Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག།  དེ་བཞིན་གཤེགས་པའི་རྡོ་རྗེ།
   
   
   
   
   


 
previousདཔལ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག། དེ་བཞིན་གཤེགས་པའི་རྡོ་རྗེ།next

དཔལ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག།
དེ་བཞིན་གཤེགས་པའི་རྡོ་རྗེ།


DTG022_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། །ཤྲཱི་སམྦ་ར་མཎྜལ་བི་དྷིཿ། བོད་སྐད་དུ། དཔལ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག །དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །ནམ་མཁའ་ལས་རྒྱས་མཁའ་འགྲོ་མའི། །འཁོར་ལོ་སྡོམ་པ་ལ་བཏུད་ནས། །དེ་ཡི་དཀྱིལ་འཁོར་སོགས་ཆོ་ག །བླ་མ་ལས་རྙེད་བྲི་བར་བྱ། །དེ་ལ། སློབ་དཔོན་གཡོན་ན་ཁ་ཊྭཱཾ་ག །ཧཱུཾ་སྒྲོགས་གཡས་ན་ཌ་མ་རུ། །ཡང་དག་ཡེ་ཤེས་རྒྱུད་ཤེས་ཤིང༌། །ཧེ་རུ་ཀ་དཔལ་གསང་སྔགས་ཞེས། །ཁྲོ་མེད་གཙང་སྦྲ་བརྩོན་འགྲུས་ལྡན། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་སོན། །མགོ་སྐྱེས་ལ་ནི་ཐོད་པས་བརྒྱན། །ཐལ་བ་ཡིས་ནི་ལུས་ལ་བྱུགས། །ཞེས་པ་དང༌། གསང་བ་རབ་ཏུ་བསྟན་པ་ལས་ཀྱང༌། བླ་མ་རྣམ་པ་གཉིས་རབ་བཤད། །རྒྱུ་ཐོབ་པ་དང་འབྲས་བུ་འཆར། །རྒྱུ་ཡི་ཚུལ་གྱིས་མདོར་སྟོན་ཅིང༌། །འབྲས་བུའི་ཚུལ་དུ་རྒྱས་པར་འཆད། །མདོར་བསྟན་ལུས་ངག་ངོ་བོ་སྟེ། །རྒྱས་པར་འཆད་པ་སེམས་ཉིད་དོ། །དཀྱིལ་འཁོར་སློབ་དཔོན་ཚུལ་གྱིས་ནི། །ཕྱི་རོལ་དང་ནི་ནང་དུ་གནས། །འདི་ནི་སེམས་ཅན་ཐམས་ཅད་ཀྱི། །བླ་མ་བླ་མེད་རྣམས་པ་གཉིས། །ལོངས་སྤྱོད་གྲོལ་བའི་འབྲས་སྟེར་བ། །རབ་ཏུ་འབད་དེ་མཆོད་པར་བྱ། །ཞེས་གསུངས་པ་ནི་སློབ་དཔོན་གྱི་མཚན་ཉིད་དོ། །དུང་དང༌། འདབ་མའི་ཀོང་བུ་དང༌། ཟངས་ལ་སོགས་པ་ལས་བྱས་པའི་ཞབས་བསིལ་དང་བསང་གཏོར་དང༌། ཞལ་བསིལ་དང༌། མཆོད་ཡོན་གྱི་སྣོད་རྣམས་སུ་ནས་དང་འོ་མ་དང༌། མེ་ཏོག་དཀར་པོ་དང༌། རྩྭ་ཀུ་ཤ་དང༌། ཏིལ་དང༌། བདུད་རྩི་ལྔ་


DTG022_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པ་བླུགས་ཏེ་ཡི་གེ་གསུམ་དང་རང་གི་བདག་པོ་དང་ལས་ཐམས་ཅད་པའི་སྔགས་ཀྱིས་བརྒྱ་ཙ་བརྒྱད་དང་ལན་བདུན་དུ་བསྔགས་ལ། སྣོད་དེ་གསུམ་རང་གི་གཡོན་དུ་མན་ཇིའི་སྟེང་དུ་བ་ཞག་ཅིང༌། དེའི་མདུན་དུ་ཡང་བཟེད་ཞལ་གསུམ་མན་ཇིའི་སྟེང་དུའོ།། དེ་ལ་ཞབས་བསིལ་གྱི་སྣོད་ཀྱི་ཆུ་གཡས་པའི་ཁུ་ཚུར་གྱིས་མཐེ་བོ་དང་མཛུབ་མོའི་སྐམ་པས་མེ་ཏོག་བཟུང་ལ་རོལ་པས་སོར་མོ་རྣམས་བསྐོར་ཞིང་མཛུབ་མོ་ལ་སོགས་པའི་སོར་མོ་རྣམས་རིམ་གྱིས་བརྐྱང་སྟེ། ཨོཾ་ཨཱཿ་ཧྲཱྀ་པྲ་བ་ར་ས་ཏ་ཀཱ་རཾ་པཱ་དྱཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་པ་གསུམ་གྱིས་བཟེད་ཞལ་དབུལ་ལོ། །མཆོད་པ་བྱ་བའི་ཞབས་གཉིས་ལ་བསམས་ནས་སོ། །སྣོད་གཉིས་པའི་ཆུ་གཡས་ན་གནས་པའི་ཀུ་ཤའི་ཆུན་པོའི་རྩེ་མོས་བླངས་ནས་བཟེད་ཞལ་གཞན་དུ་མཆོད་བྱའི་སྐུ་ལ་བསང་གཏོར་བྱའོ། །དེ་ཉིད་ཀྱི་ཆུ་གཡས་པའི་ཁུ་ཚུར་གྱིས་མཐེ་བོང་དང་མཛུབ་མོའི་སྐམ་པས་མེ་ཏོག་བཟུང་ལ་དེའི་བཟེད་ཞལ་དུ་ཁ་ཐུར་དུ་བསྟན་པའི་ཁུ་ཚུལ་གྱིས་ཞབས་བསིལ་པའི་ཆེད་དུ་མཆོད་བྱའི་ཕྱག་ཏུ་མཐེ་ཆུང་ལ་སོགས་པ་རིམ་གྱིས་བརྐྱང་ཞིང་ལན་གསུམ་དུ་དབུལ་ལོ། །སྣོད་གསུམ་པའི་ཆུ་ལ་སོགས་པ་སྙིམ་པས་བཟུང་སྟེ་རྡོ་རྗེ་ཐལ་མོ་ཕྱེ་པས་བཟེད་ཞལ་གྱི་སྣོད་གསུམ་པར་མཆོད་ཡོན་ལན་གསུམ་མོ། །དེ་ཐམས་ཅད་སྔགས་དེ་ཉིད་ཀྱིས་ཏེ་འོན་ཀྱང་པཱ་དྱཾ་གི་གནས་སུ་པྲོཀྵ་ཎཾ་དང༌། ཨཱཉྩ་མ་ནཾ་དང༌། ཨརྒྷཾ་ཞེས་བརྗོད་དོ། །མེ་ཏོག་དབུ་ལའོ། །བདུག་སྤོས་དང༌། མར་མེ་དང༌། མཆོད་ཡོན་ནི་མདུན་དུའོ། །ཞལ་ཟས་ཕྱག་ཏུའོ། །དྲི་ནི་མཆད་བྱའི་ཐུགས་ཀར་བསམ་པར་བྱའོ། །འདི་ནི་ཆོ་ག་ཐམས་ཅད་དུ་མཆོད་ཡོན་ལ་སོགས་པའི་ཆོ་གའོ། །ཐམས་ཅད་མཁྱེན་པའི་ལམ་ཤེས་པས། །སྔོན་དུ་བསྙེན་པ་ཚོགས་སོགས་ཅིང༌། །བགེགས་ནི་རྣམ་པར་ཉམས་བྱེད་བྱ། །དངོས་གྲུབ་བསྙེན་པ་མེད་ན་མིན། །དེ་ཕྱིར་རིམ་གཉིས་དེ་ཉིད་རིག། དབེན་བར་ཡང་དག་གནས་ནས་ནི། །བདེ་མཆོག་འཁོར་ལོ་བསྒོམ་པར་བྱ། །སྐྱོ་ན་དེ་ཡི་གསང་སྔགས་བཟླས། །འཁོར་ལོའི་བདག་པོའི་བཟླས་པ་འབུ། །ཡང་ན་རང་གི་ལྷ་ཡི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཡིན་ཏེ། འདི་ནི་སྔོན་དུ་བསྙེན་པར་བརྗོད། །རིམ་པ་གཉིས་


DTG022_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་རྣལ་འབྱོར་ནི། །ལཱུ་ཡི་པའི་མངོན་པར་རྟོགས་པ་ལ་སོགས་བར་ཤེས་པར་བྱའོ། །འདི་ནི་སྔོན་དུ་བསྙེན་པའོ། །དཀྱིལ་འཁོར་ལ་སོགས་པའི་བྱ་བ་ནི་རྒྱལ་དང༌། ནག་པ་དང༌། བྲ་ཉེ་དང༌། བྱ་དབོའི་ཟླ་བ་མ་གཏོགས་པའི་ཟླ་བ་རྣམས་དང༌། ཚེས་གཉིས་པ་དང༌། གསུམ་པ་དང༌། ལྔ་པ་དང༌། བདུན་པ་དང༌། བཅུ་པ་དང༌། བཅུ་གསུམ་པ་དང༌། ཉ་དང༌། གཟའ་ཟླ་བ་དང༌། ལྷག་པ་དང༌། ཕུར་བུ་དང༌། བ་བ་སངས་རྒྱས་རྣམས་སུའོ། །སྣར་མ་ལ་ནོར་རོ། །མགོ་ལ་ཞི་བའོ། །ལག་ལ་སྐལ་བ་བཟང་པོའོ། །རྒྱལ་ལ་རྒྱལ་བའོ། །དབོལ་འཁོར་འཕེལ་ལོ། །མེ་བཞི་ལ་དངོས་གྲུབ་པོ། །ལྷ་མཚམས་ལ་འདོད་བའོ། །སྣྲོན་ལ་བདེ་བའོ། །སྣུབས་དང་གྲོ་བཞིན་ལ་ལུང་ལ་མཁས་པར་འགྱུར་རོ། །ཆུ་སྟོད་ཆུ་སླད་ལ་བུ་འཕེལ་ལོ། །ཁྲུམས་སྟོད་ཁྲུམས་སྨད་དག་ལ་བུ་མོ་འཕེལ་ལོ། །ཞི་བའི་གཟའ་ལ་བརྟེན་པའི་དུས་སྦྱོར་དང་རྣམས་པར་སེལ་བ་དང༌། །ཤིན་ཏུ་སྐྲག་པ་དང༌། ཟུག་རྡུ་དང༌། འབྲས་དང༌། བྱ་བ་གྲུབ་པ་དང༌། རྡོ་རྗེ་དང༌། ཀུན་ལྟུང་བ་དང༌། ཡོངས་བསྣུན་དང༌། ཤ་ཁོ་ན་འཛིན་པ་མ་གཏོགས་པའི་སྦྱོར་བ་དང༌། འཇུག་ཕོད་དང་བྲལ་བའི་བྱེད་པ་རྣམས་ལ་སྟེ། དེ་ནི་གཞན་གྱི་འདོད་པའོ། །རང་གི་བཞེད་པ་ནི། དབྱར་དུས་རབ་གནས་གྲུབ་པའོ། །སྟོན་ནི་བདེ་བ་སྟེར་བར་འགྱུར། །དགུན་སྟོད་ཡེ་ཤེས་འཕེལ་བ་སྟེར། །དགུན་སྨད་དབང་ཕྱུག་ཐམས་ཅད་འབྱུང༌། །དཔྱིད་ཀ་དཔལ་ནི་རབ་ཏུ་སྦྱིན། །སོ་ས་ཀར་རྒྱལ་དང་ཞི་བ་སྟེར། །རབ་གནས་དུས་ནི་ཐམས་ཅད་དུ། །སངས་རྒྱས་བཞུགས་སུ་འཇུག་པར་བཞེད། །ཅེས་པ་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང༌། གཙུག་ཏོར་རྟག་ཏུ་སྦྱིན་པར་བྱ། །རྟག་ཏུ་སྦྱིན་སྲེག་བྱེད་དུ་གཞུག །རྟག་ཏུ་དཀྱིལ་འཁོར་བྲི་བར་བྱ། །རྟག་ཏུ་སངས་རྒྱས་རབ་གནས་བྱ། །ཟིན་པའི་དེ་མ་ཐག་པ་རུ། །རབ་ཏུ་གནས་པ་མཆོག་ཏུ་འགྱུར། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡི། །དབང་ཕྱུག་ཐོབ་པར་ཐེ་ཚོམ་མེད། །དེ་ལ་གཟའ་དང་རྒྱུ་སྐར་མེད། །བགེགས་དང་ལོག་པར་འདྲེན་པའང་མེད། །ཅུང་ཟད་ཡིད་ལ་གང་འདོད་པ། །སྐྱེ་ནས་སྐྱེ་བར་འགྲུབ་པར་འགྱུར། །ཞེས་པ་ནི་དུས་ཀྱི་ངེས་པའོ། །དེ་ནས་སློབ་དཔོན་ཁྲུས་བྱས་ཏེ་ལྷ་


DTG022_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོད་པ་དང་གཏོར་མ་བྱས་ལ་གོས་གཙང་མ་རྒྱན་ལེགས་པར་བགོས་པའི་བདག་ཉིད་ཀྱིས་ཕྱི་དྲོའི་དུས་སུ་ས་དང་ལྕི་བས་དཀྱིལ་འཁོར་ཉེ་བར་བྱུགས་ལ། པུས་མོ་གཡས་པ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ལ། ཕྱོགས་བཅུ་ན་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཇིག་རྟེན་སྐྱོང་བ་རྣམས་ལས་ས་བསླང་བར་བྱ་སྟེ། ཁམས་འདི་ན་ནི་མགོན་གང་དག །ཆེན་པོས་མཆོད་པ་བཞུགས་རྣམས་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་དང་ལྷ་མིན་སོགས། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །དེ་དང་དེ་ལ་གསོལ་བར་བགྱི། །གལ་ཏེ་ཁྱེད་ཀྱིས་གནང་བ་ན། །བགྱི་སྟེ་གཞན་དུ་མ་ཡིན་ནོ། །རྨི་ལམ་ལ་སོགས་མཚན་མ་ཡིས། །ས་བཟང་འདི་ནི་བདག་ལ་གསོལ། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེའི་རྗེས་སུ་འཇིག་རྟེན་དབང་བྱུག་གི་མདུན་དུ་མཆོད་པ་བྱས་ལ། །ཨོཾ་མུ་ཙི་ལི་སྭཱ་ཧཱ། ཨོཾ་མོ་ཧ་ནི་སྭཱ་ཧཱ། ཨོཾ་ད་ཏ་ལི་སྭཱ་ཧཱ། ཞེས་བྱ་བའི་རྨི་ལམ་བརྟག་པ་འདིས་ལག་པ་གཡོན་པ་ས་ཁ་ལ་ལན་ཉི་ཤུ་རྩ་གཅིག་བསྔགས་ལ་མགོ་ལྷོར་བསྟན་ཞིང་ཤར་དུ་ཁ་བལྟས་ལ་གཙང་སྦྲས་ཉལ་ལོ། །རྨི་ལམ་ངན་ན་ལས་ཐམས་ཅད་པ་བཟླས་པ་དང༌། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་བགེགས་བཟློག་ནས་ལྷས་གནང་བའམ་མ་བཀག་པའི་ས་ལ་ཆོ་ག་བྱ་སྟེ། འོན་ཀྱང་སྲིད་ན་གྲོང་རྡལ་དང༌། གྲོང་ཁྱེར་དང༌། སྐྱེད་མོས་ཚལ་དང༌། གཙུག་ལག་ཁང་ལ་སོགས་པའི་དབང་ལྡན་ཁོ་ནར་དང༌། མེད་ན་གང་དུ་ཡི་རང་བར་རོ། །ལྷ་ཁང་མཆོད་རྟེན་ཁང་བཟངས་ཁང་བརྩེགས་དང༌།། རབ་གནས་དཀྱིལ་འཁོར་ལ་སོགས་བྱེད་འདོད་པས། །འདིར་ནི་ས་ཡི་ལྟོ་འཕྱེ་བརྟག་བྱ་སྟེ། །ས་གཞི་གང་ཡིན་དེ་ནི་གྲུ་བཞིར་བྱ། །ཟླ་བ་གསུམ་གྱི་ཉིན་མོའི་གྲངས་ཀྱིས་འདིར། །ཕྱོགས་ནི་སོ་སོར་ས་དེ་རྣམ་པར་དབྱེ། །དབང་ལྡན་ནས་ནི་མེ་ཡི་མཚམས་ཀྱི་བར། །ཤར་གྱི་ས་དེ་དགུ་བཅུར་རྣམ་པར་དབྱེ། །མེ་ནས་བདེན་བྲལ་མཚམས་ཀྱི་བར་དང་ནི། །བདེན་བྲལ་ནས་ནི་རླུང་གི་མཚམས་བར་དང༌། །རླུང་ནས་འབྱུང་པོའི་བདག་པོའི་མཚམས་ཀྱི་བར། །དེ་བཞིན་ཁོ་ནར་དགུ་བཅུར་རྣམ་དབྱེ་བྱ། །སྟོན་ཟླར་བ་འབྲིང་དང་ཐ་མའི་བར། །དབང་ལྡན་


DTG022_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚམས་ལ་སོགས་པར་མགོ་བོ་གནས། །བདེན་བྲལ་མཚམས་ལ་སོགས་པར་མཇུག་མའི་ཆ། །གསང་བའི་གནས་ནི་ས་ཡི་དབུས་སུ་གཞག །ལྟེ་བའི་འོག་གི་ཆ་ནི་ལྟོ་འཕྱེའི་ལུས། །སྟེང་ཆ་གདེངས་ཀ་དང་ལྡན་མི་ཡི་གཟུགས། །ལྷོར་བལྟ་ལག་པ་གཡོན་པ་རྣ་བར་གཞག །གཡས་པ་རིན་ཆེན་ཐོགས་པས་དཀུར་བཀབ་ནས། །ས་ཡི་ཆ་དགུ་ཁྱབ་པར་ཉལ་ནས་གནས། །ཀླུ་ཡི་རྒྱལ་པོ་ལུས་ཚད་མཐོ་བཅུའོ། །ཤར་དང་ནུབ་ཀྱི་མཐའ་མར་གནས་ན་ཡང༌། །ས་ཡི་དུམ་བུ་དེ་ནི་འཇལ་བ་ལྟར། །ཉི་མའི་བགྲོད་པས་ཚེས་གཅིག་ལ་སོགས་པར། །ཉིན་ཞག་རེ་རེ་ཞིང་ནི་ཆ་རེ་རེར། །ཇི་ལྟར་རིགས་པས་ཤར་གྱི་ཆ་རུ་རྒྱུ། །ལྷོ་དང་ནུབ་དང་བྱང་དུའང་དེ་བཞིན་ནོ། །དགུན་ཟླ་ར་བ་འབྲིང་དང་ཐ་མ་ཡི། །དཀར་ཕྱོགས་ལ་སོགས་ནུབ་ཏུ་ཁ་མིག་བལྟ། །མེ་ཡི་མཚམས་སུ་ཡན་ལག་མཆོག་བསྟན་ཏེ། །རླུང་གི་མཚམས་ལ་སོགས་པར་མཇུག་མ་གནས། །དཔྱིད་ཟླར་བ་འབྲིང་དང་ཐ་མ་དེའི། །གནོད་སྦྱིན་བདག་ཕྱོགས་ཁ་དང་མིག་གིས་བལྟ། །བདེན་བྲལ་མཚམས་ལ་སོགས་པར་མགོ་བོ་གནས། །དབང་ལྡན་མཚམས་ལ་སོགས་པར་མུག་མའི་ཆ། །དབྱར་ཟླ་ར་འབྲིང་དང་ཐ་མ་རུ། །ཤར་ཕྱོགས་སུ་ནི་ཁ་དང་མིག་གིས་བལྟ། །རླུང་གི་མཚམས་ལ་སོགས་བར་མགོ་བོ་གནས། །མེ་ཡི་མཚམས་ལ་སོགས་པར་མཇུག་མའི་ཆ། །ལོ་གཅིག་ན་ནི་ས་གཞི་མཐའ་དག་ཏུ། །འཁོར་གཅིག་གིས་ནི་འབད་པས་ཀུན་དུ་ཁྱབ། །ལྟོ་འཕྱིའི་རྒྱལ་པོའི་རྒྱུ་བའི་དབྱེ་བ་ནི། །ཟླ་བ་རེ་རེའི་བྱེ་བྲག་ཤེས་ནས་སུ། །མཐའ་ཡས་བདག་ཉིད་དཀར་པོ་མཛེས་པའི་སྐུ། །མཇུག་མ་ལ་སོགས་རིམ་གྱིས་བསམས་ནས་སུ། །དེ་ཡི་ལུས་ལ་ཀླུ་ཡི་བདག་པོ་བརྒྱད། །འོ་མ་ལ་སོགས་ཉེ་བར་སྤྱོད་མས་མཆོད། །མཇུག་མའི་རྩེ་མོར་རིགས་ལྡན་ཤིན་ཏུ་སྔོ། །གསང་གནས་དཱུར་བ་ལྟར་ལྗང་སྟོབས་ཀྱི་རྒྱུ། །ལྟེ་བར་དུང་སྐྱོང་པདྨའི་རྩ་བ་བཞིན། །དཔུང་བར་པདྨ་ཆེན་པོ་གསེར་དང་མཚུངས། །ནོར་རྒྱས་སྙིང་གར་གནས་པ་ལྗང་གུ་སྟེ། །འཇོག་པོ་ཞེས་བྱ་དམར་པོ་མགྲིན་པར་གནས། །རྣ་བར་པདྨ་དཀར་པོ་འོད་ཟེར་ཅན། །སྤྱི་བོ་རུ་ནི་མཐའ་ཡས་སྔོན་པོ་གནས། །མི་ན་


DTG022_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བགེགས་མཐར་བྱེད་ཀྱི་རྣམ་བར་བསྒོམ། །དབའ་བོའི་ལག་པ་ཏོག་རྩེ་རྡོ་རྗེས་མཚན། །ལག་པ་གཡོན་པ་འོག་ཏུ་བྱས་ནས་བཟུང༌། །དེ་ཡིས་བདུད་ཀྱི་ཚོགས་ནི་སྐྲག་ཅིང་བཟློག །ཤར་དང་བྱང་གི་ཕྱོགས་སུ་ཁ་བལྟས་པས། །ཏོག་ཙེ་ཁམ་བཞི་བརྒྱ་བ་པས་བླངས་པའི་ས། །ཞི་བའི་སེམས་ཀྱིས་གཏོར་མའི་ནང་དུ་ནི། །གཞག་པའམ་མེ་མཚམས་ལ་སོགས་ཕྱིར་རོལ་དོར། །འབད་པས་དེ་ཡི་ཁམ་ལྔ་པ་ཡིས། །ས་གཞིའི་དབུས་སུ་ལེགས་པའི་ཡིད་ཀྱིས་དགྲ་མ། །ཁམ་ལྔ་པ་དེར་ལས་མིན་དུ་མ་ཡིན། །ཕྱོགས་དང་མཚམས་སུ་ཀུན་ནས་བརྐོ་བར་བྱ། །ཤར་ནས་ཆ་ནི་ཉི་ཤུ་རྩ་གཅིག་དོར། །བྱང་ནས་ཕྱེད་དང་བཅུ་བཞིའི་ཆ་དོར་བས། །ཤར་ནུབ་ཆ་དགུ་ལྷོ་བྱང་ཕྱེད་དང་ལྔ། །འདི་ནི་མཆན་གྱི་མདུན་དུ་ཐོག་མར་བརྐོ། །དེ་ཡིས་ཆོས་ནོར་འདོད་དོན་འཕེལ་ཞིང་འགྲུབ། །གལ་ཏེ་ལྷོ་འཕྱེའི་རྒྱལ་པོ་གནས་པ་ཡི། །ཆ་དགུའི་ས་ཡི་ཆ་ལ་བརྐོས་ན་ནི། །ཕམ་བུ་དང་བུ་མོ་སྤུན་ཆུང་མ། །མནའ་མ་རང་གི་སྐྱེ་བོ་མཛའ་བཤེས་འཆི། །གལ་ཏེ་རྒྱབ་ཏུ་བརྐོས་ན་རང་འཆི་ཞིང༌། །ཡང་ན་རང་གནས་ནས་འཕོ་ནོར་བརླག་འགྱུར། །མཇུག་མར་གླང་ཆེན་རྟ་དང་མེ་ཧ་ར། །བ་ལང་འཆི་ཞིང་སྟོབས་ཀྱང་ཉམས་པར་འགྱུར། །གལ་ཏེ་ཁམ་ལྔའི་ནང་དུ་ཤིང་དང་སྒྲ། །གྲོག་མཁར་སྐྲ་སེན་ཐལ་བས་གནོད་པ་འབྱུང༌། །རྡོ་བས་རླུང་གིས་འཇིག་པ་ཕུབ་མ་དང༌། །མགལ་དུམ་གྱིས་རིམས་རུས་པས་ཟུག་ཟེར་རོ། །དེའི་དོན་དུ་ཐིག་ཆེན་འདེབས་པ་ན་མཚན་མ་ཤེས་པར་བྱ་སྟེ། ཐིག་སྐུད་ཆད་ན་སློབ་དཔོན་འཆིའོ། །ཁྱི་དང༌། ཅེ་སྦྱང་དང༌། བྱ་རྒོད་དང་བྱ་ཀཱ་ཀ་སྐྲ་སྒྲོགས་ན་ཡོན་བདག་གོ །བྱི་ལས་ཐིག་སྐུད་ལ་འགོམ་ན་དེའི་འམ་བོད་བུའི་རུས་པ་ཡོད་དོ། །བོད་བུས་འགོམ་ན་དེ་ཉིད་ཀྱིའོ། །ཁྱིས་དེ་ཉིད་ཀྱིའོ། །ར་ལུག་གིས་ནི་དེ་དག་གིའོ། །རྟ་ཡིས་ནི་དེའི་རུས་པའོ། །གླང་པོ་ཆེས་ནི་དེའིའམ་རྔ་མོའིའོ། །མ་ཧེའམ་ཤ་བས་ནི་ཅེ་སྦྱང་གིའོ། །དོམ་གྱིས་ནི་དེའི་རུས་བའོ། །ཕག་གིས་ནི་སྟག་གིའོ། །སྟག་གིས་ནི་གླང་པོ་ཆེའིའོ། །བྱི་བས་ནི་དེའིའོ། །སྦྲུལ་གྱིས་ནི་དེའིའོ། །རུས་སྦལ་གྱིས་ནི་དེའི་རུས་པའོ། །གལ་ཏེ་སློབ་དཔོན་དང༌། བཟོ་


