Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་དགུ་པ།


  expand section
  expand section
  collapse section
དཔལ་རྡོ་རྗེ་མཁའ་འགྲོ་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བརྟན་པར་བྱེད་པ་ཞེས་བྱ་བའི་དཀའ་འགྲེལ།  ནོར་བཟངས།
   
   
   
   
   
   
   
   
   
   
   
   
  expand section


 
previousདཔལ་རྡོ་རྗེ་མཁའ་འགྲོ་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བརྟན་པར་བྱེད་པ་ཞེས་བྱ་བའི་དཀའ་འགྲེལ། ནོར་བཟངས།next

དཔལ་རྡོ་རྗེ་མཁའ་འགྲོ་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བརྟན་པར་བྱེད་པ་ཞེས་བྱ་བའི་དཀའ་འགྲེལ།
ནོར་བཟངས།

དང་པོ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དང་པོའི་གསང་བའི་བཤད་པ།


DTG019_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀ་ཏནྟྲ་སྱ་ཏཏྟྭ་སུ་སྠི་ར་ནཱ་མ་པཉྫི་ཀཱ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོ་རྒྱུད་ཀྱི་དེ་ཁོན་ཉིད་རབ་ཏུ་བརྟན་པར་བྱེད་པ་ཞེས་བྱ་བའི་དཀའ་འགྲེལ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་གོང་ན་མེད་པའི་དེ་ཁོན་ཉིད་རྟོགས་པར་བྱ་བའི་ཕྱིར་གསང་བ་ལ་སོགས་པའི་ཚིག་རྣམས་ཀྱི་ནང་དུ་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་འདུས་པ་བསྟན་པ་ཡིན་ཏེ། རྒྱུ་དེས་ན་སྡུད་པར་བྱེད་པས་ཀྱང་དེ་ལྟར་རིམ་པ་བཞིན་དུ་གསུངས་ཏེ། གང་གི་ཕྱིར་འདིར་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་འདིའི་སྡུད་པ་པོར་འགྱུར་བས་སོ། །ཡང་ན་བརྡའི་དབང་གིས་གསང་བ་ལ་སོགས་པའི་ཚིག་གིས་སེམས་ཀྱི་དོན་བསྟན་པ་ཡིན་ཏེ། སྒྲ་རྣམས་ཀྱི་སྦྱོར་བའི་རང་བཞིན་ཅན་གྱི་ནུས་པ་གཙོ་བོ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་འདི་སྐད་བདག་གིས་ཞེས་པ་ཉེ་བར་སྦྱར་ཞེ་ན། གང་གི་ཕྱིར་གསང་བ་འདུས་པ་ལ་སོགས་པར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་ངེས་པ་བསྟན་པ་དེའི་ཕྱིར་དྲང་བའི་དོན་དང་ངེས་པའི་དོན་གྱི་རིམ་པས་ཀླད་དུ་ཨེ་བཾ་གྱི་དོན་བསྟན་པ་ཡིན་ནོ། །གཞན་དུ་མདོ་སྡེའི་སྡེ་སྣོད་ལ་སོགས་པའི་ཆོས་ཐམས་ཅད་དུ་དེ་ལྟར་མཐོང་བ་དང་འགལ་ལོ། །དེས་ན་འདི་སྐད་བདག་གིས་ལ་སོགས་པ་ཇི་ལྟར་སྦྱར་མོད་ཀྱི། འོན་ཀྱང་དོན་དུ་མ་དང་ལྡན་ཏེ། སངས་རྒྱས་མཉམ་སྦྱོར་ལ་སོགས་པའི་རྣལ་འབྱོར་གྱི་རྒྱུད་དང༌། རྡོ་རྗེ་མཁའ་འགྲོ་མ་རྡོ་རྗེའི་གུར་ལ་སོགས་པའི་རྣལ་འབྱོར་མའི་རྒྱུད་རྣམས་སུ་བསྟན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་མ་གྲུབ་པ་ལ་སྒྲུབ་པའི་ཉེས་པ་འཇུག་པར་འགྱུར་རོ། །གལ་ཏེ་འདིར་ཡང་གྲུབ་པ་སྒྲུབ་པར་གསུངས་པ་ལ་གང་གིས་བཟློག་པར་བྱ། ཤེས་རབ་ཅན་རང་ཉིད་ཀྱིས་ཤེས་པར་བྱ་སྟེ། བརྡའི་དོན་ཅིའི་ཕྱིར་བྲི་པར་མི་བྱ། དེའི་ཕྱིར་འདི་ལ་ཉེས་པ་མེད་དོ། །འགྲོ་བ་མཐའ་དག་དང་ཐུན་མོང་མ་ཡིན་པའི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་གཡོ་བ་མེད་པ་ཡོངས་སུ་ཤེས་པར་བྱ་སྟེ། བླ་མ་བརྒྱུད་པའི་རིམ་པའི་མན་ངག་གིས་རང་གི་ངོ་བོ་རྟོགས་པ་འབའ་ཞིག་ཏུ་བྱའོ། གཞན་ཉམ་ཐག་པས་ཅི་ཞིག་བྱ། ཡང་ན་དགོས་པ་ལ་སོགས་པ་འདོད་པ་ལ་སྒྲ་གཙོ་བོའི་དོན་ལ་འདའ་བ་རིགས་པ་མ་ཡིན་ནོ། །འདིར་གསང་བ་བསྟན་པར་བྱ་བ་ལ་སྒྲ་གཙོ་བོར་གྱུར་པའི་ཚེ་སྡུད་པར་བྱེད་པས་ཀྱང་རིགས་


DTG019_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་རྙེད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་གསུང་རབ་རྣམས་ལ་འདི་སྦྱར་བར་བྱའོ། །དེས་ན་འདིར་ཡང་འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་མཚན་ཉིད་དང་པོར་སྦྱར་བ་འཐད་པ་ཡིན་ནོ། །དེ་ལྟར་དོན་ཅི་ཡང་རུང་བ་ལེགས་པར་སྦྱར་བ་དེ་ལྟར་ཡང་ཐེ་ཚོམ་ཟ་བ་མ་ཡིན་ཏེ། སྡུད་པར་བྱེད་པ་ཉིད་ཀྱིས་ཐོས་པའི་བཤད་པའི་ཁྱད་པར་གསུངས་པས་ཐེ་ཚོམ་ཟ་བའི་མཚན་ཉིད་ཅི་ཡང་མེད་པ་ཡིན་ནོ། །འདིར་རིགས་པ་ལ་རྟོགས་བཞིན་པས་ནི་གཞུང་རྒྱས་པར་འགྱུར་བས་དོན་མེད་ཅིང་ཉམ་ཐག་པར་ཅི་ཞིག་བྱ། ཇི་ལྟར་ཡང་བཅོམ་ལྡན་འདས་ཀྱིས་འདིར་སྦས་པ་ནི་ཡོད་པ་སྟེ། འདིར་སྦས་པ་ཡོད་པ་དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། །དེ་བརྗོད་པར་བྱ་སྟེ། བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པའི་ཨེ་ལ་སོགས་པའི་གསང་བ་ནི་སེམས་ཅན་གྱི་བསམ་བའི་དབྱེ་བས་དེ་དང་དེ་རུ་སྦས་པ་ཡིན་ནོ། །དེ་བས་ན་ཤིན་ཏུ་གསང་བ་ཉིད་ནི་དེ་བཞིན་གཤེགས་པས་བསྟན་པར་བཞེད་པ་ཡིན་ནོ། །དེ་ཤེས་པར་འདོད་ན་ཤེས་རབ་ཆེན་པོས་ནན་ཏན་དུ་བྱ་བར་འོས་སོ། །དེས་ན་ལུང་ནི་འདི་དག་ཐམས་ཅད་དང་ལྡན་པ་སྟེ། འདིར་ཇི་ལྟ་བ་བཞིན་དུ་སྦས་པ་དེ་དོན་དང་མི་འགལ་བར་བསྟན་པར་བྱའོ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་ཀུན་དངོས་སེམས་དཔའ་སྟེ། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །སྒྲ་ཡི་ཚུལ་ལས་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཞེས་པ་ལས། གསང་བའི་སྒྲ་ལས་ནི་ཨེའོ། །ཐམས་ཅད་བདག་ཉིད་ཀྱི་སྒྲ་ལས་ནི་བའོ། །མཆོག་གི་སྒྲ་ལས་ནི་ཐིག་ལེའོ། །མཁའ་འགྲོ་མའི་རང་བཞིན་གྱི་སྒྲ་ལས་ནི་མཱ་ཡའོ། །ཡང་ཐམས་ཅད་བདག་ཉིད་ཀྱི་སྒྲ་ལས་ནི་ཨཱོ། །འདི་ཉིད་ཀྱི་ར་དང་ལྡན་པ་དང་མཱ་ཡའི་ཚེག་དྲག་ལས་ཡི་གེ་ཤར་བྱས་ཏེ་སྦྱར་བ་དང༌། སེམས་དཔའ་རྡོ་རྗེ་མཁའ་འགྲོའི་སྒྲ་ལས་ཨུའོ། །ཐམས་ཅད་བདག་ཉིད་ཀྱི་སྒྲ་ལས་ཏའོ། །འདི་ཉིད་ཀྱི་ཡང་མའོ། །གཅིག་པུ་ཉིད་ཀྱི་སྒྲ་ལས་ཨེ་ཀའོ། །ཐམས་ཅད་བདག་ཉིད་ཀྱི་སྒྲ་ལས་སའོ། །མཆོག་གི་སྒྲ་ལས་མའོ། །ཐམས་ཅད་བདག་ཉིད་སྒྲ་ལས་ཨིའོ། །ཡང་འདི་ཉིད་ཀྱི་སྒྲ་ལས་ནའོ། །དམ་ཚིག་གི་སྒྲ་


DTG019_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་མཱ་ཡའོ། །མཆོག་གི་སྒྲ་ལས་ཨེ་གཟུང་ངོ༌། །དེས་ན་དོན་ནི་འདི་ཡིན་ཏེ། ཨེ་བཾ་མཱ་ཡ་ཤྲུ་ཏཾ་ཡེ་ཀ་སྨིན་མ་ཡེ་ཞེས་སོ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །སྒྲ་ཡི་ཚུལ་ལས་དེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཞེས་ཏེ། དེ་ཉིད་ཀྱིས་ནི་ཁྱད་པར་དུ་བྱ་བ་དང་ཁྱད་པར་དག་གཅིག་ཏུ་གྱུར་པ་དེ་ཉིད་ཀྱི་དོན་གསལ་བར་བྱས་པས་ནི་ཐམས་ཅད་ལེགས་པར་གནས་པ་ཡིན་ནོ། །ཡང་ན་འདིར་ཁྱད་པར་གཞན་ཡང་ཡོད་པར་བསྟན་ཏེ། གསང་བ་ལ་སོགས་པའི་ཚིག་རྣམས་ལ་ཁམས་བཅུ་དྲུག་ཏུ་སྦྱར་བ་དང༌། ཁ་སྦྱོར་ལ་སོགས་པར་གང་བསྟན་པ་དེ་ཡང་གཏན་ལ་དབབ་པར་བྱ་བ་དང༌། ཡི་གེ་བཅུ་དྲུག་པོས་དེའི་དོན་མདོར་བསྡུས་པ་དང༌། ཡང་ན་སྟོང་པ་ཉིད་བཅུ་དྲུག་ཏུ་བསྟན་པ་དང༌། མཆོག་ཏུ་གཏན་ལ་དབབ་པ་རྣམས་སྡུད་པ་པོས་འཆད་པར་འགྱུར་པའི་རྒྱུད་མཐའ་དག་གི་དོན་ཐུགས་ལ་བཞག་སྟེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཚེ་གང་གིས་གང་ལས་ཞེས་པའི་དྲི་བ་ལྔས་ནི་གླེང་གཞི་བསྟན་ཏེ། གང་གི་ཚེ་བཅོམ་ལྡན་འདས་ཨེ་བཾ་གྱི་རྣམ་པའི་ཆོས་ཀྱི་འབྱུང་གནས་ཀྱི་ཁང་བ་བརྩེགས་པའི་དབུས་སུ་བཞུགས་པ་སྟེ། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ནི། །ཞེས་པའི་གསང་བར་སྤྱོད་པ་དང་སྤྱོད་ཡུལ་བྱེད་ཅིང་རྗེས་སུ་སྒྲུབ་པ་སྟེ། ལུང་ལ་ནི་རྟགས་དང་སྒྲའི་མཚན་ཉིད་རང་དབང་མ་ཡིན་པར་རིགས་སོ། །དེས་ན་གནས་དེར་འཁོར་རྣམས་ཀྱིས་ཡོངས་སུ་བསྐོར་བའི་རྡོ་རྗེ་མཁའ་འགྲོ་ལས་དེའི་ཚེ་ཐོས་སོ། །ཐོས་པ་ནི་ཁོང་དུ་ཆུད་པའོ། །རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་འོ་། །མཁའ་འགྲོ་ནི་འགྲོ་བའི་དོན་དང་ལྡན་པ་ཉིད་ཀྱི་ཕྱིར་ཏེ། སྐད་ཀྱི་བྱིངས་རྣམས་ནི་དོན་དུ་མ་དང་ལྡན་པ་ཉིད་ཀྱི་ཕྱིར་བཞུགས་ཞེས་བྱ་བའི་ཡང་དོན་ཏོ། །དུས་གཅིག་ནི་དུས་གཅིག་གི་ཚེའོ། །དུས་གཞན་མ་ཡིན་ཞིང་ད་ལྟའི་དུས་ན་ཞེས་པའི་དོན་ཏོ། །འདིས་ནི་སྡུད་པ་པོས་བདག་ཉིད་ཐོས་པ་མང་བ་དང་ལྡན་པ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་བའི་བདེ་བ་རྙེད་ཅེས་པའི་དོན་ཏོ། །དོན་ནི་


DTG019_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོམ་ལྡན་འདས་ཀྱི་དྲུང་དུ་ཐོས་ཞེས་པའི་ཐ་ཚིག་གོ །འདི་དག་གིས་ནི་སྟོན་པ་དང་གནས་ཕུན་སུམ་ཚོགས་པ་དང༌། རྗོད་པ་དང༌། བརྗོད་པར་བྱ་བ་དང༌། དགོས་པ་དང༌། དགོས་པའི་དགོས་པ་རྣམས་བསྟན་པ་ཡིན་ནོ། །སླར་ཡང་གསང་བ་ལ་སོགས་པའི་ཚིག་ཁྱད་པར་དུ་དབྱེ་སྟེ། གསང་བ་མཆོག་གི་དགྱེས་པའི་ཁྱད་པར་ཇི་ལྟ་བ་ཡིན་ཞེ་ན། ཉན་ཐོས་ལ་སོགས་པ་ལ་སྦས་པ་ཉིད་ཀྱི་ཕྱིར་གསང་བའོ། །མཆོག་ནི་ཕུལ་དུ་བྱུང་བའོ། །དགྱེས་པ་ནི་ཤིན་ཏུ་ཡིད་དགའ་བར་བྱེད་པའོ། །མཆོག་ཀྱང་ཡིན་ལ་དགྱེས་པ་ཡང་ཡིན་པས་ན་མཆོག་དགྱེས་སོ། །གསང་བ་དང་མཆོག་ཏུ་དགྱེས་པ་ནི་གསང་བ་མཆོག་དགྱེས་ཏེ་ཁྱད་པར་བསྡུ་བའོ། །དེར་རྟག་ཏུ་བཞུགས་པ་ནི་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཉིད་ཁོང་དུ་ཆུད་པའོ། །རྟག་ཏུ་བཞུགས་པ་ནི་དུས་ཐམས་ཅད་དུ་བཞུགས་ཞེས་པའི་དོན་ནོ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་པ་ནི། ཐམས་ཅད་སྐུ་དང་གསུང་དང་ཐུགས་ལས་ཡང་དག་པར་འབྱུང་བ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཁྱབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་སེམས་ཅན་རྣམས་ཀྱི་དོན་ལ་ཤིན་ཏུ་བརྩོན་པའི་མཁའ་འགྲོ་མ་རྣམས་སོ། །དེ་རྣམས་ཀྱི་སེམས་དཔའ་ནི་སྲོག་ཏུ་གྱུར་པ་སྟེ། སྙིང་རྗེའི་རང་བཞིན་གྱི་ཕྱིར་རོ། །མཆོག་ཏུ་བདེ་བ་ནི་བླ་ན་མེད་པའི་བདེ་བ་སྟེ། འགྲོ་བ་མཐའ་དག་གི་ཡིད་ལ་རེ་བ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདི་ནི་རང་བྱུང་ཞེས་པ་ལ། རང་བྱུང་བར་གྱུར་པས་རང་བྱུང་ངོ། །ཡང་ན་གང་གི་སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་བདེ་བ་ལ་གོམས་པས་རང་སྐྱེ་བར་འགྱུར་ཞིང༌། སེམས་ཅན་དེ་ལྟ་བུར་གྱུར་པ་འབྱུང་བར་འགྱུར་བས་ན་རང་བྱུང་ངོ༌། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །ཞེས་པ་ནི་ལྷ་ལས་ལྷག་པའི་ལྷ་སྟེ། མཆོག་ཏུ་བཙུན་པར་རྟོགས་པའི་ཕྱིར་དང༌། གདུལ་བྱའི་སེམས་ཅན་སྣ་ཚོགས་པའི་སྤྱོད་པའི་འཇིག་རྟེན་གྱི་ཁམས་སུ་འཁྲུངས་པའི་ཕྱིར། དེས་ན་བཅོམ་ལྡན་འདས་ཉིད་ལྷག་པའི་ལྷའོ། །བཅོམ་ལྡན་འདས་ཞེས་པ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་སྦྱོར་བའམ། ཉོན་མོངས་པ་ལ་སོགས་པའི་བདུད་བཅོམ་པའམ།


