Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་སྡོམ་པ་འབྱུང་བའི་སྒྲུབ་ཐབས།  


 
previousདཔལ་སྡོམ་པ་འབྱུང་བའི་སྒྲུབ་ཐབས། no next

དཔལ་སྡོམ་པ་འབྱུང་བའི་སྒྲུབ་ཐབས།


DTG022_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། །ཤྲཱི་ས་མྦ་རོ་ད་ཡ་སཱ་དྷ་ནཾ། བོད་སྐད་དུ། །དཔལ་སྡོམ་པ་འབྱུང་བའི་སྒྲུབ་ཐབས། དཔལ་སྔོམ་པ་འབྱུང་བ་ལ་ཕྱག་འཚལ་ལོ། །དག་ཞི་མཁའ་མཉམ་ཁྱབ་པ་པོ། །རྟོགས་དཀའ་རྣལ་འབྱོར་པ་སྤྱོད་ཡུལ། །མི་མཉམ་གཉིས་མེད་རྒྱུ་མེད་པ། །ཁྱེད་རྣམས་ལ་སྲུངས་དཔལ་སྡོམ་འབྱུང༌། །སྔོམ་པ་འབྱུང་རྒྱུད་གསུངས་པ་ཡི། །སྒྲུབ་ཐབས་རིམ་པ་ཡང་དག་བསྡུས། །སྒོམ་པས་གཏི་མུག་འཚེ་བ་ལས། །མི་རྣམས་གྲོལ་བའི་ཕྱིར་བྱའོ། །འདིར་ཐོག་མར་རེ་ཞིག་བསྒོམ་པའི་དབང་དུ་བྱས་ཏེ། ཁ་ལྷོར་བལྟས་ལ་མགོ་སྐྱེས་གྲོལ་བས་གཏོར་མ་བྱིན་ཞིང་དམ་ཚིག་བརྟན་པས། སེམས་ཅན་གྱི་ཕུང་པོ་མཐའ་དག་བདེ་མཆོག་གི་སྐུ་ཐོབ་པར་བྱ་བའི་ཕྱིར། བདག་དཔལ་བདེ་མཆོག་གོ །ཞེས་སྐད་ཅིག་ལ་སྟོང་པ་ཉིད་ཀྱིས་ཐ་མལ་པའི་ང་རྒྱལ་སྤངས་པར་གྱུར་ལ། བདེ་མཆོག་ཕྱག་གཉིས་པ་ཤེས་རབ་དང་བཅས་པའི་རྣལ་འབྱོར་དང་ལྡན་པའི་


DTG022_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔགས་ལ། ཨོཾ་ཨ་ཡིག་ལ་སོགས་པ་ཀྵ་ཡིག་གི་མཐར་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལན་གསུམ་བརྗོད་ཅིང་ཡི་གེའི་ཕྲེང་བ་གཡོན་སྐོར་གྱིས་གནས་པ་འོད་ཟེར་ལྔ་འཕྲོ་བའི་ལྷའི་ཚོགས་བགེགས་ཀྱི་ཚོགས་འཇོམས་པར་བསྒོམས་ནས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ཀྱི་རྣམ་པར་དག་པ་རྣམས་པར་སྣང་མཛད་ལ་སོགས་པ་ལྷག་པར་མོས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞའ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་པཱ་ན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། སྔགས་བཞི་རྗེས་སུ་བརྗོད་ཅིང༌། ནག་པོ་དང་ལྗང་གུ་དང་དམར་པོ་དང་སེར་པོ་དང་ཚངས་པའི་སྒོ་ང་དང༌། ས་འོག་གི་བར་དུ་ཁྱབ་པར་འབར་བའི་སྐུ་ཆེན་པོ་རྣམས་ཤར་དང་བྱང་དང་ནུབ་དང་ལྷོའོ་ཕྱོགས་རྣམས་སུ་རིམ་པས་གཞག་པར་བྱའོ། །དེའི་འོད་ཟེར་རྣམས་ཀྱི་ངེའི་ཁ་དོག་གི་ར་བ་བཞི་པོ་རྣམ་ས་དང༌། དེ་དང་དུས་མཉམ་པ་ཁོ་ནར་ཧཱུཾ་ལས་སྐྱེས་ཤིང་དེས་བྱིན་གྱིས་བརླབས་པའི་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་བཞི་ས་འོག་གི་མཐར་ཐུག་པ་རྣམས་སོ། །རྡོ་རྗེ་དེའི་འོད་ཟེར་རྣམས་ཀྱིས་རྡོ་རྗེ་རྩེ་ལྔ་པའི་ར་བ་དང་སྟེང་དུ་མདའི་དྲ་བའོ། །དེའི་འོག་ཏུ་རྡོ་རྗེའི་གུར་རོ། །དེའི་འོག་ཏུ་རྡོ་རྗེའི་བླ་རེ་ཡང་བསམ་པར་བྱའོ། །དེ་ནས་སུམྦྷ་ལ་སོགས་པའི་སྔགས་བཞི་པོ་བརྗོད་ཅིང་ཕྱོགས་རྣམས་སུ་སེ་གོལ་བརྡབས་པས་གདུག་པ་བདུན་རྣམས་བསྐྲད་དེ། རྣམ་པ་ཐམས་ཅད་དུ་འགྲོ་བ་བགེགས་དང་བྲལ་བར་ལྷག་པར་མོས་པར་བྱའོ། །དེ་ནས་རང་གི་སྙིང་གར་ཨོཾ་ལས་སྐྱེས་པའི་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ་བལྟ་ཞིང་དེ་ལས་འཕྲོས་པའི་ཕྱོགས་བཅུ་ཁྱབ་པར་ཡོངས་སུ་འཕྲོ་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་མདུན་གྱི་ནམ་མཁར་ཡང་དག་པར་བཀུག་སྟེ། འཆད་པར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོ་ལ། རང་གི་སྙིང་གའི་ས་བོན་ལས་འཐོན་པའི་མེ་ཏོག་མ་དང༌། བདུག་པ་མ་དང༌། མར་མེ་མ་དང༌། དྲི་མ་དང༌། པི་ཝང་མ་དང༌། གླིང་བུ་མ་དང༌། རྔ་ཟླུམ་མ་དང༌། རྫ་རྔ་མ་དང༌། བཞད་མ་དང༌། སྒེག་མ་དང༌། གླུ་མ་དང༌། གར་མ་དང༌། མེ་ལོང་མ་དང༌། རོ་མ་དང༌། རེག་བྱམ་དང༌། ཆོས་མ་རྣམས་ཏེ་ལྷ་མོ་བཅུ་དྲུག་པོ་རྣམས་ཀྱིས་མཆོད་པར་བྱའོ། །དེའི་རྗེས་ལ་རྐང་བ་བརྒྱད་པའི་སྔགས་རྣམས་ཀྱིས་བསྟོད་དེ། སྡིག་པ་བཤགས་པ་ལ་སོགས་པ་ཇི་


DTG022_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྲིད་བཏང་སྙོམས་ཀྱི་བད་རྣམས་བསྒྲུབས་ནས། ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦ་དྷ་རྨྨཱཿ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་པའི་དོན་མངོན་དུ་བྱ་ཞིང་ཁམས་གསུམ་པ་སྟོང་པའི་རང་བཞིན་དུ་བལྟས་ཏེ་ཡི་གེ་གསུམ་གྱི་རང་བཞིན་ཨོཾ་ཨཱཿ་ཧཱུཾ་ཨཱུ་ཧ་མགོ་ཟླ་བ་ཕྱེད་པ་ཐིག་ལེ་རྣམས་ལ་རིམ་པས་ནཱ་དའི་མཐར་བསྒོམས་ལ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་འདིའི་དོན་ནང་དུ་བརྗོད་པས་གསལ་བར་བྱ་ཞིང་ནཱ་ད་ཙམ་གྱི་རྣམ་པར་རྟོག་པ་ཡང་ཡོངས་སུ་དོར་བར་བྱའོ། །སྡོད་ཀྱི་སྨོན་ལམ་ལ་སོགས་པའི་མཐུས་རང་རང་གི་ས་བོན་ལྷག་པར་གནས་པའི་རང་གི་སེམས་ནཱ་དའི་གཟུགས་ཀྱིས་ནམ་མཁར་གཞག་སྟེ། ཡཾ་ལས་སྐྱེས་པའི་རླུང་སྔོན་པོ་གཞུ་ལྟ་བུ་རྒྱལ་མཚན་དང་བཅས་པའོ། །རཾ་ལས་སྐྱེས་པའི་མེ་དམར་པོ་ཟུར་གསུམ་དུ་མེ་ལྕེ་བདུན་པ་དང་བཅས་པའོ། །བཾ་ལས་སྐྱེས་བའི་ཆུ་དཀར་པོ་ཟླུམ་པོ་བུམ་པ་དང་བཅས་པའོ། །ལཾ་ལས་སྐྱེས་པའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་ཟུར་དུ་རྡོ་རྗེ་ཕྱེད་པ་དང་བཅས་པའི་སྟེང་དུ་སུཾ་ལས་བྱུང་བའི་རི་རབ་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་སྟེང་དུ་བཾ་ལས་སྐྱེས་པའི་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེ་འུ་འབྲུར་གནས་པའི་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གཡོན་དང་ཅིག་ཤས་སུ་བསྐོར་བའི་ཨཱ་ལི་ཀཱ་ལི་ཉིས་འགྱུར་ལས་སྐྱེས་པའི་གཟུགས་བརྙན་ལྟ་བུའི་ཟླ་བའི་དཀྱིལ་འཁོར་གཅིག་ལ་སྔར་གཞག་པའི་ནཱ་ད་ལས་རིམ་གྱིས་རྫོགས་པའི་འོད་ཟེར་སྤྲོ་བ་དང༌། བསྡུ་བས་ལྷའི་འཁོར་ལོ་རྡོ་རྗེ་སེམས་དཔའི་རང་བཞིན་ཧཱུཾ་ཡིག་རྣམ་པར་བསྒོམ་