔས་མཆོད་པའི་རོལ་པས་གནས་པའི་རྣལ་འབྱོར་ཅན། དེ་ལ་སངས་རྒྱས་ཀྱི་སྤྱན་ལྔས་གཟིགས་ནས་ཅི་འདོད་པའི་དངོས་གྲུབ་མཐའ་ཡས་བའི་དངོས་གྲུབ་སྩོལ་ལོ། །དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་བསོད་ནམས་ཀྱི་ཚོགས་བསྒོམ་པ་བཤད་ནས། བརྟན་པ་ཐོབ་པའི་རྣལ་འབྱོར་པ་དེས་རྗེ་བཙུན་གྱི་ཡེ་ཤེས་ལ་འབད་དེ་བསྒྲུབ་པར་བྱའོ། །ཇི་ལྟར་བྱ་ཞེ་ན། ལྷ་སྣ་ཚོགས་ཀྱི་མཛད་པ་དང་ལྡན་པའི་ལུས་པོ་ལྷའི་ཆད་བྱད་བྱ། གང་ཡང་རུང་བའི་ཁ་ཟད་བདུད་རྩིར་བསམ། ཉལ་བ་གཅེར་བུའམ་མ་ཉལ་བ་གོས་དང་བཅས་པ་རང་གི་ལྷའི་རྣམ་པའི་ང་རྒྱལ་བྱ། ལྐུགས་པ་བཞིན་དུ་མི་སྨྲ་བར་བཟླས་པ་བྱས་ན་ཟླ་དྲུག་གིས་ལྷ་གང་འདོད་པ་གསལ་བར་འགྱུར་རོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱོད་པ་དང་རྟུལ་ཞུགས་བཤད་ནས། ཕན་ཡོན་གྱི་མངོན་པར་ཤེས་པ་སྐྱེས་ནས་པདྨའི་རྫིང་བུ་ལྟ་བུའི་རྣལ་འབྱོར་པ་ལ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ངང་པའི་ཚོགས་བཞིན་དུ་འདུ་བ་དང༌། ཡིད་མིག་འཕྲུལ་མཁན་སྒྱུ་མཁན་ལྟར་འགྲོ་བའི་དོན་བྱེད་པའི་རྡོ་རྗེ་འཛིན་པ་འཁོར་དང་བཅས་པ་མངོན་སུམ་དུ་མཐོང་བར་ཐེ་ཚོམ་མེད་དོ། །ཕན་ཡོན་བཤད་ནས། གདམས་ངག་སྟོན་པ་ནི་མངོན་པར་འདོད་པའི་


DTG018_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་འདི་ལ་ངེས་པར་སྣ་གཏད་ནས་དད་པ་སྐད་ཅིག་ཙམ་བཤད་པ་ཉན་པས་སེམས་དགའ་བར་གྱིས་ཤིག་ཅེས་གསོལ་བ་འདེབས་སོ། །དཀྱིལ་འཁོར་ལྔ་བཅུ་རྩ་དྲུག་གི་ཐམས་ཅད་ལྡན་པའི་ཚེ་རྡོ་རྗེ་དྲག་པོ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པའི་སྙིང་གར་སྔགས་བཀོད་པ་ལ་འོད་ཟེར་ལྕགས་ཀྱུ་ལྟ་བུའི་སྦྱོར་བས་ལུས་ཀྱི་དཀྱིལ་འཁོར་སྔགས་ལ་བསྡུས་ནས་སྔགས་ཆོས་ཀྱི་དབྱིངས་སེམས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་བརྟག་གོ །རང་གི་ཆོས་ཀྱི་ཡི་གེ་གོ་ཆ་དྲུག་གིས་སྐྱེ་མཆེད་དྲུག་གཟུང་འཛིན་དང་བྲལ་བར་བསྒོམ་མོ། །ཇི་ལྟར་ལྷའི་འཁོར་ལོ་རྟག་པའི་སྙིང་གར་བསྡུས་ནས། ཐུན་མཚམས་སུ་ཞལ་གཅིག་ཕྱག་གཉིས་པ་གཞན་གྱི་གཟུགས་སུ་བསྒོམ་པར་བྱའོ། །སེམས་ཡིད་གཏི་མུག་པ་མོས་པ་མཐའ་ཡས་པ་ལ་གཟུགས་སྣ་ཚོགས་སུ་བསྟན་པར་བལྟ་བར་བྱའོ། །ལེའུ་དྲུག་ཅུ་རྩ་དགུ་པའི་འགྲེལ་པའོ།། །།

