Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ།  དཔག་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   


 
previousདཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ། དཔག་མེད་རྡོ་རྗེ།next

དཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ།
དཔག་མེད་རྡོ་རྗེ།


DTG022_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་ས་ཧ་ཛ་ཏཏྟ་ཨཱ་ལོ་ཀ །བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །གང་ལ་བརྟེན་ནས་རང་རིག་བདེ་ཆེན་པོ། །སྟོང་དང་སྙིང་རྗེ་དབྱེར་མེད་མཚོན་པའི་གཞི། །ཆོས་དང་ལོངས་སྤྲུལ་བདེ་བ་ཆེན་པོ་ཡི། །རང་བཞིན་རྩ་ཡི་འཁོར་ལོའི་མགོན་བཏུད་ནས། །འཁོར་ལོ་བདེ་མཆོག་དཔལ་རིམ་ལས་བྱུང་ལས། །སྤྱོད་འཆང་མགོན་པོའི་ཞལ་སྔ་ལས་རྙེད་པའི། །རང་རིག་བདེ་ཆེན་ཡེ་ཤེས་མཚོན་པའི་ཐབས། །དཔྱིད་དང་ཐིག་ལེ་བསྒོམ་པའི་མན་ངག་བཤད། །བསམ་གཏན་ཁང་པ་རྣམ་གཡེང་སྐྱེ་བོ་ཡི། །འདུ་འཛི་དང་བྲལ་རྣམ་པར་དཔེན་པའི་སར། །ཡོངས་སུ་འཛིན་པ་མ་ལུས་རྣམ་སྤངས་ཏེ། །མི་གཡོ་རྩེ་གཅིག་ཏིང་འཛིན་མཆོག་བསྒྲུབ་བྱ། །བདེ་བའི་སྟན་གནས་རྡོ་རྗེ་སྐྱིལ་ཀླུང་དང༌། །ལག་གཉིས་མཉམ་པར་གཞག་པའི་ཕྱག་རྒྱ་ཅན། །ལུས་བསྲངས་ནས་ནི་མགྲིན་པ་དགུག་པ་དང༌། །མིག་


