Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།


   
དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ།  ལཱུ་ཡི་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousདཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ། ལཱུ་ཡི་པ།next

དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ།
ལཱུ་ཡི་པ།


DTG022_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། །ཤྲཱི་བཛྲ་སཏྭ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་དབང་རྣམ་པ་བཞི་ཚུལ་བཞིན་དུ་ཐོབ་ཅིང༌། དམ་ཚིག་རྣམས་སྲོག་གི་ཕྱིར་ཡང་མི་གཏོང་བས། རི་སུལ་དང༌། བྲག་ཕུག་དང༌། ཆུ་ཀླུང་དང༌། དུར་ཁྲོད་ལ་སོགས་པར་གནས་ལ། ནང་པར་དང་པོར་ཌ་མ་རུའི་སྒྲས་ལྡང་བར་བྱའོ། །དེ་ནས་ལག་པ་གཡས་པ་ཁྲོ་བོའི་སྡིགས་མཛུབ་སྙིང་གར་བསྟན་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣ་གྲྀཧྣ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿ་བྷ་ག་བཱ་ན་བཛྲ་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། དེ་ནས་གདོང་བཀྲུ་བ་ལ་སོགས་པས་ཁྲུས་བྱས་ནས་སྟན་འཇམ་པ་ལ་འདུག་ལ། ཚད་མེད་པ་བཞི་བསྒོམ་པར་བྱ་སྟེ། བདེ་བ་མ་ཐོབ་པའི་སེམས་ཅན་རྣམས་བདེ་བ་དཔག་ཏུ་མེད་པ་ལ་དགོད་པར་བྱའོ། །དེ་ལྟར་གཞན་གྱི་སེམས་ཅན་ཐམས་ཅད་གསལ་བའི་སེམས་ཀྱིས་སྙིང་རྗེ་བསྐྱེད་པར་བྱའོ། །དེ་ལྟར་གཞན་གྱི་དོན་བྱ་བའི་སྡུག་


DTG022_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྔལ་ལ་ཇི་མི་སྙམ་པའི་དགའ་བ་བསྒོམ་པར་བྱའོ། །ཕན་པ་དང་བདེ་བ་བསྐྱེད་པ་ལ་བཏང་སྙོམས་བསྒོམ་པར་བྱའོ། །དེ་ནས་རང་གི་བདག་པོའི་ས་བོན་ལས་འོད་བྱུང་ནས་ནམ་མཁར་འཁོར་དང་བཅས་པ་བསམས་ལ་མཆོད་པ་དང༌། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །སྨོན་པའི་སེམས་ཀྱིས་བདག་ཧེ་རུ་ཀར་བསྒྱུར་ལ། སེམས་ཅན་ཐམས་ཅད་ཧེ་རུ་ཀར་གྱུར་ཅིག་ཅེས་པས་སྨོན་ལམ་བྱའོ། །སྨོན་པའི་སེམས་ཀྱིས་དེ་ནས་གཡོ་བ་དང་མི་གཡོ་བའི་ཆོས་ཐམས་ཅད་གཅིག་དང་དུ་མ་དང་བྲལ་བའི་ངོ་བོར་རང་བཞིན་གྱིས་འོད་གསལ་བར་བསྒོམ་མོ། །སེམས་བརྟན་པར་བྱ་བའི་ཕྱིར་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ནས་བདག་གི་སྡོམ་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་བགེགས་བསྐྲད་པར་བྱ་སྟེ། མདུན་གྱི་ནམ་མཁའ་ལ་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཧཱུཾ་བསམས་ཏེ། དེ་ལས་འོད་འཕྲོས་པས་བགེགས་བསྐྲད་པར་བྱའོ། །དེ་ནས་རྡོ་རྗེའི་རབ་དང་བླ་རེ་དང་ཕུར་བུ་རྣམས་ཀྱིས་ཕྱོགས་བཅིང་ངོ༌། །དེ་ནས་འཇུག་པའི་སེམས་ཀྱིས་ཤིན་ཏུ་ཡང་ཆ་ཕྲ་བའི་རང་བཞིན་གྱིས་ངོ་བོ་


DTG022_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མི་དམིགས་སོ། །ཨ་ཨཱ་ཨ་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ་ཨ་ཀ་ཙ་ཊ་ཏ་པ་ཡ་ཧ་ཀྵ་ཧཱུཾ། དེ་དག་གྱུར་པ་ལས་ཧཱུཾ། དེ་ཆོས་འབྱུང་བའི་ཕྱག་རྒྱ་གྲུ་གསུམ་བརྩེགས་མར་བསམས་ལ། དེའི་དབུས་སུ་ཤྲཱི་ཧེ་རུ་ཀ །བཱ་རཱ་ཧཱི་དང་གཉིས་སུ་མེད་པར་བསྒོམ་པར་བྱ་སྟེ། དཔལ་ཧེ་རུ་ཀ་ཕྱག་བཞི་པ་ཞབས་གཉིས་པ་འཇིགས་བྱེད་དང་དུས་མཚན་མནན་པ། ཞལ་གཡས་དཀར་གཡོན་ལྗང་དབུས་མཐིང་ནག །རྒྱབ་སེར་ལྗང༌། །ཞལ་བཞི་པ་སྤྱན་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་བཟུང་བས་འཁྱུད་པ། །གཡས་ཀྱི་ཕྱག་གཉིས་པ་ན་ཁ་ཊྭཱཾ་ག །གཡོན་གྱི་གཉིས་པ་ན་ཀ་པཱ་ལ་བསྣམས་པ། ཐོད་པའི་ཕྲེང་བས་དབུ་བརྒྱན་པ། སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན་པ། ཟླ་བ་ཕྱེད་པའི་གཟུགས་ཅན། སྤྱི་བོར་མི་བསྐྱོད་པ་བཞུགས་པ། ཐོད་པའི་ཕྲེང་བ་སེ་རལ་ཁར་ཐོགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། །སྐར་གས་སིལ་སིལ་འཁྲོལ་བ། སྤྱི་བོར་ནོར་བུ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། ཚངས་པའི་སྐུད་པ་དང༌། ཐལ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དག་པའི་རྒྱན་དང་ལྡན་པ། ཤིན་ཏུ་འཇིགས་སུ་རུང་བའི་གཟུགས་ཅན། ཡུམ་བཱ་རཱ་ཧཱི་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། གཅེར་བུ་སྐྲ་གྲོལ་བ་འཇིགས་པའི་གཟུགས་ཅན། ཕྱག་གཉིས་ན་གྲི་གུག་དང་ཀ་པཱ་ལ་ཐོགས་ཏེ། གཙོ་བོ་ལ་འཁྱུད་པ། །ཞབས་གཡོན་གྱིས་འཁྱུད་པ་གཡས་བརྐྱང་བའོ། །བརྒྱ་བྱིན་གྱིས་ཕྱོགས་ཀྱི་འདབ་མར་མཁའ་འགྲོ་མ། ནོར་བདག་ཕྱོགས་སུ་ལཱ་མ། ཆུ་བདག་ཕྱོགས་སུ་དུམ་སྐྱེས་མ། གཤིན་རྗེའི་ཕྱོགས་སུ་གཟུགས་ཅན་མ། ལྷ་མོ་དེ་རྣམས་ཀྱང་ཁ་དོག་ནག་མོ་དང༌། སེར་མོ་དང༌། དམར་མོ་དང༌། ལྗང་གུའོ། །སྤྱན་གསུམ་པ་ཕྱག་བཞི་པ། ཕྱག་དང་པོ་ན་གྲི་གུག །གཉིས་པ་ན་ཐོད་པ། །གཡོན་པ་ན་ཀ་པཱ་ལ། གཉིས་པ་ན་ཁ་ཊྭཱཾ་ག །གཅེར་བུ་སྐྲ་བཤིག་པ། འཇིགས་པའི་གཟུགས་ཅན་མ། ཚངས་པ་དང༌། བིཥྞུ་དང༌། བརྒྱ་བྱིན་དང༌། སྲིན་མོ་གདན་དུ་བཏིང་བས་གཡོན་བརྐྱང་བ་གཡས་བསྐུམ་པས་བཞུགས་པ། ཕྱག་རྒྱ་ལྔས་བརྒྱན་པ། ཐོད་པ་སེ་རལ་ཁར་འཕྱང་བའོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི། ཧེ་རུ་ཀའི་ཞལ་བཞི་ནི། བདེ་བ་