པར་བྱའོ། །ཟླ་བ་དང་ས་བོན་དེ་ཡོངས་སུ་གྱུར་པ་ལས་དུར་ཁྲོད་བརྒྱད་དང་གཞལ་ཡས་ཁང་དང་དཀྱིལ་འཁོར་གྱི་ལྷ་རྣམས་དང་ལྷན་ཅིག་པའི་བཅོམ་ལྡན་འདས་གཡས་བརྐྱང་བའི་ཞབས་གཉིས་ཀྱིས་སྣ་ཚོགས་ཆུ་སྐྱེ་ས་དང་ཉི་མ་དང་འཇིགས་བྱེད་དང་དུས་མཚན་མོ་རྣམས་མནན་བ། རྩ་བ་དང་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནག་པོ་དང་དཀར་པོ་དང་དམར་པོ་དང༌། ཞལ་སོ་སོ་ལ་སྤྱན་གསུམ་པ། སྟག་གི་པགས་པའི་ཤམ་ཐམས་ཅན། ཕྱག་དྲུག་པ་རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་གཟུང་གིས་རྡོ་རྗེ་རྣམ་སྣང་མཛད་མ་ལ་འཁྱུད་པ། གཉིས་པའི་ཕྱག་དག་གིས་གླང་པོ་ཆེའི་པགས་པ་དཀར་པོ་ཁྲག་དང་བཅས་པ་རྒྱབ་ཏུ་བརྒྱངས་ནས་འཛིན་པ། གསུམ་པའི་


DTG022_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་གཡས་པ་དང་གཡོན་པ་དག་གིས་ཌ་མ་རུ་དང་ཁ་ཊྭཱཾ་ག་དང་ཐོད་པ་ཡང་འཛིན་པའོ། །མི་མགོ་རླན་དང་བཅས་པ་ལྔ་བཅུའི་ཕྲེང་བ་མགུལ་བ་ལ་འཕྱང་བ། མགུལ་རྒྱན་དང་རྣ་རྒྱན་དང་ལག་གདུབ་དང༌། སྤྱི་བོ་ལ་འཁོར་ལོ་དང༌། སྐེ་རགས་དང༌། མིའི་རུས་པའི་རང་བཞིན་གྱི་ཐལ་བ་སྟེ། ཕྱག་རྒྱ་དྲུག་དང༌། མིའི་རྒྱུས་པའི་མཆོད་ཕྱིར་ཐོགས་པ་དཔྲལ་བའི་སྟེང་དུ་ཐོད་པ་ལྔའི་ཕྲེང་བས་བརྒྱན་པ། ནོར་བུའི་གཡོན་ཕྱོགས་སུ་ཟླ་བ་ཚེས་པ་དང༌། རལ་པའི་ཅོད་པན་སྣ་ཚོགས་རྡོ་རྗེས་མནན་པ། རྣམ་པར་འགྱུར་བའི་ཞལ་ཅུང་ཟད་བྱེ་ཞིང་མཆེ་བ་གཙིགས་བ་སྒེག་པ་དང༌། དཔའ་བ་དང༌། མི་སྡུག་པ་དང༌། དྲག་པོ་དང༌། བཞད་པ་དང༌། འཇིགས་སུ་རུང་བ་དང༌། སྙིང་རྗེ་དང༌། ངོ་མཚར་དང༌། ཞི་བ་སྟེ། གར་གྱི་ཉམ་དགུ་དང་ལྡན་པར་བདག་ཉིད་བསྒོམ་པར་བྱའོ། །བཅོམ་ལྡན་འདས་མ་རྣམ་པར་སྣང་མཛད་མ་ནི་དམར་མོ་སྤྱན་གསུམ་མ་ཞལ་གཅིག་མ། སྐྲ་སིལ་བུར་གྲོལ་བ། གཅེར་བུ་ཐོད་པའི་དུམ་བུའི་ཕྲེང་བས་བརྒྱན་པ། ཕྱག་གཡོན་པ་ཐོད་པ་ཡོན་པོར་འཛིན་པས་འཁྱུད་པ། ཟླ་མཚན་དང་ལྡན་པས་གཙོ་བོ་ལ་སྟོབས་པ། གཡས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་སྟེང་དུ་བརྐྱང་པས་གདུག་པ་རྣམས་ལ་ཀུན་དུ་བསྡིགས་པ། ཁྲག་དང་བྲལ་བ་ཉིད་ཀྱིས་མི་མགོ་སྐམ་པོའི་ཕྲེང་བ་ཅན། ཉི་མའི་དཀྱིལ་འཁོར་གྱི་འོད་ཅན་ཕྱག་རྒྱ་ལྔ་དང་ལྡན་པ། དགའ་བའི་སྤུ་ལང་དང་ལྡན་པ་བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་དཀྲིས་ཏེ་བཅུག་པས་འཁྱུད་ནས་བཞུགས་པའོ། །དེ་ནས་ཕྱོགས་ཀྱི་འདབ་མ་རྣམས་ལ་མཁའ་འགྲོ་མ་དང༌། ལཱ་མ་དང༌། ཁཎྜ་རོ་ཧཱ་དང༌། རཱུ་པི་ཎཱི་རྣམས་ནག་མོ་དང༌། ལྗང་གུ་དང༌། དམར་མོ་དང༌། སེར་མོའི་མདོག་ཅན་སྤྱན་གསུམ་ཞལ་གཅིག་མ་སྐྲ་གྲོལ་བ་ཕྱག་གཉིས་མ་གཡོན་པས་ཁ་ཊྭཱཾ་ག་དང་ཐོད་པ། གཡས་པས་རྡོ་རྗེ་གྲི་གུག་འཛིན་པ་གཅེར་བུ་གཡས་བརྐྱང་བས་གནས་པ་རྣམས་སོ། །ཕྱོགས་བྲལ་གྱི་འདབ་མ་རྣམས་ལ་བདུད་རྩི་ལྔས་གང་བའི་པདྨའི་སྣོད་རྣམས་སོ། །སྒོ་རྣམས་སུ་ཁྭ་གདོང་མ་དང༌། འུག་གདོང་མ་དང༌། ཁྱི་གདོང་མ་དང༌། ཕག་གདོང་མ་རྣམས་མཁའ་འགྲོ་མ་ལ་སོགས་པ་བཞིན་ཏེ་ཞལ་གཞན་མིང་གི་རྗེས་སུ་འགྲོ་བ་རྣམས་སོ།།