DTG022_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བོ་དང༌། ཡོན་བདག་དང༌། དེའི་ལས་མིའི་ནང་ནས་གང་རུང་མགོ་བོ་ལ་འཕྲུག་ན་མི་གང་གི་འོག་ནས་སེལ་ཡོད་དོ། །སྨིན་མ་ལ་རེག་ན་གསེར་རམ་དོལ་གོང་ཁྲུ་གསུམ་གྱི་འོག་ནའོ། །མིག་ལ་རེག་ན་དེ་ཙམ་གྱི་འོག་ན་མུ་ཏིག་གོ །ཁ་ལ་རེག་ན་སྐྲའམ་དོལ་གོང་སུམ་མདོའི་འོག་ཙམ་ནའོ།། སོ་ལ་རེག་ན་ཁྲུ་གསུམ་གྱི་འོག་ན་སོའོ། །རྣ་བ་ལ་འཕྲུག་ན་དེ་མན་ཆད་ཀྱི་འོག་ན་གསེར་རམ་དངུལ་ལམ་བྱི་རུའོ། །རྐེ་ལ་རེག་ན་དེ་ཙམ་གྱི་འོག་ན་མགུལ་རྒྱན་ནམ་ལྕགས་སྤྲོག་གམ་དོལ་གོང་ངམ་སོལ་བ་ཁྲུ་གསུམ་གྱི་འོག་ནའོ། །ཕྲག་པ་ལ་རེག་ན་དེ་ཙམ་གྱི་འོག་ན་དེའི་རྒྱན་ནོ། །མཆན་ཁུང་ལ་རེག་ན་དེ་ཙམ་གྱི་འོག་ན་ལྕགས་སོ། །ལག་པ་གཡས་པ་ལ་རེག་ན་དཀུའི་འོག་ན་རྒྱབ་ཀྱི་ཐོད་པའམ་ས་ལས་བྱས་པའོ། །ལག་པ་གཡོན་པ་ལ་རེག་ན་བུས་མོའི་འོག་ན་ཤིང་ཁྲིའི་རྐང་པའོ། །བྲང་ལ་རེག་ན་དཀུ་ཙམ་གྱི་འོག་ན་ཕྱུགས་ཀྱི་རུས་པའོ། །རྒྱབ་ལ་རེག་ན་དེ་ཙམ་གྱི་འོག་ན་དེའི་རུས་པའོ། །དཀུ་ལ་རེག་ན་ཁྲུ་གཉིས་ཀྱི་འོག་ན་ལྕགས་ཀྱི་ཕུར་བུའོ། །རྟགས་ལ་རེག་ན་ཁྲུ་གང་གི་འོག་ན་ལྕགས་གསུམ་གྱིས་སེལ་ལོ། །བྱིན་པ་ལ་རེག་ན་མཐོ་གང་གི་འོག་ན་བྱིན་པའི་རུས་པའོ། །ལོང་བུ་ལ་རེག་ན་སོར་མོ་བཅོ་བརྒྱད་ཀྱི་འོག་ན་རྟའི་རྨིག་པའོ། །རྐང་པ་ལ་རེག་ན་མཐོ་གང་ཙམ་གྱི་འོག་ན་ཤིང་སཱ་ལ་མ་ལའི་ཚེར་མའོ། །རྐང་པའི་མཐེ་ཆུང་ལ་རེག་ན་སོར་བརྒྱད་ན་འཁར་བའོ། །གང་ཡང་རུང་བས་གང་གི་མིང་སྨོས་པ་དེའི་དེར་རུས་པའོ། །གང་དུ་བས་ལྕི་བ་འདོར་བ་དེར་གསེར་རོ། །གཞོན་ནུ་བཤང་བ་བཏོད་ན་དངུལ་ལོ། །སྦལ་པ་སྒྲ་སྒྲོགས་ན་ཆུའི་འཇིགས་པའོ། །ངང་པ་དང༌། ཁུ་བྱུག་དང༌། རྨ་བྱ་དང༌། དུར་བ་དང༌། གླང་སྒྲ་སྒྲོགས་ན་དགེ་བའོ། །འབྲུག་སྒྲ་སྒྲོགས་ན་ནོར་འོང་ངོ༌། །དུང་དང་བཀྲ་ཤིས་ཀྱི་གླུ་དང༌། བྱིས་པ་སྒྲ་སྒྲོགས་ན་ནོར་འཐོབ་བོ། །གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། ཤ་གསར་པ་དང༌། ཞོ་དང༌། འབར་བ་དང༌། ཉ་ཟུང་ལ་སོགས་པ་མཐོང་ན་ལེགས་པའོ་ཞེས་པ་ས་བརྐོ་བའི་ཆོ་གའོ། །དེ་ནས་རྡོ་བ་ལ་སོགས་པ་བསལ་ནས་ས་དེ་ཉིད་ཀྱིས་སམ་དེས་མི་ལྡང་ན་གཞན་གྱིས་ལ་ཡང་དི་བཟངས་ཀྱི་ཆུས་བཏབ་སྟེ་དོང་དགང་


DTG022_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་བྱའོ། །དེ་ལ། བྱང་ཤར་འབབ་པས་དངོས་གྲུབ་ནི། །སྔགས་པ་རྣམས་ལ་རྟག་ཏུ་འབྱུང༌། །དཀྱིལ་མཐོ་བས་ནི་རྒྱལ་སྲིད་འབྱུང༌། །རིག་པ་འཛིན་པའི་གོ་འཕང་ཡང༌། །བྱང་མཐོ་བས་ནི་འཆི་བར་འགྱུར། །ཡང་ན་ནོར་ནི་བརླག་པར་འགྱུར། །ཇི་ལྟར་བཤད་པའི་དམའ་བ་ནི། །མཐོ་ན་མྱུར་དུ་རིགས་ཟད་འགྱུར། །གལ་ཏེ་ས་ཡི་དབུས་དམའ་ན། །སྒྲུབ་པ་པོ་ལ་གནོད་པ་འབྱུང༌། །དཀྱིལ་འཁོར་ཡང༌། །ཁྲུ་གང་ནས་ནི་བརྩམས་ནས་སུ། །ཇི་སྲིད་ཁྲུ་ནི་སྟོང་གི་བར། །ཞེས་གསུངས་པས་བུམ་པའི་ཕྲེང་བས་བསྐོར་བའི་ཆེད་དུ་ཇི་སྲིད་འདོད་པའི་ཚད་ཀྱིས་གྲུ་བཞིར་བྱས་ལ་དེའི་སྟེང་དུ་མཎྜལ་ཟླུམ་པོ་དཔངས་ལ་ཁྲུ་ཕྱེད་པ་དབུས་ཅུང་ཟད་མཐོ་བ་གཡས་སྐོར་དུ་འབབ་དཀར་བ་དབང་ལྡན་གྱི་ཕྱོགས་དམའ་བར་བྱས་ལ་ཧཱུཾ་ཞེས་པ་དང༌། དུམ་སྐྱེས་མ་བཟླས་པའི་དྲིའི་ཆུས་བཏབ་ལ་བཏུང་བར་བྱའོ། །དཀྱིལ་འཁོར་ཁང་པའི་རྩ་བའི་སྒོ་ཡང་དབང་ལྡན་ཁོ་ནར་བྱའོ། །ཁང་བཟང་རྡོ་སྟེང་བ་ལང་ལྟས། །དྲང་སྲོང་གནས་སོགས་ཆུ་བོའི་འགྲམ། །སྔོན་དུ་འདུས་བྱས་གནས་དག་ཏུའང༌། །མ་བརྐོས་ན་ཡང་དག་པ་ཡིན། །ས་སེལ་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མ་ནུས་ན། །ལག་པས་རེག་ནས་སྔགས་བཟླས་ཏེ། །དེ་ཉིད་དག་པ་ཆེན་པོ་ཡིན། །ཞེས་པ་དུམ་སྐྱེས་མའི་སྔགས་ཀྱིས་བགེགས་བསྐྲད་ནས་དེས་བསྔགས་པའི་ཡུངས་ཀར་དང་ཆུ་དང་ཐལ་བས་གཏོར་རོ། །བའི་རྣམ་པ་ལྔས་བྱུགས་ལ་དྲི་བཟངས་ཀྱི་ཆུས་གཏོར་ཏེ། ཨོཾ་བྷུ་ཁཾ་ཞེས་པ་འདིས་ནམ་མཁར་བྱའོ། །ཧཱུཾ་ལཾ་ཧཱུཾ་ཞེས་པ་འདིས་རྡོ་རྗེའི་རང་བཞིན་དུ་བྱའོ། །ལས་ཐམས་ཅད་པ་བཟླས་པའི་རིན་པོ་ཆེ་དང་སྨན་དང༌། འབྲུ་ལྔ་དཀྱིལ་འཁོར་གྱི་དབུས་ཀྱི་ནང་དུ་བཅུག་ལ་དྲི་བཟངས་ཀྱི་ཆུས་བྱུགས་ཏེ། ནམ་མཁའ་ལ་གནས་པའི་སའི་ལྷ་མོ་ནང་དུ་བསྟིམས་ལ་འགྲོ་བ་སྟོང་པ་ཉིད་དང་རོ་གཅིག་པར་ལྷག་པར་མོས་ནས་ཡི་གེ་གསུམ་གྱི་བྱིན་གྱིས་བརླབ་ཅིང་དྲིལ་བུ་དཀྲོལ་ཞིང་ཡི་གེ་བརྒྱ་པ་གདོན་ནོ། །དེ་གསུངས་པ། དེ་ལ་ཆུ་དང་ལྕི་བ་ཡིས། །དཀྱིལ་འཁོར་ས་ནི་ཉེ་བར་བྱུགས། །དུར་ཁྲོད་ཐལ་བ་དང་ལྡན་པ། །བདུད་རྩི་ལྔ་དང་བཅས་པ་ཡིས། །དེ་ནས་ས་ནི་ཉེར་བྱུགས་


DTG022_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས། །དེ་ལ་དཀྱིལ་འཁོར་ཡང་དག་བྲི། །ཞེས་པ་འདི་ནི་ས་སྦྱོང་བའོ། །བདེ་མཆོག་མཉེས་པར་ནུས་པ་དང༌། །སྡོམ་པ་ལས་གསུངས་བྱ་བར་ལྡན། །ཕག་མོ་ལ་གུས་མཉེས་གཤིས་པ། །གཙང་ཞིང་བརྩོན་ལྡན་བསོད་ནམས་འདོད། །དཀྱིལ་འཁོར་བྲི་བའི་ཕ་རོལ་སོན། །ཆོག་ཤེས་སློབ་མར་འོས་པ་རྣམས། །བཏུས་ཏེ་སྒོ་ཡི་སློབ་དཔོན་བྱ། །ཞེས་གསུངས་པས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་རྡོ་རྗེ་དང་དྲིལ་བུ་བཟུང་སྟེ། དཀྱིལ་འཁོར་གྱི་འཁོར་ལོའི་རྣལ་འབྱོར་དང་ལྡན་པས་སྲུང་པའི་འཁོར་ལོ་ལ་སོགས་པས་བགེགས་བསྐྲད་ནས་སྤོས་ཕོར་ཐོགས་ཏེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་ལྗགས་ཀྱིས། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་འཛིན། །འདིར་ནི་དཀྱིལ་འཁོར་བྲི་བར་བྱ། །སངས་རྒྱས་སོགས་ཀུན་བྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་སྩོལ། །ཞེས་པས་སངས་རྒྱས་ལ་སོགས་པ་ལ་སྙན་གསན་ཕབ་ནས་ནམ་མཁའ་ལ་གནས་པའི་མ་མཁའ་འགྲོ་མ་ལ་སོགས་པའི་ཕྱོགས་སུ་གནས་པ་རྡོ་རྗེ་དང་དྲིལ་བུ་ཐོགས་པ་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་ཅན་སློབ་མ་བཞི་ཡིས་སམ་གཅིག་གིས་ཀྱང་དེ་དང་དེར་རིམ་གྱིས་སོང་སྟེ་བླ་མའི་མཎྜལ་སྔོན་དུ་འགྲོ་བས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་མཆོག་ནི་བདག་མེད་པ། །དཀྱིལ་འཁོར་མཆོག་ནི་བསྟན་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྦངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་མཆོག་ནི་བཤད་དུ་གསོལ། །ཞི་བའི་སྤྱོད་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྤྱོད་མཛད། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་མཆོག་ནི་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །དག་པ་རང་བཞིན་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་ཁ་ལོས་སྒྱུར་བཤད་གསོལ། །གསོལ་འདེབས་པ་མེད་ན་བསམ་གཏན་གྱིས་ཀྱང་བྱའོ། །དེ་ནས་སྤྲོ་བ་ལ་སོགས་པ་བྱས་ནས་བསྒོམས་པའི་དཀྱིལ་འཁོར་


DTG022_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་གཉིས་བརྐྱང་ལ་རྩེ་མོ་སྦྱར་བ་ཁ་འོག་ཏུ་བསྟན་ནས་སྤྱི་བོར་བཟུང་ཞིང་ཧཱུཾ་བཛྲོཏ་ཏིཥྛི་ཞེས་པས་ནམ་མཁའ་ལ་བཏེག་ལ་སྐྱིལ་ཀྲུང་བཤིགས་ནས་ལངས་ཏེ་ཁ་ལྷོར་ཕྱོགས་བས་རྐང་པ་མཉམ་པར་གནས་པས་སྤྱི་བོར་ཐལ་མོ་སྦྱར་བས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས་སེམས་ཅན་མ་རིག་པས་ལོང་ཞིང་བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་མཐོང་ནས་བདུད་བསྐྲད་པར་བྱ་སྟེ། དེ་གསུང་པ། དཔལ་ཧེ་རུ་ཀ་དཔལ་རྣམ་འབྱོར་ཆེ། །བསྒོམས་ནས་བདུད་ནི་བརླག་པར་བྱ། །རབ་ཏུ་གདུག་པའི་ཚོགས་ནི་བསྐྲད། །བགེགས་ཀྱི་དཀྱིལ་འཁོར་གཞན་ཡང་ངོ༌། །འབར་བའི་ཧཱུཾ་ལས་བྱུང་བ་ཡི། །རྡོ་རྗེ་རྐང་པའི་འོག་ཏུ་དགོད། །མིག་གཡས་གཡོན་དུ་མ་ཌ་ལས། །སྐྱེས་པའི་ཉི་མ་ཟླ་བ་བསམ། །གཡོན་པས་རྡོ་རྗེ་དྲིལ་བུ་བླང༌། །གཡས་བ་རྡོ་རྗེ་ཡང་དག་ལྡན། །སེམས་ཅན་དོན་བརྩོན་ཁྲོས་པ་ཡིས། །བློ་དང་ལྡན་པས་ཕྱོགས་ཀུན་བལྟ། །དེ་རུ་གནས་པའི་གདུག་པ་གང༌། །བདུད་དང་བགེགས་དང་ལོག་འདྲེན་རྣམས། དེ་རྣམས་བསྐྲད་པར་བྱ་ཆེད་དུ། །ཚིག་ནི་འདི་དག་ཉེ་བར་བརྗོད། །གནས་ཀྱི་བདག་པོ་གང་རུང་རྣམས། །ཀླུ་དང་གནོད་སྦྱིན་དྲི་ཟ་སོགས། །འབྱུང་པོ་འབྱུང་མོ་མཁའ་འགྲོ་མ། །སེམས་ཅན་དོན་དུ་བྱ་རྩོམ་པས། །ཤིན་ཏུ་མྱུར་བར་སོང་ཅིག་ཀྱེ། །ཁྱེད་རྣམས་ཀུན་ནས་ཕྱིར་དེངས་ཤིག །དཔལ་ཧེ་རུ་ཀའི་བཀའ་ཐོས་ནས། །མྱུར་བ་ཉིད་དུ་ཕྱིར་ཁྱེར་ཅིག །གང་ཞིག་འགྲོ་བར་མི་བྱེད་པ། །དེའི་མགོ་བོ་བདག་གི་འབར་བའི་རྡོ་རྗེ་ཡིས། ཁ་ཊྭཱཾ་ག་འདིས་ཚལ་པ་བརྒྱར་དགས་པར་བྱའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་ཧཱུཾ་ཧཱུཾ་ཕཊ། མེ་ཡི་མཚམས་ནས་བརྩམས་ནས་སུ། །གཡོན་དུ་བསྐོར་བས་བརྩོན་པ་ཡིས། །དཔའ་བོ་ཆེན་པོ་ཁྲོ་བོས་བསྐོར། །བསྐལ་པའི་མེ་ནི་ལངས་བ་ལྟར། །ཞེས་གསུངས་པས་བདག་ཁོར་བྱ་ཞིང་རྡོ་རྗེ་བསོར་བ་དང་དྲིལ་བུ་དཀྲོལ་བས་རྡོ་རྗེའི་འགྲོས་ཀྱིས་མེ་མཚམས་སུ་སོང་ལ་དེ་ནས་བརྩམས་ཏེ། གཡོན་སྐོར་དུ་སློབ་མ་དང་བཅས་པས་དཀྱིལ་འཁོར་


DTG022_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་རྡོ་རྗེའི་འགྲོས་ཀྱིས་གར་བྱའོ། །སྒོ་རེ་རེ་རབ་བདག་གི་གཡོན་དུ་གནས་པའི་སློབ་མའི་དྲིལ་བུའི་ནང་དུ་རྡོ་རྗེ་གཞུག་ཅིང་དེའི་རྡོ་རྗེ་ཡང་རང་གི་དྲིལ་བུའི་ནང་དུའོ། །དེ་ལྟར་མདུན་དང་རྒྱབ་དུའོ། །འདི་ནི་དེ་བཞིན་གཤེགས་པའི་རྒྱ། །འདི་ཡང་ཐབས་ནི་ཡང་དག་འབྱུང༌། །དེ་དག་རབ་ཏུ་སྦྱར་བ་ཡིས། །དངོས་གྲུབ་ཐམས་ཅད་ཡང་དག་འབྱུང༌། །ཨོཾ་ཨཱཿ་ཁ་བཛྲ་དྷྲྀ་ཀ་བཛྲ་ཧཱུཾ་ཀ་རེ་ཎ་ཧཱུཾ་ཞེས་བརྗོད་ཅིང་མིག་གིས་དབང་གིས་སྟ་སྟངས་བཞིན་ཤར་ཕྱོགས་སུ་དུས་མཉམ་པོར་གཡས་བརྐྱང་གིས་གནས་པ་དང༌། སློབ་མས་བརྐྱང་གིས་གནས་པས་བརྗོད་པ་དང་བཅས་པའོ། །མྱ་ངན་ཁྲོ་བ་སྙིང་སྟོབས་དང༌། །དེ་བཞིན་དྲག་པོའི་བྱ་བ་གཉིས། །རང་བཞིན་གྱི་ནི་རོ་འདི་དག །དང་པོའི་ཞལ་ལ་གནས་པའོ། །མི་སྡུག་པ་དང་ངོ་མཚར་གཉིས། །འཇིགས་པ་དང་ནི་སྤྲོ་བ་དག །རང་བཞིན་གྱིས་གནས་རོ་འདིར་བཅས། །གཡོན་པའི་ཞལ་ནས་གནས་པའི་གསུང༌། །དགོད་པ་དང་ནི་དགའ་བ་དང༌། །ལེ་ལོ་སྙོམ་དང་སྒེག་པ་དང༌། །རང་བཞིན་གྱིས་གནས་པོ་འདི་དག །ནུབ་ཀྱི་ཞལ་ལ་ཡང་དག་གནས། །སྨོན་པ་དང་ནི་རྨད་དུ་བྱུང་གཉིས། །དེ་བཞིན་དཔའ་བོའི་དར་དབྱངས་དང༌། །དཔའ་བ་དང་ནི་འཇིགས་སུ་རུང༌། །ལྷོ་ཡི་ཞལ་ལ་གནས་པའོ། །པདྨ་རྡོ་རྗེའི་བར་དུ་ནི། །གང་ཞིག་སེམས་ནི་ཡང་དག་གནས། །ཞི་བ་དེ་ཉི་ཡང་དག་དག །ལྷན་ཅིག་སྐྱེས་པའི་དགའ་བའི་གར། །དེ་ཉིད་ཤེས་ལ་གར་དང་འདིར། །གར་གྱི་ཡོད་ཆོས་ཐེ་ཚོམ་མེད། །འཇིག་རྟེན་པ་རྣམས་དགའ་བའི་ཕྱིར། །འཇིག་རྟེན་ཆོས་ཞེན་གར་གྱེད་དོ། །མགུལ་རྒྱན་ལ་སོགས་པའི་སྟང་བསྟན་པར་བྱ་སྟེ། མགུལ་རྒྱན་སྟངས་ནི་གཡོན་དུ་སྟེ། །གཡས་སུ་དེ་བཞིན་གདུ་བུའི་སྟངས། །རྣ་རྒྱན་བར་རྣམས་པར་དགོད། །གཙུག་གི་ནོར་བུ་དེ་ཕྱོགས་སུ། །ཐལ་པའི་སྟངས་ནི་གཡས་སུའོ། །ཞེས་པ་ལ་སོགས་པའོ། །གང་ནི་ཟུར་མིག་ཟུང་བལྟ་ཞིང༌། །ཧེ་རུ་ཀ་ཞལ་འོ་བྱེད་པ། །ཕག་མོ་ཡང་ནི་གར་བྱེད་དེ། །ཀུནད་ཟླ་བའི་མདོག་ལྟར་ཚེམས། །དཀར་མོ་ཧཱུཾ་སྒྲོགས་ཁྲོ་མོ་ནི། །བགེགས་ནི་ཐམས་ཅད་ཉམས་བྱེད་མ། །ལྷན་ཅིག་སྐྱེས་པའི་དགའ་བས་རོལ། །སེམས་ཅན་དོན་ལ་བརྩོན་པར་བྱེད། །དེ་དང་ལྡན་ཅིག་དཔའ་བོ་ཆེ། །འཁོར་ལོ་


DTG022_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ས་ཡི་དབུས་སུ་གནས། །བྱེད་པའི་སྟངས་ལ་སོགས་པའི་སྤྱོད་གུར་བྱས་ནས། །དེ་ལྟར་གོ་ཆའི་གོ་བགོས་ཏེ། །ལྷ་རྣམས་སྤྱོད་གུར་བྱས་ནས། །དེ་ལྟར་གོ་ཆའི་གོ་བགོས་ཏེ། །ལྷ་རྣམས་ཀྱིས་ཀྱང་འབྱེད་མི་ནུས། །ཧཱུཾ་བྱུང་ཁྲོ་མོ་དུ་མ་ཡིས། །ནམ་མཁའི་དཀྱིལ་འཁོར་བཀབ་ནས་སུ། །རྡོ་རྗེའི་ལྟ་བས་བྱ་ཞིང༌། །སྔགས་པས་ཡི་གེ་བདུན་པ་བརྗོད། །འདི་ནི་ས་ཡོངས་སུ་གཟུང་པའོ། །དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་དྲིའི་མཎྜལ་བྱུགས་ཏེ་བཾ་ལས་སྐྱེས་པའི་སའི་ལྷ་མོ་རྣམ་བར་བསྒོམས་ཤིང་ལག་པ་གཡས་སུ་ཟླ་བ་ལ་ཧཱུཾ་གསུམ་བསམས་ནས་སོར་མོའི་རྩེ་མོས་ལ་ལན་གསུམ་བསྣུན་བ་དང༌། དེའི་སྒྲ་དང་ཧཱུཾ་ཡིག་གི་འོག་ཟེར་གྱིས་བསྐུལ་བས་བཞེངས་པའི་ཡེ་ཤེས་སེམས་དཔའི་ཚུལ་དང་གཅིག་ཏུ་གྱུར་པ་སེར་མོ་ཞི་བ་ན་བཟའ་དཀར་པོ་ཅན་རྒྱན་དང་བཅས་པ་དགྱེས་པ་གཡོན་ན་གསེར་གྱི་བུམ་པ་བཟང་པོ་དང༌། གཡས་པས་མི་འཇིགས་པ་སྦྱིན་པ་ལ་མདུན་དུ་མཆོད་ཡོན་ལ་སོགས་པས་མཆོད་དེ་ལྷག་པར་མོས་པས། སྐྱོབ་བ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ལྟར་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་པ་ལན་གསུམ་བརྗོད་ནས་ལྷག་པར་གནས་པར་བྱའོ། །ལྷ་མོས་སྨྲས་པ། མགོན་པོ་བདག་གིས་ཅི་ཞིག་བྱ། །རྡོ་རྗེ་འཛིན་བཀའ་བདག་ལ་གསོལ། །ཁྱེད་ཀྱི་བཀྲ་ཤིས་དོན་དུ་ནི། །བདག་གིས་བུམ་པ་འཛིན་པའོ། །ལན་གསུམ་བརྗོད་པ་ཙམ་གྱིས་ནི། །མཉེས་ནས་མཛེས་མ་འདི་སྐད་བརྗོད། །མགོན་པོ་ཁྱེད་ཀྱི་ཤེས་མོད་ཀྱི། །བསོད་ནམས་ཕུང་པོ་དྲི་མེད་པ། །ང་ནི་ཁྱེད་ཉིད་ལ་གཞོལ་ཞིང༌། །ཀུན་ནས་ཁྱེད་ཀྱི་དཔང་དུ་གནས། །ཁྱེད་ཀྱིས་བཀའ་ནི་གང་སྩལ། །དེ་ནི་བདག་གིས་བྱེད་པར་བརྩོན། །ཞེས་བརྗོད་ནས་དེ་ཉིད་ལ་ཐིམ་པར་བསམ་མོ། །དེ་ནས་རྡོ་རྗེ་བསྡམས་པ་ནང་བཅིངས་ནས། །དེ་ཡིས་ས་ནི་མནན་ནས་སུ། །ཨོཾ་བཛྲཱི་བྷ་བ་ཧཱུཾ་ཞེས་པས་ལན་གསུམ་མངོན་པར་བསྔགས་ཏེ་རྡོ་རྗེ་བཅིངས་པ་ལས་འཐོན་