DTG022_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་སྣ་ཡི་རྩེ་མོར་མཉམ་སྦྱར་ཞིང༌། །གང་ལ་རྒྱན་དང་ཆ་ལུགས་ཕྱག་མཚན་དང༌། །མཚན་དང་དཔེ་བྱད་མ་ལུས་ཡོངས་རྫོགས་པ། །རང་སྣང་ཤེས་རབ་ཕག་མོ་དང་འདུས་པའི། །གཉིས་མེད་བདེ་བའི་རང་བཞིན་རང་ལྟའི་སྐུ། །སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང༌། །བར་མའི་སྲིད་དང་ཆུ་ཟླ་ལྟ་བུ་ཡི། །ལུས་ཀྱི་དབུས་གནས་ས་སོགས་འབྱུང་བ་བཞི། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་དང༌། །སྤྱན་སོགས་རིག་མ་བཞི་ཡི་བདག་ཉིད་དང༌། །ཆོས་དང་ལོངས་སྤྲུལ་བདེ་བ་ཆེ་རང་བཞིན། །ཨེ་བཾ་མ་ཡཱ་རྩ་ཡི་འཁོར་ལོ་ལ། །དབྱངས་དང་གསལ་བྱེད་བྱང་ཆུབ་ཡི་གེར་ལྡན། །རྡུལ་དང་སྙིང་སྟོབས་མུན་པའི་རང་བཞིན་གྱི། །རྩ་གསུམ་གྱིས་ནི་ཡང་དག་སྤྲེལ་བྱས་པ། །ཡོན་ཏན་སྐྱོན་གྱི་རང་བཞིན་རྩ་གཉིས་ལ། །བརྟེན་ནས་སྟེང་དང་འོག་གི་སྒོ་གཉིས་ནས། །འབྱུང་དང་འཇུག་པ་སྲོག་དང་རྩོལ་བ་ཡི། །གང་དུ་མི་གཡོ་རྩེ་གཅིག་གྱུར་པ་ལས། །དང་པོ་རི་དགས་སྲེད་བཞིན་སྣང་བ་དང༌། །མཆན་གཉིས་པ་དང་དུ་བའི་རྣམ་པ་ཅན། །གསུམ་པ་སྲིན་བུ་མེ་ཁྱེར་དང་འདྲ་ཞིང༌། །བཞི་པ་སྒྲོན་མ་འབར་བ་ལྟ་བུ་དང༌། །མཚན་མ་ལྔ་པ་རྣམ་པར་མ་བརྟགས་པར། །སྤྲིན་མེད་ནམ་མཁའ་ལྟ་བུ་འབྱུང་འགྱུར་ཞིང༌། །དེ་ཚེ་གང་དུ་ཡེ་ཤེས་མེ་འབར་པ། །གསལ་བ་གློག་གི་འོད་དང་མཚུངས་པ་ཡི། །སྟེང་དུ་འཕྲོ་བས་བདུད་རྩིའི་རྒྱུན་འབེབས་ཤིང༌། །བདེ་ཆེན་རང་རིག་ཡེ་ཤེས་སྟེར་བར་བྱེད། །གང་ལ་བརྟན་ནས་སྐྱེས་པའི་ཡེ་ཤེས་དང༌། །རང་རིག་ལས་གཞན་བརྗོད་པར་མི་ནུས་ཤིང༌། །དངོས་དང་དངོས་མེད་རྟོག་པ་ལས་གྲོལ་བ། །བདེ་ཆེན་དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །གང་ཞིག་སྐྱེས་པས་ཐོག་མེད་འཁོར་བ་ནས། །བསགས་པའི་སྒྲིབ་པ་མ་ལུས་ཀུན་སྤོང་བ། །གཉིས་མེད་བ་བདེ་བ་ཆེན་པོའི་རང་བཞིན་གྱི། །གཉུག་མའི་ཡེ་ཤེས་དེ་ལ་བདག་ཕྱག་འཚལ། །རྟོག་པ་གང་གིས་རྟོག་པ་ཀུན་གཅོད་ཅིང༌། །སྣ་ཚོགས་སྣང་བའི་དངོས་ཀུན་དེར་མཚོན་པ། །བདེ་ཆེན་རང་རིག་ཡེ་ཤེས་གཅིག་པུ་བ། །གཉིས་མེད་རྟོགས་པའི་མཆོག་ལ་བདག་ཕྱག་འཚལ། །གང་ལ་བསྟོད་དང་གང་གིས་བསྟོད་པ་དང༌། །ཇི་ལྟར་


DTG022_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟོད་ཅིང་ཕྱག་འཚལ་དང་བྲལ་བ། །སྤྲོས་ཚོགས་གདགས་པའི་མཐའ་ལས་རབ་འདས་པའི། །མཉམ་ཉིད་དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །གང་ཞིག་གོམས་པ་མཐར་ཕྱིན་པས། །ཀུན་དུ་རྟོག་པ་ཀུན་སྤོང་ཞིང༌། །རྣམ་པར་མི་རྟོག་ཡེ་ཤེས་མཆོག །ཚེ་འདི་ཉིད་ལ་སྟེར་བར་བྱེད། །བརྟུལ་ཞུགས་སྦྱོང་འཆང་བླ་མེད་པ། །འབར་བའི་གཙོ་བོའི་བཀའ་དྲིན་ལས། །རྟོག་པའི་དོན་གང་འདིར་བསྡུས་པས། །འགྲོ་ཀུན་རྡོ་རྗེ་འཆང་ཐོབ་ཤོག །དཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ་སློབ་དཔོན་ཆེན་པོ་དཔག་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁས་པ་དའི་པཾ་ཀ་ར་རཀྵི་ཏ་དང༌། ཨཱ་ཙཱཪྻ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།།


previousདཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ། དཔག་མེད་རྡོ་རྗེ།next