DTG022_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང༌། ཤིན་ཏུ་བདེ་བ་དང༌། རྣམ་པར་བདེ་བ་དང༌། བདེ་བ་ཆེན་པོའོ། །ཡང་རྣམ་པར་ཐར་པ་བཞི་སྟེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། རང་བཞིན་གྱིས་འོད་གསལ་བའོ། །ཕྱག་རྒྱ་བཞི་སྟེ། ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་གི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱའོ། །མཁའ་འགྲོ་མ་རྣམས་ནི། ལ་ལ་ནཱ་དང༌། ར་ས་ནཱ་དང༌། ཨ་བ་དྷཱུ་ཏཱི་དང༌། དམ་རྒྱ་ནའོ། ཕྱག་རྒྱ་བཞི་དང་སྦྱར་བའོ། །དཔལ་ཧེ་རུ་ཀའི་བཞུགས་གནས་དབུས་ཀྱི་ལྟེ་བ་ནི་ཡིད་བཞིན་གྱི་ནོར་བུའོ། །གྲུ་གསུམ་གྱི་འདབ་མ་བཞི་ལ་ནི་མཁའ་འགྲོ་མ་བཞིའོ། བདེ་བ་ཆེན་པོའི་འཁོར་ལོ་རྩིབས་སྟོད་པ་གཉིས་སེམས་དང༌། མཱཾ་ས་དང༌། མེ་ཏོག་གིས་བཀང་བའི་དུང་ཆེན་པོ་གཉིས་གཞག་གོ །བདག་ཉིད་ནི་མགོན་པོ་ཧེ་རུ་ཀ་སྟེ་བྱང་ཆུབ་སེམས་ཀྱི་གཟུགས་ཅན་ནོ། །དེ་ནས་བདག་གིས་ཡེ་ཤེས་སེམས་དཔའ་བསྒོམ་མོ། །དེ་ནས་ཌཱ་ཀི་ལ་སོགས་པའི་རིགས་ལྔ་ལ་སོགས་པ་ནམ་མཁའ་ལ་བཞུགས་པའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བདག་གི་ཁར་ཞུགས་ཏེ། སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་སྟེ། གཉིས་སུ་མེད་པར་བསམ་མོ། །དེ་ཉིད་ལས་ཧེ་རུ་ཀའི་སྐུ་ཕྲ་མོ་འཕྲོས་པས། དེ་རྣམས་ཀྱི་དཔལ་གྱིས་རེག་པའི་སེམས་ཅན་ཐམས་ཅད་ཤྲཱི་ཧེ་རུ་ཀའི་བདག་ཉིད་དུ་བཞུགས་པར་བསམས་ལ། དེ་ནས་གོ་ཆ་དྲུག་གིས་ལུས་བསྲུང༌། ཨོཾ་ཧ་བཛྲ་སཏྭ། ན་མ་ཧི་བཻ་རོ་ཙ་ནཱི་སྭཱ་ཧཱ། སྭཱ་ཧཱ་ཧཱུ་པདྨ་ན་རྟེ་ཤྭ་ར། བཽ་ཥ་ཊ་ཧེ་ཧེ་རུ་ཀ །ཧཱུཾ་ཧཱུཾ་ཧོ་བཛྲ་སཱུ་ཪྻ། ཕཊ་ཧཾ་ཨ་མོ་གྷ་།ཨོཾ་བཾ་བཛྲ་བཱ་རཱ་ཧཱི། ཧཾ་ཡོཾ་ཡ་མ་ནི། ཧྲཱིཾ་མོཾ་མོ་ཧ་ནི། ཧྲེཾ་ཧྲི་སནྟྲཱ་ས་ནི་ཧཱུཾ་ཧཱུཾ་སཉྩ་ལི་ནི། ཕཊ་ཕཊ་ཙཎྜི་ཀ །ཨོཾ་ཧྲཱིཿ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ན་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ལཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མཱ་ཡི་ཏྵཱི་ཧཱུཾ་ཧཱུཾ་ཕཊ། འདི་ནི་བཟླས་པའོ། །བདེ་བ་ཆེན་པོའི་གནས་འདི་ལ་ཞལ་གཅིག་ལ་ཉི་མ་ཕྱེད་མ། །སྔ་དྲོའམ་དེའི་ཕྱེད་ལ་སོགས་པར་བསྒོམ་པར་བྱའོ། །དེ་ནས་ལྡང་བར་འདོད་ན་གཏོར་མ་གཏང་བར་བྱའོ། །ཨོཾ་ཨ་ར་ལླི་ཧོ། །བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟཾ་དྲྀ་ཤྱ་ཧོཿ། རྡོ་རྗེ་སྙིམ་པ་ཁ་ཕྱེ་སྟེ། མཚན་ཕྱེད་ན་གཏོར་མི་སྦྱིན་ནོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦཱ་ཡཀྵ་