DTG022_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་འབར་བའི་ཧཱུཾ་གི་ཚོགས་ཀྱིས་ས་འོག་གི་བར་རྡོ་རྗེར་གྱུར་པར་བསམས་ལ། ཨོཾ་བཛྲཱི་དྲྀ་དྷ་ཏིཥྛ་ཞེས་པ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་ས་གཞི་རང་དབང་དུ་འགྱུར་རོ་ཞེས་པ་ནོར་འཛིན་མ་ལྷག་པར་གནས་པའོ། །དེ་ནས་ཕྱི་དྲོ་སློབ་དཔོན་ཁྲུས་དང་དྲི་བཟངས་དང་གོས་དམར་པོ་དང་རྒྱན་ཐམས་ཅད་དང་ལྡན་པས། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཅེས་པས། ལན་བདུན་བསྔགས་པའི་གོས་དམར་པོའི་དབུ་རྒྱན་ཅན་དཀྱིལ་འཁོར་གྱི་དཀྱིལ་དུ་ཁ་ལྟོ་རུ་བསྟན་ནས་འདུག་སྟེ། དཀྱིལ་འཁོར་ལ་སོགས་པའི་བྱ་བ་ལ་དགོས་པའི་ཕྱིར་དང་པོ་རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བ་རུ་རྣམ་པར་རྒྱལ་བའི་བུམ་པའམ། ལས་ཐམས་ཅད་པའི་བུམ་པ་བཞག་ལ་ཤར་གྱི་འདབ་མ་ལ་འཆད་འགྱུར་བའི་ཆོགས་ལྷག་གནས་བྱས་པའི་ཚོན་སྣ་ལྔའི་སྐུད་པའི་སྣོད་དུ་གནས་བྱ། ལྷོར་རྡོ་རྗེ་དང༌། བྱང་དུ་དྲིལ་བུ་དང༌། ནུབ་དང་མཚམས་བཞིའི་འདབ་མ་རྣམས་ལ་ཇི་ལྟར་རིགས་པར་ས་ཚོན་ལྔའི་སྣོད་རྣམས་སོ། །ཧེ་རུ་ཀ་དཔལ་རྒྱལ་པོ་ཆེའི། །རྣལ་འབྱོར་དབང་ཕྱུགས་ངེས་བྱས་པ། །སེམས་ཅན་ཀུན་ལ་ཕན་དོན་དུ། །བུམ་པ་རྣམས་ལ་ལྷག་གནས་བྱ། །མགྲིན་པ་མཐོན་ཞིང་ལྟོ་བ་ཆེ། །མཆུ་འཕྱང་རྩ་བ་མེད་པ་དང༌། །ནག་ཕོ་ལ་སོགས་དང་བྲལ་བ། །ཞེས་གསུངས་པས་ཞི་བ་དང་རྒྱས་པའི་བུམ་པའི་ནང་ཟླུམ་པོའི་སེར་བཅུག་དྲུག་གོ །ནང་གི་འོག་ནས་ཁའི་མཆུའི་བར་གྱི་དཔངས་ལ་སོར་མོ་ཉི་ཤུའོ། །ཁ་ནས་འཕྱང་པའི་མཆུ་ནི་སོར་གཉིས་སོ། །མགྲིན་པ་ནི་སོར་དྲུག་གོ །ཕྲག་པ་སོར་གཉིས་དམའ་བར་བྱས་ཏེ། དེ་གསུངས་པ། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆོ་ག་ལས། །མ་ནུའི་སོར་གྱིས་དེ་ཡིད་དཔངས་ཞེས་སོ། །ཁ་ནི་མཆུའི་མཐའ་ནས་མཆུ་མཐའི་བར་དུ་སོར་བརྒྱད་དོ། །སོར་བརྒྱད་ཀྱི་ཆག་གཉིས་ནི་མགྲིན་པའི་བུ་གའོ། །ཆ་གཅིག་གིས་ནི་མཆུ་གཉིས་ཀྱི་ཞིང་ངོ༌། །གསེར་རམ་དངུལ་ལས་བྱས་པ་ཡི། །ཟངས་སམ་ས་ལས་བྱས་ཀྱང་རུང༌། །ཇི་ལྟར་རྙེད་པ་བཟུང་ནས་ནི། །བརྟུལ་ཞུགས་ཅན་གྱིས་བུམ་པ་དགོད། །དེ་སྟོང་པ་ཉིད་དུ་བསྒོམས་ལ་བཾ་ལས་བྱུང་བའི་རིན་པོ་ཆེའི་རང་བཞིན་


DTG022_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཙནྡན་ནམ་འབྲས་བཏགས་པའམ་ས་དཀར་གྱིས་དཀར་པོར་བྱས་ཏེ་མཚན་མ་བྲིས་ལ། བདུད་རྩི་ལྔ་དང་བཅས་པའི་དྲི་ལྔའི་ཆུ་དང༌། རིན་པོ་ཆེ་དང༌། སྨན་དང༌། འབྲུ་ལྔ་ནང་དུ་དུ་བླུགས་ལ་འདབ་མས་ཁ་བརྒྱན་པ་ཕྲེང་བ་དང་བཅས་པ། རས་ཟུང་གིས་མགུལ་པ་དཀྲིས་པ། དྲི་བཟངས་ཀྱི་མཎྜལ་གྱི་སྟེང་དུ་རྗེས་སུ་མཐུན་པའི་གདན་ལ། ཨོཾ་བཛྲ་ཤེ་ཁ་ར་རུ་ཊ་མ་ཊ་དཱི་ཤཾ་བནྡྷ་བནྡྷ་ཧཱུཾ་ཞེས་པ་བདུན་བཟླས་པའི་སྲང་བུ་དཀར་པོས་རས་ཀྱི་སྟེང་དུ་མགུལ་པ་བཅིངས་པའོ། །དེ་གསུངས་པ། བྱི་རུ་དངུལ་དང་གསེར་དང་ནི། །པདྨ་རཱ་ག་མུ་ཏིག་གོ །ནས་གྲོ་སྲན་ཆུང་ནག་མོ་དང༌། །ཏིལ་དང་མུ་ཏིག་བུམ་པར་གཞུག །བྲྀ་ཧ་ཏི་ཀནྜ་ཀ་རི་དད། །ས་ཧ་དེ་བ་གཞན་མི་ཐུབ། །དཎ་ཌོ་ཏྤ་ལའི་རྩ་བ་སྟེ། །སྨན་ནི་རྣམ་པ་ལྔ་གཞུག་བྱ། །ཨ་མྲ་ཨུ་དུ་མྺཱ་ར་དག །མྱ་ངན་མེད་དང་བྱང་ཆུབ་ཤིང༌། །ཀླུ་ཤིང་ཡལ་ག་ལྔ་བཟུང་ནས། །བུམ་པ་རྣམས་ཀྱི་ཁ་རྒྱན་བྱ། །རས་ནི་དཀར་པོ་ཆེ་བ་ཡིས། །བུམ་པའི་མགུལ་པ་དཀྲི་བར་བྱ། །ཆོག་མཁས་པས་སྲད་བུ་ནི། །དཀར་པོ་རས་ཀྱི་སྟེང་དུ་དགོད་། །དཀྱིལ་འཁོར་པ་ནི་ཐམས་ཅད་ཀྱི། །ས་བོས་ཡང་ཕྱག་མཚན་ནི། །གུར་གསུམ་ལ་སོགས་འདུས་བྱས་ལས། །མཁས་པས་བུམ་པའི་ལོགས་ལ་དགོད། །དུ་ངུ་ཀ་དང་ཨ་ཀ་རུས། །བདུག་ཅིང་དྲི་ལྔའི་ཆུ་ཡིས་དགང༌། །ཞེས་སོ། །དེ་ལ་མཚན་མ་ནི་སྣ་ཚོགས་པདྨའི་ལྟེ་བའི་ཉི་མར་དཔལ་བདེ་མཆོག་གི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཁ་གྱེས་པའོ།། ལས་ཐམས་ཅད་པ་དུམ་སྐྱེས་མའི་གྲི་གུག་གོ །རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ། ཨོཾ་བཛྲ་ཨ་མྲྀ་ད་ཨུད་ཀ་ཥཿཧཱུཾ་ཞེས་པ་འདི་དང་ཡི་གེ་གསུམ་ལན་བདུན་བཟླས་པས་ཡེ་ཤེས་ཀྱི་བདུད་རྩིར་བྱས་ཏེ། རྡོ་རྗེ་རྡུལ་ཕྲ་རབ་ཀྱི་རང་བཞིན་ཕྱི་ནང་གི་བདུད་རྩི་ལྔ་དང༌། དྲི་བཟངས་ཀྱི་ཆུ་དག་ལྡན་པ་ཧཱུཾ་གིས་བསྔགས་པའི་དུང་དམ་པདྨའི་སྣོད་དང་མེ་ཏོག་གི་ཕྲེང་བས་བཅིངས་པའི་རྡོ་རྗེ་བཞག་ནས་དབུས་སུ། ཨོཾ་ཏ་པྟེ་ཏ་པྟེ་མ་ཧཱ་ཏ་པྟེ་སྭཱ་ཧཱ། ཞེས་བྱ་བས་བཀུག་པའི་ལྷ་ཡུལ་གྱི་གངྒའི་ཆུའི་ངོ་བོའི་ཆུ་ལ་ལྷའི་འཁོར་ལོ་གདན་དང་བཅས་པ་སྐད་ཅིག་གིས་བསམས་ལ། མདུན་དུ་རང་གི་སྙིང་གའི་ས་བོན་གྱི་


DTG022_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ལ་ཞབས་བསིལ་དང༌། ཞལ་བསིལ་དང༌། མཆོད་ཡོན་ཕུལ་བས་དེ་ནས་དེ་དམ་ཚིག་གི་འཁོར་ལོ་ལ་བཅུག་ནས་འདོད་ཆགས་ཆན་པོས་ཞུ་བར་གྱུར་ནས་བྱང་ཆུབ་སེམས་ཀྱང་ངོ་བོར་བླུགས་པའི་ཆུ་དང་རོག་གཅིག་ཏུ་གྱུར་པར་བསམ་མོ། །མཚན་མ་ལ་ཡང་དམ་ཚིག་གི་ལྷ་ཡེ་ཤེས་ཀྱི་ལྷ་དང་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་ཧཱུཾ་བརྗོད་ཅིང་རྡོ་རྗེ་དང་འབྲེལ་བའི་མེ་ཏོག་གི་ཕྲེང་བའི་མཐར་གཡོན་པའི་ཁུ་ཚུར་གྱིས་བཟུང་ནས་ལོའི་གཙོ་བོའི་སྙིང་པོ་དང་ལྷ་མོའི་སྙིང་པོས་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་པ། དེར་དུམ་སྐྱེས་མ་བཟླས་པའི་མེ་ཏོག་དཀར་པོ་གསུམ་གཞུག་པར་བྱའོ། །དེ་ལྟར་བུམ་པ་གཞན་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་རྫོགས་པ་ན་ལྷག་པར་གནས་པར་བྱ་སྟེ། ཁྱད་པར་དུ་ནི་འཁོར་ལོ་ལྔ་ལ་སོ་སོར་སེར་རེ་རེ་སྟེ་ལྔའོ། །ཡང་ན་ནང་གི་རིམ་པར་གནས་བ་རྣམས་ཁོ་ནའི་ལྔའོ། །ཡང་ན་དེ་རྣམས་ཀྱི་ལྔ་དང་འཁོར་ལོ་བཞིའི་བཞི་སྟེ་དགུའོ། །ཡང་ན་དབུས་ཀྱི་རིམ་པར་གནས་པའམ་དམ་ཚིག་འཁོར་ལོར་གནས་པ་རྣམས་ཀྱི་དང་བཅུ་གསུམ་མོ། །ཐུགས་ཀྱི་འཁོར་ལོའི་ཕྱོགས་སུ་གནས་པ་རྣམས་ཀྱི་གཅིག་དང༌། མཚམས་སུ་གནས་པ་རྣམས་ཀྱི་གཅིག་དང༌། དེ་བཞིན་དུ་གསུང་གི་འཁོར་ལོ་དང༌། སྐུའི་འཁོར་ལོ་ཡང་སྟེ་བཅུ་དགུའོ། །བརྗོད་པའི་ཕྱོགས་དང་ལྷ་སོ་སོའི་དགོད་པ་ལ་ཡང་ལས་ཐམས་ཅད་པ་དུམ་སྐྱེས་མའི་ལྷག་པར་དགོད་དོ། །མཚན་མ་ནི་ཕྱོགས་ཀྱི་འདབ་མ་ལ་མཁའ་འགྲོ་མ་ལ་སོགས་པ་བཞིའི་གྲི་གུག་གམ་བུམ་པ་ཐ་དད་པའི་ཕྱོགས་ལ་རེ་རེའོ། །རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་ཀྱི་གྲི་གུག་ཉི་ཤུ་རྩ་བཞིའོ། །དཔའ་བ་རྣམས་གཙོ་བོ་མ་ཡིན་པའི་ཕྱིར་མཚན་མ་མི་བྲིའོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་གྲི་གུག་བརྒྱད་སྣ་ཚོགས་པདྨ་དང་ཉི་མ་ལའོ། །ལུས་ལ་ནི་བྱང་ཆུབ་ཀྱི་བདུད་རྩིས་གང་བའི་རྩ་རྣམས་ཁོ་ན་བུམ་པ་སྟེ་སེམས་ཚིམ་པར་བྱེད་པའི་ཕྱིར་རོ། །དེ་གསུངས་པ། ཕྱི་ཡི་བུམ་པའི་མཚན་མ་གང༌། །བཤད་པ་ཐམས་ཅད་ཇི་ལྟར་བར། །ལུས་ཀྱི་དཀྱིལ་འཁོར་བུམ་པ་ཡི། །མཚན་ཉིད་ལུས་ལ་ཡང་དག་འབྱུང༌། །ཞེས་དང་བུམ་པ་ལྷག་པར་གནས་


DTG022_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །སྔགས་པ་ལྷོ་རུ་ཁ་བལྟས་པ། །ལྷ་མོ་བཞི་དང་ཡང་དག་ལྡན། །ཧེ་རུ་ཀ་སྦྱོར་ཡང་དག་ཆགས། །འཛུམ་བཅས་དགའ་བར་བྱེད་པར་འདོད། །མི་ཤ་དང་བཅས་སྤོས་ཕོར་གཡོན་གྱིས་བཟུང༌། །ཞེས་པ་ལ་སོགས་པ་གསུངས་པས་དཀྱིལ་འཁོར་དྲི་བཟངས་ལ་སོགས་པས་བྱུགས་ཏེ། བདུད་རྩི་ལྔ་དང་བཅས་པའི་དྲི་བཟངས་ཀྱིས་ལྷ་དེ་དང་དེའི་གནས་སུ་མཎྜལ་ཟླུམ་པོ་བྱས་ཏེ། དེ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ཅིང་བསྟོད་དེ། །བདུད་རྩི་མྱང་བ་བྱས་ལ་པུས་མོ་གཡས་པ་ས་ལ་བཙུགས་ཏེ། ཧཱུཾ་ལས་གྱུར་པ་རྡོ་རྗེ་རྩེ་གཅིག་པའི་ལྕེ་ལ་ཧཱུཾ་བཀོད་ལ་ལག་པ་གཡས་པར་སྤོས་ཕོར་ཐོགས་ཏེ་གཡོན་པས་དྲིལ་བུ་དཀྲོལ་ཞིང༌། བཅོམ་ལྡན་འདས་བདེ་མཆོག་རྡོ་རྗེ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་དོན་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་སྙིང་རྗེའི་བདག་ཉིད་ཀྱི། །དཀྱིལ་འཁོར་འདྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །རབ་ཏུ་དགྱེས་པར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །གཞན་ཡང་གང་དག་སྔགས་ཀྱི་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །རྡོ་རྗེ་སྤྱན་ཅན་སེམས་དཔའ་ནི། །གང་དག་བསྟན་ལ་དགའ་བ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །བདེ་མཆོག་འབྱུང་པའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པ་ཉེར་སྤྱོད་པས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་ནི་སློབ་བཅས་ལ། །ཐུགས་རྗེས་ཉེ་བར་བཟུང་ནས་ནི། །འདུས་པར་གྱུར་པ་ཐམས་ཅད་ཀྱི། །དཀྱིལ་འཁོར་ལ་ནི་ཉེར་བྱར་རིགས། །ཞེས་པས་ནི་མངོན་དུ་བྱེད་ཅིང་ལན་གསུམ་དུ་བརྗོད་པས་གསོལ་བ་གདབ་པར་བྱའོ་ཞེས་པ་ལྷ་ལྷག་པར་གནས་པའི་ཆོ་གའོ། །སྔ་དྲོ་དཔའ་བོ་ཆེན་པོ་ནི། །ལྷ་མོ་བཞི་དང་ཡང་དག་ལྡན། །ཕག་མོའི་སྦྱོར་བ་ཡིས་ནི་གནས། །


DTG022_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇིགས་སུ་རུང་བའི་དཀྱིལ་འཁོར་བྲི། །དམ་ཚིག་ཉམས་པའི་དོགས་པ་ཡིས། །སློབ་མིན་གཞུག་པར་མི་བྱའོ། །ཞེས་པས་རང་གིས་དབང་མ་བྱིན་ན་སློབ་དཔོན་གྱི་སྔོམ་པ་བྱིན་ལ་ལྷག་པར་གནས་པར་བྱས་པའི་སྒོའི་སློབ་དཔོན་བཞི་སྟེ་ཐ་ན་གཅིག་ཀྱང་རུང་ངོ༌། །ལྔ་པ་ལས་ཀྱི་རྡོ་རྗེར་བྱའོ། །ལྷག་པ་གནས་པར་བྱས་པའི་ལྷ་རྣམས་མཆོད་དེ་བློས་ནམ་མཁའ་ལ་གཞག་པར་བྱའོ། །དང་པོ་རུ་ནི་སྐྱ་ཐིག་སྟེ། །དེ་ཡི་རྗེས་ལ་ཡེ་ཤེས་ཐིག །ཕྱོགས་ཀུན་མཉམ་པ་ཉིད་བསམས་ནས། །རྣལ་འབྱོར་པ་ཡིས་ཆོ་གས་གདབ། །དེ་ནས་རོ་ཡི་སྲད་བུ་ནི། །ཁྲག་ཆེན་པོ་ཡིས་བྱུགས་པ་ཡིས། །དཔལ་ཧེ་རུ་ཀའི་ཕོ་བྲང་མཆོག །དཀྱིལ་འཁོར་འཇིགས་སུ་རུང་བ་གདབ། །རབ་བྱུང་མེ་ཏོག་གིས་བྱུགས་ལ། །རྣལ་འབྱོར་རིག་པས་ཐོད་པར་གཞག །སྲད་བུ་དམ་པ་མངོན་པར་བསྔགས། །མཁའ་འགྲོ་མ་ཡི་སྔགས་ཀྱིས་བསྲུང༌། །བདུད་རྩི་ལྔ་དང་ཡང་དག་ལྡན། །ཆོ་ག་བཞིན་དུ་ཁ་དོག་ལྔ། །སྲད་བུ་དེ་ནི་གཅིག་ཏུ་དྲིལ། །སངས་རྒྱས་ལྔ་ཡི་བྱིན་གྱིས་བརླབ། །ཛཿ་ཛཿ་ཛཿ་ཞེས་མདུན་གནས་པའི། སློབ་མ་ལ་ནི་གཏང་བར་བྱ། །དེ་ནས་སློབ་མས་ཀྱང་ནི་བརྗོད། །ཛཿ་ཛཿ་ཛཿ་ཞེས་རང་མདུན་དུ། །ཅུང་ཟད་ཡེ་ཤེས་དང་ལྡན་པས། །གཞོན་ནུ་གཞོན་ནུ་མ་མཆོག་ལ། །དབའ་བོ་རྣལ་འབྱོར་མ་ཕབ་ནས། །ཐིག་འདེབས་པ་ནི་སྦྱར་བར་བྱ། །བདེ་མཆོག་འཁོར་ལོ་དེ་གཉིས་ཀྱིས། །ལེགས་པར་མཛད་པ་གསལ་བར་མཐོང༌། །གནས་ལ་སོགས་པའི་ལྷ་མོ་རྣམས། །ལྷན་ཅིག་སྐྱེས་པ་དང་ལྡན་པའོ། །རྡོ་རྗེའི་ཐིག་ནི་གདབ་པ་དང༌། །རྡུལ་ཚོན་ཡང་ནི་གདབ་པ་དག །སེམས་ཅན་དམན་པས་མི་བྱ་སྟེ། །བྱས་ན་བྱང་ཆུབ་སྟོབས་མེད་དོ། །ཞེས་གསུངས་པས་ཁ་ལྷོར་ཕྱོགས་ཏེ་དཀྱིལ་འཁོར་གྱི་གཙོ་བོའི་རྣལ་འབྱོར་ཅན་མཚན་མ་ཐོབ་པས་གཞོན་ནུ་མ་ཉམས་པས་བཀལ་བའམ་དཔའ་བོའི་རིན་གྱིས་ཉོས་པའི་སྐུད་པ་ལྔ་པ་ལྔ་སྣོད་ལྔར་གནས་པ་རྣམས་དྲི་ཞིམ་པོའི་ཚོན་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། ནག་པོ་རྣམས་དང་ཡུངས་ཀར་གྱི་ཕྱེ་མ་རྣམས་དང་བདུད་རྩི་ལྔ་བསྲེས་


DTG022_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་རྣམས་ཀྱིས་སོ་སོར་ཁ་བསྒྱུར་ཏེ་གཡོན་པའི་ལག་མཐིལ་དུ་སོར་མོའི་རྩེ་མོ་ནས་བརྩམས་ཏེ་མཐེ་བོང་གི་རྩ་བའི་བར་དུ་བཀོད་ནས། །བྷྲཱུཾ་ཨཾ་ཧྲཱིཿ་ཁཾ་ཧཱུཾ་གི་ཡི་གེ་རྣམས་ལས་སྐྱེས་པའི་དེ་བཞིན་གཤེགས་པ་ལྔའི་ངོ་བོར་བསྒོམས་ནས་ནམ་མཁའ་ལ་བཞུགས་སུ་གསོལ་བའི་རང་གི་ཕྱོགས་སུ་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར་བྷྲཱུཾ་ལ་སོགས་པ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྐུད་པ་འོད་ཟེར་དང་བཅས་པ་བལྟས་ནས། ཨོཾ་ཨཱཿ་ཌཱ་ཀི་ནི་བཛྲ་སུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜལ་སཱུ་ཏྲ་ཎཱ་ཡ་ཧཱུཾ་ཞེས་པ་དང༌། མིང་བསྒྱུར་བས་གཞན་ལ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་བཞིན་མཁའ་འགྲོ་མ་ལ་སོགས་པ་ལ་གསོལ་བ་གདབ་བོ། །མིག་གཉིས་ཛཿ་ལས་སྐྱེས་པའི་ཟླ་བ་དང་ཉི་མ་སེར་པོའི་རང་བཞིན་གྱི། ཨོཾ་དཱི་པྟྀ་དྲ་ཥྚི་ཨངྐུ་ཤ་ཛཿ་ཞེས་བརྗོད་ནས། མིག་རབ་ཏུ་མྱུར་བར་གཡོ་བའི་མིག་གི་རྫི་མས་འགུགས་ཤིང་འབར་བའི་ལྟ་བ་ལྕགས་ཀྱུ་བཞིན་གྱིས་མཁའ་འགྲོ་མ་ལ་སོགས་པ་བཏང་བས་བཀུག་ནས་ལག་པ་ན་གནས་པའི་རང་རང་གི་ཁ་དོག་ཅན་གྱི་སྐུད་པའི་ནང་དུ་གཞུག་པར་བྱའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་རྣམས་ལ་ཡེ་ཤེས་བཞི་རྗེས་སུ་འགྲོ་བའི་ཕྱིར། ཉི་ཤུ་ལྔར་ཕྱེ་བའི་སྲད་བུ་མེའི་མཚམས་སུ་གནས་པའི་སློབ་དཔོན་ལས་ཐམས་ཅད་པའི་གཟུགས་སྐུད་པ་བཟུང་བ་དང་ལྷན་ཅིག་དཀྱིལ་དུ་གནས་པའི་སློབ་དཔོན་གྱིས་དྲིལ་བར་བྱ་སྟེ་དེ་ནས་ལྔ་སྲད་བུ་གཅིག་ཏུའོ། །ཨོཾ་ཨཱཿ་ཨ་ནྱོ་ནྱ་ཨ་ནུ་ག་ཏཱཿ་སརྦ་དྷརྨཱཿ་པར་སྦ་ར་ཨ་ནུ་པྲ་བིཥྚི་སརྦ་དྷརྨཱ་ཨ་ཏྱན་ཏ་ཨ་ནུ་པྲ་བཥྚིཿ་སརྦ་དྷརྨཱ་ཧཱུཾ་ཞེས་བརྗོད་ཅིང་དྲིལ་བ་སློབ་དཔོན་དང་སློབ་མའི་ལག་པ་གཡོན་པའི་མཛུབ་མོ་ནས་བརྩམས་ཏེ་སོར་མོ་བཞིའི་ནང་དུ་བཅུག་ལ་རྒྱབ་ནས་བསྐོར་ནས་ཡང་བཅུག་སྟེ་བསྐོར་ལ་དེ་དག་གིས་རྡོ་རྗེ་ཁུ་ཚུར་བྱས་པ་ཁོ་ནའི་མཛུབ་མོའི་རྒྱབ་ཀྱི་ས་ལ་བཞག་སྟེ་དམན་པའི་བར་དོར་ནས། ཇི་ལྟར་དཀྱིལ་འཁོར་ལས་ཉིས་འགྱུར་དུ་རིང་བར་གྱུར་པ་ནས་ཀྱི་ཚད་ཀྱིས་སྔོམ་པ་བདུད་རྩི་ལྔ་དང་བའི་རྣམ་པ་ལྔས་སྤངས་པ་ཡི་གེ་གསུམ་ནང་དུ་ཆུད་པར་བྱས་ལ་སྣོད་གཙང་མར་བཞག་སྟེ་མཆོད་ལ་ལག་པས་བཀབ་སྟེ་ལས་ཐམས་ཅད་ལ་བཟླས་ཏེ། མིག་གཡས་པ་དང་གཡོན་པ་མ་དང་ཊ་ལས་ཉི་མ་


