Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་མཆོག་གི་སྦྱིན་སྲེག་སྤྱིའི་གསལ་བྱེད།  པདྨ་དབྱངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་མཆོག་གི་སྦྱིན་སྲེག་སྤྱིའི་གསལ་བྱེད། པདྨ་དབྱངས།next

བདེ་མཆོག་གི་སྦྱིན་སྲེག་སྤྱིའི་གསལ་བྱེད།
པདྨ་དབྱངས།


DTG022_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེ་མཆོག་གི་སྦྱིན་སྲེག་སྤྱིའི་གསལ་བྱེད་བཞུགས། འཕགས་པ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །སྡོམ་ནི། ཐབ་ཁུང་བཅས་ཏེ་རི་མོ་བྲི། །བུད་ཤིང་བརྩིགས་ཏེ་ལྔ་ཡིས་མཆོད། །ཛ་ལས་མེ་སྦར་ལྷ་བསྐྱེད་ཅིང༌། །ཨེ་ཧི་སོགས་ཀྱིས་ཡེ་ཤེས་གཞུག །སརྦྦས་ཡུངས་ཀར་ཆུ་ཟན་གྱིས། །རྡུལ་བསལ་སུཾ་བྷས་བསད་བར་བྱ། །ཨ་རྒྷཾ་ལ་སོགས་ཕུལ་ནས་ནི། །ཨགྣེས་མར་གྱི་སྲེག་བླུགས་གསུམ། །དབུལ་ལོ་ཏིལ་དང་མ་ཉམས་འབྲས། །སརྦྦ་དང་ནི་པུཥཊས་དབུལ། །གཙོ་བོ་གསུམ་ལས་ཁྱད་པར་བསྲེ། །སརྦྦ་སཾ་པད་སྔགས་ཀྱིས་ནི། །ཞོ་ཟན་བུ་རམ་ལས་སྦྱར་བསྲེག །དཱུར་བ་མེ་ཏོག་བཅས་པ་ནི། །བཛྲ་ཨཱ་ཡུས་བསྲེག་པར་བྱ། །ཨ་པྲ་ཏི་ཡིས་ཀུ་ཤ་དང༌། །ཡམ་ཤིང་ཏིལ་གྱི་སྣ་ལའོ། །འབྲུ་དང་འབྲས་གཞན་ཇི་སྙེད་པ། །སྐབས་འདིར་སྔར་བཞིན་གསུམ་གསུམ་དབུལ། །ན་མཿ་ཨགྣེར་བཅས་པ་ཡིས། །པཱུརྞ་ཧུར་ཏི་དབུལ་བར་བྱ། །དུད་ཆོས་ཆུ་ཡིས་བསངས་ནས་ནི། །ལྔ་ཡིས་མཆོད་དེ་ཞུ་བར་བསམ། །དེར་ནི་རྟེན་དང་བརྟེན་པར་བཅས། །དཀྱིལ་འཁོར་མན་ངག་བཞིན་དུ་བསམ། །བསང་བ་ཨརྒྷཾ་ལ་སོགས་པ། །སྔར་བཞིན་རྣམ་པ་ལྔ་ཡིས་མཆོད། །ཡེ་ཤེས་ལྔ་ཡི་གསང་སྔགས་ཀྱིས། །ཡ་མ་ཤིང་སྐུ་ཤ་མ་གཏོགས་པ། །པཱུརྞ་ཧུ་ར་ཏིའི་མཐར་ཐུག་པ། །རྫས་རྣམས་སྔར་བཞིན་བསྲེག་པར་བྱ། །པཱུརྞ་རྐང་པ་བརྒྱད་པས་སོ། །བསྒྲུབ་པའི་སྦྱིན་སྲེག་འདི་རུ་བསྐྱར། །མིན་ན་དེའི་རྗེས་བསྡུས་ལྷག་བསྲེག །དེ་ནི་ཡི་གེ་གསུམ་པོའམ། །རྐང་པ་བརྒྱད་པའི་སྔགས་ཀྱིས་སོ། །བསང་བ་བྱས་ཏེ་ལྔ་ཡིས་མཆོད། །ཇི་བཞིན་གཏོར་མ་བཏང་ནས་ནི། །ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། །དངོས་གྲུབ་བླངས་ཏེ་དགེ་རྩ་བསྔོ། །པདྨའི་ཕྱག་རྒྱས་བསྡུ་པར་བྱ། །མེ་ལྷ་ཡང་ནི་གཤེགས་སུ་གསོལ། །བསྡུས་ལྷག་བསྲེགས་ཏེ་མེ་ལྷ་ཡི། །སྙིང་གའི་ཡེ་ཤེས་འཁོར་ལོ་བསམ། །ཞེས་བྱ་བ་ནི་དཔལ་བདེ་མཆོག་གི་སྦྱིན་སྲེག་སྤྱིའི་གསལ་བྱེད་པདྨ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།


previousབདེ་མཆོག་གི་སྦྱིན་སྲེག་སྤྱིའི་གསལ་བྱེད། པདྨ་དབྱངས།next