Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཅེས་བྱ་བ།  ཨ་བྷ་ཡཱ་ཀ་ར་གུཔྟ་པ་ད།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཅེས་བྱ་བ། ཨ་བྷ་ཡཱ་ཀ་ར་གུཔྟ་པ་ད།next

རང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཅེས་བྱ་བ།
ཨ་བྷ་ཡཱ་ཀ་ར་གུཔྟ་པ་ད།


DTG022_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། སྭ་ཨདྷིཥྛཱ་ན་ཀྲ་མ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། རང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཅེས་བྱ་བ། དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །རིན་ཆེན་གནས་ལས་རིན་ཆེན་རྙེད། །བློ་ཡི་ནོར་ཅན་འགའ་ཡོད་ཀྱང༌། །ལེགས་པར་


DTG022_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོངས་བརྟགས་རིན་པོ་ཆེ། །དམ་པས་རྒྱན་དཔལ་འཇིགས་མེད་མཆོག །འདིར་སྙིང་རྗེ་ཆེན་པོས་ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦ་དྷརྨཱཿ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བྱ་བ་འདིའི་དོན་ལ་མངོན་དུ་ཕྱོགས་ཤིང་རང་བཞིན་གྱིས་ལུས་སྟོང་པ་ཉིད་ལ་སྐད་ཅིག་གིས་བདེ་མཆོག་ཞབས་གཡས་བརྐྱང་བས་སྣ་ཚོགས་མུ་སྐྱེས་དང་ཉི་མ་ལ་འཇིགས་བྱེད་དང་དུས་མཚན་མནན་པ་རྡོ་རྗེ་དང་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཆུ་སྐྱེས་ཀྱི་སྣོད་དང་བཅས་པའི་ཕྱག་ཟུང་ཅན། དབུ་ལ་གནས་པའི་ཐོད་པ་ལང་དང་བཅས་པ། མགོ་བོ་སྐམ་པོའི་ཕྲེང་བ་མགུལ་པར་འཕྱང་བ་ཕྱག་རྒྱ་ལྔ་དང་ལྡན་པ། དབུ་སྠ་སྔོན་པོའི་ཚོགས་གྲོལ་ཞིང་འཁྱིལ་བ། སྤྱན་གསུམ་པ་མེ་ཏོག་བནྡྷུ་ཀ་ལྟ་བུའི་རྡོ་རྗེ་ཕག་མོ་ལ་འཁྱུད་ཅིང་མཚོ་སྐྱེས་དང་གཉིས་སུ་མེད་པའི་དགའ་བ་དང་ལྡན་པ། མེ་ཏོག་ཀནད་ལི་ཁ་བྱེ་མ་ཐུག་གི་ཁ་དོག་མཛེས་པ། གར་གྱི་ཉམས་དགུའི་ཚོགས་ཅན། རལ་པ་ནག་པོའི་ཐོར་ཚུགས་བརྫེས་པའི་རྩེ་མོར་ནོར་བུ་དང་སྣ་ཚོགས་རྡོ་རྗེས་མཛེས། །བདེའི་འོག་ཏུ་གཡོན་དུ་བསིལ་འོད་ཅན་གྱི་ཆ་གནས་པ། གདན་སྣ་ཚོགས་རྡོ་རྗེ་ལ་ཐུབ་པ་མི་བསྐྱོད་པ་བཞུགས་པ། དཔྲལ་བའི་མཐའི་གནས་སུ་ཐོད་པ་ལྔས་བརྒྱན་པ་ཕྱག་རྒྱ་དྲུག་པ། རླན་དང་བཅས་པའི་མི་མགོ་ལྔ་བཅུའི་ཕྲེང་བས་སྐུ་རྣམ་པར་མཛེས་པ། མཛེས་མའི་མཆུའི་སྦྲང་རྩིའི་བཏུང་བའི་རོ་དང་ལྡན་པ། སྤྱན་གསུམ་པ་ཞལ་གཅིག་པ། དཔལ་གྱི་ཐུགས་ཀར་གནས་པའི་ཉི་མ་ཧཱུཾ་སྔོན་པོ་རང་བཅས་པའི་བདག་ཉིད་དང་རོག་གཅིག་པ་ཉིད་ཀྱིས་རང་དང་མཉམ་པའི་འགྲོ་བ་བརྟན་པ་དང་བཅས་པའི་གཡོ་བ་བཅོམ་ལྡན་འདས་མ་ལའོ། །དེའི་ཐུགས་རྗེ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་ལའོ། །དེ་བདག་ཉིད་གདན་དང་བཅས་པ་ཐུགས་གའི་ཉི་མ་དང་བཅས་པ་ཧཱུཾ་གི་རྣམ་པ་ལའོ། །དེ་དོན་ཡོད་གྲུབ་པའི་ངོ་བོ་ཨུའི་རྣམ་པ་ནི་འོད་དཔག་མེད་ཀྱི་རང་བཞིན་ཧའི་རྣམ་པ་ལའོ། །དེ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་མགོ་བོའི་རི་མོ་ལའོ། །དེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཟླ་ཚེས་ལའོ། །དེ་མི་བསྐྱོད་པའི་རང་བཞིན་ནཱ་ད་དང་བཅས་པའི་ཐིག་ལེ་ལའོ། །དེ་ནཱ་ད་ལའོ། །དེ་ཡང་རིམ་གྱིས་བསྡུས་པ་ནི་རྡོ་རྗེ་སེམས་དཔའི་ངོ་བོ་ཆོས་ཀྱི་སྐུ་