DTG022_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ཟླ་བ་དག་གིས་སྔར་བཞིན་དུ་བཛྲ་དྲྀ་ཥྚི་མ་ཊ་ཞེས་བས་བརྟན་པར་བྱས་ཏེ་ལས་ཐམས་ཅད་པ་བཟླས་པའི་བདུད་རྩིའི་ཆུ་དང་ཡུངས་ཀར་གྱིས་བྲན་ལ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བཟླས་ནས། ཡི་གེ་གསུམ་གྱིས་བརྒྱ་རྩ་བརྒྱད་བཟླས་ཏེ་ལྷག་པར་གནས་པར་བྱའོ། །དཀྱིལ་འཁོར་གྱིས་གཞི་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་བུམ་པ་ཐམས་ཅད་ཀྱི་ཆུས་གཏོར་ཏེ་དེ་དག་པར་བྱས་པ་སྟེ་དྲིས་བྱུགས་ལ། ཕྱི་རོལ་དུ་མེ་ཏོག་བཀྲམ་ལ་ནམ་མཁར་གནས་པའི་ཡེ་ཤེས་འཁོར་ལོ་བལྟས་ལ་མཆོད་ཡོན་ལ་སོགས་པས་མཆོད་ཅིང་བཏུང་ལ། རང་ཡང་དེའི་རྣལ་འབྱོར་ཅན་དང་ལས་ཐམས་ཅད་པའི་གཟུགས་ཀྱིས་སློབ་མའི་གཡོན་པ་དང་གཡས་པའི་མིག་དག་ལ་ཛཿ་ལས་སྐྱེས་པའི་ཟླ་བ་དང་ཉི་མ་སེར་པོ་བསམས་ལ་རྡོ་རྗེའི་འགྲོས་ཀྱིས་ཐིག་སྐུད་དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས་ལྟེ་བར་བཟུང་སྟེ། སྒྲུབ་པའི་གྲོགས་ཀྱིས་ཀྱང་དེ་བཞིན་དུ་བཟུང་བའི་སྐུད་པ་དེ་ཛཿ་ཡིག་གསུམ་དང༌། ཛཿ་ཡིག་གསུམ་གྱིས་སྒྲུབ་པའི་གྲོགས་པོ་དེ་ལ་གཏད་པར་བསམས་ལ་སྔགས་དེས་དེ་བཞིན་དུ་བཀུག་པར་བསམས་ལ། སློབ་དཔོན་བྱང་དུ་གནས་ཤིང་ཁ་ལྷོར་བལྟས་པ་དང་ནུབ་ཏུ་ཁ་བལྟས་ཏེ་ཤར་དུ་གནས་པས་རང་གི་མདུན་དུ་གནས་པའི་སློབ་མ་དང་བཅས་པས་ལྟེ་བ་དང་མཉམ་པའི་ནམ་མཁའ་ལ་གདབ་ཅིང་རྡོ་རྗེ་དང་བཅས་པའི་ལག་པའི་མཐེ་བོང་དང་མིང་མེད་ཀྱིས་ཐིག་སྐུད་བཟུང་སྟེ་གདབ་པའི་སྒྲ་བྱའོ། །ཐིག་གདབ་པ་ཐམས་ཅད་དུ་ཡང༌། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ་བྷྲཱུཾ་ཨོཾ་ཧྲཱིཿ་ཁཾ་ཧཱུཾ་ཞེས་བརྗོད་དོ། །དེ་ཐམས་ཅད་ཐིག་སྐུད་དེའི་སྒྲས་ནམ་མཁའ་ཁྱབ་པའི་སངས་རྒྱས་རྣམས་བསྐུལ་ཏེ་དེ་དག་ཀྱང་བྱོན་ཏེ་ཐིག་སྐུད་ཀྱི་ནང་དུ་ཐིམ་པའོ། །དེའི་དུས་སུ་ནམ་མཁའི་ཐིག་བཞིན་དུ་ས་ལ་ཚངས་པའི་ཐིག་གཉིས་ལག་པ་གཉིས་མཉམ་དུ་བབ་བས་གདབ་པར་བྱའོ། །དེ་གསུངས་པ། དང་པོ་གཤིན་རྗེར་ཁ་བལྟས་ཏེ། །འཁོར་ལོའི་ས་ཡི་བྱང་དུ་གནས། །མཁའ་དང་ས་ལ་ཐིག་གདབ་བྱ། །བློ་ལྡན་དང་བཅས་གཡོན་སྐོར་དུ། །ཤར་ནས་ནུབ་ཏུ་བལྟ་


DTG022_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ཡིས། །སླར་ཡང་ཚངས་པའི་ཐིག་གཉིས་ལ། །མེར་གནས་ནུབ་ཏུ་ཁ་བལྟས་པས། །ལྷོ་ཡི་ཆར་ནི་ཐིག་གདབ་བྱ། །རླུང་ནས་ཤར་དུ་ཁ་བལྟས་བས། །བྱང་གི་ཆར་ནི་གདབ་པར་བྱའོ། །སློབ་དཔོན་བསྐོར་ཏེ་རླུང་གནས་ཤིང༌། །ལྷོར་ནི་མངོན་དུ་ཕྱོགས་པར་བྱའོ། །ནུབ་ཀྱི་ཆར་ནི་བཏབ་ནས་སུ། །སྔགས་པ་བྱང་དུ་མངོན་ཕྱོགས་ཤིང༌། །མི་ཡི་གནས་སུ་གནས་པ་ཡིས། །ཤར་གྱི་ཆ་ཐིག་བརྩམ་པར་བྱ། །མེ་ལ་སོགས་པར་གནས་པ་ཡིས། །མཚམས་ཀྱི་ཐིག་ནི་གདབ་བར་བྱ། །ཕྱོགས་སོགས་དབྱེ་བ་ཤེས་ནས་སུ། །ཐིག་གདབ་པ་ནི་བརྩམ་པར་བྱ། །ཞེས་སོ། །དེ་ལ་ཐོག་མར་མཎྜལ་ཁྲུ་གང་བའི་དཀྱིལ་དུ་བཙུགས་པའི་གྲིབ་ཚོད་ཀྱི་ཤིང་བུ་མཐོ་གང་པའི་གྲིབ་མ་ཉིན་མཚན་མཉམ་པའི་དུས་སུ་ནང་དུ་འཇུག་པ་དང༌། ཕྱིར་འབྱུང་བའི་རྩེ་མོ་དཀྱིལ་འཁོར་གྱི་རེ་ཁཱའི་དཀྱིལ་དུ་གང་འཇུག་པ་དེར་ཐིག་ལེ་གཉིས་བྱས་པ་ནི་ནུབ་པ་དང་ཤར་ཡིན་ནོ། །དེའི་སྟེང་དུ་སྐུད་པ་ཁྲུ་གང་པ་བཟུང་ལ་མཎྜལ་གཉིས་བྱས་པས་ཉེར་འབྱུང་ངོ༌། །མཇུག་མ་དང་ཁའི་མཐར་བྱས་པའི་ཐིག་ལེ་ལྷོ་དང་བྱང་གི་སྟེང་དུ་སྲད་བུ་བཟུང་སྟེ་མཎྜལ་གཞན་གཉིས་བྱའོ། །དཀྱིལ་འཁོར་མ་བྱས་པར་འཆར་བའི་དང་ནུབ་པའི་ཚེ་སོར་བཅུ་གཉིས་པའི་ཤིང་གི་གྲིབ་མའི་རྩེ་མོར་བྱས་པའི་ཐིག་ལེ་གཉིས་དུས་རྟག་ཏུ་ནུབ་དང་ཤར་ཡིན་ནོ་ཞེས་པ་མན་ངག་གོ །ཐོག་ཡོད་པའི་ས་རུ་ཕྱོགས་བཞིར་ཐིག་ལེ་བཞི་བྱས་ལ་སྔར་བཞིན་མཎྜལ་བཞི་བྱས་ཏེ། དེ་ལ་ཕྱོགས་ཀུན་དུ་ཉའི་ཁ་དང་མཇུག་མའི་དཀྱིལ་དུ་བཟུང་ནས་མེ་རིའི་མཐའི་བར་དུ་ཚངས་པའི་ཐིག་གཉིས་གཡོན་པ་སྐྱིལ་ཀྲུང་ཕྱེད་པ་བྱས་ཏེ་རྐང་པ་གཡས་པ་ས་ལ་བཙུགས་ཏེ། དེ་ལས་བཟློག་པར་གནས་པའི་སློབ་མ་དང་བཅས་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བའི་ཐིག་སྐུད་ཀྱིས་ཕྱིར་བསྐྱེད་ཅིང་གདབ་པོ། །མཚན་མིན་གྱིས་ནི་གྲུབ་པ་མེད། །ཐིག་སྐུད་ཆད་ན་སློབ་དཔོན་འཆི། །ཕྲ་ཞིང་སྦོམ་པ་ལས་ནི་ནད། །ཕྱོགས་ལ་རྨོངས་ན་སློབ་མ་འཁྲུལ། །གཡས་སྐོར་གྱི་ནི་སྦྱོར་བ་ཡིས། །སློབ་མ་འཆི་བར་བཤད་པ་ཡིན། །འཁོར་ལོ་ཉིས་འགྱུར་རིང་བ་


DTG022_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡི། །སྒོ་ཡི་ཉི་ཤུ་ཡི་ནི་ཆའི། །སྐུད་པས་དཔལ་ལྡན་ཧེ་རུ་ཀའི། །བདག་ཉིད་ལུས་ཀྱིས་མཁས་པས་བྲི། །ཞེས་གསུངས་པས། འཁོར་དང་བཅས་པའི་རྩ་བའི་དཀྱིལ་འཁོར་ནི་འདིར་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའ་ཡོངས་སུ་བཅད་པ་རྩ་བའི་ཐིག་ལས་ཕྱི་རོལ་དུ་ཆ་ཆུང་བརྒྱད་པའི་བར་དུ་སྟེ་ཆ་ཆུང་བཞི་བཅུ་རྩ་བརྒྱད་པའོ། །དེའི་ཕྱི་རོལ་དུ་ཆ་ཆུང་བཅུ་གཉིས་དང༌། གཉིས་དང༌། གཉིས་དང༌། གཉིས་དང༌། གཉིས་དང༌། བཞི་ཉིད་དུ་རིམ་གྱིས་རྟ་བབས་དང༌། གཉིས་ཆོས་ཀྱི་འཁོར་ལོ་དང༌། གཉིས་རུ་དང༌། གཉིས་པདྨའི་འདབ་མ་དང༌། གཉིས་རྡོ་རྗེའི་ཕྲེང་བ་དང༌། བཞི་འོད་ཟེར་གྱི་ཆ་རྣམས་ཏེ་ལོགས་གཅིག་ལ་ནི་ཆ་ཆུང་ཉི་ཤུ་རྩ་བཞི་དང༌། ལོགས་གཉིས་པར་ཡང་དེ་ལྟར་རོ། །ཞེས་པས་ཐིག་སྐུད་ཆ་ཆུང་དགུ་བཅུ་རྩ་དྲུག་ཏུ་འགྱུར་རོ། །འཁོར་ལོའི་བརྒྱད་ཆ་ནི་སྒོ་སྟེ་དེའི་བཞི་ཆ་ཆུང་ངོ༌། །ཚངས་པའི་གཞོགས་གཉིས་སུ་ཆ་ཆུང་གཉིས་གཉིས་རྩ་བའི་ཐིག་གིས་དང་ལྷན་ཅིག་ཆ་ཆུང་བཞི་པའི་སྒོ་བཅོམ་ལྡན་འདས་ཀྱི་སྐུས་གཡོན་པ་དང་གཡས་པའི་མིག་གཉིས་ཀྱི་ཡི་གེས་ཟླ་བ་དང་ཉི་མར་བསྒོམས་ལ། ཁྲོ་བོའི་ལྟ་བས་ཀུན་དུ་བལྟ་ཞིང་ཧཱི་ཧཱི་ཞེས་བརྗོད་ཅིང་ཐར་པའི་སྒོའི་རྣམ་བར་འཆིང་བའི་སྒྲིབ་པར་གྱུར་པ་དབྱི་བར་བྱའོ་ཞེས་ལྷག་པར་མོས་པས་དབྱི་བར་བྱའོ། །དེ་ནས། །རྩ་བའི་ཐིག་གི་ཕྱི་རོལ་དུ་གོ་རིམས་བཞིན་དུ་གཅིག་དང༌། གཉིས་དང༌། གཅིག་དང༌། གཉིས་དང༌། གཅིག་དང༌། གཅིག་གི་བར་དོར་ནས་ཐིག་དྲུག་ནི་མཚམས་ཀྱི་ཐིག་ལས་ཐད་ཀར་འཐོན་པ་སྟེ། དེ་ལ་དང་པོ་ནི་པཉྩ་རི་ཁཱའིའོ། །གཉིས་པ་ནི་གར་གྱི་སྣམ་བུ་སྟེ་དེ་གཉིས་ཀྱི་རྩེ་མོ་ལ་རེག་པའི་ཆ་བཅུ་གཉིས་པའི་ཐིག་དང་ལྡན་པའི་ཚངས་ཐིག་ནས། ཆ་ཆུང་གསུམ་གྱི་བར་དུ་གནས་པའོ། །གསུམ་པ་ནི་རིན་ཆེན་པ་གུ་དང་དྲ་བ་དྲ་ཕྱེད་དང། རིན་ཆེན་ཤར་བུ་རྣམས་ཀྱིས་སྟེ་ཆ་ཆུང་བརྒྱད་སྤང་བར་རོ། །གཞན་ནི་ཟུར་ཐིག་གཞན་གྱི་བར་དུ་སྟེ་མདའ་ཡབ་ཀྱིའོ། །དེ་ནས་གར་གྱི་སྣམ་བུ་ལས་བྱུང་བའི་ཐིག་བཞི་སྟེ། །དེ་ལ་གཅིག་ནི་དར་དཔྱངས་ཀྱི་ས་སྟེ་ཐད་ཀའི་ཐིག་གསུམ་གྱི་རྩེ་མོ་ལ་རེག་པའོ། །དེའི་


DTG022_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞོགས་སུ་ཆ་ཆུང་རེ་རེའི་བར་དུ་རྟ་བབས་ཀྱི་ག་བ་དང་བར་སྣང་དང་རྡུལ་ཚོན་གྱིས་སྟེ་གསུམ་མོ། །བཞི་པོ་འདི་རྣམས་ལས་དང་པོ་གསུམ་ནི་སྲིད་དུ་ཆ་ཆུང་ལྔ་པའོ། །བཞི་པ་ནི་ཆ་ཆུང་བཞིའོ། །དཀྱིལ་འཁོར་དང་རྟ་བབས་ཀྱི་བར་སྣང་གི་ས་ནི་མུན་པའི་སྣམ་བུར་ཡང་བརྗོད་དོ། །དེ་ནས་ཚངས་ཐིག་གི་ལོགས་སུ་ཆ་ཆུང་གཉིས་སྤངས་པར་རྩ་བའི་ཐིག་ནས་སྒོ་ཁྱུད་ཆ་ཆུང་བཞི་བཏབ་ནས་ཐད་ཀར་འགྲམ་པ་ཆ་ཆུང་གཉིས་སུ་སོང་ནས་སྟེང་དུ་ཆ་ཆུང་གཉིས་པའི་ལོགས་ཀྱི་ཐིག་གཅིག་གཉིས་འཁྱོག་པའོ། །དེའི་རྩེ་མོ་ནས་ཐད་ཀར་འཐོན་ཏེ་ཚངས་ཐིག་ནས་ལོགས་གཞན་དུ་གནས་པའི་དེ་ལྟ་བུའི་ཀྱོག་པོའི་རྩེ་མོའི་བར་དུ་ཆ་ཆུང་བརྒྱད་པའི་གདུང་གི་ཐིག་གཅིག་གོ །དེ་བཞིན་དུ་དེའི་ལོགས་ཀྱི་ཐིག་གི་རྩེ་མོ་ནས། །གཞན་དེའི་ལོགས་ཀྱི་ཐིག་གི་རྩེ་མོའི་བར་དུ་ཆ་ཆུང་བཅུ་པ་པཉྩ་རེ་ཁཱའི་ཐིག་གཅིག་གོ །དེའི་ཕྱི་ཆ་ཆུང་གཅིག་ནི་བར་སྣང་གི་སྣམ་བུའོ། །བྲི་བའི་དཀྱིལ་འཁོར་ལ་དར་དཔྱངས་ཐིག་ལ་ཐུག་པར་མདའ་ཡབ་བོ། །བསྒོམ་པའི་དཀྱིལ་འཁོར་ལ་ནི་ལོགས་ཀྱི་སྟེང་གི་བར་རོ། །གདུང་གི་འོག་ཏུ་ཡང་ཀ་བ་གཉིས་མ་བྲིས་ཀྱང་བསྒོམ་པའི་དཀྱིལ་འཁོར་ལ་ཤེས་པར་བྱ་སྟེ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཞེས་གསུངས་པའི་ཕྱིར་རོ། །ལོགས་ཀྱི་ཀ་བ་ནི་རྟ་བབས་རྣམས་ཁོ་ནའིའོ། །རྡུལ་ཚོན་གྱི་རྩིག་པ་ལ་ནི་རིན་པོ་ཆེ་དང༌། དྲ་བ་དང༌། དྲ་བ་ཕྱེད་པ་དང༌། རིན་ཆེན་ཤར་བུ་དང༌། མདའ་ཡབ་རྣམས་རིམ་གྱིས་སྟེང་ནས་སྟེང་དུ་གནས་པའོ། །རིན་ཆེན་ཤར་བུ་ཐོག་གི་མཐའ་ནས་འཕྱང་བའོ། །ཀ་བའི་སྟེང་དུ་རྟ་བབས་ནི་ཆ་ཆུང་བཅུ་གཉིས་སོ། །དེ་ལ་ཀ་བའི་རྩེ་མོའི་ཕྱི་རོལ་དུ་ཐིག་བཅུ་གཅིག་སྟེ་བར་རྣམས་སུ་གསེར་དང༌། རིན་པོ་ཆེའི་ཤར་བུ་དང༌། རིན་ཆེན་དང༌། རྨིག་པ་དང༌། མུན་པ་དང༌། བ་རན་དང། མུན་པ་དང༌། རིན་པོ་ཆའི་ཤར་བུ་དང༌། རིན་པོ་ཆེ་དང༌། རྨིག་པ་དང༌། མདའ་ཡབ་ཀྱི་སྣམ་བུ་རྣམས་སོ། །དེ་རྣམས་ཀྱི་མུན་པའི་སྣམ་བུ་གཉིས་ནི་སོ་སོར་དཔངས་སུ་ཆ་ཆུང་ཕྱེད་དང་གཉིས་ཏེ་སྣམ་བུ་དགུ་ནི་སོ་སོར་ཆ་ཆུང་རེ་རེའོ། །བཅུ་གཅིག་པོ་འདིའི་ཐད་ཀའི་


DTG022_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚད་ནི། ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་མདའ་ཡི་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་དྲུག་མཐར་གཉིས་པ་དང༌། །གསུམ་པ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །ཆ་ཆུང་ལྔ་སྟེ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །གསུམ་ན་དུས་ནི་ཆ་ཆུང་ལྔ། །བཞི་ནི་ཆ་ཆུང་བདུན་རྣམས་ཏེ། །དྲག་བོའི་ཐིག་ནི་ཆ་ཆུང་མདའ། །སྣམ་བུ་ལྔ་པའི་སྟེང་གི་ནི། །ཐད་ཀར་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་འོག་ལ་ཆུ་ཆུང་གསུམ། །སྟེང་ནི་ཆ་ཆུང་དྲུག་དེ་ནས། །སྣམ་བུ་རྣམ་མཐར་སྟེང་སོང་ཐིམ། །ནང་ནི་དེ་བཞིན་ལྷན་ཅིག་གོ །ཀྱོག་པོ་གཅིག་གོ་འདི་ནང་དུའང༌། །ཆ་ཆུང་ཕྱེད་ནས་དེ་བཞིན་གཞན། །ཞེས་བཤད་པས་ཚངས་ཐིག་གི་གཡས་དང་གཡོན་དུ་ཆ་ཆུང་ཕྱེད་དང་དྲུག་དོར་བར་སྣམ་བུ་དང་པོ་ཆ་ཆུང་ཕྱེད་དང་གསུམ་པའོ། །དེའི་སྟེང་དུ་ཐིག་དང་པོ་ཆ་ཆུང་ཕྱེད་དང་བཞི་པའོ། །ཆ་ཆུང་དྲུག་གི་བར་དོར་བར་གཉིས་པ་དང་གསུམ་པའོ། །ཆ་ཆུང་བཞི་དོར་བར་བཞི་བ་ཆ་ཆུང་ལྔ་པའོ། །ཆ་ཆུང་ཕྱེད་དང་བཞི་དོར་བར་ལྔ་པ་ཆ་ཆུང་ཕྱེད་དང་ལྔ་པའོ། །ཆ་ཆུང་གསུམ་དོར་བར་དྲུག་པ་ཆ་ཆུང་ལྔ་པའོ། །བདུན་པ་ལ་སོགས་པ་བཞི་ནི་ཆ་ཆུང་བདུན་པའོ། །བཅུ་གཅིག་པ་ནི་ཆ་ཆུང་ལྔ་བའོ། །འདིར་སྣམ་བུ་ལྔ་པའི་ཐད་ཀར་སྟེང་དུ་ཆ་ཆུང་ཕྱེད་དང་བཞི་པའོ། །བདུན་པའི་འོག་ལ་ཆ་ཆུང་གསུམ་སྟེ་སྟེང་ལ་ཆ་ཆུང་དྲུག་པའོ། །སྣམ་བུ་རྣམས་རེ་རེ་ཞིང་གི་ཕྱི་རོལ་གྱི་མཐའི་གྱེན་དུ་ཇི་སྲིད་པའི་ཐིག་གཅིག་གོ །ནང་གི་མཐར་ཡང་དང་པོའི་ཐིག་གི་ཆ་ཆུང་ཕྱེད་དོར་ནས་སྟེང་དུ་འགྲེང་བའི་ཐིག་གཅིག་གོ །གཅིག་པོ་དེ་ནི་རྒྱུ་བའི་ཐིག་གཞན་དང་འབྲེལ་བས་འཁྱོག་པོར་མཐོང་སྟེ་ཇི་ལྟར་མཛེས་པར་བྲི་བར་བྱའོ། །འདིའི་ནང་རིན་པོ་ཆེ་ལ་སོགས་པ་བྲི་བའི་དོན་དུ་ཆ་ཆུང་ཕྱེད་དོར་ནས་དེ་བཞིན་དུ་ཐིག་ཀྱོག་པོ་གཅིག་གོ །སྟེང་དུ་ཆུ་སྲིན་གྱི་ཁ་ལས་འཐོན་པའི་པ་ཏྲ་ལ་སོགས་པ་ཇི་ལྟར་མཛེས་པའོ། །རྟ་བབས་ཀྱི་སྟེང་གི་ཚངས་ཐིག་ལ་ཆོས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པའམ་བརྒྱད་པ་ཆ་ཆུང་གཉིས་པའོ། །དེའི་གདན་


DTG022_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་པདྨ་དང་ཟླ་བའོ། །དེའི་ངོས་གཉིས་ལ་མདའ་ཡབ་ཀྱི་སྟེང་དུ་འཁོར་ལོ་ལ་མངོན་དུ་ཕྱོགས་པའི་རི་དགས་དང་རི་དགས་མོ་འཁོར་ལོ་ལས་ཆ་ཆུང་ཕྱེད་དུ་རིང་བར་གནས་པ་སྟེ། ཆ་ཆུང་གཅིག་ཏུ་མགྲིན་པ་དང་བཅས་པའི་གདོང་འགྲེལ་ཞིང་འཁོར་ལོའི་རྩེ་མོར་མག་བལྟ་བ་བྲི་བར་བྱའོ། །འཁོར་ལོའི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེའི་རྩེ་མོ་ཆ་ཆུང་གཉིས་ཏེ་འཁོར་ལོའི་རྭའི་བར་དུ་མཐོང་བའོ། །གཡས་གཡོན་གྱི་རྭ་ནི་རྟ་བབས་ཀྱི་གཞོགས་རྣམས་སུ་དར་དཔྱངས་ཀྱི་སྣམ་བུའི་སྟེང་དུ་ཆུ་སྲིན་གྱི་ཁ་ནས་འཐོན་ཏེ། ཅུང་ཟད་ཐད་ཀར་སོང་ནས་ཕྱིར་བྱུང་བ་དབུས་ཀྱི་རྒྱར་ཆ་ཆུང་གསུམ་པ་སྲིད་དུ་ཆ་ཆུང་བཅུ་དྲུག་པའོ། །དཀྱིལ་འཁོར་གྱི་ལྟེ་བར་སེང་ལྡེང་གི་ཕུར་པ་མགོ་རྩེ་གཅིག་པ་སྟེང་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཧཱུཾ་ལས་སྐྱེས་པར་བསམས་ནས། པུར་བུ་གདབ་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བཟླས་ནས་བརྡུང་བའི་སྔགས་ཀྱིས་རྡོ་རྗེ་ཐོ་བས་བརྡུངས་ཏེ། དེ་ལ་ཐིག་སྐུད་ཆ་ཆུང་དགུ་བཅུ་རྩ་དྲུག་པ་ཉིས་ལྟ་བ་ཏུ་བྱས་པ་བཏགས་ལ་མེའི་མཚམས་ནས་བརྩམས་ཏེ་གཡོན་སྐོར་དུ་རྭའི་རྩེ་མོ་ལས་ཕྱིར་པདྨའི་གེ་སར་གྱི་རི་མོ་ཟླུམ་པོ་ས་བསྐོར་བར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཉིས་པའི་པདྨའི་འདབ་མའི་ཕྲེང་བའི་ཐིག་ཟླུམ་པོའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཉིས་པའི་རྡོ་རྗེ་ཕྲེང་བའི་ཐིག་སྟེ་སྲ་ཞིང་འཐས་པ་འཁོར་ས་ཆེན་པོའི་ངོ་བོའོ། །དེའི་ཕྱིར་ཆ་ཆུང་བཞི་པའི་མེ་རིའི་ཐིག་གོ །ཁོར་ཡུག་དེའི་ཕྱི་རོལ་དུ་ནི་ཤིང་ལ་སོགས་པའི་རུང་ཁྲོད་བརྒྱད་དེ། འོན་ཀྱང་སྐལ་པ་དང་མི་ལྡན་པའི་གནས་སུ་མི་བྱའོ།། སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་ཆ་ཆུང་གཅིག་པའི་ཟླ་བའི་ཆ་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེ་ཕྱེད་པས་མཚན་པའོ། །སྟེགས་བུ་གྲུ་བཞི་ལ་གནས་པའི་བུ་མ་པ་ལ་གནས་པའི་རྟ་བབས་ཀྱི་ཀ་བ་རྣམས་སོ། །དེ་རྣམས་ཀྱི་རྩ་བ་དང་རྩེ་མོ་ལ་ནོར་བུ་བཅིངས་པའི་དཀྱིལ་དུ་གླང་པོ་ཆེའི་སྟེང་དུ་ལག་པ་བརྐྱང་པའི་སེང་གའོ། །པདྨའི་འདབ་མ་ཕྱེད་པ་ལྟ་བུའི་མདའ་ཡབ་ལ་གསེར་གྱི་བུམ་པར་གནས་པ་ཕྱོགས་སུ་རྒྱལ་མཚན་དང་བ་དན་བརྒྱད་དོ། །རྟ་བབས་ལ་ཡང་ངོ༌། །རྔ་ཡབ་དང་བཅས་པ་དྲིལ་ཆུང་གི་སྒྲ་སྒྲོགས་པའོ། །ཟུར་བཞི་