DTG019_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་ན་ཤེས་རབ་ཀྱིས་ཉོན་མོངས་པ་འཇོམས་པ་སྟེ། དེའི་ཕྱིར་ཤེས་རབ་ལ་འཇོམས་པ་ཞེས་བྱ་སྟེ། གང་དེ་ཡོད་པ་དེ་ནི་བཅོམ་ལྡན་འདས་ཞེས་བྱའོ། །སྒྲའི་ཚུལ་ལས་ངེས་འབྱུང་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་རང་བཞིན་སྒྲའི་ཚུལ་གྱི་ཧཱུཾ་གི་ཡི་གེའི་རང་བཞིན་སྔགས་དང་ལྷ་དག་དབྱེར་མེད་པ་ལས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ། སྐུ་གསུམ་གྱི་རང་བཞིན་གྱིས་འགྲོ་བ་གདུལ་བའི་ཕྱིར་རོ། །སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་ཏེ། ཐམས་ཅད་དུ་སོན་པའི་རང་བཞིན་ཉིད་ཀྱིས་དེ་ལྟར་ཐམས་ཅད་ངེས་པར་འབྱུང་བར་བྱེད་པའི་དོན་ཏོ། །ཡང་ན་མངོན་པར་རྟོགས་པའི་རིམ་པ་བསྟན་པ་ཉིད་དོ། །ད་ནི་གསང་བའི་མཆོག་གི་དགྱེས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཁྱད་པར་དུ་བྱ་སྟེ། རྟག་ཏུ་ནི་དུས་ཐམས་ཅད་དུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའོ། །འགྲོ་ཞིང་འབྱུང་བས་ན་རྡོ་རྗེ་མཁའ་འགྲོ་སྟེ། ད་ནི་ནམ་མཁར་འགྲོ་བ་སྟེ། སངས་རྒྱས་ཁམས་སུ་རྣམ་པར་བསྟན། །ཞེས་གསུངས་སོ། །རྡོ་རྗེ་ནི་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་ཕྱིར་ཡེ་ཤེས་དང་དམ་ཚིག་ཉིད་དོ་ཞེས་པའམ། ཡང་ན་རྡོ་རྗེ་མཁའ་འགྲོའི་སྒྲས་ཀླ་ཀློའི་སྐད་དུ་བསྟན་པའི་ཕྱིར། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་པའི་རྣམ་པར་ཐར་པ་བཞི་དང་ལྡན་པ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཞལ་བཞི་པར་འབྱུང་བར་འགྱུར་བའི་དོན་ཏོ། །གང་དུ་གནས་ཞེས་གསུངས་པ་ལས་གསང་བ་སྟེ། ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། མཆོག་སྟེ་ཕུལ་དུ་བྱུང་བའོ། །སླར་ཡང་ཁྱད་པར་དུ་བྱ་སྟེ། དགྱེས་པ་ནི་དགའ་བ་ལ་སྦྱོར་བའོ། །ཐམས་ཅད་བདག་ཉིད་ནི་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སོན་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཡང་ན། གསང་བས་ཡི་ཁམས་ཡིན་ཏེ། །མཆོག་ནི་ཆུ་ཡི་ཁམས་ཡིན་ནོ། །དགྱེས་པ་མེ་ཡི་ཁམས་ཡིན་ཏེ། །ཐམས་ཅད་བདག་ཉིད་རླུང་གི་ཁམས། །རྟག་ཏུ་ཞུགས་པ་ནམ་མཁའི་ཁམས། །ཡང་ན་རྡོ་རྗེ་སེམས་དཔའ་དང༌། །བདེ་བར་གཤེགས་ལྔའི་རང་བཞིན་ཉིད། །གསང་བ་རྣམ་པར་སྣང་མཛད་དེ། །མཆོག་ནི་རིན་ཆེན་འབྱུང་ལྡན་ནོ། །དགྱེས་པ་འདོད་དཔག་མེད་ཡིན་ཏེ། །ཐམས་ཅད་བདག་ཉིད་དོན་ཡོད་གྲུབ། །རྟག་ཏུ་མི་བསྐྱོད་པ་ཡིན་ཏེ། །བཞུགས་


DTG019_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་རྡོ་རྗེ་མཁའ་འགྲོའོ། །ཡང་ན་དགའ་ལ་སོགས་པ་ནི། །བཞི་ཡི་རིམ་པ་ཇི་བཞིན་ནོ། །ཡང་ན་སྣ་ཚོགས་ལ་སོགས་པའི། །སྐད་ཅིག་བཞི་རུ་སྦྱར་བར་བྱ། །ཡང་ན་རྣལ་འབྱོར་བཞི་དང་ནི། །མྱུར་བ་ལ་སོགས་སྐད་ཅིག་བཞི། །ཡང་ན་ར་ནི་རྡོ་རྗེར་གསུངས། །ཡི་གེ་ཧ་ནི་པདྨར་བརྗོད། །གང་ཡང་འདི་དག་འདུས་པ་ནི། །བྱང་སེམས་སུ་ནི་བརྗོད་པར་བྱ། །ཚིག་གཞན་དང་ནི་ཐམས་ཅད་ནི། །དེའི་ཁྱད་པར་དུ་གནས་པ་ཡིན་ནོ། །བདེ་བའི་མཆོག་ཅེས་པ་ནི། སེམས་ཅན་ཐམས་ཅད་དང་ཐུན་མོང་གི་ཚུལ་ཡོད་པའི་བདེ་བ་ཞེས་པའོ། །དེའི་དོན་ཁྱད་པར་དུ་ཕྱེ་བ་ནི་མཆོག་གོ །ལུས་ལ་ནི་རྟགས་དང་སྒྲའི་མཚན་ཉིད་རང་དབང་མ་ཡིན་པར་རིགས་སོ། །མཆོག་ཏུ་བདེ་བ་ནི་འགྲོ་བ་མཐའ་དག་དང་ཐུན་མོང་མ་ཡིན་པ་མྱ་ངན་ལས་འདས་པ་སྟེར་བ་ཉིད་ཀྱི་ཕྱིར་རོ། །དེས་ན་གཅིག་པུ་ཉིད་ལྷག་པའི་ལྷའོ། །གདུལ་བྱའི་སྐྱེ་བོ་རྣམས་བསྒོམ་པའི་རྗེས་སུ་སྒྲུབ་པ་ལ་སྟོན་པར་བྱེད་པས་ན་སེམས་དཔའོ། །ཡང་ན་སེམས་ལ་སྦྱོར་བའི་ཕྱིར་སེམས་དཔའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་ཉིད་འབྱུང་བས་ན་རང་འབྱུང་ངོ༌། །ཡང་ན་བསམ་གྱིས་མི་ཁྱབ་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་ཕྱིར་རང་འབྱུང་བའོ། །ཡང་ན་དཔང་བཅུ་བརྙེས་པ་ཉིད་ཀྱི་ཕྱིར་ན་རང་འབྱུང་ངོ༌། །མཁའ་འགྲོ་མ་ཀུན་གྱི་དངོས་པོ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་རང་བཞིན་ཏེ། སྤྱན་མ་ལ་སོགས་པ་དེའི་རང་བཞིན་ཞེས་པའི་དོན་ཏོ། །འདིས་ནི་ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོ་བཞི་བསྟན་པ་ཡིན་ནོ། །ཡང་ན་མཁའ་འགྲོ་མའི་སྒྲས་ནི་ལུས་ལ་གནས་པའི་རྩའི་འཁོར་ལོའོ། །དེའི་རང་བཞིན་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། དེ་ཉིད་ཀྱིས་ན་སེམས་དཔའོ། །འདིས་ནི་གསང་བའི་དབང་བསྐྱེད་པ་ཉིད་དུ་བསྟན་པ་ཡིན་ནོ། །ཡང་ན་ཤེས་རབ་ཡེ་ཤེས་ཉིད་ཀྱི་གཉིས་སུ་མེད་པའི་སྦྱོར་བ་ལ་སྙོམས་པར་ཞུགས་པ་ཉིད་ཀྱིས་ཁམས་གསུམ་པར་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་དོན་ཏོ། །འདི་དག་ནི་རྟོགས་པར་སླ་བར་བཤད་པ་སྟེ། གསང་བའི་ཚིག་ཙམ་གྱི་དོན་མ་ལུས་པར་བཤད་པ་ཡིན་ནོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དང་པོའི་གསང་བའི་བཤད་པའོ།། །།

གཉིས་པ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་གཉིས་པའི་སྔགས་བཏུ་བའི་བཤད་པ།


DTG020_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་པོར་རྣམ་པར་སྣང་མཛད་གནས། །ཞེས་པ་ནི་དང་པོར་ཨོཾ་གནས་པའོ། །དེ་ལ་སྡེ་ཚན་མཐའ་མ་སྦྱར། །ཞེས་པ་ནི། ཨོཾ་དེའི་མཐའ་མར་སྡེ་ཚན་བརྒྱད་པའི་མཐའ་མ་ཧ་སྦྱར་བར་བྱའོ། །ཏ་པ་དག་ནི་མཐའ་མ་ལ། །རི་ཁྲོད་བདག་གིས་བལྟ་བར་བྱ། །ཞེས་བ་ནི། ཏའི་སྡེ་ཚན་དང་པའི་སྡེ་ཚན་གྱི་མཐའ་མར་གནས་པའི་ན་དང་མ་སྟེ། དེའི་མཐར་བདག་གི་ཧ་བལྟ་བར་བྱའོ། །གསུམ་པ་མདའ་ཡིས་སྤྱི་བོར་བརྒྱན། །ཞེས་པ་ནི་དབྱངས་ཡིག་གསུམ་པའི་ཨི་ངེས་བརྒྱན་ཞེས་པའི་དོན་ཏོ། །མཐའ་རུ་ས་ཞེས་པ་ནི། མཐའ་རུ་ས་སྦྱར་བའོ། །ལ་ཤ་དག་གི་དབུས་ཀྱི་གདན། །ཞེས་པ་ནི། ལ་དང་ཤ་དག་གི་དབུས་སུ་གནས་པའི་ཡི་གེ་ཝ་དེ་གང་གི་གདན་དུ་སྦྱར་ཞེས་པའི་དོན་ཏོ། །མདའ་གཉིས་པ་ཡི་ཡོངས་སུ་དག །ཅེས་པ་ནི། དབྱངས་ཡིག་གཉིས་པ་དང་སྦྲེལ་བས་ཡོངས་སུ་མཉེས་པར་བྱ། །ཞེས་བའི་དོན་ཏོ། །རི་ཁྲོད་ཨ་ཡི་མདའ་སྟེང་གནས། །ཞེས་པ་ནི། རི་ཁྲོད་ནི་ཧའོ། །དེ་ཡང་དབྱངས་ཀྱི་ཡི་གེ་མདའ་དད་ལྡན་པའི་དོན་ཏོ། །སླར་ཡང་རི་ཁྲོད་མདའ་ལྔའི་གདན། །ཞེས་པ་ནི། སླར་ཡང་ཧ་ཨུའི་གདན་ལ་གནས་པའི་དོན་ཏོ། །ཟླ་ཕྱེད་ཐིག་ལེས་བརྒྱན་པ་སྟེ། །ཞེས་པ་ནི། ཟླ་བ་ཕྱེད་པ་དང་ཐིག་ལེས་མཛེས་པར་བྱས་ཞེས་པའི་དོན་ཏོ། །ལ་ཤའི་དབུས་སུ་གནས་ས་བོན། །ཞེས་པ་ནི། ལ་དང་ཤའི་དབུས་སུ་གནས་པའི་ས་བོན་ཞེས་པའི་དོན་ཏོ། །བཅུ་པའི་མདའ་ཡིས་ཡོངས་སུ་དག །ཅེས་པ་ནི། དབྱངས་ཡིག་བཅུ་པོ་ཨཽ་ས་བརྒྱན་པས་མགུ་བར་བྱ་ཞེས་པའི་བར་དུའོ། །ཤ་དང་ས་ཡི་དབུས་གནས་པ། །ཞེས་པ་ནི། ཤ་དང་ས་དག་གི་དབུས་གནས་པའི་ཥ་ཞེས་པའི་དོན་ཏོ། །ཞལ་གསུམ་པ་ཞེས་པ་ལ་ཞལ་གསུམ་པ་ནི་ཏའོ། །རླུང་གི་གཉིས་པ་དྲག་པོས་བརྒྱན། །ཞེས་པ་ལ་རླུང་གེ་ཡའོ། །དེའི་གཉས་པ་ནི་ཤའི་སྡེ་ཚན་ཏེ། དེའི་མཐའ་མའི་ཧ་ལ་དབྱངས་ཡིག་བཅུ་གཅིག་པས་བརྒྱན་ཞེས་པའི་དོན་ཏོ་།ཧཱུཾ་ཧཱུཾ་དང་ནི་ཧ་རྙེད་པ། །ཞེས་པ་ནི་ཧཱུཾ་ཧཱུཾ་བླང་ཞེས་པའི་དོན་ཏོ། །དགུ་པ་མདའ་ཡིས་ཡོངས་སུ་བརྒྱན། །ཞེས་པ་ནི། ཨོཾ་དང་ཡང་དག་ལྡན་ཞེས་པའི་དོན་ཏོ། །ཕཊ་ཀྱི་ཡི་གེ་རྙེད་པ་ཞེས་བྱ་པ་ནི། ཡི་གེ་ཕཊ་བླང་བ་ཉིད་དོ། །ལྷག་མ་ཧ་ཞེས་པ་ནི་སྡེ་ཚན་གྱི་ལྷག་མ་སྟེ་མཐའ་ན་གནས་པའི་ཧའོ་།ཚིག་གིས་ཁ་བསྐར་


DTG019_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་ནི་ཧ་ལ་ཨོཾ་སྦྱར་ཞེས་པའི་དོན་ཏོ། །འདིས་ནི་འཁོར་ལོས་སྒྱུར་བ་དྲུག་གི་སྔགས་བཏུ་བ་བསྟན་པ་ཡིན་ནོ། །དེ་ལ་སྔགས་ནི་འདི་ཡིན་ནོ། །ཨོཾ་ཧ་ན་མཿ་ཧི་སྭཱ་ཧཱ་ཧུ་བཽ་ཥཊ་ཧེ་ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ་ངོ༌། །ལྔ་པཱི་དབུས་གནས་དེ་ཁོ་ན། །ཞེས་པ་ནི་སྡེ་ཚན་ལྔ་པའི་དབུས་སུ་གནས་པའི་བའོ། །ཡི་གེ་ཧ་དང་ཡོ་འང་སྦྱར། །ཞེས་པ་ནི་ཡི་གེ་ཧ་ཡོ་བཏུ་བའོ། །རི་ཁྲོད་ར་ལ་ཞོན་པ་སྟེ། །ཞེས་པ་ནི་ཡི་གེ་ཧ་ར་ལ་གནས་པའོ། །ཨི་ཡི་མདའ་ལ་སྤྱི་བོར་གནས། །ཞེས་པ་ནི། ཡི་གེ་ཨི་མགོར་ཡང་དག་པར་གནས། །ཞེས་པའི་དོན་ཏོ། །སླར་ཡང་པ་སྡེའི་མཐའ་མ་ལ། །ཞེས་པ་ནི་ཡང་པའི་སྡེ་ཚན་གྱི་མཐའ་མའི་མ་བཟུང་པའོ། །དགུ་པའི་མདའ་ཡིས་ཡོངས་སུ་བརྒྱན། །ཞེས་པ་ནི། ཨོའི་དབྱངས་ཡིག་དང་ལྡན་པའོ། །རི་ཁྲོད་འདི་ཉིད་ལ་ཞོན་པ་ནི་ཧའི་ཡི་གེ་དེ་ཉིད་ར་ལ་བརྟེན་པའོ། །རྣ་བ་རུ་ནི་ཨེ་ཡིས་བརྒྱན། །ཞེས་པ་ནི། ཡི་གེ་ཨེས་མགོའི་གྲྭར་བརྒྱན་པའི་དོན་ཏོ། །རི་ཁྲོད་ར་ལ་ཞོན་པས་མཛེས། །ཨི་མདའ་ཟླ་ཕྱེད་ཐིག་ལེས་བརྒྱན། །ཞེས་པ་ནི་ཡི་གེ་ཧ་ར་ལ་བརྟེན་པ། དབྱངས་ཡིག་ཨིས་བརྒྱན་ཅིང་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པས་མཛེས་ཞེས་པའི་དོན་ཏོ། །སླར་ཡང་རི་ཁྲོད་མདའ་ལྡས་སྦྱར། །ཟླ་ཕྱེད་ཅིང་ལེས་ཅོད་པན་ནོ། །ཞེས་པ་ནི་སླར་ཧ་དབྱངས་ཡིག་ཨུ་དང་ལྡན་པས་བཏུབ་བའོ། །ཁྱད་པར་ཇི་ལྟ་བུ་ཞེན། །ཟླ་བ་ཕྱེད་པ་དང་ཐིག་ལེའི་ནོར་བུ་དེ་ཉིད་ཀྱིས་དེ་ལ་སྤྱར་བའི་དོན་ཏོ། སླར་ཡང་མཐའ་དག་དེ་ཉིད་མགོན། །ཞེས་པ་ནི། སླར་ཡང་མཐའ་དག་གི་དེ་ཁོ་ན་མཆོག་སྟེ་ཧཱུཾ་ངོ༌། །དེ་ཉིད་ཀྱིས་མགོན་པོའོ། །མཐའ་མར་ཕཊ་ཀྱིས་རིན་ཆེན་བརྒྱན། །ཞེས་པ་ལ། ཕཊ་ནི་ཀླུའི་རིན་པོ་ཆེ་འདྲ་བ་སྟེ། ཐ་མར་ཕཊ་ཀྱིས་གཉིས་འགྱུར་སྦྱར། །ཞེས་པའི་དོན་ཏོ། །རྣམ་སྣང་མཛད་ཀྱི་ཆོ་ག་བཞིན། །སྣ་ཚོགས་ཚིག་ནི་ཁ་བསྐང་བྱ། །ཞེས་པ་ནི། དེའི་རྗེས་སུ་ཚིག་ཐམས་ཅད་ལ་ཁ་བསྐང་བས་རྫོགས་པར་བྱ་བའི་དོན་ཏོ། །གང་གིས་ཞེན་ཁ་བསྐང་བའི་ཆོ་གས་སོ། །སྔོན་དུ་གསུངས་པའི་ཐུན་མོང་གི་ཆོ་གར་བལྟ་བར་བྱ་སྟེ། དེའི་རྗེས་སུ་རེ་ཞིག་དང་པོར་ཨོཾ་དང་ཐམས་ཅད་ཀྱང་མགོར་ཟླ་བ་ཕྱེད་པ་དང༌། ཐིག་ལེས་བརྒྱན་པར་བྱ་བའི་དོན་ཏོ། །འདིས་ནི་རྣལ་འབྱོར་མ་དྲུག་གི་སྔགས་བཏུ་བ་བསྟན་ཏོ། །དེ་ལ་སྔགས་ནི་འདི་ཡིན་