DTG022_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟུར་རྣམས་སུ་ཡ་མ་དཱ་དྷཱི་དང༌། ཡ་མ་དུ་ཏྭཱི་དང༌། ཡ་མ་དཾ་ཥྚྲཱི་ཎི་དང༌། ཡ་མ་མ་ཐཱ་ནཱི་རྣམས་མིའི་ཞལ་ཅན་ཏེ་ཕྱེད་གཟུགས་མའོ། །བརྒྱད་པོ་འདི་རྣམས་ནི་རོའི་གདན་ལའོ། །མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་ཐམས་ཅད་ཀྱང་མི་མགོ་བརྒྱུས་པའི་ཕྲེང་བ་མགུལ་བན་འཕྱང་བ། དཔྲལ་བ་རྡོ་རྗེའི་ཕྲེང་བས་མཚན་པ། ཕྱག་རྒྱ་ལྔ་དང་ལྡན་པ། སྐེ་རགས་ལ་སྒྲ་དང་བཅས་པའི་དྲིལ་ཆུང་གི་རྣམ་པར་བརྒྱན་པ། དཔྲལ་བ་དང་མགྲིན་པ་དང་སྙིང་ག་རྣམས་སུ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ་ཏིང་ངེ་འཛིན་སེམས་དཔའོ། །དེའི་ཐུགས་ཀར་ཐིག་ལེ་ནཱ་ད་དང་བཅས་པ་བདེ་བ་ཆེན་པོའི་བདུད་རྩིའི་རང་བཞིན་བསམ་པར་བྱའོ། །ཨོཾ་ཨཱཿཧཱུཾ་ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ནཾ་ཀཱ་ཡ་བཱ་ཀ་ཙིཏྟ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྡྷརྨྨཱ་བཛྲ་ཤུདྡྷོ྅ཧཾ་ཞེས་པ་བརྗོད་པར་བྱའོ། །དེའི་རྗེས་ལ་ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ་ཞེས་པ་འདིས་དེ་བཞིན་གཤེགས་པ་དྲུག་གི་ངོ་བོས་སྙིང་ག་དང༌། སྤྱི་བོ་དང༌། སྤྱི་གཙུག་དང༌། ཕྲག་པ་གཉིས་དང་ཡན་ལག་ཐམས་ཅད་ལ་བསྲུང་བ་བྱའོ། །ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ། ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་དཔའ་མོ་དྲུག་གི་སྙིང་པོས་ལྟེ་བ་དང་སྙིང་ག་དང༌། ཁ་དང་སྤྱི་གཙུག་དང༌། ཡན་ལག་རྣམས་ཐམས་ཅད་ལ་ཡང་གོ་ཆ་བྱའོ། །དེའི་རྗེས་ལ་རྡོ་རྗེ་དང་པདྨ་རྣམ་པར་སྦྱངས་ཏེ་ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་དག་གིས་ལྟེ་བ་དང༌། སྙིང་ག་དང༌། རང་གི་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གིས་མགྲིན་པ་དང་དཔྲལ་བར་ཡང་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་དང༌། བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གིས་མགྲིན་པ་དང་དཔྲལ་བ་དག་ཏུའོ་བྱས་ཏེ། ཡི་གེ་གསུམ་གྱིས་དགའ་བ་བརྩམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་དང་འབར་བའི་ཕྱག་རྒྱ་དང༌། ཕཻཾ་ཡིག་གིས་ཀྱང་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། ལྷ་མོ་བཅུ་དྲུག་པོ་རྣམས་ཀྱིས་མཆོད་