DTG022_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འོད་གསལ་བ་སྟོང་པ་ཉིད་བསམ་གྱིས་མེ་ཁྱབ་པ་ལ་གཞུག་པར་བྱའོ། །འདི་ནི་འདིར་རྗེས་སུ་གཞིག་པའི་རིམ་པས་མེ་ལོང་ལ་དབུགས་ཀྱིས་རླངས་པ་ཡལ་བ་ལྟར་ས་བཅུའི་དབང་ཕྱུག་སྒྱུ་མའི་སྐུས་བཅུ་གཅིག་པར་སྒྲིབ་པ་དང་བཅས་པའི་གནས་ཡོངས་སུ་གྱུར་པའི་ངོ་བོ་འོད་གསལ་དུ་ཞུགས་པ་རབ་ཏུ་བསྟན་ཏོ། །དེ་ནས་རྣམ་པར་རྟོག་པའི་དྲ་བ་མཐའ་དག་གི་བག་ཆགས་དྲུངས་ནས་ཕྱུང་བ་ནི་གདུལ་བྱའི་སྐྱེ་བོའི་བསོད་ནམས་དང་རང་གི་སྨོན་ལམ་གྱིས་འཕེན་བས་སྐད་ཅིག་གིས་བདག་ཉིད་སྤོས་པ་ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱིས་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་རྒྱུན་མི་འཆད་པ་སྤྲུལ་པ་སྣ་ཚོགས་པ་རབ་འབྱམས་རྣམས་ཀྱིས་ནམ་མཁའི་ཁོངས་གང་བས་གཞན་གྱི་དོན་ཡང་དག་པར་བསྒྲུབ་པར་འབྱུང་ངོ༌། །བསྐྱེད་པའི་རིམ་པ་མཆོག་ལ་གནས་པའི་ལས་དང་པོ་པས་འདི་མཐའ་དག་སོ་སོར་ཡང་དང་ཡང་དུ་བསྒོམ་པར་བྱའོ། །འབྲིང་གིས་ནི་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་སྐད་ཅིག་གིས་འོད་གསལ་དུ་ཞུགས་པ་དང་བཞེངས་པ་ཁོ་ནའོ། །མཆོག་གི་སླར་ཟུང་འཇུག་གི་བདག་ཉིད་དུ་བཞེངས་པ་ཁོ་ནའོ། །འདི་ཉིད་ལྷུན་གྱིས་གྲུབ་པར་བསྒོམ་པ་མཆོག་གི་མཆོག་རབ་ཏུ་གསལ་བ་མཐར་ཐུག་པ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་ཀྱིས་གསང་ཆེན་དུ་མཛད་པ་བླ་མ་དམ་པའི་ཞབས་ཀྱི་མན་ངག་གིས་རང་དང་མཉམ་པས་ཀྱང་དྲན་པར་བྱ་བའི་ཕྱིར་མཁས་པ་འཇིགས་མེད་འབྱུང་གནས་སྦས་པས་རྣམ་པར་གསལ་ཞིང་ངེས་པར་བྱས་པ་རང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་གོ །འདི་ལས་ལེགས་བྱས་ཚོགས་རྣམས་ཀྱི། །འཇིགས་མེད་གསུང་གི་འོད་ཟེར་གྱིས། །མྱུར་དུ་འགྲོ་རྣམས་མུན་བཅོམ་ཞིང། །བདེ་མཆོག་དཔལ་གྱི་སྐུ་འཛིན་ཤོག །དངོས་གྲུབ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟའི་ཞལ་སྔ་ནས་མཛད་པ་འདི་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་བདེ་མཆོག་ཉིད་དང་དབྱར་མེད་པའི་པཎྜི་ཏ་ཆེན་པོ་དཔལ་རྗེ་བཙུན་རཏྣ་རཀྵི་ཏའི་ཞལ་སྔ་ནས་དང༌།


DTG022_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousརང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཅེས་བྱ་བ། ཨ་བྷ་ཡཱ་ཀ་ར་གུཔྟ་པ་ད།next