སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་བླ་མའི་ཞལ་སྔའི་མན་ངག།
འདུལ་བས་སྦྱིན།


DTG025_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། གུ་རུ་ཨུ་པ་དེ་ཤ་ནཱ་མ་མ་ཧཱ་མཱ་ཡཱ་མཎྜལོ་པ་ཡི་ཀ །བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་བླ་མའི་ཞལ་སྔའི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །རང་རིག་རྣམ་པ་ཡིད་དུ་འོང་བའི་སྐུ། །རྣམ་པར་རྟོག་པའི་འཇུག་པ་མ་ལུས་བསལ། །རྣམ་དག་རིག་པ་གཉིས་མེད་སྐུ་འཆང་བའི། །ཁྲག་འཐུང་དཔའ་བོ་རྡོ་རྗེ་ཅན་ཕྱག་འཚལ། །སྒྱུ་འཕྲུལ་ཆེན་མོའི་ཆོ་ག་དེའི། མན་ངག་ལེགས་པར་རྒྱུན་ཆགས་པ། །འདུལ་བས་བྱིན་གྱིས་ལེགས་པར་ནི། །དཀྱིལ་འཁོར་རིམ་པ་གསལ་བར་བྱ། །རྒྱུད་པའི་ཤིན་ཏུ་ཟབ་དང་དྲང་བའི་ཚིག་ནི་ཕལ་ཆེར་སྤྲོས་པའི་བདག་ཉིད་ལ། །ཆགས་མེད་བློ་ཡིན་ནོར་ཅན་རྣམས་ཀྱིས་ཀྱང་ནི་རིག་མིན་བདག་ལ་འང་སྨྲ་ནུས་མེད། །འོན་ཀྱང་དཔལ་ལྡན་བླ་མའི་ཞབས་ཀྱིས་ལེགས་པར་གསུངས་པ་ཕྲ་མོ་སྒོམ་ཙམ་དང༌། །རྡོ་རྗེ་སྤུན་གྱིས་གསོལ་བ་བཏབ་པས་བདག་གི་དྲན་པར་བྱ་ཕྱིར་ཅུང་ཟད་བརྗོད། །དེ་ལ་དང་པོར་


DTG025_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེན་པ་དང༌། དཀོན་མཆོག་དང༌། ལས་དང་འབྲས་བུ་ལ་སོགས་པ་ལ་མངོན་པར་ཡིད་ཆེས་པ་དང་ལྡན་པ། སེམས་ཅན་མ་ལུས་པ་ལ་བུ་གཅིག་པ་ལྟར་བྱམས་པ། ཁམས་གསུམ་པའི་སེམས་ཅན་གྱི་ཚོགས་ཀྱིས་སྡུག་བསྔལ་གསུམ་གྱི་སྦྱོར་བས་སྡུག་བསྔལ་བར་གྱུར་པ་ལ་དམིགས་ནས། དེ་དག་གདོན་པའི་བསམ་པ་རྫོགས་པའི་བྱང་ཆུབ་ཏུ་བྱས་ལ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དང་ལྡན་པ་སྒྱུ་འཕྲུལ་ཆེན་མོ་ནས་གསུངས་པའི་རིམ་པས་ཆུ་ལ་སོགས་པའི་རྗེས་སུ་གནང་བ་དག་གིས་དབང་བསྐུར་བ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པའི་བསམས་ཅན་གསང་སྔགས་དང་རྒྱུ་དང་དངོས་གྲུབ་ཤེས་པས། མེ་ཏོག་དང་འབྲས་བུ་ལ་སོགས་པས་བརྒྱན་པའི་རཾ་འམ། ཆུ་བྲན་དང་འབབ་ཆུའི་འགྲམ་མམ། དུར་ཁྲོད་ལ་སོགས་པའི་ཡིད་དང་མཐུན་པའི་གནས་གང་ཡང་རུང་བ་འབའ་ཞིག་ཏུ། ཐོ་རངས་གདོང་དག་པ་ལ་སོགས་པ་བྱ་སྟེ། སྟན་ཤིན་ཏུ་འཇམ་པ་ལ་འདུག་ནས། སྙིང་གར་ཉི་མ་ལ་ཡི་གེ་ཧཱུཾ་བཀོད་ལ་དེའི་འོད་ཟེར་ལས་བྱུང་བའི་ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས། མདུན་གྱི་གནས་སུ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། དཀྱིལ་འཁོར་ལྷ་ལྔའི་བདག་ཉིད་ཅན་གྱི་འཁོར་ལོ་ཅན་མགོན་པོ་ལ་ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་དང༌། སྨོན་ལམ་གདབ་པར་བྱས་ལ། སྟོང་པ་ཉིད་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་ཡིད་ཀྱིས་གདོན་པར་བྱའོ། །དེ་མ་ཐག་ཏུ་ནམ་མཁར་མཚོ་སྐྱེས་དམར་པོ་འདབ་མ་བཞི་པ་ལ་གནས་པའི་ཉི་མ་ལ་ཐིག་ལེ་འཕྲོ་འདུ་ཅན་ལྔ་གནས་པ་སྔོན་དུ་བསམས་ལ། དེ་ནས་ཡུད་ཙམ་ཕྱོགས་བཅུའམ་བཞིའི་ཐིག་ལེ་ལས་བྱུང་བའི་མཁའ་འགྲོ་མ་བདེ་བ་ཆེན་པོ་ཤིན་བཏུ་དགའ་བ་ལས་ཆགས་པའི་གཟུགས། བྱམས་པ་ཆེན་པོ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་སྔོན་དུ་གོམས་པའི་རང་བཞིན་ཅན་བཞི་གར་བྱེད་ཅིང་གླུ་ཡིད་འོང་བའི་སྐད་སྙན་པས་སྐུལ་བར་བྱེད་པར་བསམ་མོ། །ཧ་ལེ་ས་ཧི་བི་ཡ་ཀ་མ་ལ་པ་པོ་ཧི་ཨུ་པ་ཛྙེ་ཨ་ལ་ལ་ལ་ལ་ཧོ། །མ་ཧཱ་སུ་ཁ་ན། ཨ་ར་ཧི་ཨུ་ནྲེ་ཏེ་ཎ། ར་བི་ཀི་ར་ཎེཀ་ཎ་པ་ཕུལ་ཎི་ལི་ཨུ་ཀ་མ་ལུ་མ་ཧཱ་སུ་ཧེ་ཨ་ལ་ལ་ལ་


DTG025_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ཧོ། །མ་ཧཱ་སུ་ཧེ་ན་ཨ་ར་ཧི་ཨུ་ནེ་ཏྱ་ན། དེ་ནས་འགྲོ་བ་མ་ལུས་པ་འཁོར་བའི་སྡུག་བསྔལ་ལས་གདོན་པའི་བསམ་པ་ཅན། འགྲོ་བ་སྒྱུ་མ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་ཁོ་ནའི་ངོ་བོར་བལྟས་ལ།། ཐིག་ལེ་དབུས་མ་ལས་བྱུང་བའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ན་ཨིནྡྲ་ནཱི་ལ་ལྟ་བུའི་འོད་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་མཆོག་ཏུ་དགའ་བ་མཛེས་པའི་ཞལ་བཞི་པ། ཕྱག་བཞི་པ་སྐུ་ལ་ཐལ་བའི་རྡུལ་གྱིས་བསྒོས་པ། འདིའི་རྩ་བའི་ཞལ་ནི་ལུས་ལྟར་མཐིང་ག་གཡས་སེར་པོ་རྒྱབ་དམར་པོ་གཡོན་མར་གད་ལྟར་འབར་བ་སྤྱན་གསུམ་པ། མིའི་པགས་པ་ལ་སོགས་པ་དང༌། ཕྱག་རྒྱ་ལྔས་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ་ཉི་མའི་གདན་མངའ་བ་མི་བསྐྱོད་པས་དབུ་བརྒྱན་པའི་ཐོད་པའི་ཕྲེང་བ་ཅན། རོལ་པའི་ཕྱག་གཡས་དང་ཅིག་ཤོས་དག་གིས་མདའ་གཞུ་བསྣམས་པ། ཁྲག་གིས་བཀང་བའི་ཐོད་པ་དང༌། དྲིལ་བུ་གཡེར་ཁ་དང་བཅས་པ་ཁ་ཊྭཱཾ་གས་འབྲེལ་པ་དག་གིས་རང་གི་ངོ་བོ་དང་གཉིས་སུ་མེད་པའི་རང་སྣང་བའི་སངས་རྒྱས་མཁའ་འགྲོ་མའི་གཟུགས་ལ་འཁྱུད་པ། འོད་ཟེར་གྱི་སྒོའི་མཐའ་ལས་བྱུང་བའི་ཐུབ་པའི་དབང་པོའི་ཚོགས་ཀྱིས་འགྲོ་བའི་བྱ་བ་བསྒྲུབ་པ། རང་རང་གི་ཕྱོགས་ན་གནས་པའི་ལྷ་མོ་བཞིའི་ཞལ་དུ་བལྟས་པས་གར་གྱི་གོམ་པས་གནས་པའི་སྦྱོར་བས་གར་མཛད་པའི་སྙིང་རྗེའི་སྟོབས་སུ་བདག་ཉིད་བསམ་པར་བྱའོ། །གཞན་དག་ན་རེ་ཕྱག་དྲུག་པ་ཡིན་ཏེ་སྔར་བསྟན་པའི་ཕྱག་བཞིས་སྔ་མ་བཞིན་དུ་ཕྱག་མཚན་བཞི་བསྣམས་པ། གཞན་དག་གིས་སངས་རྒྱས་མཁའ་འགྲོ་མ་ལ་འཁྱུད་པའོ་ཞེས་ཟེར་ཏེ། རྒྱུད་ནས་ཕྱག་བཞི་ཞེས་པས་ཕྱག་གཉིས་འཁྱུད་པས་འབྲེལ་བར་བསྟན་པའི་ཕྱིར་ལེགས་པར་བྱས་པའོ། །ཇི་སྐད་དུ་དཔལ་གསང་བ་འདུས་པར་འདོད་པའི་རྒྱལ་པོ་ཕྱག་བཞི་པར་བཤད་པ་ལྟ་བུའོ་ཞེས་སོ། །མཁའ་འགྲོ་མ་རྣམས་ཀྱི་ཕྱག་མཚན་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་ལ་ཤར་ཕྱོགས་སུ་རྡོ་རྗེ་མཁའ་འགྲོ་


DTG025_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་མདོག་སྔོན་མོ། སྔོན་པོ་དང༌། སེར་པོ་དང༌། དཀར་དམར་དང༌། ལྗང་གུའི་ཞལ་བཞི་དང་ལྡན་པ། ས་དང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ངོ་བོ། གཡས་པ་དག་གིས་རྡོ་རྗེ་སྔོན་པོ་དང་ཐོད་པ་འཛིན་པ། གཡོན་པ་དག་གིས་དྲིལ་བུ་དང་ཁ་ཊྭཱཾ་ག་འཛིན་པའོ། །ལྷོ་ཕྱོགས་སུ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ཆུའི་ཁམས་ལ་སོགས་པ་རྣམ་པར་དག་པ་རིན་ཆེན་མཁའ་འགྲོ་མ་སེར་མོ་ཕྱག་གཡས་པ་དག་གིས་རིན་པོ་ཆེའི་སྙེམ་དང་མདུང་རྩེ་གསུམ་པ་འཛིན་པ། ཕྱག་གཡོན་པ་དག་གིས་ཅེ་སྦྱང་གིས་མགྲིན་པ་བཙིར་བ་དང༌། བ་དན་མཆོག་བཟུང་བའོ། །ཁ་ཅིག་ན་རེ། ཅེ་སྦྱང་ཐོད་པ་ན་གནས་པ་འཛིན་པའོ་ཞེས་པའོ། །སེར་པོ་དང༌། སྔོན་པོ་དང༌། དམར་པོ་དང༌། ལྗང་གུའི་ཞལ་ཅན་ནོ། །ནུབ་ཕྱོགས་སུ་པདྨ་མཁའ་འགྲོ་མ། དཀར་དམར། མེ་དང་སོ་སོར་རྟོག་པ་ལ་སོགས་པའི་རང་བཞིན་དཀར་དམར་དང༌། གསེར་བཞུ་བ་དང༌། སྔོན་པོ་དང༌། ལྗང་གུའི་ཞལ་བཞིས་མཛེས་པ། གཡས་དག་ན་སྣ་ཚོགས་པདྨའི་འདབ་མ་དང་མདའ་འཛིན་པའོ། །ཅིག་ཤོས་དག་གིས་ཐོད་པ་དང་གཞུ་འཛིན་པའོ། །བྱང་ཕྱོགས་སུ་སྣ་ཚོགས་མཁའ་འགྲོ་མ་རིན་པོ་ཆེ་མར་གད་ལྟར་འབར་བ་བྱ་བ་གྲུབ་པ་དང་རླུང་ལ་སོགས་པ་རྣམ་པར་དག་པའི་རང་བཞིན། ལྗང་གུ་དང༌། སེར་པོ་དང༌། དཀར་པོ་དང༌། སྔོན་པོའི་ཞལ་དང་ལྡན་པ་གཡས་པ་དང་ཅིག་ཤོས་དག་གིས་རལ་གྲི་དང་ཌ་མ་རུ་དང་ཞགས་པ་དང་ཞག་གི་བུམ་པ་ཅན་བསམ་མོ། །ལྷ་མོ་ཐམས་ཅད་ནི་ཞལ་བཞི་པ་སྟེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་མདོག་ཕྱོགས་ཀྱི་ཆ་གང་གི་ཅི་འདྲ་བར་ཕྱོགས་ཀྱི་ཆ་དེའི་བཅོམ་ལྡན་འདས་མའི་མདོག་ཀྱང་དེ་འདྲ་བ་ཡིན་ནོ། །དེ་མ་ཐག་ཏུ་ཡན་ལག་དྲུག་དགོད་པར་བྱ་སྟེ། དཔྲལ་བ་དང༌། མགུལ་བ་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། སྙིང་ག་རྣམས་སུ། ཨོཾ་ཨཱཿཧཱུཾ་ཁེ། ཙི་ར་ཡི་གེ་རའི་གོང་དུ་ཧཱུཾ་དགོད་པར་བྱའོ། །དེ་ནས་རྡོ་རྗེ་སེ་གོལ་གྱི་སྦྱོར་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ། མཆོད་ཡོན་ལ་སོགས་པ་ཕུལ་ཏེ་དམ་ཚིག་གི་དཀྱིལ་འཁོར་དང་ལྷན་ཅིག་ཏུ་བྱའོ། །དེའི་རྗེས་ལ་


DTG025_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྙིང་ག་ན་གནས་པའི་ཉི་མའི་དཀྱིལ་འཁོར་ལ་གསང་སྔགས་ཀྱི་ཡི་གེ་ཧཱུཾ་གནས་པའི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་མགོན་པོ་རྣམས་བསྐུལ་ཏེ། དེའི་འོད་ལས་བྱུང་བའི་རིག་པ་ཆུ་ཤེལ་ལྟ་བུའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ལག་ན་ཐོགས་པ་རྣམས་ཀྱིས་དབང་བསྐུར་བ་དང༌། བདག་ཉིད་ལ་མི་བསྐྱོད་པ་ཅོད་པན་དུ་བསམ་མོ། །བཙུན་མོ་རྣམས་ལ་ནི། ཡང་འདིར་རིམ་པ་བཞིན་དུ་མགོ་བོར་རྟག་པ་དང༌། རིན་ཆེན་དབང་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་རྣམས་བསམ་མོ། །དེ་ནས་ཏིང་ངེ་འཛིན་ལས་བྱུང་བའི་ལྷ་མོ་མཆོད་པ་དམ་པས་བྲེལ་པ་རྣམས་ཀྱིས་འདོད་པའི་ཡོན་ཏན་རྣམས་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཅན་མགོན་པོ་བདག་ཉིད་ཧེ་རུ་ཀ་ལ་ལེགས་པར་མཆོད་དེ། མཆེ་བ་གཙིགས་ཤིང་འཇིགས་ཆེན་པོ། །སྒྱུ་མའི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་པོ་དག་གསོལ་མཛད་པ། །ཧེ་རུ་ཀ་ལ་བདག་ཕྱག་འཚལ། །ཞེས་བྱ་བའི་བསྟོད་པའི་གླུ་རྣམས་ཀྱིས་བསྟོད་པར་བྱའོ། །དེ་མ་ཐག་ཏུ་རང་སྣང་བ་དཔལ་སངས་རྒྱས་མཁའ་འགྲོ་མ་དམར་མོ་དགའ་བ་ལ་སྤྲོས་པའི་མགོ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བ་དང༌། བརླ་ཟུར་དང༌། རྐང་པ་ལ་ཐུག་པར་རིམ་པ་བཞིན་དུ་ས་བོན། ཨོཾ་ཧཱུཾ་ས་བོན་ཨཱ་ཧ་རྣམས་ཀྱི་རིགས་ལྔའི་བདག་ཉིད་ཅན་དང༌། ཡི་གེ་ཧྲཱིཿཡོངྶ་སུ་གྱུར་པ་ལས་གསང་བའི་པདྨ་དམར་པོ། ཡི་གེ་བྷྲཱུཾ་ཡོངས་སུ་གྱུར་པ་ལས་གྲུབ་པའི་འོད་ཟེར་འབྲུ་སེར་པོ་ཅན་བལྟས་ལ་ལྷ་མོ་བཞིས་སྔར་གླུས་བསྐུལ་བཞིན་པ། ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་གསང་བའི་རྡོ་རྗེ། ཡི་གེ་ཨོཾ་ལས་སྤྲུལ་པའི་ནོར་བུ། བུ་གར་ཕཊ་བཀོད་ལ། བྱེད་པ་སྣ་ཚོགས་པ་ལས་རྒྱལ་བ་རྗེས་སུ་ཆགས་པར་བྱ་བ་བརྩམ་པར་བྱའོ། །རྡོ་རྗེ་དང་པདྨའི་ཕཊ་ཀྱི་སྒྲ་དག་གིས་བཀུག་པའི་རྒྱལ་པའི་ཚོགས་བདེ་བར་གནས་པ་ཕབ་པ་ལས་ཞུ་བའི་རྡོ་རྗེའི་ལམ་ནས་བྱུང་བ་ལྷ་མོའི་པདྨའི་ལྟེ་བར་ལྟུང་བ་སེམས་དམ་པའི་ངོ་བོ་ལྕེས་རྣམ་པ་སྣ་ཚོགས་པས་ཕྱོགས་ཏེ་མྱང་ལ་མགོན་པོའི་ལུས་དང་ངག་དང་སེམས་ཚིམ་པར་བྱའོ། །སྙིང་གར་འབྱུང་བ་བཞིའི་རང་བཞིན་པདྨ་དམར་པོ་འདབ་