DTG019_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། ཨོཾ་བཾ་ཧོཾ་ཡོཾ་ཧྲིཾ་མཽཾ་ཧྲོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། སྔོན་དུ་ཀ་བསགས་མཐར་རུ་ནི། །ར་དང་མཉམ་པ་ལན་གཉིས་བཟླ། །ཞེས་པ་ནི། དང་པོ་ཁོ་ནར་ཀ་རའི་མཐའ་དང་ལྡན་པར་སྦྱར་བ་ལན་གཉིས་སུ་བཟླས་པར་བྱ་བའི་དོན་ཏོ། །སླར་ཡང་འདི་ནི། ཀུ་རུ་ཀུ་རུ་སེམས་ཅན་སྦྱོར། །ཞེས་པ་ནི་སེམས་ཅན་གྱི་དོན་ལ་རབ་ཏུ་སྦྱོར་བར་བྱེད་པའོ། བནྡྷ་ཅོད་པན་མཛེས་པས་ཆིངས། །ཞེས་པ་ནི་མགོར་རལ་པའི་ཅོད་པན་མཛེས་པ་ཆིངས་ཤིག་ཅེས་པའི་དོན་ཏོ། །སླར་ཡང་འདི་ནི་ཟླས་པར་བྱ། །ཞེས་པ་ནི། བནྡྷ་དང་ཞེས་པའི་སྒྲའི་གཟུགས་འདི་ཉིད་སླར་བཟླས་པ་སྟེ། ལན་གཉིས་སུ་བཟླ་བར་བྱ་ཞེས་པའི་དོན་ཏོ། །ཏྲཱ་ས་བརྫུན་པའི་འཇིག་རྟེན་སྐྲག །གཟུགས་བྲལ་བདེན་དངོས་འདི་ནི་བཟླས། །ཞེས་པ་ནི། འཇིག་རྟེན་བརྫུན་པ་སྐྲག་པར་བྱེད་པའི་གཟུགས་དང་བྲལ་བའི་བདེན་པའི་དངོས་པོ་སྟོང་བ་ཉིད་གསུངས་པ་ཡང་བཟླས་པར་བྱ་ཞེས་པའི་དོན་ཏོ། །ཀྵ་ཨོ་ཡི་མདའ་དང་ལྡན། །ཞེས་པ་ནི། ཡི་གེ་ཀྵ་ཨོའི་དབྱངས་ཡིག་དང་ལྡན་པར་བྱ་བའི་དོན་ཏོ། །བྷ་ཡ་གློ་རུ་ཡང་དག་གནས། །ཞེས་པ་ནི། བྷ་ཡའི་སྒྲ་གློ་བུར་གནས་པར་བྱ་བའོ། །སླར་ཡང་འདི་ནི་བཟླས་པར་བྱ། །ཞེས་པ་ནི་ལན་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ། །རི་ཁྲོད་ཉི་མའི་གང་ན་ལ་བཞུགས། །ཞེས་པ་ནི། ཡི་གེ་ཧ་རའི་སྟན་ལ་གནས། །ཞེས་པའི་དོན་ཏོ། །བཅུ་པའི་མདའ་དང་ཟླ་ཕྱེད་དང༌། །ཐིག་ལེ་ཡིས་ནི་ཡོངས་སུ་བརྒྱན། །ཞེས་པ་ནི། དེ་ཉིད་ཨཽ་དང་ཟླ་བ་ཕྱེད་པ་དང་ཐིག་ལེས་ཡོངས་སུ་རྫོགས་པར་བྱ་ཞེས་པའི་དོན་ཏོ། །འདི་ཉིད་སླར་ཡང་བཟླས་པར་བྱ། །ཞེས་པ་ནི་འདི་ཉིད་ཡང་བརྗོད་པ་སྟེ། ལན་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ། །རེ་ཁྲོད་ཉིན་གཅིག་ལྷན་ཅིག་པས། །ཡོངས་བརྒྱན་ཚེག་དྲག་ཡང་དག་གནས། །ཞེས་པ་ནི། ཡི་གེ་ཧ་ར་ལ་བརྟེན་ཅིང་ཚིག་དང་ལྷན་ཅིག་པ་བཏུ་བ་ཞེས་པའི་དོན་ཏོ། །ཉིས་འགྱུར་བྱ་ཞེས་པ་ནི་ལན་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ། །ཕེ་ཞེས་བྱ་བའི་སྟེང་དུ་ནི། །ཟླ་བ་བཞོན་པའི་ཐིག་ལེར་སྦྱར། །ཞེས་པ་ནི་ཡི་གེ་ཕེའི་སྟེང་དུ་ཟླ་བ་ཕྱེད་དང་ཐིག་ལེར་སྦྱར་ཞེས་བྱ་བའི་དོན་ཏོ། །སླར་ཡང་བཟླས་པར་བྱ་བ་ཡིན། །ཞེས་པ་ནི་སྔོན་བཞིན་དུ་ཡང་བཟླས་པ་བྱ་བའི་དོན་ཏོ། །ཕཊ་ཕཊ་སྒྲ་ཡིས་བསྒྱིངས་ཏེ་མཛེས། །ཞེས་པ་ནི་ཕཊ་ཕཊ་ཅེས་


DTG019_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་བརྒྱན་པ་གོང་མ་དང་སྦྱར་བར་བྱ་ཞེས་པའི་དོན་ཏོ། །ད་ཧ་ད་ཧ་མཁའ་འགྲོ་སྡོམ། །མ་ལུས་རྣམ་རྟོག་ཤིང་ནི་སྲེག །ཅེས་པ་ནི། ད་ཧ་དང་ཧ་མཁའ་འགྲོ་མའི་སྡོམ་པ་སྟེ། རྣམ་པར་རྟོག་པ་མ་ལུས་པའི་ཤིང་སྲེག་པའི་དོན་ཏོ། །སྡེ་ཚན་ལྔ་པ་གཉིས་དང་ལྡན། །ཞེས་པ་ནི། སྡེ་ཚན་ལྔ་པའི་པ་དང༌། སྡེ་ཚན་གཉིས་པའི་ཙ་དང་ལྡན་པའི་དོན་ཏོ། །སྡེ་འདི་དག་གི་གཙོ་བོ་ནི། །སླར་ཡང་བཟླས་པར་བྱ་བ་ཡིན། །ཞེས་པ་ནི་སྡེ་ཚན་དེ་དག་གི་ཡི་གེ་གཉིས་པོ་གཙོ་བོར་གྱུར་པ་སླར་ཡང་བཟླས་པར་བྱ་ཞེས་པའི་དོན་ཏོ། །བྷཀྵ་བྷཀྵ་བ་ས་རུ་བྷི་ར་ཨནྟྲ་མཱ་ལཱ་པ་ལམ་བེ་ནེ་ཞེས་པ་ནི། བྷཀྵ་བྷཀྵ་ཞེས་པ་ལ་སོགས་པ་ལ་བསྡུས་ཏེ་བཏུ་བར་བྱ་ཞེས་པའི་དོན་ཏོ། །གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷཱུཾ་ཛཾ་ག་སརྦ་བཱ་ཞེས་པ་དང༌། ཧྲྫ་ཡ་ལན་གཉིས་བཟླས་པར་བྱ་ཞེས་པ་ནི། ཏྲྫའི་ཚིག་ལན་གཉིས་སུ་བསྒྲེ་བར་བྱ་ཞེས་པའི་དོན་ཏོ། །ཨ་དང་ཀ་སྟེ་གསུམ་པ་དང༌། བཞི་བའི་ཚིག་ལ་ཡང་དག་གནས། །ཞེས་པ་ནི་ཡི་གེ་ཨ་དང་སྡེ་ཚན་གསུམ་པའི་ཌ་དང་འདི་ཉིད་ཀྱི་བཞི་པ་ཌྷ་ཡའི་ཚིག་ལ་གནས་པའི་དོན་ཏོ། །སྦྱོར་འདི་བཟླས་པར་བྱ་ཞེས་བའི་དོན་ནི་ལན་གཉིས་སུ་གདོན་པར་བྱ་ཞེས་པའི་དོན་ཏོ། །རི་ཁྲོད་མེ་ཡི་གདན་ལ་གནས། །ཞེས་པ་ནི། ཡི་གེ་ཧ་ར་བརྟེན་པའི་དོན་ཏོ། །བཞི་པའི་མདའ་ཡིས་ཡོངས་སུ་རྫོགས། །ཞེས་པ་ནི་བཞི་པའི་དབྱངས་དང་ལྡན་པའི་དོན་ཏོ། །སླར་ཡང་བཟླས་པར་བྱ་བ་ཡིན། །ཞེས་པ་ནི་ལན་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ། །ཀ་ཥ་སྡེ་ཚན་ལྔ་པ་ཡི། །མཐའ་ཡི་གདན་ལ་ཡང་དག་གནས། །ཞེས་པ་ནི། ཡི་གེ་ཀྵ་སྡེ་ཚན་ལྔ་པའི་མཐའ་མ་མའི་གདན་ལ་གནས་པའོ། །ཨ་དང་ཐིག་ལེར་ཡང་དག་ལྡན། །ཞེས་པ་ནི། ཨཱི་དབྱངས་ཡིག་དང་ཐིག་ལེ་དང་རབ་ཏུ་ལྡན་ཞེས་པའོ། །འདི་ནི་བཟླས་པར་བྱ་བ་ཡིན། །ཞེས་པ་ནི། འདི་སླར་བཟླས་པར་བྱ་ཞེས་པའི་དོན་ཏོ། །སླར་ཡང་རི་ཁྲོད་ཅེས་བྱ་བ། །གཉིས་པའི་མདའ་དང་ཡང་དག་ལྡན། །ཞེས་པའི་ཡི་གེ་ཧ་དང་དབྱངས་ཡིག་གཉིས་པ་དང་ལྡན་ཞེས་པའི་དོན་ཏོ། །སླར་ཡང་གསུམ་པའི་མདའ་ཡིས་ནི། །རི་ཁྲོད་ཡོངས་སུ་བརྒྱན་པའོ། །ཞེས་པ་ནི་དབྱངས་ཡིག་གསུམ་པས་ཡོངས་སུ་རྫོགས་པའི་ཧ་ཞེས་པའི་དོན་ཏོ། །སླར་ཡང་


DTG019_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རི་ཁྲོད་ཅེས་བྱ་བས། ལྔ་པའི་མདའ་ཡིས་གདན་དུ་བྱས། །ཞེས་པ་ནི་སླར་ཡང་ཡི་གེ་ཧས་དབྱངས་ཡིག་ལྔ་པ་གདན་དུ་བྱས་ཞེས་པའི་དོན་ཏོ། །འདི་དག་ཐམས་ཅད་ཟླ་ཕྱེད་དང༌། །ཐིག་ལེ་ཅོད་པན་གྱིས་ནི་བརྒྱན། །ཞེས་པ་ནི། འདི་དག་ཐམས་ཅད་ཇི་ལྟར་གསུངས་པ་བཞིན་དུ་ཟླ་བ་ཕྱེད་པ་དང༌། ཐིག་ལེས་ཅོད་པན་དུ་བརྒྱན་ཞེས་པའི་དོན་ཏོ། །འདི་དག་སླར་ཡང་བཟླས་པར་བྱ། །ཞེས་པ་ནི། འདི་དག་ཐམས་ཅད་ཡང་དག་ཡང་དུ་བཟླས་པ་བྱ། །ཞེས་པའི་དོན་ཏོ། ཀ་ས་ཙ་དྷ་ཨི་མདའ་འཆང༌། །ཞེས་པ་ནི་ཡི་གེ་ཀ་དང་ས་ཅ་དང་དྷ་རྣམས་དབྱངས་ཡིག་ཨི་འཆང་ཞེས་པའི་དོན་ཏོ། །རེ་རེ་བཞིན་དུ་ལིའི་མཐའ་ཞེས་པ་རེ་རེ་བཞིན་དུ་ལིའི་སྒྲའི་མཐའ་དང་ལྡན་ཞེས་པའི་དོན་ཏོ། །འདིས་ཡི་རང་བཞིན་སླར་ཡང་བཟླས། །ཞེས་པ་ནི་ཡང་ཡང་དུ་བཟླས་པར་བྱ་ཞེས་པའི་དོན་ཏོ། །རི་ཁྲོད་ཨུ་ཡི་མདའ་ལ་ཞོན། །ཟླ་བ་ཕྱེད་དང་ཐིག་ལེར་ལྡན། །སླར་ཡང་ཡོངས་སུ་བཟླས་པར་བྱ། །ཞེས་པ་ནི་ཡི་གེ་ཧ་དང་དབྱངས་ཡིག་ལྔ་པ་ཨུ་ལ་བརྟེན་པ་དང༌། ཟླ་བ་ཕྱེད་པ་དང་ཐིག་ལེ་དང་ལྡན་པ་ལན་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ། །ཕཊ་གྱིས་རིན་ཆེན་རབ་ཏུ་བསྒྲུབ། །རྣམ་པ་དུ་མའི་ཆ་དང་ནི། །ཆ་མེད་མེ་ཏོག་ཡང་དག་བླང༌། ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་ཆ་དང༌། ཆ་མ་ཡིན་པའི་མེ་རྟོག་བླངས་ཏེ་ཕཊ་ཀྱི་མཐའ་ཅན་གྱི་སྔགས་ཀྱི་རྒྱལ་པོར་རབ་ཏུ་བསྒྲུབ་ཅེས་པའི་དོན་ཏོ། །འདིས་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་ཀྱི་ཚོགས་གང་ཞིག་གླུའི་རྣམ་འཕྲུལ་གྱིས་བཏུས་ཏེ་བསྟན་པ་ཡིན་ནོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾཿ་ཧྲཿ་ཧྲཿ་ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ད། ཧྤ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་ར། ཨནྡྲ་མཱ་ལཱ་བ་ལཾ་བི་ནི། གྲྀཧྞ་གྲྀཧྞ་སབྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦཾ་ཏརྩ་ཡ་ཏརྫ་ཡ། ཨཱ་ཀྡྡྷྱ་ཨཱ་ཀྜྜྷྱ་ཧྲིཾ་ཧྲིཾ་ཀྵྨོཾ་ཀྵྨོཾ་ཧཱཾ་ཧཱཾ་ཧིཾ་ཧིཾ་ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཙི་ལི་ཙི་ལི། དྷེལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ། །སྔགས་ཀྱི་རྒྱལ་པོ་འདི་དང་རྒྱུད་དུ་གསུངས་པའི་རབ་ཏུ་སྦྱོར་བ་ལས་ཀྱི་ཚོགས་བརྒྱ་བྱའོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་གཉིས་པའི་སྔགས་བཏུ་བའི་བཤད་པའོ།། །།

གསུམ་པ། དཔལ་རྡོ་རྗེ་འཁའ་འགྲོའི་ལེའུ་གསུམ་པའི་ལས་ཀྱི་ཚོགས་ཀྱི་བཤད་པ།


DTG020_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྐང་པ་བརྒྱད་པའི་སྔགས་དང་བཙན་ཐབས་ཡི་གཟུངས་དང༌། སྤྱན་སེར་ཅན་གྱི་སྔགས་ཀྱི་ལྷན་ཅིག་པར་