DTG022_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ནི་གདུགས་རྣམས་སོ། །རྟ་བབས་རྣམས་ལ་བླ་རེ་རྣམ་པ་སྣ་ཚོགས་པ་དང༌། དྲ་བ་དང༌། དྲ་བ་ཕྱེད་པའོ། །རྨིག་པ་དང་བ་རན་གྱི་མཐའ་རུ་རྒྱལ་མཚན་དང་བ་དན་ནོ། །རྟ་བབས་ཀྱི་ལོགས་ཀུན་དུ་བུམ་པ་བཟང་པོ་ལས་བྱུང་བའི་དཔག་བསམ་གྱི་ཤིང་གླང་པོ་ཆེ་ལ་སོགས་པ་རིན་པོ་ཆེ་བདུན་དང་ལྡན་པ་རྣམས་སོ། །ཚངས་དང་ཟུར་ཐིག་གནས་པ་ལས། །གཞན་མིན་དེ་ཡི་ཚངས་ལས་ཕྱིར། །ཆ་ཆུང་གཉིས་དོར་རྩ་བའི་བར། །ཐིག་གདབ་ཟུར་གྱི་འགྲམ་དག་ཏུ། །དེ་བཞིན་ལྟེ་བའི་ལོགས་དག་ཏུ། །སྒོ་ནི་བཞི་བཞིར་དེ་ཡི་སྲིད། །ལྟེ་བའི་ཕྱི་རུ་ཆ་ཆུང་བཞི། །དོར་བར་ཆ་ཆུང་བཞི་པའི་ཐིག །ཐད་ཀར་ཚངས་དང་ཟུར་ལ་གནས། །འདིར་ནི་ཡང་ན་ཐིག་ལྔ་ཡང༌། །ཆ་ཆུང་གཉིས་གཉིས་དོར་བར་རོ། །དེ་བཞིན་དེ་རྣམས་དང་དྲུག་པ། །མཚམས་སུ་ཡང་དག་སོན་པ་ལའོ། །ཚངས་པ་དང་ནི་ཟུར་ཐིག་གི །གཡས་དང་གཡོན་པའི་བདུན་རྣམས་ལས། །ལྔ་པ་གསུམ་པའི་དང་པོ་ཡིན། །ཆ་ཆུང་གཅིག་གི་མཐའ་ལས་འཐོན། །རང་གི་གཉིས་པའི་རྩེར་སོན་ནས། །བདུན་པ་ཡི་ནི་དབུས་སུ་སོང༌། །ཐིག་གཅིག་ཀྱོག་པོ་ལྔ་རུ་འགྱུར། །དེ་ཡི་ནང་དུའང་ཆ་ཆུང་ཕྱེད། །དོར་ནས་དེ་བཞིན་གཞན་ཡིན་ནོ། །ཚངས་ལས་རིམ་བཞིན་རྒྱལ་པོ་དང༌། །ཉི་ཀླུ་ཆུ་མིག་ཆ་ཆུང་ནི། །དོར་བར་ཟླུམ་པོའི་ཐིག་ལྔའོ། །དང་པོ་གསུམ་དང་ནང་དུ་ཡང༌། །ཆ་ཆུང་ཕྱེད་ཕྱེད་དོར་ནས་ཐིག །ཟླུམ་པོ་གསུམ་པོ་རྩིབས་ཟླུམ་གྱི། །ཐིག་ལས་གཞན་ནི་དབྱི་བར་བྱ། །ཞེས་གསུངས་པས། རྩ་བའི་ཐིག་གི་ནང་དུ་ལྟེ་བའི་ལོགས་གཉིས་སུ་ཚངས་པ་དང་ཟུར་གྱི་ཐིག་བཞི་བཞིའི་གཡས་གཡོན་དུ་ཆ་ཆུང་གཉིས་ཀྱི་བར་ནས་སྒོ་བཞི་བཞིའི་ཚང་དུ་ཐིག་རེ་རེ་གདབ་པོ། །དེ་ནས་ལྟེ་བའི་ཕྱི་རོལ་དུ་ཆ་ཆུང་བཞིའི་བར་ལས་འདབ་མའི་མཐའ་མའི་ཐིག་ལས་ཆ་ཆུང་གཉིས་ཀྱི་བར་དུ་ཐད་ཀའི་ཐིག་ཚངས་པ་དང་ཟུར་དང་དེ་དག་གི་ཐིག་གི་སྟེང་དུ་སྒོའི་ཚད་དོ། །དེའི་ཕྱིར་དེ་བཞིན་དུ་ཐིག་ལྔའོ། །ཟུར་དང་དེའི་ཐིག་གི་སྟེང་དུ་དྲུག་པ་ཡང་ངོ༌། །དེ་ལ་ཚངས་པའི་གཡས་སུ་དང་པོའི་ཆ་ཆུང་གི་མཐར་ཞུགས་ཏེ་བཞི་པའི་རྩེ་མོར་སོན་ནས་ལྔ་པའི་ཆ་ཆུང་


DTG022_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཅིག་གི་མཐར་ཞུགས་ཏེ་དྲུག་པའི་རྩེ་མོར་སོན་ནས་བདུན་པའི་ཆ་ཆུང་གཅིག་གི་མཐར་ཞུགས་པའི་ཐིག་ཀྱོག་པོ་གཅིག་གོ །དེའི་ནང་དུ་ཆ་ཆུང་ཕྱེད་དོར་ནས་དེ་དང་འདྲ་བའི་ཀྱོག་པོའི་ཐིག་གཉིས་པའོ། །དེ་ལྟར་ཚངས་པའི་གཡོན་དང་གཞན་ཀུན་ལ་ཡང་ངོ༌།། མཚམས་ཐིག་ཀུན་ལ་ཡང་ངོ༌། །དེ་ནས་ལྟེ་བར་ཐིག་སྐུད་བཟུང་སྟེ་རྩ་བའི་ཐིག་ནས་བརྩམས་ཏེ་ནང་དུ་སྒོ་རེ་རེའི་བར་དུ་ཟླུམ་པོའི་ཐིག་བཞིའོ། །དེ་གསུངས་པ། རྩ་པའི་ཐིག་ནས་ཉེར་བཟུང་སྟེ། །ཟླུམ་པོའི་ཐིག་ནི་རྣམ་པ་བཞི། །འཁོར་ལོ་གསུམ་ནི་སྒོ་ཚད་དུ། །ཡང་དག་བསྐོར་བས་ཕྱིན་པའོ། །ལྷག་མ་པདྨ་འདབ་བརྒྱད་ཚད། །འདི་ལས་ལྷག་ཆད་ཟུང་ཟད་མེད། །ཐུགས་སོགས་འཁོར་ལོའི་མུ་ཁྱུད་ལ། །རྡོ་རྗེ་པདྨ་འཁོར་ལོའི་ཕྲེང༌། །ཞེས་སོ། །དེ་ལ་དང་པོ་གསུམ་པོ་རྣམས་ཀྱི་ནང་དུ་ཆ་ཆུང་ཕྱེད་དོར་བར་ཟླུམ་པོའི་ཐིག་གཅིག་གོ །བཞི་པའི་ནི་ཐུགས་ཀྱི་འཁོར་ལོའི་ལྟེ་བའི་ནང་མཚོན་པ་སྟེ། དེའི་ནང་དུ་ཆ་ཆུང་གཅིག་གི་བཞི་ཆ་ནས་ཕ་རོལ་ཆ་ཆུང་ཕྱེད་དང་གསུམ་པའི་འདབ་མ་དོར་བར་ལྟེ་བའི་དོན་དུ་ཟླུམ་པོའི་ཐིག་གཅིག་གོ །རྩིབས་ཀྱི་ལོགས་ཀྱི་སྟེང་དུ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཕྲེང་བའོ། །འདིར་ཕྱི་རོལ་གྱི་རྩིབས་ཀྱི་ཐིག་རྣམས་བསྲུངས་ལ་གཞན་ནི་དབྱི་བར་བྱའོ། །ནང་གི་ལུས་ལ་དེ་བཞིན་དུ། །ཧེ་རུ་ཀ་མཆོག་ཐིག་གདབ་བྱ། །ལྷན་སྐྱེས་རང་བཞིན་ཡང་དག་དག །དབའ་བོ་དཔའ་མོའི་དབང་ཕྱུག་ལྡན། །ཞེས་པ་ཐིག་གདབ་པའོ།། དེ་ནས་གཏོར་མ་བཏང་ལ། དུར་ཁྲོད་རུས་པ་ཡང་དག་བླང༌། །ཐལ་བ་ལོ་མ་སོ་ཕག་རྣམས། །བ་བླ་དང་ནི་ཡང་དག་ལྡན། །ཧེ་རུ་ཀ་ཡི་འཁོར་ལོ་བྲི། །ཐོད་པར་ས་ཚོན་བཞག་ནས་སུ། །རྒྱུད་ལས་གསུངས་པའི་ཆོ་ག་བཞིན། །འབར་བའི་ལྟ་བས་ཡེ་ཤེས་ཀྱི། །འཁོར་ལོའི་ཐུགས་གནས་བཀུག་ནས་སུ། །སངས་རྒྱས་ཐམས་ཅད་མཁའ་འགྲོ་མའི། །སྔགས་ཀྱི་མངོན་པར་བསྔགས་ནས་སུ། །ཧེ་རུ་ཀ་དཔལ་རྒྱལ་པོ་དང༌། །འཁོར་ལོའི་དབུས་སུ་ཡང་དག་གནས། །ཞེས་པ་ལ་སོགས་པ་གསུངས་པས་བཾ་ལཾ་རཾ་ཧཾ་ཡཾ་གི་ས་བེན་ལས་བྱུང་


DTG022_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། ནག་པོའི་ཚོན་རྣམས་ཟླ་ཤེལ་ལ་སོགས་པ་ལས་བྱུང་བའམ། །ཁམས་ལས་བྱུང་བའམ། འབྲས་སཱ་ལུ་ལས་བྱུང་བ་བྷྲཱུཾ་ཨཾ་ཧྲཱིཿ་ཁོཾ་ཧཱུཾ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ཚུལ་དུ་བསམས་ནས། ནམ་མཁའ་ལ་གནས་པའི་རྒྱལ་བ་ལྔའི་ཐུགས་ཀར་བྷྲཱུཾ་ལ་སོགས་པས་མངོན་པར་བསྔགས་ཏེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་དུ་བཟླས་ཏེ་འབར་བའི་ལྟ་བས་ཡང་དག་པར་སྤོང་ཞིང་རེ་རེ་ཞིང་ལ་ཧཱི་བཀོད་ནས། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་རྣམས་ལ་ཆགས་པས་རྗེས་སུ་ཆགས་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱི་རླབས་ཀྱི་སྤར་བར་བྱའོ། །ལྷ་བསྒོམ་པ་ཕུལ་དུ་བྱུང་བ་ལས་ནི་འབར་རོ། །དྲི་ངང་མེ་ཏོག་ལ་སོགས་པས་མཆོད་ནས་སྣོད་བརྟན་པར་གཞག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བ་ན་གནས་པའི་ཕུར་བུ། ཨོཾ་བཛྲ་ཀཱི་ལ་ཨུཏ་ཀཱི་ལཱ་ཡ་སརྦ་ཀཱི་ལན་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོ། །ཞེས་པ་ཧཱུཾ་བཞི་པའི་སྔགས་ཀྱིས་བཏོན་ལ། བློས་རང་གི་ལག་པའི་རྡོ་རྗེ་ལ་བསྟིམས་ཏེ་ཕུར་བུའི་ཁུང་བུར་སྔར་མ་བཅུག་ན་རིན་པོ་ཆེ་དང་སྨན་དང་འབྲུ་ལྔ་བཅུག་ལ་རྡུལ་ཚོན་ལྔས་ཀུན་ནས་བཀང་སྟེ་མཉམ་པོར་བྱས་ནས། དྲིལ་བུའི་སྒྲ་དང་རྡོ་རྗེའི་གླུས་མཚན་མ་ངན་པ་བསལ་བར་བྱའོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་ར་བ་སྒྲོལ་མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་པས་ཆོས་ཀྱི་དབྱིངས་རྣམ་པར་དག་པར་མོས་ནས་ངང་པོར་དཀྱིལ་འཁོར་གྱི་ནད་དུ་འདུག་སྟེ། བློ་དང་ལྡན་པས་མེ་མཚམས་ནས་ལག་པ་གཡོན་པས་གཡོན་སྐོར་གྱིས་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། ནག་པོའི་ཚོན་རྣམས་ཀྱི་ཕྱི་རོལ་ནས་བརྩམས་ཏེ་ཁ་ཤར་དུ་ཕྱོགས་པས་ཨོཾ་བཛྲ་ཏི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་བྲི་བར་བྱའོ། །རང་གིས་བརྩམས་ནས་རི་


DTG022_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོ་མཁན་ལ་སོགས་པ་གཞན་གྱིས་ཀྱང་དགྱེ་བར་བྱའོ། །སྒོ་ཡི་ཉི་ཤུ་ཆ་རུ་ནི། །རེ་ཁཱ་མཉམ་པོར་དགྱེ་བར་བྱ། །སྦོམ་པོར་བཀྱེ་བས་ནད་འབྱུང་ཞིང༌། །ཕྲ་མོ་ཡིས་ནི་ནོར་རྣམས་ཉམས། །ཡོན་པོ་ཡིས་ནི་རྣམ་པར་སྡང༌། །ཆད་ན་བླ་མ་སློབ་དཔོན་འཆི། །གཡས་སྐོར་དུ་ནི་བཀྱེ་བ་ཡིས། །ཚོན་རྣམས་ཕུར་བུས་བཏབ་པར་འགྱུར། །གྲུབ་པའི་རྒྱུར་མི་འགྱུར་པའོ། །ལྷོ་ཡིས་གཞི་ནག་པོ་ཤར། །ལྗང་གུ་དེ་བཞིན་བྱང་ནི་དམར། །ནུབ་ཏུ་ཡང་ནི་སེར་པོ་སྟེ། །ཐུགས་གསུང་སྐུ་ཡི་འཁོར་ལོ་རྣམས། །སྔོན་པོ་དམར་པོ་དཀར་པོ་ཆེར། །གསང་སྔགས་རིག་པས་ཡིད་འོད་བྲི། །ཚོན་དགྱེ་བ་ལ་ཉེས་པ་གང༌། །དེ་ཉིད་བསམས་པའི་སྦྱོར་རྣམས་ལ། །སུས་ཀྱང་བར་ཆད་བྱ་མི་ནུས། །རྡོ་རྗེའི་ཤུགས་ཀྱི་ཡེ་ཤེས་རྡུལ་ཚོན་གྱི་རེ་ཁཱ་ཡིད་ཀྱིས་ནམ་མཁའ་ལ་བཏེག་ནས་ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ་ཞེས་བརྗོད་ཅིང་ཐིག་ལ་སོགས་པ་ལ་འགོམས་ཀྱང་ཉེས་པ་མེད་དོ། །གར་གྱི་སྣམ་བུ་ནི་དམར་པོའོ། །རིན་ཆེན་སྣམ་བུ་ནི་ས་གཞི་དམར་པོ་ལ་རིན་པོ་ཆེ་སྣ་ཚོགས་པའོ། །ས་གཞི་ནག་པོ་ལ་དྲ་བ་དང་དྲ་བ་ཕྱེད་པའོ། །ས་གཞི་སྔོན་པོ་ལ་རིན་ཆེན་ཤར་བུ་དང་མདའ་ཡབ་དཀར་པོའོ། །རྨིག་པ་དང་བ་རན་ནི་ཇི་ལྟར་མཛེས་པའོ། །མུན་པ་ནི་ནམ་མཁའི་མདོག་གོ །འཁོར་ལོ་ནི་གསེར་རོ། །རི་དགས་ནི་གསེར་ལ་རིན་པོ་ཆེས་སྤྲས་པའོ། །སྣ་ཚོགས་རྡོ་རྗེའི་ར་ནི་ཕྱོགས་ཀྱི་མདོག་གོ །བུམ་པ་བཟང་པོ་ནི་གསེར་རོ། །ལྟེ་བ་ལྗང་གུ་ལ་ཟེའུ་འབྲུ་སེར་པོའོ། །འདབ་མ་ནི་སྣ་ཚོགས་པའོ། །དེའི་ས་ནི་དམར་པོ་ཤས་ཆེ་བའི་དཀར་པོའོ། །རྡོ་རྗེ་ནི་ནག་པོའོ། །རེ་ཁཱ་ནི་དཀར་པོའོ། །ས་གཞི་ཇི་ལྟར་མཛེས་པའོ། །འོད་ཟེར་གྱི་མེ་རི་ནི་རྒྱལ་བ་ལྔའི་མདོག་གོ །དཀྱིལ་དུ་སྣ་ཚོགས་པདྨར་ཉི་མ་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཁ་གྱེས་པའོ། །ཕྱོགས་ཀྱི་འདང་མ་རྣམས་ལ་གྲི་གུག་གོ །མཚམས་ཀྱི་རྣམས་ལ་པདྨའི་སྣོད་རྣམས་སོ། །འཁོར་ལོའི་རྩིབས་རྣམས་ལ་ཟླ་བ་ལ་གྲི་གུག་ཉི་ཤུ་རྩ་བཞིའོ། །དཔའ་བོ་རྣམས་ནི་གཙོ་བོ་མ་ཡིན་པའི་ཕྱིར་མཚན་མ་མི་བྲིའོ། །སྒོ་དང་མཚམས་རྣམས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ་གྲི་གུག་


DTG022_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྒྱད་དོ། །ཕྱིའི་ཟླུམ་པོའི་ཐིག་གི་ཕྱི་རོལ་མཚམས་ཀྱི་ལོགས་སུ་བུམ་པ་བརྒྱད་དོ། །གར་གྱི་སྣམ་བུའི་ལྷོ་སྒོའི་གཡོན་དུ་པི་ཝང་དང་གླིང་བུའོ། །གཡས་སུ་རྔ་ཟླུམ་དང་རྫ་རྔའོ། །དེ་བཞིན་དུ་བཅུ་དྲུག་གི་ཡང་མཚན་མའོ། །ནང་དུ་ནི། སེམས་ཤེས་ལས་ཀྱི་ཐིག་ལས་བྱུང༌། །རྡུལ་བཏབ་རིམ་པས་ཤར་བ་ཡི། །འགྲོ་བ་འདི་ཉིད་རང་བཞིན་གྱིས། །གྲུབ་བའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་པ་རྡུལ་ཚོན་དགྱེ་བའོ། །དེ་ནས་ལྷག་གནས་བྱས་པའི་བུམ་པ་རྣམས་གཡོན་སྐོར་དུ་དགོད་དེ། དེ་ལ་རྣམ་པར་རྒྱལ་པ་དཀྱིལ་འཁོར་ལ་གཡོན་སྐོར་དུ་བསྐོར་ཏེ། རྡུལ་ཚོན་གྱི་ཕྱི་ལྷོ་སྒོའི་ཚངས་ཐིག་གི་གཡོན་དུ་གཞག་པར་བྱའོ། །ལས་ཐམས་ཅད་པ་གཡས་སུའོ། །དེ་ལྟར་མཁའ་འགྲོ་མ་ལ་སོགས་པའི་བུམ་པ་རྣམས་རང་གི་ཕྱོགས་ཀྱི་དབྱེ་བས་དཀྱིལ་འཁོར་དུ་དགོད་དོ་ཞེས་བུམ་པ་དགོད་པའོ། །དཀྱིལ་འཁོར་གྱི་ཕྱོགས་བཞི་རུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ལང་ཀར་གཤེགས་པ་དང༌། ཏིང་ངེ་འཛིན་རྒྱལ་པོ་དང༌། སྡོང་པོ་བཀོད་པ་རྣམས་འདོན་དུ་གཞུག་གོ །ག་བུར་དང༌། ཨ་ཀ་རུ་དང༌། དུ་རུ་ཀ་ལ་སོགས་པའི་སྤོས་ཕོར་བརྒྱད་གཞག་པར་བྱའོ། །རས་སྣ་ཚོགས་པ་སྟོང་ལ་སོགས་པའམ། གདུགས་དང། རྒྱལ་མཚན་དང༌། བ་དན་ལ་སོགས་པ་ཧཱུཾ་དང་བདག་པོའི་སྔགས་ཀྱིས་བཟླས་པ། ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བས་ཕུལ་ནས། སྒོ་ཀུན་ལ་རས་བཟང་པོ་དང༌། དྲིལ་བུ་དང༌། རྔ་ཡབ་རྣམས་བཏགས་ཏེ་བུམ་པ་གང་བ་ཡང་གཞག་པར་བྱའོ། །ཁྲུས་བྱས་ཏེ་དྲི་བཟངས་བྱུགས་ལ་སྟོད་གཡོགས་དང༌། དབུ་རྒྱན་དང་བཅས་པས་ལས་ཐམས་ཅད་པས་བསྔགས་པའི་ཆུས་དཀྱིལ་འཁོར་གྱི་ལོགས་སུ་བསངས་ལ་ཡིག་གསུམ་དང་ལས་ཐམས་ཅད་པས་བསྲུངས་ལ་རྡོ་རྗེ་དང་དྲིལ་བུ་བཟུང་སྟེ། ལྷོ་སྒོ་རུ་ནི་རྒྱུ་བྱེད་ཅེས། །བདེན་པ་སྨྲ་བས་གང་གསུངས་བ། །ཀུན་རྫོབ་དོན་དུ་ཤེས་བྱ་སྟེ། །བྲི་བའི་དཀྱིལ་འཁོར་རྟོགས་པ་ལའོ། །ཕྱོགས་ཀྱི་རྣམ་དབྱེར་མཐའ་ཡས་པས། །ལྷོ་ལ་སོགས་པའི་རྟོག་པ་མེད། །དེ་ཕྱིར་གང་དུ་ཕྱོགས་པ་ཉིད། །ལྷོར་ནི་རྣལ་འབྱོར་ཀུན་གྱིས་དགོངས། །ཐོག་མར་གྲུབ་པའི་འཁོར་ལོ་དང༌། །


DTG022_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་བོ་དྲུག་གི་ལྷ་རྣམས་དགོད། །སྔགས་ཀྱི་གོ་ཆ་ཆོ་ག་བཞིན། །དེ་ནས་དཀྱིལ་འཁོར་བསྒྲུབ་པར་བྱ། །མར་མེ་བརྒྱད་ནི་དབུལ་བར་བྱའོ། །མར་ཁུ་ཆེན་པོའི་སྦྱོར་བ་ཡིས། །མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ། །སྣ་ཚོགས་དྲི་ཡིས་ལེགས་པར་བསྒོས། །གྲུབ་པའི་དམ་ཚིག་འཁོར་ལོ་ནི། །ཡེ་ཤེས་འཁོར་ལོ་དང་ལྡན་པ། །སེམས་ཀྱིས་ཡང་དག་ལ་སྦྱར་ནས། །ལྟ་བ་གྱེན་དུ་རྒྱུ་བ་ཡིས། །སྔར་གྱི་སྤྱན་འདྲེན་ཕྱག་རྒྱ་དང༌། །ཕེཾ་ཡིག་སྔགས་ཀྱི་སྦྱོར་བ་ཡིས། །ཡུལ་ནི་མཐའ་ཡས་ན་གནས་པའི། །དགྱེས་ཤིད་གྲུབ་སྦྱིན་ལྷ་མོ་རྣམས། །དཔའ་བོ་དཔའ་མོའི་དབང་ཕྱུག་བཅས། །སྔར་གྱི་ཕྱག་མཚན་སོགས་ཀྱིས་བརྒྱན། །འཇིག་རྟེན་མགོན་པོ་ཐུགས་རྗེ་ལྡན། །རྫོགས་པའི་སངས་རྒྱས་བྱོན་པར་འགྱུར། །གཉིས་སུ་མེད་པའི་སྙོམས་འཇུག་པས། །ཧེ་རུ་ཀ་གནས་དཀྱིལ་འཁོར་དུ། །ཉམས་དགའ་བྱིན་གྱིས་བརླབས་པའི་གནས། །མཛད་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་གསུངས་པས་འཁོར་ལོའི་དབང་ཕྱུག་གི་བདག་ཉིད་ཁོ་ནས་སྐད་ཅིག་གིས་བྲིས་པའི་དཀྱིལ་འཁོར་སྟོང་པར་བསམས་ལ། བསྒོམ་བྱའི་དཀྱིལ་འཁོར་གྱི་རང་བཞིན་དུ་བལྟས་ནས་བསྒྲུབ་པའི་ཕྱི་རོལ་གྱི་ཕྱག་རྒྱའམ། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ཡང་དག་པར་བསྐྱོད་པའི་དགའ་བའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ། ཞབས་བསིལ་དང་མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བས། རང་གི་ནང་དུ་བཅུག་པས་འདོད་ཆགས་ཆེན་པོས་ཞུ་པར་གྱུར་ཏེ་རྡོ་རྗེའི་ལམ་ནས་ཕྱུང་སྟེ་པདྨ་ནས་ཡེ་ཤེས་ཀྱི་འཁོར་ལོའི་བདག་ཉིད་སྤྲོས་ཏེ། །དམ་ཚིག་གི་འཁོར་ལོ་ལ་གནས་ཇི་ལྟ་བར་བཞུགས་པར་བསམས་ནས། མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་དེ་མ་ཐག་ཏུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་དབང་བསྐུར་ནས་ཇི་ལྟར་རིགས་པར་རྒྱས་གདབ་པར་བྱའོ། །དེ་ནས་ལྷ་མོ་རྣམས་སྤྲོས་པའི་ཡིད་ཀྱིས་མཆོད་པས་མཆོད་དེ་བཀྲ་ཤིས་ཀྱི་རས་ཟུང་དང༌། བླ་རེ་དང༌། བཟའ་བ་དང༌། བཅའ་བ་


DTG022_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། བལྡག་པ་དང༌། གཞིབ་པ་དང༌། བཏུང་བ་དང༌། པི་ཝང་མ་ལ་སོགས་པས་མཆོད་ལ། དྲིལ་བུ་དཀྲོལ་ཞིང་བསྟོད་ལ་རང་དང་ཤེས་རབ་མའི་ཕྱང་ཆུབ་ཀྱི་སེམས་པདྨའི་སྣོད་དུ་བཅུག་ལ་བདུད་རྩིར་བྱས་པ་དྲངས་ཏེ་མྱངས་པས་ཚིམ་པར་བྱས་པ་ལྷག་པར་མོས་ཏེ་བདག་པོའི་སྔགས་བརྒྱ་རྩ་བརྒྱད་དང༌། དཀྱིལ་འཁོར་པ་རྣམས་ཀྱི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ཨཱ་ལི་དང་ཀཱ་ལི་དང་ཡི་གེ་བརྒྱ་པ་བཟླ་བར་བྱའོ། །རང་གི་གཏོར་མ་ཕུལ་ནས་ཕྱི་རོལ་དུ་ཕྱོགས་ཀྱི་གཏོར་མ་གཞན་ལ་ཡང་དབུལ་དུ་བཅུག་སྟེ། སུམྦྷ་ལ་སོགས་པའི་སྔགས་བཟླས་ཤིང་གཡོན་སྐོར་དུ་བསྐོར་བ་གསུམ་བྱའོ། །དཀྱིལ་འཁོར་ལ་སོགས་རྩོམ་པའི་ཚེ། །གལ་ཏེ་རླུང་སོགས་སྐྱེས་ན་ནི། །ཧེ་རུ་ཀ་དཔལ་བདག་ཉིད་ཀྱིས། །གདུག་པ་ཐམས་ཅད་བཟློག་པར་བྱ། །དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་ཕྱོགས་སྐྱོང་རྣམས་ལ་རང་རང་གི་མདོག་པ་དན་དབུལ་ལོ་ཞེས་པ་དཀྱིལ་འཁོར་བསྒྲུབ་པའོ། །ཐབ་ཁུང་ཁྲུ་གང་ཙམ་ཡིན་ཏེ། །མཛེས་ཤིང་ཐོད་པའི་རྣམ་པ་ཅན། །དེ་འདྲའི་སྟེགས་བུས་བསྐོར་བ་གྲུབ། །ལྷོ་རུ་བལྟས་པའི་ཆོ་ག་ཡིས། །རི་བོའི་སྟེང་དུ་གནས་པ་ཡི། །དཀྱིལ་འཁོར་པདྨ་འདབ་བརྒྱད་པ། །འདབ་མར་དགྲ་སྟ་ཞགས་པ་དང༌། །རྩེ་གསུམ་པ་དང་ཁ་ཊྭཱཾ་ག །ལྟེ་བ་རུ་ནི་རྡོ་རྗེ་དགོད། །ཁྲོ་བོའི་རྣམ་པ་འཇིགས་སུ་རུང༌། །ཕྱི་རུ་རྡོ་རྗེའི་ཕྲེང་བ་བྱ། །སྟེགས་བུ་པདྨའི་རྣམ་པ་ཅན། །རྣལ་འབྱོར་རྒྱུད་ཀྱི་དགང་གཟར་དང༌། །བླུགས་གཟར་ཡང་ནི་དེ་བཞིན་ཏེ། །འོན་ཀྱང་ཁ་ནི་ཐོད་པ་ལྟར། །དཀྱིལ་དུ་ཁྲོ་བོའི་རྡོ་རྗེ་བརྐོ། །ཨཱ་ལི་ཀཱ་ལི་ཡང་དག་བརྗོད། །ཇི་སྙེད་མར་སོགས་སྦྱོར་བ་ཡིས། །གཡོན་དུ་སྲེག་རྫས་ལ་སོགས་གཞག །གཡོན་གྱི་སྤྱོད་པས་བསྲེག་པར་བྱ། །གཉིས་མེད་ལ་སོགས་སྔགས་ཆེན་གྱིས། །མཆོད་པར་བྱ་སྟེ་ཆོ་ག་བཞིན། །མེ་ནང་ཧེ་རུ་ཀ་སོགས་ལ། །སྦྱིན་སྲེག་བྱས་ནས་ཡོན་བླང་བྱ། །མི་དང་བ་གླང་ཁྱི་དང་ནི། །ཅེ་སྦྱང་རྟ་དང་གླང་ཆེན་གྱི། །ཤ་ཡིས་གྲུབ་པར་འདོད་པ་པོས། །རྣལ་འབྱོར་ཤེས་པས་སྦྱིན་པར་བྱ། །སྐྲ་གྲོལ་གཅེར་བུ་གསང་ནས་སུ། །ཙཱ་རུའི་བཟའ་བ་སྔོན་འགྲོ་བས། །