DTG025_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་བཞི་པ་ལ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཐིག་ལེ་དཀར་པོ་ཟླ་བའི་དཀྱིལ་འཁོར་དང་ཁ་སྦྱར་བ་པདྨའི་རྩ་ལག་གི་སྐུད་པ་དང་འདྲ་བའི་རི་མོ་ཕྱེད་དང་བདུན་གྱིས་ལེགས་པར་དཀྲིས་པ་སྟེ། དེ་ལ་རྒྱ་མཚོའི་ཆུ་ལྟ་བུ་བླུགས་པས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་སྒྲུབ་པར་བྱེད་པ་དབྱངས་དང་གསལ་བྱེད་རྣམས་ཉིས་ལྡབ་ཏུ་བརྒྱུས་པའོ། །དེའི་སྟེང་གི་བུ་ག་ནས་ཟློས་པའི་ཚེ་ན་མེ་ཏོག་མ་ལ་ཏི་བརྒྱུས་པའི་ཕྲེང་བ་ལྟ་བུ་ཕྱུང་ལ། སྡུད་པའི་ཚེ་ན་དེ་བཞིན་དུ་གཞུག་གོ །ཡི་གེ་གསུམ་བཟླས་པར་བྱ་སྟེ། རླུང་འབྱུང་བ་ནས་ཡི་གེ་གསུམ་ཡང་འབྱུང་ཞིང་འབྱུང་བ་ནས་ཡང་དེ་འཇུག་ལ། གནས་པ་ཡང་ཐིག་ལེ་དཀར་པོའི་དབུས་སུ་གནས་པ་ཡིན་ནོ། །དེ་ལྟར་རི་མོ་ཕྱེད་དང་བདུན་ལ་དབྱངས་དང་གསལ་བྱེད་བརྒྱུས་པ་ཡང་འཇུག་པ་དང་གནས་པ་དང་འབྱུང་བ་སེམས་ཀྱི་རྒྱུ་བ་གཞན་དུ་མ་སོང་བར་བསམ་མོ། །ཨོཾ་ཨཱཿཧཱུཾ་ཞེས་པ་ནི་བཟླས་པ་བྱ་བའི་སྔགས་སོ། །མངོན་པར་རྟོགས་པའི་རིམ་པ་འདི་ནི་གོ་སླ་བ་ཡིན་ལ། བླ་མའི་ཞལ་སྔའི་མན་ངག་ཀྱང་ཡིན་ནོ། །དེ་ལྟར་ཐུན་བཞིར་གནས་པར་བྱའོ། །གཞན་མིན་པར་བྱ་སྟེ། སེམས་ཀྱི་ཚོགས་པ་ཏིང་ངེ་འཛིན་ལ་བཞག་ལ། སེམས་ཅན་མཐའ་ཡས་པ་བསྒྲལ་བའི་དོན་དུ་སྨོན་ལམ་གདབ་བོ། །རྡོ་རྗེ་འཆང་གི་རྣམ་པར་བསྒོམས་པ་ཡི། །སྟོབས་ལས་བདག་གི་དགེ་བ་གང་བྱུང་བ། །དེ་ཡིས་འགྲོ་བ་འདི་དག་མྱུར་བར་ནི། །སྙིང་རྗེའི་སྟོབས་ཀྱི་ལུས་ཅན་དུ་གྱུར་ཅིག །རྡོ་རྗེ་འཆང་གི་རྣམ་པའི་སེམས་འདི་འདྲ་བ། གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བའི་ལུས་དང་ངག་གི་རང་བཞིན་གྱི་ལས་གང་ཅི་ཡང་རུང་བ་དེ་དག་ནི་ཕྱག་རྒྱ་དང་སྔགས་ཀྱི་རྣམ་པ་ཡིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། །གཟུང་བ་ལ་སོགས་པའི་རྣམ་པ་དང་བྲལ་བ་ཉིད་ཀྱང་དེའི་དུས་ན་དེ་ལ་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་གང་སྣང་བ་དེ་ཁོ་ན་ཡང་དག་པའི་ཐ་སྙད་ཀྱི་ལམ་ལ་འཇུག་པ་ཡིན་ནོ། །དེ་ལྟར་སེམས་ཡོངས་སུ་གསལ་བའི་ངོ་བོ་བདེ་བར་མྱོང་བ་དེའི་དུས་ན་སྡུག་བསྔལ་ནི་མ་ཡིན་ལ། རྣམ་པར་


DTG025_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིག་བྱེད་ཉིད་ཀྱང་ཐམས་ཅད་དུ་སྣང་བ་ཡིན་ནོ། །འདི་ལྟར་ཡང་བེམས་པོ་རང་གསལ་བ་ཉིད་ན། བེམས་པོ་ཉིད་དུ་མི་རིགས་པའི་ཕྱིར་རོ། །ལོག་པ་ཡིན་ན་ཡང་ན་གསལ་བ་མི་དམིགས་པའི་ཕྱིར་ཏེ། དེའི་དུས་ན་རང་གསལ་བ་བཞིན་མགོན་པོའི་རྣམ་པ་བདེ་བ་ཆེན་པོའི་ངོ་བོ་དང་རྣལ་འབྱོར་མ་ལ་སོགས་པའི་གཟུགས་སུ་སྣང་བ་མ་གཏོགས་པ་གསལ་བའི་ངོ་བོ་གཞན་སྣང་བ་ནི་མེད་དོ། །གལ་ཏེ་ཀ་བའི་གསལ་བ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱི་སྣང་བ་ཡིན་ནོ་ཞེ་ན། འདི་ནི་ཐ་དད་པ་མེད་ཀྱང་མཐོང་སྟེ། ནམ་མཁའི་རང་བཞིན་བལྟའོ། །གཞན་ཡང་དུས་མཉམ་པ་ན་ཡང་ཅིག་ཅར་དམིགས་པའི་ཕྱིར་གཡས་དང་གཡོན་གྱི་རྭ་ལྟ་བུ་ཡིན་ན་ཅི་གང་གི་གཟུང་བའམ་འཛིན་པ་ཡིན། དུས་ཐ་དད་པ་ན་ཡང་ཅིག་ཅར་སྣང་བ་ཡིན་པ་ན་གཞན་མི་དམིགས་པའི་ཕྱིར་ན་ཡང་གཟུང་བ་དང༌། འཛིན་པའི་དངོས་པོ་མེད་དོ། །མགུ་བ་དང་ཡིད་བསང་པ་ལ་སོགས་པ་ནང་གི་བདེ་བ་ལ་སོགས་པའི་ངོ་བོ་དང་སྔོན་པོ་ལ་སོགས་པ་ནི་ཕྱི་རོལ་གྱི་གཟུང་བ་ཡིན་ནོ་ཞེས་སོ། །བརྗོད་པར་བྱ་བ་ནི་མ་ཡིན་ཏེ་མངོན་སུམ་གྱི་ཕྱི་རོལ་དང་ནང་གི་ཡིན་ནོ་ཞེས་བྱ་བར་ནི་མི་ནུས་ཏེ། མངོན་སུམ་ནི་རྣམ་པར་མི་རྟོག་པ་མེད་པའི་ཕྱིར་རོ། །དེའི་རྗེས་ལས་ཐོབ་པའི་རྣམ་པར་རྟོག་པའི་ཡུལ་དངོས་པོ་མེད་པའི་ཕྱིར་རོ། །རྗེས་སུ་དཔག་པ་ལ་ཁྱབ་པ་མ་གྲུབ་པོ། །དེ་བས་ན་ལྷའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་ཡེ་ཤེས་དེ་ནི་གཅིག་ཉིད་དང༌། དུ་མ་ཉིད་དང༌། ཐ་དད་པ་དང༌། དངོས་པོ་དང༌། དངོས་པོ་མེད་པ་ལ་སོགས་པའི་ཀུན་ཏུ་རྟོག་པ་མ་ལུས་པས་སྟོང་པའི་ཕྱིར་རྣམ་པར་རྟོག་པ་གཟུང་བ་ལ་སོགས་པའི་རྣམ་པ་དང་བྲལ་བ་གང་ཡིན་པའི་ངོ་བོ་ཡིན་ནོ། །བདེ་བའི་བདག་ཉིད་ཀྱི་རྒྱུ་ལས་སྐྱེས་པའི་ཕྱིར་བདེ་བའི་རང་བཞིན་གཉིས་སུ་མེད་པར་སྣང་བ་ཉམས་སུ་མྱོང་བ་བདག་དང་བདག་གིར་འཛིན་པའི་མཚན་ཉིད་འཁོར་བ་དང་འགལ་བ་ཡོངས་སུ་ཉམས་པ་མེད་པའི་ཆོས་ཡིན་ཏེ། འཚེ་བ་མེད་པ་ཡང་དག་པའི་དོན་གྱི་རང་བཞིན་ཡིན་པའི་ཕྱིར། བློ་དེའི་


DTG025_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱོགས་སུ་འཛིན་པས་ན་མངོན་སུམ་དུ་བྱ་བ་ཡིན་ནོ། །འགལ་བ་ཡང་གང་དང་ལྷན་ཅིག་ཙམ་ཡང་དམིགས་པ་དེ་ནི་ཤིན་ཏུ་གོམས་པའི་དབང་གིས་གཉེན་པོས་རང་གི་མི་མཐུན་པ་རྩ་ད་ནས་འབྱིན་པ་ཁོ་ན་ཡིན་ནོ། །གང་ཡང་ཤིན་ཏུ་གོམས་པ་དེའི་བསྒོམ་པའི་སྟོབས་ཀྱིས་གསལ་བར་ཉེ་བར་འགྲོ་སྟེ། འདོད་པ་དང་མྱ་ངན་ལ་སོགས་པ་ཁྱབ་པ་གྲུབ་ཅིང་རང་གི་མི་མཐུན་པའི་ཕྱོགས་ཐ་མལ་པའི་ང་རྒྱལ་དང༌། ཐ་མལ་པའི་རྣམ་པ་དག་རྩད་ནས་འདོན་པར་གྲུབ་པ་ཡིན་ནོ། །རྣམ་པ་མེད་པའི་ཤེས་པ་ནི་རྨི་ལམ་དུ་ཡང་ཉམས་སུ་མྱོང་བ་མ་གྲུབ་པའི་ཕྱིར་འགའི་ཡང་གཉེན་པོ་ཉིད་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་ལྟ་བ་ལས་ཀྱང་སྒྱུ་མ་ལྟ་བུ་བདག་མེད་པའི་ལྟ་བ་དང་ལྡན་པ་ཡང་སྦྱིན་པ་ལ་སོགས་པ་ཐ་མལ་པའི་རྣམ་པར་རྟོག་པའི་གཉེན་པོ་ཡིན་མོད་ཀྱི། དེ་ལྟ་ན་ཡང་ཐ་མལ་པའི་རྣམ་པ་འདི་མི་འགྱུར་ལ། ཐ་མལ་པའི་རྣམ་པར་རྟོག་པ་དང༌། ཐ་མལ་པའི་རྣམ་པ་གཉིས་ཀ་ནི་སྤང་བྱ་ཡིན་ནོ། །གལ་ཏེ་སྤྱིན་པ་ལ་སོགས་པ་ལ་ལོངས་སྤྱོད་ཆེན་པོ་ལ་སོགས་པ་ཉིད་དང༌། སྦྱིན་པ་ལ་སོགས་པའི་འབྲས་བུ་ལས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད་ཀྱིས་སྤྲུལ་སྐུ་འགྲུབ་པར་འགྱུར་བ་ཡིན་ནོ་ཞེ་ན། དེ་དག་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ལས་དེ་དང་དེ་དག་གི་འབྲས་བུ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་འདི་ཡིན་ནོ། །དེ་དག་གིས་ནི་སྐྱེས་བུ་ཆེན་པོའམ་ཚན་འདི་དག་ཡིན་ཞེས་གྲུབ་པ་ཡིན་ནོ། །ཡང་བསྒོམ་པའི་སྟོབས་ཀྱིས་ནི་དུས་མཉམ་པར་ཕུན་སུམ་ཚོགས་པ་ཐམས་ཅད་ལ་དམིགས་པའི་མཚན་དང་དཔེ་བྱད་འབར་བའི་སྐུ་དམིགས་པ་དང༌། ཡང་དག་པར་རིག་པ་ཙམ་གྱི་ངོ་བོ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་གསལ་བར་སྣང་བ་ཉེ་བར་འགྲོ་བ་ན་ཅི་སྟེ་མི་འགྲུབ། །དོན་འདི་ནི་བླ་མའི་ཞལ་སྔ་ནས་ཀྱང་དོན་གྱི་སྐད་དུ་གསུངས་ཏེ། གཟུགས་སྐུ་ཆོས་ཀྱི་སྐུ་ཡིན་སྒོམ་བྱེད་པ། །ཀ་ཡིས་ངེས་པར་བྱང་ཆུབ་ཐོབ་པ་ཡིན། །ཆོས་སྐུ་རྒྱལ་


DTG025_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་བསམ་གཏན་གྱིས་ཐོབ་ན། །གཟུགས་ཀྱི་སྐུ་ལ་ཅི་སྟེ་བསྒོམ་མི་བྱེད། །གལ་ཏེ་གཟུགས་སྐུ་བསོད་ནམས་ཚོགས་ཀྱིས་ཐོབ་ནའང༌། །དེ་ཡིས་ཡུན་རིང་དུས་གཞན་དམན་པ་སྟེ། །འབྲས་བུའི་ཁྱད་པར་རྒྱུ་ཡི་ཁྱད་པར་ལས། །སྐུ་གསུམ་དུས་མཉམ་པར་ནི་སྣང་བ་ཡིན། །ཞེས་སོ། །ཡང་ན་བདག་གིས། །གཟུགས་གང་དག་འཛིན་པར་ལྷག་པར་སྒྲོ་བཏགས་པ་ལ་སོགས་པའི་རྒྱུ་དེ་དག་ལས་སྦྱིན་པ་ལ་སོགས་པ་འབྱུང་བ་ནི་དེ་ཁོ་ན་ཉིད་དུ་བདག་མེད་པ་དང་ལྡན་པ་ཡིན་མོད་ཀྱིས། དེ་ལྟར་ན་ཡང་སྲིད་པའི་སྡུག་བསྔལ་དང་ལྷན་ཅིག་འགལ་བ་མེད་དེ། གང་གི་ཕྱིར་འདིར་སྦྱིན་པ་ལ་སོགས་པ་ཡོད་ཀྱང་དེ་ཐ་མལ་པའི་རང་གི་ངོ་བོ་ལས་བྱུང་བ་སྲིད་པའི་སྡུག་བསྔལ་ལྡོག་པར་མི་འགྱུར་རོ། །དགོངས་པ་ནི་འདི་ཡིན་ནོ། །རེ་ཞིག་སེམས་ཅན་དུ་བལྟ་བས་སྦྱིན་པ་ལ་སོགས་པ་ནི་ཐ་མལ་པའི་རྣམ་པར་རྟོག་པས་སྲིད་པའི་སྡུག་བསྔལ་དང་འགལ་བར་མི་འགྱུར་ཏེ། བདག་མེད་པའི་ལྟ་བ་དང་ལྡན་ཡང་སྦྱིན་པ་ལ་སོགས་པ་དང་དངོས་སུ་འགལ་བ་མེད་ལ་བདག་མེད་པའི་ལྟ་བ་ཁོ་ན་དང་དངོས་སུ་འགལ་བ་ཡིན་ནོ། །དེ་ལྟར་ཡང་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས། ཐ་མལ་པ་ཡི་རང་གི་གཟུགས་ཀྱིས་ནི། །བདག་མེད་ལྡན་པའང་སྦྱིན་པ་ལ་སོགས་པས། །འགལ་བ་དག་ནི་ཡོད་མིན་གང་གི་ཕྱིར། །འདི་ནི་བདེན་ཡང་དེར་ནི་ལྡོག་མི་འགྱུར། །ཞེས་གསུངས་སོ། །མཆོག་ཏུ་དགའ་བ་བདེ་བའི་རྒྱུར་ནི་མི་འགྱུར་ཏེ་བཏང་སྙོམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དཀའ་བ་བརྒྱ་ཕྲག་གིས་བརྟེན་ཅིང་འཁྲུག་པ་རྫོགས་པའི་བྱང་ཆུབ་ཀྱང་སྐལ་པ་མི་ཉུང་བས་ཐོབ་པར་བྱ་བ་ཡིན་ཏེ། དེས་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་སྐྱེས་བུ་མཆོག་གི་དོན་གྱི་ལམ་གྱི་རྒྱུ་ལེགས་པ་མ་ཡིན་ནོ། །དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་འདི་ནི་དངོས་པོ་ཁོ་ནར་འཁོར་བའི་སྡུག་བསྔལ་མ་ལུས་པ་དང་འགལ་ལོ། །མཆོག་ཏུ་དགའ་བ་བདེ་བའི་ཚོགས་མེད་ཅིང་བདེ་བའི་ཐབས་མྱུར་བས་བླ་ན་མེད་པའི་རྒྱུ་ཡིན་ཏེ། འདི་ཁོ་ནར་ལམ་གྱི་བདེན་པར་རིག་པའི་ཕྱིར་ན། རྟོག་པ་དང་ལྡན་