བདུན་ཅུ་པ། གསང་བའི་ཡང་གསང་བ་བདེ་མཆོག་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐེ་ཚོམ་མེད་པར་དེ་ཁོ་ན་སྒོམ་པ་བསྟན་པའི་ལེའུའི་འགྲེལ་པ།


DTG018_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་བཞིན་མེད་པའི་ཆོས་རྣམ་ཞེས་པའི་ཚིགས་བཅད་གཅིག་ནི་རྒྱུད་བརྗོད་བྱའོ། །རྒྱུད་རྫོགས་པ་ཡིས་སྦྱོར་བ་ཡིན། །ཞེས་པ་ཚིགས་བཅད་གཅིག་གིས་ནི་རྒྱུའི་རྒྱུད་ལ་རྗེས་སུ་ཡི་རངས་ཤིང་བསྟོད་པའོ། །སངས་རྒྱས་བྱང་ཆུབ་དཀའ་དྲིན་མཆོག །ཅེས་པའི་ཚིགས་བཅད་ཕྱེད་ནི་ཐབས་ཀྱི་རྒྱུད་ལ་བསྟོད་པའོ། །སྒྲུབ་པའི་བླ་མའི་བླ་མ་སྟེ། །ཞེས་པའི་ཚིགས་བཅད་གཉིས་ནི་འབྲས་བུའི་རྒྱུད་ལ་བསྟོད་པའོ། །ལེགས་སོ་རྡོ་རྗེའི་བླ་མ་ཀུན། །ཞེས་པ་ཚིགས་བཅད་གཅིག་གིས་རྒྱུད་འབུམ་པ་འཆད་པའི་གཙོ་བོ་དང་འཁོར་ལ་བསྟོད་པའོ། །ལེའུ་བདུན་བཅུ་པའི་འགྲེལ་པའོ།། །། རྩ་བའི་རྒྱུད་ཆེན་པོ་མན་ངག་ཐམས་ཅད་མངོན་ཞིང་ངེས་པར་བརྗོད་པའི་རྒྱུད་ཀྱི་འགྲེལ་པ་པ་སློབ་དཔོན་ཤཱུ་རཾ་ག་བཛྲས་མཛད་པ་རྫོགས་སོ།། །།བཅོམ་ལྡན་འདས་བདེ་བ་ཆོག་གི་རྒྱུད་འབུམ་པ་ཆེན་པོའི་གདམས་ངག་དེ་ཁོ་ན་ཉིད་ཚང་བར་བསྡུས་པ་མན་ང་ཐམ་ཅད་ཀྱི་སྙིང་པོ་ངེས་པར་བརྗོད་པའི་རྒྱུད་བླ་མའི་ཡང་བླ་མ་ཞེས་བྱ་བའི་འགྲེལ་པ། བདེ་མཆོག་འབུམ་པའི་དེ་ཁོ་ན་ཉིད་ངེས་པར་བྱེད་པ་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཞེས་བྱ་བ་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་འཕགས་པ་ཤེས་རབ་ཀྱིས་ཛྙཱ་ན་ཤྲཱི་མི་ཏྲའི་གསུང་ཇི་ལྟ་བ་བཞིན་དུ་བསྒྱུར་བའོ།། །།


previousརྩ་བའི་རྒྱུད་ཀྱི་སྙིང་པོ་འདུས་པ་ངེས་པར་བརྗོད་པའི་རྒྱུད་བླ་མ་རྩ་བ་རྩ་བའི་འགྲེལ་པ། ཤཱུ་རཾ་ག་བཛྲ།no next