DTG019_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཏོགས་པ་རྒྱུད་དུ་བསྟན་པ་དེ་བཞིན་དུ་བཏུ་བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏི་ཝཱི་རེ་ཤཱ་ཡ། མ་ཧཱ་ཀཱ་ཝཱགྣི་སཾ་ནི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ། དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷ་སུ་རཱ་ཡ། པ་ར་ཤུ་པཱ་ཤོདྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ། བྱཱ་གྷཱ་ཛ་ནཱཾ་བ་ར་དྷ་རཱ་ཡ། མ་ཧཱ་དྷཱུམྦྲ་ཨནྡྷ་ཀཱ་ར་བ་པུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ལ་བཙན་ཐབས་ཀྱི་གཟུངས་འདིའོ། །ཨཱཌྚེ་བཌྚེ་ནཌྚེ་ཀུ་ནཊྚེ་ཐ་ཀེ་ཐ་ར་ཀེ་ཏ་རུ་བི་ཏ་རུ་བ་ནཌྚ་ཀི་ལི་ལི་ལུ་ལུ་ཧི་ལི་མི་ལི་ཏི་ལི་སི་ལི་སི་ལི། ཨ་ཐེ་བ་ཐེ་ཀུ་ན་ཐེ། ཨ་ན་པ་ཏི། དྷ་ན་པ་ཏི། ཀ་སེ་གྷ་སེ། གྷ་སེ་མ་ཧཱ་བྷས་གྷ་ས་གྷ་སེ་སྭཱ་ཧཱ། ཨོཾ་བཾ་གྷ་ཙ་ལཱཀྵ་ཡ་ཧཱུཾ་ཧུཾ་ཧཱུཾ་ཕཊ་ཕཊ་ཅེས་པ་ནི་སྤྱན་སེར་ཅན་གྱི་སྔགས་སོ། །གང་དུ་བཏུ་ཞེ་ན། ཨ་མོ་ཧེ་ཞེས་པ་ལ་སོགས་པར་རོ། །ཧེ་མ་བནད་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཆོ་ག་ནི་འདི་ཡིན་ཏེ། ས་ལ་ཁྲུ་གང་ཙམ་བརྐོས་ནས་དེའི་འོག་གིས་བླངས་ཏེ་ལན་བདུན་དུ་མངོན་པར་བསྔགས་ཏེ། དབུགས་མི་འབྱིན་པར་ཁང་པའི་སྟེང་དུ་གཏོར་ན། ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །བྷ་ས་བ་ཏོ་ལ་ཨིཌྚི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་མཐར་གང་གསུངས་པ་ནི་བ་ལང་གི་གདོང་ཅན་གྱི་སྦྱོར་བའོ། །ཁྱུ་མཆོག་གི་རྭས་ས་གཏོར་བ་བར་སྣང་ལས་མྱུར་བར་བླངས་ཏེ་ཞེས་བ་ནི། ཁྱུ་མཆོག་རང་ཉིད་ཀྱི་རྭས་བརྐོས་པ་གང་ཡིན་པ་དེ་ཉིད་བླང་བར་བྱ་ཞེས་བྱ་བའི་དོན་ཏོ། །འདིར་ངེས་པར་དཀྲུགས་པ་དང་མ་དཀྲུགས་པའི་རིམ་པས། སྦྱོར་བ་རྟོགས་པར་བྱའོ། །སྔགས་ཀྱང་དེ་བཞིན་ནོ། །དེ་ལྟར་གཞན་དག་ཏུ་ནི་རྟོགས་པར་སླའོ། །བཀས་སྤྲིན་བཟློག་པ་འགྲུབ་ཅེས་པ་ནི། ཨིན་དསས་ཏིཎྞ་ཛྟ་ཨ་ཨི་ཞེས་པ་ལ་སོགས་པའི་སྔགས་ཀྱིས་སོ། །ཀ་ར་བཱི་རའི་ལྕུག་མ་ལ་ལག་པའི་ཚད་ཙམ་བླངས་ཏེ། ཆོ་ག་བཞིན་སྔགས་པས་རླུང་དང་ཆར་པ་དང་སེར་བ་ལ་སོགས་པ་ཟློག་པར་བྱེད་དེ། འདིའི་ཆོ་གས་རྟོགས་པར་བྱའོ། །རཏྣ་ར་ཏི་ཞེས་པ་ནི། ཨོཾ་རཏྣ་ར་ཏི་སྭཱ་ཧཱ་ཞེས་པའོ། །སྔགས་འདིའི་སྦྱོར་བ་ནི་བུད་མེད་ཀྱི་ཆུའི་རྗེས་ཀྱིས་དང༌། བདག་གི་ཆུའི་རྗེས་ཀྱིས་གཅིག་ཏུ་བྱས་པ་དང༌། གཞན་ཡང་མིའི་ཐོད་པར་གི་ཝང་དང༌། སེན་རྩི་དག་གིས་བསྒྲུབ་བྱའི་ཆ་བྱད་བྲི་བར་བྱ་ཞེས་པའི་དོན་ཏོ། །དེ་ལྟར་ལས་ཀྱི་ཆོ་ག་རྫོགས་པར་བྱ་ཞེས་པའི་བར་དུའོ། །


DTG019_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་གསུམ་པའི་ལས་ཀྱི་ཚོགས་ཀྱི་བཤད་པའོ།། །།

བཞི་པ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་པའི་ལས་ཀྱི་ལྷག་མའི་བཤད་པ།


DTG020_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་བོ་གཡུལ་དུ་ཕྱོགས་པའི་རས་ལ་རི་མོ་སྣ་ཚོགས་པས་ལུས་སྤྲས་ཞེས་པ་ནི། ཨོཾ་ཛཾ་བྷེ་མོ་ཧེ་ཞེས་པའི་སྦྱོར་བས་རྟོགས་པར་བྱའོ། །རྐང་པ་བརྒྱད་པའི་སྔགས་ཀྱི་རྒྱལ་བོ་ནི་དེའི་ལས་ཀྱི་ཁྱད་པར་ཐམས་ཅད་ལ་ཐུན་མོང་མ་ཡིན་ནོ། །བཙན་ཐབས་ཀྱི་གཟུངས་རྒྱུན་དུ་ཀློག་པ་གང་ཡིན་པ་དེ་ནི་འཆི་བ་ལས་རྒྱལ་པར་འགྱུར་རོ། །སྤྱན་སེར་ཅན་གྱི་རབ་ཏུ་སྦྱོར་བས་ཀྱང་དེ་ལྟར་འགྱུར་རོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་པའི་ལས་ཀྱི་ལྷག་མའི་བཤད་པའོ།། །།

ལྔ་པ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དྲུག་པའི་སྔགས་བཏུ་བའི་བཤད་པ།


DTG020_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟོག་པའི་དགྲའི་མཆེ་བ་ཅན། །ཞེས་པ་ནི་གཤིན་རྗེའི་དགྲའི་མཆེ་བ་ཅན་གྱི་ཡི་གེ་སའོ། །རུས་སྦལ་གདན་ལ་ཡང་དག་བཞུགས། །ཞེས་པ་ནི། ཨུའི་གདན་ལ་ཡང་དག་པར་བཞུགས་པའོ། །པ་སྡེ་དབུ་མའི་མཐར་ཆུད་པ། །སླར་ཡང་བཞི་པ་ཡང་དག་གནས། །ཞེས་པ་ནི་བཀྲམ་པའི་འཁོར་ལོའི་དབུས་སུ་གནས་པའི་སྡེ་ཚན་གྱི་མཐའ་མའོ། །སླར་ཡང་བཞི་པ་ཞེས་པ་ནི། སྡེ་ཚན་དེ་ཉིད་ཀྱི་དབུས་སུ་གནས་པའི་བཞི་པའི་བྷ་དེ་རུ་ཡང་དག་པར་སྦྱོར་བས་གནས་པའོ། །གཤིན་རྗེ་ཕྱོགས་ཀྱི་སར་གནས་པ། །ཞེས་པ་ནི་ཏའི་སྡེ་ཚན་གྱི་མཐའ་མ་ནའོ། །བཟང་པོས་སྟེང་དུ་བརྒྱན་པ་སྟེ། །ཞེས་པ་ལ་བཟང་པོ་ནི་ཨི་སྟེ། དེས་སྟེང་དུ་བརྒྱན་པ་ཞེས་པའི་དོན་ཏོ། །སླར་ཡང་རུས་སྦལ་ཞེས་བྱ་བ། །གཤིན་རྗེ་མཆེ་བར་རབ་ཏུ་བསྒྲུབ། །ཅེས་པ་ནི། ཡང་རུས་སྦལ་ནི་ཨུ་སྟེ། ས་དང་ལྡན་པར་རབ་ཏུ་བསྒྲུབ། །ཅེས་པའི་དོན་ཏོ། །མྦྷའི་ཚིག་དང་ཡང་དག་ལྡན། །ཞེས་པ་ནི་མྦྷའི་སྒྲ་དང་ལྡན་པའི་དོན་ཏོ། །མེ་ཡི་རུས་སྦལ་གདན་ལ་གནས། །ཞེས་པ་ལ། མེ་ནི་གཤིན་རྗེའི་སྲུབ་མ་སྟེ་ཧའོ། །རུས་སྦལ་ནི་ཨུ་སྟེ་དེའི་གདན་ལ་གནས་ཞེས་པའི་དོན་ཏོ། །མགོན་པོ་རི་མོ་གཉིས་ནི་འབར། །ཞེས་པ་ནི་ཧཱུཾ་འབར་བ་དང་ལྡན་པ་གཉིས་ཞེས་པའི་དོན་ཏོ། །གདེངས་ཀའི་གདེངས་ཅན་འབར་བའི་མགོན། །ཞེས་པ་ནི། ཕཊ་ཕཊ་ཅེས་པ་ཁ་ནས་འབར་བའི་མགོན་པོ་ཞེས་པའི་དོན་ཏོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། སྔགས་འདི་ལྟར་བཏུས་ཏེ། སྤེལ་བ་འདིས་ནི་ལས་ཐམས་ཅད་དོ། །དེ་ལ་སྦྱོར་བ་ནི་འདི་ཡིན་ཏེ། ཁྭ་གདོང་མ་ཞེས་པ་ནི་ཁྭ་གདོང་ཅན་གྱི་བུད་མེད་བྲི་བར་བྱ་ཞེས་པའི་དོན་ཏོ། །སྐྲ་གྲོལ་མ་ཞེས་པ་ནི་སྐྲ་བཤིག་


DTG019_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མའོ། །གཅེར་བུ་ཞེས་པ་ནི་གཅེར་བུ་མར་གྱུར་པའོ། །ཟླ་བའི་ཆ་མ་ཞེས་པ་ནི། དེའི་སྙིང་གར་ཟླ་བ་ཕྱེད་པ་བྲི་བར་བྱ་ཞེས་པའི་དོན་ཏོ། །རེའུ་མིག་བསྒྲུབ་ཅེས་པ་ནི། ཟླ་བ་ཕྱེད་པ་དེར་རེའུ་མིག་བྱ་ཞེས་བྱ་བའི་དོན་ཏོ། །སྙིང་གའི་སྟེང་དུ་ཕྲེང་གཉིས་བྱ། །ཞེས་པ་ནི། དེ་ལྟར་སྙིང་གར་རེའུ་མིག་ཕྲེང་གཉིས་བྱ་ཞེས་པའི་དོན་ཏོ། །དེར་འདི་བྲི་བར་བྱ་སྟེ། ཀ་ཧ་ཀ་ཧིཛྫ་ཨ་ཀསྨཱ་ཐཱཾ་ཞེས་པའོ། །འཕྲལ་དུ་འབྲས་བུ་སྟེར་བྱེད་པའི་སྔགས་ཀྱི་དོན་སུ་ཞིག་ལ་བསྟན་པར་བྱ། །སུ་ལའང་བསྟན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ལས་ཀྱི་རྗེས་སུ་འབྲང་པས་རྒྱུད་དུ་གསུངས་པའི་ཆོ་ག་རྣམས་ནི་རྩ་བར་བྱའོ། །གལ་ཏེ་དབང་པོ་དང༌། ཚངས་པ་དང༌། ཁྱབ་འཇུག་དང༌། དབང་ཕྱུག་ཆེན་པོ་རྣམས་མངོན་སུམ་དུ་དཔུང་དང་བཞོན་པར་བཅས་པ་ལྷགས་ཏེ་བསྲུངས་ཀྱང༌། ཁྭ་གདོང་མའི་སྙིང་གར་གནས་པའི་འཁོར་ལོས་རློག་ཅིང་འཇིག་པར་བྱེད་དོ། །བྷི་དི་ཀ་ནི་ས་དབང་ཕྱུག །ཅེས་པ་ནི། བྷི་དི་ཀ་ས་དབང་ཕྱུག་ནི་ཨོཾ་སྟེ། བཅུ་གཉིས་པོ་དེ་དག་ལ་སའི་དབང་ཕྱུག་ཅེས་གསུངས་པའི་ཕྱིར་རོ། །ཟླ་ཕྱེད་ཐིག་ལེ་དག་གིས་བརྒྱན། །ཞེས་པ་ནི། ཨོཾ་ལ་ཟླ་ཕྱེད་དང་ཐིག་ལེ་དག་གིས་བརྒྱན་ཞེས་པའི་དོན་ཏོ། །སླར་ཡང་དབུ་མའི་དབུ་མ་བླང༌། །ཞེས་པ་ནི། དབུ་མ་ནི་པའི་སྡེ་ཚན་ཏེ། དེའི་དབུ་མ་བཏུ་ཞེས་པའི་དོན་ཏོ། །བྱང་གི་དབུ་མ་ཡང་བླང་བྱ་སྟེ་ཞེས་པ་ནི། བྱང་གི་ཕྱོགས་སུ་གནས་པ་ནི་ཙའི་སྡེ་ཚན་ཏེ། དེའི་དབུ་མ་ཛ་བླང་ཞེས་པའི་དོན་ཏོ། །ཞབས་ཀྱི་པདྨ་ཉི་མར་ལྡན། །ཞེས་པ་ནི་དེའི་ཆ་འོག་གི་ཆར་ར་དང་ལྡན་ཞེས་པའི་དོན་ཏོ། །བདེན་བྲལ་མི་ཀི་ར་ཡིས་བརྒྱན། །ཞེས་པ་ནི། བདེན་བྲལ་གྱི་ཕྱོགས་སུ་གནས་པའི་བ་བླང་ཞེས་པའི་དོན་ཏོ། །མི་ཀི་རས་བརྒྱན་པ་ནི་ཨཻས་བརྒྱན་ཞེས་པའི་དོན་ཏོ། །འབར་བ་བིདྷི་ཀ་ཡིས་བརྒྱན། །ཞེས་པ་ནི་འབར་བ་ནི་ར་སྟེ་དེ་ལ་བི་དྷི་ཀ་ཨོས་བརྒྱན་ཞེས་པའི་དོན་ཏོ། །བྱང་གི་དང་པོ་གཤིན་རྗེའི་མཐའ། །ཞེས་པ་ལ། བྱང་གི་དང་པོ་ནི་ཙའོ། །གཤིན་རྗེའི་མཐའ་མ་ནི་ནའོ། །ཁྱུ་མཆོག་སྟེང་དུ་ཡང་དག་གནས། །ཞེས་པ་ལ། ཁྱུ་མཆོག་སྟེང་དུ་གནས་པ་ནི་ཡི་གེ་ཨེ་ཞེས་པའི་དོན་ཏོ། །རླུང་ལ་རན་དྷས་རབ་ཏུ་བསྒྲུབ། །ཅེས་པ་ལ། རླུང་ནི་ཡའོ། །རན་དྷས་རབ་ཏུ་བསྒྲུབ་པ་ཞེས་བྱ་བའི་དོན་ཏོ། །གཤིན་རྗེ་མཆེ་བ་ཅན་