DTG025_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་བདེན་པར་བྱ་བ་ཡིན་ནོ། །གལ་ཏེ་འོ་ན་དེ་ལྟ་ན་ནི་སྦྱིན་པ་ལ་སོགས་པ་འབྲས་བུ་མེད་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་དཀའ་བས་བརྟེན་པར་བྱ་བ་སྟེ། འགྲོ་བའི་དོན་བྱ་བ་ཁོ་ན་དགོས་པའོ། །འདི་ལྟར་ཡང་དང་པོ་ཁོ་ནར་འགྲོ་བའི་སྡུག་བསྔལ་ཉེ་བར་ཞི་བར་བྱ་བའི་དོན་དུ་འགྲོ་བ་སྡུག་བསྔལ་བར་གྱུར་པ་ལ་བལྟ་བས་བྱང་ཆུབ་ཀྱི་སེམས་སྨོན་པ་དང་འཇུག་པའི་མིང་ཅན་རྣམ་པ་གཉིས་བསྐྱེད་པ་སྙིང་རྗེ་ཁོ་ནས་རྒྱུ་མེད་པར་མཆོག་ཏུ་མཉེས་གཤིན་པ་ཁོ་ནར་འཇུག་པ་ནི་དགོས་པ་མ་ཡིན་ནོ། །དེས་ཏིང་ངེ་འཛིན་གྱི་སྐབས་ན་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་བྱེད་ཅིང་ཏིང་ངེ་འཛིན་ལས་ལངས་པ་ན་ཆོས་དང་ཟང་ཟིང་ལ་སོགས་པ་དམིགས་པ་མེད་པའི་སྦྱོར་བས་བྱེད་པས་རྫོགས་པའི་གནས་སྐབས་ན་ཡིད་བཞིན་གྱི་ནོར་བུའི་ཚུལ་གྱིས་སྦྱིན་པ་ལ་སོགས་པ་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་པའི་གཙོ་བོ་ཡིན་ཏེ། དེ་བཞིན་གཤེགས་པ་ཉིད་ནི་ཞར་ལ་འབྱུང་བ་ཡིན་ནོ། །ཇི་སྲིད་དུ་ཐ་དད་པར་འཁོར་བར་ཞེན་པ་དེ་སྲིད་དུ་དགེ་བ་བཅུའི་ལས་ཀྱི་ལམ་དང་དེའི་ཅིག་ཤོས་སྤང་བ་དང༌། དཀྱིལ་འཁོར་ལ་སོགས་བྱ་བ་དང༌། མཆོད་རྟེན་གྱི་ལས་ལ་སོགས་པ་ལ་ངེས་པར་ནན་ཏན་དུ་བྱའོ། །གཞན་ཡང་རིག་པ་དང་ལྡན་པའི་ཕྱིར་དང༌། སྐྱེས་བུའི་དོན་གཙོ་བོ་སླུ་བ་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་འབྲེལ་པའི་ཕྱིར་རོ། །དེ་བཞིན་དུ་རྒྱན་ལས་ཀྱང༌། གལ་ཏེ་གཉིས་མེད་པར་བརྟེན་ནས། །འཇིག་རྟེན་ཕ་རོལ་ཟློག་བྱེད་ན། །འདི་ལའང་གྱིས་ཤིག་མིན་ཞེ་ན། །འདི་ཞེས་བྱ་བ་གཉིས་གནས་སོ། །གལ་ཏེ་གཉིས་མེད་ཀྱིས་མགུ་ཡོད། །ཐམས་ཅད་དུ་ནི་གྲོལ་བར་འགྱུར། །ཐ་སྙད་དུ་ནི་འཇུག་ཅེ་ན། །འཇིག་རྟེན་ཕ་རོལ་ལའང་སོམ་ཤིག །ཅེས་གསུངས་སོ། །བླ་མའི་ཞལ་སྔ་ནས་ཀྱང༌། ཇི་སྲིད་དུ་ནི་ཐ་དད་ཐ་སྙད་ཡོད། །སྡིག་པ་སྤང་ཞིང་བསོད་ནམས་ཚོགས་བསག་གྱིས། །ཞེས་གསུངས་སོ། །དེ་ནས་ཏིང་ངེ་འཛིན་ལས་ལངས་ལ་རང་དང་གཞན་ཧེ་རུ་ཀའི་རྣམ་པ་སྒྱུ་མའི་རྣམ་པ་ལྟ་བུར་སེམས་ཤིང༌། གཡེང་བ་མེད་པའི་ཡིད་ཀྱིས་བསོད་ནམས་དང་མཉམ་པ་དང་བཤད་པ་ལ་སོགས་པ་བྱའོ། །


DTG025_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོད་སྟོན་གྱི་དུས་སུ་ནི་ཡི་གེ་ཡཾ་སྔོན་པོ་ལས་བྱུང་བ། ཟླ་བ་ཕྱེད་པའི་རྣམ་པ་རྒྱལ་མཚན་གྱིས་མཚན་པའི་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་རཾ་དམར་པོ་ལས་བྱུང་བའི་ཟུར་གསུམ་པ་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་པདྨའི་སྣོད། དེའི་ནང་དུ་བཟའ་བ་ལ་སོགས་པའི་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པ་འབར་བ། རྟོག་པ་དང་གསལ་བའི་རིམ་པ་ལས། ཡི་གེ་ཨོཾ་གྱིས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཐིམ་པས་ཐབས་ཅིག་ཏུ་བྱས་པ་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་བཀོད་པའི་ལྕེ་དམ་པ་དེ་ལས་བྱུང་བའི་འོད་ཟེར་སྦུ་གུ་འདྲ་བས་དྲངས་པའི་སྦྱོར་བས་ལྷའི་གཟུགས་རྒྱལ་བའི་ཚོགས་ཚིམ་པར་བྱའོ། ཨོཾ་ཨཱཿཧཱུཾ་གུཧྱ་བྷཀྵ་བྷཀྵ་ཧཾ་ཞེས་པས་ནི། བདུད་རྩི་མྱང་བའི་སྔགས་སོ། །ཁྲུས་ཀྱི་དུས་སུ་ནི་སྔར་བསྟན་པའི་དབང་བསྐུར་བའི་ཆོ་ག་ཡིས་བྱའོ། །དེ་ལྟར་སྣ་ཚོགས་པའི་སྙིང་རྗེའི་སྟོབས་ཀྱིས་རང་བཞིན་དུ་བརྟག་ཅིང་དེའི་ཕྱིར་གཞན་དང་གཞན་མ་ཡིན་པའི་རང་བཞིན་ཡོངས་སུ་ཤེས་ནའང་རྣལ་འབྱོར་པ་འདོད་པ་ལྔའི་ལོངས་སྤྱོད་ཀྱི་སྲིད་པའི་ཉེས་པས་མི་གོས་སོ། །ཅུང་ཟད་དབང་སྒྱུར་ཐོབ་པ་ཡི། །མ་ལུས་པ་ནི་མཛེས་ཞེས་སོ། །གང་ཞིག་གར་བྱེད་འཐུང་བྱེད་པ། ཐོས་པ་ཙམ་ལས་སེམས་རྨོངས་པའོ། །དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་མཉམ་པར་གཞག་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་རྣམ་པར་འབྱེད་པ་རིགས་པ། རྒྱུད་ཀྱི་དོན་ལེན་པ་དང་འཆང་བ་དང་སྟོན་པར་ནུས་པས། སློབ་མ་དད་པ་ཅན་ཕྱི་དང་ནང་གི་ཡོ་བྱད་ཐམས་ཅད་ཚོགས་པས་དབང་བསྐུར་བའི་དོན་དུ་ལང་སུམ་གསོལ་བ་བཏབ་པས། རང་ཉིད་བཅོམ་ལྡན་འདས་ཀྱིས་གནང་བས་སམ། ལྷ་སོ་སོར་ཡི་གེ་གསུམ་འབུམ་ཕྲག་རེ་རེ་ཁོ་ན་བཟླས་ནས་སྔོན་དུ་བསྙེན་པ་བྱས་པ། རང་བཞིན་ཐུན་བཞིར་རང་གི་འདོད་པའི་ལྷའི་རྣལ་འབྱོར་པས་ཕྱི་ནང་གཅིག་ཏུ་ས་སྦྱང་བ་རབ་ཏུ་བསྒྲུབ་པས་འདིར་བཤད་པའི་གཏོར་མའི་སྦྱིན་པ་སྔོན་དུ་བྱས་ལ་བགེགས་བསྐྲད་པའི་སྔགས་བཟླས་ཤིང༌།


DTG025_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་བརྩམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པའི་དོན་དུས་ཡོངས་སུ་བརྟགས་པ་ལ། ཁྱིམ་ས་བརྟག་པའི་མཚན་ཉིད་བསྟན་པའི་ཆོ་ག་དང༌། མཆོད་ཡོན་གྱི་ཆོ་གས་ཁུང་བུ་བརྐོས་པ་དགང་བ་ལ་སོགས་པ་བྱས་ནས། ཤིང་དང་རྡོ་དང༌། གསེག་མ་དང༌། སོལ་བ་བསལ་བའི་གནས་སུ་དཀྱིལ་འཁོར་བཞེངས་པར་བྱའོ། །བཏུང་བ་དང་མཉམ་པར་བཅས་པར་བྱས་ནས། ཨོཾ་བྷཱུ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ནམ་མཁའི་རང་བཞིན་དུ་བལྟས་ལ་ཧཱུཾ་ལཾ་ཧཱུཾ་ཞེས་པས་རྡོ་རྗེའི་རང་བཞིན་དུ་བྱས་ནས། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབ་པོ། །ཟུག་རྡུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །ལག་པ་གཏད་དེ་སྔགས་བཟླས་ཏེ། ཡི་གེ་གསུམ་གྱིས་དེ་བརྐོ་བྱ། །ཡང་ཐོག་སྟེང་དང་བ་ལང་ལྷས། །གཙུག་ལག་ཁང་སོགས་མཚོ་འགྲམ་དང༌། །སྔར་ནིས་བྱང་བྱས་ས་ཡི་ཆར། །སྦྱང་བ་ལ་སོགས་མི་བྱའོ། །ཞེས་སོ། །དེ་ནས་མཚན་མོ་རང་གི་འདོད་པའི་ལྷའི་རྣལ་འབྱོར་གྱིས་གནས་པས་ས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ནས་ནང་གི་དག་པར་བྱའོ། །དེ་ལ་ཆོ་ག་འདི་ཡིན་ཏེ། །འོལ་བ་རིས་ཀྱི་ཐིག་གིས་བཏབ་ལ། ཇི་སྐད་དུ་བསྟན་པའི་དཀྱིལ་འཁོར་དེའི་དབུས་སུ་བསྡད་དེ། ཧེ་རུ་ཀའི་ང་རྒྱལ་མངོན་སུམ་དུ་བྱས་ལ། སྒྲོ་སྐྱོང་མའི་རྣལ་འབྱོར་མ་ལོ་བཅུ་གཉིས་ལོན་པའི་ན་ཚོད་བཞི། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་ང་རྒྱལ་བྱས་ལ། རྣལ་འབྱོར་གྱི་བྱ་བ་གཅིག་ལ་གོམས་པའི་ལྷ་མོ་དེ་རྣམས་ཀྱིས་ཚིགས་སུ་བཅད་པ་རེ་རེ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་མཆོག་ལ་ཡང་དག་བྱུང༌། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་པ། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་


DTG025_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །འཁོར་ལོས་སྒྱུར་བ་དཀྱིལ་འཁོར་གསུངས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །འཁོར་ལོས་སྒྱུར་བ་དཀྱིལ་འཁོར་གསུངས། །དེ་ནས་བླ་མས་འཁོར་ལོ་དེ་བློ་ཡིས་ནམ་མཁར་བཏེག་ལ། འདོད་པའི་ལྷའི་སྦྱོར་བ་ཁྲོས་པས། རྐང་མཐིལ་རྡོ་རྗེ་འབར་བ་དང༌། །རྡོ་རྗེ་གསོར་བ་ལ་བརྩོན་པ། །འགྱིང་བ་རྡོ་རྗེ་གོམ་པའི་གར། །མཆེ་བ་གཙིགས་བཅས་ཧཱུཾ་སྒྲོགས་པས། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཀུན་ཉོན་ཅིག །ད་ནི་དཔལ་ལྡན་རྡོ་རྗེ་འཆང༌། །སྲུང་བའི་འཁོར་ལོ་རབ་སྦྱོར་བ། །གལ་ཏེ་འགའ་ཞིག་འདའ་འདོད་ན། །རྡོ་རྗེ་འབར་བའི་ལུས་ཀྱིས་ནི། །ལུས་གསུམ་འབྱུང་བ་དག་བྱས་ཏེ། འདི་ནི་དེ་གཞོམ་གཞན་དུ་མིན། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦྦ་དུ་ཥྚཱན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦྦ་པཱ་པཾ་ཕཊ། བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱཀ་ཙིཏྟ་ཀཱི་ལ་ཡ། ཧཱུཾ་ཕཊ་ཅེས་བརྗོད་ལ་བགེགས་མེད་པར་བྱ་བའི་ཕྱིར། སྨད་རྒྱ་མདུད་ལྟ་བུ་ལ་སྟོད་བགེགས་ཀྱི་དགྲས་དབུས་སུ་བློས་བཏབ་ལ་རྡོ་རྗེ་ར་བའི་ཕྱི་རོལ་དུ་དབང་ཆེན་དང་མེའི་དཀྱིལ་འཁོར་དག་གིས་ཕྱོགས་དང་མཚམས་བཅིངས་པར་བྱས་ནས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱས་ཏེ། དེ་ཉིད་དུ་རྣལ་འབྱོར་མ་སྒོ་སྐྱོད་མ་བཞི་དང་ལྷན་ཅིག་ཉལ་བར་བྱའོ། །དེ་དག་ནི་ཕྱི་དང་ནང་གིས་འདུལ་བྱ་བ་དང༌། ཉི་མ་དང་པོ་ལ་ས་ཡོངས་སུ་བཟུང་བ་ཡང་ཡིན་ནོ། །ཉི་མ་གཉིས་པ་ལ་ནི་བུམ་པ་ལྔ་ལ་སྣ་ཚོགས་པདྨར་ཉི་མ་ལ་གནས་པའི་ལྷ་མོ་ལྔའི་མཚན་མ་བྲིས་ཏེ། ལྷག་པར་གནས་པར་བྱའོ། །དེ་དག་ཀྱང་གསེར་ལ་སོགས་པ་ལས་གྲུབ་པའམ། སའི་རང་བཞིན་ནག་པོ་དང་རྩ་བ་མེད་པ་མཆུ་འཕྱང་བ། མགྲིན་པ་མཐོ་བ། ལྟོ་བ་ཆེ་བ་ལ། ཤིང་ཧ་ས་ཀ་ར་ལ་སོགས་པ་འབྲས་བུ་དང་བཅས་ཤིང༌། འདབ་མ་དང་ལྡན་པ་ལ། མགུལ་བར་རས་ཟུང་གིས་བརྒྱན་པ། མོན་སྲན་གྲེའུ་དང༌། ཏིལ་དང༌། ནས་དང༌། གྲོ་དང༌། འབྲས་


DTG025_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ་བ་ཞེས་བྱ་བའི་འབྲུ་ལྔ་དང༌། ཧ་ས་དང༌། ཧ་ས་དེ་བ་དང༌། གི་རི་ཀརྣི་ཀི་དང༌། ཀཎྜ་ཀ་རི་དང༌། བྲྀ་ཧ་ཏི་ཞེས་བྱ་བ་སྨན་ལྔ་དང༌། གསེར་དང༌། དངུལ་དང༌། མུ་ཏིག་དང༌། བྱུ་རུ་དང༌། མུ་མེན་ཞེས་བྱ་བའི་རིན་པོ་ཆེ་ལྔ་དང༌། དེ་དག་དང་ལྡན་པ་ལས་འདྲེན་པའི་བུམ་པ་ནི་དབུས་སུ་སྟེ། གོ་རིམས་ཇི་ལྟ་བ་བཞིན་དུ་བཞག་ལ། དེ་དང་དེ་དག་ཏུ་མཆོད་ཡོན་གྱི་སྣོད་དུ་དྲི་ཆབ་བླུགས་ཏེ། མེ་ཏོག་དཀར་པོ་ཅིག་ཀྱང་བཅུག་ལ། ཉེ་བར་མཆོད་པ་ལྔས་མཆོད་ནས། རྡོ་རྗེ་རྩེ་མོར་མེ་ཏོག་གི་ཕྲེང་བ་བཏགས་ཏེ། རང་གི་ལྷའི་གཟུགས་ཅན་དུ་བསམས་ནས། ཡི་གེ་གསུམ་སོ་སོ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ལ། སྣོད་དུ་མཆོད་ཡོན་གྱི་ཆུ་བླུགས་པར་བྱའོ། །འདི་དག་ནི་རབ་གནས་ཀྱི་ཆོ་གར་གྲགས་པའི་བུམ་པ་ཡང་ལྷག་པར་གནས་པའོ། །ཡི་གེ་གསུམ་གྱིས་མེ་ལ་སོགས་པའི་ཡོ་བྱད་ལྷག་པར་གནས་པའོ། །དེ་ནས་ཕྱི་དེ་ཉིན་ཕར་དཀྱིལ་འཁོར་གྱི་ཁང་པའི་ཁྱམས་དང་སྒོ་དང་ཉེ་བར་ཞུགས་ཏེ། སློབ་དཔོན་གྱི་མདུན་དུ་འདུག་ལ། མཁས་ཤིང་སྤྲོ་བ་ཆེན་པོ་དང༌། །བྱས་པ་གཟོ་ཞིང་ང་རྒྱལ་མེད། །རིགས་དང་ཡོན་ཏན་དང་ལྡན་དང༌། །གཟུགས་དང་ཁ་དོག་ལང་ཚོར་ལྡན། །བདེ་བར་གཤེགས་པའི་སྔགས་བསྒྲུབ་ལ། །དོན་དུ་གཉེར་ཞིང་མངོན་པར་བརྩོན། །དགེ་བསྙེན་མ་ཡིན་ཡང་དགེ་བསྙེན་གྱི་སྡོམ་པ་ཕོག་ལ་སྤྲོ་བ་བསྐྱེད་པའི་ཕྱིར་བརྗོད་དོ། །དཀྱིལ་འཁོར་གྱི་ཆོ་ག་ལས། འཁོར་བཞི་ཆར་ཡང་རྗེས་སུ་གནང༌། །རང་གི་བསླབ་དང་ཤིན་ཏུ་ལྡན། །ཐེག་ཆེན་ལ་དགའི་བདག་ཉིད་ཅན། །ཁ་ཅིག་གསང་སྔགས་གྲུབ་དོན་གཉེར། །འདི་ནི་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱས་ན་ནི། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དེ་བཞིན་མིན། །སྐྱེས་བུ་འཇིག་རྟེན་ཕ་རོལ་གཉེར། །


DTG025_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚེ་འདིའི་འབྲས་བུ་རྒྱས་པ་ཡིན། །དེ་ནས་དེ་དག་རང་གི་ལུས་ལ་བཅུག་སྟེ། རང་གི་རྡོ་རྗེ་ནས་བྱུང་བ་རང་གི་པདྨར་བཅུག་ལ་བཏོན་ཏེ། ལན་གསུམ་དུ་གདོན་དུ་གཞུག་གོ །དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་འདི་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་མཛོད། །ཅེས་སོ། །བླ་མས་ནི། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་ཆེན་པོའི་ཆོ་ག་འདི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་བྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་ཚོགས་མཆོག་གི །བདུད་སྡེ་དྲག་པོ་ཆེན་པོ་ཡི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་གཤེགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་དོ། །དེ་དག་ལ་སྐྱབས་གསུམ་སྦྱིན་པར་བྱ་སྟེ། ལན་གསུམ་དུ་འདོན་དུ་གཞུག་གོ །སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། སེམས་དང་ངག་དང་ལུས་རྣམས་ལ་རྡོ་རྗེ་དང་པདྨ་དང་དེ་བཞིན་དུ་འཁོར་ལོ་སྟེ། དེ་རྣམས་སུ་ཧཱུཾ་ཨཱཿཨོཾ་བཀོད་ལ། དྲིའི་ཆུ་དང་རྡོ་རྗེར་བཅས་པའི་ཁུ་ཚུར་གྱིས། །ཧཱུཾ་ཨོཾ་ཨཱཿ། ཞེས་དེ་བཞིན་དུ་འདོན་ཅིང་སྙིང་ག་དང་མགོ་བོ་དང་མགྲིན་པར་བྱུགས་ཏེ། མེ་ཏོག་ལ་སོགས་པའི་རིམ་པས་སྦྱིན་ནོ། །མེ་ཏོག་སྤྱི་བོར་མདུན་དུ་སྤོས། །མར་མེ་སླར་ཡང་སྙིང་གར་དྲི། །ཧེ་རུ་ཀ་ཡི་རྣལ་འབྱོར་པས། །འདི་དག་སྙོམས་པར་འཛིན་པས་སོ། །སོ་ཤིང་


DTG025_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨ་ཤྭཏྠ་དང་ཨུ་དུ་མྺཱ་ར་མ་འཁྱོག་པ་སྲིན་བུ་མེད་པ་མ་གས་པ་རྨ་མེད་པ་སོར་བཅུ་གཉིས་པ། མཐེའུ་ཆུང་ཙམ་རྩེ་མོར་མེ་ཏོག་མཛེས་པ་ཅན་སྦྱིན་ནོ། །དེར་ཡང་འཆར་བཅུག་ལ་བ་ལང་གི་ལྕི་བས་ཟུར་བཞི་བར་གྲུ་བཞི་ཙམ་དུ་བྱུག་པའི་ས་ལ་མདུན་དུ་ཁ་ཤར་དུ་བལྟས་ཏེ་ལྟོས་པ་མད་པར་དོར་བར་བྱའོ། །ཕྱི་རོལ་དུ་ལྷུང་ན་བགེགས་སྣ་ཚོགས་པས་དངོས་གྲུབ་མེད་དོ། །ནང་དུ་ལྷུང་ན་ནི་ཞི་བ་ལ་སོགས་པའི་ལས་གོ་བར་བྱའོ། །དེ་ནས་ཡི་གེ་ཧཱུཾ་ལས་བྱུང་བའི་དེ་ཉིད་བཟླས་པའི་ཆུ་འཐོར་འཐུང་གི་ཕྱི་ནས་ཨོཾ་ཧྲཱིཿ་བི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནི་ཤྩ་སྱ་བི་ཤོ་དྷ་ཡ་སརྦྦ་བི་ཀལྤ་ན་ཨཱ་པ་ན་ཡ་ཧཱུཾ་ཞེས་པ་སྔགས་ཀྱིས་འཁྱོར་བ་གསུམ་འཐུང་ངུ་གཞུག་གོ །དེ་ནས་ཁྲིད་དེ་བཅུག་ལ་སྐུད་པ་སུམ་སྒྲིལ་མདུད་པ་གསུམ་དང་ལྡན་པ་རང་གི་འདོད་པའི་ལྷའི་བཟླས་པ་བྱས་ལ་ལག་པར་བཅིང་ལ། ཡི་གེ་ཧཱུཾ་ལས་སྐྱེས་པའི་ཀུ་ཤ་གསར་པ་མ་ཉམས་པ་ཅིག་སྔགས་ཀྱི་ཕྱིར། གཞན་ས་བོན་ཧཱུཾ་ལས་སྐྱེས་པ་གདིང་བར་བྱིན་ལ། རང་གི་སྔགས་ཀྱིས་ཡང་དག་པར་བསྲུངས་ནས། ཆོས་བསྟན་པས་སྤྲོ་བ་བསྐྱེད་པའི་ཕྱིར་བརྗོད་དོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུ་མྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བྱས་པ་གང༌། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གི་ནི་ངན་འགྲོ་དག །སྡུག་བསྔལ་ཀུན་འབྱུང་བཅད་པ་ཡིན། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་


DTG025_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་བཟུང་སྐྱེ་བཞིན་བར་གནས་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པ་ཉིད་དུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བསན་། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་སོ། །སློབ་མ་སློབ་དཔོན་ཉིད་དོན་གཉེར། །འཁོར་ལོས་མི་ལྡོག་དབང་བསྐུར་བ། །སྩལ་ནས་མགོན་པོས་བདག་ལ་ནི། །འཁོར་ལོའི་ལྷ་ནི་དེ་ཉིད་དང༌། །སློབ་དཔོན་གྱི་ནི་ལས་རྣམས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྔོམ་དང་གསང་བ་དམ་པ་དག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སློབ་དཔོན་བདག་གྱུར་གསུངས། །ཞེ་སོ། །ཁྱད་པར་གྱི་སྡོམ་པ་ལན་དུ་བཅུག་ལ་རྨི་ལམ་དུ་གང་ཅུང་ཟད་མཐོང་བ་ནང་པར་ང་ལ་སྨྲོས་ཤིག་ཅེས་བརྗོད་དོ། །ཁྱིམ་དག་ཏུ་སེང་གེའི་ཉལ་ཐབས་སུ་ཉལ་དུ་གཞུག་གོ །དེ་དག་ནི་སློབ་མ་ལ་ལྷག་པར་གནས་པའོ། །དེ་ནས་བླ་མ་དཀྱིལ་འཁོར་གྱི་ཁང་པར་སློབ་དཔོན་རྣལ་འབྱོར་མ་བཞི་དང་ལྷན་ཅིག་ཏུ་ཞུགས་ཏེ། ཕྱོགས་སུ་ཕུར་བུས་བཏབ་ནས། རྡོ་རྗེར་བའི་ཕྱི་རོལ་དུ་དབང་ཆེན་དང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་ཕྱོགས་དང་མཚམས་བཅིང་བར་བྱས་ལ་སའི་ལྷ་མོ་ལ་མཆོད་དེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྟོབས། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བརྗོད་དོ། །དེ་དག་ནི་ས་ལྷག་པར་གནས་པའོ། །དེ་ནས་ནམ་མཁར་བཞུགས་སུ་གསོལ་བའི་འཁོར་ལོ་བློ་ཡིས་སྤྱན་དྲངས་ལ་བདུད་རྩི་ལྔ་ཉེ་བར་བྱུགས་པའི་དཀྱིལ་འཁོར་ལྔ་རྣམས་སུ་རང་ཇི་ལྟ་བ་བཞིན་བཅུག་ནས་ལེགས་པར་མཆོད་དོ། །མཆེ་བ་གཙིགས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ཡང་དག་པར་བསྟོད་ནས་བདུད་རྩི་ལྔ་དབུལ་ལོ། །པུས་མོ་གཡས་


DTG025_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཕབ་ལ་ལག་ཏུ་བདུག་སྤོས་ཀྱི་སྣོད་ཐོགས་ཏེ། ལན་གསུམ་བརྗོད་པར་བྱ་སྟེ། བཅོམ་ལྡན་ཁྲག་འཐུང་ཆེན་པོ་མཆོག །རིག་སྔགས་རྒྱལ་ཁྱོད་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་དཀྱིལ་འཁོར་ནི། །མགོན་པོ་བྲི་བར་འཚལ་ལགས་ན། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་བཀའ་དྲིན་མཛད་པར་རིགས། །འགྲོ་བའི་འཁོར་ལོ་བྱ་དོན་སྩོལ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གང་གཞན་གསང་སྔགས་ལྷ་རྣམས་དང། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །རང་བྱུང་རྫོགས་བྱང་ལ་གནས་དང༌། །ཡང་དག་རྡོ་རྗེའི་སྤྱན་མངའ་བའི། །བསྟན་པ་ལ་མངོན་དགའ་བ་ཀུན། །བདག་ནི་ཆེ་གེ་མོ་རྡོ་རྗེ། །དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པའི་ཡོ་བྱད་ཀྱིས། །འགྲོ་བའི་དོན་ཕྱིར་བྲི་ལགས་ན། །ཐུགས་བརྩེ་བར་ནི་དགོངས་ནས་སུ། །དེང་བདག་སློབ་མར་བཅས་པ་ལ། །དཀྱིལ་འཁོར་ལན་ཅིག་གྱུར་བ་ཀུན། །ཉེ་བ་རུ་ནི་མཛད་པར་རིགས། །ཞེས་སོ། །དེ་དག་ནི་འཁོར་ལོའི་དབང་པོ་ལྷག་པར་གནས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལྷག་པར་གནས་པའོ། །གལ་ཏེ་རབ་ཏུ་གནས་པར་བྱ་བའི་ལྷ་ཡོད་པར་གྱུར་ན། ལྷའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་ཀྱིས་ཕྱི་དང་ནང་གི་དབང་བསྐུར་བ་སྦྱིན་པ་སྔོན་དུ་སོང་བས། དེ་ལ་ཡང་ཚིགས་སུ་བཅད་པ་འདི་ཉིད་གདོན་པ་སྔོན་དུ་འགྲོ་བའི་རབ་གནས་ཀྱི་ཆོ་ག་ལས་བསྟན་པའི་རིམ་པ་ལས་ལྷག་པར་གནས་པར་བྱའོ། །འདི་ནི་རབ་ཏུ་གནས་པར་བྱ་བའི་ལྷ་ལྷག་པར་གནས་པའོ། །དེ་ནས་ཐིག་སྐུད་ཁ་དོག་ལྔ་བདུད་རྩི་ལྔས་བརླན་པ་སྣོད་ལྔར་གཞུག་པ་དཀྱིལ་འཁོར་གྱི་འཁོར་ལོ་ལྔའི་བདག་ཉིད་དབུ་བརྒྱན་དུ་བཞུགས་པའི་རྟག་པ་ལ་སོགས་པའི་ངོ་བོ་ཉིད་རྣམས་ལ་ནམ་མཁར་བཞུགས་པའི་ཐུགས་ཀར་གནས་པ་དེ་དག་གི་ཁ་དོག་ཅན་གྱི་འོད་ཟེར་གྱིས་ཐིག་སྐུད་བལྟས་ལ། ཨོཾ་མེ་པྲ་ཡཙྪ་ཤ་ཤྭ་ཏ་སུ་ཏྲཾ་སཱ་ཙཀྲཱ་སུ་ཏྲཾ་སཱ་ཙཀྲཱ་སུ་ཏྲ་ཎཱ་ཧཱུཾ་ཞེས་རྟག་པའི་གནས་སུ་རིན་ཆེན་འབྱུང་ལྡན་ལ་སོགས་པ་ཡང་སྦྱར་ཏེ། གསོལ་བ་བཏབ་པ་དང༌།


DTG025_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་རྣམས་ཀྱིས་བཏང་བ་རབ་ཏུ་གཡོ་ཞིང་འབར་བའི་མིག་གིས་རྫི་མས་འདྲེན་པའི་འབར་བའི་ལྟ་བས་བཀུག་ལ་གཅིག་ཏུ་བྱས་ཏེ། ཨོཾ་ཨཱཿཨནྱོ་ནྱཱ་ནུ་ག་ཏཱ་སརྦྦ་དྷརྨཱ་ཧཱུཾ། ཨོཾ་ཨཱཿ་སྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨཱ་ཧཱུཾ། ཨོཾ་ཨཱཿ་ཨཱ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨཱ་ཧཱུཾ། ཞེས་བརྗོད་ཅིང་ལྔ་པོ་གཅིག་ཏུ་བསྒྲིལ་ལོ། །ཆུར་འཁོར་ལོ་ཉིས་འགྱུར་ལ་སྒོའི་ཉི་ཤུའི་ཆ་ཡོད་པ་སྟེ། སློབ་མ་རང་གི་འདོད་པའི་རྣལ་འབྱོར་པ། ཐིག་སྐུད་འཛིན་ཅིང་རྡོ་རྗེ་དྲིལ་བུ་འཛིན་པ་དང་ལྷན་ཅིག་ཏུ་བླ་མ་རྡོ་རྗེ་དང་དྲིལ་བུ་འཆང་བས་ཡེ་ཤེས་ཀྱི་ཐིག་སྐུད་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་སྟེ། ཛཿ་ཞེས་བྱ་བ་གསུམ་གྱིས་སློབ་མ་ལ་བཏང་ལ། སློབ་མས་ཀྱང་ཛཿཛཿཛཿཞེས་བརྗོད་ཅིང་འགྲོ་བས་སོང་སྟེ། ལྟེ་བའི་ཕྱོགས་སུ་བཞག་ལ། གནམ་ཐིག་གདབ་པོ། །དེ་བཞིན་དུ་འོག་གི་ཐིག་ཀྱང་གདབ་པོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཐིག་གི་སྒྲས་སེམས་ཅན་གྱི་དོན་གྱི་ཕྱིར། དེ་བཞིན་གཤེགས་པ་རྣམས་བསྐུལ་བར་བྱའོ། །བླ་མ་ནུབ་ཀྱི་སྒོར་གནས་ཏེ། །ཤར་དུ་ཁ་བལྟས་ལ་ཚངས་ཐིག་གདབ་པོ། །དེ་ནས་གཡས་སྐོར་དུ་འགྲོ་བས་སོང་ནས་ལྷོའི་སྒོར་གནས་ཏེ། བྱང་དུ་ཁ་བལྟས་ལ་ཚངས་ཐིག་གཉིས་པའོ། །དེ་ནས་དེ་བཞིན་དུ་སོང་ནས་མེའི་ཕྱོགས་ཀྱི་གྲྭར་གནས་ཏེ། བྱང་དུ་ཁ་བལྟས་ལ། ཤར་ཕྱོགས་ཀྱི་ཐིག་གོ །དེ་ནས་དེ་བཞིན་དུ་སོང་ནས་རླུང་གི་ཕྱོགས་ཀྱི་གྲྭར་གནས་ཏེ། ལྷོར་ཁ་བལྟས་ལ་ནུབ་ཕྱོགས་ཀྱི་ཐིག་གོ །དེ་ཉིད་དུ་གནས་ཏེ། ཤར་དུ་གདོང་བལྟས་ལ་བྱང་ཕྱོགས་ཀྱི་ཐིག་གོ །དེ་ནས་དེ་བཞིན་དུ་སོང་སྟེ། མེའི་ཕྱོགས་ཀྱི་གྲྭར་གནས་ལ་ནུབ་ཏུ་གདོང་བལྟས་ལ་ལྷོ་ཕྱོགས་ཀྱི་ཐིག་གོ །དེ་ཉིད་དུ་གནས་ཏེ་རླུང་གི་ཕྱོགས་ཀྱི་གྲྭར་མངོན་དུ་ཕྱོགས་པས་གྲྭར་ཐིག་གོ །དེ་ནས་དེ་བཞིན་དུ་སོང་ནས་བདེན་བྲལ་གྱི་ཕྱོགས་ཀྱི་གྲྭར་གནས་ཏེ། དབང་ལྡན་གྱི་ཕྱོགས་སུ་གདོང་བ་ལྟས་པས་གྲྭའི་ཐིག་གདབ་པོ། །སློབ་མས་གཡས་སྐོར་གྱི་རིམ་པས་སོང་ནས་བླ་མ་ལ་ཁ་བལྟས་ལ་དེ་དང་དེར་བསྡད་དོ། །གལ་ཏེ་ཐིག་འདེབས་སུ་ཡང་མེད་ན་ནི་དེའི་ཚེ་གྲོགས་མེད་པས་རང་ཉིད་ཀྱི་ཕུར་བུ་