DTG022_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་ཇི་ལྟར་རིགས་པར་བདག་ཉིད་ཀྱི་ལྷ་རྣམས་ལ་རབ་ཏུ་བཅུག་ལ་ཨོཾ་ཡོ་ག་ཤུདྡྷཿ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང་པད་སྐོར་དང་འཁྱུད་པའི་སྟངས་ཀ་ཡང་བྱའོ། །ཨོཾ་ཨཱཿཧཱུཾ་ཞེས་པ་ལ་སོགས་པའི་སྔགས་གསུམ་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོས་ལྷན་ཅིག་བྱོན་པའི་རྡོ་རྗེ་རྣལ་འབྱོར་མ་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཐོད་པ་དང་ཌ་མ་རུ་འཛིན་པ་རྣམས་དང༌། སྙིང་གའི་ས་བོན་ལས་སྤྲོས་པའི་གླིང་བུ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས། །ཇི་ལྟར་བལྟམས་པ་ཙམ་ཉིད་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཞེས་པ་བརྗོད་ཅིང་ཕྱག་གཡོན་པ་ན་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཐོད་པ་ཅུང་ཟད་གཡོ་བ་འཛིན་པ་རྣམས་ཀྱིས་བདག་ལ་དབང་བསྐུར་ཏེ་བདེ་བ་ཆེན་པོའི་རང་བཞིན་དུ་རྣམ་པར་བསྒོམ་པར་བྱའོ། །ཆུ་ལྷག་མ་ལས་གྲུབ་པའི་དེ་བཞིན་གཤེགས་པ་རྣམས་རང་དང་ལྷ་རྣམས་ཀྱི་སྤྱི་བོར་ཡང་ངོ༌། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་བརྗོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱི་སྣ་ཚོགས་རྡོ་རྗེར་གནས་པའི་མི་བསྐྱོད་པའོ། །བཅོམ་ལྡན་འདས་མའི་རྣམ་པར་སྣང་མཛད་དེ། །མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་རིན་ཆེན་དབང་པོའོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་ལྷ་མོ་རྣམས་ཀྱི་དམ་ཚིག་ལ་སོགས་པ་རྣམས་ཀྱིས་དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་གཙོ་བོ་ལ་མཆོད་པ་བྱས་ནས། རོ་མར་བརྗོད་པས་དྲང་ཞིང་བདུད་རྩི་མྱངས་ཏེ། རྐང་པ་བརྒྱད་པའི་སྔགས་རྣམས་དང༌། སྤྲོས་པའི་ལྷ་མོ་རྣམས་ཀྱིས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ལ་བསྟོད་པར་བྱའོ། །གསུངས་པ་འདི་ཐམས་ཅད་དང་ཁམས་གསུམ་མཐའ་དག་ཀྱང་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པ་ཉིད་རབ་ཏུ་རྟོགས་པའི་ཆེད་དུ་རབ་ཏུ་ཞུགས་ཏེ། དབུགས་


DTG022_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་འོད་ཟེར་གྱིས་ཡང་དག་པར་བཀུག་པའི་འགྲོ་བ་དུར་ཁྲོད་དང༌། ཁྭ་གདོང་མ་ལ་སོགས་པ་དང༌། བདེ་བ་ཆེན་པོའི་འཁོར་ལོའི་མཁའ་འགྲོ་མ་ལ་སོགས་པ་དང༌། བཅོམ་ལྡན་འདས་མ་དང༌། བཅོམ་ལྡན་འདས་དང༌། ཉི་མ་དང༌། ཧཱུཾ་དང༌། ཨཱུ་དང༌། ཧ་དང། མགོ་དང༌། ཟླ་བ་ཕྱེད་པ་དང༌། ཐིག་ལེ་དང༌། ནཱ་ད་རྣམས་མེ་ལོང་ལ་དབུགས་ཀྱི་རླངས་པ་ཕོག་པ་ལྟ་བུའི་དབྱེ་བའི་རིམ་པས་འོད་གསལ་ལ་རབ་ཏུ་གཞུག་པར་བྱའོ། །དེ་ནས་སྐད་ཅིག་ལ་ལངས་ཏེ། དོན་དམ་པ་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་རང་བཞིན་ལྷའི་འཁོར་ལོར་མཐའ་དག་ཀྱང་བལྟ་བར་བྱའོ། །དེ་ནས་སྐྱོན་སྔགས་བཟླས་པར་བྱ་སྟེ། ལྟེ་བའི་པདྨ་དང༌། ཟླ་བར་ནཱ་ད་དཀར་དམར་ལ་ལྷའི་འཁོར་ལོ་རྣམས་དང་ལྷན་ཅིག་པའི་རླུང་གི་འཇུག་པ་དང༌། གནས་པ་དང་ལྡང་པ་རྣམས་ཀྱིས་ཨོཾ་ཨཱཿཧཱུཾ་ཞེས་པ་ནང་དུ་བཟླས་པ་བརྗོད་པ་ནི་རྡོ་རྗེའི་བཟླས་པའོ། དེ་ཁོ་ན་ལྟར་དེ་ཉིད་ལས་ནཱ་ད་ལས་བརྗོད་ཅིང་ལྷའི་ཚོགས་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་རྣམས་བཟླ་བར་བྱ་སྟེ། ལྷ་སོ་སོ་རེ་རེའི་སྔགས་བརྗོད་པ་ཡོངས་སུ་རྫོགས་པ་ན་སོ་སོར་སྤྲོ་བ་དང་བསྡུ་བའོ། །ཞེས་པ་དམ་ཚིག་གི་བཟླས་པ་གོམས་པར་བྱའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྣམ་པར་མོས་པས་སྔགས་ཀྱི་ཕྲེང་བ་རང་གི་ཞལ་དུ་ཞུགས་ཏེ། རྡོ་རྗེའི་ལམ་ནས་པདྨར་སོང་ནས་ཨ་བ་དྷཱུ་ཏཱིའི་ལམ་ནས་ལངས་ཏེ་བཅོམ་ལྡན་འདས་མའི་ཞལ་ནས་ལ་ཐོན་ཏེ། རང་གི་ཞལ་གྱི་སྒོ་ནས་རབ་ཏུ་ཞུགས་པ་དེ་ཁོ་ན་ལྟར་འཁོར་བ་བསྒོམ་ཞིང༌། ཕྲེང་བའི་སྔགས་བཟླས་པར་བྱའོ་ཞེས་པ་འོད་ལིའི་བཟླས་པའོ། །དེ་ལ་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཊཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཧྲཱིཿཏཱ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོ་སྟེ་བཅོམ་ལྡན་འདས་ཀྱིའོ། །བཅོམ་ལྡན་འདས་མའི་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྲཱཧཱ། སྙིང་པོའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །བཅོམ་ལྡན་འདས་དང༌། བཅོམ་ལྡན་འདས་མའི་


DTG022_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྲེང་བའི་སྔགས་གཞན་དུ་གཟུང་བར་བྱའོ། །ཨོཾ་ཊཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྭ་ནཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤཱུ་ཀ་རཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་དྷཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དུ་ཏཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། དཔའ་མོའི་སྔགས་རྣམས་སོ། །དེ་ནས་མདུན་དུ་ཡཾ་ལས་སྐྱེས་པའི་རླུང་གི་སྟེང་དུ་རཾ་ལས་སྐྱེས་པའི་མེ་ལ་མི་མགོ་གསུམ་གྱི་སྐྱེད་པུ་ལ་གནས་པའི་ཨ་ཡིག་དཀར་པོ་ལས་སྐྱེས་པའི་པདྨའི་སྣོད་དེའི་དབུས་སུ་ཟན་ལ་སོགས་པ། ཨོཾ་ཨཱཿཏྲཾ་ཁཾ་ཧཱུཾ། ལཱཾ་མཱཾ་པཱཾ་ཏཱཾ་བཱཾ་གི་ཡི་གེ་དང་དེས་བྱིན་གྱིས་བརླབས་པའི་བདུད་རྩི་དང་སྒྲོན་མ་ལྔ་བསྐྱེད་དེ་རླུང་གཡོས་པས་མེ་སྦར་ཏེ་བསྲོས་པས་ས་བོན་ལ་སོགས་པ་ཞུ་ནས་ཉི་མ་འཆར་ཀའི་མདོག་དང་ཁུ་བའི་གཟུགས་སུ་བལྟ་བར་བྱའོ། །དེའི་སྟེང་དུ་དངུལ་ཆུ་ལྟ་བུའི་ཧཱུཾ་ཡིག་ལས་བྱུང་བའི་ཁ་ཊྭཱཾ་ག་བདུད་རྩིའི་རང་བཞིན་འོག་ཏུ་ཁ་བལྟས་པ་སྣོད་དུ་ཞུ་བ་རྣམ་པར་བལྟ་ཞིང་རོ་མཉམ་དུ་གྱུར་པ་བསྒོམ་པར་བྱའོ། །ཨཱ་ལི་ཀཱ་ལི་ལས་སྐྱེས་པའི་ཨོཾ་ཨཱཿཧཱུཾ་གི་ཡི་གེ་སྟེང་ནས་སྟེང་དུ་གནས་པ་རྣམས་རྣམ་པར་བསྒོམས་ཏེ། དེ་རྣམས་ལས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