DTG019_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེན་བྲལ། །ཞེས་པ་ལ། གཤིན་རྗེའི་མཆེ་བ་ཅན་ནི་སའོ། །བདེན་བྲལ་ནི་ཝ་སྟེ་དེ་ལ་ཡི་གེ་ས་གནས་པ་ཞེས་པའི་དོན་ཏོ། །མོ་ཧི་ཏ་ཡི་རྒྱན་གྱིས་བརྒྱན། །ཞེས་པ་ལ། མོ་ཧི་ཏའི་ནི་ཨ་དེ་ཉིད་ཀྱིས་དེ་ལ་བརྒྱན་ཞེས་པའི་དོན་ཏོ། །གཤིན་རྗེ་སྲུབ་མ་ནི་ཧའོ། །མོ་ཧི་ཏ་ནི་ཨ་སྟེ། དེས་ཡོངས་སུ་བརྒྱན་ཞེས་པའི་དོན་ཏོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་བཻ་རོ་ཅ་ནི་ཡེ་སྭཱ་ཧཱ། དང་པོ་རུས་སྦལ་བྱང་གི་ནི། །དང་པོར་གཉིས་པར་ཡང་དག་ལྡན། །ཞེས་པ་ལ། རུས་སྦལ་ནི་ཨུ་སྟེ་དང་པོར་སྦྱར་རོ། །བྱང་གི་དང་པོ་ནི་བྱང་གི་ཕྱོགས་སུ་གནས་པའི་ཙའོ། །གཉིས་པ་ནི་དེ་ཉིད་ཀྱི་གཉིས་པ་ཚ་སྟེ། དེ་དང་ཡང་དག་པར་ལྡན་པར་བྲི་བར་བྱ་བའི་དོན་ཏོ། །བྷ་དྲ་སྟེང་དུ་ཡང་དག་གནས། །ཞེས་བྱ་བ་ལ། བྷ་དྲ་ནི་ཨི་སྟེ་དེའི་སྟེང་དུ་གནས་ཞེས་པའི་དོན་ཏོ། །གཤིན་རྗེ་ཕོ་ཉ་ཆུ་གདན་ཞེས་པ་ལ། གཤིན་རྗེའི་ཕོ་ཉ་མོ་ནི་ཥའོ། །དེའི་གདན་དུ་ཆུ་སྟེ་ཊ་བྱ་ཞེས་པའི་དོན་ཏོ། །ར་དང་མོ་ཧ་ཏེ་རུ་སྦྱར། །ཞེས་པ་ནི། ར་ལ་མོ་ཧི་ཏ་སྟེ། ཨ་དང་སྦྱར་པར་བྱ་ཞེས་པའི་དོན་ཏོ། །སླར་ཡང་ཀ་ཥ་ཞེས་སུ་བཤད། །ཅེས་པ་ལ། སླར་ཡང་ཀ་དང་ཥ་ཞེས་པ་ནི། ཡི་གེ་ཀྵ་ཞེས་པའི་དོན་ཏོ། །གཤིན་རྗེའི་མཆེ་བ་ཅན་ཞེས་པ་ལ། བྷ་དྲའི་ས་ནི་སྤྱི་བོར་བརྒྱན། །ཞེས་པ་ནི། གཤིན་རྗེ་མཆེ་བ་ཅན་ནི་སའོ། །བྷ་དྲ་ནི་ཨི་སྟེ་དེས་སའི་མགོ་བོར་བརྒྱན་ཞེས་པའི་དོན་ཏོ། །སླར་ཡང་མཆེ་བ་ཅན་གྱི་ནི། །ཞེས་པ་ལ། མཆེ་བ་ཅན་ཞེས་པ་ནི་སའོ། །གདན་དུ་བདེན་བྲལ་བྱ་སྟེ་ཞེས་པ་ནི། བདེན་བྲལ་དུ་གནས་པའི་གདན་དུ་བྱ་ཞེས་པའི་དོན་ཏོ། །མེ་ཧི་ཏ་ནི་གྲོགས་དང་ལྡན། །ཞེས་པ་ལ། མེ་ཧ་ཏ་ནི་ཨཱ་སྟེ། དེའི་བཤེས་དང་ལྡན་པར་བྱ་ཞེས་པའི་དོན་ཏོ། །དེ་རུ་རི་ཁྲོད་མོ་ཧི་ཏའོ། །གྲོགས་ཀྱིས་ཡོངས་སུ་བརྒྱན་པ་སྟེ། །ཞེས་པ་ལ། དེ་ལྟར་རི་ཁྲོད་ནི་ཧའོ། །མོ་ཧི་ཏ་ནི་ཨའོ། །དེ་ཉིད་གྲོགས་པོ་སྟེ་དེས་ཡོངས་སུ་བརྒྱན་ཞེས་པའི་དོན་ཏོ། །གཞན་དག་ནི་རྟོགས་པར་སླ་བའི་ཕྱིར་འདིར་མ་བཀྲོལ་ལོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨུཙྪི་ཥྚ་རཱཀྵ་སི་སྭཱ་ཧཱ། ཤར་གྱི་བརྒྱད་པ་བླང་བྱ་སྟེ། །ཞེས་པ་ནི། ཤར་ཕྱོགས་སུ་གནས་པའི་ཀའི་སྡེ་ཚན་ཏེ། དེའི་བརྒྱད་པ་ཛ་བླང་ཞེས་པའི་དོན་ཏོ། །དབུ་མའི་བཞི་པ་མཐའ་མཐར་ལྡན། །ཞེས་པ་ལ། དབུ་མ་ནི་པའི་སྡེ་ཚན་ཏེ། དེའི་བཞི་པ་ནི་བྷའོ། །དེའི་མཐའ་མ་ནི་མ་སྟེ། དེ་དང་ལྡན་པར་བྱ་ཞེས་པའི་དོན་ཏོ། །དེ་ཡི་


DTG019_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྱི་བོར་རཎྜ་སྦྱར། །ཞེས་པ་ནི། བྷ་དེའི་སྤྱི་བོར་རཎྚ་སྟེ་ཨེ་སྦྱར་ཞེས་པའི་དོན་ཏོ། །སླར་ཡང་དབུ་མའི་མཐའ་མ་བླང༌། །ཞེས་པ་ནི། སླར་ཡང་དབུ་མ་ནི་པའི་སྡེ་ཚན་ཏེ། དེའི་མཐའ་མ་ནི་མ་བླང༌། ཞེས་པའི་དོན་ཏོ། །བིདྷི་ཚང་གིས་མྱོས་དང་ལྡན། །ཞེས་པ་ལ། བི་དྷི་ཀ་ན་ཨོ་སྟེ། དེའི་ཆང་གིས་མྱོས་པ་དང་ལྡན་ཞེས་པའི་དོན་ཏོ། །གཤིན་རྗེ་སྲུབ་མ་ཡང་དག་བླང༌། །ཞེས་པ་ལ། གཤིན་རྗེ་སྲུབ་མ་ནི་ཧ་སྟེ། དེ་ཡང་དག་པར་བླང་ཞེས་པའི་དོན་ཏོ། རཎྜ་ཡིས་ནི་རྣ་བར་བརྒྱན། །ཞེས་པ་ནི། ཡི་གེ་ཨེས་ཧའི་མགོའི་གྲྭར་བརྒྱན་པའི་དོན་ཏོ། །མཐའ་རུ་སྭཱ་ཧཱ་ཆོ་གས་མཛེས་པ་ལ། ཆོ་ག་ནི་ཨོཾ་སྟེ། དེ་ཡོངས་སུ་མཉེས་པར་བྱ་བའོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། དང་པོར་ཨོཾ་སྦྱར་མཐའ་མར་སྭཱ་ཧཱ་སྦྱར་ཞེས་པའི་དོན་ཏོ། །ཐོད་པའི་དབུས་སུ་གནས་པས་བརྒྱལ། །ཞེས་པ་ནི། ཐོད་པ་ཁ་སྦྱར་གྱི་དབུས་སུ་གནས་པར་བྲི་སྟེ། གྲོག་མཁར་གྱི་ས་ལ་སོགས་པ་ལ། གཟུགས་བརྙན་བྱས་ལ་གཞན་ཡང་ཆོ་ག་བཞིན་དུ་མིང་སྤེལ་ཏེ། དེའི་སྙིང་གར་བཅུག་ན་བརྒྱལ་བར་འགྱུར་རོ། །དེ་ལ་སྔགས་ནི་འདི་ཡིན་ནོ། །ཨོཾ་ཛཾ་བྷེ་མོ་ཧེ་སྭཱ་ཧཱ། ཡི་གེ་རེ་རེ་བཞིན་ནང་དུ་ཆུད་པའི་སྔགས་འདི་གཉིས་བ་ལང་གི་ཆུ་རྗེས་ལྟ་བུར་སྦྱར་བ་རིམ་པས་བཏུ་སྟེ། སྔགས་ཕྲེང་གཉིས་སུ་བྱའོ། །དེ་ལ་ཨོཾ་ནི་ཀཱ་ཀ་ཀཱ་ས་ཁ་ཞེས་པ་ལ་སོགས་པའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། མུ་ནི་ཀ་ས་ཨི་མུ་ནི་པ་ས་ཨི་མུ་ནི་ཧ་ལ་ལངྐ་ལེ་ཧོ་ཕཊ། ཨཱི་ཨ་མུ་ཀ་སྱ་མུ་ཧ་ཧ་ཐ་བནྡྷེ་མི་སྭཱ་ཧཱ། ཕྲེང་གཅིག་གིས་གཞན་བཤད་དེ། ཨོཾ་ཀ་ཀྵ་ཀྵི་ཀ་ཀུ་རུ་ཏི་ཀ་ཀ་པ་ནི་ཏོ་པ་ཧ་རི་ནི་ཨ་མུ་ཀ་སྱ་ཇི་བི་ཏ་གྲ་ཧྱཙྪ་ཀཱ་ཀི་ཡ་ཐཱ་སུ་ཁཾ་ཕཊ། ཕྲེང་གཉིས་པའོ། །སྔགས་འདི་གཉིས་གནོན་པ་དང་སྐུད་པ་ལ་རབ་ཏུ་སྦྱར་བར་བྱའོ། །ཨོཾ་བྷ་ག་བ་ཏི་མུནྟ་ཞེས་པ་ལ་སོགས་པ་ནི་རྒན་བྱད་མའི་སྔགས་སོ། །སྦྱོར་བ་གང་དང་གང་ལ་སྔགས་མ་གསུངས་པ་དེ་དང་དེར་ཆོ་ག་བཞིན་རྒན་བྱད་མིའི་གདོང་ཅན་གྱི་སྦྱོར་བའི་སྔགས་དེ་ཁོང་དུ་ཆུད་པར་བྱའོ། །དེ་དག་འགྲམ་པའི་འཁོར་ལོ་ལས་བཏུ་པར་བྱའོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དྲུག་པའི་སྔགས་བཏུ་བའི་བཤད་པའོ།། །།

དྲུག་པ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་པའི་རླུང་གི་དེ་ཁོ་ན་ཉིད་ཀྱི་བཤད་པ།


DTG020_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉི་ཁྲི་དང་ནི་ཚིག་སྟོང་དང༌། །དྲུག་བརྒྱ་ཞེས་བྱའི་ལོ་ལ་ནི། །ཞེས་པ་ནི་ཞག་གཅིག་གི་དབུགས་དང་ལོ་གཅིག་གི་སྤུ་གུའི་གྲངས་


DTG019_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་ཏེ། ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག་དང༌། བརྒྱ་ཕྲག་དྲུག་ཅེས་པའི་དོན་ཏོ། །ཇི་ལྟར་བགྲང་བར་བྱ་ཞེ་ན། ཉིན་མཚན་གཅིག་ལ་དབུགས་ཚོད་དྲུག་ཅུ་སྟེ། དབུགས་ཚོད་དང༌། ཆུ་ཚོད་དང་སྦུ་གུ་ཞེས་པ་ནི་རྣམ་གྲངས་ཀྱི་དོན་ཏོ། །ཞག་སུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་གོ །དེ་སྙེད་ཀྱི་གྲངས་ཉིད་ཆུ་ཚོད་གཅིག་གི་དབུགས་ཏེ་ཇི་ལྟ་ཞེ་ན། དབུགས་སུམ་བརྒྱ་དྲུག་ཅུས་ནི་ཆུ་ཚོད་གཅིག་གོ །ཆུ་ཚོད་དྲུག་ཅུ་ལ་ནི་ཉིན་མཚན་གཅིག་གོ །གང་གི་ཆེ་དབུགས་སུམ་བརྒྱ་དྲུག་ཅུ་གྲངས་དྲུག་ཅུར་སྦས་ཏེ། གསུམ་དྲུག་ལ་བཅོ་བརྒྱད་དོ། །དྲུག་དྲུག་ལ་སུམ་ཅུ་རྩ་དྲུག་སྟེ། དེའི་རིམ་པས་བརྩིས་པས། དེའི་ཚེ་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །འབྱིན་དང་རྔུབ་ཅེས་པ་ནི། འབྱུང་བའི་རླུང་དང་འཇུག་པའི་རླུང་ངོ༌། །དེ་བཞིན་ས་ནི་བཅུ་གཉིས་ཉིད། །ཕྱི་རོལ་དུ་ནི་མཚོན་ཏེ་བཞག །ཅེས་པ་ནི། མོ་རྩིས་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་རྟོགས་པར་བྱེད་པའི་བདག་ཉིད་དུ་གསུངས་ཏེ། འདི་ནི་རྒྱུད་ཉིད་ནས་མངོན་པར་གསལ་ཏེ། ཕྱིས་ཀྱང་གསལ་བ་ཉིད་དུ་འགྱུར་རོ། །དེས་ན་དུས་ཀྱི་བགྲོད་པ་བཤད། །ཅེས་པ་ལ་སོགས་པ་ལ། རེའུ་མིག་བཅུ་གཉིས་པོ་དེ་རྣམས་སུ་སྔོན་བཞིན་དུ། ཐམས་ཅད་འདྲི་བར་བྱ་ཞེས་པའི་དོན་ཏོ། །རོ་ཧི་ཏ་ལ་ནོར་རྒྱས་ཏེ། །མོ་ཧི་ཏ་ལ་འཇོག་པོ་ཉིད། །བྷ་དྷ་སྟོབས་ཀྱི་རྒྱུ་ཡི་གཟུགས། །ཁྱུ་མཆོག་པདྨར་ཤེས་པར་བྱ། །དེ་བཞིན་རུས་སྦལ་པད་ཆེན་པོ། །ཆུ་སྲིན་དུང་སྐྱོང་ཉིད་དུ་གསུངས། །རན་ད་མཐའ་ཡས་སུ་བ་ནི་བཤད། །མི་ཀི་ར་ལ་རིགས་ཀྱི་གཙོ། །བྷ་དྷ་ལ་ནི་མགོ་བརྒྱ་པ། །བྱ་ཀུ་ལི་ལ་ཡིན་འགྲོ་ཞེས། །སྦས་ནལ་ནི་གཙིགས་པ་ནི། །ས་ལ་ས་རུ་ཆར་འབེབས་པའོ། །ལྷ་ཆེན་བཅུ་གཉིས་པོ་དེ་རྣམས། །སོ་སོར་འབྱུང་བའི་རང་བཞིན་ཉིད། །ཅེས་པ་ནི་གང་དུ་གཟའི་དུས་ཡིན་པ་དེར་ཀླུའི་དུས་སུ་འང་གསུངས་ཏེ། དེས་ན་ཚེས་གྲངས་རྣམས་དང་རྒྱུ་སྐར་རྣམས་རྗེས་སུ་མཐུན་བའི་དུས་ཀྱི་དབང་ཐང་ནི། དུས་ཀྱི་དབང་པོར་གསུངས་སོ། །དེ་ལྟར་ས་ནི་མཉམ་ཤེས་ནས། །ཞེས་པ་ནི། ཇི་སྐད་གསུངས་པའི་རིམ་པས་གནས་མཉམ་པར་ཤེས་པ་སྟེ། མོ་རྩིས་ཤེས་པས་ལག་པས་རེག་པའམ། མེ་ཏོག་བསྒྱུར་བའམ། བགྲང་བ་ཡང་རུང་བས་དགེ་བ་དང་མི་དགེ་པ་ཐམས་ཅད་འཁོར་


DTG019_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་འདིར་རིམ་པ་བཞིན་དུ་གཅིག་པར་བསྟན་པར་བྱ་བའི་དོན་ཏོ། །དགའ་བ་ལ་སོགས་པའི་ཞེས་པ་ནི། དགའ་བ་བཞི་དང༌། སྐད་ཅིག་བཞི་དང༌། འབྲས་བུ་བཞི་དང༌། ཡན་ལག་དང༌། དེ་བཞིན་དུ་བགྲོད་པ་དང༌། དབྱེ་བ་སྟེ་དྲུག་གོ་དེ་དག་སུམ་འགྱུར་དུ་བསྒྱུར་རོ། །ཐམས་ཅད་ཚིག་རྐང་བཞིས་དགང་ཚིག་བཞི་རྫོགས་པར་བྱ་ཞེས་པའི་དོན་ཏོ། །གང་གིས་དགེ་བ་དང་མི་དགེ་བ་ཤེས་པར་བྱ་སྟེ། དེའི་མིང་གཞུག་པར་བྱའོ། །མདུད་པ་དོར་བར་འབྱུང་བ་ཉིད། །ཅེས་པ་ནི། འཁོར་ལོ་རེའུ་མིག་བཅུ་གཉིས་པའི་མདུད་པ་བཏང་བ་སྟེ། ཡང་ཞེས་པའི་དོན་ཏོ། །ལྷག་མ་དུས་འབྱུང་བ་ལས། དགེ་བ་དང་མི་དགེ་བ་བརྟགས་ཏེ། དེ་ནས་རོ་ཧི་ཏ་ལ་སོགས་པའི་ཕན་ཡོན་ཇི་སྐད་རྒྱུད་དུ་གསུངས་པ་ཐམས་ཅད་ཤེས་པར་བྱའོ། །ལྷག་མར་གྱུར་པ་ནི་རྟོགས་པར་སླའོ། །ལེའུ་དགུ་པར་གང་གསུངས་པའི། །ཕྱུགས་རྣམས་ཀྱི་ནི་རྒྱུད་བྲལ་ཕྱིར། །རྒྱུད་བྲལ་གྱིས་ནི་བསྣུན་པར་བྱ། །ཞེས་པ་ནི་རྒྱུ་ནི་རྒྱུར་གྱུར་པ་སྟེ་ལས་དགེ་བ་དང་མི་དགེ་བ་ལས་འོང་བའི་རྣམ་པར་ཤེས་པའོ། །དེ་དང་བྲལ་བ་གང་ཡིན་པ་ནི་སྲོག་སོང་བ་ཞེས་པའི་བར་དུའོ། །དེ་རྣམས་ཀྱིས་བསྣུན་པ་ནི་ཤ་བླང་བའོ། །རྒྱུ་མེད་པའི་ས་ཞེས་པ་ནི་བདག་དང་བདག་གི་གཞན་ལ་སོགས་པར་ཡོངས་སུ་བརྟག་པའི་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རིག་པ་སྔ་ཕྱི་ཡོངས་སུ་དག་པའི་དོན་ཤེས་པ་སྟེ། མཁས་པ་ཞེས་པའི་དོན་ཏོ། །དེ་ལྟར་རྒྱུད་གཞན་དག་གི་ནང་དུ་ཡང་རྟོགས་པར་བྱའོ། །དེ་དག་ཇི་ལྟར་ངེས་པར་ནུས་ཤེ་ན། ལེའུ་ཉི་ཤུ་རྩ་དགུ་པ་ལས་གསུངས་པ། མ་དང་དེ་བཞིན་ཕ་དང་ནི། །རྒྱལ་པོ་བྲམ་ཟེ་གཙང་མ་གཉིས། །ཡུལ་འཁོར་རྒྱུ་བ་བཅས་བཅོམ་ན། །བྲམ་ཟེ་སྡིག་པ་མེད་པར་འགྱུར། །ཞེས་པ་ལ་སོགས་པ་ནི། ཇི་ལྟར་འདུས་པ་དེ་ལྟར་གྱུར་པ་དེ་ལྟར་བསྟན་པའི་ཕྱིར་རོ། །དེ་ལ་སྲེད་པ་དང༌། གཏི་མུག་དང༌། འདོད་ཆགས་དང༌། ཞེ་སྡང་གཞོམ་པའི་དོན་དུ་དེ་ལྟར་གསུངས་པ་ཡིན་ནོ། །འདིར་ལུང་གི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པ་ཉིད་མ་ཡིན་ནམ་ཞེ་ན། དེ་ལྟ་མོད་ཀྱི་བདག་ཉིད་འཇིག་རྟེན་དུ་ནོར་བཟངས་ཞེས་གྲགས་པ་བཞིན་ནོ། །གསེར་ལ་སོགས་པ་དང་ལྡན་པས་དེ་ནོར་བཟངས་ཞེས་གལ་ཏེ་མིང་ཁོ་ནས་བསྟན་ཀྱང་འདིར་འབྲོན་བུ་ཙམ་ཡང་མེད་དོ། །དེའི་ཕྱིར་དམ་པ་མ་ཡིན་པའི་རྟོག་པ་ལ་མངོན་