DTG025_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་བཏབ་ལ་དེ་བཞིན་དུ་ཐིག་གདབ་པོ། །དེ་ནས་ཐིག་སྐུད་ཉིས་བལྟབ་བྱས་ལ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། ཁོར་ཡུག་གི་གདབ་པོ། །མཚན་མིན་ནས་ནི་དངོས་མི་འགྱུར། །ཐིག་སྐུད་ཆད་ན་བླ་མ་འཆི། །ལྷག་ཆད་ལས་ཀྱིས་ནད་དུ་འགྱུར། །ཕྱོགས་རྨོངས་སློབ་མ་རྣམ་པར་འཁོར། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་མཛེས་པ་སྟེ། །དོ་ཤལ་དོ་ཤལ་ཕྱེད་པས་སྤྲས། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །སྟེགས་བུ་ལ་བརྟེན་གཟུངས་ཀྱི་ཚོགས། །མཆོད་པ་རྣམས་ཀྱིས་འབྲེལ་པ་སྟེ། །གྲྭ་ཡི་ཆ་ནི་ཐམས་ཅད་དང༌། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་བརྒྱན། །རླུང་གིས་བསྐྱོད་པ་དྲིལ་བུར་བཅས། །བ་དན་རྣམས་ཀྱི་ཕྱི་ཡི་གྲྭར། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་པོ། །དེ་ཡི་ནང་དུ་པདྨ་ནི། །འདབ་མ་བརྒྱད་པས་ཉེ་བར་མཛེས། །སྙིང་པོ་གེ་སར་དང་ལྡན་པ། །ཕྱི་ཡི་འཁོར་ལོའི་ཕྱེད་དུ་ནི། །ཞེས་བྱ་བ་ལ་སོགས་པ་སྦྱར་བ་དེ་དག་ནི་ཡེ་ཤེས་ཀྱི་ཐིག་ཏུ་བྱ་བ་དང་གདབ་པའོ། །དེ་བཞིན་དུ་རིན་པོ་ཆེ་ལས་བྱུང་བའམ། ལྕགས་ལྔ་ལས་བྱུང་བའམ། ཁམས་ལས་བྱུང་བའམ། ཡང་ན་འབྲས་སཱ་ལུ་ལས་བྱུང་བའམ། དམར་པོ་སོ་ཕག་ཚོགས་པའང་རུང༌། སོལ་བ་ལས་བྱས་དགེ་བ་སྟེ། །དེ་ལྟར་སྦྱར་བའི་རྡུལ་ཚོན་ལྔ། །སྣོད་ལྔར་བཞག་པ་ལ་རྟག་པ་ལ་སོགས་པ་བཀོད་དེ། །ཡེ་ཤེས་ཀྱི་རྡུལ་ཚོན་དེ་བཞིན་དུ་བཀུག་ནས་གཟི་བརྗིད་བསྐྱེད་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་པ་འདིས་བླ་མས་མངོན་པར་བསྔགས་ནས་འཁོར་ལོའི་ནང་དུ་བཞག་ལ། ཤར་དུ་ཁ་བལྟས་ཏེ། དབང་ལྡན་གྱི་གྲྭ་ནས་གཡས་སྐོར་གྱི་རིམ་པས་རྡོ་རྗེ་ཁུ་ཚུར་གཡོན་པས་སོ་སོར་ཐུགས་རྗེའི་སྟོབས་ཀྱིས་ང་རྒྱལ་དང་ལྡན་པས་བགེགས་འཇིག་པར་བྱེད་ཅིང་རྡུལ་ཚོན་དགྱེ་བར་བྱའོ། །ཕྱི་ནས་བསྒྲུབ་པའི་གྲོགས་མཆོག་གི་བྱའོ། །དཀར་པོ་སེར་པོ་དེ་བཞིན་དམར། །ལྗང་གུ་དང་ནི་ནག་པོ་ཉིད། །མཉམ་ཞིང་གཡས་སྐོར་ཡོ་མིན་དང༌། །མ་ཆད་པར་ནི་རི་མོ་དགྱེ། །སྦོམ་པར་གྱུར་ན་ནད་དུ་འགྱུར། །ཕྲ་མོ་ཡིས་ནི་ནོར་འཇོམས་ཏེ།།


DTG025_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོན་པོ་རྣམ་སྣང་ཆད་པ་ཡིས། །བླ་མ་དག་དང་སློབ་མ་འཆི། །ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོར་ནི་སེར་པོ་སྣང་བ་སྟེ། །ནུབ་ཀྱི་ཆ་ནི་དམར་པོའོ། །བྱང་དུ་ལྗང་གུ་ཡང་དག་ལྡན། །དབུས་ཀྱི་ས་གཞི་ཆ་དེ་ནི། །ཨིནྡྲ་ནཱི་ལ་མཚུངས་པའི་འོད། །འདི་དག་ཚོན་གྱི་རིམ་པ་སྟེ། །རྣལ་འབྱོར་མ་རྣམས་ནི་རྟག་པ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་དང༌། འདྲེན་པ་མི་བསྐྱོད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྔར་བསྟན་པའི་མདོག་དང་མཚན་མ་འཛིན་པ། སྣ་ཚོགས་པ་མངའ་བ། སྔར་བསྟན་པའི་གནས་རྣམས་སུ་ལྷ་ལྔ་པོ་དག་མཁས་པས་བྲིའོ། །ཡང་ན་གཞན་དག་ན་རེ། རང་གི་བླ་མའི་རིམ་པ་གསལ་བར་བྱས་པས་དབུས་དང་ཕྱོགས་བཞིར་ཤིན་ཏུ་གསལ་བར་བྱ་བའི་མཚན་མ་དགོད་པ་ཡིན་ནོ་ཞེས་ཟེར་ཏེ། དེ་བཞིན་དུ་འདབ་མ་བརྒྱད་ཀྱིས་བསྐོར་བའི་ཆུ་སྐྱེས་མཚུངས་པ་མེད་པ་ལ། ཕྱོགས་རྣམས་ནི་དམར་པོ། མཚམས་རྣམས་ནི་ཇི་ལྟར་མཛེས་པས་སྤྲས་པའོ། །ཕྱོགས་ཀྱི་འདབ་མར་རྡོ་རྗེ་ནོར་བུའི་སྙེ་མ་དང༌། སྣ་ཚོགས་པདྨ་དེས་འབར་བའི་རལ་གྲི་སྟེ། ལྟེ་བར་པདྨའི་སྣོད་ནི་འོང་ཆགས་པ་དག་ཏུའོ།། འདི་ནི་བྲི་བའི་དཀྱིལ་འཁོར་ཆོ་གས་བྲི་བར་བྱའོ། །ཉི་མ་གསུམ་པ་ལ་མཚན་མ་དགོད་པ་ལ་སོགས་པ་རྡུལ་ཚོན་དགྱེ་བར་གྲུབ་པ་དང༌། ཐུགས་རྗེའི་སྟོབས་ཀྱིས་རྣལ་འབྱོར་གྱིས་ཞུགས་ལ། སྐོར་བ་བྱེད་ཅིང་ཆད་པ་དང་ལྷག་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བལྟས་ལ། རྒྱས་པའི་ཡང་རུང་སྟེ་སྦྱིན་སྲེག་བྱའོ། །གསེར་རམ་ཟངས་ལས་གྲུབ་པའི་འམ་ནི་མཆོད་སྦྱིན་གྱི་ཤིང་ལས་བྱས་པའི་དགང་གཟར་ཏེ། དེའི་དབྱུག་པ་ནི་སྐྱེས་བུ་ཚད་དང་ལྡན་པའི་མཐེ་བོའི་སོར་ཉི་ཤུ་རྩ་བཞི་པ་དད་པ་གཟུང་བར་རུང་བ། དེའི་སྟེང་དུ་སོར་བཞི་པའི་ཁ་ཟུར་བཞི་པ་སོར་གཉིས་དམའ་བར་བྲིས་པ། རྡོ་རྗེ་རྩེ་ལྔ་པ་སོར་གཉིས་པས་བྱིན་གྱིས་བརླབས་པ། རོ་འབབ་པའི་བུ་གར་སོར་གཅིག་ཙམ་མམ། །མཐེའུ་ཆུང་ཙམ་སྟེ། དེའི་སྟེང་དུ་པདྨའི་རྣམ་པ་ཆུར་སོར་བརྒྱད་པ་ཞེང་དུ་ཐད་ཀར་སོར་བཞི་པ། སོར་གཉིས་བརྐོས་པས་རྡོ་རྗེ་


DTG025_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྩེ་གསུམ་པ་སོར་བཞི་པ་ཅན། དབྱུག་པའི་འོག་ཏུ་རྡོ་རྗེ་རིན་པོ་ཆེ་སོར་དྲུག་པ་ཅན་ནོ། །བླུགས་གཟར་ནི་ཁྲུ་གང་ཙམ་པ་ཁ་པདྨའི་ལོ་མ་ལྟ་བུ་རྒྱར་སོར་གཉིས་པ་ལ། སོར་གཅིག་དམའ་བར་བྲིས་པའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་སོར་གཅིག་ཙམ་ཡོད་པ། དབྱུག་པའི་འོག་ཏུ་རྡོ་རྗེ་རིན་པོ་ཆེ་ཅན་ནོ། །སོར་མོ་ལྔའི་སྦྱོར་བས་ཀྱང་དགང་གཟར་བླུགས་གཟར་བྱ་ཞིང༌། སོར་མོ་གསུམ་གཅེར་བས་སྲེག་བླུགས་ཅིག་བྱའོ། །དཀྱིལ་འཁོར་གྱི་ཁང་པའི་ཤར་ཕྱོགས་སུ་ཞི་བའི་ཐབ་ཁུང་དང༌། དབང་གི་ཐབ་ཁུང་བྱའོ། །ལྷོར་རྒྱས་པ་དང༌། ནུབ་ཏུ་དགུག་པ་དང༌། བྱང་དུ་དྲག་ཤུལ་སྤྱོད་པའི་ཐབ་ཁུང་བྱའོ། །ལས་ཐམས་ཅད་པའི་ཐབ་ཁུང་ནི་རྒྱར་ཁྲུ་གང་ཙམ། ཁྲུ་ཕྱེད་བྲུས་པ་ཟླུམ་པོ་པདྨ་རྒྱས་པ་ལྟ་བུའི་རྣམ་པ། ཁ་ཁྱེར་ཅན། ཕྱི་རོལ་རྡོ་རྗེའི་ཕྲེང་བས་བསྐོར་བ། དེའི་ནང་དུ་རིམ་པ་བཞིན་དུ་ཐོད་པ་དང༌། རྡོ་རྗེ་དང་རིན་པོ་ཆེ་དང༌། སྣ་ཚོགས་པདྨ་དང༌། རལ་གྲི་བྱིན་གྱིས་བརླབས་པ། བདུད་རྩི་ལྔའམ། སྣུམ་ཆེན་ནམ། བའི་མར་རམ། ལས་དང་རྗེས་སུ་མཐུན་པའི་སྦྲང་རྩི་དང་བདུད་རྩིར་བཅས་པའི་ཡམ་ཤིང་དང༌། ཏིལ་དང༌། སཱ་ལུ་དང༌། ཟན་དང༌། ནས་དང༌། འོ་མ་དང༌། ཞོ་དང༌། འབྲས་ཡོས་དང༌། ཀུ་ཤ་སྔོན་པོ་དང༌། དཱུར་བ་དང༌། ཙུ་ཏའི་འོ་མ་དང༌། ཙནྡན་གྱི་ཕྱེ་མ་དང༌། མེ་ཏོག་བྲི་ཡང་ཀུ་དང༌། མེ་ཏོག་དཀར་པོ་དང༌། སེ་འབྲུ་དང༌། དྲི་ཞིམ་པོ་དང་ལྡན་པ་དང༌། ཇི་ལྟར་ནུས་པའི་སྲེག་རྫས་རྣམས་སོ། །དེ་ལ་ཡམ་ཤིང་ནི་བལ་ཤ་དང༌། ཨུ་དུ་མྦཱ་ར་དང༌། ཀསྨི་རི་དང༌། ཨ་ཤྭཏྠ་དང༌། པླཀྵ་དང༌། ཤ་མི་དང༌། ནྱ་གྲོ་དྷ་ལ་སོགས་པ་འོ་མ་ཅན་གྱི་ཤིང་ལས་བྱུང་བ། རློན་པ་མཉམ་པར་བཅད་པ། མཐོ་གང་ཙམ་མམ། མཐེའུ་ཆུང་ཙམ་རྩེ་མོའི་ཆ་ལས་བྱུང་བ། སྦྲང་རྩི་དང་འོ་མས་རྩེ་མོ་གཉིས་བྱུགས་ལ། བསྲེག་པར་བྱ་བ་ཡིན་ནོ། །རྙིང་པ་དང༌། གས་པ་དང༌། ཁོང་སྟོང་དང༌། ཆག་པ་དང༌། ཤུན་པ་མེད་པ་དང༌། ཐུང་བ་དང༌། ཡོ་བ་དང༌། རྩེ་མོ་ཁ་བྲག་པ་དང༌། འཕྲས་པ་དང༌།


DTG025_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྦོམ་པ་དང༌། རིང་པ་དང༌། སྲིན་བུས་ཟོས་པ་དང༌། སྲོག་ཆགས་དང་བཅས་པ་ཉིད་ནི་དོར་བར་བྱ་བ་ཡིན་ནོ། །བུད་ཤིང་ནི་འོ་མ་ཅན་གྱི་ཤིང་དེ་དག་ཉིད་སྲོག་ཆགས་མེད་པའམ། དགོན་པའི་བ་ལང་གི་ལྕི་བ་སྐམ་པོ་ཡིན་ཏེ། ཐབ་ཁུང་བས་དམའ་བའོ། །ཞི་བ་དང༌། རྒྱས་པ་དང༌། དབང་གི་ལས་ལ་འོ་མ་ཅན་གྱི་ཤིང་གཙུབས་པ་ལས་བྱུང་བའི་མེའམ། རྒྱུན་བཞག་གི་མེའམ། དགེ་འདུན་གྱི་ཚང་བང་ནང་གི་མེ་ནི་ཞི་བ་དང༌། རྒྱས་པའི་ལས་ལའོ། །རྒྱས་པ་ལ་ནི་རྒྱལ་པོའམ་ཞང་བློན་གྱི་ཁྱིམ་ནས་བྱུང་བའམ། ནགས་ཚིག་པའམ། དགེ་འདུན་གྱིའོ། །དབང་ལ་ནི་རྗེའུ་རིགས་དང་རྗེའུ་རིགས་མིན་པའི་ཁྱིམ་ནས་བྱུང་བའོ། །དགུག་པ་ལ་ནི་གར་མཁན་དང༌། སློང་མོ་པའི་ཁྱིམ་གྱིའོ། །མ་རུངས་པ་ནི་དུར་ཁྲོད་ཀྱི་རུས་པ་དང༌། རྡོ་བ་དང༌། གཏུམ་པོ་ལ་སོགས་པའི་ཁྱིམ་ནས་བྱུང་བའོ། །མཆོད་ཡོན་གྱི་སྣོད་ནི་གསེར་རམ། དངུལ་ལམ། ཟངས་སམ། རྡོའམ། ཤིང་ངམ། སའི་རང་བཞིན་དུ། དུང་དམ། ཉ་ཕྱིས་སམ། ལོ་མ་བསྐྱོད་པའང་རུང་སྟེ། མེ་ཏོག་དང༌། ཏིལ་དང༌། ཀུ་ཤ་དང༌། འབྲས་ཡོས་དང་ལྡན་པའི་དྲི་ཞིམ་པོའི་ཆུ་ཅན་ནོ། །ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པར་ལྷའི་ང་རྒྱལ་དེ་དང་མཐུན་པར་བྱས་ཤིང་བརྒྱན་ལ། ལས་དེ་ལ་བསྟན་པའི་ཕྱོགས་སུ་ཁ་བལྟ་བ་དང༌། དེ་ལ་བརྗོད་པའི་སྟན་ལ་སོགས་པའི་བྱེ་བྲག་དང༌། རྡོ་རྗེ་སློབ་དཔོན་གྱི་གཡོན་ཕྱོགས་སུ་མཆོད་ཡོན་ལ་སོགས་པ་བཀོད་དེ། གཡས་སུ་ལས་དང་མཐུན་པའི་བསྲེག་བྱ་ལ་སོགས་པའི་ཡོ་བྱད་ཐམས་ཅད་བཞག་ལ། ལྷག་པའི་བསམ་པ་དེ་དང༌། དེ་བཞིན་དུ་བྱས་ཏེ། རྫས་དེ་དག་བསྲེགས་པ་སྔོན་དུ་འགྲོ་བས་དེ་དང་དེའི་ལས་བྱའོ། །དེ་ལ་པདྨར་གནས་པའི་ས་བོན་ཧཱུཾ་ལས་བྱུང་བའི་རྡོ་རྗེ་མེའི་སྙིང་གར་རཾ་དང་བཅས་པའི་སུམ་མདོའི་རིས་ཅན་གྱིས་མཚན་པ། ཕྱག་དྲུག་པ་སེར་པོ། སེར་པོ་དང༌། སྔོན་པོ། དཀར་པོ་ཞལ་གསུམ་པ། རྩ་བའི་