DTG022_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔལ་ལྡན་བདེ་མཆོག་རྣལ་འབྱོར་ཆེ། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །དེ་ལ་ཐབ་ནི་ཆ་གསུམ་བྱས་ལ་ཆ་གཉིས་བརྐོས་ཏེ། བརྒྱད་ཆ་མཆུ་དང་མཆུའི་ཕྱེད་མུ་ཁྱུད་དེ་ཕྱི་དང་ནང་དུའོ། །དེའི་ཕྱིར་སྟེགས་པུ་མཆུའི་ཚད་དོ། །ཡི་གེ་གསུམ་ཞུ་བའི་རཾ་ལས་སྐྱེས་པའི་མེ་ལྷ་དམར་པོ་དབྱུ་གུ་དང་སྤྱི་བླུགས་གཡོན་ན་སྟེ། གཡས་ན་བགྲང་ཕྲེང་དང་མི་འཇིགས་པ་སྦྱིན་པའོ། །རལ་པ་ཅན་ལྟོ་བ་འཕྱང་བ་རྒྱན་ཀུན་དང་ལྡན་པ་ཨོཾ་བཛྲ་ཧཱུཾ་གི་ཡི་གེས་ཐབ་ཁུང་གི་མེ་མཚམས་སུ་བཞུགས་ལ་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་བཅུག་ནས་ཐབ་ཏུ། ཨོཾ་ཨ་གན་ཡེ་མ་ཧཱ་ཏེ་ཛ་དེ་བ་རྀ་ཥི་དྭི་ཛ་སཏྭ་མ་གྲི་ཧི་ཏྭཱ་ཧུ་ཏི་མ་ཧཱ་ར་ཨ་སྨིན་སནྣི་ཧི་ཏོ་བྷ་ཝ་ཞེས་པས་སྤྱན་དྲངས་ཏེ། ཛཿ་བྷཱུཾ་བཾ་ཧོཿ་ཞེས་པས་དགུག་པ་དང༌། གཞུག་པ་དང༌། ཐ་མི་དད་པ་དང་མཉེས་པར་བྱས་ལ། ཨརྒྷ་ལ་སོགས་པས་མཆོད་དེ་ལག་པ་གཡོན་པ་ཁ་གྱེན་དུ་བྱས་ཏེ་བྱང་ཆུབ་མཆོག་གི་ཁུ་ཚུར་གྱིས་མར་གྱིས་གང་བའི་དགང་གཟར་བཟུང་ལ། དེའི་སྟེང་དུ་ལག་པ་གཡས་པ་ཡང་ཁ་གྱེན་དུ་བལྟ་བས་མར་གྱིས་གར་བའི་བླུགས་གཟར་བཟུང་ནས་དགང་གཟར་བླུགས་གཟར་གྱི་སྟེང་དུ་རང་གི་ཡི་དམ་གྱི་ས་བོན་ཡི་གེ་གསུམ་དང་སྤེལ་བ་འོད་ཟེར་དང་ལྡན་པར་བསམས་ལ་མེའི་ཞལ་དུ་ཡི་གེ་རོཾ་བལྟས་ཏེ། བུས་མོ་གཉིས་ཀྱི་བར་དུ་གྲུ་མོ་གཉིས་བཞག་ལ་དགང་གཟར་གྱི་ཁའི་སྟེང་དུ་ལག་པ་གཡས་པ་ཁ་ཐུར་དུ་བལྟས་པས་བླུགས་གཟར་ཁ་ཐུར་དུ་བྱས་ལ། དགང་གཟར་གཡས་སྐོར་དུ་ལན་གསུམ་བསྐོར་བས་མེ་ལྷའི་ཞལ་ཅུང་ཟད་གདངས་པ་ལ་ལག་པའི་སྲེག་བླུགས་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག །ཨོཾ་ཨགྣ་ཡེ་ཨཱ་དི་བྱ་ཨཱ་བི་ཤ་ཨཱ་བི་ཤ་།མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱ། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ། ཆེ་གེ་མོའི་ཤཱིནྟཾ་ཀུ་རུ། ཡང་ན་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་དབུལ་ལོ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛཱ་ལ་ཡ་སརྦཾ་སྨིཾ་ཀུ་རུ་སརྦ་དུཥྚཱ་ན་ཧཱུཾ་ཕཊ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧོ། །ཞེས་དམ་ཚིག་ཀྱང་ལན་གསུམ་དུ་སྙན་དུ་གསོལ་ལོ། །མར་གྱི་སྦྱིན་སྲེག་གཞན་གྱི་སྔགས་ནི། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་རྟོགས་པར་བྱའོ། །དེ་ནས་མེའི་


DTG022_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚན་མ་བལྟ་སྟེ། རྩེ་མོ་གཅིག་པ་ཕུན་སུམ་ཚོགས་པ་སྟེར་རོ། །རྩེ་མོ་གཉིས་པ་གཡོ་བ་མེད་པར་རོ། །རྩེ་མོ་བཞི་པ་མཉམ་པ་ཡིན་ན་རྒྱས་པ་དང་དངོས་གྲུབ་སྟེར་རོ། །དཀར་ཞིང་སྣུམ་པར་དུ་བ་མེད་ཅིང་དྲི་མ་མེད་པའི་མེས་ནི་ནད་མེད་པ་དང་རིགས་འཕེལ་ལོ། །དམར་པོ་དང་སེར་པོས་ནི་རྒྱལ་སྲིད་སྟེར་རོ། །མེ་ཏོག་ཙམ་པ་ཀ་དང༌། པདྨ་དང༌། ཨུཏྤལ་དང༌། མ་ལ་ཏིའི་དྲི་དང་ལྡན་པ་བསིལ་བ་དྲི་བཟངས་ནི་དགེ་པའོ། །པི་ཝང་ལ་སོགས་པ་དང་ཟངས་དུང་གི་སྒྲ་ཟབ་མོ་ཅན་ནི་མཐོང་བའི་ཆོས་ལ་བདེ་བ་སྟེར་རོ། །གདུགས་དང༌། པདྨ་དང༌། རྩེ་གསུམ་པ་ལ་སོགས་པའི་རྣམ་པ་ཅན་ནི་སྒྲ་མེད་པ་དང་གཡས་སྐོར་བ་དང་གོང་བུ་གཅིག་པས་ནི་དོན་ཆེན་པོ་སྟེར་རོ། །འབར་བ་རྩེ་གསུམ་པ་འཕྲོ་བ་དང་བཅས་པ་གཡོ་ཞིང་གཡོན་དུ་ཕྱོགས་ན་ནད་མེད་དོ། །ལན་གསུམ་མམ་བདུན་དགད་བླུགས་དང༌། མེ་ཏོག་དང༌། གོ་ལ་དང༌། རས་དང་བསྟོད་པས་མཆོད་ནས། ཨོཾ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ། བྱང་ཆུབ་ཤིང་གིའོ། །ཨོཾ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། པླ་ཀྵའིའོ། །ཨོཾ་བཛྲ་ཡཛྙཱ་ཡ་སྭཱ་ཧཱ། ཨུ་དུམྺཱ་རའིའོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། འོ་མ་ཅན་གྱི་ཤིང་རྣམས་ཀྱིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་རྣམས་ཀྱིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུགས་པའིའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་ཟན་གྱིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བཱུར་བའིའོ། །ཨོཾ་བཛྲ་ཨ་པྲི་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །དེ་ནས་མེ་ལྷའི་ཐུགས་ཀར་པདྨའི་གདན་དུ་ས་བོན་དང་ཕྱག་མཚན་ཡོངས་སུ་གྱུར་བ་ལས་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་སྟེ། བསད་གཏོར་ལ་སོགས་པ་དང་མེ་ཏོག་ལ་སོགས་པས་མཆོད་དེ་དེའི་རང་གི་འདོད་ལྷའི་ས་བོན་བཟླས་པས་སྦྱིན་སྲེག་བྱའོ། །ལྷ་རེ་རེ་ལ་ཡང་ངོ༌། །དེ་ལ་ཞུ་བ་ནི་མེ་ལྷའི་ཁ་ལའོ། །ཡམ་ཤིང་དང་ཀུ་ཤ་ལ་སོགས་པ་འོང་ལའོ། །ཟན་དང་ཞབས་བསིལ་ལ་སོགས་པ་ཕྱག་ཏུའོ། །མེ་ཏོག་དབུ་ལའོ། །བདུག་སྤོས་ནི་འབར་བ་ལའོ། །དྲི་ནི་སྙིང་གར་རོ། །བསང་གཏོར་ལུས་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མར་མེ་དང༌། མཆོད་ཡོན་དང༌། ཞལ་ཟས་ནི་


DTG022_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མདུན་དུ་ཞི་བའི་སེམས་ཀྱིས་ཇི་ལྟར་ནུས་པ་དབུལ་ལོ། །རྒྱས་པ་ལ་ནི་རྒྱས་པའི་སེམས་ཀྱིས་སོ། །ཞེས་པ་སྦྱིན་སྲེག་གི་ཆོ་གའོ། །ཐ་མར་ནི་འདོད་པའི་དོན་ཞུས་ལ་བཟོད་པར་གསོལ་ཏེ་རང་གི་གནས་སུ་གཤེགས་སུ་གསོལ་ལོ། །ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་དང༌། ཨོཾ་ཡིག་གིས་ལན་བདུན་བསྔགས་པའི་ཡུངས་ཀར་གཡས་གཡོན་གྱི་ཁུ་ཚུར་གྱིས་བཟུང་ལ་རེ་རེས་ལན་གཉིས་གཉིས་གཡོན་སྐོར་དུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་སཏྭཱ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་པས་བྱུར་བསལ་ནས་ཡུངས་ཀར་དེ་མེར་དོར་རོ། །དེ་བཞིན་དུ་གཡས་སྐོར་དང་གཉི་ག་གཡོན་སྐོར་གྱིས་སོ། །དེ་བཞིན་དུ་ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ནི་བཛྲཱ་ཡ་བཛྲཱ་སཏྭ་སྱ་སརྦ་པཱ་པཾ་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་པ་ཆུ་དང༌། ཁམ་པོར་དཀར་པོས་བྱུགས་པ་དང༌། དཱུར་བའི་མྱུ་གུ་དང་བཅས་པའི་ལྕི་བའི་ཆད་བུ་རྣམས་དང༌། མར་མེའི་སྡོང་བུ་དང་བཅས་པའི་ཟན་གྱི་ཆང་བུ་རྣམས་ཀྱིས་སོ། །རས་ཀྱིས་བྱུར་བསལ་བ་ཡང་ངོ༌། །འོན་ཀྱང་རྫ་ཕོར་ལ་སོགས་པ་ནི་མེ་ལ་མི་དོར་རོ། །ལག་པ་དག་གིས་ཉེ་རེག་བྱའོ། །དྲི་ལ་སོགས་པ་སྔོན་དུ་འགྲོ་ཞིང་ལས་ཐམས་ཅད་པ་དང་ཧཱུཾ་ཡིག་ལན་བདུན་བཟླས་པའི་མར་དང་བཅས་པའི་སྤོས་དཀར་གྱིས་བདུག་པར་བྱའོ་ཞེས་པ། རབ་གནས་ལ་སོགས་པ་ཀུན་ལ་བྱུར་བསལ་བའི་ཆོ་གའོ། །དང་པོར་སྙིང་པོ་འབུམ་བཟླས་ན། །ཧེ་རུ་ཀ་ཡི་བཀའ་ཐོབ་ནས། །དབང་བསྐུར་སྦྱིན་པ་ལ་སོགས་བྱ། །གཞན་དུ་བཞད་གད་ཐོབ་པར་འགྱུར། །ནུས་པ་མེད་པའི་རྣལ་འབྱོར་པས། །སྙིང་གའི་ས་བོན་དམར་འོད་ཀྱིས། །སློབ་མའི་ལུས་ལ་ཡང་དག་དགང༌། །དབང་བསྐུར་སྦྱིན་པ་ཡང་དག་བརྩམ། །སྔགས་པས་རྣལ་འབྱོར་མ་དང་བཅས། །དཀྱིལ་འཁོར་ལྷོ་རུ་གནས་པ་ཡི། །སློབ་མ་ལྷོ་རུ་ཁ་བལྟས་ལ། །མཁས་པས་འདི་སྐད་བརྗོད་པར་བྱ། །བུ་རྣམས་ངེས་པར་གནས་པ་ཡིས། །སྡོམ་པའི་མཆོག་ནི་བསྲུང་བར་མཛོད། །སྡོམ་པའི་དབང་ལས་ལྷག་པ་མེད། །ལྷན་སྐྱེས་ཐབས་ཀྱི་མཚན་ཉིད་དོ། །དེ་དག་གིས་མཎྜལ་བྱས་ཏེ་པུས་མོ་ས་ལ་བཙུགས་ཏེ་སྙིམ་པ་སྦྱར་བ་མེ་ཏོག་དང་བཅས་པ་རྣམས་


DTG022_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་གི་ཁ་ནས་ལུས་ལ་བཅུག་སྟེ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨ་ལ་གནས་པ་རྣམས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཤེས་རབ་མ་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ཁ་ནས་ཞུགས་ཏེ་ཞུ་བར་གྱུར་པ་རྣམས་ཀྱིས་དབང་བསྐུར་བར་བསྒོམས་ནས་བཏོན་ཏེ་ལྷོའི་སྒོར་གནས་པ་རྣམས་ཀྱིས་གསོལ་བ་འདེབས་སུ་གཞུག་གོ །བདག་གི་སྟོན་པ་དཔའ་བོ་ཆེ། །རྣལ་འབྱོར་མ་མཆོག་ཁ་སྦྱོར་ལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ།། དཔའ་བོ་དཔའ་མོའི་དབང་ཕྱུག་རྣམས། །ཕག་མོ་དང་ནི་ཧེ་རུ་ཀའི། །གསང་བའི་གནས་སོགས་ཡང་དག་དགང༌། །ལུས་ལ་ཡང་དག་གནས་པར་གསུངས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་མཛོད། །ཅེས་བརྗོད་དུ་བཅུག་ནས། བུ་ཚུར་ཤོག་ཅིག་ཚུལ་ཆེན་གྱི། །སྣོད་ནི་ཁྱོད་ཡིན་ཐེག་ཆེན་པའི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་སངས་རྒྱས་འབྱུང་བ་ཡི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །བླ་མ་མཆོག་དང་དེ་བཞིན་བྱམས། །སངས་རྒྱས་ལ་གུས་སྐྱེ་བོ་དགའ། །རྩ་བའི་ལྟུང་བ་ཡོངས་སྤངས་ཤིང༌། །སྦོམ་པོའི་ལྟུང་བ་སྤང་བར་བྱ། །སེམས་ཅན་རྣམས་ནི་མཉེས་པར་བྱ། །ཐེག་པ་དམན་ལ་འདོད་མི་བྱ། །ཞེས་ཡང་དག་པར་ལེན་དུ་བཅུག་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་ལན་གསུམ་འདོན་དུ་གཞུག་གོ །དེ་ལྟར་ཐུན་མོང་གི་སྡོམ་པ་ཅན་གྱི་སློབ་དཔོན་གྱི་སྡོམ་པ་འདོད་ན། ཕྱིར་མོ་ལྡོག་པ་འཁོར་ལོའི་དབང༌། །ཞེས་པ་ལ་སོགས་པས་གསོལ་བ་འདེབས་སུ་བཅུག་ལ། སངས་རྒྱས་དང་བྱང་ཆུབ་


DTG022_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ཞེས་པ་ལ་སོགས་པ་ལན་གསུམ་འདོན་དུ་གཞུག་གོ །དེ་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས་ནས་ད་རྣམས་ཀྱི་སྙིང་ག་དང༌། མགོ་བོ་རྣམས་སུ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ་ཧཱུཾ་ནག་པོ་དང༌། ཨཱཿདྨར་པོ་དང༌། ཨོཾ་དཀར་པོ་རྣམས་བསམས་ནས་བརྗོད་ཅིང་དྲིའི་ཆུ་དང་བཅས་པའི་རྡོ་རྗེ་གཡས་པའི་ཁུ་ཚུར་གྱིས་དེའི་གནས་གསུམ་དུ་རེག་ནས་མགོ་བོ་ལ་མེ་ཏོག་དང༌། མདུན་དུ་སྤོས་དང༌། མར་མེ་དང་སྙིང་གར་དྲི་བྱིན་ནས་བྱང་ཆུབ་ཤིང་ལ་སོགས་པའི་ཤིང་སོར་བཅུ་གཉིས་པ་དྲང་ཞིང་སྲོག་ཆགས་མེད་པ་མ་གས་པ་རྨ་མེད་པ། དྲི་བཟང་པོའི་ཆུས་བཀྲུས་པ་རྩེ་མོ་ལ་མེ་ཏོག་བཅིངས་པ། ཁ་བྱང་དུ་ཕྱོགས་པས་སློབ་མ་རྣམས་ལ་སྦྱིན་ནོ། །དེ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་གྲུ་བཞི་པ་པའི་ལྕི་བས་བྱུགས་པར་བྱང་དམ་ཤར་དུ་ཕྱོགས་པས་སོ། །ཤིང་དེ་ཨོཾ་བཛྲ་ཧཱ་ས་ཧཾ་ཞེས་བརྗོད་ཅིང་རྩེ་མོ་འཆོས་ཏེ་གྱེན་དུ་བལྟ་ཞིང་མདུན་དུ་དོར་རོ། །དེའི་རྩེ་མོ་ལྟུང་བའི་རྗེས་སུ་འབྲངས་ནས། ཤར་རམ་བྱང་ངམ་ནུབ་བམ་ལྷོའམ་སྟེང་དམ་འོག་ཏུ་བལྟས་ཏེ་བྱུང་ན་ཞི་བའམ་རྒྱས་པའམ་དབང་ངམ་མངོན་སྤྱོད་དམ་རིག་པ་འཛིན་པའམ་ས་འོག་གི་དངོས་གྲུབ་རྣམས་གོ་རིམས་བཞིན་དུ་བརྗོད་དོ། །ཕྱི་རོལ་དུ་ལྟུང་ན་དངོས་གྲུབ་མེད་དོ། །དེ་ནས་པ་ལས་སྐྱེས་ཤིང་པོཾ་བཟླས་པའི་ཆུ་ཁ་བཤལ་བའི་ཕྱིར་བྱིན་ནས། ལས་ཐམས་ཅད་པ་ལན་བདུན་བཟླས་པའི་དྲིའི་ཆུ་ཁྱོར་གསུམ། ཨོཾ་ཧྲཱིཿ་བི་ཤུདྡྷ་དྷརྨཱཿསརྦ་པཱ་པ་ནི་ཥྩ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀ་ལ་པན་ཨ་པ་ན་ཡ་ཧཱུཾ། ཞེས་བརྗོད་ཅིང་འཐུང་དུ་གཞུག་གོ །ཕྱི་རོལ་དུ་འདུག་ཏུ་བཅུག་ལ་ཧཱུཾ་ལས་བྱུང་བ་ལས་ཐམས་ཅད་པ་བཟླས་པའི་ཀུ་ཤ་མ་ཉམས་པ་བཏིང་ནས་ཉལ་བའི་དོན་དུ་དང༌། དྷི་ཡིག་ལས་སྐྱེས་པ་གཅིག་སྡས་ཀྱི་དོན་དུ། ཨོཾ་བཛྲ་ཏཱིཀྵྞ་བཾ་ཞེས་པས་སྦྱིན་ནོ། །སྐུད་པ་དམར་པོ་སློབ་མའི་ལུས་ཀྱི་ཚད་ཙམ་པ་སུམ་ལྟ་བ་ཏུ་བྱས་ཏེ་ཧཱུཾ་ཡིག་དང་ལས་ཐམས་ཅད་པ་ལན་བདུན་དུ་བཟླས་ལ་མདུད་པ་གསུམ་དུ་བྱས་ཏེ་སློབ་མ་རྣམས་ཀྱི་དཔུང་པ་གཡོན་པར་ཨོཾ་བུདྡྷ་མཻ་ཏྲི་རཀྵ་སརྦཱ་ན་སྭཱ་ཧཱ། ཞེས་པས་


DTG022_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅིངས་ཏེ་ཡང་དག་པར་བསྲུངས་ལ་སྤྲོ་བ་བསྐྱེད་དེ། སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ངན་སོང་སྡུག་བསྔལ་ཀུན། །རབ་ཏུ་འབྱུང་བ་ཡང་དག་ཞི། །ཞེས་བརྗོད་ལ། །བཟླས་པའི་དོན་དུ་ལས་ཀུན་གྱི་སྔགས་བྱིན་ཏེ་བསྲུངས་ལ་སྔ་དྲོ་རྨི་ལམ་བདག་ལ་སྨྲོས་ཤིག་བྱས་ལ་སེང་གེའི་ཉལ་སྟབས་ཀྱིས་ཉལ་དུ་གཞུག་གོ །རང་ཡང་དེ་བཟླས་པ་ནི་སློབ་མ་ལྷག་པར་གནས་པའོ། །སྔ་དྲོ་གཏོར་མ་ཕུལ་ཏེ་དཀྱིལ་འཁོར་གྱི་ཁང་པ་ལས་བྱུང་སྟེ་སློབ་མ་རྣམས་མ་རྨི་ལམ་དྲིས་ནས་རི་ལས་ལྟུང་བ་ལ་སོགས་པ་མི་དགེ་བའི་རྨི་ལམ་ཡིན་ན་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས་ལ། དཀྱིལ་འཁོར་ཁང་པར་འཇུག་པའི་ཚེ་སློབ་དཔོན་རྣམས་ཀྱིས་ཨོཾ་པྲ་བི་ཤ་བྷ་ག་ཝཱ་ན་མ་ཧཱ་སུ་ཁ་མོཀྵ་ཨུ་རཾ་སརྦ་སིདྡྷི་སུ་ཁ་པྲ་ཏཾ་པ་ར་མ་སུ་ཁ་ཨུཏྟ་མ་སིདྡྷྱ་རྠཾ་ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷྱ་སྭ་ཞེས་པས་གཟེངས་བསྟོད་ལ་བཞུགས། གཡས་སུ་བསྐོར་ཞིང་འཁོར་ལོའི་དབང་ཕྱུག་གི་སྐུས་བྱང་ལ་སོགས་པའི་སྒོར་གནས་ནས། དཀྱིལ་འཁོར་གྱི་ལྷོ་ལ་སོགས་པའི་སྒོ། །ཨོཾ་བཛྲ་ཨུདྒྷ་ཊཱ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་བརྗོད་ཅིང་ཕྱེ་ནས། མེ་ཏོག་གི་ཕྲེང་བ་ཨོཾ་པ་ར་མ་སུ་ཁ་ཨཱ་ཤ་ཡ་སུ་ལ་ལི་ཏ་བི་ལཱ་ས་ན་མི་ཏྲེར་ན་མཱ་མི་བྷ་ག་ཝཱན་ཏཾ་ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་ཧཱིཿཔྲ་ཏཱི་ཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོ་ཞེས་པའི་སྔགས་ཀྱིས་དཀྱིལ་འཁོར་དུ་དོར་ནས། སླར་ཕྲེང་བའི་དབང་གི་བསམ་པས་རང་གི་མགོ་ལ་བཅིངས་ནས་མངོན་སུམ་དུ་གྱུར་པའི་འཁོར་ལོའི་དབང་ཕྱུག་བླ་མར་ལྷག་པར་མོས་པ་དེས་སྟེར་བཞིན་པའི་ཕྲེང་བའི་དབང་ལ་སོགས་པ་འཆད་པར་འགྱུར་བའི་དབང་མ་ལུས་པ་ཆོ་ག་ཇི་ལྟ་བ་དང༌། སློབ་དཔོན་གྱིས་ལས་ཐམས་ཅད་ལ་གནང་བ་ཐོབ་ནས་སློབ་མ་གཞུག་པའི་ཆེད་དུ་བདེ་བ་ཆེན་པོའི་བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་བསྟོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དངོས་གྲུབ་འདོད་པར་བྱའོ། །བདེན་པའི་བྱིན་གྱི་རླབས་ཀྱང་བྱ་སྟེ། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོ་གམ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེ་བདག་ལ་གསོལ། །དངོས་གྲུབ་འཛིན་པ་ཀུན་གྱི་མཆོག །དབང་