DTG019_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་ཞེན་པས་བདག་ཉིད་འབྲེལ་པར་བྱེད་པ་ཞིག་ཏུ་བཟང་ངོ༌། །བརྡའི་དོན་དང་སྒྲའི་དོན་དག་ལ་ཁྱད་པར་ཅི་ཡང་མ་མཐོང་ངོ༌། །གལ་ཏེ་ཡང་བསྐྲད་པ་ལ་སོགས་པ་དེ་ཡང་གདུལ་བྱའི་ཕྱིར་བྱེད་ན་ནུས་པ་རྟས་པས་བྱ་བ་ཡིན་ནོ། །དེས་ན་དེས་ཉམས་སུ་མྱོང་བ་ཙམ་བསྟན་གྱི་བསད་པ་ནི་མ་ཡིན་ཏེ། བྱ་བ་ཐམས་ཅད་ལ་སྙིང་རྗེས་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་པའི་རླུང་གི་དེ་ཁོ་ན་ཉིད་ཀྱི་བཤད་པའོ།། །།

བདུན་པ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅོ་བརྒྱད་པའི་གཏོར་མའི་མཆོད་པའི་བཤད་པ།


DTG020_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉེ་བར་སྤྱོད་པའི་གཏོར་མའི་སྣོད། །ཅེས་པ་ནི། ཉེ་བར་སྤྱོད་པར་གྱུར་པའི་བཟའ་བ་ལ་སོགས་པ་སྣོད་གཅིག་ཏུ་བསགས་ཏེ། རྣལ་འབྱོར་མ་མང་པོ་དང་ལྷན་ཅིག་ཏུ་ལོངས་སྤྱོད་པའོ། །དེ་རྣམས་ཀྱི་གཏོར་མའི་སྣོད་ནི་སོ་སོ་བྱ་ཞེས་པའི་དོན་ཏོ། །ཤ་རློན་ལ་སོགས་ཉ་ཡི་ཤ །ཞེས་པ་ལ་སོགས་པ་ནི། དེ་ཁོ་ན་ཉིད་དུ་བསྟན་པའི་དོན་ཏོ། །གཡོན་པའི་ཆ་ཡི་སྣོད་ལས་ནི། །ཞེས་པ་ནི། གཡོན་གྱི་ལོགས་སུ་མཆོད་ཡོན་གྱི་སྣོད་གཞག་པར་བྱ་ཞེས་པའི་དོན་ཏོ། །གཡས་ཀྱི་ཁྲོ་བོས་བསྟན་པར་བྱ། །ཞེས་པ་ནི་སྣོད་དེར་གནས་པའི་མེ་ཏོག་ལ་སོགས་པའི་གཡས་པའི་མཛུབ་མོ་དང་མཐེ་བོ་དག་གིས་བསྐོར་ཏེ། མཆོད་ཡོན་དབུལ་ཞེས་པའི་དོན་ཏོ། །གཞན་དག་ནི་རྟོགས་པར་སླའོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅོ་བརྒྱད་པའི་གཏོར་མའི་མཆོད་པའི་བཤད་པའོ།། །།

བརྒྱད་པ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དགུ་པ་ལས་འཆི་བ་སླུ་བའི་བཤད་པ།


DTG020_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུམ་ཅུ་རྩ་གཉིས་རྩ་ཞེས་པ་ནི། དུས་ཀྱི་འཁོར་ལོའི་གནས་སྐབས་སུ་གཙོ་བོ་ཉིད་ཡིན་ནོ། །བཅུ་ཕྱེད་ཅེས་པ་ནི་རྩ་ལྔ་ཞེས་པའི་དོན་ཏོ། །དབྱངས་རྣམས་ཀྱི་ནི་འགྲོ་མཚན་ཉིད། །དཀར་པོ་ནག་པོ་ཆ་ཡིས་ན། །ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་དབྱེ་བས་དབྱངས་ཉི་ཤུ་རྩ་བཞི་གསུངས་སོ། །ལུས་ཀྱི་མཚན་མ་ཞེས་པ་ནི་འོག་ནས་འབྱུང་པའི་རྟགས་དགུའོ། །དབུགས་ནི་རྣམ་པར་རྒོད་ཅན་གྱིས། །ལུས་ཅན་དྲུག་གཉིས་ན་ནི་འཆི། །ཞེས་པ་ནི། སོར་བཅུ་གཉིས་སུ་དབུགས་ཕྱིར་བྱུང་བ་ཆད་ནའོ་ཞེས་པ་སྟེ། ལུས་ཅན་སོར་གནས་པའི་རང་འདི་ལས་གལ་ཏེ་གཞན་དུ་གྱུར་པ་དེའི་ཚེ་འཆི་བའི་དུས་ལ་བབ་པར་རྟོགས་པར་བྱའོ། །རོ་ཧི་ཏ་དུས་སྔ་དྲོའི་ཆ། །ཞེས་པ་ནི། ཐུན་ཕྱེད་ཕྱེད་དུས་ངེས་པར་རླུང་འཕོ་བའི་དོན་ཏོ། །དེ་ལ་རོ་ཧི་ཏ་ལ་སོགས་པའི་ཞག་བཅུ་གཉིས་རྣམ་པར་དབྱེ་སྟེ་དེའི་དོན་ནི་འདིའོ། །ཞག་གཅིག་ཉིད་ལ་ཆོས་བཅུ་གཉིས་ཀྱི་ཆ་ཕྱེད་དེ། དེས་ན་རོ་ཧི་


DTG019_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏའི་ཆ་ནས་མཚོན་པའི་དོན་ཏོ། །གཞན་དག་ནི་རྟོགས་པར་སླའོ། །དབུས་ན་ཆད་ཅིང་འཆད་པར་འགྱུར། །ཞེས་པ་ནི། རྟགས་དགུ་པོ་གང་བསྟན་པས་གང་གི་ཚེ་རྩ་ཆད་པས་དེ་འཆད་དེ། ཚེ་ཟད་ཅེས་པའི་དོན་ཏོ། །གང་ཚེ་ཉིན་ཞག་དྲུག་རྒྱུ་བ། གཅིག་ཏུ་རྒྱུ་བས་བརྒྱན་པ་སྟེ། །ཞེས་པ་ནི་རྟག་པར་རྒྱུན་མི་འཆད་པར། གང་གི་ཚེ་རླུང་གི་རྒྱུ་བ་དེའི་ཚེ་ཞེས་པའི་དོན་ཏོ། །དེ་རུ་ལོ་ནི་གསུམ་བརྩི་བ། །དེ་བཞིན་སུམ་བརྒྱ་དྲུག་ཅུས་སོ། །ཞེས་པའི་དོན་ཅི་ཞེ་ན། འཁོར་ལོ་ཕྱིའི་རིམ་པའི་གྲངས་ལ་ཞག་ལྔར་རྒྱུ་ན་ལོ་གསུམ་དུ་ཚེས་ཐུབ་པར་གསུངས་སོ། །དེའི་རྗེས་སུ་ལྔ་ལས་ཡར་འཕེལ་བས་གང་གི་ཚེ་ཞག་བཅུའི་བར་དུ་རྒྱུ་བ་དེའི་ཚེ་ལོ་གཉིས་སུ་འཚོ་བར་བསྟན་ཏོ། །འདི་དག་གི་བར་དུ་ཆུད་པའི་ཉི་མ་རྣམས་གཏན་ལ་དབབ་སྟེ། དེར་ལོ་གསུམ་དུ་བརྩི་བ་ནི་མ་ཡིན་ཏེ། ལོ་གསུམ་གྱི་ཆ་བླང་བར་བྱའོ། །དེས་ན་ལོ་གཉིས་དང་ཟླ་བ་དྲུག་ཏུ་དེ་བཞིན་དུ་ཞག་བཅོ་བརྒྱད་དོ། །དེ་ལྟར་བར་དུ་ཆད་པའི་ཉི་མ་གཞན་རྣམས་ཀྱང་རྟོགས་པར་བྱའོ། །སུམ་བརྒྱ་དྲུག་ཅུས་ལོའི་ཞག་གི་གྲངས་ཀྱི་ཆ་ཡོངས་སུ་བརྟག་པར་བྱའོ། །འདི་དག་ཐམས་ཅད་ཀྱི་བར་གྱི་ཉི་མ་གང་ཡིན་པ་བཤད་པར་བྱ་སྟེ། དེ་ཡང་ཇི་ལྟར་རྙེད་ཅེ་ན། ཞག་བདུན་པའི་ཆ་ལ་ཡོངས་སུ་བརྟག་པ་སྟེ། ལོ་གཉིས་དང་ཟླ་བ་ཡང་དུས་ཀྱི་གྲངས་སུ་བསྟན་ཏོ། །ཞག་བདུན་དོར་ཞེས་པ་ནི། ཞག་བདུན་དོར་བ་ནི་བརྒྱད་པ་ཞེས་པའི་དོན་ཏོ། །གང་ཚེ་རླུང་ནི་རྒྱུ་བ་ཞེས་པ་ནི། གང་གི་ཚེ་སྣ་བུག་གཡས་པ་ནས་ཞག་བརྒྱད་དུ་རླུང་རྒྱུ་བ་ན་ལོ་གཉིས་དང༌། ཟླ་བ་རིག་བྱེད་ཀྱི་གྲངས་ཏེ། ཟླ་བ་བཞི་ཞེས་པའི་དོན་ཏེ། །ཞག་རྣམས་ཀྱི་དུས་ཀྱི་སྒྲས་བསྟན་ཏེ། ཞག་ནི་ཉི་ཤུ་རྩ་བཞི་བསྟན་པ་ནི་འཚོ་བའི་དུས་ཀྱི་གྲངས་སོ། །བར་གྱི་ཞག་གྲངས་གསུངས་པ་གང༌། །བཅུ་གཉིས་ལས་ཤེས་བཞིན་བཟངས་མ། །བདུན་ཅུ་རྩ་གཉིས་གོ་རིམས་ལས། །ལོ་ཡི་རིམ་གྱིས་དེ་དེར་བྱ། །སུམ་ཅུ་དྲུག་དང་བཅོ་བརྒྱད་དང༌། །ཟླ་བ་ལ་སོགས་གོ་རིམས་བཞིན། །ཞེས་པ་ནི་ལོའི་རིམ་གྱིས་གྲངས་བཞིན་ནི་མ་ཡིན་ནོ། །ལོའི་ཆ་ལ་གནས་ཏེ་གཅིག་གཉིས་གསུམ་ལ་སོགས་པའི་ཉི་མས་དེ་སྦྱང་ཞེས་པའི་དོན་ཏོ། །དེ་ཡང་འཁོར་ལོའི་སྟེང་འོག་གི་སྒོ་ལས་ཤེས་པར་བྱ་སྟེ། འཁོར་ལོའི་སྟེང་གི་སྒོ་ནི་ལོའི་རིམ་པས་སོ། །འོག་གི་


DTG019_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒོ་ནི་ཞག་དང་ཟླ་བའི་རིམ་པས་སོ། །བགས་ཀྱི་བགས་ཀྱིས་དབྲི་བར་བྱ། །ལྷག་མར་གྱུར་པ་གང་ཡིན་དང༌། །བཟླུམས་པ་ཞེས་བྱ་འཚོ་བའི་ཚད། །ཅེས་པ་ནི་ཇི་ལྟར་ཕྲི་བ་དེ་ལྟར་བསྡམ་པའི་དོན་ཏོ། །འདིས་ནི་ཕྱི་དང་དབུས་ཀྱི་རེའུ་མིག་བཅུ་གཉིས་གཏན་ལ་ཕབ་པ་ཡིན་ནོ། །ནང་གི་རེའུ་མིག་རྣམས་ནི་རྟོགས་པར་སླ་བ་ཉིད་དོ། །འདིས་འཆི་བའི་མཚན་ཉིད་ངེས་པར་བྱ་སྟེ། ཕྱིར་བཟློག་པའི་ཆོ་ག་བྱའོ། །འཆི་བ་འཚོ་བ་ལ་སོགས་པ་ནི་སྔོན་ཉིད་དུ་ཡང་བསྟན་ཟིན་ཏོ། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་ན་ཀེང་རུས་ཀྱི་གཟུགས་ཕགས་པ་དང༌། ཤ་དང་ཁྲག་དང་ཁུ་བ་ལ་སོགས་པ་དང་བྲལ་བ་བདག་ཉིད་བསྒོམ་པར་བྱའོ། །ཡང་ན་ཁཎྜ་རོ་ཧ་ཁ་ཊྭཱཾ་ག་དང་ཐོད་པ་དང་ལྡན་པ་ཕྱུང་སྟེ། བསྒོམ་པ་ལ་གོམས་པའི་རྣལ་འབྱོར་པས། ཡན་ལག་ཐམས་ཅད་ཀྱི་སྒོ་ལ་སོགས་པ་གསུངས་ཏེ། བདུད་རྩི་ལྔས་ཁ་བཀྲུས་པའམ། ཡང་ན་བདུད་རྩི་བསམ་གཏན་གྱིས་བྱིན་གྱིས་བརླབ་བོ། །མཆོད་པ་སྔོན་དུ་འགྲོ་བ་ལ་སོགས་པ་ནི་སྔོན་དུ་བཤད་ཟིན་ཏོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དགུ་པ་ལས་འཆི་བ་སླུ་བའི་བཤད་པའོ།། །།

དགུ་པ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་གཅིག་པ་ལས་གོང་དུ་འཕོ་བའི་བཤད་པ།


DTG020_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་མུ་སྟེགས་ཅན་གྱི་དབང་དུ་བྱས་ཏེ་གསུངས་པ། རླུང་བཅིང་བ་ལ་སོགས་པས་དེ་དག་ཀྱང་རྫོགས་པའི་སངས་རྒྱས་སུ་བྱའོ། །དེ་དག་གིས་ཀྱང་ངེས་པར་རླུང་དང་བདུད་རྩི་ལ་སོགས་པའི་དེ་ཁོ་ན་ཉིད་རྟོགས་པར་འདོད་དེ་དེས་ན་དེ་རྣམས་ཀྱིས་རྟོགས་པར་བྱ་བ་དང༌། བདག་ཅག་གི་ཡང་ཡོད་པ་སྟེ། ཕུང་པོ་ལ་ཞེན་ཅིང་མངོན་པར་ཆགས་པ་རྣམས་དང༌། མཐོ་རིས་ལ་སོགས་པའི་ལོངས་སྤྱོད་ལ་དགའ་བ་རྣམས་ཀྱི་ཕྱིར། གཞན་གྱི་ལུས་ལ་གཞུག་པ་དང༌། གོང་དུ་འཕོ་བ་བསྟན་པ་ཡིན་ནོ། །འདི་དག་གང་ལས་ཤེས་པར་བྱ་ཞེ་ན། མདོ་སྡེ་ལ་སོགས་པ་ལས་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་ཏེ། གནག་གི་ཚེ་སྔོན་ཚངས་པ་དང་དྲང་སྲོང་དང༌། འོད་སྲུངས་བྱུང་བ་དེའི་ཚེ། དགེ་སྦྱོང་གཽ་ཏ་མས་གལ་ཏེ་བདག་གི་དེ་ཁོ་ན་ཉིད་ཤེས་ན་དེའི་ཚེ་ཕྱིས་མཉམ་པར་བྱའོ་ཞེས་བགྲོས་ཏེ། བཅོམ་ལྡན་འདས་ལ་འདྲི་བ་ལ་བརྩོན་པར་བྱེད་དོ། །དགེ་སྦྱོང་གཽ་ཏ་མ་བདག་ཡོད་དམ་ཞེས་འདྲིའོ། །གསུངས་པ་བདེན་ཏེ་ཁྱེད་ཅག་གིས་ཇི་ལྟར་ཤེས་པ་བཞིན་དུ་བདག་