DTG025_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་དག་གིས་ཤེས་རབ་མ་ལ་འཁྱུད་པ་དང༌། ཕྱག་གཡས་པ་དང༌། ཅིག་ཤོས་གཞན་དག་གིས་མི་འཇིགས་པ་དང༌། ཕྲེང་བ་དང༌། ཐག་གུ་དང༌། དབྱུག་པ་འཛིན་པ་དང༌། ཡེ་ཤེས་ཀྱི་མེ་ལྷ་ཆོ་ག་བཞིན་དུ་སྤྱན་དྲངས་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་བསམས་ལ་སྦྱིན་སྲེག་བྱའོ། །དགང་གཟར་དང་བླུགས་གཟར་གྱི་ཁ་ལ་འདོད་པའི་ལྷའི་ས་བོན་རབ་ཏུ་འབར་བར་བསམས་ཏེ། བྱིན་ཟའི་ཞལ་དུ་ཡང་ཡི་གེར་བཀོད་ལ་དགང་བླུགས་དབུལ་ལོ། །དེའི་སྙིང་གར་ཡང་ལྷའི་འཁོར་ལོ་བསམས་ལ་བདུད་རྩིའི་བདག་ཉིད་ཅན་གྱི་གཏོར་མ་རྣམས་ཀྱིས་ཚིམ་པར་བྱའོ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ནི་ཡམ་ཤིང་བསྲེགས་པ་ཐམས་ཅད་དང་མར་གྱིའོ། །ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སརྦྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་ཐུག་པོ་མཆུ་མ་གྲུགས་པའིའོ། །ཨོཾ་བཛྲ་སཾ་པ་དེ་སྭཱ་ཧཱ། ཞོ་ཟན་གྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །རྒྱས་པའི་མཐའ་མར་ཡི་གེ་ཨོཾ་བསྐུལ་བ་དང་ལྡན་པའོ། །ཞི་བའི་མཐར་ཡི་གེ་སྭཱ་ཧཱ། བསྐུལ་བ་དང་ལྡན་པའོ། །དབང་ལ་ནི་ཡི་གེ་ཧོཿའོ། །དགུག་པ་ལ་ནི་ཡི་གེ་ཛཿའོ། །དབྱེ་བ་ལ་ནི་ཡི་གེ་ཧཱུཾ་ངོ༌། །དགའ་བ་ལ་ནི་ཡི་གེ་ཧཱུཾ་ངོ༌། །དྲག་ཤུལ་སྤྱོད་པ་ལ་ནི་ཡི་གེ་ཕཊ་དེ། འོན་ཀྱང་བསྐུལ་བའང་བརྗོད་པར་བྱ་སྟེ། རིམ་པ་འདིས་ལྷ་ཐམས་ཅད་ཚིམ་པར་བྱའོ། །འབར་བའི་མཚན་མ་རྣམས་བརྟག་པར་བྱ་སྟེ། དབང་པོའི་གཞུ་འདྲ་བ་ཁ་དོག་དཀར་བ་དང༌། བྱུ་རུ་བཅག་པ་ལྟ་བུ་དང༌། །གཡས་སུ་འཁྱིལ་ཞིང་ཤིན་ཏུ་སྣུམ། །ལྷམ་བུ་ཆུ་གཤེར་མཚུངས་པའི་འོད། །ལེ་བརྒན་རྩི་འདྲ་མར་གྱི་ནི། །སྲེག་བླུགས་བླུགས་གཟར་རྣམ་པ་དང༌། །རྡོ་རྗེ་རྩེ་གསུམ་པ་དང༌། དུང་དང༌། པདྨ་དང༌། ཉ་དང༌། དཔལ་བེའུ་དང༌། རྔ་ཡབ་དང༌། རྒྱལ་མཚན་དང༌། གདུགས་ལ་སོགས་པ་དང༌། བུམ་པ་དང༌། གཡུང་དྲུང་གི་རྣམ་པ་འབྱུང་བ་དང༌། པི་ཝང་དང༌། རྫ་རྔ་ལྟར་ཟབ་པ་དང༌། དྲི་ཞིམ་པ་


DTG025_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ཤིན་ཏུ་ཡིད་འཕྲོག་པ་དང༌། གསེར་དང༌། དངུལ་ལྟར་སྣང་བ་དང༌། དུ་བ་མེད་པ་དང༌། འབར་བ་དང༌། ཉི་མ་ལྟར་སྣང་བ་དྲི་མ་མེད་པ་སྟེ། དེ་དག་ལ་སོགས་པ་འབར་བའི་མཚན་ཉིད་དགེ་བ་རྣམས་ཤེས་པར་བྱའོ། །མཚན་མ་ངན་པ་ནི་དཔལ་ཧེ་རུ་ཀའི་རྣལ་འབྱོར་ཉིད་ཀྱིས་མན་ངག་ཇི་ལྟ་བར་བགེགས་མེད་པར་བྱའོ། །མཐར་ནི་དགང་བླུགས་ཕུལ་ལ་བསང་གཏོར་དང༌། འཐོར་འཐུང་དང༌། མཆོད་ཡོན་འབུལ་བ་སྔོན་དུ་བྱ་བས་ལེགས་པར་མཆོད་དེ། ཡང་དག་པར་བསྟོད་ལ། གཤེགས་སུ་གསོལ་བར་བྱའོ། །སྲེག་རྫས་ལྷག་མར་སླར་ཡང་མེ་ལ་སྦྱིན་སྲེག་བྱའོ། །ཡོད་སྲིད་ན་ཞི་བ་ལ་སོགས་པ་དོན་དུ་གཉེར་བའི་སྐྱེ་བོ་དེ་གཡོན་ལོགས་སུ་བཞག་ལ། དེའི་མཐེ་བོང་གཡས་པ་བཟུང་ལ་གཡས་སུ་བསྐོར་བའི་ཚུལ་གྱིས་བྱུར་བསལ་བ་སྔོན་དུ་བྱས་ནས་ཆེ་གེ་མོ་ལ་ཞི་བར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པའི་བསྐུལ་ཚིག་དང་ལྡན་པས་བདུན་ཕྲག་གསུམ་སྲེག་བླུགས་ཕུལ་ཏེ། དེ་ནས་ཡོན་བླངས་ལ་མེ་ལྷ་ཡང་གཤེགས་སུ་གསོལ་བར་བྱའོ། །དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་ཤར་ངོས་སུ་གཞག་སྟེ། དེའི་སྟེང་དུ་བུམ་པ་ཐམས་ཅད་ནས་ཆུ་ཅུང་ཟད་བླུགས་པའི་པདྨའི་སྣོད་ས་ཧ་ཀ་རའི་ལོ་འདབ་དང་ལྡན་པ་ཞིག་ཆུའི་དབང་བསྐུར་བའི་དོན་དུ་གཞག་གོ །དེ་དང་ཉེ་བར་མན་ཇི་ལ་སོགས་པ་ལ་གནས་པའི་པདྨ་བྷནྡྷ་གཞག་བདུད་རྩི་ལྔ་དང་ལྡན་པ་ཞིག་བདུད་རྩི་ལྟུང་བའི་དོན་དུའོ། །སྣ་ཚོགས་མཁའ་འགྲོ་མའི་བུམ་པ་ཡང་འཇུག་པར་འདོད་པ་རྣམས་ཀྱི་གཡས་ལོགས་སུ་དཀྱིལ་འཁོར་གྱི་ཁང་པའི་སྒོ་དང་ཉེ་བར་རྩྭ་ཀུ་ཤའི་ཆུན་པོ་དང་ལྡན་པ་ཞིག་བསང་གཏོར་གྱི་དོན་དུ་གཞག་གོ །བུམ་པ་གཞན་དག་ནི་ཇི་ལྟར་མཛེས་པའོ། །སློབ་དཔོན་གྱི་གདན་ཡང་སྒོ་དང་ཉེ་བར་འདིང་ངོ༌། །དེ་ནས་མན་ངག་ཇི་ལྟ་བ་བཞིན་དཀྱིལ་འཁོར་བསྒྲུབ་པར་བྱས་ནས་བློ་ལ་ཡོད་པ་ལ་སོགས་པའི་མཆོད་པའི་མཐར། མགོན་པོས་དངོས་གྲུབ་ཐམས་ཅད་ཡོད་པར་མཛོད་ཅིག་ཅེས་གསོལ་བ་གདབ་བོ། །དེའི་


DTG025_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེས་སུ་ཕྱི་རོལ་དུ་བྱུང་སྟེ། འདིར་བསྟེན་པའི་ཆོ་གས་གཏོར་མ་བྱིན་ནས། བླ་མས་སློབ་མ་བཞིན་དུ་བློས་ཞུགས་ལ། དབང་བསྐུར་བ་ལ་སོགས་པ་དང༌། སོ་སོར་ཕྱག་བཙལ་བ་ལ་སོགས་པ་བྱས་ཏེ། བདག་ནི་སློབ་དཔོན་དུ་གྱུར་ནས་ཐམས་ཅད་བྱའོ་ཞེས་རང་གི་བློས་མོས་པར་བྱའོ། །དེ་ཁོ་ན་ཉིད་དང་འཁོར་ལོ་ཡང་གཟུགས་བརྙན་ལྟར་ཆོས་ཉིད་ཀྱིས་ཤེས་པར་བྱས་ནས་གདོན་ཏེ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །ཧེ་རུ་ཀ་དེང་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གཟོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ཕྱག་རྒྱ་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པས། །སེམས་ཅན་ཀུན་གྱི་སྙིང་ལ་བཞུགས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །དམ་ཚིག་མཆོག་གི་འདོད་པ་ཡིན། །བདེ་བ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་ཀྱི་དཀྱིལ་འཁོར་ཡིན། །བ་དན་པ་དེ་ཡིས་བདག་ལ་མགོན། །ཁྱོད་ཀྱིས་འདོད་པ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །དེ་བཞིན་ཁོ་ན་ཉིད་ལས་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་བྲི མེད་མཐོང་བར་ཤོག །དེ་ནས་སློབ་མ་མཆོད་པར་འོས་པའི་ཆ་བྱད་


DTG025_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་ཕྱི་རོལ་དུ་གདོད་གཡོགས་དམར་པོས་བཅིངས་ལ། །མེ་ཏོག་གཅིག་ཏུ་དཀར་བ་ཐལ་མོས་བཟུང་ལ། སྐྱེས་བུ་མཁས་པས་ཁྲིད་དེ་ཡོལ་བ་གཉིས་ཀྱི་བར་དུ་བཅུག་ལ། བླ་མས་ཧཱུཾ་ཞེས་པས་ཡོལ་བའི་སླར་ནས་བཏེག་ལ། ཀུ་ཤའི་ཆུན་པོའི་ཆུས་བསངས་ལ། སྡུག་པ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །སྡུག་པ་ངན་བུ་ནི་སྐལ་བ་བཟང་པོ་བ་ཡིན་ནོ་ཞེས་བརྗོད་པ་དང་ལྡན་པ་ལ་ལེགས་པར་མཆོད་དེ་དཀྱིལ་འཁོར་གྱི་ཁང་པར་གཞུག་པར་བྱའོ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བས་བྱང་ཆུབ་དམ་པར་སེམས་བསྐྱེད་དུ་བཅུག་ནས། དེའི་སྙིང་གར་ས་བོན་ལས་རྡོ་རྗེ་བསམ་སྟེ། བརྗོད་པར་བྱའོ། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱའོ། །མ་དད་པ་ཡང་མ་བྱེད་ཅིག །ཛ་ཧཱུཾ་དག་གིས་བློས་བཀུག་ནས་བཅུག་སྟེ། དེ་ལ་ཨ་ཁཾ་བཱི་ར་ཧཱུཾ་ཞེས་གདོང་བཅིང་བཅུག་ནས་དཀྱིལ་འཁོར་གྱི་སྒོར་ཁྲིའི་སྟེང་དུ་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། །དེ་ལྟ་བུའི་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་མ་སྨྲ་ཞིག །ཁྱོད་རང་གི་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་དེ། །དེའི་སྙིང་གར་རྡོ་རྗེ་བཞག་ལ། རྡོ་རྗེ་སེམས་དཔའ་རང་ཉིད་ནི། །དི་རིང་ཁྱོད་ཀྱི་སྙིང་ལ་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །ད་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་དོ། །པདྨའི་སྣོད་ནས་བདུད་རྩི་ལྔ་སྲིན་ལག་དང་མཐེ་བོས་དེའི་ཁར་བྱིན་ནས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ལས་དངོས་གྲུབ་སྟེ། །རྡོ་རྗེ་བདུད་


DTG025_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྩིའི་ཆུ་འཐུང་ཤིག་ཨོཾ་བཛྲོད་ཀ་ཐཱ་ཞེས་བརྗོད་ལ་འཐུང་དུ་གཞུག་གོ །སློབ་མའི་དམ་བཅའ་བརྟན་པར་བྱ་བའི་ཕྱིར་འདི་སྐད་བརྗོད་དོ། །དེང་ནས་བརྩམས་ཏེ་ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །ཁྱོད་ཡང་བ་མ་སྤང་བར་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་རང་བདག་ལ་དབབ་ཏུ་གསོལ་ཞས་སྨྲར་གཞུག་གོ །སློབ་མའི་ལུས་དང་ངག་དང་ཡིད་ལ་ཆུ་དང་རླུང་དང་ས་ལས་ཧཱ་ཨ་ཧཱུཾ་རྐང་མཐིལ་དུ་ཡང་ཡི་གེ་ཛྷཻཾ་ཞེས་བརྗོད་ཅིང་བསམས་ནས། རླུང་དང་མེའི་འཁོར་ལོར་སོང་སྟེ། རླུང་གིས་མེའི་འཁོར་ལོ་སྦར་བ་དང༌། ཡི་གེ་ཛྷཻའི་འོད་ཟེར་རྣམས་སློབ་མ་རྡུལ་ཕྲ་རབ་རྣམས་ལ་ཞུགས་པས་དབབ་པར་བྱ་སྟེ། ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཨ་ཧ་ཛྷཻ་ཞེས་བརྗོད་ཅིང་འགྱིང་བ་དང་བཅས་པས་དྲེལ་བུ་དཀྲོལ་ལོ། །སྒོ་སྐྱོང་བ་བཞིའི་དྲིལ་བུ་དཀྲོལ་བ་ལ་གཞོལ་བས་དོན་དུ་གཞུག་གོ །བབས་པར་གྱུར་ན་དེའི་ལྕེ་ལ་ཡི་གེ་དམར་པོ་ཅན་ཉིད་ཀྱི་འོད་དཔག་ཏུ་མེད་པ་བསམས་ནས། རྡོ་རྗེ་དགེ་བ་དང་མི་དགེ་བ་སྨྲོས་ཤིག་ཅེས་བརྗོད་དོ། །དབབ་པ་བརྟན་པར་བྱ་བའི་ཕྱིར་ཏིཥྛ་བཛྲ་ཞེས་བྱ་བས་ཉེ་བར་བསྡུ་བར་བྱའོ། །དབབ་པའི་ཆོ་གའོ། །པྲ་ཏཱིཙྪ་བཛྲ་ཧོཿ་ཞེས་འདོན་དུ་བཅུག་ལ་དེའི་ལག་པ་ན་གནས་པའི་མེ་ཏོག་དཀྱིལ་འཁོར་དུ་དོར་དུ་གཞུག་གོ །མེ་ཏོག་དེ་ཡང་རིགས་གང་དུ་ལྷུང་བ་ཡིན་པར་ཤེས་པར་བྱས་ནས་བླངས་ཏེ། དེའི་མགོ་བོར་པྲ་ཏི་གྲིཧྞ་ཏྭཱཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ་ཞེས་བརྗོད་ཅིང་བརྟག་པར་བྱའོ། །རིགས་གང་དུ་མེ་ཏོག་དེ་ལྷུང་བ་དེའི་རྣལ་འབྱོར་སྦྱིན་པར་བྱ་བའམ། འདོད་པའི་ཁྱད་པར་གྱིས་རྣལ་འབྱོར་སྦྱིན་པར་བྱའོ། །འདི་དག་ནི་རྒྱུད་གཞན་ནས་གསུངས་པའི་ཕྲེང་བའི་དབང་བསྐུར་བ་ཡིན་ནོ། །དེའི་མིག་གཉིས་ལ་ཡི་གེ་ཨོཾ་བསམས་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་བྱ། །མིག་ནེ་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་


DTG025_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྗོད་ཅིང་གདོང་གཡོགས་བཀྲོལ་ནས། རིམ་གྱིས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་པར་བྱའོ། །དེ་དག་ནི་སློབ་མ་གཞུག་པའི་ཆོ་གའོ། །དེ་ཉིད་དུ་ཁྲི་ལ་མངོན་པར་ཕྱོགས་པར་སྐྱིལ་ཀྲུང་དུ་འདུག་ཏུ་བཅུག་ལ། སྔར་བསྟན་པའི་རྣམ་པར་རྒྱལ་བའི་སྟེང་དུ་བཞག་པའི་མཆོད་ཡོན་གྱི་སྣོད་ནས་ལོ་འདབ་ཀྱིས་བླངས་པའི་ཆུས་སློབ་མ་འདོད་པའི་ལྷར་བསྒོམས་པའི་རྣལ་འབྱོར་པའི་མགོ་བོར་བཛྲ་ཨ་བྷི་ཥིཉྩ་ཞེས་དག་ཏུ་བརྗོད་ཅིང་གཏོར་བར་བྱའོ། །འདི་ནི་ཆུའི་དབང་བསྐུར་བའི་ཆོ་གའོ། །རས་ལ་སོགས་པ་ལ་ཅོད་པན་བྱས་ཏེ། དེའི་རིགས་ཀྱི་དབང་པོས་མཚན་པར་བསམས་ལ། དེའི་མགོ་བོར་བསྐོན་ནོ། །ཅོད་པན་གྱི་དབང་བསྐུར་བའོ། །ཅོད་པན་ཉིད་ལ་བརྗོད་པར་གྱུར་པ་གཞན་དག་བྱ་སྟེ། དེའི་སྙིང་གར་རྡོ་རྗེ་ལེགས་པར་བཞག་ལ། སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། དེ་རིང་ཁྱོད་ལ་དབང་བསྐུར་འགྱུར། སངས་རྒྱས་ཐམས་ཅད་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་དེ་ཁྱོད་ཀྱིས་ལོང༌། །ཞེས་བརྔོད་ཅིང་ལག་པ་གཡས་པས་འཛིན་དུ་གཞུག་གོ །དེ་དག་ནི་རྡོ་རྗེའི་དབང་བསྐུར་བའོ། །རང་གི་བདག་པོའི་རྣལ་འབྱོར་པ་དེའི་བྲང་དུ་དེ་ཉིད་ཀྱིས་རྡོ་རྗེ་དང༌། དྲིལ་བུ་འཛིན་པའི་ལག་པ་གཉིས་དང་པོར་བཞག་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་ཕྱི་ནས་འཁྱུད་པར་བྱའོ། །དེ་དག་ནི་དྲིལ་བུའི་དབང་བསྐུར་བའོ། །རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པ་དེ་དག་དེའི་སྤྱི་བོར་གཏོད་དུ་བཅུག་ལ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་སྟེ། ཕྲེང་བ་ས་ལ་ལྷུང་བ་དང་མཐུན་པའི་མིང་གདགས་སོ། །མིང་གི་དབང་བསྐུར་བའོ། །དེ་བཞིན་གཤེགས་པ་ལྔའི་ངོ་བོའི་དབང་བསྐུར་བ་ལྔ་པོ་འདི་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་ངོ་བོ་སྒྲུབ་པར་བྱེད་དོ། །དབང་བསྐུར་བ་ལྔ་པོ་དེ་དག་ལ་རིག་པའི་དབང་བསྐུར་བའི་སྒྲས་ཀྱང་བརྗོད་པར་བྱ་བ་ཡིན་ཏེ། མ་རིག་པ་ལྔའི་གཉེན་པོ་རིག་པའི་ངོ་བོའི་ཡེ་ཤེས་ལྔ་པོ་རྣམས་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་ནས་འདི་ལ་བརྟུལ་ཞུགས་དང༌། ལུང་བསྟན་པ་དང༌།