DTG022_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ། ཨུཾ་མཱ་ད། ཨ་པ་སྨ་ར། བཛྲ་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲྀ་ཧྞཾ་ཏུ་ས་མ་ཡ་རཀྵ་ནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ནྟུ། ཡ་ཐཻ་བཾ་ཡ་ཐེཥྚཾ། བྷུཉྫ་ཐ། ཛིགྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་རྟ་ཡ། ས་ཏ་སུ་ཁཾ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀ་བྷ་བ་ནྟུ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ལ་གཏང་ངོ༌། །འདི་ནི་གསང་བའི་མཆོག་ཉིད་ཀྱིས། །རྣལ་འབྱོར་མ་ཡི་མཁའ་ལ་འབྱུང༌། །རྟག་ཏུ་སེམས་ནི་བཟང་པོ་ཡིས། །སྦྱོར་བའི་མཆོག་ནི་བསྒོམ་པར་བྱའོ། །འདི་ནི་རབ་ཏུ་གསེང་བ་ཆེ། །གཞན་དུ་བསྟན་པར་མི་བྱ་སྟེ། །དབང་པོ་གཉིས་ནི་སྦྱོར་བ་དང༌། །མཆོག་གི་བསྒོམ་པ་སྦྱར་བར་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །བཟའ་དང་བཟའ་མིན་གཉིས་མི་བྱ། །བགྲོད་དང་བགྲོད་མིན་མི་བྱ་སྟེ། །འཐུང་དང་འཐུང་མིན་སྦྱོར་བའི་ལས། །འདི་ལྟར་ཡེ་ཤེས་གོམས་པ་ལས། སྔགས་བ་དངོས་གྲུབ་མྱུར་དུ་འགྲུབ། །བླ་མའི་ཞལ་ནས་རྙེད་པ་ནི། །རབ་ཏུ་གསང་བའི་དངོས་གྲུབ་ནི། །གཞན་གྱིས་གསོལ་བཏབ་གསལ་བར་བྱས། །ཐམས་ཅད་མ་ལུས་འགྲུབ་པར་འགྱུར། །འདི་བྱས་བསོད་ནམས་གང་ཐོབ་བ། །དེས་ནི་སེམས་ཅན་མ་ལུས་པ། །དོན་རྟོགས་སྟོབས་དང་ཡེ་ཤེས་ནི། །བསམ་གྱིས་མི་ཁྱབ་ཐོབ་པར་ཤོག །བདེ་མཆོག་གི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ལཱུ་ཡི་བས་མཛད་པ་རྫོགས་སོ།།


no previousདཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ། ལཱུ་ཡི་པ།next