DTG022_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཀུན་བདག་སྒྲུབས་ཤིག །ཉེས་པ་མེད་པ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་པ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཆོས་ཀྱི་མཆོག །གདོད་ནས་གྲོལ་བའི་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱ་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསོར་བ། །རྡོ་རྗེ་སྙེམས་མ་བདག་པོའི་བདག །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཡིན་ཏེ། །དམ་ཚིག་མཆོག་གི་འདོད་པ་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་འདི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང༌། །དེ་བཞིན་ཉིད་ལས་ཡང་དག་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྡིག་མེད་མཐོང་བར་ཤོག །ཅེས་བརྗོད་ཅིང་ནམ་མཁའ་སྐྱེ་བའི་མཚན་མ་གང་གི་ཡིན་པ་དེ་བཞིན་ནོ། །རྡོ་རྗེ་འཛིན་པ་ཀུན་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །འདོད་ཆགས་ཀུན་ནི་འདོད་ཡོན་ལྔ་ཡིས་སེམས་ཅན་མཉེས་པར་བྱེད་པའོ། །འདོད་ཆགས་ཆེན་པོ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ། །གདོང་ནས་གྲོལ་བ་ནི་རང་བཞིན་གྱིས་ཡོངས་སུ་དག་པའོ། །ཀུན་བདག་ནི་ཆོས་ཉིད་ཀྱིས་སོ། །བྱང་ཆུབ་ཀྱི་བདག་ཉིད་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའོ། །འདོད་བྱ་ཡིན་པས་འདོད་པ་ཡང་ཡིན་ལ་མཆོག་ཀྱང་ངོ་ཞེས་སློབ་དཔོན་འཇུག་པའི་ཆོ་གའོ།། །།དེ་ནས་ལྷག་གནས་བྱས་པའི་སློབ་མ་ཁྲུས་དང་དྲིས་བྱུགས་ལ། གོས་གཙང་མ་ཅན་འཁོར་ལོའི་བདག་པོའི་ཚུལ་དུ་དམིགས་ལ། ཨོཾ་བཛྲ་རཀྵ་ཧཾ། ཞེས་པས་སྟོད་གཡོགས་བྱས་ཏེ། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཅེས་པས་གཙུག་ཏོར་བྱས་ལ།


DTG022_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་ཐམས་ཅད་པ་བཟླས་པའི་རས་དམར་པོས་ཨོཾ་ཙ་ཀྵུར་བནྡྷ་བ་ར་མ་ན་ཡ་ཧཱུཾ། ཞེས་པའི་སྔགས་ཀྱིས་གི་ག་རས་བཅིངས་ལ་ཨཱཿཁཾ་བཱི་ར་ཧཱུཾ་ཞེས་བརྗོད་ཅིང་མེ་ཏོག་ཕྲེང་བ་བཟུང་བ་ཕུལ་བ་ལས་ཐམས་ཅད་པའི་ཆུས་བསངས་ལ་སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོར་རྡོ་རྗེ་དང༌། པདྨ་དང་འཁོར་ལོ་ལ་གནས་པའི་ཉི་མ་དང་ཟླ་བའི་སྟེང་དུ་ཧཱུཾ་ནག་པོ་དང༌། ཨཱཿདྨར་པོ་དང༌། ཨོཾ་དཀར་པོ་དང༌། དེའི་འོད་ཟེར་གྱིས་ལུས་འོད་གསལ་བར་བྱས་ལ་ཧཱུཾ་ཞེས་བརྗོད་ནས་དཀྱིལ་འཁོར་གྱི་ལྷོ་སྒོར་བཞག་པ་ལས་ཀྱི་རྡོ་རྗེས་བཟུང་ལ་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་དྲི་བར་བྱ་སྟེ། ཀྱེ་དགའ་བ་འདོད་པ་ཁྱོད་སུ་ཡིན། །ཞེས་གཅིག་གམ་གཉིས་ས་མ་གསུམ་སྟེ་བཞི་ནི་ལྷན་ཅིག་ཏུ་གཞུག་པར་མི་བྱ་སྟེ་དགེ་འདུན་ཚོགས་ཟུང་ཡིན་པའི་ཕྱིར་རོ། །སློབ་མས་ཀྱང༌། ཀྱེ་བདེ་ཆེན་བདག་ནི་སྐལ་པ་བཟང་པོའོ། །ཞེས་སྨྲའོ། །དེ་ནས་སློབ་མ་ལ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུདྤཱ་ད་ཡཱ་མི་ཞེས་བརྗོད་དུ་བཅུག་ཅིང་སེམས་བསྐྱེད་པར་བྱའོ། །མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་སྟེ། དེ་རིང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ་ཞེས་བསྒོ་ནས། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ་ཅེས་པས་བཀུག་སྟེ། ཡོལ་བའི་ནང་དུ་ཤྲཱི་ཧེ་རུ་ཀ་ཡ་བདེ་མ་ཧེ་བིདྱཱ་རཱ་ཛ་ཡ་དྷཱིཿམ་ཧཱ་སྭཱ་ཧཱ། ཞེས་པ་གཱ་ཡི་ཏྲི་འདོན་དུ་གཞུག་གོ །མཁའ་འགྲོ་མ་ཡི་དྲ་བས་འདྲེན། །གྲུབ་པའི་དཀྱིལ་འཁོར་འཁོར་ལོ་འདིར། །བདེ་བ་མཆོག་གི་ཕོ་བྲང་དུ། །བུ་ཁྱོད་བདག་གིས་དྲངས་པའོ། །ཞེས་བསྒོ་ནས་ལྷོ་སྒོ་རུ་ཨོཾ་ན་མཿསྟེ་ཧཱུཾ། ན་མཿམི་ཧཱུཾ་ན་མོ་ན་མཿཧཱུཾ་སྭཱ་ཧཱ། ཞེས་འདོན་ཅིང༌། མཁའ་སྤྱོད་ལ་སོགས་དབྱེ་བ་ཡིས། །ཕྱག་གསུམ་བྱེད་དུ་གཞུག་པར་བྱ། །ཐལ་མོ་སྤྱི་པོར་བཞག་ནས་སུ། །ཡན་ལག་ཀུན་གྱིས་ཕྱག་བྱའོ། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་བྷྱཿཔཱུ་ཛོ་པ་སྠཱ་ནཱ་ཡ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི། ཌཱ་ཀི་ཉ་ཪྻ་ཨེ་དྷི་ཏིཥྛནྟུ་མཱཾ། གཡོན་དུ་སྙིང་གར་ཐལ་མོ་སྦྱར་ཏེ་གཟུང་པོ། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་བྷྱཿཔཱུ་ཛཱ་བྷི་ཥེ་ཀཱ་ཡ་ཨཱཏྨ་


DTG022_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནཱཾ་ནི་ཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི་ལཱ་མཱ་དྱཱ་བྷི་ཥིཉྩ་ཏུ་མཱཾ། གཡོན་པའི་ཐལ་མོ་དཔྲལ་བར་བྱས་ཏེ་བྱང་དུའོ། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་བྷྱཿཔཱུ་ཛཱ་པྲ་བརྟ་ན་ཡ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ཉ་ཁཎྜ་རོ་དཱ་ཪྻཱ་པྲ་བརྟ་ཡ་ནྟུ་མཱཾ། སྤྱི་གཙུག་ཏུ་ཐལ་མོ་སྦྱར་ཏེ་ནུབ་ཏུའོ། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་བྷྱཿཔཱུ་ཛཱ་ཀརྨ་ཎེ་ཨཱཏྣ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི་རཱུ་པི་ནི་ཪྻཱ་ཡ་ཀརྨ་ཀ་ཡནྟུ། མཱཾ། ཡང་ཤར་སྒོར། །ཨོཾ་གུ་རུ་ཙ་ར་ན་ཨུ་པ་སྠ་ནཱ་ཡ་ཨཱཏྨ་ནཱི་ནི་ཪྻཱ་ཏ་ཡཱ་མི། ཨོཾ་སརྦ་ཏྭ་པ་རི་ཏྲ་ཎ་ཡ་ཨཱཏྨ་ནཱ་ནི་ཪྻཱ་ཏ་ཡཱ་མི། ཞེས་དོན་དང་ལྡན་པ་འདོན་དུ་གཞུག་གོ །དེ་ནས་ལྷོ་སྒོར་ལྷོར་ཁ་བལྟས་ཏེ། ཀྱེ་བུ་ཁྱོད་ཀྱང་རབ་ཏུ་གནས། །དེ་ཉིད་སྣང་བའི་རིགས་ལ་ནི། །དཔའ་བོ་ལྷ་མོ་རྣམས་སྐྱེ་བའི། །ཧེ་རུ་ཀ་ཡི་རྣམ་པས་མཛེས། །སྐྱེས་བུ་གང་ཞིག་སྐྱེས་ནས་སུ། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། །ཡེ་ཤེས་སྡོམ་པའི་དག་པ་སྟེ། །བདག་གིས་ཁྱེད་ལ་སྦྱིན་པ་ཡིན། །དཀྱིལ་འཁོར་མ་མཐོང་མི་རྣམས་ལ། །ཁྱོད་ཀྱིས་ཀྱང་ནི་སྨྲ་མི་བྱ། །གལ་ཏེ་སྨྲ་ན་དེའི་ཚེ་བུ། །དམ་ཚིག་ཉམས་པར་བྱེད་པར་འགྱུར། །མགོ་བོར་རྡོ་རྗེ་བཞག་སྟེ་དྲིལ་བུ་དཀྲོལ་ཞིང༌། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་ཡིན་ཏེ་ཚུལ་འདི་འགའ་ཞིག་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་འགས་པར་བྱེད་དོ་ཞེས་ཉན་དུ་བཅུག་ལ་སྙིང་གར་རྡོ་རྗེ་བཟུང་ལ། དེ་རིང་ཕག་མོ་རང་ཉིད་དཔལ། །ཁྱོད་ཀྱི་སྙིང་གར་ཡང་དག་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བཀའ་བསྒོ་ནས། མིང་མེད་དང་མཐེ་བོས་བཟུང་བའི་དུང་གི་ཆུས་མ་ནའི་ཚུལ་དུ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དེ་ཚིག་འདས་ན་སྲེག་པར་བྱེད། །དེ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཅིག །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཧཱུཾ་ཞེས་པའི་ཚིགས་སུ་བཅད་པ་དང་སྔགས་ཀྱིས་བདུད་རྩི་ལྔ་འཐུང་དུ་གཞུག་གོ །དེ་རིང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་རྡོ་རྗེ་ཕག་མོ་ང་ཡིན་གྱིས་ངས་གང་བསྒོམ་དེ་འབད་པར་གྱིས་ཤིག །ཁྱོད་ཀྱིས་ང་ལ་སྨད་པར་ཡང་མི་བྱ་སྟེ། ཁ་ན་བ་མ་ཐོབ་མ་སྤངས་པར་ཚེ་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་


DTG022_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏ་རེ་ཞེས་བརྗོད་དོ། །དེ་ནས་སློབ་མ་དཀྱིལ་འཁོར་ལ་ཕྱོགས་པ་ལ་ཁྱོད་ཀྱི་མིག་ལ་ཅི་ལྟ་བུའི་སྣང་བ་མཐོང་ཞེས་དྲིས་ནས། དེས་སྨྲས་པ། དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ནག་པོ་སྣང་བ་རྣམས་ཀྱིས་གོ་རིམ་ས་བཞིན་དུ་ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་ཀྱི་སྐལ་པ་དང་ལྡན་པར་ཤེས་པར་བྱས་ནས། དེ་མཐེ་བོང་གཉིས་ནས་གཡོན་པས་བཟུང་ནས་རྡོ་རྗེའི་འགྲོས་ཀྱིས་ལས་ཐམས་ཅད་བཟླས་ཤིང་གཡོན་སྐོར་དུ་བསྐོར་བ་གསུམ་བྱེད་དུ་བཅུག་ནས་བདེན་པའི་བྱིན་གྱི་རླབས་འདི་བྱའོ།། །བདག་གི་དཀྱིལ་འཁོར་འདི་ལྟ་བུར། །སློབ་མ་འདི་ནི་ཡང་དག་གཞུག །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟར་འདི་ལ་ཤོག །ཅེས་པས་སློབ་མ་གཞུག་པའི་ཆོ་གའོ།། །།སྔར་བཟུང་བའི་ཕྲེང་བ་ཡི་གེ་ཧཱུཾ་གིས་བསྔགས་པ་ལས་མ་རྙིངས་ཤིང་ཡང་བའི་མེ་ཏོག་ཅིང་བླངས་ཏེ་དེའི་ལག་པ་ཐལ་མོ་སྦྱར་བར་སྦྱིན་པར་བྱའོ། །དེའི་ཚེ་དེ་ཉིད་ཀྱང་ཡི་གེ་གསུམ་གྱིས་འོད་གསལ་ཞིང་སྡིག་པ་བཀྲུས་པར་མོས་ནས་བླ་མས་དེ་ལྟར་བྱིན་གྱིས་བརླབས་ནས་གུས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མདུན་ན་གནས་པ་བཞིན་དུ་དམིགས་ནས་དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ། ཨོཾ་ཏཥྛི་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤཱ་ཤྭ་ཏོ་མེ་བྷ་བ་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། ཨཱཿཁཾ་བཱི་ར་ཧཱུཾ་པྲ་ཏཱི་ཙྪ་ཀུ་སུ་མ་ཨཉྩ་ལི་ནཱ་ཐ་ཧོཿ། ཞེས་བརྗོད་ཅིང་མིག་ལ་སོགས་པ་བསྡམས་ནས་དེའི་དབུ་ལ་མེ་ཏོག་དོར་བར་བྱའོ། །རེ་ཁཱ་ལྔའི་ནང་དུ་མེ་ཏོག་ལྷུང་བའི་རྗེས་སུ་འབྲངས་ནས་རིགས་བསྟན་པར་བྱའོ། །དེའི་རྣལ་འབྱོར་ཀྱང་འདི་ལའོ། །མཛོད་སྤུའམ་དབུའམ་གཙུག་ཏོར་ལ་ལྷུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །སྤྱན་ནམ་ཞལ་ལ་ནི་སྔགས་ཀྱི་དངོས་གྲུབ་པོ། །འོག་གི་ཆ་ལ་དམན་པའོ། །ལྷ་རྣམས་ལས་རིང་ན་ཡུན་རིང་པོས་སོ། །མེ་ཏོག་དེ་ཨོཾ་པྲ་ཏི་གྲྀཧྞ་ཏཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་པས་མགོ་ལ་བཅིང་ངོ་ཞེས་པ་ཕྲེང་བའི་དབང་ངོ༌། །སློབ་མའི་སྙིང་གར་ཟླ་བ་ལ་བདག་པོ་དང༌། དཔྲལ་བར་ར་དང་མིག་


DTG022_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་ལ་འབར་བ་དང་བཅས་པའི་ཨོཾ་གཉིས་བསྒོམས་ནས། དཔལ་ལྡན་ཕག་མོ་རང་ཉིད་ཀྱིས། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེ་མིག་ནི་བླ་མེད་པ། །ཀུན་དུ་གཟིགས་པས་འབྱེད་པར་མཛོད། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨཱཿསྭཱ་ཧཱ། ཞེས་བརྗོད་ཅིང་གདོང་གཡོགས་དགྲོལ་བར་བྱའོ། །ད་ནི་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་འདི་ནི་ཡང་དག་ལྟོས། ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །ཡོན་ཕུལ་ཏེ་ཕྱག་བྱས་ནས་གཅིག་པུར་འདུག་པའི་སློབ་མས་བླ་མ་ལ་གསོལ་བ་གདབ་སྟེ། བསམ་དུ་མེད་པའི་ཆོས་ཀྱི་སྣོད། །དབང་བསྐུར་བ་ནི་བདག་མཛོད་ཅིག །བླ་མ་ཡིས་ནི་ལྷོ་སྒོ་རུ། །ཧེ་རུ་ཀ་ཡི་བདག་ཉིད་སེམས། སེང་གེའི་གདན་ལ་གཞག་པའམ། །སྣ་ཚོགས་པདྨའི་ཤིང་སྟེ་གསལ། །ཕྱག་རྒྱ་ལྔ་ལྡན་སློབ་མ་དེ། །ཁ་ཊྭཱཾ་ག་ནི་ཐོགས་གནས་ལ། །སྟེང་དུ་ལྷ་མོས་གདུགས་བཟུང་པ། །གཡས་པ་ཌ་མ་རུ་ཐོགས་པ། །རྣལ་འབྱོར་མ་དང་དཔའ་ཚོགས་ཀྱིས། །བསྐོར་བའི་དཀྱིལ་དུ་གནས་པ་ནི། །གླུ་དང་བཀྲ་ཤིས་ལ་སོགས་པ། །འབད་པས་ཡང་དག་མཆོད་ནས་སུ། །སྔར་བཤད་རིམ་པས་བྱུར་བསལ་བྱ། །རྣམ་རྒྱལ་བུམ་པ་ལ་སོགས་ཆུ། །བླངས་ནས་ཐོད་པར་བྱས་ནས་སུ། །ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དང༌། །དེ་ལས་བྱུང་བའི་མི་བསྐྱོད་པ། །དེས་མཚན་པའི་རང་བཞིན་གྱི་ཆུ་བས་མས་ལ་སྙིང་གའི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་སེམས་དཔའ་དེར་བཅུག་ལ། སྙིང་གའི་འོད་ཟེར་གྱིས་ཕྱོགས་མཐའ་ཡས་པ་ན་གནས་པའི་དེ་བཞིན་གཤེགས་པ་དང༌། རིག་པའི་ལྷ་མོ་རྣམས་ཡང་དག་པར་མཆོད་ནས་སློབ་མ་ལ་དབང་བསྐུར་བའི་དོན་དུ། རྡོ་རྗེ་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་གསོལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས། དེ་དག་ཤེས་རབ་མ་དང་སྙོམས་པར་ཞུགས་ཏེ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ནང་དུ་ཞུགས་ནས་རྡོ་རྗེ་ལམ་ནས་འཐོན་ཏེ་ཁུ་བ་དེ་ལྷ་མོའི་པདྨའི་


DTG022_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁ་ནས་ནང་དུ་བཅུག་པའི་སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་ཧཱུཾ་དང་རྡོ་རྗེ་ལས་བྱུང་བའི་ཡུམ་དང་བཅས་པའི་མི་བསྐྱོད་པའི་རང་བཞིན་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པ་ལ་དབང་བསྐུར་ནས། ཡང་ཕྱག་དང་ཞབས་ལ་སོགས་པའི་གཟུགས་ཀྱིས་པདྨ་ལས་འཐོན་ཏེ་གནས་པའི་སློབ་མ་ལ་ནམ་མཁའ་གང་བར་གནས་པའི་ཡུམ་དང་བཅས་པའི་རྡོ་རྗེ་ཅན་རྣམས་ཀྱིས་གུར་ཀུ་མ་ལ་སོགས་པའི་ཆ་དང༌། བྱང་ཆུབ་ཀྱི་སེམས་བདུད་རྩིས་གང་བའི་ཐོད་པ་རྣམས་ཕྱག་གིས་ཅུང་ཟད་གཞོལ་བས་དབང་བསྐུར་བར་བསམ་ཞིང༌། མཁའ་འགྲོ་མ་ལ་སོགས་པས་བཀྲ་ཤིས་གང་ཞིག་ཅེས་པ་ལ་སོགས་པའི་བཀྲ་ཤིས་བརྗོད་ཅིང༌། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཞེས་པ་ལ་སོགས་པ་དང༌། ཨོཾ་ཤྲཱི་ཙཀྲ་བཱི་ར་ཏྭཾ་ཨ་བྷི་ཥཉྩཱི་མི། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥཉྩི་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཱུཾ་ཞེས་པས་དབང་བསྐུར་རོ། །དེ་དེའི་ཚེ་བདེ་བ་ཆེན་པོའི་བདག་ཉིད་དུ་བསམ་པར་བྱའོ། །ཆུའི་དབང་ངོ༌། །གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་ཨོཾ་དང་རིན་པོ་ཆེ་ལས་སྐྱེས་པའི་རིན་ཆེན་འབྱུང་ལྡན་གྱི་གཟུགས་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པར་བསམས་ནས་ཆུའི་དབང་ལས་གསུངས་པའི་སྙིང་གའི་འོད་ཟེར་གྱིས་ཕྱོགས་མཐའ་ཡས་པ་ལ་སོགས་འདིར་ཡང་ཤེས་པར་བྱ་སྟེ། རྡོ་རྗེ་དང༌། དྲིལ་བུ་དང༌། མིང་གི་དབང་དུ་ཡང་ངོ༌། །འདིར་ཁྱད་པར་དུ་གསེར་ལ་སོགས་པ་ལས་བྱས་པའི་དབུ་རྒྱན་ཅོད་པན་རིན་ཆེན་འབྱུང་ལྡན་ལས་བྱས་པའི་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པ་སློབ་མའི་རིགས་ཀྱི་བདག་པོ་དབུས་ན་གནས་པའི་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་དེའི་མགོ་ལ་བསྐོན་ཞིང་སྟེང་དུ། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། དཔྲལ་བར། ཨོཾ་སཏྭ་བཛྲི་ཨ་བྷི་ཥཉྩི་བྷྲུཾ། གཡས་སུ། །ཨོཾ་རཏྣ་བཛྲི་ཨ་བྷི་ཥཉྩི་ཏྲཱཾ། རྒྱབ་ཏུ། ཨོཾ་དྷརྨཱ་བཛྲི་ཨ་བྷི་ཥཉྩི་ཧྲཱིཿ། གཡོན་དུ། ཨོཾ་ཀརྨ་བཛྲི་ཨ་བྷི་ཥཉྩི་ཨཿ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥཉྩི་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་བརྗོད་དོ། །ཅོད་པན་གྱི་དབང་ངོ༌། །ཧྲཱིཿཡིག་ལས་སྐྱེས་ཤིང་དེས་མཚན་པའི་པདྨ་ཡོངས་སུ་གྱུར་པའི་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེ་སློབ་མ་ཡང་དེ་


DTG022_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྟར་རྫོགས་པའི་སློབ་མའི་སྙིང་ག་དང༌། མགྲིན་པ་དང༌། མགོ་བོ་རྣམས་སུ་རྡོ་རྗེ་རིག་ནས། ཧེ་རུ་ཀ་དཔལ་དཔའ་སོགས་ཀྱིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང༌། །ཞེས་བརྗོད་ཅིང་སྙིང་ག་དང་ལག་པ་གཡས་པར་སྦྱིན་ནོ། །རྡོ་རྗེ་དབང་ངོ༌། །ཁཾ་དང་རལ་གྲི་ལས་སྐྱེས་པའི་དོན་ཡོད་གྲུབ་པའི་ངོ་བོ་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པའི་སློབ་མ་དང་དྲིལ་བུ་བསམས་ཏེ། དེའི་ལག་པ་གཡོན་པར་དྲིལ་བུ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དྲིལ་བུ་དབྱངས་ཀྱི་རྗེས་འགྲོར་ལྡན། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཞེས་བརྗོད་ཅིང་སྦྱིན་ནོ། །རྡོ་རྗེ་དང་དྲིལ་བུ་ཐོགས་པའི་ལག་པ་གཉིས་འཁྱུད་པའི་སྟངས་བྱེད་དུ་བཅུག་ལ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥཉྩཱི་མི་ཏིཥྛ་བཱི་ར་ས་མ་ཡ་སྟྭཾ་ཞེས་བརྗོད་དེ། ཨོཾ་བཛྲ་གྷཎྜེ་ཨ་ཨཿ། བཅོམ་ལྡན་བཟུང་ངོ་བ་དག་ལ་ནི། །ཡང་དག་ཉེ་བར་གྱུར་བར་མཛོད། །ཅེས་བརྗོད་དུ་གཞུག་གོ །དྲིལ་བུའིའོ། །དེ་ལྟར་གསོལ་བ་བཏབ་པར་གྱུར་པ། ཨོཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡེ་ཤེས་དང་ཐ་མི་དད་པ་སྤྱི་བོར་རྡོ་རྗེ་དང་དྲིལ་བུ་མཉམ་པོར་འཛིན་དུ་བཅུག་ལ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥཉྩཱི་མི་ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཞེ་སྡང་རྡོ་རྗེ་ཁྱོད་ཅེས་པ་དང༌། གཏི་མུག་རྡོ་རྗེ་ཁྱོད་ཅེས་པ་ལ་སོགས་པའི་མེ་ཏོག་ལྷུང་བའི་རིགས་ཀྱི་མིང་དམ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱིས་དབང་བསྐུར་རོ། །དེ་ལ། རྡོར་སེམས་རྣམ་རྒྱལ་དཔེ་མེད་དང༌། །ཡེ་ཤེས་སེམས་དཔའ་བདེ་བ་ཆེ། །ལྷན་སྐྱེས་ལུས་མེད་དགའ་བ་དང༌། །དང་པོ་མཆོག་རྡོར་ཨ་ལ་ལ། །མི་བསྐྱོད་བཞད་པ་འགྱིད་པ་དང༌། །རང་བྱུང་ཞེ་སྡང་ཧཱུཾ་མཛད་དང༌། །རྡོ་རྗེ་རོལ་པ་སྒེག་པ་དང༌། །དགའ་པ་དགྱེས་པ་སེམས་རྡོ་རྗེ། །རྣམ་སྣང་སྐུ་དང་སངས་རྒྱས་གཟུགས། །སྒྱུ་མ་དེ་བཞིན་གཤེགས་པ་དང༌། །རིན་ཆེན་ཡིད་བཞིན་ནོར་བུ་དང༌། །ང་རྒྱལ་དང་ནི་གཟི་བརྗིད་དང༌། །ནམ་མཁའ་འོད་


DTG022_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་རྡོ་རྗེའོ། །པདྨ་དག་དང་འོད་དཔག་མེད། །འདོད་ཆགས་ཆོས་དང་སྤྱན་རས་གཟིགས། །དོན་ཡོད་ལས་དང་དམ་ཚིག་རླུང༌། །ཕྲག་དོག་རེག་བྱ་ཕ་རོལ་བྱིན། །རྡོ་རྗེ་དབྱིངས་དབང་ཕྲེང་བ་མ། །མྱོང་མ་ཤུགས་མ་རྣམ་རོལ་མ། །བདག་མེད་ལག་མ་མཱ་མ་ཀཱི། །སྡང་དང་དགའ་མ་ཕྲེང་མ་འོད། །སྤྱན་མ་དཀར་མོ་མཁའ་འགྲོ་མ། །སྒེག་མ་རྡོ་རྗེ་གཏི་མུག་དགའ། །འབར་མ་ཕྲེང་མ་ནམ་མཁའ་དགའ། །དོ་ཤལ་རྡོ་རྗེ་དབུགས་འབྱིན་མ། །གོས་དཀར་བཞད་མ་འདོད་ཆགས་དགའ། །གླུ་མ་འདོད་ཆགས་རོ་ལངས་མ། །རྡོ་རྗེ་ངོ་མཚར་བརྔོ་བ་མ། །སྒྲོལ་མ་སྒྱུ་མ་གར་དབང་ཕྱུག །བསྒྱིངས་མ་རྡོ་རྗེ་དགའ་མའོ། །འདི་ནི་མིང་གི་དབང་ངོ༌། །དབང་ལྔ་པོ་འདི་དག་ནི་མ་རིག་པའི་གཉེན་པོ་ཡིན་པས་རིག་པའི་དབང་སྟེ་ལུས་ཀྱི་རྣམ་པར་དག་པའོ། །འདི་དག་གིས་དབང་བསྐུར་བ་ནི་བྱ་བ་དང་སྤྱོད་པའི་རྒྱུད་ཉན་པ་དང་བཤད་པ་དང༌། སྔགས་བསྒྲུབ་པ་ལ་དབང་བར་འགྱུར་རོ། །དེ་སྐད་དུ་གསུངས་པ། ཆུ་ནི་ཤིན་ཏུ་རྣམ་དག་ཡིན། །ཅོད་པན་མཉན་པ་ཉིད་དུ་འགྱུར། །རྡོ་རྗེ་རྟག་ཏུ་སོ་སོར་རྟོག །མིང་གི་མེ་ལོང་ཡེ་ཤེས་ཡིན། །དྲིལ་བུ་བྱ་བ་ནན་ཏན་ནོ། །ཞེས་པའོ། །རང་གི་སྙིང་པོ་ལ་སོགས་པ་བརྒྱ་རྩ་བརྒྱད་བཟླས་ཏེ། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་སྙིང་གནས་ཁའི་སྒོ་ནས་བྱུང་སྟེ། རྣ་བ་གཡས་པ་ནས་སྙིང་གར་ཞུགས་པ་བསམ་ཞིང་སྔགས་སྦྱིན་ཏེ། སློབ་མས་ཀྱང༌། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །སྔགས་ཀྱི་དབང་ངོ༌། །ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསམས་ནས། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་ཡི་ཕྱག་ན་གནས། །ཧེ་རུ་ཀ་དཔལ་བརྟུལ་བཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱིཿ། ཞེས་བརྗོད་ཅིང་དེ་ཉིད་ཀྱིས་གཟུང་དུ་གཞུག་གོ་ཞེས་པ་རྡོ་རྗེའི་བརྟུལ་ཞུགས་སོ། །དཔལ་བདེ་