DTG025_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་རྡོ་རྗེའི་བརྟུལ་ཞུགས་སྦྱིན་ནས། རྡོ་རྗེ་དེ་ཁོ་ན་ཉིད་ཀྱིས་གཟུང་ངོ༌། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་སོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བརྗོད་ཅིང་དྲིལ་བུ་ལེགས་པར་བསླངས་ལ། དེ་ཆོས་ཀྱིས་དཀྲོལ་བར་བྱ་སྟེ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་བྱེད་པ་ཡིན། །ཞེས་སོ། །གལ་ཏེ་ཕྱིར་མི་ལྡོག་པའི་དབང་བསྐུར་བ་སྦྱིན་པར་བྱ་བ་མ་ཡིན་ན་ཆོས་བསྟན་པའི་འོག་ཏུ་རྗོད་པར་བྱེད་བཞིན་པའི་རིམ་པས་ལུང་བསྟན་པ་དང༌། དབུགས་དབྱུང་བ་དག་སྦྱིན་པར་བྱ་སྟེ། ཚེ་ག་འདི་ནི་རིག་པའི་དབང་བསྐུར་བ་དང་འབྲེལ་པ་ཡིན་ནོ། །སློབ་མ་ཁྲི་ལས་བབས་ལ་བླ་མ་ལ་ཡང་དག་པར་མཆོད་དེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་བཞིན། །བདག་ཀྱང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །དེ་ནས་བླ་མ་མཉེས་པ་དང་སྡོམ་པ་བཞི་བྱིན་ནས་ཁྲི་དེ་ཉིད་ལ་པདྨ་འདབ་མ་བརྒྱད་པར་སྔ་མ་བཞིན་དུ་འདུག་སྟེ། འདོད་པའི་ལྷའི་རྣལ་འབྱོར་པའི་རང་གི་སྙིང་གནས་སྤྲུལ་པའི་རིག་མ་མཆོད་པ་དང་ལྡན་པ་རྣམས་ཀྱིས། །རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང༌། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། །ཞེས་བརྗོད་ཅིང་དེ་དག་གིས་དབང་བསྐུར་བར་བསམས་ཏེ། བླ་མས་ཀྱང་ཚིགས་བཅད་འདི་བརྗོད་དོ། །ཟུར་བཞི་པ་ལ་གྲུ་བཞི་པ། །བཀྲ་ཤིས་རྣམས་ཀྱིས་ཉེ་བར་མཛེས། །དཔངས་སུ་ཁྲུ་དོ་ཉམས་དགའ་བའི། །ཁྲུས་ཀྱི་སྟེགས་བུ་རབ་བརྟག་བྱ། །རབ་གནས་ལ་ཡང་རིམ་པ་


DTG025_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་ཡིན་ཏེ། ཕྱི་རོལ་གྱི་ཁྲུས་ཀྱི་ཆོ་ག་ལའང་རིམ་པ་འདི་ལྟར་ཁོང་དུ་ཆུད་པར་བྱའོ། །དེ་ནས་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་མན་ངག་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ། །ཕྱིར་མི་ལྡོག་པའི་དབང་བསྐུར་བའོ། །བདུན་པོ་གཅིག་ཏུ་བྱས་ནས་བུམ་པའི་དབང་ནི་དང་པོ་ཞེས་བྱ་སྟེ། དབང་བསྐུར་བ་བདུན་ནི་བུམ་པའི་དབང་བསྐུར་བའི་སྒྲས་བརྗོད་པར་བྱ་སྟེ། དེ་ཡང་དང་པོ་ཡིན་ནོ། །གལ་ཏེ་གསང་བ་དང་ཤེས་རབ་ཀྱི་དབང་བསྐུར་སྦྱིན་པར་བྱ་བ་མ་ཡིན་ན་དེའི་ཚེ་འདིར་ལུང་བསྟན་པ་དང༌། རྗེས་སུ་གནང་བ་བྱིན་ནས་དབུགས་དབྱུང་སྦྱིན་ནོ། །དེའི་ཚེ་འདི་བྱ་བ་དང༌། སྤྱོད་པའི་རྒྱུད་ལ་སོགས་པ་གཞན་ལ་འཆར་བར་འོས་པར་འགྱུར་ཏེ། རྣལ་འབྱོར་བླ་མེད་ལ་སོགས་པ་ནི་མ་ཡིན་ནོ། །འདིའི་མིང་སློབ་དཔོན་གྱི་དབང་བསྐུར་བའི་སྒྲས་ཀྱང་བརྗོད་པར་བྱ་བ་ཡིན་ནོ། །ཕྲེང་བ་ཆུ་དང་བདེ་གཤེགས་ཅོད་པན་འཆིང༌། །ཕྱག་རྒྱ་གཙོ་བོ་རང་རིགས་བདག་པོ་དང༌། །དཔལ་གྱི་རྡོ་རྗེ་མིང་ཕྱིར་མི་ལྡོག་ཅེས། །འདིར་ནི་ཐེ་ཚོམ་མེད་པར་བདུན་ཡིན་ནོ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ནས་བླ་མ་ཡང་དག་པར་མཆོད་དེ། བཞིན་མཛེས་མིག་ནི་དཀྱུས་རིང་ཞིང༌། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །རྒྱན་རྣམས་ཀུན་དང་གོས་བཟང་དང༌། །ལྷ་རྫས་དྲི་ཡི་བྱུག་པ་ཅན། །རྣལ་འབྱོར་ཅིག་གིས་བྱ་བ་གོམས། །རིགས་ཀྱི་བུ་མོ་གང་ཡང་རུང༌། །བླ་མ་ལ་ནི་ཕུལ་བྱས་ནས། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བགྱིས་པ་ལྟར། །བདག་ལའང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ཚིགས་བཅད་འདིས་གསོལ་བ་བཏབ་པ་དང༌། བླ་མས་སློབ་མ་སྡོམ་པ་བཞིན་གྱི་ཡོལ་བའི་བར་དུ་བཞག་ལ་གསང་བའི་མཆོད་པའི་མཐར་ཡོལ་བའི་སླ་ནས་བཏེགས་ལ། གཡོན་པའི་སོར་མོ་མིང་མེད་དང་རྒན་པོས་རྡོ་རྗེ་བཟུང་སྟེ། གསང་བའི་དབང་བསྐུར་སྦྱིན་ནོ། །དེས་ཀྱང་ཨེ་མ་ཧོ་བདེ་བ་ཞེས་བརྗོད་དེ་བླང་བར་བྱའོ། །སླར་ལོག་ནས་བླ་མ་ཆུ་སྐྱེས་ན་གནས་པ་རང་ཉིད་ཀྱིས་མྱངས་ལ། དེས་ཀྱང་རང་གི་རྡོ་རྗེ་མྱང་དུ་བཅུག་ལ། རང་གི་སྟན་གོར་བུ་ལ་སོགས་པ་ལ་འདུག་པར་གྱུར་པས། དེ་ནས་ཕན་ཡོན་བརྗོད་པར་བྱ་སྟེ། འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །དབང་བསྐུར་བ་ཡི་གོ་འཕང་


DTG025_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག །གསང་སྔགས་རྣམས་ནི་ཐམས་ཅད་དང༌། །ལས་མཆོག་རབ་འབྱམ་འགྲུབ་པར་བྱེད། །དེ་དག་ནི་གཉིས་པ་གསང་བའི་དབང་བསྐུར་བ་ཡིན་ནོ། །དེ་ཡང་དེ་བཞིན་དུ་གསོལ་བ་གདབ་པོ། །མདུན་ན་འདུག་པ་དེ་དག་གི་ལག་པ་གཡས་པ་དག་རང་གི་ལག་པ་གཡོན་པའི་སྟེང་དུ་གཞག་པ་བྱས་ནས་ཁ་བལྟས་ཏེ། དཔལ་ལྡན་ཤེས་རབ་དང་ཕྲད་ལས། །དེ་ཉིད་ཡང་དག་དམིགས་པར་བྱ། །འདི་དེ་གཟུངས་མ་ཉམས་དགའ་བ། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པ་རབ་འབྱོར་བས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་མོ་ཀྲུང་གི་སེམས། །ནོར་བུའི་ནང་དུ་སོན་པ་ལྟོས། །ཞེས་བརྗོད་དོ། །ཡོལ་བའི་ནང་ན་སློབ་མའི་ལུས་ལ་གཞུག་པར་བྱའོ། །ཕྱིའི་ལྷའི་བུ་མོ་རྣམས་ཀྱིས་ཀྱང་མཉམ་ན་འདུག་པའི་བླ་མ་ཕྱིར་བསྐྱེད་ལ། སློབ་མ་གསང་བའི་མཆོད་པས་གནས་པ་ལ་བལྟས་ཏེ། ནམ་མཁའ་ལ་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཁ་དོག་དཀར་པོ་ཁང་པ་བརྩེགས་པ་དང༌། ལྷན་ཅིག་སྐྱེས་པར་བསམས་ནས། མར་གྱི་བུམ་པ་བཞིན་དུ་ཞུ་བར་གྱུར་པ་དབང་བསྐུར་བའི་གནས་སུ་མཛད་དེ། སློབ་མའི་ལུས་ལ་གཞུག་པར་བྱའོ། །ཕྱིའི་ལྷ་མོ་བུ་མོ་རྣམས་ཀྱིས་ཀྱང་མཉན་ན་སྐལ་བ་བཟང་པོའི་ཅ་ཅོ་དང་གར་དང་གླུ་དང་སིལ་སྙན་གྱི་སྒྲ་དབྱངས་དང༌། དྲིས་བསྒོས་པའི་གོས་དང་ཙནྡན་གྱི་ཕྱེ་མ་འཐོར་བ་ལ་སོགས་པ་བྱའོ། །བཀྲ་ཤིས་གང་ཞིག་དགའ་ལྡན་ལྷ་ཡི་གཞལ་ཡས་ཁང་གི་ནི། །སྙིང་པོ་ནས་ནི་འགྲོ་ལ་ཕན་ཕྱིར་འདིར་གཤེགས་ལས་བྱུང་དང༌། །དབང་པོ་བཅས་དང་ལྷ་ཡི་དེ་བཞིན་གཤེགས་པ་བསྐོར་བ་ཡི། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདོན་པར་བྱའོ། །དེ་བཞིན་དུ། རྨོངས་ལ་གཏི་མུག་བདག་ཉིད་སྦྱོར། །གཏི་མུག་དགའ་མ་བདག་ལྡན་པས། །གཏི་མུག་རྒྱུན་གྱིས་དབང་བསྐུར་བས། །གཏི་མུག་རྡོ་རྗེ་རང་ཉིད་འགྱུར། །སྡང་ལ་ཞེ་སྡང་བདག་ཉིད་སྦྱོར། །ཞེ་སྡང་དགའ་མ་བདག་ལྡན་པ། །ཞེ་སྡང་རྒྱུན་གྱིས་དབང་བསྐུར་བས། །ཞེ་སྡང་རྡོ་རྗེ་རང་ཉིད་གྱུར། །ཆགས་ལ་འདོད་ཆགས་


DTG025_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག་རྣལ་འབྱོར། །འདོད་ཆགས་དགའ་མ་བདག་ལྡན་པ། །འདོད་ཆགས་རྒྱུན་གྱིས་གསལ་བའི་ཕྱིར། །འདོད་ཆགས་རྡོ་རྗེ་རང་ཉིད་གྱུར། །ཤེས་རབ་ཡེ་ཤེས་བདག་རྣལ་འབྱོར། །རྡོ་རྗེ་དགའ་མ་བདག་ལྡན་པ། །ཡེ་ཤེས་རྒྱུན་གྱིས་དབང་བསྐུར་བས། །ཤེས་རབ་ཡེ་ཤེས་རང་ཉིད་འགྱུར། །ཞེས་ཀྱང་བརྗོད་དོ། །དེ་དག་གིས་མཆོད་པའི་མཐར་བླ་མ་ཡོལ་བའི་བར་ནས་འོངས་ཏེ། རང་གི་སྟན་ལ་འདུག་ལ། །མདུན་དུ་ཙོག་པུར་འདུག་པ་དེ་དག་གི་ལག་པ་གཡོན་པར་བཞག་ལ། ལག་པ་གཡས་པ་སློབ་མའི་མགོ་བོར་གཏད་དེ། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །དེ་ཕྱིར་རིག་པ་འདི་ནི་མཆོག །གཉིས་སུ་མེད་པའི་ཆོས་ཀུན་ནི། །གཉིས་ཀྱིས་དངོས་པོ་མཚོན་གྱུར་པ། །དེ་ཕྱིར་ཁྱོད་ཀྱིས་རྟག་ཏུ་ནི། །འཁོར་བ་བྲལ་བར་མི་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་དངོས་གྲུབ་མཆོག་མེད་དོ། །ཞེས་སོ། །གཞན་ཡང་ཇི་ལྟར་དབང་བསྐུར་བ་ལས་ནི། །སངས་རྒྱས་ལ་སོགས་ཀུན་ཐོབ་པ། །དེ་ལྟར་བྱང་ཆུབ་སྤྱོད་སོགས་དང༌། །དགེ་བ་ཚུལ་གཞན་གྱིས་ཀྱང་མིན། །ལྷག་པའི་དམ་ཚིག་བསྲུང་བར་བྱ། །རྟག་ཏུ་སྡོམ་པ་བསྐྱང་བར་བྱ། །བཟའ་བ་ཤ་ལྔ་བདུད་རྩི་སྟེ། །བསྲུང་བ་འདི་ལས་དམ་ཚིག་གཞན། །དཀོན་མཆོག་འཇིག་གསང་བུད་མེད་ཀུན། །གཞན་ལ་ལེན་དང་ངག་གི་བརྫུན། །རྣལ་འབྱོར་རྒྱུན་དུའང་བཤད་པ་ཀུན། །དེ་དག་ཆོ་ག་བཞིན་བསྲུང་བྱ། །འདི་དག་ནི་གསུམ་པ་དང་བཞི་པའོ། །དགེ་བའི་བཤེས་གཉེན་རིགས་དང་ཚུལ་ཁྲིམས་དང་ལྡན་ཞིང༌། །མན་ངག་དང་བཅས་ཡན་ལག་བཅུ་གཉིས་གསུངས་གོམས་པ། །ཤེས་རབ་ཅན་དང་མངོན་བརྩོན་ཚུལ་གཉིས་ཤེས་པ་ཡིན། འབད་པས་ཤིན་ཏུ་དུས་ནི་རིང་པོར་མཉེས་པར་བྱ། །དད་པའི་རང་བཞིན་བརྩོན་འགྲུས་རང་བཞིན་རྩེ་བདག་ཉིད། །ལས་དང་འབྲས་བུ་རྣམས་དང་ཟབ་མོའི་ཆོས་རྣམས་དང༌། །གང་ཞིག་འདི་འདྲ་རྣམས་ལ་རྟག་ཏུ་གུས་པར་འབྲེལ། །ཇི་བཞིན་ལྟར་ནི་བློ་གྲོས་གསལ་བར་ཐོབ་


DTG025_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་འགྱུར། །གཞན་ནི་སྡིག་པའི་གསང་སྔགས་འདོན་པར་བྱེད་པ་ལས། །དུག་ནི་བསལ་བར་བྱ་ཕྱིར་ཞུགས་པ་ལྟ་བུ་སྟེ། །སྐྱེ་བ་འདི་ཉིད་ལ་ནི་སྡུག་བསྔལ་མྱོང་འགྱུར་ཞིང༌། །ཤིན་ཏུ་མུན་ནག་ཆེས་མི་བཟད་པར་འཇུག་པར་འགྱུར། །དེ་ནས་ལུང་བསྟན་པ་དང་རྗེས་སུ་གནང་བ་དང་དབུགས་དབྱུང་བར་བྱ་སྟེ། བླ་མ་ལྷ་ལས་བབས་པའི་ཕྱག་རྒྱ་དང་ལྡན་པས། ཨོཾ་འདི་ནི་ཁྱོད་ལུང་བསྟན་པ་སྟེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བར། སིདྡྷི་ས་མ་ཡ་སྟྭཾ་བྷུ་ར་བྷུ་བ་སྭཿ་འདི་ཡིས་ལུང་སྟོན་འགྱུར་བ་ཡི། །སྔགས་པ་འགྲོ་བ་ཀུན་གྱི་བདག །བླ་ན་མེད་པའི་བྱང་ཆུབ་ཏུ། །བདེར་གཤེགས་ཀྱིས་ཀྱང་ལུང་བསྟན་མཛད། །ཇི་ལྟ་ཇི་ལྟར་སེམས་ཅན་རྣམས། །ངོ་བོ་ཉིད་ཀྱིས་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་ཆགས་ལ་སོགས། །གཙང་མས་སེམས་ཅན་དོན་བྱའོ། །ཉིན་རེ་བཞིན་ནི་ཐུན་བཞི་རུ། །འདོད་ལྷའི་རྣལ་འབྱོར་དང་ལྡན་པ། །གྱུར་ནས་ཐུན་མོང་ཅིག་ཤོས་ཀྱི། །དངོས་གྲུབ་ཐོབ་པར་སྒྲུབ་པར་བྱོས། །མི་སྣང་བ་ནི་ཁམས་སྟོང་ལ། །མངོན་ཤེས་ལྡན་པ་ཉིས་སྟོང་ཡིན། །རིག་པ་འཛིན་པ་སུམ་སྟོང་ལ། །རྡོ་རྗེ་ཅན་ནི་འགྲོ་ཀུན་བདག །ཞི་རྒྱས་ལ་སོགས་ལས་གང་ངམ། །དེ་ལས་གཞན་པ་གང་འདོད་པ། །འཁོར་ལོས་རྗེས་མཉེས་སྦྱོར་བ་ཡིས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །དེ་དག་ནི་རྗེས་སུ་གནང་བའོ། །མཆོག་གསང་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས། །ཞེས་བྱ་བ་ལ་སོགས་པ་ནི་དབུགས་དབྱུང་བའོ། །དེ་ནས་བླ་མ་ལ་རང་གི་ལུས་དང༌། བུ་དང་ཆུང་མ་ལ་སོགས་པའི་ཡོན་ཕུལ་ལ་ཕྱག་འཚལ་ཏེ། བླ་མས་ཀྱང་ཤིན་ཏུ་གནས་པར་གྱུར་ཅིག་ཅེས་ཤེས་པ་སྦྱིན་པར་བྱའོ། །དེ་ནས་བརྩམས་ཏེ། རྒྱུད་གཞན་དག་ཏུ་བྲི་བའི་ཕྱག་རྒྱ་