་རྣམས་སྤྲོས་ཏེ། འགྲོ་བའི་དོན་བྱས་ནས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ཞུ་བར་གྱུར་པ་ཇི་ལྟ་བར་དེ་རྣམས་དང་ཡི་གེ་གསུམ་པོ་རྣམས་ལ་བཅུག་ལ་དེ་རྣམས་ཀྱང་རིམ་གྱིས་བདུད་རྩིར་ཞུ་བར་བལྟས་ཏེ། དེ་རྣམས་ཉིད་ཀྱིས་དེ་སྲིད་འདོད་པ་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་རྐང་པ་གཡོན་པས་རྐང་པ་གཡས་པ་མནན་ཏེ། གཡོན་པ་གཏོར་མའི་སྟེང་དུ་བལྟ་ཞིང་ལག་པ་དག་གི་ཁ་འོག་ཏུ་བྱས་ཏེ་མཐེ་བོང་གི་རྩེ་མོ་ཕན་ཚུན་སྤྲད་པའི་སྟེང་དུ་མཛུབ་མོ་གཉིས་ཀྱི་རྩེ་མོར་ལྕགས་སྒྲོག་བཅིངས་ལ་གུང་མོ་ལ་རྩེ་མོར་བྱས་ནས་མིང་མེད་དང་མཐེའུ་ཆུང་བརྐྱང་བ་དང་དཔྲལ་བའི་སྟེང་དུ་གཡོན་དང༌། ཅིག་ཤོས་སུ་བསྐོར་བདག་གིས་བསྐོར་བར་བྱའོ་ཞེས་པ་འབར་པའི་ཕྱག་རྒྱའོ། །དེ་ནས་ཕཻཾ་ཡིག་གིས་ཕྱོགས་བཅུ་ན་


DTG022_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས་པར་བལྟས་ཏེ། ལྷ་དེ་རྣམས་གཡོན་དང་ཅིག་ཤོས་ཀྱི་ཕྱག་དག་གིས། ས་མ་ཡ་སྟྭཾ་ས་མ་ཡ་ཧོཿཞེས་པ་བརྗོད་ཅིང་གཡོན་དང་ཅིག་ཤོས་སུ་བསྐོར་ཞིང་བསྐོར་བས་མཆོད་བྱ་དང་མཆོད་བྱེད་དང་མཆོད་པ་རྣམས་དབྱེར་མེད་པར་ལྷག་པར་མོས་པ་སྔོན་དུ་འགྲོ་བའི་གཏོར་མས་མཉེས་པར་བྱའོ། །ཨིནྡྲ། ཡ་མ། བ་རུ་ཎ། ཀུ་བེ་ར། ཨཱི་ཤ །ཨགྣི། རཱཀྵ་ས། པཱ་ཡུ་ཙནྡྲ། སཱུཪྻ། བྲཧྨ། ཨཱ་དི། བེ་མ་ཙི་ཏྲ་པྲ་ཐི་བི་དེ་བ་ཏཱཿ། ས་པ་རི་ཝཱ་ར་ཨཱ་ཀཪྵ་ཡ་ཛཿ་ཧཱུཾ་བཾ་ཧོཿསཾ་ཏྲྀ་པ་ཏཿ་སརྦ་དེ་བ་ཏཱཿ། སཱ་དྷ་ཀ་ཤཱིནྟཾ་ཀུ་རུ་སརྦ་ཀེ་ཪྻཾ་ཀུ་རུ་སིདྡྷིར་བྷ་བ་ཏུ་ཡ་ཐཱ་སུ་ཁཾ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ་ཧྲཿ་ཧྲཿ་ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལ་མྦི་ནི་གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦམྦཱ། ཏརྫ་ཡ་ཏ་རྫ་ཨཱ་ཀཌྜྷྱ་ཧྲིཾ་ཧྲིཾ། ཛྞཽཾ་ཛྞཽཾ། ཧཾ་ཧཾ། ཧིཾ་ཧིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་འདིས་ལན་ཅིག་བརྗོད་པས་བཅོམ་ལྡན་འདས་ཤེས་རབ་དང་བཅས་པ་དང༌། མཁའ་འགྲོ་མ་ལ་སོགས་པ་གཤིན་རྗེ་འཇོམས་པའི་མཐར་ཐུག་པ་རྣམས་ཀྱིས་ཇི་ལྟར་རིགས་པར་བསྐོར་བར་བྱའོ། །ཨོཾ་བཛྲ་ཨ་རལླི་ཧོཿ་ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟཾ་དྲྀ་ཤྱ་ཧོཿཞེས་པ་འདིས་ལན་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔར་བརྗོད་པས་དབུལ་བར་བྱའོ། །དེ་ནས་དུར་ཁྲོད་བརྒྱད་དང་ཕྱོགས་སྐྱོང་བ་ལ་སོགས་པ་རྣམས་ཀྱིས་སྔར་བཞིན་བསྐོར་བར་བྱའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུན་མཾ་ད་ཨ་བསྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ་ཨི་མཾ། བ་ལིཾ་གྲྀཧྞནྟུ་ས་མ་ཡཾ་རཀྵ་ནྟུ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪ་ནྟུ་ཡ་ཐཻ་བཾ་ཡ་ཐེ་ཥྚཾ་བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐ་མཱ་ཏི་ཀྲ་མ་ཐ་མ་མ་སརྦ་ཀཱ་རྟ་ཡ་སཚུ་ཁཾ་པྲྀདྡྷ་ཡེ་ས་ཧཱ་ཡི་ཀ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པས་དབུལ་བར་བྱའོ། །དེ་ནས་རྐང་པ་བརྒྱད་པའི་སྔགས་ཀྱིས་ཡང་དག་པར་བསྟོད་དེ་མངོན་པར་འདོད་པའི་དངོས་གྲུབ་གསོལ་བ་བཏབ་ནས་ཡི་གེ་བརྒྱ་བ་བཟླས་ལ་ཙྪོ་མའི་ལག་པས་བརྡ་བྱས་ལ། ཨོཾ་


DTG022_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོ་ག་ཤུདྡྷཿ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ་ཞེས་པ་བརྗོད་ཅིང་བད་ཀོར་གྱི་ཕྱག་རྒྱས་མཉེས་པར་བྱའོ། །ཕྱག་རྒྱ་ཉེ་བར་སྡུད་པ་ན་ཡང་འཁྱུད་པའི་སྟངས་ཀ་སྔོན་དུ་འགྲོ་བར་མིང་མེད་དད་མཐེའུ་ཆུང་གིས་སེ་གོལ་བྱའོ། །ཨོམ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཇི་ལྟའི་རྗེས་མཐུན་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་པ་དང༌། །ཇི་ལྟར་བདེ་བར་བཞུགས་པར་མཛོད། །ཨོཾ་བཛྲ་མུཿཞེས་བརྗོད་དེ་གཤེགས་པར་བྱ་ཞིང་འཁོར་ལོ་དེ་ཐམས་ཅད་བདག་ཉིད་ལ་རབ་ཏུ་གཞུག་པར་བྱའོ། །ལྡང་བར་འདོད་ན་སྙིང་ག་དང༌། མགྲིན་པ་དང༌། ལྟེ་བ་དང༌། དཔྲལ་བའི་པདྨའི་ཟེའུ་འབྲུ་རྣམས་ལ་མཁའ་འགྲོ་མ་ལ་སོགས་པ་བཞི་དང༌། ཁ་དང་སྣ་བུག་གཡོན་པ་དང་བཤང་ལམ་དང༌། སྣ་བུག་གཡས་པ་རྣམས་ལ་ཁ་གདོང་མ་ལ་སོགས་པ་བཞི་དང༌། གཡས་པ་དང་གཡས་མིན་གྱི་རྣ་བ་དང༌། མིག་རྣམས་ལ་ཡ་མ་དཱ་དྷཱི་ལ་སོགས་པ་བཞི་རབ་ཏུ་བསྟིམས་ཏེ། ངག་གི་སྒོ་ལ་སོགས་པའི་གཟུགས་ཀྱིས་གནས་པར་ཤེས་པར་བྱས་ནས། འདིར་སྤྱི་བོའི་འོག་ན་བཞུགས་པའི་བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་རྡོ་རྗེ་ལྷ་རྣམས་ཐམས་ཅད་ཡང་དག་པར་འཁྱུད་པ། གསང་བའི་ཆུ་སྐྱེས་ལས་སྐྱེས་པ་རྡོ་རྗེ་ཕག་མོ་དང་ཡང་དག་པར་འཁྱུད་པའི་དགའ་བ་ཡིད་ཀྱི་བདེ་བ་ཆེན་པོ་རང་བཞིན་འབྱུང་བར་འགྱུར་རོ་ཞེས་པ་གདམས་ངག་ལས་ཤེས་པར་བྱའོ། །ལུས་ཀྱི་དཀྱིལ་འཁོར་ཡང་དང་ཡང་ཤིན་ཏུ་བརྟན་པར་མོས་ཤིང་ཤེས་རབ་ཀྱི་བདག་ཉིད་སྟོང་པ་ཉིད་དང༌། སྙིང་རྗེ་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་གྱི་སྐུ་དང་མཚུངས་པར་རང་ཉིད་ལྷག་པར་མོས་པས་ཇི་ལྟར་མཛེས་པར་རྣམ་པར་དཔྱད་པར་བྱའོ། །ཞེས་སོ། །བདེ་མཆོག་སྒྲུབ་ཐབས་བསྡུས་པ་ལས། །དྲི་མེད་བསོད་ནམས་འཁྲུངས་པ་དེས། །མཐའ་ཡས་སྐྱེ་བོ་འདི་རྣམས་ནི། །རྡོ་རྗེ་དབང་ཕྱུག་མྱུར་ཐོབ་ཤོག །ཅེས་སོ། །དཔལ་སྡོམ་པ་འབྱུང་བའི་སྒྲུབ་ཐབས་རྫོགས་སོ།། །།བ་ལ་པོའི་པཎྜི་ཏ་ཆེན་པོ་ཀྵཱནྟི་ཤྲཱིའི་ཞལ་སྔ་ནས་བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་བློ་བརྟན་གྱིས་བལ་བོའི་ཡུལ་གཽ་ཏ་མ་བྷི་ཧ་རིར་བསྒྱུར་བའོ།། །།


previousདཔལ་སྡོམ་པ་འབྱུང་བའི་སྒྲུབ་ཐབས། no next