DTG022_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་གི་སྙིང་པོའི་སྔགས་ཀྱིས་ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་པདྨའི་སྣོད་རྣམས་ལ་ལན་གསུམ་དུ་བཟླས་ལ། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་ནང་ཡང་དག་གནས་པ་ཉིད། །དེ་ནས་ཁ་ཊྭཱཾ་ཅང་ཏེའུ་སྣོད། །སྦྱིན་པ་དཔའ་པོས་གཟུང་བར་གྱིས། །ཞེས་པས་འཛིན་དུ་གཞུག་གོ་ཞེས་པ་སྤྱོད་པའི་བརྟུལ་ཞུགས་སོ། །དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ནས་ཆོས་གོས་ཀྱི་གྲྭ་བཟུང་བའི་ཁུ་ཚུར་གཡོན་པ་སྙིང་གར་བཟུང་ཞིང་གཡས་པ་མི་འཇིགས་པའི་ཕྱག་རྒྱས། འདིར་བདག་འཁོར་ལོ་གསུམ་དབང་ཕྱུག །སངས་རྒྱས་ཀུན་གྱི་རང་བཞིན་དངོས། །ཧེ་རུ་ཀ་དཔལ་མིང་ཅན་གྱི། །དེ་བཞིན་གཤེགས་པ་ཁྱོད་ལུང་བསྟན། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་གྲུབ་པ་སྟེ། མེ་ཏོག་ལྷུང་བའི་རིགས་ཀྱི་མིང་གི་དེ་བཞིན་གཤེགས་པའི་ཚུལ་ཅན་སློབ་མ་ཀྱེ་ཆེ་གེ་མོ་རྡོ་རྗེ་ཏ་ཐཱ་ག་ཏ་སིདྡྷྱཿས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ། ཁམས་གསུམ་གྱིས་ནི་རྒྱལ་པོ་ཆེ། །བདག་པོ་དཔལ་ལྡན་ཡོན་ཏན་གཏེར། །བདུད་ཀྱི་སྡེ་ཀུན་ཕམ་བྱས་ནས། །གྲོང་ཁྱེར་མཆོག་ཏུ་ཁྱོད་རབ་ཞུགས། །ཞེས་བརྗོད་དེ་ལུང་བསྟན་པར་བྱའོ། །དེ་ལྟར་ལུང་བསྟན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ་དང་པར་བྱའོ་ཞེས་ལུང་བསྟན་པའོ། །མཚན་མ་མེད་པའི་འགྲོ་བའི་དོན། །ད་ལྟ་གང་གིས་བྱེད་འགྱུར་པ། །ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་པོ་ཆེན་པོ་བདག་ལ་སྩོལ། །ཞེས་པས་གསོལ་བ་བཏབ་པའོ། །རྡོ་རྗེ་དང་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་ཚུལ་དུ་བསམས་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་བོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་བརྗོད་ཅིང་རྡོ་རྗེ་འཛིན་དུ་གཞུག་གོ ། འདི་དེས་སངས་རྒྱས་ལ་སོགས་པས། །དྲིལ་བུ་དང༌། ཕྱག་རྒྱ་འདི་ནི་དམ་ཚིག་བརྗོད། །ཡིད་ཀྱི་སྐུ་ནི་བརྟན་པའི་ཕྱིར། །གང་གི་སྐུ་ནི་མ་ལུས་བརྟན། །དེས་ནི་ཕྱག་རྒྱ་རབ་ཏུ་བརྗོད། །ཅེས་པ་སྟེ་རྡོ་རྗེ་དྲིལ་བུ་དང་བཅས་པའི་ལག་པ་གཉིས་ཀྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་འཁྱུད་པ་ནས་གནས་པ་


DTG022_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་སེམས་དཔའི་ཚུལ་དུ་བསམས་ཏེ་ཆུའི་དབང་ལས་གསུངས་པའི་ཆོ་གས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་དེ་དབང་བསྐུར་རོ། །སྤྱི་བོར་མི་བསྐྱོད་པ་བསམས་ལ་གཞན་རྒྱལ་བ་དང་ལྷ་མོ་རྣམས་དེ་ཉིད་ལ་ཡེ་ཤེས་སེམས་དཔའི་ཆུལ་དུ་ཐིམ་བར་བྱས་ནས། ཨོཾ་སུ་པྲ་ཏི་ཥྛི་བཛྲེ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་ནས་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ་དེས་གསུངས་པ། བཅུ་དྲུག་བདག་ཉིད་ཤེས་རབ་མ། །ལག་པ་གཉིས་ཀྱིས་བཟུང་ནས་ནི། །རྡོ་རྗེ་དྲིལ་བུ་སྦྱོར་བ་ལས། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་སོ། །དེ་ནས། དཔའ་བོ་དཔའ་མོའི་དབང་ཕྱུག་གྲོང༌། །རང་བཞིན་དག་པ་སངས་རྒྱས་བདག །ལུས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས། །དྲི་མ་མེད་པ་བུ་ཁྱོད་ལྟོས། །གནས་དང་ཉེ་བའི་གནས་ལ་སོགས་པ་བདག་ཉིད་ཀྱི་དཀྱིལ་འཁོར་ལ་གནས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་རྩ་སུམ་ཅུ་རྩ་བདུན་དཀྱིལ་འཁོར་བའི་ལྷའི་འཁོར་ལོ་དཔལ་ཧེ་རུ་ཀའི་ཡན་ལག་དང་ཉིད་ལག་ཉེ་བར་བསྟན་པར་བྱའོ། །ཕྱིར་མི་ལྡོག་པའི་དབང་ངོ༌། །གསེར་རམ་དངུལ་གྱི་སྣོད་ལ་བཞག་པའི་མར་དང་སྤྲང་གི་མིག་སྨན་གསེར་གྱི་ཐུར་མས་སློབ་མའི་མིག་གཉིས་ལ་པྲཾ་བསམས་ཏེ། ཨོཾ་བཛྲ་ནི་ཏྲ་ཨ་པ་ཧ་ར་བ་ཊ་ལཾ་ཧྲཱིཿ། ཞེས་བྱུག་པ་ནི་ཐུར་མའི་དབང་ངོ༌། །ཨ་ཡིག་གིས་བསྔགས་པའི་མེ་ལོང་སློབ་མ་ལ་བསྟན་ཞིང༌། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །དག་ཅིང་གསལ་ལ་དྲི་མ་མེད། །སངས་རྒྱས་ཀུན་བདག་རང་བཞིན་དུ། །ཀྱེ་བུ་ཁྱོད་ཀྱི་སྙིང་ལ་གནས། །ངོ་བོ་མེད་ཅིང་གནས་མེད་པའི། །ཆོས་རྣམས་དེ་ལྟར་ཤེས་པས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྟོན་པའི་ཐུགས་ལས་ཁྱོད་སྐྱེས་སོ། །ཞེས་བརྗོད་པ་ནི་མེ་ལོང་གི་དབང་ངོ༌། །བླ་མ་ཆེན་པོ་འཁོར་ལོའི་གཙོ། །ཚོགས་འཁོར་བྱས་ཏེ་མཆོད་ནས་སུ། །དེ་ནས་དེ་ལ་ཕྱག་འཚལ་ནས། །དཔའ་བོས་གསང་པའི་དོན་གསོལ་གདབ། །སྐྱོབ་


DTG022_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་སྐྱབས་མེད་པ་ཡི་སྐྱབས། །མགོན་པོ་རྒྱུ་མེད་སྙིང་རྗེ་ཆེ། །མགོན་པོས་བདག་ལ་བཀའ་དྲིན་སྩོལ། །བདེ་མཆོག་འཁོར་ལོས་བདག་ལ་སྐྱོབས། །ཇི་ལྟར་ཁྱོད་ཉིད་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་སྩོལ། །འཁོར་བ་འདམ་གྱི་ཚོགས་དག་ཏུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་པས་གསོལ་བ་བཏབ་ལ། །ལང་ཚོལ་བབ་པ་དམ་ཚིག་དང་ལྡན་པ་གསང་དབང་གི་དོན་དུ་བླ་མ་ལ་ཕུལ་ལ། བླ་མ་འཁོར་ལོའི་དབང་ཕྱུག་གི་རྣལ་འབྱོར་གྱིས་ཐ་མལ་པའི་བུད་མེད་ཀྱི་གཟུགས་སྟོང་པའི་རྗེས་སུ་ཕག་མོའི་གཟུགས་སུ་བསྐྱེད་པ་དེ་དང༌། རྡོ་རྗེ་དང་པདྨའི་འདུ་བྱ་བ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ཅིང༌། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པ་ཤེས་རབ་དང་བཅས་པ། རྣམ་པར་སྣང་མཛད་ལ་སོགས་པ་རང་ལ་ཁ་ནས་ནང་དུ་བཅུག་ལ་འདོད་ཆགས་ཆེན་པོས་ཞུ་བ་ཨ་ཝ་དྷཱུ་ཏཱི་ལས་འཐོན་པར་བསམས་ལ་རྡོ་རྗེ་ནོར་བུར་ལྷན་སྐྱེས་བརྟན་པར་བྱ་སྟེ། མཐེ་བོ་དང་མིང་མེད་དག་གིས་རྡོ་རྗེ་ནོར་བུ་བཟུང་ནས་པདྨ་ལས་ཕྱུང་སྟེ། དེ་བཞིན་གཤེགས་པ་ཞུ་བ་རང་གི་བྱང་ཆུབ་ཀྱི་སེམས་དང་ཐ་མི་དད་པར་ལྷག་པར་མོས་པ་ལ་གསུང་རྡོ་རྗེའི་ཚུལ་གྱི་སློབ་མའི་ཁ་རུ། འདས་པའི་རྡོ་རྗེ་འཛིན་སོགས་ཀྱིས། །རྒྱལ་སྲས་ཇི་ལྟར་དབང་བསྐུར་བ། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །ལེགས་པར་བུ་ཁྱོད་དབང་བསྐུར་རོ། །ཞེས་པ་དང༌། དཀྱིལ་འཁོར་གྱི་བདག་པོའི་སྔགས་བརྗོད་ཅིང་སྦྱིན་པར་བྱའོ། །དེས་ཀྱང་དེ་བཞིན་གཤེགས་ལ་འདུས་པའི་བློས་ཨ་ཧོ་མ་ཧཱ་སུ་ཁ། ཞེས་སྨྲ་ཞིང་བཏུང་བར་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་གསང་བས་དབང་བསྐུར་བས་ན་གསང་བའི་དབང་ངོ༌། །བྱང་ཆུབ་རྡོ་རྗེས་ཞེས་པ་ལ་སོགས་པས་གསོལ་བ་བཏབ་པའི་སློབ་མ་ལ་ཤེས་རབ་མ་དེ། འདི་ནི་ཁྱོད་ཀྱི་ཉམས་དགའི་གཟུགས། །སངས་རྒྱས་ཀུན་གྱིས་སྟེར་བྱར་གསུངས། །འཁོར་ལོའི་རིམ་པའི་རབ་སྦྱོར་བས། །བདེ་བ་དམ་པ་ཡང་དག་མྱོང༌། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་


DTG022_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནང་དུ་གནས་བལྟ་ཞིང༌། །ཞེས་རབ་ཏུ་བསྟན་ནས་གཏད་དོ། །འཁོར་ལོ་ནི་སྐུ་ལ་སོགས་པའི་འཁོར་ལོ་གསུམ་གྱི་ལྷའི་ཚོགས་ཏེ། དེའི་རིམ་པས་སྦྱོར་པ་ནི་དགུག་པ་དང༌། གཞུག་པ་དང༌། རྡོ་རྗེའི་ལམ་ནས་འཐོན་པར་བྱེད་པའོ། །རྡོ་རྗེ་སྐྱིལ་ཀྲུང་ནི་སྣ་བུ་ག་གཡོན་དང་གཡས་པ་ལ་རྒྱུ་བ་བཀག་ནས་པདྨའི་ནང་དུ་བལྟས་པ་རྡོ་རྗེ་ནོར་བུའི་ནང་དུ་གནས་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ། ཤིན་ཏུ་ཕྲ་བར་བལྟ་ཞིང་འོད་གསལ་བའི་བདེ་བ་མྱོང་བར་མཛོད་ཅིག་ཅེས་པའོ། །བུད་མེད་ལ་དབང་བསྐུར་ན་ནོར་བུ་ནི་པདྨའི་ཡིན་ཏེ་ཁྱད་པར་རོ། །དེས་ཀྱང་གུར་ཀུམ་ལ་སོགས་པས་དྲི་ཞིམ་པར་བྱས་པའི་ཆུ་སྐྱེས་གོས་མེད་པར་སློབ་དཔོན་ལ་སྟོན་ཅིང༌། ཀྱེ་མ་བདག་གིས་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །འགའ་ཞིག་ཆོ་གས་བསྟེན་པར་བྱེད། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་མཉེས་པ་ལ་སོགས་པ། པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཉྫ་མོ་ཀྵ་ཧོཿ་ཞེས་བརྗོད་དོ། །ཆོ་ག་ནི་ཕག་མོའི་གཟུགས་སུ་བསྐྱེད་པའོ། །མོ་ཀྵ་ཞེས་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་པ་སྟེ་དེ་སྟོན་ཞེས་པའོ། །དེས་ཀྱང་སྔོམ་པའི་སྐུ་དང་དེ་ཕག་མོར་བསྐྱེད་ནས་རྡོ་རྗེ་ཧཱུཾ་ལས་བྱུང་བ་ནག་པོ་དེ་ནོར་བུར་ཅུང་ཟད་དམར་པའི་བྱཱ་ལས་བྱུང་བ་བྱཱ་དཀར་པོས་རྩེ་མོ་བྱིན་གྱིས་བརླབས་པ། པདྨ་འདབ་མ་གསུམ་པ་ཨ་དམར་པོ་ལས་བྱུང་བ་དྱཱ་དཀར་པོ་ལས་བྱུང་བའི་ལྟེ་བ་རྩེ་མོར་དྱ་སེར་བོས་བྱིན་གྱིས་བརླབས་པ་བསམས་ལ། གཡོན་བའི་གཡོན་ངོས་སུ་གནས་པའི་རྩ་རྩེ་མོར་ཧྲཱིཿ་དམར་པོ་དང་ལྡན་པའི་མཛུབ་མོ་དང་ལྕེས་སིད་ཅེས་བྱ་ཞིང་བསྐུལ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ་ཉ་ཧཾ་ཞེས་པའི་སྔགས་བཟླས་ཤིང༌། ནོར་བུའི་རྩ་བར་སེམས་ནི་དགའ་བ་ཙམ་སྐྱེས་ཏེ། །དེ་རྗེས་ནོར་བུའི་དཀྱིལ་དུ་འདོད་བྱ་མ་ལུས་པར་ནི་འདོད། །དེ་སྟེང་རྩེ་མོའི་མཐར་ནི་ཞི་བ་མི་རྟོག་བཞིན། །གང་ཡང་ལྷན་ཅིག་སྐྱེས་རིགས་པདྨར་གནས་པ་སྟོན། །ཞེས་དགའ་བའི་དབྱེ་བ་རྟོགས་ནས་རང་གིས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བྱིན་


DTG022_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་བརླབས་པའི་ལུས་བླ་མས་ཀྱང་རྒྱལ་བ་དཔག་ཏུ་མེད་པ་བཅུག་པ་དང་རོ་གཅིག་ཏུ་གྱུར་པར་དགའ་བར་བརྩམས་ཏེ། དེ་ལ་དགའ་བྲལ་གྱི་དད་པོ་མཆོག་དགའི་ཐ་མ་དེ་གཉིས་ཀྱི་བར་གྱི་སྐད་ཅིག་ཏུ་རིག་མའི་བདེ་བ་ལ་མ་ལྟོས་པར་མ་ཉམས་པའི་བདེ་བ་སྟེ། །གང་ལ་ཐོག་མཐའ་བར་མ་མེད། །གཞན་ཡང་མེད་ཅིང་རང་ཡང་མེད། །སྲིད་དང་མྱ་ངན་འདས་པ་མེད། འདི་ཉིད་བདེ་བ་ཆེན་པོའི་མཆོག །ཅེས་དེ་ཁོ་ན་ཉིད་བསམ་དུ་མེད་པ་ཤེས་རབ་ཡེ་ཤེས་ཏེ་གཡོ་བ་མེད་པར་འགྱུར་ལ་ནུས་པ་ཇི་ལྟ་བས་བཟུང་ཞིང་ཉམས་སུ་མྱོང་བར་གནས་སོ། །ཡང་ན་བཙན་ཐབས་ཀྱིས་དཔྲལ་བར་དྲང་ངོ༌། །མ་ནུས་ན་དལ་བུས་བཏང་ནས་པདྨ་ལས་ལྕེས་བླངས་ཏེ་དེ་ཁོ་ན་ཉིད་དུ་བལྟས་ལ་དམ་ཚིག་གི་བྱང་ཆུབ་སེམས་བཏུང་ངོ་ཞེས་སོ། །ཤེས་རབ་ཡེ་ཤེས་སོ། །ཟབ་ཅིང་རྒྱ་ཆེའི་ལམ་ལ་ལྷ་མོས་ལ། ཚིག་ཉིད་ཀྱི་ནི་དབང་བསྐུར་རིན་ཆེན་སྦྱིན། །ཞེས་པ་དང༌། བཞི་པ་དེ་ནི་དེ་བཞིན་ནོ། །ཞེས་གསུངས་པས་ཤེས་རབ་ཡེ་ཤེས་དེ་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་བྱུང་བ་ནི་སྒོམ་པ་རྒྱས་པར་བྱེད་པ་ནི་སྒྲིབ་པ་མེད་པ་གནས་པ་ནི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་དུ་མེད་པའི་རང་བཞིན་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་གི་རང་བཞིན་བཞི་པར་བརྗོད་པར་བྱའོ་དབང་བཞི་པའོ། །ཞི་བའི་སྦྱིན་སྲེག་བྱས་ནས་རང་དང་སློབ་མ་ལ་སོགས་པས་དཀྱིལ་འཁོར་མཆོད་དེ། །ཚོགས་འཁོར་བྱས་ནས་མཚན་མོ་ཁྱེད་ཀྱིས་འཇུག་པ་འདི་བྱ་བ་འདི་ལྟ་བུ་ལ་ཡང་སྨྲ་པར་མི་བྱའོ་ཞེས་བསྒྲགས་ལ། སློབ་མ་ལས་ཡོན་བླང་བར་བྱ་ཞིང་དེས་ཀྱང་བུ་དང༌། ཆུང་མ་དང༌། ལུས་དང༌། ནོར་དང༌། ས་གཞི་ལ་སོགས་པ་ཇི་ལྟར་ནུས་པ་དབུལ་ལོ། །བླ་མ་མཉེས་ན་དངོས་གྲུབ་འགྱུར། །གཞན་དུ་མིན་ཞེས་ཐུབ་པས་གསུངས། །ཞེས་གསུངས་པ་ཡིས་སོ། །ཕྱི་རོལ་དུ་ཕྱོགས་ཀྱི་གཏོར་མ་ལ་སོགས་པ་བྱས་ཏེ་ནང་དུ་ཞུགས་ལ་ཕྱག་བྱས་ལ། མཆོད་ཡོན་ལ་སོགས་པས་མཆོད་དེ། དེ་ལས་བྱུང་བའི་དགེ་བ་བསྔོས་ལ་བསྐོར་བ་གསུམ་བྱས་ཏེ་ལྷོ་སྒོར་ཡི་གེ་བརྒྱ་པ་བརྗོད་ལ་བཟོད་པར་གསོལ་ལོ། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།།


DTG022_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅེས་པ་ལ་སོགས་པ་དང༌། ཨོཾ་ཨཱཿ་ཧཱུཾ་བཛྲ་མུཿ། ཞེས་པས་ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ་ཏེ། དམ་ཚིག་འཁོར་ལོ་རང་ལ་བཅུག་ནས། ཆོས་ཐམས་ཅད་སྐྱེ་བ་མེད་པར་ལྟག་པར་མོས་ཤིང་དྲིལ་བུ་དཀྲོལ་ཏེ། ལག་པ་ན་ཡོད་པའི་རྡོ་རྗེས་ཚངས་ཐིག་གི་ལམ་ནས་དཀྱིལ་གྱི་བར་དུ་དབྱི་ཞིང་རང་གི་མགོ་ལ་རྡུལ་ཚོན་ཅུང་ཟད་ཙམ་བཅུག་ལ། པདྨ་ལ་སོགས་པ་དང་སྒོ་དང་མཚམས་རྣམས་དབྱེ་བར་བྱའོ། །ཞི་བའི་དོན་དུ་འདོད་པ་རྣམས་ལ་རྡུལ་ཚོན་ཅུང་ཟད་བྱིན་ལ་རྡུལ་ཚོན་གཞན་ནི་རྣམ་རྒྱལ་གྱི་བུམ་པར་བླུགས་ལ་རས་ཀྱིས་བརྒྱན་པ་དང་དོ་ལིར་བཞག་ལ། རོལ་མོ་ལ་སོགས་པ་སྔོན་དུ་འགྲོ་བས་ཆུ་བོའི་འགྲམ་དུ་འདུག་སྟེ། བའི་ལྕི་བ་དང་དྲི་དཀར་པོས་མཎྜལ་ལ་པདྨའི་ལྟེ་བར་བདེ་མཆོག་ལ་སྙིང་པོའི་སྔགས་ཀྱིས་མཆོད་ནས་འདབ་མ་རྣམས་ལ་ཀླུ་བརྒྱད་དེ། དེ་ལ་ཤར་དུ་ཨོཾ་ཨཱཿ་ཨ་ནྣ་ཏཱ་ཡ་ཧཱུཾ་སྭཱ་ཧཱ། ལྷོར་ཨོཾ་ཨཱཿ་པདྨཱ་ཡ་ཧཱུཾ་སྭཱ་ཧཱ། ནུབ་ཏུ་ཨོཾ་ཨཱཿ་ཏཀྵ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། བྱང་དུ་ཨོཾ་ཨཱཿ་བཱ་སུ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། དབང་ལྡན་དུ་ཨོཾ་ཨཱཿ་མ་ཧཱ་པདྨཱ་ཡ་ཧཱུཾ་སྭཱ་ཧཱ། མེར་ཨོཾ་ཨཱཿ་ཤཾ་ཁ་པཱ་ལཱ་ཡ་ཧཱུཾ་སྭཱ་ཧཱ། བདེན་བྲལ་དུ་ཨོཾ་ཨཱཿ་ཀ་རྡོ་ཊ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། རླུང་དུ་ཨོཾ་ཨཱཿ་ཀུ་ལི་ཀཱ་ཡ་ཧཱུཾ་སྭ་ཧཱ། ཞེས་པའི་སྔགས་རྣམས་ཀྱིས་མེ་ཏོག་དཀར་པོ་མཆོད་ལ་ལག་པ་གཡོན་པ་གདེངས་ཀའི་སྟངས་དང་གཡས་པ་བརྐྱང་སྟེ། ཨོཾ་ཨ་ནནྟ་པཱ་སུ་ཀེ། ཏཀྵ་ཀ་ཀ་རྐོ་ཊ་པདྨ་མ་ཧཱ་པདྨ་ཤཾ་ཁ་པཱ་ལ་ཀུ་ལི་ཀ །པཱ་ལཱ་དེ་བ་ཏི། མ་ཧཱ་དེ་བ་ཏི། སོ་མ་སི་ཁི། དཎྜ་དྷ་ར་མ་ཧཱ་དཎྜ་དྷ་ར། པཱ་ལཱ་ལ་ཧུ་ལུ་རུ་ནནད། སཱ་ག་རཱ་མ་ཧཱ་སཱ་ག་རཱ་ཏཔྟ། མ་ཧཱ་ཏ་པྟ། ཤྲཱི་ཀཱ་ནྟི། མ་ཧཱ་ཀཱནྟི། རཏྣ་ཀཱནྟི། སུ་རཱུ་པ། མ་ཧཱ་སུ་རཱུ་པ། བྷ་དྲ་ནཱ་ག །མ་ཧཱ་ཨུ་ད་ར། ཤི་ལི། མ་ཧཱ་ཤི། ཨོཾ་བྷཀྵ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ། མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུར་བྷུ་བ། ཕུ་ཕུ་སྭཱ་ཧཱ་ཞེས་བརྗོད་ནས། གཞན་རྣམས་ལ་ཡང་འོ་མའི་གཏོར་མ་རྣམས་ཕུལ་ཏེ། ཀླུ་རྣམས་ལ་རྔུལ་ཚོན་གཏད་ལ་ཆུར་དོར་རོ། །དེ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་འོག་ཏུ་དྲངས་པར་བསམ་པར་བྱའོ། །གང་དུ་རྡུལ་ཚོན་ཁྱེར་བའི་བུམ་པ་དེ་ཆུས་བཀང་ལ་དེ་


DTG022_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་དུ་ཁྱེར་ཏེ་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པ་ལ་གཏོར་པར་བྱའོ། །དེར་བའི་ལྕི་བས་བྱུགས་ལ་གཞོན་ནུ་མ་རྣམས་ལ་འོ་ཐུག་གི་སྟོན་མོ་བྱའོ། །སློབ་མ་དབང་བསྐུར་བ་བཞིན་དུ་ལྷའི་རབ་གནས་ཀྱང་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་རྡོ་རྗེ་ཡིས། །ཆོ་ག་སྣ་ཚོགས་ལས་བཏུས་ནས། །དཀྱིལ་འཁོར་ཆོ་ག་བྱས་པ་འདིས། །སེམས་ཅན་ཀུན་ལ་ཕན་པར་ཤོག །དཔལ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། །།ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་ཐང་བི་ཧ་རར་བསྒྱུར་བའོ།།


previousདཔལ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག། དེ་བཞིན་གཤེགས་པའི་རྡོ་རྗེ།next