DTG025_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པ་སྤྲས་པའི་དེ་ཁོ་ན་ཉིད་བཅུ་གང་ཡིན་པ་བསྟན་པར་བྱ་སྟེ། སྐལ་བ་ཅན་དུ་གྱུར་པའི་ཕྱིར་རོ། །བཟང་པོའི་ཞལ་སྔ་ནས། །གསང་བ་དང་ཤེས་རབ་དག་གིས་དབང་བསྐུར་ནས་དེ་ཁོ་ན་ཉིད་ཡང་དག་པར་བསྟན་པར་བྱའོ་ཞེས་གསུངས་སོ། །རྨོངས་ལ་ཞེས་བྱ་བ་ལ་སོགས་པ། །སྔར་བརྗོད་པའི་ཚིགས་སུ་བཅད་པའི་དོན་དང༌། བླང་བར་བྱ་བའི་དོན་དེ་ཁོ་ན་ཉིད་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡང་བརྗོད་བྱ་རྗོད་བྱེད་ཀྱི་ངོ་བོར་བརྡར་བྱས་པས་གོ་བར་བྱའོ། །གཏོར་མའི་ཉེ་བར་སྦྱར་བ་ཡང་ཐུན་བཞིར་ཤིང་རྟའམ། སྐོན་པའམ། ཁུར་རམ་ཐ་ན་སྙིམ་པ་གསུམ་ཙམ་བཟའ་བ་དང༌། བཅའ་བ་དང༌། བཏུང་བ་དང༌། ལྡག་པ་དང་མུར་བ་དང༌། གཞི་བ་པ་དང༌། མེ་ཏོག་དང༌། བདུག་པ་དང༌། དྲི་དང༌། ལྷ་བཤོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང་ལྡན་པ། །བླ་རེ་རྣམ་པར་བཀྲ་བས་བྲེས་པ། སྒྲ་ཆེན་པོ་རྔ་བརྡུང་བ་དང་ལྡན་པ་ལྟས་ཏེ། མེད་ན་ཡང་ཡིད་ཀྱིས་ཐམས་ཅད་བསམས་ལ། གསང་སྔགས་འདི་དག་བྱིན་གྱིས་བརླབས་ལ་སྦྱིན་ནོ། །ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཌྜྷྱ་ཡ། ཨཱ་ཀཌྜྷྱ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ་ཧྲྀ་ད་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་མ་མ་བི་ལཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་མ་མ་བི་ལཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་ཕྲ་ཏཱི་ཙྪ་མ་མ་བི་ལཾ་ཏྲཾ་ཕཊ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མ་མ་བི་ལཾ་ཧྲཱིཿ་ཕཊ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མ་མ་བི་ལཾ་ཨ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་པྲ་ཏྰྩྪ་མ་མ་བི་ལཾ་ཧཱུཾ་ཧོ། །ཨོཾ་སརྦྦ་ཡོ་གི་ནཱི་པྲ་ཏཱིཙྪ་མཾ་ལཾ་ཧཱུཾ་ཧ་ཧ་ཧ་ཧ་ཧི། གལ་ཏེ་དུར་ཁྲོད་ལ་སོགས་པར་གནས་ནས་སྦྱིན་པར་བྱ་བ་ཡིན་ན། དེའི་ཚེ་ཧེ་རུ་ཀའི་གཟུགས་སྤྲུལ་པས་བསྟན་པར་གྱུར་པ་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་སྦྱིན་ནོ། །ཡང་ན་ཧེ་རུ་ཀའི་རྣམ་པར་བརྒྱན་ཅིང་བཅོས་ནས་འདྲེན་པ་མོ་ལ་སོགས་པ་ན་ཚོད་ལོ་བཅུ་གཉིས་དང་ལྡན་པ་བཅོམ་ནས། སངས་རྒྱས་མཁའ་འགྲོ་མ་ལ་སོགས་པའི་


DTG025_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟུགས་སུ་སྒྲུབ་པར་བྱེད་པར་བརྒྱན་ཏེ། ཧེ་རུ་ཀའི་སྤྱོད་པས་ཕྱེ་བ་རྡོ་རྗེའི་གླུ་ལེན་ཅིང་རོལ་པའི་རྡོ་རྗེའི་གོམ་པས་ཀྱང་གར་བྱེད་པ་ཁ་ཊྭཱཾ་ག་དང༌། ཌ་མ་རུ་ལ་སོགས་པས་འཕྲོག་པའི་རྣལ་འབྱོར་མ་སྟོང་ཕྲག་རྣམས་དང་ཆེར་རྣམ་པར་སྒེག་པ་སྔོན་དུ་སོང་བས་རྟག་ཏུ་འགྲོ་བ་འདོན་པའི་བསམ་པ་མ་བཏང་བ། སྟོང་པ་ཉིད་དང༌། སྙིང་རྗེའི་སྙིང་པོ་ཅན་རྣལ་འབྱོར་པའི་ཚོགས་བཞིན་དུ། དེ་དང་དེ་བྱེད་ཅིང་འགྲོ་བའི་དགེ་ལེགས་ཀྱི་དོན་ཁོ་ནར་སྦྱིན་ནོ། །དཀྱིལ་འཁོར་རྩོམ་པ་ནས་གཤེགས་སུ་གསོལ་བའི་མཐར་ཐུག་པར་ཉི་མ་རེ་རེ་ཞིང་དགེ་འདུན་ལ་མཆོད་ཡོན་དང་བཅས་པ་སྦྱིན་ནོ། །རྒྱུན་མི་ཆད་པར་དཔག་ཏུ་མེད་པའི་མེ་ཏོག་དང༌། བདུག་པ་དང༌། དྲི་དང༌། ལྷ་བཤོས་དང༌། མར་མེ་ལ་སོགས་པ་དང༌། གར་དང༌། གླུ་དང༌། སིལ་སྙན་དང༌། ཕེག་རྡོབ་པ་སྣ་ཚོགས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་སྣ་ཚོགས་པ་ལ་སོགས་པ་དང་རྣམ་པར་རྒྱལ་བའི་ཚོགས་དགོད་པ་དང༌། སྒེག་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་མཆོད་པ་བྱའོ། །དཀྱིལ་འཁོར་གྱི་ཁང་པ་ལ་ཡང་མུ་ཏིག་དང༌། ནོར་བུ་དང༌། བྱུ་རུ་རབ་ཏུ་འཕྱང་བ་དང། མེ་ཏོག་དྲི་ཞིམ་པོ་དང༌། རས་ཤིན་ཏུ་ཡིད་དུ་འོང་བ་རྣམས་ཀྱིས་བརྒྱན་པར་བྱའོ། །ཕྱོགས་བརྒྱད་དུ་ཕྱོགས་སྐྱོང་བའི་ཁ་དོག་ལྟ་བུའི་བ་དན་གྱིས་བཀླུབ་པར་བྱའོ། །དཀྱིལ་འཁོར་གྱིས་ཁང་པའི་ཕྱི་རོལ་གྱི་ཕྱོགས་ཀྱི་ཆ་བཞིར་བླ་རེས་བཀབ་པ་རྣམས་སུ་ཡུ་བ་བསྒྲེང་པ་གསེར་གྱི་ཡུ་བ་ཅན་རྣམས་སུ་བཀུར་སྟི་ཆེན་པོ་སྔོན་དུ་འགྲོ་བས་སེང་གེའི་གདན་བཤམས་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ས་བཅུ་པ་དང༌། ཟླ་བའི་སྒྲོན་མ་དང༌། གསེར་འོད་དམ་པ་ལ་སོགས་པའི་མདོ་སྡེ་གདོན་པར་བྱའོ། །དཀྱིལ་འཁོར་བྲི་བ་ན། གལ་ཏེ་བགེགས་ལ་སོགས་པ་བྱུང་ན་དེའི་ཚེ། མན་ངག་ཇི་ལྟ་བ་བཞིན་དུ་སེང་གེ་རྣམ་པར་བསྒྱིང་བའི་ཕྱག་རྒྱས་སྡང་བ་རྣམས་གཅད་པར་བྱའོ། །ཉི་མ་རེ་རེ་བཞིན་ལས་སོ་སོ་ལ་བླ་མ་ལ་ཡོན་དབུལ་བར་


DTG025_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའོ། །ས་གཞི་སྡུག་པའི་ཆུང་མ་དང༌། །རིན་པོ་ཆེ་དང་འབར་བའི་གསེར། །ནོར་བུ་མུ་ཏིག་བྱུ་རུ་སོགས། །ལུས་ཀྱང་གུས་པས་དབུལ་བར་བྱ། །རྟ་དང་གླང་པོ་དེ་ཉིད་ཀྱང༌། །རྒྱན་ཀུན་གྱིས་ནི་བརྒྱན་པ་དང༌། བུད་མེད་བཟང་པོའང་བླ་མ་ལ། །དངོས་གྲུབ་འདོད་པས་དབུལ་བར་བྱ། །རས་ནི་རྣམ་པ་སྣ་ཚོགས་དང༌། །རྒྱན་རྣམས་ཀྱང་ནི་དབུལ་བྱ་སྟེ། །གང་གིས་བླ་མ་འདིས་མཉེས་པ། །དེ་ནི་རབ་ཏུ་འབད་པས་བྱ། །དེ་ནས་ཏིང་ངེ་འཛིན་ཟིན་ནས་ཕྱི་དང་ནང་གི་མཆོད་པ་བྱས་ལ། །གཏོར་མ་བྱིན་ནས། །སྨོན་ལམ་སྔོན་དུ་བྱས་ཏེ། ཕྱི་རོལ་གྱི་འཁོར་ལོའི་སྙིང་གའི་ནང་དུ་ཆུད་པར་བྱའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱ་ཏ་ཧཱུཾ་མུཿ་ཞེས་བྱ་བའི་སྔགས་ཀྱིས་རྡུལ་ཚོན་གཤེགས་སུ་གསོལ་བར་བྱའོ། །འདི་ཉིད་ཀྱིས་བུམ་པ་དང༌། ཕྱག་མཚན་དང༌། སྨན་ལ་སོགས་པ་རྣམས་ཀྱང་གཤེགས་སུ་གསོལ་བར་བྱའོ། །མཁའ་འགྲོ་མའི་གནོད་པ་ཞི་བར་བྱ་བའི་ཕྱིར་ལྷའི་རྡུལ་ཚོན་འདོད་པ་རྣམས་ལ་བྱིན་ནས་གཞན་དག་བསྡུས་ཏེ། རྣམ་པར་རྒྱལ་བའི་བུམ་པར་བླུགས་ལ། ཡོད་པར་གྱུར་ན་གླང་པོ་ཆེའི་ཕྲག་པར་བཞག་ལ། སེལ་སྙན་དུ་མ་སྒྲ་སྒྲོགས་པའི་སྒྲ་སྔོན་དུ་འགྲོ་བའི་རྒྱ་མཚོར་འབབ་ཆུ་དང་ལྟེང་ཀ་ཆེན་པོ་རྣམས་སུ་མན་ངག་ཇི་ལྟ་བ་བཞིན་དུ་ཀླུའི་རིགས་བརྒྱད་ལ་ཕྱིའི་མེ་ཏོག་དང་འོ་མ་ལ་སོགས་པས་ལེགས་པར་མཆོད་དོ། །དེ་དག་ཀྱང་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཀྱི་ཚོགས་མགོ་བོར་བཞག་ནས། རང་གི་ཁྱིམ་དུ་དད་པས་འགྲོ་བར་བྱེད་དོ། །དེ་ནས་བུམ་པ་ཆུས་དགང་བར་བྱས་ནས་དེ་བཞིན་དུ་འོང་སྟེ། ཞི་བའི་ཆུ་དེས་ཁྲུས་དང་གསང་བར་འདོད་པའི་དོན་ཀུན་གྲུབ་པར་བྱ་བའི་ཕྱིར། ཁྲུས་དང་བཏུང་བའི་དོན་དུ་འདོད་པ་རྣམས་ལ་ཆུ་དེ་སྦྱིན་པར་བྱའོ། །ཉི་མ་གསུམ་མ་མ། ཉི་མ་བདུན་ནམ། ཉི་མ་གཅིག་ཏུ་འཚམ་པར་དགའ་སྟོན་ཆེན་པོ་བྱའོ། །སྒྱུ་འཕྲུལ་ཆེན་མོ་བརྗོད་པའི་རྒྱུན་ཤིན་ཏུ་རྒྱ་ཆེ་བ་སྟོང་ཕྲག་བཅུ་གཉིས་ཡོད་དེ་དེ་ཡང་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྒྱུད་རྣམས་ཀྱི་བླ་མ་སྟེ། དེ་ནས་དཀྱིལ་འཁོར་གྱི་རིམ་པ་འདི་དག་ཐམས་ཅད་མདོར་བསྡུས་པ་དང་རྒྱས་པར་སེམས་ཅན་


DTG025_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་བསམ་པ་ཐ་དད་པའི་དབང་གིས་སྐབས་སྣ་ཚོགས་པ་ན་ཡོད་པ་ཡིན་ནོ། །རྒྱུད་བླ་མའི་ཡང་གཞུང་དགུ་བཅུར་བགྲང་བ་འདི་ནི་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་གྱི་བསམ་པའི་དབང་གིས་བསྒོམ་པའི་རིམ་པ་ཙམ་ལ་བརྟེན་ནས་བསྟན་པ་ཡིན་ནོ། བར་མ་ལ་དགའ་བ་རྣམས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལ་སོགས་པའི་དཀྱིལ་འཁོར་བཞིན་དུ་བསྒོམ་པའི་རིམ་པ་མཚུངས་པ་ཡིན་པ་དེའི་ཕྱིར་ན་རྒྱུད་རྒྱས་པ་ལས་ཐམས་ཅད་བསྟན་པ་སྟེ། བསྒོམ་པར་བྱ་བ་དང་བྲི་བར་བྱ་བ་ལྷ་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཟུར་བཞི་པ་ལ་སོགས་པ་དང་ལྡན་པར་བྱའོ། །རྒྱས་པ་ལ་དགའ་བ་རྣམས་ཀྱིས་ཀྱང་རྒྱུད་རྒྱས་པར་ལྷ་ཤིན་ཏུ་རྣམ་པ་མང་པོའི་བདག་ཉིད་ཅན་དུ་བྲི་བར་བྱ་བ་དང༌། བསྒོམ་པར་བྱ་བའི་དཀྱིལ་འཁོར་དེ་ནས་བཤད་པའི་དཀྱིལ་འཁོར་རིམ་པ་ཁོ་ནས་ཤེས་པར་བྱའོ་ཞེས་བདག་གི་བླ་མས་གསུངས་སོ། །འདི་ཉིད་ཀྱི་ཕྱིར། འདིར་ཚིགས་སུ་བཅད་པ་དགུ་བཅུར་གྲགས་པ་ནི་རྒྱུད་རྒྱས་པའི་ཕྱོགས་གཅིག་ཏུ་གྱུར་པ་ཡིན་པས་ན། འདི་སྐད་བདག་གིས་ཐོས་པ་དང་ཞེས་བྱ་བ་ལ་སོགས་པ་མ་གསུངས་སོ། །དེ་ཉིད་ཀྱི་ཕྱིར། རྒྱུད་རྒྱས་པའི་རྗེས་སུ་འབྲངས་ནས། དེ་ནས་མཁའ་འགྲོ་མ་ཀུན་གྱིས། །ཞེས་བྱ་སྟེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པའི་རྗོད་པར་བྱེད་པ་ཡིན་པས་དང་པོར་སྦྱོར་བ་ཡིན་ནོ། །འདི་དག་སྤྲོས་པ་དང་བཅས་པར་ནི་རྒྱུད་ཕྱི་མའི་ཕྱི་མར་ཐུབ་པ་ཉིད་ཀྱིས་ཐམས་ཅད་གསུངས་པ་ཡིན་ནོ། །དེ་ཡང་ཚིག་ཙམ་ཐ་དད་པས་བསྟན་པ་ཡིན་གྱི་ཡང་འདིར་སྔོན་མེད་པ་ནི་ཅུང་ཟད་ཀྱང་མེད་དོ། །ཆོ་ག་སྔོན་འགྲོ་དཀྱིལ་འཁོར་ཆོ་ག་གཞུང་དུ་ལེགས་བྱས་པས། །འདིར་ནི་བདག་གིས་དགེ་བ་འབར་བ་ཐོབ་པ་གང་ཡིན་དེས། །ཁམས་གསུམ་པར་གཏོགས་པ་ཡི་སེམས་ཅན་དེ་ནི་ཡུད་ཙམ་གྱིས། །དྲི་མ་མེད་པའི་དཀྱིལ་འཁོར་འཁོར་ལོའི་ལུས་ཅན་འདིར་གྱུར་ཅིག །སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག །བླ་མའི་ཞལ་


DTG025_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔའི་མན་ངག་ཅེས་བྱ་བ། སློབ་དཔོན་མཁས་པ་འདུལ་བས་བྱིན་གྱིས་མཛད་པ་རྫོགས་སོ།།