DTG019_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ཡོད་དོ་ཞེས་གསུངས་སོ། །དེ་ནས་དེ་དག་ཡིད་དགའ་ཞིང་མགུ་ནས་ལེགས་སོ་ཞེས་བྱ་བ་བྱིན་ནས་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ལྟར་གཞན་དག་གི་དཔེར་ཡང་རྟོགས་པར་བྱའོ། །གཞན་ཡང་བརྩེ་བ་དང་ལྡན་ཞིང་བསྒོམ་པའི་བདག་ཉིད་ཅན་སེམས་ཅན་གྱི་དོན་དང་ལྡན་པས། དན་འགྲོའི་ལམ་དགག་པར་བྱ་བའི་ཕྱིར་གོང་དུ་འཕོ་བར་བྱའོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱ་བའི་ཕྱིར་དང༌། ངན་འགྲོ་ལས་གཞན་གྱི་སེམས་བསྲུང་བར་བྱ་བའི་ཕྱིར། གཞན་གྱི་ལུས་ལ་གཞུག་པར་བྱ་སྟེ། དེ་ཡང་བསྒོམ་པའི་བདག་ཉིད་ཅན་ནུས་པ་དང་ལྡན་པས་འདི་བྱའོ། །དང་བོ་ཁོ་ནར་ཡོངས་སུ་དག་པར་བསྟན་ཏེ་ཕྱིས་སེམས་ཀྱི་ལས་བྱའོ། །གཞན་དག་ནི་རྟོགས་པར་སླའོ། །སྔོན་བཞིན་འཁོར་ལོ་གང་གསུངས་ལས། །རྣ་བ་དག་ཏུ་ཞུགས་ནས་ཀྱང༌། །ཞེས་པ་ནི་རྡོ་རྗེ་མཁའ་འགྲོའི་སྦྱོར་བས་ནང་གི་འཁོར་ལོའི་བདག་ཉིད་བསྒོམས་ཏེ། ཐིག་ལེ་སྤྲོས་ནས་འཇིག་རྟེན་གསུམ་དུ་གཏོགས་པའི་སྒྲ་དང་འདྲེས་ཤིང༌། ཛཱ་ལནྡྷ་རའི་ལམ་ནས་ཞུགས་ཏེ། མེ་སྟག་བཞིན་དུ་འཁོར་བར་འགྱུར་རོ། །རླུང་གིས་མི་བསྐྱོད་པས་སྤྲོས་པའི་བདག་ཉིད་ཤེས་རབ་དང་ལྡན་པ་མེ་སྟག་བཞིན་དུ། རྣ་བ་དག་ཏུ་གཞུག་གོ་ཞེས་པའི་དོན་ཏོ། །འདིས་ནི་རྣལ་འབྱོར་པའི་རིང་ནས་ཐོས་པ་ཤེས་པར་འགྱུར་རོ། །དེ་ལྟར་མིག་ལ་ཡང་སྦྱར་ཏེ། ལྷའི་མིག་སྤྱོད་ཡུལ་དུ་བྱས་པས་ཁམས་གསུམ་མཐོང་བར་འགྱུར་རོ། །དེ་ལྟར་སྔོན་གྱི་གནས་ཤེས་པར་བྱ་བའི་ཕྱིར། འཇིག་རྟེན་གསུམ་སྣང་བར་བྱ་བ་དང༌། གཞན་གྱི་སེམས་ལ་བཅུག་པས་གཞན་གྱི་སེམས་ཤེས་པ་དང༌། རྫུ་འཕྲུལ་མངོན་པར་བྱེད་དོ། །ཇི་ལྟར་གསུངས་པའི་དཀྱིལ་འཁོར་ལ་གནས་ཏེ། འབར་ཞིང་གསལ་བ་ལ་སོགས་པ་ལ་བསླབ་པ་དང༌། གཞན་གྱི་ལུས་ལ་འཇུག་པ་དང༌། གོང་དུ་འཕོ་བའི་མཚན་ཉིད་ལ་བསླབས་པས་མྱུར་བ་ཁོ་ནར་དེ་དང་འདྲ་བ་སྐྱེ་བར་འགྱུར་རོ། །འགྲོ་བ་ཡི་ནི་སྒོ་བཟང་པོ། །ཉིན་གཅིག་ལྷ་མོ་སྒྱུ་འཕྲུལ་ཆེ། །ཞེས་པ་ནི། སྒོ་དགུ་ནས་རྣམ་པར་ཤེས་པ་འཕོ་བའི་མཆོག་དང་ཐ་མའི་དབྱེ་བས་འགྲོ་བའི་དབྱེ་བ་བསྟན་ཞེས་པའི་དོན་ཏོ། །ལྟེ་བ་འདོད་ཅན་མཐོ་རིས་ཏེ། ཐིག་ལེའི་གཟུགས་ཀྱི་ལུས་ཅན་ནོ། །ཞེས་པ་ནི།


DTG019_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་གི་ཚེ་སྤྲོ་བ་དང་སྡུད་པའི་རིམ་པས་སེམས་ཐིག་ལེའི་གཟུགས་ཅན་གྱི་རྣམ་པར་ཤེས་པ་ལུས་ཅན་རྣམས་ཀྱི་ལྟེ་བའི་སྒོ་ནས་བྱུང་བ་དེའི་ཚེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ལྷ་མོ་སྟེང་གིས་སྟེང་འགྲོ་ཞིང༌། །ཞེས་པ་ནི། གང་གི་ཚེ་སྟེང་ཛཱ་ལནྡྷ་རའི་སྒོ་ནས་བྱུང་ན། དེའི་ཚེ་རྣལ་འབྱོར་པ་མཐོ་རིས་ཀྱི་གང་དུ་གྱུར་པ་འོག་མིན་ལ་སོགས་པ་སྐྱེ་བར་འགྱུར་བ་སྟེ། དེས་ན་མྱུར་དུ་འགྲོ་བས་ཕྱེ་བ་ཞེས་པའི་དོན་ཏོ། །སྣ་ལས་ནི་གནོད་སྦྱིན་དུ་འགྱུར་རོ། །རྣ་བ་དག་ལ་ནི་མིའམ་ཅིར་འགྱུར་རོ། །ལྷ་མོ་གལ་ཏེ་མི་འགྲོན། །མི་རྣམས་ཀྱི་ནི་རྒྱལ་པོར་འགྱུར། །ཞེས་པ་ནི། གལ་ཏེ་མི་གནས་རྣམ་པར་ཤེས་པ་བྱུང་ན། མིའི་འཁོར་ལོས་སྒྱུར་པའི་རྒྱལ་པོར་འགྱུར་ཞེས་པའི་དོན་ཏོ། །སྲིད་པའི་སྒོ་ཞེས་པ་ནི་ཁའི་སྒོ་སྟེ། འདི་ལས་རྣམ་པར་ཤེས་པ་བྱུང་ན། ཡི་དགས་སུ་འགྱུར་ཞེས་པའི་དོན་ཏོ། །ཆུ་ཡིས་དུད་འགྲོ་ཞེས་པ་ནི་དྲི་ཆུའི་ལམ་ནས་རྣམ་པར་ཤེས་པ་བྱུང་ན་དུད་འགྲོར་འགྱུར་ཞེས་པའི་དོན་ཏོ། །ཆུ་མིན་དམྱལ་བར་འགྲོ་བ་སྟེ། །ཞེས་པ་ནི་འོག་གི་སྒོ་དྲི་ཆེན་གྱི་ལམ་ནས་རྣམ་པར་ཤེས་པ་བྱུང་ན་དམྱལ་བར་སྐྱེ་བར་འགྱུར་ཞེས་པའི་དོན་ཏོ། །ཐར་པ་རྣམས་ལས་གཞན་དུ་འགྲོ། །ཞེས་པ་ནི་འདི་ལྟ་བུ་ནི་སླར་ཡང་ཐར་པའི་སྒོར་མི་འགྲོ་ཞེས་པའི་དོན་ཏོ། །དེའི་ཚེ་རྣལ་འབྱོར་པ་རང་དགའི་རྫུ་འཕྲུལ་ཅན་དུ་ཇི་ལྟར་འགྱུར་ཞེ་ན། སྔོན་དུ་བུམ་པ་ཅན་བསམས་ལ་སྒོ་ཐམས་ཅད་བཀག་སྟེ་གོང་དུ་འཕོ་བ་བརྩམས་ན་དེ་ལྟ་བུར་འགྱུར་ཞེས་བྱ་བའི་དོན་ཏོ། །སྒྲོགས་པ་ལྔ་ཡི་མཆོད་རྟེན་གྱི། །སྒོ་ཡི་བུ་གར་བསྒོམ་པར་བྱ། །ཞེས་བྱ་བ་ནི། མཆོད་རྟེན་གྱི་སྒོ་དང་སྤྱི་བོའི་བུ་གར་ཧི་ཀ་བསྒོམས་ནས་སྒོ་དབྱེ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཁུང་བུའི་སྒོ་ལ་ཞེས་པ་ནི་སྙིང་གི་ནང་དུ་གནས་པའི་ཧཱུཾ་གི་ས་བོན་ཆུ་ལྟ་བུའི་འབྱུང་བ་དང༌། འཇུག་པའི་རླུང་བདུད་རྩིའི་རང་བཞིན་ཅན་མེའི་ས་བོན་སྦར་བ་དང་བུམ་པ་ཅན་གྱི་དབུགས་དེས་ནི་བདེ་བླག་ཏུ་སྒོ་ཕྱེ་ནས་ལུས་དོར་ཏེ། རང་དགའ་བར་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞེས་པའི་དོན་ཏོ། །ལུས་ནི་རླུང་གི་མདོག་ཏུ་སྟེ། །ཞེས་པ་ལ་སོགས་པ་ནི་གོ་བར་སླའོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་གཅིག་པ་ལས་གོང་དུ་འཕོ་བའི་བཤད་པའོ།། །།

བཅུ་པ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་གསུམ་པ་ལས། ཀླུ་དང་གཟའི་དབང་གི་བཤད་པ།


DTG020_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སླར་ཡང་ལྷ་མོས་གར་མཛད་དེ། གླུ་འདི་


DTG019_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིས་ནི་མཉེས་པར་བྱ། །ཞེས་པ་ལ་སོགས་པ་ལ། ཨེ་བཾ་སི་ཏ་ཨ་རུ་ཎ་ནི་བྷ་ཛ་ན་ཏིམ་དྷྱ་མཱ་ག་མ་དམ་ལ། །ཞེས་བ་ནི་ཁྱོད་ནི་ཨེ་བཾ་སྟེ། དཀར་པོ་དང་དམར་པོར་སྣང་བའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །སི་ཏ་ཞེས་པ་ནི་ཧེ་རུ་ཀ་ནག་པོའོ། །ཨ་རུ་ཎ་ཞེས་པ་ནི། རྡོ་རྗེ་ཕག་མོ་དམར་མོ་སྟེ། འདི་དག་གཉིས་པའི་དངོས་པོས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །ཛ་ན་ཏི་མཱ་དྷྱ་མ་ག་མ་ཞེས་པ་ནི། དབུ་མ་ལས་སྐྱེས་ཤིང་འོངས་པ་ཞེས་པའི་དོན་ཏོ། །དྷ་མ་ནི་སེམས་འདུལ་བ་སྟེ། དེ་ལས་གང་སྐྱེས་པ་ནི་དབུ་མར་འགྲོ་བས་འདུལ་བར་འགྱུར་བ་དེ་ལ་བསྲུང་ཞིང་བསྐྱབ་པའི་དོན་ཏོ། །ནི་ས་ཞེས་པ་ནི་དབུགས་རྔུབ་པའི་དོན་ཏོ། །རིང་གྷ་མཱ་སཱ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རྣལ་འབྱོར་མ་དེའི་རང་བཞིན་ཏེ། སྲོག་གི་དབུགས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །རི་གཱི་མཱ་ཞེས་པ་ནི་ཀྱེ་སྟོང་པ་ཉིད་རང་ཞེས་པའི་དོན་ཏོ། །བྷྲཱུཾ་པ་ཞེས་པ་ནི་མ་ལུས་པའི་དབང་ཕྱུག་ཅེས་པའི་དོན་ཏོ། །སཱ་རི་ཏེ་ཞེས་པ་ནི་ཁྱོད་ཀྱི་སྙིང་པོ་ཞེས་པའི་དོན་ཏོ། །དེ་ཅི་ཞེ་ན། ནི་པཱ་སཱ་ཞེས་པ་ནི་རྔུབ་པའི་དབུགས་ཐ་མལ་པ་གཞན་དག་མ་ཡིན་ཏེ། ཤེས་རབ་དང་གཉིས་འདུས་པས་འགྲོ་བ་ལ་ཕན་པར་བྱེད་པ་ཞེས་པའི་དོན་ཏོ། །མ་དྷྱ་མཱ་དྷྱ་མ་སྭ་སཱ་སཱ་སྲུ་ཏ་ནི་ས་ཞེས་པ་ནི། འཛག་པའི་རང་བཞིན་རྔུབ་པའི་དབུགས་ཏེ། སེམས་ཀྱི་ཆོས་ཀུན་རྫོབ་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཞེས་པའི་ཐ་ཚིག་གོ །སཱ་རི་སཱ་རི་ཏ་ཀ་མ་ག་མ་ཞེས་པ་ནི། དེ་དབུགས་གཏོང་བ་དང་རྔུབ་པ་དང་འགྲོ་བ་དང་འོང་བའི་རང་བཞིན་ཞེས་པའི་ཐ་ཚིག་གོ །དྷམྨ་དྷ་མ་ས་ཞེས་པ་ནི་དེས་གདུལ་བ་སྟེ་ཡིད་ཀྱིས་གདུལ་པའི་དོན་ཏོ། །པཱ་པ་མ་པཱ་བ་ཞེས་པ་ནི་སྡིག་པ་དང་སྡིག་པ་མེད་པའི་རང་བཞིན་ཞེས་པའི་དོན་ཏོ། །མ་དང་ནི་མི་ཏ་ཞེས་པ་ནི་ཀྱེ་མཆོག་ཏུ་དགའ་བའི་རང་བཞིན་གྱིས་དྲེགས་ཞེས་པའི་དོན་ཏོ། །དོན་ནི་འདི་ཡིན་ཏེ་གླུས་མཉེས་པར་བྱ་ཞེས་སྦྱར་ཏེ། དལ་ཞིང་སྙན་པའི་དབྱངས་ཀྱིས་ཁྱད་པར་གྱི་གླུ་བླངས་ཞེས་པའི་དོན་ཏོ། །དེ་ལྟར་རྣལ་འབྱོར་པའི་དབུགས་ཀྱི་གནས་སུ་དབྱངས་ཀྱི་དབྱེ་བ་དེ་རྣམས་ཀྱང་བསྟན་ཏོ། །ད་ནི་རྩིས་ཀྱི་འཁོར་ལོར་དགེ་བ་དང་མི་དགེ་བའི་རྒྱུ་མཚན་འབྱུང་བ་བསྟན་ཏེ། ཤར་དུ་མེ་ཞེས་པ་ནི་རེའུ་མིག་དགུ་པ་བྲི་སྟེ། དེའི་ཤར་ཕྱོགས་སུམ་


DTG019_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤའི་ལུག་དབང་ཐང་བྲི་བར་བྱའོ། །གཤིན་རྗེར་བྲྀ་ཞེས་པ་ནི་གཤིན་རྗེའི་ཕྱོགས་སུ་བྲྀ་ཥ་བྲིའོ། །ཆུ་རུ་མེ་ཞེས་པ་ནི་ཆུའི་ཕྱོགས་སུ་མི་མཐུན་པ་བྲིའོ། །གནོད་སྦྱིན་དུ་ཀུས་ཞེས་པ་ནི་གནོད་སྦྱིན་ཏེ་བྱང་གི་ཕྱོགས་སུ་ཀུ་རིལ་བྲིའོ། །མེ་དྷ་རུ་དྷ་སི་ཞེས་པ་ནི་མེའི་ཕྱོགས་སུ་དྷ་ནུ་དང་སི་ཧཾ་བྲིའོ། །སྲིན་པོ་མ་ཀར་ཞེས་པ་ནི་སྲིན་པོའི་ཕྱོགས་བདེན་བྲལ་དུ་མ་ཀར་དང་ཀ་བྱཾ་བྲིའོ། །གཡོ་བར་ཏུ་ཀུ་ཞེས་པ་ནི་རླུང་གི་ཕྱོགས་སུ་ཏུ་ལ་ཀུམྦྷ་བྲིའོ། །དབང་ལྡན་དུ་བི་མི་ཞེས་པ་ནི་དབང་ལྡན་གྱི་ཕྱོགས་སུ་བི་ཥ་དང་མཱི་ན་བྲིའོ། །འདི་ནི་དབང་ཐང་རྣམས་ཀྱི་དགོས་པའོ། །ཨ་ལ་སྒུར་པོ་ཞེས་པ་ནི་སྒུར་པོ་མིག་དམར་ཏེ། དེའི་ཨ་བྲི་ཞེས་པའི་དོན་ཏོ། །ཨི་ལས་ཟླ་སྐྱེས་ཞེས་པ་ནི། ཟླ་སྐྱེས་ནི་གཟའ་སྟེ། གཟའི་ཨི་བྲི་ཞེས་པའི་ཐ་ཚིག་གོ །ཨུ་ལས་ལྷའི་བླ་མ་ཞེས་པ་ནི། ལྷའི་བླ་མ་ནི་ཕུར་བུ་སྟེ། དེའི་ཨུ་བྲི་ཞེས་པའི་དོན་ཏོ། །ཨེ་ལ་ཁུ་བ་ཞེས་པ་ནི་པ་བ་སངས་ཀྱི་ཨེ་བྲི་ཞེས་པའི་དོན་ཏོ། །ཨོཾ་ལ་ཉི་མའི་བུ་ཞེས་པ་ནི་སྤེན་པའི་ཨོ་བྲི་ཞེས་པའི་དོན་ཏོ། །ཨོཾ་ལ་གཟའ་བདག་ཅེས་པ་ནི་གཟའ་བདག་ནི་ཟླ་བ་སྟེ། དེའི་ཨོཾ་བྲི་ཞེས་པའི་དོན་ཏོ། །ཨཿཉི་མར་གསུངས་ཞེས་པ་ནི། ཉི་མའི་ཨཿབྲི་ཞེས་པའི་དོན་ཏོ། །ད་ནི་འདི་གཉིས་རྟོགས་པར་བྱ་སྟེ། ཀུ་ལི་རལ་དཀྱིལ་འཁོར་ཅན་དུ་ཤེས་ཞེས་པ་ནི་ཀུ་ལི་ར་ནི་ཀ་ར་ཏེའོ། །དཀྱིལ་འཁོར་ཅན་ཟླ་བ་སྟེ། དེ་ལ་སྐྱེ་བ་ནི་གཟའ་ལག་ཏུ་ཤེས་པར་བྱ་བའི་དོན་ཏོ། །གདོང་ལྔ་པ་ལ་ཉི་མ་གནས། །ཞེས་པ་ནི། གདོང་ལྔ་པ་སེང་གེ་ཉི་མ་གནས་པར་ཤེས་པར་བྱ་ཞེས་པའི་དོན་ཏོ། །འདིས་ནི་རྟའི་འགྲོས་ཀྱིས་གཟའ་རྣམས་བསྟན་པ་ཡིན་ནོ། །གང་དག་མཐའ་ན་གནས་པའི་གཟའ་རྣམས་ནི། ལྷག་མ་རང་རང་དབང་ཐང་ལ་སྤྱོད་པ། །ཞེས་པ་ནི་གཟའ་གང་དག་ལྷག་མ་རྣམས་མཐའ་ན་གནས་བ་སྟེ། མཚམས་ཀྱི་ཆ་ན་གནས་པ་ན་དེ་རྣམས་ནི་དབང་ཐང་གཉིས་གཉིས་ལ་སྤྱོད་པས། ཡོངས་སུ་མཉེས་པའི་དོན་ཏོ། །ཕྱོགས་རྣམས་ནི་དབང་ཐང་རེ་རེ་ལ་སྤྱོད་ཅེས་པའི་ཐ་ཚིག་གོ །གཞན་ཡང་རོ་ཧི་ཏ་ལུགས་ཁ་ཅིག་ཏུ་ཞེས་བྱ་བ་ལ་སོགས་པ་ནི། རྒྱུད་ཀྱི་གཞུང་ཉིད་དུ་གསལ་བར་བྱས་པས་ཐམས་ཅད་རྟོགས་པར་སླ་ཞེས་པའི་ཐ་ཚིག་གོ །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་གསུམ་པ་ལས། ཀླུ་དང་གཟའི་དབང་གི་བཤད་པའོ།། །།

བཅུ་གཅིག་པ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་པའི་རྩིས་ཀྱི་འཁོར་ལོའི་བཤད་པ།


DTG020_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དེ་ཀུན་འཇིག་རྟེན་གྱི། །ཞེས་པ་ནི། གང་དག་སྔོན་དུ་གསུངས་པའི་ཧོ་ཏ་ལ་སོགས་པའི་དབྱངས་ཡིག་བཅུ་གཉིས་པོ་རྣམས་སོ། །དེས་ན། ཟང་དང་མངོན་པར་འབྱུང་ལ་གནས། །ཞེས་གསུངས་སོ། །ལྷ་ཆེན་བཅུ་གཉིས་པོ་དེ་རྣམས། འཆོ་བའི་གཟུགས་ཀྱི་ཆ་རུ་གནས། །དེ་རྣམས་དབང་ཐང་ཡང་དག་བཤད། །རྒྱུ་སྐར་ཀུན་དང་ཡང་དག་ལྡན། །ཟླ་བ་ཉི་མ་རྣམ་དབྱེ་བས། །འོག་དང་སྟེང་དུ་བལྟས་དེ་བཞིན། །ཞེས་པ་ནི་ལུས་ལ་ཁ་སྟེང་དུ་བལྟས་པ་ནི་ས་ལ་སོགས་པའོ། །ཁ་འོག་ཏུ་བལྟས་པ་ནི་ཀ་ལ་སོགས་པ་ཞེས་པའི་དོན་ཏོ། །བརྟན་པ་དང་མི་གཡོ་བ་ཉིད། །གཉིས་དང་གཉིས་སུ་ཡང་དག་གསུངས། །ཞེས་པ་ནི། རེ་རེ་བཞིན་དུ་བརྟན་པ་དང་གཡོ་བའི་རང་བཞིན་ཞེས་པའི་དོན་ཏོ། །འདི་དག་གི་འབྱུང་བའི་རིམ་པས་ནི་མི་དགེ་བའོ། །འཇུག་པའི་རིམ་པས་ནི་དགེ་བ་སྟེ། སོ་སོར་རེ་རེ་ལ་སྦྱར་ཞེས་བའི་དོན་ཏོ། །ལྷ་མོ་དེ་བཞིན་གཟི་བརྗིད་ཟུང༌། རིང་ཐུང་རྒྱལ་དང་རྒྱལ་མིན་པ། །ཞེས་པ་ནི། སྔོན་དུ་གསུངས་པའི་འཁོར་ལོའི་སླར་བསྟན་པའོ། །གཟི་བརྗིད་ཟུང་ཞེས་པ་ནི། སྡེ་ཚན་རིམ་པར་གསུངས་པའི་ཡི་གེ་ཟུང་དུ་འབྲེལ་པ་ཐུང་བ་དང་རིང་བ་གང་ཡིན་པ་དེས། རྒྱལ་བ་དང་རྒྱལ་བ་མ་ཡིན་པར་འགྱུར་རོ། །དེའི་བསམ་པ་ཅི་ཞེ་ན། སྟེང་གིས་དེ་ཡི་རྒྱལ་བ་སྟེ། །ཞེས་སྨོས་ཏེ། དང་པོའི་ཡི་གེ་ཐུང་དུས་ནི་རྒྱལ་བར་འགྱུར་རོ། །འོག་གིས་འཆི་དང་ཕྲད་པ་ཡིན། །ཞེས་པ་ནི་ཡི་གེ་གཉིས་པས་ནི་འཆི་བ་དང་ཕྲད་པས་འགལ་ལོ་ཞེས་པའི་དོན་ཏོ། །དེ་ལྟར་སྡེ་ཚན་ཐམས་ཅད་དམ། ཨ་ལ་སོགས་པའི་སྡེ་ཚན་རྣམས་རྩིས་ཀྱི་འཁོར་ལོ་བྲིས་ཏེ། བརྩིས་པར་འགྱུར་བས་གང་ལྷག་པར་འགྱུར་བའི་ཡི་གེ་དེ་བླངས་ཏེ། དེས་བསྟན་པའི་དགེ་བ་དང་མི་དགེ་བའི་འཁོར་ལོ་རེའུ་མིག་བཅུ་གཉིས་པ་ལས་མཚོན་པར་བྱའོ། །དེ་ཡང་རྒྱུད་ཉིད་ལས་སྟོན་པར་འགྱུར་རོ། །ཐམས་ཅད་ཉི་མར་སྤྱོད་པ་དང༌། སྐར་མ་དབང་ཐང་གཟའ་དང་ཀླུ། །འཆར་བ་ཡིས་ནི་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དཔལ་རྡོ་རྗེ་མཁའ་འགྲོ་མའི་ལེའུ་ཉི་ཤུ་པའི་རྩིས་ཀྱི་འཁོར་ལོའི་བཤད་པའོ།། །།

བཅུ་གཉིས་པ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་རྩ་ལྔ་པ་ལས་སྐྱེ་བའི་གནས་སྐབས་ཀྱི་བཤད་པ།


DTG020_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གོང་དུ་ཟླ་བ་རྣམ་གནས་པར། སྔོན་དུ་སྐར་མ་བགྲང་བར་བྱ། །ཞེས་པ་ནི་མི་རྣམས་སྐྱེས་པ་དང་སྐར་མ་བརྟག་པ་བྱ་སྟེ། སྔོན་དུ་བརྩི་བར་


DTG019_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའོ། །ཕྱིས་དེའི་ཟླ་བ་དུ་ཡིན་པ་ཡང་བརྟགས་ལ། གང་དུ་སྐར་མ་གནས་པའི་ཟླ་བ་དེ་བརྩིས་ཏེ། མཚན་མ་གདབ་པར་བྱའོ། །དེ་ནས་གྲངས་དྲུག་ཅུ་རུ་བརྩི་བར་བྱའོ། །ཡང་ཉི་མ་གང་ལ་སྐྱེས་པ་དེའི་དུས་ཀྱི་ཆུ་ཚོད་འདས་པ་དེ་རྣམས་ཀྱང་བསྣན་པར་བྱའོ། །དེར་ནི་ཟླ་བ་གཞུག་པར་བྱ། །ཞེས་བྱ་བའི་དོན་འདི་ཡིན་ཏེ། ཟླ་བ་ལ་ལོངས་སྤྱོད་པའི་དུས་གཞུག་པ་དང༌། སླར་ཡང་གྲངས་དྲུག་ཅུ་བསྣན་པའི་བྱ་བའི་དོན་ཏོ། །གླང་པོ་མེ་དང་རོ་དབང་པོ། །ཞེས་པ་ལ། གླང་པོ་ནི་ཕྱོགས་ཀྱི་གླང་པོའོ། །མེ་ནི་གསུམ་མོ། །རོ་ནི་དྲུག་གོ །དབང་པོ་ནི་གཅིག་སྟེ། སྤྱིར་དྲིལ་ན་གྲངས་ཉི་ཤུར་འགྱུར་རོ། །དེ་ལྟར་ཆ་འདི་དག་ཙམ་རིམ་གྱིས་ཕྲི་སྟེ། ལྷག་མ་ལུས་པའི་ཆ་གང་ཡིན་པ་དེ་བླང་བར་བྱ་ཞེས་པའི་དོན་ཏོ། །དབུས་སུ་ལྷག་པ་ཞེས་པ་ནི་གང་ལྷག་པ་བླངས་པའི་དེའི་གནས་སྐབས་ལ་སྤྱད་པར་གསུངས་ཞེས་པའི་དོན་ཏོ། །ཉིན་དང་མཚན་གྱི་རབ་སྦྱོར་བས། ལྷག་པའི་ཆུ་ཚོད་དུ་ནི་གསུངས། །གང་དུ་ཟླ་བ་རྣམ་གནས་པ། །རབ་ཏུ་གནས་པ་འཇོམས་པར་འགྱུར། །ཞེས་པ་ནི། གལ་ཏེ་དང་པོ་ལ་སྐྱེས་པ་དེའི་ཟླ་བ་དང༌། སྐར་མས་ནི་འཇོམས་ཤིང་གསོད་པ་ལ་སོགས་པར་འགྱུར་ཞེས་པའི་དོན་ཏོ། །གཉིས་པ་ཞི་བས་ཞིབ་སྟེ། །ཞེས་པ་ནི་ཟླ་བ་གཉིས་པ་ནི་ཞི་ཞིང་དགེ་བར་ཤེས་པར་བྱ་ཞེས་པའི་དོན་ཏོ། །གསུམ་པ་ནི་འཆི་བ་ཞེས་བྱ་བ་ནི་ཟླ་བ་གསུམ་པས་སྡུག་བསྔལ་ཞིང་འཆི་བའི་གནས་སྐབས་སུ་འགྱུར་ཞེས་པའི་དོན་ཏོ། །བཞི་པ་དགའ་བས་མགུ་བར་འགྱུར། །ཞེས་པ་ནི་ཟླ་བ་བཞི་པས་དགའ་ཞིང་མགུ་བར་འགྱུར་ཞེས་པའི་དོན་ཏོ། །ལྔ་པ་ནོར་གྱིས་ནོར་ནི་འགྱུར། །ཞེས་པ་ནི་ཟླ་བ་ལྔ་པས་ནོར་འབྱུང་བར་འགྱུར་ཞེས་པའི་དོན་ཏོ། །དྲུག་པ་རིམ་གྱིས་དུས་ནི་ཀློག །ཅེས་པ་ནི། ཟླ་བ་དྲུག་པར་ལུས་རིམ་གྱིས་ཀློག་པར་འགྱུར་ཞེས་པའི་དོན་ཏོ། །བདུན་པས་དགའ་བས་དེ་བཞིན་དུ། །ཞེས་པ་ནི་ཟླ་བ་བདུན་པས་མགུ་བ་དང་འཕྲད་པར་འགྱུར་ཞེས་པའི་དོན་ཏོ། །བརྒྱད་པ་རློག་པས་བརླག་པ་སྟེ། །ཞེས་པ་ནི། ཟླ་བ་བརྒྱད་པར་བརླག་པར་འགྱུར། །ཞེས་པའི་དོན་ཏོ། །དགུ་པ་ཉེ་བར་གནས་པ་ཡིས། །ཞེས་པ་ནི་ཟླ་བ་དགུ་པས་དགྲ་རྣམས་དང་རྩོད་པར་འགྱུར་ཞེས་པའི་དོན་ཏོ། །བཅུ་བརྩེ་འཇོ་ཞེས་བྱ་བས། །ཞེས་བྱ་བ་ནི་རྣམ་པར་རྒྱལ་བ་སྣ་ཚོགས་པར་འགྱུར་ཞེས་པའི་དོན་


DTG019_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏོ། །བཅུ་གཅིག་པ་ནི་གདུང་པ་ཡིས། །ཞེས་པ་ནི་ཟླ་བ་བཅུ་གཅིག་པས་འཇིགས་པ་སྣ་ཚོགས་འབྱུང་ཞེས་པའི་དོན་ཏོ། །བཅུ་གཉིས་པ་ནི་ཟ་བཞིན་པས། །ཞེས་པ་ན་ཟླ་བ་བཅུ་གཉིས་པས་བདེ་བ་ཆེན་པོ་ལོངས་སྤྱོད་པ་སྐྱེ་བར་འགྱུར་ཞེས་པ་དོན་ཏོ། །ཟླ་བ་དགུ་པའི་ཆོག་རིམ་པས། །ལྷ་མོ་ལུག་ལ་སོགས་པར་བཤད། །ཅེས་ཏེ། དེ་དག་གིས་ནི་རྩིས་ཀྱི་འཁོར་ལོ་ཁོང་དུ་ཆུད་པར་བྱ་ཞེས་པའི་ཐ་ཚིག་གོ །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་རྩ་ལྔ་པ་ལས་སྐྱེ་བའི་གནས་སྐབས་ཀྱི་བཤད་པའོ།། །།ཉ་ལ་མེ་རུ་ཡང་དག་གནས། །གནམ་སྟོང་ལ་ནི་རླུང་དུ་གནས། །དེ་ལྟར་དེ་ཡི་དབུས་གནས་པའི། །ཕྱོགས་ནི་རབ་ཏུ་གདུང་བ་གནས། །ཟླ་བ་ཉི་མ་འབྱུང་རི་མོ། །མཉམ་པར་སོང་ཞིང་མཉམ་པར་བལྟ། །ཞེས་པ་ལ་སོགས་པ་ནི་རྒྱུད་ཉིད་དུ་གསལ་བར་བསྟན་ཏོ། །མན་ངག་དམ་པ་རྣམས་ནི་རྙེད་དཀའ་ཤེས་པར་དཀའ་དེས་ན། བླ་མ་སྙིང་རྗེས་ཐུགས་བཅིངས་འདིར་བཞུགས་པས། དེ་ཉིད་རབ་བསྟན་རྒྱུ་རུ་ཁྱེད་ཅག་དེ་རྟོགས་ཀྱིས། བདག་ལ་རིག་པས་ཁེངས་པའི་ཆ་འདིར་ཅི་ཡང་མེད། བདེར་གཤེགས་སྲས་ཚོགས་དང་ནི་ཡེ་ཤེས་བཙུན་མོ་མཆོག །ཇི་སྲིད་བྱང་ཆུབ་སྙིང་པོར་འགྲོ་ཀུན་ཕན་མཛད་དང༌། མཁའ་སྤྱོད་ས་སྤྱོད་རྣམས་དང་ས་ཡི་སྟེང་བཞུགས་པའི། འཕགས་པ་རྣམས་ལ་ནོར་བཟངས་འདི་བྱས་བཟོད་པར་མཛོད། །དཔལ་རྡོ་རྗེ་མཁའ་འགྲོའི་དཀའ་འགྲེལ་དེ་ཁོ་ན་ཉིད་བརྟན་པར་བྱེད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནོར་བཟངས་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ག་ཡ་དྷ་ར་དང་བོད་ཀྱི་ལོ་ཙཱ་བ་གྱི་ཇི་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། །།


previousདཔལ་རྡོ་རྗེ་མཁའ་འགྲོ་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བརྟན་པར་བྱེད་པ་ཞེས་བྱ་བའི་དཀའ་འགྲེལ། ནོར་བཟངས།next